སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དཀའ་བའི་གནས་རྣམ་པར་འབྱེད་པ་བརྗེད་བྱང་གི་ཡི་གེ་མཁས་གྲུབ་ཆོས་རྗེས་རྗེ་ལ་གསན་དུས་མཛད་པ།
སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དཀའ་བའི་གནས་རྣམ་པར་འབྱེད་པ་བརྗེད་བྱང་གི་ཡི་གེ་མཁས་གྲུབ་ཆོས་རྗེས་རྗེ་ལ་གསན་དུས་མཛད་པ་བཞུགས་སོ། །
བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཀྱི་དཀའ་བའི་གནས་རྣམ་པར་འབྱེད་པ་བརྗེད་བྱང་གི་ཡི་གེ་གསུང་གི་ཟླ་ཟེར་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་མཆོག་གི་དང་པོའི་སངས་རྒྱས་དང་གཉིས་སུ་མ་མཆིས་པའི་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་དྲི་མེད་མཁའ་ལ་དབང་པོའི་གཞུ། །རྣམ་པར་བཀྲ་བའི་རོལ་པས་འཁྱུད་པ་བཞིན། །ཨུཏྤལ་སྔོན་པོའི་ལུས་ཅན་རྡུལ་ལས་
འདས། །རྣམ་ཀུན་སྒྱུ་མའི་རོལ་པས་རྣམ་རོལ་ཞིང་། །རྟག་ཏུ་མི་འགྱུར་བདེ་བའི་རོས་གང་བ། །མགོན་པོ་ལྷན་སྐྱེས་དགའ་བའི་གར་མཁན་མཆོག །མཆོག་གི་དང་པོའི་སངས་རྒྱས་དཔའ་བོ་ཆེ། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །རྡོ་རྗེ་འཆང་དབང་ཆོས་ཀྱི་རྒྱལ་སྲིད་ཆེ། །ལེགས་པར་འཛིན་པའི་ཆོས་རྒྱལ་རིགས་ལྡན་མཆོག །ས་བཅུའི་དབང་ཕྱུག་ཟླ་བཟང་གྲགས་པ་དང་། །པད་དཀར་འཛིན་པའི་དཔལ་གྱིས་བདག་སྐྱོངས་ཤིག །གང་གི་ཞབས་མཐིལ་རྡུལ་གྱི་ཐིག་ལེ་ནི། །མཁས་མཆོག་ཀུན་གྱི་གཙུག་ཕུད་ལ་འཛེགས་པ། །རྒྱལ་བའི་དམ་ཆོས་འཛིན་པ་ཀུན་
གྱི་རྗེ། །ཟླ་མེད་བླ་མ་མཆོག་ལ་ཕྱག་འཚལ་ནས། །རྡོ་རྗེའི་རྣལ་འབྱོར་བླ་ན་མེད་པའི་ལམ། །རྡོ་རྗེ་འཆང་དབང་བླ་མའི་ཞལ་གྱི་བཅུད། །བདག་བློ་དད་པའི་སྙིམ་པས་འཐུངས་པ་གང་། །སླར་ཡང་ཡིད་ལ་གནས་ཕྱིར་འདིར་འབད་དོ། །འདིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་བྱང་ཆུབ་སེམས་དཔའ་པདྨ་དཀར་པོས་མཛད་པའི་དྲི་མ་མེད་པའི་འོད་ཅེས་བྱ་བ་འདི་ཉིད་ནི་གང་བཤད་པར་བྱ་བའི་ཆོས་སོ། །དེ་ལའང་མཚན་གྱི་དོན་དང་། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་བྱ་བ་དང་བཞིས་རིག་པར་བྱ་བ་ཡིན་ལ། དང་པོ་ནི། རྒྱ་གར་འཕགས་པའི་ཡུལ་གྱི་སྐད་རིགས་ཆེན་པོ་བཞི་ལས། སཾ་སྐྲྀ་ཏའི་སྐད་དུ། བི་མ་ལ་ཞེས་པ་དེ་ཉིད་བོད་ཀྱི་སྐད་དུ། དྲི་མ་མེད་པ་དང་པྲ་བྷཱ་ནི་འོད། ནཱ་མ་ནི་ཞེས་བྱ་བ་དང་། མཱུ་ལ་རྩ་བ། ཏནྟྲ་རྒྱུད། ཨ་ནུ་ས་ར་ནི་རྗེས་སུ་འཇུག་པ། དྭ་ད་ཤ་སཱ་ཧ་སྲ་ཀ་ནི་སྟོང་ཕྲག་བཅུ་གཉིས་པ། ལ་གྷུ་ནི་བསྡུས་པ། ཀཱ་ལ་ཙཀྲ་ནི་དུས་ཀྱི་འཁོར་ལོ། ཏནྟྲ་རྒྱུད། རཱ་ཛ་རྒྱལ་པོ། ཊཱི་ཀ་ཞེས་པ་རྒྱས་འགྲེལ་དང་། འགྲེལ་བཤད་གཉིས་ལ་བསྒྱུར་དུ་ཡོད་པ་ལས་འདིར་ནི་རྒྱ་ཆེར་འགྲེལ་ཞེས་བསྒྱུར་ན་ལེགས་སོ། །གཉིས་པ། འགྱུར་ཕྱག་ནི་གོ་སླའོ། །གསུམ་པ། གཞུང་གི་དོན་ནི། མཁས་པ་དག་གཞུང་དངོས་ཀྱི་བཤད་པའི་ཐོག་མར་བཤད་པ་ལ་འཇུག་པའི་ཡན་ལག་རྒྱས་པར་འཆད་པ་དག་དང་མཐུན་པར། འདིར་ཡང་མདོར་བསྡུས་དང་པོ་གསུམ་གྱིས་རྒྱས་པར་འཆད་པ་ཡིན་ལ། དེ་ལ་མདོར་བསྡུས་དང་པོས་ནི། མཆོག་གི་
འདོད་པའི་ལྷ་ལ་ཕྱག་བྱ་བ་དང་། རྩོམ་པར་དམ་བཅའ་བ་འཆད་དོ། །མདོར་བསྡུས་གཉིས་པས་ནི། རྒྱུད་ཀྱི་དགོས་སོགས་ཆོས་བཞི་དང་། རྒྱུད་ཀྱི་ལུས་མཐའ་དག་བརྟག་པའམ་ལེའུ་ལྔ་དང་། མདོར་བསྡུས་སུམ་ཅུ་རྩ་གཉིས་དང་། གནས་པ་བརྒྱད་ཅུ་རྩ་གཅིག་ཏུ་སོ་སོར་བཅད་པའི་སྒོ་ནས་དོན་གྱི་ཚོམས་བཅད་པ་འཆད་དོ། །མདོར་བསྡུས་གསུམ་པས་ནི། སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་འབྲེལ་པ་སོགས་ལ་བརྒལ་ལན་གྱི་སྒོ་ནས་གཙོ་བོར་མདོར་བསྡུས་གཉིས་པའི་དོགས་གཅོད་འཆད་དོ། །དེ་དག་ལས་ཐོག་མར་མདོར་བསྡུས་དང་པོ་འཆད་པ་ནི། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། ཞེས་པ་མདོ་འཆད་པའི་མན་ངག་ཏུ་གསུངས་པ་ལྟར། མདོ་རྒྱུད་ཀུན་ལ་འདྲ་བས། འདིར་ཡང་དེ་ཉིད་ཀྱི་སྒོ་ནས་བཤད་ན། མདོར་བསྡུས་འདི་ཉིད་གང་གི་ཕྱིར་བརྩམས་པའི་དགོས་པ་དང་། མདོར་བསྡུས་འདིའི་གཞུང་རྣམས་དོན་ཚན་དུར་བསྡུ་བའི་བསྡུས་དོན་གྱི་ཚམས་བཅད་པ་དང་། ཚིག་གི་འབྲུ་གཉེར་བ་དང་། ཁོང་ན་གནས་པའི་འབྲེལ་དངོས་སུ་ཕྱུངས་ནས་མཚམས་སྦྱར་བ་དང་། དེ་དག་ལ་མཐའ་གཞན་དུ་དོགས་པ་བཅད་ནས་ངེས་པ་བསྐྱེད་པའི་ཡན་ལག་བརྒལ་ལན་དང་ལྔས་བཤད་པར་བྱ་བ་ཡིན་པ་ལས། མཚམས་སྦྱར་དང་བརྒལ་ལན་ནི་ཇི་ལྟར་རིགས་པར་རང་རང་གི་ཐད་དུ་འཆད་ཅིང་། འདིར་ཐོག་མར་དགོས་པ་
བཤད་པར་བྱ་སྟེ། དེའང་མདོར་བསྡུས་འདིའི་ཐུན་མོང་མ་ཡིན་པ་དགོས་པ་ནི། མདོར་བསྡུས་ཀྱི་མཚན་སྟོན་པའི་ཚིག་གིས་གསུངས་པ་ཡིན་ཏེ། འདི་ལྟར་བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་མཆོག་གི་འདོད་པའི་ལྷ་དང་དམ་པའི་ལམ་ངེས་པའི་མདོར་བསྡུས་པ་ཞེས་གསུངས་པ་ལ། མཆོག་ཏུ་ཞེས་སྦྱར་ན་མཆོག་གི་སྐུ་སྟེ། གང་གིས་འདོད་པའི་སེམས་ཀྱི་ཁྱད་པར་དང་། མཆོག་གི་ཞེས་སྦྱར་ན། གང་འདོད་པའི་ལྷའི་ཁྱད་པར་སྟོན་བྱེད་དུ་འགྱུར་བ་ལས་འདིར་ནི་ཕྱི་མ་ཉིད་བཟུང་ངོ་། །ལྷ་དང་བཅས་པའི་དང་གི་སྒྲ་ཡོད་པ་དང་མེད་པའི་ཡང་འགྱུར་གཉིས་ལས་ཀྱང་མེད་པ་ཉིད་ལེགས་པས། བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་དང་། མཆོག་གི་འདོད་པའི་ལྷའི་གོ་འཕང་དུ་དམ་པ་ཐོབ་པར་བྱེད་པའི་ལམ་རྡོ་རྗེའི་རྣལ་འབྱོར་ངེས་པར་བྱེད་པ་སྟེ། གཉིས་པོ་འདི་མདོར་བསྡུས་འདིའི་དགོས་པའོ། ཞེས་ཤེས་པར་བྱའོ། །ཨ་ཙ་ལ་གརྦྷས་ཀྱང་། བཤད་སྦྱར་སྙིང་པོ་སྣང་བ་ལས། བདུད་བགེགས་ཉམས་པ་དང་། གསང་བ་ལས་ཀྱང་ཤིན་ཏུ་གསང་བའི་རྡོ་རྗེའི་རྣལ་འབྱོར་ངེས་པ་གཉིས་འདིའི་དགོས་པར་བཤད་དེ་ཤིན་ཏུ་ལེགས་སོ། །གཉིས་པ་བསྡུས་དོན་ནི། བཤད་སྦྱར་ལྟར་ན། མདོར་བསྡུས་འདི་ཉིད་ངེས་པ་བདུན་གྱིས་འཆད་དེ། འདི་ལྟར་རྡོ་རྗེ་ལ་ཕྱག་འཚལ་བའི་ངེས་པ་དང་། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་བའི་ངེས་པ་དང་། བྱང་ཆུབ་སེམས་དཔའི་འགྲེལ་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པའི་ངེས་པ་དང་། ལམ་གྱི་སྒྲིབ་པ་འགོག་པའི་ངེས་པ་དང་། ལམ་འཕྲོག་པའི་
རྒྱུ་མཚན་བཤད་པའི་ངེས་པ་དང་། འཇིགས་པ་བཅུ་དྲུག་གི་ཉེར་འཚེ་ཞི་བའི་ཐབས་ཀྱི་ངེས་པ་དང་། ཕྱི་དུས་ཀྱི་འཁོར་ལོའི་ངེས་པའོ། །དེ་ལ་དང་པོ་ནི། སྟོང་ཉིད་ཅེས་པ་ནས། བྱང་ཆུབ་སེམས་དེ་ལ་ཕྱག་འཚལ། ཞེས་བྱ་བའི་བར་རོ། །གཉིས་པ་ནི། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། ཞེས་པ་ནས། བསྡུས་པའི་རྒྱུད་ལ་དྲི་བར་བྱ། ཞེས་པའི་བར་རོ། །གསུམ་པ་ནི། རྒྱལ་བས་གསུངས་པའི་དབང་མཆོག་བླངས། ཞེས་པ་ནས། འཇིག་རྟེན་གསུམ་གྱི་བདག་པོ་ཉིད་སྟེར་འདི་ནི་ཀུན་ཏུ་སྟོན་པར་བྱེད་པའོ། ཞེས་པའི་བར་རོ། །བཞི་པ་ནི། གང་ཞིག་ཕུང་པོ་ལ་སོགས། ཞེས་པ་ནས། བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། ཞེས་པའི་བར་རོ། །ལྔ་པ་ནི། ལམ་བཟང་རིན་ཆེན་འདི་ནི། ཞེས་པ་ནས། ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། ཞེས་པའི་བར་རོ། །དྲུག་པ་ནི། སྙིང་རྗེ་དང་ནི་སྟོང་ཉིད་སྐུ། ཞེས་པ་ནས། འགྲེལ་བཤད་བདག་གིས་བྲི། ཞེས་པའི་བར་རོ། །བདུན་པ་ནི། དེའི་ལྷག་མ་རྣམས་སོ། ཞེས་འཆད་ཅིང་། རྡོ་རྗེ་ལ་ཕྱག་འཚལ། ཞེས་པའི་དོན་ཀྱང་། རྟགས་ཀྱི་རྡོ་རྗེ་རྩེ་ལྔ་པས་མཚོན་པའི་ཡེ་ཤེས་ལྔའམ་སྟོང་པ་ལྔ་ལ་བསམས་ནས། ཚིགས་སུ་བཅད་པ་དང་པོས་རྣམ་ཤེས་ཀྱི་ཕུང་པོ་སྒྲིབ་བྲལ་དུ་གྱུར་པ་དང་། གཉིས་པས་འདུ་བྱེད་སྒྲིབ་བྲལ་དང་། གསུམ་པས་ཚོར་བ་དང་། བཞི་པས་འདུ་ཤེས་དང་། ལྔ་པ་སོགས་ཚིགས་བཅད་བཞིས་གཟུགས་ཕུང་སྒྲིབ་བྲལ་དུ་གྱུར་པའི་སྟོང་པ་མེ་ལོང་ཡེ་ཤེས་ལ་ཕྱག་
འཚལ་བ་ཡིན་ནོ། ཞེས་ཟེར་ཞིང་། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་བ། ཞེས་པ་དང་། ཨེ་ཝཾ་ཡི་གེ་དེ་ལ་འདུད། ཅེས་ཨེ་ཝཾ་གཉིས་དངོས་སུ་སྨོས་པས། དྲུག་པ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་བཟུང་བ་ཡིན་ལ། དེ་ནི་ཡེ་ཤེས་གོང་དུ་སྨོས་པ་ལྔའི་འཛིན་པ་པོའམ་ལྡན་གཞི་ཡིན་པས་དེ་ལ་ཕྱག་འཚལ་བ་ནི། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་བའོ་སྙམ་དུ་བསམས་པའོ། །བཤད་ཚུལ་འདིའང་འཐད་པར་མི་སེམས་ཏེ། གོང་དུ་སྨོས་པའི་ཕྱག་འཚལ་ལྔ་དང་། འོག་གི་ཨེ་ཝཾ་ཡི་གེ་དེ་ལ་འདུད། ཅེས་སོགས་ཐམས་ཅད་ཀྱིས་ཀྱང་། བདེ་སྟོང་གཉིས་མེད་དང་ཐབས་ཤེས་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ཕྱག་འཚལ་ཡུལ་གཙོ་བོར་བྱས་པ་ལ་ཁྱད་པར་མེད་པའི་ཕྱིར་དང་། ཕྱག་འཚལ་གོང་མ་ལྔ་ལའང་། དང་པོའི་འཚལ་ཡུལ་ཆོས་དབྱིངས་ཡེ་ཤེས་གཙོ་ཆེ་བ་དང་། གཉིས་པའི་འཚལ་ཡུལ་བྱ་སྒྲུབ་ཡེ་ཤེས་གཙོ་ཆེ་བ་སོགས་ཀྱི་རྒྱུ་མཚན་མ་དམིགས་པའི་ཕྱིར་དང་། རྩོམ་པར་དམ་བཅའ་གོང་འོག་གཉིས། རིམ་བཞིན་ཕྱག་འཚལ་བ་དང་། ཉེར་འཚེ་ཞི་བའི་མིང་གིས་བསྡུས་དོན་བྱས་པའང་ཚུལ་མ་ཡིན་པའི་ཕྱིར་ཏེ། མཆོད་བརྗོད་དང་། ཉེར་འཚེ་ཞི་བ་དང་། དམ་བཅའ་དག་དོན་ཚན་སོ་སོ་ཡིན་པའི་ཕྱིར་རོ། །དེ་ལྟར་མི་འཐད་པའི་ཕྱོགས་བཀག་ནས། ད་ནི་རང་གི་ལུགས་བརྗོད་པར་བྱ་སྟེ། འདི་ལྟར་མཆོག་གི་འདོད་པའི་ལྷ་ལ་མཆོད་པར་བརྗོད་པ་དང་། འགྲེལ་པ་རྩོམ་པར་དམ་བཅའ་ཞིང་བརྩམས་པའི་འགྲེལ་པ་ཉན་པར་བསྐུལ་བ་དང་། འགྲེལ་པ་ཕྱིན་ཅི་ལོག་དང་ཡང་དག་པའི་རྣམ་དབྱེ་བཤད་པ་དང་། ཡང་དག་
པའི་ལམ་ལས་མི་གོལ་བའི་ཐབས་བཤད་པ་དང་། ལམ་བཟང་འཕྲོག་པའི་རྒྱུ་སྤངས་ནས་ཡང་དག་པའི་ལམ་སྦ་བར་བསྟན་པ་དང་། དཔའ་བོའི་རིམ་པ་གཉིས་ཀྱི་གྲངས་ངེས་བཤད་པ་དང་། འཇིགས་པ་བཅུ་དྲུག་གི་ཉེར་འཚེ་ཞི་བའི་ཐབས་བཤད་པ་དང་། རྩོམ་པར་དམ་བཅའ་བའི་ཚུལ་གཞན་བཤད་པ་དང་བརྒྱད་ཀྱིས་ངེས་པར་བྱ་བ་ཡིན་ལ།དང་པོ་ནི། སྟོང་ཉིད་ཅེས་པ་ནས། ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། ཞེས་པའི་བར་རོ། །གཉིས་པ་ནི། དེ་ལྟར་རྡོ་རྗེའི་རྣལ་འབྱོར། ཞེས་པ་ནས། གཞན་ཕན་སྤྱོད་པ་མཉན་པར་བྱ། ཞེས་པའི་བར་རོ། །གསུམ་པ་ནི། མངོན་ཤེས་མེད་གང་། ཞེས་པ་ནས། འདི་ནི་ཀུན་ཏུ་སྟོན་པར་བྱེད་པའོ། ཞེས་པའི་བར་རོ། །བཞི་པ་ནི། གང་ཞིག་ཕུང་པོ་ལ་སོགས། ཞེས་པ་ནས། བླ་མ་དམ་པའི་དྲིན་ལས་འབྱུང་བ་ཡིན། ཞེས་པའི་བར་རོ། །ལྔ་པ་ནི། ལམ་བཟང་ཞེས་པ་ནས། ལེགས་པར་སྦ་བར་བྱ། ཞེས་པའི་བར་རོ། །དྲུག་པ་ནི། དཔའ་བོའི་རིམ་པ་བདག་བྱིན་བརླབ་པ་ཡི། ཞེས་པ་ནས། ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་རོ། ཞེས་པའི་བར་རོ། །བདུན་པ་ནི། སྙིང་རྗེ་དང་ནི་སྟོང་ཉིད་སྐུ། ཞེས་པ་ནས། མུན་པ་ཐམས་ཅད་འཇོམས་པར་འགྱུར། ཞེས་པའི་བར་རོ། །བརྒྱད་པ་ནི། ཚིག་ལྷག་མ་རྣམས་སོ། །དེ་ལ་རྩོམ་པར་དམ་བཅའ་བ་སྔ་མའི་སྐབས་སུ། བསྐུལ་བ་པོ་འདི་འདྲས་བསྐུལ་ནས་རྩོམ་ཞེས་པ་དང་། གང་གི་འགྲེལ་པར་བརྩམ་བྱའི་
དུས་ཀྱི་འཁོར་ལོའི་སྒྲ་དོན་བཤད་པ་མེད་ལ། དམ་བཅའ་ཕྱི་མ་ལ་དེ་དག་ཡོད་པས་དམ་བཅའ་དེ་གཉིས་ཟློས་པའི་སྐྱོན་མེད་དོ། །དེ་དག་ལས་རེ་ཞིག་མཆོག་གི་འདོད་པའི་ལྷ་ལ་མཆོད་པར་བརྗོད་པ་བཤད་པར་བྱ་སྟེ། དེའང་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་དང་སྲིད་ཞི་ལ་མི་གནས་པ་སོགས་ཀྱི་སྒོ་ནས་ཕྱག་འཚལ་བ་ནི། ཕྱག་འཚལ་ཞེས་དྲང་ངོ་། །གང་ལ་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཔལ་དེ་རང་གི་བདག་ཉིད་དུ་ལྡན་ཞིང་། ཕུང་སོགས་ཀྱི་འཁོར་ལོ་ཐམས་ཅད་དུས་མི་འགྱུར་བའི་བདེ་བས་སྒྲིབ་བྲལ་དུ་བསྐྱེད་པའི་དུས་ཀྱི་འཁོར་ལོ་ལའོ། །གང་གིས་ན། འགྲེལ་པ་མཛད་པ་པོ་དང་རྗེས་འཇུག་རྣམས་ཀྱིས་སོ། །དགོས་པ་གང་གི་ཕྱིར་དུ་ཕྱག་འཚལ་ན། བདུད་བགེགས་ཉམས་པ་དང་། དམ་པའི་ལམ་ངེས་པ་གཉིས་ཀྱི་ཆེད་དུའོ། །དེའང་ལམ་ངེས་ཚུལ་ནི། གཙོ་བོར་འབྲས་བུའི་སྐབས་ཀྱི་ཡོན་ཏན་རྒྱས་པར་བརྗོད་པའི་སྒོ་ནས་འབྲས་བུ་དང་རྗེས་སུ་མཐུན་པའི་ལམ་གྱི་ཆོས་རྣམས་ཤེས་པར་འགྱུར་བའོ། །འོ་ན་ཡོན་ཏན་ནམ་ཁྱད་ཆོས་ཅི་ཞིག་མཐོང་ནས་ཕྱག་འཚལ་ཞེ་ན། རྐང་པ་དང་པོ་གསུམ་པོ་རེ་རེས་ཁྱད་ཆོས་རེ་རེ་སྟོན་པ་ལ། ཁྱད་ཆོས་དང་པོ་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་གཉིས་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་གྱི་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞེས་སྦྲེལ་ལོ། །དེའང་སྟོང་ཉིད་ལ་ཆོས་ཅན་སྟོང་པ་ཉིད་ཀྱི་གཟུགས་དང་། དེའི་ཆོས་ཉིད་བདེན་པར་གྲུབ་པ་བཅད་ཙམ་པ་དེ་ཁོ་ན་ཉིད་ཀྱི་སྟོང་པ་ཉིད་གཉིས་སུ་ཡོད་ལ། དེ་དག་གི་རྣམ་གཞག་ནི་
འོག་ཏུ་འཆད་དོ། །སྙིང་རྗེ་ལ་ཐེག་པ་ཆེན་པོ་པ་ཐམས་ཅད་ཀྱི་ཐུན་མོང་གི་ལུགས་ཀྱི་སྙིང་རྗེ་དང་། སྔགས་བླ་ན་མེད་པའི་ཐུན་མོང་མ་ཡིན་པའི་བཤད་ཚུལ་གཉིས་ལས། དང་པོ་ནི། སེམས་ཅན་སྡུག་བསྔལ་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་དང་། གཉིས་པ་ནི། བདེ་བ་ཆེན་པོའི་ཡེ་ཤེས་ལ་སྙིང་རྗེར་ཐ་སྙད་བྱས་པ་སྟེ། སྙིང་རྗེའི་སྐད་དོད། ཀ་རུ་ཎ་ཞེས་པའི་ཐོག་ནས་ངེས་ཚིག་གིས་བཤད་པ་བྱས་ན། ཀ་ལ་ཐིག་ལེ་བྱིན་ནས་ཀཾ་ཞེས་པ་ནི་བདེ་བ། རུ་ཎ་འགོག་པ་སྟེ། བདེ་འགོག་ཅེས་པར་འགྱུར་ལ། དེ་ཉིད་ཐུན་མོང་གི་ལུགས་ཀྱི་སྙིང་རྗེ་ལ་བཤད་ན། སྙིང་རྗེ་དེ་གང་གི་རྒྱུད་ལ་འཁྲུངས་པའི་ཚེ། སེམས་ཅན་སྡུག་བསྔལ་བ་ལ་མི་བཟོད་པས། རང་གི་ཐུགས་རྒྱུད་ལ་བདེ་བ་འགོག་པའི་རྣམ་པ་ཅན་དུ་བྱེད་པའོ། །ཐུན་མོང་མིན་པ་ལ་བཤད་ན། འགྱུར་བའི་བདེ་བ་འགོག་པ་མི་འགྱུར་བའི་བདེ་བའོ། །ཡང་ན་སློབ་དཔོན་མཚོ་སྐྱེས་ཀྱིས། རུ་ཎའི་དོན་བསྡུས་པ་ལ་བཤད་ཅིང་། དེའི་དོན་ནི་དགའ་བ་སྔ་མ་གསུམ་གྱི་བདེ་བ་རྣམས་རིམ་གྱིས་བསྡུས་པའི་ལྷན་ཅིག་སྐྱེས་དགའི་བདེ་བ་ཉིད་ཡིན་ཏེ་དོན་གཅིག་གོ །འདིར་ནི་ཐུན་མོང་མ་ཡིན་པའི་སྙིང་རྗེ་ལ་བཤད་དགོས་ཀྱི་ཐུན་མོང་བ་ལ་བཤད་ན་སྐབས་སུ་མ་བབ་པའོ། །ཁྱད་ཆོས་གཉིས་པ་ནི། སྲིད་གསུམ་ཁྱད་གཞི་དང་། སྐྱེ་འཇིག་མེད་པ་ཁྱད་ཆོས་སུ་སྦྱར་བར་བྱ་བ་མ་ཡིན་གྱི། སྲིད་པ་ཁམས་གསུམ་དུ་ཉིང་མཚམས་སྦྱོར་བའི་སྐྱེ་བ་འཁོར་བའི་མཐའ་དང་། སྲིད་པ་གསུམ་གྱི་ལས་དང་ཉོན་མོངས་པ་འཇིག་པའམ་
ཟད་པ་ཙམ་གྱི་ཞི་བ་ཕྱོགས་གཅིག་པ་མྱང་འདས་ཀྱི་མཐའ་གཉིས་མེད་པའི་དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། ཞེས་སྦྲེལ་བར་བྱ་ལ། བཤད་སྦྱར་གྱིས་ཀྱང་དེ་ལྟར་བཤད་དོ། །སྲིད་གསུམ་ཞེས་པ་ཁམས་གསུམ་ཡོངས་གྲགས་ལ་བཤད་པ་དང་། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་ལ་བཤད་པ་སོགས་ཀྱི་སྐབས་མི་འདྲ་བ་དུ་མ་འབྱུང་ཡང་། འདི་ནི་ལུས་ངག་ཡིད་གསུམ་ཙམ་མ་ཡིན་གྱི། ཁམས་གསུམ་ལ་བཤད་དགོས་ཏེ། སྲིད་ཞིའི་མཐར་མ་ལྷུང་བ་སྟོན་པའི་སྐབས་ཡིན་པའི་ཕྱིར་རོ། །ཁ་ཅིག་མདོར་བསྡུས་ལྔ་པ་ལས། མེ་ཤིང་དང་གཙུབ་སྟན་སོགས་ལ་མི་གནས་པ་དཔེར་བྱས་ནས། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་ལ་མི་གནས་པ་དང་། འདོད་པའི་མྱང་འདས་ལ་མི་གནས་པ་སོགས་སུ་གསུངས་པ་དེ་དང་། འདི་དོན་གཅིག་ཏུ་འཆད་པ་ནི་མི་འཐད་དེ། དེ་ནི་དོན་དམ་པར་དེ་དག་ལ་གནས་པ་འགོག་པ་ཡིན་ཞིང་། འདིར་ནི་ཐ་སྙད་དུའང་སྲིད་ཞི་ལ་མི་གནས་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཡོན་ཏན་དུ་བསྟོད་དགོས་ཀྱི། དོན་དམ་པར་ནི་ཆོས་ཐམས་ཅད་ཀྱང་སྲིད་ཞི་ལ་མི་གནས་པ་ཡིན་པས། དེ་དུས་ཀྱི་འཁོར་ལོའི་གཞན་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན་དུ་མི་འགྱུར་བའི་ཕྱིར་རོ། །དེའང་ཐེག་པ་ཆེན་པོ་པ་ཐམས་ཅད་ཀྱི་འདོད་བྱ་མཐར་ཐུག་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ལ། འབྲས་བུ་སྲིད་ཞི་ལ་མི་གནས་པ་འཐོབ་པ་ནི་ལམ་གྱི་སྐབས་སུ་སྲིད་པའི་མཐའ་འགོག་པ་དང་ཞི་བའི་
མཐའ་འགོག་པ་གཉིས་ཀ་ཆ་ཚང་བར་ཉམས་སུ་ལེན་པ་ལ་རག་ལས་ཤིང་། དེ་ལ་ཕར་ཕྱིན་གྱི་ཐེག་ཆེན་པ་ལྟར་ན། རྗེ་བཙུན་བྱམས་མགོན་གྱིས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། ཞེས་གསུངས་པ་ལྟར། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པའི་མཐའ་འགོག་ཅིང་། སྙིང་རྗེ་ཆེན་པོ་སོགས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོས་ཞི་བའི་མཐའ་འགོག་ལ། རྒྱུད་སྡེ་འོག་མ་དག་གི་ལུགས་ལའང་། སྲིད་པའི་མཐའ་འགོག་པ་ནི། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཙམ་དང་། ཞི་བའི་མཐའ་འགོག་པ་ནི་ལྷའི་རྣལ་འབྱོར་དང་འབྲེལ་བའི་བསོད་ནམས་ཀྱི་ཚོགས་རྨད་དུ་བྱུང་བ་དག་གོ །འདིར་ནི་འབྲས་བུའི་སྐབས་སུ། ཐུགས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་གྱི་ཡེ་ཤེས་ལ་རྟག་ཏུ་གནས་པས་སྲིད་པའི་མཐའ་སྤངས་ལ། སྐུ་སྟོང་གཟུགས་ཀྱི་བཅོམ་ལྡན་འདས་ཡབ་ཡུམ་གྱི་རྣམ་པར་ཤར་བས། འཁོར་བ་ཇི་སྲིད་བར་འགྲོ་བའི་དོན་མཛད་པ་ཉིད་ཀྱིས་ཞི་བའི་མཐའ་སྤངས་པ་ཡིན་ཏེ། དབང་མདོར་བསྟན་ལས། མྱ་ངན་འདས་པ་བྲལ་བ་གཟུགས། །འཁོར་བ་ལས་འདས་མི་འགྱུར་བ། །རྟག་དང་ཆད་ལས་ངེས་པར་གྲོལ། །དེ་དག་སྦྱོར་བ་གཉིས་མེད་མཆོག །ཅེས་གསུངས་པས་སོ། །དེ་ལ་རྐང་པ་དང་པོས་ནི། སྟོང་གཟུགས་ཀྱི་སྐུས་མྱ་ངན་ལས་འདས་པའི་མཐའ་དང་བྲལ་བར་བསྟན་ལ། རྐང་པ་གཉིས་པས་མི་འགྱུར་བའི་བདེ་ཆེན་ལ་གནས་པས་འཁོར་བ་ལས་འདས་པར་བསྟན་ཅིང་།
རྐང་པ་ཐ་མ་གཉིས་ཀྱི་དོན་ནི། དེ་ལྟར་རྟག་པ་འཁོར་བ་དང་། ཆད་པ་མྱང་འདས་ཀྱི་མཐའ་ལས་ངེས་པར་གྲོལ་བ་བདེ་བ་དང་སྟོང་གཟུགས་ཀྱི་སྐུ་དེ་ཉིད་བདག་ཉིད་གཅིག་ཏུ་སྦྱོར་བ་ནི་མཐའ་གཉིས་མེད་པའི་གོ་འཕང་མཆོག་གོ །ཞེས་བྱ་བའོ། །འོ་ན་བཞིན་ལག་གི་རྣམ་པ་ཅན་གྱི་སྐྱེས་བུའི་ལུས་བླངས་པ་ནི་སྲིད་པ་ཡིན་པས་སྟོང་གཟུགས་ཀྱི་སྐུ་ཡབ་ཡུམ་གྱི་རྣམ་པ་ཅན་གྲུབ་པ་སྲིད་པའི་མཐར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། རང་དང་ངོ་བོ་གཅིག་ཏུ་སྐྱེས་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དེས་ཡོངས་སུ་བཟུང་བའི་ཕྱིར་རོ། །ཐུགས་རྟག་ཏུ་བདེ་ཆེན་གྱི་ཡེ་ཤེས་ལ་གནས་ཀྱང་ཞི་བའི་མཐར་མི་འགྱུར་ཏེ། དེ་དང་ངོ་བོ་གཅིག་པའི་སྟོང་གཟུགས་ཀྱི་སྐུས་ཡོངས་སུ་བཟུང་བའི་ཕྱིར་རོ། །དེ་ལྟར་ཡང་། དབང་མདོར་བསྟན་ལས། གཟུགས་ནི་སྲིད་པར་མི་འགྲོ་སྟེ། །འགྱུར་མེད་མྱ་ངན་འདས་མི་འགྲོ། །ཕན་ཚུན་འཁྱུད་པས་ཞི་བ་ནི། །མ་ནིང་གི་ནི་གོ་འཕང་མཆོག །ཅེས་གསུངས་སོ། །དེ་ལ་ཕན་ཚུན་འཁྱུད་པས། ཞེས་པ་ཡན་ཆད་ཀྱི་དོན་ནི་སྔར་བཤད་པས་ཤེས་ལ། ལྷག་མ་ནི་དེ་ལྟར་མཐའ་གཉིས་ལ་མི་གནས་པའི་ཞི་བའམ་མྱང་འདས་ནི་ཐབས་ཤེས་གཉིས་ཀ་ཚོགས་པས་ཐབས་རྐྱང་པའང་མ་ཡིན་ཞིང་། ཤེས་རབ་རྐྱང་པའང་མ་ཡིན་པའི་མ་ནིང་གི་གོ་འཕང་མཆོག་གོ །ཞེས་བྱ་བ་སྟེ། འཇིག་རྟེན་ན་མཚན་གཉིས་ཀ་རྟེན་གཅིག་ལ་མཉམ་དུ་ཚོགས་པ་ནི་མ་ནིང་དུ་བརྗོད་པ་བཞིན་ནོ། །དེ་ལྟར་སྲིད་ཞི་ལ་མི་གནས་པའི་གོ་འཕང་དེ་ཉིད་འཐོབ་པའང་ལམ་གྱི་སྐབས་སུ་སྟོང་གཟུགས་
ཁྱད་པར་བ་འགྲོ་བའི་དོན་རྒྱུན་མི་འཆད་པར་མཛད་པའི་གཟུགས་སྐུའི་རིགས་འདྲའི་རྒྱུར་འགྱུར་བ་བསྒྲུབས་པས་སྲིད་པའི་མཐའ་འགོག་པ་དང་། འབྲས་བུའི་སྐབས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུའི་རིགས་འདྲའི་རྒྱུ་མི་འགྱུར་བའི་བདེ་བ་སྟོང་པ་ཉིད་དང་སྦྱར་བའི་ཡེ་ཤེས་བསྒྲུབས་པས་སྲིད་པའི་མཐའ་འགོག་པ་སྟེ། དེ་ལྟར་མཐའ་གཉིས་འགོག་པའི་ལམ་ཡོངས་སུ་རྫོགས་པར་ཉམས་སུ་ལེན་པ་ལ་རག་ལས་སོ། །ཁྱད་ཆོས་གསུམ་པ་ནི། ཤེས་དང་ཤེས་བྱ། ཞེས་པ། ཤེས་པ་དང་ཤེས་བྱ་ཙམ་ནི་མ་ཡིན་ཏེ། དེ་གཉིས་ངོ་བོ་གཅིག་པ་དུས་ཀྱི་འཁོར་ལོའི་ཐུན་མོང་མ་ཡིན་པའི་ཡོན་ཏན་དུ་མི་འགྱུར་བའི་ཕྱིར་རོ། །ཤེས་པ་འཛིན་པའི་སེམས་དང་། ཤེས་བྱ་གཟུང་བའི་སེམས་གཉིས་རོ་མཉམ་དུ་གྱུར་པའོ། ཞེས་པདྨ་ཅན་སོགས་ཀྱིས་འཆད་པའང་མི་འཐད་དེ། འདིར་གཟུང་འཛིན་རྫས་གཞན་ཁེགས་པ་ཙམ་ཕུལ་དུ་བྱུང་བའི་ཡོན་ཏན་དུ་སྟོན་འདོད་པ་མ་ཡིན་པས་སོ། །ཤེས་པ་མི་འགྱུར་བའི་སྐད་ཅིག་མ་དང་། ཤེས་བྱ་ཁམས་གསུམ་པའི་དངོས་པོ་མ་ལུས་པ་མཐོང་བ་གཉིས་དེ་ཁོ་ནར་རྒྱུ་འབྲས་སུ་དབྱེར་མེད་པ་ཉིད་ཤེས་དང་ཤེས་བྱ་གཅིག་པའི་དོན་དུ་འཆད་པའང་མི་འཐད་དེ། ཆོས་ཐམས་ཅད་དེ་ཁོ་ནར་རྒྱུ་འབྲས་སུ་དབྱེར་མེད་པས་དེ་ཉིད་དུས་ཀྱི་འཁོར་ལོའི་ཕུལ་དུ་བྱུང་བའི་ཡོན་ཏན་དུ་མི་འགྱུར་པའི་ཕྱིར་རོ། །དེས་ན་རང་ལུགས་ནི། དབང་མདོར་བསྟན་གྱི་འགྲེལ་པར། སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཤེས་བྱ་ཞེས་གསུངས་པ་ལྟར།
ཤེས་པ་མི་འགྱུར་བའི་བདེ་བ་དང་། ཤེས་བྱ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་གཟུགས་གཉིས་བདག་ཉིད་གཅིག་ཏུ་གྱུར་པའི་སྐུ་ཅན་དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ཞེས་སྦྱར་རོ། །ཚིགས་སུ་བཅད་པ་གཉིས་པ་སྔར་སྨོས་པའི་སྟོང་ཉིད་སྙིང་རྗེ་དེ་ཉིད་རྒྱས་པར་བཤད་པའི་སྒོ་ནས་ཕྱག་འཚལ་བ་ནི་ཕྱག་འཚལ། ཞེས་དྲང་ངོ་། །གང་ལ་ན། ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་གཉིས་མེད་དེ་ཉིད་ལའོ། །དགོས་པ་དང་འཚལ་བ་པོ་ནི་སྔར་བཞིན་ནོ། །ཉིད་ཅེས་པ་དངོས་པོའི་རྐྱེན་མ་ཡིན་གྱི་བཤད་སྦྱར་ལས་ངེས་བཟུང་གི་ཚིག་ཏུ་བཤད་པ་ལྟར་ཁོ་ནའི་དོན་ཏོ། །འོ་ན་འོག་མ་དག་གི་ཕྱག་ཡུལ་བཀག་པར་མི་འགྱུར་རམ་སྙམ་ན་སྐྱོན་མེད་དེ། འོག་མ་རྣམས་ཀྱི་ཚུལ་གྱི་ཕྱག་ཡུལ་ཡང་འདི་དག་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་གཉིས་སུ་མེད་ཚུལ་བཤད་པའི་སྒོ་ནས་ཡོན་ཏན་བརྗོད་པ་ནི། རྣམ་པར་བཅས་པའི་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་སྟོང་གཟུགས་ཀྱི་ཕྱག་རྒྱ་སྣ་ཚོགས་ཡུམ་དེ་ཡིས་འཁྱུད་དོ། །གང་ལ་ན་སྟོང་གཟུགས་ཀྱི་ཐབས་ཀྱི་རྣམ་པ་ཅན་གྱི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལའོ། །ཇི་ལྟར་ན། རྒྱུད་ཐ་དད་པའི་ཐབས་ཤེས་མ་ཡིན་པར་ངོ་བོ་གཅིག་པའི་ཚུལ་གྱིས་དབྱེར་མེད་པར་རོ། །ཡང་རྣམ་པ་གཟུགས་སོགས་སུ་སྣང་བ་དེ་ཉིད་བདེན་པར་མེད་པ་ཙམ་གྱི་བཅོམ་ལྡན་འདས་མ་ཤེས་རབ་མ་སྟེ་དེ་ཁོ་ན་ཉིད་དེ་ཡིས་འཁྱུད་དོ། །གང་ལ་ན་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ལའོ། །ཇི་ལྟར་ན་གཉིས་སྣང་གི་བག་ཆགས་ཐམས་ཅད་སྤངས་པས་ཆུ་ལ་ཆུ་བཞག་
པ་བཞིན་དུ་རོ་གཅིག་ཏུ་གྱུར་པའོ། །ཀྱང་ཞེས་པ་ནི་ཀུན་རྫོབ་ཏུ་རྣམ་བཅས་ཡིན་ཀྱང་། དོན་དམ་པར་རྣམ་མེད་ཡིན་ཞེས་པའི་དོན་ཏོ། །ཆོས་ཉིད་ཀྱི་ཤེས་རབ་མའང་འདིར་བཤད་དགོས་པ་ནི། བཤད་སྦྱར་མཁན་པོའང་བཞེད་དེ། ཕྱག་ཆེན་ཐིག་ལེར། ཇི་ལྟར་ཏིལ་སོན་ཏིལ་མར་དང་། །ཇི་ལྟར་ཤིང་ལ་སོན་པའི་མེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །ཡང་དག་གནས་ཀྱང་མི་མཐོང་བ། །ཆོས་ཀྱི་དབྱིངས་ནི་བྷ་གར་བཤད། །བྷ་ག་རིན་ཆེན་ཟ་མ་ཏོག །གང་ཕྱིར་དབང་ཕྱུག་སོགས་ཡོན་ཏན། །ལྡན་པས་དེ་ཕྱིར་བྷ་གར་བཤད། ཅེས་བཤད་སྦྱར་དུ་དྲངས་ནས། བཅོམ་ལྡན་འདས་ཀྱི་སྐད་དོད། བྷ་ག་ཝཱན་ཅེས་པའི་བྷ་གའི་དོན་དེ་ལྟར་བཤད་ལ། ཇི་ལྟར་ཏིལ་ལ་ཏིལ་མར་གྱི་ཁམས་དང་། ཤིང་ལ་མེའི་ཁམས་ཡོད་ཀྱང་མི་མཐོང་བ་ལྟར། ཆོས་ཐམས་ཅད་ལ་ཡང་དག་པར་གནས་ཀྱང་། འགྲོ་བ་རྣམས་ཀྱིས་མི་མཐོང་བའི་ཆོས་ཀྱི་དབྱིངས་ནི་སྟོང་གཟུགས་ལ་བྱར་མི་རུང་གི །ཆོས་རྣམས་ཀྱི་གནས་ལུགས་སུ་སོང་བའི་སྟོང་པ་ཉིད་ལ་བྱ་དགོས་པའི་ཕྱིར་རོ། །འོ་ན་ལྡན་པའི་དོན་སྐལ་བ་དྲུག་དང་ལྡན་པ་ལ་བྱ་དགོས་པ་ལ་ཆོས་དབྱིངས་ཙམ་ལ་ཇི་ལྟར་རུང་སྙམ་ན། སྐལ་བ་དྲུག་པོ་དེ་ཉིད་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་ཡོན་ཏན་ཡིན་པའི་ཕྱིར་ན། སྤྱིར་ཆོས་དབྱིངས་ལའང་ཡོད་པའི་སྒོ་ནས་ལྡན་པར་འགྱུར་རོ། །བཤད་སྦྱར་དུ། རྒྱ་ཆེ་བ་རྣམ་བཅས་ཀྱི་ཤེས་རབ་མ་དང་ཟབ་པ་རྣམ་མེད་ཀྱི་ཤེས་རབ་མ་ཞེས་བཤད་པ་དེ་དོན་གཅིག་གོ །འགྱུར་མེད་བདེ་བ་དང་ལྡན། ཞེས་
པ་ལ། སྤྱིར་མི་འགྱུར་བའི་བདེ་བ་ཙམ་དང་ཁྱད་པར་བ་གཉིས་ཡོད་དེ་འདི་ལྟར། འགྱུར་བའི་དོན་འཛག་པ་དང་འཕོ་བ་གཉིས་ཀ་ལ་འཇུག་པས། བྱང་སེམས་རྡོ་རྗེ་ནོར་བུའི་རྩེར་བབས་པ་ཕྱིར་མ་ཟགས་པ་ལ་མི་འགྱུར་བར་བྱས་ནས། དེ་ནས་སྐྱེས་པའི་བདེ་བ་ལ་མི་འགྱུར་བའི་བདེ་བར་བྱས་པ་དང་། བྱང་སེམས་རྡོ་རྗེ་ནོར་བུའི་རྩེར་བབས་པ་ཕྱིར་མི་འཛག་པ་ཙམ་དུ་མ་ཟད་རང་གི་གནས་དེ་ལས་རང་གི་ལུས་ཀྱི་ཆ་གང་དུའང་མི་འཕོ་བར་གནས་པའི་ཐིག་ལེ་དེ་ཉིད་ལ་མི་འགྱུར་བར་བྱས་ནས། རྟེན་དེ་ལས་སྐྱེས་པའི་བདེ་བ་ལ་མི་འགྱུར་བའི་བདེ་བར་བྱས་པ་གཉིས་སོ། །དང་པོ་ནི། རླུང་ཨ་བ་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་ནུས་པའི་མཚམས་ནས། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་དགའ་བཞི་སྐྱེས་པ་ཐམས་ཅད་ཀྱི་ཚེ་འོང་ལ། གཉིས་པ་ནི། ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་ནས་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ལ་བརྟེན་ཏེ། མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་བཞིན་ཐོབ་པའི་འགོ་བརྩམས་པ་ནས་བཟུང་ནས་སློབ་ལམ་གྱི་སྐབས་སུའང་འོང་ཞིང་། མི་འགྱུར་བའི་བདེ་བའི་སྐད་ཅིག་མ་དེ་ཐམས་ཅད་ཡོངས་སུ་རྫོགས་པ་ནི་འབྲས་བུའི་སྐབས་ཁོ་ནའོ། །དེ་དག་ལས་འདིར་ནི་འབྲས་བུའི་སྐབས་ཀྱི་མི་འགྱུར་བའི་བདེ་བ་ཉིད་གཟུང་བར་བྱ་བའི་ཕྱིར་དུ་སྐྱེ་འཇིག་སྤངས་པའི་ཞེས་བྱ་བའི་ཁྱད་པར་སྨོས་སོ། །དེ་ལ་སྐྱེ་འཇིག་སྤངས་པའི་དོན། རང་རྒྱུ་ལས་སྐྱེ་བ་དང་། དུས་གཉིས་པར་མི་གནས་པའི་འཇིག་པ་ཙམ་སྤངས་པ་ལ་མི་བཟུང་སྟེ། དེ་ལྟར་ན་མི་འགྱུར་བའི་བདེ་བ་ཕྱག་རྒྱ་
ཆེན་པོ་ལ་བརྟེན་ནས་སྐྱེས་པ་འགལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། བཤད་སྦྱར་དུ་རྩ་རྒྱུད་དྲངས་ནས་བཤད་པ་དེ་ཉིད་ལེགས་པས་འདིར་ཡང་དེ་ལྟར་བཤད་པར་བྱའོ། །དེའང་རྩ་རྒྱུད་ལས། སྐྱེ་དང་འཇིག་པ་དཀར་ཕྱོགས་དང་། །ནག་པོའི་ཕྱོགས་སུ་རབ་གནས་པའོ། །དེ་གཉིས་དབུས་སུ་གང་བ་གང་། །གང་བ་དེ་ནི་མི་གནས་ཉིད། ཅེས་གསུངས་ཤིང་། དེའི་དོན་ནི། ཁམས་དཀར་པོ་གཙུག་ཏོར་ནས་རྡོ་རྗེ་ནོར་བུའི་བར་དུ་སྐྱེ་བའི་འཕེལ་པའི་ཆ་བཅོ་ལྔ་དང་། དེ་ཉིད་ཇི་ལྟར་འོངས་པ་བཞིན་མས་རིམ་གྱིས་གཙུག་ཏོར་བར་དུ་ཁམས་དམར་པོ་རྡུལ་ལམ་ཉི་མས། ཁམས་དཀར་པོ་དེ་ཉིད་འཇིག་པའམ་ཟད་པར་བྱེད་པའི་ཆ་བཅོ་ལྔ་ནི་སྐབས་འདིར་སྐྱེ་འཇིག་གི་དོན་ཡིན་ལ། དེ་གཉིས་ཀྱི་དབུས་སུ་སྟེ་དེ་གཉིས་གང་གིའང་ཕྱོགས་སུ་མ་ལྷུང་བར་བྱང་ཆུབ་ཀྱི་སེམས་ཀྱི་ཆ་ཐམས་ཅད་ཡོངས་སུ་རྫོགས་ཤིང་གང་བ་ཆ་བཅུ་དྲུག་པའི་གནས་སྐབས་འབའ་ཞིག་ལ་རྟག་ཏུ་གནས་པ་གང་ཡིན་པའི་གང་བ་དེ་ནི་འཕེལ་ཟད་ཀྱི་བག་ཆགས་མ་ལུས་པར་སྤངས་པས་སྐྱེ་འཇིག་གཉིས་ཀ་ལ་མི་གནས་པའོ། ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་སྐབས་འདིའི་མི་འགྱུར་བའི་བདེ་བ་ནི། འཕོ་བའི་བག་ཆགས་མ་ལུས་པ་སྤངས་པའི་ཕྱིར་འབྲས་བུའི་སྐབས་ཁོ་ན་ལ་བཤད་དགོས་སོ། །བཞད་པའམ་རྒོད་པ་ལ་སོགས་པ་བལྟ་བ་དང་། ལག་བཅངས་དང་། འཁྱུད་པ་དང་། དབང་པོ་གཉིས་སྦྱོར་གྱི་བདེ་བ་སྤངས་ཞེས་པས་ནི། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་རྒོད་པ་སོགས་
བྱས་པ་ལས་སྐྱེས་པའི་བདེ་བ་ལས། ཕྱག་རྒྱ་ཆེན་མོ་ལས་སྐྱེས་པ་མི་འགྱུར་བའི་བདེ་བ་ཁྱད་པར་དུ་བསྟན་པའི་ཕྱིར་སྨོས་སོ། །བཤད་སྦྱར་ནི་དབང་པོ་གཉིས་སྦྱོར་གྱི་བདེ་བ་དེ་ཁོ་ན་ཉིད་དུ་སྨྲ་བ་དགག་པའི་ཕྱིར་དུ་གྲུབ་ཟིན་སླར་ཡང་བསྣན་ནས་བཞད་པ་ལ་སོགས་བདེ་བ་སྤངས་ཞེས་སྨོས་པ་ཡིན་ནོ། ཞེས་འཆད་དོ། །འགྱུར་མེད་བདེ་བ་ཞེས་པ་ལ་བཤད་སྦྱར་དུ། ནོར་བུ་དང་པདྨ་ལས་འགྱུར་བ་མེད་པ་ཞེས་འབྱུང་བའི་དོན། འགྱུར་དེ་ལྟར་ན་ནོར་བུ་དང་པདྨ་མཉམ་པར་སྦྱར་བར་བྱས་པ་ལས་ཀྱང་ཁམས་འགྱུར་བ་མེད་པ་ཞེས་འཆད་དགོས་ཀྱང་། འོག་ཏུ་ནོར་བུའི་པདྨ་ལས་འགྱུར་བ་མེད་པ་ཞེས་འབྱུང་བ་ལྟར་འདིར་ཡང་བཤད་རྒྱུ་ཡིན་ཅིང་དེ་ལྟར་བཤད་ན། དབང་མདོར་བསྟན་ལས། ལྟེ་གསང་ནོར་བུའི་པདྨ་ལ། ཞེས་གསུངས་པ་ལྟར། ནོར་བུའི་དབུས་ནའང་རྩའི་པདྨ་ཡོད་པས་དེ་ལས་གཞན་དུ་མ་འཕོས་པའི་དོན་ཏོ། །མཆོག་ཏུ་མི་འགྱུར་བའི་བདེ་བ་དེའི་བྱེད་ལས་ནི། སངས་རྒྱས་ཏེ་ཕུང་པོ་ལྔ་པོ་རྣམས་སྒྲིབ་བྲལ་དུ་བསྐྱེད་པར་མཛད་པ་ཆོས་དང་ ལོངས་སྤྱོད་རྫོགས་པ ་དང་སྤྲུལ་པའི་སྐུ་གསུམ་དག་དང་ལྡན་ཞིང་དུས་གསུམ་ཡང་དག་རིག་པའོ། །སྐུ་བཞི་ཡོད་མོད་ཅིའི་ཕྱིར་གསུམ་སྨོས་ཤེ་ན། གསུམ་པོ་དེ་གང་ལ་ལྡན་པའི་རྟེན་བདེ་བ་ཆེན་པོ་དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཡིན་པས་སྐྱོན་མེད་དོ། །དུས་གསུམ་རིག་པའི་དོན་ནི། རྩ་རྒྱུད་ལས། རང་གི་སེམས་དང་གཞན་སེམས་ཀྱི། །གཞན་བདག་སྐྱེ་མཆེད་གང་གི་ཕྱིར། །ཕ་རོལ་སེམས་ཀྱི་རྣམ་རྟོག་གང་། །སྐྱེ་མཆེད་དྲུག་གི་མཚན་ཉིད་ཅན། །
བདག་གི་སེམས་ཀྱི་རྣམ་རྟོག་གང་། །སྐྱེ་མཆེད་དྲུག་གི་མཚན་ཉིད་དོ། །ཀུན་མཁྱེན་ཤེས་པ་འཛིན་བྱེད་དེ། །འབྱུང་དང་འབྱུང་འོས་བསྒྲིབས་པའོ། ཞེས་གསུངས་པ་དེའི་དོན་ནི་འདི་ཡིན་ཏེ། ཆོས་ཐམས་ཅད་སྐྱེ་མཆེད་བཅུ་གཉིས་སུ་བསྡུས་ཤིང་། དེ་ལའང་དྲུག་ནི་ནང་གི་སྐྱེ་མཆེད་དང་། དྲུག་ནི་ཕྱིའི་སྐྱེ་མཆེད་ཡིན་པས། ནང་གི་སྐྱེ་མཆེད་རྣམས་ནི། གང་ཟག་གང་ཡང་རུང་བ་ཞིག་གཞིར་བཞག་ན།གང་ཟག་དེ་རང་གི་སེམས་ཀྱི་རྣམ་པར་རྟོག་པ་སྟེ་རང་རྒྱུད་ཀྱིས་བསྡུས་པ་དང་། ཕྱིའི་སྐྱེ་མཆེད་དྲུག་ནི་གང་ཟག་དེ་ལས་གཞན་གྱི་སེམས་ཀྱི་རྣམ་པར་རྟོག་པ་སྟེ། གཞན་རྒྱུད་ཀྱིས་བསྡུས་པ་དང་། གཏན་ནས་རྒྱུད་ཀྱིས་མ་བསྡུས་པ་རྣམས་སོ། །དེ་ལྟར་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་བྱུང་ཟིན་པའི་འདས་པ་དང་། འབྱུང་འོས་ཀྱི་མ་འོངས་པ་དང་། ད་ལྟར་བ་མ་བསྒྲིབས་པ་སོ་སྐྱེས་ཀྱང་རིག་པས་བསྒྲིབས་པའི་ལྐོག་ཏུ་གྱུར་པ་ཐམས་ཅད་ཡང་དག་པར་རིག་པ་ནི་དུས་གསུམ་ལ་གནས་པའི་ཆོས་ཡང་དག་རིག་པའི་དོན་ཏོ། ཞེས་བྱ་བའོ། །ཀུན་མཁྱེན་ནི་མུན་པ་གཉིད་འཐུག་གི་གནས་སྐབས་བསྐྱེད་པའི་ཐིག་ལེ་སྒྲིབ་བྲལ་དུ་གྱུར་པ་དང་། སངས་རྒྱས་ནི་སད་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་སྒྲིབ་བྲལ་དུ་སོང་བས་རྣམ་བཅས་རྒྱ་ཆེ་བ་དང་། རྣམ་མེད་ཟབ་པའི་ཆོས་ཐམས་ཅད་རྟོགས་པ་སྟེ། རྩ་རྒྱུད་ལས། སད་པའི་སྐབས་སོགས་སངས་རྒྱས་ཏེ། །ཐམས་ཅད་མཁྱེན་པ་ཞེས་བསྒྲགས་ལ། །ཐམས་ཅད་རིག་
ཅིང་ངེས་གྲོལ་བ། །མུན་པའི་སྐབས་སོགས་མེད་པའོ། ཞེས་གསུངས་པ་ལྟར་རོ། །མཆོག་གི་དང་པོའི་སངས་རྒྱས་ཞེས་པ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་དང་པོའི་རྒྱུར་བྱས་པ་ལས་བྱུང་བའི་སངས་རྒྱས་ཞེས་པ་སྟེ། ཐོག་མཐའ་དབུས་གསུམ་གྱི་སངས་རྒྱས་གང་ཡིན་ཀྱང་དེ་ཉིད་ལས་བྱུང་བར་ཁྱད་པར་མེད་དོ། །བཅོམ་ལྡན་ནི་དབང་ཕྱུག་ལ་སོགས་པའི་སྐལ་བ་དྲུག་དང་ལྡན་པའོ། །གཉིས་མེད་ནི་བཤད་ཟིན་ཏོ། །ཚིགས་སུ་བཅད་པ་གསུམ་པ། དེ་ཉིད་བཅུ་དྲུག་རིག་པ་དང་། བདེན་དོན་བཅུ་གཉིས་ཀྱི་སྒོ་ནས་ཕྱག་འཚལ་བ་ནི་ཕྱག་འཚལ། ཞེས་དྲང་ངོ་། །གང་ལ་ན། སངས་རྒྱས་དུས་ཀྱི་འཁོར་ལོ་ལའོ། ཞེས་སྦྱར་རོ། །དེ་ལ་དུས་ཀྱི་འཁོར་ལོའི་དོན་ཡང་། རྩ་རྒྱུད་ལས། དུས་ཆེན་པོ་ནི་སྲོག་ཆེན་པོ། །འབྲས་བུའི་དབུགས་དྲོད་ཟད་པ་ལས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །བརྒྱ་ཕྲག་དྲུག་གི་དབུགས་རྣམས་ཏེ། །སྲིད་པ་གསུམ་དུ་དབུགས་འཁོར་རོ། །འདི་ནི་དུས་ཀྱི་འཁོར་ལོར་བཤད། ཅེས་གསུངས་པ་ལྟར་ཏེ། དེའི་དོན་ནི་འདི་ལྟར། དུས་ཀྱི་འཁོར་ལོ་ཞེས་པའི་དུས་ཆེན་པོ་ནི། འབྲས་བུའི་སྐབས་སུ་གཞི་དུས་ཀྱི་ཉིན་ཞག་རེ་རེ་ལའང་སྲིད་གསུམ་སྟེ་རྩ་གསུམ་ལ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། བརྒྱ་ཕྲག་དྲུག་གི་དབུགས་རྣམས་འབྱུང་འཇུག་བྱེད་པའི་རྒྱུ་བ་རྣམས་འགགས་པའི་སྲོག་ཆེན་པོའོ། །འཁོར་ལོ་ཞེས་པ་ནི། གཞི་དུས་སུ་དབུགས་ཀྱི་འཕོ་བ་བཅུ་གཉིས་ཀྱི་འཁོར་ལོ་འཁོར་བ་ལས། ས་བཅུ་གཉིས་ཀྱི་བགྲོད་པའི་རིམ་པས་དབུགས་
སྟོང་བརྒྱད་བརྒྱ་རེ་འགག་ཤིང་། དབུགས་ཀྱི་འཕོ་བ་ཟད་པ་ལས་འཇོག་གོ །ཞེས་བྱ་བའོ། །དེས་ན་ངོ་བོ་གཅིག་ཉིད་ལ། དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་པའི་ལྡོག་པ་ནས་དུས་དང་། འཕོ་བ་བཅུ་གཉིས་འགགས་པའི་ལྡོག་པ་ནས་འཁོར་ལོ་བཞག་པ་ཡིན་ལ། སངས་རྒྱས་ནི་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པར་ཐོབ་པའི་ལྡོག་པ་ནས་འཇོག་གོ །ཕྱག་ཡུལ་གཉིས་པོ་དེ་ལས་སངས་རྒྱས་ནི་དེ་ཉིད་བཅུ་དྲུག་དང་། དུས་ཀྱི་འཁོར་ལོ་ནི་བདེན་དོན་བཅུ་གཉིས་དང་སྦྱར་ནས་བཤད་པར་བྱ་བ་ཡིན་པ་ལས། དང་པོ་ནི། སངས་རྒྱས་ཀྱི་དོན་ཅི་ཞེ་ན། བཞུགས་ཞེས་དྲང་ངོ་། །གང་ལ་ན། ཉོན་མོངས་པའི་རི་དྭགས་གསོད་པས་སེང་གེ་ཞེས་བརྗོད་པའི་ཁྲིའམ་རྟེན་རྣམ་བཅས་ཀྱི་ཕྱག་རྒྱ་ལའོ། །གང་བཞུགས་ན་འཕོ་བའི་བག་ཆགས་རྣམ་པར་དག་པའི་བདེ་བ་ཆེན་པོའོ། །དེ་ཉིད་ལ་རྡོ་རྗེའི་སྦྱོར་བ་ཞེས་ཀྱང་བྱ་སྟེ། དེའང་སྤྱི་བོ་ལ་སོགས་པའི་འཁོར་ལོ་བཞིར་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་བཞི་རིམ་བཞིན་སྦྱར་ཏེ་བཀག་པས་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོར་འགྱུར་བའོ། །ཡོ་ག་རྣལ་འབྱོར་ལའང་འཇུག་མོད་ཀྱི། འདིར་ནི་ཡོ་ག་སྦྱོར་བ་ལ་འཇུག་པའི་དབང་དུ་བྱས་ནས་ཨ་ཙ་ལས་བཤད་པ་ལྟར་རོ། །དེ་ཉིད་སྲིད་པ་གསུམ་གྱིས་མཆོད་པའི་དོན་ནི། སྲིད་པ་གསུམ་སྟེ། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་གྱིས་བྱང་སེམས་རྡོ་རྗེ་ནོར་བུའི་རྩེ་ནས་རིམ་བཞིན་གོང་དུ་
དྲངས་ཏེ། གཙུག་ཏོར་དུ་བཅིངས་པ་ཉིད་མཆོད་པའི་དོན་ཏོ། །རྟེན་གཟུགས་དང་བརྟེན་པ་བདེ་བ་གཉིས་གཅིག་པུ་སྟེ་དབྱེར་མི་ཕྱེད་པར་གྱུར་པ་དེ་ཉིད་སྐུ་བཞིའི་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་ཏུ་འགྱུར་ཞིང་། ཇི་ལྟར་འགྱུར་བའི་ཚུལ་ནི་འོག་ཏུ་འཆད་དོ། །སྲིད་མེད་སྲིད་པར་གནས་ཞེས་པ་འགྱུར་མ་ལེགས་པས་སྲིད་མེད་སྲིད་སོང་བ་ཞེས་ག་ཏ་སོང་བ་ལའང་འཇུག་པ་ལྟར་དཔང་ལོས་བསྒྱུར་བ་ཉིད་ཀྱི་ཐོག་ནས་བཤད་ན་སྲིད་མེད་མྱང་འདས་ཀྱི་མཐའ་དང་། སྲིད་པ་འཁོར་བའི་མཐའ་གཉིས་འདི་ལས་གཞན་དུ་སོང་ཞིང་། འདི་མཐའ་དེ་གཉིས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །འཁོར་འདས་ཀྱི་མཐའ་ལས་བརྒལ་བ་དེའི་ཕྱིར། ཤེས་པ་བདེ་བ་དང་ཤེས་བྱ་སྒྲིབ་བྲལ་གྱི་གཟུགས་གཉིས་ངོ་བོ་གཅིག་ཏུ་གྱུར་པ་ཡིན་ལ། སྔར་ཤེས་དང་ཤེས་བྱ་གཅིག་པའི་སྐུ། ཞེས་པའི་སྐབས་སུ་མཐའ་གཉིས་ལས་འདས་པ་དང་། རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་སྒོ་ནས་མ་བཤད་ཅིང་། འདིར་དེ་ལྟར་བཤད་པས་མི་ཟློས་སོ། །དམ་ཚིག་གི་སྐད་དོད་ས་མ་ཡ་ཞེས་པ་འདུས་པ་ལའང་འཇུག་པས། རྒྱལ་བ་མཆོག་གི་འདུས་པ་ཞེས་དཔང་གིས་བསྒྱུར་བ་ཉིད་ལེགས་པས་དེ་ལྟར་བཤད་ན། དེའི་ཕྱིར་སྒྲིབ་བྲལ་གྱི་ཕུང་ཁམས་སྐྱེ་མཆེད་ཀྱི་ཚོགས་པ་ནི་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་མཆོག་གི་འདུས་པའོ། །གཉིས་པ་ནི། མི་བསླུ་བས་བདེན་པའི་དོན་ཅན་དགའ་བ་རྒྱས་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི། དུས་གསུམ་གྱི་རྒྱལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་རྣམ་རྟོག་
གིས་མི་ཕྱེད་པས་རྡོ་རྗེ་ཞེས་བྱ་ཞིང་དེའི་གནས་སམ་གཞིར་གྱུར་པ་ཡིན་ལ། དེའང་འཕོ་བ་བཅུ་གཉིས་འགགས་པའི་དབྱེ་བས་ཡན་ལག་རྣམ་པ་བཅུ་གཉིས་སོ། །རྡོ་རྗེའི་ཚིག་ཅེས་བསྒྱུར་བ་ལས་པཱ་ད་གནས་ལའང་འཇུག་པའི་དབང་དུ་བྱས་ཏེ། རྡོ་རྗེའི་གནས་ཞེས་དཔང་གིས་བསྒྱུར་བ་ཉིད་ལེགས་སོ། །ཚིགས་སུ་བཅད་པ་བཞི་པ། སྐུ་བཞི་དང་། རྣམ་ཐར་བཞི་དང་། རྡོ་རྗེ་བཞི་དང་། ཐབས་ཤེས་དབྱེར་མེད་ཀྱི་སྒོ་ནས་ཕྱག་འཚལ་བ་ནི། གང་ཞིག་དང་པོའི་སངས་རྒྱས་དེ་ལ་འདུད་ཅེས་དྲང་ངོ་། །དེའི་ཡོན་ཏན་ནི་ཀུན་མཁྱེན་རྒྱལ་བའི་བདག་པོ་ལྷན་ཅིག་སྐྱེས་པའི་སྐུ་དང་། དེ་བཞིན་དུ་ཡེ་ཤེས་སྐུ་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ནི་ཉིན་མོར་བྱེད་པའི་སྐུ་དང་། དེར་མ་ཟད་སྤྲུལ་པའི་སྐུའང་པདྨའི་འདབ་མ་རྒྱས་པའི་སྤྱན་ནོ། ཞེས་སྦྱར་ཏེ། འདི་དག་གི་དོན་ནི་འོག་ཏུ་ཞིབ་པར་འཆད་དོ། །དེ་ལྟར་སྐུ་བཞི་དང་སྒྲིབ་བྲལ་གྱི་རྣམ་པར་ཐར་པ་བཞི་དང་སྐུ་གསུང་ཐུགས་རྡོ་རྗེ་དང་། ཆགས་པ་སྟེ་བདེ་བའམ་ཡེ་ཤེས་ཀྱི་རྡོ་རྗེ་བཞི་དང་། སྲིད་འདས་འབྱོར་པ། ཞེས་པ་ལས། ག་ཏ་བྷ་བ་བི་བྷ་བེཿ ཞེས་པ་རིམ་བཞིན་འབྱུང་བ་སོང་བ་དང་འཇིག་པ་སོང་བ་ལ་འཇུག་པའི་དབང་དུ་བྱས་ཏེ། འབྱུང་དང་འཇིག་སོང་ཞེས་དཔང་གིས་བསྒྱུར་བ་ཉིད་ལེགས་པས་དེ་ལྟར་བཤད་ན། ཁམས་གསུམ་དུ་འབྱུང་བ་འཁོར་བའི་མཐའ་དང་། འཇིག་པ་མྱང་འདས་ཀྱི་མཐའ་གཉིས་འདི་ལས་གཞན་དུ་སོང་ཞིང་རྡོ་རྗེའི་རྣལ་འབྱོར་རྣམ་པར་དག་པ་
ཤེས་རབ་དང་ཐབས་ནི་གཉིས་སུ་མེད་པ་ལྷ་དང་ལྷ་མིན་གྱིས་བསྟོད་པའོ། །སྐུ་བཞི་དང་ཚངས་པའི་གནས་བཞི་དང་རྣམ་ཐར་བཞི་ལ་སོགས་པ་རོ་མཉམ་དུ་གྱུར་པའི་སྒོ་ནས་བསྟོད་པ་ནི། ཡེ་ཤེས་སྟོང་ཉིད་ཡེ་ཤེས་ཀྱིས། ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཞིའོ། །དེ་ལ་གསང་སྔགས་བླ་ན་མེད་པའི་རྒྱུད་སོ་སོ་ལ་རང་རང་གིས་རྩལ་དུ་བཏོན་ནས་འཆད་པའི་ལམ་གྱི་གཙོ་བོ་རེ་རེ་ཡོད་ཅིང་། རྒྱུད་འདི་ལའང་རྒྱུད་གཞན་དང་མི་འདྲ་བའི་ཁྱད་པར་མང་དུ་ཡོད་ཀྱང་། གཙོ་བོ་ནི་དབང་བཞི་པའི་ལམ་ཉིད་ཡིན་པར་འདི་ཉིད་ལས་ཡང་དང་ཡང་དུ་གསུངས་སོ། །དེའང་རྒྱུད་གཞན་ནས་དབང་བཞི་པའི་ལམ་མ་བསྟན་ཅིང་འདིར་བསྟན་པས་ཁྱད་པར་དུ་འཕགས་ཞེས་བཤད་ན།འདི་ཉིད་ཕུལ་དུ་བྱུང་བར་བསྒྲུབ་འདོད་ནས་རྒྱུད་གཞན་མཐའ་དག་ལ་སྐུར་པ་འདེབས་པའི་ཆོས་སྤོང་བར་འགྱུར་བས་དེ་ལྟར་མི་བཟུང་གི །བཞི་པ་དེ་ཡང་དེ་བཞིན་ནོ། ཞེས་སོགས་ཀྱིས་རྒྱུད་གཞན་དུ་སྦས་པ་དང་མི་གསལ་བའི་ཚུལ་གྱིས་གསུངས་ཀྱང་། འདི་ཉིད་དུ་ཆེས་གསལ་བ་དང་། མ་སྦས་པར་བསྟན་པས་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ལྟར་གསལ་བར་བཤད་པའི་དབང་བཞི་པའི་ལམ་གྱི་གཙོ་བོའང་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་འདྲེན་པ་ཐབས་ཤེས་དབྱེར་མེད་དུ་སྦྱོར་བའི་ལམ་འདི་ཉིད་ཡིན་པས་དེའི་ཕྱིར་དེ་ལ་རྩལ་དུ་བཏོན་ནས་འཆད་པ་ཡིན་ལ། དེའང་མཚན་འཛིན་གྱི་སྤྲོས་པ་གཅོད་པའི་དོན་ནོ། །ཡང་དག་པའི་ལྟ་བས་གཏན་ལ་དབབ་པར་བྱ་བའི་སྟོང་ཉིད་ནི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་
ཀྱི་དགོངས་པ་དཔལ་ལྡན་ཟླ་བས་གཏན་ལ་ཕབ་པ་འདི་ཉིད་ཐེག་པ་གོང་འོག་དང་རྒྱུད་སྡེ་བཞི་གའི་ཐུན་མོང་བ་ཡིན་ཞིང་། མི་འགྱུར་བའི་བདེ་ཆེན་འདྲེན་པའི་ཐབས་སུ་བསྒྲུབ་པར་བྱ་བ་རྣམ་པ་ཐམས་ཅད་པའི་གཟུགས་ཀྱི་སྟོང་པ་ཉིད་ནི་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པས་དེ་གཉིས་ཀྱི་ནང་ནས་མཚན་འཛིན་འཇིག་པའི་སྟོང་པ་ལས་བདེ་ཆེན་འདྲེན་པའི་སྟོང་པ་རྩལ་དུ་བཏོན་ནས་འཆད་མོད། འོན་ཀྱང་མཚན་འཛིན་འཇིག་པའི་སྟོང་ཉིད་དཔལ་ལྡན་ཟླ་བས་བཤད་པ་ལྟར་འཆད་པའང་རྒྱུད་སྡེ་གཞན་ལས་འདི་ཉིད་ཤིན་ཏུ་རྒྱས་སོ། །དེའི་ཕྱིར་དེ་ལྟར་སྟོང་ཉིད་གཉིས་ཡོད་པར་ཤེས་པར་བྱས་ནས་གཅིག་ཁོ་ནར་མི་བཟུང་ཞིང་། མཚན་འཛིན་འཇིག་པའི་སྟོང་ཉིད་འདི་ལས་གསུངས་ཚུལ་གཞན་ནི་འོག་ཏུ་རང་རང་གི་ཐད་དུ་བཤད་པར་བྱ་ལ། འདིར་སྐབས་སུ་བབ་པ་རྣམ་ཐར་བཞིའི་དོན་རྒྱུད་འདི་ཉིད་ལས་གསུངས་པ་ལྟར་བཤད་པར་བྱའོ། །དེའང་སྒྲུབ་ཐབས་ལེའུ་ལས། སྟོང་པ་དངོས་པོའི་ངོ་བོའི་རང་བཞིན་མཐའ་དག་འགྲོ་བ་འདི་ནི་དངོས་པོ་དག་གིས་རྣམ་པར་དམན། ཞེས་གསུངས་པས་སྟོང་པ་ཉིད་དང་། དེ་ལས་སངས་རྒྱས་བྱང་ཆུབ་མེད་ཅིང་གཞན་ཕན་སྙིང་རྗེ་དག་དང་མཚན་མའི་དམ་བཅའ་མེད་པ་སྟེ། ཞེས་པས་མཚན་མེད་སྨོན་མེད་གཉིས་བསྟན་ཏོ། །དེའང་དངོས་པོ་རྣམས་ཀྱི་ངོ་བོའི་རང་བཞིན་ནམ་གནས་ལུགས་སུ་གྱུར་པའི་སྟོང་པ་ཉིད་དེ་གང་ཞེ་ན། མཐའ་དག་འགྲོ་བ་འདི་ནི། ཞེས་པས་སྟོང་གཞི་ཆོས་
ཅན་བསྟན་ཏེ། རྒྱུད་བླ་མ་ལས། འགྲོ་བ་ཞི་བའི་ཆོས་ཉིད་དུ། ཞེས་པས་འགྲེལ་པར་ཆོས་དང་གང་ཟག་གི་འགྲོ་བ་འདི་དག །ཅེས་གསུངས་པ་ལྟར། བློ་ཡུལ་དུ་འགྲོ་བ་ཙམ་ལ་འགྲོ་བའི་དོན་དུ་བྱས་པའི་ཆོས་དང་གང་ཟག་འདི་མཐའ་དག་གོ །དགག་བྱ་གང་གིས་སྟོང་ན་དངོས་པོ་མཐའ་དག་གིས་ཞེས་པའོ། །དེའང་དོན་བྱེད་པའི་དངོས་པོ་ཙམ་ལ་མི་བཟུང་སྟེ། འགྲོ་བ་མཐའ་དག་དོན་བྱེད་ནུས་སྟོང་དང་། དངོས་མེད་དེ་ཁོ་ན་ཉིད་དུ་ཐལ་བའི་ཕྱིར་རོ། །དེས་ན་དངོས་པོའི་སྐད་དོད་དེ། དངོས་པོ་དང་རང་བཞིན་གཉིས་ཀ་ལ་འཇུག་པ་ལས། འདིར་རང་བཞིན་དུ་བསྒྱུར་ནས་རང་བཞིན་གྱིས་གྲུབ་པས་དམན་ཞེས་རང་བཞིན་གྱིས་གྲུབ་པ་དགག་བྱར་བྱའོ། །དོན་འདི་ནི་དབང་མདོར་བསྟན་ལས་གསལ་བར་བཤད་དེ། ཇི་སྐད་དུ། འབྱུང་རྣམས་འཇིག་པར་མི་འགྱུར་ཏེ། །རང་བཞིན་ཉིད་ཀྱིས་སྐྱེ་བ་མེད། །དངོས་པོ་རང་བཞིན་མེད་རྣམས་ཀྱི། །འབྱུང་འཇིག་སྒྱུ་མ་དེ་བཞིན་ནོ། །དངོས་དང་དངོས་མེད་མཚན་ཉིད་གཅིག །སྣ་ཚོགས་འདི་ནི་རང་བཞིན་མེད། ཅེས་གསུངས་པས་སོ། །དེ་ལ་སྣ་ཚོགས་འདི་ནི་ཞེས་པ་དང་། མཐའ་དག་འགྲོ་བ་འདི་ནི་ཞེས་པ་དོན་གཅིག་ལ། རང་བཞིན་མེད་ཅེས་པ་དང་། དངོས་པོ་དག་གིས་རྣམ་པར་དམན། ཞེས་པ་དོན་གཅིག་གོ །དེས་ན་དབང་མདོར་བསྟན་གྱི་ལུང་འདིས། དངོས་པོའི་འབྱུང་འཇིག་སྒྱུ་མ་ལྟ་བུ་རང་ལུགས་ལ་འཐད་ལྡན་དུ་ཁས་ལེན་པ་དང་། འབྱུང་འཇིག་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་གཉིས་འགལ་
མེད་དུ་ཆེས་གསལ་བར་བཤད་དོ། །དེས་ན་ཆོས་དང་གང་ཟག་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པའི་བདག་མེད་གཉིས་པོ་དེ་འདིར་སྟོང་པ་ཉིད་དུ་ཤེས་པར་བྱའོ། །སློབ་དཔོན་ནཱ་རོ་པས་དབང་མདོར་བསྟན་གྱི་རྣམ་ཐར་བཞི་སྟོན་པའི་ཐད་ཀྱི་འགྲེལ་པར། ཆོས་ཅན་སྟོང་གཟུགས་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་རྣམ་ཐར་དང་པོའི་དོན་དུ་བཤད་ཅིང་། ཁ་ཅིག་དངོས་པོ་དག་གིས་དམན། ཞེས་པ་ཆོས་ཉིད་འདུས་བྱས་ཀྱིས་སྟོང་པའི་དོན་དུ་འཆད་པ་ནི། མཐའ་དག་འགྲོ་བ་ཞེས་ཀུན་རྫོབ་སྟོང་གཞིར་དངོས་སུ་སྨོས་པ་དང་འགལ་ལོ། །གཉིས་པ་སྨོན་མེད་ནི། སངས་རྒྱས་བྱང་ཆུབ་ནི་ཐོབ་བྱའི་འབྲས་བུ་མཆོག་ཡིན་པས། དེས་མཚོན་པའི་འབྲས་བུ་གང་ཡང་དོན་དམ་པར་ཐོབ་པར་སྨོན་ཅིང་དམ་བཅའ་བར་བྱར་མེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དེ་ལས་ཏེ་དེའི་ཕྱིར་རོ། ཞེས་པའོ། །གསུམ་པ་མཚན་མེད་ནི། སྤྱིར་མཚན་མའི་སྒྲ་ཆོས་རྣམས་ཀྱི་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། རྟགས་དང་། རྒྱུ་ལ་སོགས་པ་ལའང་འཇུག་པ་ལས་འདིར་ཐ་མ་ཡིན་ལ། དེའང་གཞན་ལ་ཕན་པའི་སྙིང་རྗེ་ནི་རྒྱུའི་གཙོ་བོ་ཡིན་པས། དེས་མཚོན་པའི་རྒྱུའི་མཚན་མ་གང་ཡང་དོན་དམ་པར་མེད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་དེ་ལས་ཏེ་དེའི་ཕྱིར་རོ། ཞེས་པའོ། །སློབ་དཔོན་ནཱ་རོ་པས། འདི་སངས་རྒྱས་སོ། །འདི་བྱང་ཆུབ་པོ་ཞེས་སོགས་ཀྱིས་སྤུ་རིས་འབྱེད་པའི་
