རྗེ་བཙུན་འཇམ་དབྱངས་ཀྱི་གསུང་རྗེ་བཙུན་ཙོང་ཁ་པས་ཡི་གེར་མཛད་ནས་རྗེ་རེད་མདའ་པ་ལ་ཕུལ་བའི་མན་ངག་ཐུན་མོང་མ་ཡིན་པ་གཅིག
རྗེ་བཙུན་འཇམ་དབྱངས་ཀྱི་གསུང་རྗེ་བཙུན་ཙོང་ཁ་པས་ཡི་གེར་མཛད་ནས་རྗེ་རེད་མདའ་པ་ལ་ཕུལ་བའི་མན་ངག་ཐུན་མོང་མ་ཡིན་པ་གཅིག་བཞུགས་སོ། །
ན་མོ་མཉྫུ་གྷོ་ཥཱ་ཡ། རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །མི་སློབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི། །གོ་འཕང་ཤིན་ཏུ་མྱུར་བར་ཐོབ་འདོད་ན། །བླ་མ་ཡི་དམ་ཆོས་སྐྱོང་ལམ་གྱི་སྲོག །གྲངས་ངེས་གོ་རིམས་སོ་སོའི་གནད་རྣམས་ཀྱིས། །སྐལ་བཟང་ཨ་ཅང་མྱུར་དུ་འཁྲིད་པའི་ཚུལ། །རྒྱུད་དང་རྗེ་བཙུན་བླ་མའི་མན་ངག་བཞིན། །ལེགས་པར་བཤད་དོ་སྐུ་གསུམ་གོ་འཕང་མཆོག །མྱུར་དུ་ཐོབ་འདོད་དེ་དག་གུས་པས་ཉོན། །དེ་ལ་འདིར་ཐམས་ཅད་མཁྱེན་པའི་གོ་འཕང་ཤིན་ཏུ་མྱུར་བར་ཐོབ་པར་འདོད་པའི་གང་ཟག་གིས་འདི་ལྟར་བསམ་པར་བྱ་སྟེ། དེ་ཡང་རང་ཉིད་སྲིད་པའི་མཚོར་ལྷུང་བ་ཇི་འདྲ་བ་དེ་བཞིན་དུ། མར་གྱུར་སེམས་ཅན་ཐམས་ཅད་ཀྱང་འཁོར་
པ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ཡུན་རིང་དུ་འཁྱམས་ཤིང་། སྡུག་བསྔལ་སྤྱི་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་དྲག་ལ་རྩུབ་པ་འཁོར་བའི་སྔོན་མཐའ་མེད་པ་དེ་སྲིད་དུ་མྱོང་བས་ཡིད་ཤིན་ཏུ་སྐྱོ་བ་དང་། ད་དུང་མར་གྱུར་འགྲོ་བས་དེ་དག་གི་གཏིང་མཐའ་མ་མཐོང་ཞིང་། ལམ་གྱི་སྲོག་མཐར་ཐུག་པ་ཅིག་མ་ཐོབ་ན། མངོན་མཐོ་ལན་རེ་ཙམ་ཐོབ་པས་གང་དུའང་མི་ཕྱིན་ལ། དེ་ཡང་འཁོར་བའི་རྩ་བ་མ་རིག་པ་མ་ཆོད་ན། དེའི་དབང་གི་འཁོར་བར་འཁྱམས་ཤིང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་པ་འདི་དག་ལ་མ་བཟོད་ནས། འདི་ལས་ཐར་པར་བྱེད་པའི་མཐུ་ནུས་སངས་རྒྱས་མ་གཏོགས་གཞན་གང་ལའང་མེད་ལ། དེ་ཐོབ་པར་བྱེད་པའི་ཐབས་ས་བཅུ་དང་ལམ་ལྔའི་
གྲངས་ངེས་གོ་རིམས་སོགས་རྒྱས་པར་མཚན་ཉིད་ཐེག་པ་ནས་ལན་གྲངས་མང་པོར་གསུངས་མོད་ཀྱང་། ལམ་དེས་བགྲོད་པ་ལ་ནི། བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་མམ། གྲངས་མེད་བདུན་ནམ། གྲངས་མེད་གསུམ་དུ་ཚོགས་ངེས་པར་གསོག་དགོས་སོ། །དེས་ན་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་ངེས་པ་ཁོ་ནར་སྐལ་བཟང་སྐྱེ་བོའི་འཇུག་ངོགས། ཐེག་པ་ཀུན་གྱི་མཆོག་ཏུ་གྱུར་པ། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པའི་ཐབས་མཁས་ཀྱི་ལམ་ལ་འཇུག་པར་བྱ་དགོས་ཏེ། ལམ་འདིས་སྐྱེ་བ་བཅུ་དྲུག་གམ། བདུན་ནམ། བར་དོའམ། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པར་རྒྱུད་དང་། རྒྱ་གཞུང་དང་། གྲུབ་ཆེན་རྣམས་ཀྱི་མན་ངག་ལས་ཡང་དང་ཡང་དུ་གསུངས་པ་ལ་ངེས་ཤེས་ཁྱད་པར་ཅན་འདྲེན་དགོས་སོ། །ཁ་ཅིག །སྔགས་ཀྱི་སྣོད་ལྡན་དུ་མ་གྱུར་པས། ཟབ་ལམ་འདི་ལྟ་བུ་ཡོད་བཞིན་དུ་དེ་ལ་རང་ག་བར་མཐོང་ནས། རང་གི་ལམ་ལ་ཆེད་དུ་གཉེར་ནས་འཇུག་པ་ནི། ལམ་བཟང་འདི་ལྟ་བུ་ལ་འཇུག་པའི་སྐལ་བ་དང་བྲལ་བས། ལམ་འདི་ཉམས་སུ་ལེན་པ་ལྟ་ཅི་སྨོས། འདི་འདྲ་བའི་ཚིག་ཙམ་མི་ཐོས་པས། བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པར་རྡོ་རྗེ་འཆང་ཐོབ་པའི་སྐལ་ཆད་ཅན་ནོ། །ལམ་ཐུན་མོང་བ་ཡང་གང་བྱུང་གིས་མི་ཆོག་གི །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་རྒྱུད་སྦྱང་དགོས་ཤིང་། ཁྱད་པར་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་དང་། ལྟ་བ་རྣམ་པར་དག་པ་གསུམ་རྒྱུད་ལ་ཅི་སྐྱེ་བྱའོ། །ལྟ་བ་ཡང་བཅོམ་ལྡན་འདས་ཀྱི་མདོ་སྔགས་དུ་
མར་ལུང་བསྟན་པའི་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་ལ་རྩལ་ཅི་ཡོད་ཀྱིས་འབད་པར་བྱའོ། །རྡོ་རྗེ་ཐེག་པའི་ལམ་དུ་ཞུགས་ཙམ་གྱིས་མི་ཆོག་པས། མྱུར་བར་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་ན། བླ་མ་ཡི་དམ་ཆོས་སྐྱོང་ལམ་གྱི་སྲོག་ཐམས་ཅད་རང་གི་ཐོབ་བྱའི་ལམ་གྱི་འགྲོས་དང་མཐུན་པ་ཅིག་ངེས་པར་བསྟེན་དགོས་སོ། །དེ་ཡང་རང་གི་ཐོབ་བྱ་ཆོས་སྐུ་དང་། གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ཅིག་ལེགས་པར་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ལ། དེ་ལ་སྤྱིར་སྔགས་བླ་མེད་ཀྱི་དཀྱིལ་འཁོར་རེ་རེས་ཀྱང་མངལ་སྐྱེས་ཁམས་དྲུག་ལྡན་གྱི་སོ་སོ་སྐྱེ་བོ་འཆིང་བ་ལྔ་ལྡན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་མོད། དེ་ལྟ་ནའང་། སྔགས་བླ་མེད་ལ་བརྟེན་པའི་ནང་ནས་ཀྱང་། ཆེས་ཤིན་ཏུ་ནས་ཧ་ཅང་མྱུར་བར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པར་འདོད་ན། གསང་བདེ་འཇིགས་གསུམ་ཡ་མ་བྲལ་བར་ངེས་པར་བསྟེན་དགོས་ཏེ། དེ་དག་རིམ་པས་འཆད་པར་འགྱུར་རོ། །དེ་ཡང་གཟུགས་ཀྱི་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ལ་སྒྱུ་ལུས་དང་། འོད་གསལ་བསྲེ་བའི་སྐོར་ལེགས་པར་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ལ། འདུས་པ་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་ལས། འཕགས་སྐོར་ལ་སྦྱང་དགོས་ཏེ། འདིས་སྒྱུ་ལུས་དང་། འོད་གསལ་སོགས་རྒྱས་པར་སྟོན་ཅིང་། འདུས་པ་ནི་ཕ་རྒྱུད་ཀྱི་གཙོ་བོ་ཡིན་པས། དེ་ཡང་། སྒྱུ་ལུས་དང་འོད་གསལ་སྦྱོང་ལུགས།