རྒྱུར་གྱུར་པའི་རྣམ་རྟོག་ལ་མཚན་མར་བཤད་དོ། །མངོན་པར་འདུ་བྱེད་པ་ནི། ཁམས་དཀར་དམར་གྱི་དབུས་སུ་རྣམ་ཤེས་ཉིང་མཚམས་སྦྱོར་བའི་འདུ་བྱེད་ལ་གསུངས་པས་མཚོན་ནས་རྒྱུས་འབྲས་བུ་མངོན་པར་འདུ་བྱེད་པ་ཐམས་ཅད་རང་བཞིན་གྱིས་སྟོང་པའོ། །ཚངས་པའི་གནས་བཞི་ལའང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ལས་འདིར་ཐ་མ་སྟེ། སྔར་སྙིང་རྗེ་ལ་བཤད་པ་ལྟར་བྱམས་སོགས་ལའང་ཤེས་པར་བྱ་ཞིང་། མདོར་ན་བདེ་ཆེན་གྱི་ཡེ་ཤེས་ཉིད་ལ་བཞིར་ཕྱེ་བའོ། །དེས་ན་ཕྱག་འཚལ་ཞེས་དྲང་ངོ་། །གང་ལ་ན་གནས་སྐབས་བཞིའི་སྒྲིབ་པ་དག་པའི་ཡེ་ཤེས་ཚངས་པའི་གནས་བཞི་དང་དབྱེར་མེད་པའི་རྣལ་འབྱོར་བཞི་དང་། སེམས་དཔའ་བཞི་པོ་དེ་ལའོ། །དེ་དག་ཀྱང་གང་ཞེ་ན། རྣལ་འབྱོར་བཞི་དང་། སེམས་དཔའ་བཞི་བཤད་པ་གཉིས་ལས། དང་པོ་ནི། གཞི་དུས་ཀྱི་དཔྲལ་བ་ན་སད་པའི་གནས་སྐབས་སྣ་ཚོགས་བསྐྱེད་པའི་ཐིག་ལེ་ཡོད་པ་དེ་ཉིད་འདིར་ཐབས་མཁས་ཀྱིས་བསྒྱུར་ན་འབྲས་དུས་ཀྱི་སྤྲུལ་པའི་སྐུ་གདུལ་བྱ་དང་འཚམ་པར་སྣ་ཚོགས་པ་ཉིད་དུ་སྟོན་པ་འབྱུང་ངོ་། །མགྲིན་པ་ན་རྨི་ལམ་གྱི་གནས་སྐབས་དང་ངག་བསྐྱེད་པའི་ཐིག་ལེ་ཡོད་པ་དེ་ཉིད་ཐབས་མཁས་ཀྱིས་བསྒྱུར་ན་ ལོངས་སྤྱོད་རྫོགས་པའི་སྐུ་གསུང་རྣམ་པ ་ཐམས་ཅད་པ་འབྱུང་བར་འགྱུར་རོ། །གཞི་དུས་ཀྱི་སེམས་ཀྱི་གནས་སྐབས་ལ་གཉིས་ལས། སྙིང་ག་ན་གཉིད་འཐུག་དང་མུན་པའི་གནས་སྐབས་སྐྱེད་པའི་ཐིག་ལེ་ཡོད་པ་དེ་ཉིད་ཐབས་མཁས་ཀྱིས་བསྒྱུར་
ན་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་རོ། །ལྟེ་བ་ན་བཞི་པའི་གནས་སྐབས་སམ་གཞི་དུས་ཀྱི་བདེ་བའི་གནས་སྐབས་བཞི་པ་དེ་ཉིད་ཐབས་མཁས་ཀྱིས་སྒྲིབ་བྲལ་དུ་བྱས་པའི་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་སྐུ་འབྱུང་ངོ་། །དེ་ལ་ཡེ་ཤེས་ཏེ་བཞི་པའི་གནས་སྐབས་དེ་ཉིད་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་ལེགས་པར་དག་པར་བྱས་པའི་ཤེས་རབ་དང་འགྱུར་བ་མེད་པའི་སྙིང་རྗེ་ཆེན་པོ་ཐབས་ཀྱི་བདག་ཉིད་གཉིས་དབྱེར་མེད་པར་སྦྱོར་བ་དེ་ནི་ལྷན་ཅིག་སྐྱེས་པའི་སྐུའི་ངོ་བོར་གྱུར་པ་རྣམ་པར་དག་པའི་རྣལ་འབྱོར་རོ། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། ཞེས་པ་འདི་གོང་མ་གསུམ་ག་ལ་སྦྱར་བར་བྱ་བ་ཡིན་པས་དེ་ལྟར་སྦྱར་རོ། །སེམས་གཉིད་འཐུག་གི་གནས་སྐབས་ནི་མཚན་མ་མེད་པ་རྟོགས་པའི་ཡེ་ཤེས་ཀྱིས་ལེགས་པར་དག་པའི་ཤེས་རབ་དང་གཉིས་སུ་མེད་པའི་བྱམས་པ་ཆེན་པོ་ཐབས་ཀྱི་བདག་ཉིད་དབྱེར་མེད་པར་སྦྱོར་བ་དེ་ནི་ཆོས་སྐུའི་ངོ་བོར་གྱུར་པ་ཆོས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ། །ངག་དང་རྨི་ལམ་བསྐྱེད་པའི་གནས་སྐབས་ནི་སྨོན་མེད་རྟོགས་པའི་ཡེ་ཤེས་ཀྱིས་དག་པའི་ཤེས་རབ་དང་། དགའ་བ་ཚད་མེད་པའི་བདེ་བ་ཆེན་པོ་ཐབས་ཀྱི་བདག་ཉིད་དབྱེར་མེད་པར་སྦྱོར་བ། མི་ཟད་པའམ་གཞོམ་དུ་མེད་པའི་སྒྲ་གསུང་རྣམ་པ་ཐམས་ཅད་པའི་མཚན་ཉིད་ཅན་གྱི་ལོངས་སྐུ་སྟོན་པར་བྱེད་པ་ནི་ཡིད་སྐྱོབ་པས་གསང་སྔགས་ཀྱི་རྣལ་འབྱོར་རོ། །སྔ་མ་གསུམ་ལ་ཚངས་པའི་
གནས་དང་། རྣམ་ཐར་དང་། སྐུ་ལ་སོགས་པ་སོ་སོར་སྦྱར་བ་དེ་བཞིན་དུ་སྐུ་སྟེ་ལུས་སམ་སད་པའི་གནས་སྐབས་དེ་ཉིད་མངོན་པར་འདུས་མ་བྱས་པ་རྟོགས་པའི་ཡེ་ཤེས་ཀྱིས་དག་པ་དང་། དྲི་མ་མེད་པའི་བདེ་བ་ཆེན་པོ་བཏང་སྙོམས་ཚད་མེད་པའི་ཐབས་ཀྱི་བདག་ཉིད་གཉིས་དབྱེར་མེད་པར་སྦྱོར་བ་རྫུ་འཕྲུལ་མཐའ་ཡས་པས་གདུལ་བྱ་གང་ན་ཡོད་པའི་གནས་ཐམས་ཅད་དུ་བགྲོད་པ་ཅན་གྱི་སྤྲུལ་པའི་སྐུ་སྟོན་པ་དེ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་དབྱིབས་ཀྱི་རྣལ་འབྱོར་རོ། །འདིར་སྤྲུལ་སྐུ་ཐོགས་མེད་ཡིན་ན་ལྷས་བྱིན་གྱིས་སྒྱོགས་འཕངས་པས་ཞབས་ལ་ཚོར་བ་སྡུག་བསྔལ་བསྐྱེད་པ་འགལ་ལོ་ཞེ་ན། ཞེས་པའི་དོགས་པ་བཀོད་ནས། དེའི་ལན་དུ་ཁ་ཅིག་ན་རེ། དེ་ནི་སྤྲུལ་པའི་སྐུ་མ་ཡིན་གྱི། སྤྲུལ་པའི་སྐུ་དེས་སྤྲུལ་པ་ཡིན་པས་སྐྱོན་མེད་དེ། ཞེས་འཆད་དོ། །དེ་ལྟར་ན་ཟས་གཙང་གི་སྲས་སུ་སྐུ་བལྟམས་པའི་ཚུལ་བསྟན་པའི་སྟོན་པ་ཤཱཀྱའི་རྒྱལ་པོ་ལྟ་བུ་སྤྲུལ་པའི་སྐུས་སྤྲུལ་པ་ཡིན་གྱི་སྤྲུལ་སྐུ་དངོས་མ་ཡིན་ནོ། ཞེས་འདོད་དགོས་པར་འགྱུར་ལ། དེ་ལྟར་ན་དེ་ཉིད་སྐུ་གཞན་གང་དུའང་ཁས་བླང་དུ་མི་རུང་བས་སངས་རྒྱས་མ་ཡིན་པ་ཉིད་དུ་འགྱུར་རོ། །རང་གི་ལུགས་ནི། སྟོང་པ་ཉིད་ཀྱི་གཟུགས་ལས་གྲུབ་པ་རྩ་བའི་སྤྲུལ་སྐུ་ནི་ཐོགས་པ་མེད་པའི་སྐུ་ཡིན་ལ། འོན་ཀྱང་དེ་ཉིད་གདུལ་བྱ་མ་དག་པ་རྣམས་ལ་ཐུན་མོང་དུ་སྣང་བའི་སྒོ་ནས་ཆོས་སྟོན་པ་དང་མྱ་ངན་ལས་འདས་པའི་རྗེས་སུའང་སྐུ་གདུང་རིང་བསྲེལ་བཞག་པ་ལ་སོགས་པས་གདུལ་བྱ་ལ་ཕན་གདགས་
པར་བྱར་མེད་པས་དགོས་པ་དེ་དག་གི་དོན་དུ་སླར་ཡང་ཁམས་རགས་པ་བཟུང་བའི་སྤྲུལ་སྐུ་རྒྱལ་བ་ཤཱཀྱ་ཐུབ་པ་ལྟ་བུའི་སྐུ་ནི་ཐོགས་པ་དང་བཅས་པའོ། ཞེས་གཉིས་སུ་དབྱེ་བར་བྱ་ལ། དེ་ཉིད་སྤྱིར་ཐོགས་བཅས་ཡིན་ཀྱང་སྒྱོགས་ཀྱིས་སྣད་པ་ལ་སོགས་པ་ནི་ལས་འབྲས་ལ་ཡིད་ཆེས་པ་བསྐྱེད་པའི་དོན་དུ་གཞན་ངོར་དེ་ལྟ་བུའི་སྣང་བ་བསྟན་པ་ཙམ་མོ། །དེ་བཞིན་དུ་ལོངས་སྐུའང་གཞུང་འདིའི་གོང་འོག་དུ་མར་གསུང་རྣམ་པ་ཐམས་ཅད་པ་ལ་བཤད་པ་མང་དུ་བྱུང་ཡང་། མཚན་དཔེས་སྤྲས་པའི་ལོངས་སྐུ་མི་བཞེད་པ་མ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། ཞེས་ཤེས་བྱེད་དུ་དྲངས་ནས་སྐུའི་རྣམ་གཞག་མཛད་པས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ ལོངས་སྤྱོད་རྫོགས་སྐུར་བཞེད། ཅེས་པ ་ལྟར་ཡང་ཞལ་གྱིས་བཞེས་དགོས་ལ། མདོར་བསྡུས་འོག་མ་དག་ཏུ་མཚན་དཔེས་བརྒྱན་པའི་ལོངས་སྐུ་དངོས་སུའང་གསུངས་པའི་ཚུལ་སྐབས་དེ་དག་ཏུ་འཆད་པར་འགྱུར་རོ། །དེས་ན་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའི་བྱེད་པ་ནི་གསུང་ཡིན་པས། ལོངས་སྤྱོད་ཀྱི་སྒྲ་ལོངས་སྤྱོད་པའི་བྱེད་པ་ལ་སྦྱར་ནས་གསུང་ལ་ལོངས་སྐུར་བཤད་ལ། ལོངས་སྤྱོད་པར་བྱེད་པ་པོ་ལ་སྦྱར་བ་ནི་མཚན་དཔེས་བརྒྱན་པའི་ལོངས་སྐུའོ། །དེའི་ཕྱིར་སྤྲུལ་སྐུ་བཞིན་དུ་ལོངས་སྐུ་ལའང་གཉིས་ཤེས་པར་བྱའོ། །གཉིས་པ་སེམས་
དཔའ་བཞིའི་སྒོ་ནས་བསྟོད་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདེ་བ་ཆེན་པོ་དང་སེམས་དཔའ་སྟེ། སྲིད་པ་གསུམ་གྱི་རྣམ་པ་ཐམས་ཅད་པའི་གཟུགས་གཉིས་དབྱེར་མི་ཕྱེད་པ་ནི་རྡོ་རྗེ་སེམས་དཔའོ། །བྱང་ཆུབ་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ལ་རྣམ་པར་གནས་པའི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དེ་ཉིད་སེམས་དཔའ་སྟེ་ས་བཅུ་གཉིས་ཀྱིས་ཡོངས་སུ་རྫོགས་པ་ནི་སེམས་དཔའ་ཆེན་པོའོ། །དམ་ཚིག་ཅེས་པ་ཁམས་དཀར་པོ་དེ་ཉིད་སེམས་དཔའ་སྟེ་འཛག་མེད་དུ་བཅིངས་པ་ནི་དམ་ཚིག་སེམས་དཔའོ། །བྱང་སེམས་གཙུག་ཏོར་ནས་གསང་བར་འོངས་པ་དེ་ཉིད། སྔར་ཇི་ལྟར་འོངས་པ་དེ་བཞིན་དུ་ནོར་བུ་ནས་གཙུག་ཏོར་དུ་གཤེགས་ཤིང་འགྱུར་མེད་དུ་བཅིངས་པས་དེ་ལྟར་གསུངས་པ་གང་ཡིན་པ་དེ་ནི་དངོས་པོ་སྟེ་རྟག་པའི་མཐའ་དང་། དངོས་མེད་ཆད་པའི་མཐའ་ཟད་པའི་གཙོ་བོ་སྟེ་རིགས་ཐམས་ཅད་ལ་ཁྱབ་པའི་བདག་པོ་ཡིན་ལ། དེ་ལྟར་ཐོག་མ་སྲིད་པར་སྐྱེ་བ་དང་། མཐའ་མ་འཆི་བ་མེད་ཅིང་། རྣམ་རྟོག་ཐམས་ཅད་ཉེ་བར་ཞི་བ་ཡི་བྱང་ཆུབ་ཀྱི་སེམས་དེ་ལ་ཕྱག་འཚལ་ལོ། ཞེས་བྱ་བའོ། །ད་ནི་ཚིགས་སུ་བཅད་པ་དྲུག་གིས་སྐུ་བཞི་དང་། རྣམ་པ་བཅུ་དྲུག་གཅིག་ཏུ་འདྲེས་པར་གྱུར་པ། སད་པ་ལ་སོགས་པའི་གནས་སྐབས་འགོག་པའི་ཆོས་ཅན། ཕྱག་རྒྱ་ཆེན་པོ་ལས་ཡང་དག་པར་སྐྱེས་པ། ཨེ་ཝཾ་གྱི་ཡི་གེའི་ངེས་དོན་གྱི་སྒོ་ནས་བསྟོད་པ་གསུངས་པ་བཤད་པར་བྱའོ། །དེ་ལ་སྤྱིར་གཞི་དུས་དང་། ལམ་བསྐྱེད་
རྫོགས་གཉིས་ཀྱི་སྐབས་ཀྱི་དགའ་བ་བཅུ་དྲུག་གི་རྣམ་གཞག་ཀྱང་ཡོད་ཀྱང་། འདིར་ནི་འབྲས་བུའི་སྐབས་ཀྱི་དེ་ཉིད་རྣམ་པ་བཅུ་དྲུག་ཡིན་ལ། དེའང་ལོངས་སྤྲུལ་ནི་རྟེན་དང་། ཐུགས་ཆོས་སྐུ་དང་། ཡེ་ཤེས་ལྷན་སྐྱེས་ཀྱི་སྐུ་གཉིས་ནི་དེ་ལ་བརྟེན་པ་ཡིན་ཅིང་། སྟོན་པ་ཤཱཀྱའི་རྒྱལ་པོ་ལྟ་བུ་ཞིག་གིས་འདོད་ཁམས་སུ་ཁམས་རགས་པ་བཟུང་བའི་སྤྲུལ་སྐུ་དང་། ཁམས་ཕྲ་བ་སྟོང་གཟུགས་ལས་གྲུབ་པའི་སྤྲུལ་སྐུ་གཉིས་དང་། དེ་གཉིས་ཀྱི་གསུང་ཐུགས་ཡེ་ཤེས་དང་། འོག་མིན་ན་མཚན་དཔེས་སྤྲས་པའི་ལོངས་སྐུ་དང་། དེའི་གསུང་རྣམ་པ་ཐམས་ཅད་པ་ལ་ལོངས་སྐུར་བཞག་པ་དང་། དེའི་ཐུགས་ཆོས་སྐུ་དང་། ཡེ་ཤེས་ལྷན་ཅིག་སྐྱེས་པའི་སྐུ་དང་། རྟེན་ཐུགས་དང་ཡེ་ཤེས་དེ་གཉིས་ལ་བརྟེན་པའི་ལོངས་སྤྲུལ་གྱི་སྐུ་གསུང་ཐུགས་ཡེ་ཤེས་ཏེ། དེ་ལྟར་བཅུ་དྲུག་ཡོད་ཀྱང་། ལྷན་སྐྱེས་ཀྱི་ཡེ་ཤེས་གཅིག་ཉིད་ཀྱི་གཟུང་བྱ་ལོངས་སྤྲུལ་གྱི་སྐུ་དང་གསུང་གི་སྣང་བ་སྣ་ཚོགས་པར་ཤར་བ་ཡིན་པས་དེ་ཐམས་ཅད་ཡེ་ཤེས་གཅིག་པུ་དེའི་ངོ་བོར་སྦྱོར་བ་ཡིན་ལ། ཐམས་ཅད་ཀྱང་རྒྱུད་གཅིག་ཏུ་བསྡོམས་པ་དང་ཚོགས་པ་ཡིན་གྱི་རྒྱུད་སོ་སོ་བ་མ་ཡིན་ཞེས་བྱ་བ་ནི། སྤྲུལ་པ་ཡི་ནི་ཞེས་སོགས་ཚིགས་སུ་བཅད་པ་གསུམ་གྱི་དོན་ཏོ། །བཤད་སྦྱར་དུ། སྤྲུལ་པས་དད་པར་བྱས་ཤིང་། གསུང་གིས་ཆོས་བསྟན་ཏེ། གདུལ་བྱ་རྣམས་ཆོས་སྐུ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འགོད་པ་ཡིན་པས་གཞན་གྱི་དོན་ལ་བལྟོས་ནས་ཀྱང་སྐུ་བཞི་ལ་
བརྟེན་དགོས་མོད། རྣམ་པ་བཅུ་དྲུག་ཏུ་འགྱུར་བ་ཇི་ལྟར་ཞེ་ན་བདེན་མོད། ཀུན་འབྱུང་གི་བདེན་པ་ལ་བརྟེན་ནས་བརྗོད་པ་སྟེ། གང་ན་གཅིག་ཡོད་པ་དེར་བཞི་རྣམས་སོ། ཞེས་བྱ་བས་སྐྱོན་མེད་དོ་ཞེས་འཆད་ཅིང་། གཞན་དག་གཅིག་སྦྱོར་ནི་ཐབས་ཤེས་གཅིག་ཏུ་སྦྱོར་བ་དང་། སྡོམ་པ་ནི་རེ་རེ་ལའང་བཞི་བཞི་འདུས་པ་ལ་འཆད་དོ། །འོ་ན་སེམས་ཅན་རྣམས་ལའང་དབང་པོ་གཉིས་སྦྱོར་གྱི་དགའ་བ་ཡོད་པས། ལྷན་སྐྱེས་ཀྱི་བདེ་བ་དེ་དག་དང་ཡང་ཐུན་མོང་བ་ཡིན་ནམ་ཞེ་ན། འཁོར་བ་པའི་སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་ཀྱི་དབང་པོ་གཉིས་སྦྱོར་གྱི་བདེ་བ་རྣམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མིན་ཞིང་འབྲས་བུའི་ལྷན་སྐྱེས་ཀྱི་བདེ་ཆེན་དེ་ནི་ཡེ་ཤེས་ཏེ་འགྱུར་བའི་བདེ་བ་དང་། སེམས་གཉིད་འཐུག་དང་། ངག་དང་ལུས་བསྐྱེད་པའི་གནས་སྐབས་ཀྱི་གནས་བཞིར་ཡང་དག་མི་གནས་ཏེ་རྒྱུ་མཚན་རིམ་བཞིན་རླུང་དབུ་མར་རྒྱུ་བ་མེད་པའི་ཕྱིར་དང་། དཀྱིལ་འཁོར་ལྔ་འགོག་པའི་བདག་ཉིད་ཡེ་ཤེས་ལྔ་སྐྱེས་པའི་ཕྱིར་དང་། འཕོ་བ་བཅུ་གཉིས་འགགས་པའི་ཕྱིར་དང་། དགའ་བའི་ཆ་བཅུ་དྲུག་སྒྲིབ་བྲལ་དུ་གྱུར་པའི་ཕྱིར་རོ། །འོ་ན་མཆོག་ཏུ་མི་འགྱུར་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་འཁོར་བ་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་བ་མ་ཡིན་མོད། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྐྱེ་བའམ་ཞེ་ན། འདི་ནི་ནུ་མ་དང་སྐྲར་ལྡན་པའི་མཚན་ཉིད་ཅན་གྱི་ལས་ཀྱི་ཕྱག་རྒྱ་ཡོངས་སུ་དོར་ཞིང་རྟོག་པས་བཏགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམ་པར་སྤངས་ཏེ་སྟོང་པ་ཉིད་
གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ལས་ཡང་དག་པར་སྐྱེས་པ་ཡིན་ལ། དེའི་ཕྱིར་ལྷན་སྐྱེས་ཀྱི་བདེ་ཆེན་དེ་ཕྱག་རྒྱ་ཆེན་མོ་ལས་གཞན་པའི་ཕྱག་རྒྱ་དང་འགྲོགས་པ་མིན་ནོ། །དེའང་རྒྱུད་འདི་ཉིད་རྩ་འགྲེལ་གྱི་སྐབས་གཞན་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་དགོས་པར་ཡང་བཤད་ལ། ཡང་འདི་ལྟར་དེ་གཉིས་དོར་ནས་ཕྱག་རྒྱ་ཆེན་མོ་ཉིད་ལ་བརྟེན་དགོས་པར་ཡང་བཤད་པ་ཅི་ཞེ་ན། ཁམས་དཀར་པོ་རྡོ་རྗེ་ནོར་བུ་ནས་རིམ་གྱིས་རང་གནས་བཟུང་སྟེ་ཡར་བརྟན་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་དངོས་སུ་བསྐྱེད་པའི་ཚེ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་པ་སྤངས་ནས་ཕྱག་རྒྱ་ཆེན་མོ་ལ་བརྟེན་དགོས་པར་བཤད་ཅིང་། འོན་ཀྱང་ཡས་བབས་དང་མས་བརྟན་གྱི་དགའ་བཞི་སོགས་བསྐྱེད་པ་ལ་ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་དགོས་པར་བཤད་པ་ཡིན་པས་མི་འགལ་ལོ། །འདིར་བཤད་སྦྱར་དུ། འོ་ན་ཕྱག་རྒྱ་ཆེན་མོ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ལྷན་ཅིག་སྐྱེས་པ་རྒྱུ་དང་བཅས་པ་ཉིད་ལ། ཕྱག་རྒྱ་ཆེན་པོའང་རྒྱུ་ཉིད་དེ། དེ་ལྟ་ན་ནི་གཉིས་ཀའང་རྒྱུ་དང་འབྲས་བུ་ལས་མ་འདས་སོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱར་འགྱུར་མོད། ཕྱག་རྒྱ་ཆེན་མོ་ཡང་ངོ་ཞེས་པས་ཁྱད་པར་ཅི་ཞེ་ན། ཞེས་པའི་དོགས་པ་བཀོད་ཅིང་། དབང་མདོར་བསྟན་གྱི་འགྲེལ་པར་ཡང་འདི་དང་མཐུན་པར་བཀོད་དོ། །དེའི་དོན་དུ་བསམས་ནས། ཁ་ཅིག་གལ་ཏེ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པའི་བདེ་བ་དང་། ཕྱག་རྒྱ་ཆེན་མོ་ལས་
སྐྱེས་པའི་ལྷན་སྐྱེས་ཀྱི་བདེ་བ་ཐམས་ཅད་ཀྱང་རྒྱུ་འབྲས་ལས་མ་འདས་པའི་པྱིར། ཁྱད་པར་མེད་པར་འགྱུར་རོ་ཞེ་ན། ཞེས་པའི་དོགས་པ་འགོད་པ་ནི་མི་འཐད་དེ། རྒྱུ་འབྲས་སུ་འདྲ་ན་ཁྱད་མེད་དུ་འགྱུར་དགོས་སྙམ་པའི་དོགས་པ་རྟོགས་ལྡན་ལ་སྐྱེ་བའི་གནས་མེད་པའི་ཕྱིར་རོ། །དེས་ན་དོགས་པ་བཀོད་པའི་དོན་ནི། གལ་ཏེ་ལྷན་སྐྱེས་ཀྱི་བདེ་བ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཀྱང་སྐྱེ་ཞིང་། ཕྱག་རྒྱ་ཆེན་མོ་ལས་ཀྱང་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་པ་ལས་དགོས་པ་གཞན་མི་སྣང་བས་ཕྱག་རྒྱ་ཆེན་མོ་བསྒྲུབ་པ་ལ་འབད་པས་དགོས་པ་ཁྱད་པར་བ་ཅི་ཡོད་ཅེ་ན། ཞེས་བྱ་བའོ། །དེའི་ལན་ལ་བཤད་སྦྱར་དུ། དབང་མདོར་བསྟན་ལས། ཤེས་རབ་རྒྱུ་ལས་མ་བྱུང་ཞིང་། །ཤེས་རབ་རྒྱུ་ལས་བྱུང་བ་འབྲས། །ཤེས་རབ་རྒྱུ་ལས་མ་སྐྱེས་ཕྱིར། །ཤེས་རབ་ལས་སྐྱེས་རྒྱུ་སྐྱེས་མིན། ཞེས་པ་དྲངས་དྲངས་ནས་ལན་དུ་བཤད་དོ། །དེའི་དོན་ནི་དེ་ལྟར་ནའང་ཁྱད་མེད་དུ་མི་འགྱུར་ཏེ། ལྷན་སྐྱེས་ཕྱག་ཆེན་ལས་སྐྱེས་ཀྱང་ཕྱག་ཆེན་རྒྱུ་ལས་མ་སྐྱེས་པའི་ཕྱིར་རོ། ཞེས་བྱ་བར་འཆད་པ་ནི་ལུང་དེའི་དོན་མ་ཡིན་ཏེ། དོན་དམ་པར་ལས་རྒྱའམ་རྒྱུ་ལས་མ་སྐྱེས་ཤིང་། ཀུན་རྫོབ་ཏུ་ཕྱག་ཆེན་རྒྱུ་ལས་མ་སྐྱེས་ན་ནི་ལྷན་སྐྱེས་ཀྱི་བདེ་ཆེན་རྟག་པའི་རྒྱུ་ལས་གསར་དུ་སྐྱེས་པར་འགྱུར་བའི་ཕྱིར་རོ། །དེས་ན་དོན་ནི་འདི་ཡིན་ཏེ། རྐང་པ་གཉིས་ཀྱིས་དོན་དམ་པར་ཕྱག་རྒྱ་ཆེན་མོའི་ཤེས་རབ་རྒྱུ་ལས་མ་བྱུང་ཞིང་། ཀུན་རྫོབ་ཏུ་ཤེས་རབ་ཀྱི་རྒྱུ་ལས་བྱུང་བའི་བདེ་ཆེན་དེ་ཉིད་དེའི་འབྲས་བུ་ཡིན་ནོ། ཞེས་བསྟན་ལ། རྐང་
པ་ཕྱི་མ་གཉིས་ཀྱི་དོན་ནི། ཕྱག་རྒྱ་ཆེན་མོའི་ཤེས་རབ་ལས་སྐྱེས་པའི་བདེ་ཆེན་དེ་དོན་དམ་པར་རྒྱུ་ལས་སྐྱེས་པ་མིན་ཏེ། ཤེས་རབ་དེ་ཉིད་དོན་དམ་པར་རྒྱུ་ལས་མ་སྐྱེས་པའི་ཕྱིར་ཞེས་བྱ་བའོ། །དེ་ལྟར་བཤད་པས་དོགས་པ་དེའི་ལན་དུ་ཇི་ལྟར་འབྲེལ་ཞེ་ན། འདི་ལྟར་འབྲེལ་ཏེ། ཕྱག་རྒྱ་གསུམ་པོ་དེ་ལས་སྐྱེས་པའི་ལྷན་སྐྱེས་ཀྱི་བདེ་བ་རྣམས་ལྷན་སྐྱེས་ཙམ་དུ་འདྲའང་ཕྱག་ཆེན་ལ་དགོས་པ་ཁྱད་པར་བ་མེད་པའི་སྐྱོན་མེད་དེ། ལས་རྒྱ་དང་ཡེ་རྒྱ་ལ་བརྟེན་ནས་སྲོག་དབུ་མར་ཞུགས་པའི་བདེ་ཆེན་འདྲེན་ནུས་པ་ལས། སྤྱིར་སྟོང་ཉིད་ལྟ་བས་གཏན་ལ་ཕེབས་ཀྱང་། དེའི་ཚེ་བདེ་ཆེན་དང་སྟོད་ཉིད་སྦྱོར་ནུས་པས་མ་ཁྱབ་ལ། ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་བདེ་ཆེན་དྲངས་ན་སྦྱོར་ནུས་པས་ཁྱབ་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་དབང་པོ་བརྟུལ་པོ་ལས་རྒྱ་ལ་བརྟེན་ནས་བདེ་བ་དྲང་དགོས་པ་ནི་ཇི་སྲིད་དབང་པོ་བརྟུལ་པོ་རྣོན་པོར་མ་འཕོས་ཀྱི་བར་དུ་ལས་རྒྱ་ལས་ལྷན་སྐྱེས་ཀྱི་བདེ་བ་དྲངས་ཀྱང་དེའི་ཚེ་སྟོང་ཉིད་དང་སྦྱོར་མི་ནུས་ལ་དབང་འབྲིང་ཡེ་རྒྱ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་དྲང་དགོས་པའང་ཇི་སྲིད་དབང་པོ་རྣོན་པོར་མ་འཕོས་ཀྱི་བར་དུ་བདེ་སྟོང་དངོས་སུ་སྦྱོར་མི་ནུས་པའི་ཕྱིར་རོ། །དེ་ལ་ལུང་དེས་ནི་གང་དང་སྦྱར་རྒྱུའི་སྟོང་ཉིད་དངོས་སུ་བསྟན་ནས། དེ་དང་དངོས་སུ་སྦྱོར་ནུས་མི་ནུས་ཀྱི་ཁྱད་པར་ཡོད་ཅེས་ཤུགས་ལ་འཕངས་པ་ཡིན་ནོ། །སློབ་དཔོན་ནཱ་རོ་པས་ཀྱང་། རྒྱུ་དེ་འདྲ་བ་ལས་མ་བྱུང་ཞིང་མ་སྐྱེས་པ་སྟེ། དོན་དམ་པར་
རང་བཞིན་གྱིས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། ཞེས་དང་ཤེས་རབ་རྒྱུ་ལས་སྐྱེས་པ་སྔར་བསལ་ཟིན། ཅེས་འབྱུང་འཇིག་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་གོང་དུ་བཤད་པའི་སྐབས་ལ་ཁ་འཕངས་ཏེ། དོན་དམ་པར་སྐྱེས་པ་འགོག་པ་ལ་གསལ་བར་སྦྱར་རོ། །གལ་ཏེ་ལྷན་སྐྱེས་ཀྱི་བདེ་ཆེན་དེ་ཕྱག་རྒྱ་ཆེན་མོ་ལས་སྐྱེ་དགོས་སུ་ཆུག་མོད། ཕྱག་རྒྱ་ཆེན་མོ་དེའི་རྒྱུར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་སོགས་པའང་འགྱུར་རམ་ཞེ་ན། རྣམ་རྟོག་གིས་བཏགས་པའི་བསྐྱེད་རིམ་བསྒོམ་པ་ལས་འདས་པ་སྟེ་དེ་ཙམ་ལས་དངོས་སུ་མ་སྐྱེས་ཤིང་། ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བའི་ཤེས་རབ་ཡེ་ཤེས་དེ་ནི་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའི་ཕྱིར་ན་གཟུང་བ་ཕྱི་རོལ་གྱི་ཤེས་བྱ་དང་། དེ་ལ་བལྟོས་པའི་འཛིན་པ་རྣམ་པར་སྤངས་པ། མཚན་དཔེས་བརྒྱན་པ་སོགས་ཀྱི་དབྱིབས་ཀྱི་སྒོམ་པ་དག་དང་། རྟོག་པ་དང་བརྗོད་པའི་བྱ་བ་ཙམ་གྱི་ཡུལ་དུ་གྱུར་པ་རྣམ་པར་སྤངས་པ་ཡིན་ནོ། །འོ་ན་དཔེ་ཅི་དང་འདྲ་ཞེ་ན། ཕྱི་རོལ་གྱི་དོན་སྤངས་ཤིང་རང་བཞིན་མེད་བཞིན་དུའང་རྣམ་པ་ཐམས་ཅད་པའི་གཟུགས་ཀྱི་སྣང་ཆ་མ་དོར་བས་དྲི་ཟའི་གྲོང་ཁྱེར་གྱི་རྣམ་པ་དང་། གཞོན་ནུ་མས་མེ་ལོང་ལ་པྲ་ཕབ་པའི་རང་བཞིན་ཅན་དུ་གྱུར་པའོ། །དེ་ལྟར་ཕྱག་རྒྱ་ཆེན་མོ་དང་མཆོག་ཏུ་མི་འགྱུར་བའི་བདེ་སྟོང་གི་ཡེ་ཤེས་ཐབས་དང་ཤེས་རབ་ཀྱི་ངོ་བོ་དབྱེར་མེད་པའི་བདག་ཉིད་དུ་སྦྱོར་བའི་ཨེ་ཝཾ་གྱི་ཡི་གེ་དེ་ལ་འདུད་དོ། །དེ་ལྟར་ཐབས་ཤེས་གཉིས་སུ་མེད་པའི་སྒོ་ནས་ཕྱག་འཚལ་བ་བཤད་ནས། ད་ནི་ཐབས་ཤེས་སོ་སོར་ཕྱག་
འཚལ་བ་བརྗོད་པར་འདོད་ནས། དང་པོར་ཤེས་རབ་ཀྱི་ཡུམ་ལ་ཕྱག་འཚལ་བ་ནི། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཏེ། དེ་ལ་ལས་དང་ཉོན་མོངས་ལས་སྐྱེ་བ་ལས་ཀྱི་ཕྱག་རྒྱ་དང་ནི་འཇིག་པ་ཞེས་པ་འདོགས་པ་པོའི་ཡིད་གཞན་དུ་གྱུར་པ་ན་དེས་བཏགས་པའི་ཕྱག་རྒྱའང་མེད་པར་འགྱུར་བ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་དེ་གཉིས་རྣམ་པར་སྤངས་པ། འཇིག་རྟེན་གསུམ་གྱི་སྤྱོད་པ་ལས་གྲོལ་བས་ཐོག་མཐའ་བར་དུ་དགེ་བའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་ཅན་ནོ། ཞེས་བྱ་བ་སྟེ། གཞན་རྣམས་སྔར་བཤད་ཟིན་ཏོ། །ཐབས་ཡབ་ལ་ཕྱག་འཚལ་བ་ནི། ཨཱ་ལི་ཀཱ་ལིས་མཚན་པའི་ཟླ་ཉི་སྙོམས་པར་འཇུག་པ་སྟེ་ཁ་སྦྱར་བ་དང་ཧཱུཾ་ཕཊ་སྟེ་ས་བོན་དང་སོགས་ཀྱིས་བསྟན་པའི་ཕྱག་མཚན་སོགས་སྤངས་པ་སྟེ། དེ་དག་ལས་བློས་བསྐྱེད་པ་མ་ཡིན་ཡང་། འགྱུར་མེད་ལས་འཁྲུངས་ཤིང་བདེ་སྟོང་གི་ཡེ་ཤེས་ཀྱི་གཟུང་ཆ་སྣ་ཚོགས་པའི་སྟོང་པའི་སྐུར་ཤར་བའི་དུས་ཀྱི་འཁོར་ལོ་དེ་ལ་འདུད་ཅེས་པའོ། །དེ་ལྟ་བུའི་བཅོམ་ལྡན་འདས་དེ་སྐུ་བཞིའི་བདག་ཉིད་ཀྱི་རྒྱུད་སྟོན་པ་པོར་གྱུར་པས་བསྟོད་ཅིང་ཕྱག་འཚལ་བ་ནི། ཀུན་མཁྱེན་ཞེས་སོགས་ཚིགས་སུ་བཅད་པ་གཅིག་དང་། དེའི་འོག་ཏུ་སྔར་བཤད་ཡོན་ཏན་ཐམས་ཅད་བསྡུས་པས་ཕྱག་འཚལ་བ་ནི། དག་དང་ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། དོན་ནི་སྔར་བཤད་པས་ཤེས་སླ་ལ། སྲིད་འདས་འབྱོར་པ་ཞེས་པའང་སྔར་ལྟར་
བཤད་པར་བྱའོ། །དེ་ལ་ཁ་ཅིག་དག་དང་ཞེས་པ་ནས། སྤྱི་བོས་ཕྱག་འཚལ་ཏེ་ཞེས་པའི་བར་གྱི་ཚིགས་སུ་བཅད་པ་གསུམ་རིམ་བཞིན་ཕྱི་ནང་གཞན་གསུམ་ལ་སྦྱར་ནས་འཆད་ལ། ཁ་ཅིག་རླུང་མེ་ཆུ་དང་། ཞེས་སོགས་ཤློ་ཀ་ཐ་མ་ཕྱི་དང་། ཤློ་ཀ་བར་པ་ནང་དང་། དང་པོ་གཞན་ལ་སྦྱོར་མོད་ཀྱི། འདི་གསུམ་གྱི་དོན་ལ་ཕྱི་ནང་གཞན་གསུམ་གྱི་ཁྱད་པར་དབྱེ་དཀའོ། །དེས་ན་ཚིགས་སུ་བཅད་པ་འོག་མ་གཉིས་ནི་གཙོ་བོར་དམ་པའི་ལམ་ངེས་པར་བྱེད་པའི་སྒོ་ནས་ཕྱག་འཚལ་བ་ཡིན་ཏེ། དེའང་འདི་ལྟར་སྒྲུབ་པ་པོ་རྟེན་གྱི་གང་ཟག །དེས་བསྒྲུབ་པར་བྱ་བའི་འབྲས་བུ། ཐབས་གང་གིས་བསྒྲུབ་པའི་ཐུན་མོང་མ་ཡིན་པའི་ལམ་དང་གསུམ་ལས། དང་པོ་ནི། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང་། ཞེས་པས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་གདན་གྱི་རྟེན་འབྱུང་བཞི། ལྷུན་པོ་པདྨ་རྣམས་བསྟན་པས་མཚོན་ནས་ལམ་འདི་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་ཁམས་དྲུག་ལྡན་ཉིད་བསྟན་པ་ཡིན་ནོ། །གཉིས་པ་ཐོབ་བྱའི་འབྲས་བུ་ནི། ཚིགས་སུ་བཅད་པ་སྔ་མས་སྟོན་ལ། དེའང་སྤྱི་བོས་འདུད་ཅེས་དྲང་ངོ་། །གང་ལ་ན་འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་བོ་ལའོ། །རྣམ་པ་ཇི་འདྲ་བ་ཅན་ཞེ་ན། ཞབས་གཅིག་ཅེས་སོགས་ཏེ། དེའང་དབང་མདོར་བསྟན་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་འོག་ཏུ་འགྲོ །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་སྲིད་པའི་མཚན་ཉིད་ལ། ཞེས་གསུངས་པ་ལྟར། མངལ་སྐྱེས་
ཁམས་དྲུག་ལྡན་གྱི་སྐྱེས་བུ་རྣམས་འཆི་བའི་ཚེ། ཁུ་རྡུལ་རྣམ་ཤེས་གསུམ་གྱི་ཚོགས་པ་ཞིག་ནས་ཟླ་བའི་མིང་ཅན་བདུད་རྩིའམ་ཁུ་བ་ནི་ཐུར་དུ་འགྲོ་ཞིང་། ཉི་མའི་མིང་ཅན་རྡུལ་ལམ་ཁྲག་ནི་སྟེང་དུ་འགྲོ་ལ། སྒྲ་གཅན་གྱི་མིང་ཅན་རྣམ་ཤེས་བར་དོར་སོང་སྟེ་སྲིད་པར་ཉིང་མཚམས་སྦྱར་ནས། སླར་ཡང་དེ་ལྟ་བུའི་ཚུལ་གྱིས་འཁོར་བར་འགྱུར་བ་ཡིན་ནོ། །གཞི་དུས་ཀྱི་རིམ་པ་དེ་རྣལ་འབྱོར་པས་ཐབས་མཁས་ཀྱིས་དེ་ལས་བཟློག་པར་བསྒྱུར་ན་འཁོར་བ་འགག་ཅིང་། བདེ་བ་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་ཏེ། དབང་མདོར་བསྟན་ལས། དེ་ཕྱིར་ཟླ་བ་བདུད་རྩི་ནི། །སྟེང་དུ་བགྲོད་བྱ་མི་ཡི་བདག །འོག་ཏུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་མཆོག་གི་བདེ་བ་ལ། ཞེས་གསུངས་པ་ལྟར་ཏེ། ཐབས་མཁས་ཀྱི་ལམ་གྱིས། ཁུ་བ་ནོར་བུ་ནས་སྟེང་དུ་རིམ་བཞིན་དྲངས་ཏེ་གཙུག་ཏོར་དུ་བརྟན་པར་བྱས་ཤིང་། རྡུལ་གཙུག་གཏོར་ནས་རིམ་བཞིན་ཐུར་དུ་སོང་སྟེ་རྡོ་རྗེ་ནོར་བུར་བརྟན་པར་བྱས་ན་དེའི་དབང་གིས་རྣམ་ཤེས་མཆོག་ཏུ་མི་འགྱུར་བའི་བདེ་བའི་ངོ་བོར་སྐྱེ་བར་འགྱུར་རོ། ཞེས་བྱ་བའོ། །དེ་ལ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྐུའི་རྣམ་པ་ཞབས་གཅིག་གཡས་པ་དམར་པོ་བརྐྱང་བས་ནི། རྡུལ་ཐུར་དུ་དྲངས་ནས་རྡོ་རྗེ་ནོར་བུར་བརྟན་པར་བྱས་པ་མཚོན་ལ། ཞབས་གཉིས་པའམ་གཡོན་པ་དཀར་པོ་བསྐུམ་པས་ནི་ཁུ་བ་གྱེན་དུ་དྲངས་ཤིང་གཙུག་ཏོར་དུ་བརྟན་པར་བྱས་པ་མཚོན་ནོ། །ཉི་མ་རི་བོང་ཅན་ལ་ནི་
ཞབས་དག་བཀོད་ཅེས་པ་ལ། ཉི་མས་ནང་གི་ནག་ཕྱོགས་མྱ་ངན་ལས་འདས་པའི་མཐའ་དང་། ཟླ་བས་ནང་གི་དཀར་ཕྱོགས་འཁོར་བའི་མཐའ་མཚོན་ཞིང་། དེ་གཉིས་ཞབས་ཀྱིས་མནན་པའི་དོན་སྲིད་ཞིའི་མཐའ་ལས་འདས་པའོ། །ཁ་ཅིག་ཞབས་གཡས་པ་ཉི་གདན་དང་། གཡོན་པ་ཟླ་བའི་གདན་ལ་བཀོད་ཅེས་འཆད་པ་མི་འཐད་དེ། དེ་ལྟར་ན་ཟླ་ཉི་བརྩེགས་པའི་གདན་ལ་ཞབས་གཉིས་ཀ་བཀོད་པར་འོག་ནས་བཤད་པ་དང་འགལ་བའི་ཕྱིར་རོ། །ཚུལ་ཇི་ལྟར་བཀོད་ན་དུས་རྟག་ཏུ་བདེ་བ་དང་སྟོང་པའི་ཡེ་ཤེས་ཀྱིས་ཀྱང་གཞིག་ཏུ་མེད་པའི་ཕྱིར། རིག་པ་དང་ཤེས་པའི་གྲི་གུག་གིས་མི་ཆོད་ཅིང་། གཉིས་སྣང་ཐམས་ཅད་དང་བྲལ་བས་གཟུང་འཛིན་གྱི་གྲི་གུག་གིས་དབྱེར་མེད་ལ། བདེ་བ་ཆེན་པོའི་རྒྱུ་ཡིན་པས་འདོད་པར་རོ། །འཇིག་རྟེན་གསུམ་གྱིས་མཆོད་པའི་དོན་ནི་སྔར་ལྟར་རོ། །འོ་ན་སྒྲུབ་པ་པོ་དེས་དེ་ལྟ་བུའི་གོ་འཕངས་ཐོབ་པ་ཐབས་གང་གིས་ཡིན་སྙམ་ན། བཅོམ་ལྡན་འདས་ཀྱི་ཞབས་འོག་གི་གདན་དངོས་སུ་བསྟན་པས་མཚོན་ནས་ཐུན་མོང་མ་ཡིན་པའི་ལམ་གྱི་གཙོ་བོ་ངེས་པར་བྱེད་དེ། འདི་ལྟར་ཟླ་བ་དང་ཉི་མས་ནི་འོག་གི་བཤང་གཅི་འབབ་པའི་རྩ་གཉིས་མཚོན་ལ། དུས་མེས་ནི་དུང་ཅན་མ་མཚོན་ཞིང་། ཟླ་ཉི་བརྩེགས་པའི་སྟེང་དུ་དུས་མེའམ་སྒྲ་གཅན་ཞབས་ཀྱིས་མནན་པས་བཤང་གཅིའི་རྩ་ལ་རྒྱུ་བའི་ཐུར་སེལ་གྱི་རླུང་དུང་ཅན་མར་བཀག་པ་མཚོན་ནོ། །ཞབས་གཡས་ཀྱི་འོག་གི་བདུད་དམར་པོས་ནི་གཡས་རོ་མ་དམར་མོ་དང་། གཡོན་གྱི་འོག་གི་དབང་ཕྱུག་དཀར་པོས་གཡོན་རྐྱང་མ་དཀར་པོ་
མཚོན་ལ། སྒྲ་གཅན་གྱི་དཀྱིལ་འཁོར་གྱི་སྟེང་དུ་དེ་གཉིས་ཀྱི་མགོར་ཞབས་བཀོད་པར་གྱུར་པའམ་ཞབས་ཀྱིས་མནན་པ་ནི། རོ་རྐྱང་གི་རླུང་དབུ་མར་བཀག་པ་མཚོན་ནོ། །དེའང་སྲིད་པ་ཕུང་སོགས་ཐམས་ཅད་སྒྲིབ་བྲལ་དུ་སྐྱེད་པར་བྱེད་པའི་ཕྱག་རྒྱ་ཆེན་མོ་སྣ་ཚོགས་ཡུམ་གྱི་ཞབས་དང་ལྷན་ཅིག་ཏུ་བཀོད་ཅེས་པས་ནི། དེ་ལྟར་སྟེང་འོག་གི་རླུང་དབུ་མར་བཅུག་པ་ལས། སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོས་འཁྱུད་པའི་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་འདྲེན་པ་མཚོན་ནོ། །དེས་ན་དངོས་སུ་ཕྱག་ཡུལ་བཅོམ་ལྡན་འདས་ཀྱི་སྐུའི་བཀོད་པ་བཤད་ནས། དེའི་རྣམ་པར་བསྒོམ་པའི་བསྐྱེད་རིམ་སྟོན་ལ། སྐུའི་བཀོད་པ་དེ་ཉིད་ཀྱིས་མཚོན་པའི་དོན་ནི། ཐུན་མོང་མ་ཡིན་པའི་རྫོགས་རིམ་གྱི་ལམ་ཡིན་ནོ། །དེའི་ཕྱིར་འདི་ལྟར་ཤེས་ན། ད་ལྟ་ཉིད་ནས་བཅོམ་ལྡན་འདས་ཀྱི་སྐུའི་བཀོད་པ་གདན་དང་བཅས་པའི་རྣམ་པ་བློ་ལ་ཤར་བ་ཙམ་གྱིས་ཐུན་མོང་མ་ཡིན་པའི་ལམ་གྱི་གནད་ཐམས་ཅད་དྲན་པར་ནུས་པས་སྐུའི་རྣམ་པ་རེ་དྲན་རེས་ཀྱིས་ཀྱང་ཐུན་མོང་མ་ཡིན་པའི་ལམ་གྱི་གནད་རྣམས་ལ་བག་ཆགས་འཇོག་པར་འགྱུར་ལ། འདི་ལྟ་བུའི་རྣམ་པ་ཅན་གྱི་བསྐྱེད་རིམ་བསྒོམ་པའི་དགོས་པ་ནི། སྐུའི་རྣམ་པ་དེ་དང་དེས་མཚོན་པའི་རྫོགས་རིམ་ཁྱད་པར་ཅན་དེ་དག་སྐྱེ་བའི་སྨིན་བྱེད་དུ་བསྒོམ་པ་ཡིན་པར་ཤེས་ནས་བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་རྒྱུར་སྤང་དགོས་པའི་ལོག་རྟོག་ཀྱང་ལྡོག་པར་འགྱུར་རོ། །དེ་བས་ན་དེ་ལྟ་བུའི་རྣམ་པ་ཅན་
གྱི་བཅོམ་ལྡན་འདས་ལྷ་ཡི་དབང་པོས་བཏུད་པའི་གཙོ་བོ་ལ་སྤྱི་བོས་ཕྱག་འཚལ་ལོ། ཞེས་བྱ་བ་སྟེ། སྟེ་ནི་འོག་གི་བརྩམ་པར་དམ་བཅའ་བ་འདྲེན་པའི་ཚིག་གོ །དེས་ན་མཆོག་གི་དམ་པའི་ལམ་ནི་གཙོ་བོར་མཆོད་བརྗོད་ཀྱིས་ངེས་པར་བྱེད་པ་ཡིན་ཏེ། དེའང་ཚིགས་སུ་བཅད་པ་གཉིས་པོ་འདིས་ལམ་གྱི་གཙོ་བོ་འདི་ལྟར་ངོས་བཟུང་ཞིང་། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། ཞེས་སོགས་གོང་དུ་བཤད་པ་ཐམས་ཅད་ཀྱིས་ནི། ལམ་དེའི་ཁྱད་པར་བསྟན་པ་ཡིན་ཏེ། སྲོག་ཨ་ཝ་དྷཱུ་ཏཱིར་བཅུག་ནས་སྟོང་གཟུགས་ཀྱི་ཕྱག་རྒྱ་དང་སྦྱར་ཏེ། ཁམས་དཀར་པོ་ནོར་བུའི་རྩེ་ནས་ཡར་བརྟན་པ་དང་། ཁམས་དམར་པོ་གཙུག་ཏོར་ནས་མར་བརྟན་པར་བྱེད་པས་རྣམ་ཤེས་མཆོག་ཏུ་མི་འགྱུར་བའི་ངོ་བོར་སྐྱེས་པ་དེ་ལ་ནི། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་དང་། ཤེས་དང་ཤེས་བྱ་གཅིག་པ་ལ་སོགས་པ་ཐམས་ཅད་འབྲས་བུའི་གནས་སྐབས་དང་རྗེས་སུ་མཐུན་པ་རེ་ལམ་གྱི་སྐབས་སུའང་ཡོད་པའི་ཕྱིར་རོ། །བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ་ནི་གཙོ་བོར་འོག་ཏུ་འཇིགས་པ་བཅུ་དྲུག་གི་ཉེར་འཚེ་ཞི་བའི་ཐབས་བསྟན་པ་ཉིད་ཀྱིས་ངེས་པར་བྱེད་དོ། །ད་ནི་རང་ཉིད་འགྲེལ་བཤད་རྩོམ་པར་དམ་བཅའ་བ་བརྗོད་པར་བྱ་སྟེ། བརྗོད་པར་འདོད་ཅེས་དྲང་ངོ་། །གང་ལ་ན་དེ་ལྟར་བཤད་མ་ཐག་པའི་རྡོ་རྗེའི་རྣལ་འབྱོར་གང་ཞིག་གོ །དེ་ཇི་འདྲ་ཞིག་ཅེ་ན། དཔག་མེད་བདེ་གཤེགས་རྣམས་ཀྱིས་རང་གིས་བསྟེན་ཅིང་སྐལ་བ་དང་ལྡན་པ་གཞན་ལ་བསྟན་པ་དང་། བྱང་ཆུབ་
སེམས་དཔའ་ངེས་དོན་གྱི་རྡོ་རྗེ་མཆོག་སྟོང་པ་ལྔ་འཛིན་པ་ཡིད་སྐྱོབ་པའི་དོན་གྱིས་མི་འགྱུར་བའི་བདེ་བ་ནི་གསང་སྔགས་ཏེ། དེ་ཉིད་མྱོང་བའི་ཚུལ་གྱིས་རིག་པ་ཀུན་གྱིས་ཡང་དག་པར་བརྗོད་པའམ་བཤད་པར་གྱུར་པའི་འགྱུར་མེད་མཆོག་གི་བདེ་བ་ཐབས་ཤེས་ཟུང་འཇུག་གི་རྣལ་འབྱོར་དེ་ནིའོ། །གང་དུ་ན། དུས་ཀྱི་འཁོར་ལོ་སྟེ་དེའི་རྒྱ་ཆེར་འགྲེལ་དུའོ། །སུ་ཞིག་གིས་ན་པད་དཀར་བདག་གིས་སོ། །བླུན་པོ་ཞེས་པ་ནི་ཁེངས་བསྐྱུང་བའི་ཚིག་སྟེ། རྗེས་འཇུག་དག་ལ་ང་རྒྱལ་གྱིས་ཁེངས་པ་དོར་བར་བྱའོ། ཞེས་སློབ་པར་མཛད་པའོ། །འོ་ན་སངས་རྒྱས་དང་། བྱང་སེམས་ཆེན་པོ་རྣམས་ཀྱི་ཡུལ་དེ་བླུན་པོས་བརྗོད་པ་ལ་འབད་པར་མི་རིགས་སོ་ཞེ་ན་སྐྱོན་མེད་དེ། མཁའ་ལྡིང་ནམ་མཁའ་ལ་འགྲོ་བའི་རྗེས་སུ་བྱ་གཞན་ཡང་འགྲོ་བ་བཞིན་ནོ། ཞེས་པ་ནི་མཁའ་ལ་ཞེས་སོགས་སོ། །འོ་ན་འབད་པ་བྱས་ཀྱང་རྒྱུད་དོན་ཆེས་ཟབ་པས་རྟོགས་པར་མི་ནུས་པ་མ་ཡིན་ནམ་ཞེ་ན། རྒྱུད་ཀྱི་རྒྱལ་པོ་གང་དུ་སྒྲུབ་པ་པོ་རང་གི་ལུས་ལ་སྲིད་པ་ཕུང་སོགས་མཐའ་དག་དང་། དེར་མ་ཟད་དོན་དམ་པ་དང་ཀུན་རྫོབ་ཀྱི་བརྡ་ཅན་གྱི་སྔགས་དང་བཅས་པ་རྣམས་སྒྲིབ་བྲལ་དུ་བྱེད་པའི་ཐབས་མ་སྦས་ཤིང་ཆེས་ཆེར་གསལ་བར་ཨཱ་ལི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་མི་འགྱུར་བར་འཛིན་པ་རྒྱལ་བའི་དབང་པོས་གསུངས་ཤིང་། དེའི་ཕྱིར་རྒྱུད་ཀྱི་ཆུ་གཏེར་ཆེན་པོ་དེར་ནི་བརྐྱལ་བའམ་བརྒལ་བའི་སླད་དུ་རབ་ཏུ་ཞུགས་པ་དེ་ལ་གལ་ཏེ་བདག་ཕ་རོལ་ཏུ་ཕྱིན་པ་ནི་རྒྱལ་བའི་
མཐུས་ཡིན་གྱི་རང་དབང་དུ་མ་ཡིན་ནོ། །དེའི་འོག་ཏུ་རྒྱལ་བས་གསང་བདག་ཟླ་བཟང་ལ་རྩ་རྒྱུད་གསུངས་པའི་ཚེ་བསྡུས་རྒྱུད་འབྱུང་བར་ལུང་བསྟན་པ་ལྟར་འཇམ་དཔལ་གྲགས་པས་བསྡུས་ཤིང་། ཟླ་བཟང་གིས་རྩ་རྒྱུད་ལ་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་ཐེག་པ་ཀུན་དོན་གསལ་བར་བྱེད་པ་མཛད་པ་ལྟར། པད་དཀར་བདག་གིས་བསྡུས་རྒྱུད་ལ་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་རྒྱུད་ཀྱི་རྡོ་རྗེའི་ཚིག་གསལ་བར་བྱེད་པ་འདྲི་ཞེས་དམ་བཅའ་བ་ནི། གང་ཕྱིར་ཞེས་པ་ནས། བྲི་བར་བྱ་ཞེས་པའི་བར་རོ། །དེའང་ཐུབ་པ་མཐའ་དག་ཅེས་པ་ནི། མཐའ་དག་ཐུབ་པ་རྣམས་ལ། ཞེས་དཔང་གིས་བསྒྱུར་བ་ལྟར་ཏེ། དོན་ནི་ཤམ་བྷ་ལའི་གྲོང་ཀ་ལཱ་པར་འཇམ་དཔལ་གྱིས་རྒྱུད་དོན་མཐའ་དག་ཐུབ་པ་དྲང་སྲོང་རྣམས་ལ་བསྟན། ཅེས་བྱ་བའོ། །ད་ནི་བརྩམས་པའི་འགྲེལ་བཤད་འདི་ཉིད་ཉན་པར་གདམས་པ་བཤད་པར་བྱ་སྟེ། མཉན་པར་བྱའོ། ཞེས་དྲང་ངོ་། །གང་ན་རྒྱུད་ཀྱི་གཙོ་བོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་གཞན་ལ་ཕན་པའི་སྤྱོད་པ་སྟོན་པའོ། །ཚུལ་ཇི་ལྟ་བུས་ན་རྒྱལ་བས་གསུངས་པའི་ཆོ་གས་འཇིག་རྟེན་པའི་དབང་སྔོན་དུ་འགྲོ་བའི་འཇིག་རྟེན་ལས་འདས་པའི་དབང་བླངས་ནས། དེའི་འོག་ཏུ་ང་རྒྱལ་གྱི་ཁེངས་པ་དང་ལོངས་སྤྱོད་རྣམ་པར་འཇིག་པའི་ཆོས་ཅན་དུ་མ་བཏང་བ་བྱས་ནས་སོ། །གང་གི་དོན་དུ་ན་སེམས་ནི་སངས་རྒྱས་ཉིད་ཀྱི་སླད་དུ་གཏད་པར་བྱས་ཏེ་དེ་ཐོབ་པའི་ཆེད་དུའོ། །གང་ལས་ན་བླ་མ་ལས་སོ། །སུ་ཞིག་གིས་ན། བྱིས་པའི་མཁས་པ་ཁྱིམ་ན་གནས་པ་ལ་སོགས་པས་མཉན་པར་བྱ་
བ་འབའ་ཞིག་ཏུ་མ་ཟད་ཀྱི། རྒྱུད་འདིའམ་སྔ་མ་ནི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་གཞན་མ་ལུས་ཐོས་ནས་ཡང་དག་ཡེ་ཤེས་ལམ་ལ་གནས་པའི་རྣལ་འབྱོར་པས་ཀྱང་མཉན་པར་བྱའོ། །འདི་ནི་ཉན་པ་པོ་རྣལ་འབྱོར་པའི་ཁྱད་པར་ཡིན་གྱི། རྒྱུད་ཀྱི་འགྲེལ་པ་འདི་ཉན་པའི་སྔོན་དུ་རྒྱུད་འདིའམ་གཞན་ཐོས་ཤིང་ཡང་དག་པའི་ལམ་ལ་གནས་པར་བྱས་ནས་ཉན་དགོས་ཞེས་པ་མ་ཡིན་ནོ། །འདི་ནི་བཤད་སྦྱར་གྱི་གཞུང་གི་འདོན་ཚུལ་འདི་ལྟར་བཤད་ཅིང་། དཔང་གིས་ཀྱང་དེ་ལྟར་བསྒྱུར་བ་དང་མཐུན་པར་བཤད་པའོ། །ད་ནི་ཕྱིན་ཅི་ལོག་དང་ཡང་དག་པའི་འགྲེལ་བཤད་ཀྱི་རྣམ་དབྱེ་འཆད་པར་འདོད་ནས། དང་པོར་ཕྱིན་ཅི་ལོག་གི་འགྲེལ་པའི་ཉེས་པ་འཆད་པའི་དོན་དུ། མངོན་ཤེས་མེད་གང་། ཞེས་པ་ལ་སོགས་པ་གསུངས་སོ། །དེའང་འདི་དང་དབང་མདོར་བསྟན་གཉིས་ཀ་རུ་མངོན་ཤེས་མེད་པས་རྒྱུད་ཀྱི་འགྲེལ་པ་བྱེད་པ་བཀག་པའི་དོན་ནི། རྫུ་འཕྲུལ་དང་ལྷའི་རྣ་བའི་མངོན་ཤེས་ལ་སོགས་པ་ཐེག་པ་གོང་འོག་ཐམས་ཅད་ལ་ཐུན་མོང་དུ་གྲགས་པའི་མངོན་ཤེས་ལྔ་པོ་འདིའི་དབང་དུ་བྱས་པ་ནི་མ་ཡིན་ཏེ། དེ་ལྟ་བུ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཙམ་ཡན་ཆད་ཀྱི་སེམས་གང་ཡང་རུང་བ་ཐོབ་པའི་ཕྱི་རོལ་པ་དག་ལའང་ཡོད་ཅིང་། ཉན་རང་ལའང་ཡོད་པས། དེ་ཡོད་ཀྱང་རྒྱུད་དོན་ཤེས་པ་ལ་ཕན་པ་ཅིའང་མི་བྱེད་པའི་ཕྱིར་དང་། རྒྱུད་ཀྱི་ངེས་དོན་ཟབ་མོ་དག་དེ་འདྲ་བའི་མངོན་ཤེས་ཀྱི་ཡུལ་དུ་བྱ་མི་ནུས་པའི་ཕྱིར་རོ། །བླ་མེད་
ཀྱིའང་བསྐྱེད་རིམ་དང་། རྫོགས་རིམ་གྱི་རྡོ་རྗེ་བཟླས་པ་དང་། ཡན་ལག་དྲུག་གི་བསམ་གཏན་ལ་བརྟེན་ནས་མངོན་ཤེས་ལྔ་འགྲུབ་པར་རྒྱུད་སྡེ་རྣམས་ལས་གསུངས་པའི་མངོན་ཤེས་ལྔ་པོ་དེ་དག་ཀྱང་རྒྱུད་དོན་མཐའ་དག་ལ་མི་འཁྲུལ་བའི་ངེས་པ་མེད་པས་དེ་ཙམ་གྱི་དབང་དུ་བྱས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མདོ་སྡེ་རྒྱན་ལས། ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། ཞེས་གསུངས་པ་ལྟར། ཐུན་མོང་གི་མངོན་ཤེས་ལྔ་པོ་ཐམས་ཅད་ལ་རང་རང་གི་རྣམ་གནས་ཡིད་བྱེད་མི་འདྲ་བ་རེ་རེས་བསྒྲུབ་དགོས་ཀྱང་། སྔགས་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་བདེ་བ་ཆེན་པོས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་ཡེ་ཤེས་གསར་དུ་སྐྱེས་པ་ན། མངོན་ཤེས་སོ་སོའི་རྣམ་གནས་ཡིད་ལ་མ་བྱས་ཀྱང་། བདེ་སྟོང་གི་ཡེ་ཤེས་དེའི་སྟོབས་ཀྱིས་དྲངས་པའི་མངོན་པར་ཤེས་པ་ལྔ་སྐྱེ་བར་འགྱུར་བ་ཆོས་ཉིད་ཡིན་ནོ། །ཚུལ་འདི་ནི་སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་རིམ་ལྔ་ལས། སློབ་མ་གུས་ལ་ཀུན་མཁྱེན་གྱི། །སྤྱོད་ཡུལ་ཡེ་ཤེས་གང་ཞིག་ནི། །སྐྱེས་པ་ཙམ་གྱིས་མཆོག་ཏུ་ནི། །དགའ་བ་དང་ནི་ལྡན་འགྱུར་ཞིང་། །མངོན་པར་ཤེས་པ་ལྔ་དང་ལྡན། ཅེས་དང་། སློབ་དཔོན་ཌོམ་བྷི་ཧེ་རུ་ཀའི་ལྷན་ཅིག་སྐྱེས་གྲུབ་ལས། དེ་ཕྱིར་བདེ་ལྡན་འཐོབ་འགྱུར་ཞིང་། །དཔའ་བོ་བདེ་ཆེན་གྲུབ་པ་ཡིས། །དོན་ཆེན་བདེ་བ་ལ་བརྟེན་ནས། །རྣམ་པ་ཀུན་ཏུ་དངོས་གྲུབ་དག །ཉེ་བར་རབ་ཏུ་གནས་འགྱུར་ཞིང་། །མངོན་ཤེས་ལྔ་ཡང་འབྱུང་བར་འགྱུར། ཞེས་གསལ་བར་བཤད་ཅིང་། འདིར་ཡང་མངོན་ཤེས་ལྔ་ནི་དེ་འདྲའི་བདེ་སྟོང་གི་
ཡེ་ཤེས་ཀྱིས་དྲངས་པའི་མངོན་པར་ཤེས་པ་ལྔའོ། །དེའང་སྔར་གཞན་གྱིས་རྒྱུད་དེའི་དགོངས་འགྲེལ་གྱི་སྲོལ་མ་ཕྱེ་བའི་སྔོན་དུ་རྒྱུད་དེའི་དགོངས་འགྲེལ་གྱི་ལམ་སྲོལ་དང་པོར་འབྱེད་པའི་འགྲེལ་པ་རྩོམ་པ་ལ་ནི་དེ་འདྲའི་མངོན་ཤེས་ལྔ་ཐོབ་དགོས་སོ། ཞེས་བྱ་བའི་དོན་ཡིན་ཏེ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། ལཱུ་ཨི་པ་ལ་སོགས་པ་ལྟ་བུའོ། །དེ་ལྟ་བུའི་གོ་འཕང་ཐོབ་པའི་གྲུབ་ཆེན་གྱིས་སྲོལ་ཕྱེ་བའི་རྗེས་སུ་ཞུགས་ནས། རྒྱུད་དོན་འགྲེལ་པ་ལ་མངོན་ཤེས་ཐོབ་པ་དགོས་པ་མ་ཡིན་ནོ། ཞེས་རྒྱུད་འདིའི་སྐབས་སུའང་བཞེད་དེ། ཕྱག་རྡོར་བསྟོད་འགྲེལ་ལས་རྒྱུད་ཤིན་ཏུ་རྒྱས་པ་ཉན་པའི་སྐལ་བ་དང་མི་ལྡན་པའི་དོན་དུ་རྒྱུད་རྒྱས་པ་ལས་བསྡུས་ནས། བསྟན་པའི་རྒྱུད་རྣམས་ཀྱི་རྡོ་རྗེའི་ཚིག་ཟབ་མོ་རྣམས་བསྡུས་པའི་རྒྱུད་གཞན། བྱང་ཆུབ་སེམས་དཔའི་འགྲེལ་པ་འདི་ལྟ་བུའམ། བླ་མ་དམ་པའི་མན་ངག་གི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་བར་གསུངས་པ་ལྟར་རོ། །བསྡུས་པའི་རྒྱུད་གཞན་གྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱེད་ཚུལ་ནི།བཤད་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྩ་རྒྱུད་ཀྱི་དོན་རྟོགས་པར་བྱེད་པའོ། །མངོན་ཤེས་མེད་པར་རྒྱུད་ཀྱི་འགྲེལ་པ་གཏན་ནས་བྱར་མི་རུང་བར་སྨྲས་ན་ནི། སྨྲ་བ་པོ་རང་ཉིད་ཀྱིས་ཀྱང་རྒྱུད་ཀྱི་དོན་མང་དུ་བཤད་པ་བྱེད་པ་དག་དང་དངོས་སུ་འགལ་བ་འདུ་བར་འགྱུར་རོ། །དེ་ལྟར་མཐའ་དཔྱད་ནས་ཚིག་དོན་ནི། དེ་ལྟའི་མངོན་ཤེས་མེད་པར་རྒྱུད་དོན་ཟབ་མོ་འགྲེལ་པའི་ལམ་སྲོལ་རང་གར་
འབྱེད་པ་དང་། གཞན་ཡང་རང་གཞན་གྱི་རྟོག་པས་བཏགས་པའི་བསྟན་བཅོས་སྣ་ཚོགས་ཀྱི་རྗེས་སུ་འབྲངས་ཏེ་མི་མཁས་ཀྱང་མཁས་པའི་མངོན་པའི་ང་རྒྱལ་གྱིས་དྲེགས་ནས་རང་གར་རྒྱུད་ཀྱི་རྒྱས་འགྲེལ་བྱེད་པ་དག་ནི། གླང་ཆེན་ལོང་བ་ཆང་གིས་མྱོས་པའི་སྣ་ལ་རལ་གྲིའི་འཁོར་ལོ་འཕྱང་བ་གཡུལ་དུ་ཞུགས་པ་ལྟར། རང་རྒྱུད་ཉམས་ཤིང་བདུད་ཀྱི་གྲོགས་བྱས་ནས་རང་གཞན་གཉིས་ཀ་དམྱལ་བར་ལྟུང་བ་དང་། སྒྲིབ་པ་ལྔ་དང་མི་དགེ་བ་བཅུ་སོགས་རྒྱས་པར་བྱེད་ཅིང་། བུད་མེད་ཀྱི་འཛག་བདེ་ལ་སྲེད་པས་མི་འགྱུར་བའི་བདེ་བ་ལས་ཉམས་ནས་རྡོ་རྗེའི་ཚིག་བཅོམ་པ་སྟེ་སྒྲས་ཇི་བཞིན་པ་ལ་མངོན་པར་ཞེན་པ་དེ་ནི་འདོད་ཡོན་ལ་སྲེད་པས་ཟིལ་གྱིས་ནོན་པའོ། ཞེས་སྟོན་པར་བྱེད་པ་ཟིལ་མནན་པའོ། ཞེས་པའི་བར་རོ། །ད་ནི་ཡང་དག་པའི་འགྲེལ་པའི་ཡོན་ཏན་བརྗོད་པ་འཆད་དེ། དེ་ལའང་དང་པོའི་འགྲེལ་བཤད་བྱེད་པ་པོའི་མཚན་ཉིད་རྫོགས་པར་བརྗོད་པ་ནི། གང་ཞིག་ཅེས་སོགས་རྐང་པ་གསུམ་ཡིན་ལ། གང་དག་མངོན་ཤེས་ལྔ་མེད་ཅེས་པ་རྐང་པ་གཅིག་ནི་དེའི་ཞར་ལས་བྱུང་བ་སྟེ་གོ་སླའོ། །དེའི་འོག་ཏུ་དེ་འདྲའི་བྱེད་པ་པོས་བྱས་པའི་འགྲེལ་བཤད་ཀྱི་ཡོན་ཏན་འཆད་པ་ལ་རྒྱུད་དོན་མ་བཤད་པ་དང་ལོག་པར་བཤད་པའི་སྐྱོན་འཇོམས་པའི་བྱེད་ལས་དང་། རྒྱུད་དོན་རྟོགས་ནས་ཉོན་མོངས་བག་ཆགས་དང་བཅས་པ་འཇོམས་པའི་བྱེད་ལས་སོ། །དང་པོ་ནི། མ་འོངས་པའི་དུས་ན་ཕྱི་རོལ་པར་མ་ཟད་སངས་རྒྱས་པའང་རྟག་ཏུ་རྟོག་གེ་དང་སྒྲ་ལ་སོགས་པའི་བསྟན་བཅོས་ལ་ཡིད་གཏད་པའི་བློས་ལྟ་བ་མི་མཐུན་པ་སྣ་ཚོགས་པར་འགྱུར་ཞིང་། དེར་མ་ཟད་ཕྱི་རོལ་པ་
སོགས་གཞན་གྱི་རྟོག་གེ་དང་ཡང་འཕྲད་པའི་དབང་གིས་ལྟ་བ་ལོག་པ་འབྱུང་བར་འགྱུར་ཏེ། དེ་ལྟར་ལོག་པའི་རྟོག་གེ་ལ་ཡིད་གཏད་པ་དེ་ཡིས་འདོད་པའི་ཡུལ་རྡོ་རྗེ་ཐེག་པ་ལ་ཕྱག་རྒྱ་ཆེན་མོའི་ལམ་ནི་རང་གར་སྟོན་པར་བྱེད་པ་གང་ཡིན་པ་དེ་དག་ཉིད་ཀྱི་བློ་གྲོས་ངན་པས་བྱས་པའི་མ་བཤད་པ་དང་ལོག་པར་བཤད་པའི་སྐྱོན་ནི་འཇོམས་པར་བྱེད་པའི་འགྲེལ་བཤད་དམ་རྒྱས་འགྲེལ་པད་དཀར་བདག་གིས་བྲི་བར་བྱ། ཞེས་བྱ་བའོ། །རྟོག་གེ་ནི། རྒྱུ་མེད་རྟོག་གེ་པ་ཡིས་བརྟགས། ཞེས་པ་ལྟ་བུ་ཕྱི་རོལ་པའི་གཞུང་ཙམ་ལ་རྟོག་གེར་བྱས་པ་དང་། རྟོག་གེ་རྟེན་ཅིང་མ་ངེས་ལ། ཞེས་པ་ལྟ་བུ་དངོས་པོའི་གནས་ལུགས་དོན་སྤྱིའི་སྒོ་ནས་རྟགས་ལ་བརྟེན་ནས་རྟོགས་དགོས་པ་ལ་རྟོག་གེར་བྱས་པ་དང་། གླིང་སྐྱེས་ལ་སོགས་པ་དེ་དག་ནི། །གཞན་གྱིས་གང་སྨྲས་སྨྲ་བར་བགྱིད། ཅེས་པ་ལྟ་བུ་གཞན་གྱི་ཚིག་ཙམ་ལ་བརྟེན་པ་ལ་རྟོག་གེར་བྱས་པ་རྣམས་ལས་འདིར་ནི་རྟོག་གེ་ལྟར་སྣང་བ་དག་གོ །ཁ་ཅིག་འདི་ཤེས་སྒྲིབ་སྤོང་བ་དང་། འོག་མ་ཉོན་སྒྲིབ་སྤོང་བ་ལ་འཆད་མོད་ཀྱང་། རྒྱུད་དོན་ལ་ལོག་པར་རྟོག་པའི་བློ་ངན་གྱི་སྐྱོན་ནི་ཉོན་མོངས་ཀུན་བརྟགས་ཀྱང་ཤིན་ཏུ་མང་བས་འགྲིགས་པར་མི་སེམས་སོ། །གཉིས་པ་ཉོན་མོངས་བག་ཆག་དང་བཅས་པ་འཇོམས་པའི་བྱེད་ལས་འཆད་པ་ནི། ཆགས་བྲལ་མེད་པའི་ཞེས་པ་ལ་སོགས་ཚིགས་སུ་བཅད་པ་གཉིས་ཏེ། དེའི་དོན་ནི། སྲིད་པ་ཉིད་འདོད་ཆགས་ཀྱི་ཆུ་མང་ཞིང་། ཞེ་སྡང་གི་སྦྲུལ་གནས་པ་དང་། གཏི་མུག་གི་ཀློང་ལ་སོགས་ཀྱིས་རྒྱ་མཚོ་དང་ཆོས་མཐུན་པས་ཆུ་གཏེར་གྱི་ངོ་
བོར་བཀོད་ཅིང་། ཆུ་གཏེར་དེ་ལ་བརྒལ་ནས་འགྲོ་བའི་ཆུའི་སྐྱོན་དང་། དེའི་ཕ་རོལ་མི་གནས་པའི་མྱང་འདས་ཀྱི་གླིང་དུ་ཕྱིན་པ་དོན་དུ་གཉེར་བ་རྣམས་ལ། ཉོན་མོངས་དང་བདུད་ཀྱི་དཔུང་ཚོགས་འཛོམས་པ་ལ་མཁས་པའི་ཡང་དག་པའི་ཡེ་ཤེས་ཀྱི་ཡིད་བཞིན་གྱི་ནོར་བུ། འཇིག་རྟེན་གསུམ་སྟེ་ལུས་ངག་ཡིད་གསུམ་སྒྲིབ་བྲལ་དུ་གྱུར་པའི་རྒྱལ་བའི་བདག་པོ་ཀུན་ཏུ་སྟོན་པར་བྱེད་ཅིང་། སྲིད་མཚོ་བརྒལ་བའི་ཚུ་རོལ་གྱི་སྐམ་སར་མྱུར་དུ་བགྲོད་པའི་ལམ་འདྲེན་པ་སྟེ་སྟོན་པར་བྱེད་པས་འགྲེལ་བཤད་འདི་ནི་མཉན་པའམ་དེད་དཔོན་མཁས་པའི་གཟུགས་སུ་བཀོད་པའོ། །མྱུར་ལམ་ཇི་ལྟ་བུ་ཞེ་ན། ཤེས་རབ་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་རླུང་དར་དང་། མཆོག་ཏུ་མི་འགྱུར་བའི་དམ་པའི་བདེ་བའོ། ཞེས་བྱ་བའི་དོན་ནོ། །དེའི་འོག་ཏུ་ལམ་ལས་མི་གོལ་བའི་ཐབས་བཤད་པ་ལ། གང་ཞིག་ཅེས་པ་རྐང་པ་གཉིས་ཀྱིས་ནི། གང་ལས་གོལ་བར་མི་བྱ་བ། སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་ལམ་ངོས་བཟུང་བའོ། །དེ་ལས་གོལ་བའི་རྒྱུ་ནི་གཉིས་ཏེ། འཛག་བདེ་ལམ་དུ་འཛིན་པ་ལམ་གྱི་དོན་ལ་རྨོངས་པ་དང་། ཕྱག་ཆེན་ལས་སྐྱེས་པའི་མི་འགྱུར་བའི་ཡེ་ཤེས་ལམ་དུ་འཛིན་ཡང་དོན་དེ་ཉིད་བརྗོད་པ་ལ་སྒྲའང་ལེགས་སྦྱར་གྱི་སྐད་ཁོ་ན་དགོས་ཀྱི་སྐད་ངན་པས་སྟོན་པ་མི་རུང་ངོ་སྙམ་དུ་རྗོད་བྱེད་ལ་རྨོངས་པའོ། །དབང་པོ་སྤོང་བར་གདམས་པ་ནི་ཕྱག་ཆེན་ལ་བརྟེན་ནས་མི་འགྱུར་བའི་བདེ་ཆེན་བསྒྲུབ་པའི་ལམ་དེ་བོར་བ་སྟེ་དེ་ལ་མི་འཇུག་པར་ནོར་ལ་ཆགས་ཤིང་འཁྱོག་པོའི་སྙིང་ལྡན་ལས་ཀྱི་ཕྱག་རྒྱ་དང་། ཡིད་ཀྱིས་བརྟགས་པ་ཙམ་གྱི་ཤེས་རབ་མ་ཡེ་ཤེས་ཀྱི་ཕྱག་རྒྱ་དག་ཁོ་ན་སངས་རྒྱས་ཉིད་ཀྱི་སླད་དུ་
གང་གིས་བསྟེན་པར་བྱེད་པ་དེ་ནི་རྣམ་པར་བརྟག་པའི་བློ་ཅན་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་ཡིས་བསྒྲུབ་པ་དེའང་ཁམས་ཕྱིར་འཕོ་བ་ཐོབ་པར་བྱེད་ཀྱི་བདེ་བ་ཆེན་པོའི་གོ་འཕང་འཐོབ་པར་མི་འགྱུར་རོ། །དེ་མི་འཐོབ་པ་ཙམ་དུ་ཟད་དམ་སྙམ་ན། བླ་ན་མེད་པའི་སྔགས་ཀྱི་སྒྲུབ་པ་པོས་ཁམས་ཕྱིར་འཛག་པའི་བདེ་བ་ལ་ཆགས་པ་ལས་ནི་བདེ་ཆེན་མི་འཐོབ་པ་ཙམ་དུ་མ་ཟད་སྡིག་པར་འགྱུར་ཏེ་གང་གི་ཕྱིར་ན།ཐུན་མོང་མ་ཡིན་པའི་ཚད་མེད་པ་བཞི་ཟད་པར་བྱེད་པའི་ཕྱིར་རོ། །འདི་ལྟར་འཛག་པའི་སྒོ་ནས་འདོད་ཆགས་ཉམས་པར་བྱས་པ་ལས། སྙིང་རྗེ་ཟད་པར་འགྱུར་ལ། ཤིན་ཏུ་སྡུག་མང་སྟེ་སྲེད་པ་ལ་སོགས་པ་དང་ལྡན་པའི་ཕྱག་རྒྱ་དེ་ལ་ནི་ཞེ་སྡང་སྐྱེ་བས་བྱམས་པ་ཟད་པར་བྱེད་ཅིང་། སྡང་བ་ལས་གཏི་མུག་སྐྱེས་པས་བདེ་ཆེན་དང་མི་འབྲལ་བའི་དགའ་བ་ཟད་པར་བྱེད་ལ། གཏི་མུག་འདི་ལས་རང་གི་རྡོ་རྗེའི་བྱང་སེམས་པདྨར་ལྷུངས་པར་བྱས་པ་ལས་སེམས་ནི་རྟག་ཏུ་རྨོངས་ཏེ་བཏང་སྙོམས་ཟད་པར་འགྱུར་རོ། །ཚངས་པའི་གནས་བཞི་པོ་འདི་བདེ་ཆེན་གཅིག་པུ་ལྡོག་པའི་སྒོ་ནས་ཕྱེ་བ་སྟེ། བདེ་ཆེན་ཉིད་ལ་ཚངས་པའི་གནས་བཞི་འཇོག་པ། སངས་རྒྱས་ཐོད་པའི་རྒྱུད་ལས་ཀྱང་བཤད་དོ། །གཞན་ཡང་མཆོག་མིན་ཏེ་སྟོན་པས་བཀག་པའི་བཟའ་དང་བཏུང་བ་ལ་སོགས་མ་ལུས་པ་དགོངས་པའི་དོན་མ་ཤེས་པར་བརྟེན་ཅིང་། འདོད་པའི་ཡུལ་གཞན་དག་ལ་འཛེམ་མེད་དུ་རབ་ཏུ་འཇུག་པ་དེ་ཡིས་རང་གི་སེམས་ལ་ཅོ་འདྲི་བ་སྟེ་ཡང་དང་ཡང་དུ་འཚེ་བར་བྱས་པས་བདེ་བ་ཉམས་ཤིང་ལས་ངན་པའི་དབང་གིས་སྐྱེ་བ་དྲུག་ཏུ་འཁོར་བར་
འགྱུར་རོ། ཞེས་བྱ་བའོ། །གཉིས་པ་སྒྲ་ཉི་ཚེ་བ་ལ་ཞེན་པ་དགག་པ་ནི། ཁ་ཅིག་ཀུན་མཁྱེན་ལམ་དོན་ཞེས་སོགས་ཀྱིས་ཚིག་ལ་རྟོན་པ་བཀག་ནས་དོན་ལ་རྟོན་དགོས་པར་བསྒྲུབ་ཅིང་། བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་། ཞེས་སོགས་ཀྱིས་རྣམ་ཤེས་ལ་རྟོན་པ་བཀག་ནས་ཡེ་ཤེས་ལ་རྟོན་པ་དང་། འཁོར་བ་ཡི་ནི་བདེ་བ་མི་རྟག་པ། ཞེས་སོགས་ཀྱིས་དྲང་དོན་ལ་མི་རྟོན་པར་བསྟན་པ་ཡིན་ནོ། ཞེས་སྦྱོར་ཡང་གཞུང་དེ་དང་དེ་ལ་རྟོན་པ་དེ་དང་དེའི་ཚུལ་འཆད་པའི་ལྡོག་པ་ཅིའང་མི་སྣང་ངོ་། །དེས་ན་རྒྱུད་ཕལ་ཆེ་བ་ལེགས་སྦྱར་གྱི་སྐད་ཀྱིས་གསུངས་པར་མཐོང་བས་འཁྲུལ་གཞི་བྱས་ཏེ། བརྗོད་བྱ་ལྷན་སྐྱེས་ཀྱི་ཡེ་ཤེས་སྟོན་ན་རྗོད་བྱེད་ཀྱང་ལེགས་སྦྱར་གྱི་སྐད་ཁོ་ན་ཡིན་དགོས་ཀྱི་སྒྲ་ཉམས་པའམ་ཟུར་ཆག་གི་སྒྲ་ལ་ལྷན་སྐྱེས་ཀྱི་ཡེ་ཤེས་ལྟ་བུའི་དོན་ཟབ་མོ་མི་སྲིད་དོ་སྙམ་དུ་འཛིན་པ་འགོག་པ་ཡིན་ཏེ། འདི་ལྟར་ཀུན་མཁྱེན་གྱི་ལམ་གཙོ་བོར་དོན་དུ་གཉེར་བ་རྣམས་ལ་ལེགས་སྦྱར་གྱི་སྒྲ་དང་སྒྲ་མིན་ཏེ་སྒྲ་ཉམས་པ་གང་ཞིག་གི་བརྗོད་བྱ་ཡིན་ཅེས་རྣམ་པར་དཔྱད་པ་ལ་དགོས་པ་ཆེན་པོ་མེད་དེ། སྣ་ཚོགས་པའི་ཡུལ་སྐད་ངན་པ་བོད་ཀྱི་སྐད་ལ་སོགས་པ་ཡིས་ཀྱང་ཕྱག་རྒྱ་ཆེན་པོ་དོན་དུ་གཉེར་བ་ཆེན་པོ་རྣམས་ཀྱི་ལམ་ཟབ་མོ་ལ་རྟག་ཏུ་འཇུག་ནུས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་ཐམས་ཅད་མཁྱེན་པའི་གསུང་ནི་སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གིས་རང་རང་གི་སྐད་དང་མཐུན་པའི་གསུང་གིས་ཟབ་མོའི་དོན་སྟོན་པས་གཞན་ལས་མཆོག་ཏུ་གྱུར་པ་ཡིན་ལ། བརྡ་སྤྲོད་པ་དག་ལ་གྲགས་
པ་ལྷས་བཀོད་པའི་ཨིནྡྲ་བྱཱ་ཀ་ར་ཎ་ལྟ་བུའམ། ཀླུས་བཀོད་པ་མཧཱ་བྷཱ་ཥ་ལྟ་བུའི་སྒྲ་དང་སོགས་ཀྱིས་བསྡུས་པ་རྣམ་དབྱེ་དང་ཚིག་སོགས་ཉི་ཚེ་བ་ལ་ལྷག་པར་ཞེན་པ་ན་རྩོད་པ་དོན་གཉེར་རྣམས་ཀྱི་ཆོས་ལུགས་གཞན་ཡིན་པའི་ཕྱིར་རོ། །ལུང་སྟོན་ཅེས་པ་དཔང་གིས་བརྡ་སྤྲོད་དུ་བསྒྱུར་ཅིང་བཤད་སྦྱར་གྱིས་ཀྱང་དེ་ལྟར་བཤད་དོ། །འོ་ན་ཡུལ་སྐད་ངན་པ་ལས་ཀྱང་ལམ་ཟབ་མོ་རྟོགས་ཚུལ་ཇི་ལྟ་བུ་ཞེ་ན། ཕྱག་རྒྱ་ཆེན་པོ་དོན་དུ་གཉེར་བའི་རྣལ་འབྱོར་ལྡན་པས་སྒྲ་བཟང་པོར་མ་ཟད་ཡུལ་གྱི་སྐད་ཐ་མལ་པ་དང་ཟུར་ཆག་གི་སྒྲ་ལས་ཀྱང་ཟབ་དོན་ཁོང་དུ་ཆུད་པར་འགྱུར་ཞིང་དེ་ཉིད་ལས་རྗོད་བྱེད་ངན་པ་མི་འཛིན་པར་བརྗོད་བྱའི་དོན་བཟང་པོ་ནི་འཛིན་པར་བྱེད་དེ། དཔེར་ན་ཆུ་ལ་འོ་མ་འདྲེས་ནས་ངེས་པར་ཞུགས་པ་དེ་ལ་ངང་པས་ཆུ་བཞག་སྟེ་འོ་མ་རབ་ཏུ་ཕྱུངས་ནས་འཐུང་བར་བྱེད་པ་བཞིན་ནོ། །དེས་ན་དོན་དམ་པ་སྟེ་མི་འགྱུར་བའི་ཡེ་ཤེས་དེ་ཉིད་ཀྱི་ཡུལ་ལ་སྤྱོད་པ་ནི་རྟག་ཏུ་ནི་སྟེ་དུས་ནམ་ཡང་ཕྱག་རྒྱ་ཆེན་མོ་དོན་དུ་གཉེར་བའི་སྐྱེས་བུ་ཆེན་པོ་རྣམ་དག་དོན་དེ་བརྗོད་པའི་ཚིག་བཟང་པོ་ལེགས་སྦྱར་ཁོ་ན་ལ་སྟོན་པའི་ཆེད་ཆེར་འཛིན་པ་མིན་ཏེ། ཡུལ་ཡུལ་གྱི་བརྡ་མི་འདྲ་བའི་དབང་གིས་དོན་རེ་རེ་ལའང་མི་འདྲ་བ་སྣ་ཚོགས་པ་ཡོད་པས་དོན་དེ་ལ་བརྡ་བྱས་པའི་སོ་སོའི་ཡུལ་གྱི་མིང་རྣམས་ཀྱིས་ནི་དོན་དེ་ཤེས་པར་བྱེད་ནུས་པ་ལ་ངེས་པར་བསྟན་བཅོས་ལ་གྲགས་པའི་ལེགས་སྦྱར་གྱི་སྒྲ་དག་གིས་ནི་ངེས་གཟུང་དུ་ཅི་ཞིག་བྱ་སྟེ་དགོས་པ་མེད་པའི་ཕྱིར་རོ། །དེས་ན་དོན་
གང་ཞིག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་ཡིན་ཞིང་དམན་པའི་དོན་བརྗོད་པ་དེ་ཉིད་ཟུར་ཆག་གི་སྒྲ་དང་། ལྷན་སྐྱེས་ཀྱི་ཡེ་ཤེས་ལྟ་བུ་བརྗོད་པ་དེ་ཉིད་ལེགས་སྦྱར་གྱི་སྒྲར་གྱུར་པས་ཡིན་ནོ། ཞེས་སོགས་སུ་གཟུང་བར་བྱ་བ་མ་ཡིན་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་གསུང་ནི་ལེགས་སྦྱར་གྱི་སྐད་ཁོ་ནར་ངེས་དགོས་ཤིང་། དེ་ལྟ་ན་ལེགས་སྦྱར་ལས་གཞན་པའི་སྐད་ཀྱིས་ཆོས་སྟོན་དགོས་པའི་གདུལ་བྱ་རྣམས་ལ་ཆོས་སྟོན་མི་ནུས་པར་གདུལ་བྱའི་འགྲོ་བ་ཉི་ཚེ་བར་འགྱུར་ལ། གང་ཞིག་འགྲོ་བ་བྱེ་བྲག་པ་དག་ལ་རིས་སུ་ཆད་པ་ཉི་ཚེ་བའི་སྐད་དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན་པའི་ཕྱིར་རོ། །གང་ཞིག་ཟུར་ཆག་སྒྲ་དང་སྒྲར་གྱུར་པས། བརྗོད་པ་དེ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མ་ཡིན་ནོ། ཞེས་པ་ཇི་ལྟ་བ་ཉིད་དུ་བཤད་ན་ཟུར་ཆག་གི་སྒྲས་བརྗོད་ན་ཡང་དག་པའི་ཡེ་ཤེས་མ་ཡིན་པ་ཕྱོགས་སྔ་མ་ཡིན་པས་ཕྱོགས་སྔ་མའི་ལན་དུ་མ་འབྲེལ་ཞིང་རང་ལ་འགལ་བར་འགྱུར་རོ། །འོ་ན་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག་ཅེས་པའི་ལམ་དང་། རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། ཞེས་སྨོས་པའི་དོན་ཀུན་མཁྱེན་དོན་དུ་གཉེར་བ་དག་གིས་ཡུལ་གྱི་སྐད་ཕལ་པ་ལ་བརྟེན་ནས་ཀྱང་རྟོགས་པར་བྱ་བར་གསུངས་པའི་ཕྱག་རྒྱ་ཆེན་མོ་དེ་གང་ཞེ་ན། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དོན་གྱི་དབང་བཞི་པ་དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་ཤེས་རབ་མ་པྲ་ཕབ་པའི་རང་བཞིན་ཅན་གྱི་གཟུགས་ལས་སྐྱེས་པའི་ཡེ་ཤེས་ཏེ། གང་ཞིག་དབང་བཞི་པ་དེ་ནི། རྒྱུད་གཞན་དུ་སླར་ཡང་དེ་བཞིན་འདི་སྟེ། བཞི་པ་དེའང་དེ་བཞིན་ནོ། ཞེས་མི་གསལ་ཞིང་སྦས་པས་བསྟན་
ལ། རྒྱུད་འདི་ཉིད་དུ་རང་གི་ཕྱག་རྒྱ་ཆེན་མོར་ཆེས་གསལ་བར་རྒྱལ་བས་གསུངས་སོ། །བཤད་སྦྱར་ལས། བཞི་པ་ནི། ལྷན་ཅིག་སྐྱེས་པའི་དགའ་བའི་ཐིག་ལེ་འགོག་པ་ཞེས་བཤད་དོ། །འོ་ན་ཕྱག་རྒྱ་ཆེན་མོ་ལས་གཞན་པའི་ཤེས་རབ་མ་ལ་འཛག་པའི་བདེ་བས་ལྷན་སྐྱེས་བསྐྱེད་པར་མི་ནུས་སམ་ཞེ་ན། ཤེས་རབ་མ་བུད་མེད་དང་འགྲོགས་པ་ལས་གང་གི་ཁམས་དཀར་པོ་ཕྱིར་འཛག་པ་དེ་ཡི་ལྷན་ཅིག་སྐྱེས་པའི་བདེ་བ་ཐབས་ཅི་ཡིས་འཕེལ། འགྱུར་ནས་མི་འཕེལ་ཏེ་རྟེན་ཉམས་པའི་ཕྱིར་རོ། །དཔེར་ན་དཔྱིད་ཀྱི་དུས་དང་འགྲོགས་པ་ལ་མེ་ཏོག་མ་རྒྱས་པ་ཁ་འབུས་པ་ཙམ་ནས་ལྷུང་བའི་ཤིང་ཙུ་ཏའི་འབྲས་བུ་ཅི་ཡིས་འབྱུང་སྟེ། མི་འབྱུང་བ་བཞིན་ནོ། །འོ་ན་སྐྱེ་བོ་ཐམས་ཅད་འགྱུར་བའི་བདེ་བ་འཚོལ་བ་ཅི་ཞེ་ན། སྐྱེ་བོ་གང་གིས་བདེ་བ་ནི་འདོད་ལ་འགྱུར་མེད་མི་ཐོབ་པ་དེ་ནི་འགྱུར་བ་དང་བཅས་པའི་བདེ་བ་འཚོལ་ཞིང་དེ་ལས་སྡུག་བསྔལ་བ་ཅན་དུ་འགྱུར་ཏེ། དེ་དཔེར་ན་བྱ་གཞན་ཐམས་ཅད་སྐོམ་པའི་ཚེ་ས་ལ་འབབ་པའི་ཆུ་ནི་འཚོལ་བར་བྱེད་ཅིང་། དེའང་བ་ཚྭ་དང་བཅས་པས་སླར་ཡང་སྐོམ་པ་འཕེལ་བར་འགྱུར་ལ། བྱ་ཙ་ཏ་ཀ་གཅིག་པུ་སྐོམས་པར་གྱུར་ཀྱང་ས་ལ་གནས་པའི་ཆུ་འཐུང་བ་མིན་པ་བཞིན་ནོ། །འོ་ན་སྡུག་བསྔལ་བསྐྱེད་པ་དེ་བདེ་བའི་དོན་དུ་འཚོལ་བར་མི་རིགས་ཤེ་ན། བྱིས་པ་རྣམས་འཁོར་བ་ཡི་ནི་བདེ་བ་མི་རྟག་པ་འཇིག་པའི་ཆོས་ཅན་དེ་དག་ཀྱང་ཇི་ལྟར་བཙལ་བ་བཞིན་དུ་འཐོབ་པ་མིན་ཡང་རྨོངས་པ་ཆེན་པོའི་དབང་དུ་སོང་བས་འབད་ནས་འཚོལ་བར་བྱེད་ཅིང་། དེ་ལས་སྡུག་བསྔལ་བར་འགྱུར་ལ། མཁས་པ་ནི་ཡང་དག་པ་
འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་བདེ་བ་ཐོབ་པའང་འཁོར་བའི་སྡུག་བསྔལ་ལས་ཐར་བའི་དོན་དུ་འདོར་བར་བྱེད་དོ། །ཁ་ཅིག་འདིར་ཕྱག་ཆེན་ལས་མི་འགྱུར་བའི་བདེ་བ་ཆེན་པོའང་མི་གནས་པའི་མྱང་འདས་ཀྱི་དོན་དུ་འདོར་བར་བྱེད་ཅེས་པ་ནི་ངེས་དོན་གྱི་བཤད་པ་བྱེད་དོ། །འོ་ན་འགྱུར་བ་མེད་པའི་བདེ་བ་དེ་དཀའ་ཐུབ་པའི་ཚངས་པར་སྤྱོད་པའི་བདེ་བ་དང་མཚུངས་སམ་ཞེ་ན་མི་མཚུངས་པར་སྟོན་པ་ནི། ཇི་ལྟར་ཞེས་པ་ནས། འཛག་ཕྱིར་རོ་ཞེས་པའི་བར་གྱིས་རི་དྭགས་ཟ་བ་སེང་གེ་ལོའི་མཚམས་སུ་ལན་རེ་འཁྲིག་ཅིང་། ཕུག་རོན་རྒྱུན་དུ་བྱེད་པ་གཉིས་ཀ་ལ་མཆོག་གི་བདེ་བ་མེད་པར་མཚུངས་པ་བཞིན་དུ། དཀའ་ཐུབ་པ་རྨི་ལམ་ན་ལན་རེ་ཙམ་འཛག་པ་དང་། ཁྱིམ་པ་རྟག་ཏུ་འཛག་པ་གཉིས་ཀ་ལའང་མཆོག་ཏུ་མི་འགྱུར་བའི་བདེ་བ་མེད་པར་མཚུངས་སོ་ཞེས་བསྟན་ཏོ། །འོ་ན་རྨི་ལམ་དུ་འཛག་པ་དང་སད་དུས་སུ་འཛག་པ་གཉིས་མི་འགྱུར་བའི་བདེ་བ་ལ་གེགས་བྱེད་པར་འདྲའམ་ཞེ་ན། འདྲ་སྟེ་དུག་སྦྲུལ་གྱིས་གཉིད་ལོག་མ་ལོག་ལ་སོས་བཏབ་པ་གཉིས་ཀའང་སྲོག་མི་འཚོ་བའི་རྒྱུར་འདྲ་བ་བཞིན་ནོ། ཞེས་པ་ནི། ཇི་ལྟར་ཞེས་པ་རྐང་པ་བཞིའོ། །འོ་ན་ཕྱག་རྒྱ་ལས་སྐྱེས་པའི་བདེ་བ་དེ་མཆོག་གི་ལམ་ཡིན་ན་དེས་སེམས་ཀྱི་དྲི་མ་དག་པར་བྱེད་དགོས་པ་ལ། བདེ་བ་དེ་ཉིད་ཀྱིས་སླར་སེམས་འཆིང་བར་མི་འགྱུར་རམ་ཞེ་ན། ཇི་ལྟར་རྡོ་དྲེག་བསྐུས་པའི་གོས་དྲི་མ་ཅན་དག་ནི་མེ་ཡིས་བསྲེག་པ་ཉིད་ཀྱིས་གོས་མི་འཚིག་ཅིང་དྲི་མ་དག་པར་འགྱུར་བ་དེ་བཞིན་དུ་སྐྱེས་བུ་རྣམས་ཀྱི་དག་པའི་སེམས་ནི་ཕྱག་རྒྱའི་ཤེས་རབ་དང་སྙོམས་པར་ཞུགས་པའི་ཆགས་པ་ཆེན་པོའི་ཡེ་ཤེས་ཀྱི་མེ་དག་གིས་
དྲི་མ་མེད་པར་བྱེད་དོ། །འདི་ལ་བཤད་སྦྱར་དུ། འོ་ན་སད་པ་དང་རྨི་ལམ་དང་གཉིད་འཐུག་པོའི་གནས་སྐབས་ཀྱི་བདེ་བ་དེ་ཁོ་ན་ཉིད་མ་ཡིན་ན་མི་འགྱུར་བའི་བདེ་བ་དེ་མ་ནིང་གི་བདེ་བ་བཞིན་དུ་མི་འགྱུར་རམ་ཞེ་ན་ཞེས་པའི་མཚམས་སྦྱོར་མཛད་དོ། །གལ་ཏེ་ཕྱག་རྒྱའི་པདྨ་དང་རྡོ་རྗེ་སྦྱར་བས་ཁམས་གཡོ་བར་འགྱུར་བ་མ་ཡིན་ནམ། ཇི་ལྟར་ན་དེ་ལས་མི་འགྱུར་བའི་བདེ་ཆེན་སྐྱེ་ཞེ་ན། ཐབས་ཀྱིས་མ་ཟིན་པའི་དངུལ་ཆུ་མེ་དང་འཕྲད་ན་འབྲོས་ཀྱང་སྨན་སོགས་ཀྱི་ཐབས་ཀྱིས་ཟིན་ན་མེ་དངུལ་ཆུ་འཆིང་བའི་རྒྱུར་འགྱུར་བ་ལྟར་ཐབས་ཀྱིས་མ་ཟིན་ན་རྡོ་རྗེ་པདྨ་སྦྱར་བ་ཁམས་གཡོ་བའི་རྒྱུར་འགྱུར་ཡང་སྲོག་དབུ་མར་སྡུད་པའི་ཤིན་ཏུ་རྣལ་འབྱོར་གྱི་ཐབས་ཀྱིས་ཟིན་ན་ཤེས་རབ་མ་དང་སྦྱར་བ་ཉིད་ཁམས་མི་གཡོ་བར་འཆིང་བའི་གྲོགས་སུ་འགྱུར་རོ། ཞེས་སྟོན་པ་ནི་ཇི་ལྟར་ཞེས་སོགས་ཚིགས་སུ་བཅད་པ་གཉིས་སོ། །འོ་ན་ཕྱག་རྒྱ་ཆེན་མོ་དེ་ཐབས་གང་གིས་མཐོང་བར་འགྱུར་ཞེ་ན། ཇི་ལྟར་མེའི་ཁམས་ནི་ཤིང་ལ་རྟག་ཏུ་གནས་ཀྱང་ཤིང་སྟ་རེས་བཅད་པ་དང་། ཤིང་གྲི་ཆུང་ངུས་སོ་སོར་དབྱེ་བའི་ཐབས་ཀྱིས་དེ་མི་མཐོང་སྟེ། འོན་ཀྱང་གཙུབ་ཤིང་དང་། གཙུབ་སྟན་གཉིས་ལག་པས་བསྲུབས་པ་ལས་ཤིང་དེ་ལ་གནས་པའི་མེའི་ཁམས་དག་ཀྱང་མཐོང་བར་འགྱུར་བ་དེ་བཞིན་དུ་སེམས་ཀྱི་འོད་གསལ་ཕྱག་རྒྱ་ཆེན་མོ་དེའང་དཀྱིལ་འཁོར་སོགས་རྟོག་པ་ཡིས་སྒོམ་པའི་ཐབས་རྣམ་དག་གིས་དངོས་སུ་མི་མཐོང་སྟེ། འོན་ཀྱང་རང་གི་སེམས་དེ་ཉིད་དུ་སྟེ་ལ་འོད་གསལ་སྟོང་པའི་གཟུགས་འདི་རྐྱང་མ་དག་
དང་ནི་རོ་མ་ལ་རྒྱུ་བའི་རླུང་གཉིས་དབུ་མར་གཅིག་ཏུ་སྦྱོར་བའི་ཐབས་ལས་མཐོང་བར་འགྱུར་བའི་ཕྱག་རྒྱ་ཆེན་མོ་ཡིན་གྱི་སྟོང་གཟུགས་ཙམ་མ་ཡིན་ནོ། །རྟོག་པའི་སྒོམ་པའི་ཐབས་ཇི་ལྟ་བུས་མི་འཐོབ་པ་འཆད་པ་ནི། རྟེན་དང་བརྟེན་པ་སྣ་ཚོགས་པའི་རྣམ་རྟོག་ལ་སོགས་བསྒོམ་པ་བསྐྱེད་རིམ་གྱི་ལམ་གྱིས་ནི་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་དེ་འཐོབ་པ་མ་ཡིན་ནོ་ཞེས་སྦྱར་རོ། །འོ་ན་རྣམ་པ་ཀུན་ཏུ་བསྐྱེད་རིམ་མཆོག་གི་རྒྱུར་མི་འགྱུར་རམ་ཞེ་ན། དེ་བཞིན་གཤེགས་པས་གང་གསུངས་པ་དེ་ཉིད་བཅུ་དྲུག །དགའ་བ་བཞི་ཡི་རབ་ཏུ་དབྱེ་བ་ཅན་གྱི་རྫོགས་རིམ་གྱི་ལམ་དང་བྲལ་པ་བསྐྱེད་རིམ་རྐྱང་པས། མི་ཐོབ་པ་ཡིན་གྱི་རྫོགས་རིམ་ལ་བལྟོས་ནས་བསྐྱེད་རིམ་ཡང་རྒྱུར་འགྱུར་རོ། །འོ་ན་གང་དང་བྲལ་བས་ཐོབ་པར་མི་ནུས་པ་ཕྱག་ཆེན་གྱི་རྒྱུའི་གཙོ་བོ་དེའང་གང་ཞེ་ན། ཕྱག་རྒྱ་ཆེན་མོ་དེ་མཐོང་བའི་དངོས་ཀྱི་རྒྱུའི་གཙོ་བོ་ནི་བསྐྱེད་རིམ་ལས་འདས་པའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་རོ། ཞེས་སྟོན་པ་བསྐྱེད་པའི་རིམ་པར་ཞེས་སོགས་རྐང་པ་བཞིའོ། །རྡོ་རྗེའི་རྣལ་འབྱོར་ཇི་ལྟ་བུ་ཞེ་ན། སྲོག་དབུ་མར་བཅུག་པས་དུ་བ་ལ་སོགས་པའི་མཚན་མ་དག་སྒྲུབ་པར་བྱེད་པ་སོར་བསམ་དང་ནི། སྲོག་རྩོལ་དག་གིས་རླུང་དབུ་མར་འབབ་པ་དང་། དེ་བཞིན་ཏུ་འཛིན་པས་རླུང་དབུ་མར་འཆིང་ཞིང་ཐིམ་པར་བྱེད་པ་དང་། རྗེས་དྲན་གྱི་སྐབས་ཀྱི་རིག་མའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནོར་བུའི་བྱང་སེམས་ནི་ཕྱིར་ལྟུང་བ་མིན་ཞིང་དེ་བཞིན་དུ་གཙུག་ཏོར་གྱི་བར་གྱི་སྟེང་དུ་རིམ་བཞིན་ཁུ་བ་བརྩེགས་ཏེ་མི་འགྱུར་བར་བྱེད་པའི་ཕྱག་རྒྱ་ཆེན་པོའི་ལམ་འདི་དག་གིས་སངས་རྒྱས་རྣམས་ཀྱི་ནི། བདེ་
བ་མཆོག་ཏུ་འགྱུར་བ་མེད་པ་ཞེས་རྒྱུད་འདི་ལས་མངོན་པར་བརྗོད་པའམ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་འགགས་པའི་རང་བཞིན་གྱི་ཕོ་ཉ་མོ་སྟེ་མཁའ་འགྲོ་མ་ཀུན་གྱི་ལྷན་ཅིག་སྐྱེས་པ་བདེ་མཆོག་སོགས་ལས་མཁའ་འགྲོ་མའི་དྲ་བ་སྡོམ་པ་ཞེས་པའི་མིང་གིས་གསུངས་པ་དེ་ཉིད་རྣལ་འབྱོར་པས་ཐོབ་པར་འགྱུར་རོ། །ལམ་དང་བྲལ་བས་ཐོབ་པ་མ་ཡིན་ནོ། ཞེས་སོགས་ཀྱིས་རྫོགས་རིམ་དང་བྲལ་བའི་བསྐྱེད་རིམ་རྐྱང་པས་མཆོག་མི་འགྲུབ་པར་བཤད་པ་ལ། འོ་ན་བསྐྱེད་རིམ་འབའ་ཞིག་བསྒོམས་པས་འབྲས་བུ་ཅི་འགྲུབ་ཅེ་ན། ལྷའི་གཟུགས་ལ་སོགས་པར་བརྟག་པ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པ་འགའ་ཞིག་གོམས་པར་གྱུར་པས་ནི་རིལ་བུ་མིག་སྨན་ལ་སོགས་པ་གྲུབ་པ་འཇིག་རྟེན་པ་དག་འགྲུབ་པར་འགྱུར་ཏེ། འོན་ཀྱང་དེ་ཙམ་གྱིས་འདོད་པའི་དངོས་གྲུབ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་དང་། ཟུང་དུ་འཇུག་པའི་ཕྱག་རྒྱ་ཆེན་མོ་ག་ལ་ཞིག་འཐོབ་སྟེ་མི་འཐོབ་བོ། །འོ་ན་ལམ་ཟབ་མོ་དེ་སངས་རྒྱས་འདོད་པ་ཀུན་ལ་འབྱུང་ངམ། འོན་ཏེ་དག་པ་འགའ་ཞིག་ལ་འབྱུང་ཞེ་ན། འགའ་ཞིག་སེམས་ཅན་རྣམས་ལ་བརྩེ་བ་ཡིས། །གཞན་དོན་དགེ་བ་སྟེ་གཞན་ལ་ཕན་པའི་བྱ་བ་ལ་རྟག་ཏུ་བརྩོན་པ་ཡིས་སློབ་མ་དབང་བསྐུར་སོགས་ཀྱིས་རྒྱུད་དག་པར་བྱས་པ་རྣམས་ལ་ལམ་འདི་དག་ནི་བླ་མ་དམ་པའི་ཞལ་གྱི་དྲིན་ལས་འབྱུང་བ་ཡིན་ནོ། །ད་ནི་ལམ་བཟང་འཕྲོག་པའི་རྒྱུ་སྤངས་ནས་ཡང་དག་པའི་ལམ་སྦ་བར་བཤད་པ་བརྗོད་པར་བྱའོ། །དེ་ལ་དང་པོར་ལམ་བཟང་འཕྲོག་
པའི་རྒྱུ་སྤང་བ་ནི། འོ་ན་ལམ་འདི་སློབ་མ་དག་པ་དེ་ལྟ་བུ་མ་ཡིན་པ་གང་ཡང་རུང་བ་ལ་བྱིན་ན་ཅིར་འགྱུར་ཞེ་ན།ལམ་བཟང་རིན་ཆེན་འདི་ནི་བག་མེད་པའི་སེམས་ཅན་གཞན་པ་དག་ལ་བྱིན་པ་ན། རང་གི་ཁྱིམ་སྟེ་ཆུང་མ་མ་རུངས་པའི་གནས་འབྲོག་དགོན་པ་དང་འདྲ་བ་དག་ཏུ་རབ་ཏུ་ཞུགས་པ་ལ་བྱིན་པའི་ལམ་བཟང་རིན་ཆེན་དེའང་ཡུལ་ངན་པ་ལ་ཆགས་པའི་ཆོམ་རྐུན་རྣམས་ཀྱིས་འཕྲོག་པར་བྱེད་དོ། །དེར་མ་ཟད་ལམ་བཟང་ལ་སོམ་ཉི་ཟ་བའི་ཐེ་ཚོམ་དང་། ལས་ངན་པ་བྱས་པ་ཡིད་ལ་གཅགས་པའི་འགྱོད་པས་ད་ནི་ལམ་མི་འགྲུབ་བོ་སྙམ་ནས་ལམ་བསྒྲུབ་པ་འཇོག་པ་དག་དང་། དུས་མིན་པའི་གཉིད་དང་ནི། དགེ་བ་ལ་མི་སྤྲོ་བའི་ལེ་ལོ་དང་། སེམས་རྣམ་པར་གཡེང་བའི་རྒོད་པ་སྟེ་སྒྲིབ་པ་ལྔ་ལ་སོགས་པའི་ཆོམ་རྐུན་རྣམས་ཀྱིས་ཀྱང་སོགས་སོ། །དེར་མ་ཟད་སྲོག་གཅོད་སོགས་བཅུའི་ཆོམ་རྐུན་དང་། གཞན་ལ་འཚེ་བ་རྫུན་འདོད་ལོག །མ་བྱིན་ལེན་ཆང་སྟེ་ཡོད་པའི་སྡིག་པ་ལྔ་དང་། རྒྱན་པོའམ་ཆོ་ལོ་འགྱེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པའི་ཤ་ཟ་བ་དང་། དམག་ལ་སོགས་པའི་གཏམ་བརྗོད་པ་ཚིག་ངན་ཀློག་པ་དང་། ཕ་མེས་དང་མཆོད་སྦྱིན་གྱི་དོན་དུ་མཚུན་འཐོར་སོགས་བྱེད་པས་གྲོལ་བར་བལྟ་བ་ཡི་དྭགས་སམ་འབྱུང་པོའི་ཆོས་དང་། སྲོག་གི་མཆོད་སྦྱིན་བྱེད་པ་སོགས་ཀླ་ཀློའམ་ལྷ་མིན་དབང་པོའི་ཆོས་ཏེ་ཉེ་བའི་སྡིག་པ་ལྔ་དང་། བ་ལང་། བྱིས་པ། བུད་མེད། སྐྱེས་པ་གསོད་པ་དང་། འགྲོ་བའི་བླ་མ་སྟེ་སྐུ་གཟུགས་འཇིག་པ་སྟེ་གསོད་པ་ལྔ་དང་། གྲོགས་པོ། རྗེ་བོ། སངས་རྒྱས། དགེ་འདུན། ཡིད་བརྟན་པའི་བླ་མ་ལ་
འཁུ་བ་སྟེ། འཁུ་བ་ལྔ་དང་། ཡུལ་ལྔ་ལ་དབང་པོ་ལྔ་མངོན་པར་ཞེན་པ་སྟེ། ཆོམ་རྐུན་ལྔ་པའམ་ལྔ་ཚན་ལྔ་པོ་འདི་དག་གིས་ཀྱང་ལམ་བཟང་རིན་པོ་ཆེ་ནི་རྟག་ཏུ་འཕྲོག་པར་བྱེད་དོ། །གཞན་ཡང་ཤིན་ཏུ་ཞེས་སོགས་རྐང་པ་བཞི་གོ་སླའོ། །རང་ཉིད་ཀྱིས་ནི། ཞེས་སོགས་རྐང་པ་བརྒྱད་ཀྱི་དོན་ནི། རང་གིས་ལམ་བཟང་ངན་འབྱེད་མ་ཤེས་པ། གཡོ་ཅན་གཞན་ལ་དྲིས་ནས་ཡིད་བརྟན་བཅས་ན་དེའི་ཚིག་གིས་ལམ་བཟང་པོ་འདོར་དུ་འཇུག་ཏུ་འོང་བས། དེ་ལྟར་མི་བྱ་བར་ལམ་བཟང་ངན་རྟོག་པ་ལ་མཁས་པའི་བཤེས་གཉེན་གྱི་ཚིག་ལས་ངེས་པར་བྱ་ཞེས་བྱ་བའི་དོན་ཏོ། །དེས་ན་བདུད་ནི་རྫོགས་སངས་རྒྱས་དང་ཆུང་མའི་བར་གྱི་གཟུགས་རྣམས་སུ་སྤྲུལ་པ་དག་གིས་ལམ་བཟང་ངན་ཕྱིན་ཅི་ལོག་ཏུ་བསྟན་ཏེ། ལམ་ལ་གེགས་བྱེད་དོ། །དེའི་ཕྱིར་བདུད་ལས་ཡོངས་སུ་ཤེས་པར་བྱས་ལ། བླ་མ་དམ་པས་གནང་བ་ཡི་ཞེས་སོགས་ནས། སྦ་བར་བྱའོ་ཞེས་བྱ་བའི་བར་ཤེས་སླའོ། །ད་ནི་དཔའ་བོའི་རིམ་པ་དང་བདག་བྱིན་རླབས་ཀྱི་རིམ་པའི་དྲང་ངེས་ཀྱི་དོན་བཤད་པར་བྱ་སྟེ། གལ་ཏེ་དཔའ་བོའི་རིམ་པ་ལ་སོགས་པ་མཆོག་འགྲུབ་པའི་ལམ་གཞན་ཡང་ཡོད་པ་མ་ཡིན་ནམ། ཇི་ལྟར་ན་ཕྱག་རྒྱ་ཆེན་མོའི་ལམ་ལ་དེ་ཙམ་དུ་གུས་པར་བྱེད་ཅེ་ན། ལྷ་དྲག་པོའི་རྣམ་པ་བསྒོམས་པ་དཔའ་བོའི་རིམ་པ་དང་། ལྷ་ཞི་བའི་རྣམ་པ་བསྒོམ་པ་བདག་བྱིན་གྱིས་བརླབ་པའི་རིམ་པ་དག་ཀྱང་རྫོགས་རིམ་ལ་མ་བལྟོས་པར་དེ་འགའ་ཞིག་གིས་ཐར་པ་སྟེ་མཆོག་འགྲུབ་པའི་ལམ་མ་ཡིན་གྱི། ཤིན་ཏུ་རྣམ་པར་དག་པ་རྫོགས་
པའི་རིམ་པ་གཅིག་པུ་ནི་མཆོག་གི་ཐར་པའི་སླད་དུ་དེའི་རྒྱུའི་གཙོ་བོར་སངས་རྒྱས་རྣམས་ཀྱིས་བསྟན་ཏོ། །དེའི་རྒྱུ་མཚན་ཡང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་བླ་མེད་ཀྱི་རྒྱུད་དག་ལས་རྒྱལ་བའི་དབང་པོས་མཚམས་མེད་ལྔ་པོ་དག་ནི་བྱས་པ་རྣམས་ཀྱང་ཚེ་དེ་ལ་མཆོག་འགྲུབ་པའི་གདུལ་བྱར་ཡང་དག་བཟུང་བར་འགྱུར་ལ། དེ་ནི་དབང་བཞི་པའི་ལམ་གྱི་དོན་སྟོང་པ་ཉིད་དང་དབྱེར་མེད་པའི་བདེ་བ་ཉིད་ནི་གང་ཞིག་གིས་དེ་འདྲ་བའི་ལས་སྒྲིབ་རྣམས་ཀྱང་ཆེས་མྱུར་བར་ཟད་པར་བྱེད་ནུས་པའི་རྒྱུ་མཚན་གྱིས་ཡིན་གྱི། བསྐྱེད་རིམ་འབའ་ཞིག་གིས་དེ་ལྟར་བྱེད་པ་མ་ཡིན་པས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཔའ་བོའི་རིམ་པ་ཞེས་གསུངས་པ་ནི། ཕྱི་རོལ་དྲག་པོའི་ལྷ་བསྒོམ་པ་ཁོ་ན་ལ་དགོངས་པ་མིན་ཏེ། འོ་ན་ཅི་ཞེ་ན། རྫོགས་རིམ་གྱིས་ལུས་ལ་སྲོག་རླུང་ཉི་ཁྲི་ཆིག་སྟོང་ཟད་པར་བྱེད་པ་ཉིད་ལ་དགོངས་ནས་འདི་གསུངས་སོ། །དེ་བཞིན་དུ་བདག་བྱིན་གྱིས་བརླབ་པ་དག་ནི་ལྷ་ཞི་བ་བསྒོམ་པ་འབའ་ཞིག་མ་ཡིན་གྱི། སྟོང་པ་ལ་ཁམས་གསུམ་པོ་ནི། པྲ་ཕབ་པ་ལྟར་མཐོང་བར་འགྱུར་བའི་མཚན་མ་ཕྱག་རྒྱ་ཆེན་མོ་ལ་དགོངས་ནས་ཀྱང་དེ་ཉིད་གསུངས་སོ། །དེའང་འདིས་བསྐྱེད་རིམ་གྱི་ལྷ་དྲག་པོ་དང་ཞི་བ་བསྒོམ་པ་དཔའ་བོ་དང་བདག་བྱིན་རླབས་ཀྱི་རིམ་པ་མ་ཡིན་པར་སྟོན་པ་མ་ཡིན་ལ། བསྐྱེད་རིམ་གཏན་ནས་ཐར་པའི་རྒྱུ་མ་ཡིན་པར་སྟོན་པའང་མ་ཡིན་གྱི། ལྷ་ཞི་དྲག་བསྒོམ་པ་སྒྲ་ཇི་བཞིན་པའི་དོན་ཡིན་ལ། རླུང་འགོག་པ་དང་། སྟོང་པའི་གཟུགས་ནི་དེའི་ངེས་དོན་ཡིན་ཅིང་། རྫོགས་རིམ་མཆོག་འགྲུབ་པའི་རྒྱུའི་གཙོ་བོ་ཡིན་
པས་དེ་ལ་མ་བལྟོས་པར་བསྐྱེད་རིམ་འགའ་ཞིག་གིས་མཆོག་མི་འགྲུབ་པར་སྟོན་པ་ཡིན་ཏེ། འདི་ནི་སྔར་ལས་དང་བྲལ་བས་འཐོབ་པ་མ་ཡིན་ནོ་ཞེས་བསྐྱེད་རིམ་གྱིས་མཆོག་མི་ཐོབ་པ་ལ། རྫོགས་རིམ་གྱི་ལམ་དང་བྲལ་བ་ཁྱད་ཆོས་སུ་སྦྱར་བ་ཉིད་ཀྱིས་ཤིན་ཏུ་གསལ་བར་བཤད་དོ། །བཤད་སྦྱར་ལས། འོ་ན་ཁམས་གསུམ་པའི་རྣམ་པ་ཅན་གྱི་གཟུགས་མཐོང་བ་དེ་ལས་ཇི་ལྟར་ཁམས་གསུམ་པོ་ཉིད་ལོག་པའི་སངས་རྒྱས་འཐོབ་པར་འགྱུར་ཞེ་ན། ཞེས་མཚམས་སྦྱོར་བྱེད་མོད་ཀྱང་སྒྲུབ་པ་པོའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འཁོར་བ་པ་ཡི་ཆོས་ཡིན་པ་ལ། དེ་ཟད་པས་ཇི་ལྟར་མྱང་འདས་འཐོབ་ཅེ་ན། ཞེས་མཚམས་སྦྱར་ན་འོག་གི་ཤིང་སྲིན་གྱི་དཔེ་དང་འགྲིག་གོ །ཕྱག་རྒྱ་ཆེན་མོའི་ལམ་དེའི་སྟོབས་ཀྱིས་འཁོར་བ་སྙིང་པོ་མེད་པ་དེ་ཟད་པར་གྱུར་པ་དེ་ལས་བར་མ་ཆད་པར་སྐྱེས་བུའི་ལམ་བསྒོམས་པའི་འབྲས་བུ་སངས་རྒྱས་ཉིད་འབྱུང་སྟེ། དཔེར་ན་སྙིང་པོ་མེད་པའི་ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་དག་ན་ཆུ་ཤིང་ཉམས་པས་ཆུ་ཤིང་དེ་རྩ་བ་ནས་ཡང་དག་འབྱུང་བ་བཞིན་ནོ། །འོ་ན་མི་འགྱུར་བའི་བདེ་བ་དེ་མ་རིག་པའི་དབང་གིས་བྱུང་བའི་ལུས་འདི་ལ་བརྟེན་ནས་སྐྱེས་ནས། སླར་ཡང་མ་རིག་པ་དེ་ཉིད་མ་ལུས་པར་ཟད་པར་བྱེད་པ་འགལ་ལོ་ཞེ་ན། མི་འགལ་ཏེ། ཇི་ལྟར་སྡིག་པ་སྟེ་སྲིན་བུ་ཤུ་ཀ་དང་ནི། ཤིང་སྲིན་ཀརྐ་ཊའི་རིགས་ལ་སོགས་པའི་སེམས་ཅན་རྣམས་ཤིང་གང་ལས་བྱུང་བ་དེ་དག་སྲིན་བུ་དེ་ཉིད་ཀྱིས་ཉམས་པར་བྱེད་པ་དེ་བཞིན་དུ་ཐབས་ཤེས་
གཉིས་སུ་མེད་པའི་རྣལ་འབྱོར་དག་གི་སེམས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དེ་ནི་དང་པོར་མ་རིག་པས་བསྐྱེད་པའི་ལུས་ལས་སྐྱེས་ཀྱང་། སྒྱུ་མ་སྟེ་མ་རིག་པའི་བག་ཆགས་རྣམ་པར་ཉམས་པར་བྱེད་པ་ཡིན་ནོ། །འདིར་བཤད་སྦྱར་ལས། འོ་ན་བྱང་ཆུབ་ཀྱི་སེམས་ནི་བེམ་པོའི་ཁམས་སུ་འདིར་བརྗོད་ལ། དེའང་བེམས་པོ་མ་ཡིན་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སངས་རྒྱས་ཉིད་ཀྱི་སྒྲུབ་པར་བྱེད་པར་ཇི་ལྟར་བརྗོད་ཅེ་ན། ཁུ་བ་འགྱུར་བ་མེད་པའི་རང་བཞིན་གྱིས་མཆོག་ཏུ་མི་འགྱུར་བ་སྒྲུབ་པར་བྱེད་ཅེས་པའི་གསུང་གི་ཕྱིར་རོ། ཞེས་བཤད་ལ། བྱང་ཆུབ་ཀྱི་སེམས་ནི་ཀུན་ད་ལྟ་བུའོ། །དེ་ལྟར་སྟོང་པ་ཉིད་དང་དབྱེར་མེད་པའི་རྣལ་འབྱོར་གྱི་སེམས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དེ་ལ་དགའ་བ་བཞི་དང་བཅུ་དྲུག་གི་ལྡོག་པས་ཕྱེ་བའི་རབ་ཏུ་དབྱེ་བ་གསུངས་པ་ནི། འཁོར་འདས་ཀྱི་མཐའ་གཉིས་མེད་པ་དང་། བྱང་སེམས་རྡོ་རྗེ་ནོར་བུའི་པདྨ་ལས་གཡོ་བ་མེད་པ་དང་། ཐབས་ཤེས་ཕྱོགས་རེ་བའི་རིས་སུ་ཆད་པ་མེད་པ་དང་། བླ་ན་མེད་པའི་བདེ་བ་རབ་ཏུ་སྦྱིན་པར་བྱེད་པས་འདོད་པ་སྟེ། བཞི་པོ་དེ་ནི་རྣལ་འབྱོར་བཞི་པ་རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་ལ་ལྡོག་པས་ཕྱེ་བའོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགོག་པའི་ཕྱིར་མཆོག་ཏུ་མི་འགྱུར་བ་དང་། ཆགས་པ་ནང་གི་དཀར་ཕྱོགས་དང་། ཆགས་བྲལ་ནང་གི་ནག་ཕྱོགས་ཀྱི་གནས་པ་དང་། བགྲོད་པ་དང་བྲལ་བའི་ཕྱིར་འདོད་ཆགས་ཆེན་པོ་དང་དངོས་པོ་སྟེ་རྟག་པ་དང་། དངོས་པོ་མེད་པ་སྟེ་ཆད་པའི་མཐའ་གཉིས་མེད་པ་དང་། ཤེས་བྱ་མ་ལུས་པ་མཐོང་
བའི་ཕྱིར་ན་ཡེ་ཤེས་ཏེ་རྣལ་འབྱོར་གསུམ་པ་ཤིན་ཏུ་རྣལ་འབྱོར་ཉིད་ལ་ལྡོག་པས་ཕྱེ་བའོ། །འགྲོ་བ་དགའ་བར་བྱེད་པ་སྔོན་དུ་འགྲོ་བས་སེམས་ཅན་གྱི་དོན་ལ་ཞེན་པས་སེམས་དཔའ་དང་། ཐོག་མཐའ་བར་གསུམ་དུ་དགེ་བས་ཀུན་ཏུ་བཟང་པོ་དང་། སྡུག་བསྔལ་དང་བྲལ་བས་ན་ཉོན་མོངས་མེད་པ་དང་། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འཕྲོག་པར་བྱེད་པས་ན་ཉོན་མོངས་ཆེན་པོ་ཞེས་དཀའ་འགྲེལ་པདྨ་ཅན་ལས་འཆད་ལ། བཤད་སྦྱར་དང་། ཉི་མ་དཔལ་ཡེ་ཤེས་ཀྱི་འགྲེལ་པ་ལྟར་ན། སྒྲ་མེད་པ་དང་སྒྲ་ཆེན་པོ། ཞེས་བཏོན་ནས་བདུད་དང་ཉོན་མོངས་པ་དང་རྣམ་རྟོག་མེད་པའི་ཕྱིར། ཕྱི་ནང་གི་སྒྲིབ་བཅས་ཀྱི་སྒྲ་མེད་པ་དང་། གཞོམ་དུ་མེད་པའི་སྒྲའི་ངོ་བོ་ཉིད་ཡིན་པའི་ཕྱིར་སྒྲ་ཆེན་པོ་ཞེས་འཆད་དེ། རྣལ་འབྱོར་གཉིས་པ་རྗེས་སུ་རྣལ་འབྱོར་རོ། །འཇིག་རྟེན་གྱི་སྤྱོད་པ་རྣམ་པར་སྤངས་པའི་ཕྱིར་ལྷན་ཅིག་སྐྱེས་པ་དང་། སྐུ་བཞིའི་སྒྲིབ་པ་ཟད་པས་དཔལ་ལྡན་བྱང་ཆུབ་སེམས་ཀྱི་ཐིག་ལེ་འཛིན་པ་དང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་པས་དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་དང་འཇིག་པ་མེད་པའི་ཚུལ་ཁྲིམས་ཀྱི་ཚོགས་ཡང་དག་པར་རྫོགས་པས་ཐབས་དང་ཤེས་རབ་བདག་ཉིད་རྣལ་འབྱོར་ཏེ་རྣལ་འབྱོར་དང་པོའོ། །ད་ནི་གཉིས་མེད་ལ་སོགས་པ་བཅུ་དྲུག་བཞིའི་རབ་ཏུ་དབྱེ་བ་ཅན་རྡོ་རྗེའི་རྣལ་འབྱོར་དུས་ཀྱི་འཁོར་ལོའི་གོ་འཕང་འཐོབ་པའི་སླད་དུ་ཕྱི་ནང་གི་འཇིགས་པ་བཅུ་དྲུག་ཉེ་བར་ཞི་བར་བྱ་བའི་ཐབས་གསུངས་པ་ནི། དམིགས་པ་མེད་པའི་སྙིང་རྗེ་དང་ནི་སྟོང་པ་ཉིད་
དབྱེར་མེད་པའི་སྐུ་དུས་ནི་ཀུན་རྫོབ་སྟོང་གཟུགས་ཀྱི་གཟུགས་བརྙན་ཏེ་ངོ་བོ་ཕྱག་རྒྱ་ཆེན་མོ་དང་། ཕུང་སོགས་ཐམས་ཅད་སྒྲིབ་བྲལ་དུ་གྱུར་པའི་སྟོང་ཉིད་ནི་འཁོར་ལོ་ཞེས་བརྗོད་དེ། དེ་ལྟར་ན་དུས་ཀྱི་འཁོར་ལོ་ཐབས་ཤེས་གཉིས་མེད་ཀྱི་བདག་ཉིད་དུ་འདོད་ལ། འདི་ཡི་དཔལ་ནི་མྱུར་དུ་ཐོབ་པའི་སླད་དུ་རྟག་ཏུ་ཕྱི་ནང་གི་རྣལ་འབྱོར་མ་རྣམས་ཀྱི་ཞབས་ནི་རྣལ་འབྱོར་པ་གང་ཞིག་བསྒོམ་པ་དེའི་ཕྱི་ནང་གི་བགེགས་ནི་རྟག་ཏུ་ཉམས་པར་འགྱུར་རོ། །ཕྱི་ནང་གི་ཉེར་འཚེ་ཇི་ལྟ་བུ་ཞེ་ན། ཕྱིའི་འཇིགས་པ་བཅུ་དྲུག་ནི་དགྲ་དང་ཞེས་པ་ནས། རྡོ་རྗེ་ཐོག་ལྷུང་བ་དང་ནོར་ཉམས་པའི་བར་བཅུ་དྲུག་ཡིན་ལ། ནང་དུ་ནི་ཐིག་ལེ་བཅུ་དྲུག་གི་སྒྲིབ་པའོ། །དེ་ལ་སྒྲུབ་པ་པོ་གང་ཞིག་ཕྱིའི་རྣལ་འབྱོར་མ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སོགས་དང་། ནང་ངེས་དོན་གྱི་རྣལ་འབྱོར་མ་འོག་ནས་འཆད་པ་རྣམས་ཀྱི་ཞབས་ནི་ཉིན་མཚན་དུ་དྲན་པར་བྱེད་པ་དེ་ལ་གསལ་བར་ཏེ་ངེས་པར་རབ་ཏུ་ཉམས་པར་འགྱུར་རོ། །ཚུལ་ཇི་ལྟར་ན་དེ་དག་རྒྱས་པར་བཤད་པ་ནི། ཕྱི་རོལ་ཏུ་གླང་པོ་ཆེ་བའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། རྟ་པའི་ཚོགས་དང་། རབ་ཏུ་མང་བའི་མི་མཆོག་ནི་རྐང་ཐང་དཔུང་བུ་ཆུང་གི་ཚོགས་ཏེ། མི་ཐམས་ཅད་ལུས་ལ་གོ་བགོས་ཤིང་། དེ་དག་ནི་ནང་ནས་གཙོ་ཆེར་གླང་པོ་ལ་ཞོན་པ་རྣམས་ཀྱི་ལག་ན་མདུང་དང་། ཤིང་རྟ་ལ་གནས་པའི་འཁོར་ལོ་དང་། རྟ་ལ་ཞོན་པ་རྣམས་ཀྱིས་རལ་གྲི་དང་། རྐང་ཐང་རྣམས་ཀྱིས་མདའ་གཞུ་ཐོགས་ཏེ། དེ་ལྟ་བུའི་དགྲ་སྟ་མཚོན་ཆ་རྣམས་ཀྱིས་ནི་གཡུལ་དུ་ཕ་རོལ་འཇོམས་པར་བྱེད་པ། གཤིན་རྗེ་ལྟ་བུར་འཆི་
བ་སྟེར་བ་ཁྲོས་ཤིང་དྲག་པོའི་གཟུགས་ཅན། ཕྱོགས་དང་མཚམས་ཐམས་ཅད་དུ་སོན་པ་སྟེ། ཁྱབ་པར་གནས་པའི་དགྲ་བོའི་དཔུང་ཚོགས་དེ་ཐམས་ཅད་ཀྱང་གང་ཞིག་ཕྱི་ནང་གི་རྣལ་འབྱོར་མ་རྣམས་ཀྱི་ཞབས་བརྟན་པར་བྱེད་པས་ནི། དེའི་བྱིན་རླབས་ཀྱིས་དགྲ་བོ་དག་རང་གི་ལག་གི་མཚོན་གྱིས་ནི་ཕན་ཚུན་བཅོམ་སྟེ། རྒྱལ་བའི་གྲགས་པའི་དཔལ་ཀུན་ནས་ཏེ་ཡང་དག་པར་འཐོབ་བོ། །ནང་དུ་ནི་འདི་ཉིད་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའི་ཐིག་ལེའི་སྒྲིབ་པ་ཉམས་པའོ། །གཞན་དག་སྒྲིབ་པ་དེ་དང་། ཕྱི་རོལ་དམག་གི་དཔུང་ཁྱད་པར་ཕྲ་མོ་རེ་རེ་ནས་ཆོས་མཐུན་སྦྱོར་ཡང་། དེ་ལྟར་སྦྱོར་དགོས་པ་རྒྱུ་མཚན་རྙེད་དཀའ་ཞིང་། དེ་ཙམ་དུ་མ་སྦྱར་ཡང་སྐྱོན་མེད་པར་སྣང་ངོ་། །གཉིས་པ་ཕྱིའི་རྣལ་འབྱོར་མའི་ཞབས་བརྟན་པས་ཕྱི་རོལ་ཏུ་སེང་གེའི་འཇིགས་པ་དང་། ངེས་དོན་གྱི་རྣལ་འབྱོར་མའི་ཞབས་བརྟན་པས་ནང་དུ་སེང་གེས་མཚོན་པ་སེམས་ཀྱི་ལྷན་ཅིག་སྐྱེས་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་བྱེད་པ་ནི། ཀུན་ནས་སེང་གེའི་ཞེས་སོགས་ཏེ། དེ་ལ་བརྟན་པས་ཞེས་པ་ནི། སྲ་བས་ཞེས་པའི་དོན་དང་། རོ་འཛིན་རལ་གྲི་གཡོ་བའི་ཞེས་པ་ནི། ལྕེ་རལ་གྲི་ལྟ་བུ་གཡོ་བའི་དོན་ཡིན་ལ། ལྷག་མ་གོ་སླའོ། །གསུམ་པ་ཕྱི་རོལ་ཏུ་གླང་པོ་ཆེའི་འཇིགས་པ་དང་། ནང་དུ་གླང་པོ་ཆེས་མཚོན་པ། ངག་གི་ལྷན་ཅིག་སྐྱེས་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་འགྱུར་བར་སྟོན་པ་ནི། མདོག་སྔོན་ཞེས་སོགས་ཏེ། ལག་པས་བཅིང་བ་ཞེས་པ་སྣ་ཡིས་སྐྱེས་བུ་འཆིང་བ་དང་། འབྱེད་བྱེད་
ཅེས་པ། དུམ་བུར་བྱེད་པའི་དོན་ཏོ། །བཞི་པ་ཕྱི་རོལ་ཏུ་མེའི་འཇིགས་པ་དང་། ནང་དུ་མེས་མཚོན་པ་ལུས་ཀྱི་ལྷན་ཅིག་སྐྱེས་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་འགྱུར་བ་སྟོན་པ་ནི། ཀུན་ནས་མེ་ལྕེ་ཞེས་སོགས་ཏེ་གོ་སླའོ། །ལྔ་པ་ཕྱི་རོལ་ཏུ་གདེངས་ཅན་ནམ་ཀླུའི་དབང་པོའི་འཇིགས་པ་དང་། ནང་དུ་དེས་མཚོན་པ་ཡེ་ཤེས་ཀྱི་ཁྱད་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་འགྱུར་བར་སྟོན་པ་ནི། ཁྲོས་ཤིང་ཞེས་སོགས་སོ། །དྲུག་པ་ཕྱི་རོལ་ཏུ་ཆོམ་རྐུན་དང་། ནང་དུ་སེམས་ཀྱི་ཁྱད་དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་འགྱུར་བ་སྟོན་པ་ནི། སྡང་བའི་སེམས་ལྡན་ཞེས་སོགས་སོ། །བདུན་པ་ཕྱི་རོལ་ཏུ་ཞགས་པས་འཆིང་བ་དང་། ནང་དུ་ངག་གི་ཁྱད་དགའི་ཐིག་ལེ་ཉམས་པར་འགྱུར་བ་སྟོན་པ་ནི། ལག་པ་དག་ནི་ཞེས་སོགས་སོ། །བརྒྱད་པ་ཕྱི་རུ་ཆུ་གཏེར་འཁྲུགས་པ་དང་། ནང་དུ་ལུས་ཀྱི་ཁྱད་དགའི་ཐིག་ལེ་ཉམས་པར་འགྱུར་བ་སྟོན་པ་ནི། ཆུ་གཏེར་ཞེས་སོགས་ཏེ། སྐྱེ་བོ་གང་དག་ཆུ་གཏེར་གྱི་བཞོན་པ། གྲུ་བོ་ཆེ་ལ་ཞོན་ནས་རྒྱ་མཚོ་ཆེན་པོར་སོང་བ་ན། དཔག་ཏུ་མེད་པས་མཐའ་ཡས་ཤིང་ཤིན་ཏུ་ཤུགས་དྲག་པོ་དང་ལྡན་པའི་རླུང་གིས་ཆུའི་གཏེར་རྒྱ་མཚོ་ནི་འཁྲུག་པར་བྱེད་ཅིང་། ཕྱོགས་ཀུན་ཏུ་ཆུ་བོ་རྣམས་ཁོར་མོར་འཁོར་བར་བྱེད་ལ། ཆུ་གཏེར་གྱི་ལམ་ཀུན་ཆོམ་རྐུན་པ་ཆུ་སྲིན་ཉ་ཡི་རིགས་ཀྱིས་བཀག་པར་གྱུར་ཏེ། ཀླུ་གདུག་པ་ཁྲོས་པས་མེ་འབར་བའི་ཏིལ་མར་གྱི་ཁུ་བ་འཕངས་པས་མེའི་ཆར་ཆེན་ཕྱོགས་ཀུན་ནས་རྒྱུན་དུ་འབབ་པ་ལ་ཞེས་སོགས་སོ། །དགུ་པ་ཕྱི་རུ་ཤ་ཟའམ་རོ་ལངས་ཀྱི་འཇིགས་པ་དང་། ནང་དུ་ཡེ་ཤེས་ཀྱི་མཆོག་
དགའི་ཐིག་ལེའི་སྒྲིབ་པ་ཉམས་པར་འགྱུར་བ་སྟོན་པ་ནི། ཕཊ་ཅེས་སོགས་སོ། །བཅུ་པ་ཕྱི་རུ་མཛེ་ནད་དང་། ནང་དུ་སེམས་ཀྱི་མཆོག་དགའི་ཐིག་ལེ་ཉམས་པར་འགྱུར་བ་སྟོན་པ་ནི། ཉིན་བཞིན་ཞེས་སོགས་སོ། །བཅུ་གཅིག་པ་ཕྱི་རུ་ལྷའི་དབང་པོའི་ཕོ་ཉ་བའི་འཇིགས་པ་དང་། ནང་དུ་ངག་གི་མཆོག་དགའི་ཐིག་ལེ་ཉམས་པར་སྟོན་པ་ནི། ལྷའི་དབང་པོའི་ཕོ་ཉ་གང་། མེ་འབར་ཞིང་རབ་ཏུ་གཙིགས་པ་དང་བཅས་པའི་མཆེ་བ་རྣོན་པོ་དང་བཅས་པ་གདེངས་ཅན་སྦྲུལ་གྱི་གདོང་པ་དང་ལྡན་ཞིང་། ལག་ན་འཁོར་ལོ་ཐོགས་པ་དང་། འཕྲོག་བྱེད་སེང་གེའི་གདོང་ཅན་ལག་ན་རལ་གྲི་ཐོགས་པ་དང་། རི་དྭགས་ཤ་ར་བྷའི་གདོང་ཅན་མདའ་གཞུ་ཐོགས་པ་དང་། སྟག་གི་གདོང་ཅན་རྩེ་གསུམ་ཐོགས་པ་དང་། གླང་ཆེན་གྱི་གདོང་ཅན་ལྕགས་ཀྱུ་དང་། རྡོ་རྗེ་ཐོགས་པ་ཞེས་སོགས་སོ། །འགྲེལ་པས་དེ་ལྟར་སྦྱར་ཡང་ངེས་མེད་དུ་སྦྱར་ཡང་རུང་ངོ་། །བཅུ་གཉིས་པ་ཕྱི་རུ་དབུལ་བའི་འཇིགས་པ་དང་། ནང་དུ་ལུས་ཀྱི་མཆོག་དགའི་ཐིག་ལེ་ཉམས་པར་འགྱུར་བ་སྟོན་པ་ནི། དབྱར་ནི་ཞེས་སོགས་སོ། །བཅུ་གསུམ་པ་ཕྱི་རུ་བུད་མེད་དང་བྲལ་བའི་འཇིགས་པ་དང་། ནང་དུ་ཡེ་ཤེས་ཀྱི་དགའ་བའི་ཐིག་ལེའི་སྒྲིབ་པ་ཉམས་པར་སྟོན་པ་ནི། མཆན་ཁུང་ཞེས་སོགས་སོ། །བཅུ་བཞི་པ་ཕྱི་རུ་མི་བདག་འཁྲུགས་པའི་འཇིགས་པ་དང་། ནང་དུ་སེམས་ཀྱི་དགའ་བའི་ཐིག་ལེ་ཉམས་པར་འགྱུར་བ་སྟོན་པ་ནི། འཁུས་ཕྱིར་ཞེས་སོགས་སོ། །བཅོ་ལྔ་པ་ཕྱི་རུ་ཐོག་ལྷུང་བ་དང་། ནང་དུ་ངག་གི་དགའ་བའི་ཐིག་ལེ་ཉམས་པར་འགྱུར་
བ་སྟོན་པ་ནི། གང་དག་ཅེས་སོགས་ཏེ། གང་དག་ལ་འགའ་ཞིག་ཏུ་ནི་མཁའ་ལས་རྡོ་རྗེ་རབ་ཏུ་ལྟུང་བ་དང་། བུད་མེད་དང་འགྲོགས་པ་ལས་རྟག་པར་ཡང་ཁུ་བ་འཛག་ཅིང་སྐྱེ་བ་འདིར་འཆི་བ་དང་། ཁུ་བ་འཕོས་པས་སེམས་བརྒྱལ་བ་དང་། ཆགས་ཡུལ་ལ་ཆགས་པ་དང་བྲལ་བར་འགྱུར་ཞིང་། སྐྱེ་བ་གཞན་སླད་དེ་ཚེ་རབས་གཞན་དུའང་སླར་ཡང་དེ་བཞིན་བྱེད་པས་སྡུག་བསྔལ་བར་འགྱུར་བ་གང་གིས་ངེས་དོན་གྱི་རྣལ་འབྱོར་མ་ལས་དང་ཡེ་ཤེས་དང་མཆོག་གི་ཤེས་རབ་མའི་རྡོ་རྗེའི་ཞབས་ཆུ་སྐྱེས་སམ་པདྨ་བདེ་བ་ཆེན་པོའི་དཔལ་དང་ལྡན་པ་དག་བསྒོམས་པ་ཡིས། སྒྲུབ་པ་པོ་དེ་དག་རྣམས་ཀྱི་ཕྱི་ནང་གི་རྡོ་རྗེ་ལྟུང་བའི་འཇིགས་པ་དེའང་རབ་ཏུ་ཞི་ཞིང་ཉམས་པ་ཉིད་དུ་འགྱུར་ལ། སླར་ཡང་སྲིད་པར་སྐྱེ་བ་དང་ལྡན་པ་མིན་ནོ། །འདི་ཤོང་འགྱུར་ལ། འཆི་བ་ཉིད་གྱུར། ཅེས་འབྱུང་ཡང་། “འབྲོག་འགྱུར་ལ། ཉམས་པ་ཉིད་འགྱུར། ཞེས་འབྱུང་བ་ལེགས་སོ། །ཡང་ན་དཔང་གི་འགྱུར་ལ། དེ་དག་རྣམས་ཀྱི་དེའང་རབ་ཞིར་འགྱུར་རོ། །སླར་ཡང་འཆི་དང་སྐྱེ་བ་ལྡན་པར་འགྲོ་བ་མིན། ཞེས་འབྱུང་བ་ལྟར་བཤད་པར་བྱས་ན་ཤིན་ཏུ་ལེགས་སོ། །སྔ་མ་བཅུ་བཞི་ཕྱི་འབའ་ཞིག་ལ་དངོས་སུ་སྦྱར་ཡང་། འདི་དང་འོག་མ་ཕྱི་ནང་གཉིས་ཀ་ལ་དངོས་སུ་སྦྱར་བ་ནི། བཅུ་བཞི་པོའང་ཕྱི་ནང་གཉིས་ཀ་ལ་སྦྱར་དགོས་པར་ཤེས་པའི་ཆེད་དོ། །བཅུ་དྲུག་པ་ཕྱི་རུ་ནོར་ཉམས་པ་དང་། ནང་དུ་ལུས་ཀྱི་མཆོག་དགའི་ཐིག་ལེ་ཉམས་པའི་འཇིགས་པ་འཕྲོག་པར་སྟོན་པ་ནི། བག་མེད་པར་སྤྱོད་པའི་སྐྱེ་བོ་གང་དག་ཉིན་དང་མཚན་མོར་བུད་མེད་དང་འགྲོགས་པའི་བདེ་བ་ལ་
རྣམ་པར་ཆགས་པས་ནོར་ཀུན་ཉམས་པར་འགྱུར་ཞིང་། སྐྱེ་བ་གཞན་གྱི་འཛག་པའི་བག་ཆགས་བསྒོས་པའི་སེམས་ལས་ནང་གི་ནོར་ཉམས་པ་འཇོག་པ་དེ་ནི་སླར་ཡང་མང་པོ་རབ་ཏུ་འབྱུང་བས་གོང་དུ་བཤད་པའི་ཤེས་རབ་རྣལ་འབྱོར་མ་རྣམ་དག་གི་མི་མཉམ་པ་ཟླ་བ་དང་། དེའི་ཞབས་སམ་གནས་ནི་ནོར་བུ་དང་། མཉམ་པ་རྡུལ་ལམ་ཉི་མ། དེའི་ཞབས་ཏེ་གནས་ནི་པདྨ་ཡིན་ལ། སྣ་ཚོགས་པའི་སྟོང་པ་ཉིད་ཀྱི་གཟུགས་ཅན་གང་། རྒྱལ་བ་མཆོག་གི་ཡེ་ཤེས་ལ། གཙུག་ཏོར་གྱི་ལྟེ་བར་བཟུང་བས་མཆོད་ཅིང་། འགྱུར་བ་མེད་པའི་བདེ་བར་དྲངས་པས་བསྟོད་པར་གྱུར་པ་དེ་ཉིད་བསྒོམས་པས་བསྒོམ་པ་པོ་དེ་ནི་ཕྱི་ནང་གི་ནོར་ཀུན་ཉམས་པར་མི་འགྱུར་རོ། །འདིར་ལུས་ཀྱི་དགའ་བ་མཆོག་དགའ། ཞེས་སོགས་ཀྱི་རིམ་པས་མི་སྟོན་པར་རིམ་པ་འདི་ལྟར་འཆད་པ་ཅི་ཞེ་ན། ཡེ་ཤེས་ཀྱི་ཐིག་ལེ་འགོག་པ་ལས་ལུས་ངག་ཡིད་ཀྱི་ཐིག་ལེ་འགོག་ཅིང་། འབྲས་དུས་སུའང་ངོ་བོ་ཉིད་སྐུ་ལ་བརྟེན་ནས་སྐུ་གཞན་གསུམ་སྤྲོ་བ་ཡིན་པས། དེའི་ཕྱིར་གོ་རིམ་འདི་ལྟར་བཤད་དོ། ཞེས་བཤད་སྦྱར་མཁན་པོ་གསུང་ངོ་། །འོ་ན་གང་དྲན་པས་ཕྱིར་ནང་གི་འཇིགས་པ་བཅུ་དྲུག་འཕྲོག་པར་འགྱུར་བ་ངེས་དོན་གྱི་རྣལ་འབྱོར་མ་དང་། དེའི་ཞབས་ནི་གང་ཡིན། དེ་ཉིད་ཚུལ་ཇི་ལྟར་དྲན་པས་འཇིགས་པ་འཕྲོག་པར་འགྱུར་ཞེ་ན། སེར་སྐྱ་སྟེ་དམར་སེར་ནི་རྩ་རོ་མ་སྟེ། དེ་ཉིད་ཉི་མའམ་མེའི་ཁམས་ཀྱི་རང་བཞིན་ཡིན་ལ། ལུག་སྟེ་རྐྱང་མ་ནི་ཟླ་བའམ་
ཆུའི་ཁམས་ཀྱི་རང་བཞིན་ཡིན་ཞིང་། ཀུན་འདར་མ་ཨ་ཝ་དྷཱུ་ཏཱི་ནི་སྒྲ་གཅན་ཏེ་ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན་ལ། རྩའི་ལམ་གསུམ་པོ་དེ་ལ་བགྲོད་པའི་རླུང་རྣམས་འགགས་པར་གྱུར་པ་ནི། དབུགས་འགགས་པ་མི་གཡོ་བའི་རྣལ་འབྱོར་དང་ལྡན་པས་རྣལ་འབྱོར་མ་ཡིན་ནོ། །དཔང་གི་འགྱུར་ལ། བགྲོད་པ་ཞེས་པ་སོང་དུ་བསྒྱུར་ཅིང་། སོང་བ་ནི་འགགས་པའི་དོན་མ་ཡིན་ཏེ། འདི་ཉིད་ལེགས་སོ། །དེའི་ཞབས་ནི། དངོས་པོ་སྐྱེ་རིམ་གྱི་རླུང་གི་དཀྱིལ་འཁོར་ལྔ་དང་། དངོས་མེད་སྡུད་རིམ་གྱི་རླུང་གི་དཀྱིལ་འཁོར་ལྔ་རྣམས་ཀྱི་རྒྱུ་བ་རབ་ཏུ་ཉམས་ཤིང་། ཉམས་བགྲོད་ཅེས་པ་དབུ་མར་སྲོག་བཅུག་ནས་འགགས་པར་བྱས་པ་དེ་ལྟ་བུའི་ཞབས་དེ་དག་ལས། ཞབས་གཅིག་ནི་རྣལ་འབྱོར་མ་དེ་དག་རྣམས་ཀྱི་ཡེ་ཤེས་ཀྱི་སྐུ་པྲ་ཕབ་པའི་རང་བཞིན་ཡིན་ལ། ཞབས་གཅིག་ནི་དེའི་ལྷན་སྐྱེས་བདེ་བའི་གོ་འཕང་འགྱུར་བ་མེད་པའོ། །ཁ་ཅིག་ཞབས་གཅིག་གཡས་དང་། གཅིག་གཡོན་ལ་འཆད་པ་ནི། ངེས་དོན་གྱི་ཞབས་འཆད་པའི་སྐབས་འདིར་མི་འགྲིག་གོ །བཤད་སྦྱར་མཁན་པོ་ནི། ཉི་མ་མེ་ཁམས་ཀྱི་རང་བཞིན་ཤེས་རབ་ཀྱི་གསུང་རྡོ་རྗེར་མགྲིན་པའི་འཁོར་ལོ། ཟླ་བ་ཆུ་ཁམས་ཀྱི་རང་བཞིན་དཔྲལ་བའི་འཁོར་ལོར་ཐབས་ཀྱི་སྐུ་རྡོ་རྗེ། སྒྲ་གཅན་ནམ་མཁའི་ཁམས་ཀྱི་རང་བཞིན། གཙུག་ཏོར་གྱི་འཁོར་ལོར་ཐབས་ཀྱི་ཐུགས་རྡོ་རྗེ། དེ་དག་གི་ལམ་ལ་བགྲོད་པའི་དབུགས་འགགས་པ་རྣལ་འབྱོར་མའོ། །འོག་གི་རྩ་གསུམ་མི་སྟོན་པ་ནི། སྟེང་གི་གསུམ་ལའང་འབབ་པའི་རླུང་འགགས་ན་འོག་གི་གསུམ་
ཡང་འགགས་པས་སོ། ཞེས་འཆད་དོ། །དེ་ལྟ་བུའི་ཞབས་དེ་དག་ཉིད་སྒྲུབ་པ་པོ་གང་གིས་རྡོ་རྗེའི་རྣལ་འབྱོར་གྱིས་དྲན་པ་དེ་ཡིས་སྐྱེ་བ་འདི་ལ་རྒྱུད་འདིར་བརྗོད་པའི་རྣལ་འབྱོར་མའི་ཞབས་དྲན་པའི་འབྲས་བུའམ་ཕན་ཡོན་ཕྱི་ནང་གི་འཇིགས་པ་བཅུ་དྲུག་པོ་མ་ལུས་པ་འཕྲོག་པ་མྱུར་དུ་འབྱུང་བར་འགྱུར་རོ། །འོ་ན་ཕྱི་རུ་རྣལ་འབྱོར་མ་རྣམས་ཀྱི་གནས་ནམ་མཁའ་དང་ས་ལ་སོགས་པ་ཡིན་ན་ནང་དུ་རྣལ་འབྱོར་མ་རྣམས་ཀྱི་གནས་གང་ཡིན་ཞེ་ན། བཤད་མ་ཐག་པའི་དཔལ་ལྡན་རྣལ་འབྱོར་མ་རྣམ་དག་གི་གནས་ནི། དབུགས་འགགས་ཤིང་རྣམ་རྟོག་གིས་མི་ཕྱེད་པས་རྡོ་རྗེ། དགའ་བ་མཆོག་ཏུ་རྒྱས་པར་བྱེད་པས། ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་གམ་ཁྱིམ་དུ་གྱུར་པ་གང་ཡིན་པ་དེ་ཉིད་ཡིན་ཏེ། དེར་འཇུག་པའི་ཆེད་དུ་རྒྱལ་བས་གསུངས་པའི་ལམ་ཉོན་མོངས་པའི་བག་ཆགས་མེད་ཅིང་། བདུད་རྣམས་ཉམས་པར་བྱེད་པ་དེའི་སྒོ་ནས་ཡོན་ཏན་བརྗོད་པ་སྔོན་དུ་བཏང་སྟེ། ཚུལ་འདིས་བསྟོད་པ་པདྨ་དཀར་པོ་བདག་གིས་རྒྱུད་ལ་འཇུག་པའི་ཐོག་མར་འདིར་བརྗོད་དོ། །དེའང་དཔང་འགྱུར་ལ། བསྟོད་པ་སྔོན་མ་ཅན་འདི་བདག་གིས་བརྗོད། ཅེས་འབྱུང་བ་ཉིད་ལེགས་སོ། །འདིར་རྣལ་འབྱོར་མ་ནི་བཤད་སྦྱར་ལས། ཨ་ཝ་དྷཱུ་ཏཱི་སོགས་ལ་འཆད་དོ། །དེ་ལྟར་བརྗོད་པའི་བསོད་ནམས་ཀྱི་ཚོགས་བསྔོ་བ་ནི།སྐྱེས་བུ་གང་དག་བདུད་ཀྱི་གྲོགས་ཀྱིས་ཟིན་པས་རྟག་ཏུ་མི་བདེན་པའི་དཔེ་ན གསང་ཞིང་ཕྱག་རྒྱ་ཆེན་མོའི་ལམ་ཉམས་པ་དེ་དག་རྣམས་ཀྱིས་རྡོ་རྗེའི་རྣལ་འབྱོར་གྱི་ལམ་འདི་ཐོབ་ནས་རྡོ་རྗེ་ནོ་བུའི་ཁྱིམ་དང་རིང་བ་མིན་པ་སྟེ་ཉེ་བར་སོང་བར་གྱུར་ཅིག །རྡོ་རྗེ་ནོར་བུའི་ཁྱིམ་དེར་ཞུགས་ན་འབྲས་བུ་ཅིར་
འགྱུར་ཞེ་ན། དུ་བ་ལ་སོགས་པའི་ལམ་གྱིས་ཕྱག་རྒྱ་ཆེན་མོའི་གཟུགས་བསྒྲུབས་ཏེ། དེ་ལ་བརྟེན་ནས་ལྷན་སྐྱེས་བདེ་བའི་གོ་འཕང་བསྒོམས་ན་སྒྲུབ་པ་པོ་དེ་ནི་མྱུར་དུ་དུས་ཀྱི་འཁོར་ལོ་མཚན་གྱི་ཡན་ལག་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་སྐུ་ཅན་ཁམས་གསུམ་གྱི་འགྲོ་བའི་བླ་མ། ཡན་ལག་བཅུ་གཉིས་ཀྱི་ཆོས་ཀྱི་འཁོར་ལོ་འདི་བསྐོར་བ་ལ་གནས་པ་ལྷ་རྣམས་ནས་མ་རིག་པའི་མུན་པ་ཐམས་ཅད་འཇོམས་པའི་གོ་འཕང་ཐོབ་པར་འགྱུར་རོ། །ད་ནི་སླར་ཡང་རྩོམ་པར་དམ་བཅའ་བའི་ཚུལ་གཞན་བསྟན་པ་བཤད་པར་བྱའོ། །དེའང་བྲི་ཞེས་དྲང་ངོ་། །གང་ན་དུས་ཀྱི་འཁོར་ལོའི་འགྲེལ་བཤད་དེ་རྒྱས་འགྲེལ་ལོ། །རྒྱུ་གང་གི་དབང་གིས་ན་དཔལ་ལྡན་ཤཱཀྱ་སེང་གེ་དེ་ཡིས་རྟག་ཏུ་འགྲོ་ལ་བརྩེ་བའི་ཐུགས་ཀྱིས་བསྐུལ་བ་དང་བརྩེ་བ་ཙམ་ནི་ཕན་བདེ་ཕུན་སུམ་ཚོགས་པའི་རྒྱུར་འགྱུར་བའི་ངེས་པ་མེད་ཀྱང་། བརྩེ་བ་དེར་མ་ཟད་ཐུབ་པ་དེ་ཡི་ཟབ་པ་དང་རྒྱ་ཆེ་བའི་ཡེ་ཤེས་ཀྱི་ཤེས་རབ་ཀྱིས་བསྐུལ་ཅིང་བྱིན་གྱིས་བརླབས་པའི་དབང་གིས་སོ། །སྐུལ་བ་པོ་དེའི་ཡོན་ཏན་གྱི་ཁྱད་པར་ནི། ཡང་དག་པའི་ཡེ་ཤེས་ཞེས་སོགས་སོ། །ཅིའི་ཕྱིར་སེང་གེ་ཞེས་བྱ་ཞེ་ན། བདུད་དང་ཞེས་སོགས་སོ། །འོ་ན་རྒྱ་ཆེར་འགྲེལ་འདིའི་བརྗོད་པར་བྱ་བ་དུས་ཀྱི་འཁོར་ལོ་དེ་ཇི་ལྟ་བུ་ཞེ་ན། ཀཱ་ལ་ཙཀྲ། ཞེས་པའི་ཀ་ཡིག་ལ་ནི་ཀཱ་ར་ཎ་ཤཱནྟེ། ཞེས་པའི་ཀཱ་ར་ཎ་རྒྱུ། ཤཱནྟེ་ཞི་བ་སྟེ། དེ་ལ་རྒྱུ་ནི་བྱང་སེམས་ལུས་ཀྱི་ཐིག་ལེ་ཡིན་ལ། ཞི་བ་ནི་སད་པའི་གནས་སྐབས་ཟད་པ་སྟེ། མདོར་ན་དཔྲལ་བར་ལུས་
ཀྱི་ཐིག་ལེ་འགགས་པ་སྤྲུལ་པའི་སྐུའོ། །ལ་ཡིག་ལ། ལ་ཡོ་ཏྲ་ཝེ། ཞེས་པ་སྟེ། ལུས་ཀྱི་ཐིག་ལེ་འགགས་པ་ན། རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པའི་སྲོག་འདི་ལ་ཐིམ་པ་ཉིད་དེ། མགྲིན་པར་ངག་གི་ཐིག་ལེ་འགགས་པ་ལོངས་སྐུའོ། །དེ་ལས་ཙ་ཡིག་གི །ཙ་ལ་ཙཏྟི་ནི་གཡོ་བའི་སེམས་ཏེ་དེའང་སད་རྨིའི་སྐབས་སུ་སྒྲ་སོགས་ཡུལ་ལ་གཡོ་བ་དེ་ཉིད་མུན་པས་ཟིལ་གྱིས་མནན་པའི་སེམས་གཉིད་འཐུག་གི་གནས་སྐབས་ཟད་པས། སྙིང་གར་སེམས་ཀྱི་ཐིག་ལེ་འགགས་པ་ཆོས་ཀྱི་སྐུའོ། །དེ་རྒྱུ་ཅི་ལས་འགྱུར་ཞེ་ན། ཀྲ་ཡིག་ལས་ཀྲ་མ་བནྡྷ་ཞེས་པ་ནི། རིམ་པ་བཅིངས་ལས་སོ། ཞེས་པ་སྟེ། རིམ་པ་ནི་ཐིག་ལེ་འཕོ་བ་ཡིན་ལ། བཅིངས་པ་ནི། ལྷན་ཅིག་སྐྱེས་པའི་བདེ་བ་སྟེ། ཞི་བའི་གནས་སྐབས་ཟད་པས་ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་འགགས་པ་ལྷན་ཅིག་སྐྱེས་པའི་སྐུའོ། །འདི་ནི་ནཱ་རོ་པ་དང་། ཨ་ཙ་ལའི་ལུགས་སོ། །དེ་ལྟར་ཡི་གེ་རེ་རེ་བར་བཤད་ནས། ཡང་ན་དུས་ནི་འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཐབས་སྟོང་པ་ཉིད་དང་།དབྱེར་མེད་པའི་སྙིང་རྗེའི་བདག་ཉིད་དེ། འཁོར་ལོ་ནི་ཁམས་གསུམ་པའི་འགྲོ་བ་མཐའ་ཡས་པའི་ཤེས་བྱའི་རྣམ་པ་ཅན་གྱི་རྣམ་བཅས་ཀྱི་ཤེས་རབ་སྟོང་པ་ཉིད་དེ་འདི་དག་ངོ་བོ་གཅིག་པ་ཉིད་ནི། དཔལ་དུས་ཀྱི་འཁོར་ལོའོ། །དེ་ལྟར་ཡི་གེ་སོ་སོས་བཤད་པའི་དཔལ་ལྡན་དུས་ཀྱི་འཁོར་ལོ་འདི་ནི་སྟེ་འདི་དང་། རྡོ་རྗེའི་རྣལ་འབྱོར་རྣམ་པ་ཐམས་ཅད་དུ་བདེན་པ་གཉིས་ལ་གནས་པ་འདི་བརྗོད་བྱ་ཡིན་ཞིང་། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་འདི་དེ་ཡི་མངོན་པར་རྗོད་པར་བྱེད་པའི་རྗོད་བྱེད་དུ་
འགྱུར་རོ། །ཐམས་ཅད་ནས་ཞེས་པ་འགྱུར་མངས་སུ་ཐམས་ཅད་དུ། ཞེས་འབྱུང་བ་ལེགས་སོ། །དེས་ན་བདེ་བར་གཤེགས་པས་རྩ་རྒྱུད་དུ་འགྲེལ་པ་བྱེད་པར་ལུང་བསྟན་ཅིང་། བསྡུས་རྒྱུད་སྡུད་པ་པོ་འཇམ་དཔལ་གྱིས་ནི་བསྐུལ་བར་གྱུར་པ་འཇིག་རྟེན་མགོན་པོ་བདག་གིས་ནི་བསྡུས་པའི་རྒྱུད་འདིའི་འགྲེལ་བཤད་དེ་རྒྱས་འགྲེལ་བྲི་བར་བྱའོ། །འགྲེལ་བཤད་ཇི་ལྟ་བུ་ཞེ་ན། རྒྱུད་ཀྱི་རྡོ་རྗེའི་ཚིག་གསང་བ་སྟེ་སྦས་པའི་དོན་རྣམས་རབ་ཏུ་གསལ་བར་བྱེད་པའོ། །འོན་ཏེ་རྒྱུད་འདིར་རྡོ་རྗེའི་ཚིག་གསལ་བར་གསུངས་པ་མ་ཡིན་ནམ་ཞེ་ན། གསུངས་མོད་ཀྱི་འོན་ཀྱང་འཇིག་རྟེན་ལས་འདས་པའི་དོན་ཟབ་མོ་རྣམས་ནི་འཁོར་བའི་བདེ་བ་ལ་ཆགས་ཤིང་། བདེན་པ་མ་མཐོང་བའི་བྱིས་པ་སོ་སོའི་སྐྱེ་བོ་བསྟན་བཅོས་གཞན་ཤེས་པའི་མཁས་པ་རྣམས་དང་། བསྟན་བཅོས་མི་ཤེས་པའི་རྨོངས་པ་རྣམས་ཀྱིས་རྟོགས་མི་ནུས་པས་དེ་རྣམས་ལ་གསལ་བར་བསྟན་པའི་ཆེད་དུ་སྟེ། དཔེར་ན་གསང་ཞིང་སྦས་པའི་ནོར་གདུག་པའི་བུ་ཡི་འཇིགས་པས་འཇིགས་ནས་ཕས་བསྲུངས་པ་དང་། མ་ཡིས་བུ་རྣམས་ལ་ཕན་པའི་དོན་དུ་གསལ་བར་སྟོན་པ་བཞིན་དུ། གདུག་པའི་སློབ་དཔོན་གྱིས་འཇིགས་ཏེ། བཅོམ་ལྡན་འདས་ཀྱིས་མཐའ་དྲུག་གིས་སྦས་པའི་དོན་ཟབ་མོའང་ལུས་ཅན་ཐམས་ཅད་ཀྱི་བདེ་བ་ཆེན་པོ་ཐོབ་པའི་དོན་དུ་རབ་ཏུ་གསལ་བར་སྟོན་པར་བྱེད་དོ། །དེས་ན་རྡོ་རྗེ་སེམས་དཔའ་དུས་ཀྱི་འཁོར་ལོའི་ལམ་མཆོག་ནི། རྒྱས་འགྲེལ་གང་གིས་རྣལ་འབྱོར་པས་རིག་པར་བྱེད་པ་དེའི་ཕྱིར་དྲི་མ་མེད་པའི་འོད་ཅེས་བྱ་བའི་འགྲེལ་བཤད་དེ་རྒྱས་འགྲེལ་འདི་ནི་མྱུར་དུ་སྟེ་མ་