སྒྱུ་ལུས་ལྡང་ལུགས་སོགས་ཤིན་ཏུ་གལ་ཆེ་ཞིང་ཤེས་པར་བྱའོ། །འཇམ་རྡོར་ལ་ཡང་ཁོང་རང་གི་གནད་ཁྱད་པར་ཅན་གཞན་དང་མི་འདྲ་བ་ཡོད་པས་ལོགས་སུ་འཆད་ཅིང་། བག་ཆགས་འཇོག་པ་ཤིན་ཏུ་གལ་ཆེའོ། །ཆོས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ནི། བདེ་སྟོང་ཁྱད་པར་བ་ཡིན་པས་ཤེས་ཤིང་རྒྱུད་ལ་སྐྱེད་དགོས་ལ། བདེ་སྟོང་གི་རྣམ་གཞག་རྒྱས་པར་དགྱེས་རྡོར་སོགས་ནས་དངོས་སུ་བསྟན་ཀྱང་། བདེ་བ་གང་ནས་འབྱུང་བའི་རྒྱུ་ཤེས་དགོས་ལ། དེ་ལ་སྤྱིར་བདེ་སྟོང་དང་སྦྱར་ཏེ་ཉམས་སུ་ལེན་པ་ལ། བདེ་བ་མཚན་ཉིད་པ་ཁྱད་པར་ཅན་འབར་ཞིང་འཛག་དགོས་ལ། བདེ་བའི་ངོ་བོ་ལ་ཆེ་ཆུང་གང་བབས་པའི་ཚད་མཚམས་ནས་དགའ་བཞི་བཞག་གོ །དགའ་བ་བཞི་པོ་རེ་རེ་ལ་ཡང་བཞི་བཞིར་ཡོད་ཅིང་། ཡས་བབས་ཀྱི་དགའ་བ་དང་། མས་བརྟན་གྱི་བདེ་བ། བདེ་བ་ཆེ་ཆུང་དང་། ལུགས་འབྱུང་ལུགས་བཟློག་གི་འོང་ཚུལ་སོ་སོའི་ངོ་བོ་རྒྱས་པར་ཤེས་དགོས་ཤིང་། སྟོང་པ་ལ་མཚན་ཉིད་ཐེག་པར་བཤད་པ་ལས་ཟུར་དུ་མེད་ཀྱང་། དེ་རྟོགས་ཚུལ་གྱི་ཁྱད་པར་མཚན་ཉིད་ཐེག་པ་ལས་ཕུལ་དུ་བྱུང་བའོ། །བདེ་བའི་ངོ་བོ་བྱང་སེམས་དེ་ལྟ་བུ་འབེབས་བྱེད་ནི་ངེས་དོན་གྱི་མཁའ་འགྲོ་མ་དང་གཏུམ་མོ་རྡུལ་གྱི་མེ་འབར་བས་འབེབས་དགོས་ཤིང་། དེ་འབར་ཞིང་འཛག་པ་ལ་ཕྱག་རྒྱ་དང་མཉམ་པར་སྦྱར་དགོས་པས། ཕྱག་རྒྱ་ལའང་བཞི་ཡོད་ཅིང་། དེ་བཞི་སོ་སོའི་ངོ་བོ། བསྟེན་ཚུལ། མཉམ་པར་སྦྱོར་ཚུལ། སྦྱར་ནས་བདེ་ཆེན་འདྲེན་ལུགས། བདེ་
ཆེན་རེ་རེས་སྤང་བྱ་ཇི་ལྟར་སྤོང་ཞིང་། གང་སྤངས་པའི་རྟགས་ཐོབ་པ། དགའ་བ་བཞི་སོ་སོའི་ཁྱད་པར་གཏུམ་མོ་ཡང་རྩ་གང་ཡང་རུང་བའི་ནང་དུ་འབར་བས་སྙིང་ཁ་སོགས་ཀྱི་རྩ་མདུད་གྲོལ་མི་ཐུབ་པས། རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་དགོས་ཤིང་། ཞུགས་གནས་ཐིམས་གསུམ་བྱས་པས། སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ་སོགས་ཀྱི་རྩ་མདུད་གྲོལ་འོང་བ་ཡིན་ནོ། །རྩ་རླུང་དེ་དག་ལས་རུང་དུ་འགྲོ་བ་ལ། སྤྱི་བོ་ལ་སོགས་པའི་རྩ་གནས་རྣམས་སུ་ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོ་རྣམས་བསྒོམས་པས། རྩ་རླུང་ལས་རུང་དུ་འགྲུབ་པ་ཡིན་ནོ། །དེས་ན་ཕྱག་རྒྱ་བཞིའི་སྐོར་ལུས་ཀྱི་ཕྲ་རགས་ཀྱི་གནས་ཚུལ། དེ་དག་གི་རླུང་དབུ་མའི་ནང་དུ་འཇུག་ལུགས། རིག་མ་དང་སྙོམས་པར་ཞུགས་ནས་བདེ་ཆེན་འདྲེན་ལུགས་སོགས་རྒྱས་པར་དཔལ་འཁོར་ལོ་བདེ་མཆོག་གིས་སྟོན་པས། དེས་ན་དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ལ་མཁས་པར་བྱ་ཞིང་རྒྱུད་ལ་སྐྱེ་དགོས་ཏེ། རྒྱ་གར་འཕགས་ཡུལ་དང་བོད་རྣམས་སུ་ལམ་འདི་ལ་བརྟེན་པའི་གྲུབ་ཆེན་སའི་རྡུལ་ལྟར་ཤིན་ཏུ་མང་ཞིང་། རྣལ་འབྱོར་དུ་བྱེད་པ་ཤ་སྟག་གོ །དེ་ཡང་ལྷུན་པོའི་རྩེར་དཀྱིལ་འཁོར་དངོས་སུ་བཞུགས་པས་མྱུར་བའོ། །བདེ་གསང་གཉིས་ཀྱི་བསྐྱེད་རྫོགས་ཀྱི་ལམ་འདི་རྒྱུད་ལ་སྐྱེད་པ་ལ། འགལ་རྐྱེན་སེལ་ཅིང་། མཐུན་རྐྱེན་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཡི་དམ་དཔལ་རྡོ་རྗེ་འཇིགས་བྱེད་ལ་བྱ་དགོས་ཏེ།
འདི་ལ་གཞན་དང་མི་འདྲ་བའི་གནད་ཁྱད་པར་ཅན་ལྔ་ཡོད་པས་སོ། །གནད་གཅིག་ནི་སྙིགས་མ་ལྔ་ལས་ཀྱང་ཆེས་སྙིགས་མའི་དུས་སུ། སེམས་ཅན་ལེ་ལོ་ཆེ་བ། ཤེས་རབ་ཆུང་བ། དམ་ཚིག་མི་སྲུང་བ། ལོག་ལྟ་ཆེ་བ། གསུང་རབ་ཀྱི་དོན་འབྱེད་པ་ལ་རྨོངས་པ། བླ་མ་དང་གྲོགས་ལ་མི་གུས་པ། སྙིང་རྗེ་ཆུང་བ། ངོ་ཚ་དང་ཁྲེལ་མེད་པ། ཆོས་སྤོང་ཞིང་ཁེངས་པ་ཆེ་བ། འཇིག་ལྟས་ང་རྒྱལ་ཞིང་ལྟ་ངན་གྱི་གཅོང་རོང་དུ་ལྷུང་བ། འདོད་ཡོན་གྱིས་མྱོས་པ། ཚེ་ཐུང་བ། བསོད་ནམས་དང་མི་ལྡན་པ། འབྱུང་པོ་དང་། རོ་ལངས་དང་། གཤིན་རྗེ་དང་། མ་མོ་དང་། ལོག་འདྲེན་གྱི་བར་ཆད་ཧ་ཅང་ཆེ་བའི་དུས་སུ། ཡི་དམ་འདི་དང་མི་ལྡན་ན། ལམ་ཟབ་མོ་འདི་མཐར་མི་ཕྱིན་པས། དེས་ན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་དང་ལྡན་ཅིང་། ཐུན་བཞིའི་རྣལ་འབྱོར་ལ་གནས་ན། བགེགས་དེ་ལྟ་བུ་དང་བྲལ་ཅིང་། འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པར་འཇམ་དཔལ་རྩ་རྒྱུད་སོགས་རྒྱུད་དུ་མ་ནས་གསུངས་སོ། །དེ་ཡང་དཔེར་ན། རྒྱ་མཚོའི་གླིང་ནས་ནོར་བུ་ལེན་པའི་ཚེ། ལམ་གྲུ་ལ་བརྟེན་ནས་བགྲོད་དགོས་མོད་ཀྱང་། དེད་དཔོན་ཐབས་ལ་མཁས་ཤིང་ཤེས་རབ་ཆེ་བ། ནོར་བུ་ལེན་པའི་ས་ལམ་གྱི་གནད་སྔོན་དུ་སོང་བ། བསོད་ནམས་ཀྱི་དཔུང་ཆེན་པོ་དང་ལྡན་པ་ཅིག་བསྟེན་དགོས་ཏེ། གྲུར་ཞུགས་ནས་ལམ་ལ་ཆས་པའི་ཚེ། ཆུའི་འགྲོ་ཚུལ་འདི་ལྟ་བུ། འཁོར་ལུགས་འདི་ལྟ་བུ། རྒྱང་རིང་ཐུང་འདི་ལྟ་བུ། སྔ་ཕྱིའི་དུས་འདི་ལྟ་བུ། རི་དང་རླུང་འདི་ལྟ་བུ་འདུག་པ་ཇི་ལྟར་བགྱི་ཞེས་བརྗོད་པ་ན། འདི་ལྟ་བུ་གྱིས་ཞེས་
གདམས་པས། དེད་དཔོན་བསོད་ནམས་དང་ལྡན་པའི་སྟོབས་ཀྱིས་ནོར་བུ་མྱུར་དུ་བླངས་ནས་དབུལ་བ་སེལ་བ་སོགས་རང་གང་འདོད་ཀྱི་འབྲས་བུ་འགྲུབ་པ་བཞིན་དུ། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་པས། ལམ་བདེ་གསང་གི་བསྐྱེད་རྫོགས་རྒྱུད་ལ་བསྐྱེད་ནས། འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ཅེས་དཔེ་དང་བཅས་ནས་གསུངས་པས་གནད་ཆེའོ། །འོ་ན། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་ནས། ལམ་བདེ་གསང་གི་བསྐྱེད་རྫོགས་རྒྱུད་ལ་བསྐྱེད་པ་གང་ཡིན་ཡི་དམ་འདུས་པའམ། བདེ་མཆོག་ལྟ་བུའི་ང་རྒྱལ་དང་ལྡན་པས་ལམ་དེ་རྒྱུད་ལ་བསྐྱེད་པས་མི་ཆོག་གི །འོན་ཏེ་འཇིགས་བྱེད་ལ་བདེ་གསང་ནས་བཤད་པའི་བསྐྱེད་རྫོགས་ཀྱི་གནད་མཐར་ཐུག་པའམ། ཇི་ལྟར་ཡིན་སྙམ་ན། འདི་ལ་ནི་དཀར་སེར་འོད་ཀྱི་ཕུང་པོའི་ཚ་ཟེར་གྱིས་ཁོ་བོའི་བློ་གྲོས་ཡར་ངོ་བཞིན་དུ་རྒྱས་པས་རྒྱས་པར་བཤད་པར་བྱའོ། །དེ་ཡང་། བདེ་གསང་འཁོར་ཆེན། དགྱེས་རྡོར་སོགས་ལ་རང་རང་གི་རྒྱུད་གང་དུ་གཏོགས་པའི་ཁྱད་ཆོས་རེ་ཡོད་མོད་ཀྱང་། དཔལ་རྡོ་རྗེ་འཇིགས་བྱེད་ནི་ཕ་རྒྱུད་མ་རྒྱུད་གཉིས་ཀ་ནས་བཤད་དོ། །མ་རྒྱུད་ཀྱང་སཾ་བྷུ་ཊ་ནས་བཤད་དོ། །དེས་ན་འདི་ལ་ཕ་རྒྱུད་མ་རྒྱུད་གཉིས་ཀའི་གནད་མཐར་ཐུག་ཡོད་དེ། འདིའི་ཕྱག་མཚན་འཆད་པའི་སྐབས་སུ། གནད་གཅིག་ལ་རྒྱུ་མ་དང་མེ་ཐབ་ཀྱིས། འདུས་པ་ནས་གསུངས་པའི་སྒྱུ་ལུས་དང་འོད་གསལ་སྟོན་པའོ། །གནད་གཅིག་ལ་ཁ་ཊྭཱཾ་གས་བདེ་བ་འབར་འཛག་
སྟོན་ལ། ཕ་རྒྱུད་རྐྱང་པ་ལ་ཕྱག་མཚན་ཁ་ཊྭཱཾ་ག་མི་འོང་པས། དེས་ན་ཁ་ཊྭཱཾ་གས་འཁོར་ལོ་བདེ་མཆོག་ནས་གསུངས་པའི་བདེ་སྟོང་གི་རྣམ་གཞག་སྟོན་པའོ། །གནད་གཅིག་ལ་ནི། རྡོ་རྗེ་འཇིགས་བྱེད་རང་གི་ཁྱད་ཆོས་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པ་ནི། མེ་ཐབ། སྡིགས་མཛུབ། སྐྱེས་བུ་གསལ་ཤིང་ལ་བསྐྱོན་པ་གསུམ་ཡིན། དེ་ཡང་མེ་ཐབ་ཀྱིས་ཤེས་རབ་གཞན་ལས་ཆེ་བ་མཚོན་པའོ། །སྡིགས་མཛུབ་ཀྱིས་འཇིག་རྟེན་ལས་འདས་པའི་ལྷ་ལ་ཉོན་ཅིག་ཅེས་བཀའ་བསྒོ་བས་རྒྱུད་གཞན་ལ་མེད་པའི་ཕ་རྒྱུད་མ་རྒྱུད་གཉིས་ཀའི་གནད་མཐར་ཐུག་པ་ང་ལ་ཡོད་ཅེས་མཚོན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་བསྡིགས་ན། འཇིག་རྟེན་གྱི་སྟེང་འོག་སོགས་ཕྱོགས་བཅུའི་གནོད་པ་འཇོམས་པ་ལྟ་ཅི་སྨོས་པའོ། །སྐྱེས་བུ་གསལ་ཤིང་ལ་བསྐྱོན་པས་ནི། མི་དགེ་བ་བཅུ་དང་། ཆོས་སྤོང་དང་། མཚམས་མེད་སོགས་བྱས་པའི་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བར་སྟོན་པའོ། །དེ་ཡང་དུར་ཁྲོད་ཀྱི་གསལ་ཤིང་འདི་དང་དོན་མི་གཅིག་སྟེ། དུར་ཁྲོད་ཀྱི་ནི་རོ་ཡིན་ལ། འདི་ནི་གང་ཟག་གོ །གནད་གཅིག་ནི། རྗེ་བཙུན་རྒྱལ་བ་ཀུན་གྱི་ཡབ་ཡིན་ཅིང་། འཚང་རྒྱ་འགྱུར་གྱི་གང་ཟག་ཀུན་ཀྱང་རྗེ་བཙུན་ལ་བརྟེན་ནས་འཚང་རྒྱ་བ་ཨ་ཅང་ཆེ་མོད། ཁྱད་པར་རྗེ་བཙུན་རིམ་གྱིས་དམར་ནག་འཇིགས་གསུམ་དུ་ཁྲོས་པའི་རྡོ་རྗེ་འཇིགས་བྱེད་ལ། རྒྱུ་དུས་འབྲས་དུས་གཉིས་ཀའི་སྐབས་སུ་རྗེ་བཙུན་གྱི་ཞལ་དངོས་སུ་ཡོད་པས། རྗེ་བཙུན་གྱིས་རྗེས་སུ་འཛིན་ཅིང་། ཤེས་རབ་སྔ་མ་ལས་ཀྱང་ལྷག་པར་དུ་ཆེ་