འགོར་བར་བྲི་བར་བྱའོ། ཞེས་བྱ་བའོ། །མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་འགྲེལ་བཤད། ཅེས་པས་མདོར་བསྟན་ཆེན་པོའི་མཚན་ཉིད་ཅན་གྱི་ངེས་པ་དང་། རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་ཞེས་པས་སྙིང་པོའི་དོན་ལ་མི་འཁྲུལ་བའི་ངེས་པ་དང་། སྟོང་ཕྲག་བཅུ་གཉིས་པ། ཞེས་པས་གཞུང་ཚད་ཀྱི་ངེས་པ་དང་། དྲི་མ་མེད་པའི་འོད་ཅེས་བྱ་བ་ལས་ཞེས་པས་མཚན་གྱི་ངེས་པ་དང་། བདུད་དང་བགེགས་མཐའ་དག་ཉམས་པར་བྱེད་པ། མཆོག་གི་འདོད་པའི་ལྷ་དམ་པའི་ལམ་ངེས་པ། ཞེས་པས་མདོར་བསྡུས་འདི་ཉིད་ཀྱི་བརྗོད་བྱ་དང་། དགོས་པའི་ངེས་པ་དང་། མདོར་བསྡུས་ཆེན་པོ་སྟེ། ཞེས་པ་འདིས་བསྡུས་རྒྱུད་འདི་ལ་རྒྱ་ཆེར་འགྲེལ་དུ་མ་ཡོད་པའི་ངེས་པའོ། །དང་པོ་ནི། འོག་མ་རྣམས་ལ་བལྟོས་ནས་སོ། །འོ་ཞེས་བྱ་བ་ནི་ངག་རྫོགས་པའོ། །མདོར་བསྡུས་དང་པོའི་དཀའ་བའི་གནས་རྣམ་པར་བཤད་པའོ། ། ། །ད་ནི་མདོར་བསྡུས་གཉིས་པ་བཤད་པར་བྱའོ། །དེ་ལའང་བཤད་པར་དམ་བཅའ་བ་དང་། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གསུམ་མོ། །དང་པོ་ནི། རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་འོད་འདི་རྒྱུད་ཀྱི་ཚིག་དོན་བཤད་པའི་དང་པོར་རེ་ཞིག་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ཏེ་རྩ་རྒྱུད་དེའི་བརྗོད་བྱ་དང་། རྗོད་བྱེད་དང་། འགྲེལ་པ་ལ་སོགས་པ་དང་། བསྡུས་པའི་རྒྱུད་དང་དེའི་འགྲེལ་པ་ལ་སོགས་པ་ལུང་བསྟན་པ་བརྗོད་པར་བྱ་སྟེ། དེ་དག་བཤད་པའི་ཕྱི་ནས་ཚིག་དོན་འཆད་པའི་སྐབས་སུ་བསྡུས་པའི་རྒྱུད་ལ་དགོས་པ་དང་དགོས་པའི་
ཡང་དགོས་པ་ལ་སོགས་པའང་བརྗོད་པར་བྱའོ། །མདོར་བསྟན་པ་ལ། འདི་ལ་དང་པོར་ཞེས་པ་ལ་སོགས་པ་ནི་རྩ་རྒྱུད་ཀྱི་དགོས་སོགས་མདོར་བསྟན་པ་སྟེ། དེའང་ཡང་དག་པར་བསྟན་ཏོ་ཞེས་དྲང་ངོ་། །རྒྱུ་མཚན་གང་གིས་ན། བརྗོད་བྱ་སོགས་ཆོས་ལྔ་མངོན་པར་གཟིགས་ནས་སོ། །གང་ལ་ན་གདུལ་བྱ་སོགས་སོ། །ཚུལ་ཇི་ལྟར་ན་རང་གི་སོགས་སོ། །ཆོས་ཇི་འདྲ་བ་ཞིག་ན་བྱེད་ལས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོ་ཡིན་ལ། དེའི་སྟོན་པ་པོ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་སྟེ། དེའང་བདེ་བ་ཞེས་སོགས་ཀྱིས་གནས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཞེས་སོགས་ཀྱིས་འཁོར་དང་། ཁམས་གསུམ་གྱི་འཁོར་ལོས་སྒྱུར་བ་ཞེས་པས་མཛད་པ་དང་། མཆོག་གི་དང་པོའི་ཞེས་སོགས་ཀྱིས་ཆོས་དང་། ཟླ་བ་བཟང་པོས་ཞེས་སོགས་ཀྱིས་ཞུ་བ་པོ་ཕུན་སུམ་ཚོགས་པ་སྟེ་དེ་ལྟར་ལྔ་དང་ལྡན་པ་དང་། རྗོད་བྱེད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་སྟེ། དེའི་ཁྱད་པར་ནི། རིས་མེད་པ་ནས། བརྟག་པ་ལྔའི་བདག་ཉིད་ནིའི་བར་རོ། །དགོས་པ་གང་གི་ཆེད་དུ་བསྟན་ན། མི་ལ་སོགས་ནས་ཕྱིར་གྱི་བར་རོ། །དེའི་འོག་ཏུ་དེ་ལས་ཞེས་པ་ནས། ལུང་བསྟན་ཏོ་ཞེས་པའི་བར་ནི། རྩ་རྒྱུད་དེ་ལས་བསྡུས་རྒྱུད་སོགས་ལུང་བསྟན་ཚུལ་མདོར་བསྟན་པའོ། །མདོར་བསྟན་པ་དེ་ཉིད་རྒྱས་པར་འཆད་པ་ལ། ཐོག་མར་རྩ་རྒྱུད་གསུངས་ཚུལ་རྒྱས་པར་བཤད་པ་ནི། མདོར་བསྟན་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་འཆད་པ་ཡིན་པས། དང་པོར་རྒྱུད་ཀྱི་བརྗོད་བྱ་བཤད་པར་བྱའོ། །དེ་ལ་ལེའུའི་སྐད་དོད། པ་རིཙྪེད།
ཞེས་ཡོངས་སུ་བཅད་པ་ལ་འཇུག་པས། དོན་ཚན་ཡོངས་སུ་བཅད་པ་དང་། རྗོད་བྱེད་ཀྱི་ཚིག་ཚན་པར་ཡོངས་སུ་བཅད་པ་གཉིས་ཀ་ལའང་ལེའུའི་སྒྲ་འཇུག་གོ །དེ་བས་ན་འདིར་ཡང་རྩ་རྒྱུད་ཀྱི་བརྗོད་བྱ་རགས་པར་བསྡུས་ན་ལེའུའམ་བརྟག་པ་ལྔ་དང་། ཞིབ་པར་ཕྱེ་ན་གནས་པ་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་རོ། །དེ་ལ་བརྗོད་བྱ་ལེའུ་ལྔའི་གོ་རིམ་ནི། འདིར་རྡུལ་ཕྲ་རབ་ཅེས་པ་ནས། ལེའུ་ལྔའི་བདག་ཉིད་དོ་ཞེས་པའི་བར་ཏེ། དེའི་དོན་ནི་རྡུ་ཕྲ་རབ་འདུས་པ་དང་། སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་སེམས་ཅན་རྣམས་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྟེན་དུ་ངེས་པར་སྔོན་དུ་འགྲོ་དགོས་ལ། དབང་བསྐུར་བ་ལ་བསྐུར་བྱ་སེམས་ཅན་སྔོན་དུ་འགྲོ་དགོས་ཤིང་། བསྐྱེད་རིམ་གྱིས་བསོད་ནམས་ཀྱི་ཚོགས་བསགས་ཏེ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པ་ལ་དབང་སྔོན་དུ་འགྲོ་དགོས་ལ། རྫོགས་རིམ་གྱིས་མཆོག་བསྒྲུབ་པ་ལ་ངེས་པར་བསྐྱེད་རིམ་མཐར་ཕྱིན་པ་སྔོན་དུ་འགྲོ་དགོས་པས་དེའི་ཕྱིར་དང་པོར་འཇིག་རྟེན་ཁམས་ལེ་སོགས་ཀྱི་རིམ་པས་བསྟན་ཏོ་ཞེས་བྱ་བའོ། །དེ་ལ་རྒྱུད་སྡེ་འོག་མ་རྣམས་ལྟར་ན། དང་པོར་ལྷའི་རྣལ་འབྱོར་དང་སྔགས་ལ་སོགས་པས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབས་ནས། དེ་ལ་བརྟེན་ཏེ་མཆོག་བསྒྲུབ་པ་ཡིན་ཀྱང་། བླ་མེད་ཀྱི་སྐབས་སུ་དེ་ལྟར་འཇིག་རྟེན་པའི་དངོས་གྲུབ་ལ་རག་མི་ལུས་པར་བསྐྱེད་རིམ་ལ་གསལ་སྣང་བརྟན་པོ་གྲུབ་པ་ཙམ་འཇིག་རྟེན་པའི་དངོས་གྲུབ་མ་བསྒྲུབས་པར་རྫོགས་རིམ་ལ་འབད་པ་ཉིད་ཀྱིས་མཆོག་འགྲུབ་པ་ཡིན་ནོ། །
དེའི་ཕྱིར་འཇིག་རྟེན་པའི་དངོས་གྲུབ་སྔོན་དུ་འགྲོ་བ་ཞེས་གསུངས་པའང་། འཇིག་རྟེན་པའི་དངོས་གྲུབ་སྟེར་བའི་བསྐྱེད་རིམ་སྟེ་སྔོན་དུ་འགྲོ་བ་ཞེས་པའི་དོན་ཡིན་ནོ། །སྐྱེ་བ་སྔ་མའི་ཞེས་པ་ནས། བག་ཆགས་ཀྱི་སྟོབས་ཀྱིས་ཞེས་སོགས་ཀྱི་དོན་ནི། སྔགས་བླ་མེད་ཀྱི་རྫོགས་རིམ་ལ་བརྟེན་ནས་མཆོག་ཚེ་དེ་ཉིད་ལ་འགྲུབ་པ་དང་། གལ་ཏེ་དེ་ལ་མ་གྲུབ་པར་རྡོ་རྗེའི་རྣལ་འབྱོར་གྱི་ལམ་བསྒྲུབ་པའི་ངང་ནས་ཚེའི་དུས་བྱས་ན། སྔ་མའི་ལམ་ལ་གོམས་པར་བྱས་པ་དེའི་བག་ཆགས་ཀྱི་སྟོབས་ཀྱིས་ལམ་གོམས་པར་བྱས་པས་མཆོག་འགྲུབ་པར་འགྱུར་བ་གཉིས་ཡོད་པར་གསུངས་པའི་ཕྱི་མའང་བསྡུ་བའི་ཆེད་དོ། །དཀྱིལ་འཁོར་ལ་སོགས་པ་རྣམ་པར་རྟོག་པའི་སྒོམ་པ་དང་བྲལ་ཞེས་པ་ནི། སྤྱིར་བླ་མེད་ཀྱི་ལྷའི་རྣལ་འབྱོར་ཡིན་ན། བསྐྱེད་རིམ་ཡིན་པས་ཁྱབ་པར་འདོད་པ་ནི་ཡེ་ཤེས་ཀྱི་སྐུ་སྒྲུབ་ཚུལ་མ་ཤེས་པ་ཡིན་ཞིང་དེས་ན་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་རྣམ་པར་ཤར་བའི་ལྷའི་རྣལ་འབྱོར་ལ། བསྐྱེད་རིམ་དང་རྫོགས་རིམ་གྱི་རྣལ་འབྱོར་གཉིས་ཡོད་ལ། དེའི་དང་པོ་ནི་བློས་བཏགས་པ་ཙམ་ཡིན་ཞིང་། ཕྱི་མ་ལ་ནི་གཙོ་ཆེ་ཤོས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་དངོས་པོ་ལའང་གྲུབ་པ་ཞིག་དགོས་སོ། །བསྐྱེད་རིམ་གྱི་རྣལ་འབྱོར་དེ་མཆོག་མ་གྲུབ་པའི་སྔ་རོལ་ཏུ་སྨིན་བྱེད་ཀྱི་ལམ་དུ་བསྒོམ་དགོས་ཀྱང་། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་ནས་རྣལ་འབྱོར་སྔ་མ་དེ་བསྒོམ་པ་དོར་བ་ཡིན་པས། དེ་འདྲའི་སྒོམ་པ་དང་བྲལ་བ་ཞེས་གསུངས་སོ། །དེ་ལྟར་བརྗོད་བྱ་རགས་པར་ཕྱེ་ན་ལེའུ་ལྔ་དང་། དེའང་
བསྡུས་ན་གཙོ་བོར་མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ཞེས་སྟོན་པ་ནི། འདིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅེས་སོགས་སོ། །ལེའུ་ལྔ་པོ་དེ་ཉིད་ལས། དང་པོ་ཕྱི་དང་གཉིས་པ་ནང་དང་། ཕྱི་མ་གསུམ་གཞན་སྟོན་པ་ལ། དབང་ལེས་གཞན་དངོས་ཀྱི་སྨིན་བྱེད་ཀྱི་དབང་དང་། ཐ་མ་གཉིས་ཀྱིས་གཞན་དངོས་བསྐྱེད་རྫོགས་སྟོན་ཅིང་། དེའང་གཙོ་བོར་བྱས་ཏེ་འཆད་མི་འཆད་ཀྱི་ཁྱད་པར་མ་གཏོགས། ལེའུ་རེ་རེས་ཀྱང་ཕྱི་ནང་གཞན་གསུམ་ག་འཆད་དོ། །དེ་ལྟར་ལེའུ་ལྔ་པོ་དེ་ཉིད་ཞིབ་པར་ཕྱེ་ན། འཇིག་རྟེན་ཁམས་ལེ་ལ་གནས་པ་ཉེར་བཞི། ནང་ལེ་ལ་བཅོ་བརྒྱད། དབང་ལེ་ལ་བཅུ་གཉིས། སྒྲུབ་ལེ་ལ་བདུན། ཡེ་ཤེས་ལེའུ་ལ་ཉི་ཤུ་སྟེ། དེ་ལྟར་གནས་པ་བརྒྱད་ཅུ་རྩ་གཅིག་ཏུ་ཕྱེ་ནས་འཆད་པ་ནི། དེའང་ལེའུ་ལྔ་པོ་འདིའི་ངོ་བོ་ཉིད་ཀྱིས་གནས་ཏེ་ཞེས་པ་ནས། ཡེ་ཤེས་ཀྱི་ལེའུ་ལའོ། ཞེས་པའི་བར་རོ། །དེས་ན་ཞེས་སོགས་ནི་བརྗོད་བྱ་བསྟན་པའི་དོན་བསྡུ་བའོ། །རྗོད་བྱེད་འཆད་པ་ནི། འདི་སྟོན་པར་བྱེད་པའི་ཞེས་སོགས་ཏེ། རྗོད་བྱེད་ཚིག་གི་ལེའུ་ལྔའོ། །འབྲེལ་པ་འཆད་པ་ནི། བརྗོད་བྱ་རྗོད་བྱེད་འདི་དག་ཅེས་པ་ནས། འབྲེལ་བའོ་ཞེས་པའི་བར་ཏེ། དེའང་གཞུང་གཞན་དག་ཏུ་བརྗོད་བྱ་རྟོགས་པ་རྗོད་བྱེད་ལ་བརྟེན་ནས་སྐྱེ་ཞིང་། དགོས་པ་བརྗོད་བྱ་རྟོགས་པའི་འབྲས་བུ་དང་། ཉིང་དགོས་དགོས་པའི་འབྲས་བུ་ཡིན་པའི་ཚུལ་གྱིས་འབྲེལ་ཞེས་པ་དང་དོན་གཅིག་ལ། སྐབས་འདིར་ཐབས་ཤེས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་
འདས་དུས་ཀྱི་འཁོར་ལོ་ལ་སོགས་པ་ལམ་དང་། འབྲས་བུའི་ཟབ་དོན་ཐམས་ཅད་རྒྱུད་འདིའི་བརྗོད་བྱ་དང་རྒྱུད་འདིའི་རྗོད་བྱེད་ཀྱི་མཚན་ཉིད་ཀྱིས་འབྲེལ་བར་ནན་ཏན་ཆེན་པོས་གསུངས་ལ། གོང་འོག་དུ་མར་དེ་ལྟ་བུའི་ལམ་དང་འབྲས་བུའི་ཟབ་དོན་རྣམས་སྒྲ་རྟོག་གི་ཡུལ་ལས་འདས་པ་དང་། བརྗོད་མི་ནུས་པ་དང་། བསམ་པ་ལས་འདས་པ་སོགས་སུ་ཡང་ཡང་གསུངས་པ་དག་མི་འགལ་བའི་ཚུལ་ཇི་ལྟར་ཞེ་ན། དེ་ལ་སྤྱིར་གཞུང་གོང་འོག་དུ་མ་ནས་སྒྲ་རྟོག་གི་ཡུལ་ལས་འདས་པར་གསུངས་པའི་ཚུལ་དུ་མ་ཡོད་དེ། ཚད་མ་སྡེ་བདུན་སོགས་ནས། དངོས་པོ་བུམ་སྣམ་སོགས་སྤྱིར་སྒྲས་བརྗོད་ནུས་ཤིང་རྟོག་པས་ངེས་ནུས་ཀྱང་། དེ་དག་སྒྲའི་བརྗོད་བྱ་ཡིན་པ་དོན་དམ་པར་མ་གྲུབ་པ་ལ་དགོངས་ནས། རང་བཞིན་ཐམས་ཅད་སྒྲ་རྟོག་གི་ཡུལ་ལས་འདས་པར་གསུངས་པ་ལྟ་བུ་དང་། འཕགས་པ་དགོངས་པ་ངེས་འགྲེལ་ལས། དོན་དམ་བདེན་པ་སྒྲ་རྟོག་གི་ཡུལ་ལས་འདས་པར་གསུངས་པ་དང་། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་བདེ་བར་གཤེགས་པའི་སྙིང་པོ་སྒྲ་རྟོག་གི་ཡུལ་ལས་འདས་པར་གསུངས་པ་དང་། གཞན་ཡང་དབུ་མའི་གཞུང་ལུགས་དག་ལས་ཆོས་ཉིད་སྒྲ་རྟོག་གི་ཡུལ་མིན་པར་གསུངས་པ་ལྟ་བུ་རྣམས་ནི། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཚེ་ཆུ་ལ་ཆུ་བཞག་པ་ལྟར་གཉིས་སྣང་ཕྲ་མོའང་མེད་པར་རོ་གཅིག་ཏུ་གྱུར་པའི་སྒོ་ནས་རྟོགས་པ་ཞིག་ཡོད་ལ། དོན་དམ་བདེན་པ་སྒྲས་བརྗོད་པ་ལ་བརྟེན་ནས་རྟོག་པས་དོན་དམ་བདེན་པའི་མཚན་ཉིད་ཇི་ལྟར་གནས་པ་བཞིན་གོའང་། དེའི་ཚེ་ཆོས་ཉིད་ལ་
གཉིས་སྣང་ལོག་པ་མི་སྲིད་པས། དེས་ན་འཕགས་པའི་ཡེ་ཤེས་ཀྱི་རྟོགས་ཚུལ་ལྟར་གཉིས་སྣང་ལོག་པའི་སྒོ་ནས་རྟོགས་པ་སྒྲ་ལ་བརྟེན་ནས་རྟོག་པས་ངེས་པ་ལ་བྱར་མེད་པས། དེའི་ཕྱིར་ཆོས་ཉིད་སྒྲ་རྟོག་གི་ཡུལ་ལས་འདས་པར་གསུངས་པ་ཡིན་ཞིང་། འདིར་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་སོགས་པའི་ལམ་དང་འབྲས་བུ་དེ་དང་དེ་རྒྱུད་ལ་སྐྱེས་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་དེ་དང་། དེས་ཇི་ལྟར་མྱོང་བ་ལྟར་དུ་དེ་དག་འཆད་པའི་སྒྲ་ལ་བརྟེན་ནས་གོ་བའི་རྒྱུད་ལ་མྱོང་བར་བྱར་མེད་པས། དེའི་ཕྱིར་སྒྲ་རྟོག་དང་བརྗོད་པ་རྣམ་པར་སྤངས་པ་སོགས་སུ་གསུངས་པ་ཡིན་ནོ། །དེ་ལྟ་མིན་པར་གཏན་ནས་སྒྲ་རྟོག་གི་ཡུལ་དུ་བྱར་མི་རུང་ན། དོན་དེ་དག་རྒྱུད་བཤད་པ་དང་ཉན་པ་ལ་བརྟེན་ནས་སློབ་མས་ངེས་པར་བྱར་མེད་པས། དེའི་དོན་དུ་རྒྱུད་འཆད་པ་དང་ཉན་པ་སོགས་ཐམས་ཅད་དོན་མེད་དུ་འགྱུར་ཞིང་། དོན་གྱི་དབང་བཞི་པ་ཚིག་གིས་བརྡ་སྤྲད་མི་ནུས་པར་འགྱུར་བས་འཇིག་རྟེན་ལས་འདས་པའི་དབང་བཞི་པ། སྨིན་བྱེད་ཀྱི་དབང་བསྐུར་བའི་ཚེ། ཐབས་གང་གིས་ཀྱང་དབང་བསྐུར་དུ་མི་རུང་བར་འགྱུར་ལ། ལམ་བསྒོམ་པའི་སྔོན་དུ་ལམ་དང་ལམ་མིན་པ་སོ་སོར་ངེས་པར་བྱར་མེད་པར་འགྱུར་རོ། །དེ་ལྟར་འབྲེལ་པ་བསྟན་ནས། བསྐྱེད་རིམ་མཐར་ཕྱིན་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས་པ་དགོས་པ་དང་། རྫོགས་རིམ་གྱིས་མཆོག་གྲུབ་པ་ཉིང་དགོས་སུ་སྟོན་པ་ནི། དེ་ནས་དཀྱིལ་འཁོར་དུ་ཞེས་སོགས་དང་། ཤེས་རབ་ཆེན་པོ་ཞེས་སོགས་རིམ་པ་བཞིན་ནོ། །དེ་
ལྟར་བརྗོད་བྱ་ལ་སོགས་པའི་མཚན་ཉིད་འདི་དག་ཉིད་མངོན་པར་གཟིགས་ནས། རྩ་བའི་རྒྱུད་ཡང་དག་པར་བསྟན་ཏོ་ཞེས་སྦྱར་རོ། །གང་ལ་ན་གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་ཞེས་བྱ་བ་སྔར་བཤད་པ་ལ་ངེས་པ་ནི། འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པ་ཉེས་དམིགས་སུ་བལྟས་ནས་མཐའ་གཅིག་ཏུ་དེ་དང་བྲལ་བའི་ཚུལ་ཁྲིམས་ཀྱི་སྡོམ་པ་སྟེ། དེ་ནི་ཐེག་པ་དམན་པ་ཉན་ཐོས་པའི་མཆོག་གི་སྡོམ་པ་སྟེ་སྡོམ་པ་མཆོག་ཡིན་ཅིང་། འདོད་ཡོན་ལ་ལོངས་སྤྱོད་པ་ལས་རྒྱབ་ཀྱིས་ཕྱོགས་པ་དེ་དང་བྲལ་བ་ནི་ངེས་པ་དང་བྲལ་བའོ། །ཁ་ཅིག་མཆོག་དང་བྱེ་བ་སྐད་དོད་གཅིག་པས་བསླབ་པའི་གནས་བྱེ་བའམ་ཤིན་ཏུ་མང་པོ་བསྲུང་བ་དགེ་སློང་དང་། གནས་བཅུ་བསྲུང་བ་དགེ་ཚུལ་དང་། གནས་ལྔ་བསྲུང་བ་དགེ་བསྙེན་གྱི་སྡོམ་པ་སྟེ། དེ་དག་ཇི་སྲིད་འཚོའི་བར་དུ་བསྲུང་བའི་ངེས་པ་དང་བྲལ་བ་ཞེས་འཆད་པ་ནི་མི་ལེགས་ཏེ། དགེ་སློང་བྱང་ཆུབ་སེམས་དཔའ་དང་། དགེ་སློང་རྡོ་རྗེ་འཛིན་པ་སོགས་ཀྱང་ཤིན་ཏུ་མང་བས་སོ་སོ་ཐར་པའི་སྡོམ་པ་ལ་ཉན་ཐོས་པའི་སྡོམ་པར་མ་ངེས་པའི་ཕྱིར་རོ། །དེས་ན་འདིར་ནི་ཉན་ཐོས་པའི་སྡོམ་པ་ཉིད་ལ་བྱའི་སོ་སོ་ཐར་པའི་སྡོམ་པ་སྤྱི་ལ་མི་བཟུང་ངོ་། །དེས་ན་མཆོག་བྱེ་བར་བསྒྱུར་བ་མ་ལེགས་སོ། །དེ་འདྲའི་ངེས་པ་དང་བྲལ་བ་དེ་དག་གི་རང་གི་སེམས་ཀྱི་བསམ་པ་ནི་སྤྱིར་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པར་འདོད་པའོ། །དེ་བཞིན་དུ་འདོད་ཡོན་གྱི་རེག་བྱ་ཁྱད་པར་བ་དབང་པོ་གཉིས་ཀྱི་བདེ་བ་ཆེན་པོ་འདོད་པ་ན་ངེས་པ་དང་བྲལ་བ་རྣམས་ཀྱི་རང་གི་
སེམས་ཀྱི་བསམ་པ་སྟེ། རང་གི་སེམས་ཀྱི་བསམ་པ་འདིས་ཞེས་པ་འདི་དང་མཐུན་པ་འདོད་ཡོན་དེ་དག་མ་སྤངས་ཤིང་། དེ་དག་ལ་ལོངས་སྤྱོད་པ་མ་བཀག་པའི་སྒོ་ནས་སྟོན་ཏོ། །གང་སྟོན་ན་མདོར་བསྟན་དུ། སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ཞེས་གསུངས་པའི་དོན་ནི། ལམ་འདི་དང་པོར་གང་ལ་ཉམས་སུ་བླངས་པའི་སྐྱེ་བ་སྟེ་ཚེ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །འགྲོ་བ་གང་ཡང་རུང་བའི་ཚེ་གཅིག་ལ་སྟེར་རམ་ཞེ་ན། མིའི་དབང་དུ་བྱས་ཀྱི་ལྷ་ལ་སོགས་པ་འགྲོ་བ་གཞན་ལྔའི་ཚེ་དེ་ཉིད་ཀྱི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལས་ཀྱི་ས་པ་མིན་པར་སྐྱེས་པའི་ཕྱིར་རོ། །དེ་ལ་ལས་ཀྱི་ས་པ་ནི་སྐབས་འདིར་འཛམ་གླིང་ཆུང་ངུའོ། །དེས་ན་སྐྱེ་བ་འདིའི་ཞེས་པ་ཚེ་འདི་དང་། རྟེན་མིའི་རྟེན་འདི་ལ་ཞེས་པ་གཉིས་ཀ་ལ་བཤད་དགོས་སོ། །འོ་ན་ལྷ་ལ་སོགས་པ་ལ་ནམ་ཡང་འབྲས་བུ་མི་སྟེར་རམ་ཞེ་ན། འདིར་ཞེས་སོགས་ཏེ་གོ་སླའོ། །དེ་ལ་སྐྱེ་བ་འདི་ཞེས་པ་ཚེ་གཅིག་ལ་མ་བྱས་ན། འོག་གི་རྩོད་ལན་འབྲེལ་མེད་དུ་འགྱུར་ཞིང་། སྤྱིར་མིའི་སྐྱེ་བ་ལ་སངས་རྒྱས་སྟེར་ཙམ་རྒྱུད་འདིའི་ཟབ་ཁྱད་དུ་མི་འགྱུར་རོ། །འདིར་ཁ་ཅིག་མིའི་སྐྱེ་བ་ཁོ་ན་ལ་འཚང་རྒྱ་བར་བཤད་པས་བར་དོར་འཚང་རྒྱ་བར་བཤད་པ་དགོངས་པ་ཅན་ཡིན་ལ། དེའང་ཉན་ཐོས་བར་དོར་འདའ་བ་ལྟ་བུ་ལ་དགོངས་ཞེས་ཟེར་བ་ནི། སྔགས་བླ་མེད་ཀྱི་ལམ་ལ་བརྟེན་ནས་བར་དོར་འཚང་རྒྱ་བའི་
དགོངས་གཞི་ཉན་ཐོས་ཀྱི་མྱང་འདས་ལ་བྱེད་པ་འབྲེལ་མེད་སྨྲ་བའོ། །ཡང་འདིར་ཁ་ཅིག་མི་ཁོ་ནའི་རྟེན་ལ་འཚང་རྒྱ་བར་བཤད་པ་སྤྲུལ་སྐུའི་འཚང་རྒྱ་བའི་དབང་དུ་བྱས་ལ། བར་དོ་དང་འོག་མིན་གྱི་ལྷའི་རྟེན་ལ་འཚང་རྒྱ་བ་སོགས་སུ་བཤད་པ་ལོངས་སྐུའི་དབང་དུ་བྱས་པས་མི་འགལ་ལོ་ཞེས་གསུངས་པའང་མི་འཐད་དེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདོད་ཁམས་སུ་འཚང་རྒྱ་བའི་ཚུལ་བསྟན་པ་ལྟ་བུ་ནི། སྔོན་དུ་ལོངས་སྐུ་བརྙེས་ཤིང་སངས་རྒྱས་ཟིན་ནས། དེའི་རྗེས་སུ་འཚང་རྒྱ་བའིཚུལ་བསྟན་པ་ཙམ་ཡིན་གྱི་གསར་དུ་སངས་རྒྱས་པ་མིན་པས། འོག་གི་རྩོད་ལན་ཐམས་ཅད་འབྲེལ་མེད་དུ་འགྱུར་ཞིང་། སྔགས་ལ་བརྟེན་ནས་ཚེ་གཅིག་ལ་ལོངས་སྐུར་འཚང་རྒྱ་བ་མིན་གྱི། འཚང་རྒྱ་བའི་ཚུལ་སྟོན་པ་ཙམ་ཡིན་ནོ། ཞེས་ཁས་བླང་དགོས་པར་འགྱུར་རོ། །དེས་ན་སྤྱིར་སྔགས་བླ་མེད་ཀྱི་གདུལ་བྱ་ལ། བརྩོན་འགྲུས་ཅན་ཚེ་འདིར་འཚང་རྒྱ་བ་གཅིག་དང་། ཚེ་འདིར་སྤྱོད་པ་བྱེད་པ་མ་བྱུང་བ་སོགས་ཀྱིས་མཆོག་མ་གྲུབ་པ། ཤི་བའི་རྗེས་སུ་ཐ་མལ་པ་ལ་བར་དོ་འོང་བའི་དོད་ལ། ལོངས་སྐུ་གྲུབ་ནས་འཚང་རྒྱ་བ། ལེ་ལོ་ཅན་བར་དོར་འཚང་རྒྱ་བ་ཞེས་ཐ་སྙད་བྱས་པ་དང་། དེ་བས་ཀྱང་དབང་པོ་དམན་པ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་གསུམ་ལས་དང་པོ་ནི། སྔགས་བླ་མེད་ཀྱི་ཐུན་མོང་མིན་པའི་ལམ་ཐོག་མར་སྒོམ་པའི་མགོ་གང་ལ་བརྩམས་པའི་སྐྱེ་བ་དེ་ལ་འཚང་རྒྱ་བས་ཏེ། དེ་ཡིན་ན་མིའི་རྟེན་ཅན་ཡིན་པས་ཁྱབ་པ་ཡིན་ལ། འདིར་ཡང་དེ་ལྟ་བུའི་དབང་དུ་བྱས་པ་ཡིན་ཞིང་། དེ་ལྟ་
བུ་ལ་ནི་ལོངས་སྐུའང་འདོད་པའི་མིའི་རྟེན་ལ་འཐོབ་པ་ཡིན་ལ། ལམ་གཞན་ལ་བརྟེན་པ་མཐོན་པོར་བགྲོད་དེ་ལམ་གྱི་མཐར་སྔགས་བླ་མེད་ཀྱི་ཐུན་མོང་མིན་པའི་ལམ་གྱི་སྣོན་པ་བཏབ་ནས་འཚང་རྒྱ་བ་ལྟ་བུ་ནི་འོག་མིན་གྱི་ལྷའི་རྟེན་ལའང་ཡོད་ཅིང་། ཚེ་འདིར་སྔགས་ཀྱི་ལམ་བསྒོམས་པའི་འབྲས་བུ་བར་དོར་མངོན་དུ་བྱེད་པའང་ཡོད་པས། དོགས་པ་དེ་དག་སྤང་དགོས་པའི་གཞི་ཆེན་པོ་མེད་དོ། །འོ་ན་མིའི་སྐྱེ་བ་ཡིན་ནོ་ཅོག་ལ་འབྲས་བུ་དེ་སྟེར་རམ་ཞེ་ན། བསོད་ནམས་ཞེས་པ་ནས། ངེས་པའོ་ཞེས་པའི་བར་ཏེ། སྐྱེ་བ་སྔ་མ་རྣམས་སུ་ལམ་ཐུན་མོང་བས་རྒྱུད་སྦྱངས་པའི་སྐལ་ལྡན་ལ་ཡིན་གྱི། ལས་ངན་པ་དང་ལྡན་པ་ལ་མི་བྱིན་ནོ། ཞེས་བྱ་བའོ། །དེ་ལ་དོགས་པ་སྤང་པ་ལ། དོགས་པ་དགོད་པ་ནི། ཅི་སྟེ་ཞེས་སོགས་ཏེ། གལ་ཏེ་ལས་ངན་པ་དང་ལྡན་པ་ལ་མ་ཡིན་ན། འདུས་པ་ལས། ཚེ་དེར་མཚམས་མེད་ལྔ་བྱས་པས་ཀྱང་འགྲུབ་པར་བཤད་པ་དང་འགལ་ཞེས་པའོ། །དེའི་ལན་ནི། བཅོམ་ལྡན་འདས་ཀྱི་གསུང་འདི་ནི་བདེན་ཏེ་ཞེས་པ་ནས། ངེས་པ་མ་ཡིན་ནོ་ཞེས་པའི་བར་ཏེ། དེའང་ཚེ་དེར་སྔགས་ལ་མི་འཇུག་པའི་གོང་དུ་ཤིན་ཏུ་ལྕི་བའི་མཚམས་མེད་ལྔ་སོགས་བྱས་ཀྱང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་ཏེ་རིམ་པ་གཉིས་བསྒོམས་པས་སྔར་བསགས་པའི་ལས་སྦྱངས་ནས། ཕྱིན་ཆད་ཁ་ན་མ་ཐོ་བའི་སྒོ་བསྡམས་ཏེ། ཕྱག་རྒྱ་ཆེན་པོའི་ལམ་བསྒོམས་ན་མཆོག་འགྲུབ་པར་གསུངས་པ་ཡིན་གྱི། སྔགས་ལ་ཞུགས་ནས་ཀྱང་མཚམས་མེད་ལ་སོགས་པ་མི་
དགེ་བའི་ལས་མི་སྡོམ་ཞིང་། ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིག་དང་སྡོམ་པ་ལ་སྲོག་དང་འདྲ་བར་མི་འཛིན་ན། དེའི་ཚེ་དེ་ལ་མཆོག་འགྲུབ་པར་སངས་རྒྱས་མི་བཞེད་དེ། སངས་རྒྱས་ཀྱི་ལུང་རྟོགས་ཀྱི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དཔེར་ན་བྱང་སེམས་རྒྱལ་སྲས་ཀྱི་སྡོམ་པའི་རྩ་ལྟུང་མ་བྱུང་ན། ཚེ་དེ་ལ་ས་དང་པོ་འཐོབ་རྒྱུ་ཡིན་པ་ལ་རྩ་ལྟུང་བྱུང་ན་དེ་ནས་སྡོམ་པ་སོར་ཆུད་ཀྱང་། ཚེ་དེ་ལ་ས་དང་པོ་ཐོབ་མི་སྲིད་པར་བྱང་ས་ལས་གསུངས་པ་བཞིན་ནོ། །དེ་ལ་ཚད་མེད་བཞི་ནི་སྔར་བཤད་པ་ལྟར་ཐུན་མོང་མིན་པའི་དབང་དུ་བྱས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱང་། བདེ་མཆོག་ལས། བདེ་སྟོང་གི་ཡེ་ཤེས་ཉིད་ལ་ལྡོག་པའི་སྒོ་ནས་དྲན་པ་ཉེ་བར་བཞག་པ་སོགས་སུ་ཕྱེ་ནས་བཤད་པ་ལྟར་རོ། །དེ་ལྟར་ཁ་ན་མ་ཐོ་བ་དང་བཅས་པའི་ལས་རྣམས་སྔགས་ལས་བཀག་པར་བཤད་པ་ལ་རྩོད་པ་ནི། འོ་ན་ཞེས་སོགས་ཏེ་གོ་སླའོ། །དེའི་ལན་ནི་དེ་ནི་བདེན་ཏེ་ཞེས་པ་ནས། ཞེས་པའོ་ཞེས་པའི་བར་ཏེ། དོན་ནི་ཤ་ལྔ་བཟའ་བར་གསུངས་ཀྱང་། དེའི་ཤ་ལྔ་ནི་ཕྱུགས་ཀྱི་མཆོད་སྦྱིན་སོགས་ཀྱི་དོན་དུ་གསད་པར་བྱ་བའི་མཚན་མ་བཏབ་པ་དང་། ཟ་བ་པོ་དེ་ལས་རིན་ཐོབ་པའི་ཆེད་དུ་བསད་པ་ཁ་ན་མ་ཐོ་བ་དང་བཅས་པའི་ཤ་མིན་གྱི། ཟས་ཀྱི་དོན་དུ་ཉོ་བཙོང་མེད་པར་ཁྱིའི་ཤ་ལ་སོགས་པ་དང་། ཆོམ་རྐུན་པས་བསད་པའི་མིའི་ཤ་ལ་སོགས་པ་བྱིན་གྱིས་བརླབས་ཤིང་བདུད་རྩི་རིལ་བུར་བྱས་པ་ལོངས་སྤྱོད་པར་གསུངས་པ་ཙམ་ཡིན་པས་སྐྱོན་མེད་དོ། ཞེས་བྱ་བའོ། །དེ་ལ་ཟ་བ་པོ་མེད་ན་གསོད་པ་པོ་མི་འབྱུང་བས། ཟ་བ་པོ་ལ་
སྡིག་ཏུ་འགྱུར་རོ། ཞེས་འདིར་ཕྱོགས་སྔ་མར་བཀོད་པ་འདི་ཉིད། དབུ་མ་སྙིང་པོར་ཡང་། ཕྱི་རོལ་པའི་འདོད་པར་བཀོད་ཅིང་། དེ་ལྟ་ན་བྲེ་སྲང་ལོག་པ་བྱེད་པ་པོའང་བྲེ་སྲང་དེ་ལ་ཉོ་འཚོང་བྱེད་མཁན་མེད་ན་མི་འབྱུང་བས་ཉོ་འཚོང་བྱེད་པ་པོ་ལ་བྲེ་ལོག་སྲང་ལོག་བྱས་པའི་སྡིག་འབྱུང་བར་འགྱུར་ཞིང་། གསད་བྱ་མེད་ན་གསོད་པ་པོ་མི་འབྱུང་བས་གསད་བྱ་ལའང་དེའི་སྡིག་འབྱུང་བར་འགྱུར་ཞེས་བཤད་དོ། །ཚེ་དེ་ཉིད་ལ་སངས་རྒྱས་སྟེར་བར་བཤད་པ་རྣམས་ཀྱི་དོན་བསྡུ་བ་ནི། དེ་ལྟར་ཞེས་སོགས་སོ། །འོ་ན་སྟེར་རྒྱུའི་སངས་རྒྱས་དེ་གང་ཞེ་ན། སངས་རྒྱས་ཉིད་ནི་ཞེས་པ་ནས། རབ་ཏུ་སྟེར་བའོ་ཞེས་པའི་བར་ཏེ། དེ་ལ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་བཞི་ནི་རིམ་བཞིན་ངོ་བོ་ཉིད་སྐུ་དང་། སྤྲུལ་སྐུ་དང་། ལོངས་སྐུ་དང་། ཆོས་སྐུའོ། །འདིས་སྔགས་བླ་མེད་ཀྱི་ལམ་གྱིས་ཚེ་དེ་ཉིད་ལ་སངས་རྒྱས་འགྲུབ་པར་གསུངས་པའི་སངས་རྒྱས་ནི་ས་དང་པོ་ལྟ་བུ་ལ་དགོངས་སོ་ཞེས་ཟེར་བའང་བཀག་གོ །ད་ནི་ཕུན་སུམ་ཚོགས་པ་ལྔ་ལྡན་རྒྱས་པར་འཆད་པ་ལ། སྟོང་པ་པོའི་གནས་ཕུན་སུམ་ཚོགས་པ་ནི། ཁ་ཅིག་བདེ་བ་ཆེན་པོའི་གནས་ནི་ས་ཕྱོགས་ལྟ་བུ་དང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟ་བུ་ཁང་བཟང་ལྟ་བུ་དང་། རྡོ་རྗེ་སེང་གེའི་ཁྲི་ནི་དེའི་ནང་གི་གདན་ལྟ་བུའོ། ཞེས་འཆད་ཀྱང་སྔ་མ་གཉིས་ཀ་ཕྱག་རྒྱ་ཆེན་མོ་ཉིད་གཅིག་པུ་ལ་སྦྱར་ནས་བཤད་པས་དེ་འདྲ་བའི་ཁྱད་པར་མེད་དོ། །དེས་ན་གནས་ནི་བདེ་བ་ཆེན་པོ་ཞེས་པ་ནས། གནས་སོ་ཞེས་པའི་བར་གྱིས་ཕྱག་རྒྱ་ཆེན་མོའི་ཆོས་འབྱུང་ཉིད་བདེ་བ་
ཆེན་པོའི་གནས་སུ་བསྟན་ལ་མཆོག་གི་དང་པོའི་ཞེས་པ་ནས། དེར་རོ་ཞེས་པའི་བར་གྱིས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་པྲ་ཕབ་པ་དང་མཚུངས་པ་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དོན་དུ་བཤད་དེ། དེ་གཉིས་ཀྱིས་གནས་ཕུན་སུམ་ཚོགས་པ་བཤད་དོ། །རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ་ནི། སྒྲ་ཟིན་ལྟར་བཤད་ན་སེང་གེའི་ཁྲི་གདན་དང་བཅས་པ་སྟེ། འམ་ཞེས་པའི་བར་རོ། །སྒྲ་ཟིན་པ་ལྟར་མ་ཡིན་པར་བཤད་ན་ཨེ་ཡིག་ཅེས་པ་ནས། དེ་ཡིས་སོ་ཞེས་པའི་བར་ཏེ། ཨེ་ཝཾ་གྱི་ངེས་དོན་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཉིད་ལ་བཞུགས་པའོ། ཞེས་པའི་དོན་ཏོ། །འཁོར་ཕུན་སུམ་ཚོགས་པ་ནི། སངས་རྒྱས་དང་ཞེས་པ་ནས། ཕྱག་བྱས་པ་དེ་ཡིས་སོ་ཞེས་པའི་བར་ཏེ། དེའང་གཟུགས་མེད་ཁམས་ཀྱི་ཕྱིར་མི་འོང་ལྟ་བུས་ནི་ཞབས་ལ་བཏུད་པ་ཡིན་ལ། གཞན་རྣམས་ཀྱིས་ནི་འདུད་པར་བྱ་བའི་གནས་ཡིན་ཅིང་གཞན་གོ་སླའོ། །མཛད་པ་ཕུན་སུམ་ཚོགས་པ་ནི། ཁམས་གསུམ་གྱི་ཞེས་སོགས་སོ། །དེའང་གཟུགས་མེད་ཁམས་སུ་ལུང་གི་ཆོས་འཁོར་བསྐོར་བ་མེད་ཀྱང་། དེར་སྐྱེས་པའི་འཕགས་པའི་རྒྱུད་ལ་རྟོགས་པའི་ཆོས་འཁོར་ཡོད་དོ། །ཆོས་ཕུན་སུམ་ཚོགས་པ་ནི། མཆོག་གི་ཞེས་སོགས་ཏེ། དེའང་སྐད་ཅིག་གཅིག་ལ་སོགས་པའི་མཚན་ཉིད་ཅན། འགྱུར་བ་མེད་པའི་བདེ་བ་ནི་མཆོག་ཡིན་ལ། བདེ་བ་དེ་ཡིས་དང་པོར་ཏེ། མི་འགྱུར་བའི་བདེ་བ་མཆོག་སྔོན་དུ་བསྐྱེད་པ་ལ་བརྟེན་ནས། སངས་རྒྱས་པ་ནི་མཆོག་གི་དང་པོའི་སངས་རྒྱས་དེ་ཡིས་སོ། །རིས་མེད་པ་ཞེས་པ་ལ། རིས་ནི་ཤེས་རབ་ཐབས་ཀྱི་བདག་ཉིད་
རེ་རེ་བ་གཅིག་སྟེ། དེའི་ཕྱོགས་སུ་མ་ཆད་པ་དང་། ཡང་གཟུང་བ་སྟོང་གཟུགས་ཀྱི་ཕྱག་རྒྱ་དང་། འཛིན་པ་བདེ་བ་ཆེན་པོ་གཉིས་སོ་སོར་རྒྱངས་ཆད་པའི་མཚན་ཉིད་ཀྱི་ཆོས་ནི། རིས་ཏེ་དེ་འདྲ་བའི་རིས་སུ་ཆད་པ་དེ་གང་གིས་སྤངས་པ་དེ་ནི་རིས་མེད་པ་སྟེ། དེ་འདྲ་བའི་རིས་མེད་པ་དེ་ཡིས་སོ། །བཅོམ་ལྡན་འདས་ནས། དེ་ཡིས་སོ་ཞེས་པའི་བར་ནི་སྔར་བཤད་པས་ཤེས་སོ། །ཞུ་བ་པོ་ཕུན་སུམ་ཚོགས་པ་ནི། ཟླ་བ་བཟང་པོ་ཞེས་སོགས་ཏེ། དེ་ལ་ཟླ་བ་བཟང་པོའི་མིང་དོན་ནི་འོད་དོ་ཞེས་པའི་བར་ཏེ། འདིར་ཉན་པ་པོ་ཞེས་པ་རྣ་བར་བསྒྱུར་བ་མི་ལེགས་སོ། །ཟླ་བཟང་དེ་ཉིད་རྒྱུད་ཐམས་ཅད་ཀྱི་སྡུད་པ་པོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིན་ལ། གསང་བའི་བདག་པོའི་དོན་ཐེག་དམན་པ་སོགས་ལའང་གསང་བར་བྱ་བའི་རྒྱུད་ཐམས་ཅད་ཀྱི་སྡུད་པ་པོ་ཡིན་པས་གསང་བའི་བདག་པོ་ཞེས་བྱའོ། ཞེས་འཆད་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཞེས་པ་ནས། དེའི་ཡང་དག་པར་སྡུད་པ་པོ་ཡིན་པས་ན་བདག་པོ་སྟེ། གསང་བའི་བདག་པོའོ། ཞེས་པའི་བར་རོ། །ཡང་གསང་བདག་གི་དོན། ཕྱི་རོལ་འཇིག་རྟེན་གྱི་ཐ་སྙད་ཀྱིས་བཤད་ན། གསང་བ་པ་ནི་དུར་ཁྲོད་ཀྱི་གནོད་སྦྱིན་རྣམས་ཡིན་ལ། དེ་དག་འཇོམས་པས་བདག་པོ་སྟེ། སེང་གེ་རི་དྭགས་གསོད་པ་ལ་དེའི་བདག་པོར་བརྗོད་པ་བཞིན་ནོ། ཞེས་པ་ནི་དེ་བཞིན་དུ་ཞེས་སོགས་སོ། །ནང་ལ་སྦྱར་ནས་བཤད་ན། ནང་དུ་ནི་ཞེས་པ་ནས། དེ་ཡིས་སོ་ཞེས་པའི་བར་ཏེ་གོ་སླའོ། །དེ་ལྟར་སྟོན་པ་ཕུན་ཚོགས་ལྔ་ལྡན་
བཤད་ནས། རྗོད་བྱེད་ཀྱི་མཚན་གྱི་ཁྱད་པར་ནི། མཆོག་གི་དང་པོའི་ཞེས་པ་ནས། རྗོད་པར་བྱེད་པའི་ཕྱིར་རོ། ཞེས་པའི་བར་གོ་སླ་ལ། འདིར་རིགས་ནི་ཞེས་པ་ནས། གསུངས་སོ་ཞེས་པའི་བར་གྱིས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་རྣལ་འབྱོར་གྱི་རྒྱུད་ཅེས་པའི་དོན་ནི། ཤེས་རབ་སྟོང་པ་ཉིད་དང་ཐབས་བདེ་བ་ཆེན་པོ་གཉིས་རེ་རེ་བ་འབའ་ཞིག་ཏུ་མ་སོང་བར་གཉིས་སུ་མེད་པར་སྦྱོར་བའི་རྒྱུད་ཡིན་པའི་ཕྱིར་རྣལ་འབྱོར་རྒྱུད་ཅེས་བྱའོ། ཞེས་བཤད་པའོ། །དེ་འདྲའི་ཐབས་ཤེས་གང་རུང་ཞིག་མི་སྟོན་ན། བླ་མེད་ཀྱི་རྒྱུད་དུ་མི་འགྱུར་ཞིང་། རྒྱུད་དེ་ལས་བཤད་པའི་ལམ་སངས་རྒྱས་ཀྱི་ལམ་གྱི་གནད་ཡོངས་སུ་རྫོགས་པར་མི་འགྱུར་བ་སོགས་ཀྱི་གནོད་པ་སྟོན་པ་ནི། བརྗོད་པར་བྱ་བ་ཞེས་པ་ནས། ཞེས་སོ་ཞེས་པའི་བར་རོ། །རྣལ་འབྱོར་ཆེན་པོའི་རྒྱུད་ཡིན་ན་བདེ་སྟོང་གི་ཡེ་ཤེས་གཉིས་ཀ་གཙོ་བོར་སྟོན་དགོས་པ་དེའི་ཕྱིར་རྒྱུད་གང་ལ་ཐབས་བདེ་བ་ཆེན་པོ་དང་། ཤེས་རབ་སྟོང་ཉིད་ཀྱི་བདག་ཉིད་ཀྱི་བརྗོད་པར་བྱ་བ་གཉིས་ཀ་ཡོད་པའི་རྒྱུད་དེ་ནི་དོན་དམ་པར་ཏེ། དོན་དམ་སྟོང་པ་ཉིད་བདེ་ཆེན་གྱི་ཡུལ་དུ་བྱས་པའི་དབང་དུ་བྱས་ན་ཤེས་རབ་འབའ་ཞིག་གི་རྒྱུད་ཀྱང་མིན་ལ། ཐབས་འབའ་ཞིག་གི་རྒྱུད་ཀྱང་མིན་ནོ། །དེས་ན་དོན་དམ་པར་ཞེས་པ་ནི་གཉིས་མེད་དོན་དམ་པར་གྲུབ་ཅེས་པའམ། དོན་དམ་པར་གཉིས་མེད་ཀྱི་རྒྱུད་ཡིན་ཞེས་པ་མིན་ཞིང་། གཉིས་སུ་མེད་པ་རྒྱུའི་ཐབས་ཤེས་དང་། ཕ་རྒྱུད་མ་རྒྱུད་དུ་འཇོག་པའི་ཐབས་ཤེས་ཁྱད་མེད་དུ་བྱས་ནས་ཀུན་རྫོབ་ཏུ་ཕ་རྒྱུད་མ་རྒྱུད་སོ་
སོར་འཇོག་གོ་ཞེས་བྱ་བ་ནི་མིན་ཏེ། དེ་ལྟ་ན་དོན་དམ་པར་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དུ་བཞག་པ་དེའང་དབང་པོ་བརྟུལ་པོའི་བསམ་ངོ་ལ་བལྟོས་ནས་བཞག་པར་ཐལ་ལོ། །ཡང་ངེས་དོན་ལ་ཐབས་ཤེས་སོ་སོ་བའི་རྒྱུད་དུ་མི་འཐད། དྲང་དོན་ལ་ཕ་རྒྱུད་མ་རྒྱུད་གཉིས་སུ་བཞག་ཅེས་པ་འདིའི་དོན་དུ་སྨྲས་ནས། ཡང་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་གསུམ་ལ་དོན་ཐོག་འགལ་བ་ཐ་དད་པ་སོ་སོར་འཇོག་པའང་ཁས་བླངས་འགལ་ལ། ངེས་དོན་དང་དྲང་དོན་ཡང་སྒྲ་ཇི་བཞིན་པ་ཡིན་མིན་ལ་བྱེད་པར་སྣང་བས། དོན་གྱིས་ཕ་རྒྱུད་མ་རྒྱུད་གཉིས་གཞི་མ་གྲུབ་པར་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་དོན་དམ་པར་ཞེས་པ་ནི་དོན་དམ་འཇལ་བ་ལ་ལྟོས་པའི་ཐབས་ཤེས་ཀྱི་དབང་དུ་བྱས་ནས་ཐབས་རྒྱུད་དང་ཤེས་རབ་ཀྱི་རྒྱུད་སོ་སོར་དབྱེར་མེད་ཅེས་པའོ། །དེས་ན་འདིར་དོན་དམ་ཞེས་པ་ནི། དེ་ཁོ་ན་ཉིད་རྟོགས་པའི་བདེ་བ་ཆེན་པོ་ལམ་གྱི་དོན་དམ་གྱི་དབང་དུ་བྱས་པ་ཡིན་ནོ། །འོ་ན་ཐབས་རྒྱུད་དང་ཤེས་རབ་ཀྱི་རྒྱུད་སོ་སོར་གང་གིས་འཇོག་ཅེ་ན། འཇིག་རྟེན་གྱི་ཐ་སྙད་ལ་བལྟོས་ནས་གདུལ་བྱ་དབང་རྟུལ་འགའ་ཞིག་གི་ངོར། ཡེ་ཤེས་ལྔའི་དབྱེ་བས་ཕུང་པོ་ལྔ་རྣམ་པར་དག་པ་ལྷ་ཕོར་སྟོན་ཞིང་། དེ་ཉིད་ཡེ་ཤེས་པ་དགུག་གཞུག་སོགས་ཀྱི་བྱ་བ་ལ་གཙོ་བོར་གྱུར་པའི་རྒྱུད་ནི་རྣལ་འབྱོར་པའི་རྒྱུད་དམ་ཐབས་རྒྱུད་དུ་འཇོག་ལ། ཡང་ཡེ་ཤེས་ལྔའི་དབྱེ་བས་ཁམས་ལྔ་དག་པ་ལྷ་མོར་སྟོན་ཞིང་། དེ་ཉིད་ཡེ་ཤེས་པ་དགུག་པ་སོགས་བྱ་བ་ལ་གཙོ་བོར་རྒྱུ་བ་ནི།
རྣལ་འབྱོར་མའི་རྒྱུད་ཡིན་ལ། རྣལ་འབྱོར་ཆེན་པོའི་རྒྱུད་ཅེས་པའི་རྣལ་འབྱོར་གྱི་དོན་གྱི་ཐབས་ཤེས་ནི་རྒྱུད་སྡེ་གཉིས་ཀ་ལ་རྗེས་སུ་འགྲོ་བའོ། ཞེས་འཆད་པ་ནི་འཇིག་རྟེན་ཞེས་པ་ནས། རྒྱུད་དུའང་འགྱུར་རོ་ཞེས་པའི་བར་ཡིན་ལ། འོན་ཀྱང་འདི་ནི་དབང་རྟུལ་གྱི་ངོ་ལ་བལྟོས་པའི་ཕ་རྒྱུད་མ་རྒྱུད་དུ་སོ་སོར་འཇོག་ཚུལ་ཕྱོགས་གཅིག་བསྟན་པ་ཙམ་ཡིན་གྱི། སྤྱིར་ཕ་རྒྱུད་མ་རྒྱུད་ཀྱི་འཇོག་བྱེད་འདིར་ངེས་པ་མ་ཡིན་ཞིང་། འོན་ཀྱང་ལྷ་ཕོ་མོའི་དགུག་གཞུག་སོགས་བྱེད་པ་འདིའང་རྒྱུད་གཉིས་ངེས་པ་ཅན་མིན་པར་འོག་ཏུ་སྟོན་པར་འགྱུར་རོ། །དེ་དག་གི་དོན་བསྡུ་བ་ནི། དེས་ན་ཞེས་སོགས་སོ། །རྡོ་རྗེ་འཛིན་པའི་ཞེས་སོགས་ཀྱི་དོན་ནི། ཕྱག་རྒྱ་ཆེན་མོ་དང་ཟུང་དུ་ཆུད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་དང་པོའི་སངས་རྒྱས་དེ་ཉིད། མཚན་ཡང་དག་པར་བརྗོད་པ་ལས་གསལ་བར་བཤད་པ་ཇི་ལྟ་བ་ལྟར་འདིར་ཡང་འཆད་པས། དེའི་ཕྱིར་མཚན་ཡང་དག་པར་བརྗོད་པས་འཁྱུད་པ་ཞེས་བྱའོ་ཞེས་པའོ། །འདིར་ཇི་ལྟར་ཞེས་སོགས་གོ་སླའོ། །དེ་ལ་དོགས་པ་སྤང་བ་ནི། འདིར་འདུས་པ་ལས། ཞེས་པ་ནས་བྱེད་པ་པོ་ཡིན་ནོ་ཞེས་པའི་བར་ཏེ། འདུས་པ་ལས། མར་མེ་མཛད་ནས་རྒྱལ་བ་ཤཱཀྱ་ཐུབ་པའི་བར་གྱི་སངས་རྒྱས་རྣམས་ཀྱིས་སྔགས་མ་བསྟན་པར་གསུངས་པ་ནི། ཡུལ་ཉི་ཚེ་བ་གངས་ཅན་ནས་འབིགས་བྱེད་ཀྱི་བར་གྱི་འཕགས་པའི་ཡུལ་ན་དུས་དེའི་ཚེ་སྔགས་སྟོན་པའི་དངོས་ཀྱི་གདུལ་བྱ་མེད་པས་ཡུལ་དུས་དེར་མ་བསྟན་པར་གསུངས་པ་ཡིན་གྱི་སྤྱིར་སངས་རྒྱས་དེ་
དག་གིས་ཀྱང་ཡུལ་དུས་གཞན་དུ་གདུལ་བྱ་གཞན་ལའང་མ་བསྟན་པ་ནི་མིན་ཏེ། ཐེག་པ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དེ་ཉིད་ནམ་ཡང་མི་སྟོན་ན་ཐམས་ཅད་མཁྱེན་པ་མིན་པར་འགྱུར་རོ། ཞེས་བྱ་བའོ། །དེ་དག་གི་དོན་བསྡུ་བ་ནི། དེའི་ཕྱིར་ཞེས་སོགས་སོ། །རྒྱུད་ཀྱི་རྒྱལ་པོ་ཞེས་པ་ནས། སྦས་པ་ཡིན་ནོ་ཞེས་པའི་བར་གྱི་དོན་ནི་རྒྱུད་གཞན་དུ་བཞི་པ་དེའང་དེ་བཞིན་ནོ། ཞེས་པ་འདིས་བཞི་པ་ཞེས་པས་གསུམ་པ་ལས་གཞན་དུའང་བསྟན་ལ། དེ་བཞིན་ནོ་ཞེས་པས་གསུམ་པ་དང་ཁྱད་མེད་པར་ཡང་བསྟན་པས་སྦས་པ་ཡིན་ནོ་ཞེས་བྱ་བའོ། །རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལ་ཞེས་སོགས་ཀྱི་དོན་ནི་རྡོ་རྗེའི་ཚིག་སྦས་པ་དེའི་དོན་ནི་བཤད་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྩ་རྒྱུད་ཀྱི་དོན་འབྱེད་པ་ལ་མཁས་པའི་བླ་མའི་མན་ངག་གིས་རྟོགས་པར་བྱའོ་ཞེས་པའོ། །དེས་ན་རྒྱུད་ནི་རྒྱུད་གཞན་དག་གིས་རྟོགས་པར་བྱ་ཞེས་པའི་དོན་དེ་ལྟར་ཡིན་གྱི། བསྡུས་རྒྱུད་གཞན་ཐམས་ཅད་ཀྱི་དོན་རྒྱུད་འདིས་བཤད་པར་བྱ་ཞེས་པ་མིན་ནོ། །རྡོ་རྗེ་ཚིག་གིས་སྦས་པ་དེའང་ཀུན་རྫོབ་དང་། དོན་དམ་བདེན་པའི་བྱེ་བྲག་གིས་ཚུལ་གཉིས་སུ་འགྱུར་ཚུལ་ནི། སྔགས་ཀྱི་ཚུལ་འདི་ལ་ཞེས་སོགས་སོ། །རྒྱུད་འདིར་དོན་དེ་དག་མ་སྦས་པར་གསལ་བར་བཤད་པ་ཡིན་ནོ། ཞེས་པ་ནི་དང་པོའི་སངས་རྒྱས་འདི་ལ་ཞེས་སོགས་སོ། །འདི་ཉིད་བསྒྲུབ་པ་ལ་ཞེས་པ་ནི། རྒྱུད་འདི་ལས་དེ་གསལ་བར་བསྟན་པར་བསྒྲུབ་པ་ལ། དུ་སོགས་ཀྱི་མཚན་མ་འབྱུང་བ་རྟགས་སུ་བཀོད་པ་
ནས་བསྒྲུབ་ཅེས་པ་མིན་གྱི། འོ་ན་ཅི་ཞེ་ན། རྒྱུད་འདི་ལས་བཞི་པའི་ལམ་གསལ་བར་བསྟན་ཚུལ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་ཉིད་བསྒྲུབ་པ་ལ་དེའི་རྒྱུར་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་མཚན་མའི་ལམ་མ་སྦས་པར་རབ་ཏུ་གསལ་བར་མཛད་དེ། ཚིག་ཇི་ལྟ་བུས་ན། རྩ་རྒྱུད་ལས། སྟོང་པར་ཞེས་པས་སོ། །དེས་ན་བཞི་པའི་ལམ་བླ་མའི་གསུང་འབའ་ཞིག་ལ་བལྟོས་མི་དགོས་པར་གསལ་བར་བསྟན་པ་ཡིན་ནོ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་ཞེས་སོགས་སོ། །བཞི་པའི་ལམ་འདི་ལའང་ཉིན་དང་མཚན་མོར་ཇི་ལྟར་བཤད་པ་བཞིན་དུ། མཚན་ཉིད་ལྡན་པའི་གདུལ་བྱས་བསྒོམས་ན་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་འབྱུང་བར་ཡིད་ཆེས་པའི་མཚན་མ་ཡོད་དེ། ཉི་མ་གཅིག་ནི་ཡོངས་སུ་བརྟག །ཅེས་དེ་ལྟར་བསྒོམས་ན་ཉིན་གཅིག་ལ་དུ་སོགས་ཀྱི་མཚན་མ་འཆར་བར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེ་འདྲའི་མཚན་མ་མྱུར་བ་སྒྲུབ་ཐབས་གཞན་ལ་དཀའ་འོ་ཞེས་པ་ནི། འདིར་ཞེས་སོགས་སོ། །དུ་སོགས་ཀྱི་མཚན་མའི་དབྱེ་བ་ནི།མཚན་མ་ཡང་ཞེས་པ་ནས། དངོས་གྲུབ་ཐོབ་པའོ་ཞེས་པའི་བར་ཏེ། དེའང་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་བསྒྲུབ་པའི་དགོས་པ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་ཕྱག་རྒྱ་ལ་བརྟེན་ནས་བསྒྲུབ་པའི་ཆེད་འབའ་ཞིག་ཡིན་ལ། བདེ་བ་དེ་བསྒྲུབ་པའི་དགོས་པའང་ཡུལ་ཅན་བདེ་བ་ཁྱད་པར་བ་དེ་ཡུལ་ཆོས་ཉིད་སྟོང་པ་ཉིད་དང་སྦྱར་ནས་བསྒོམས་ན། སྟོང་ཉིད་བསྒོམ་པ་པོའི་བློའི་ཁྱད་པར་གྱིས་
ཤེས་སྒྲིབ་སྤོང་བ་ལ་ནུས་པ་མཐུ་ཅན་དུ་གྱུར་ཏེ་མྱུར་དུ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་བྱ་བའི་ཆེད་ཡིན་ནོ། །དེ་ལ་སྦྱོར་བ་ཡན་ལག་དྲུག་གི་ཡན་ལག་དང་པོ་བཞི་ནི་གཙོ་བོར་གཟུགས་བསྒྲུབ་པ་ཡིན་ལ། དེས་བསྒྲུབས་པའི་སྟོང་གཟུགས་ཁྱད་པར་བའི་ཕྱག་རྒྱ་ཆེན་མོ་དེ་ནི་རྗེས་དྲན་གྱི་སྐབས་སུ་འགྲུབ་ལ། དེ་གྲུབ་པ་ན་ཕྱག་རྒྱ་དེ་ལ་བརྟེན་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་རིམ་བཞིན་ཐོབ་ནས། ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་བཞིན་འགགས་པའི་མགོ་ཏིང་ངེ་འཛིན་གྱི་ཡན་ལག་ནས་རྩོམ་པ་ཡིན་ནོ། །དེ་ལ་མི་འགྱུར་བའི་བདེ་བ་ཁྱད་པར་བ་དེ་སྐད་ཅིག་དང་པོ་ཐོབ་པ་ནས་དབུགས་སྟོང་བརྒྱད་བརྒྱ་འགགས་པའི་བར་ནི་མོས་པ་སྤྱོད་པའི་ས་སྟེ། དེ་དག་གི་སྐབས་ཀྱི་སྟོང་གཟུགས་ཁྱད་པར་བ་ནི་མཚན་མ་དང་པོའོ། །དེ་ནས་ས་བཅུ་གཅིག་ལ། ས་རེ་རེར་ཡང་དབུགས་སྟོང་བརྒྱད་བརྒྱ་རེ་འགགས་པའི་སྐབས་ཀྱི་སྟོང་གཟུགས་ཁྱད་པར་བ་ནི་མཚན་མ་བར་པའོ། །མི་འགྱུར་བའི་བདེ་བ་སྐད་ཅིག་མ་གསུམ་གྱིས་ཆིག་སྟོང་དྲུག་བརྒྱ་རྫོགས་པ་ས་བཅུ་གཉིས་པའི་སྐབས་ཀྱི་སྟོང་གཟུགས་ཀྱི་སྣ་ཚོགས་ཡུམ་ལྟ་བུ་ནི་མཚན་མ་ཐ་མའོ། ཞེས་བྱ་བའོ། །འདིར་མཚན་མ་ནི་མཚོན་བྱེད་ཀྱི་རྟགས་ལ་བྱའོ། །རྡོ་རྗེའི་ཚིག་ཅེས་པ་ནས། མངོན་དུ་གྱུར་པའོ་ཞེས་པའི་བར་ནི། དེ་དག་གི་དོན་བསྡུ་བའོ། །སངས་རྒྱས་རིན་ཆེན་ཞེས་སོགས་ལ།རྡོ་རྗེ་དང་པདྨ་ཨེ་ཝཾ་གྱི་དོན་ལ་འཆད་པ་ནི། ཟ་མ་ཏོག་གི་མིང་ཅན་གྱི་སྣོད་དང་། དེའི་ནང་གི་
རིན་ཆེན་ཁྱད་མེད་དུ་འགྱུར་བས། སྟོང་གཟུགས་ཕྱག་རྒྱ་དང་མཉམ་པར་སྦྱར་བའི་གསང་བའི་རྡོ་རྗེ་པདྨ་ལ་བྱའོ། །ད་ནི་བརྗོད་བྱའི་ཁྱད་པར་རྣམས་ལམ་བསྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་དང་། སྣོད་དུ་གྱུར་ནས་བསྒོམ་པར་བྱ་བའི་ལམ་རིམ་པ་གཉིས་དང་། ལམ་དེ་གཉིས་བསྒོམས་པས་ཐོབ་པར་བྱ་བའི་འབྲས་བུ་དངོས་གྲུབ་གཉིས་རྣམས་སུ་བསྡུས་ནས་འཆད་དོ། །དེ་ལ་འཇུག་པའི་རིམ་པ་ཐོག་མར་དབང་ནས་ཡིན་ཀྱང་། འདིར་བཤད་པའི་རིམ་པས་ཐོག་མར་བསྒོམ་བྱའི་ལམ་གཉིས་འཆད་པ་ནི། འཇིག་རྟེན་དང་ཞེས་པ་ནས། བསྟན་པའི་ཕྱིར་རོ་ཞེས་པའི་བར་ཏེ། དེའང་རྫོགས་རིམ་གྱི་སྐབས་སུ་འདོད་ལྷ་ཡབ་ཡུམ་གྱི་རྣམ་པར་རྟོག་པས་བཏགས་ནས་བསྒོམ་པ་ཙམ་མིན་པར་དངོས་པོ་ལའང་དེར་ཤར་བ་ཞིག་འོང་དགོས་པས་རྫོགས་རིམ་གྱི་དེ་འདྲའི་སྐབས་སུ་ལྷའི་ཞལ་ཕྱག་དང་ཁ་དོག་དབྱིབས་སོགས་སུ་རྟོག་པས་བཏགས་ནས་བསྒོམ་པ་དགག་པའི་ཕྱིར་དུ། ཁ་དོག་དང་དབྱིབས་ཀྱི་རྟོག་པ་དང་བྲལ་བ་ཞེས་རྟོག་པ་སྨོས་སོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་སོགས་ཀྱི་དོན་ནི། གཞི་དུས་ཀྱི་ཕུང་སོགས་རྣམས་བསྐྱེད་རིམ་དང་རྫོགས་རིམ་པའི་རིམ་པས་བྱང་ཆུབ་ལྔ་པོ་འདི་རྣམས་ཀྱི་སྒོ་ནས་སྒྲིབ་བྲལ་དུ་ཡོངས་སུ་དག་པར་བྱེད་དོ། ཞེས་བྱ་བའོ། །སྐུ་བཞི་དང་ཞེས་སོགས་ནི་བཤད་བྱ་དགོད་པའོ། །དེ་འཆད་པ་ལ་སྐུ་བཞི་ནི་ཞེས་སོགས་ཀྱི་དོན་ནི། སྐུ་བཞི་ལ་གཞི་དུས་དང་འབྲས་དུས་གཉིས་ལས། གཞི་དུས་ཀྱི་སྐུ་བཞི་ནི། གནས་སྐབས་བཞི་བསྐྱེད་པའི་ཐིག་ལེ་བཞི་ལ་སྐུ་བཞིར་ཐ་
སྙད་བྱེད་ཅིང་། འབྲས་དུས་སུ་ཐིག་ལེ་བཞི་པོ་སྒྲིབ་བྲལ་དུ་གྱུར་པ་ལ་སྐུ་བཞིར་འཇོག་གོ་ཞེས་བྱ་བའོ། །རིགས་དྲུག་ནི་གཞི་དུས་ཀྱི་སྒྲིབ་བཅས་ཀྱི་ཁམས་དྲུག་དང་། འབྲས་དུས་ཀྱི་སྒྲིབ་བྲལ་གྱི་ཁམས་དྲུག་གོ །བདེན་པ་རྣམ་པ་བཅུ་གཉིས་ནི། ཡན་ལག་བཅུ་གཉིས་ཡིན་ལ། དེ་ལའང་གཉིས་ལས། གཞི་དུས་ཀྱི་ཡན་ལག་བཅུ་གཉིས་ནི། མ་རིག་པ་ལ་སོགས་བཅུ་གཉིས་དང་། རླུང་འཕོ་བ་བཅུ་གཉིས་ཡིན་ལ། འབྲས་དུས་ཀྱི་ཡན་ལག་བཅུ་གཉིས་ནི། མ་རིག་པ་འགགས་པ་སོགས་བཅུ་གཉིས་དང་། འཕོ་བ་བཅུ་གཉིས་འགགས་པའོ། ཞེས་བྱ་བ་ཡིན་གྱི། འབྲས་བུའི་སྐབས་སུ་སྒྲིབ་བྲལ་གྱི་མ་རིག་པ་དང་ཞེས་སོགས་སུ་སྦྱར་བྱ་མིན་ཏེ། སྒྲིབ་པ་དང་བྲལ་བའི་སྒྲིབ་པ་མི་སྲིད་པའི་ཕྱིར་དང་། ཡན་ལག་བཅུ་གཉིས་འགགས་པའི་ཕྱིར། སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་བའོ། ཞེས་གསུངས་པས་སོ། །དེ་ཁོ་ན་ཉིད་བཅུ་དྲུག་ནི། ལྷན་ཅིག་སྐྱེས་པའི་དབྱེ་བས། ཞེས་པའི་བར་ཏེ། མདོར་ན་དགའ་བ་བཅུ་དྲུག་ཡིན་ལ། དེའང་མངལ་སྐྱེས་རྣམས་ཀྱི་གཞི་དུས་ཀྱི་དེ་ཁོ་ན་ཉིད་ནི། སྒྲིབ་པ་དང་བཅས་པ་ཡིན་ཏེ། བཅུ་དྲུག་ཕྱེད་ཕྱེད་ཅེས་པ་དགའ་བ་བཞི་པོ་རེ་རེ་ལའང་ཁམས་འབབ་པའི་གནས་ཀྱི་དབྱེ་བས། སྐུའི་དགའ་བ་གསུང་གི་དགའ་བ། ཞེས་སོགས་བཞི་བཞིར་ཕྱེ་བའི་སྐབས་སུ་ཐིག་ལེ་འདོར་བའམ་འཛག་པའི་ཕྱིར་རོ། །སངས་རྒྱས་རྣམས་ནི་སྒྲིབ་པ་དང་བྲ་བ་ཡིན་ཏེ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་
སྟེ། དགའ་བ་བཅུ་དྲུག་གི་འཛག་པའི་དྲི་མ་སྤངས་པ་ཉིད་ཀྱི་ཕྱིར་རོ། །སྟོང་པ་ཉིད་བཅུ་དྲུག་པོ་རྣམས་ནི་ཞིབ་པར་འོག་ཏུ་བཤད་པར་བྱའོ། །སྙིང་རྗེ་བཅུ་དྲུག་བཤད་པ་ནི། སྟོང་པ་ཉིད་ལྔ་ཚན་གསུམ་རེ་རེའང་རིམ་པ་བཞིན་ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ་དང་སྦྱར་བ། དེ་བཞིན་དུ་སྙིང་རྗེའང་དེ་ལྟར་སྦྱར་བ་ལྔ་ཚན་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་ལྔ་དང་། ཆོས་ལ་དམིགས་པ་ལྔ་དང་། དམིགས་པ་མེད་པ་ལྔའོ། །དེ་ལ་ཞེས་སོགས་ལྔ་ཚན་གསུམ་པོ་དེ་རིམ་བཞིན་དཀར་ཕྱོགས་ཀྱི་ཚེས་བཅོ་ལྔ་དང་སྦྱར་བའོ། །དེ་ལ་ཁ་ཅིག །སེམས་ཅན་ལ་དམིགས་པ་ནི། ལས་རྒྱ་ལ་བརྟེན་པ་དང་། ཆོས་ལ་དམིགས་པ་ཡེ་རྒྱ་དང་། དམིགས་མེད་ནི་ཕྱག་ཆེན་ལ་བརྟེན་པའི་བདེ་བའོ། ཞེས་འཆད་ཀྱང་། ཕྱག་རྒྱ་ཆེན་མོ་ཉིད་ཀྱི་བདེ་བ་ལའང་སྙིང་རྗེ་བཅུ་དྲུག་ཏུ་དབྱེར་ཡོད་པས་མི་འཐད་དོ། །རང་ལུགས་ནི། ཐུན་མོང་གི་སྙིང་རྗེ་ལ་ཕྱེ་བའི་སེམས་ཅན་ལ་དམིགས་པ་ལ་སོགས་གསུམ་ནི། རིམ་བཞིན་སྙིང་རྗེ་ཆུང་འབྲིང་ཆེ་གསུམ་ཡིན་ཞིང་། འདིར་ཡང་ལྔ་ཚན་གསུམ་རིམ་བཞིན་བདེ་བ་ཆུང་འབྲིང་ཆེ་གསུམ་ཡིན་པས། དེ་ཙམ་ཞིག་འདྲ་བའི་ཆ་ནས་དེ་ལྟར་ཐ་སྙད་བྱས་པའོ། །དེའང་ཕྱི་རོལ་ན་དཀར་ཕྱོགས་ཀྱི་ཚེས་བཅོ་ལྔ་པ་དང་། ནག་ཕྱོགས་ཀྱི་ཚེས་གཅིག་གི་བར་ན་བཅུ་དྲུག་པའི་ཆ་གཞན་མེད་ལ། དེ་བཞིན་དུ་ནག་ཕྱོགས་ཀྱི་བཅོ་ལྔ་པ་གནམ་སྟོང་རྫོགས་ནས། དཀར་ཕྱོགས་ཀྱི་ཚེས་གཅིག་མ་ཞུགས་པའི་བར་ན་བཅུ་དྲུག་པའི་ཆ་གཞན་མེད་དེ།
དེ་འདྲ་ཡོད་ན་ཟླ་བ་གཅིག་ལ་ཚེས་ཞག་སོ་གཉིས་ཡོད་པར་འགྱུར་རོ། །འོན་ཀྱང་ནང་གི་དཀར་ཕྱོགས་ཀྱི་ཆ་བཅོ་ལྔ་པ་དང་། ནང་ཕྱོགས་ཀྱི་ཆ་དང་པོའི་བར་ན། ཆ་བཅུ་དྲུག་པ་དངོས་གནས་ལའང་ཡོད་ཅིང་། དེ་བཞིན་དུ་ནང་གི་ནག་པོའི་ཆ་བཅོ་ལྔ་པ་དང་། དཀར་པོའི་ཚེས་གཅིག་གི་བར་ནའང་ཆ་བཅུ་དྲུག་པ་དངོས་གནས་ལ་ཡོད་པས། ནང་གི་དེ་མཚོན་བྱེད་དུ་ཕྱིའི་ལའང་ཆ་བཅུ་དྲུག་པའི་ཐ་སྙད་བྱས་པ་ཙམ་ཡིན་ནོ། །དེ་ལྟར་ཡིན་པ་ལ། འདིར་སྟོང་པ་ཉིད་དང་སྙིང་རྗེ་བཅུ་དྲུག་པ་ནི། ནང་གི་ཆ་བཅུ་དྲུག་པ་གཉིས་དང་རིམ་བཞིན་སྦྱར་ཞིང་། ཕྱིའི་ཚེས་ཀྱི་ཆ་བཅུ་དྲུག་པ་གཉིས་སུ་ཐ་སྙད་བྱས་པ་དག་དང་སྦྱར་བའོ། །དེ་ལྟ་བུའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་ཉིད་བརྗོད་བྱ་ཡིན་ནོ། ཞེས་པ་ནི། འདི་དག་ཅེས་སོགས་སོ། །ལམ་དེ་བསྒོམ་པའི་སྣོད་རུང་དུ་བྱེད་པའི་དབང་བསྐུར་བ་ནི། འཇིག་རྟེན་པ་དང་ཞེས་པ་ནས། སྦྱོང་བར་བྱེད་པའོ་ཞེས་པའི་བར་དེ་འོག་ཏུ་འཆད་དོ། །དབང་ཐོབ་ནས་ལམ་རིམ་གཉིས་བསྒོམས་པའི་འབྲས་བུ་དངོས་གྲུབ་གཉིས་ནི། ལས་དང་ཞེས་པ་ནས། སངས་རྒྱས་སོ་ཞེས་པའི་བར་ཏེ། དེ་ལ་འདོད་པ་ན་སྤྱོད་པ་ནི། ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཐོབ་ཅེས་པའི་དོན་འཛག་པའི་བདེ་བ་ཉིད་འདོད་པ་ན་སྤྱོད་པའི་དངོས་གྲུབ་ཏུ་བྱེད་པ་མི་འཐད་དེ། འདི་ནི་ལས་རྒྱ་ལ་བརྟེན་ནས་ཀྱང་། ཁམས་ཕྱིར་མི་འཛག་པར་སོང་བ་ན། ལས་རྒྱ་ལ་བརྟེན་ནས་ཐུན་མོང་གི་དངོས་གྲུབ་
བསྒྲུབ་པ་ལའང་བཤད་དགོས་པའི་ཕྱིར་རོ། །དེས་ན་ཕྱག་རྒྱ་ལ་བརྟེན་ནས་བསྒྲུབ་པར་བྱ་བའི་ཐུན་མོང་གི་དངོས་གྲུབ་ལ་གཉིས་ལས། འདོད་པའི་སས་བསྡུས་པ་ནི་ལས་རྒྱ་ལ་བརྟེན་ནས་འགྲུབ་ལ། གཟུགས་ཀྱི་སས་བསྡུས་པ་ཡེ་རྒྱ་ལ་བརྟེན་ནས་འགྲུབ་ཅེས་བྱ་བའི་དོན་ཏོ། །དེ་ལྟར་བརྗོད་པའི་རིམ་པས་ཞེས་པ་ནས། མ་ཡིན་ནོ་ཞེས་པའི་བར་ནི་སྔར་བཤད་རྣམས་ཀྱི་དོན་བསྡུས་པའོ། །གཉིས་པ་བསྡུས་པའི་རྒྱུད་དང་། དེའི་འགྲེལ་པ་དང་། དེ་འཆད་པ་པོ་ལ་སོགས་པ་ལུང་བསྟན་པའི་ཚུལ་རྒྱས་པར་འཆད་པ་ནི། མཆོག་གི་དང་པོའི་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་པ་ལ་སོགས་པའོ། །མདོར་བསྡུས་གཉིས་པའི་དཀའ་བའི་གནས་རྣམ་པར་བཤད་པའོ། །ད་ནི་མདོར་བསྡུས་གསུམ་པ་བཤད་པར་བྱ་སྟེ། དེ་ལ་བཤད་པར་དམ་བཅའ་བ་བརྗོད་པ་ནི། ད་ནི་འདིར་ཞེས་པ་ལ་སོགས་པའོ། །དེའི་འོག་ཏུ་མདོར་བསྡུས་དངོས་བཤད་པ་ལ། སྔ་མ་དང་ཕྱི་མ་འགལ་བ་མེད་པའི་ཕྱིར་རོ། ཞེས་པ་ཡན་ཆད་ཀྱིས་རྒྱུད་སྟོན་པ་པོ་དང་གསོལ་བ་འདེབས་པ་པོའི་འགྲེལ་པ་ལ་རྩོད་པ་སྤངས་ནས། དེ་གཉིས་ཇི་ལྟར་འགྲེལ་པའི་ཚུལ་འཆད་པར་བྱེད་ལ། ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཞེས་པ་མན་ཆད་ཀྱིས་རྩ་རྒྱུད་ཇི་ལྟར་གསུངས་པའི་ཚུལ་དང་། རྩ་རྒྱུད་ལས་སྤྲུལ་པའི་ཆོས་རྒྱལ་རྣམས་ཇི་ལྟར་ལུང་བསྟན་ཅིང་། ལུང་བསྟན་པ་ལྟར་མཛད་ཚུལ་རྣམས་འཆད་པར་བྱེད་དོ། །དེ་ལས་རེ་ཞིག་རྩ་རྒྱུད་སྟོན་པ་པོ་
དང་གསོལ་བ་འདེབས་པ་པོའི་འགྲེལ་པ་ལ་རྩོད་པ་སྤང་པ་དང་པོར་འཆད་པ་ལ། རྩོད་པ་དགོད་པ་ནི། གལ་ཏེ་ཞེས་པ་ནས། ཞེ་ན་ཞེས་པའི་བར་རོ། །དེ་ལ་སྔ་མ་དང་ཕྱི་མ་ཞེས་པའི་དོན། སྔ་མ་དཔལ་ལྡན་འདུས་པའི་རྩ་རྒྱུད་ལྟ་བུ་དང་། ཕྱི་མ་དུས་འཁོར་གྱི་རྩ་རྒྱུད་གཉིས་འགལ་ཞེས་པ་ལ་ཁ་ཅིག་འཆད་མོད་ཀྱང་། རྒྱུད་དེ་གཉིས་སྔ་ཕྱི་དེ་ལྟར་གསུངས་པ་ལ་ཤེས་བྱེད་མེད་ཅིང་། སྐབས་སུ་མ་བབ་བོ། །དེས་ན་རང་ལུགས་ནི། སྟོན་པ་པོ་ལ་བཞག་པའི་སྔ་ཕྱི། རྩ་རྒྱུད་སྟོན་པ་པོ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ནི་ཕྱི་མ་དང་དེ་སྤྲུལ་པ་པོ་ནི་སྔ་མ་ཡིན་ལ། འོན་ཀྱང་དེ་གཉིས་འགལ་བར་རྩོད་པ་མིན་ཞིང་། ཤཱཀ་ཐུབ་རྒྱུད་སྟོན་པ་པོར་འགྲེལ་པ་ཕ་རོལ་པོས་ཁས་བླངས་ནས་རྒོལ་བ་ཡིན་པས། འདིར་དེ་འདྲའི་སྔ་ཕྱི་ལའང་མི་བྱའི། རྒྱུད་ཞུ་བ་པོ་ལ་བཞག་པའི་སྔ་ཕྱི། སྤྲུལ་པ་པོ་ཕྱག་རྡོར་སྔ་མ་དང་། དེས་སྤྲུལ་པའི་ཟླ་བཟང་ཕྱི་མ་ཡིན་ལ། འདིའི་སྔ་ཕྱི་ནི་དེ་ཉིད་ལ་བྱ་ཞིང་། དེའང་དོན་ལ་དེ་ལྟར་ཡིན་ཀྱང་། ཕ་རོལ་པོས་ཕྱག་རྡོར་སྤྲུལ་པ་པོ་དང་། ཟླ་བཟང་དེས་སྤྲུལ་པ་ཡིན་པར་མ་ངེས་པར་རྩོད་པ་ཡིན་གྱི། ངེས་ན་ཕྱག་རྡོར་རྒྱུད་ཞུ་བ་པོར་འཐད་པ་ཕ་རོལ་པོ་རང་ཡང་ཁས་ལེན་པ་རྩོད་དོན་མེད་དོ། །དེའི་ཕྱིར་དེ་གཉིས་སྔ་ཕྱི་དེ་ལྟར་མ་ཤེས་པའི་རྩོད་པ་འབྱུང་སྟེ་ཞེས་པ་ནི། སྔ་མ་དང་ཕྱི་མར་རྒྱུད་ཀྱི་འགྲེལ་བཤད་མ་ཐོས་པའི་ཚིག་འབྱུང་བར་འགྱུར་ཏེ། ཞེས་
པའོ། །རྩོད་པ་ཇི་ལྟ་བུ་ཞེ་ན། རྒྱལ་པོ་ཟླ་བཟང་རྒྱུད་ཞུ་བ་པོར་མི་རིགས་ཏེ། ལྷ་མོ་རྣམ་པར་རྒྱལ་མའི་མངལ་ནས་བྱུང་བའི་མངལ་སྐྱེས་ཡིན་པའི་ཕྱིར། དེས་ན་ཕྱག་ན་རྡོ་རྗེ་ནི་རྒྱུད་ཕལ་ཆེ་བ་སྡུད་པ་པོ་དང་། གསོལ་བ་འདེབས་པ་པོ་ཡིན་པ་བཞིན་དུ་འདིར་ཡང་རིགས་ཀྱི། ཟླ་བ་བཟང་པོ་ནི་རྒྱུད་གཞན་གང་དུའང་གསོལ་བ་འདེབས་པ་པོར་མ་ཐོས་ཤིང་། རྒྱུད་ཀྱི་གསོལ་བ་འདེབས་པ་པོར་འགྱུར་བར་ལུང་བསྟན་པའང་མེད་པས་དེའི་ཕྱིར་ཡང་ཞུ་བ་པོར་མི་རིགས་སོ། ཞེས་པ་ནི། རྡོ་རྗེ་ཐེག་པ་འདི་ལ་ཞེས་སོགས་སོ། །གཉིས་པ་དེའི་ལན་ནི། འོ་ན་མངལ་སྐྱེས་ཡིན་པས་སྔགས་ཀྱི་ཐེག་པ་ལ་རྒྱུད་ཞུ་བ་པོར་མི་རིགས་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའང་རྒྱུད་གསུང་བ་པོར་མི་རིགས་པར་ཐལ། ལྷ་མོ་སྒྱུ་འཕྲུལ་གྱི་མངལ་ནས་བྱུང་བའི་མངལ་སྐྱེས་ཡིན་པའི་ཕྱིར། ཞེས་པ་ནི་དེའི་ཕྱིར་བརྗོད་པར་བྱ་སྟེ། ཞེས་པ་ནས། གང་གི་ཕྱིར་བཅོམ་ལྡན་འདས་ཀྱང་མངལ་ནས་བྱུང་བ་ཉིད་ཡིན་པའི་ཕྱིར། ཞེས་པའི་བར་གྱིས་མདོར་བསྟན་ཅིང་། དེའི་འོག་གི་མངལ་ནས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། ཞེས་པའི་བར་གྱིས་རྒྱས་པར་བཤད་དོ། །དེ་ལ་ཕ་རོལ་པོས་མི་མཚུངས་པའི་ལན་སྨྲ་བའི་ཚུལ་ནི། ཡང་འགའ་ཞིག་ཅེས་པ་ནས། ཞེས་པའི་བར་ཏེ། དེའང་དེ་གཉིས་མི་མཚུངས་ཏེ། བཅོམ་ལྡན་འདས་མངལ་ནས་བྱུང་ཡང་། དེའི་རྗེས་སུ་བདུད་བཅོམ་པ་སྔོན་དུ་བཏང་སྟེ། བྱང་ཆུབ་བརྙེས་པར་བྱས་ནས་
གདོད་ཆོས་འཁོར་བསྐོར་བ་ཡིན་ལ། ཟླ་བཟང་གིས་མངལ་ནས་བྱུང་ནས། རྒྱུད་སྡུད་པའི་གོང་དུ་བདུད་བཅོམ་པ་མེད་པས་སོ། ཞེས་བྱ་བའོ། །དེའང་ཕ་རོལ་པོའི་བསམ་ཚོད་ནི། སྟོན་པ་ཤཱཀྱ་ཐུབ་པས་བདུད་བཅོམ་པ་ནི། འཕགས་ཡུལ་དུ་མཛད་པ་བཅུ་གཉིས་བསྟན་པའི་ཡ་གྱལ་གྱི་བདུད་བཅོམ་པ་དེ་ཉིད་ཡིན་གྱི་དེ་གོང་དུ་བདུད་མ་བཅོམ་ལ། འཚང་རྒྱ་བའང་དེའི་རྗེས་སུ་ཐོ་རངས་སངས་རྒྱས་པའི་མཛད་པ་བསྟན་པ་དེ་ཉིད་སྔར་སངས་མ་རྒྱས་པ་གསར་དུ་སངས་རྒྱས་པ་ཡིན་པར་ཁས་བླངས་ལ། དེས་ན་བདུད་བཅོམ་པ་ནི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་དམག་ལ་སོགས་ཕྱི་རོལ་གྱི་བདུད་བཅོམ་པ་ཉི་ཚེ་བ་ལ་བཟུང་བའོ། །དེ་དགག་པ་ནི། མི་མཚུངས་པའི་སྒྲུབ་བྱེད་དུ་སྟོན་པས་བདུད་བཅོམ་ནས་སངས་རྒྱས་པའི་ཕྱིར། ཞེས་སྨྲས་པའི་ཚིག་ལས་ནི། བདུད་བཅོམ་པ་དང་དེའི་རྗེས་སུ་སངས་རྒྱས་པ་གཉིས་ཤིན་ཏུ་འགལ་བ་སྟེ། དེས་དེ་མི་མཚུངས་པའི་སྒྲུབ་བྱེད་དུ་མི་འཐད་དེ། རྟགས་རང་ཉིད་མ་གྲུབ་པ་ཡིན་པས་བསྒྲུབ་བྱ་གཞན་གྱི་སྒྲུབ་བྱེད་ཡང་དག་མིན་པའི་ཕྱིར་རོ། །ཁ་ཅིག་རང་ཉིད་སངས་རྒྱས་སུ་མ་གྲུབ་པར་གཞན་ཤེས་བྱ་ཐམས་ཅད་མཁྱེན་ཏེ་ཆོས་སྟོན་པ་པོ་སོགས་ཀྱི་སྒྲུབ་བྱེད་མ་ཡིན་པའི་ཕྱིར། ཞེས་འཆད་པ་ནི། ཚིག་དོན་ལ་མ་ཞུགས་ཤིང་། འོག་གི་འདིར་ཞེས་སོགས་དང་མ་འབྲེལ་ལོ། །བདུད་བཅོམ་པ་དང་དེའི་རྗེས་སུ་སངས་རྒྱས་པ་གཉིས་འགལ་བའི་རྒྱུ་
མཚན་ཅི་ཞེ་ན། དེ་འཆད་པ་ནི། འདིར་ནས་མི་ཕྱེད་དོའི་བར་ཏེ། དེ་གཉིས་འགལ་བར་ཐལ། སངས་རྒྱས་མིན་པའི་བདུད་མ་ལུས་པར་བཅོམ་པའི་གང་ཟག་ལྷ་ལ་སོགས་པའི་རིགས་གང་ཡང་མི་སྲིད་པའི་ཕྱིར་ཞེས་པའོ། །ཁོ་ན་རེ། འོ་ན་དེ་ལྟར་མི་སྨྲའི། སངས་རྒྱས་ནས་བདུད་བཅོམ་པར་སྨྲའོ་ཞེ་ན། དང་པོར་ནས། ཕྱིར་རོ་ཞེས་པའི་བར་ཏེ། སངས་རྒྱས་ནས་དེའི་རྗེས་སུ་བདུད་བཅོམ་པའང་མི་རིགས་པར་ཐལ། སངས་རྒྱས་ནས་སྒྲིབ་པ་མེད་པའམ་སྤངས་པས་ཁྱབ་པའི་ཕྱིར། ད་གདོད་བདུད་འཇོམས་དགོས་ན་སྒྲིབ་པའང་ད་གདོད་སངས་རྒྱས་ཟིན་པའི་རྗེས་སུ་སྤང་དགོས་པར་འགྱུར་ལ། དེ་ལྟ་ན་སྒྲིབ་པ་མ་སྤངས་ཤིང་སངས་རྒྱས་ཡིན་པ་ཡོད་པར་འགྱུར་རོ། ཞེས་བྱ་བའོ། །གལ་ཏེ་སངས་རྒྱས་པ་དང་བདུད་འཇོམས་པའི་བྱ་བ་བྱེད་པ་དུས་མཉམ་པ་ཡིན་ནོ་ཞེ་ན། སངས་རྒྱས་པ་དང་བདུད་འཇོམས་པའི་བྱ་བ་ཅིག་ཅར་ཡང་མི་བྱེད་དེ། གང་གི་ཚེ་ད་དུང་བཅོམ་པར་བྱ་བའི་བདུད་ཡོད་པ་དེའི་ཚེ་སངས་རྒྱས་ཉིད་མིན་ཏེ། བདུད་ཡོད་ན་སེམས་སྒྲིབ་པ་དང་བཅས་པ་ཡིན་དགོས་པའི་ཕྱིར་རོ། །གང་གི་ཚེ་སངས་རྒྱས་ཉིད་ཡིན་པ་དེའི་ཚེ། ད་དུང་བཅོམ་དགོས་པའི་བདུད་མེད་དེ། སངས་རྒྱས་ཡིན་ན་སེམས་སྒྲིབ་པ་དང་བྲལ་ཟིན་པས་ཁྱབ་པའི་ཕྱིར་རོ། ཞེས་པའི་ཕྱོགས་སམ་བརྟག་པ་གསུམ་པོ་འདི་ལས་གཞན་དུ་འགྱུར་བ་ཅི་ཞིག་ཡོད། དེས་ན་བཅོམ་ལྡན་འདས་ནི་ལྷ་མོ་སྒྱུ་འཕྲུལ་གྱི་མངལ་ནས་འབྱུང་བའི་ཚེ། སངས་རྒྱས་ཟིན་པ་ཡིན་གྱི།
དེའི་ཕྱིས་ད་གདོད་སངས་རྒྱས་པ་མིན་ཏེ། མངལ་ནས་འབྱུང་བའི་དུས་ཉིད་ནས་འཁོར་ལོས་སྒྱུར་རྒྱལ་ལས་ཀྱང་ཆེས་གསལ་ཞིང་རྫོགས་པའི་མཚན་དཔེ་དང་མངོན་ཤེས་དྲུག་ཀ་དང་ལྡན་ཞིང་། སངས་རྒྱས་མ་གཏོགས་གཞན་དུའང་དེ་ལྟ་བུ་འཛམ་གླིང་ལས་ཀྱི་ས་འདིར་ཡང་མི་སྲིད་ན་གཞན་དུ་སྲིད་པ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར། ཞེས་སྟོན་པ་ནི། ལས་ཀྱི་ས་འདིར་ཞེས་སོགས་སོ། །འོ་ན་བདུད་འཇོམས་པའི་ཚུལ་ཁྱོད་རང་ཇི་ལྟར་འདོད་ཅེ་ན། མཛད་པ་བཅུ་གཉིས་བསྟན་པའི་དུས་ཀྱི་ལྷའི་བུའི་དམག་ལྟ་བུ་ཕྱི་རོལ་གྱི་བདུད་བཅོམ་པ་ཁོ་ན་བདུད་བཅོམ་པའི་དོན་དུ་ཁས་བླངས་ན། གོང་དུ་བཤད་པའི་བརྟག་པ་གསུམ་པོ་དེ་གང་རུང་ཞིག་ལས་ཁས་བླངས་པ་མེད་ཅིང་། གསུམ་པོ་གང་ཡང་མི་འཐད་པ་དེའི་ཕྱིར། བདུད་ཅེས་བྱ་བ་ནི་ཕྱི་རོལ་གྱི་མིན་གྱི་སེམས་ཅན་གྱི་འཁོར་བའི་བག་ཆགས་ཀྱི་སེམས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི། འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །འོ་ན་ཕྱི་རོལ་གྱི་བདུད་བཅོམ་པ་ཁོ་ན་བདུད་འཇོམས་པའི་དོན་དུ་བྱས་ན་གོང་གི་བརྟག་པ་གསུམ་པོ་དེར་ཁ་ཚོན་ཆོད་ནས་བདུད་འཇོམས་ཚུལ་གཞན་བྱས་མེད་ལ། སེམས་ཀྱི་དྲི་མ་ལ་བདུད་དུ་བྱས་ན་བདུད་འཇོམས་ཚུལ་གོང་གི་གསུམ་པོ་དེ་ལས་གཞན་བྱས་ཡོད་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། མངོན་པ་ཀུན་ལས་བཏུས་ལས། གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་
པོའི་རྣམ་པ་དེ་སྐྱེ་བ་དང་། གནས་ངན་ལེན་གྱི་རྣམ་པ་དེ་འགག་པ་ནི་མཉམ་པས་མཉམ་པ་སྟེ། དཔེར་ན་སྣང་བ་དང་མུན་པ་འབྱུང་བ་དང་འགག་པ་བཞིན་ནོ། ཞེས་གསུངས་པ་ལྟར་སྤང་བྱ་སེམས་ཀྱི་དྲི་མ་གང་འགག་པ་ལ་མངོན་དུ་ཕྱོགས་པ་དང་། དེའི་གཉེན་པོ་བར་ཆད་མེད་ལམ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ་ལ། སེམས་ཀྱི་དྲི་མ་གང་ཞིག་འགག་པ་དང་། དེའི་གཉེན་པོར་བར་ཆད་མེད་ལམ་སྐྱེས་པ་དུས་མཉམ་པར་གསུངས་པ་ལྟར། ནང་གི་བདུད་སེམས་ཀྱི་དྲི་མའི་བག་ཆགས་མ་ལུས་པར་འགག་པ་ལ་མངོན་དུ་ཕྱོགས་པ་དང་། འཚང་རྒྱ་བ་ལ་མངོན་དུ་ཕྱོགས་པ་དུས་མཉམ་ལ། སངས་རྒྱས་པ་དང་བདུད་བཅོམ་པ་དུས་མཉམ་པ་ཡིན་ཅིང་། ཚུལ་འདི་ནང་ལ་རུང་ཡང་ཕྱིའི་བདུད་ཁོ་ན་ལ་བྱས་ན་མི་རུང་སྟེ། སྲོད་ལ་ལྷའི་དམག་ཚོགས་ཀྱི་བདུད་འདུལ་བའི་མཛད་པ་བསྟན་པ་དེ་ཁོ་ན་ལ་བདུད་འདུལ་བའི་དོན་དུ་བྱས་ན། དེའི་ཐོ་རངས་སངས་རྒྱས་པའི་མཛད་པ་བསྟན་པ་ཉིད་སངས་རྒྱས་པའི་དོན་དུ་བྱེད་དགོས་པས་སོ། །གནས་ངན་ལེན་དམིགས་རྣམ་མི་འཛིན་པས། དེ་ལམ་ད་ལྟ་བ་དང་རྒྱུད་གཅིག་ལ་མཉམ་དུ་འཇུག་པ་ཀུན་ལས་བཏུས་ཀྱི་གཞུང་དེའི་དོན་དུ་སྨྲ་བ་ནི། སྣང་མུན་གྱི་དཔེ་ལ་མ་བརྟགས་པ་ཡིན་ཞིང་། སྤང་གཉེན་འབྱུང་བ་དང་འགག་པ་དུས་མཉམ་པར་དངོས་སུ་གསུངས་པས་གནོད་དོ། །སངས་རྒྱས་པའི་སེམས་དྲི་མ་ཐམས་ཅད་དང་བྲལ་བ་དེ་ལྟར་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལས། སངས་རྒྱས་པའི་སེམས་གང་ཞིག་འོད་གསལ་བར་ཡོད་པའི་སེམས་དེ་ནི་དྲི་མ་དང་བཅས་པའི་སེམས་མ་ཡིན་ནོ། ཞེས་རང་བཞིན་གྱིས་འོད་གསལ་བར་གསུངས་ཏེ། དེ་ལྟར་གསུངས་པའི་འོད་གསལ་བ་དེ་ཉིད་ནི་རང་བཞིན་རྣམ་དག་ཙམ་མིན་གྱི་གློ་བུར་གྱི་འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །དེ་དག་གི་དོན་བསྡུ་བ་ནི། དེའི་ཕྱིར་ཞེས་སོགས་སོ། །འོ་ན་བདུད་དེའི་གོང་དུ་བཅོམ་ཟིན་ན་མཛད་པ་བཅུ་གཉིས་ཀྱི་ཡ་གྱལ་གྱི་ཕྱི་རོལ་གྱི་བདུད་བཅོམ་པ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། འདིར་ཕྱི་རོལ་ཏུ་སངས་རྒྱས་ཀྱིས་བདུད་བཅོམ་པ་གང་ཡིན་པ་དེ་ནི། གདུལ་བྱའི་ངོར་ཚུལ་བསྟན་པ་ཙམ་ཡིན་པས་རྨི་ལམ་བཞིན་དུ་གདུལ་བྱའི་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་སྣང་བ་ཙམ་ཡིན་ནོ། །དོན་དམ་པར་ཏེ། གདུལ་བྱའི་ངོར་ཚུལ་བསྟན་པ་ཙམ་མིན་པའི་དངོས་པོ་ལ་དེ་བཞིན་གཤེགས་པའི་ཐུགས་དྲི་མ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ནི་རྒྱས་པར་ལེའུ་ལྔ་པར་བརྗོད་པར་བྱའོ། །འོ་ན་སྔོན་དུ་སངས་རྒྱས་ཟིན་ནས་སླར་ཡང་འཁོར་བར་མངལ་དུ་འཇུག་པ་ལ་སོགས་པ་སྟོན་པ་ཅི་ཞེ་ན། སངས་རྒྱས་བྱང་སེམས་སེམས་ཅན་གྱི་དོན་དུ་འཁོར་བར་འཇུག་པའི་ཚུལ་བསམ་གྱིས་མི་ཁྱབ་པར་སྟོན་པ་ནི། འདིར་སེམས་ཅན་གྱི་དོན་དུ་ཞེས་པ་ནས། སྲིད་པ་གསུམ་དུ་སེམས་ཅན་གྱི་དོན་མཛད་པའོ། ཞེས་པའི་བར་ཏེ། དེ་ལ་དུ་མ་ནི་མིན་ནོ་ཞེས་པ་སངས་རྒྱས་བྱང་སེམས་རེ་རེས་མཐའ་ཡས་པའི་སྤྲུལ་པ་
བསྟན་པ་རྣམས་རྒྱུན་དུ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་ཉིད་སྒྱུ་མའི་དཔེས་སྟོན་ལ། གཞན་རྣམས་གོ་སླའོ། །དེའི་ཕྱིར་གདུལ་བྱའི་དོན་དུ་བཅོམ་ལྡན་འདས་ཀྱང་སྔོན་སངས་རྒྱས་ཟིན་པ་ལྷ་མོ་སྒྱུ་འཕྲུལ་གྱི་སྲས་སུ་སྤྲུལ་ཞིང་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེའང་ཟླ་བཟང་དུ་སྤྲུལ་པ་ཡིན་ནོ་ཞེས་པ་ནི། དེས་ན་སེམས་ཅན་ཐམས་ཅད་ལ་ཞེས་པ་ནས། ཟླ་བ་བཟང་པོར་གྱུར་ཏོ་ཞེས་པའི་བར་རོ། །དེ་ནས་ལན་བསྟན་པའི་དོན་བསྡུ་བ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའ་ཟླ་བ་བཟང་པོ་འདི་གཉིས་སྤྲུལ་པའི་སྐུ་དག་གིས་རྒྱུད་སྟོན་པ་པོ་དང་གསོལ་བ་འདེབས་པ་པོར་འབྲེལ་ལ། རྒྱལ་བ་ཤཱཀ་ཐུབ་སྤྲུལ་པ་པོ་དང་པོའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་འདི་གཉིས་ ལོངས་སྤྱོད་རྫོགས་པའི་སྐུ་དག་གིས་སྟོན་པ ་པོ་དང་གསོལ་བ་འདེབས་པ་པོར་འབྲེལ་བ་ཡིན་ཏེ། དེའི་ཕྱིར་སྔ་མ་ཕྱག་རྡོར་སྡུད་པ་པོ་ཡིན་པ་དང་། ཕྱི་མ་ཟླ་བཟང་སྡུད་པ་པོ་ཡིན་པ་འགལ་བ་མེད་པའི་ཕྱིར། དེ་ལྟར་རྩོད་པ་འཇུག་པའི་སྐྱོན་མེད་དོ། །འདིས་རྒྱལ་བ་ཤཱཀྱ་ཐུབ་པ་སྤྲུལ་པ་པོ་དང་རྒྱུད་སྟོན་པ་པོའི་གང་ཟག་ལོངས་སྐུ་མཚན་དཔེའི་རྣམ་པ་ཅན་གསལ་བར་བཤད་དོ། །དེ་ལྟར་རྩོད་པ་སྤངས་ནས། ད་ནི་ཟླ་བ་བཟང་པོས་རྩ་རྒྱུད་སྟོན་པར་གསོལ་བ་བཏབ་པའི་ཚུལ་འཆད་དེ། ཕྱག་ན་རྡོ་རྗེའི་ནས། གསོལ་བ་བཏབ་བོ་ཞེས་པའི་བར་རོ། །སྟོན་པས་རྩ་རྒྱུད་གསུངས་ཚུལ་ནི། དེ་བཞིན་གཤེགས་པས་ཞེས་པ་ནས། ཡང་དག་པར་བསྟན་ཏོ་ཞེས་པའི་
བར་རོ། །རྩ་རྒྱུད་དེ་ལས་བསྡུས་རྒྱུད་སྡུད་པ་པོ་དང་འགྲེལ་པ་བྱེད་པ་པོ་དང་། རྒྱུད་སྟོན་ཅིང་འཆད་པ་པོ་ལ་སོགས་པ་ལུང་བསྟན་པའི་ཚུལ་འཆད་པ་ལ། མ་འོངས་པའི་དུས་ཞེས་པ་ནས། ལ་སོགས་པ་རྣམས་ལུང་བསྟན་ཏོ། ཞེས་པའི་བར་གྱིས་འཇམ་དཔལ་གྲགས་པས་བསྡུས་རྒྱུད་བསྡུས་ཤིང་། རྩ་རྒྱུད་བསྟན་ནས་དབང་བསྐུར་ཏེ། མི་རིགས་བཞིའི་གདུལ་བྱ་རྣམས་རྡོ་རྗེའི་རིགས་གཅིག་ཏུ་རིགས་མཐུན་པར་བྱེད་པ་དང་། པད་དཀར་གྱིས་བསྡུས་རྒྱུད་དེ་ལ་འགྲེལ་པ་བྱེད་པ་དང་། དེའི་ཕྱི་ནས་གཤིན་རྗེ་མཐར་བྱེད་སོགས་ཀྱི་སྤྲུལ་པ་རྣམས་ལུང་བསྟན་ཏོ་ཞེས་བྱ་བའོ། །རྩ་རྒྱུད་ཀྱི་ཚིག་ཇི་ལྟ་བུས་ལུང་བསྟན་ཅེ་ན། ལུང་བསྟན་གྱི་ཚིག་རྒྱས་པར་དྲངས་ནས་ལུང་བསྟན་ཚུལ་བཤད་པ་ནི། འདིར་བཅོམ་ལྡན་འདས་ཀྱིས་ཞེས་སོགས་ཏེ། དེ་ལ་ཐུབ་པས་ཆོས་བསྟན་པའི་ལོ་འདི་ནས་ནི་དྲུག་བརྒྱའི་ལོས་བྲམ་ཟེའི་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པ་རྣམས་ནི་སྨིན་པའི་དོན་དུ་འཇམ་དབྱངས་ཀྱི་སྤྲུལ་པ་མི་བདག་གྲགས་པ་ནི་ཤམ་བྷ་ལ་ཞེས་བྱ་བར་འབྱུང་བ་དེའི་བཙུན་མོ་སྒྲོལ་མའི་སྤྲུལ་པ་ལྷ་མོ་ཆེན་མོར་འགྱུར་རོ། །སྲས་ནི་པད་དཀར་འཛིན་པ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་སྟེ། ཐུབ་པ་བདག་གི་ཤཱཀྱའི་རིགས་རྒྱལ་པོ་གོའུ་ཏ་མ་ཞེས་བྱ་བའི་རྒྱུད་ལས་བྱུང་བ་ཟླ་བཟང་ཁྱོད་ཀྱི་རིགས་བརྒྱུད་ལ་འབྱུང་བའོ། །དེ་ལ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པས་སྨྲ་མཁས་པ་རྡོ་རྗེའི་རིགས་ཀྱི་དབང་བསྐུར་
བ་དང་ལྡན་པའི་རྒྱལ་པོ་གྲགས་པ་དེ་ཉིད་རྡོ་རྗེའི་རིགས་ཀྱི་དབང་བསྐུར་བ་ལས་ནི། གདུལ་བྱ་མི་རིགས་བཞི་ཐམས་ཅད་རྡོ་རྗེའི་རིགས་སུ་རིགས་གཅིག་པར་བྱས་པ་གང་ཡིན་པ་དེ་སྟེ། དེའི་རྒྱུ་མཚན་གྱིས་རྒྱལ་པོ་གྲགས་པ་ལ་རིགས་ལྡན་ཞེས་བརྗོད་པ་ཡིན་གྱི། ཚངས་པའང་བྲམ་ཟེའི་རིགས་ཡིན་པ་ཉིད་ཀྱིས་རིགས་བཞི་དང་ལྡན་ཞེས་བརྗོད་པ་མིན་ནོ། །དེའང་འདི་སྐད་བདག་གིས་ཐོས་པ་ཞེས་པའི་ཚིག་འདིས་དྲང་སྲོང་རྣམས་ལ་ཆོས་བསྟན་ན། གཞན་ལས་ཐོས་པའི་དབང་གིས་འཆད་པའི་ཕྱིར་ན། འདི་ཀུན་མཁྱེན་མིན་ནོ་ཞེས་པའི་རྩོད་པ་འབྱུང་བར་འགྱུར་བས། དེའི་ཕྱིར་རྒྱུད་འདིར་རྒྱུད་གཞན་ལས་འདི་སྐད་བདག་གིས་ཐོས་པ་ཞེས་སོགས་ཀྱི་ཚིག་གིས་བསྟན་པའི་དོན་དེ་ཉིད་སངས་རྒྱས་སེང་གེའི་ཁྲིའི་ཞེས་སོགས་ཚིག་གི་རྣམ་པ་གཞན་གྱིས་ཆོས་བསྟན་ཏེ། དེའི་རྒྱུ་མཚན་ཡང་། ཚིག་གི་རྣམ་པ་གང་དང་གང་དག་གིས་ཞེས་སོགས་ཏེ། འདི་ནས་བདག་འདོད་དོ། ཞེས་པའི་བར་ནི་འོག་ནས་མདོར་བསྡུས་བཞི་པར་རྒྱས་པར་འཆད་པ་དང་དོན་འདྲ་བས་འདིར་མ་བཤད་དོ། །འོ་ན་སྙིང་པོའི་དོན་བསྡུས་འདི་ཞེས་སྨོས་པ། བསྡུས་པའི་རྒྱུད་དེའི་གཞུང་ཚད་ཇི་ཙམ་ཞིག་ཅེ་ན། འཕྲེང་བ་འཛིན་པའི་སྡེབ་སྦྱོར་གྱིས་བཅིངས་པའི་ཚིགས་བཅད་རྐང་པ་བཞི་པ་སུམ་ཅུ་ནི་ལྷག་པའི་ཕྱོགས་བརྒྱ་སྟེ་སྟོང་ཕྲག་གཅིག་གོ །དེ་ལ་འཕྲེང་བ་འཛིན་པའི་སྡེབ་སྦྱོར་ནི། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། མ་ར་ཝ་ན་དག་ཝ་ར་དག་ཝ། བདུན་པ་གསུམ་གྱི་ངལ་
བསོ་འཕྲེང་འཛིན་འགྱུར། གལ་ཏེ་རྐང་པ་སོ་སོ་ལ་མ་ར་ཝ། ན་ན་ཝ། ར་ར་ཝ་དང་། དེ་བཞིན་དུ་བདུན་པ་གསུམ་གྱི་ངལ་བསོ་བ་དེའི་ཚེ་འཕྲེང་བ་འཛིན་པར་འགྱུར་རོ། ཞེས་གསུངས་པ་ལྟར། ཡི་གེ་ལྕི་བ་གསུམ་བསྒྲིགས་པ་ལ། མ་ཞེས་པའི་མིང་གི་ཐ་སྙད་བྱས་ལ། དེ་བཞིན་དུ་ཡི་གེ་ལྕི་བ་གཉིས་ཀྱི་བར་དུ་ཡང་བ་གཅིག་བཅུག་པའི་གསུམ་བསྒྲིགས་ལ། ར་ཞེས་ཐ་སྙད་བྱ་ཞིང་། ཡང་བ་གསུམ་བསྒྲིགས་པ་ལ་ནི། ན་ཞེས་ཐ་སྙད་བྱ་བའོ། །ངལ་བསོའི་ཡི་གེ་ལྕི་བ་ལ་ནི། ཝ་ཞེས་ཐ་སྙད་བྱ་ལ། དེས་ན་ཡི་གེ་ཉེར་གཅིག་རྐང་པ་གཅིག་ལ་ཚང་བའི་རྐང་པ་དེ་ལ། ཡི་གེ་བདུན་ཚན་གསུམ་གྱི་བདུན་ཚན་དང་པོའི་ཡི་གེ་དང་པོ་གསུམ། ལྕི་བ་གསུམ་བསྒྲིགས་ལ་དེའི་རྗེས་ཀྱི་ཡི་གེ་གསུམ། ལྕི་བ་གཉིས་ཀྱི་བར་དུ་ཡང་བ་གཅིག་བཅུག་པ། དེའི་རྗེས་ཀྱི་ཡི་གེ་བདུན་པ་དེ་ངལ་བསོའི་ཡི་གེ་ལྕི་བ་ནི། མ་ར་ཝའོ། །ཡང་བདུན་ཚན་བར་པའི་ཡི་གེ་དང་པོ་གསུམ་ཡང་བ་གསུམ་བསྒྲིགས། དེའི་རྗེས་ཀྱི་ཡི་གེ་གསུམ་ཡང་ཡང་བ་གསུམ་བསྒྲིགས། དེའི་རྗེས་ཀྱི་ཡི་གེ་གཅིག་པོ་དེ་ངལ་བསོ་ལྕི་བ་ནི། ན་ན་ཝའོ། །བདུན་ཚན་ཐ་མའི་ཡི་གེ་དང་པོ་གསུམ། ལྕི་བ་གཉིས་ཀྱི་བར་དུ་ཡང་བ་གཅིག་བཅུག་པ། དེའི་རྗེས་ཀྱི་ཡི་གེ་གསུམ་ཡང་ལྕི་བ་གཉིས་ཀྱི་བར་དུ་ཡང་བ་གཅིག་བཅུག་པ། དེའི་རྗེས་ཀྱི་ཡི་གེ་གཅིག་ངལ་བསོ་ལྕི་བ་ནི། ར་ར་ཝའོ། །དེ་ལྟར་བསྡེབས་པའི་ཡི་གེ་ཉེར་གཅིག་པར་མཚུངས་པའི་ཚིགས་སུ་བཅད་པ་ལ་འཕྲེང་བ་
འཛིན་པའི་སྡེབ་སྦྱོར་ཞེས་བྱའོ། །ཡི་གེ་ལྕི་ཡང་ནི། སྦྱར་བ་དག་གི་ཐོག་མ་དང་། །ཚེག་དྲག་ཅན་དང་ཐིག་ལེ་ཅན། །ཚིག་མཐའ་རིང་པོའི་ཡི་གེ་ནི། ལྕི་བའི་ཡི་གེ་ཞེས་སུ་གྲགས། ཞེས་སྒྲ་པ་དག་འདོན་པ་ལྟར་རོ། །དེ་ཉིད། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། ཅེས་པའི་རྐང་པ་གཅིག་པོ་འདིའི་ལེགས་སྦྱར་གྱི་སྐད་ལ་མཚོན་ནས་པྲསྟ་རར་བཀོད་ན་འདི་ཡིན་ཏེ། ལྕི་བ་ལ་རི་མོ་འཁྱོག་པོ་དང་། ཡང་བ་ལ་དྲང་པོ་དང་། ལྕི་བ་ངལ་བསོ་ལ་འཁྱོག་པོ་ཐིག་ལེ་ཅན་ནོ། །ས༼རྦམ་༽ཛྙཱཾ་༼ཛྙཱ་རན་༽ཀཱ༼་ཝཡཾ༽། དི༼་ནན་༽ཀ་ར༼་ནཝ་༽པུ༼་ཝཥཾ༽། པ༼རདྨ་༽པ་ཏྟྲཱ༼་རཡ༽་ཏ༼་ཀྵཾཝ༽།ཞེས་པ་ལྟ་བུའོ། །རྐང་པ་འདི་དང་རྒྱུད་ཀྱི་གཞུང་ལྷག་མ་ཐམས་ཅད་ལྕི་ཡང་སྤེལ་ཚུལ་ཇི་ལྟ་བར་འདྲའོ། །དེ་ནས་པད་དཀར་རིམ་པས་སོ། ཞེས་པའི་བར་གོ་སླ་ལ། ཟླ་བཟང་གི་སྔོན་དུ་འདས་པའི་རྒྱལ་པོ་ཉི་མའི་འོད་ཅེས་པ། ཟླ་བཟང་གི་ཡབ་དེ་ནི་ཁྲོ་བོ་བགེགས་དགྲ་ཞེས་པ་བགེགས་མཐར་བྱེད་ཀྱི་སྤྲུལ་པ་སྟེ། ཕྱག་ན་རྡོ་རྗེ་ནི་ཟླ་བཟང་ཁྱོད་ཉིད་ཡིན་ལ། དེ་ནས་གོང་གི་ལྷ་དབང་ཞེས་སོགས་རྒྱལ་པོ་བརྒྱད་རིམ་པས་འོག་གི་ས་སྙིང་སོགས་བརྒྱད་ཀྱི་སྤྲུལ་པར་རིམ་པས་ཏེ། གོ་རིམ་བཞིན་སྦྱར་རོ། །དེ་ནས་གཤིན་རྗེ་གཤེད་སོགས་ཁྲོ་བོ་བཞིའི་སྤྲུལ་
པ་བཅུ་དང་ཁྲོ་བོ་དེ་དག་གི་བར་བར་དུ་བྱང་ཆུབ་སེམས་དཔའ་འཇམ་དབྱངས་དང་། སྤྱན་རས་གཟིགས་གཉིས་ལས་གཞན་ས་སྙིང་སོགས་སྔར་བསྟན་པ་བཞིའི་སྤྲུལ་པ་བཅུ་གསུམ་སྟེ། རྒྱལ་པོ་དེ་དག་རིམ་པ་ཡིས་རིགས་ལྡན་གྲགས་པའི་རིགས་ལས་འབྱུང་བར་འགྱུར་རོ། །ཚུལ་ཇི་ལྟར་ན། རིགས་ལྡན་རྣམས་ཀྱི་ཐོག་མར། གྲགས་པ་རིགས་ལྡན་གྱི་རིགས་ཀྱང་འབྱུང་སྟེ། དེ་ནས་རིགས་ལྡན་གཉིས་པ་པདྨ་དཀར་པོ་དང་། གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་བཟང་པོ་རིགས་ལྡན་གསུམ་པ་སྟེ། དེ་བཞིན་དུ་རིགས་ལྡན་བཞི་པ་ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་ལོ། །དེ་ནས་རིགས་ལྡན་ལྔ་པ་རྨུགས་བྱེད་ཀྱི་སྤྲུལ་པ་བཤེས་གཉེན་བཟང་པོ་དང་། དྲུག་པ་སྒྲིབ་སེལ་གྱི་སྤྲུལ་པ་ཕྱག་དམར་དང་། བདུན་པ་ཁེངས་བྱེད་ཀྱི་སྤྲུལ་པ་ཁྱབ་འཇུག་སྦས་པའོ། །བརྒྱད་པ་ནམ་སྙིང་གི་སྤྲུལ་པ་ཉི་མ་གྲགས་དང་། དགུ་པ་བགེགས་དགྲའི་སྤྲུལ་པ་ཤིན་ཏུ་བཟང་དང་། བཅུ་པ་ཕྱག་རྡོར་གྱི་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ་ཏེ། འདི་གཉིས་སུ་བགྲང་བ་ནི་ཉི་མ་རིགས་ལྡན་བཅུ་གཉིས་པར་བཤད་པ་དང་འགལ་ལོ། །བཅུ་གཅིག་པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ་དང་། ས་སྙིང་གི་སྤྲུལ་པ་ཉི་མ་རིགས་ལྡན་བཅུ་གཉིས་པ་དང་། བཅུ་གསུམ་པ་རྨུགས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས་དང་། བཅུ་བཞི་པ་སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བའི་འོད་དང་། བཅོ་ལྔ་པ་ཁེངས་བྱེད་ཀྱི་སྤྲུལ་པ་མཐའ་ཡས་དང་། བཅུ་དྲུག་པ་ནམ་སྙིང་གི་སྤྲུལ་པ་ས་སྐྱོང་དང་། བཅུ་བདུན་པ་
བགེགས་དགྲའི་སྤྲུལ་པ་དཔལ་སྐྱོང་དང་། བཅོ་བརྒྱད་པ་ཕྱག་རྡོར་གྱི་སྤྲུལ་པ་སེང་གེ་དང་། བཅུ་དགུ་པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྣམ་པར་གནོན་པ་དང་། ཉི་ཤུ་པ་ས་སྙིང་གི་སྤྲུལ་པ་སྟོབས་པོ་ཆེ་དང་། ཉེར་གཅིག་པ་རྨུགས་བྱེད་ཀྱི་སྤྲུལ་པ་མ་འགགས་པ་དང་། ཉེར་གཉིས་པ་སྒྲིབ་སེལ་གྱི་སྤྲུལ་པ་མིའི་སེང་གེ་དང་། ཉེར་གསུམ་པ་མཁའ་སྙིང་གི་སྤྲུལ་པ་དབང་ཕྱུག་ཆེན་པོ་དང་། ཉེར་བཞི་པ་ཕྱག་རྡོར་གྱི་སྤྲུལ་པ་མཐའ་ཡས་དང་། ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་ནི་རིགས་ལྡན་ཉེར་ལྔ་པ་སྟེ། དེ་ལ་དཔལ་སྐྱོང་སེང་གེ་གཅིག་ཏུ་བགྲང་བ་ནི་རིགས་ལྡན་ཁྲོ་བོ་དང་བྱང་སེམས་ཀྱི་སྤྲུལ་པ་བཅུ་གསུམ་འོང་བར་བཤད་པ་མི་ཚང་བས་མི་འཐད་ལ། སྤྲུལ་པ་རྣམས་ཀྱི་གོ་རིམ་དེ་ལྟར་འབྱུང་བའང་གོང་དུ་བདག་གི་ཕྱི་ནས་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ལུང་བསྟན་ཏོ་ཞེས་དང་།མདོར་བསྡུས་གཉིས་པར་རིམ་པ་ཇི་ལྟ་བར་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོའི་རྒྱལ་པོ་བཅུ་དང་། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་རྣམས་ཏེ། གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དེ་རྣམས་ཀྱི་བར་བར་དུ་བྱང་ཆུབ་སེམས་དཔའ་བཅུ་གསུམ་པོ་རྣམས་ལུང་བསྟན་ཏོ་ཞེས་པས་གྲུབ་བོ། ཞེས་ཆོས་རྗེ་དམ་པ་གསུང་ངོ་་། །རིགས་ལྡན་ཉེར་ལྔ་པ་དེ་ནས་སླར་ཡང་རྣམ་རྒྱལ་དེའི་སྲས་སུ་གྲགས་པ་རིགས་ལྡན་དེ་ཉིད་གྱུར་པའི་མཚན་འཁོར་ལོ་ཆེན་པོ་ཅན་ཞེས་བྱ་བའི་རིགས་ལྡན་དྲག་པོ་འབྱུང་བར་འགྱུར་ཏེ། དེ་ནི་སྨྲ་མཁས་པ་འཇམ་དབྱངས་ཀྱི་སྤྲུལ་པ་
ཡིན་ཅིང་། རྟ་མཆོག་མཐའ་ཡས་པ་སྤྲོ་བའི་ཏིང་ངེ་འཛིན་གྱིས་ཞེས་སོགས་གོ་སླའོ། །རྩ་བའི་རྒྱུད་ལས་ཚུལ་དེ་ལྟ་བུའི་སྒོ་ནས་ལུང་བསྟན་ཏོ། ཞེས་དོན་བསྡུས་པ་ནི། རྩ་བའི་རྒྱུད་ལས་ནས། ལུང་བསྟན་ཏོའི་བར་རོ། །དེའི་རྗེས་སུ་ཇི་ལྟར་ལུང་བསྟན་པ་ལྟར་རྒྱལ་པོ་རྣམས་ཀྱིས་མཛད་པའི་ཚུལ་འཆད་དོ། །དེ་ལ་ཟླ་བཟང་གིས་རྩ་རྒྱུད་བསྟན་ཅིང་། དེའི་ལོ་གཉིས་པ་ལ་སྤྲུལ་སྐུ་བསྡུས་པར་བསྟན་པ་ནི། དེ་བཞིན་གཤེགས་པའི་ནས། གཤེགས་སོའི་བར་རོ། །དེའི་འོག་ཏུ་ལྷ་དབང་སོགས་ཀྱིས་བསྟན་ཚུལ་ལ། དེ་ནས་ཞེས་པ་ནས། ཆོས་བསྟན་ཏོ་ཞེས་པའི་བར་གོ་སླའོ། །དེའི་རྗེས་སུ་རྒྱལ་པོ་གྲགས་པས་བསྡུས་རྒྱུད་བསྡུས་ཚུལ་ལ། དེ་ནས་ཞེས་པ་ནས། བོས་བར་གྱུར་ཏོ་ཞེས་པའི་བར་གྱིས་རྒྱལ་པོ་གྲགས་པས། ཉི་མའི་ཤིང་རྟ་ལ་སོགས་པའི་དྲང་སྲོང་རྣམས་ལ་ཇི་ལྟར་བྱ་བའི་ངེས་པ་སྟེར་བར་བཞེད་ནས། འཁོར་དུ་བོས་པར་བསྟན་ཏོ། །གནས་ཇི་ལྟ་བུ་ཞིག་ཏུ་ངེས་པ་སྟེར་བར་བཞེད་ནས་བོས་ཤེ་ན། ཀ་ལཱ་པའི་གྲོང་གི་ཞེས་པ་ནས། དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་ཁང་པ་དེར་ཞེས་པའི་བར་རོ། །འདིར་མ་ལ་ཡའི་སྐྱེད་མོས་ཚལ་གྱི་དབུས་ན། ཟླ་བཟང་གིས་མཛད་པའི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་བློས་བསླང་ཡོད་པ་དེའི་ཚད་ལ། ནང་གི་དཀྱིལ་འཁོར་ལ་སྐུའི་རྩ་ཐིག་ནས། རྩ་ཐིག་གི་བར་ལ་ཁྲུ་བཞི་བརྒྱ་དང་། ཕྱིའི་ཚད་རྩ་ཐིག་ནས། ཤར་གྱི་རྡོ་རྗེ་འཕྲེང་བ་ཚུན་ཆོད་ལ་ཁྲུ་བཞི་བརྒྱ། དེ་
བཞིན་དུ་ནུབ་ལའང་བཞི་བརྒྱ་སྟེ། ཤར་ནུབ་བསྡོམས་པས་ཁྲུ་བརྒྱད་བརྒྱ་ཡོད་ཅིང་། རྩ་ཐིག་ནས་རྩ་ཐིག་གི་བར་བསྣན་པས་སྟོང་ཉིས་བརྒྱའོ། །དེའི་དབང་དུ་བྱས་ན་འདིར་ཡང་སྒོ་ནི་འཁོར་ལོའི་བརྒྱད་ཆ་ཡིན་པས། རྩ་ཐིག་ནས་རྩ་ཐིག་གི་བར་སྒོ་ཚད་བརྒྱད་ཡོད་པའི་ཕྱིར། སྒོ་ཚད་རེ་ལ་ཁྲུ་ལྔ་བཅུ་རེ་རེར་འགྱུར་རོ། །དེའང་རྒྱུད་འདིར་ཕྱིར་ཟླ་བའི་ཆ་བཅུ་དྲུག་དང་། ནང་དུ་དགའ་བ་བཅུ་དྲུག་གིས་དག་པའི་དབང་གིས་ཐིག་སྐུད་ནི་ཆ་ཆེན་བཅུ་དྲུག་པར་གསུངས་པས། ཚངས་ཐིག་ནི། རྩ་ཐིག་ནས་ཕྱིར། ཤར་དུ་ཆ་ཆེན་བཞི་དང་། ནུབ་ཏུ་ཆ་ཆེན་བཞི་ལས་དེ་ཕན་ཆད་དུ་མི་འགྲོའོ། །དེ་ལྟར་བྱས་པས་མ་ལ་ཡའི་གཞལ་ཡས་ཁང་འདི་ལ། ཤར་དུ་རྩ་ཐིག་ནས་སྒོའི་སྒོ་ཁྱུད་དང་འགྲམ་ལོགས་ཟད་མཚམས་བར་ལ་ཆ་ཆེན་གཉིས་ཡིན་པས་ཁྲུ་བརྒྱ། དེ་ནས་ཚངས་ཐིག་ཟད་མཚམས་བར་ལ། ཆ་ཆེན་གཉིས་ཁྲུ་བརྒྱ། དེ་ནས་སའི་ཁོར་ཡུག་དང་། ཕྱིའི་རྡོ་རྗེ་འཕྲེང་བའི་ཞེང་ཚད་ལ། ཆ་ཆེན་ཕྱེད་ཕྱེད་དེ་དྲིལ་བས་གཅིག །དེ་གཉིས་ཀྱི་བར་གྱི་ཆུ་མེ་རླུང་གསུམ་གྱི་ཁོར་ཡུག་ལ་ཆ་ཆེན་རེ་རེ་སྟེ། དེ་ལྟར་ན་ཁོར་ཡུག་ལྔ་པོ་ལ་ཆ་ཆེན་བཞི། ཁྲུ་ཉིས་བརྒྱ་ཡོད་པས། རྩ་ཐིག་ནས་རྡོ་རྗེ་འཕྲེང་བའི་བར་ལ་བཞི་བརྒྱར་འགྱུར་ལ། དབང་ལེར། ཀ་བའི་སྟེང་དུ་རྟ་བབས་ནི་སྒོ་ལས་གསུམ་འགྱུར་རོ། ཞེས་གསུངས་པས། རྟ་བབས་སྒོ་ཚད་གསུམ་ཡིན་ལ། གཞལ་ཡས་ཁང་བསླང་བ་དང་བྲིས་པ་ལ་རྟ་བབས་བསླང་མ་བསླང་གི་ཁྱད་ཡོད་ཀྱང་། ཁོར་ཡུག་
གི་ཟླུམ་ཐིག་གང་ནས་འོང་བ་ལ་ཁྱད་མེད་པས། དེའི་ཕྱིར་བྲི་བྱ་ལ་སའི་ཁོར་ཡུག་གི་ཟླུམ་ཐིག་ནང་མ་ནི་རྟ་བབས་ཀྱི་སྒོ་ཚད་གཉིས་སོང་བའི་མཚམས་སུ་འོང་དགོས་ཏེ་བྲི་བྱ་ལ་དེ་ལྟར་མི་འོང་བར་རྟ་བབས་ཀྱི་རྩེ་མོ་ཟད་མཚམས་ནས་འོང་ན་བསླང་བ་ལའང་རྟ་བབས་ས་ལ་བསྙལ་ན་གང་དུ་རྩེ་མོ་སླེབ་འོང་བའི་མཚམས་ནས་འོང་དགོས་པས། མ་ལ་ཡའི་གཞལ་ཡས་ཁང་གི་རྩ་ཐིག་ནས་རྡོ་རྗེ་འཕྲེང་བའི་བར་ལ་ཁྲུ་ཕྱེད་དང་ལྔ་བརྒྱ་པར་འགྱུར་བའི་ཕྱིར། འདིར་ཁྲུ་བཞི་བརྒྱ་རེར་བཤད་པ་དང་དངོས་སུ་འགལ་ལོ། །དེར་མ་ཟད། རྟ་བབས་དང་ཐིག་སྐུད་ཀྱི་ཚད་འདི་ལྟར་བྱས་པའི་དབང་དུ་བྱས་པའི་བྲི་བྱ་ལའང་ཚངས་ཐིག་ཡང་ན་ཟླུམ་ཐིག་ཐོག་མ་དང་ཕྲད་ཙམ་དང་། ཡང་ན་ཟླུམ་ཐིག་འགའ་ཞིག་འདུས་ཀྱི་བར་དུ་འགྲོ་དགོས་ལ། དེར་མི་འགྲོ་བར་བར་སྐབས་སུ་འཇོག་ན། ཚངས་ཐིག་ཟད་མཚམས་རང་ནས་ཟླུམ་ཐིག་འོང་དགོས་ཀྱི། ཚངས་ཐིག་དང་ཟླུམ་ཐིག་མ་ཕྲད་པའི་བར་སྐབས་སུ་ཐིག་གང་གིས་ཀྱང་མ་ནོན་པའི་ས་སྟོངས་སྒོ་ཚད་གཅིག་འོང་དོན་མེད་ལ། ཐིག་སྐུད་ཆ་ཆེན་བཅུ་དྲུག་པ་ཡིན་པས། རྟ་བབས་ཀྱི་སྒོ་ཚད་གཉིས་ཀྱི་མཚམས་སུ་ཟད་པའི་ཕྱིར་རོ། །དེས་ན་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་རས་ཀྱང་། རྡོ་རྗེ་ཕྲེང་བར་དུས་ཀྱི་འཁོར་ལོའི་ཐིག་གི་བཤད་པའི་སྐབས་སུ་ཟླུམ་ཐིག་ནང་མ་རྟ་བབས་ཀྱི་སྒོ་ཚད་གཉིས་སོང་བའི་མཚམས་ནས་བསྐོར་བར་བཤད་པ་ཉིད་ཤིན་ཏུ་
ལེགས་པ་ཡིན་ནོ། །ཁ་ཅིག་དབང་ལེའི་དགོངས་པར་བྱས་ནས། ཟླུམ་ཐིག་རྟ་བབས་ཀྱི་རྩེ་མོ་ཟད་མཚམས་ནས་བསྐོར་ཞིང་། དེ་ལྟ་ན་འདིར་མ་ལ་ཡའི་ཚལ་གྱི་གཞལ་ཡས་ཁང་གི་ཚད་བཤད་པ་དང་འགལ་ཞེས་པའི་འགལ་སྤོང་དུ་བསླང་བ་དང་བྲི་བྱའི་ཁྱད་པར་ཡིན་པས་མི་འགལ་ལོ། ཞེས་ཟེར་བ་མི་འཐད་དེ། གོང་དུ་བཤད་པ་ལྟར་རྟ་བབས་བསླང་མ་བསླང་གིས། ཁོར་ཡུག་གི་ཟླུམ་པོ་ཕྱི་ནང་དུ་འཆུག་པ་ལ་འབྲེལ་གང་ཡང་མེད་པའི་ཕྱིར་རོ། །ཡང་ཁ་ཅིག །རྩ་རྒྱུད་དང་བསྡུས་རྒྱུད་ཀྱི་ཁྱད་པར་ཡིན་ནོ་ཞེས་པའང་མི་འཐད་དེ། འོག་ཏུ་དབང་ལེར་ཡང་། རྩ་རྒྱུད་དྲངས་ནས་དེའི་ལུགས་བཞིན་དུ་ཐིག་གདབ་ཚུལ་བྱས་ཤིང་བསྡུས་རྒྱུད་དུའང་ཐིག་སྐུད་ཆ་ཆེན་བཅུ་དྲུག་པར་བཤད་པས་སོ། །འོ་ན་དབང་ལེར། འདིར་སྐུའི་དཀྱིལ་འཁོར་གྱི་རྟ་བབས་ཀྱི་མཐར། སའི་དཀྱིལ་འཁོར་ཁ་དོག་སེར་པོ་སྟེ། ཞེས་གསུངས་པ་འདི་དང་ཇི་ལྟར་མི་འགལ་ཞེ་ན། དེ་ལ་ཧརྨི་ནི་བུམ་གདན་ཡིན་ཅིང་། བུམ་པ་ནི་རྟ་བབས་ཀྱི་ཅོག་ཡིན་པས་དེ་གཉིས་རྟ་བབས་ཀྱི་ཡན་ལག་གམ་རྒྱན་ལྟ་བུ་ཡིན་གྱི་རྟ་བབས་ཀྱི་སྣམ་བུ་དངོས་མིན་ལ། རྟ་བབས་ཀྱི་སྣམ་བུ་དངོས་ཀྱི་མཐའ་དང་། རྟ་བབས་ཀྱི་བང་རིམ་གསུམ་པའི་མཐའ་ལས་ཕྱིར་སའི་ཁོར་ཡུག་གི་ཕྱི་ཐིག་ད་དུང་འགྲོ་དགོས་པས། དེའི་ཕྱིར་རྟ་བབས་ཀྱི་ན་ཐག་སའི་དཀྱིལ་འཁོར་ཞེས་གསུངས་ཀྱི། རྟ་བབས་ཟད་མཚམས་ནས་སའི་ནང་ཐིག་བསྐོར་བའི་དོན་མིན་ལ། བྲི་བྱ་ལ། རྟ་བབས་ཀྱི་ཧརྨི་
ལས་ཆ་ཕྲན་གཅིག་དང་། བུམ་པ་ཆ་ཕྲན་གཉིས་ཆུའི་ཁོར་ཡུག་གི་སྟེང་དུ་འོང་སྟེ། དེ་ལྟར་ན་ཆ་ཕྲན་དྲུག་ལ་སྒོ་ཚད་ཡིན་པས། རྡོ་རྗེ་ཕྲེང་བར། བུམ་པའི་རྩེ་མོས་ཆུའི་ཁོར་ཡུག་གི་ཕྱེད་བར་དུ་ནོན་པར་བཤད་པ་ཡིན་ནོ། །རྟ་བབས་སྒོ་ཚད་གསུམ་དུ་བཤད་པ་ནི་རྟ་བབས་འཁོར་དང་བཅས་པའི་དབང་དུ་བྱས་པ་ཡིན་ནོ། །དེའི་ཕྱིར་དེ་དག་དང་འགལ་བ་ཅུང་ཟད་ཀྱང་མེད་དོ། །དེའི་འོག་ཏུ་དུས་གང་གི་ཚེ་དྲང་སྲོང་རྣམས་ལ་ངེས་པ་བྱིན་པ་དང་། ངེས་པ་ཇི་ལྟ་བུ་བྱིན་པ་དང་། ངེས་པ་དེ་ཉིད་རང་གི་རིགས་ཀྱི་ཆོས་ལུགས་དང་འགལ་བར་མཐོང་བས། བརྒྱལ་ཞིང་དང་དུ་མ་བླངས་པ་དང་། དེ་ལ་རྒྱལ་པོས་བཀའི་ཆད་ལས་ཀྱིས་ཚར་བཅད་པ་དང་། དེ་ལ་སླར་ཡང་དད་པར་གྱུར་པ་ན། རྗེས་སུ་གཟུང18་བ་དང་། དེ་ནས་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པས་གསེར་གྱི་མེ་ཏོག་སོགས་དང་བཅས་པའི་མཎྜལ་སོགས་སྔོན་དུ་འགྲོ་བས་དབང་བསྐུར་བར་གསོལ་བ་བཏབ་ཅིང་། རྒྱུད་བྱས་པ་ལས་ཡང་དག་པར་བསྡུས་པའི་རྒྱུད་སྟོན་པར་གསོལ་བ་བཏབ་པའི་བར་ནི། དབོའི་ཟླ་བ་ལ་ཞེས་པ་ནས། བསྟན་ཏུ་གསོལ་ཞེས་སོ་ཞེས་པའི་བར་རོ། །དེ་ལྟར་གསོལ་བ་བཏབ་པ་བཞིན། བསྡུས་རྒྱུད་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་བསྡུས་པ་ཡང་དག་པར་སྟོན་པར་མཛད་དོ། ཞེས་པ་ནི། དེ་ནས། ཞེས་པ་ནས། མཛད་དོ་ཞེས་པའི་བར་རོ། །དེའང་ལེགས་སྦྱར་གྱི་སྒྲ་བཟང་པོ་སྨྲ་བ་དེ་དག་རྣམས་ཀྱི་སྒྲ་བཟང་པོ་ལ་
ཞེན་པ་སྤངས་པའི་སླད་དུ་དོན་ལ་གཙོ་བོར་སྟོན་པ་ཉིད་ལ་བརྟེན་ཏེ་ཚིགས་སུ་བཅད་པ་ཁ་ཅིག་ཏུ། སཱི་ཏ་ཞེས་པ་ལ་ཤཱི་ཏ་ཞེས་པའམ། ཡ་མ་ཞེས་པ་ལ། ཛ་མ་ཞེས་པ་ལྟ་བུ་སཾ་སྐྲྀ་ཏ་ལས་གཞན་ཟུར་ཆག་གི་སྒྲ་དང་། ཐུར་སེལ་གྱིས་ནི་འོག་ཏུ་འདྲེན་ཏེ། ཞེས་པར། འདྲེན་ནོ། ཞེས་རྫོགས་ཚིག་འཐོབ་པས། ན་ཡ་ཏི། ཞེས་འཐོབ་པ་ལ། ནི་ཏི་ཞེས་ལྷག་མ་ཅན་དུ་བྱས་པ་ལྟ་བུ་ཚིགས་སུ་བཅད་པ་ཁ་ཅིག་ཏུ་སྡེ་སྦྱོར་གྱི་ངལ་བསོའི་གཅོད་མཚམས་ཉམས་པ་དང་། ཚིགས་སུ་བཅད་པ་ཁ་ཅིག་ཏུ། ཟླ་བཟང་ཞེས་པ་ལ། སུ་ཙནྡྲཏྟྲཿ ཞེས་དང་པོའི་རྣམ་དབྱེ་ཐོབ་པ་ལ། སུ་ཙནྡྲ་ཞེས་རྣམ་དབྱེ་མེད་པའི་ཚིག་དང་། སྒྱུ་མ་སྤྲིན་ཏེ་ཞེས་པའི་སྒྱུ་མ་ལ། ཨནྟྲཾ་ཞེས་ཐོབ་པ་ལ་ཨནྟྲ་ཞེས་པ་ལྟ་བུར་བྱས་པ་ན་ཨཾ་ཕྱིས་པ་ལྟ་བུ་ཁ་ཅིག་ཏུ་དབྱངས་བཞག་པར་འོས་པ་ཕྱིས་པ་དང་། རྩ་ནི་ཟུང་དག་ངེས་པར་འཇོམས། ཞེས་པའི་འཇོམས་པ་ལ་གྷཱནྟི་ཞེས་ཐོབ་པ་ལ། ཧནྟི་ཞེས་པར་བྱས་པ་ལྟ་བུ་གསལ་བྱེད་བཞག་པར་འོས་པ་ཕྱིས་པ་དང་། ཚིགས་བཅད་ཁ་ཅིག་ཏུ། སའི་མིང་མ་ཧཱི་ཞེས་རིང་པོ་ཐོབ་པ་ལ། མ་ཧི་ཞེས་ཐུང་ངུར་བྱས་པ་དང་། དེ་བཞིན་དུ་ཐུང་ངུ་ལའང་རིང་པོར་བྱས་པ་དང་། ས་ལས་དྲི། ཆུ་ལས་གཟུགས། ཞེས་ཐོབ་པ་ལ། ས་ལ་དྲི། ཆུ་ལ་གཟུགས། ཞེས་སྦྱར་བ་ལྟ་བུ།ཁ་ཅིག་ཏུ། རྣམ་དབྱེ་ལྔ་པའི་དོན་འབྱུང་ཁུངས་ཀྱི་ཚིག་ཐོབ་པ་ལ། རྣམ་དབྱེ་བདུན་པ་གནས་གཞིའི་ཚིག་སྦྱར་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཕྱིར་དང་བླ་མ་རྣམས་ཀྱི་ཕྱིར་དུ་འབུལ་བ་ལ།
སངས་རྒྱས་ཐམས་ཅད་ཀྱི་བླ་མ་རྣམས་ཀྱི་ཞེས་སྦྱར་པ་ལྟ་བུ། རྣམ་དབྱེ་བཞི་པ་རབ་ཏུ་སྦྱིན་པའི་དོན་ལ། རྣམ་དབྱེ་དྲུག་པ་འབྲེལ་བའི་ཚིག་སྦྱར་བ་དང་། ཁ་ཅིག་ཏུ་གཞན་གྱི་དོན་གྱི་ཚིག་ཐོབ་པ་ཅན་གྱི་བྱིངས་ལ་བདག་ཉིད་ཀྱི་དོན་ཅན་གྱི་ཚིག་དང་། བདག་ཉིད་ཀྱི་དོན་གྱི་ཚིག་ཐོབ་པ་ཅན་ལ་གཞན་གྱི་ཚིག་ཅན་སྦྱར་བ། དཔེར་ན་འཚེད་པ་ལྟ་བུར་རང་གཞན་གང་གིས་འཚེད་མ་ངེས་པར་ཐུན་མོང་དུ་སྟོན་ན། འཚེད་པའི་བྱིངས་པ་ཙ་ལ་ཏི་སྦྱར་ནས་སྟོན་ལ། གཞན་གྱིས་འཚེད་པ་ཞིག་སྟོན་ན། སི་སྦྱར་ནས་པ་ཙ་སི་ཞེས་པ་ལྟ་བུ་དང་། བདག་ཉིད་ཀྱིས་འཚེད་པ་ཞིག་སྟོན་ན། ཨཏྨ་ནེའི་ཚིག་ཨེ་སྦྱར་ནས། པ་ཙེ་ཞེས་པ་ལྟ་བུ་འཐོབ་པ་ལ། རང་གིས་འཚེད་པ་ལ་པ་ཙ་སི། གཞན་གྱིས་འཚེད་པ་ལ་པ་ཙེ་ཞེས་སྦྱར་བ་ལྟ་བུ་དང་། ཁ་ཅིག་ཏུ་གཅིག་གི་ཚིག་ལ་མང་པོའི་ཚིག་སྦྱར་བ་བཙུན་མོ་གཅིག་ལ་བཙུན་མོ་རྣམས་ཞེས་སྦྱར་བ་ལྟ་བུ་དང་། མང་པོའི་ཚིག་ལ་གཅིག་གི་ཚིག །ཤིང་གི་ཚོགས་པ་ལ་ཤིང་ཞེས་སྦྱར་བ་ལྟ་བུ་དང་། ཚིགས་སུ་བཅད་པ་ཁ་ཅིག་ཏུ་ཕོའི་རྟགས་ལ་མ་ནིང་གི་རྟགས་དང་མ་ནིང་གི་རྟགས་ལ་ཕོའི་རྟགས་སུ་སྦྱར་བ། དཔེར་ན་ཐམས་ཅད་ཅེས་པ་ལ། ཕོ་སྟོན་ན་རྟགས་ཨེ་སྦྱར་ནས་སརྦྦེ་ཞེས་པ་དང་། མོ་སྟོན་ན་ཨཱ་སྦྱར་ནས་སརྦཱ་ཞེས་དང་། མ་ནིང་སྟོན་ན་རྟགས་ཨཾ་སྦྱར་ནས་སརྦཾ་ཞེས་སྟོན་པ་ཡིན་པ་ལ། ཕོ་སྟོན་པ་ལ་སརྦཾ། མ་ནིང་སྟོན་པ་ལ་སརྦེ་ཞེས་སྦྱར་བ་ལྟ་བུ་དང་། ཁ་ཅིག་ཏུ་རྐན་ལས་བྱུང་བ་ཤ་ཡིག་
ལ་སོ་ལས་བྱུང་བ་ས་ཡིག་ཏུ་བྱས་པ་ཤ་ར་ལ་ས་ར་ཞེས་པ་ལྟ་བུ་དང་། ཡང་དེ་ལ་སྤྱི་བོ་ལས་བྱུང་བ་ས་ཏ་ལ་ཥ་ཊར་བྱས་པ་ལྟ་བུ་དང་། ཁ་ཅིག་ཏུ་སྤྱི་བོ་ལས་བྱུང་བ་ལ། སོ་དང་རྐན་ལས་འབྱུང་བར་བྱས་པ་ཥ་ར་ལ། ས་རར་བྱས་པ་དང་། ཤ་ར་ཞེས་བྱས་པ་ལྟ་བུའོ། །ཁ་ཅིག་ཏུ་སོ་ལས་འབྱུང་བ་ས་ལ་རྐན་ལས་བྱུང་བ་ཤ་ཡིག་ཏུ་བྱས་ནས་སཾ་བྷ་ར་ལ་ཤཾ་བྷ་ར་ཞེས་སྦྱར་བ་ལྟ་བུ་དང་། དེ་ཉིད་ལ་སྤྱི་བོ་ལས་བྱུང་བར་བྱས་པ། ས་ཏ་ལ་ཥ་ཌར་བྱས་པ་ལྟ་བུ་སྟེ། ཐ་སྙད་ཀྱི་གཙུག་ལག་དང་མི་མཐུན་པ་དེ་ལྟ་བུ་དང་གཞན་ཡང་རྒྱུད་སྟོན་པ་པོའི་མན་ངག་གི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །དཔེར་བརྗོད་འདི་དག་ཆོས་རྗེ་དམ་པའི་བཞེད་པ་ཉིད་བྲིས་པའོ། །བརྟག་པར་བྱ་བའི་གནས་འགའ་ཞིག་སྣང་ངོ་། །བསྡུས་རྒྱུད་ལྟར། རྩ་རྒྱུད་ལས་ཀྱང་བསྟན་པར་བཤད་པ་ནི། དེ་བཞིན་དུ། ཞེས་པ་ནས། རྟོགས་པར་བྱའོ་ཞེས་པའི་བར་རོ། །དེ་ལྟར་འགྲེལ་པ་མཁན་པོས་ཀྱང་སྒྲ་བཟང་པོ་སོགས་ལ་ཞེན་པ་དགག་པའི་ཆེད་དུ། སྒྲ་ཟུར་ཆག་པ་སོགས་ཀྱིས་བསྟན་པར་བྱ་བ་རྒྱུ་མཚན་དང་བཅས་པ་ནི། དེ་བཞིན་དུ་ཞེས་པ་ནས། ཆོས་སྟོན་ཏོ་ཞེས་པའི་བར་རོ། །མདོར་བསྡུས་ཀྱི་མཚན་ཉིད་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་སོགས་སོ། །མདོར་བསྡུས་གསུམ་པའི་དཀའ་བའི་གནས་བཤད་པའོ། །ད་ནི་མདོར་བསྡུས་པ་བཞི་པ་བཤད་པར་བྱའོ། །དེ་ལ་སྔར་བཤད་པའི་མདོར་བསྡུས་གསུམ་ནི་རྒྱུད་ཀྱི་
བཤད་པ་ལ་འཇུག་པའི་ཡན་ལག་ཡིན་ལ། དེའི་རྗེས་སུ་རྒྱུད་ཀྱི་བཤད་པ་དངོས་ལ་འཇུག་པ་ལ། མདོར་བསྡུས་བཞི་པ་འདིས། རྒྱུད་ཀྱི་གླེང་གཞིའི་དོགས་གཅོད་དང་བསྡུས་པའི་དོན་གཙོ་བོར་འཆད་ཅིང་། མདོར་བསྡུས་ལྔ་པས་གླེང་གཞིའི་ཚིག་དོན་དང་རྒྱུད་ཀྱི་བརྗོད་བྱའི་གཙོ་བོའི་རྡོ་རྗེའི་རྣལ་འབྱོར་བསྡུ་བ་འཆད་ལ། མདོར་བསྡུས་དྲུག་པས། རྒྱུད་ལ་ཞུ་བ་པོས་གསོལ་བ་བཏབ་པ་ཉིད་འཆད་པས། མདོར་བསྡུས་གསུམ་པོ་འདི་རྒྱུད་ཀྱི་ལེའུ་ལྔའི་ཐུན་མོང་བ་ཡིན་ལ། དེ་ནས་ལེའུ་སོ་སོའི་དོན་སྟོན་པ་ཡིན་ནོ། །དེ་ལ་ད་ནི་ཞེས་པ་ནས། རྒྱས་པར་བྱ་སྟེ་ཞེས་པའི་བར། མདོར་བསྡུས་འདི་ཉིད་བཤད་པར་དམ་བཅའ་བའོ། །འདིར་ཞེས་པ་ནས། ཉོན་ཅིག་ཅེས་སོ། ཞེས་པའི་བར་གྱིས་བསྡུས་རྒྱུད་སྡུད་པ་པོ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱིས། རྒྱུད་སྟོན་པར་ཞུ་བ་པོ་ལ་སྐབས་ཕྱེ་ཞིང་། སྟོན་པར་ཞལ་གྱིས་བཞེས་ནས་ཉན་པར་བསྐུལ་བ་འཆད་དེ། དེ་ལ་བཞུགས་པ་ཞེས་པའི་བར་གྱིས་གནས་དང་། ཕྱག་བྱས་པ་ཞེས་པའི་བར་གྱིས་འཁོར་དང་། ཤེས་རབ་ཀྱི་སྐུ་ཞེས་པའི་བར་གྱིས་ངོ་བོ་དང་། ཉི་མའི་ཤིང་རྟས་གསོལ་བ་བཏབ་པ། ཞེས་པས་ཞུ་བ་པོའི་ཁྱད་པར་དང་། མིའི་དབང་པོ་གྲགས་པས། ཞེས་པས་མཚན་གྱི་ཁྱད་པར་ཏེ་ཕུན་སུམ་ཚོགས་པ་ལྔ་བཤད་ལ། བསྟན་པར་བྱའོ་ཞེས་པའི་བར་གྱིས་ཞུས་པ་ལ་ལེགས་སོགས་གནང་ཞིང་སྟོན་པར་ཞལ་གྱིས་བཞེས་པའོ། །དེ་ནས་ཉོན་ཅིག །ཅེས་སོ། ཞེས་པའི་བར་གྱིས་ལེགས་པར་ཉན་པར་
བསྐུལ་བ་ཡིན་ནོ། །དེ་ནས་ཞེས་པ་ནས། གསུངས་པ་ཞེས་པའི་བར་གྱིས་གླེང་གཞིའི་ཚིག་གི་མཚམས་སྦྱར་བའོ། །ཐམས་ཅད་ཅེས་སོགས་ནི་བཤད་པར་བྱ་བ་གླེང་གཞིའི་ཚིག་དགོད་པའོ། །དེ་འཆད་པ་ལ།རྒྱུད་ཀྱི་རྒྱལ་པོ་འདིར། ཞེས་པ་ནས། བསྡུ་བ་མཛད་དོ། ཞེས་པའི་བར་གྱིས་གླེང་གཞི་བསྡུས་དོན་བསྟན་ཏེ། དེ་ལ། པ་ལྷ་མཆོག་རྣམས་ཀྱིས་བཏུད་ལ་ཞེས་པ་ནི། པ་མར་ལ་དྲངས་ནས། བཏུད་པ་ལ་ཞེས་སྦྱར་རྒྱུ་ཡིན་པས། ཁྲི་ལ་བཞུགས་པ། ཞེས་གོང་དུ་དྲངས་ནས་མ་གསུངས་པ་ཡིན་ནོ། །གཞན་ནི་གོ་སླའོ། །མདོར་བསྡུས་བཞི་པ་སོགས་གསུམ་དོན་གྱི་ཆ་ནས་ལེའུ་ལྔ་གའི་ཐུན་མོང་བ་ཡིན་ཀྱང་། གཞུང་ལེའུ་དང་པོ་དང་ཚན་གཅིག་ཏུ་བཞུགས་པ་ལ་དགོངས་ནས། མདོར་བསྡུས་འདི་དག་གི་གནས་པ་རྣམས་ལེའུ་དང་པོའི་གནས་པར་བགྲངས་སོ། །དེའི་རྗེས་སུ་གླེང་གཞིའི་ཚིག་ལ་རྩོད་པ་སྤང་བ་འཆད་དེ། དེའང་འདིར་བརྗོད་པར་འོས་པའི་ཚིག་ཨེ་ཝཾ་མ་སྨོས་པའི་རྩོད་པ་སྤང་པ་དང་། དངོས་སུ་སྨོས་པ་རྒྱུད་སྟོན་པ་པོའི་མཚན་གྱི་ཁྱད་པར་ལྔ་བརྗོད་པའི་ཚིག་ལ་ཟློས་པ་ལ་སོགས་པའི་རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། ཡང་དག་པར་བསྟན་ཏོ་ཞེས་པ་ཡན་ཆད་དང་། འདིར་འགའ་ཞིག་ལ་ཞེས་པ་ནས། ངེས་པར་གྲོལ་བའོ། ཞེས་པའི་བར་ཡིན་ལ། དེ་ནས། དེའི་ཕྱིར་རྒྱུད་སྟོན་པ་པོ་དང་སྡུད་པ་པོ་གཞན་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ནི། དེ་ནས་ཁྱབ་འཇུག་དང་ཞེས་པ་ནས། དེ་ལ་གཞན་དོན་ཅི་ཞིག་གཏམ་ཞེས་པའི་བར་རོ། །དེའི་ཕྱིར་ཞེས་སོགས་ནི་དེ་
དག་ཐམས་ཅད་ཀྱི་དོན་བསྡུ་བའོ། །དེ་ལ་རྩོད་པ་དང་པོ་སྤང་བ་ལ། རྩོད་པ་དགོད་པ་ནི། རྒྱུད་ཀྱི་རྒྱལ་པོ་ཞེས་པ་ནས། འབྱུང་བར་འགྱུར་ཏེ་ཞེས་པའི་བར་ཏེ། དེའི་དོན་ནི། རྒྱུད་འདི་ཐམས་ཅད་མཁྱེན་པས་གསུངས་པ་མིན་ཏེ། རྩ་རྒྱུད་རྒྱས་བསྡུས་གཞན་ཐམས་ཅད་དུ། བཞུགས་པའི་གནས་སྟོན་པའི་ཨེ་ཝཾ་ཀྱི་ཚིག་ཡོད་ལ། འདིར་དེ་མེད་པའི་ཕྱིར་ཞེས་པ་སྟེ། བཞུགས་པའི་གནས་སྟོན་པའི་ཨེ་ཝཾ་གྱི་ཚིག་མེད་པར་རྩོད་པ་ཡིན་གྱི། རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། ཞེས་པ་ལྟ་བུ་ལ་བཞུགས་པའི་གནས་སྟོན་པའི་ཚིག་ཏུ་བྱས་ནས་དེ་མེད་པའི་ཕྱིར་ཞེས་རྩོད་པ་མིན་ནོ། །དེའི་ལན་ལ་ཨེ་ཝཾ་ཞེས་པ་ལྟ་བུ་ལེགས་སྦྱར་གྱི་སྐད་ཁོ་ན་ངེས་བཟུང་དུ་སྨོས་མི་དགོས་པའི་སྒྲུབ་བྱེད་དང་། སྨོས་དགོས་པ་ལ་གནོད་བྱེད་དང་། སྨོས་མི་དགོས་པའི་སྒྲུབ་བྱེད་གཞན་བསྟན་པ་དཔེ་དང་བཅས་པ་དང་། ལེགས་སྦྱར་གྱི་སྐད་ཀྱིས་བསྡུས་པའི་རྒྱུད་སྡེ་རྣམས་ལའང་བཞུགས་པའི་གནས་སྟོན་ཚུལ་གཅིག་ཏུ་མ་ངེས་ཤིང་། རྒྱུད་ཞུ་བ་པོའང་རིགས་གཅིག་ཏུ་མ་ངེས་པར་བསྟན་པ་དང་། ཨེ་ཝཾ་གྱིས་མཚོན་པའི་དོན་གྱི་མིང་གི་རྣམ་གྲངས་བཤད་པ་དང་། རྒྱུད་གཞན་དུ་གསུངས་པའི་ཨེ་ཝཾ་གྱི་ངེས་དོན་བཤད་པ་དང་། དེ་ཉིད་བླ་མའི་མན་ངག་ལས་ཡིད་ཆེས་གསུམ་གྱི་སྒོ་ནས་རྟོགས་པར་བྱ་བར་བསྟན་པ་དང་ཡིད་ཆེས་སུམ་ལྡན་གྱི་རྒྱུད་ཀྱི་དོན་བསྡུས་པ་བཤད་པ་དང་། རྒྱུད་གཞན་ལས་བསྟན་པའི་ཨེ་ཝཾ་གྱི་དོན་དེ་ཉིད་འདིའི་གླེང་གཞིའི་ཚིག་གི་དོན་དུ་
ཇི་ལྟར་ཡོད་ཚུལ་དང་། དེའི་ཕྱིར་ཚིག་ཙམ་ལ་བརྟེན་ནས་སྨད་པར་མི་བྱ་བ་དོན་བསྡུ་དང་བཅས་པ་སྟེ། བསྡུས་པའི་དོན་བཅུས་རིག་པར་བྱའོ། །དང་པོ་ནི། དེའི་ཕྱིར་ལན་བརྗོད་པ་ཞེས་མཚམས་སྦྱར་ནས། དེའི་རྗེས་སུ། འདིར་ཞེས་པ་ནས། དེ་ནི་མ་ཡིན་ཏེ། ཞེས་པའི་བར་གྱིས་དམ་བཅའ་སྟོན་ཏེ། དེ་བཞིན་གཤེགས་པས་གསུངས་པའི་རྒྱུད་ཡིན་ན་ཨེ་ཝཾ་ཞེས་པའི་ལེགས་སྦྱར་གྱི་ཚིག་ཁོ་ནས་བཞུགས་པའི་གནས་བསྟན་དགོས་པ་མིན། ཞེས་བྱ་བའོ། །དེའི་རྒྱུ་མཚན་གང་གི་ཕྱིར་ན། ཆོས་སྟོན་པ་པོ་སངས་རྒྱས་རྣམས་ཀྱང་། དོན་ལ་གཙོ་བོར་སྟོན་པ་ལ་བརྟེན་ནས་གདུལ་བྱ་རང་རང་གི་སྐད་དང་མཐུན་པར་སྐད་སྣ་ཚོགས་པས་ཆོས་སྟོན་པ་ཉིད་ཀྱི་ཕྱིར་དང་། སྡུད་པར་བྱེད་པ་པོ་རྣམས་ཀྱང་ཡུལ་སྣ་ཚོགས་ཀྱི་སྐད་ལེགས་སྦྱར་ལས་གཞན་གྱིས་ཀྱང་ཡང་དག་པར་སྡུད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དང་ཞེས་པ་ནི། འདི་གཉིས་གང་རུང་རེས་ཀྱང་དམ་བཅའ་དེ་ཉིད་འགྲུབ་པའི་རྟགས་རྣམས་གྲངས་སྟོན་པ་ཡིན་ནོ། །གཉིས་པ་དམ་བཅའ་དེ་ལས་བཟློག་པ་ལ་གནོད་པ་སྟོན་པ་ནི། འདིར་གལ་ཏེ་ཞེས་པ་ནས། ཡིན་པའི་ཕྱིར་རོ་ཞེས་པའི་བར་ཏེ། སངས་རྒྱས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དུས་དུ་མར་གདུལ་བྱ་རིགས་ཐ་དད་དུ་མ་ལ་བསྟན་མི་ནུས་པར་ཐལ། ལེགས་སྦྱར་གྱི་སྐད་ཁོ་ནས་སྟོན་དགོས་པའི་ཕྱིར། སྡུད་པ་པོས་ཀྱང་གདུལ་བྱ་རང་རང་གི་སྐད་དང་མཐུན་པར་སྡུད་མི་ནུས་པར་ཐལ། སྐད་ཉི་ཚེ་བ་ལེགས་སྦྱར་ཁོ་ནས་སྡུད་དགོས་པའི་ཕྱིར་ཞེས་པའོ། །
གཞན་ཡང་གསུང་ཉི་ཚེ་བ་དེ་ཁོ་ནར་ངེས་ནས་རང་རང་གི་སྐད་དང་མཐུན་པར་ཆོས་མི་སྟོན་ན། སྐུའང་ཉི་ཚེ་བ་ཁོ་ནར་འགྱུར་བས། ཅིག་ཅར་ཞིང་མཐའ་ཡས་པར་གདུལ་བྱ་མཐའ་ཡས་པ་ལ་སྐད་དང་གསུང་གི་རྣམ་པས་དོན་མཛད་པ་མེད་པར་འགྱུར་ལ། དེ་ལྟ་ན་ཐམས་ཅད་མཁྱེན་པ་མིན་པར་འགྱུར་རོ། ཞེས་པ་ནི། འདིར་ཞེས་པ་ནས། དེ་ལྟར་ཡང་མིན་ནོ་ཞེས་པའི་བར་རོ། །གསུམ་པ་ལེགས་སྦྱར་ཁོ་ན་བསྟན་མི་དགོས་པའི་སྒྲུབ་བྱེད་གཞན་ཡང་བཤད་པ་ནི། འདིར་ཞེས་པ་ནས། དུ་མ་ཡིན་ནོ་ཞེས་པའི་བར་ཏེ། དེའང་བཅོམ་ལྡན་འདས་ཀྱི་ཆོས་སྟོན་པའི་གསུང་ལེགས་སྦྱར་ཁོ་ནར་ངེས་ན་སྐུའང་ལྷའི་གཟུགས་གཅིག་པུར་ངེས་དགོས་པ་ལ། ཐམས་ཅད་མཁྱེན་པའི་སྐུའི་ལྷའི་གཟུགས་གཅིག་པུར་ངེས་པ་མིན་ནོ། །དེའི་རྒྱུ་མཚན། སྟོན་པ་པོ་སངས་རྒྱས། དེས་བསྟན་པའི་ཆོས། ཞུ་བ་པོ་དགེ་འདུན་རྣམས་རྣམ་པ་ཉི་ཚེ་བ་མ་ཡིན་པར་ཚད་མེད་པའི་ཕྱིར་རོ། ཞེས་པའོ། །དེའི་ཕྱིར་ནས། བསྟན་པ་མིན་ནོ་ཞེས་པའི་བར་དེའི་དོན་བསྡུའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཡུལ་སོ་སོར་གདུལ་བྱ་སོ་སོ་ལ་དོན་གཅིག་ཉིད་སྐད་རིགས་སོ་སོས་བསྟན་པ་མདོ་སྡེ་ལས་འབྱུང་བའི་དཔེས་བསྟན་པ་ནི། འདིར་དང་པོར་ཞེས་པ་ནས། ཆོས་བསྟན་ཏོ་ཞེས་པ་གསུམ་པའི་བར་ཏེ། སྐད་རིགས་གསུམ་པོ་དེའི་དོན་ནི། བོད་སྐད་དུ་བསྒྱུར་ན། འདི་ལྟར་ཡང་བཅོམ་ལྡན་འདས་དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་
སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། ཞེས་པ་འདི་ཡིན་ཏེ། དེའང་ཡུལ་སྐད་དང་པོ་དེའི་དོན་ནི་འདི་ཉིད་ཡིན་ལ། སྐད་གཞན་གཉིས་ད་ལྟ་བསྒྱུར་རྒྱུ་མེད་ཀྱང་། སྔ་མའི་འགྲོས་ཀྱིས་དོན་འདི་གསལ་ལོ་ཞེས་བླ་མ་སྔ་མ་དག་གསུང་ངོ་། །དེ་ལྟར་ནས་མིན་ནོའི་བར་ནི་དཔེ་དེས་གྲུབ་པའི་དོན་ཏོ། །བཞི་པ་ལེགས་སྦྱར་གྱི་སྐད་ཀྱིས་བསྡུས་པའི་རྒྱུད་སྡེ་རྣམས་ལའང་བཞུགས་པའི་གནས་སྟོན་ཚུལ་གཅིག་ཏུ་མ་ངེས་པར་བསྟན་པ་ནི། དེ་ནས་སྡུད་པར་བྱེད་པ་པོ་རྣམས་ཀྱིས། ཞེས་པ་ནས། མན་ངག་ལས་རྟོགས་པར་བྱའོ་ཞེས་པའི་བར་རོ། །དེ་བཞིན་དུ་རྒྱུད་སྟོན་པར་གསོལ་བ་འདེབས་པ་པོའང་གཅིག་ཏུ་མ་ངེས་པར་བསྟན་པ་ནི། དེ་བཞིན་དུ་ཞེས་པ་ནས། གསོལ་བ་འདེབས་པ་རྣམ་འབྱོར་པས་ཤེས་པར་བྱའོ་ཞེས་པའི་བར་ཏེ། དགེ་འདུན་ཚད་མེད་པར་གསུངས་པའི་དོན་ནོ། །དེ་ནས་ལྔ་པ་ཨེ་ཝཾ་གྱིས་མཚོན་པའི་དོན་གྱི་མིང་གི་རྣམ་གྲངས་བཤད་པ་ནི། བཅོམ་ལྡན་འདས་ཞེས་པ་ནས། ཆོས་སྟོན་པ་པོ་ཡིན་པའི་ཕྱིར་རོ། ཞེས་པའི་བར་གྱིས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ནི་ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་བཞིན་དུ་ལྷའི་སྐུ་ཉི་ཚེ་བའི་སྐུ་དང་། ལེགས་སྦྱར་གྱི་གསུང་ཉི་ཚེ་བར་ངེས་པ་མིན་གྱི་གདུལ་བྱ་དང་མཐུན་པར་སྐུ་སྣ་ཚོགས་པ་དང་གསུང་སྣ་ཚོགས་པས་ཆོས་སྟོན་ཅིང་། སྡུད་པར་བྱེད་པ་པོས་ཀྱང་དེ་ལྟར་སྡུད་པ་ཡིན་པས། བཞུགས་པའི་གནས་སྟོན་པ་ནའང་། ཨེ་ཝཾ་གཅིག་པུ་མིན་པར། མིང་སྣ་
ཚོགས་པས་བསྟན་པ་ཡིན་ནོ། ཞེས་བྱ་བའོ། །འོ་ན་ཨེ་ཝཾ་གྱིས་མཚོན་པའི་དོན་དེ་ཉིད་མིང་སྣ་ཚོགས་པ་ཇི་ལྟ་བུས་བསྟན་ཞེ་ན། སྔགས་ཀྱི་ཚུལ་འདི་ལ་ཞེས་པ་ནས། སྨིན་པར་བྱ་བའི་སླད་དུའོ་ཞེས་པའི་བར་གྱིས། དོན་གཅིག་མིང་དུ་མས་གོ་བར་བྱེད་པའི་དཔེ་སྔོན་དུ་སྨོས་ཏེ། དེའི་རྗེས་སུ་གོ་རིམ་བཞིན་དུ། ཨེའི་མཚོན་དོན། རྣམ་པ་ཐམས་ཅད་པའི་སྟོང་པའི་མིང་གི་རྣམ་གྲངས་དང་། ཝཾ་ཡིག་གིས་མཚོན་དོན་བདེ་བ་ཆེན་པོའི་མིང་གི་རྣམ་གྲངས་དང་། གཉིས་ཀའི་མཚོན་དོན་ཐབས་ཤེས་གཉིས་སུ་མེད་པའི་རྣལ་འབྱོར་གྱི་མིང་གི་རྣམ་གྲངས་དང་། དེ་དག་གི་དོན་བསྡུ་བ་དང་བཅས་པར་འཆད་དོ། །འདིར་གསང་བ་གཉིས་སྨོས་པའི་སྔ་མའི་སྐད་དོད་ལ་ར་ཧ་སེ། ཕྱི་མའི་སྐད་དོད་ལ་གུ་ཧྱ། ཞེས་པ་ཡོད་པས། སྔ་མ་གསང་ཆེན། ཕྱི་མ་གསང་བ་ཡིན་ནོ་ཞེས་གསུངས་པ་ཉིད་ལེགས་སོ། །དེའི་འོག་ཏུ་དྲུག་པ་རྒྱུད་གཞན་དུ་ཨེ་ཝཾ་གྱི་སྒྲས་བསྟན་པའི་ངེས་དོན་བཤད་པ་ནི། དཔལ་ལྡན་འདུས་པ་ལ་སོགས་པར་ལྷའི་སྐད་ཀྱིས་ཆོས་བསྟན་པས་ཡོངས་སུ་སྨིན་པར་བྱ་བའི་གདུལ་བྱའི་དོན་དུ་བཞུགས་པའི་གནས་བསྟན་པ་ན། ཨེ་ཝཾ་ཞེས་སོགས་ལེགས་སྦྱར་གྱི་སྐད་ཀྱིས་བསྟན་པ་ཡིན་པ་དེའི་ཕྱིར། འདུས་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་ལ་གླེང་གཞིའི་ཐོག་མར་ཨེ་ཝཾ་གྱི་ཡི་གེ་གཉིས་པོ་འདི་དབྱི་བར་མི་འདོད་དེ་དེའི་རྒྱུ་མཚན་སྟོན་པས་ཀྱང་སྒྲ་དེས་གསུངས་ཤིང་། སྡུད་པ་པོས་ཀྱང་སྒྲ་དེ་ཐོས་ནས་བསྡུས་པ་ཡིན་པའི་ཕྱིར། ཞེས་པ་ནི། ཡི་
གེ་གཉིས་པོ་འདི་སོགས་སོ། །འོ་ན་ཨེ་ཝཾ་ཞེས་པའི་ཡི་གེ་གཉིས་པོ་འདི་བསྒྲུབ་པའི་ཚུལ་ཇི་ལྟར་བྱས་ནས། ངེས་པའི་དོན་གང་མཚོན་པར་བྱེད་ཅེ་ན། དེའི་ཕྱིར་ཡི་གེ་གཉིས་པོ་འདིའི་བསྒྲུབ་པའི་ཚུལ་དང་། ངེས་པའི་དོན་བརྗོད་པར་བྱ་སྟེ། དེ་ལ་དང་པོར། ཞེས་པ་ཡི་གེ་འགོད་པའི་རིམ་པ་སྟོན་པའི་ཚིག་གོ །ཨ་ཡིག་ཅེས་པ་ནས། ཁུ་བའོ་ཞེས་པའི་བར་ནི། དང་པོ་ཨ། དེ་ནས་རྣམ་བཅད་ཚེག་དྲག །དེ་ནས་ཡང་ཨ། དེ་ནས་རྗེས་སུ་ང་རོ་ཐིག་ལེ་དགོད་པར་བྱ། ཞེས་པའི་དོན་དེ། ཨ་ཨཿ ཞེས་པ་ལྟ་བུའོ། །འདིར་ཁ་ཅིག །ཨ་ཡིག་ནམ་མཁའི་ཁམས་དང་། གསང་བའི་པདྨ་ཞེས་པའི། ནམ་མཁའ་ཕྱི་པདྨ་ནང་ཨ་ཡིག་གཞན་ཡིན་ནོ་ཞེས་ཟེར་བ་མི་འཐད་དེ། འདིར་ཡི་གེ་འདི་དག་བཀོད་པ་ནི་ཨེ་ཝཾ་གྱི་ཡི་གེ་བསྒྲུབ་པའི་ཕྱིར་དུ་བཀོད་པ་ཡིན་ལ་དེས་བསྒྲུབས་པའི་ཨེ་ཝཾ་གྱི་ཡི་གེ་དེས་མཚོན་པའི་དོན་ལ་ཕྱི་ནང་གཞན་གསུམ་དུ་དབྱེ་རྒྱུ་ཡིན་གྱི། བསྒྲུབས་ཟིན་ནས་ཀྱང་ཨེ་ཝཾ་གྱི་ཡི་གེ་ཉིད། གཞན་དུ་བྱེད་པ་མིན་པས་སོ། །དེ་ལྟར་བཀོད་པ་ན་ཨ་ཡིག་ལས་ཕྱི་རོལ་གྱི་རྣམ་པར་བཅད་པ་ནི། ཨུ་ཡིག་ཏུ་འགྱུར་ཏེ། ཞེས་འབྱུང་བ་ལྟར་ཉི་མ་དང་རྡུལ་མཚོན་པའི་རྣམ་པར་བཅད་པ་ཚེག་དྲག་ནི། ནམ་མཁའི་ཁམས་མཚོན་བྱེད་ཨ་ཡིག་སྔ་མ་དང་། སྒྲ་གཅན་རྣམ་ཤེས་ཀྱི་ཁམས་མཚོན་བྱེད་ཨ་ཡིག་ཕྱི་མ་འདི་གཉིས་ཀྱི་བར་དུ་ཆུད་པའི་དབང་གིས། ཨུ་ཉིད་དུ་འགྱུར་ནས་འགྲོ་བ་འཐོབ་སྟེ། དེའི་ཕྱིར་ཚེག་དྲག་ཕྱིས་ནས་ཨུ་བྲིའོ། །དེ་ལྟར་རྣམ་པར་བཅད་པ་ཉི་མ་དང་
རྡུལ་མཚོན་བྱེད་དེ་ཉིད་ཨུ་ཉིད་དུ་བསྒྱུར་བ་ཐོབ་པར་གྱུར་པ་ན། འགའ་ཞིག་གིས་བསམས་པས། ཨུ་ཡིག་དེ་ཉིད་དེའི་གོང་གི་ཨ་མཐོང་བས་ཨོ་ཡིག་ཏུ་འགྱུར་དགོས་ཏེ། ཨུ་དང་ཨ་ལས་ཨོ་ཉིད་དུ་འགྱུར་བར་སྒྲའི་མདོ་ལས་བཤད་པས་སོ་སྙམ་ན། སྤྱིར་དེ་ལྟར་འགྱུར་བ་ཡོད་ཀྱང་སྐབས་འདིར། ཨུ་ཡིག་དེ། དེའི་གོང་གི་ཨས་མཐོང་བས། ལུགས་འདིར་ཡོན་ཏན་གྱི་ཡི་གེར་བྱས་པའི་ཨོ་ཉིད་དུ་འགྱུར་བ་དེ་མེད་དོ། །དེའི་རྒྱུ་མཚན། ཨུ་ཡིག་གི་གོང་གི་ཨ་དེ་ནི། དོན་དམ་པའི་བདེན་པ་སྟོང་པ་ཉིད་མཚོན་བྱེད་ཀྱི་ཨེ་ཡིག་བསྒྲུབ་པའི་གཞིར་བཀོད་པ་ཡིན་ཅིང་། ཨོ་ཡིག་ཏུ་བསྒྱུར་ན། ཨེ་བསྒྲུབ་ཏུ་མི་རུང་བ་དེ་ལས་ཏེ་དེའི་ཕྱིར་རོ། །དེས་ན་ཡོན་ཏན་ཞེས་པ་ནི། འོག་ནས་འབྱུང་བ་ལྟར། ཡོན་ཏན་གྱི་ཡི་གེ །ཨེ་ཨོ་སོགས་ཐུང་ངུ་དང་། འཕེལ་བའི་ཡི་གེ་ཨཻ་ཨཽ་སོགས་རིང་པོ་ལ་བཤད་པ་དེ་ཉིད་ཡིན་གྱི། དོན་དམ་པར་ཡོན་ཏན་མེད་ཀྱང་ཀུན་རྫོབ་ཏུ་ཡོན་ཏན་ཡོད་ཅེས་བཤད་ན་ནོར་བའོ། །འོ་ན་ཨུ་ཡིག་དེ་གང་དུ་བསྒྱུར་ཅེ་ན། དེ་ཉིད་སྐབས་འདིར་ཡོན་ཏན་གྱི་ཡི་གེར་འགྱུར་བ་མེད་པའི་ཕྱིར་ན། སྒྲའི་མདོ་ལས། ཨི་ཀ་ནི་ཨ་ཙ་ལ་ཡ་ཎའོ། ཞེས་པ་ལྟར་བསྒྱུར་བར་བྱའོ། །དེའི་ཚུལ་ནི་ཨི་རྀ་ཨུ་ལྀ་ཀ །ཞེས་པ་འདི་ཉིད་ཐོག་མཐའ་བསྡུས་ནས་ཨི་ཀའི་ཡི་གེ་ཞེས་བྱ་ལ། ཨ་ཨི་རྀ་ཨུ་ལྀ་ཨཻ་ཨཽ་ཙ་རྣམས་ལ་ཐོག་མཐའ་བསྡུས་ནས་ཨ་ཙའི་ཡི་གེ་ཞེས་ཐ་སྙད་བྱ་ཞིང་། ཡ་ར་ལ་ཝ་ཎ་ལའང་། དེ་བཞིན་དུ་ཡ་ཎའི་ཡི་གེ་
ཞེས་བྱའོ། །དེ་ལ་ཀ་ཙ་ཎ་ཞེས་པ་མཐའི་ཡི་གེ་གསུམ་མ་གཏོགས། གཞན་ཨི་ཀའི་ཡི་གེ་བཞི་པོ་དེ་དག་གིས། རང་གི་ཕ་རོལ་ཡི་གེ་གཞན་གྱིས་བར་མ་ཆོད་པར། ཨ་ཙའི་ཡི་གེ་དགུ་པོ་དེ་དག་གང་ཡང་རུང་བ། ཨིས་ཨི་མཐོང་བ་ལྟ་བུ་མིན་པར་རང་དང་རིགས་མི་མཐུན་ཞིག་མཐོང་ན། ཨི་ཀའི་ཡི་གེ་དེ་འགྱུར་ནས་འགྲོའོ། །གང་དུ་ན། ཡ་ནའི་ཡི་གེ་བཞི་པོ་གང་ཡང་རུང་བ་ཞིག་ཏུའོ། །ཚུལ་ཇི་ལྟར་ན། ཨི་ཡིས་རང་གི་ཕ་རོལ་ཏུ་རང་དང་རིགས་མི་མཐུན་པའི་ཨ་ཙའི་ཡི་གེ་ཞིག་མཐོང་ན། ཨི་དེ་ཡ་ཎའི་ཡི་གེ་རྣམས་ཀྱི་ནང་ནས་ཡ་རུ་འགྱུར་འགྲོ་ལ། དེ་བཞིན་དུ་རྀ་རྲ་དང་། ཨུ་ཝྲདང་། ལྀ་ལྲ་རུ་འགྱུར་རོ། །དེའི་ཕྱིར་འདིར་ཡང་། ཨུ་ཡིས་རང་དང་རིགས་མི་མཐུན་པའི་ཨ་ཙའི་ཡི་གེ །རང་གི་གོང་གི་ཨ་དེ་མཐོང་བ་ཡིན་པས་ཨུ་དེ་ཝྲ་རུ་འགྱུར་རོ། །དེའང་སྒྲ་པ་དག་གི་ལུགས་ཀྱིས། དབྱངས་མེད་པའམ་སྲོག་མེད་ནི། རང་གི་འགྲམ་ན་གནས་པའི་དབྱངས་ཡིག་དང་སྦྱར་ཞིང་། དབྱངས་ཡིག་དེ་དེ་ལ་བཅུག་ནས་སྲོག་ཅན་དུ་བྱེད་པ་ཡིན་པས། འདིར་ཡང་ཝྲ་སྲོག་མེད་དེ་ཉིད། ཕྱི་མའི་ཨ་ཡིག་སྒྲ་གཅན་དང་། རྣམ་པར་ཤེས་པ་མཚོན་བྱེད་དེ་དང་ལྷན་ཅིག་ཡང་དག་པར་སྦྱར་ཞིང་ཨ་དེ་ཝྲ་ལ་བཅུག་པས་སྔར་གྱི་ཝ་དེ་སྲོག་དང་ལྡན་པ་ཉིད་དོ། །དེ་ཉིད་མཐའི་རྗེས་སུ་ང་རོ་ཟླ་བ་དང་ཁུ་བ་མཚོན་བྱེད་དེ་དང་ཡང་དག་པར་སྦྱར་ཏེ་དེའི་ཕྱིར་ཝཾ་ཡིག་གོ །དེ་བཞིན་དུ་དང་པོར་བཀོད་པའི་ཨ་ཡིག་ནམ་མཁའི་ཁམས་དང་གསང་བའི་པདྨ་མཚོན་བྱེད་ནི་
ཨེ་བསྒྲུབ་པའི་ཆེད་དུ་བདུན་པའི་མཐའ་ཅན་ཏེ། རྣམ་དབྱེ་བརྒྱད་ཀྱི་ནང་ནས་བདུན་པ་གནས་གཞིའི་ཚིག་དེ་ལ་བྱིན་ནོ། །དེའི་རྒྱུ་མཚན་ཡང་ཨེ་ནི་རྟེན་ནམ་གནས་ཀྱི་མཚོན་བྱེད་ཡིན་པས་སོ། །བདུན་པའི་རྣམ་དབྱེ་ལའང་། གཅིག་ཚིག །གཉིས་ཚིག །མང་ཚིག་གསུམ་ཡོད་པ་ལས། འདིར་ནི་རྟེན་ནམ་གནས་ཀྱི་ངོ་བོ་གཅིག་གི་མཚོན་བྱེད་དུ། ཨེ་བསྒྲུབ་པ་ཡིན་པས། གཅིག་ཚིག་ངི་དེ་ཉིད་བཀོད་ནས། དེའི་རྗེས་སུ། ངྲ་ལ་ཞུགས་པའི་ཨི་དེ་ཟུར་དུ་བཀོད། ངྲ་དེ་ཉིད་རྟགས་ཀྱི་དོན་ཙམ་ཡིན་པས་ཕྱིས་ཏེ། ཨི་ཡིག་དེ་ཉིད་ཨ་ལ་གཞུག་པར་བྱའོ། །བཅུག་པས་ཅིར་འགྱུར་ཞེ་ན། ཨ་ཡིག་ཕ་རོལ་གྱི་ཨི་ཡིག་དང་ལྷན་ཅིག་ཡོན་ཏན་དང་ལྡན་པར་འགྱུར་ཏེ། ཞེས་པ་སོགས་ཡོན་ཏན་གྱི་ཡི་གེ་ཨེར་འགྱུར་ཞེས་པའི་དོན་ཡིན་པས། དེའི་ཕྱིར་ཨི་དང་ཨ་དེ་གཉིས་སྦྱར་བས་ཨེ་ཡིག་གོ །དེ་ལྟར་བསྒྲུབས་པའི་ཨེ་ཝཾ་གྱི་ཡི་གེས་མཚོན་པའི་དོན་ནི། ཨེས་རྟེན་དང་། ཝཾ་གྱིས་དེ་ལ་བརྟེན་པ་དག་མཚོན་ཞིང་དེའང་། ཨེ་ཡིག་ཅེས་པ་ནས། རྟོགས་པར་བྱའོ་ཞེས་པའི་བར་གྱིས་སྟོན་ལ། དེའི་དོན་ནི། ཨེ་ཡིག་ལ། ཝཾ་ཡིག་བརྟེན་པ་དེས། ཕྱིར་ནམ་མཁའ་ལ་ཟླ་ཉི་སྒྲ་གཅན་གསུམ་བརྟེན་པ་དང་། ནང་དུ་མིའི་གསང་བའི་པདྨར་ཁུ་རྡུལ་རྣམ་ཤེས་གསུམ་འདུས་པ་དང་། གཞན་བསྐྱེད་རིམ་ལ། ནམ་མཁའི་ཁམས་ཀྱི་ནང་དུ་ཆུད་པའི་གཞལ་ཡས་ཁང་དང་། ལྷ་གནས་དང་། གཞན་རྫོགས་རིམ་དང་འབྲས་བུ་ལ། རྣམ་པ་ཐམས་ཅད་པའི་གཟུགས་ཀྱི་སྟོང་
པ་ལ་བརྟེན་ནས་མི་འགྱུར་བའི་བདེ་ཆེན་གནས་པ་དང་། རྣམ་མེད་ཀྱི་ཤེས་རབ། སྤྲོས་བྲལ་དེ་ཁོ་ན་ཉིད་ཀྱི་སྟོང་པ་དམིགས་པའི་གཞིར་བྱས་པ་ལ་ཡུལ་ཅན་བདེ་ཆེན་གྱི་ཡེ་ཤེས་དབྱེར་མེད་དུ་གནས་པ་གཉིས་ཀ་མཚོན་པར་བྱེད་དོ། ཞེས་བྱ་བའོ། །དོན་དེ་དག་རྩ་རྒྱུད་ཀྱི་ལུང་དང་སྦྱར་བ་ནི། འདིར་རྩ་བའི་རྒྱུད་ལས་ཞེས་སོགས་སོ་དེ་དག་གི་དོན་བསྡུ་བ་ནི། རྒྱུད་འདིས་ནས་གསུངས་སོའི་བར་རོ། །འདུས་པར་ཨེ་ཝཾ་གྱི་སྒྲས་བསྟན་པ་དེ་ཉིད། གཞན་དུ་སྐད་གཞན་གྱིས་གསུངས་པའི་མཚོན་པའི་དཔེ་ནི། དངོས་པོ་གང་ཞིག་ནས། བསྟན་ཏོའི་བར་རོ། །བདུན་པ། དོན་དེ་ཉིད་བླ་མའི་མན་ངག་ལས་ཡིད་ཆེས་གསུམ་གྱི་སྒོ་ནས་རྟོགས་པར་བྱ་བར་བསྟན་པ་ནི། ཨེ་ཝཾ་གྱི་ངེས་དོན་སོགས་དེའང་རྒྱུད་དང་རྒྱུད་གཞན་དུ་དགོངས་པའི་སྐད་སྣ་ཚོགས་ཀྱིས་གསུངས་པར་རྟོགས་པར་བྱའོ། །ཚུལ་ཇི་ལྟ་བུས་ན། འདིར་རྩ་བའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ་དགོངས་པ་དང་ནི་ཞེས་སོགས་ཏེ། དེ་ལྟར་རྒྱུད་ནི། འཕགས་ལུགས་པའི་བླ་མ་སྔ་མ་དག །དོན་གྱི་མཐའ་ལ་བརྟེན་པ་གཉིས། སྒྲ་མཐའ་ལ་བརྟེན་པ་གཉིས། སྒྲ་དོན་གཉིས་ཀའི་མཐའ་ལ་བརྟེན་པ་གཉིས་སུ་གསུངས་པ་ལྟར་གྱི་རྗོད་བྱེད་མཐའ་དྲུག་གི་མཚན་ཉིད་དོ། ཞེས་གསུངས་པའི་བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་རྒྱུད་རྣམས་སུ་དོན་སྟོན་པ་ལ་མིང་གཅིག་ནི་གཙོ་བོ་མ་ཡིན་ནོ། །མཐའ་དྲུག་གི་ངོས་འཛིན་ནི་སྒྲོན་གསལ་ལས་ཤེས་པར་བྱའོ། །འོ་ན་སྔགས་ཀྱི་སྐབས་སུ། ངེས་པའི་དོན་ལ་སོགས་པ་དེ་དང་དེར་ཐབས་གང་གིས་རྟོགས་པར་བྱ་ཞེ་ན།
སྔགས་ཀྱི་ཞེས་པ་ནས། འབྲས་བུར་འགྱུར་རོ་ཞེས་པའི་བར་གྱིས་ཡིད་ཆེས་པ་གསུམ་སྟོན་ཏེ། དེའང་བླ་མས་བཤད་པ་ལྟར་རྒྱུད་དོན་ལུང་རིགས་ཀྱིས་ཇི་ལྟ་བར་ངེས་པ་ན། རྒྱུད་ལ་ཡིད་ཆེས་པར་འགྱུར་ཞིང་། དེ་ལ་བརྟེན་ནས་རྒྱུད་དོན་དེ་ཚུལ་བཞིན་དུ་སྟོན་པའི་བླ་མ་ལ་ཡིད་ཆེས་པར་འགྱུར་ལ། བསྟན་པ་ལྟར་བསྒོམས་པས་མྱོང་བ་སྐྱེས་པ་ན་བདག་ཉིད་ལ་ཡིད་ཆེས་པར་འགྱུར་ཞིང་། ཡིད་ཆེས་གསུམ་དང་མི་ལྡན་པའི་སློབ་མས་ལམ་བསྒོམས་ཀྱང་ཐུན་མོང་གི་དངོས་གྲུབ་འཇིག་རྟེན་པ་འགའ་ཞིག་ཐོབ་སྲིད་ཀྱང་། ཡིད་ཆེས་ཀྱི་དད་པ་དམན་པས་དངོས་གྲུབ་མཆོག་ཐོབ་མི་སྲིད་དོ། ཞེས་བྱ་བའི་དོན་ཏོ། །དེའང་མྱུར་དུ་ཡིད་ཆེས་པའི་མཚན་མ་འབྱུང་བའི་ཚུལ་ནི། འདིར་རྒྱུད་གཞན་དང་གཞན་དུ་ཞེས་པ་ནས། གསུངས་སོ་ཞེས་བྱ་བའི་བར་ཏེ། བདེ་མཆོག་སྟོད་འགྲེལ་དུ་རྩ་རྒྱུད་ཀྱི་ལུང་དྲངས་པ། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་རྫུན་ཚིག་ཡིན། ཅེས་པ་དེའི་དོན་འཆད་པ་ཡིན་ལ། དེའང་སྔར་བཤད་ཟིན་པས་ཤེས་སོ། །དེའི་རྗེས་སུ་བརྒྱད་པ། ཡིད་ཆེས་སུམ་ལྡན་གྱི་རྒྱུད་ཀྱི་དོན་བསྡུས་པ་འཆད་པ་ནི། འོ་ན་ཡིད་ཆེས་གསུམ་དང་ལྡན་པའི་སྔགས་ཀྱི་ཐེག་པ་འདིའི་བརྗོད་བྱ་ཇི་ལྟ་བུ་ཞེ་ན། རིགས་གསུམ་དང་རིགས་བཞི་དང་རིགས་ལྔ་དང་རིགས་དྲུག་ལ་སོགས་པའི་བདག་ཉིད་དུ་སྟོན་པའི་ལྷ་ཞལ་གསུམ་པ་ལ་སོགས་པ་བརྗོད་བྱར་སྟོན་པ་ནི། འདིར་རིགས་གསུམ་གྱི་ཞེས་པ་ནས། གཅིག་ཏུ་
སྦྱོར་བའོ། ཞེས་པའི་བར་རོ། །དེ་མཚན་བརྗོད་ཀྱི་ལུང་དང་སྦྱར་བ་ནི། འདིར་ཞེས་སོགས་ཏེ། འདི་ལ་སོགས་པ་གོང་འོག་རྣམས་སུ་མཚན་བརྗོད་ཀྱི་ལུང་དྲངས་པ་དག་ལ་ཉི་མ་དཔལ་གྱི་བཤད་པ་ལྟར་བྱས་ན། རྒྱུད་འགྲེལ་ཉིད་ཀྱིས་དོན་གང་ལ་དྲངས་པའི་སྐབས་དོན་དང་མི་འགྲིག་པ་འགའ་རེ་སྣང་བས་དཔྱད་གཞིར་འདུག་པས་འདིར་འདི་དག་གི་བཤད་པ་མ་བྲིས་ལ་ལོགས་སུ་དཔྱད་པར་བྱའོ། །དེ་ལྟར་ན་རིགས་བཞིའི་བདག་ཉིད་རྒྱུད་འདིའི་བརྗོད་བྱར་བསྟན་པ་ནི། བཅོམ་ལྡན་འདས་ནས། འཁོར་ལོའི་ཞེས་པའི་བར་ཏེ། རྣལ་འབྱོར་བཞི་ནི་སྔར་བཤད་ཟིན་ཏོ། །དེ་ལྟར་ཕུང་པོ་ལྔ་དང་ཁམས་ལྔ་དག་པའི་རིགས་ལྔའང་། འདིའི་བརྗོད་བྱར་ཡོད་པར་བསྟན་པ་མཚན་བརྗོད་ཀྱི་ལུང་དང་སྦྱར་བ་ནི། དེ་ལྟར་ཞེས་སོགས་སོ། །དེའི་དོན་བསྡུ་བ་ནི། བཅོམ་ལྡན་འདས་ནས། རྟོགས་པར་བྱའོའི་བར་རོ། །དེ་ལྟར་ཡིད་ཆེས་སུམ་ལྡན་གྱི་རྒྱུད་སྤྱིའི་དོན་བསྡུས་ནས་བསྟན་པ་རྣམས་ཀྱི་དོན་བསྡུ་བ་ནི། འདིར་འདུས་པ་ཞེས་པ་ནས། བརྗོད་པར་བྱ་བ་ཡིན་ནོ་ཞེས་པའི་བར་རོ། །དེའང་ཕྱོགས་འདི་དག་ལས། ཨེ་ཝཾ་སོགས་ཡི་གེ་བཞི་བཅུའི་ནང་ནས་ཤྲི་ད་ཡ། མེད་པའི་ཡི་གེ་སོ་བདུན་ལས་མི་འབྱུང་ལ། འདུས་པའི་གླེང་གཞིའི་ཡི་གེ་ལ་ནི་བཞི་བཅུ་ཡོད་ཅིང་། དེ་ཉིད་འགྲེལ་པ་མཁན་པོས་བཞི་བཅུར་བཤད་པ་མ་དག་པ་ཡིན་གྱི། བྱང་ཆུབ་སེམས་དཔའི་འགྲེལ་པ་ལས་འབྱུང་བ་ལྟར་སོ་བདུན་ཁོ་ནའོ། ཞེས་པ་ནི་བརྗོད་པར་མི་བྱ་སྟེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཡི་གེ་རེ་རེའི་དོན་འཆད་པ་ལ་ཤློ་ཀ་རེ་རེ་གསུངས་པའི་ཤློ་ཀ་བཞི་བཅུས་ཡི་གེ་བཞི་བཅུར་བྱས་ནས་བསྙོན་དུ་མེད་པར་གསུངས་
པའི་ཕྱིར་རོ། །དེས་ན་སོ་བདུན་དུ་བཤད་པ་ནི་ཤྲི་ད་ཡའི་དོན་སྙིང་པོ་ཉིད་རྡོ་རྗེ་གསུམ་དུ་འདུ་རུང་བ་ལ་དགོངས་ནས། ལྷ་སོ་དྲུག་དང་། དེ་དག་གི་ཁྱབ་བདག་ལྷན་ཅིག་སྐྱེས་པའི་སྐུ་དང་སོ་བདུན་ལ་དག་པ་སྦྱོར་བའི་ཆེད་དུ་ཡི་གེ་སོ་བདུན་དུ་བསྡུས་ཏེ་གསུངས་པའོ། །འདིར་གོང་འོག་རྣམས་སུ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་ལེགས་པར་སྦྱར་བའི་སྐད་ཀྱིས་ཞེས་འབྱུང་བ་རྣམས་ནི་ཧ་ཅང་འགྱུར་དྲགས་པ་ཡིན་པས། ཨེ་ཝཾ་ལ་སོགས་པ་ཞེས་བཤད་དགོས་སོ། །ད་ནི་དགུ་པ་རྒྱུད་གཞན་ལས་བསྟན་པའི་ཨེ་ཝཾ་གྱི་དོན་དེ་ཉིད། རྒྱུད་འདིའི་གླེང་གཞིའི་ཚིག་གི་དོན་དུའང་ཇི་ལྟར་ཡོད་པའི་ཚུལ་འཆད་དེ། དེ་ལ་ཐམས་ཅད་མཁྱེན་པ་ཞེས་པ་ནས། ཡི་གེ་དྲུག་ཅེས་སོ། ཞེས་པའི་བར་རོ། །བཅུ་པ་དེས་ན་ཚིག་ཙམ་ལ་བརྟེན་པའི་སྒོ་ནས་འདི་ལ་སྨད་པར་མི་བྱ་བར་བསྟན་པ་ནི། དེས་ན་ཞེས་སོགས་ཡིན་ལ། དེ་ལྟར་བརྗོད་པའི་ཞེས་པ་ནས། བསྟན་ཏོ་ཞེས་པའི་བར་སྔར་བཤད་ཐམས་ཅད་ཀྱི་དོན་བསྡུ་བའོ། །ད་ནི་རྒྱུད་འདིའི་གླེང་གཞིར་དངོས་སུ་སྨོས་པ་སྟོན་པའི་མཚན་ཉིད་ཀྱི་ཁྱད་པར་ལྔ་བརྗོད་པའི་ཚིག་ལ་ཟློས་པ་ལ་སོགས་པའི་སྐྱོན་སྤངས་པ་གསུངས་པ། འདིར་འགའ་ཞིག་ལ། ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་རྩོད་པའི་ཚུལ་དང་ལན་བཏབ་པའི་ཚུལ་མདོར་བསྡུས་པ་ནི་འདི་ཡིན་ཏེ། ཐམས་ཅད་མཁྱེན་པ་དང་སངས་རྒྱས་ཞེས་པའི་ཚིག་གཉིས་ལ་ཟློས་སྐྱོན་ཡོད་དོ་ཞེས་པ་ལ། དེ་གཉིས་དོན་གཅིག་ཀྱང་འདིར་གཉིས་ཀ་སྨོས་པ་ནི་ལོག་རྟོག་ལ་བལྟོས་པའི་དགོས་པའི་དབང་གིས་ཡིན་ཏེ་ཕྱི་རོལ་
པ་སོགས་འགའ་ཞིག །ཁྱབ་འཇུག་སོགས་ཀྱང་ཐམས་ཅད་མཁྱེན་པར་བརྗོད་ཅིང་། སྐྱེ་བོ་མང་པོ་ལ་དེ་ལྟར་གྲགས་ཤིང་། དེ་དག་སངས་རྒྱས་སུ་མ་གྲགས་པས། དེའི་ཕྱིར་ན་སངས་རྒྱས་ཁོ་ན་ཐམས་ཅད་མཁྱེན་པ་ཡིན་གྱི་ཐམས་ཅད་མཁྱེན་པ་གཞན་མེད་དོ། ཞེས་བསྟན་པའི་དོན་དུ་དེ་གཉིས་ཀ་སྨོས་པས་སྐྱོན་མེད་དོ་ཞེས་པ་ཟློས་སྤོང་དང་པོའོ། །དེ་ནས་འོ་ན་ཐམས་ཅད་མཁྱེན་པ་དང་ཡེ་ཤེས་ཀྱི་སྐུ་ལའང་ཟློས་སྐྱོན་ཡོད་དོ་ཞེ་ན། དེ་གཉིས་དོན་གཅིག་ཀྱང་འགའ་ཞིག་གིས་ཉན་རང་དགྲ་བཅོམ་པ་དག་གི་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱང་ཡེ་ཤེས་ཀྱི་སྐུ་ཡིན་ནམ་སྙམ་དུ་དོགས་པ་ལ་ཐམས་ཅད་མཁྱེན་པའི་སྐུ་ཁོ་ན་ཡེ་ཤེས་ཀྱི་སྐུ་ཡིན་གྱི་ཉན་རང་དགྲ་བཅོམ་པས་ཤེས་སྒྲིབ་ཀྱི་ལྷག་མ་མ་སྤངས་པའི་ཕྱིར་ཡེ་ཤེས་ཀྱི་སྐུ་མེད་དོ། ཞེས་བསྟན་པའི་དོན་དུ་གཉིས་ཀ་སྨོས་པས་སྐྱོན་མེད་དོ། ཞེས་པ་ཟློས་སྤོང་གཉིས་པའི་དོན་ཏོ། །དེ་ལྟ་ནའང་ཡེ་ཤེས་ཀྱི་སྐུ་དང་ཉིན་མོར་བྱེད་པའི་སྐུ་གཉིས་ཀ་སྨོས་པས་ཟློས་ཞེས་པ་ལ། དེ་གཉིས་དོན་གཅིག་ཀྱང་། འགའ་ཞིག་ཤེས་སྒྲིབ་ཀྱི་ལྷག་མ་གང་སྤངས་པས་ཡེ་ཤེས་ཀྱི་སྐུ་འཐོབ་པའི་ཤེས་སྒྲིབ་དེ་ལ་གཟུང་འཛིན་རྫས་ཐ་དད་དུ་འཛིན་པ་མ་ལུས་པར་སྤངས་པ་ཙམ་གྱིས་ཆོག་གམ་སྙམ་པ་ལ་དེས་མི་ཆོག་གི །རྣམ་ཤེས་ལའང་བདེན་འཛིན་གྱི་བག་ཆགས་མ་ལུས་པར་སྤངས་པའི་ཉིན་མོར་བྱེད་པའི་སྐུ་མ་ཐོབ་པར་ཡེ་ཤེས་ཀྱི་སྐུར་མི་འགྱུར། ཞེས་པའི་དོན་དུ་གཉིས་ཀ་སྨོས་སོ། ཞེས་པ་ཟློས་སྤོང་གསུམ་པའི་དོན་ཏོ། །དེ་ཉིད་ཚིག་དོན་དུ་ཅུང་ཟད་རྒྱས་པར་བཤད་ན། ཟློས་སྤོང་དང་པོ་ལ། རྩོད་པ་དགོད་པ་ནི།
འདིར་ཞེས་པ་ནས། བརྗོད་པར་བྱའོ་ཞེས་པའི་བར་རོ། །ལན་དངོས་ནི། འདིར་ཐམས་ཅད་ཅེས་པ་ནས། གཞན་ནི་མེད་དོ་ཞེས་པའི་བར་རོ། །འོ་ན་ཁྱབ་འཇུག་དང་དྲག་པོ་སོགས་ཐམས་ཅད་མཁྱེན་པ་མིན་ཞིང་། སངས་རྒྱས་ཐམས་ཅད་མཁྱེན་པའི་ཁྱད་པར་གང་གིས་ཡིན་ཅེ་ན། དེ་འདྲའི་ཁྱད་པར་ཡོད་དེ། ཁྱབ་འཇུག་སོགས་ནི་འགྲོ་བ་དྲུག་གི་ནང་ཚན་གྱི་ལྷར་ལས་ཀྱི་དབང་གིས་སྐྱེ་བ་བླངས་ཤིང་། ལེན་པ་ཡིན་ཞིང་། སངས་རྒྱས་འཁོར་བའི་བག་ཆགས་མ་ལུས་པར་སྤངས་པ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། འདིར་དེ་དག་གི་ནང་ཞེས་པ་ནས་ཉིད་ཀྱི་ཕྱིར་རོ་ཞེས་པའི་བར་རོ། །དེའང་ཐེག་དམན་དགྲ་བཅོམ་ལ་འཁོར་བའི་བག་ཆགས་མ་ལུས་པར་སྤངས་པ་ནི་མེད་དེ། དེ་ཡོད་ན་ཤེས་སྒྲིབ་སྤང་དགོས་སོ། །འཁོར་བ་ལས་བརྒལ་བ་ཙམ་ལ་ནི་ཉོན་མོངས་མ་ལུས་པར་སྤངས་པས་ཆོག་གི །འཁོར་བའི་བག་ཆགས་མ་ལུས་པར་སྤང་མི་དགོས་པས། དེའི་ཕྱིར་འཁོར་བའི་བག་ཆགས་མ་ལུས་པར་སྤངས་པ་ཉིད་རྫོགས་པའི་སངས་རྒྱས་ཁོ་ནའི་ཁྱད་ཆོས་སུ་རྒྱུད་འགྲེལ་འདིར་མང་དུ་འབྱུང་བ་ཡིན་ནོ། །དེ་ཉིད་མཚན་བརྗོད་ཀྱི་ལུང་དང་སྦྱར་བ་ནི། འདིར་དེ་བཞིན་གཤེགས་པས་ཞེས་པ་ནས། ཞེས་སོ་ཞེས་པའི་བར་རོ། །དེའི་ཕྱིར་ཞེས་སོགས་ནི་དོན་བསྡུ་བའོ། །ཟློས་སྤོང་གཉིས་པ་ལ། རྩོད་པ་དགོད་པ་ནི། ཐམས་ཅད་ཅེས་པ་ནས། གསུངས་ཤེ་ན་ཞེས་པའི་བར་རོ། །དེའི་ལན་ནི། དེ་ཉིད་ཅེས་པ་ནས། གསུངས་སོ་ཞེས་པའི་བར་ཏེ། དེའང་ཉན་རང་དགྲ་བཅོམ་པ་རྣམས་ལའང་། ཡིད་ཀྱི་རང་བཞིན་གྱི་ལུས་ཟག་པ་མེད་པའི་ལས་ཀྱི་དབང་
གིས་འབྱུང་བ་ཡོད་པར། དཔལ་ཕྲེང་གི་མདོ་ལས་གསུངས་པས། དེ་ལྟ་བུ་ཡེ་ཤེས་ཀྱི་སྐུར་དོགས་པ་སྐྱེ་བ་བཅད་པའི་ཕྱིར་དུ། ཐམས་ཅད་མཁྱེན་པའི་སྐུ་ཁོ་ན་ཡེ་ཤེས་ཀྱི་སྐུ་ཡིན་གྱི། བཞན་ནི་མེད་དོ་ཞེས་བསྟན་པར་བཞེད་ནས་གཉིས་ཀ་སྨོས་ཞེས་པ་སྟེ། སྔར་ཟློས་པའི་ཚིག་ཏུ་མི་འགྱུར་རོ། ཞེས་པ་གསུངས་པ་ནི་ཟློས་པའི་ཚིག་གི་སྐྱོན་དུ་མི་འགྱུར་རོ། ཞེས་པ་དང་། འདིར་ཟློས་པ་གསུངས་སོ་ཞེས་པ་ནི། དགོས་པ་དེ་འདྲའི་དབང་གིས་ཟློས་པ་གསུངས་སོ་ཞེས་པ་སྟེ། མདོར་ན་དགོས་པ་མེད་པར་ཟློས་པའི་ཚིག་སྨོས་པ་སྐྱོན་དུ་འགྱུར་བ་ཡིན་གྱི་དགོས་པའི་དབང་གིས་ཟློས་པའི་ཚིག་གསུངས་པ་ལ་སྐྱོན་མེད་དོ་ཞེས་བྱ་བའོ། །ཉན་རང་དགྲ་བཅོམ་དང་རྫོགས་པའི་སངས་རྒྱས་ལ་ཡེ་ཤེས་ཀྱི་སྐུ་ཡོད་མེད་ནི་ཁྱད་པར་གང་གིས་ཡིན་ན། ཉོན་མོངས་ཀྱི་བག་ཆགས་ཀྱི་ལྷག་མ་ཤེས་སྒྲིབ་དང་བཅས་མ་བཅས་ཀྱི་ཁྱད་པར་ཡོད་པའི་ཕྱིར་ཞེས་སྟོན་པ་ནི། འདིར་ཉན་ཐོས་དང་ཞེས་པ་ནས། གྲོལ་བའི་ཕྱིར་རོ་ཞེས་པའི་བར་རོ། །དེ་ཉིད་མཚན་བརྗོད་ཀྱི་ལུང་དང་སྦྱར་བ་ནི། དེ་ལྟར་ཡང་ནས། ཅེས་སོའི་བར་རོ། །དེའི་ཕྱིར་ནས། གསུངས་སོའི་བར་ནི་དོན་བསྡུ་བའོ། །ཟློས་སྤོང་གསུམ་པ་ལ། རྩོད་པ་དགོད་པ་ནི། གང་ཡེ་ཤེས་ཞེས་པ་ནས། བརྗོད་པར་བྱ་སྟེ་ཞེས་པའི་བར་རོ། །ལན་དངོས་ནི། འདིར་གང་ཞེས་པ་ནས། འགའ་ཡང་མེད་དོ་ཞེས་པའི་བར་ཏེ། འོ་ན་ཤེས་སྒྲིབ་ལྷག་མ་སྤང་རྒྱུ་དེ། རྣམ་པར་ཤེས་པ་སྨྲ་བ་སེམས་ཙམ་པ་དག་འདོད་པ་ལྟར་གྱི་གཟུང་འཛིན་རྫས་གཞན་དུ་འཛིན་པ་ལ་ཤེས་སྒྲིབ་ཏུ་བྱས་པ་དེ་ཙམ་ཞིག་སྤངས་པས་ཀྱང་ཡེ་ཤེས་ཀྱི་སྐུ་འཐོབ་པར་འགྱུར་རམ་སྙམ་པ་ལ། དེ་ཙམ་ཞིག་གིས་
ཡེ་ཤེས་ཀྱི་སྐུ་འཐོབ་པར་འགྱུར་བ་མེད་དོ་ཞེས་བྱ་བར་ཤེས་པའི་ཕྱིར་དུ། ཉིན་མོར་བྱེད་པའི་སྐུ་དང་ཡེ་ཤེས་ཀྱི་སྐུ་གཉིས་ཀ་སྨོས་སོ། ཞེས་བྱ་བའོ། །འོ་ན་རྣམ་རིག་པའི་ལུགས་ཀྱི་ཤེས་སྒྲིབ་དེ་ཙམ་ཞིག་སྤངས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་མི་འཐོབ་པའི་རྒྱུ་མཚན་ཅི་ཞེ་ན། རྣམ་རིག་པའི་ལུགས་དེ་ལ། གཟུང་འཛིན་རྫས་གཞན་དུ་འཛིན་པ་ཁེགས་ཀྱང་། ད་དུང་རྣམ་པར་ཤེས་པའི་ཆོས་ལ་བདེན་འཛིན་གྱིས་གནས་པ་མ་སྤངས་ཤིང་། རྫོགས་པའི་སངས་རྒྱས་ནི་རྣམ་པར་ཤེས་པ་བདེན་འཛིན་གྱི་ཆོས་ཉིད་ལས་འདས་པའི་ཕྱིར། ཞེས་སྟོན་པའོ། །འདིར་ཅིའི་ཕྱིར་ཞེས་པ་ནས། འདས་པའི་ཕྱིར་རོ་ཞེས་པའི་བར་ཏེ། ཀུན་གཞིའི་རྣམ་པར་ཤེས་པའི་ཆོས་ལས་འདས་མ་འདས་དང་། རྣམ་ཤེས་ཡེ་ཤེས་གཉིས་ཀྱི་ནང་ནས། རྣམ་ཤེས་ལས་འདས་ཤིང་ཡེ་ཤེས་ལ་གནས། ཞེས་སོགས་སུ་འཆད་པ་ནི་དོན་མིན་ཏེ། རྫོགས་པའི་སངས་རྒྱས་ལ་ཀུན་གཞི་གནས་འགྱུར་དགོས་པར་རྣམ་རིག་པའང་འདོད་ཅིང་། རྣམ་ཤེས་ཡེ་ཤེས་གཉིས་སུ་ཕྱེ་བའི་རྣམ་ཤེས་དེ་དེ་ཁོ་ན་ཉིད་མ་རྟོགས་པའི་བློ་ལ་ཟེར་ན། དེ་ལས་འདས་ནས་རྫོགས་པའི་སངས་རྒྱས་འཐོབ་དགོས་པར་རྣམ་རིག་པའང་འདོད་ཅིང་། ཤེས་པ་ཙམ་ལ་ཟེར་ན། རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཤེས་པ་མིན་པར་ཐལ་ལོ། །དེ་ཉིད་མཚན་བརྗོད་ཀྱི་ལུང་དང་སྦྱར་བ་ནི། དེ་ལྟར་ཡང་ནས། ཞེས་སོ་ཞེས་པའི་བར་རོ། །དེའི་ཕྱིར་ནས། གསུངས་སོའི་བར་ནི་དོན་བསྡུ་བའོ། །དེ་ལྟར་ཟློས་པའི་སྐྱོན་སྤངས་ནས། པདྨའི་འདབ་མ་
རྒྱས་པའི་སྤྱན། ཞེས་པའི་ཚིག་ལ་རྩོད་པ་སྤང་བ་འཆད་པ་ལ། རྩོད་པ་དགོད་པ་ནི། འདིར་ཞེས་པ་ནས། འབྱུང་བར་འགྱུར་ཏེ་ཞེས་པའི་བར་ཏེ། དེའང་རྩོད་པའི་དོན་ནི། པདྨའི་འདབ་མ་རྒྱས་པའི་སྤྱན་ནི་གཟུགས་ཅན་དུ་འགྲོ་དགོས་པས་དེ་དང་འདིར་ཡེ་ཤེས་ཉིད་སྤྱན་དུ་བཤད་པ་འགལ་ཏེ། ཡེ་ཤེས་ནི་གཟུགས་ཅན་མིན་པས་སོ། ཞེས་བྱ་བའོ། །དེའང་ཡེ་ཤེས་ཡིན་ན་པདྨ་རྒྱས་པ་འདྲ་བའི་སྤྱན་མངའ་བར་འགལ་བའི་དོགས་པ་རྟོགས་ལྡན་ལ་མི་སྐྱེའམ། འདིར་རྣམ་པར་མི་རྟོག་པའི་ལྡོག་པ་ནས་གཞག་པའི་ཡེ་ཤེས་ཉིད་སྤྱན་ཡིན་པར་བཤད་པས་རྩོད་པ་ཡིན་ནོ། །དེའི་ལན་ནི། དེའི་ཕྱིར་ཞེས་པ་ནས། སྤྱན་ནོ་ཞེས་པའི་བར་ཏེ། དེའང་འདིར་པདྨ་ཞེས་པའི་སྒྲས་ནམ་མཁའི་ཁམས་མཚོན་ནས་བསྟན་ཅིང་། དེའི་འདབ་མའི་སྒྲས་ནམ་མཁའི་ཁམས་ཀྱིས་གར་ཁྱབ་ཏུ་གནས་པའི་རིགས་བརྒྱ་ལ་སོགས་པའི་དབྱེ་བས་མཐའ་ཡས་པའི་སེམས་ཅན་རྣམས་བསྟན་ཅིང་། དེ་དག་ཐམས་ཅད་ལ་མཁྱེན་པ་རྒྱས་པའི་ཡེ་ཤེས་ཀྱི་སྤྱན་ལ་པདྨའི་འདབ་མ་རྒྱས་པའི་སྤྱན་ཞེས་བརྗོད་པ་ཡིན་གྱི། པདྨའི་འདབ་མ་རྒྱས་པ་དང་དབྱིབས་ལ་སོགས་པ་མཚུངས་པའི་སྤྱན་ལ། དེ་ལྟར་བརྗོད་པ་མིན་པས་ཡེ་ཤེས་ཉིད་སྤྱན་དུ་བཤད་པ་མི་འགལ་ལོ་ཞེས་བྱ་བའོ། །དེའང་གཟུགས་སུ་གྲུབ་ན་ཡེ་ཤེས་རྣམ་གྲངས་པ་རང་དུ་མི་འགྲོ་བས་འགལ་སྤོང་དེ་ལྟར་མཛད་ལ། སྤྱིར་གཟུགས་ཡིན་ན་ཡེ་ཤེས་དང་། དོན་གཞན་དུ་འགྱུར་བས་ནི་མ་ཁྱབ་སྟེ། འདི་ལྟར། ད་ལྟ་གཞི་དུས་སུ་ལུས་སེམས་ངོ་བོ་གཅིག་ཏུ་མེད་ཀྱང་། ལམ་གྱིས་མ་དག་པའི་ཕུང་སོགས་སྦྱངས་ནས། ཡེ་ཤེས་ཀྱི་སྐུ་
གྲུབ་ཕྱིན་ཆད། ཡེ་ཤེས་ཉིད་ཀྱི་གཟུང་ཆ་ལྷའི་སྐུ་འཆར་བ་ཡིན་པས། སངས་རྒྱས་ཀྱི་ས་ན་བེམ་པོའི་སྐུ་མེད་ཀྱི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་གཟུགས་ཀྱི་སྐུར་ཤར་བ་ཡིན་པས། སྐུ་མཚན་དཔེས་བརྒྱན་པའི་གཟུགས་དང་། ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཙམ་ཡིན་ནོ། །དེ་ཉིད་མཚན་བརྗོད་ཀྱི་ལུང་དང་སྦྱར་བ་ནི། འདིར་ཞེས་པ་ནས། ཅེས་སོའི་བར་རོ། །བཅོམ་ལྡན་འདས་ཞེས་པ་ནས། ཡིན་ནོའི་བར་དོན་བསྡུ་བ་སྟེ། དེའང་ཡེ་ཤེས་ཀྱི་སྐུ་ཉིད་གཟུགས་སུ་མ་གྲུབ་པས་གཟུགས་དང་བྲལ་བ་ཡིན་ནོ་ཞེས་གསུངས་ཀྱི། དེ་དང་ངོ་བོ་གཅིག་པའི་གཟུགས་མེད་པར་སྟོན་པ་མིན་ཏེ། དེ་ཡིན་ན་སྔར། སྤྲུལ་པ་ཡི་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། ཞེས་སོགས་སུ་སྐུ་ལོངས་སྤྲུལ་དང་། ཐུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་གཅིག་ཏུ་སྡོམ་པར་བཤད་པ་དང་དངོས་སུ་འགལ་བར་འགྱུར་རོ། །དེ་ལྟར། ཐམས་ཅད་མཁྱེན་པ་ཞེས་པ་ནས། སངས་རྒྱས་ཞེས་པའི་བར་མཚན་གྱི་རྣམ་གྲངས་ལྔས་བསྟན་པའི་རྒྱུད་སྟོན་པ་པོ་དེ་ཉིད་གནས་གང་ལ་བཞུགས་ན། སེང་གེའི་ཁྲི། ཞེས་པའི་སྒྲ་ཟིན་ལྟར་དང་། སྒྲ་ཟིན་ལྟར་མིན་པའི་གནས་གཉིས་ལ་བཞུགས་པར་སྟོན་པ་རྩ་རྒྱུད་ཀྱི་ལུང་དང་སྦྱར་བ་ནི། སངས་རྒྱས་དེ་ཞེས་པ་ནས། སྟོན་པ་པོ་ཞེས་སོ། ཞེས་པའི་བར་རོ། །དེའི་ཕྱིར་རྒྱུད་སྟོན་པ་པོ་དང་སྡུད་པ་པོ་དག་ཀྱང་སྟོན་པ་པོ་གཞན་དང་སྡུད་པ་པོ་གཞན་ལས་ཁྱད་པར་དུ་འཕགས་པར་སྟོན་པ་ནི། དེའི་ཕྱིར་ཞེས་པ་ནས། འགའ་ཡང་མེད་དེ་ཞེས་པའི་བར་གྱིས་སྟོན་པ་འདི་ཉིད་ཁྱབ་འཇུག་ལ་སོགས་
པའི་ཡང་སྟོན་པར་གྱུར་པ། སེམས་ཅན་ཐམས་ཅད་ལ་རིས་སུ་མ་ཆད་པར་ཕན་པའི་ཆོས་རང་རང་གི་སྐལ་བ་དང་མཐུན་པར་སྟོན་པའི་ཐམས་ཅད་མཁྱེན་པ་ཡིན་གྱི། ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་ནི། དེ་ལྟ་བུ་མ་ཡིན་ནོ་ཞེས་བསྟན་ཏོ། །ཁྱབ་འཇུག་ལ་སོགས་པ་དེ་ལྟ་བུ་མ་ཡིན་པའི་རྒྱུ་མཚན་འཆད་པ་ནི། གང་གི་ཕྱིར་ཞེས་པ་ནས། རྗེས་སུ་ཡི་རང་བར་མི་བྱའོ་ཞེས་པའི་བར་ཏེ། ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་དེ་དག་ནི། རང་ཉིད་ཀྱང་ལྷའི་འགྲོ་བ་ཉི་ཚེ་བར་སྐྱེས་ནས། ལེགས་སྦྱར་གྱི་སྐད་ཉི་ཚེ་འབའ་ཞིག་གིས། སྔོན་རབས་གྲུབ་མཐའ་ལ་སོགས་པ་དང་རིག་བྱེད་ལ་སོགས་པའི་ཆོས་ཀྱང་ཉི་ཚེ་བ་ཁོ་ན་སྟོན་ཞིང་། གདུལ་བྱའང་། མི་རིགས་བཞིའི་ནང་ནས་དམངས་རིགས་སོགས་ཀྱིས་རིག་བྱེད་ཀློག་པ་འགོག་པ་སོགས་སེམས་ཅན་གྱི་རིགས་ཉི་ཚེ་བ་འགའ་ཞིག་གི་རིགས་ཁོ་ན་ལ་རིས་སུ་ཆད་པར་སྟོན་ཅིང་། དེ་ལས་གཞན་ལ་མི་སྟོན་ལ་སྡུད་པ་པོ་དྲང་སྲོང་རྣམས་ཀྱིས་ཀྱང་། དམངས་རིགས་ཚུན་ཆོད་ཀྱིས་རིག་བྱེད་འདོན་ཤེས་ན་སུ་ཞིག་བྲམ་ཟེ་ལ་གུས་པར་འགྱུར་སྙམ་ནས། རིགས་གཞན་ལ་མ་བསྟན་ཅིང་བློ་ལ་གནས་པ་ན། ཕྱིས་བློའི་མཐུ་ཆུང་བའི་བྲམ་ཟེ་རྣམས་ཀྱིས་བློ་ལ་བཟུང་མ་ནུས་ནས་སྐད་ཉི་ཚེ་བ་ཁོ་ནས་དེ་དག་གླེགས་བམ་ལ་བྲིས་ཏེ། དེའི་ཕྱིར་མཁས་པ་རྣམས་ཀྱིས་དེ་ལྟ་བུ་ལ་གུས་པར་བྱ་བ་མིན་ནོ། ཞེས་བྱ་བའི་དོན་ཏོ། །ཐམས་ཅད་མཁྱེན་པ་དང་དེའི་ཆོས་སྡུད་པ་པོ་རྣམས་ནི་དེ་ལྟ་བུ་མིན་པའི་ཚུལ་འཆད་པ། ཁམས་གསུམ་པོ་འདིར་ཞེས་པ་ནས། ནུབ་པར་མ་གྱུར་ཏོ་ཞེས་པའི་བར་གྱིས་སྟོན་པ་ཁྱད་པར་དུ་འཕགས་པ་དང་། དེས་བསྟན་པའི་
ཆོས་ཁྱད་པར་དུ་འཕགས་པ་གཉིས་འཆད་ལ། རེ་ཞིག་ཅེས་པ་ནས། གདུལ་བར་བྱ་བའི་དོན་དུའོ་ཞེས་པའི་བར་གྱིས་སྡུད་པ་པོ་ཁྱད་པར་དུ་འཕགས་པའི་ཚུལ་འཆད་དེ། དེ་ལ་རང་སངས་རྒྱས་རྣམས་ཀྱིས་རང་སངས་རྒྱས་ཀྱི་ཐེག་པ་བསྡུས་ཞེས་པ་ནི། ཉན་ཐོས་ཀྱི་སྡེ་སྣོད་ལས་རང་སངས་རྒྱས་ཀྱི་སྡེ་སྣོད་ལ་སོགས་པ་བསྡུ་རྒྱུ་མེད་ཀྱང་ཐེག་པ་ལོགས་པ་ཡིན་པས། རྟོགས་པའི་བསྟན་པ་ཉན་ཐོས་ཀྱིས་བསྡུས་པ་ལས་ལོགས་པ་རང་སངས་རྒྱས་ལ་བསྡུ་རྒྱུ་ཡོད་ཅིང་། དེའི་དབང་དུ་བྱས་པ་ཡིན་ནོ། །དེའི་དོན་བསྡུ་བ་ནི། སྡུད་པར་བྱེད་པ་ཞེས་པ་ནས། གཞན་ནི་མིན་ནོ་ཞེས་པའི་བར་རོ། །དེ་ལྟར་ཁྱབ་འཇུག་སོགས་ལ་སྟོན་པར་མི་འཛིན་པའང་། ཡོན་ཏན་དེ་དག་མ་མཐོང་བས་ཡིན་གྱི། ཕྱོགས་སུ་ལྷུང་བའི་དབང་གིས་མིན་ཏེ། གལ་ཏེ་དེ་དག་ལའང་ཡོན་ཏན་དེ་ལྟ་བུ་མཐོང་ན་ནི་ཁྱད་པར་མེད་པར་སྟོན་པར་འཛིན་ནོ། ཞེས་སྟོན་པ་ནི། ཅི་སྟེ་ཞེས་སོགས་སོ། །སྔར་བཤད་ཐམས་ཅད་ཀྱི་ཐུན་མོང་གི་དོན་བསྡུ་བ་ནི། དེའི་ཕྱིར་ཞེས་སོགས་སོ། །མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་ཞེས་སོགས་སོ། །མདོར་བསྡུས་བཞི་པའི་དཀའ་བའི་གནས་རྣམ་པར་བཤད་པའོ། །ད་ནི་མདོར་བསྡུས་པ་ལྔ་པ་བཤད་པར་བྱའོ། །དེ་ལ་ཐོག་མར་གཞུང་སྤྱིའི་བསྡུ་བ་ནི་འདི་ཡིན་ཏེ། ད་ནི་ཞེས་པ་ནས། ལ་སོགས་པ་སྟེ་ཞེས་པའི་བར་ནི་མཚམས་སྦྱར་བའོ། །དེ་ནས་ངེས་པའི་དོན་ཏོ། ཞེས་པའི་བར་ནི་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་བསྡུས་ནས་བསྟན་པའོ། །དེ་ནས། དེ་ཁོ་ན་ཉིད་ཅེས་གསུངས་སོ། ཞེས་པའི་
བར་ནི། རྡོ་རྗེའི་རྣལ་འབྱོར་ལ་མཐའ་གཉིས་ཀྱི་ཕྱོགས་སུ་ལྷུང་བ་འགོག་པའོ། །དེ་ནས་མདོར་བསྟན་པ་ཙམ་ཞིག་བསྟན་ཏོ། ཞེས་པའི་བར་གྱིས། ལྷན་ཅིག་སྐྱེས་པ་དེ་ཉིད་ལས། དེ་ཉིད་བཅུ་དྲུག་པ་ལ་སོགས་པ་དང་། སྐུ་བཞི་ལ་སོགས་པ་འབྱེད་པའི་ཚུལ་འཆད་དོ། །དེ་ནས་མདོར་བསྡུས་དེ་ཉིད་ཀྱི་གཞུང་ལྷག་མས་རྡོ་རྗེའི་རྣལ་འབྱོར་དེ་ལྟ་བུ་དེ་རྗོད་བྱེད་ཀྱི་རྒྱུད་ཇི་ལྟ་བུ་ཞིག་ཏུ་དགོས་པ་དང་ཉིང་དགོས་གང་གི་ཕྱིར་སྟོན་པར་ཟླ་བཟང་གིས་གསོལ་བ་བཏབ་པའི་དོན་འཆད་དོ། །དེ་ལ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་བོ་ངོས་བཟུང་བ་ལ། སྔགས་ཀྱི་ཚུལ་འདི་ལ་ཞེས་པ་ནས། དབྱིབས་དང་བྲལ་བའོ་ཞེས་པའི་བར་གྱིས་བླ་མེད་ཀྱི་རྒྱུད་འདི་དང་གཞན་གྱིའང་བརྗོད་བྱ་ནི། རིམ་པ་གཉིས་སུ་ངེས་པར་བསྟན་པ་ཡིན་ཏེ། དེའང་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ནི་བསྐྱེད་རིམ་དང་། དོན་དམ་པའི་བདེན་པ་ནི་རྫོགས་རིམ་ལ་གསུངས་པ་ཡིན་ཅིང་། བསྐྱེད་རིམ་ལ་དྲང་དོན་དུ་གསུངས་པ་ནི། ད་དུང་དེ་ལས་གོང་དུ་དྲངས་ནས་བསྟན་དགོས་པའི་དོན་གཞན་ཡོད་པ་ལ་དྲང་དོན་དུ་བྱས་པ་དེ་ཉིད་ཡིན་གྱི། སྒྲ་ཇི་བཞིན་པར་བཟུང་དུ་མི་རུང་བ་ཁོ་ན་དྲང་དོན་གྱི་དོན་དུ་མི་བཟུང་ངོ་། །རིམ་པ་དེ་གཉིས་དགོས་པའི་འབྲས་བུ་གང་གི་རྒྱུ་གསུངས་ན། བསྐྱེད་རིམ་ཁོ་ནས་འཇིག་རྟེན་པའི་དངོས་གྲུབ་ཙམ་སྟེར་བར་ནུས་ལ། རྫོགས་རིམ་གྱིས་ནི། སྟོང་པ་ཉིད་ཀྱི་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་དང་། འགྱུར་བ་མེད་པའི་བདེ་ཆེན་ཟུང་དུ་འཇུག་པའི་ཕྱག་རྒྱ་ཆེན་པོ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱང་སྟེར་བར་བྱེད་དོ། ཞེས་པ་འདི་དག་ལས་ཞེས་པ་ནས། ཡེ་ཤེས་ཀྱི་སེམས་སོ་ཞེས་པའི་བར་རོ། །རང་གི་
སེམས་ཀྱི་སྣང་བ་སྟོང་པའི་གཟུགས་ཀྱི་ཕྱག་རྒྱ་དང་། རང་གི་སེམས་བདེ་བ་ཆེན་པོ་གཉིས་ནམ་ཡང་དབྱེར་མི་ཕྱེད་པ་ཉིད་དུ་གྱུར་པ་ནི། འབྲས་བུ་མཆོག་རྡོ་རྗེ་སེམས་དཔའོ། ཞེས་པ་ནི། སེམས་འདི་གཉིས་ཞེས་པ་ནས། རབ་ཏུ་གྲགས་སོ་ཞེས་པའི་བར་རོ། །བཅོམ་ལྡན་འདས་དེ་ཉིད་ཅེས་པ་ནས། ངེས་པའི་དོན་ཏོ་ཞེས་པའི་བར་གྱིས། ཐབས་ཤེས་དབྱེར་མི་ཕྱེད་པའི་རྡོ་རྗེ་སེམས་དཔའ་བདེ་སྟོང་གི་ཡེ་ཤེས་མཐར་ཐུག་པ་དེ་ཉིད། མཚན་ཉིད་ཀྱི་ཐེག་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་པའི་མིང་གིས་གསུངས་པའི་སྐུ་དེའང་ཡིན་ལ། སྔགས་ཀྱི་ཐེག་པར་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བསྟན་པ་དེའང་འདི་ཉིད་ཡིན་ནོ། ཞེས་བསྟན་གྱི་མཚན་ཉིད་ཀྱི་ཐེག་པར་བདེ་ཆེན་གྱི་ཡེ་ཤེས་བསྟན་ཏོ་ཞེས་པ་ནི་མི་བྱའོ། །དེའང་མངོན་རྟོགས་རྒྱན་དང་། རྒྱུད་བླ་མ་སོགས་ནས་ངོ་བོ་ཉིད་ཀྱི་སྐུ་འདུས་མ་བྱས་ཆོས་ཉིད་ལ་བཤད་པ་དེ་ནི་ངོ་བོ་ཉིད་སྐུའི་ཆ་གཅིག་བསྟན་པ་ཡིན་ལ། འདིར་ལྷན་ཅིག་སྐྱེས་པའི་སྐུ་ཡེ་ཤེས་ལ་བཤད་པའང་། ཆ་གཅིག་ཡིན་ཅིང་། ཕན་ཚུན་གཅིག་གི་དོན་དེ་གཅིག་མིན་ཀྱང་། གཉིས་ཀ་ངོ་བོ་ཉིད་སྐུ་ཡིན་པར་འདྲ་བས། དེའི་ཕྱིར་ཕྱོགས་མཐུན་གྱི་ལུང་དང་སྦྱར་བ་ཡིན་གྱི་འདི་ནས་བཤད་པའི་ངོ་བོ་ཉིད་སྐུ་ལྷན་སྐྱེས་ཀྱི་ཡེ་ཤེས་དེ། རྒྱན་གྱི། དེ་དག་རང་བཞིན་མཚན་ཉིད་ཅན། ཞེས་པའི་བརྗོད་བྱར་སྟོན་པ་མ་ཡིན་ཏེ། དཔེར་ན་འདིར་གསུང་ལ་ལོངས་སྐུར་བཤད་པ་དང་། རྒྱན་དུ་མཚན་དཔེས་བརྒྱན་པའི་སྐུ་ལ་ལོངས་སྐུར་བཤད་པ་བཞིན་ནོ། །དེས་ན་ངོ་བོ་ཉིད་སྐུ་ལའང་
འདུས་བྱས་དང་འདུས་མ་བྱས་ཀྱི་ཆ་གཉིས་ཡོད་དོ་ཞེས་འདིར་ཁས་བླང་དགོས་སོ། །ད་ནི་རྡོ་རྗེའི་རྣལ་འབྱོར་ལ་ཕྱོགས་སུ་འཛིན་པ་དགག་པ་གསུངས་ཏེ། དེ་ལ་དང་པོར་གཞི་གང་གི་སྟེང་དུ་ཕྱོགས་འཛིན་འགོག་པ་ནི། འདིར་རྣལ་འབྱོར་པ་རྣམས་ཀྱིས་ཞེས་སོགས་ཡིན་ལ། དེའང་རིས་མེད་པ་དང་། རྟག་ཆད་སྤངས་པ་སོགས་འོག་ཏུ་འཆད་ལ། གཞོན་ནུ་མའི་སོགས་འགའ་ཞིག་སྔར་ཡང་བཤད་ཅིང་། དབང་པོ་ཐམས་ཅད་པ། ཞེས་པ་ནི་སྟོང་པ་ཉིད་ཀྱི་གཟུགས་ལ། དབང་པོ་ལྔའི་ཡུལ་གཟུགས་སྒྲ་སོགས་ཐམས་ཅད་ཀྱི་སྣང་བ་ཡིད་ཤེས་ལ་མངོན་སུམ་དུ་འཆར་བས་དབང་པོ་ཐམས་ཅད་པ་ཞེས་བྱའི། དེའི་ཚེ་དབང་ཤེས་ཐམས་ཅད་ཀྱིས་ཡུལ་འཛིན་པ་ནི་འབྲས་བུའི་སྐབས་སུ་རུང་ཡང་། རྫོགས་རིམ་འོག་མ་རྣམས་ཀྱི་སྐབས་ནས་ཀྱང་འོང་བ་མིན་ནོ། །སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ། ཞེས་པ་ནི། སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་མི་འགྱུར་བའི་བདེ་བ་དང་ཟུང་དུ་འབྲེལ་བ་དེ་ད་ལྟ་ཉིད་ནས་ཡོངས་སུ་རྫོགས་པར་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་ཁྱབ་ནས་ཡོད་པར་སྟོན་པ་མིན་ཏེ། དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བདག་ཉིད་དུ་ཡོད་པའི་ཚུལ་སྟོན་པ་ན། སྔར་དྲངས་པ་ལྟར། ཇི་ལྟར་ཏིལ་སོན་ཏིལ་མར་ལྟར། །ཇི་ལྟར་ཤིང་ལ་སོན་པའི་མེ། ཞེས་དཔེ་དེ་དང་མཚུངས་པར་བསྟན་ཅིང་། ཏིལ་ལ་མ་བཙིར་བའི་དུས་ཉིད་ནས་ཏིལ་མར་དངོས་དང་། ཤིང་ལ་དང་པོ་ནས་མེ་དངོས་ཡོད་པ་ག་ལ་ཡིན། དེས་ན་དཔེ་དེ་དག་དང་མཚུངས་པར། རྐྱེན་དང་ཕྲད་ན་འབྱུང་རུང་གི་ནུས་པའང་ཁམས་
གནས་པ་ཙམ་ལ་དགོངས་པ་ཡིན་ལ། དོན་འདི་ནི། དོན་དམ་བསྙེན་པ་ལས་ཀྱང་གསལ་བར་བཤད་དེ། ཤིང་ལས་མེ་དང་ཆུ་ཡི་ཤེལ་ལས་ཆུ་དང་ནི། །ཞོ་ལས་མར་དང་རྡོ་བ་རྣམས་ལས་ལྕགས་ཀྱི་རིགས། །བུད་མེད་སྐྱེ་གནས་འགྲོགས་པས་མི་ཉམས་བདེ་བ་ནི། །སྐལ་ལྡན་རྣམས་ཀྱིས་དེ་ཐབས་སྦྱར་བས་བླང་བར་གྱིས། ཞེས་ཞོ་ལ་མར་འབྱུང་རུང་དུ་ཡོད་པ་དེ་བསྲུབ་པའི་ཐབས་ཀྱི་སྦྱོར་བས། མར་ལེན་པ་བཞིན་དུ། སྐལ་ལྡན་གྱིས་ཀྱང་། ཐབས་ཀྱི་སྦྱོར་བས་མི་འགྱུར་བའི་བདེ་བ་བླང་བར་བྱ་བ་སོགས་གསུངས་ལ། ཞོ་ལ་མར་དངོས་སུ་ཡོད་པ་སྔར་མ་མཐོང་བ། བསྲུབས་ནས་མཐོང་བར་བྱས་པ་ཉིད་ཞོ་ལས་མར་བླང་བའི་དོན་མིན་པ་བཞིན་ནོ། །དེའི་ཕྱིར་དཔེ་དོན་སྦྱོར་ཤེས་དགོས་སོ། །ལྷན་ཅིག་སྐྱེས་པའི་དགའ་བ་ནི་བདེ་བ་ཆེན་པོའོ། །དེ་ལྟར་ན་འདི་གང་ལ་ཕྱོགས་སུ་ལྷུང་བའི་མཐའ་དགག་པར་བྱ་བའི་རྡོ་རྗེའི་རྣལ་འབྱོར་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དང་བདེ་བ་ཆེན་པོའོ། །དེ་དག་ཕྱོགས་གཉིས་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་ཚུལ་དཔེས་སྟོན་པ་ནི། གཏན་ཚིགས་དང་ཞེས་སོགས་ཡིན་ལ། མཐའ་འགོག་པའི་རིགས་པ་ནི། འདིར་ཡང་སྟོང་པ་ཉིད་ཅེས་སོགས་སོ། །བཀག་པར་བྱ་བའི་མཐའི་ངོས་འཛིན། དེ་དག་མཐར་འགྱུར་བའི་རྒྱུ་མཚན་དང་བཅས་པ་ནི། ཕྱོགས་ཞེས་བྱ་བ་ནི་ཞེས་སོགས་སོ། །དེ་ལ་དང་པོར་དཔེས་མཚོན་པའི་ཚུལ་ནི། གཞན་དག་ན་རེ། སྟོང་པ་ཉིད་ཀྱི་གཟུགས་དང་། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་འདི་དག་ལ། སྒྲུབ་བྱེད་
ཀྱི་གཏན་ཚིགས་དང་། མཚོན་བྱེད་ཀྱི་དཔེ་ཅུང་ཟད་ཀྱང་མེད་དེ། སྒྲ་རྟོག་གི་ཡུལ་ལས་འདས་ཤིང་། དཔེས་མཚོན་དུ་མེད་པས་སོ། །དེའི་ཕྱིར་འདི་ལ་དཔེ་མེད་པའི་དབང་དུ་བྱས་ནས་བུམ་པ་དང་། ནམ་མཁའི་མེ་ཏོག་གཅིག་པ་སྲིད་ན་དེ་ཉིད་འདིའི་དཔེར་སྟོན་རིགས་ནའང་། དེ་ལྟ་བུ་མི་སྲིད་ཅིང་། དཔེ་གཞན་གང་གིས་ཀྱང་མཚོན་མི་ནུས་པས་འདི་དག་དཔེ་ལས་འདས་པ་ཡིན་ནོ། ཞེས་གཞུང་འདིས་བསྟན་པ་ཡིན་ནོ། ཞེས་ཟེར་བ་ནི་མི་འཐད་དེ། འདིར་ཡང་ཆོས་མི་མཐུན་པ་གཅིག་ཏུ་གྱུར་པ་ཉིད། འཇིག་རྟེན་པའི་དཔེར་མི་རུང་ཡང་། འཇིག་རྟེན་ལས་འདས་པའི་དཔེར་རུང་བར་གསུངས་ཀྱི། ཆོས་མི་མཐུན་པ་གཅིག་པའི་དཔེ་འཇིག་རྟེན་ལས་འདས་པ་ལའང་མི་སྲིད་པར་མ་གསུངས་པའི་ཕྱིར་དང་། དཔེ་གཏན་ནས་མི་སྲིད་ན། སྔར་གཞོན་ནུ་མའི་པྲ་ཕབ་པ་སོགས་འདིའི་དཔེར་ལན་ཅིག་མིན་པར་སྨྲས་པ་དང་ཁས་བླངས་འགལ་ཞིང་། གཏན་ཚིགས་མི་སྲིད་ན་ད་ལྟ་རང་ཅག་རྣམས་ཀྱིས་དང་པོ་ནས་མངོན་སུམ་དུ་རྟོགས་པར་མི་ནུས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡོད་པར་དམ་འཆའ་མི་ནུས་པར་འགྱུར་ཞིང་། ལྷན་སྐྱེས་ཀྱི་ཡེ་ཤེས་ངག་ཏུ་སྨྲས་ནས། དེ་ཉིད་སྒྲས་བརྗོད་མི་ནུས་ཞེས་པ་རང་ཚིག་འགལ་བ་ཡིན་ནོ། །དེས་ན་གཞུང་འདི་ཉིད་དུ་འཇིག་རྟེན་པའི་དཔེར་བྱས་པ་ལས་འདས་ཞེས་འཇིག་རྟེན་པ་ལ་དམིགས་ཀྱིས་བཀར་བས་ཀྱང་སྤྱིར་དཔེ་མི་སྲིད་པར་སྟོན་པ་མིན་པར་གྲུབ་བོ། །ཀུན་རྫོབ་ཀྱི་བུམ་པ་དང་ནམ་མཁའི་མེ་ཏོག་གཅིག་པ་མི་སྲིད་པར་དཔེར་མི་རུང་ཡང་། དོན་དམ་པའི་བུམ་པ་དང་ནམ་མཁའི་མེ་ཏོག་
གཅིག་ཡིན་པས། དེ་ཉིད་འདིའི་དཔེར་སྟོན་པ་ཡིན་ནོ་ཞེས་ཟེར་བའང་ནི། དོན་དམ་པའི་བུམ་པ་དང་ནམ་མཁའི་མེ་ཏོག །སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་ཡང་གཅིག་ཡིན་པར་ཁས་ལེན་དགོས་ཤིང་བླངས་པས། དཔེ་དོན་གཅིག་ཡིན་པའི་ཕྱིར་དཔེ་དོན་མིན་པར་འགྱུར་ལ། འདི་ཉིད་མི་འཐད་པར་རྗེས་ཐོགས་ཉིད་དུ་འཆད་པར་ཡང་འགྱུར་རོ། །དེས་ན་འཐད་པའི་ཕྱོགས་ནི་འདི་ཡིན་ཏེ། འདི་ལྟར་རྡོ་རྗེའི་རྣལ་འབྱོར་ལ་ཕྱོགས་སུ་ལྷུང་བ་འགོག་པ་ན། རྡོ་རྗེའི་རྣལ་འབྱོར་གྱི་རྟོགས་བྱ་གཞིའི་གནས་ལུགས་ལ་རྟག་ཆད་ཀྱི་མཐའ་གཉིས་སུ་འཛིན་པ་དགག་པ་དང་། རྟོགས་བྱེད་རྡོ་རྗེའི་རྣལ་འབྱོར་གྱི་ལམ་སྲིད་ཞིའི་མཐར་ལྷུང་བ་དགག་པའོ། །དང་པོ་ནི་གཞིའི་ལྟ་བ་གཏན་ལ་འབེབས་པ་ནས། རྟག་ཆད་ཀྱི་མཐར་མ་ལྷུང་བ་ལ་ནི། དངོས་པོ་ཐམས་ཅད་ཐ་སྙད་དུའང་རང་བཞིན་གྱིས་གྲུབ་པས་སྟོང་པ་དང་། འོན་ཀྱང་རང་རང་གི་འབྲས་བུ་བསྐྱེད་པ་སོགས་ཀྱི་བྱ་བ་བྱེད་ནུས་སུ་གནས་པ་འགལ་མེད་དུ་འདུར་རུང་བ་ཞིག་བྱུང་ན། ཐ་སྙད་དུའང་རྟག་ཆད་ཀྱི་མཐའ་དང་བྲལ་བའི་ལྟ་བ་རྣམ་པར་དག་པ་རྙེད་པར་འགྱུར་གྱི། རང་བཞིན་གྱིས་གྲུབ་པ་བཀག་པ་ན། གཏན་མེད་དུ་སོང་ནས། དངོས་པོའི་བྱ་བྱེད་ཐམས་ཅད་ཐག་པ་ལ་སྦྲུལ་དུ་འཁྲུལ་བའི་ཤེས་ངོར་ཐག་པ་སྦྲུལ་དུ་འཇོག་པ་ལྟར། མེད་བཞིན་དུ་སྣང་བའི་འཁྲུལ་ངོ་ལ་བལྟོས་ནས་ཐ་སྙད་དུ་ཡོད་ཅེས་གཞན་ངོར་སྨྲ་བ་མ་གཏོགས་རང་ལུགས་ལ་ལས་འབྲས་སོགས་གང་ཡང་བཞག་ས་གཏན་མེད་དུ་སོང་ནས་ཆད་ལྟ་ཆེན་པོའི་གཡང་དུ་ལྷུང་བར་འགྱུར་ལ། དངོས་པོའི་བྱ་
བྱེད་འཐད་ལྡན་དུ་བཞག་པ་ན། རང་བཞིན་གྱིས་གྲུབ་པ་ཚུར་ལོག་ནས། ཐ་སྙད་དུ་བདེན་པར་གྲུབ་ཅེས་ཁས་ལེན་དགོས་པ་བྱུང་ནའང་། རྟག་པའི་མཐར་ལྷུང་བར་འགྱུར་ཏེ།མདོར་ན། དེ་གཉིས་གཅིག་བཞག་ན་གཅིག་བཞག་ས་མེད་པར་འགྲོ་བ་འདི་སྣང་སྟོང་ཟུང་དུ་འཇུག་པའི་ཚུལ་གྱིས་ལྟ་བ་མཐར་ཐུག་པ་གོ་བའི་གེགས་ཀྱི་གཙོ་བོ་ཡིན་ཞིང་། ཐ་སྙད་དུ་དེ་གཉིས་གཞི་གཅིག་ལ་འདུ་རུང་བ་ཙམ་དུ་མ་ཟད། ཐ་སྙད་དུའང་རང་བཞིན་གྱིས་གྲུབ་པ་མ་ཁེགས་ན། བྱ་བྱེད་བཞག་ས་མེད་པ་དང་། བྱ་བྱེད་བཞག་ས་བྱུང་ན་དེ་ཉིད་ཀྱི་རང་བཞིན་མེད་པར་གྲུབ་འོང་བའི་ཚུལ་མ་ཤེས་ན་ཡང་དག་པའི་ལྟ་བའི་མཐར་ཐུག་རྙེད་པའི་ཐབས་མེད་ལ། དོན་འདི་ཉིད། མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཤིན་ཏུ་ཞིབ་ཅིང་། རྒྱས་པར་རིགས་པའི་ཚོགས་ཀྱིས་གཏན་ལ་ཕབ་པ་ལྟར་འདིར་ཡང་གསལ་བར་གསུངས་ཤིང་། སྐབས་འདིར་ཡང་ཚུལ་དེ་ལྟ་བུའི་མཐའ་གཉིས་སྤོང་ཚུལ། དཔེ་དང་རིགས་པས་སྟོན་པ་ཡིན་ཏེ། དེ་ལ་གཏན་ཚིགས་དང་དཔེ་སྤངས་ཞེས་པ་ནི། འཇིག་རྟེན་པའི་གཏན་ཚིགས་དང་དཔེ་སྤངས་པའི་དོན་ཡིན་ཏེ། འོག་ཏུ་འཇིག་རྟེན་ལས་འདས་པའི་དཔེར་འགྲོ་ཚུལ་གསུངས་པས་ཤེས་སོ། །འཇིག་རྟེན་པ་ལ་དཔེ་མེད་པའི་སྒྲུབ་བྱེད་དུ། ཆོས་མི་མཐུན་པ་ཕན་ཚུན་འགལ་བའི་ཕྱིར་ཞེས་གསུངས་པས། འདིར་འཇིག་རྟེན་ལས་འདས་པའི་དཔེ་སྟོན་པའི་སྐབས་སུ་ཆོས་མི་མཐུན་པའི་ཕྱིར་རོ་ཞེས་པ་ནི། ཆོས་མི་མཐུན་པ་མི་འགལ་བའི་ཕྱིར་རོ་ཞེས་དོན་གྱིས་ཐོབ་བོ། །དེ་ལ་འཇིག་རྟེན་པ་ནི་འཇིག་རྟེན་ལས་འདས་པ་དོན་དམ་པའི་བདེན་པའི་རང་བཞིན་ཁོང་དུ་མ་ཆུད་པ་ལྟ་བ་མ་གོ་བའི་གང་
ཟག་དང་། འཇིག་རྟེན་ལས་འདས་པ་ནི་ཁོང་དུ་ཆུད་པ་ལྟ་བ་མཐར་ཐུག་པ་གོ་བའི་གང་ཟག་གོ །དེ་ལྟར་ཤེས་པར་བྱས་ནས་ཚིག་གི་དོན་འདི་ལྟར་བཤད་པར་བྱ་སྟེ། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་། དབྱེར་མེད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཉིད། རྟག་ཆད་ཀྱི་མཐའ་དང་ཇི་ལྟར་བྲལ་བའི་ཚུལ་མཚོན་པ་ལ་ལྟ་བ་མ་གོ་བའི་འཇིག་རྟེན་པའི་ཤེས་ངོ་ལ་བལྟོས་ནས་གཏན་ཚིགས་དང་། དཔེ་སྤངས་པ་འདིའི་དཔེར། འཇིག་རྟེན་ལས་འདས་པ་ལྟ་བ་གོ་བའི་ཤེས་ངོ་ལ་བལྟོས་ནས། བྱ་བ་བྱེད་ནུས་སུ་ཡོད་པའི་ཡོད་ཚུལ་བུམ་པ་ལ་སོགས་པའི་དངོས་པོ་ལྟ་བུ་དང་། དོན་དམ་དུ་མེད་པའི་མེད་ཚུལ་ནམ་མཁའི་མེ་ཏོག་ལྟ་བུའི་དངོས་པོ་མེད་པ་དག་ཅིག་པའི་གཞི་མཐུན་ཉིད་དུ་འགྱུར་ཏེ། འཇིག་རྟེན་ལས་འདས་པ་དེ་འདྲ་བའི་ངོ་ལ་བལྟོས་ནས། ཆོས་མི་མཐུན་པ་དེ་གཉིས་གཞི་གཅིག་ལ་འདུ་བ་མི་འགལ་བའི་ཕྱིར་རོ། །འཇིག་རྟེན་པ་ལ་ནི་དེ་གཉིས་གཞི་གཅིག་ལ་འདུ་བ་མི་སྲིད་དེ། དཔེར་ན་འཇིག་རྟེན་པའི་ཤེས་ངོ་ལ་བལྟོས་ནས། དཔེ་བུམ་པ་དང་ནམ་མཁའི་མེ་ཏོག་འདི་གཉིས་དངོས་སུ་ཕན་ཚུན་སྤངས་ནས་ཆོས་མི་མཐུན་པའི་ཕྱིར། བྱ་བ་བྱེད་ནུས་སུ་ཡོད་ཚུལ་བུམ་པ་ལྟ་བུ་དང་། དོན་དམ་དུ་མེད་པའི་མེད་ཚུལ་ནམ་མཁའི་མེ་ཏོག་ལྟར་སོང་བ། གཞི་གཅིག་ལ་འདུ་མི་སྲིད་པའི་དཔེར་འགྱུར་རོ། །ཆོས་མི་མཐུན་པའི་རྒྱུ་མཚན། ནམ་མཁའི་མེ་ཏོག་ནི་ཆ་འགའ་ཞིག་གིས་ཡོད་ལ་འགའ་ཞིག་གིས་མེད་པའི་ཁྱད་པར་མེད་པར་ཆ་གང་གི་སྒོ་ནས་ཀྱང་མེད་པ་ཐམས་ཅད་ཀྱིས་མེད་པ་ཡིན་ལ། བུམ་པ་ནི་དོན་བྱེད་ཀྱི་
སྒོ་ནས་རང་གི་ཆ་འགའ་ཞིག་དངོས་པོར་ཡོད་ལ་འགའ་ཞིག་མེད་པའི་ཁྱད་པར་མེད་པར་རང་གི་དངོས་པོའི་ཆ་ཐམས་ཅད་ཀྱིས་ཡོད་དོ། །དེ་ལྟར་ནམ་མཁའི་མེ་ཏོག་ནི་བདག་ཉིད་ཐམས་ཅད་ཀྱིས་བུམ་པ་དང་ཆོས་མི་མཐུན་ཞིང་དེ་བཞིན་དུ་བུམ་པའང་བདག་ཉིད་ཐམས་ཅད་ཀྱིས་ནམ་མཁའི་མེ་ཏོག་དང་ཆོས་མི་མཐུན་པའི་ཕྱིར་རོ། །དེས་ན་འཇིག་རྟེན་པ་ལ་བྱ་བ་བྱེད་ནུས་སུ་བདག་ཉིད་ཐམས་ཅད་ཀྱིས་ཡོད་ཚུལ་བུམ་པ་ལྟ་བུ་དང་།དོན་དམ་པར་བདག་ཉིད་ཐམས་ཅད་ཀྱིས་མེད་ཚུལ་ནམ་མཁའི་མེ་ཏོག་བཞིན་སོང་བ་གཞི་གཅིག་ལ་འདུ་མི་སྲིད་ལ། འཇིག་རྟེན་ལས་འདས་པ་ལ་བལྟོས་ནས་ནི་སྲིད་དེ། དངོས་པོ་ཐམས་ཅད་བྱ་བ་བྱེད་པའི་སྒོ་ནས་ཡོད་ཚུལ་བུམ་པ་དང་འདྲ་བར་བདག་ཉིད་ཐམས་ཅད་ཀྱིས་ཡོད་པ་དང་། རང་བཞིན་གྱིས་མེད་པའི་མེད་ཚུལ་དེ། ཆ་འགའ་ཞིག་རང་བཞིན་གྱིས་ཡོད། འགའ་ཞིག་རང་བཞིན་གྱིས་མེད་པའི་ཁྱད་པར་མེད་པར་ཆ་ཐམས་ཅད་ཀྱི་རང་བཞིན་མེད་པ་ནམ་མཁའི་མེ་ཏོག་གི་མེད་ཚུལ་ལྟར་དུ་སོང་བ་དེ་གཉིས་གཞི་གཅིག་ལ་འདུ་བ་ཙམ་དུ་མ་ཟད། དངོས་པོ་ཐམས་ཅད་བྱ་བ་བྱེད་ཚུལ་བུམ་པ་ལྟར་སོང་བའི་སྒོ་ནས་ཆ་ཐམས་ཅད་ཀྱིས་ཡོད་པ་དང་། རང་བཞིན་མེད་ཚུལ་ཆ་ཐམས་ཅད་ནས་མེད་པ་ནམ་མཁའི་མེ་ཏོག་གི་མེད་པ་ལྟར་སོང་བ་གཉིས་ཕན་ཚུན་དབྱེར་མེད་དུ་གནས་པ་ཞིག་འོང་བ་ཡིན་པས། འཇིག་རྟེན་པ་ལ་བལྟོས་ནས་དཔེ་མི་སྲིད་པ་དང་། འཇིག་རྟེན་ལས་འདས་པ་ལ་བལྟོས་ནས་སྲིད་པའི་དོན་ནི་དེ་ཡིན་ལ་དོན་འདི་གཉིས་དབང་མདོར་བསྟན་ལས་ཤིན་ཏུ་གསལ་བར་བཤད་དེ། དེའང་གོང་དུ། ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་བས། འཕེལ་བར་འགྱུར་བ་མི་འགྱུར་བའོ། ཞེས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་འཕེལ་བར་གསུངས་ནས། དེའི་རྗེས་སུ་དེ་འདྲའི་