བ་ཡིན་ནོ། །དེ་ཡང་འདིའི་རྭ་གཉིས་ཀྱིས་བདེན་པ་གཉིས་ཀྱི་གནས་ཚུལ། ལམ་ཐབས་ཤེས་གཉིས་རྒྱུད་ལ་ཇི་ལྟར་སྐྱེད་པ། དེས་བསྒྲུབ་པའི་འབྲས་བུ་སྐུ་གཉིས་ཐོབ་ཚུལ་མ་ཚང་བ་མེད་པ་རྒྱས་པར་སྟོན་པའོ། །དེ་ལྟ་བུའི་འགལ་རྐྱེན་སེལ་ཅིང་མཐུན་རྐྱེན་སྒྲུབ་པའི་ཆོས་སྐྱོང་ཡང་རྒྱུད་དང་གཞུང་ལུགས་ནས་གསུངས་པའི་བཀའ་སྡོད་ཁྱད་པར་ཅན་ཤིན་ཏུ་མང་ཞིང་འགངས་ཆེ་མོད། དེ་ལྟ་ན་གོང་དུ་བཤད་པ་ལྟར་མྱུར་བའི་དབང་དུ་བྱས་པས། སྐྱེས་བུ་གསུམ་གྱི་རིམ་པ་དང་མཐུན་པ་ཅིག་ངེས་པར་དགོས་པ་ཡིན་ལ། དེ་ལ་སྐྱེས་བུ་ཆུང་ངུའི་བསམ་པ་ནི། འཇིག་རྟེན་འདིར་ཡུན་རིང་དུ་མི་གནས་པས། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། ངན་སོང་གསུམ་གྱི་ཉེས་དམིགས་བསམ་ཞིང་། དེ་ལས་སྐྱོབ་པའི་སྐྱབས་འགྲོ་བསླབ་བྱ་དང་བཅས་པ་བསམ་ཞིང་རྒྱུད་ལ་སྐྱེ་དགོས་པས། འདི་རྒྱུད་ལ་སྐྱེད་པ་ལ་ཆོས་རྒྱལ་བསྟེན་དགོས་ཏེ། འདི་འཆི་བདག་གམ། དགེ་སྡིག་གི་དཔང་པོའང་སྡིག་པ་ཅན་གྱི་ཆད་ལས་མཁན། དགེ་བ་ཅན་གྱི་སྟངས་འཛིན་པའམ། ལས་རྒྱུ་འབྲས་གསལ་བར་བྱེད་པའི་མེ་ལོང་། ལེགས་ཉེས་ཚུལ་བཞིན་དུ་སྤྱོད་དམ། ཆོས་བཞིན་དུ་སྤྱོད་པས་ན་ཆོས་རྒྱལ་ཞེས་བྱ་ཞིང་། ལས་དཀར་ནག་གི་རྗེས་སུ་འཇུག་པས་ན་ལས་ཀྱི་གཤིན་རྗེ་ཞེས་བྱའོ། །དེས་ན་སྐྱེས་བུ་ཆུང་ངུའི་ཆོས་སྐོར་འདི་རྣམས་ལམ་གསུམ་གའི་རྩ་བ་ཡིན་པས། འདི་རྒྱུད་ལ་སྐྱེད་པའི་ཕྱིར་དུ་ཆོས་རྒྱལ་བསྟེན་པར་བྱའོ། །སྐྱེས་བུ་འབྲིང་གི་བསམ་པ་ནི། འཇིག་རྟེན་ཕྱི་མ་བདེ་བའི་
ཐབས་སུ་མ་ཟད་འཁོར་བ་མཐའ་དག་མེ་འོབས་ལྟ་བུར་མཐོང་ནས། དེ་དང་བྲལ་འདོད་ཀྱི་ཐར་པ་དོན་གཉེར་གྱི་བློ་ངེས་འབྱུང་གི་བསམ་པ་ཅན་ཡིན་ལ། འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་ནས། དེ་ལ་ཡིད་སྐྱོ་ཞིང་། ངེས་པར་འབྱུང་བའི་བསམ་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པའི་གཙོ་བོ་ཡིན་ཞིང་། འདི་གཉིས་དོན་གཅིག་པས་སོ། །དེས་ན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བསྟེན་དགོས་ཏེ་འདིས་སྡེ་སྣོད་གསུམ་གྱི་ནང་ནས་འདུལ་བའི་སྡེ་སྣོད་བསྲུང་ཞིང་། བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་བསྲུང་བས་སོ། །སྐྱེས་བུ་ཆེན་པོའི་བསམ་པ་ནི། རང་ཉིད་འཁོར་བ་ལས་ཐར་པ་ཙམ་གྱིས་མི་ཚིམ་པར། མར་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་འདོད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ལ། དེ་རྒྱུད་ལ་སྐྱེད་པའི་ཕྱིར་དུ། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྲུལ་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་བསྟེན་པར་བྱའོ། །ཡང་འབྲས་བུ་གཟུགས་སྐུ་དང་ཆོས་སྐུའི་རྒྱུ་ལམ་ཐབས་ཤེས་གཉིས་རྒྱུད་ལ་སྐྱེ་དགོས་པས། ཐབས་སམ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེད་པ་ལ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་བསྟེན་དགོས་ཏེ། འདི་སྙིང་རྗེ་ཅན་གྱི་ཆོས་སྐྱོང་ཡིན་པས་སོ། །ཤེས་རབ་དང་ལྟ་བ་རྣམ་དག་རྒྱུད་ལ་སྐྱེད་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། འདི་ཤེས་རབ་ཀྱི་ཆོས་སྐྱོང་ཡིན་པ་དང་། རྗེ་བཙུན་འཇམ་དབྱངས་ཀྱི་བཀའ་སྡོད་ཡིན་པས་སོ། །འདི་ལྟ་བུའི་ལམ་རྫོགས་པར་སྟོན་པའི་བླ་མ་ཡང་། ཡོན་ཏན་ཕྱོགས་རེ་ཙམ་རྙེད་པས་མི་ཆོག་གི །སྡོམ་པ་གསུམ་མནོས་ཤིང་དེ་དག་སོ་
སོའི་ཉེས་ལྟུང་དང་བྲལ་བ། སྡེ་སྣོད་གསུམ་ལ་མཁས་ཤིང་། དེའི་བརྗོད་བྱ་བསླབ་པ་གསུམ་དང་ལྡན་པ། རྒྱུད་སྡེ་བཞི་ལ་མཁས་ཤིང་། དབང་བཞི་ཡོངས་སུ་རྫོགས་པས། རྒྱུད་བསྐྱེད་རྫོགས་ཀྱི་སྣོད་རུང་དུ་བྱས་ནས་ལམ་ཟབ་མོ་གཉིས་ཉམས་སུ་བསྟར་ཞིང་། མྱོང་བ་ཐོན་ནས་གཞན་ལ་བརྩེ་བས་འདོམས་པའོ། །མདོར་ན་རྡོ་རྗེ་འཆང་གི་གོ་འཕང་མྱུར་བ་ལས་ཀྱང་ཆེས་མྱུར་བར་མངོན་དུ་བྱེད་པའི་ཟབ་ལམ་ཁྱད་པར་ཅན་ཕྱིན་ཅི་མ་ལོག་པར་སྟོན་པའི་བླ་མ་ཞིག་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟེན་པར་བྱའོ། །ལམ་དེ་ཚུལ་བཞིན་དུ་བསྒྲུབ་པའི་གྲོགས་ཀྱང་བླ་མ་དང་ཆ་མཐུན་ཞིག་དགོས་ལ། ལས་འབྲས་ལ་དད་པ། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ། འགྲན་སེམས་དང་ཆགས་སྡང་མེད་པ། ཕན་སེམས་ཆེ་བ་གོང་དུ་བཤད་པའི་བླ་མ་ཡི་དམ་ཆོས་སྐྱོང་ལམ་གྱི་སྲོག་མཐུན་པ་ཅིག་དགོས་སོ། །ཡོངས་སུ་རྫོགས་པའི་ལམ་དེ་ལྟ་བུ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་ཟིན་བརྟན་པ། བརྟན་པ་གོང་འཕེལ་དུ་བྱེད་པ། བླ་མ་ཡི་དམ་དབྱེར་མེད་དུ་གསོལ་བ་འདེབས་པ། ཚོགས་གསོག་ཅིང་སྒྲིབ་པ་སྦྱོང་བ། གཞུང་ཆེན་མོ་ལ་བལྟ་བ་གསུམ་སུམ་སྒྲིལ་དུ་བྱེད་དགོས་ལ། དེ་ལ་ཚོགས་ཞིང་གསལ་འདེབས་པ་ནི། རང་གི་སྤྱི་བོར་རིན་པོ་ཆེའི་ཁྲིའི་སྟེང་དུ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་གསལ་གདབ་ལ། དེའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་དྲངས་ལ། མཎྜལ་ཀྱང་ཕུལ་ལ། གསོལ་བ་ཤུགས་དྲག་པོས་བཏབ་ནས།
ལམ་གྱི་ལུས་ཡོངས་སུ་རྫོགས་པའི་སྨོན་ལམ་དྲག་ཏུ་གདབ་པ་དང་། ཏིང་ངེ་འཛིན་གྱི་དབང་བཞི་རྫོགས་པར་ལེན་ཅིང་། བླ་མ་ཡི་དམ་གྱིས་སྨོན་པའི་འབྲས་བུ་འགྲུབ་པར་ཞལ་གྱིས་བཞེས་པར་བསམས་ལ། མཐར་རང་གི་སྙིང་ཁར་ཐིག་ལེ་གའུ་ཁ་སྦྱོར་གྱི་དབུས་སུ་བཞུགས་པའོ། །སྒྲིབ་པ་སྦྱོང་བ་ལ་ཡང་ལྟུང་བཤགས་ཕྱག་དང་བཅས་པ་དང་། ཡི་གེ་བརྒྱ་པའི་སྒོམ་བཟླས་དམ་ཚིག་རྡོ་རྗེའི་བཟླས་པ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ལ་སོགས་པ། མདོར་ན་སྟོབས་བཞི་ཚང་བའི་སྒོ་ནས་སྦྱོང་བ་གནད་ཆེའོ། །དེ་ཡང་སྡིག་པའི་འབྲས་བུ་རྣམ་སྨིན་ཡིད་མི་འོང་མཐོང་ནས་སྔར་བྱས་ལ་འགྱོད་སེམས་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་བརྟན་པར་བྱེད་པ་ནི་སྡིག་པ་སྦྱོང་བའི་ཐབས་བླ་ན་མེད་པའོ། །གཞུང་ཆེན་མོ་ལ་སྦྱང་བ་ལ་ཡང་། སྔགས་མཚན་ཉིད་ཀྱི་གསུང་རབ་ དགོངས་འགྲེལ་དང་བཅས་པ ་གང་ལ་ཡང་། གཞུང་དེའི་དངོས་བསྟན་ཤུགས་བསྟན། བསྟན་བྱའི་གཙོ་བོ་ཆེད་དུ་བྱ་བའི་གདུལ་བྱ་གོང་འོག་གི་འགྲེལ་ཚུལ་རྣམས་ལེགས་པར་བརྟག་དགོས་སོ། །མདོར་ན་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ། འབྲས་བུ་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པའི་བར་གྱི་ལམ་ཐུན་མོང་བས་རྒྱུད་སྦྱང་བ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་གྱིས་འཁྲིད་ཚུལ། ཐུན་མོང་མ་ཡིན་པ་སྔགས་ལ་འཇུག་པ་ལ་ཡང་། དབང་རྣམ་པར་དག་པ་ཐོབ་པ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ། རིམ་པ་གཉིས་རྒྱུད་ལ་སྐྱེད་ཚུལ་སོགས་གྲངས་ངེས། གོ་རིམས་སོ་སོའི་ངོ་བོ་རྣམས་ལ་མྱོང་བ་རྒྱུད་ལ་སྐྱེད་ཅིང་གོ་བ་ཆགས་པར་བྱེད་པ་
དང་། བཤར་སྒོམ་ཙམ་རེ་བྱེད་པའང་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གནད་ཚང་བ་ཡིན་པས། ས་ཆོད་དང་དགེ་སྦྱོར་བྱེད་ཚུལ་གཞན་དང་གཏན་ནས་འདྲ་བ་མ་ཡིན་ནོ། །དེས་ན་རྗེ་བཙུན་ལ་ཞུས་ལ་མྱོང་བ་ལ་བཀར་ནས་དགེ་སྦྱོར་བྱེད་ཚུལ། ཚེ་ཐུང་འདི་ལ་བོགས་ཆེ་བའི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པ་ཅིག་བསྐུར་གསུང་བའི་གསུང་ཤོག་ནན་ཆེར་བསྐུར་བྱུང་བས། བདག་གིས་རྗེ་བཙུན་འཇམ་དབྱངས་ལ་ཕྱི་ནང་གསང་གསུམ་གྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ། གསོལ་པ་དྲག་པོ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན་ནས། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པའི་ལམ་གྱི་གནད་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཚུལ་འདི་བཞིན་གྱིས་གསུངས་པའི་གསུང་ཡི་གེར་བཏབ་ནས་ཕུལ་བ་ལ། གཞན་ལ་གཏན་ནས་མི་སྟོན་པར་ཞུ་ཞུ། འདི་དག་གི་དོན་རེ་རེ་ནས་ཞིབ་པར་གསུངས་པ་རྣམས་མཇལ་དུས་ཞུ་བར་སྨོན། ཞུ་ཡིག་རྟེན་དུ་ཧང་སྲུང་གི་ཇ་སེར་པོ་ཞོ་ལྔ་ཕུལ་བ་དགེ་ལེགས་འཕེལ་བར་གྱུར་ཅིག །རྗེ་བཙུན་རེད་མདའ་བའི་དྲུང་དུ། རྗེ་བཙུན་ཙོང་ཁ་པ་ཆེན་པོས། རྗེ་བཙུན་འཇམ་དབྱངས་ལ་ཞུས་ཏེ། ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པར་དྲིལ་ནས་ཐུགས་ཉམས་སུ་བཞེས་ཚུལ་ཕུལ་བའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །མངྒ་ལཾ།