འཕེལ་ཟད། དོན་དམ་པར་རང་གི་ངོ་བོས་སྟོང་པར། འཕེལ་བ་ལ་ནི་འཕེལ་བ་མེད། ཅེས་སོགས་ཀྱིས་གསུངས་པས། འོ་ན་འཕེལ་ཟད་གཏན་ནས་མེད་པའི་ཕྱིར་ཇི་ལྟར་ལམ་ལ་སོགས་པ་བསྒོམས་པ་འབྲས་བུ་མེད་པར་མི་འགྱུར་རོ། ཞེས་པའི་ལན་དུ། རང་བཞིན་མེད་ཀྱང་འབྱུང་འཇིག་བྱེད་པ་སྒྱུ་མ་དང་འདྲ་བས་འབྱུང་འཇིག་བྱེད་པའི་དངོས་པོ་དང་། རང་བཞིན་མེད་པའི་དངོས་མེད་མཚན་ཉིད་གཅིག་པར་གསུངས་ཏེ། ཆོས་རྣམས་རང་བཞིན་མེད་པ་ནི། །འབྱུང་འཇིག་སྒྱུ་མ་དེ་བཞིན་ནོ། །འབྱུང་རྣམས་འཇིག་པར་མི་འགྱུར་ཏེ། །རང་བཞིན་ཉིད་ཀྱིས་སྐྱེ་མི་འགྱུར། །སྣ་ཚོགས་འདི་ནི་རང་བཞིན་མེད། །དངོས་དང་དངོས་མེད་མཚན་ཉིད་གཅིག །ཅེས་སོ། །དེའི་འགྲེལ་པར་ནཱ་རོ་པས། ཀུན་རྫོབ་ཏུ་དོན་དམ་བྱ་བ་བྱེད་པའི་ཕྱིར་དངོས་པོའི་ངོ་བོ་དེ་ཁོ་ནར་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། དངོས་པོ་མེད་པའི་མཚན་ཉིད་དོ། ཞེས་བྱ་བ་བྱེད་པའི་དངོས་པོ་དང་། རང་བཞིན་གྱིས་དངོས་པོར་མེད་པ་ངོ་བོ་གཅིག་པ་ཉིད། དངོས་པོ་དང་དངོས་མེད་གཅིག་པར་གསུངས་པའི་དོན་དུ་གསལ་བར་བཤད་དོ། །དེ་ལྟར་གཞི་རྟག་ཆད་ཀྱི་མཐའ་དང་བྲལ་བའི་དཔེ་མདོར་བསྟན་ནས། ལམ་འཁོར་འདས་ཀྱི་མཐའ་དང་བྲལ་བའི་ཚུལ་འཆད་པ་ནི། འཇིག་རྟེན་པ་ལ། རང་བཞིན་གྱིས་མེད་ཚུལ་ཆ་ཐམས་ཅད་ནས་རང་བཞིན་མེད་པ་ནམ་མཁའི་མེ་ཏོག་གི་དཔེ་མེད་ཚུལ་ལྟ་བུ་དང་། དོན་བྱེད་ནུས་སུ་ཡོད་ཚུལ་ཆ་ཐམས་ཅད་ནས་ཡོད་པ་བུམ་པ་ལྟ་བུ་གཉིས་གཞི་གཅིག་ལ་འདུར་མི་རུང་ཡང་། འཇིག་རྟེན་ལས་
འདས་པ་ལ་རུང་བ་དེ་བཞིན་དུ། ཐེག་པ་དམན་པ་མན་ཆད་ཀྱི་གང་ཟག་གིས་ཟག་བཅས་ཀྱི་ཕུང་སོགས་ཐམས་ཅད་མེད་པའི་ཆད་པ་མྱང་འདས་ཀྱི་མཐར་མ་ལྷུང་བ་བྱས་ནས། ཟག་བཅས་དུཿ ཁའི་ཕུང་སོགས་ཡོད་པ་ཐམས་ཅད་ཀྱིས་ཡོད་པའི་སྲིད་པར་གནས་དགོས་ལ། དེ་འདྲའི་སྲིད་པར་མི་གནས་ན། ཆད་པ་མྱང་འདས་ལ་གནས་དགོས་ཀྱི་དེ་གཉིས་གང་ལའང་མི་གནས་པའི་གཉིས་མིན་གྱི་ཕུང་པོ་གསུམ་པ་བྱར་མི་རུང་ཡང་ཐེག་པ་ཆེན་པོའི་ལམ་ལ་གནས་པའི་གང་ཟག་གིས་དེ་ལྟར་གཉིས་ཀ་ལ་མི་གནས་པ་རུང་བར་སྟོན་པ་ནི། ཆད་པ་མྱང་འདས་དང་ཆོས་མི་མཐུན་པའི་ཕྱིར་སྲིད་པ་ནི་ཉོན་མོངས་པའི་ཟག་བཅས་ཀྱི་དངོས་པོ་ཡོད་པ་ཐམས་ཅད་ཀྱིས་ཡོད་དོ། །སྲིད་པ་དང་ཆོས་མི་མཐུན་པའི་ཕྱིར་ཆད་པ་མྱང་འདས་ནི་དེ་འདྲ་བའི་དངོས་པོ་མེད་པ་ཐམས་ཅད་ཀྱིས་མེད་དོ། །དེའི་ཕྱིར། ཐེག་པ་དམན་པ་སོགས་ཐབས་མཁས་པ་དང་བྲལ་བའི་ལམ་གྱིས་དེ་གཉིས་ཀ་ལ་མི་གནས་པའི་ཕུང་གསུམ་བྱེད་མི་ནུས་ཀྱང་། ཐེག་པ་ཆེན་པོ་བས་ནི་དེ་གཉིས་ཀ་ལ་མི་གནས་པར་བྱེད་ལ། དེའང་ཕ་རོལ་ཏུ་ཕྱིན་པ་དང་། རྒྱུད་སྡེ་འོག་མ་རྣམས་ལའང་ལམ་གྱིས་འཁོར་འདས་ཀྱི་མཐའ་དེ་གཉིས་འགོག་པ། ཕུལ་དུ་བྱུང་བ་ཡོད་ཀྱང་འདིར་དེ་དག་ལས་ཁྱད་པར་དུ་གྱུར་པའི་མཐའ་དེ་གཉིས་འགོག་ཚུལ་ནི། རྡོ་རྗེའི་རྣལ་འབྱོར་གྱིས་སྟོང་གཟུགས་ཁྱད་པར་བ་འདོད་ལྷ་ཡབ་ཡུམ་གྱི་སྐུར་ཤར་བ་བསྒྲུབས་པས་ཆད་པ་མྱང་འདས་ཀྱིས་མཐའ་དང་། དེ་ཁོ་ན་ཉིད་རང་བཞིན་མེད་པའི་སྟོང་པ་དང་དབྱེར་མི་ཕྱེད་པའི་བདེ་བ་ཆེན་པོ་བསྒྲུབས་
པས་སྲིད་པའི་མཐའ་འགོག་ཅིང་། ལམ་གྱིས་དེ་ལྟར་མཐའ་གཉིས་མནན་པས། འབྲས་བུ་འཁོར་འདས་ཀྱི་མཐའ་གཉིས་ཀ་ལས་འདས་པ། རྣམ་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་དང་། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟེན་དང་བརྟེན་པར་ཟུང་དུ་འབྲེལ་བ་འགྲུབ་པ་ཡིན་ནོ། །དེ་གཉིས་ཀྱི་སྒོ་ནས་འཁོར་འདས་ལ་མི་གནས་པའི་ཚུལ་དབང་མདོར་བསྟན་ལས་བཤད་པའི་དོན་ནི། དབང་མདོར་བསྟན་གྱི་ལུང་དྲངས་ནས་བཤད་ཟིན་ཏོ། །དེ་ལྟར་བྱ་བ་བྱེད་ནུས་སུ་ཡོད་ཚུལ་བུམ་པ་ལྟ་བུ་དང་། རང་བཞིན་གྱིས་མེད་ཚུལ་ནམ་མཁའི་མེ་ཏོག་ལྟར་སོང་བ་གཞི་གཅིག་ལ་འདུ་བ་འཇིག་རྟེན་ལས་འདས་པ་ལ་རུང་ཞིང་། འཇིག་རྟེན་པ་ལ་མི་རུང་བ་རྒྱས་པར་འཆད་པ་ནི། དེ་བཞིན་དུ་ཞེས་པ་ནས། འགལ་བའི་ཕྱིར་རོ། ཞེས་པའི་བར་སྔར་བཤད་པས་ཤེས་ལ། གང་གིས་ཞེས་སོགས་ཀྱི་དོན་ནི། འཇིག་རྟེན་པ་ལ་ཀུན་རྫོབ་ཏུ་དོན་བྱེད་པའི་རྒྱུ་མཚན། གང་གིས་དངོས་པོ་གང་ཡོད་པ་དེ་ནི་ཀུན་རྫོབ་དེ་ལ་བལྟོས་ནས་ཆ་གང་གིས་ཀྱང་མེད་པར་མི་འགྱུར་ཞིང་། གང་དོན་དམ་པར་མེད་པ་དེ་ནི། དོན་དམ་དེ་ལ་བལྟོས་ནས་ཆ་གང་གིས་ཀྱང་ཡོད་པར་མི་འགྱུར་ཏེ། བྱ་བ་བྱེད་པའི་དངོས་པོ་དང་། བདེན་པའི་དངོས་པོ་མེད་པའི་རང་བཞིན་དུ་གནས་པ་ལས་སོ། ཞེས་པ་འཇིག་རྟེན་ལས་འདས་པ་ལ་ཆོས་མི་མཐུན་པ་མི་འགལ་བའི་དོན་བསྡུ་བའོ། །དེས་ན་ལྟ་བ་མ་གོ་བའི་གང་ཟག་ནི་ཆོས་དེ་བྱ་བ་བྱེད་པ་གང་གིས་ཡོད་པའི་མཚན་ཉིད་དུ་འཛིན་པའི་སེམས་སུ་འགྱུར་བ་དེས། ཆོས་དེ་བདེན་པར་མེད་པའི་མཚན་ཉིད་དུ་འཛིན་པར་མི་
འགྱུར་རོ། །རྒྱུ་མཚན་གང་གིས་བདེན་པར་མེད་པའི་མཚན་ཉིད་དུ་འཛིན་པའི་སེམས་སུ་འགྱུར་བ་དེས་བྱ་བ་བྱེད་ནུས་སུ་ཡོད་པའི་མཚན་ཉིད་དུ་མི་འགྱུར་ཏེ། དེའི་ངོར་བྱ་བ་བྱེད་པ་དང་རང་བཞིན་གྱིས་སྟོང་པ་ཕན་ཚུན་འགལ་བའི་ཕྱིར་རོ། །དེས་ན་བྱ་བ་བྱེད་ནུས་བདེན་གྲུབ་དང་བདེན་པར་མ་གྲུབ་ན་བྱ་བའང་བྱེད་མི་ནུས་པར་འཛིན་པས། གང་ཟག་དེ་འདྲའི་ངོ་ལ་བལྟོས་ནས་དེ་གཉིས་གཞི་མཐུན་དུ་འདུ་མི་སྲིད་དོ། ཞེས་བྱ་བ་འཇིག་རྟེན་པ་ལ་ཆོས་མི་མཐུན་པ་འགལ་བའི་དོན་བསྡུ་བའོ། །དེ་ལྟར་འཇིག་རྟེན་པའི་དཔེ་སྤངས་ཤིང་འཇིག་རྟེན་ལས་འདས་པའི་དཔེས་མཚོན་པའི་ཚུལ་བཤད་ནས། ད་ནི་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དེ་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་གཞིར་བྱས་ནས། རང་བཞིན་མེད་པར་རིགས་པས་བསྒྲུབ་པ་ནི། དངོས་པོ་ཐམས་ཅད་ལ་བྱ་བ་བྱེད་པ་དང་། རང་བཞིན་གྱིས་སྟོང་པ་མི་འགལ་བའི་ཕྱིར་ན། སྐབས་འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་ཀྱི་སྣང་བ་གཞོན་ནུ་མའི་པྲ་ཕབ་པ་ལྟ་བུ་ནི་བདེན་པར་གྲུབ་པའི་གཟུགས་ཀྱི་མཚན་ཉིད་མིན་ཏེ། ཇི་ལྟར་སྣང་བ་ལྟར་གྱི་གཟུགས་སུ་མ་གྲུབ་པའི་ཕྱིར། དེར་ཐལ། ཕྱི་རོལ་གྱི་གཟུགས་ལྟ་བུར་སྣང་ཞིང་། རྡུལ་ཕྲ་རབ་བསགས་པའི་གཟུགས་སུ་མེད་པའི་ཕྱིར་རོ། །སྔ་མ་ལ་ཁྱབ་པ་ཡོད་དེ། གནས་ཚུལ་གཞན་དུ་གནས་ནས་སྣང་ཚུལ་གཞན་དུ་སྣང་བ་ནི་བདེན་པར་འགལ་བའི་ཕྱིར་རོ། །ཡང་དེ་ཉིད་གཏན་ནས་གཟུགས་མེད་པའི་མཚན་ཉིད་མིན་ཏེ། སྟོང་པ་སྟེ་ནམ་མཁའི་ཕྱོགས་ལ་རྣལ་འབྱོར་པས་མངོན་སུམ་
དུ་མཐོང་བར་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་སྟོང་གཟུགས་ཀྱི་ཕྱག་རྒྱ་དེ། རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་ཀྱི་གཟུགས་ཅན་ཏེ་ངོ་བོ་ཅན་དང་། རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་དེའང་ཀུན་རྫོབ་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོའི་གཟུགས་ཅན་ཏེ་ངོ་བོ་ཅན་ཡིན་ཏེ། གོང་གི་རིགས་པས་བྱ་བ་བྱེད་པ་དང་རང་བཞིན་གྱིས་སྟོང་པའི་ཚོགས་པ། ཆོས་མི་མཐུན་པ་མི་འགལ་བའི་རང་བཞིན་ཡིན་པས། འཇིག་རྟེན་པའི་དཔེ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །དེས་ན་སེམས་གང་བྱ་བ་བྱེད་ནུས་སུ་ཡོད་པའི་གཟུགས་སྟོང་པ་ཉིད་ཀྱི་གཟུགས་དེ་ནི། རང་བཞིན་གྱིས་སེམས་མེད་པ་ཡིན་ལ། དེའི་ཕྱིར་རྟག་པ་དང་ཆད་པའི་ཆོས་ཀྱི་མཚན་ཉིད་དང་བྲལ་བ་ཡིན་ལ། རྣམ་པ་ཐམས་ཅད་པའི་གཟུགས་ཀྱི་དེ་ཁོ་ན་ཉིད། རང་བཞིན་གྱིས་གྲུབ་པའི་སྟོང་པ་ཉིད་དང་། དེའི་ཡུལ་ཅན་བདེ་བ་ཆེན་པོ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དབྱེར་མེད་པའོ། །དེས་ན་དོན་དམ་པའི་བདེན་པ་རྟོགས་པ་འཇིག་རྟེན་ལས་འདས་པའི་བློ་ལ་བལྟོས་ནས། བདེ་བ་ཆེན་པོ་དང་རྣམ་པ་ཐམས་ཅད་པའི་གཟུགས་གཉིས་ཀའི་སེམས་དག །བྱ་བ་བྱེད་པ་དང་རང་བཞིན་གྱིས་སྟོང་པའི་ཆོས་མི་མཐུན་པ་མི་འགལ་བའི་ཕྱིར། ཡོད་པ་དང་མེད་པའི་མཐའ་ལས་འདས་པ་དངོས་པོ་འཁོར་བ་དང་། དངོས་པོ་མེད་པ་མྱ་ངན་ལས་འདས་པའི་མཐའ་ཟད་པ། རྡོ་རྗེའི་རྣལ་འབྱོར་གཉིས་སུ་མེད་པ་སྟེ། དེའི་རྗོད་བྱེད། དེ་བཞིན་གཤེགས་པའི་གསུང་ཐབས་ཤེས་ཕྱོགས་རེ་བའི་རིས་སུ་ཆད་པ་མེད་པ་ཉིད་ཀྱི་
ཕྱིར་རོ། །དེ་ལ་ཆོས་མི་མཐུན་པ་ནི་འཇིག་རྟེན་པའི་བློ་ལ་བལྟོས་པ་དང་། དེ་ཉིད་འཇིག་རྟེན་ལས་འདས་པའི་བློ་ལ་བལྟོས་ནས་མི་འགལ་བ་ཡིན་གྱི་བློ་གཅིག་ལ་བལྟོས་ནས་གཉིས་ཀ་འཇོག་པ་མིན་པ་ནི། སྔར་བཤད་པ་ཐམས་ཅད་དུ་ཤེས་པར་བྱའོ། །དེ་ཉིད་རྩ་རྒྱུད་ཀྱི་ལུང་དང་སྦྱར་བ་ནི། འདིར་ཞེས་སོགས་སོ། །འདིའི་མཐའ་དཔྱད་པ་ནི། ཅི་རྣམ་པ་ཐམས་ཅད་པའི་གཟུགས་དེ་དེ་ཁོ་ན་ཉིད་ཀྱི་སྟོང་པ་ཉིད་དུ་གསུངས་པ་མིན་ནམ། ཇི་ལྟར་ན་དེ་ཀུན་རྫོབ་བདེན་པ་ཡིན་ཞེ་ན། དེ་ལ་ལེའུ་ལྔ་པའི་འགྲེལ་ཆེན་དུ། སྟོང་གཟུགས་ཀྱི་ཕྱག་ཆེན་ལས་མི་འགྱུར་བའི་བདེ་བ་འབྱུང་བ་མི་རིགས་ཏེ། དེ་ལ་རྡུལ་ཕྲན་ཚོགས་པའི་ལུས་མེད་པའི་ཕྱིར་ཞེས་པའི་རྩོད་པ་ལ། རྨི་ལམ་གྱི་དཔེས། བདེ་བ་མྱོང་བ་ལ་རྡུལ་ཕྲན་ཚོགས་པའི་ལུས་མི་དགོས་པ་སོགས་འབད་པ་དུ་མས་བསྒྲུབས་པའི་དགོས་པ་ནི། འབྲས་བུའི་སྐབས་སུ་བེམས་པོའི་ཁམས་མ་ལུས་པར་ཟད་ཀྱང་མཆོག་མི་འགྱུར་གྱི་བདེ་བ་མྱང་བའི་རྟེན་ནི། སྟོང་གཟུགས་ཀྱི་སྐུས་བྱེད་པ་འགྲུབ་པའི་དོན་ཡིན་ལ། སྐབས་དེར་སྟོང་གཟུགས་ཀྱང་རྨི་ལམ་གྱི་སྣང་བ་དང་འདྲ་བར་རང་གི་སེམས་ཀྱི་སྣང་བ་ཙམ་དུ་གསུངས་པས་སེམས་ལས་དོན་གཞན་པའི་རྟག་པ་བདེན་པ་བར་འདོད་པ་ནི་མུན་སྤྲུལ་ཏེ། དེ་ལྟར་ཡང་། རྒྱུད་ཀྱི་ལེའུ་ལྔ་པ་ལས། ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། ཞེས་པ་ནས། སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ།
ཞེས་སྐུ་གསུང་ཐུགས་ངོས་བཟུང་བ་ན། རྡུལ་ཕྲ་རབ་ཚོགས་པའི་ལུས་ཉམས་ཤིང་ཟད་པ་དྭངས་ཤིང་ཐོགས་པ་མེད་པས་ནམ་མཁའ་དང་འདྲ་བའི་སྟོང་གཟུགས་མཚན་དཔེས་སྤྲས་པ་སྐུ་དང་། མི་འགྱུར་བའི་བདེ་བ་ཐུགས་སུ་བཤད་དོ། །དེས་ན་དུ་བ་ལ་སོགས་པའི་སྟོང་གཟུགས་གཞན་རྣམས་ཀྱང་གོང་ནས་གོང་དུ་གནས་གྱུར་ཏེ། མཐར་ཡེ་ཤེས་ཀྱི་སྐུ་དེ་བསྒྲུབ་པར་ཡང་། ལེའུ་ལྔ་པ་ལས། ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པའི་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། ཞེས་གསུངས་སོ། །དེས་ན་གསང་འདུས་འཕགས་ལུགས་པས། བདག་བྱིན་རླབས་དང་། སྒྱུ་ལུས་དང་། ཀུན་རྫོབ་བདེན་པ་ཞེས་པ་རྣམས་ཟུང་འཇུག་གི་འཇའ་ལུས་ཀྱི་སྐུའི་རྒྱུ་ཐུན་མོང་མིན་པར་འདོད་ཅིང་། དེ་ལ་བསྔགས་པ་ཆེ་བ་བཞིན་དུ་འགྲེལ་པ་སྐོར་གསུམ་ནས་སྟོང་གཟུགས་ལ་བསྔགས་པའང་དེའི་དོད་ཡིན་ཏེ། བདེ་མཆོག་བསྟོད་འགྲེལ་ལས། སླར་ཡང་རང་བྱིན་བརླབ་པ་སྟེ། །རྗེས་མཐུན་ཆོ་གའི་རིམ་པ་ཡིས། །ཕྱི་ནས་མཚན་མ་མཚོན་པར་བྱ། ཞེས་གུར་ལས་གསུངས་པའི་དོན་བཀྲལ་བ་ན། འདིར་རང་བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་
སོ་སོར་སྡུད་པས་ཀུན་རྫོབ་ཀྱི་བདེན་པ་མཐོང་བའོ། །མཚན་མ་ཞེས་བྱ་བ་ནི་སྤྲིན་དང་དུ་བ་ལ་སོགས་པ་ལྟར་རབ་ཏུ་སྣང་བ་སྟེ། དེའང་སྒྲོན་མའི་མཐར་ཐུག་པར་དང་པོ་མཐོང་བའོ། ཞེས་རང་བྱིན་རླབས་དང་ཀུན་རྫོབ་བདེན་པར་གསུངས་ལ། ནཱ་རོ་པས་ཀྱང་གང་ཟག་གི་བསྒོམ་བྱ་ནི་སོ་སོར་སྡུད་པ་དང་། བསམ་གཏན་གྱི་ཡན་ལག་གིས་བསྟན་པར་བྱས་པ་ཁམས་གསུམ་པ་རབ་ཏུ་གསལ་བའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པ་སྟེ། རྗེས་སུ་དྲན་པས་དེའི་རྣལ་འབྱོར་ཡང་དག་སྤྲོ། །དེའི་རྣལ་འབྱོར་ནི་ཀུན་རྫོབ་ཀྱི་བདེན་པའི་རྣལ་འབྱོར་ཏེ། ཡང་དག་སྤྲོ་ནི་ནམ་མཁའི་མཐིལ་མཐའ་དག་ཁྱབ་པར་བལྟ་བར་བྱའོ། ཞེས་དང་། གཞན་ཡང་སྒྱུ་མ་དང་། རྨི་ལམ་དང་། དྲི་ཟའི་གྲོང་ཁྱེར་དང་། ཕྲ་ཕབ་པ་ལ་སོགས་པ་བཞིན་དུ་མ་བརྟགས་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་མ་ལུས་པ་མཐོང་བ་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་སྟེ། རང་བྱིན་གྱིས་བརླབས་པར་ཡང་བརྗོད་དོ། ཞེས་གསུངས་ལ། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུ་སྟེ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་ཤེས་པ་ནི། དངོས་པོ་མེད་པར་བསྒོམ་པར་བྱ་སྟེ་རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་སྣང་བརྙན་མཐོང་བ་དེའོ། ཞེས་དངོས་པོ་སྟོང་གཟུགས་དེ་ཉིད་དངོས་པོ་མེད་པ་ཡོངས་སུ་ཤེས་པར་བྱ་བར་གསུངས་ནས། ཚུལ་ཇི་ལྟ་བུས་དངོས་པོ་མེད་པར་ཤེས་པར་འཆད་པ་ན། དེ་ཉིད་ལས། སྣང་བརྙན་དེ་ཉིད་དཔེ་
དགུ་རྣམས་ཀྱིས་བསྒྲུབས་ཏེ། འདི་ལྟ་སྟེ། མིག་ཡོར་དང་། སྤྲུལ་པའི་གྲོང་ཁྱེར་དང་། སྒྲ་བརྙན་དང་། རྨི་ལམ་དང་། སྒྱུ་མའི་འཁྲུལ་འཁོར་དང་། སྨིག་རྒྱུ་དང་། མེ་ལོང་གི་གཟུགས་བརྙན་དང་། ཆུ་ཟླ་དང་། ནམ་མཁའ་ཞེས་པའོ། །དེ་ཉིད་ཤེས་རབ་ཨེ་ཡིག་ཏུ་འགྱུར་རོ། ཞེས་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ཉིད། རྨི་ལམ་དང་། སྒྱུ་མ་སོགས་དང་མཚུངས་པའི་དངོས་པོ་དང་། བདེན་པའི་དངོས་པོ་མེད་པར་གསལ་བར་གསུངས་པས། དེའི་ཕྱིར་སྟོང་གཟུགས་ཀྱི་རང་བཞིན་མེད་པའི་སྟོང་པ་དོན་དམ་བདེན་པ་ཡིན་ཀྱང་། སྟོང་གཟུགས་ནི་ཀུན་རྫོབ་ཀྱི་བདེན་པ་ཉིད་ཡིན་པའི་ཕྱིར། སྟོང་གཟུགས་སྒྲུབ་པ་རང་དབང་བའི་རྟག་པར་སྨྲ་བ་ནི་སྟོང་གཟུགས་སྒྲུབ་པས་ཅི་ཞིག་བྱེད་པ་མ་ཤེས་པའི་བབ་ཆོལ་ལོ། །དེའང་སྔར་བཤད་པ་ལྟར་དུ་བ་ལ་སོགས་པའི་སྟོང་གཟུགས་རྣམས་གོང་ནས་གོང་དུ་གནས་གྱུར་ཏེ་ཡན་ལག་དྲུག་པའི་སྐབས་ཀྱི་འདོད་ལྷ་ཡབ་ཡུམ་དུ་སྣང་བ་ནི། འབྲས་བུའི་རྡོ་རྗེའི་སྐུའི་ཐུན་མོང་མ་ཡིན་པའི་ཉེ་རྒྱུ་ཡིན་ལ། ཡན་ལག་དྲུག་པ་དེའི་ཚེ་ན། དེ་ལྟར་སྣང་བ་ཙམ་ཡིན་གྱི་ལུས་དངོས་པོ་ལ་སྟོང་གཟུགས་ཀྱི་སྐུར་སོང་བ་མེད་དེ། བེམས་པོའི་ཁམས་རྣམས་མ་ཟད་པའི་ཕྱིར་རོ། །དེས་ན་སྐུ་དེ་འགྲུབ་པ་ལ། རྡུལ་ཕྲ་རབ་ཚོགས་པའི་ལུས་ཉམས་པར་བྱ་དགོས་པས། དེ་ནི་གསེར་འགྱུར་རྩིས་ལྕགས་གསེར་དུ་བསྒྱུར་བ་བཞིན་དུ། ལུས་ལ་བྱང་སེམས་འཛག་མེད་དུ་བཅིངས་པས། བེམས་པོའི་ཁམས་རྣམས་ཟད་པར་བྱེད་
པའི་ཚུལ་རྒྱས་པར་ལེའུ་ལྔ་པར་འཆད་པར་འགྱུར་རོ། །དེ་ལྟར་མི་འགྱུར་བའི་བདེ་བ་ཁྱད་པར་བ་བསྒྲུབ་པའི་ཆེད་དུ་སྟོང་གཟུགས་ཁྱད་པར་བ་ཐབས་དུ་མས་འབད་ནས་བསྒྲུབ་པ་དང་། སྟོང་གཟུགས་ཀྱི་ཕྱག་རྒྱ་རྒྱུ་དང་། མི་འགྱུར་བའི་བདེ་བ་འབྲས་བུ་ཡིན་པར་དབང་མདོར་བསྟན་རྩ་འགྲེལ་དང་། འགྲེལ་པ་སྐོར་གསུམ་དུ་ལན་ཅིག་མིན་པར་འབད་པ་དུ་མས་བསྒྲུབ་པ་ལ་སྟོང་གཟུགས་རྒྱུས་བསྐྱེད་དུ་མི་རུང་ཞིང་། འབྲས་བུ་མི་འབྱིན་པའི་རྟག་པ་བདེན་པ་བ་གཞུང་འདི་དག་གི་དགོངས་པའོ་ཞེས་ཟློག་སྟེ་མ་སྨྲ་ཞིག །དེ་ལ་མི་འགྱུར་བའི་བདེ་བ་ཞེས་གསུངས་པའི་མི་འགྱུར་བའི་དོན་ཡང་། སྐྱེ་འཇིག་མི་བྱེད་པའི་རྟག་པ་ནི་མིན་ཏེ། མི་འགྱུར་བའི་བཟློག་ཕྱོགས་ཀྱི་འགྱུར་བ་ནི། རྒྱུ་ལས་སྐྱེས་པ་དང་། སྐད་ཅིག་གཉིས་པའི་དུས་སུ་སྐད་ཅིག་དང་པོ་མི་གནས་པ་ལ་མ་གསུངས་ཀྱི་ཁམས་ཕྱི་རོལ་ཏུ་འཕོ་བའི་འགྱུར་བ་ལ་ལན་དུ་མར་གསུངས་པའི་ཕྱིར་རོ། །དེས་ན་ཁམས་འཛག་མེད་དུ་བཅིངས་པ་ཉིད་མི་འགྱུར་བའི་དོན་ཡིན་ལ། དེ་ཉིད་ལ་ཁམས་རྡོ་རྗེ་ནོར་བུའི་རྩེ་ནས་ཕྱིར་མི་འཕོ་བ་ཙམ་ལ་མི་འགྱུར་བར་བྱས་པ་དང་། རང་གི་གནས་ནས་ལུས་ཀྱི་གནས་གཞན་གང་དུའང་མི་འཕོ་བ་ལ་བཞག་པའི་མི་འཕོ་བ་ཁྱད་པར་བ་གཉིས་ཡོད་དོ། །དེས་ལྷན་ཅིག་བྱེད་པའི་རྐྱེན་དང་། ཆོས་རྣམས་རང་བཞིན་མེད་པར་ཕུ་ཐག་ཆོད་པའི་ལྟ་བས་ཉེར་ལེན་གྱི་རྒྱུ་བྱས་པ་ལ་བརྟེན་ནས་སྐྱེས་པའི་བདེ་ཆེན་གྱི་ཡུལ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ཡིན་པས་འདིར་བདེ་བ་ལ་དམིགས་མེད་དུ་
གསུངས་ཤིང་། དེའི་ཚེ་བདེ་བ་འདྲེན་བྱེད་ཀྱི་སྟོང་གཟུགས་ཀུན་རྫོབ་པ་ཡུལ་ཅན་ལས་ལོགས་སུ་གྲུབ་པ་ལྟ་བུར་ཤར་བ་ལ་དགོངས་ནས་སྟོང་པ་དམིགས་བཅས་སུ་གསུངས་ལ། ལེའུ་ལྔ་པའི་འགྲེལ་ཆེན་ལས་ཀྱང་། སྟོང་པ་ནི་ཆོས་རྣམས་སྐྱེ་བ་དང་འགག་པ་མེད་པའི་རང་གི་སེམས་ཀྱི་སྣང་བའོ། །ཡེ་ཤེས་ནི་དེ་རབ་ཏུ་རྟོགས་པ་མི་འགྱུར་བའི་བདེ་བའོ། ཞེས་སྟོང་གཟུགས་དེ་ཁོ་ནར་སྐྱེ་འགག་རང་བཞིན་གྱིས་གྲུབ་པས་སྟོང་པའི་ཆོས་ཉིད་རྟོགས་པ་ལ་མི་འགྱུར་བའི་བདེ་བར་གསུངས་སོ། །གཞན་ཡང་ཤིང་རྟ་ཆེན་པོ་དག་གི་ལུགས་གང་ལའང་། དོན་གང་རྟོགས་ནས་གོམས་པར་བྱས་ནས། འཁོར་བར་འཆིང་བའི་རྩ་བ། བག་ཆགས་དང་བཅས་པ་མ་ལུས་པར་དག་པར་བྱེད་ནུས་པའི་རྟོགས་བྱའི་དོན་ལ་དེ་ཁོ་ན་ཉིད་ཅེས་བྱ་ཞིང་དེ་རྟོགས་པ་ལ་ཟབ་དོན་རྟོགས་པ་དང་དམིགས་མེད་ཀྱི་དོན་རྟོགས་པར་འཇོག་པ་ཡིན་ལ། འདི་བའི་ལུགས་ཀྱིས་ཀྱང་འཁོར་བར་འཆིང་བའི་རྩ་བ་བདག་འཛིན་དུ་བཞེད་པས། དེས་གཟུང་བའི་བདག་མེད་པའི་དོན་རྟོགས་པ་ཉིད་ཀྱིས་འཁོར་བའི་འཆིང་བ་བག་ཆགས་དང་བཅས་པ་དག་པར་བྱ་དགོས་པ་ཡིན་ཏེ། ལེའུ་ལྔ་པའི་འགྲེལ་ཆེན་ལས། འདོད་ཆགས་ཀྱི་འཕོ་བའི་བག་ཆགས་ཀྱི་དབང་གིས་འཁོར་བར་འཁོར་བ་ན་མ་རིག་པའི་བག་ཆགས་ཀྱིས་འཁོར་བར་གསུངས་པ་འགལ་ལོ། ཞེས་པའི་ལན་དུ། མ་རིག་པ་ནི་འདིར་སེམས་ཅན་རྣམས་ཀྱི་ཐོག་མ་
མེད་པའི་འདོད་ཆགས་ཀྱི་བག་ཆགས་སོ། ཞེས་གསུང་རབ་གཞན་ནས་མ་རིག་པ་དང་། རྒྱུད་འདིར་འཕོ་བའི་བག་ཆགས་འཁོར་བའི་རྩ་བར་བཤད་པ་གཉིས་དོན་གཅིག་ཏུ་གསུངས་ལ། ལེའུ་གཉིས་པར། སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། ཅེས་གསུངས་པའི་འགྲེལ་ཆེན་ལས་འདིར་འཁོར་བའི་རྒྱུ་ངར་འཛིན་པ་དང་ང་ཡིར་འཛིན་པའི་བདག་ཉིད་ཅན་གྱིས་རྨོངས་པར་བྱས་པ་ནི་དམྱལ་བ་དང་། ཡི་དྭགས་དང་དུད་འགྲོའི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད་པའོ། ཞེས་བདག་དང་བདག་གིར་འཛིན་པ་རྨོངས་པར་བྱས་པར་གསུངས་པས། མ་རིག་པ་འཁོར་བའི་རྩ་བར་གསུངས་པའང་འཇིག་ལྟ་ལ་བཞེད་པ་ཡིན་ལ། དེ་བས་ན་ལེའུ་བཞི་པའི་འགྲེལ་ཆེན་ལས། དེ་ནས་རྩ་བ་གསུམ་དྲན་པར་བྱས་ཏེ། དེ་ཉིད་སྲིད་པའི་ས་བོན་ཡིན་པས་འདོད་ཆགས་ཀྱི་བག་ཆགས་སུའང་འགྱུར་རོ། །དེས་ན་འཁོར་བའི་རྩ་བ་བདག་འཛིན་ཡིན་པ་འདི། ཐེག་པ་ཆེ་ཆུང་སྔགས་མཚན་ཉིད་ཐམས་ཅད་ཀྱི་ལུགས་ཡིན་པས་བདག་མེད་རྟོགས་པའི་ཤེས་རབ་ནི་འཁོར་བར་འཆིང་པའི་རྩ་བ་གཅོད་བྱེད་དུ་བཞེད་པ་ཡིན་ལ། དེ་བས་ན་ལེའུ་གཉིས་པའི་འགྲེལ་ཆེན་ལས། དེ་ནས་རྩ་བ་གསུམ་དྲན་པར་བྱས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསམ་པ་རྣམ་པར་དག་པ་དང་། བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་ཡོངས་སུ་སྤོང་བའོ། ཞེས་བདག་འཛིན་སྤོང་བའི་བདག་མེད་རྟོགས་པའི་ཤེས་
རབ་ཉིད་ལམ་གྱི་རྩ་བར་གསུངས་ལ། དབུ་མ་པ་རྣམས་ཀྱི་འགྱུར་བ་མེད་པའི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ནའང་། བདག་མེད་པ་གཉིས་ཀྱི་སྒོ་ནས་བསྒོམ་པར་ཡང་གསུངས་ཏེ་ལེའུ་ལྔ་པའི་འགྲེལ་ཆེན་ལས་དབུ་མ་པ་རྣམས་ལ་རྨི་ལམ་ལྟ་བུར་འགྱུར་བ་མེད་ཅིང་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པས་ཏེ། དེ་ལྟར་གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པའོ། ཞེས་གསུངས་སོ། །དེ་ལྟ་མིན་པར་གང་རྟོགས་པས་འཁོར་བའི་རྩ་བ་གཅོད་པའི་དེ་ཁོ་ན་ཉིད་སྟོང་གཟུགས་ཡིན་ན། འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་བདག་འཛིན་ལྷན་སྐྱེས་ལ། སྟོང་གཟུགས་ཀྱི་དངོས་ཀྱི་འགལ་ཟླ་འཛིན་པའི་འཛིན་སྟངས་ཡོད་པར་འགྱུར་རོ། །དེ་ལ་གང་ཟག་གི་བདག་འགོག་པ་ནི་ལེའུ་གཉིས་པ་ལས་གསུངས་ཤིང་། ཆོས་བདག་འགོག་པའི་རིགས་པའང་། ལེའུ་གཉིས་པའི་འགྲེལ་ཆེན་ལས། དེའི་ཕྱིར་དབུ་མ་པས་སྨྲས་པ། །རྣམ་པར་ཤེས་པ་དོན་དམ་ཡོད། །དེ་ཡང་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་མཁའི་པདྨོ་བཞིན། །ཡོད་མིན་མེད་མིན་ཡོད་མེད་ཡིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་གཅིག་དང་དུ་བྲལ་གྱི་རིགས་པ་དང་། འགྲེལ་ཆེན་འདིར། དེའི་ཕྱིར་འབྲས་བུ་ནི་རང་ལས་མ་ཡིན། གཞན་ལས་མིན། གཉིས་ཀ་ལས་མིན། རྒྱུ་
མེད་པ་ཅན་ཡང་མིན་ནོ། ཞེས་རྡོ་རྗེ་གཟེགས་མ་ལ་སོགས་པ་དབུ་མའི་རིགས་པ་ཇི་ལྟ་བ་བཞིན་དུ་གསུངས་ལ། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། ས་བོན་ལས་ནི་མྱུ་གུ་བཞིན། །དེ་མེད་པར་ནི་དེ་མི་འབྱུང་། །འབྲས་བུའི་རྒྱུ་ཡི་རང་བཞིན་ལས། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་རྣམས་འགའ་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། ཞེས་ས་བོན་ལས་མྱུ་གུ་བལྟོས་ནས་སྐྱེ་བ་དང་། འོན་ཀྱང་རྒྱུ་ལས་འབྲས་བུ་རང་བཞིན་གྱིས་སྐྱེ་བ་མཐའ་བཞི་པོ་གང་དུའང་མ་གྲུབ་པ། འཕགས་པ་ཀླུ་སྒྲུབ་ཀྱིས། རྩ་ཤེ་ལས་གསུངས་པའི་དོན། དཔལ་ལྡན་ཟླ་བའི་ཞབས་ཀྱིས་ཇི་ལྟར་བཤད་པ་དང་མཐུན་པར་གསལ་བར་བཤད་ལ། འགྲེལ་ཆེན་ལས་འདི་ནི་མདོར་བསྡུས་པས་གསུངས་པ་སྟེ། རྒྱས་པར་ལུང་རྒྱ་ཆེན་པོ་ལས་ཤེས་པར་བྱའོ། ཞེས་དབུ་མ་པ་སོགས་ཀྱི་གཞུང་ལུགས་ལས་ཤེས་དགོས་པར་ཡང་གསུངས་སོ། །དེའི་ཕྱིར་འདིར་ཡང་སྟོང་པ་ཉིད་ནི་འཕགས་པ་ཀླུ་སྒྲུབ་ཀྱི་རིགས་པའི་ཚོགས་ཀྱིས་རྒྱས་པར་གཏན་ལ་ཕབ་པ་ལྟར་ཤེས་པར་བྱ་བ་ཡིན་གྱི། གཞུང་དེ་དག་གིས་བསྟན་པའི་སྟོང་པ་ཉིད་ནི་ཆད་པའི་སྟོང་པ་ཉིད་དོ། ཞེས་སྐུར་བ་འདེབས་པའི་ཁ་ན་མ་ཐོ་བ་ཆེན་པོ་བཟུང་བར་མི་བྱ་ལ། འཕགས་པ་ཀླུ་སྒྲུབ་ནི། རིགས་ལྡན་འཇམ་དཔལ་གྲགས་པས་བསྡུས་པའི་རྒྱུད་ཕྱི་མ་ལས་ཀྱང་ཁུངས་སུ་དྲངས་ཏེ། དེ་ལས་སྐུ་རྣམས་ཀྱི་ནི་མཚན་ཉིད་གང་དེ་འདིར་ནི་བདེ་བར་གཤེགས་དང་འཕགས་པ་ཀླུ་སྒྲུབ་འོད་ཀྱིས་ཀྱང་
སྟེ། གང་ཞིག་གཅིག་མིན་དུ་མ་མ་ཡིན་རང་དང་གཞན་ལ་ཕན་པ་ཕུན་ཚོགས་ཆེན་པོའི་གཞིར་གྱུར་པ། ཞེས་སོགས་སྐུ་གསུམ་ལ་བསྟོད་པའི་ལུང་དྲངས་སོ། །དེའང་རྒྱལ་བས་འཕགས་པ་ཀླུ་སྒྲུབ་ལུང་བསྟན་པ་ནའང་། ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། ཅེས་སོགས་ཀྱིས། མཐའ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་བསྟན་ནས་བསྟན་པའི་སྙིང་པོ་གསལ་བར་བྱེད་པར་གསུངས་པའང་། དབུ་མ་རིགས་པའི་ཚོགས་ཀྱིས་སྟོང་ཉིད་ཚུལ་འདི་ལྟར་གཏན་ལ་ཕབ་པ་ལ་དགོངས་པ་ཡིན་གྱི། དེ་དག་ནས་བསྟན་པ་ཆད་སྟོང་ཡིན་ན། གཞན་དེ་ལྟར་གསུངས་པའི་རྒྱུ་མཚན་མེད་དོ། །གཞན་ཡང་འགྲེལ་ཆེན་ལས། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ། དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། ཞེས་ཕ་རོལ་ཏུ་ཕྱིན་པའི་ཚུལ་སྣང་ལ་རང་བཞིན་མེད་པ་ངེས་པའི་སྟོང་པ་དང་། སྔགས་ཀྱི་ཚུལ་བདེ་ཆེན་དབྱེར་མེད་དུ་སྦྱོར་དགོས་པར་གསུངས་ཤིང་། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། རིགས་པས་རྣམ་པར་དཔྱད་ནས་སེམས་ཅན་དང་སངས་རྒྱས་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པ་བཞི་བསྒོམ་དགོས་པར་གསུངས་ཏེ། དེ་ཉིད་ལས། སྟོང་པ་ཉིད་ལ་དམིགས་དོན་ཆེ། །སླར་ཡང་འདི་ལྟར་རྣམ་དཔྱད་བྱ། །རང་བཞིན་མེད་པས་སྟོང་པ་སྟེ། །
རྒྱུ་མེད་པ་ལས་མཚན་མ་མེད། །རྟུག་ཏུ་མེད་ལས་སྨོན་མེད་ཉིད། །མངོན་པར་འདུ་བྱེད་སྤངས་པའོ། །སྐྱེ་དང་འགག་པ་མེད་པའི་ཕྱིར། །སྨོན་པའི་དོན་ནི་མེད་པའོ། །སངས་རྒྱས་ཉིད་མེད་སེམས་ཅན་མེད། །ཆོས་དང་ཆོས་མིན་དེ་ཉིད་མེད། །ཇི་ལྟར་སྒྱུ་མ་རྨི་ལམ་དང་། །དྲི་ཟའི་གྲོང་ཁྱེར་ཇི་ལྟ་བར། །དེ་ལྟར་སངས་རྒྱས་སེམས་ཅན་རྣམས། །དེ་ཁོ་ན་ཉིད་སྒོམ་པས་བལྟ། ཞེས་གསུངས་ཤིང་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་དེ། དེ་ཁོ་ན་ཉིད་དུ་གསལ་བར་གསུངས་སོ། །དེའི་ཕྱིར་དུས་འཁོར་བའི་ལུགས་ཀྱི་རིགས་པས་གཏན་ལ་ཕབ་པའི་སྟོང་ཉིད་མི་འདོད་དོ། ཞེས་སྨྲ་བ་ནི་འགྲེལ་པ་སྐོར་གསུམ་གྱི་དོན་ལོག་པར་འཆད་པ་ཡིན་ལ། རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། ཞེས་དང་། འདིར་ཡང་། རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ལས་རིང་དུ་བྱས་པ་ཞེས་གསུངས་པ་ནི། ཕུང་སོགས་གཅིག་དུ་བྲལ་གྱི་རིགས་པས་དཔྱད་ནས་བདེན་མེད་གཏན་ལ་ཕབ་པའི་སྟོང་ཉིད་ཚུན་ཆོད་ཆད་སྟོང་དུ་སྟོན་པ་མ་ཡིན་གྱི། ཕུང་སོགས་རིགས་པས་གཏན་མེད་དུ་དཔྱད་ཅིང་གཏན་ལ་ཕབ་པའི་སྟོང་པ་ཉིད་ཆད་སྟོང་དུ་གསུངས་པ་ཡིན་པས། ཕུང་པོ་རྣམ་དཔྱད་ཉིད་ཀྱི་སྟོང་པའི་དོན་ནི་དེ་ལྟར་ཤེས་པར་བྱ་ལ། ཕུང་སོགས་གཏན་ནས་མེད་པ་དང་། བདེན་པར་མེད་པའི་ཁྱད་པར་ཕྱེད་པར་གྱིས་ཤིག །
གཞན་ཡང་རྡོ་རྗེ་སྙིང་འགྲེལ་ལས། གཞན་དུ་ན་རྒྱུད་གཞན་བལྟས་ནས། གང་རིགས་པས་འཐད་པ་རྒྱུད་མང་པོར་རྟོགས་པར་བྱས་པའི་བཅོམ་ལྡན་འདས་ཀྱི་ངག་དེ་གཟུང་བར་བྱའི། བླུན་པོའི་དད་པ་ཉིད་ཀྱིས་ནི་མ་ཡིན་ནོ། ཞེས་རྒྱུད་དོན་མཐའ་དག་ལ་རིགས་པས་དཔྱད་ནས་གང་རིགས་པས་གྲུབ་པའི་དོན་བཟུང་དགོས་པར་གསུངས་པ་ལ་རྒྱུད་དོན་གྱི་གཙོ་བོ་དེ་ཁོ་ན་ཉིད་རིགས་པས་དཔྱོད་པ་འགོག་པ་ནི་རྣམ་པར་མ་བརྟགས་པའོ། །དེའི་ཕྱིར་བདག་མེད་པའི་གོ་བ་བཙལ་ནས། ལྟ་བས་གཏན་ལ་ཕབ་པའི་ངེས་ཤེས་ཀྱི་རྒྱུན་སྐྱོང་རྒྱུ་མེད་པར་གང་དུ་བཟུང་ཡང་རྟོག་པའི་འཛིན་སྟངས་ཡིན་པས་ཅིར་ཡང་མི་བསམ་པ་ནི་དུས་འཁོར་པའི་ལུགས་ཡིན་ནོ་ཞེས་སྨྲ་བ་ནི་རྒྱུད་འགྲེལ་གྱི་དོན་ལོག་པར་འཆད་པ་ཡིན་ཏེ། ལེའུ་ལྔ་པའི་འགྲེལ་ཆེན་ལས། འདིར་གལ་ཏེ་བསམ་པ་མེད་པའི་ཡེ་ཤེས་སངས་རྒྱས་ཉིད་སྟེར་བར་བྱེད་པ་ཉིད་ཡིན་ན་དེའི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཅིའི་ཕྱིར་མི་འགྱུར། དེ་རྣམས་ཀྱིས་གཉིད་འཐུག་པོ་ལ་བསམ་པ་མེད་པའི་ཡེ་ཤེས་རབ་ཏུ་འཇུག་ཅིང་། འདོད་པའི་དངོས་པོ་རྣམས་ལ་ཆགས་པ་མེད་ལ་མི་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་དང་བྲལ་བ་མེད་དོ། །ཞེས་སོགས་ཀྱིས་ཕྱོགས་དེ་ལ་དམིགས་ཀྱིས་བཀར་བའི་དགག་པ་རྒྱས་པར་མཛད་པའི་ཕྱིར་རོ། །འདིའི་ཚུལ་ནི་སྐབས་དེ་ཉིད་དུ་རྒྱས་པར་བཤད་པར་བྱའོ། །དེས་ན་སྟོང་
གཟུགས་ཀུན་རྫོབ་ཡིན་པས། སྟོང་གཟུགས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་པའི་བདེ་ཆེན་ལ་མཉམ་པར་བཞག་པའི་སློབ་ལམ་པའི་ཤེས་ངོར། དེའི་ཚེ་གཉིས་སྣང་མ་ལུས་པར་ནུབ་པས་སྟོང་གཟུགས་ཀྱི་ཕྱག་རྒྱའི་སྣང་བ་མི་འཆར་ཡང་། དེའི་ཚེ་སྟོང་གཟུགས་ཀྱི་ཕྱག་རྒྱ་མེད་མི་དགོས་ཏེ། སྒྲུབ་པ་པོ་རང་གི་རྐང་ལག་ལ་སོགས་པ་བཞིན་ནོ། །གལ་ཏེ་སྟོང་གཟུགས་ཀུན་རྫོབ་ཡིན་ན། ཡང་དག་པའམ་ལོག་པའི་ཀུན་རྫོབ་གང་དུ་འདོད་ཅེ་ན། དབུ་མ་རང་རྒྱུད་པ་དག །ཐ་སྙད་དུ་རང་བཞིན་གྱིས་གྲུབ་པའི་དོན་ཞལ་གྱིས་བཞེས་ཤིང་། ཀུན་རྫོབ་ལའང་། ཡུལ་ཅན་ཐམས་ཅད་ཡང་དག་ཀུན་རྫོབ་དང་། དེའི་ཡུལ་ལ་ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་ཀྱི་རྣམ་གཞག་མཛད་ལ། འཇིག་རྟེན་གྱི་ཤེས་ངོར་ནི་སྐྲ་ཤད་ཀྱི་སྣང་བ་ལྟ་བུའི་ཡུལ་དང་། དེའི་ཡུལ་ཅན་སྐྲར་སྣང་གི་མིག་ཤེས་ལྟ་བུ་གཉིས་ཀའང་ལོག་པ་དང་། ཡུལ་ཟླ་གཅིག་དང་། དེའི་ཡུལ་ཅན་གྱི་མིག་ཤེས་གཉིས་ཀའང་། ཡང་དག་པར་ཐ་སྙད་བྱེད་དོ། །འོན་ཀྱང་འཕགས་པའི་དགོངས་པ། འཕགས་པ་ལྷ་དང་། སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་ལ་སོགས་པས་རྣམ་པར་བཀྲལ་བའི་དབུ་མའི་སྲོལ་འདི་ཉིད་ཀྱི་ལུགས་ལ། ཐ་སྙད་དུའང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས། ཀུན་རྫོབ་ལ་གཉིས་སུ་ཕྱེ་ན། ཕྱིན་ཅི་ལོག་གི་ཟླས་དྲངས་པ་ནི་ཕྱིན་ཅི་མ་ལོག་པར་འགྱུར་དགོས་པ་ལ། ཀུན་རྫོབ་ཐམས་ཅད་ཐ་སྙད་དུའང་། གནས་ཚུལ་གཞན་
དུ་གནས་ནས་སྣང་ཚུལ་གཞན་དུ་སྣང་བའི་ཕྱིན་ཅི་ལོག་པར་མཚུངས་པའི་ཕྱིར། ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་སུ་མི་འབྱེད་དོ། །དེ་ལ་སྟོང་གཟུགས་ལ་དམིགས་བཅས་ཀྱི་སྟོང་པ་ཉིད་དུ་གསུངས་པ་ནི། དགག་བྱ་བདེན་པས་སྟོང་པའི་ཆ་ནས་བཞག་པའི་སྟོང་ཉིད་མིན་གྱི། དགག་བྱ་རྡུལ་ཕྲ་རབ་ཚོགས་པའི་བེམས་པོའི་ཆོས་ཀྱིས་སྟོང་པའི་ཆ་ནས་སྟོང་ཉིད་དུ་གསུངས་པ་ཡིན་ཏེ། དེ་ལྟར་ཡང་། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། ཞེས་སོགས་ཀྱིས་ལན་མང་དུ་བསྟན་ལ། ནཱ་རོ་པས་ཀྱང་། དངོས་པོ་རྡུལ་ཕྲ་རབ་ཀྱི་ཚོགས་པའི་བདག་ཉིད་ཀྱིས་སྟོང་པ་རྣམ་པར་བྲལ་བས་ཏེ། ཞེས་སོགས་མང་དུ་གསུངས་སོ། །དེས་ན་སྟོང་གཟུགས་ལ་བདེན་པར་ཞེན་པ་དགག་པའི་སླད་དུ། གཞུང་འདི་དག་གིས་ཀྱང་སྟོང་གཟུགས་ཉིད་གཞིར་བྱས་ཏེ། རང་བཞིན་གྱིས་གྲུབ་པའི་གཟུགས་སུ་ཡོད་པ་དང་། གཏན་ནས་གཟུགས་སུ་མེད་པ་གཉིས་ཀ་དགག་པར་མཛད་ལ། དབང་མདོར་བསྟན་ལས་ཀྱང་། དེའི་ཆེད་དུ། གལ་ཏེ་ཡོད་པའི་གཟུགས་མཐོང་ན། །རང་གི་གདོང་བ་ཅིས་མི་མཐོང་། །གལ་ཏེ་མེད་པའི་གཟུགས་མཐོང་ན། །རི་བོང་རྭ་ཡང་ཅི་ལྟར་མིན། ཞེས་གསུངས་ཏེ། དེའི་དོན་ནི། གལ་ཏེ་རྡོ་རྗེའི་རྣལ་འབྱོར་གྱིས་སྟོང་པའི་གཟུགས་དུ་བ་ལ་སོགས་པ་མཐོང་བ་དེ་རང་བཞིན་གྱིས་ཡོད་པའི་གཟུགས་མཐོང་བ་ཡིན་ན། སུ་ལའང་མ་བལྟོས་པར་མཐོང་བར་འགྱུར་ལ། བལྟོས་མེད་དུ་མཐོང་བ་ལ།
གཅིག་མཐོང་ཞིང་གཞན་མི་མཐོང་བའི་ཁྱད་པར་མི་འཐད་པས་རང་གི་གདོང་པ་ལ་སོགས་གཟུགས་ཀུན་མཐོང་བར་འགྱུར་རོ། །གལ་ཏེ་གཏན་ནས་མེད་པའི་གཟུགས་མཐོང་ན། རི་བོང་གི་རྭའང་ཅིས་མི་མཐོང་སྟེ་མཐོང་བར་ཐལ་ལོ། ཞེས་པ་སྟེ། འོ་ན་དེའི་མཐོང་ཚུལ་ཇི་ལྟར་ཡིན་ན། རང་བཞིན་གྱིས་མ་སྐྱེས་པའི་དོན་མཐོང་བ། རྨི་ལམ་གྱི་བུ་དང་འདྲ་བར་གསུངས་པ་ནི། སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མ་ཡི་བུ་ཇི་བཞིན། ཞེས་གསུངས་ལ། དེའི་འགྲེལ་པར་ནཱ་རོ་པས། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ན། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཞེས་པ་དྲངས་ནས། གཞོན་ནུ་མས་སྐྱེ་བ་མེད་པ་སྐྱེས་པར་མཐོང་བ་དང་ལྡན་པ་གང་ཡིན་པ་དེ་ཇི་ལྟར་སྐྱེས་པ་བཞིན་དུ་དེའི་སྐྱེད་པར་བྱེད་པའོ། ཞེས་རྨི་ལམ་གྱི་སྣང་བ་དང་། སྟོང་གཟུགས་ཀྱི་སྣང་བ་གཉིས་རང་བཞིན་གྱིས་མེད་བཞིན་དུ་སྐྱེས་པ་འདྲ་བར་གསུངས་སོ། །གལ་ཏེ་ཡོད་པའི་གཟུགས་མཐོང་ན། ཞེས་སོགས་ཀྱི་རིགས་པ་འདི་ནི། དབུ་མ་ལ་འཇུག་པ་ལས། གཞན་ལས་གཞན་སྐྱེ་ན། མེ་ལྕེ་ལས་ཀྱང་མུན་པ་སྐྱེ་བར་ཐལ་བར་གསུངས་པ་ལྟ་བུ་རྣམས་དང་རིགས་པའི་ཚུལ་འདྲ་ལ། ཁ་ཅིག །དངོས་པོར་ཡོད་པའི་གཟུགས་མཐོང་ན། རང་གི་གདོང་པའང་ཇི་ལྟར་མི་མཐོང་། ཞེས་འཆད་མོད།
དེ་ལྟ་ན་དངོས་པོར་གྲུབ་པའི་གཟུགས་མཐོང་བའི་སྐྱེ་བོའི་མིག་ཤེས་མི་སྲིད་པའང་། སྲིད་ན་དེས་གཟུགས་ཀྱི་གསལ་བ་ཐམས་ཅད་མཐོང་བས་ཁྱབ་པ་གང་རུང་དུ་འགྱུར་དགོས་ལ། དངོས་པོར་གྲུབ་པའི་གཟུགས་མི་སྲིད་ན། རང་ལུགས་ལ་ཡོད་པའི་དོན་ཅུང་ཟད་ཀྱང་ཁས་བླང་དུ་མེད་པའི་ཆད་པ་ཆེན་པོར་འགྱུར་རོ། །སྤྲོས་པས་ཆོག་གོ །ཇི་སྐད་བཤད་པ་ལྟར་རྟག་ཆད་དང་། འཁོར་འདས་ཀྱི་མཐའ་དང་བྲལ་བའི་རྡོ་རྗེའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུར་རྒྱུད་འདི་ལས་གཞན་དུའང་བསྟན་པར་གསུངས་པ་ནི། དེ་བཞིན་དུ། ཞེས་སོགས་སོ། །རྡོ་རྗེའི་རྣལ་འབྱོར་རིགས་པས་དཔྱད་ན། སྲིད་ཞི་གང་ལའང་མི་གནས་པ་རྒྱས་པར་བཤད་པ་ནི། རྡོ་རྗེའི་རྣལ་འབྱོར།འཕོ་བའི་བག་ཆགས་རྣམ་པར་དག་པ་མི་འགྱུར་བའི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་སངས་རྒྱས་པ་སངས་རྒྱས་ཀྱི་ཡོན་ཏན་ཀུན་སྟེར་པས་དམ་པའི་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་དགའ་བ་འདི་ནི། དེ་ཁོ་ན་ཉིད་དུ། འདོད་པའི་སྲིད་པ་ལ་མི་གནས། གཟུགས་ཀྱི་སྲིད་པ་ལ་མི་གནས། གཟུགས་མེད་པའི་སྲིད་པ་ལ་མི་གནས། འདོད་པའི་ཁམས་སྤངས་པའི་མྱ་ངན་ལས་འདས་པ་ལ་མི་གནས། གཟུགས་ཀྱི་ཁམས་ཟད་པ་ཙམ་གྱི་མྱ་ངན་ལས་འདས་པ་ལ་མི་གནས། གཟུགས་མེད་པའི་ཁམས་ཟད་པ་ཙམ་གྱི་
མྱ་ངན་ལས་འདས་པ་ལ་མི་གནས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་གང་ལའང་མི་གནས་པ་ཉིད་ཀྱི་ཕྱིར་རོ། །འཁོར་འདས་གཉིས་ཀ་ལའང་མི་གནས་ཏེ། དེ་གཉིས་ཕན་ཚུན་སྤངས་ནས་འགལ་བའི་ཕྱིར་རོ། །དེའི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པ་ནི་གཅིག་པ་ཉིད་སྲིད་པ་མིན་ཏེ། གྲིབ་མ་དང་ཉི་མ་བཞིན་ནོ། །དཔེར་ན་མེ་ནི། དེ་ཁོ་ན་ཉིད་དུ་གཙུབ་སྟན་ལ་མི་གནས། གཙུབ་ཤིང་ལ་མི་གནས། སྐྱེས་བུའི་ལག་པའི་རྩོལ་པ་ལ་མི་གནས་པ་ཡིན་ཀྱང་ཐ་སྙད་ཙམ་དུ་དེ་དག་ཚོགས་པ་ལས་སྐྱེ་བ་དེ་བཞིན་དུ། རྡོ་རྗེའི་རྣལ་འབྱོལ་ཡང་། དེ་ཁོ་ཉིད་དུ་ན་ཕྱི་འཇིག་རྟེན་དང་། ནང་ལུས་དང་། གཞན་ལམ་དང་འབྲས་བུའི་ཆོས་ཐམས་ཅན་ལ་མི་གནས་ཤིང་ཐ་སྙད་ཙམ་དུ་རང་གི་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་ཤིང་བྱ་བ་བྱེད་པར་རྣལ་འབྱོར་པས་རྟོགས་པར་བྱའོ། །ད་ནི་མངོན་པར་རྫོགས་པར་སངས་རྒྱས་ཕྱིན་ཆད། སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་གང་ལ་བལྟོས་ནས་དེ་ཁོ་ན་ཉིད་འཇལ་བྱེད་དུ་སོང་བའི་ཡུལ་དུ་སྐྱེ་འགག་ལ་སོགས་པའི་སྣང་བ་ནམ་ཡང་མི་སྲིད་པར་རྟག་ཏུ་དེ་ཁོ་ན་ཉིད་ལ་བཞུགས་པའི་ཚུལ་འཆད་དོ། །དེ་ལ་ཐོག་མར་འདི་ཤེས་པར་བྱས་ཏེ། འོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནས་སྐྱེ་བ་དང་འཇིག་པ་མེད་ཅེས་པ་དང་། སངས་རྒྱས་པ་དེའི་རྗེས་ལ་སྐད་ཅིག་ཐམས་ཅད་མེད་པ་ཞེས་གསུངས་པ་རྣམས་ཀྱི་དོན་ནི། སངས་རྒྱས་མ་ཐོབ་པའི་གོང་དུ་བདེ་བ་སྐྱེ་འགག་བྱེད་པའི་སྐད་ཅིག་མ་རིམ་ཅན་
དུ་ཡོད་པ་ལ། སངས་རྒྱས་ནས་སྐྱེ་འགག་མི་བྱེད་པའི་རྟག་པར་སོང་ཞེས་པ་ནི་མ་ཡིན་ཏེ། རྒྱུ་མི་རྟག་པ་ལ་འབྲས་བུ་མི་རྟག་པ་རིམ་ཅན་དུ་སྐྱེ་བའི་འཕྲོ་ལ་འབྲས་བུ་ཐ་མ་དེ་རྒྱུ་ལས་རྟག་པར་སྐྱེས་པ་དེ་འདྲ་མི་སྲིད་པའི་ཕྱིར་རོ། །དེ་ནས་སློབ་ལམ་དུ། མཉམ་གཞག་གི་ཚེ་སྐྱེ་འགག་སོགས་ཀྱི་སྣང་བ་ནུབ་ཀྱང་། དེ་ལས་ལངས་པའི་རྗེས་ཐོབ་ཀྱི་སྐབས་སུ་ཀུན་རྫོབ་ཀྱི་སྣང་བ་སྐྱེ་འགག་སོགས་སྣ་ཚོགས་འཆར་བ་སྤེལ་མར་འབྱུང་གི་དུས་གཅིག་ཏུ་གང་ཟག་གཅིག་ལ་འབྱུང་མི་སྲིད་ལ། སངས་རྒྱས་པའི་ཚེ་ན་མཉམ་གཞག་ལས་ལངས་པའི་རྗེས་ཐོབ་མེད་ཀྱང་། མཉམ་གཞག་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། རྗེས་ཐོབ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་རྒྱུད་གཅིག་ལ་ངོ་བོ་གཅིག་ཏུ་ཅིག་ཅར་དུས་ཐམས་ཅད་དུ་འབྱུང་བ་ཡིན་ལ། དེའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཉིད་གང་ལ་དེ་ཁོ་ན་ཉིད་དཔྱོད་བྱེད་དུ་སོང་བའི་ཡུལ་དུ་ཀུན་རྫོབ་ཀྱི་སྣང་བ་ནམ་ཡང་འཆར་མི་སྲིད་ལ། དེ་སློབ་ལམ་དུ་རེས་འགའ་བ་ཡིན་ཀྱང་སངས་རྒྱས་ནས་དུས་ཐམས་ཅད་པ་ཡིན་པས་དེའི་ཕྱིར། སངས་རྒྱས་པ་དེ་ནས་ཞེས་དང་། དེའི་རྗེས་ལ་ཞེས་སྨོས་སོ། །དེ་འདྲའི་ཡེ་ཤེས་དེ་ལ་འཇིག་རྟེན་ལས་འདས་པ་ཞེས་བྱ་ཞིང་། རྗེས་ཐོབ་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་ནི་འཇིག་རྟེན་པ་ཞེས་བྱའོ། །དེའི་ཕྱིར་འདིར་ཡང་། ཇི་སྲིད་འཇིག་རྟེན་པའི་སེམས་ཡོད་པ་དེ་སྲིད་དུ། ཞེས་སོགས་ཀྱིས།
འཇིག་རྟེན་པའི་སེམས་གང་ཡོད་འཛིན་པ་མིན་གྱི། སྐྱེ་འགག་བྱེད་པའི་དངོས་པོ་སྐད་ཅིག་མ་རྣམས། སངས་རྒྱས་ཀྱི་ཡེ་ཤེས་སྔ་མ་དེ་གང་ལ་དེ་ཁོ་ན་ཉིད་དཔྱོད་བྱེད་དུ་སོང་བའི་ངོ་ན་མེད་ཀྱང་འཇིག་རྟེན་པ་རྗེས་ཐོབ་ཀྱི་ཡེ་ཤེས། ཇི་སྙེད་པ་མཁྱེན་པའི་ངོ་ན་ཡོད་པར་སྟོན་པ་ཡིན་ལ། ཚུལ་འདི་ནི་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་འོད་དང་ཟེར། །ཉི་མའི་དཀྱིལ་འཁོར་དག་དང་མཚུངས། ཞེས་པའི་འགྲེལ་པར། སློབ་དཔོན་འཕགས་པ་ཐོག་མེད་ཀྱིས། ཤེས་རབ་རྣམ་པར་མི་རྟོག་པ་འཇིག་རྟེན་འདས་པའི་ཡེ་ཤེས། ཞེས་མཉམ་གཞག་ཇི་ལྟ་བ་མཁྱེན་པ་འཇིག་རྟེན་ལས་འདས་པའི་ཁྱད་པར་དང་བཅས་ནས་སྨོས་ཤིང་། དེ་ཉིད་རང་བཞིན་རྣམ་དག་གི་དེ་ཁོ་ན་ཉིད་རྟོགས་པའི་ཆ་ནས་ཉི་མའི་འོད་གསལ་བའི་ཆ་ལྟ་བུ་དང་། ཡེ་ཤེས་སྣ་ཚོགས་པ་མཁྱེན་པའི་ཇི་སྙེད་པའི་ཡེ་ཤེས་ནི། ཉི་མའི་ཟེར་གཟུགས་ཕྲ་རགས་ཐམས་ཅད་ལ་སོ་སོར་འཕྲོ་བའི་བྱ་བ་བྱེད་པ་ལྟར། ཆོས་ཅན་སྣ་ཚོགས་པ་ཐམས་ཅད་རེ་རེ་ནས་མ་འདྲེས་པར་འབྱེད་པའི་ལྡོག་པ་ནས་ཉི་མའི་ཟེར་དང་འདྲ་ཞིང་། ཉི་མའི་འོད་གསལ་བའི་ཆ་དང་ཟེར་འཕྲོ་བ་གཉིས། ངོ་བོ་ཐ་དད་མེད་པ་ལྟར་ཡེ་ཤེས་དེ་གཉིས་ཀྱང་ངོ་བོ་ཐ་དད་མེད་པར་གསུངས་པ། དེ་ཉིད་ལས་ཀྱང་ཆེས་གསལ་བར་ཤེས་སོ། །དེའང་ཡེ་ཤེས་དེ་གཉིས་ཀྱི་ངོ་བོ་ལ་འཇིག་རྟེན་ལས་འདས་མ་འདས་ཀྱི་ཁྱད་པར་མེད་ཀྱང་
ཡུལ་འཇིག་རྟེན་ཀུན་རྫོབ་པ་དང་། འཇིག་རྟེན་ལས་འདས་པ་དོན་དམ་ཡོངས་སུ་དཔྱོད་པའི་ལྡོག་པ་ནས་ཐ་སྙད་དེ་ལྟར་སྦྱར་བའོ། །ད་ནི་ཚིག་དོན་བཤད་པར་བྱ་སྟེ། འདིར་ཞེས་པ་ནས། སངས་རྒྱས་སོ། ཞེས་པའི་བར་ནི། མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་སྐད་ཅིག་དེ་ཉིད་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འཇོག །ཅེས་པའོ། །འདིར་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་སྐད་ཅིག་གང་ལ་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་སྐད་ཅིག་དེ་ནས་ཏེ་དེ་ཕྱིན་ཆད་དུས་ནམ་ཡང་། བདེ་བ་ཆེན་པོའི་ཡེ་ཤེས་དེ་གང་ལ་དེ་ཁོ་ན་ཉིད་འཇལ་བར་སོང་བའི་ངོར་ཆོས་ཐམས་ཅད་སྐྱེ་བ་མེད་པ་གནས་པ་མེད་པ་འཇིག་པ་མེད་པ་སྟེ། དེའི་ངོར་སྤྲོས་པའི་རིས་གང་གིའང་སྣང་བ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་། སྐྱེ་འགག་དོན་དམ་པར་གྲུབ་ན་དེའི་ངོར་སྣང་དགོས་ཀྱང་། དེ་དག་དོན་དམ་པར་མ་གྲུབ་པའི་ཕྱིར་རོ། །དོན་དམ་པར་མ་གྲུབ་པའི་རྒྱུ་མཚན་ཅི་ཞེ་ན། དེ་དག་དོན་དམ་པར་གྲུབ་པ་འགོག་པའི་རིགས་པ་སྟོན་པ་ནི་འདིར་སྐད་ཅིག་གང་ལ་ཞེས་སོགས་ཏེ། དེའང་སྐྱེ་བ་སོགས་འགོག་པ་ལ་དོན་དམ་གྱི་ཁྱད་པར་འགྲེལ་པ་ཉིད་ཀྱིས་འོག་ཏུ། འདི་ཉིད་དོན་དམ་པའི་རིགས་པས་མི་འཐད་དེ། ཞེས་སོགས་དངོས་སུ་སྦྱར་རོ། །དེའང་། འདུས་བྱས་ཀྱི་མཚན་ཉིད་སྐྱེ་འཇིག་གནས་པ་གསུམ་ནི་འདུས་བྱས་ཐམས་ཅད་ལ། སངས་རྒྱས་
པ་ཐམས་ཅད་ཀྱིས་ཁས་ལེན་ནོ། །དེའི་ཕྱིར། ཀུན་རྫོབ་ཏུ་འདུས་བྱས་ཐམས་ཅད་སྐྱེ་གནས་འཇིག་པ་ཡོད་ཀྱང་། དོན་དམ་པར་མི་འཐད་དེ། འདི་ལྟར་དོན་དམ་པར་འདུས་བྱས་རྣམས་ལ་སྐྱེ་གནས་འཇིག་པ་ཡོད་ན་རིམ་གྱིས་ཡོད་དམ། དུས་ཅིག་ཅར་ཡོད། དང་པོ་ལྟར་ན། དེ་འགོག་པ་ནི། འདིར་སྐད་ཅིག་གང་ལ། ཞེས་པ་ནས། འཇིག་པར་མི་འགྱུར་རོ། ཞེས་པའི་བར་ཏེ། དེའི་དོན་ནི། དངོས་པོ་གཅིག་ཉིད་དོན་དམ་པར་རིམ་གྱིས་སྐྱེ་གནས་འཇིག་པར་འགྱུར་བ་མི་འཐད་དེ། སྐད་ཅིག་གང་རང་བཞིན་གྱིས་སྐྱེ་ན་དུས་ཐམས་ཅད་དུ་སྐྱེ་དགོས་པས་དེའི་རྗེས་སུ་གནས་པ་དང་འཇིག་པ་རིམ་གྱིས་འབྱུང་བའི་གོ་སྐབས་མི་རྙེད་ཅིང་། དེ་བཞིན་དུ། དེ་རང་བཞིན་གྱིས་གནས་ན་དུས་ཐམས་ཅད་དུ་གནས་དགོས་པས་དེའི་སྔོན་དུ་སྐྱེ་བ་དང་རྗེས་སུ་འཇིག་པ་འབྱུང་བའི་སྐབས་མི་རྙེད་ལ། དེ་རང་བཞིན་གྱིས་འཇིག་ན། དུས་ཐམས་ཅད་དུ་འཇིག་དགོས་པས། དེའི་སྔོན་དུ་སྐྱེ་བ་དང་གནས་པ་འགྲོ་བའི་གོ་སྐབས་མི་རྙེད་པས་སོ། ཞེས་བྱ་བའོ། །འདུས་བྱས་གཅིག་ལ་མཚན་ཉིད་གསུམ་ཅིག་ཅར་ཚོགས་པ་དོན་དམ་པར་གྲུབ་པ་འགོག་པ་ནི། དངོས་པོ་རྣམས་ལ་སྐྱེ་གནས་འཇིག་གསུམ་རང་བཞིན་གྱིས་ཅིག་ཅར་ཡང་མི་སྲིད་དེ། སྐྱེ་གནས་འཇིག་པ་ཆོས་ཐམས་ཅད་རང་བཞིན་གྱིས་དུས་གཅིག་ཏུ་ཡོད་པ་ལ་ནི། སྐྱེས་བུ་གཅིག་གིས་སྐྱེ་བ་དང་རྒ་བ་དང་ཤི་བའང་ཅིག་ཅར་གྱིས་ཡོད་དགོས་པར་འགྱུར་ལ། གང་ཟག་གཅིག་གི་སྐྱེ་བ་དང་གནས་པ་སྟེ་རྒ་བ་དང་། འཇིག་
པ་སྟེ་ཤི་བའི་སྐད་ཅིག་རྣམས་དུས་གཅིག་པ་ཉིད་མིན་པའི་ཕྱིར་རོ། །འདི་ནི་ནང་གི་ལེའུ་ལས། གལ་ཏེ་དུས་གཅིག་ལ་ཡིན་ན། སྐྱེ་བ་དང་། རྒ་བ་དང་། འཆི་བ་རྣམས་གཅིག་པ་ཉིད་དོ། ཞེས་པ་ལས་གཞན་པ་ཅི། ཞེས་གསུངས་པ་ལྟར་སྐྱེ་གནས་འཇིག་པ་ཁྱད་པར་བ་ཉིད་ལ་སྦྱར་ན་ལེགས་སོ། །གལ་ཏེ་སྐད་ཅིག་སྔ་མའི་སྐྱེ་གནས་འཇིག་པ་ལས། ཕྱི་མའི་སྐྱེ་གནས་འཇིག་པ་རིམ་གྱིས་སྐྱེ་བ་ཡིན་ནོ་ཞེས་སྨྲའི། སྐད་ཅིག་གཅིག་ཉིད། རིམ་གྱིས་དེ་གསུམ་དུ་འགྱུར་བ་དང་ཅིག་ཅར་དེ་གསུམ་དུ་འགྱུར་བའི་ཕྱིར་ནི་མི་སྨྲའོ་ཞེ་ན། ཞེས་པ་ནི། ཅི་སྟེ་ནས། ཞེ་ནའི་བར་རོ། །དེས་ན་ཕྱོགས་སྔ་མ་འདི། སྐྱེ་གནས་འཇིག་པ་གསུམ་སྐད་ཅིག་ལ་སྦྱོར་བ་མིན་པར། སྐད་ཅིག་སྔ་མའི་རང་དུས་ཀྱི་སྐྱེ་བའི་ལས་གཉིས་པའི་རང་དུས་ཀྱི་གཉིས་པ་དང་། སྐད་ཅིག་གཉིས་པའི་དུས་ཀྱི་གནས་པ་ལས་སྐད་ཅིག་གསུམ་པའི་དུས་ཀྱི་འཇིག་པ་འབྱུང་བ་འདིར་འགོག་པ་ཡིན་ཏེ། གཞན་དུ་ན་འོག་གི་དགག་པ་མ་འབྲེལ་ཞིང་། སྔར་རིམ་ཅན་བཀག་པ་དང་ཕྱོགས་སྔ་མ་ཁྱད་མེད་དུ་འགྱུར་རོ། །དེའི་ལན་ནི། འདི་ཉིད། ཀུན་རྫོབ་ཙམ་དུ་ཁས་ལེན་པ་ལ་མི་རིགས་པ་མེད་ཀྱང་། དོན་དམ་པའི་རིགས་པས་དཔྱད་ནའང་དེ་ལྟར་གྲུབ་པར་ཁས་ལེན་པ་མི་འཐད་དེ། འདིར་དོན་དམ་པར་སྐད་ཅིག་སྔ་མ་མ་འགགས་པ་ལས་སྐད་ཅིག་ཕྱི་མ་གཞན་མི་འབྱུང་ཞིང་། དེ་བཞིན་དུ་སྔ་མ་འགགས་པ་ལས་ཕྱི་མ་མི་འབྱུང་བའི་ཕྱིར་ཏེ། དཔེར་ན།
དོན་དམ་པར། ས་བོན་མ་ཉམས་པ་ལས་ཀྱང་མྱུ་གུ་མི་འབྱུང་ཞིང་ཉམས་པ་ལས་ཀྱང་མི་འབྱུང་བ་བཞིན་ནོ། ཞེས་པ་སྟེ། དེའང་ཐ་སྙད་དུ་རང་ལུགས་ལའང་། མྱུ་གུ་དེ་མྱུ་གུ་རང་གི་དུས་ན་འགགས་པའི་ས་བོན་ལས་སྐྱེ་བ་ཡིན་ཡང་། དོན་དམ་པར་ནི་དེ་མི་རུང་སྟེ་འདི་ལྟར། ལེའུ་གཉིས་པར་མར་མེའི་དཔེ་ལ་སྦྱར་ནས་གསུངས་པ་ལྟར། ས་བོན་འགགས་པ་ལས་ཀྱང་རང་བཞིན་གྱིས་མྱུ་གུ་སྐྱེ་ན། མར་མེ་ཤི་བ་ལས་ཀྱང་མར་མེ་གཉིས་པ་སྐྱེ་བར་འགྱུར་ལ། ས་བོན་མ་འགགས་པར་རང་བཞིན་གྱིས་མྱུ་གུ་སྐྱེ་ན། ས་བོན་སྐྱེ་བོ་་ཅུང་ཟད་ཀྱང་མ་ཉམས་པའི་དུས་ཉིད་ནས་མྱུ་གུ་སྔོན་པོ་སྐྱེ་བར་འགྱུར་ཞིང་། མར་མེ་གཅིག་ལས་གཅིག་སྦར་བའི་ཕྲེང་བ་བཞིན་དུ་ས་བོན་དང་མྱུ་གུ་ལའང་གནས་པར་འགྱུར་ལ། དེ་ལྟར་སྐྱེ་གནས་འཇིག་པའི་སྐད་ཅིག་སྔ་ཕྱི་རྣམས་ལའང་འགྱུར་རོ། །དེ་ལྟར་སྐྱེ་གནས་འཇིག་པ་སྐད་ཅིག་སྔ་ཕྱི་སོ་སོ་བ་དང་དུས་གཅིག་པ་དག་ལ་བཏགས་ནས་རང་བཞིན་གྱིས་གྲུབ་པ་འགོག་པའི་ཚུལ་འདི་ནི། རྩ་ཤེ་ལས། སྐྱེ་བ་ལ་སོགས་གསུམ་པོ་ཡིས། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན་གཅིག་ལ་དུས་གཅིག་ཏུ། །འདུས་པ་ཡང་ནི་ཇི་ལྟར་རུང་། ཞེས་གསུངས་པའི་རིགས་པའོ། །དེ་ལྟར་བཏགས་པས་གྲུབ་པའི་དོན་བསྡུ་བ་ནི། ཤོང་འགྱུར་གྱི་འགྱུར་འདི་ཅུང་ཟད་འཁྲུགས་པས་འདི་ལྟར་བཤད་པར་བྱ་སྟེ། ཇི་སྐད་བཤད་པའི་ཚུལ་དེ་ལྟར་ན། དོན་དམ་པར་ཡོད་པའི་དངོས་པོ་མེད་དེ། རང་བཞིན་གྱིས་
གྲུབ་པའི་སྐད་ཅིག་གཅིག་དང་དུ་མ་གང་ཡང་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། གཅིག་དང་དུ་མ་དངོས་སུ་ཕན་ཚུན་སྤངས་ནས་འགལ་བའི་ཕྱིར་རོ། །དེ་ལྟར་སྐྱེ་འཇིག་སོགས་དོན་དམ་པར་མ་གྲུབ་པར་བསྟན་ནས། དེའི་ཕྱིར་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཉིད། གང་ལ་དོན་དམ་འཇལ་བྱེད་དུ་སོང་བའི་ངོ་ལ་བལྟོས་ནས་ཡེ་ཤེས་དེ་ལ་ནམ་ཡང་སྐྱེ་འཇིག་སོགས་དེ་དག་སྣང་མི་སྲིད་པ་སྔར་བཤད་དེ་ཉིད་རྒྱས་པར་བཤད་པ་ནི། འདིར་སྐད་ཅིག་ཐམས་ཅད། ཅེས་པ་ནས། སངས་རྒྱས་ཏེ་ཞེས་པའི་བར་གྱིས་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་པའི་སྐད་ཅིག་དེ་ཉིད། ཐོག་མར་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སུ་སྟོན་པའོ། །དེ་ལྟར་སངས་རྒྱས་པ་དེའི་རྗེས་ལ། དེ་ཕྱིན་ཆད། དུས་ནམ་ཡང་། སངས་རྒྱས་རྣམས་ཀྱི་ཇི་ལྟ་བ་མཁྱེན་པའི་རྣལ་འབྱོར་དེ་གང་ལ་དེ་ཁོ་ན་ཉིད་དཔྱོད་བྱེད་དུ་སོང་བའི་ངོ་ན། སྐྱེ་གནས་འཇིག་པའི་སྐད་ཅིག་ཐམས་ཅད་མེད་པ། གཅིག་དང་དུ་མ་དང་བྲལ་བ། གཉིས་སུ་སྣང་བ་མེད་པའི་མཆོག་སྟེ། ཡོད་པ་དང་མེད་པ་གང་ཡང་དོན་དམ་པར་གྲུབ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །འདིར་མཆོག་གཉིས་སུ་མེད་པ་ཞེས་པ་འགྱུར་ཅུང་མ་བདེ་བས། གཉིས་སུ་མེད་པའི་མཆོག་ཅེས་བཤད་དགོས་སོ། །འོ་ན་སྐད་ཅིག་དང་དུ་མ་དེ་དག་ཡེ་ཤེས་གང་ལ་སྣང་ཞེ་ན། ཇི་སྲིད་དུ་འཇིག་རྟེན་པའི་སེམས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་འཇལ་བྱེད་དུ་ཡོད་པ་དེ་
སྲིད་དུ། ཡེ་ཤེས་དེས་ཆོས་རྣམས་ཇི་ལྟར་གནས་པ་བཞིན་གཅིག་དང་དུ་མས་མ་འདྲེས་པར་རྣམ་པར་དཔྱོད་དེ། ཡེ་ཤེས་དེ་ལ་སྐད་ཅིག་མའི་སེམས་སྔ་ཕྱི་ཐམས་ཅད་ཅིག་ཅར་སྣང་བའི་ཕྱིར་རོ། །དེས་ན་གང་གི་ཚེ་སངས་རྒྱས་ཀྱི་ཇི་ལྟ་བའི་ཡེ་ཤེས་རྣམ་པར་མི་རྟོག་པའི་སེམས་དེ་ཁོ་ན་ཉིད་འཇལ་བྱེད་དུ་སོང་བའི་ངོ་ལ་བལྟོས་ནས་སྐད་ཅིག་གི་ཆོས་ཐམས་ཅད་ཀྱི་སྣང་བ་དང་བྲལ་བ་དེའི་ཚེ་ཡེ་ཤེས་དེས་རང་བཞིན་མེད་པ་རྟོགས་པ་ཞེས་བརྗོད་དོ། །དེ་དག་གི་དོན་བསྡུ་བ་ནི། གང་ལ་དེ་ཁོ་ན་ཉིད་འཇལ་བྱེད་དུ་སོང་བའི་ཡེ་ཤེས་ནི་དེ་ལ་བལྟོས་ནས་རང་བཞིན་མེད་པ་རྟོགས་པ་ཡིན་པ་དེའི་ཕྱིར་རང་བཞིན་མེད་པའི་ཕྱོགས་ནི་བཅོམ་ལྡན་འདས་ཀྱིས་ཕྱོགས་ཀྱི་མཐའ་ཐམས་ཅད་མེད་པར་གསུངས་སོ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་ལ་ཕྱོགས་སུ་འཛིན་པ་ཉམས་པར་བྱ་བའི་སླད་དུ་རིགས་པ་རྒྱས་པར་བསྟན་པ་དེ་དག་གིས་དགག་པར་བྱ་བའི་ཕྱོགས་ཀྱི་མཐའ་ངོས་བཟུང་བ་ནི། གང་དུ་བཟུང་ན་མཐར་ལྟུང་བར་འགྱུར་བའི་ཕྱོགས་ཞེས་བྱ་བ་ནི། དངོས་པོར་བདེན་པ་དང་། དངོས་པོ་མེད་པར་བདེན་པ་དང་། ཡོད་པར་བདེན་པ་དང་། མེད་པར་བདེན་པ་དང་། ཞེས་བྱ་བ་ནས། གཏི་མུག་མིན་པར་བདེན་པ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ནི། གང་དུ་བཟུང་ནས་མཐར་ལྟུང་བའི་ཕྱོགས་ཞེས་བྱ་སྟེ། དངོས་པོ་དང་དངོས་པོ་མེད་པ་ནས་གཏི་མུག་དང་གཏི་མུག་མིན་པའི་བར་གྱི་ཆོས་དེ་དག་ཐམས་ཅད་ཕན་ཚུན་བལྟོས་པ་དང་བཅས་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་
ཕྱིར་རོ། །ཁྱབ་སྟེ་རང་གཞིན་གྱིས་གྲུབ་ན་བལྟོས་མེད་དུ་གྲུབ་དགོས་པའི་ཕྱིར་ཏེ། གཞན་ལ་བལྟོས་ན་བཅོས་མར་འགྱུར་བའི་ཕྱིར་རོ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་ལ་ཕྱོགས་སུ་འཛིན་པ་ཉམས་པར་བྱ་བའི་སླད་དུ་བསྟན་པ་རྣམས་ཀྱིས་དོན་བསྡུ་བ་ནི། ཡེ་ཤེས་གང་གི་ངོ་ན་ཇི་སྐད་བཤད་པའི་ཕྱོགས་འདི་དག་དང་བྲལ་བ་ནི་སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་རང་བཞིན་མེད་པའི་སྟོང་པ་ཉིད་དང་རོ་གཅིག་པའི་སྒོ་ནས་རྟོགས་པ་སྟེ། གང་ལ་དེ་ཁོ་ན་ཉིད་འཇལ་བྱེད་དུ་སོང་བའི་ངོ་ལ་བལྟོས་ནས་སྐད་ཅིག་གཅིག་དང་དུ་མའི་སྣང་བ་དང་བྲལ་བའི་ཡེ་ཤེས་རྣམ་པར་མི་རྟོག་པ་དེ་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་གཟིགས་པའི་ཡེ་ཤེས་ཞེས་གསུངས་སོ། །ད་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་པུ་ཉིད་གདུལ་བྱའི་བསམ་ངོ་ལ་བལྟོས་ནས། ལྡོག་པའི་སྒོ་ནས། གཞིའི་དགའ་བ་བཅུ་དྲུག་གི་ཁམས་འཕོ་བའི་སྒྲིབ་པ་དང་བྲལ་བའི་དེ་ཉིད་བཅུ་དྲུག་ཏུ་ཇི་ལྟར་འབྱེད་པའི་ཚུལ་སྟོན་པ་ནི། དེ་ཉིད་སེམས་ཅན་རྣམས་ཀྱི་ཞེས་པ་ནས། ལྷག་པར་མོས་པའི་དབང་གིས་རབ་ཏུ་སྣང་སྟེ། ཞེས་པའི་བར་རོ། །དེ་ཉིད་དེ་ཁོ་ན་ལ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བརྗོད་དེ། ཞེས་པ་ནི། དེ་ཉིད་བཅུ་དྲུག་ཐམས་ཅད་གདུལ་བྱའི་བསམ་ངོ་ལ་བལྟོས་པ་མིན་པའི་དེ་ཁོ་ན་སྟེ་དངོས་པོ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་པུའི་ངོ་བོ་ཡིན་ཞེས་པའི་དོན་ཏོ། །དེ་ནས་མདོར་བསྡུས་འདིར་ཐམས་ཅད་མཁྱེན་པ་ཞེས་
སོགས་སོ། །གླེང་གཞིའི་ཚིགས་བཅད་དང་པོ་ཉིད་ཀྱི། རྐང་པ་དང་པོས་ཆོས་སྟོན་པ་པོའི་ངོ་བོ་ཉིད་ཀྱི་གནས་པ་གནས་པ་དང་པོ་དང་། རྐང་པ་ཐ་མས། གནས་པ་ལྔ་པ་དང་དྲུག་པ་བསྟན་པར་བྱ་བའི་ཆོས་ཀྱི་བརྗོད་བྱ་དང་རྗོད་བྱེད་བསྡུ་བའི་ངོ་བོ་ཉིད་ཀྱི་གནས་པ་དང་། དགོས་པ་དང་ཉིང་དགོས་བསྡུ་བའི་ངོ་བོ་ཉིད་ཀྱི་གནས་པ་བསྟེན་པ་དག་གི་ཚིག་དོན་འཆད་པ་ལ་དང་པོའི་ཚིག་དོན་འཆད་པ་ནི། དེ་ཉིད་ལྷན་ཅིག་སྐྱེས་པའི་སྐུ་ཞེས་པ་ནས། ཕྱག་ན་རྡོ་རྗེས་ཞུས་སོ། ཞེས་པའི་བར་གྱིས། ཐམས་ཅད་མཁྱེན་པའི་སྐུ་ལ་སོགས་པ་བཞི། རྣམ་པར་དག་པའི་རྣལ་འབྱོར་ལ་སོགས་པ་སྔར་བཤད་པའི་རྣལ་འབྱོར་བཞི་དང་སྦྱར་བའོ། །སྟོང་པ་ཉིད་ཀྱི་རྣམ་པར་ཐར་པས། ཞེས་པ་ནས། རྫུ་འཕྲུལ་སྤྲོ་བའི་ཕྱིར་རོ། ཞེས་པའི་བར་གྱིས། ཐམས་ཅད་མཁྱེན་པའི་སྐུ་ལ་སོགས་པ་བཞི་པོ་དེ་ཉིད། རིམ་བཞིན་མཁྱེན་པ་བཞི་དང་སྦྱར་བ་སྟེ། དེའང་སངས་རྒྱས་ཀྱི་ཡེ་ཤེས་ངོ་བོ་གཅིག་ཉིད་ལ་ལྡོག་པའི་སྒོ་ནས་བཞིར་འབྱེད་པ་ནི། ཤེས་བྱ་ཐམས་ཅད་གཟིགས་པའི་ལྡོག་པ་ནས་ཐམས་ཅད་མཁྱེན་པ། མི་འགྱུར་བའི་བདེ་བའི་ངོ་བོར་གནས་པའི་ལྡོག་པ་ནས་ལམ་གྱི་རྣམ་པ་མཁྱེན་པ། མཐའ་ཡས་པའི་སེམས་ཅན་ལ་རང་རང་གི་སྐད་དང་མཐུན་པར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ཇི་ལྟར་འཚམ་པ་བཞིན་ཅིག་ཅར་སྟོན་པའི་ལྡོག་པ་ནས་ལམ་མཁྱེན་པ། གདུལ་བྱ་གདུལ་བའི་དོན་དུ་སྐུའི་རྣམ་པ་མཐའ་ཡས་པ་ཐམས་ཅད་ཅིག་ཅར་སྟོན་པ་མཁྱེན་པའི་
ལྡོག་པ་ནས་རྣམ་པ་ཐམས་ཅད་མཁྱེན་པར་བཞག་ལ། བཞི་པོ་དེ་ཉིད་རིམ་བཞིན་ལྷན་ཅིག་སྐྱེས་པའི་སྐུ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། བཞི་དང་། ཡང་། ཡེ་ཤེས་རྡོ་རྗེ། ཐུགས་རྡོ་རྗེ། གསུང་རྡོ་རྗེ། སྐུ་རྡོ་རྗེ་བཞི་དང་། ཡང་། སྟོང་པ་ཉིད་ནས། མངོན་པར་འདུས་མ་བྱས་པའི་བར་གྱི་རྣམ་ཐར་བཞིས་རྣམ་པར་དག་པ་དང་སྦྱར་བའོ། །དེ་ནས་ཡེ་ཤེས་རྡོ་རྗེ་སོགས་བཞིའི་གོ་རིམ་ཇི་ལྟ་བ་བཞིན་དུ། མངོན་པར་བྱང་ཆུབ་པ་བཞི་དང་སྦྱར་བ་ནི། དེ་བཞིན་དུ། ཞེས་པ་ནས། སྤྲོས་པའི་སྐུའོ་ཞེས་པའི་བར་ཏེ། དེ་ལ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི། གང་གི་ཚེ་དོན་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་སྐད་ཅིག་མས་བྱང་ཆུབ་པའོ། །རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི། ཁམས་ལྔའི་ཕུང་པོ་ལྔ་སྒྲིབ་བྲལ་དུ་གྱུར་ཅིང་། དཀྱིལ་འཁོར་ལྔའི་རླུང་འགོག་པས། ཡེ་ཤེས་ལྔ་ཐུགས་སུ་ཆུད་པའི་སྒོ་ནས་བྱང་ཆུབ་པའོ། །རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི། དབང་པོ་ལྔ། ཡུལ་ལྔ། ལས་དབང་ལྔ། ལས་དབང་གི་བྱ་བ་ལྔ་རྣམས་སྒྲིབ་བྲལ་དུ་གྱུར་པས་མངོན་པར་བྱང་ཆུབ་པའོ། །སྒྱུའཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་ནི། དགའ་བ་བཅུ་དྲུག་སྒྲིབ་བྲལ་དུ་གྱུར་པས་སྒྱུ་མ་ལྟ་བུའི་སྤྲུལ་པའི་དྲ་བ་མཐའ་ཡས་པ་སྟོན་པའི་ཚུལ་གྱིས་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཡང་། བཞི་པ། གཉིད་འཐུག་གི་རྨི་ལམ། སད་པའི་གནས་སྐབས་ཀྱི་སྒྲིབ་པ་བཞི་
དག་པས། རིམ་བཞིན་ངོ་བོ་ཉིད་སྐུ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་བཞི་དང་། དེ་དག་རིམ་བཞིན། ཐམས་ཅད་མཁྱེན་པའི་སྐུ་ལ་སོགས་པ་བཞིར་འཇོག་ཚུལ་སྟོན་པ་ནི། འདིར་སེམས་ཀྱི་རྡོ་རྗེ་ཞེས་པ་ནས། སྤྱན་ཞེས་པའོ་ཞེས་པའི་བར་རོ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་མདོ་ཙམ་དུ་བསྟན་གྱི་རྒྱས་པར་འོག་ཏུ་འཆད་དོ། ཞེས་པ་ནི། རྡོ་རྗེའི་རྣལ་འབྱོར་འདི་ཞེས་སོགས་སོ། །རྐང་པ་ཐ་མའི་དོན། གནས་པ་ལྔ་པ་འཆད་པ་ནི། དེ་ལྟར་ནས། ཞུས་ཏེའོ། །གང་དུ་ན། དཔལ་ལྡན་དུས་འཁོར་རྒྱུད་ཀྱི་རྒྱལ་པོ་ལའོ། །རྒྱུད་ཀྱི་རྒྱལ་པོ་ཇི་ལྟ་བུར་གྱུར་པ་ལ་ཞུས་ཤེ་ན། ཀ་ཕྲེང་ལྡན་པའི་ཞེས་པ་ནས། ཆོས་བསྟན་པ་བསྡུས་པའོ་ཞེས་པའི་བར་ཏེ། འདིར། ཀ་ཕྲེང་ལྡན་པའི་ཨ་འདུས་ལ་སྟེ། ཞེས་པའི་སྐབས་ཀྱི་སྐད་དོད་ལ། ཀཱ་ལི་ཡུ་ག་ས་མ་ཡེ་ཞེས་པར་ཡོད་པ་ལ། འགྲོ་ཤེས་རབ་གྲགས། ཁེར་གད་འཁོར་ལོ་གྲགས། དིང་རི་ཆོས་གྲགས། ཙ་མི་སངས་རྒྱས་གྲགས། གྱི་ཅོ་ཟླ་བའི་འོད་ཟེར་ལ་སོགས། འགྱུར་མཛད་སྔ་མ་མང་པོ་ཞིག་གིས། ཀཱ་ལི་རྩོད་པ། ཡུ་ག་ལྡན་པ། ས་མ་ཡེ་དུས་སུ་བསྒྱུར་ནས། རྩོད་ལྡན་དུས་སུ་མི་རྣམས་ཞེས་པར་བྱས་ཀྱང་། འགྲེལ་པར་ཀ་ཕྲེང་དང་ཨ་འདུས་ཀྱི་བཤད་པ་བྱས་ཀྱི། རྩོད་ལྡན་དུས་ཀྱི་བཤད་པ་ཟུར་ཙམ་ཡང་མ་བྱས་པས་ཤིན་ཏུ་མི་འཐད་དོ། །དེས་ན་སྤྱིར་ཀཱ་ལི་རྩོད་པ་དང་། ས་མ་ཡེ་དུས་ལ་འཇུག་པའི་སྐབས་ཡོད་ཀྱང་། འདིར་དོན་དང་མི་འབྱོར་བས། ཤོང་གིས། ཀཱ་ལི་ཀ་ཕྲེང་དང་། ཡུ་ག་
ལྡན་པ་དང་། གའི་ཁོང་ན་ཡོད་པའི་ཨ་ཕྱུང་ནས། ཨ་ས་མ་ཡེ་ཞེས་པ་ཨ་འདུས་སུ་བསྒྱུར་བ་ཤིན་ཏུ་ལེགས་ཞེས་བུ་སྟོན་རིན་པོ་ཆེས་གསུངས་པ་ལྟར་ཡིན་ལ། དེའང་རྒྱུད་ཀྱི་རྗོད་བྱེད་ཀྱི་ཚོགས་ཀྱི་ཡི་གེ་ཐམས་ཅད་དབྱངས་གསལ་གཉིས་སུ་འདུས་ཤིང་། གསལ་བྱེད་ཀྱི་ཕྲེང་བའི་གཙོ་བོ། ཀ་ཡིག་ཡིན་པས་ཀ་ཕྲེང་ཞེས་གསུངས་ལ་གཙོ་བོ་ཡིན་པའི་རྒྱུ་མཚན་ནི། གསལ་བྱེད་རྣམས་ཀྱི་དང་པོར་བསྟན་པའང་ནང་དུ་མངལ་འཛིན་པ་ན། རྡུལ་ལ་ཁུ་བ་འཇུག་དགོས་པས་དང་པོར་རྡུལ་གྱི་ངོ་བོ་ཉིད་འགྲུབ་པ་ཡིན་ལ། མངལ་དུ་ཐོག་མར་ཁུ་བ་གང་དུ་ཞུགས་པའི་རྡུལ་དེ། སྐྱེས་བུའི་ལུས་ཀྱི་རྡུལ་དེ་ཐམས་ཅད་ཀྱི་ཐོག་མར་འགྲུབ་པར་ཤེས་པའི་ཆེད་དུའང་།ཀ་ཡིག་གསལ་བྱེད་ཐམས་ཅད་ཀྱི་ཐོག་མ་དེ་ཉིད་ཀྱི་སྒོ་ནས་ཀ་ཕྲེང་ཞེས་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་ཞེས་སོགས་ལའང་། ཨ་ཡིག་དང་པོར་བསྟན་པ་ནི་དབྱངས་ཀྱི་ཚོགས་པའི་གཙོ་བོར་རྟོགས་པའི་དོན་ཏེ། མངལ་དུ་རྡུལ་ལ་ཁུ་བ་འཇུག་པ་བཞིན་དུ་གསལ་བྱེད་ལ་དབྱངས་ཕྱི་ནས་སྲོག་ཏུ་འཇུག་དགོས་པས་སོ། །དེ་ལ་ཤས་ཆེར་ཀ་ཕྲེང་གསལ་བྱེད་ཚོགས་ཀྱི་ལུས་བྱས་ཤིང་། དེ་དག་ལ། ཨ་སོགས་དབྱངས་རྣམས་སྲོག་དང་ཡན་ལག་ཅི་རིགས་པར་འདུས་པས་རྒྱུད་ཀྱི་རྗོད་བྱེད་རྩོམ་པ་ཡིན་ལ། ཚུལ་དེ་ལྟར་བརྩམས་པའི་རྗོད་བྱེད་ལ། རྡོ་རྗེའི་རྣལ་འབྱོར་བརྗོད་བྱར་འདུས་པ་དེ་ཉིད། སངས་རྒྱས་ལ་ཟླ་བཟང་གིས་ཞུས་པ་ནི་ཆོས་བསྟན་པ་བསྡུས་པའི་གནས་
པའོ། ཞེས་བྱ་བའོ། །གནས་པ་དྲུག་པ། བསྡུས་པའི་རྒྱུད་འདི་ཉིད་ཀྱི་དགོས་པ་དང་ཉིང་དགོས་བསྡུས་པ་འཆད་པ་ནི། ད་ནི་ཞེས་པ་ནས། བསྡུས་པའོ་ཞེས་པའི་བར་ཏེ། དེ་ལ། དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་བསྒོམ་པའི་སྟོབས་ནི། དཀྱིལ་འཁོར་རྒྱལ་མཆོག་དང་། བྱིན་གྱིས་བརླབ་པ་བསྒོམ་པའི་སྟོབས་ནི་ཕྲ་ཐིག་གི་རྣལ་འབྱོར་དང་། དཔའ་བོའི་རིམ་པ་ལྷ་དྲག་པོ་བསྒོམ་པ་དང་། བྱིན་གྱིས་བརླབ་པའི་རིམ་པ་ནི་ལྷ་ཞི་བ་བསྒོམ་པ་ཡིན་ཅིང་། གཞན་རྣམས་སྔར་བཤད་པས་ཤེས་སོ། །རྡོ་རྗེའི་རྣལ་འབྱོར་འདི་ཉིད་བསྟན་པ་ལ་དགོས་པ་དང་ཉིང་དགོས་དེ་ལྟ་བུ་ཡོད་པའི་ཕྱིར། འདི་ཉིད་སངས་རྒྱས་ཐམས་ཅད་ཀྱིས་དུས་གསུམ་དུ་བསྟན་ཅིང་སྟོན་ལ་སྟོན་པར་འགྱུར་རོ་ཞེས་བྱ་བ་ནི། མཆོག་གི་དང་པོའི་ཞེས་སོགས་སོ། །མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་སོགས་སོ། །མདོར་བསྡུས་ལྔ་པའི་དཀའ་བའི་གནས་བཤད་པའོ། །ད་ནི་མདོར་བསྡུས་དྲུག་པ་བཤད་པར་བྱའོ། །དེའང་། དེ་ལྟར་རྒྱུད་སྟོན་པ་པོ་དང་། གསོལ་བ་འདེབས་པ་སྒྲུབ་པ་ལ་སོགས་དང་། གནས་པ་ལྔ་པ་རྡོ་རྗེའི་རྣལ་འབྱོར་བསྡུ་བའི་ངོ་བོ་ཉིད་ཀྱི་གནས་པ་བཤད་པ་བྱས་ཟིན་ནས། དེའི་འོག་ཏུ་ད་ནི་གནས་པ་དྲུག་པ་ཟླ་བཟང་གིས་རྩ་རྒྱུད་དུ། སྟོང་ཆེན་ཡིག་ལྔ་སོགས་ཞུས་པའི་ངོ་བོ་ཉིད་ཀྱིས་གནས་པ་དེ། མི་དབང་གྲགས་པས་བསྡུས་པའི་རྒྱུད་ཀྱི་ཚིགས་སུ་བཅད་པ་གཉིས་སྟོན་པ་ནི། ཞེས་མཚམས་སྦྱར་བ་
གསུངས་པ་ཞེས་པའི་བར་རོ། །བཤད་བྱའི་རྩ་བ་དགོད་པ་ནི། སྟོང་པ་ཞེས་སོགས་སོ། །དེ་ཉིད་འགྲེལ་པས་འཆད་པ་ལ། རྒྱུད་རྩ་བའི་ཚིགས་སུ་བཅད་པ་དེ་ཉིད་བདག་གིས་བཤད་པར་བྱའོ། ཞེས་དམ་བཅའ་བ་བརྗོད་པ། འདིར་ཞེས་པ་ནས། དགྲོལ་བར་བྱའོ་ཞེས་པའི་བར་རོ། །དེ་ལ་བཤད་པ་བྱེད་པའི་རྒྱུ་མཚན་ནི། དང་པོར་གསོལ་བ་འདེབས་པའི་སྐབས་ཀྱི་རྡོ་རྗེའི་ཚིག་གི་བརྡ་བྱས་པའི་སྦས་པའི་དོན་རྣམས་གསལ་བར་བཀྲོལ་ན་འོག་ནས་འཆད་པའི་དེའི་ལན་རྒྱས་པར་འཆད་པ་རྣམས་རྟོགས་སླ་བའི་དགོས་པ་ཡོད་པས་སོ་ཞེས་པ་ནི། འདིར་དང་པོར་ཞེས་པ་ནས། སླ་བར་འགྱུར་རོ་ཞེས་པའི་བར་རོ། །དེས་ན་ཞེས་སོགས་དེའི་དོན་བསྡུ་བའོ། །དེ་ནས་གསོལ་བ་བཏབ་པའི་ཚིག་གི་དོན་འཆད་པ། འདིར་སྟོང་པ་ཞེས་པ་ནས། ཡང་དག་པར་བཤད་དུ་གསོལ་ཞེས་པའི་བར་རོ། །དེ་ལྟར་གསོལ་བ་འདེབས་པའི་རྒྱུ་མཚན་སྟོན་པ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་པ་ནས། གླེགས་བམ་ལ་བྲིས་པའོ་ཞེས་པའི་བར་རོ། །གསོལ་བ་བཏབ་པའི་དོན་དེ་རྣམས་མཚན་བརྗོད་དང་མཐུན་པར་བཤད་པ་ནི། མཚན་ཡང་དག་པར་བརྗོད་པ་ཞེས་པ་ནས། ཡང་དག་པར་བསྟན་ཏོ་ཞེས་པའི་བར་རོ། །མཚན་བརྗོད་དང་རྒྱུད་འདིའི་ཆེ་བ་བརྗོད་ནས་མཉན་པར་གདམས་པ་ནི། དེའི་ཕྱིར་གང་གིས་ཞེས་པ་ནས། མཉན་པར་བྱའོ་ཞེས་པའི་བར་རོ། །དེ་ལྟར་བསྡུས་པའི་དོན་བཤད་ནས། ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། དེ་ལ་གསོལ་བ་བཏབ་
པའི་ཚིག་འདིར་སྟོང་པ་ཞེས་པ་ལ་སོགས་པའི་མིང་རྣམས་ཀྱིས་མི་མཐོང་བའི་དངོས་པོ་ཉི་ཚེ་བའི་ཡུལ་ལ་འཇུག་པའི་དབང་པོའི་སྤྱོད་ཡུལ་མིན་པ་དང་། མཐོང་བའི་དངོས་པོ་ཉི་ཚེ་བའི་དབང་པོའི་སྤྱོད་ཡུལ་རྣམས་རབ་ཏུ་སྟོན་ནོ། །དངོས་པོ་དེ་དག་སྟོང་པ་ལ་སོགས་པའི་མིང་གིས་སྟོན་པ་ཅི་ཞེ་ན། སྤྱིར་གྲུབ་མཐའ་ལ་ཞུགས་མ་ཞུགས་ཐམས་ཅད་ཀྱང་དོན་ཐམས་ཅད་ལ་མིང་སོ་སོའི་སྒོ་ནས་ཐ་སྙད་བྱེད་དགོས་པ་དཔེ་དང་བཅས་པ་ནི། མེད་པ་དང་ཞེས་སོགས་སོ། །དེ་ལ་འཇིག་རྟེན་དང་བསྟན་བཅོས་གོང་འོག་ཐམས་ཅད་ལ་ཐུན་མོང་དུ་གྲགས་པའི་རང་མིང་གི་ཐ་སྙད་བྱེད་ཚུལ་ནི་དཔེར་ན། འདིར་ནམ་མཁའི་ཞེས་སོགས་སོ། །དེ་ལ་འཇིག་རྟེན་པ་ལ་སོགས་པ་རྣམས་དོན་རྣམས་ལ་རང་རང་གི་མིང་ཐུན་མོང་བས་བརྡ་བྱེད་པ་དེ་བཞིན་དུ་རྒྱུད་དང་རྒྱུད་གཞན་རྣམས་སུ་གྲུབ་མཐའ་ལ་མ་ཞུགས་པ་རྣམས་ལ་མ་གྲགས་ཤིང་། བསྟན་བཅོས་ཀྱི་ནང་དུ་གྲགས་པའི་མིང་སྤངས་རྟོགས་ཀྱི་ཐ་སྙད་བསྟན་བཅོས་སྤྱི་དང་། ཐུན་མོང་བ་དུ་མ་དང་། དེར་མ་ཟད་གྲུབ་མཐའ་ལ་མ་ཞུགས་པ་རྣམས་ལའང་གྲགས་པའི་ཡུལ་ཡུལ་ཅན་བརྡ་སྦྱར་བའི་མིང་དང་། འཇིག་རྟེན་པར་མ་ཟད་བསྟན་བཅོས་གཞན་ལའང་མ་གྲགས་པ། སྔགས་ཀྱི་ཡི་གེ་དུ་མའི་མིང་ཐོད་པ་ལ་པད་སྣོད་ཅེས་པ་ལྟ་བུ་དང་། ཡི་གེ་རེ་རེའི་མིང་གིས་སྐྱེས་པ་ལ་ཌ། བུད་མེད་ལ་ཌི་ཞེས་པ་ལྟ་བུའི་བརྡ་བཏགས་པ་རྣམས་ཀྱིས་དངོས་པོ་གང་དག་དེ་བཞིན་གཤེགས་པས་ངེས་པར་བསྟན་ཅིང་ནས། རྟོགས་པར་བྱའོ། །དེས་ན་འདིར་གཅིག་
དང་ཞེས་སོགས་ལ། དཔང་ལོའི་འགྱུར་ལ། འདིར་དངོས་པོ་དང་དངོས་པོ་མེད་པ་གཅིག་ལའང་མིང་སྣ་ཚོགས་ཏེ། དེའི་ཕྱིར། མིང་སྣ་ཚོགས་ཀྱིས་བསྟན་པ་ལ་ཞེས་འབྱུང་བ་ཉིད་ཤིན་ཏུ་ལེགས་ལ། དེས་ན་འདི་ལྟར་བཤད་པར་བྱ་སྟེ། དེ་ལྟར་དངོས་པོའམ་དངོས་མེད་གཅིག་ཀྱང་མིང་སྣ་ཚོགས་པས་བསྟན་པ་ལ། རྣལ་འབྱོར་པ་རྣམས་ཀྱིས་མིང་གི་རྗེས་སུ་འབྲངས་ནས་དོན་ཡང་དུ་མ་ཉིད་དུ་རྣམ་པར་རྟོག་པར་མི་བྱ་སྟེ། བླ་མ་དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ། བསྲེགས་བཅད་བརྡར་བས་གསེར་བཞིན་དུ་ཡོངས་སུ་བརྟགས་པ་ནི་དོན་ལ་གཙོ་བོར་སྟོན་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སངས་རྒྱས་ཀྱིས་ངེས་ཚིག་གིས་བཤད་དུ་མེད་པ་དོན་གཅིག་ལའང་མིང་དུ་མ་བརྡ་མཛད་པའི་རྗེས་སུ་འབྲངས་ཏེ་རྡོ་རྗེའི་ཚིག་གི་དོན་རྟོགས་དགོས་པར་བཤད་ནས། ད་ནི་གསོལ་བ་བཏབ་པའི་ཚིག་གི་དོན་འཆད་དེ། དེའང་སྟོང་པ་ཞེས་སོགས་ཀྱི་ཚིག་གིས་སྐྱེས་བུའི་ཁམས་དྲུག་པ་སྒྲུབ་པ་པོའི་ཁམས་དང་ཕུང་སོགས་སྒྲིབ་བྲལ་དུ་གྱུར་པའི་སྟོང་ཆེན་ཡིག་ལྔ་ཡིག་དྲུག་རྣམས་བསྟན་ཏོ། ཞེས་པ་ནི། འདི་ལྟ་སྟེའི་བར་རོ། །ཇི་ལྟར་ན། དེ་རྒྱས་པར་འཆད་པ་ནི། ཡེ་ཤེས་ཀྱི་ཞེས་སོགས་ཏེ་འདི་དག་གི་དོན་གོ་བདེ་བར་ཕྱོགས་གཅིག་ཏུ་བཤད་ན་འདི་ཡིན་ཏེ། དེའང་གཞི་དུས་ཀྱི་སྒྲུབ་པ་པོ་ཁམས་དྲུག་ལྡན་ལྟ་བུ་ཞིག་གིས། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས། སྡུད་བྱེད་ཀྱི་ཁམས་དྲུག་པོ་དེ་རེ་རེ་ལའང་དེ་དག་
གིས་བསྡུས་པའི་ཁམས་དྲུག་དྲུག་ཏུ་ཕྱེ་བས། དྲུག་ཚན་དྲུག་གི་ཁམས་སོ་དྲུག་ཡོད་ལ། དྲུག་ཚན་སོ་སོར་བཤད་ན།འཕོ་བའི་བདེ་བ་ཡེ་ཤེས་ཀྱི་ཁམས་ལས་གྲུབ་པའི་སྲོག་རླུང་ཡེ་ཤེས་ཀྱི་ཕུང་པོ་དང་། ཐིག་ལེ་འཕོ་བ་ཡེ་ཤེས་ཀྱི་ཁམས་དང་། ཡེ་ཤེས་ཀྱི་ཁམས་ལས་བྱུང་བ་ཡིད་ཀྱི་དབང་པོ་དང་སྒྲ་དང་ཁུ་བ་འདོར་བའི་བྱ་བ་བྱེད་པ་བདེ་བའི་གནས་སྐབས་ལས་བྱུང་བས་ཡེ་ཤེས་ཀྱི་ཁམས་ལས་གྱུར་པ་མཆོག་གི་དབང་པོ་དུང་ཅན་མ་དང་། གཅི་བའི་དབང་པོའི་བྱ་བ་ཡེ་ཤེས་ཀྱི་ཁམས་ལས་བྱུང་བ་དྲི་ཆུ་འཛག་པ་སྟེ། ཡེ་ཤེས་ཀྱི་ཁམས་ཀྱི་དྲུག་ཚན་ནོ། །རྣམ་པར་ཤེས་པའི་ཕུང་པོ་དང་། ནམ་མཁའི་ཁམས་དང་། རྣ་བ་དང་། ཆོས་ཀྱི་དབྱིངས་དང་། དྲི་ཆུ་འཛག་པའི་བྱ་བ་བྱེད་པ་ནམ་མཁའི་ཁམས་ལས་བྱུང་བ་སྐྱེས་པའི་རྡོ་རྗེའམ། བུད་མེད་ཀྱི་བྷ་གའི་དབང་པོ་དང་། མཆོག་གི་དབང་པོའི་བྱ་བ་ནི་ནམ་མཁའི་ཁམས་ལས་བྱུང་བ། ཁུ་བ་འཕོ་བའི་བྱ་བ་སྟེ། ནམ་མཁའི་ཁམས་སམ་རྣམ་ཤེས་ཀྱི་ཁམས་ཀྱི་དྲུག་ཚན་ནོ། །ཚོར་བའི་ཕུང་པོ་དང་། མེའི་ཁམས་དང་། མིག་དང་། རོ་དང་། ལག་པ་དང་། འགྲོ་བའི་བྱ་བ་སྟེ། ཚོར་བའམ་མེའི་ཁམས་ཀྱི་དྲུག་ཚན་ནོ། །འདུ་ཤེས་ཀྱི་ཕུང་པོ་དང་། ཆུའི་ཁམས་དང་། ལྕེ་དབང་དང་། གཟུགས་དང་། རྐང་པ་དང་། ལེན་པའི་བྱ་བ་རྣམས་ནི། འདུ་ཤེས་སམ་ཆུའི་ཁམས་ཀྱི་དྲུག་ཚན་ནོ། །འདུ་བྱེད་ཀྱི་ཕུང་པོ་དང་། རླུང་གི་ཁམས་དང་། སྣ་དང་། རེག་བྱ་དང་། ངག་གི་དབང་པོ་དང་། བཤང་བ་
འཛག་པའི་བྱ་བ་སྟེ། རླུང་གི་ཁམས་ཀྱི་དྲུག་ཚན་ནོ། །གཟུགས་ཀྱི་ཕུང་པོ་དང་། སའི་ཁམས་དང་། ལུས་ཀྱི་དབང་པོ་དང་། དྲི་དང་བཤང་ལམ་དང་། ཚིག་བརྗོད་པའི་བྱ་བ་སྟེ། སའི་ཁམས་ཀྱི་དྲུག་ཚན་ནོ། །དེའང་འགྲེལ་པར་འདི་དག་ལ། ཡིད་དབང་དང་སྒྲ་ཞེས་པ་ནས། སྣ་དང་རེག་བྱའི་བར་དུ་འདི་ལྟར་ཕན་ཚུན་ཡུལ་ཡུལ་ཅན་རིགས་མི་མཐུན་ཕྱོགས་གཅིག་ཏུ་སྦྱར་ནས་བསྟན་པ་རྣམས་ནི། ཐབས་ཤེས་ལ་རང་རིགས་མ་ཡིན་པ་དགོས་པའི་དོན་ཏོ། །དེ་ལྟར་དྲུག་ཚན་དྲུག་པོ་འདི་དག་ལམ་གྱིས་སྦྱངས་ཏེ་སྒྲིབ་བྲལ་དུ་བྱེད་པ་ན་བཤང་གཅི་འཛག་པ་ལྟ་བུ་འགའ་ཞིག་རིགས་འདྲ་རྒྱུན་བཅད་པའི་སྒོ་ནས། སྒྲིབ་བྲལ་དུ་བྱེད་དགོས་ཀྱི། འདི་དག་གི་རིགས་འདྲ་སངས་རྒྱས་ཀྱི་སར་མི་སྲིད་ལ། དེ་འདྲའི་དམིགས་བསལ་མ་གཏོགས་གཞན་རྣམས་ནི་དྲི་མའི་ཆ་ལམ་གྱིས་སྦྱངས་ནས་རིགས་འདྲའི་རྒྱུན་སངས་རྒྱས་ཀྱི་སར་ཡང་རྣམ་པར་དག་པའི་རང་བཞིན་དུ་སྐྱེ་བ་ཡིན་ནོ། །དེ་ལྟར་ལམ་གྱི་ཡེ་ཤེས་དང་ནམ་མཁའི་ཁམས་ཀྱི་དྲུག་ཚན་གཉིས་སྒྲིབ་བྲལ་དུ་བྱས་ནས་རོ་མཉམ་པ་དང་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ལ། འདིར་སྟོང་པ་ཞེས་པའི་མིང་གིས་བསྟན་ཏོ། །དེས་ན་ཁམས་ནམ་མཁའི་ཁམས་ཀྱང་ཡེ་ཤེས་ཀྱི་ཁམས་སུ་བསྡུས་ནས་དྲུག་ཚན་དེ་གཉིས་སྡེ་ཚན་གཅིག་ཏུ་བསྡུས་ཏེ་མིང་གཅིག་གིས་བསྟན་པའོ། །དེ་ནི་སྟོང་ཆེན་ཡི་གེ་ལྔར་བྱེད་པའི་དབང་དུ་བྱས་པའོ། །དེ་ལ་ཐ་མལ་པའི་དུས་སུ། སྒྲ་
དང་ཡིད་ལ་སོགས་པ་འདི་དག་དོན་གཞན་དུ་ཡོད་ཀྱང་། སངས་རྒྱས་ནས་སྒྲིབ་བྲལ་དུ་གྱུར་པའི་ཚེ། དེ་དག་ཐམས་ཅད་ཀྱང་ངོ་བོ་གཅིག་ཏུ་གྱུར་པས་རོ་མཉམ་པ་ཞེས་བྱ་ལ། དེའང་བདེ་སྟོང་གི་ཡེ་ཤེས་ཀྱི་རང་བཞིན་དུ་འདྲེས་པ་ཞེས་བྱའོ། །སྟོང་པ་དེ་ལ་ནི་གཞོམ་དུ་མེད་པའང་། གཞིག་ཏུ་མེད་པ་ཞེས་བྱ་ལ། ཨེ་ཝཾ་གྱི་གཟུགས་བསྒྲུབ་པ་ན། ཐོག་མར་ཝཾ་བསྒྲུབ་པ་ཡིན་ལ། དེ་བསྒྲུབ་པའི་ཚུལ་ཡང་། ཐོག་མར་དབུས་སུ། གོང་དུ་བཤད་པའི་གཞོམ་མེད་ཀྱི་སྟོང་པ་དེའི་མིང་གི་མཚན་མ། གྲི་གུག་གི་རྣམ་པའི་རི་མོ་བྲིའོ། །ཁམས་དྲུག་ཚན་གསུམ་པ་དེ་ཉིད་སྒྲིབ་བྲལ་སོགས་སུ་གྱུར་པ་ནི་སྟོང་ཆེན་ཡི་གེ་གསུམ་པ་ཡིན་ཅིང་། དེའི་མིང་གི་མཚན་མའང་མཚོན་བྱེད་དབུས་ཀྱི་མཚན་མའི་ལྷོར་ཐིག་ལེ་གཉིས་བྲིའོ། །སྟོང་པ་གསུམ་པ་འདི། རྒྱུད་ཀྱི་ཡེ་ཤེས་ཞེས་པའི་མིང་གིས་བསྟན་ཏོ། །དྲུག་ཚན་བཞི་པ་ཆུ་ཁམས་ཀྱི་དྲུག་ཚན་དེ་ཉིད་སྒྲིབ་བྲལ་སོགས་སུ་གྱུར་པ་ནི་སྟོང་ཆེན་ཡི་གེ་བཞི་པ་ཡིན་ཅིང་། དེ་ཉིད་ཐིག་ལེ་ཞེས་པས་བསྟན་ལ། དེའི་མཚན་མར་དབུས་ཀྱི་མཚན་མའི་བྱང་དུ་ཐིག་ལེ་གཅིག་བྲིའོ། །ཁམས་དྲུག་ཚན་ལྔ་པ་རླུང་གི་ཁམས་ཀྱི་དྲུག་ཚན་དེ་ཉིད་སྒྲིབ་བྲལ་སོགས་སུ་གྱུར་པ་ནི་སྟོང་ཆེན་ཡི་གེ་གཉིས་པ་ཡིན་ལ། དེ་ཉིད་བསྡུས་རྒྱུད་ཀྱི་མཆོག་དང་པོས་བསྟན་ཅིང་། དེའི་མཚན་མར་དབུས་ཀྱི་མཚན་མའི་ཤར་མདུན་དུ་དབྱིག་པའི་རྣམ་པ་རི་མོ་ནར་བ་ཞིག་བྲིའོ། །འདིའི་ཐད་དུ་འགྲེལ་པར་གཅིག་འདས་དབྱེ་བའི་ཕྱིར་རོ། ཞེས་གསུངས་པའི་ཕྱིར་རོ། །རྩ་རྒྱུད་དུ། མཆོག་དང་རྡོ་རྗེ་འཛིན་པ་ཆེ། ཞེས་མཆོག་
གཅིག་ལས་མེད་པ་ལ། འདིར་མཆོག་མཆོག་ཅེས་གཉིས་སྨོས་པ་འགལ་ཞེ་ན། མི་འགལ་ཏེ། རྩ་རྒྱུད་ཀྱི་མཆོག་དང་ཞེས་པའི། དང་ཞེས་པ་དེ་ཉིད་བཟླས་དབྱེ་བའི་བསྡུ་བ་ཡིན་པས། དེས་མཆོག་ཅེས་པ་ཕྱི་མ་བསྡུས་པའི་ཕྱིར་རོ། ཞེས་པའི་ཁམས་དྲུག་ཚན་དྲུག་པ་སའི་ཁམས་ཀྱི་དྲུག་ཚན་དེ་ཉིད་སྒྲིབ་བྲལ་སོགས་སུ་གྱུར་པ་ནི་སྟོང་ཆེན་ཡི་གེ་ལྔ་པ་ཡིན་ལ། དེ་ཉིད་མཆོག་ཅེས་པ་ཕྱི་མས་བསྟན་ཅིང་། དེའི་མཚན་མ་ནི། དབུས་ཀྱི་མཚན་མའི་ནུབ་རྒྱབ་ཏུ། ཐོད་གུག་གི་རྣམ་པ་བྲིའོ། །ཁམས་སྡེ་ཚན་དྲུག་པོ་དེ་དག་ཐམས་ཅད་སྒྲིབ་བྲལ་དུ་གྱུར་པ་རྣམས་གང་གི་རང་བཞིན་གཅིག་ཏུ་འདྲེས་པར་གྱུར་པ་ནི་བདེ་བ་ཆེན་པོ་སྟེ། ཝཾ་ཡིག་གིས་མཚོན་པའི་དོན་ཡིན་པས། ཝཾ་ཡིག་ཀྱང་མཚན་མ་དེ་དག་གཅིག་ཏུ་འདྲེས་པས་བསྒྲུབ་པར་བྱ་སྟེ། ཚུལ་ཇི་ལྟར་ན། དབུས་ཀྱི་མཚན་མ་གྲི་གུག་གི་རྣམ་པ་ལུས། དབྱུག་པའི་རྣམ་པ་ནི་དེའི་རྐང་པ། ཐོད་པའི་རྣམ་པ་མགོ །ཐིག་ལེ་གཉིས་ནར་མོར་བརྐྱང་ནས་སྟེང་འོག་ཏུ་གཤིབས་ཏེ་ཟླ་ཚེས། བྱང་གི་ཐིག་ལེ་གཅིག་པོ་དེ། ཟླ་ཚེས་ཀྱི་སྟེང་དུ་བཞག་པས། ཐིག་ལེ་འདིར་འགྲེལ་པར། རེ་རེ་ལའང་བརྗོད་དུ་མེད་པ་སྟེ། ཞེས་གསུངས་པའི་དོན། ཨཱ་ལི་སོགས་རང་བྲིས་ན་བརྗོད་བཅས་སུ་འགྱུར་བས་དེ་རྣམས་བརྗོད་མེད་མཚོན་པའི་བརྡར་གྲི་གུག་གི་རྣམ་པ་སོགས་ལྔ་བྲིས་པ་ཡིན་ནོ། ཞེས་ཁ་ཅིག་འཆད་པ་ནི་མི་འཐད་དེ། དེ་ལྟར་ན། མཚན་མ་དེ་དག་ལས་ཝཾ་ཡིག་བསྒྲུབས་པ་
ནའང་བརྗོད་བཅས་སུ་འགྱུར་ཏེ། ཨ་སོགས་དང་ཝཾ་ལ་བརྗོད་བཅས་ཡིན་མིན་གྱི་ཁྱད་པར་མེད་པའི་ཕྱིར་རོ། །དེར་མ་ཟད་མཚན་མ་ལྔ་པོ་དེའང་། ཝཾ་གྱི་མགོ་བོ་དང་ཟླ་ཚེས་སོགས་ཡིན་པས་ཡི་གེའི་ཆ་ཤས་རེ་རེ་ཡིན་པའི་ཕྱིར་བརྗོད་བཅས་སུ་འགྱུར་རོ། །དེས་ན་འདིར་དེ་དག་བཀོད་པའི་དགོས་པ་ནི། ཝཾ་ཡིག་བསྒྲུབ་པའི་ཕྱིར་བཀོད་པ་ཡིན་པ་ལ། ཨ་ཡིག་སོགས་རང་བྲིས་ན། དེ་དག་ཚོགས་པ་ལས། ཝཾ་གྱི་གཟུགས་འོང་བ་བྱས་པ་མེད་པས། དེའི་ཕྱིར་མ་བཀོད་པ་ཡིན་གྱི་བརྗོད་བཅས་སུ་སོང་དོགས་པ་མ་ཡིན་ལ། བརྗོད་དུ་མེད་པ་ཞེས་གསུངས་པ་ནི། ཡེ་ཤེས་དང་རྣམ་ཤེས་ཀྱི་དྲུག་ཚན་གཉིས་པོ་དེ་མཚོན་བྱེད་ཀྱི་མིང་གི་དབྱངས་སུ་ཨ་ཡིག་དེ་ཉིད་བཅོམ་ལྡན་འདས་ཀྱིས་བརྡ་མཛད་པ་ཙམ་མ་གཏོགས། བུམ་པས་ལྟོ་ལྡིར་བ་གོ་བར་བྱེད་པ་ལྟར། ཨ་ཡིག་གི་ཕུང་པོ་དྲུག་ཚན་དེ་གཉིས་རང་གི་དངོས་ཀྱི་བརྗོད་བྱར་བྱས་ནས། ཐུན་མོང་མིན་པར་གོ་བར་བྱེད་པས་དེའི་ཕྱིར་བརྗོད་དུ་མེད་པ་གསུངས་ཏེ། གཞན་རྣམས་ཀྱང་དེས་རིགས་འགྲེའོ། །བོད་ལྔ་མ་འགའ་ཞིག་གིས་བོད་ཡིག་ལ་ཨེ་ཝཾ་བསྒྲུབས་ནས་གྲི་གུག་ལ་ཨའི་ལག་པ་བྱས་པ་སོགས་ནི། འདིར་དབུས་ཀྱི་མཚན་མ་ཝཾ་འགྲུབ་པའི་གཞིར་དངོས་སུ་བཤད་པ་དང་འགལ་ཞིང་། དེ་ལྟར་བྱས་ནས་ཝཾ་བསྒྲུབ་ཏུ་མི་རུང་བས། སྔ་མ་དག་གིས་རྒྱས་པར་བཀག་པ་ལྟར་རོ། །དེ་ལ་སྡུད་བྱེད་ཀྱི་ཁམས་ཡེ་ཤེས། ནམ་མཁའ་སོགས་ལྔའི་མིང་གི་དབྱངས་ནི། ཨ་རྀ་ཨུ་ཨི་ལྀ་རྣམས་ཡིན་ལ། དེའང་
ཡེ་ཤེས་དང་ནམ་མཁའི་ཁམས་གཅིག་ཏུ་བསྡུས་པའོ། །བསྡུ་བྱའི་ཁམས་དྲུག་ཚན་དྲུག་གི་མིང་གི་དབྱངས་ཡིག་ནི། ཡེ་ཤེས་ཀྱི་ཕུང་པོ་ཨཾ་ཞེས་པ་ནས་བརྗོད་པ་ལ་ཞེས་པའི་བར་རོ། །འདི་དག་ནི་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་པ། དབྱངས་དང་། ཡོན་ཏན་དང་། འཕེལ་བ་དང་། ཡ་ཎར་བསྒྱུར་བའི་རྣམ་པར་འགྱུར་བའོ། ཞེས་པ་ནི། དབྱངས་འདི་དག་ཀྱང་ཁམས་སོ་དྲུག་གི་དབྱེ་བས། དེ་དག་གི་མིང་གི་དབྱངས་ཐ་དད་སོ་དྲུག་སྟེ། རང་བཞིན་གྱི་ཡི་གེ་ལས་ཡོན་ཏན་གྱི་ཡི་གེ་དང་འཕེལ་བའི་ཡི་གེ་དང་། ཡ་ཎའི་ཡི་གེ་ཅི་རིགས་པར་བསྒྱུར་བའི་རྣམ་འགྱུར་གྱི་ཡི་གེ་ཡིན་ནོ། ཞེས་བྱའོ། །གང་དུ་ཕུང་པོ་རྣམས་ཞེས་སོགས་ཀྱི་དོན་ནི། ཕུང་པོ་དྲུག་དྲུག་སོ་དྲུག་ཏུ་འབྱེད་ན་ཁམས་ཀྱང་སོ་དྲུག་ཏུ་འབྱེད་དགོས་པས། དེའི་འབྱེད་ཚུལ་སྔར་གྱི་སོ་དྲུག་པོ་དེ་ལ། ཕུང་པོ་དྲུག་གི་དོད་ལ། རོ་དྲུག་བཟུང་བར་བྱ་ཞིང་། དེ་དག་གི་མིང་གི་དབྱངས་ནི། ཨཾ་ཨ་སོགས་དྲུག་ཡིན་ནོ། ཞེས་བྱ་བའོ། །དེས་ན་དབྱངས་སོ་དྲུག་གི་མིང་གི་ཡི་གེས་མཚོན་པའི་ཁམས་སོ་དྲུག་སྒྲིབ་བྲལ་དུ་གྱུར་པའི་བདེ་ཆེན་ཐམས་ཅད་ཀྱང་། ཨ་སོགས་མིང་གི་དབྱངས་ལྔས་མཚོན་པའི་དག་པའི་ཁམས་ལྔར་འདུས་ལ། ལྔ་པོ་དེའང་ཝཾ་ཡིག་གིས་མཚོན་དོན། བདེ་བ་ཆེན་པོ་གཅིག་ཉིད་ཀྱི་ངོ་བོར་རོ་གཅིག་ཅིང་། དེ་ལ་ནི་ངེས་དོན་གྱི་རྡོ་རྗེ་ཞེས་བྱ་ལ། དེ་འཛིན་པའི་ཕྱིར་རྡོ་རྗེ་འཛིན་པ་ཞེས་བྱའོ། ཞེས་པའོ། །ཨེ་བསྒྲུབས་པས་མཚོན་པའི་དོན་ནི། འདིའང་རྣམ་པ་ཐམས་
ཅད་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་དམིགས་བཅས་དང་། དམིགས་མེད་བདག་མེད་པའི་དེ་ཁོ་ན་ཉིད་གཉིས་ཀ་ཡིན་ལ། དེའང་མཐར་ཐུག་པ་ནི། ཕུང་སོགས་སྒྲིབ་བྲལ་དུ་གྱུར་པ་ཉིད་ཀྱི་སྐབས་ལ་བཞག་དགོས་སོ། །དེ་ཉིད་མཚོན་བྱེད་ཀྱི་ཨེ་ཡིག་དེ་སྟོང་ཆེན། ཡི་གེ་དྲུག་ལས་ཇི་ལྟར་བསྒྲུབ་པའི་ཚུལ་ནི། འདི་ལྟར་སྟེ་རྣམ་པར་ཤེས་པའི་ཕུང་པོ་དང་། ཞེས་སོགས་ཀྱིས་སྟོན་ལ་དེ་དག་གི་དོན་ཡང་། ཕུང་པོ་དྲུག་ཚན་དྲུག་སྒྲིབ་བྲལ་དུ་གྱུར་པའི་སྟོང་པ་སོ་དྲུག་ཐམས་ཅད་ཀྱི་རེ་རེ་ནས་མཚོན་པའི་མིང་གི་ཡི་གེ་ནི། གསལ་བྱེད་ཀྱི་ཡི་གེ་སོ་དྲུག་ཡིན་ལ། སོ་དྲུག་པོ་ཐམས་ཅད་ཀྱང་། ཕུང་པོ་སོ་དྲུག་སྒྲིབ་བྲལ་དུ་གྱུར་པའི་སྟོང་པ་དྲུག་ཏུ་འདུས་ཤིང་། དྲུག་པོ་དེའི་མིང་གི་ཡི་གེ་ནི། ཀ་ཙ་ཊ་པ་ཏ་ས། ཞེས་པའི་གསལ་བྱེད་ཀྱི་ཡི་གེ་དྲུག་ཡིན་ལ། དྲུག་པོ་དེའི་མཚན་མར། ཐིག་ལེ་སྟོང་པ་དྲུག །སྔར་གྱི་ཝཾ་ཡིག་བསྒྲུབ་པའི་མཚན་མ་རྣམས་ཀྱིས་ཕྱོགས་ཕྱོགས་སུ་འགོད་ཚུལ་དངོས་སུ་གསལ་བར་གསུངས་པ་ལྟར་བཀོད་ནས། དེ་ནས་ཐིག་ལེ་དེ་དག་བརྐྱང་ནས་སྦྲེལ་བ་ན་ཆོས་འབྱུང་གྲུ་གསུམ་པའི་རྣམ་པའི་ཨེ་ཡིག་གི་གཟུགས་སུ་འགྲུབ་བོ། །དེ་ལ་ཨེ་ཡིག་གི་ནང་དུ་ཝཾ་ཡིག་ཆུད་པར་བསྒྲུབས་པས་ནི། ཤེས་རབ་སྟོང་པ་དམིགས་བཅས། ཕྱག་རྒྱ་ཆེན་མོ་ལ། ཐབས་བདེ་བ་ཆེན་པོ་བརྟེན་པ་མཚོན་ནོ། །དེ་ལྟར་བསྒྲུབས་པའི་གཞི། གོང་དུ་བཤད་པའི་ཁམས་སོ་དྲུག་དང་། འདིར་བཤད་པའི་ཕུང་པོ་སོ་དྲུག །གཞི་དུས་སུའང་། དོན་གཞན་
སོ་སོ་བ་མེད་ཀྱང་། སྔ་མ་ཁམས་ཀྱི་ལྡོག་པ་ནས་བསྟན་པས། མིང་གི་ཡི་གེའང་དབྱངས་སུ་གསུངས་ལ། ཕྱི་མ་ཕུང་པོའི་ལྡོག་པ་ནས་བསྟན་པས་མིང་གི་ཡི་གེའང་གསལ་བྱེད་དུ་གསུངས་ཤིང་། དབྱངས་དང་གསལ་བྱེད་འདི་དག་ཀྱང་ཐུང་ངུ་དང་རིང་པོའི་དབྱེ་བས། ཞེས་སོགས་ཀྱི་དོན་ནི་ཕུང་པོ་དང་དབང་པོའི་ཆ་རྣམས་ནི་ཐབས་ཀྱི་ཆ་ཡིན་པས། དེའི་མིང་གི་ཡི་གེ་དབྱངས་གསལ་ཐུང་ངུ་དང་། ཁམས་དང་ཡུལ་གྱི་ཆོས་ནི་ཤེས་རབ་ཀྱི་ཆ་ཡིན་པས་དེའི་མིང་གི་རྣམ་གྲངས་ནི་དབྱངས་གསལ་རིང་པོ། ཞེས་བྱ་བའོ། །འོ་ན་ཁམས་དང་དེའི་མིང་གི་ཡི་གེ་དབྱངས་ཀྱི་ཡི་གེ་དེ་དག་ལས། གསལ་བྱེད་ཀྱི་ཡི་གེ་ཝཾ་ཡིག་བསྒྲུབ་ཅིང་། ཕུང་པོ་དང་། དེ་དག་གི་མིང་གི་ཡི་གེ་གསལ་བྱེད་ཀྱི་ཡི་གེ་དེ་དག་ལས་ཤེས་རབ་སྟོང་པ་མཚོན་པའི་ཨེ་དབྱངས་ཀྱི་ཡི་གེ་བསྒྲུབ་པ་ཅི་ཞེ་ན། སྒྲུབ་ཚུལ་དེ་ལྟར་བྱས་པས་ཀྱང་། ཐབས་ཤེས་བདེ་སྟོང་དེ་གཉིས་ངོ་བོ་དོན་གཞན་གྱི་རྟེན་དང་བརྟེན་པ་མིན་པར། ངོ་བོ་དབྱེར་མེད་ཡིན་པ་མཚོན་ནོ། ཞེས་བླ་མ་སྔ་མ་དག་གསུང་མོད་ཀྱང་། འདིར་ཝཾ་ཡིག་དབྱངས་སུ་བཤད་ཅིང་། ཨེའི་གཟུགས་བསྒྲུབ་པ་ནའང་། དབྱངས་ཀྱི་ཡ་ར་ལ་ཝ་བཞིའང་བཤད་སྣང་ངོ་། །རོ་དྲུག་དང་ཁམས་ཀྱི་རྣམས་པར་འགྱུར་བས་ཁམས་སོ་དྲུག་དང་། ཕུང་པོ་དྲུག་དང་དབང་པོའི་དབྱེ་བས་ཕུང་པོ་སོ་དྲུག་ཏུ་འབྱེད་ཚུལ་སྟོན་པ་ནི། རོ་དྲུག་དང་ཁམས་ཀྱི་རྣམ་པར་དབྱེ་བས་ཞེས་སོགས་ཏེ། ཁམས་ཀྱིས་འབྱེད་ཚུལ་སྔ་མ་འདྲ་བས་ཤེས་སླ་ལ།
ཕུང་པོ་དང་དབང་པོས་འབྱེད་ཚུལ་ནི། རྣ་བའི་རྣམ་པར་ཤེས་པ་ཞེས་པ་ལ་སོགས་པ་སྟེ། དེའི་དོན་ཡང་རྣམ་ཤེས་དྲུག་དང་། རྣམ་ཤེས་དྲུག་པོ་ཡུལ་དྲུག་ལ་འཇུག་པར་བྱེད་པའི་འདུ་བྱེད་དྲུག་དང་། གཟུགས་སོགས་ཡུལ་དྲུག་མྱོང་བའི་ཚོར་བ་དྲུག་དང་། མགྲིན་རྐན་སྤྱི་བོ་མཆུ་དང་སོ་དང་སྣ་སྟེ་ཐ་སྙད་དྲུག་གིས་ཡོད་མེད་ཀྱི་དོན་གསལ་བར་བྱེད་པའི་འདུ་ཤེས་དྲུག་དང་། གཟུགས་སོགས་ཡུལ་དྲུག་མྱོང་བའི་ཚོར་བ་དྲུག་དང་། སྟེང་འོག་གི་རྩ་གསུམ་གསུམ་ལ་བརྒྱུ་བའི་སྲོག་ཐུར་གྱི་རླུང་ཡེ་ཤེས་ཀྱི་ཕུང་པོ་དྲུག་སྟེ། དེ་ལྟར་རྡོ་རྗེ་སྙིང་འགྲེལ་ལས་བཤད་པ་ལྟར་རོ་ཞེས་རིན་པོ་ཆེ་པ་དང་། ཆོས་རྗེ་པ་བཞེད་པ་ལྟར་བྱའི། གཞན་དུ་མིག་གི་ཡེ་ཤེས་སོགས་ལ་འཆད་པ་དོན་མིན་ནོ། །འདིར་དྲུག་ཚན་དྲུག་དྲུག་གིས་ཐབས་ཤེས་ཀྱི་དབྱེ་བ་བསྟན་ན། དེ་དག་ཐབས་ཤེས་སུ་འགྱུར་ཚུལ་ཇི་ལྟར་ཞེ་ན། ཐབས་ཤེས་དབྱེར་མེད་པ་རྡོ་རྗེ་སེམས་དཔའི་དོན་དུ་འགྱུར་ཚུལ་འཆད་པ་ནི། འདིར་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་དབྱངས་ཀྱི་ཚོགས་ཏེ། ཞེས་སོགས་ཏེ་དེ་དག་གི་ཚིག་དོན་ནི། འདིར་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི། དབྱངས་གསལ་གཉིས་སུ་ཕྱེ་བའི་དབྱངས་ཀྱི་ཚོགས་ཏེ། དེ་ཉིད་ལ་ཁུ་བ་དང་ཟླ་བ་ཞེས་བརྗོད་དོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི། ཤེས་རབ་གསལ་བྱེད་ཀྱི་ཚོགས་ཏེ། དེ་ཉིད་ལ་རྡུལ་དང་ཉི་མ་ཞེས་བརྗོད་དོ། །དེ་ལྟར་གཉིས་ལས་འདིར་ཁུ་བ་དང་ཟླ་བ་ནི་ཝཾ་ཡིག་གི་ངེས་དོན་བདེ་བ་ཆེན་པོ་སྟེ། དེ་ཉིད་རྡོ་རྗེའོ། །རྡུལ་དང་ཉི་མ་ནི་ཨེ་ཡིག་གི་ངེས་
དོན་ཤེས་རབ་སྟེ་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་པདྨའོ། །རྡོ་རྗེ་དང་པདྨ་འདི་གཉིས་ངོ་བོ་དབྱེར་མེད་པར་རོ་གཅིག་ཏུ་གྱུར་པ་ཉིད་ནི་རྡོ་རྗེ་སེམས་དཔའོ། །འདིར་ཤོང་འགྱུར་གྱི་འགྱུར་ཅུང་མ་བདེ་བ་ལ། མཁས་པ་ཁ་ཅིག་རྡོ་རྗེ་ནི་མཆོག་གི་དོན་དང་ཞེས་སོགས་ཀྱིས་རྡོ་རྗེ་ལ་དོན་གསུམ་ཙམ་ལས་མ་བཤད་ལ། སེམས་དཔའ་ལ་དོན་དགུ་ཙམ་བཤད་པས། འདི་དང་འདྲ་བའི་རིགས་ཅན་ལ་ཟླས་དབྱེའི་བཤད་པ་ཁ་བཀང་ནས་འགྲིག་པར་བྱ་དགོས་གསུང་ནས། རྡོ་རྗེའི་དོན་དྲུག་ཙམ་ཟུར་ནས་ཁ་བསྐྱང་སྟེ་འཆད་མོད། དཔང་ལོའི་འགྱུར་ལ། རྡོ་རྗེ་ནི་མཆོག་གི་བདེ་བ་དང་། ཤེས་པ་དང་། ཁུ་བ་དང་། སེམས་དཔའ་ནི་རྣམ་པ་ཐམས་ཅད་པའི་ཤེས་རབ་ཀྱི་གཟུགས་དང་། ཤེས་བྱ་དང་། ཉི་མ་སྟེ། ཞེས་འགྱུར་བ་ལྟར། རྡོ་རྗེའི་དོན་གསུམ་དང་། སེམས་དཔའི་དོན་གསུམ་རིམ་བཞིན་སྦྱོར་ཞིང་། དེ་མན་ཆད་གཉིས་གཉིས། རིམ་བཞིན་རྡོ་རྗེ་དང་སེམས་དཔར་སྦྱར་རོ། །དེའང་དང་པོར་ཨེ་ཝཾ་གྱི་དོན་གཉིས་ལ་ཐོག་མར་སྦྱར་བ་དེས་སྦྱོར་ཚུལ་གཞན་ཡང་མཚོན་པས། རྡོ་རྗེ་ནི་མཆོག་གི་བདེ་བ་དང་། སེམས་དཔའ་ནི་རྣམ་པ་ཐམས་ཅད་པའི་ཤེས་རབ་ཀྱི་གཟུགས་ཏེ། འདི་གཉིས་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའོ། ཞེས་པ་ནས། རྡོ་རྗེ་ནི་དེ་ཉིད་དང་། སེམས་དཔའ་ནི་འགྲོ་བའི་དོན་བྱེད་པ་པོ་ཡིན་ནོ། །འདི་གཉིས་གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའོ། ཞེས་པའི་བར་དུ་སྦྱར་རོ། །དེ་ལྟ་བུའི་རྡོ་རྗེ་
སེམས་དཔའ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་གཅིག་ཏུ་སྦྱར་བ་འདི་ཉིད། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཞལ་བཞིའི་རྣམ་པར་སྟོན་པའི་རྒྱུར་འགྱུར་ཏེ། དེ་ལ་ཡེ་ཤེས་ཀྱི་ཁམས་རྣམ་པར་དག་པ་ནི་ནུབ་ཀྱི་ཞལ་སེར་པོའི་རྣམ་པར་བསྟན་པའོ། །རྣམ་པར་ཤེས་པ་རྣམ་པར་དག་པ་ནི་ཤར་གྱི་ཞལ་ཞེས་སོགས་སོ། །དེ་བཞིན་དུ་གཞི་དུས་ཀྱི་ཁམས་དྲུག་དང་། ལུས་ངག་ཡིད་གསུམ་དང་། གནས་སྐབས་བཞི་ལ་སོགས་པ་རྣམས་པར་དག་པའི་དབྱེ་བས་འབྲས་དུས་ཀྱི་རིགས་ལྔ་དང་། དྲུག་དང་། སྐུ་གསུམ་དང་བཞི་ལ་སོགས་པར་འབྱེད་པ་ཤེས་པའི་དོན་དུ། གཞི་དུས་ཀྱི་དེ་དག་གི་དབྱེ་བ་སོགས་འབྱེད་ཚུལ་སྟོན་པ་ནི། ཟླ་བ་དང་ཉི་མ་འདི་དག་ནི་ཞེས་སོགས་ཏེ། དེའང་གཞི་དུས་སུ་མངལ་སྐྱེས་ཀྱི་ཆུ་རླུང་ནམ་མཁའི་ཁམས་གསུམ། གཙོ་བོར་ཁུ་བ་ལས་བྱུང་ཞིང་རྡུལ་ལས་བྱུང་བ་མ་ཡིན་ལ། ས་མེ་ཡེ་ཤེས་ཀྱི་ཁམས་གསུམ་རྡུལ་ལས་གཙོ་བོར་བྱུང་ཞིང་ཁུ་བ་ལས་གཙོ་བོར་བྱུང་བ་མིན་ལ། ཁུ་བའམ་ཟླ་བ་ལས་གཙོ་བོར་བྱུང་བ་གསུམ་ནི་གཙོ་བོར་མངལ་སྐྱེས་ཕོ་རྣམས་ཀྱི་ལུས་ངག་ཡིད་གསུམ་དུ་འགྱུར་ཞིང་། རྡུལ་ལམ་ཉི་མ་ལས་གཙོ་བོར་བྱུང་བ་གསུམ་ནི། གཙོ་བོར་མངལ་སྐྱེས་མོ་རྣམས་ཀྱི་ལུས་ངག་ཡིད་གསུམ་དུ་འགྱུར་ལ། ཁམས་དྲུག་པོ་འདི་ནི། དབང་པོ་དྲུག །ཡུལ་དྲུག །ལས་དབང་དྲུག །ལས་དབང་གི་བྱ་བ་དྲུག་རྣམས་ཀྱི་ཁྱབ་བྱེད་ཀྱི་རིགས་ཡིན་ཅིང་། དེ་དག་ནི་དྲུག་པོ་འདིར་ཁྱབ་བྱ་རིགས་ཅན་ཡིན་ནོ། ཞེས་པ།
ཁམས་འདི་དག་ནི་དབང་པོ་དྲུག་ལ་སོགས་པ་རྣམས་ཀྱི་རིགས་དྲུག་གོ །ཞེས་པའི་བར་རོ། །ཕོ་མོ་གང་ལའང་། ཁུ་རྡུལ་ཕྱིར་འཕོ་མི་ནུས་ཀྱི་བར་དུ། གཞི་དུས་ཀྱི་ཡེ་ཤེས་བདེ་བ་མ་སྐྱེས་པས་ལུས་ངག་ཡིད་ཀྱི་རིགས་གསུམ་དང་། གཞི་དུས་ཀྱི་སྐུ་གསུམ་དང་། གནས་སྐབས་གསུམ་དང་། ས་ཆུ་མེ་རླུང་ནམ་མཁའི་ཁམས་ལྔའི་རིགས་ལྔ་དང་། གང་གི་ཚེ་ཁུ་རྡུལ་འཕོ་བ་ནས། ཡེ་ཤེས་དང་ལྷན་ཅིག །རིགས་བཞི། སྐུ་བཞི། གནས་སྐབས་བཞི། གཞི་དུས་ཀྱི་རིགས་དྲུག་ཏུ་འགྱུར་ལ། ཁུ་རྡུལ་འཕོ་བའི་དུས་ནི། བུད་མེད་ལ་ལོ་བཅུ་གཉིས་དང་། སྐྱེས་པ་ལ་ལོ་བཅུ་དྲུག་ལོན་པའི་དུས་ནས་ཏེ། ཚུལ་དེ་རྩ་རྒྱུད་ཀྱི་ལུང་དང་སྦྱར་བ་དང་བཅས་པ་ནི། དེ་བཞིན་དུ་སྐུ་དང་ཞེས་པ་ནས། ཞེས་སོའི་བར་རོ། །དེ་ལྟར་གཞི་དུས་ཀྱི་ཁམས་དྲུག་རིགས་དང་། དབང་ཡུལ་སོགས་དེའི་རིགས་ཅན་ཡིན་པ་བཞིན་དུ། འབྲས་དུས་སུའང་། གཞིའི་ཆོས་དེ་དག་རྣམ་པར་དག་པའི་སངས་རྒྱས་དྲུག་རིགས་ཡིན་ལ། དེའི་ཁྱབ་བྱ་རིགས་ཅན་ནི། སེམས་དཔའ་དྲུག་ལ་སོགས་པ་སྟེ། དེ་དག་འཆད་པ་ནི། ད་ནི་རིགས་ཀྱི་རིགས་ཅན་བརྗོད་པ་ཞེས་པ་ནས། རྣམས་སོའི་བར་རོ། །དེ་དག་ནི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་སྟོང་ཆེན་ཡིག་ལྔ་ཡིག་དྲུག་དང་། དེ་ཉིད་སྐུ་ལྷའི་འཁོར་ལོ་ཉིད་དུ་ཤར་བའི་དཀྱིལ་འཁོར་ཞུས་པ་སྟེ། ལམ་དང་འབྲས་བུའི་གནས་སྐབས་གཉིས་ཀའོ། །དེ་ནས་ཕྱི་དང་ལུས་དང་གཞན་ལ་ཡང་སྟེ་རང་བཞིན་རྣམས་ལ་སྐྱེས་བུ་ཉི་ཤུ་ལྔ་པའི་བདག་
ཉིད་དང་། ཞེས་པའི་ཚིག་དོན་འཆད་པ་ནི། ད་ནི་ཞེས་པ་ལ་སོགས་པ་སྟེ། དེའང་རང་བཞིན་དང་སྐྱེས་བུ་ལ་སོགས་པའི་ཐ་སྙད་ནི་གྲངས་ཅན་ལ་སོགས་པའི་མུ་སྟེགས་གཞུག་པའི་དོན་དུ་ཡིན་ཏེ། དཔེར་ན་མཧཱ་མཱ་ཡ་ལ་སོགས་པའི་རྒྱུད་གཞན་དུའང་། དོན་དམ་པར་གང་གིས་བརྟན་གཡོའི་འཇིག་རྟེན་བྱེད་པ་པོའི་སྐྱེས་བུ་མེད་ཀྱང་། བརྫུན་པའམ་དགོངས་པ་ཅན་གྱིས་ཡོད་པར་གསུངས་པ་ལྟ་བུའོ། ཞེས་བྱ་བ་ནི། མུ་སྟེགས་པ་རྣམས་ཞེས་པ་ནས། གཞན་ཡང་ངོ་ཞེས་པའི་བར་རོ། །དེའང་གྲངས་ཅན་ནི་རྩ་བའི་རང་བཞིན་གཙོ་བོ་དེ་ཉིད། གཏན་ནས་རྣམ་འགྱུར་མིན་ལ། ཆེན་པོ་སོགས་བདུན་རང་བཞིན་དང་རྣམ་འགྱུར་གཉིས་ཀ་ཡིན། སྐྱེས་བུའམ། བདག་ཤེས་རིག་ནི་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མིན་པར་འདོད་ལ། དེ་དང་རང་བཞིན་རྣམ་འགྱུར་སྐྱེས་བུ་ཞེས་སོགས་ཀྱི་ཐ་སྙད་ཙམ་གཞུང་གཞན་ནས་འབྱུང་བ་དང་འདྲའང་། དོན་མི་འདྲ་སྟེ། འདིར་ནི་རྩ་བའི་རང་བཞིན་ནམ་མཁའི་ཁམས་དང་། ས་ཆུ་མེ་རླུང་ཡིད་ཀྱི་ཁམས་བློ། ངར་འཛིན་རྣམས་ནི་ཆེན་པོ་སོགས་བདུན་དང་། དབང་པོ་ལྔ་སོགས་ནི་རྣམ་འགྱུར་བཅུ་དྲུག་དང་། དེ་དག་ཐམས་ཅད་ལ་བརྟེན་ནས་བཏགས་པའི་སྐྱེས་བུ་ཙམ་ནི་སྐྱེས་བུར་གསུངས་སོ། །དེ་ལ་རང་བཞིན་གྱི་དོན་ནི། སེམས་ཅན་རྣམས་ཀྱི་བཞི་པའི་གནས་སྐབས་བསྐྱེད་པའི་དོན་ཡིན་ལ། སྐྱེས་བུ་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མིན་པའང་། མུ་སྟེགས་འདོད་པ་ལྟར་དུ་རྒྱུ་འབྲས་གང་ཡང་མིན་པའི་དོན་མིན་གྱི། གོང་དུ་བཤད་པའི་རང་བཞིན་དང་རྣམ་འགྱུར་དེ་དག་ནི། སྐྱེས་བུའི་
གདགས་གཞི་སོ་སོ་བ་ཡིན་ལ། སྐྱེས་བུ་ནི་ཁྱབ་བྱེད་དམ། དེ་ཐམས་ཅད་ལ་བརྟེན་ནས་བཏགས་པ་ཡིན་པས། དེའི་ཕྱིར་གཉིས་ཀ་མིན་ཞེས་བཤད་པའོ། །དེ་ལྟ་བུ་རྩ་ལྔ་ལའང་། ཕྱི་ནང་གཞན་གསུམ་དུ་ཡོད་པའི་ནང་ནི་བཤད་པ་ལྟར་དང་། གཞན་ནི་དེ་དག་སྒྲིབ་བྲལ་དུ་གྱུར་པ་དང་། ཕྱི་ནི་ཕྱི་རོལ་ཏུ་ཁམས་ལྔ་དང་། ཞེས་སོགས་སོ། །མུ་སྟེགས་ཟད་བྱེད་པ་སོགས་ཁ་ཅིག་ནི། དབང་པོ་ལྔ་དང་། ཡུལ་ལྔ་དང་། ས་ཆུ་མེ་རླུང་། ནགས་ཀྱི་བདག་པོ། འབྲས་བུ་སྟེ་འཚོ་བའི་ལུས་དྲུག་དང་བཅས་པའི་རྣམ་འགྱུར་བཅུ་གཅིག་ཏུ་འདོད་པའང་ཡོད་དོ། ཞེས་ཞར་བྱུང་ལ་བཤད་པ་དང་བཅས་པ་ནི། འདི་མུ་སྟེགས་པ་རྣམས་ཀྱི་ཞེས་པ་ནས། ལུས་དྲུག་ཅེས་སོ། ཞེས་པའི་བར་རོ། །དེ་བཞིན་དུ། ལུས་ལ་སྣ་ཚོགས་ཚད་ཅེས་པ་ནས། ཐམས་ཅད་ཡང་དག་བཤད་དུ་གསོལ། ཞེས་པའི་བར་ནི་གོ་སླ་སྟེ། དེ་དག་གིས་གསོལ་བ་བཏབ་པའི་ཚིག་དོན་བཤད་ཟིན་ཏོ། །དེ་ལྟར་གསོལ་བ་འདེབས་པའི་རྒྱུ་མཚན། དེ་ཅིའི་ཕྱིར་ཞེ་ན་སོགས་དང་། ཞུས་པའི་དོན་རྣམས་མཚན་བརྗོད་དང་མཐུན་པར་གསུངས་པའི་རྒྱུ་མཚན་སྟོན་པ། མཚན་ཡང་དག་པར་བརྗོད་པ་ཚད་མར་བྱས་ནས་ཞེས་སོགས་ནི་ཅུང་ཟད་གོ་སླ་ལ། དེའི་ཕྱིར་གང་གིས་ཞེས་སོགས་ཀྱིས་མཚན་བརྗོད་དང་རྒྱུད་འདིའི་ཡོན་ཏན་བརྗོད་ནས་མཉན་པར་བསྐུལ་བ་སྟོན་པ་ལ། རྗེ་བཙུན་རྒ་ལོ་གསུང་པས། གང་གིས་མཆོག་གི་དང་པོའི་སངས་རྒྱས་ཞེས་པ་ནས།
རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། ཞེས་པའི་བར་འདི་དག་གིས་དངོས་སུ་ལྡོག་ཁྱབ་བསྟན་ཤུགས་ལ་རྗེས་ཁྱབ་སྟོན་ཏེ། རྡོ་རྗེ་འཛིན་པའི་ལམ་དང་ལྡན་པ་དེས། སྔགས་ཀྱི་ཐེག་པ་ཤེས་ཞེས་སོགས་སུ་འཆད་ལ། དེ་ལ་ནི་སུའང་དོགས་པ་མེད་ཅིང་། རྒྱུད་འདི་ཤེས་ན་རྡོ་རྗེ་འཆང་གི་ལམ་ཤེས་པར་འཆད་དགོས་པ་ལ། རྡོ་རྗེ་འཆང་གི་ལམ་ཟབ་མོ་ཤེས་ན་འདི་ཤེས་ཞེས་བཤད་པས་འབྲེལ་མེད་དོ། །བླ་མ་ཤེས་རབ་སེང་གེ་ན་རེ། རྗེས་འགྲོ་དེ་ལྟར་མི་བྱེད་དེ། དང་པོའི་སངས་རྒྱས་ཤེས་པ་དེས་མཚན་བརྗོད་ཤེས། ཞེས་སོགས་སུ་འཆད་ལ། མཁས་པ་དག་ཀྱང་དེ་ལེགས་སོ་ཞེས་གསུང་ཡང་། དེ་ལ་ཁྱབ་པའི་རྗེས་སུ་འགྲོ་ལྡོག་གི་ནི་རྣམ་པ་མ་ཤར་རོ། །འདི་དག་ཐམས་ཅད་ཀྱིས་རྟགས་ཀྱི་རྗེས་སུ་འགྲོ་ལྡོག་ལ་ཁ་འཆམ་བྱེད་པར་སྣང་ལ། དེ་ཡིན་ན་སྔ་མ་ལྟར་བྱེད་དགོས་ཀྱི། ཕྱི་མ་འདི་འོང་དོན་མེད་ལ། དེས་ན་རྟགས་ཀྱིས་མིན་གྱི། མཆོག་གི་དང་པོའི་སངས་རྒྱས་མི་ཤེས་ན་མཚན་ཡང་དག་པར་བརྗོད་པའི་དོན་མི་ཤེས་པས་ཁྱབ། ཅེས་དངོས་སུ་བསྟན་པའི་ཤུགས་ཀྱིས། མཚན་བརྗོད་ཀྱི་དོན་ཤེས་པ་ལ་མཆོག་གི་དང་པོའི་སངས་རྒྱས་རྒྱུད་འདིའི་དོན་ཤེས་དགོས་སོ། ཞེས་སོགས་སུ་སྦྱར་ཞིང་། གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་དག་ཐམས་ཅད་ནི་འཁོར་བ་པ་སྟེ། ཞེས་པའང་། འཁོར་བའི་བག་ཆགས་མ་ལུས་པར་སྤོང་བ། སྔགས་ཀྱི་ཐེག་པ་ལ་རག་ལུས་པའི་དོན་ཡིན་གྱི། འཁོར་བ་སྤངས་པའི་ཐར་པ་ཙམ་འཐོབ་པའང་། སྔགས་ལ་རག་ལུས་པ་ནི་མ་ཡིན་ཏེ། དེ་ལྟ་
ཡིན་ན་ནི། ཉན་ཐོས་དགྲ་བཅོམ་ཀྱང་འཁོར་བ་ལས་མ་གྲོལ་བར་ཐལ་ལོ། །འཁོར་བའི་བག་ཆགས་ནི་ཤེས་སྒྲིབ་ཡིན་པས་སྐྱོན་དེ་མི་འབྱུང་ངོ་། །མདོར་བསྡུས་ཀྱི་མཚན་བསྟན་པ་ནི། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་སོགས་སོ། །མདོར་བསྡུས་དྲུག་པའི་དཀའ་བའི་གནས་བཤད་པའོ། །ད་ནི་མདོར་བསྡུས་བདུན་པ་བཤད་པར་བྱའོ། །དེ་ལ་གཞུང་གི་མཚན་སོ་སོར་བཤད་པ་ནི། མདོར་བསྡུས་འདི་ལ་འགྲེལ་པ་ཉིད་ཀྱིས་དངོས་སུ་མཛད་པས་དེ་ཉིད་ཀྱིས་ཤེས་ལ། དེའང་གནས་པ་བདུན་པ། ཟླ་བཟང་གིས་ཞུས་པའི་ལན་གྱི་ཚིག །རྩ་རྒྱུད་ལས་གསུངས་པ། གྲགས་པས་བསྡུས་རྒྱུད་དུ་བསྡུས་པ་དེ། བདག་གིས་དགྲོལ་བར་བྱའོ། ཞེས་མཚམས་སྦྱར་བ་ནི། ད་ནི་ཞེས་པ་ལ་སོགས་པའོ། །ལན་གྱི་ཚིག་དོན་དགྲོལ་བ་དངོས་ལ། ཟླ་བ་བཟང་པོ་ཁྱོད་ལ་བདག་མགུའོ་ཞེས་བྱ་བ་ནི། དམ་བཅའ་དགོད་པའོ། །རྒྱུ་མཚན་གང་ལས་དོན་ཅིའི་ཕྱིར་ཞེ་ན། གང་ཟག་གི་ཞེས་སོགས་ཏེ། དེ་ལ་ཀུན་དགའ་བོ་ནི། སྒྲོན་གསལ་དུ་གཉིས་མེད་རྣམ་རྒྱལ་གྱི་ལུང་དྲངས་པ་ལས། ཀུན་ཏུ་བཟང་པོ་ནི་གནས་བརྟན་ཀུན་དགའ་བོར་གྱུར་ཏོ། ཞེས་གསུངས་པ་ལྟར་ཡིན་ཀྱང་། འདིར་རྒྱུད་དོན་མི་ཤེས་པའི་ཆགས་བྲལ་གྱི་དཔེར་སྨོས་པ་ནི། ཆགས་བྲལ་གྱི་སྤྱོད་པ་དང་། རྒྱ་ཆེན་པོའི་སྤྱོད་པ་དང་། ཆགས་ཅན་གྱི་སྤྱོད་པ་གསུམ་གྱི་ནང་ནས། ཀུན་དགའ་བོ་དང་པོ་ལ་སྤྱོད་པའི་ཚུལ་བཟུང་བ་ཉིད་ཀྱི་ཆ་ནས། སརྦ་མངྒ་ལཾ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །
བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །