ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།
དུས་སུ་མེར་བསྲེགས་ཤིང་ཆུས་བཀྲུས་ན་རྒྱན་དེ་དང་དེ་དག་ཏུ་བྱ་བ་མཉེན་ཞིང་ལས་སུ་རུང་བའི་ཚུལ་གྱིས་མངོན་སུམ་དུ་བྱས་པར་འགྱུར་ཏེ། དེ་ལ་མགར་བའམ་མགར་བའི་སློབ་མ་མཁས་པ་དེ་དང་མཐུན་པའི་བཟོ་ཤེས་པ་དེས་མགར་དཔྱད་ཀྱིས་རྒྱན་གྱི་རྣམ་པ་ཅི་འདོད་པ་དེར་སྒྱུར་བར་བྱེད་པ་དེ་བཞིན་དུ། རྣལ་འབྱོར་པས་ཀྱང་གང་གི་ཚེ་སེམས་དེ་བརྣབ་སེམས་ལ་སོགས་པའི་དྲི་མ་དང་སྙིགས་མ་ལ་མི་ཕྱོགས་པ་ཉིད་ཀྱིས་སྐྱོ་བར་བྱས་ལ་ཉོན་མོངས་པ་ཅན་གྱི་ཡིད་མི་བདེ་བ་ལ་མི་ཕྱོགས་པ་ཉིད་དང༌། དགེ་བའི་ཕྱོགས་ལ་མངོན་པར་དགའ་བ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱིས་མངོན་པར་དགའ་བར་བྱས་ན། རྣལ་འབྱོར་པ་དེས་སེམས་དེ་ཞི་གནས་ཀྱི་ཕྱོགས་སམ་ལྷག་མཐོང་གི་ཕྱོགས་གང་དང་གང་དག་ལ་ངེས་པར་སྦྱོར་བར་བྱེད་པ་དེ་དང་དེ་དག་ལ་ཤིན་ཏུ་ཉེ་བར་འབྱོར་པ་དང་ཤིན་ཏུ་རྣལ་དུ་འབབ་པ་དང་མི་གཡོ་བ་དང་མི་འགུལ་བར་འགྱུར་ཞིང༌། ཇི་ལྟར་བསམས་པའི་དོན་ཡང་དག་པར་འགྲུབ་པའི་ཕྱིར་འགྲོ་བར་ཡང་འགྱུར་རོ། །ཞེས་གསུངས་སོ། །གཞན་ཡང་སེམས་དམིགས་པ་གཅིག་ལ་བརྟན་ཆགས་པར་གནས་པའི་ཏིང་ངེ་འཛིན་གྱི་འགལ་རྐྱེན་གྱི་གཙོ་བོ་ནི་གཉིས་ཏེ། བྱིང་བ་དང་རྒོད་པའོ། །དེ་ལ་དཀོན་མཆོག་ལ་སོགས་པའི་ཡོན་ཏན་མཐོང་བའི་བློ་ཤུགས་དྲག་ལ་རྒྱུན་རིང་བ་ཡོད་ན་བྱིང་བ་གཅོད་པར་ཤིན་ཏུ་སླ་སྟེ། དེའི་གཉེན་པོ་ནི་ཡོན་ཏན་མཐོང་བའི་སྒོ་ནས་སེམས་གཟེངས་བསྟོད་པ་ཡིན་པར་ཚད་ལྡན་དུ་མས་གསུངས་པའི་ཕྱིར་རོ། །
མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པའི་ཉེས་དམིགས་མཐོང་བའི་བློ་ཤུགས་དྲག་ལ་རྒྱུན་རིང་བ་ཡོད་ན་རྒོད་པ་གཅོད་པར་ཤིན་ཏུ་སླ་སྟེ། རྒོད་པ་ནི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་གཡེང་བ་ཡིན་པས་དེའི་གཉེན་པོ་ལ་སྐྱོ་ཤས་བསྔགས་པར་གཞུང་དུ་མ་ནས་གསུངས་པའི་ཕྱིར་རོ། །དེས་ན་བཤེས་གཉེན་ལ་དད་པ་སྦྱོང་བ་ནས་འཇུག་སེམས་སྦྱོང་བ་མན་ཆད་ལ་ཇི་ཙམ་དུ་མང་དུ་བསྒོམས་པ་དེ་ཙམ་དུ་མཁས་པ་དགྱེས་པའི་ཏིང་ངེ་འཛིན་བརྟན་པོ་རྣམས་བདེ་བླག་ཏུ་འགྲུབ་པ་ཡིན་ནོ། །འཇོག་སྒོམ་དུ་མ་ཟད་དཔྱད་སྒོམ་རྣམས་ལ༌ཡང་བྱིང་རྒོད་གཉིས་དང་བྲལ་བར་བྱས་ལ་བསྐྱང་དགོས་ཤིང༌། མན་ངག་འདི་པའི་བླ་མ་གོང་མ་མཁས་པ་རྣམས་སྐབས་ཀྱི་དམིགས་པ་གང་འབོགས་པ་དེའི་དམིགས་སྐོར་ལ་ངེས་ཤེས་དྲང་བའི་ཕྱིར་དུ་མདོ་བསྟན་བཅོས་ཀྱི་ལུང་སྐབས་སུ་བབ་པ་རྣམས་ཀྱི་དོན་བླ་མའི་མན་ངག་གིས་སེམས་ལ་བསྐོར་ནས་སྔ་མ་སྔ་མའི་གསུང་སྒྲོས་ཀྱིས་བརྒྱན་ཏེ། མཐའ་དག་པར་འཆད་ཅིང་ཆོས་འཆད་ཤེས་པ་ཞིག་གིས་ཉན་ཤེས་པ་ཞིག་ལ་བཤད་པ་ན་ཆོས་གྲྭའི་བློའི་འཁུལ་འདྲ་བ་ལྐོག་ཏུ་བསམས་པ་ལ་འོང་དཀའ་གསུང་བ་ནི་ཤིན་ཏུ་ལེགས་ཤིང་མད་པས། ད་རེས་དམིགས་པའི་སྐབས་ཡིན་ཟེར་ནས་འབུས་ཙམ་རེ་བྱར་མི་རུང་སྟེ། དེ་ནི་ཐོས་བསམ་གྱི་དུས་དང་ཉམས་ལེན་གྱི་དུས་ཞེས་ཆོས་མང་དུ་བཤད་པ་དང་ཉམས་ལེན་གྱི་སྐབས་གཉིས་འགལ་བར་འཛིན་པའི་ལོག་རྟོག་ཡིན་པའི་ཕྱིར་རོ། །འོན་ཀྱང་བཤད་པ་ཐམས་ཅད་ཉམས་ལེན་དུ་འཁྱེར་ཤེས་པ་སྲིད་མཐའ་
རུ་སྣང་བས་སྐྱོང་རྒྱུ་ཉེ་བར་བསྡུས་པ་རེ་ཡང་གུད་དུ་བྱའོ། །གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་མི་འཆར་ནི་སྐྱོང་ཚུལ་འདི་ལ་ངེས་པ་རྙེད་མ་རྙེད་ཁོ་ནའི་རྗེས་སུ་བྱེད་པར་སྣང་ཞིང་སྡེ་སྣོད་ལ་མ་སྦྱངས་པ་རྣམས་ལྟ་ཅི་སྨོས་ཏེ། མདོ་སྔགས་ཀྱི་གཞུང་ཆེ་བ་ལ་རིང་དུ་སྦྱངས་པ་རྣམས་ཀྱང་ལམ་བསྒོམ་པའི་ཚེ་རང་གིས་གང་ལ་སྦྱངས་པའི་གཞུང་དེ་དག་གི་ཕྱོགས་སྔ་མར་འོང་བར་སྣང་བས། རྒྱས་པར་གཏན་ལ་དབབ་དགོས་པར་འདུག་ནའང་ཚིག་མངས་སུ་དོགས་པས་དེ་ཙམ་ལས་མ་སྨོས་སོ། །སྐྱོང་ཚུལ་ལ་ལོག་རྟོག་དགག་པ་བཤད་ཟིན་ཏོ། །ད་ནི་སྔར་བཤད་པ་ལྟར་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པའི་སློབ་མ་དེ་བླ་མས་ཇི་ལྟར་འཁྲིད་པའི་རིམ་པ་བསྟན་པར་བྱ་དགོས་པས། གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ་གཉིས། དལ་བའི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་དུ་བསྐུལ་བ་དང༌། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ། །དང་པོ་ལ་གསུམ། དལ་འབྱོར་ངོས་བཟུང་བ་དང་། དེ་དོན་ཆེ་བ་བསམ་པ་དང༌། རྙེད་དཀའ་བ་བསམ་པའོ། །དང་པོ་ལ་གཉིས། དལ་བ་དང༌། འབྱོར་པའོ། །དང་པོ་ནི། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། ཁྲིམས་ཀྱིས་དུད་འགྲོ་འགྲོ་བ་དུ་མའི་ངོ་བོ་དང༌། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་པ་ལྟར། མི་ཁོམ་པ་བརྒྱད་དང་བྲལ་བ་ནི་དལ་བའོ། །མི་ཁོམ་པ་བརྒྱད་ནི། བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་
སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་བ་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་བརྙེས་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ་མཐའ་འཁོབ་དང༌། གླེན་ལྐུགས་དང་ཡན་ལག་དང་རྣ་བ་སོགས་མ་ཚང་བའི་དབང་པོ་མ་ཚང་བ་དང༌། ཚེ་སྔ་ཕྱི་དང་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དང༌། སངས་རྒྱས་འབྱུང་བ་མེད་པའི་རྒྱལ་བའི་བཀའ་མེད་པ་བཞི་ལས། དང་པོ་གཉིས་དང་ཐ་མས་ནི་བླང་དོར་ཤེས་པར་མི་ནུས་ལ་གསུམ་པ་ནི་དམ་པའི་ཆོས་ལ་མི་མོས་པའོ། །ངན་སོང་གསུམ་ནི་ཆོས་ཀྱི་བློ་སྐྱེ་བར་ཤིན་ཏུ་དཀའ་ལ་ཅུང་ཟད་སྐྱེས་ཀྱང་སྡུག་བསྔལ་གྱིས་མནར་བས་མི་ནུས་པ་དང༌། ལྷ་ཚེ་རིང་པོ་ནི། བཤེས་སྤྲིངས་འགྲེལ་པར་འདུ་ཤེས་མེད་པ་པ་དང་གཟུགས་མེད་པ་གཉིས་ལ་བཤད་ཅིང༌། མི་ཁོམ་པ་བརྒྱད་ཀྱི་གཏམ་ལས། འདོད་པའི་བྱ་བས་རྟག་ཏུ་གཡེངས་པའི་འདོད་ལྷ་ལ་བཤད་དེ། འདུ་ཤེས་མེད་པ་པ་ནི་བསམ་གཏན་བཞི་པའི་གནས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་ཅིང་། དེར་སྐྱེས་མ་ཐག་དང་འཆི་བའི་ཚེ་མ་གཏོགས་པ་སེམས་དང་སེམས་བྱུང་གི་རྒྱུ་བ་འགགས་ནས་བསྐལ་ཆེན་མང་པོར་གནས་པར་མངོན་པ་ནས་གསུངས་སོ། །གཟུགས་མེད་ན་ཡོད་པའི་འཕགས་པ་
མི་ཁོམ་པར་མི་རིགས་པས་དེར་སྐྱེས་པའི་སོ་སོའི་སྐྱེ་བོ་ལ་ནི་ཐར་ལམ་བསྒྲུབ་པའི་སྐལ་བ་མེད་པས་མི་ཁོམ་པའོ། །རྟག་ཏུ་གཡེངས་པའི་འདོད་ལྷ་ཡང་དེ་དང་འདྲའོ། །དེས་ན་དེ་དག་ལ་མི་ཁོམ་པ་ཞེས་བྱ་སྟེ། བཤེས་སྤྲིངས་འགྲེལ་པ་ལས། གནས་བརྒྱད་པོ་དེ་དག་ཏུ་དགེ་བ་བྱ་བའི་དལ་བ་མེད་པས་ན་མི་ཁོམ་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་འབྱོར་པ་ལ་གཉིས་ལས། རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པའོ། །དེ་ལ་དབུས་སུ་སྐྱེས་པ་ནི། འཁོར་རྣམ་བཞི་རྒྱུ་བ་ཡོད་སར་སྐྱེས་པའོ། །དབང་པོ་ཚང་བ་ནི། གླེན་ལྐུགས་སུ༌མ་སོང་ཞིང་ཡན་ལག་དང་ཉིང་ལག་དང་མིག་རྣ་སོགས་ཚང་བའོ། །ལས་མཐའ་མ་ལོག་པ་ནི། མཚམས་མེད་བྱས་སམ་བྱེད་དུ་བཅུག་པ་མ་ཡིན་པའོ། །གནས་ལ་དད་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀར་ཆོས་ཐམས་ཅད་སྐྱེ་བའི་གནས་འདུལ་བ་ལ་དད་པ་སྟེ་འདུལ་བ་ནི་འདིར་སྡེ་སྣོད་གསུམ་ག་ལ་བྱའོ། །ལྔ་པོ་དེ་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་བསྒྲུབ་པའི་ཆ་རྐྱེན་ཡིན་པས་རང་གི་འབྱོར་པ་ཞེས་བྱའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དམ་ཆོས་སྟོན། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བ་འོ། །ཞེས་པའོ། །དེ་ལ་སངས་རྒྱས་བྱོན་པའམ་འབྱུང་བ་ནི། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཚོགས་བསགས་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །
དམ་པའི་ཆོས་སྟོན་པ་ནི། སངས་རྒྱས་སམ་དེའི་ཉན་ཐོས་ཀྱིས་ཆོས་སྟོན་པའོ། །ཆོས་བསྟན་པ་གནས་པ་ནི། སངས་རྒྱས་ཤིང་ཆོས་བསྟན་པ་ནས་མྱ་ངན་ལས་མ་འདས་བར་དུ་དོན་དམ་པའི་དམ་ཆོས་མངོན་དུ་བྱེད་པའི་ཚུལ་གྱིས་སྒྲུབ་པའི་ཆོས་མ༌ཉམས་པའོ། །ཆོས་གནས་པ་རྗེས་སུ་འཇུག་པ་ནི། ཆོས་རྟོགས་པ་དེ་ཉིད་ཀྱིས་སྐྱེ་བོ་རྣམས་ལ་དམ་པའི་ཆོས་མངོན་སུམ་དུ་བྱ་བའི་མཐུ་ཡོད་པར་རིག་ནས་ཇི་ལྟར་རྟོགས་པ་ལྟར་བསྟན་པ་ལ་རྗེས་སུ་འཇུག་པའོ། །གཞན་གྱི་ཕྱིར་སྙིང་བརྩེ་བར་བྱེད་པ་ནི། སྦྱིན་པ་པོ་དང་སྦྱིན་བདག་གིས་ཆོས་གོས་ལ་སོགས་པ་སྟེར་བའོ། །དེ་ལྔ་ནི་གཞན་རྒྱུད་ལ་ཡོད་ཅིང་ཆོས་བསྒྲུབ་པའི་ཆ་རྐྱེན་ཡིན་པས་གཞན་འབྱོར་རོ། །ཉན་ས་ལས་བཤད་པའི་གཞན་འབྱོར་བཞི་ནི་ད་ལྟ་མ་ཚང་བར་སྣང་ཡང་དམ་པའི་ཆོས་སྟོན་པ་དང་ཆོས་བསྟན་པ་རྣམས་གནས་པ་དང་ཆོས་གནས་པ་རྣམས་རྗེས་སུ་འཇུག་པར་བྱེད་པ་ནི་རྗེས་མཐུན་པ་ཚང་དུ་རུང་ངོ་། །གཉིས་པ་དལ་འབྱོར་དོན་ཆེ་བ་བསམ་པ་ནི། གཏན་གྱི་བདེ་བ་ཞིག་བསྒྲུབ་པའི་ཕྱིར་དུ་ཆོས་རྣམ་དག་བསྒྲུབ་པ་ཞིག་མ་བྱུང་ན་མ་ཤི་ཚུན་ཆོད་ཀྱི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བ༌ཙམ་ལ་བརྩོན་པ་ནི་དུད་འགྲོ་ལ༌ཡང་ཡོད་པས་བདེ་འགྲོར་སྐྱེས་ཀྱང་དུད་འགྲོ་དང་འདྲ་སྟེ། སློབ་སྤྲིངས་ལས། ཇི་ལྟར་གླང་བུ་ཁྲོན་ཟབ་ཁ་ནས་འཁྲུངས་པ་ཡི། །རྩྭ་ལོ་ཁམ་འགའ་ལ་ནི་ཡིད་ནི་ཆགས་གྱུར་ནས། །རྙེད་པ་གྲུབ་པ་མེད་པར་གཡང་དུ་ལྷུང་བ་ལྟར། །འཚོ་བའི་འཇིག་རྟེན་བདེ་ལྡན་འདོད་པའང་དེ་དང་འདྲ། །ཞེས་གསུངས་པའི་
ཕྱིར་རོ། །སྤྱིར་དེ་ལྟ་བུའི་ཆོས་བསྒྲུབ་པ་དང་ཁྱད་པར་དུ་ཐེག་ཆེན་གྱི་ལམ་བསྒྲུབ་པ་ནི་རྟེན་གང་རུང་རུང་གིས་མི་ཆོག་པས་སྔར་བཤད་པའི་རྟེན་དེ་ལྟ་བུ་ཞིག་ཐོབ་དགོས་ཏེ། སློབ་སྤྲིངས་ལས། བདེ་གཤེགས་ལམ་རྟེན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང༌། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་རྙེད་མིན་ལྷ་མིན་དང༌། །མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན། །ཞེས་དང༌། མངལ་དུ་འཇུག་པ་ལས་ཀྱང༌། མིར་སྐྱེས་ནའང་དེ་ལྟར་སྡུག་བསྔལ་མཐའ་ཡས་པ་དང་ལྡན་ཡང་གནས་མཆོག་ཡིན་པས་བསྐལ་པ་བྱེ་བར་ཡང་རྙེད་དཀའོ། །ལྷ་དག་འཆི་བ་ནའང་ལྷ་གཞན་དག་ཁྱོད་བདེ་འགྲོར་སྐྱེ་བར་གྱུར་ཅིག །བདེ་འགྲོ་ནི་མིའི་འགྲོ་བའོ། །ཞེས་གསུངས་པ་ལྟར། ལྷ་རྣམས་ཀྱང་རྟེན་འདི་ལ་སྨོན་གནས་སུ་བྱེད་པའི་ཕྱིར་རོ། །གཞན་ཡང་སྔོན་མིའི་རྟེན་ལ་ལམ་ལ་སྦྱངས་པའི་བག་ཆགས་འཐུག་པའི་འདོད་ལྷ་ཁ་ཅིག༌དང་པོར་བདེན་པ་མཐོང་བའི་རྟེན་དུ་རུང་ཡང་ཁམས་གོང་མའི་རྟེན་ལ་དང་པོར་འཕགས་ལམ་ཐོབ་པ་མི་སྲིད་ཅིང༌། འདོད་ལྷ་ཕལ་ཆེར་ཡང་སྔར་བཤད་པ་ལྟར་མི་ཁོམ་པའི་གནས་སུ་གསུངས་པས་ལམ་ཐོག་མར་བསྒྲུབ་པའི་རྟེན་ལ་མི་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་སྒྲ་མི་སྙན་པ་སྡོམ་པའི་རྟེན་དུ་མི་རུང་བས་གླིང་གསུམ་གྱི་རྟེན་བསྔགས་ལ་དེའི་ནང་ནས་ཀྱང་འཛམ་བུ་གླིང་པའི་རྟེན་བསྔགས་སོ། །དེས་ན་འདི་འདྲ་བའི་རྟེན་བཟང་པོ་ཐོབ་པ་འདི་བདག་གིས་ཅིའི་ཕྱིར་འབྲས་བུ་
མེད་པར་བྱ། འདི་དོན་མེད་དུ་བྱས་ན་ནི་རང་གིས་རང་བསླུས་པ་དང་རྨོངས་ཚབས་འདི་ལས་ཆེ་བ་ཅི་ཞིག་ཡོད། ངན་འགྲོ་ལ་སོགས་པའི་མི་ཁོམ་པའི་གནས་ཀྱི་འཕྲང་མང་པོ་ལ་བརྒྱུད་བརྒྱུད་དེ་ལན་ཅིག་ཙམ་ཐར་པ་འདི་དོན་མེད་དུ་བྱས་ནས། ཡང་གནས་དེ་དག་ཏུ་ལོག་ནས་འགྲོ༌ན་ནི་རིག་སྔགས་ཀྱིས་རྨོངས་པར་བྱས་པ་བཞིན་དུ་བདག་ནི་སེམས་མེད་པར་གྱུར་པའོ་སྙམ་པ་ལ་སོགས་པའི་སྒོ་ནས་ཡང་དང་ཡང་དུ་བསྒོམ་པར་བྱ་སྟེ། འཕགས་པ་དཔའ་བོས། གང་ཞིག་ཐོབ་ན་འཁོར་བ་ཡི། །ཕ་རོལ་ཕྱིན་པའི་ས་བོན་བསྐྲུན། །བྱང་ཆུབ་དཔལ་གྱི་ས་བོན་མཆོག །ཡིད་བཞིན་ནོར་བུ་ལས་ལྷག་པའི། །ཡོན་ཏན་རྒྱུན་གྱི་མི་རྣམས་ནི། །སུ་ཞིག་འདིར་དེ་འབྲས་མེད་བྱེད། །ཅེས་དང༌། སྤྱོད་འཇུག་ལས་ཀྱང་། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །གལ་ཏེ་བདག་གིས་དེ་རྟོགས་ནས། །རྨོངས་པས་ཕྱིས་ཀྱང་སྒྱིད་ལུག་ན། །འཆི་བར་འགྱུར་བའི་དུས་ཀྱི་ཚེ། །མྱ་ངན་ཆེན་པོ་ལྡང་བར་འགྱུར། །དམྱལ་མེ་བཟོད་དཀས་ཡུན་རིང་དུ། །བདག་གི་ལུས་ལ་བསྲེགས་གྱུར་ན། །འགྱོད་པ་མི་བཟད་མེ་འབར་བས། །སེམས་གདུང་འགྱུར་བར་གདོན་མི་ཟ། །ཤིན་ཏུ་རྙེད་དཀའ་ཕན་པའི་ས། །ཅི་ཞིག་ལྟར་སྟེས་རྙེད་གྱུར་ནས། །བདག་ཉིད་ཤེས་དང་ལྡན་བཞིན་དུ། །ཕྱིར་ཡང་དམྱལ་བ་དེར་ཁྲིད་ན། །སྔགས་ཀྱིས་རྨོངས་པར་བྱས་པ་བཞིན། །བདག་ལ་འདིར་སེམས་མེད་དུ་ཟད། །ཅིས་རྨོངས་
བདག་ཀྱང་མ་ཤེས་ཏེ། །བདག་གི་ཁོང་ན་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར་རོ། །སྟོན་པའི་ཞལ་ནས་ཀྱང་སྤྱན་སྔ་བ་ལ། དལ་བ་འབྱོར་པ་མིའི་ལུས་ཐོབ་པ་དྲན་ནམ་གསུང་བ་དང༌། སྤྱན་སྔ་ཡང་ཐུགས་དམ་ལ་འཇུག་རེས་ཀྱིས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། །དེ་ལས་ཕྱིས་ནས་གང་གིས་སློང་བར་འགྱུར། །ཞེས་འཇུག་པ་ནས་གསུངས་པ་དེ་ལན་རེ་རེ་བཏོན་ནས་ཐུགས་དམ་མཛད་པ་ལྟར་བྱའོ། །དེ་ལྟར་མཐར་ཐུག་ལ་ལྟོས་ཏེ་དོན་ཆེ་བ་དེ་བཞིན་དུ་གནས་སྐབས་ལ་ལྟོས་ནས་ཀྱང་མངོན་མཐོའི་ལུས་དང་ལོངས་སྤྱོད་དང་འཁོར་ཕུན་སུམ་ཚོགས་པའི་རྒྱུ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ལ་སོགས་པ་རྣམས་རྟེན་འདིས་བདེ་བླག་ཏུ་བསྒྲུབ་ནུས་ལུགས་རྣམས་ཀྱང་བསམ་མོ། །དེ་ལྟར་མངོན་མཐོ་དང་ངེས་ལེགས་ལ་ལྟོས་ཏེ་དོན་ཆེ་བའི་རྟེན་དེ་དེ་གཉིས་ཀྱི་རྒྱུ༌ལ་ཉིན་མཚན་དུ་མ་འབད་པར་ཆུད་གཟན་ན་རིན་པོ་ཆེའི་གླིང་ནས་ལག་སྟོང་དུ་ལྡོག་པ་ལྟ་བུ་དང༌། ཕྱི་མར་ཡང་བདེ་བས་ཕོངས་པར་འགྱུར་ཞིང་དལ་བའི་རྟེན་མི་འཐོབ་ལ་དེ་མ་ཐོབ་ན་སྡུག་བསྔལ་བརྒྱུད་མར་འབྱུང་བས་དེ་བས་བསླུས་པ་ཅི་ཞིག་ཡོད་སྙམ་དུ་བསམ་སྟེ། འཕགས་པ་དཔའ་བོས། གང་ཞིག་དགེ་བས་ཕྱུག་པའི་མི། །བསྐལ་པ་གྲངས་མེད་ཀྱིས་ཐོབ་ནས། །འདིར་ནི་རྨོངས་པས་བསོད་ནམས་གཏེར། །ཅུང་ཟད་ཙམ་ཡང་མི་གསོག་པ། །དེ་དག་
འཇིག་རྟེན་ཕ་རོལ་ཏུ། །མི་བཟད་མྱ་ངན་ཁང་པར་འཇུག །རིན་ཆེན་གླིང་ཕྱིན་ཚོང་པ་ནི། །ལག་པ་སྟོང་པས་རང་ཁྱིམ་བཞིན། །དགེ་བཅུའི་ལས་ཀྱི་ལམ་མེད་པར། །ཕྱི་ནས་ཡང་ནི་ཐོབ་མ་ཡིན། །མི་མ་ཐོབ་པར་བདེ་བ་ནི། །ཇི་ལྟར་དེ་བདེ་སྡུག་བསྔལ་ཉིད། །དེ་བས་ཕ་རོལ་བསླུས་ཡོད་མིན། །དེ་ལས་མཆོག་ཏུ་རྨོངས་པ་མེད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་བསམས་པའི་མཐར་ཡང་སྙིང་པོ་ལེན་འདོད་ཆེན་པོ་བསྐྱེད་དེ། སྤྱོད་འཇུག་ལས། འདི་ལ་གླ་རྔན་བྱིན་ནས་ནི། །ད་ནི་རང་གི་དོན་བྱེད་ཆུག །ཕན་པ་མེད་པར་འདི་ལ་ནི། །ཐམས་ཅད་སྦྱིན་པར་མི་བྱ་འོ། །ཞེས་དང༌། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་པ་ལྟར་རོ། །པོ་ཏོ་བའི་དཔེ་ཆོས་ལས་ཀྱང༌། སྲིན་བུས་ཕྱག་འཚལ་རྐྱང་ལ་ཞོན། །གཙང་པའི་ཉ་དང་སྨེ་འུ་ཟན། །ཞེས་གསུངས་པ་ལྟར་བསམས་ལ་སྙིང་པོ་ལེན་འདོད་བསྐྱེད་དོ། །གསུམ་པ་ཤིན་ཏུ་རྙེད་དཀའ་བ་བསམ་པ་ནི། དེ་ལྟ་བུའི་དལ་བ་དེ་ཡང༌། ལུང་གཞི་ལས། ངན་འགྲོ་ནས་ཤི་འཕོས་ཏེ་དེར་སྐྱེ་བ་ནི་ས་ཆེན་པོའི་རྡུལ་དང༌། དེ་ནས་བདེ་འགྲོར་སྐྱེ་བ་ནི་སེན་མོའི་རྩེ་མོས་བླངས་པའི་རྡུལ་དང་འདྲ་ཞིང༌། བདེ་འགྲོ་གཉིས་ནས་ཤི་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པོ་དང༌། དེ་ནས་བདེ་འགྲོར་སྐྱེ་བ་ནི་ཕྱག་སེན་གྱི་རྩེ་མོས་བཞེས་པའི་རྡུལ་དང་འདྲ་བར་གསུངས་པས། བདེ་འགྲོ་དང་ངན་འགྲོ་གཉིས་ཀ་ནས་རྙེད་པར་དཀའོ། །དེ་ཙམ་དུ་
རྙེད་པར་དཀའ་བ་རང་ཅི་ཡིན་སྙམ་ན། བཞི་བརྒྱ་པ་ལས། ཕལ་མོ་ཆེར་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་གསུངས་པ་ལྟར། བདེ་འགྲོ་མི་ལ་སོགས་པ༌ཡང་ཕལ་ཆེར་དམ་པ་མིན་པ་མི་དགེ་བཅུ་ལ་སོགས་པའི་ཕྱོགས་ཡོངས་སུ་འཛིན་པ་མང་ལ། དེས་ཀྱང་ངན་འགྲོར་འགྲོ་བའི་ཕྱིར་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བ་ལྟ་བུ་སྐད་ཅིག་རེ་རེས་ཀྱང་བསྐལ་པར་མནར་མེད་དུ་གནས་དགོས་ན། སྐྱེ་བ་དུ་མར་སྔོན་བསགས་པའི་སྡིག་པ་འབྲས་བུ་མ་ཕྱུང་ཞིང་གཉེན་པོས་མ་བཅོམ་པ་རང་གི་རྒྱུད་ལ་དུ་མ་ཡོད་པ་རྣམས་ཀྱིས་ངན་འགྲོར་བསྐལ་པ་དུ་མར་གནས་དགོས་པ་ལྟ་ཅི་སྨོས། དེ་ལྟ་ནའང་ངན་འགྲོའི་རྒྱུ་སྔར་བསགས་འདག་ངེས་སུ་སྦྱོང་ཞིང༌། གསར་དུ་འཇུག་པའི་སྒོ་སྡོམ་པར་བྱེད་ན་བདེ་འགྲོ་མི་དཀོན་ནའང་དེ་ལྟ་བུ་ནི་ཤིན་ཏུ་དཀོན་ནོ། །དེ་ལྟར་མ་བྱས་ན་ངན་འགྲོར་འགྲོ་ལ་ངན་འགྲོར་སོང་ན་དགེ་བ་ནི་མི་བྱེད་ལ་སྡིག་པ་ནི་རྒྱུན་དུ་བྱེད་པས་བསྐལ་པ་དུ་མར་ཡང་བདེ་འགྲོའི་མིང་ཡང་མི་ཐོས་པའི་ཕྱིར་རྙེད་པར་དཀའ་སྟེ། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང༌། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་
པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །སྐད་ཅིག་གཅིག་བྱས་སྡིག་པས་ཀྱང༌། །བསྐལ་པར་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ངན་འགྲོའི་སྡུག་བསྔལ་མྱོང་བ་ན་སྔོན་གྱི་ལས་ངན་པ་རྣམས་ཟད་ནས་ཡང་བདེ་འགྲོར་སྐྱེ་བས་ཐར་བར་མི་དཀའོ་སྙམ་ན། སྡུག་བསྔལ་དེ་མྱོང་བཞིན་དུ་སྡིག་པ་འཕྲལ་འཕྲལ་ལ་གསོག་པས་ངན་འགྲོ་ནས་ཤི་འཕོས་ཀྱང་ངན་འགྲོར་བརྒྱུད་དགོས་པས་ཐར་བར་དཀའ་སྟེ། དེ་ཙམ་ཁོ་ན་མྱོང་གྱུར་ནས། །དེ་ནི་རྣམ་ཐར་མི་འགྱུར་ཏེ། །འདི་ལྟར་དེ་ནི་མྱོང་བཞིན་དུ། །སྡིག་པ་གཞན་དག་རབ་ཏུ་སྐྱེ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རྙེད་དཀའ་བ་བསམས་པའི་མཐར་ཡང་རྟེན་འདི་ཉེས་སྤྱོད་ལ་བཀོལ་ན་ནི་ཤིན་ཏུ་ཆུད་ཟོས་པར་བལྟས་ལ་དམ་ཆོས་བསྒྲུབ་པས་དུས་འདའ་བར་བྱའོ་སྙམ་དུ་སྙིང་པོ་ལེན་འདོད་བསྐྱེད་དེ། །བཤེས་སྤྲིངས་ལས། རྒྱ་མཚོ་ཆེར་གནས་གཉའ་ཤིང་བུག་པ་དང༌། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །གང་ཞིག་
གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ཀྱང༌། །གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་དང༌། སློབ་སྤྲིངས་ལས་ཀྱང༌། མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་ཡིན་དེ་ཉིད་བརྟུན་ཏེ་བསྒྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་རྣལ་འབྱོར་པ་ཆེན་པོས་སྤྱན་སྔ་ལ་བག་རེ་ཕྱོགས་གསུང་བ་ལ། དེ་ལྟར་འཚལ་བ་ལ་དལ་འབྱོར་འདི་རྙེད་པར་དཀའ་བས་གསུང་བ་དང༌། འཕན་ཡུལ་ན་རྨའི་ཕྱྭ་མཁར་བྱ་བ་རྡོས་ཅན་ཞིག་ཡོད་པ་དགྲས་ཕྲོགས་ནས་ཡུན་རིང་ཞིག་ཁ་ཉེན་པོར་སོང་བས། རྒད་པོ་ཞིག་མཁར་དེས་གདུངས་ཡོད་པ་ལ་ལན་ཅིག་མཁར་དེ་ཐོབ་ཟེར་བ་ཐོས་པས་འགྲོ་མི་ནུས་བཞིན་དུ་མདུང་ཞིག་བཟུང་ནས་བཤལ་དྲུད་བྱེད་ཅིང་རྨའི་ཕྱྭ་མཁར་ཐོབ་པ་འདི་རྨི་ལམ་མིན་ན་རུང་སྟེ་ཟེར་བ་ལྟར། དལ་འབྱོར་ཐོབ་པ་ལའང་དེ་ལྟ་བུའི་དགའ་བ་རྙེད་ནས་ཆོས་བསྒྲུབ་པ་དགོས་ཞེས་པོ་ཏོ་བ་གསུང་བ་ལྟར་བློ་དེ་ལྟ་བུ་རྙེད་རྙེད་དུ་བསྒོམ་པར་བྱའོ། །དེ་ལྟར་དལ་བའི་རྟེན་ལ་སྙིང་པོ་ལེན་འདོད་མཚན་ཉིད་ཚང་བ་ཞིག་བསྐྱེད་པ་ལ་ཆོས་བཞི་བསམ་དགོས་སོ། །དེ་ལ་བསྒྲུབ་དགོས་པ་ནི། སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཁོ་ན་ཡིན་ལ། བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བའང་དམ་པའི་ཆོས་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །བསྒྲུབ་ནུས་པ་ནི། ཕྱིའི་རྐྱེན་བཤེས་གཉེན་དང་ནང་གི་རྐྱེན་དལ་འབྱོར་དང་ལྡན་པའི་ཕྱིར་རོ། །
དེ་ཡང་ཚེ་འདིར་བསྒྲུབ་དགོས་པ་ནི། འདིར་མ་བསྒྲུབས་ན་སྐྱེ་བ་དུ་མར་དལ་འབྱོར་ཤིན་ཏུ་རྙེད་དཀའ་བའི་ཕྱིར་རོ། །ད་ལྟ་ཉིད་ནས་བསྒྲུབ་དགོས་པ་ནི། ནམ་འཆི་ལ་ངེས་པ་མེད་པའི་ཕྱིར་རོ། །དེ་ལ་གསུམ་པས་ནི་སྐྱེ་བ་རྟིང་མ་རྣམས་སུ་ཆོས་བྱའོ་སྙམ་ནས་འདོར་བའི་ལེ་ལོ་འགོག་ལ། བཞི་པས་ནི་ཚེ་འདིར་སྒྲུབ་དགོས་ཀྱང་ལོ་དང་ཟླ་བ་དང་ཞག་སྔ་མ་རྣམས་ལ་མ་གྲུབ་ཀྱང་ཕྱི་མ་ཕྱི་མ་ལ་བསྒྲུབ་པས་ཆོག་སྙམ་ནས་མི་འཇུག་པའི་ལེ་ལོ་འགོག་པས་དེ་གཉིས་མྱུར་དུ་བསྒྲུབ་པར་བསྡུས་ནས་གསུམ་དུ་བྱས་ཀྱང་ཆོག་གོ །དེ་ལྟར་ན་འཆི་བ་དྲན་པ་ནི་འདིར་ཡང་འབྲེལ་མོད་འོན་ཀྱང་ཚིག་ཚོགས་ཆེ་བས་འོག་ཏུ་བཤད་པར་བྱའོ། །དེ་ལྟར་སྒོ་སྣ་ཚོགས་ནས་བསམས་ན་བློའི་འཁུལ་ཆེ་བས་སྔར་བཤད་པ་ལྟར་བསམས་ལ། དེ་ཙམ་མ་ནུས་ན་དལ་འབྱོར་གྱི་ངོ་བོ་ཇི་ལྟ་བུ་ཡིན་པ་དང་གནས་སྐབས་དང་མཐར་ཐུག་གི་སྒོ་ནས་དོན་ཆེ་ལུགས་དང་རྒྱུ་དང་འབྲས་བུའི་སྒོ་ནས་རྙེད་དཀའ་ཚུལ་དུ་བསྡུས་ཏེ་ཇི་ལྟར་འཚམ་པ་རེ་སྔར་བཤད་པ་ནས་བླངས་ལ་བསྒོམ་མོ། །དེ་ལ་རྒྱུའི་སྒོ་ནས་རྙེད་དཀའ་བ་ནི། སྤྱིར་བདེ་འགྲོ་ཙམ་ཞིག་ཐོབ་པ་ལའང་ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་དག་སྣ་གཅིག་བྱེད་དགོས་པ་དང༌། ཁྱད་པར་དུ་དལ་འབྱོར་ཚང་བ་འཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་པ་ལ་སོགས་པས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་བ་སོགས་དགེ་རྩ་མང་པོ་ཞིག་དགོས་ན་རྒྱུ་དེ་ལྟ་བུ་བསྒྲུབ་པའང་ཤིན་ཏུ་ཉུང་བར་སྣང་བས་དེ་ལ་དཔགས་ནས་འབྲས་
བུ་བདེ་འགྲོའི་རྟེན་སྤྱི་དང་ཁྱད་པར་རྙེད་དཀའ་བར་སེམས་པའོ། །འབྲས་བུའི་སྒོ་ནས་རྙེད་དཀའ་བ་ནི། རིགས་མི་མཐུན་ངན་འགྲོ་རྣམས་ལ་བལྟོས་ཏེ་བདེ་འགྲོ་ཙམ་ཡང་སྲིད་མཐར་སྣང་ལ། རིགས་མཐུན་བདེ་འགྲོ་ལ་བལྟོས་ཏེ་ཡང་དལ་བ་ཁྱད་པར་ཅན་ནི་ཆེས་དཀོན་པ་བསྒོམ་པའོ། །དགེ་བཤེས་དོལ་པས་འདི་ལ་ནན་ཆེར་མཛད་པས་ཆོས་གཞན་ཀུན་དེས་སྣ་དྲངས་ནས་བྱུང་གསུང་བ་ལྟར་ཡིན་པས་འབད་པར་བྱའོ། །གཉིས་པ་སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལ་གཉིས། ལམ་སྤྱིའི་རྣམ་གཞག་ལ་ངེས་པ་བསྐྱེད་པ་དང༌། དེ་ལ་སྙིང་པོ་ལེན་ཚུལ་དངོས་སོ། །དང་པོ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཐམས་ཅད་འདུ་བའི་ཚུལ་དང་། སྐྱེས་བུ་གསུམ་གྱི་སྒོ་ནས་རིམ་པ་བཞིན་དུ་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། སངས་རྒྱས་ཀྱིས་ཐོག་མར་ཐུགས་བསྐྱེད་པ་དང་བར་དུ་ཚོགས་བསགས་པ་དང་ཐ་མར་མངོན་པར་རྫོགས་པར་སངས་རྒྱས་པ་ཐམས་ཅད་སེམས་ཅན་ཁོ་ནའི་དོན་དུ་ཡིན་པས། ཆོས་གསུངས་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་ཁོ་ན་སྒྲུབ་པར་བྱེད་པའོ། །དེ་ལྟར་ན་བསྒྲུབ་བྱ་སེམས་ཅན་གྱི་དོན་ནི་གཉིས་ཏེ། གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་སོ། །དེ་ལ་གནས་སྐབས་ཀྱི་མངོན་མཐོ་བསྒྲུབ་པ་ལས་བརྩམས་ཏེ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་སྐྱེས་བུ་ཆུང་ངུ་དངོས་སམ་ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆུང་ངུ་ཁྱད་པར་ཅན་ནི། ཚེ་འདི་ལ་ཆེས་
ཆེར་མི་བྱེད་པར་འཇིག་རྟེན་ཕྱི་མའི་མཐོ་རིས་ཀྱི་ཕུན་སུམ་ཚོགས་པ་དོན་དུ་གཉེར་ཞིང་དེའི་རྒྱུ་རྣམས་བསྒྲུབ་པ་ལ་འཇུག་པའི་ཕྱིར་ཏེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །ཞེས་གསུངས་པའི་ཕྱིར་རོ། །ངེས་ལེགས་ལ་གཉིས་ཏེ། འཁོར་བ་ལས་གྲོལ་བ་ཙམ་གྱི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ངོ་། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་བརྩམས་ཏེ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་སྐྱེས་བུ་འབྲིང་དངོས་སམ་འབྲིང་དང་ཐུན་མོང་བའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་འབྲིང་ནི། སྲིད་པ་མཐའ་དག་ལ་སྐྱོ་བ་བསྐྱེད་ནས་སྲིད་པ་ལས་གྲོལ་བའི་ཐར་པ་རང་གི་དོན་དུ་ཐོབ་བྱར་བྱས་ཏེ་དེའི་ཐབས་ལམ་བསླབ་པ་གསུམ་ལ་འཇུག་པ་ཡིན་པའི་ཕྱིར་ཏེ། ལམ་སྒྲོན་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཇོ་བོས་སྤྱོད་བསྡུས་སྒྲོན་མ་ལས། གསང་སྔགས་ཕ་རོལ་ཕྱིན་པ་ལ། །བརྟེན་ནས་བྱང་ཆུབ་བསྒྲུབ་བོ་ཞེས། །བླ་མ་སངས་རྒྱས་གསུང་བས་ན། །དེ་དོན་འདིར་ནི་བྲི་བར་བྱ། །ཞེས་གསུངས་པ་ལྟར། རྣམ་མཁྱེན་སྒྲུབ་པའི་ཐབས་ནི་གཉིས་ཏེ། གསང་སྔགས་ཀྱི་ཐེག་པ་ཆེན་པོ་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོའོ། །དེ་གཉིས་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་དུ་འདུ་སྟེ། སྐྱེས་བུ་ཆེན་པོ་ནི། སྙིང་
རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་དུ་སངས་རྒྱས་ཐོབ་བྱར་བྱས་ཏེ། ཕྱིན་དྲུག་དང་རིམ་པ་གཉིས་ལ་སོགས་པ་ལ་སློབ་པ་ཡིན་པའི་ཕྱིར་ཏེ། ལམ་སྒྲོན་ལས། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་ཤིང༌། སྐྱེས་བུ་དེས་བྱང་ཆུབ་བསྒྲུབ་པའི་ཐབས་ལ་ཕ་རོལ་ཏུ་ཕྱིན་པ་དང་སྔགས་གཉིས་ཀ་འོག་ནས་གསུངས་པའི་ཕྱིར་རོ། །སྐྱེས་བུ་གསུམ་གྱི་ཐ་སྙད་ནི་གཏན་ལ་དབབ་པ་བསྡུ་བར། གཞན་ཡང་གང་ཟག་གསུམ་སྟེ་སྡོམ་པའང་མ་ཡིན་སྡོམ་པ་མ་ཡིན་པའང་མ་ཡིན་པས་བསྡུས་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པའང་ཡོད་དོ། །ཉན་ཐོས་དང་ལྡན་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པའང་ཡོད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དང་ལྡན་པའང་ཡོད་དོ། །དེ་ལའང་དང་པོ་ནི་ཐ་མ་ཡིན་ནོ། །གཉིས་པ་ནི་འབྲིང་ཡིན་ནོ། །གསུམ་པ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ནི་འདི་དང་དོན་འདྲ་ལ། གཞན་ཡང་སྐྱེས་བུ་ཐ་མ་དང་འབྲིང་དང་མཆོག་འཇོག་ཚུལ་མང་པོ་ཞིག་གསུངས་སོ། །ལམ་སྒྲོན་བཞིན་དུ་མཛོད་འགྲེལ་ལས། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་སྐྱེས་བུ་གསུམ་གྱི་མཚན་ཉིད་གསུངས་སོ། །སྐྱེས་བུ་ཆུང་ངུ་ལ་ཚེ་འདི་
ལྷུར་ལེན་པ་དང་ཕྱི་མ་ལྷུར་ལེན་པ་གཉིས་ཡོད་མོད་ཀྱང་འདིར་ནི་གཉིས་པ་སྟེ། དེ་ཡང་མངོན་མཐོའི་ཐབས་མ་ནོར་བ་ལ་ཞུགས་པ་བཟུང་ངོ་། །གཉིས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་རིམ་པ་བཞིན་དུ་འཁྲིད་པའི་རྒྱུ་མཚན་བསྟན་པ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་འཁྲིད་པའི་དོན་གང་ཡིན་པ་དང༌། རིམ་པ་དེ་ལྟར་འཁྲིད་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། དེ་ལྟར་སྐྱེས་བུ་གསུམ་དུ་བཤད་ཀྱང་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པར་སྐྱེས་བུ་གཞན་གཉིས་ཀྱི་ལམ་ཡང་མ་ཚང་བ་མེད་པར་འདུ་བས་དེ་གཉིས་ཐེག་ཆེན་གྱི་ལམ་གྱི་ཆ་ཤས་སམ་ཡན་ལག་ཡིན་ཏེ། སློབ་དཔོན་རྟ་དབྱངས་ཀྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས། མི་འཚེ་བ་དང་བདེན་པ་དང༌། །བྱིན་ནས་ལེན་དང་ཚངས་པར་སྤྱོད། །འཛིན་པ་ཐམས་ཅད་བཏང་བ་ནི། །འདི་ནི་བདེ་འགྲོའི་སྤྱོད་པ་ཡིན། །འཁོར་བའི་སྡུག་བསྔལ་ཡོངས་མཐོང་ནས། །སྤང་ཕྱིར་བདེན་པའི་ལམ་བསྒོམ་ཞིང་། །ཁ་ན་མ་ཐོ་གཉིས་སྤོང་བ། །འདི་ནི་ཞི་བའི་སྤྱོད་པ་ཡིན། །འདི་དག་ཀུན་ཀྱང་བླང་བྱ་སྟེ། །ངེས་འབྱུང་ལམ་གྱི་ཡན་ལག་ཡིན། །ཆོས་ཀུན་སྟོང་པ་ཉིད་རྟོགས་པས། །འགྲོ་ལ་སྙིང་རྗེའི་ཆུ་རྒྱུན་འབྱུང༌། །ཐབས་མཁས་སྤྱོད་པ་མཐའ་ཡས་པ། །ངེས་འབྱུང་མཆོག་གི་སྤྱོད་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འདིར་སྲིད་པའི་བདེ་བ་ཙམ་ལ་ཐོབ་བྱར་བྱེད་པའི་སྐྱེས་བུ་ཆུང་ངུ་དང་འཁོར་བ་ལས་ཐར་བ་ཙམ་རང་གི་དོན་དུ་ཐོབ་བྱར་བྱེད་པའི་སྐྱེས་བུ་འབྲིང་གི་ལམ་དུ་
འཁྲིད་པ་མིན་གྱི། དེ་གཉིས་དང་ཐུན་མོང་བའི་ལམ་འགའ་ཞིག་སྐྱེས་བུ་ཆེན་པོའི་ལམ་ལ་འཁྲིད་པའི་སྔོན་འགྲོར་བྱས་ནས་སྐྱེས་བུ་ཆེན་པོའི་ལམ་སྦྱོང་བའི་ཡན་ལག་ཏུ་བྱེད་པ་ཡིན་ནོ། །དེའི་ཕྱིར་སྔར་བཤད་པ་ལྟར་སྙིང་པོ་ལེན་འདོད་སྐྱེས་པ་ན་སྙིང་པོ་ལེན་ལུགས་ནི། དབུ་མ་སྙིང་པོ་ལས། སུ་ཞིག་ཆུ་ཤིང་དབུ་བ་ལྟར། །སྙིང་པོ་མེད་པའི་ལུས་འདི་དག །གཞན་ཕན་རྐྱེན་དུ་སྒྲུབ་བྱེད་པས། །ལྷུན་པོ་སྙིང་པོར་སྒྲུབ་མི་བྱེད། །ཡ་རབས་སྙིང་རྗེ་ལྡན་པས་ནི། །སྐད་ཅིག་རེ་རེར་རྒ་ཤི་དང༌། །ནད་ཀྱི་གཞིར་གྱུར་ལུས་དག་ནི། །གཞན་ལ་བདེ་བསྐྱེད་གཞིར་བྱེད་དོ། །དམ་ཆོས་སྒྲོན་དང་བཅས་པ་ལ། །མི་ཁོམ་བརྒྱད་སྤངས་ཁོམ་པ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །ཞེས་གསུངས་པ་ལྟར། བདག་གི་ལུས་ཆུ་ཤིང་དང་དབུ་བ་ལྟར་སྙིང་པོ་མེད་ལ་ནད་ཀྱི་ཚང་རྒ་བ་ལ་སོགས་པའི་སྡུག་བསྔལ་གྱི་འབྱུང་གནས་འདི། སྐྱེས་བུ་ཆེན་པོའི་ཀུན་སྤྱོད་ཀྱིས་ཉིན་མཚན་འདའ་བར་བྱ་སྟེ། དོན་ལྡན་དུ་བྱའོ་སྙམ་ནས་ཐེག་པ་ཆེན་པོར་འཇུག་པ་ཡིན་ནོ། །འོ་ན་དང་པོ་ནས་སྐྱེས་བུ་ཆེན་པོ་ནས་འཁྲིད་པར་རིགས་མོད་ཆུང་འབྲིང་དང་ཐུན་མོང་བའི་ལམ་སྦྱངས་པས་ཅི་བྱ་ཞེ་ན། དེ་གཉིས་དང་ཐུན་མོང་བའི་ལམ་སྦྱོང་བ་ཉིད་སྐྱེས་བུ་ཆེན་པོའི་ལམ་བསྐྱེད་པའི་སྔོན་འགྲོ་ཡིན་ཏེ་དེར་འགྱུར་ཚུལ་ནི་འཆད་པར་འགྱུར་རོ། །གཉིས་པ་རིམ་པ་དེ་ལྟར་འཁྲིད་པའི་རྒྱུ་མཚན་ལ་གཉིས། རྒྱུ་མཚན་དངོས་དང༌།
དགོས་པའོ། །དང་པོ་ནི། ཐེག་པ་ཆེན་པོར་འཇུག་པའི་འཇུག་སྒོ་ནི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཉིད་ཡིན་ཏེ། དེ་རྒྱུད་ལ་སྐྱེས་པ་ན། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །ཞེས་གསུངས་པ་ལྟར། རྒྱལ་བའི་སྲས་སམ་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་ཐོབ་ནས་རྟེན་དེ་ཐེག་ཆེན་པར་ཚུད་ལ། དེ་ནམ་ཉམས་པ་ན་ཐེག་ཆེན་པའི་གསེབ་ནས་ཕྱིར་ལ་འཐོན་པར་འགྱུར་བའི་ཕྱིར་རོ། །དེས་ན་ཐེག་ཆེན་དུ་འཇུག་འདོད་པ་རྣམས་ཀྱིས་ནི་སེམས་དེ་ཐབས་དུ་མས་འབད་ནས་བསྐྱེད་དགོས་ལ། དེ་བསྐྱེད་པ་ལ་ནི་སྔོན་དུ་སེམས་དེ་བསྐྱེད་པའི་ཕན་ཡོན་བསྒོམས་ནས་སྙིང་ཐག་པ་ནས་ཕན་ཡོན་ལ་སྤྲོ་ཤུགས་འཕེལ་བ་ཞིག་དང༌། ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་དགོས་པར་བྱང་སེམས་ཀྱི་ལམ་གྱི་རིམ་པ་སྟོན་པའི་གཞུང་མཆོག་ཏུ་གྱུར་པ་བསླབ་བཏུས་དང་སྤྱོད་པ་ལ་འཇུག་པ་ལས་གསུངས་སོ། །དེ་ལྟར་གསུངས་པའི་ཕན་ཡོན་ཡང་བསྡུ་ན་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ༌ཡང་ངན་འགྲོར་མི་ལྟུང་བ་དང་བདེ་འགྲོར་སྐྱེ་བ་གཉིས་ཏེ། སེམས་དེ་སྐྱེས་ན་ངན་འགྲོའི་རྒྱུ་སྔར་བསགས་དུ་མ་འདག་པ་དང༌། ཕྱིས་གསོག་པ་རྣམས་རྒྱུན་འཆད་པ་དང༌། བདེ་འགྲོའི་རྒྱུ་སྔར་བསགས་རྣམས་དེས་ཟིན་པས་རྒྱ་ཆེར་འཕེལ་བ་དང༌། གསར་དུ་བྱེད་པ་རྣམས་ཀྱང་དེས་ཀུན་ནས་སློང་བས་
ཟད་པའི་མཐའ་མེད་པའོ། །མཐར་ཐུག་གི་དོན་ཐར་པ་དང་ཐམས་ཅད་མཁྱེན་པ་རྣམས་ཀྱང་སེམས་དེ་ལ་བརྟེན་ནས་བདེ་བླག་ཏུ་འགྲུབ་པ་ལ། སྔོན་དུ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ལ་ཐོབ་འདོད་ཀྱི་འདུན་པ་བཅོས་མ་མ་ཡིན་པ་ཞིག་མེད་ན། ཕན་ཡོན་དེ་དག་སེམས་བསྐྱེད་ལས་འབྱུང་བས་སེམས་དེ་བསྐྱེད་པ་ལ་འབད་པར་བྱའོ་ཞེས་སྨྲས་ཀྱང་ཚིག་ཙམ་དུ་འགྱུར་བ་རང་གི་རྒྱུད་ལ་བརྟགས་ན་ཤིན་ཏུ་གསལ་ལོ། །དེས་ན་སྔོན་དུ་མངོན་མཐོ་དང་ངེས་ལེགས་ཀྱི་ཕན་ཡོན་གཉིས་པོ་དེ་ལ་ཐོབ་འདོད་བསྐྱེད་པ་ལ་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱོང་དགོས་སོ། །དེ་ལྟར་ཕན་ཡོན་གཉིས་ལ་ཐོབ་འདོད་སྐྱེས་ནས་ཕན་ཡོན་ཅན་གྱི་སེམས་བསྒོམ་པ་ལ་འཇུག་པ་ན། སེམས་དེའི་རྩ་བ་བྱམས་པ་དང་སྙིང་རྗེ་ཆེན་པོ་བསྐྱེད་དགོས་ལ། དེ་ཡང་རང་བདེ་བས་ཕོངས་པ་དང་སྡུག་བསྔལ་གྱིས་མནར་བའི་འཁོར་བར་འཁྱམས་ཚུལ་བསམས་པ་ན། བ་སྤུ་གཡོ་འགུལ་མེད་པ་ཞིག་ལ་སེམས་ཅན་གཞན་འཁོར་བར་འཁྱམས་པའི་ཚེ་བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པ་འོང༌ས་མེད་དེ། སྤྱོད་འཇུག་ལས། སེམས་ཅན་དེ་དག་རྣམས་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ན། །གཞན་གྱི་དོན་དུ༌ག་ལ་སྐྱེ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེས་བུ་ཆུང་ངུའི་སྐབས་སུ་རང་ལ་ངན་འགྲོར་སྡུག་བསྔལ་གྱི་གནོད་པ་འབབ་ཚུལ་དང༌། འབྲིང་གི་སྐབས་སུ་མཐོ་རིས་ན་ཡང་
སྡུག་བསྔལ་ཞིང་ཞི་བའི་བདེ་བ་མེད་ཚུལ་རྣམས་བསམས་ནས། དེ་ནས་གཉེན་དུ་གྱུར་པའི་སེམས་ཅན་རྣམས་ལ་ཡང་རང་གི་ཉམས་ལ་དཔགས་ནས་བསྒོམས་པས་བྱམས་པ་དང་སྙིང་རྗེ་སྐྱེ་བའི་རྒྱུར་འགྱུར་ཞིང༌། དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས་ན་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱོང་བ་ནི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེ་བའི་ཐབས་ཡིན་གྱི། ལམ་ལོགས་པ་ཞིག་ཏུ་འཁྲིད་པ་མིན་ནོ། །དེ་བཞིན་དུ་དེ་གཉིས་ཀྱི་སྐབས་ཀྱི་སྐྱབས་སུ་འགྲོ་བ་དང་ལས་འབྲས་བསམ་པ་ལ་སོགས་པའི་སྒོ་ནས་བསག་སྦྱང་གི་སྒོ་དུ་མ་ལ་འབད་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་སྔོན་འགྲོ་རྒྱུད་སྦྱོང་བའི་ཐབས་ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་རྣམས་སུ་ཅི་རིགས་སུ་འགྱུར་བས་དེ་དག་ཀྱང་སེམས་དེ་སྐྱེ་བའི་ཐབས་སུ་གོ་བར་བྱའོ། །འདིར་ཆུང་ངུ་དང་འབྲིང་གི་ཆོས་སྐོར་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཡན་ལག་ཏུ་འགྲོ་ལུགས་རྣམས་བླ་མས་ཀྱང་ལེགས་པར་བརྡ་སྤྲད། སློབ་མས་ཀྱང་དེ་ལ་ངེས་པ་རྙེད་པར་བྱས་ལ། སྐྱོང་རེས་ཀྱིས་དེ་དག་དྲན་པར་བྱས་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཡན་ལག་ཏུ་སྦྱོང་བ་ཤིན་ཏུ་གཅེས་ཏེ། དེ་ལྟར་མ་བྱས་ན་སྐྱེས་བུ་ཆེན་པོའི་ལམ་དང་ལམ་སོ་སོ་བ་འབྲེལ་མེད་དུ་འགྱུར་ཞིང་སྐྱེས་བུ་ཆེན་པོའི་ལམ་དངོས་ལ་མ་སླེབ་བར་དུ་བྱང་ཆུབ་ཀྱི་སེམས་ལ་ངེས་པ་གང་ཡང་མི་རྙེད་པས་སེམས་དེ་སྐྱེ་བའི་གེགས་སམ། ཡང་ན་དེའི་བར་དུ་དོན་ཆེན་པོ་ལས་ཉམས་ནས་འགྲོ་བས་འདི་ལ་ནན་ཏན་བྱའོ། །དེ་
ལྟར་ཆུང་འབྲིང་གི་ལམ་སྦྱང་བ་དང་ཆེན་པོའི་སྐབས་སུ་བཤད་པ་ལྟར་ལེགས་པར་སྦྱངས་ནས་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་ཅི་སྐྱེ་བྱ། དེ་ནས་སེམས་དེ་བརྟན་པར་བྱ་བའི་ཕྱིར་དུ་སྐྱབས་འགྲོ་ཐུན་མོང་མ་ཡིན་པ་སྔོན་དུ་བཏང་ནས་སྨོན་པའི་ཆོ་ག་བྱ། སྨོན་པ་ཆོ་གས་བཟུང་ནས་དེའི་བསླབ་བྱ་རྣམས་ལ་འབད་པས་བསླབ། དེ་ནས་བྱང་སེམས་ཀྱི་སྤྱོད་པ་ཕྱིན་དྲུག་དང་བསྡུ་བཞི་སོགས་ལ་སློབ་པར་འདོད་པའི་སློབ་འདོད་མང་དུ་སྦྱངས་ལ། སྙིང་ཐག་པ་ནས་སློབ་འདོད་བྱུང་བ་ན་འཇུག་པའི་སྡོམ་པ་རྣམ་པར་དག་པ་ཞིག་ངེས་པར་བླང༌། དེ་ནས་རྩ་ལྟུང་གིས་མ་གོས་པ་ལ་སྲོག་བསྡོས་བྱ་ཞིང༌། གཞན་ཡང་ཟག་པ་ཆུང་འབྲིང་དང་ཉེས་བྱས་རྣམས་ཀྱིས་ཀྱང་མ་གོས་པ་ལ་འབད་ཅིང༌། ཅི་སྟེ་གོས་ནའང་ལྟུང་བ་ཕྱིར་བཅོས་ཇི་ལྟར་གསུངས་པའི་སྒོ་ནས་ལེགས་པར་སྦྱང༌། དེ་ནས་ཕྱིན་དྲུག་སྤྱི་ལ་བསླབ་ཅིང་ཁྱད་པར་དུ་སེམས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་པ་ལྟར་བཀོལ་དུ་རུང་བར་བྱ་བའི་ཕྱིར་ཞི་གནས་ཀྱི་ངོ་བོ་བསམ་གཏན་ལ་ལེགས་པར་བསླབ་བོ། །ལམ་སྒྲོན་ལས། མངོན་ཤེས་བསྐྱེད་པའི་ཕྱིར་དུ་ཞི་གནས་བསྐྱེད་པར་གསུངས་པ་ནི་མཚོན་པ་ཙམ་སྟེ། སྐབས་གཞན་དུ་ཇོ་བོ་ཉིད་ཀྱིས་ལྷག་མཐོང་བསྐྱེད་པའི་ཕྱིར་དུ་ཡང་གསུངས་པས་དེའི་ཕྱིར་དུ་ཡང་ཞི་གནས་བསྒྲུབ་བོ། །དེ་ནས་བདག་གཉིས་སུ་འཛིན་པའི་འཆིང་བ་བཅད་པའི་ཕྱིར་དུ་བདག་མེད་པ་སྟོང་པ་ཉིད་ཀྱི་
དོན་ལྟ་བས་ཐག་ཆོད་པར་བྱས་ལ། བསྒོམ་ཚུལ་མ་ནོར་བར་བསྐྱངས་ནས་ཤེས་རབ་ཀྱི་ངོ་བོ་ལྷག་མཐོར་བསྒྲུབ་པར་བྱའོ། །དེ་ལྟར་ན་ཞི་གནས་དང་ལྷག་མཐོང་བསྒྲུབ་པ་མ་གཏོགས་པའི་འཇུག་སྡོམ་གྱི་བསླབ་བྱ་ལ་སློབ་པ་མན་ཆད་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཞི་གནས་ནི་ཏིང་ངེ་འཛིན་ནམ་སེམས་ཀྱི་བསླབ་པ་དང༌། ལྷག་མཐོང་ནི་ཤེས་རབ་ཀྱི་བསླབ་པར་ལམ་སྒྲོན་འགྲེལ་པ་ལས་གསུངས་སོ། །གཞན་ཡང་ཞི་གནས་མན་ཆད་ཐབས་ཀྱི་ཆ་དང་བསོད་ནམས་ཀྱི་ཚོགས་དང་ཀུན་རྫོབ་བདེན་པ་ལ་བརྟེན་པའི་ལམ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཡིན་ལ། ཤེས་རབ་ཁྱད་པར་ཅན་གསུམ་བསྐྱེད་པ་ནི་ཤེས་རབ་ཀྱི་ཆ་དང་ཡེ་ཤེས་ཀྱི་ཚོགས་དང་དོན་དམ་པའི་བདེན་པ་ལ་བརྟེན་པ་དང་ཟབ་མོའི་ལམ་གྱི་རིམ་པ་ཡིན་པས། དེ་དག་གི་གོ་རིམ་དང་གྲངས་ངེས་པ་དང་ཐབས་ཤེས་ཡ་བྲལ་གྱིས་བྱང་ཆུབ་མི་འགྲུབ་པ་ལ་ངེས་པ་ཆེན་པོ་བསྐྱེད་པར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་སངས་རྒྱས་ཀྱིས་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོར་འགྲོ་བའི་རྒྱལ་སྲས་ངང་པའི་རྒྱལ་པོ་དེ་རྒྱ་ཆེ་བ་ཐབས་ཀྱི་ཆ་རྣམས་མ་ཚང་བ་མེད་པའི་ཀུན་རྫོབ་ཀྱི་བདེན་པའི་གཤོག་པ་དང༌། དེ་ཁོ་ན་ཉིད་བདག་མེད་པ་གཉིས་ལེགས་པར་རྟོགས་པའི་དོན་དམ་པའི་བདེན་པ་ལ་བརྟེན་པའི་གཤོག་པ་གཉིས་བགྲད་ནས་འགྲོ་བར་བྱེད་ཀྱི། བྱ་གཤོག་ཆག་ལྟར་ལམ་གྱི་ཆ་ཤས་ཕྱོགས་རེ་བཟུང་ནས་འགྲོ་བར་མི་བྱེད་དེ། དབུ་མ་ལ་འཇུག་པ་ལས། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་
པོ་དེ་ནི་སྐྱེ་བོའི་ངང་པ་ཡིས། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ལམ་ཐུན་མོང་བ་རྣམས་ཀྱིས་རྒྱུད་སྦྱངས་ནས་ནི་ངེས་པར་གསང་སྔགས་ལ་འཇུག་དགོས་ཏེ། དེ་ལ་ཞུགས་ན་མྱུར་དུ་ཚོགས་གཉིས་རྫོགས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ཙམ་ལས་མི་ལྕོགས་པའམ་རིགས་ཀྱི་ནུས་པ་ཆུང་བས་འཇུག་པར་མི་སྤྲོ་ན་ལམ་གྱི་རིམ་པ་དེ་ཉིད་ཇེ་རྒྱས་སུ་གཏོང་བ་ཙམ་བྱའོ། །གསང་སྔགས་ལ་འཇུག་ན་ནི་སྤྱིར་ཐེག་པ་ཐམས་ཅད་དང་ཁྱད་པར་དུ་གསང་སྔགས་ནས་ནན་ཏན་ཆེ་བར་གསུངས་པས། བཤེས་གཉེན་བསྟེན་ཚུལ་སྔོན་ལས་ཁྱད་པར་དུ་གྱུར་པ་ཞིག་དེ་ནས་བཤད་པའི་རྗེས་སུ་འབྲངས་ཏེ་བྱ། དེ་ནས་རྒྱུད་སྡེ་ཁུངས་མ་ནས་འབྱུང་བའི་དབང་གིས་རྒྱུད་སྨིན་པར་བྱས་ནས་དེའི་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་ཐམས་ཅད་ལ་སྲོག་བསྡོས་བྱས་ལ་ཚུལ་བཞིན་དུ་བསྲུང༌། ཁྱད་པར་དུ་རྩ་བའི་ལྟུང་བས་ཕོག་ན་སླར་བླང་དུ་ཡོད་ཀྱང་རྒྱུད་ཆུད་ཟོས་ཏེ། ཡོན་ཏན་ཤིན་ཏུ་སྐྱེ་བར་དཀའ་བས་རྩ་ལྟུང་གིས་ཡེ་མ་གོས་པ་ལ་འབད། ཡན་ལག་གི་ལྟུང་བ་རྣམས་ཀྱིས་མ་གོས་པ་ལ་འབད་ཅིང་གོས་ནའང་བཤགས་བསྡམ་གྱིས་དག་པར་བྱས་ཏེ། དམ་ཚིག་དང་སྡོམ་པ་ནི་ལམ་གྱི་གཞི་ཡིན་པའི་ཕྱིར་རོ། །དེ་ནས་རྒྱུད་སྡེ་འོག་མ་ལྟར་ན་མཚན་མ་དང་བཅས་པའི་རྣལ་འབྱོར་དང༌། གོང་མ་ལྟར་ན་བསྐྱེད་རིམ་གྱི་རྣལ་འབྱོར་གང་རུང་ལ་ལེགས་པར་ཁྲིད་ལ་བསླབ། དེ་བརྟན་ནས་རྒྱུད་སྡེ་འོག་མ་ལྟར་ན་མཚན་མ་མེད་པའི་རྣལ་འབྱོར་དང༌། གོང་མ་
ལྟར་ན་རྫོགས་རིམ་གྱི་རྣལ་འབྱོར་གང་རུང་ལ་ལེགས་པར་བསླབ་བོ། །དེ་ལྟ་བུའི་ལམ་གྱི་རྣམ་པར་བཞག་པའི་ལུས་ནི་ལམ་སྒྲོན་ལས་གསུངས་ཏེ། ལམ་རིམ་གྱིས་ཀྱང་དེ་བཞིན་དུ་འཁྲིད་པའོ། །གཞུང་གཞན་དུ་ཡང་ཇོ་བོ་ཆེན་པོས་གསུངས་ཏེ། ཐེག་ཆེན་གྱི་ལམ་གྱི་སྒྲུབ་ཐབས་བསྡུས་པ་ལས། བསམ་གྱིས་མི་ཁྱབ་ཆེ་བ་མངའ། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །བྱང་ཆུབ་བསྒྲུབ་ལ་རག་ལས་པས། །སྒྲུབ་པ་ལྷུར་བླང་སྙིང་པོར་བྱ། །དལ་འབྱོར་ཕུན་སུམ་ཚོགས་པའི་ལུས། །ཤིན་ཏུ་རྙེད་དཀའ་རྙེད་གྱུར་ཅིང༌། །ཕྱིས་ཀྱང་ཤིན་ཏུ་རྙེད་དཀའ་བས། །སྒྲུབ་ལ་འབད་པས་དོན་ཡོད་བྱ། །ཞེས་དང༌། ཇི་ལྟར་བཙོན་ནི་བཙོན་ར་ལས། །འབྲོས་པའི་གླགས་ནི་བྱུང་བའི་ཚེ། །ཆེད་ཀ་གཞན་དང་མི་སྙོམས་པར། །དེ་ཡི་གནས་ནས་འབྲོས་པ་ལྟར། །འཁོར་བའི་རྒྱ་མཚོ་ཆེ་འདི་ལས། །བརྒལ་བའི་གླགས་དག་བྱུང་གྱུར་ན། །ཆེད་ཀ་གཞན་དང་མི་མཉམ་པར། །སྲིད་པའི་ཁྱིམ་ནས་འབྱུང་བར་བྱ། །ཞེས་དང༌། སྐྱབས་འགྲོ་ལྷག་པའི་ཚུལ་ཁྲིམས་དང༌། །སྨོན་པའི་གཞི་ལ་གནས་པ་ཡིས། །སེམས་དཔའི་སྡོམ་པ་རབ་བཟུང་ཞིང༌། །ཕ་རོལ་ཕྱིན་དྲུག་ལ་སོགས་པ། །སེམས་དཔའི་སྤྱོད་པ་ཐམས་ཅད་ལ། །ཅི་ནུས་རིམ་གྱིས་ཚུལ་བཞིན་སྤྱད། །ཅེས་དང༌། ཐབས་དང་ཤེས་རབ་སྙིང་པོ་གང༌། །ཞི་གནས་
ལྷག་མཐོང་རྣལ་འབྱོར་བསྒོམ། །ཞེས་གསུངས་ཤིང༌། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ལས་ཀྱང༌། དང་པོ་སྙིང་རྗེའི་སྟོབས་ལས་བྱུང༌། །རྫོགས་པའི་བྱང་ཆུབ་སེམས་བརྟན་བྱ། །སྲིད་པའི་ལོངས་སྤྱོད་བདེ་མ་ཆགས། །ཡོངས་སུ་འཛིན་ལས་རྒྱབ་ཀྱིས་ཕྱོགས། །དད་སོགས་ནོར་ནི་ཕུན་སུམ་ཚོགས། །བླ་མ་སངས་རྒྱས་དང་མཉམ་གུས། །དེས་བསྟན་དམ་ཚིག་ལྡན་པ་ནི། །ཡོངས་སུ་བསྐྱང་ལ་རབ་ཏུ་བརྩོན། །བུམ་པ་གསང་བའི་དབང་བསྐུར་བ། །བླ་མའི་དྲིན་གྱིས་ཡོངས་སུ་ཐོབ། །ལུས་ངག་སེམས་ནི་རྣམ་དག་པ། །སྒྲུབ་པ་པོ་ནི་དངོས་གྲུབ་སྣོད། །ཏིང་འཛིན་ཡན་ལག་ལས་བྱུང་བའི། །ཚོགས་ནི་ཡོངས་སུ་རྫོགས་པ་ལས། །མྱུར་དུ་དངོས་གྲུབ་འཐོབ་འགྱུར་བ། །དེ་ལྟར་གསང་སྔགས་ཚུལ་གནས་ཡིན། །ཞེས་གསུངས་སོ། །གཉིས་པ་དགོས་པ་ནི། གལ་ཏེ་སྐྱེས་བུ་ཆུང་འབྲིང་གི་ཆོས་སྐོར་རྣམས་སྐྱེས་བུ་ཆེན་པོའི་སྔོན་འགྲོ་ཡིན་ན་སྐྱེས་བུ་ཆེན་པོའི་ལམ་རིམ་དུ་བྱས་པས་ཆོག་མོད། སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་ལམ་རིམ་ཞེས་ཐ་སྙད་བྱ་ཅི་དགོས་ཤེ་ན། སྐྱེས་བུ་གསུམ་སོ་སོར་ཕྱེ་སྟེ་ཁྲིད་པ་ལ་དགོས་པ་ཆེན་པོ་གཉིས་ཡོད་དེ། འདི་ལྟར་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་བའི་བློ་མ་སྐྱེས་པར་ཡང་རང་ཉིད་སྐྱེས་བུ་ཆེན་པོར་ཁས་འཆེ་བའི་མངོན་པའི་ང་རྒྱལ་གཞོམ་པ་དང༌། བློ་རབ་འབྲིང་ཐ་གསུམ་ལ་ཕན་ཆེ་བའོ། །ཕན་ཆེ་ལུགས་ནི། སྐྱེས་བུ་གོང་མ་གཉིས་ལ་ཡང་མངོན་མཐོ་དང་ཐར་པ་དོན་གཉེར་དགོས་
པས་བཀྲི་བར་བྱ་བའི་གང་ཟག་ཆེ་འབྲིང་གཉིས་ལ་ཡང་དེ་གཉིས་ཀྱི་བསམ་པ་སྦྱོང་བ་བསྟན་པ་སྐྱོན་དུ་མི་འགྱུར་ཞིང་ཡོན་ཏན་བསྐྱེད་པའི་ཕྱིར་དང༌། གང་ཟག་ཐ་མ་ཞིག་ཡིན་ན་ནི་གོང་མ་ནས་སྦྱངས་ཀྱང་བསམ་པ་གོང་མ་མི་སྐྱེ་ལ། འོག་མ་དོར་བས་གང་ཡང་མེད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་གོང་མའི་སྐལ་བ་ཅན་ལ་ལམ་ཐུན་མོང་བ་བསྟན་ཏེ་སྦྱངས་པ་ན། སྔར་ནས་སྐྱེས་ཟིན་པའམ། སྔར་མ་སྐྱེས་ཀྱང་མྱུར་དུ་ཡོན་ཏན་དེ་དག་སྐྱེ་བར་འགྱུར་བས་འོག་མ་འོག་མ་སྐྱེས་པ་ན། གོང་མ་གོང་མར་ཁྲིད་པས་ཆོག་པས་རང་གི་ལམ་ལས་འགྱང་བ་མེད་དོ། །བློ་རིམ་གྱིས་བཀྲི་དགོས་པ་ནི། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། ནོར་བུ་མཁན་མཁས་པས་ནོར་བུ་རིམ་གྱིས་སྦྱོང་བའི་དཔེ་དོན་དུ་སྦྱར་ནས་བཀའ་སྩལ་ཏེ། ཚིག་མངས་སུ་དོགས་ནས་མ་བྲིས་སོ། །མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོང༌། །ཞེས་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་རིམ་ཅན་དུ་འཁྲིད་པར་གསུངས་པ་དང༌། འཕགས་པ་ཐོགས་མེད་ཀྱིས་ཀྱང༌། ཡང་བྱང་ཆུབ་སེམས་དཔའ་ནི་རིམ་གྱིས་དགེ་བའི་ཕྱོགས་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་སེམས་ཅན་བྱིས་པའི་ཤེས་རབ་ཅན་རྣམས་ལ། ཐོག་མར་སླ་བའི་ཆོས་སྟོན་པར་བྱེད་ཅིང་སླ་བའི་གདམས་ངག་དང་རྗེས་སུ་བསྟན་པ་རྗེས་སུ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་འབྲིང་དང་ལྡན་པར་གྱུར་པར་རྟོགས་ནས་ཆོས་
བསྟན་པ་འབྲིང་དང་གདམས་ངག་དང་རྗེས་སུ་བསྟན་པ་འབྲིང་རྗེས་སུ་འཇུག་པར་བྱེད་དོ། །དེ་དག་ཤེས་རབ་རྒྱ་ཆེན་པོ་དང་ལྡན་པར་གྱུར་པར་རྟོགས་ནས་ཆོས་ཟབ་མོ་སྟོན་ཞིང་གདམས་ངག་དང་རྗེས་སུ་བསྟན་པ་ཕྲ་བ་རྗེས་སུ་འཇུག་པར་བྱེད་དེ། འདི་ནི་དེའི་སེམས་ཅན་རྣམས་ལ་དོན་སྤྱོད་པ་གོ་རིམ་དུ་འབབ་པ་ཡིན་ནོ། །ཞེས་གསུངས་པ་དང༌། འཕགས་པ་ལྷས་ཀྱང༌། སྤྱོད་པ་བསྡུས་པའི་སྒྲོན་མེར། སྔོན་དུ་ཕར་ཕྱིན་གྱི་ཐེག་པའི་བསམ་པ་ལ་སྦྱངས་ནས། དེ་ནས་སྔགས་ལ་འཇུག་པའི་ཚུལ་རིམ་ཅན་དུ་དགོས་པར་བསྒྲུབས་ཤིང་དེའི་དོན་བསྡུས་ཏེ། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་པ་དང༌། བཞི་བརྒྱ་པར་ཡང༌། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་ལམ་གྱི་གོ་རིམ་ངེས་པ་ཅན་དུ་གསུངས་སོ། །སློབ་དཔོན་མཁས་པ་མ་ཁོལ་གྱིས་ཀྱང༌། དྲི་བྲལ་གོས་ལ་ཚོན་བཞིན་དུ། །དང་པོར་སྦྱིན་སོགས་གཏམ་རྣམས་ཀྱིས། །སེམས་ལ་ལེགས་པ་ཉིད་བསྐྱེད་དེ། །དེ་ནས་ཆོས་ནི་བསྒོམ་པར་མཛད། །ཅེས་གསུངས་ཏེ། ལུང་འདི་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་ཀྱང་ཁུངས་སུ་དྲངས་ནས་ལམ་གྱི་གོ་རིམ་ངེས་པ་ཅན་མཛད་ལ། ཉམས་སུ་ལེན་པ་ལ་ལམ་ལ་འཁྲིད་པའི་གོ་རིམ་ཤིན་ཏུ་གཅེས་པར་སྣང་བས་ཚུལ་དེ་ལ་
ངེས་པ་བརྟན་པོ་རྙེད་པར་བྱའོ།། །།གཉིས་པ་སྙིང་པོ་ལེན་ཚུལ་དངོས་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང༌། འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་དང༌། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ། །དང་པོ་ལ་གསུམ། ཆུང་ངུའི་བསམ་པ་སྦྱང་བ་དངོས། བསམ་པ་དེ་སྐྱེས་པའི་ཚད། དེ་ལ་ལོག་པར་རྟོག་པ་བསལ་བའོ། །དང་པོ་ལ་གཉིས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ་དང༌། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པའོ། །དང་པོ་ལ་གཉིས། འཇིག་རྟེན་འདིར་རིང་དུ་མི་གནས་པ་འཆི་བ་རྗེས་སུ་དྲན་པ་བསམ་པ་དང༌། འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པའོ། །དང་པོ་ལ་བཞི། འཆི་བ་དྲན་པ་མ་བསྒོམས་པའི་ཉེས་དམིགས། བསྒོམ་པའི་ཕན་ཡོན། འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ། འཆི་བ་དྲན་པ་བསྒོམ་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་དལ་བའི་རྟེན་ལ་སྙིང་པོ་ལེན་པ་ལ་འཇུག་པ་ལ་ཕྱིན་ཅི་ལོག་བཞི་ལས། མི་རྟག་པ་ལ་རྟག་པར་འཛིན་པའི་ཕྱིན་ཅི་ལོག་ཉིད་དང་པོར་གནོད་པའི་སྒོར་འགྱུར་རོ། །དེ་ལ་ཕྲ་རགས་གཉིས་ལས་རགས་པའི་མི་རྟག་པ་འཆི་བ་ལ་མི་འཆི་སྙམ་པའི་རྣམ་པར་རྟོག་པ་ཉིད་གནོད་པའི་སྒོའོ། །འདི་ལ་ཡང་ད་གཟོད་མཐར་འཆི་བ་ཞིག་འོང་སྙམ་པ་ནི་ཀུན་ལ་ཡོད་ཀྱང་ཉི་མ་རེ་རེ་བཞིན་དེ་རིང་མི་འཆི། དེ་རིང་ཡང་མི་འཆི་སྙམ་དུ་བློས་མི་འཆི་བའི་ཕྱོགས་འཛིན་པ་ནི་འཆི་ཁ༌མ་ཚུན་ལ་འབྱུང་ངོ་། །དེའི་གཉེན་པོ་ཡིད་ལ་མ་བྱས་པར་དེ་ལྟ་བུའི་བློ་དེས་བསྒྲིབས་ན་ཚེ་འདིར་སྡོད་པའི་བློ་
སྐྱེས་ནས་དེའི་རིང་ལ་འདི་དང་འདི་དགོས་སོ་ཞེས་ཚེ་འདི་ཙམ་གྱི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐབས་འབའ་ཞིག་ལ་སེམས་སེམས་ནས། འཇིག་རྟེན་ཕྱི་མ་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་སོགས་པའི་དོན་ཆེན་པོ་དག་ལ་རྣམ་པར་དཔྱོད་པའི་བློ་མི་སྐྱེ་བས་ཆོས་ལ་འཇུག་པའི་བློ་སྐྱེར་མི་སྟེར་ལ། བརྒྱ་ལ་ཐོས་པ་དང་བསམ་པ་དང་བསྒོམ་པ་སོགས་ལ་ཞུགས་ཀྱང་། ཚེ་འདི་པ་ཙམ་གྱི་ཆེད་དུ་སོང་ནས་དགེ་བ་ཅི་བྱས་མཐུ་ཆུང་ཞིང༌། དེ་ཡང་ཉེས་སྤྱོད་སྡིག་ལྟུང་དང་འབྲེལ་བར་འཇུག་པས་ངན་འགྲོའི་རྒྱུ་དང་མ་འདྲེས་པ་དཀོན་ནོ། །གལ་ཏེ་འཇིག་རྟེན་ཕྱི་མ་ལ་དམིགས་ནས་བསྒྲུབ་ཏུ་ཆུག་ཀྱང༌། ཕྱིས་ནས་རིམ་གྱིས་བསྒྲུབ་བོ་སྙམ་པའི་ཕྱི་བཤོལ་གྱི་ལེ་ལོ་འགོག་མི་ནུས་ཤིང་གཉིད་རྨུགས་དང་བྲེ་མོའི་གཏམ་དང༌། བཟའ་བཏུང་ལ་སོགས་པའི་རྣམ་གཡེང་གིས་དུས་འདའ་བས་བརྩོན་པ་ཆེན་པོས་ཚུལ་བཞིན་དུ་བསྒྲུབ་པ་མི་འོང་ངོ་། །དེ་ལྟར་ལུས་སྲོག་ཡུན་རིང་དུ་གནས་སུ་རེ་བས་བསླུས་པ་ན་རྙེད་པ་དང་བཀུར་སྟི་ལ་སོགས་པ་ལ་ཆགས་པ་དྲག་པོ་སྐྱེ་ཞིང༌། དེའི་གེགས་བྱས་པའམ་བྱེད་དུ་དོགས་པ་ལ་སྡང་བ་དྲག་པོ་དང༌། དེ་དག་གི་ཉེས་དམིགས་ལ་རྨོངས་པའི་གཏི་མུག་དང་དེ་དག་གིས་ང་རྒྱལ་བ་དང་ཕྲག་དོག་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་དྲག་པོ་རྣམས་ཆུ་བོའི་རྒྱུན་བཞིན་དུ་འཇུག་གོ །དེ་ལས་ཀྱང་ལུས་དང་ངག་དང་ཡིད་ཀྱི་ཉེས་སྤྱོད་བཅུ་དང་མཚམས་མེད་པ་དང་དེ་དང་ཉེ་བ་དང་དམ་པའི་ཆོས་སྤོང་བ་ལ་སོགས་པ་
མི་དགེ་བའི་ལས་ངན་འགྲོ་ལ་སོགས་པའི་སྡུག་བསྔལ་དྲག་པོ་འདྲེན་པར་བྱེད་པ་ལ་མཐུ་ཕུལ་དུ་བྱུང་བ་རྣམས་ཉི་མ་རེ་རེ་བཞིན་ཇེ་རྒྱས་སུ་འགྲོ་ལ། དེ་དག་གི་གཉེན་པོ་ལེགས་པར་གསུངས་པའི་ཆོས་ཀྱི་བདུད་རྩི་ལ་རྒྱབ་ཀྱིས་ཇེ་ཕྱོགས་སུ་སོང་ནས་མངོན་མཐོ་དང་ངེས་ལེགས་ཀྱི་སྲོག་བཅད་དེ། ངན་འགྲོ་སྡུག་བསྔལ་དྲག་ཅིང་རྩུབ་ལ་ཚ་ཞིང་ཡིད་དུ་མི་འོང་བའི་གནས་སུ། འཆི་བས་ཉེ་བར་བཅོམ་ནས་ལས་ངན་པས་འཁྲིད་པར་བྱེད་པས་ན་དེ་ལས་མ་རུངས་པའི་སྒོ་གཞན་ཅི་ཞིག་ཡོད། བཞི་བརྒྱ་པ་ལས་ཀྱང༌། གང་ལ་འཇིག་རྟེན་གསུམ་མངའ་བདག །རང་ཉིད་འཆི་བདག་བྱེད་པོ་མེད། །ཡོད་དེས་རྣལ་བཞིན་གཉིད་ལོག་ན། །དེ་ལས་མ་རུངས་གཞན་ཅི་ཡོད། །ཅེས་གསུངས་པ་དང༌། སྤྱོད་འཇུག་ལས་ཀྱང༌། ཐམས་ཅད་བོར་ཏེ་ཆ་དགོས་པར། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །ཞེས་གསུངས་སོ། །གཉིས་པ་བསྒོམས་པའི་ཕན་ཡོན་ནི། འཆི་བ་རྗེས་སུ་དྲན་པའི་བློ་རྣལ་མ་ཞིག་སྐྱེས་ན། དཔེར་ན། དེ་རིང་སང་རང་འཆི་བར་ཐག་ཆོད་པ་ན། ཆོས་ཀྱི་གོ་བ་ཐན་ཐུན་ཡོད་པ་ཡན་ཆད་ལ་གཉེན་དང་རྫས་ལ་སོགས་པ་དང་འགྲོགས་སུ་མེད་པར་མཐོང་ནས་དེ་དག་ལ་སྲེད་པ་ལྡོག་ཅིང༌། གཏོང་བ་ལ་སོགས་པའི་སྒོ་ནས་སྙིང་པོ་ལེན་འདོད་ཕལ་ཆེར་ལ་ངང་གིས་འབྱུང་བ་ལྟར། རྙེད་བཀུར་དང་གྲགས་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་ཀྱི་ཕྱིར་འབད་པ་ཐམས་ཅད་སྦུན་པ་འཕྱར་བ་ལྟར་སྙིང་པོ་མེད་པ་
དང་བསླུ་འབྲིད་ཀྱི་གནས་སུ་མཐོང་ནས་ཉེས་སྤྱོད་ལས་ལྡོག་ཅིང༌། སྐྱབས་སུ་འགྲོ་བ་དང་ཚུལ་ཁྲིམས་ལ་སོགས་པའི་ལས་བཟང་པོ་རྣམས་རྟག་ཏུ་དང༌གུས་པར་བྱེད་པའི་བརྩོན་འགྲུས་ཀྱིས་གསོག་པར་བྱེད་པས། ལུས་ལ་སོགས་པ་སྙིང་པོ་མེད་པ་རྣམས་ལ་སྙིང་པོ་དམ་པ་བླངས་ནས་གོ་འཕང་དམ་པར་རང་ཉིད་འཛེགས་ཏེ། འགྲོ་བ་རྣམས་ཀྱང་དེར་འཁྲིད་པས་ན་དེ་ལས་དོན་ཆེ་བ་ཅི་ཞིག་ཡོད། དེའི་ཕྱིར་དཔེ་དུ་མས་ཀྱང་བསྔགས་ཏེ། མྱ་ངན་ལས་འདས་པ་ཆེན་པོ་ལས། ཞིང་རྨོ་བ་ཐམས་ཅད་ཀྱི་ནང་ན་སྟོན་གྱི་ལོག་མཆོག་གོ །རྗེས་ཐམས་ཅད་ཀྱི་ནང་ན་བ་ལང་གི་རྗེས་མཆོག་གོ །འདུ་ཤེས་ཐམས་ཅད་ཀྱི་ནང་ན༌ཡང་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང་མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ཏེ། ཞེས་སོ། །དེ་བཞིན་དུ་ཉོན་མོངས་པ་དང་ཉེས་པར་སྤྱོད་པ་ཐམས་ཅད་ཅིག་ཅར་འཇོམས་པའི་ཐོ་བ་དང༌། དགེ་ལེགས་ཐམས་ཅད་ཅིག་ཅར་བསྒྲུབ་པ་ལ་འཇུག་པའི་སྒོ་ཆེན་པོར་གྱུར་པ་ལ་སོགས་པས་ཀྱང་བསྔགས་པའོ། །ཚོམས་ལས་ཀྱང༌། ལུས་འདི་རྫ་སྣོད་འདྲ་བར་རྟོགས་བྱ་ཞིང༌། །དེ་བཞིན་ཆོས་རྣམས་སྨིག་རྒྱུ་འདྲར་ཤེས་ནས། །བདུད་ཀྱི་མེ་ཏོག་མཚོན་ནི་འདིར་གཅོད་པ། །འཆི་བདག་རྒྱལ་པོས་བལྟར་ཡང་མེད་པར་འགྲོ། །ཞེས་དང༌། རྒ་བ་མཐོང་ཞིང་ནད་ཀྱི་སྡུག་བསྔལ་དང༌། །སེམས་དང་བྲལ་བའི་ཤི་བ་མཐོང་ནས་ནི། །བརྟན་པས་བཙོན་ར་འདྲ་བའི་ཁྱིམ་སྤངས་
ཀྱིས། །འཇིག་རྟེན་ཕལ་པས་འདོད་སྤང་ནུས་རེ་སྐན། །ཞེས་གསུངས་སོ། །མདོར་ན་སྐྱེས་བུའི་དོན་བསྒྲུབ་པའི་དུས་ནི་དལ་བའི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདི་ཁོ་ན་ཡིན་ལ། འོ་སྐོལ་ཕལ་ཆེར་ངན་འགྲོར་བསྡད་ཅིང་བདེ་འགྲོར་ཅུང་ཟད་རེ་འོངས་ཀྱང་མི་ཁོམ་པའི་གནས་སུ་ཤས་ཆེ་བས་དེ་དག་ཏུ་ཆོས་བསྒྲུབ་པའི་སྐབས་མི་རྙེད་ལ། བསྒྲུབས་པས་ཆོག་པའི་རྟེན་རེ་ཐོབ་པ་ན་ཡང་ཆོས་ཚུལ་བཞིན་དུ་མི་བསྒྲུབ་པ་ནི་ད་དུང་མི་འཆི་སྙམ་པ་འདི་ལ་ཐུག་འདུག་པས་ན། བློས་མི་འཆི་བའི་ཕྱོགས་འཛིན་པ་ནི་རྒུད་པ་ཀུན་གྱི་སྒོ་དང༌། དེའི་གཉེན་པོ་འཆི་བ་དྲན་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྒོའོ། །དེའི་ཕྱིར་འདི་ལྟ་བུ་ལ་ཆོས་ཟབ་མོ་གཞན་བསྒོམ་རྒྱུ་མེད་པ་རྣམས་ཀྱི་ཉམས་ལེན་ནོ་སྙམ་པ་དང༌། བསྒོམ་བྱ་ཡིན་ཀྱང་དང་པོར་ཅུང་ཟད་ཙམ་བསྒོམ་པར་བྱ་ཡི་རྒྱུན་པའི་ཉམས་ལེན་དུ་མི་འོས་སོ་སྙམ་དུ་མི་གཟུང་བར་འདི་ཐོག་མཐའ་བར་གསུམ་དུ་དགོས་ལུགས་ལ་ངེས་པ་སྙིང་ཐག་པ་ནས་བསྐྱེད་དེ་བསྒོམ་པར་བྱའོ། །གསུམ་པ་འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ་ནི། གཉེན་ལ་སོགས་པ་ལ་ཆགས་པ་བརྟན་པའི་དབང་གིས་དེ་དག་དང་བྲལ་གྱིས་དོགས་ནས་སྐྲག་པ་སྐྱེ་བ་ནི། ལམ་ལ་ཡེ་མ་སྦྱངས་པའི་འཆི་བ་ལ་སྐྲག་ལུགས་ཡིན་པས་འདིར་དེ་བསྐྱེད་པ་ནི་མིན་ནོ། །འོ་ན་གང་ཡིན་སྙམ་ན། ལས་དང་ཉོན་མོངས་པའི་དབང་གིས་ལུས་བླངས་པ་ཐམས་ཅད་ངེས་པར་འཆི་བ་ལས་མ་འདས་པས་དེ་ལ་སྐྲག་པ་བསྐྱེད་ཀྱང་རེ་ཞིག་ལ་དགག་མི་ནུས་མོད། །འོན་ཀྱང་འཇིག་རྟེན་
ཕྱི་མའི་དོན་ངན་འགྲོའི་རྒྱུ་འགོག་པ་དང་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་མ་བསྒྲུབས་པར་འཆི་བ་ལ་འཇིགས་པར་བྱ་སྟེ། དེ་ལ་ནི་དེས་སྐྲག་པ་བསམས་ན་དེ་དག་བསྒྲུབ་ཏུ་ཡོད་པས་འཆི་ཁར་མི་སྐྲག་པ་བྱར་ཡོད་ལ། དོན་དེ་དག་མ་བསྒྲུབས་ན་སྤྱིར་འཁོར་བ་ལས་མི་ཐར་བ་དང༌། ཁྱད་པར་དུ་ངན་འགྲོར་ལྟུང་བས་འཇིགས་ནས་འཆི་བའི་ཚེ་འགྱོད་པས་གདུང་བར་འགྱུར་ཏེ། སྐྱེས་རབས་ལས། རབ་ཏུ་བསྒྲིམས་ཀྱང་གནས་མི་ནུས། །གང་ལ་བཅོས་སུ་མི་རུང་བ། །འཇིགས་ཤིང་སྡར་བར་བྱས་པ་ཡིས། །དེ་ལ་ཕན་པ་ཅི་ཞིག་ཡོད། །དེ་ལྟར་འཇིག་རྟེན་ཆོས་ཉིད་ལ་བརྟགས་ན། །མི་རྣམས་སྡིག་པ་བྱས་པས་འགྱོད་པར་འགྱུར། །དགེ་བའི་ལས་ཀྱང་ལེགས་པར་ཡོངས་མ་བྱས། །ཕྱི་མའི་ཚེ་ལ་སྡུག་བསྔལ་འབྱུང་དུ་དོགས། །འཆི་བར་འགྱུར་བའི་འཇིགས་པས་རྨོངས་པར་འགྱུར། །གང་ལས་བདག་གི་ཡིད་ནི་འགྱོད་འགྱུར་བ། །དེ་ཉིད་བདག་གིས་བྱས་པར་ཡོངས་མི་དྲན། །དཀར་པོའི་ལས་ཀྱང་རབ་ཏུ་གོམས་པར་བྱས། །ཆོས་ལ་གནས་ན་འཆི་བས་སུ་ཞིག་འཇིགས། །ཞེས་གསུངས་པ་དང༌། བཞི་བརྒྱ་པ་ལས་ཀྱང༌། བདག་ནི་འཆི་འོ་སྙམ་སེམས་པ། །གང་ལ་ངེས་པར་ཡོད་གྱུར་པ། །དེས་ནི་འཇིགས་པ་ཡོངས་བཏང་ཕྱིར། །འཆི་བདག་ལ་ཡང་ག་ལ་འཇིགས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ལུས་དང་ལོངས་སྤྱོད་དང་མྱུར་དུ་འབྲལ་བར་གདོན་མི་ཟའོ་སྙམ་དུ་ཡང་དང་ཡང་དུ་མི་རྟག་པ་
བསམས་ན་ནི། དེ་དག་ལ་མི་འབྲལ་བར་རེ་བའི་སྲེད་པ་ལྡོག་པས་དེ་དག་དང་བྲལ་བས་བསྐྱེད་པའི་ཡིད་ཀྱི་གདུང་བའི་དབང་གིས་འཆི་བ་ལ་སྐྲག་པ་མི་འབྱུང་བ་ཡིན་ནོ། །བཞི་པ་འཆི་བ་དྲན་པ་ཇི་ལྟར་བསྒོམ་པ་ནི། རྩ་བ་གསུམ། རྒྱུ་མཚན་དགུ། ཐག་བཅད་པ་རྣམ་པ་གསུམ་གྱི་སྒོ་ནས་བསྒོམ་པར་བྱའོ། །དེ་ལ་གསུམ། ངེས་པར་འཆི་བ་བསམ་པ་དང༌། ནམ་འཆི་ངེས་མེད་བསམ་པ་དང༌། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་བསམ་པའོ། །དང་པོ་ལ་གསུམ་ལས། འཆི་བདག་ངེས་པར་འོང་ལ་དེ་ཡང་རྐྱེན་གྱིས་བཟློག་ཏུ་མེད་པ་བསམ་པ་ནི། ལུས་ཇི་འདྲ་ཞིག་གི་སྐྱེ་བ་བླངས་ཀྱང་འཆི་བ༌འོང་སྟེ། མི་རྟག་པའི་ཚོམས་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང༌། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་སོ། །ཡུལ་གང་དུ་བསྡད་ཀྱང་འཆི་བ་འོང་བ་ནི། དེ་ཉིད་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །ཞེས་སོ། །སྔོན་དང་ཕྱི་མའི་དུས་ནམ་དུ་ཡང་སེམས་ཅན་རྣམས་འཆི་བས་འཇོམས་པ་ལ་ཁྱད་པར་མེད་པ་ནི། དེ་ཉིད་ལས། བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང༌། །དེ་ཀུན་འཇིག་པར་མཁས་པས་རྟོགས་ཀྱིས་ཏེ། །ཆོས་ལ་གནས་ཀྱི་ངེས་པར་སྤྱད་པ་སྤྱོད། །ཅེས་སོ། །འཆི་བདག་ལ་བྲོས་པས་མི་ཐར་ཞིང་
སྔགས་ལ་སོགས་པས་བཟློག་ཏུ་མེད་པ་ནི། རྒྱལ་པོ་ལ་གདམས་པ་ལས། དཔེར་ན། ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ་སྙིང་པོ་དང་ལྡན་པ་མ་ཞིག་པ་མ་གས་པ་འཕན་མེད་པ་ཤིན་ཏུ་མཁྲེགས་པ་གཅིག་ཏུ་སྟུག་པོ་བཞི་གནམ༌ལ་རེག་ཅིང་ས༌བརློག་སྟེ། རྩྭ་དང་ཤིང་དང་ཤིང་གེལ་པ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང་སེམས་ཅན་སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི་མགྱོགས་པས་འབྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་ནི་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་འདི་དག་འོང་སྟེ། དེ་དག་ལས་མགྱོགས་པས་འབྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་གྱིས་བཟློག་པར་སླ་བ་ནི་མ་ཡིན་ནོ། །བཞི་གང་ཞེ་ན། རྒ་བ་དང་ན་བ་དང་འཆི་བ་དང་རྒུད་པའོ། །རྒྱལ་པོ་ཆེན་པོ། རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང༌། ན་བ་ནི་ནད་མེད་པ་འཇོམས་ཤིང་འོང༌། རྒུད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང༌། འཆི་བ་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལས་ནི་མགྱོགས་པས་འབྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་སླ་བ་ནི་མ་ཡིན་ནོ། །ཞེས་སོ། །ཀ་མ་བའི་ཞལ་ནས། ད་ལྟ་འཆི་བས་འཇིགས་པ་ཞིག་དགོས། འཆི་ཁར་མི་མཚེར་བ་ཞིག་དགོས་པ་ལ། འོ༌སྐོལ་དེ་ལས་
ལྡོག་ནས་ད་ལྟ་མི་འཇིགས། འཆི་ཁར་བྲང་ལ་སེན་མོ་འདེབས་གསུང་ངོ་། །ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པ་བསམ་པ་ནི། མངལ་དུ་འཇུག་པ་ལས། ད་ལྟ་ལེགས་པར་བདེ་བར་ཡོངས་སུ་བསྲུངས་ན་དེ་རིང་ན་ལོ་བརྒྱའམ་ཅུང་ཟད་ཅིག་ལྷག་པར་འཚོའོ། །ཞེས་གསུངས་པ་ལྟར་རིང་མཐའ་དེ་ཙམ་ཞིག་ཡིན་ནོ། །དེ་ཐུབ་ཏུ་ཆུག་ཀྱང་དེའི་བར་གྱི་ཚེ་འཛད་པ་ཤིན་ཏུ་མྱུར་ཏེ། ལོ་ནི་ཟླ་བ་སོང་བས་འཛད་ཅིང༌། ཟླ་བ༌ཡང་ཞག་སོང་བས་འཛད་ལ་ཞག་ཀྱང་ཉིན་མོ་དང་མཚན་མོ་སོང་བས་འཛད་དོ། །དེ་དག་ཀྱང་སྔ་དྲོ་ལ་སོགས་པ་སོང་བས་འཛད་པས་ན་ཚེའི་སྤྱི་ཚད་ནི་ཉུང་ལ། དེ་ལའང་སྔར་དུ་མ་ཞིག་ཟད་སྣང་ཞིང་ཚེ་ལྷག་ལ་ཡང་སྣོན་པ་སྐད་ཅིག་ཀྱང་མེད་པར་འབྲིད་བྱེད་ཉིན་མཚན་ཀུན་ཏུ་བར་མ་ཆད་པར་ཡོད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །སྣོན་པའང་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་དཔེ་དུ་མའི་སྒོ་ནས་བསམ་སྟེ་འདི་ལྟར་ཐགས་འཐག་པ་ན་ལན་རེ་ལ་སྤུན་ཉག་མ་རེ་ལས་མི་འགྲོ་ཡང་མྱུར་དུ་བཏགས་ཟིན་ནས་འོང་བ་དང༌། ལུག་ལ་སོགས་པའི་གསད་བྱ་རྣམས་གསོད་པའི་ཕྱིར་འཁྲིད་པ་ན། གོམ་པ་རེ་རེ་སྤོས་པས་འཆི་བ་ལ་ཇེ་ཉེར་འགྲོ་བ་དང༌། ཆུ་ཀླུང་དྲག་པོའི་རྒྱུན་འགྲོ་བའམ་རི་གཟར་གྱི་ཁ་ནས་ཆུ་འབབ་བ་བཞིན་དུ་ཚེ་མྱུར་དུ་ཟད་ནས་འགྲོ་བ་དང༌། ཕྱུགས་རྗིས་དབྱུག་པ་བཟུང་ནས་ཕྱུགས་རྣམས་རང་དབང་མེད་པར་
རང་གི་གནས་སུ་སྐྱེལ་བ་ལྟར། ན་བ་དང་རྒ་བས་རང་དབང་མེད་པར་འཆི་བདག་གི་དྲུང་དུ་འཁྲིད་པའི་ཚུལ་རྣམས་སྒོ་དུ་མ་ནས་བསྒོམ་པར་བྱ་སྟེ། ཚོམས་ལས། དཔེར་ན་ཐགས་ནི་བརྐྱངས་པ་ལ། །སྤུན་ནི་གང་དང་གང་བཅུག་པའི། །སྤུན་གྱིས་གཏིང་ལ་གཏུགས་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ངེས་པར་བསད་པ་དག །གོམ་པ་གང་དང་གང་བོར་བས། །བསད་པའི་དྲུང་དུ་བསྙེན་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པ་ཇི་ལྟ་བར། །དེ་བཞིན་མི་ཡི་ཚེ་འགྲོ་བ། །སླར་ནི་ལྡོག་པར་འགྱུར་བ་མེད། །དཀའ་བ་ཉིད་དང་ཐུང་བ་དང༌། །དེ་ཡང་སྡུག་བསྔལ་ལྡན་པ་དག །མྱུར་བ་ཁོ་ནར་འཇིག་འགྱུར་ཏེ། །ཆུ་ལ་དབྱུ་གུས་བྲིས་པ་བཞིན། །དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས། །ཕྱུགས་རྣམས་གནས་སུ་ཕྱིན་བྱེད་ལྟར། །དེ་བཞིན་ན་དང་རྒ་བ་ཡིས། །མི་རྣམས་འཆི་བདག་དྲུང་དུ་སྐྱེལ། །ཞེས་གསུངས་པ་ལྟར་རོ། །ཇོ་བོ་ཆེན་པོས་ཀྱང་ཆུ་འགྲམ་དུ་བྱོན་ནས་མི་རྟག་པ་བསྒོམ་པ་ལ་ཆུ་ཕྲི་ལི་ལི་འགྲོ་བ་འདི་ག་བདེ་གསུང་ནས་བསྒོམ་སྐད། རྒྱ་ཆེར་རོལ་པ་ལས་ཀྱང༌། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་ལྟ་བུར་མྱུར་མགྱོགས་འགྲོ། །ཞེས་དཔེ་དུ་མའི་སྒོ་ནས་གསུངས་སོ། །དེས་ན་ནང་དུ་ཅུང་ཟད་བསམས་པའི་འཕྲིག་ཚུད་པ་ཞིག་
ལ་ཕྱིའི་དངོས་པོ་ཐམས་ཅད་ཀྱིས་མི་རྟག་པ་མི་སྟོན་པ་མེད་གསུང་བ་ལྟར་ཡིན་པས་དུ་མ་ལ་སྦྱར་ནས་བསམ། ཡང་ཡང་བསམས་ན་ངེས་པ་སྐྱེ། ཅུང་ཟད་ཙམ་རེ་ལ་མ་བྱུང་བྱས་པས་མི་ཕན་ཏེ། ཀ་མ་བའི་ཞལ་ནས། བསམས་པས་མ་བྱུང་ཟེར་ཏེ་ཁྱེད་ཀྱིས་ནམ་བསམས་ཉིན་མོ་ནི་ཡེང་ཡེང་བྱེད། མཚན་མོ་ནི་གཉིད་ལོག་གིན་འདུག་ན་བརྫུན་མ་ཟེར་གསུང་བ་ལྟར་རོ། །ཚེའི་མཐར་འཆི་བདག་གིས་བཅོམ་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་མ་ཟད་དེའི་བར་རྣམས་སུ་ཡང་འགྲོ་འཆག་ཉལ་གསུམ་གང་བྱེད་ཀྱང་ཚེ་བྲི་ནས་མི་འགྲོ་བའི་སྐབས་ཡེ་མེད་པས། མངལ་དུ་ཞུགས་པ་ནས་འགོ་བཟུང་སྟེ་སྐད་ཅིག་ཙམ་ཡང་མི་སྡོད་པར་འཇིག་རྟེན་ཕ་རོལ་ཏུ་ཁ་བལྟས་ནས་འགྲོ་བ་ཡིན་ནོ། །དེས་ན་བར་གྱི་གསོན་པའང་ན་བ་དང་རྒ་བའི་ཕོ་ཉ་བས་ཁྲིད་ནས་འཆི་བའི་ཕྱིར་དུ་འགྲོ་བ་ཁོ་ནར་ཟད་པས་གསོན་པའི་སྐབས་ལ་འཇིག་རྟེན་ཕྱི་མར་མི་འགྲོ་བའི་སྡོད་པར་བཟུང་ནས་དགའ་བར་མི་བྱ་སྟེ། དཔེར་ན། བྲག་མཐོན་པོའི་རྩེ་མོ་ནས་ལྷུང་བའི་ཚེ། ས་ལ་མ་ལྷུང་བའི་བར་སྣང་ལ་འགྲོ་བའི་སྐབས་དེ་ལ་དགའ་བར་མི་འོས་པ་བཞིན་ནོ། །དེ་ཡང་བཞི་བརྒྱ་པའི་འགྲེལ་པར་དྲངས་པ་ལས། མི་ཡི་དཔའ་བོ་ཐོག་མའི་མཚན་མོར་ནི། །གང་ན་འཇིག་རྟེན་མངལ་ན་གནས་གྱུར་པ། །དེ་ནས་བརྩམས་ནས་དེ་ནི་ཉིན་རེ་བཞིན། །འགྲོས་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ། །ཞེས་དང༌། ཕྱིན་ཅི་ལོག་བཞི་འགོག་པའི་གཏམ་ལས་ཀྱང༌། རི་བོ་མཐོན་པོའི་རྩེ་མོའི་སྟེང་ནས་ས་ལ་ལྷུང་བར་གྱུར་པ་ཡིས། །ཞིག་པར་གྱུར་ཚེ་
ཅི་འདི་བར་སྣང་ལ་ནི་བདེ་བ་མྱོང་འགྱུར་རམ། །སྐྱེས་ནས་བརྩམས་ཏེ་འཆི་བ་ཉིད་ཕྱིར་རྟག་ཏུ་རབ་ཏུ་བརྒྱུག་པ་ན། །སེམས་ཅན་རྣམས་ནི་བར་སྐབས་གང་དུ་བདེ་བ་ཇི་ལྟར་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་དག་གིས་ནི་མྱུར་དུ་འཆི་བར་ངེས་པ་བསྟན་ཏོ། །གསོན་པའི་ཚེ་ལ་ཡང་ཆོས་བྱ་བའི་ལོང་མེད་པར་ངེས་པར་འཆི་བ་བསམ་པ་ནི། སྔར་བཤད་པའི་རིང་མཐའ་དེ་ཙམ་ཐུབ་ཏུ་ཆུག་ཀྱང་ལོང་ཡོད་བྱར་མི་རུང་སྟེ། དོན་མེད་དུ་ཚེ་མང་པོ་ཞིག་ནི་སྔར་འདས་འདུག་པ་དང་ལྷག་མ་ལའང་གཉིད་ཀྱིས་ཕྱེད་འདའ་ཞིང༌། གཞན་ཡང་རྣམ་པར་གཡེང་བ་གཞན་གྱིས་ཀྱང་དུ་མ་ཞིག་དོན་མེད་དུ་འདའ་བ་དང༌། ལང་ཚོ་ཡོལ་ནས་རྒས་པའི་གནས་སྐབས་སུ་སླེབས་ནས་ནི་ལུས་དང་སེམས་ཀྱི་སྟོབས་ཉམས་པས་ཆོས་བྱེད་པར་འདོད་ཀྱང་བསྒྲུབ་པའི་མཐུ་མེད་པས་ཆོས་བྱེད་པའི་སྐབས་ནི་ཅུང་ཟད་ལས་མེད་དེ། མངལ་དུ་འཇུག་པ་ལས། དེ་ལས་ཀྱང་ཕྱེད་ནི་གཉིད་ཀྱིས་ཁེབས་སོ། །ལོ་བཅུ་ནི་བྱིས་པའོ། །ལོ་ཉི་ཤུ་ནི་རྒས་པ་སྟེ། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་ཀྱིས་ཀྱང་བཅད། ལུས་ལས་བྱུང་བའི་ནད་རྣམ་པ་དུ་མ་བརྒྱ་ཕྲག་དུ་མས་ཀྱང་བཅད་དོ། །ཞེས་པ་དང༌། ཕྱིན་ཅི་ལོག་བཞི་འགོག་པའི་གཏམ་ལས་ཀྱང༌། འདི་ནི་མི་རྣམས་ཚེ་ནི་མཆོག་ཏུ་རིང་ཡང་ལོ་བརྒྱ་ཁོ་ནར་ཟད། །དེ་ལས་ཀྱང་ནི་དང་པོ་བྱིས་པ་ཐ་མ་རྒས་པས་དོན་མེད་བྱེད། །གཉིད་དང་ནད་སོགས་དག་གིས་དེ་དུས་མེད་པར་ཀུན་
ནས་རེ་བ་འཇོམས། །བདེ་བར་གནས་པའི་མི་ནང་འགྲོ་བའི་ཚེ་ནི་ལྷག་མ་ཇི་ཙམ་ཡོད། །ཅེས་གསུངས་སོ། །མཆད་ཀ་བའི་ཞལ་ནས་ཀྱང་། ལོ་དྲུག་ཅུ་ལ་ལྟོ་རྒྱབ་དང་གཉིད་དང་ན་ཚས་བཅད་པའི་བཤོལ་ན་ཆོས་སུ་འགྲོ་བ་ལོ་ལྔ་ཡང་མེད་གསུང་ངོ་། །དེ་ལྟར་ན་ཚེ་འདིའི་ཕུན་ཚོགས་ཐམས་ཅད་ནི་རྨི་ལམ་ཐུན་གཅིག་ན་བདེ་བ་སྤྱད་པ་སད་ནས་དྲན་པ་ལྟར་འཆི་བའི་དུས་སུ་དྲན་པའི་ཡུལ་ཙམ་དུ་འགྱུར་ལ། འཆི་བའི་དགྲ་ནི་དགག་ཏུ་མེད་པར་ངེས་པར་འོང་ན་ཅིའི་ཕྱིར་ཚེ་འདིའི་བསླུ་བྲིད་ལ་དགའ་བར་བྱ་སྙམ་དུ་བསམས་ཏེ་ཆོས་བྱ་དགོས་པ་ལ་ཐག་བཅད་ཅིང་ཞེ་དམ་མང་དུ་བྱ་སྟེ། སྐྱེས་རབས་ལས། ཀྱེ་མའོ་འཇིག་རྟེན་ཉོན་མོངས་དག །གནས་པ་མི་བརྟན་དགའ་མི་འགྱུར། །ཀུ་མུ་ཏ་ཡི་དཔལ་འདི་ཡང༌། །དྲན་པར་བྱ་བ་ཉིད་དུ་འགྱུར། །འགྲོ་བ་འདི་ལྟ་བུར་ནི་འཁོད་པ་ལ། །སྐྱེ་བོ་འཇིགས་པ་མེད་པ་ངོ་མཚར་ཀྱེ། །ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོགས་པ་མེད་པར་རབ་ཏུ་དགའ་ཞིང་སྤྱོད། །ན་དང་རྒ་དང་འཆི་བའི་གནོད་བྱེད་དགྲ། །མཐུ་ཆེན་དགག་ཏུ་མི་ནུས་ཡོད་བཞིན་ལ། །འཇིག་རྟེན་ཕ་རོལ་ཉམ་ངར་ངེས་འགྲོ་ན། །སེམས་ཤེས་སུ་ཞིག་འདི་ལ་དགའ་བར་སེམས། །ཞེས་དང༌། ཀཱ་ནི་ཀའི་སྤྲིངས་ཡིག་ལས་ཀྱང༌། འཆི་བདག་བརྩེ་བ་མེད་པ་ཅན། །སྐྱེས་རྩལ་དོན་མེད་གསོད་འགྱུར་བ། །གསོད་པ་མངོན་དུ་འོང་བཞིན་དུ། །མཁས་པ་སུ་ཞིག་བག་རྐྱོང་སྤྱོད། །དེའི་སླད་དཔའ་ཆེན་བཟོད་མེད་དེས། །མདའ་ནི་མི་བཟད་འཆོར་མེད་
པ། །དེ་ནི་ཇི་སྲིད་མ་འཕངས་པ། །དེ་སྲིད་རང་གི་དོན་ལ་འབོད། །ཅེས་གསུངས་པ་ལྟར་བསམ་མོ། །གཉིས་པ་ནམ་འཆི་ངེས་མེད་བསམ་པ་ནི། དེ་རིང་ཕན་ཆད་བརྒྱ་ཚུན་ཆད་ལ་འཆི་བ་འོང་བར་ངེས་ཤིང༌། དེའི་བར་གྱི་ཞག་གང་ལ་འོང་མ་ངེས་པས་དེ་རིང་ལྟ་བུ་ལ་འཆི་མི་འཆི་གང་དུའང་ཐག་མི་ཆོད་མོད། འོན་ཀྱང་བློས་འཆི་བའི་ཕྱོགས་བཟུང་ནས་དེ་རིང་འཆི་སྙམ་པའི་བློ་བསྐྱེད་དགོས་ཏེ། དེ་རིང་མི་འཆི་སྙམ་པ་དང་ཕལ་ཆེར་མི་འཆི་སྙམ་པ་བློས་མི་འཆི་བའི་ཕྱོགས་བཟུང་ན་ཚེ་འདིར་སྡོད་པའི་གྲབས་བྱེད་བྱེད་ནས་འཇིག་རྟེན་ཕྱི་མའི་གྲབས་བྱེད་པ་མི་འོང་བས། དེའི་བར་དུ་འཆི་བདག་གིས་བཟུང་ནས་མྱ་ངན་དང་བཅས་བཞིན་དུ་འཆི་དགོས་པའི་ཕྱིར་རོ། །ཉི་མ་རེ་རེ་བཞིན་འཆི་བའི་གྲབས་བྱས་ན་ནི་འཇིག་རྟེན་ཕ་རོལ་གྱི་དོན་མང་པོ་འགྲུབ་པས་མ་ཤི་ན་ཡང་དེ་བྱས་པ་ལེགས་ལ། ཤི༌ན་ནི་ཁྱད་པར་དུའང་དེ་དགོས་པ་ཡིན་ནོ། །དཔེར་ན། རང་ལ་གནོད་པ་དྲག་པོ་བྱེད་པའི་དགྲ་ཆེན་པོ་ཞིག་དུས་འདི་ནས་འདིའི་བར་ལ་འོང་བར་ནི་ཐག་ཆོད་ལ། ཞག་གང་ལ་འོང་མི་ཤེས་ན་ཞག་རེ་རེ་ནས་དེའི་ཟོན་བྱ་དགོས་པ་དང་འདྲའོ། །ཞག་རེ་རེ་ནས་དེ་རིང་འཆི་སྙམ་པའམ་ཐ་ན་དེ་རིང་ཕལ་ཆེར་འཆི་སྙམ་པ་བྱུང་ན་གང་དུ་འགྲོ་བའི་འཇིག་རྟེན་ཕྱི་མའི་དོན་བྱེད་ཅིང་འཇིག་རྟེན་འདིའི་སྡོད་གྲབས་མི་བྱེད་ལ། བསམ་པ་དེ་མ་བྱུང་ན་འཇིག་རྟེན་འདིར་སྡོད་པར་མཐོང་ནས་དེའི་གྲབས་བྱེད་ཀྱི། འཇིག་རྟེན་ཕྱི་མའི་དོན་མི་བྱེད་དེ།
དཔེར་ན་གནས་གཅིག་ཏུ་ཡུན་རིང་དུ་བསྡད་སྙམ་ན་དེའི་སྡོད་གྲབས་བྱེད་པ་དང༌། དེར་མི་སྡོད་པར་གཞན་དུ་འགྲོ་སྙམ་ན་གང་དུ་འགྲོ་བའི་གྲབས་བྱེད་པ་བཞིན་ནོ། །དེས་ན་ཉི་མ་རེ་རེ་ནས་འཆི་སྙམ་པའི་བློ་བསྐྱེད་དགོས་སོ། །འདི་ལ་གསུམ་ལས། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་བསམ་པ་ནི། སྤྱིར་སྒྲ་མི་སྙན་པའི་ཚེ་ནི་ངེས་ཀྱི། གཞན་རྣམས་རང་རང་གི་ཚེ་ཚད་ཐུབ་པའི་ངེས་པ་མེད་ནའང་ཕལ་ཆེར་ངེས་པ་མང་ལ། འཛམ་བུ་གླིང་པའི་ཚེ་ནི་ཤིན་ཏུ་མ་ངེས་པ་ཡིན་ཏེ། དང་པོ་ནི་ཚེ་ལོ་དཔག་ཏུ་མེད་པའང་བྱུང་ལ། ད་གདོད་ལོ་བཅུ་ལོན་པ་ལ་རིང་མཐའ་བྱེད་དགོས་ཤིང་། ད་ལྟ་ཡང་རྒན་གཞོན་བར་མ་གང་ལ་འཆི་མ་ངེས་པར་སྣང་བའི་ཕྱིར་རོ། །དེ་ལྟར་ཡང་མཛོད་ལས། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་དང༌། ཚོམས་ལས། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །ཞེས་དང༌། སྐྱེས་པ་བུད་མེད་མང་པོ་དང༌། །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྟུང་བ་བཞིན། །ཞེས་གསུངས་ཏེ། བླ་མའམ་གྲོགས་ལ་སོགས་པ་ཚེའི་མཐར་
མ་ཕྱིན་པར་གློ་བུར་དུ་ཕྱི་དང་ནང་གི་འཆི་རྐྱེན་གྱིས་བསམ་པ་མ་རྫོགས་པར་ཤི་བ་མཐོང་ངམ་ཐོས་པ་རྣམས་ཡིད་ལ་བྱས་ལ། བདག་ཀྱང་ངེས་པར་དེ་ལྟ་བུའི་ཆོས་ཅན་ནོ་སྙམ་དུ་ཡང་དང་ཡང་དུ་བསམས་ལ་འཆི་བའི་བློ་ཅི་སྐྱེ་བྱའོ། །འཆི་རྐྱེན་ཤིན་ཏུ་མང་ཞིང་གསོན་རྐྱེན་ཉུང་བ་བསམ་པ་ནི། སྲོག་འདི་ལ་སེམས་ཡོད་པའི་གནོད་པ་དང་སེམས་མེད་པའི་གནོད་པ་མང་སྟེ། འདི་ལྟར་མི་དང་མི་མ་ཡིན་པ་གདོན་གྱི་རིགས་སུ་གྱུར་པ་རྣམས་ཀྱིས་རྣམ་པ་དུ་མར་འཚེ་བ་དང་། དུད་འགྲོའི་རིགས་ལུས་དང་སྲོག་ལ་གནོད་པ་བྱེད་པ་དུ་མ་ཡོད་པ་དེ་དག་གིས་ཇི་ལྟར་འཚེ་བའི་ཚུལ་དང༌། དེ་བཞིན་དུ་ནང་གི་ནད་རྣམས་དང་ཕྱི་རོལ་གྱི་འབྱུང་བ་རྣམས་ཀྱི་གནོད་པ་འབབ་པའི་ཚུལ་རྣམས་ཀྱང་ཞིབ་ཏུ་བསམ་མོ། །གཞན་ཡང་རང་གི་ལུས་འབྱུང་བ་བཞི་ལས་གྲུབ་དགོས་ལ། དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་གནོད་པ་བྱེད་པས་འབྱུང་བའི་ཁམས་རྣམས་ཆ་མ་སྙོམས་པར་འཕེལ་འགྲིབ་ཏུ་གྱུར་པ་ན་ནད་བསྐྱེད་དེ་སྲོག་འཕྲོག་པས་གནོད་པ་དེ་དག་ནི་རང་དང་ལྷན་སྐྱེས་སུ་ཡོད་པས་ལུས་སྲོག་ལ་ཡིད་བརྟན་དུ་མེད་དོ། །དེ་ལྟར་ཡང་འདས་ཆེན་ལས། འཆི་བའི་འདུ་ཤེས་ནི་སྲོག་འདི་རྟག་ཏུ་དགྲ་སྡང་བ་དུ་མས་བསྐོར་ཏེ་སྐད་ཅིག་རེ་རེར་ཉམས་པར་བྱེད་ཀྱི་འཕེལ་བར་བྱེད་པ་ནི་གང་ཡང་མེད་དོ། །ཞེས་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །ཞེས་དང༌། བཤེས་སྤྲིངས་ལས་ཀྱང༌། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་
ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་དང༌། བཞི་བརྒྱ་པ་ལས་ཀྱང༌། ནུས་པ་མེད་པས་འབྱུང་ཀུན་ལ། །ཚོགས་པ་ཞེས་བྱ་སྐྱེ་འགྱུར་ཏེ། །འགལ་བ་རྣམས་ལ་བདེ་འོ་ཞེས། །རྣམ་པ་ཀུན་ཏུའང་མི་རིགས་སོ། །ཞེས་གསུངས་སོ། །སྙིགས་མ་ལྔ་ཤིན་ཏུ་བདོ་བའི་དུས་ཡིན་པས་ཚེ་རིང་དུ་གནས་པའི་ལས་བཟང་པོ་མཐུ་ཆེན་བསགས་པ་ཆེས་ཤིན་ཏུ་ཉུང་བ་དང༌། ཁ་ཟས་ལ་སོགས་པའི་སྨན་རྣམས་ཀྱང་མཐུ་ཆུང་བས་ནད་འཇོམས་པའི་སྟོབས་ཆུང་ཞིང༌། ལོངས་སྤྱད་པ་རྣམས་ཀྱང་བདེ་བར་ཞུ་ནས་ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་རྒྱས་པར་འགྱུར་བའི་མཐུ་བྲི་བས་བདེ་བར་འཇུ་དཀའ་ཞིང་ཞུ་བས་ཀྱང་ཕན་འདོགས་པ་ཆུང་བ་དང༌། ཚོགས་ཀྱི་བསགས་རྒྱབ་ཆུང་ཞིང་ཉེས་སྤྱོད་ཤིན་ཏུ་ཆེ་བས་བཟླས་བརྗོད་ལ་སོགས་པ་ཡང་མཐུ་ཆུང་བར་སོང་ནས་ཚེ་བསྲིང་བ་སོགས་ཤིན་ཏུ་དཀའོ། །གསོན་རྐྱེན་རྣམས་ཀྱང་འཆི་རྐྱེན་དུ་མ་གྱུར་པ་མེད་དེ། མི་འཆི་བའི་ཕྱིར་དུ་ནི་བཟའ་བཏུང་དང་གནས་ཁང་དང་གྲོགས་ལ་སོགས་པ་རྣམས་འཚོལ་ལ། དེ་དག་ཀྱང་བཟའ་བཏུང་ཧ་ཅང་མངས་པ་དང་ཧ་ཅང་ཉུངས་པ་དང་མི་འཕྲོད་པ་ལོངས་སྤྱད་པ་སོགས་དང༌། གནས་ཁང་རྡིབ་པ་དང་མཛའ་བོས་བསླུས་པ་ལ་སོགས་པའི་སྒོ་ནས་འཆི་བའི་རྐྱེན་དུ་འགྱུར་བས་ན་འཆི་བའི་རྐྱེན་དུ་མ་སོང་བའི་གསོན་པའི་རྐྱེན་མི་སྣང་ངོ་། །གཞན་ཡང་གསོན་པ་ཉིད་འཆི་བའི་དོན་དུ་ཞུགས་པ་ཡིན་པས། གསོན་པའི་རྐྱེན་མང་ཡང་དེ་ལ་ཡིད་
བརྟན་དུ་མི་རུང་སྟེ། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་རྣམས་ཀྱང་འཆི་བའི་ཡང༌། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་སོ། །ལུས་ཤིན་ཏུ་ཉམ་ཆུང་བས་ན་ནམ་འཆི་ངེས་མེད་བསམ་པ་ནི། ལུས་ཆུའི་དབུ་བ་ལྟར་ཤིན་ཏུ་ཉམ་ཆུང་བས་ན་གནོད་པ་ཆེན་པོ་མི་དགོས་པར་ཚེར་མ་ཟུག་པ་ལྟ་བུའི་གནོད་པ་ལ་སྙད་བཏགས་ནས་ཀྱང་སྲོག་འཇིག་པར་འགྱུར་བས་ན། འཆི་རྐྱེན་ཐམས་ཅད་ཀྱིས་གཞོམ་པར་ཡང་ཤིན་ཏུ་སླ་བ་ཡིན་ཏེ། བཤེས་སྤྲིངས་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང༌། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་གསུངས་སོ། །དེ་ལྟར་བསམས་པའི་མཐར་འཆི་བདག་གིས་ལུས་སྲོག་ནམ་འཇོམས་ངེས་པ་མི་སྣང་བས། ལོང་ཡོད་མི་བྱ་བར་ད་ལྟ་ཉིད་ནས་ཆོས་བྱ་བར་ཐག་གཅོད་པའི་ཞེ་དམ་མང་དུ་བྱ་སྟེ། ཀཱ་ནི་ཀའི་སྤྲིངས་ཡིག་ལས། འཆི་བདག་སུ་དང་མི་བཤེས་པ། །གློ་བུར་དག་ཏུ་འབབ་འགྱུར་བས། །སང་དག་བྱ་ཞེས་མ་གཞེས་པར། །དམ་པའི་ཆོས་ལ་བསྙུར་ཏེ་མཛོད། །འདི་སང་དེང་ནི་འདི་བྱ་ཞེས། །བྱ་བ་མི་ལ་བཟང་པོ་མིན། །ནམ་ཞིག་ཁྱོད་ནི་མེད་འགྱུར་བའི། །སང་དེ་གདོན་མི་ཟ་བར་འོང༌། །ཞེས་དང༌། རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྲ་ཨཱ་ནན་ཏས་ཀྱང༌། ས་བདག་ཇི་ལྟར་གཡར་པོའི་ལུས། །ནད་མེད་རྒུད་མེད་བདེར་གནས་པ། །
དེ་ཉིད་ཚེ་ན་སྙིང་པོ་བླང༌། །ན་འཆི་རྒུད་པས་འཇིགས་མེད་བགྱི། །གང་ཚེ་ན་རྒས་རྒུད་སོགས་ན། །དྲན་ཡང་དེ་ཚེ་ཅི་བགྱིར་མཆིས། །ཞེས་གསུངས་པ་ལྟར་རོ། །རྩ་བ་གསུམ་ལས་ཀྱང་གལ་ཆེ་ཤོས་ནམ་འཆི་ངེས་མེད་བསམས་ནས་བློ་སྣ་འགྱུར་བ་འདི་ཉིད་ཡིན་པས་འབད་པར་བྱའོ། །གསུམ་པ་འཆི་བའི་ཚེ་ཆོས་མ་གཏོགས་པ་གཞན་གང་གིས་ཀྱང་མི་ཕན་པ་བསམ་པ་གསུམ་ནི། དེ་ལྟར་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་བར་མཐོང་བ་ན། དེའི་ཚེ་གཉེན་ནམ་བཤེས་ཇི་ལྟར་བརྩེ་ཞིང་གདུང་བ་ཆེ་བས་མཐའ་བསྐོར་ཡང་གཅིག་ཀྱང་འཁྲིད་ས་མེད། ཡིད་དུ་འོང་བའི་ནོར་གྱི་ཕུང་པོ་ཇི་སྙེད་ཡོད་ཀྱང་རྡུལ་ཕྲན་ཙམ་ཞིག་ཀྱང་འཁྱེར་དུ་མེད་དེ། ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་འདོར་ན་གཞན་ལྟ་ཅི་སྨོས། དེས་ན་ཚེ་འདིའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་ཀྱང་བདག་འདོར་ལ། བདག་གིས་ཀྱང་འདི་དག་དོར་ནས་འཇིག་རྟེན་གཞན་དུ་འགྲོ་བ་ཞིག་ངེས་པར་འོང༌། དེ་ཡང་དེ་རིང་འོང་སྙམ་དུ་བསམས་ལ། དེའི་དུས་སུ་ནི་ཆོས་འབའ་ཞིག་སྐྱབས་དང་མགོན་དང་དཔུང་གཉེན་དུ་འགྱུར་ཚུལ་བསམ་པར་བྱ་སྟེ། ཀཱ་ནི་ཀའི་སྤྲིངས་ཡིག་ལས། རྣམ་སྨིན་འབྱིན་པ་སྔོན་ལས་ཀྱིས། །ཁྱོད་ནི་ཡོངས་སུ་བཏང་གྱུར་པ། །གསར་པའི་ལས་དང་རྗེས་འབྲེལ་ཞིང༌། །འཆི་བདག་གིས་ནི་དྲངས་པ་ན། །དགེ་དང་སྡིག་པ་མ་གཏོགས་པར། །འགྲོ་བ་ཐམས་ཅད་ཕྱིར་ལོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་མཛོད་ལ་ལེགས་པར་སྤྱོད། །ཅེས་པ་དང༌། ཤྲཱི་
ཛ་ག་ཏ་མི་ཏྲས་ཀྱང༌། ལྷ་གཅིག་ཇི་ལྟར་ཁྱོད་འབྱོར་ཀྱང༌། །གཤེགས་ནས་འཇིག་རྟེན་གཞན་བཞུད་ཚེ། །མྱ་ངམ་ཐང་ལ་དགྲས་བཅོམ་ལྟར། །གཅིག་པུ་སྲས་མེད་བཙུན་མོ་མིན། །ན་བཟའ་མ་མཆིས་བཤེས་མ་མཆིས། །རྒྱལ་སྲིད་མ་མཆིས་ཁབ་མ་མཆིས། །དཔག་མེད་མཐུ་དཔུང་མངའ་ལགས་ཀྱང༌། །གཟིགས་སུ་མ་མཆིས་གསན་མ་མཆིས། །གཅིག་ཙམ་ཉིད་ཅིག་ཕྱི་ཐག་གིས། །རྗེས་སུ་འབྲང་བའང་མི་མངའ་འོ། །མདོར་ན་ཉིད་ཀྱི་མཚན་ཙམ་ཡང༌། །དེ་ཚེ་མེད་ན་གཞན་ཅི་སྨོས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དལ་བ་དོན་ཆེ་ཞིང་ཤིན་ཏུ་རྙེད་དཀའ་བ་དང་རྙེད་པར་དཀའ་ཡང་ཤིན་ཏུ་འཇིག་སླ་བའི་འཆི་བ་དྲན་པ་བསམས་ནས། འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་གཏན་བདེ་ཞིག་སྒྲུབ་པར་མི་བྱེད་ན། མ་ཤི་ཚུན་ཆོད་ཀྱི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བ་ལ་ནི་མི་བས་དུད་འགྲོ་རླབས་ཆེ་བ་ཡོད་པས་ན་དེ་དག་ལས་ཁྱད་ཞུགས་པའི་སྤྱོད་པ་ཞིག་དགོས་ཏེ། གཞན་དུ་ན་བདེ་འགྲོའི་རྟེན་རྙེད་ཀྱང་མ་རྙེད་པ་དང་འདྲ་སྟེ། སྤྱོད་འཇུག་ལས། ཕྱུགས་ཀྱིས་བསྒྲུབས་ནའང་མི་དཀོན་པའི། །མནོག་ཆུང་གང་ཡིན་དེ་དོན་དུ། །དལ་འབྱོར་ཕུན་ཚོགས་རྙེད་དཀའ་འདི། །ལས་ཀྱིས་མནར་བ་རྣམས་ཀྱི་བཅོམ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྐྱེ་དཀའ་སེ་བྱུང་ཡང་ལམ་གྱི་གཞི་ཡིན་པས་འབད་དགོས་ཏེ། པོ་ཏོ་བའི་ཞལ་ནས། ངེད་ཀྱི་སྣང་སེལ་མི་རྟག་པ་བསྒོམ་པ་འདི་རང་ཡིན་ཏེ་ཉེ་འབྲེལ་དང་ཡོ་བྱད་ལ་
སོགས་པ་ཚེ་འདིའི་སྣང་བ་ཀུན་བསལ་ནས་རང་གཅིག་པུ་གཉིས་སུ་མེད་པར་ཚེ་ཕ་རོལ་ཏུ་ཕྱད་ཀྱིས་འགྲོ་བར་ཤེས་ནས་ཆོས་མིན་པ་ཅིས་ཀྱང་བྱར་མེད་སྙམ་ནས་ཚེ་འདི་ལ་མ་ཆགས་པ་ཞིག་གདོད་འོང༌། འདི་བློ་ལ༌མ་སྐྱེས་ཀྱི་བར་དུ་ཆོས་ཐམས་ཅད་ཀྱི་ལམ་འགགས་ནས་འདུག་པ་ཡིན་གསུང༌། དོལ་པའི་ཞལ་ནས་ཀྱང༌། ཞར་ལ་ཚོགས་གསོག་པ་དང་སྒྲིབ་པ་སྦྱོང༌། ལྷ་དང་བླ་མ་ལ་གསོལ་བ་འདེབས་ཤིང་རུས་ཤིང་དང་བཅས་ནས་ནན་ཏན་གྱིས་བསམས་ན། ལོ་བརྒྱར་ཡང་མི་སྐྱེ་སྙམ་པ་ཞིག་ཀྱང་འདུས་བྱས་སོ་ན་མི་སྡོད་པས་ཅི་ཞིག་ལྟར་ལ་སྐྱེ་བ་ཡིན་གསུང་ངོ་། །ཀ་མ་བ་ལ་དམིགས་པ་སྤོ་བར་ཞུས་ཙ༌ན་སྔ་མ་སྐྱོར་སྐད། འཕྲོ་ནས་ཞུས་ཙ༌ན་འཕྲོ་ཡེ་མ་ཐོད་པ་ཞེས་གསུང་ལོ། དེ་ལྟར་ན་བློས་ལྕོགས་ན་སྔར་བཤད་པ་བཞིན་བསྒོམ་ཞིང་། མ་ལྕོགས་ན་རྩ་བ་གསུམ་ལ་རྒྱུ་མཚན་དགུ་ཇི་ལྟར་འཚམ་པ་རེ་བཟུང་ལ། གསོད་སར་འཁྲིད་པ་ལ་རྒྱན་བཏགས་པ་ལྟར་ཚེ་འདིའི་བྱ་བ་རྣམས་ལས་ཡིད་མ་ལོག་གི་བར་དུ་ཡང་དང་ཡང་དུ་བསྒོམ་པར་བྱའོ། །བཤེས་གཉེན་བསྟེན་པ་དང་དལ་འབྱོར་དང་མི་རྟག་པའི་སྐོར་རྣམས་གསུང་རབ་དགོངས་འགྲེལ་དང་བཅས་པ་ག་ན་འདུག་ཀྱང་སྐབས་དེ་དང་དེའི་ཉམས་ལེན་དུ་ཤེས་པར་བྱས་ནས་བསྐྱངས་ན་རྒྱལ་བའི་དགོངས་པ་རྣམས་བདེ་བླག་ཏུ་རྙེད་པར་འགྱུར་ཏེ་སྐབས་གཞན་དུ་ཡང་དེ་ལྟར་ཤེས་པར་བྱའོ། །གཉིས་པ་འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ་ནི། དེ་ལྟར་མྱུར་དུ་འཆི་བར་ནི་ངེས་པས་ཚེ་འདིར་ནི་བསྡད་ལོང་མེད་ལ། ཤི་བའི་
འོག་ཏུ་ཡང་མེད་དེ་མི་འགྲོ་བར་སྐྱེ་བ་བླང་དགོས་སོ། །དེ་ཡང་འགྲོ་བ་གཉིས་ལས་གཞན་དུ་སྐྱེ༌ས་མེད་པས་བདེ་འགྲོའམ་ངན་འགྲོར་སྐྱེ་བ་ཡིན་ནོ། །དེ་དག་ཏུ་སྐྱེ་བ་ལ་རང་དབང་ནི་མེད་པས་ལས་ཀྱི་གཞན་དབང་ཅན་ཡིན་པའི་ཕྱིར། ལས་དཀར་ནག་གིས་ཇི་ལྟར་འཕངས་པ་བཞིན་དུ་སྐྱེ་བར་འགྱུར་རོ། །དེ་ལྟར་ན་བདག་ངན་སོང་དུ་སྐྱེས་ན་ཇི་འདྲ་བ་ཞིག་ཏུ་འགྱུར་སྙམ་དུ་ངན་འགྲོའི་སྡུག་བསྔལ་བསམ་པར་བྱ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམ་སྤང་བདེ་རྒྱུ་སྤྱད། །ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་གཅད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་འཁོར་བ་སྤྱི་དང་ཁྱད་པར་དུ་ངན་འགྲོའི་སྡུག་བསྔལ་བསྒོམ་པ་ནི་ཤིན་ཏུ་གནད་ཆེ་སྟེ། འདི་ལྟར་རང་ཉིད་སྡུག་བསྔལ་གྱི་མཚོར་ལྷུང་བའི་ཚུལ་བསམས་ན་ནི་ཡིད་འབྱུང་བས་ང་རྒྱལ་དང་དྲེགས་པ་བཟློག་པ་དང༌། སྡུག་བསྔལ་དེ་མི་དགེ་བའི་འབྲས་བུར་མཐོང་ནས་སྡིག་ལྟུང་ལ་ཆེས་ཤིན་ཏུ་འཛེམ་པ་དང་། སྡུག་བསྔལ་མི་འདོད་པས་ནི་བདེ་བ་འདོད་ལ་དེ་ཡང་དགེ་བའི་འབྲས་བུར་མཐོང་ནས་དགེ་བ་བསྒྲུབ་པ་ལ་དགའ་བ་དང༌། རང་གི་ཉམས་ལ་དཔགས་ནས་གཞན་ལ་ཡང་སྙིང་རྗེ་སྐྱེ་བ་དང་། འཁོར་བ་ལས་
ཡིད་བྱུང་ནས་ཐར་པ་ལ་དོན་གཉེར་སྐྱེ་བ་དང་། སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་འགྲོ་ཤུགས་དྲག་པ་སོགས་ཉམས་ལེན་གྱི་གནད་དུ་མ་ཞིག་འདུས་པའི་སྡོམ་ཆེན་པོའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས་སེམས་ཁྱོད་བརྟན་པར་མནོས། །ཞེས་དང༌། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །ཞེས་དང༌། བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །ཞེས་གསུངས་པ་ལྟར་རོ། །སྡུག་བསྔལ་གྱི་ཡོན་ཏན་དེ་རྣམས་སྤྱོད་འཇུག་ཏུ་རང་གི་རྒྱུད་ལ་བྱུང་བའི་སྡུག་བསྔལ་གྱི་དབང་དུ་བྱས་ནས་གསུངས་མོད། འོན་ཀྱང་སྡུག་བསྔལ་མྱོང་བར་འགྱུར་བ་ལ་ཡང་འདྲ་བ་ཡིན་ནོ། །དེ་ལྟར་ན་ངན་འགྲོའི་སྡུག་བསྔལ་བསམ་པ་ལ་གསུམ། དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ལ་བཞི། སེམས་ཅན་དམྱལ་བ་ཆེན་པོ་དང༌། ཉེ་འཁོར་བའི་དམྱལ་བ་དང༌། གྲང་བའི་དམྱལ་བ་དང༌། ཉི་ཚེ་བའི་དམྱལ་བའོ། །དང་པོ་ནི། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཡང་སོས་ཡོད་ལ། དེ་ནས་དཔག་ཚད་བཞི་སྟོང་བཞི་སྟོང་གིས་ཆོད་པ་ན་གཞན་བདུན་ཡོད་དོ། །དེ་ལྟར་བརྒྱད་ལས། དང་པོ་ཡང་སོས་ན་ནི། སེམས་ཅན་དེ་དག་ཕན་ཚུན་འདུས་ནས་ལས་ཀྱི་དབང་གིས་བྱུང་བའི་མཚོན་ཆ་སྣ་ཚོགས་རིམ་གྱིས་འབྱུང་བ་རྣམས་ཀྱིས་གཅིག་ལ་གཅིག་
སྣུན་པར་བྱེད་དོ། །དེ་ནས་བརྒྱལ་ཏེ་ས་ལ་འགྱེལ་བ་དང་ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་འབྱུང་ངོ་། །དེ་ནས་ཡང་ལངས་ཏེ་སྔར་ལྟར་སྣུན་པར་བྱེད་པས་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་འགྱུར་རོ། །ཐིག་ནག་ན་ནི། སེམས་ཅན་དེར་སྐྱེས་པ་རྣམས་དམྱལ་སྲུང་རྣམས་ཀྱིས་ཟུར་བཞིའམ་ཟུར་བརྒྱད་དམ་ཆར་གསེ་བ་རྣམ་པ་སྣ་ཚོགས་དུ་མར་ཐིག་ནག་པོས་བཅལ་ནས་ཐིག་ཇི་ལྟར་བཏབ་པ་དེ་ལྟར་མཚོན་གྱིས་གཤེག་ཅིང་འཇོག་པར་བྱེད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །བསྡུས་འཇོམས་ན་ནི། སེམས་ཅན་དེ་རྣམས་གཅིག་ཏུ་འདུས་ཤིང་འཚོགས་པའི་ཚེ་དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་རི་རའི་གདོང་པ་ལྟ་བུ་གཉིས་ཀྱི་བར་དུ་འཚང་བར་བྱེད་དོ། །དེ་ནས་དེ་མ་ཐག་ཏུ་རི་དེ་གཉིས་ཀྱིས་འཚིར་ལ། དེའི་ཚེ་སྒོ་ཐམས་ཅད་ནས་ཁྲག་གི་ཀླུང་རབ་ཏུ་འབབ་བོ། །དེ་བཞིན་དུ་ལུག་དང་རྟ་དང་གླང་པོ་ཆེ་དང་སེང་གེ་དང་སྟག་གི་གདོང་པ་ལྟ་བུས་ཀྱང་འཚིར་བར་བྱེད་དོ། །ཡང་འདུས་པ་ན་ལྕགས་ཀྱི་འཁྲུལ་འཁོར་ཆེན་པོའི་ནང་དུ་བཅུག་ནས་བུར་ཤིང་འཚིར་བ་བཞིན་དུ་འཚིར་རོ། །དེ་ནས་ཡང་འདུས་པ་ན་སྟེང་ནས་ལྕགས་ཀྱི་ཕ་བོང་ཆེན་པོ་ལྷུང་ནས་ལྕགས་ཀྱི༌ས་གཞི་ལ་གཅོད་པ་དང་འབྱེད་པ་དང་བརྡུང་བ་དང་དམྱལ་བར་བྱེད་དོ། །དེ་དག་གི་ཚེ་ཡང་ཁྲག་གི་ཀླུང་རབ་ཏུ་འབབ་བོ། །ངུ་འབོད་ན་ནི། སེམས་ཅན་དེ་དག་གནས་འཚོལ་ཞིང་ལྕགས་
ཀྱི་ཁང་པའི་ནང་དུ་འཇུག་པར་བྱེད་དོ། །ཞུགས་པ་དང་མེ་ཀུན་ཏུ་འབར་བས་སྲེག་པར་བྱེད་དོ། །ངུ་འབོད་ཆེན་པོ་ན་ནི། སྔ་མ་དང་འདྲ་བ་ལས་ཁྱད་པར་དུ་ལྕགས་ཁང་ཉིས་རིམ་དུ་ཡོད་དོ། །ཚ་བ་ན་ནི། སེམས་ཅན་དེ་དག་དམྱལ་སྲུང་རྣམས་ཀྱིས་ལྕགས་ཟངས་དཔག་ཚད་དུ་མ་ཡོད་པ་ཤིན་ཏུ་ཚ་ཞིང་འབར་བའི་ནང་དུ་བཅུག་ནས་བསྐོལ་ཏེ་ཉ་བཞིན་དུ་བསྲེག་པ་དང༌། ལྕགས་ཀྱི་གསལ་ཤིང་རབ་ཏུ་འབར་བས་འཕོངས་ནས་ཕུག་སྟེ་སྤྱི་བོར་འབྱིན་པ་དང་ཁ་དང་མིག་དང་སྣ་དང་རྣ་བའི་བུ་ག་གཉིས་གཉིས་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་ལྕེ་རབ་ཏུ་འབར་བ་འབྱུང་བ་དང༌། ལྕགས་ཀྱི་ས་གཞི་རབ་ཏུ་འབར་བ་ལ་གན་རྐྱལ་ལམ་ཁ་སྦུབ་ཏུ་བཞག་སྟེ། ལྕགས་ཀྱི་ཐོ་བ་ཚ་ཞིང་རབ་ཏུ་འབར་བས་བརྡུང་ཞིང་དམྱལ་བར་བྱེད་དོ། །རབ་ཏུ་ཚ་བ་ན་ནི། ལྕགས་ཀྱི་གསལ་ཤིང་རྩེ་གསུམ་པ་འཕོངས་སུ་བཅུག་ནས་རྩེ་མོ་གཡས་གཡོན་གཉིས་ཕྲག་པ་གཉིས་དང་དབུས་མ་སྤྱི་བོ་ནས་འབྱིན་ནོ། །དེ་ལ་བརྟེན་ནས་ཁ་ལ་སོགས་པའི་སྒོ་རྣམས་སུ་མེ་ལྕེ་འབར་བ་འབྱུང་ངོ་། །ལྕགས་གླེབས་པ་ཚ་ཞིང་རབ་ཏུ་འབར་བས་ལུས་ཡོངས་སུ་དཀྲི་བ་དང་ལྕགས་ཟངས་ཆེན་པོ་འགྱུར་བྱེད་བསྐོལ་བས་གང་ཞིང་ཀུན་ཏུ་འབར་བའི་ནང་དུ་སྤྱིའུ་ཚུགས་སུ་བཅུག་ནས་བསྐོལ་བ་ན་སྟེང་འོག་དང་ཐད་ཀ་རྣམས་སུ་འགྲོའོ། །དེའི་ཚེ་པགས་པ་དང་ཤ་ཁྲག་རྣམས་ཞིག་ནས་ཀེང་རུས་འབའ་ཞིག་ལུས་པའི་ཚེ་ཡང་ཕྱིར་ཕྱུང་ནས་ལྕགས་ཀྱི༌ས་གཞི་ལ་འགྲེམ་མོ། །དེ་ནས་པགས་པ་དང་
ཤ་ཁྲག་སྐྱེས་པ་དང་ཡང་ནང་དུ་འཇུག་གོ །ལྷག་མ་གཞན་ནི་ཚ་བ་དང་འདྲའོ། །མནར་མེད་ན་ནི། ཤར་ཕྱོགས་ནས་ས་གཞི་དཔག་ཚད་བརྒྱ་ཕྲག་དུ་མ་ཡོད་པ་ཀུན་ཏུ་འབར་ཞིང་མཆེད་པ་ལས། མེ་འབར་བའི་ཤུགས་འོངས་ཏེ་དེས་སེམས་ཅན་དེ་དག་གི་པགས་པ་དང་ཤ་དང་རྒྱུས་པ་དང་རུས་པ་རྣམས་རིམ་གྱིས་བཤིག་ནས་རྐང་ལ་ཐུག་པར་བྱེད་དེ། མར་མེའི་སྙིང་པོ་བཞིན་དུ་ལུས་ཐམས་ཅད་མེ་ལྕེ་འབར་བས་ཁྱབ་པར་འདུག་གོ །ཕྱོགས་གཞན་གསུམ་ཡང་དེ་དང་འདྲ་སྟེ་ཕྱོགས་བཞི་ནས་མེ་འོངས་པ་དེར་འདྲེས་པས་སྡུག་བསྔལ་མྱོང་བ་བར་མ་ཆད་པས་ཉམ་ཐག་པའི་སྐད་འབྱིན་པས་སེམས་ཅན་དུ་ཤེས་པ་ཙམ་མོ། །ཡང་ལྕགས་ཀྱི་ཞིབ་མའི་ནང་དུ་ལྕགས་ཀྱི་མདག་མ་རབ་ཏུ་འབར་བ་དག་འཁྲབ་ཏུ་འཇུག་གོ །ལྕགས་ཀྱི་ས་གཞིར་ལྕགས་ཀྱི་རི་ཆེན་པོ་རྣམས་ལ་འབབ་འཛེག་བྱེད་དུ་འཇུག་པ་དང༌། ཡང་ཁ་ནས་ལྕེ་ཕྱུང་སྟེ་ལྕགས་ཀྱི་ཕུར་པ་བརྒྱས་བརྒྱངས་ནས་གླང་གི་ཀོ་བ་ལ་བྱེད་པ་བཞིན་དུ་ཐང་བཅད་དེ་གཉེར་མ་དང་ཁམ་ཁུམ་མེད་པར་བྱེད་དོ། །ཡང་ལྕགས་ཀྱི༌ས་གཞི་ལ་གན་རྐྱལ་དུ་བཞག་ནས་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཁ་ཕྱེ་ནས་ལྕགས་ཀྱི་ཐུ་ལུམ་འབར་བ་ཁར་འཇུག་པ་དང་ཟངས་བསྐོལ་བ་ཁར་བླུགས་ནས་ཁ་དང་ལྐོག་མ་དང་རྒྱུ་མ་རྣམས་ཚིག་ནས་རོ་སྨད་ནས་འབྱུང་ངོ་། །ལྷག་མ་གཞན་ནི་རབ་ཏུ་ཚ་བ་བཞིན་ནོ། །དེ་དག་ནི་གནོད་པ་རགས་པ་ཙམ་ཡིན་གྱི། གཞན་ཡང་གནོད་པ་མང་པོ་
སྣ་ཚོགས་པ་རྣམས་ཡོད་དེ། ཅི་ཙམ་ན་གནས་པའི་གནས་ཀྱི་ཚད་དང་སྡུག་བསྔལ་དེ་དག་ནི་སའི་དངོས་གཞི་ནས་ཇི་ལྟར་གསུངས་པ་ལྟར་བྲིས་པའོ། །སྡུག་བསྔལ་དེ་རྣམས་ཡུན་ཅི་ཙམ་དུ་ཉམས་སུ་མྱོང་བ་ནི། བཤེས་སྤྲིངས་ལས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། སྡུག་བསྔལ་དེ་རྣམས་མྱོང་བའི་ལས་ཀྱི་ནུས་པ་མ་ཟད་པ་དེ་སྲིད་དུ་མྱོང་དགོས་སོ། །དེ་ཡང་མི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་པའི་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་རིས་བཞི་པའི་ཚེ་ཚད་ཡིན་ལ། དེ་ཐམས་ཅད་ལ་ཞག་གཅིག་དང་དེ་སུམ་ཅུ་ལ་ཟླ་བ་དང་དེ་བཅུ་གཉིས་ལ་ལོར་བྱས་པའི་ལོ་ལྔ་བརྒྱ་ནི་དམྱལ་བ་ཡང་སོས་པའི་ཚེ་ཚད་དོ། །དེ་བཞིན་དུ་མི་ལོ་བརྒྱ་དང་ཉིས་བརྒྱ་དང་བཞི་བརྒྱ་དང་བརྒྱད་བརྒྱ་དང་སྟོང་དྲུག་བརྒྱ་ནི་སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་པའི་བར་རྣམས་ཀྱི་རིམ་པ་བཞིན་དུ་ཞག་གཅིག་ཡིན་ལ། ཚེའི་ཚད་ནི་ལྷའི་ལོ་སྟོང་དང་ཉིས་སྟོང་དང་བཞི་སྟོང་དང་བརྒྱད་སྟོང་དང་ཁྲི་དྲུག་སྟོང་ཐུབ་བོ། །དེ་དག་ནི་རིམ་པ་ལྟར་ཐིག་ནག་ནས་ཚ་བའི་བར་གྱི་ཞག་རེ་རེར་བྱས་པའི་རང་ལོ་སྟོང་ནས་ཁྲི་དྲུག་སྟོང་གི་བར་ཐུབ་སྟེ། མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་རྣམས་ཀྱི་ཉིན་ཞག་གཅིག །
གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་དང༌། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ། །ཞེས་གསུངས་ཏེ། སའི་དངོས་གཞིར་ཡང་དེ་དང་འདྲའོ། །ཉེ་འཁོར་བ་ནི། དམྱལ་བ་བརྒྱད་པོ་དེ་རེ་རེ་ལ་ཡང་རྩིག་ངོས་བཞི་བཞི་དང་སྒོ་བཞི་བཞི་ཡོད་ལ། དེ་དག་གི་ཕྱི་རོལ་ཏུ་ནི་ལྕགས་ཀྱི་ར་བས་བསྐོར་ཞིང་ར་བ་དེ་ལའང་སྒོ་བཞི་བཞི་ཡོད་དོ། །སྒོ་དེ་རེ་རེ་ན་སེམས་ཅན་དམྱལ་བ་ལྷག་པ་བཞི་བཞི་ཡོད་དེ། མེ་མུར་གྱི་འོབས་དང༌། རོ་མྱགས་ཀྱི་འདམ་མམ་ཕྱི་སའི་འདམ་རོ་ལྟར་མནམ་པ་དང༌། སྤུ་གྲིའི་ལམ་ལ་སོགས་པ་དང་། ཆུ་ཀླུང་རབ་མེད་དོ། །དེ་ལ་དང་པོ་ནི། མེ་མུར་པུས་ནུབ་ཙམ་ཡོད་ལ། སེམས་ཅན་དེ་དག་གནས་འཚོལ་དུ་འགྲོ་བ་ན་དེར་རྐང་པ་བཞག་པའི་ཚེ་པགས་པ་དང་ཤ་ཁྲག་ཀུན་འཇིག་ལ། བཏེག་པའི་ཚེ་དེ་དག་སླར་སྐྱེ་བར་འགྱུར་རོ། །གཉིས་པ་ནི། དེ་དང་འདབས་ཆགས་པ་ན་ཕྱི་སའི་འདམ་རོ་ལྟར་མནམ་པ་ཡོད་པ་ལ། སེམས་ཅན་གནས་འཚོལ་བ་དག་གིས་བརྒལ་བ་དང་དེར་འགྱེལ་ནས་མགོ་མན་ཆད་བྱིང་སྟེ་འདུག་གོ །འདམ་དེ་ན་འབུ་མཆུ་རྣོན་ཞེས་བྱ་བ་ཡོད་པས་དེ་དག་གིས་པགས་པ་དང་ཤ་དང་རྒྱུས་པ་དང་རུས་པ་རྣམས་འབིགས་ཤིང་རྐང་ལ་གཏུགས་ནས་འདྲུ་བར་བྱེད་དོ། །གསུམ་པ་ནི། འདམ་དེ་དང་འདབས་ཆགས་པ་ན་སྤུ་གྲིའི་སོ་གཏམས་
པའི་ལམ་ཡོད་དེ། སེམས་ཅན་གནས་འཚོལ་བ་དག་དེར་སོང་བ་དང་རྐང་པ་བཞག་ན་ནི་པགས་པ་དང་ཤ་དང་ཁྲག་ཀུན་གཅོད་ལ་བཏེག་ན་དེ་དག་སླར་སྐྱེའོ། །དེ་དང་འདབས་ཆགས་པ་ན་ནགས་ཚལ་རལ་གྲི་ལོ་མ་ཅན་ཡོད་དེ། སེམས་ཅན་གནས་འཚོལ་བ་དེ་དག་དེར་སོང་སྟེ་དེའི་གྲིབ་མ་ལ་བརྟེན་ཅིང་འཁོད་པ་ན་ཤིང་ལས་རལ་གྲི་ལྷགས་ཏེ། དེ་དག་གིས་ཡན་ལག་དང་ཉིང་ལག་འབིགས་ཤིང་རྣམ་པར་གཤེག་གོ །དེ་དག་དེར་འགྱེལ་བ་ན་ཁྱི་སྲེ་བོ་དག་འོངས་ནས་རྒྱབ་བཤུལ་ནས་འཐོག་ཅིང་ཟའོ། །དེ་དང་འདབས་ཆགས་པ་ན་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་ཡོད་དེ། སེམས་ཅན་གནས་འཚོལ་བ་དེ་དག་དེར་སོང་བ་དང་དེ་ལ་འཛེག་ཏུ་འཇུག་སྟེ་འཛེགས་པའི་ཚེ་ནི་ཚེར་མ་རྣམས་ཀྱི་ཁ་ཐུར་དུ་བལྟ་ལ། འབབ་པའི་ཚེ་ནི་ཁ་གྱེན་དུ་བལྟ་བ་དེ་དག་གིས་ཡན་ལག་དང་ཉིང་ལག་རྣམས་འབིགས་ཤིང་གཤེག་པར་བྱེད་དོ། །དེ་ན་ཁྭ་ལྕགས་ཀྱི་མཆུ་ཅན་བྱ་བ་ཡོད་པས་དེས་ཕྲག་པའམ་མགོ་བོ་ལ་བསྡད་ནས་མིག་འབྲས་འཐོག་ཅིང་ཟའོ། །དེ་དག་ནི་མཚོན་ཆའི་གནོད་པ་འབབ་པར་འདྲ་བས་གཅིག་ཏུ་བྱའོ། །བཞི་པ་ནི། ཤལ་མ་ལི་དང་འདབས་ཆགས་པ་ན་ཆུ་ཀླུང་རབ་མེད་ཅེས་བྱ་བ་འགྱུར་བྱེད་ཀྱི་ཆུ་བསྐོལ་བས་གང་བ་ཡོད་དེ། དེར་སེམས་ཅན་གནས་འཚོལ་བ་དེ་དག་ལྷུང་ནས་སྟེང་འོག་ཏུ་འགྲོ་ཞིང་འཚེད་པ་ནི། དཔེར་ན། ཟངས་ཆུས་བཀང་བ་མེ་ཆེན་པོ་སྦར་བའི་ནང་དུ་སྲན་མ་ལ་སོགས་པ་བླུགས་པ་བཞིན་ནོ། །ཆུ་ཀླུང་དེའི་འགྲམ་
གཉིས་ན་སེམས་ཅན་ལག་ན་དབྱུག་པ་དང་མཆིལ་པ་དང་རྒྱ་བཟུང་བ་དག་བསྡད་ནས་ཕྱིར་འབྱུང་དུ༌ཡང་མི་སྟེར་ལ། མཆིལ་པའམ་རྒྱས་ཕྱིར་ཕྱུང་ནས་ས་གཞི་ཆེན་པོ་འབར་བ་ལ་གན་རྐྱལ་དུ་བཞག་སྟེ་ཅི་འདོད་ཅེས་འདྲིའོ། །དེ་དག་གིས་བདག་ཅག་གིས་ཅང་ཡང་མི་ཤེས་ཤིང་མི་མཐོང་སྟེ། འོན་ཀྱང་བཀྲེས་སོ་སྐོམ་མོ་ཟེར་བ་ན་ལྕགས་ཀྱི་ཐུ་ལུམ་མེ་རབ་ཏུ་འབར་བ་ཁར་འཇུག་ཅིང་ཟངས་བསྐོལ་བ་ཁར་ལྡུགས་སོ། །དེ་དག་ཀྱང་སའི་དངོས་གཞི་ལྟར་བཀོད་པ་སྟེ། ཉེ་འཁོར་བ་དང་ཉི་ཚེ་བ་གཉིས་ལ་ཚེ་ཚད་ངེས་པ་མེད་པར་དེ་ལས་བཤད་དོ། །འོན་ཀྱང་ཇི་སྲིད་དུ་སྡུག་བསྔལ་དེ་དག་མྱོང་བའི་ལས་ཀྱི་ནུས་པ་མ་ཟད་པ་དེ་སྲིད་དུ་གཞི་དེ་དག་ལས་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །གྲང་བའི་དམྱལ་བ་བརྒྱད་ནི། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཀྱི་ཐད་སོ་དཔག་ཚད་ཁྲི་ཕྲག་རེའི་ཕ་རོལ་ན་ཡོད་ཅིང༌། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་གི་འོག་ན་ཆུ་བུར་ཅན་ཡོད་ལ། དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་ཆོད་པ་ན་གཞན་བདུན་ཡོད་དོ། །དེ་ལ་ཆུ་བུར་ཅན་ནི། ལྷགས་པ་ཆེན་པོས་བཏབ་པས་ལུས་ཐམས་ཅད་ཆུ་བུར་བྱུང་བ་བཞིན་དུ་འཁུམས་པའོ། །ཆུ་བུར་རྡོལ་བའི་ཁྱད་པར་ནི། ཆུ་བུར་རྡོལ་བ་བཞིན་དུ་འཁུམས་པའོ། །སོ་ཐམ་ཐམ་པ་དང༌། ཀྱི་ཧུད་ཟེར་བ་དང༌། ཨ་ཆུ་ཟེར་བ་ནི། ཚིག་འདོན་ལུགས་ལས་བཏགས་པའོ། །ཨུཏྤལ་ལྟར་གས་པ་ནི། ལྷགས་པ་ཆེན་པོས་བཏབ་པས་ཁ་དོག་སྔོ་ཞིང་
ཁ་ལྔའམ་དྲུག་ཏུ་གས་པའོ། །པདྨ་ལྟར་གས་པའི་ཁྱད་པར་ནི། སྔོན་པོ་ལས་འདས་ནས་དམར་བར་གྱུར་ཏེ་ཁ་བཅུའམ་དེ་ལས་མང་བར་གས་པའོ། །པདྨ་ལྟར་གས་པ་ཆེན་པོའི་ཁྱད་པར་ནི། པགས་པ་ཤིན་ཏུ་དམར་བར་གྱུར་ནས་ཁ་བརྒྱའམ་དེ་ལས་མང་བར་ཡང་གས་པའོ། །དེ་དག་གི་གོ་རིམ་དང་གནས་ཀྱི་ཚད་དང་སྡུག་བསྔལ་རྣམས་ནི་སའི་དངོས་གཞི་ཇི་བཞིན་ནོ། །སྐྱེས་རབས་ལས། མེད་པར་ལྟ་བ་ཚེ་རབས་ཕྱི་མ་ལ། །གནས་པ་དེ་ན་མུན་ནག་རླུང་གྲང་ལྡང༌། །དེས་ནི་རུས་པའང་འཇིག་པའི་ནད་སློང་ན། །བདག་ལ་ཕན་འདོད་སུ་ཞིག་དེ་རུ་འཇུག །ཅེས་མུན་པར་གནས་པར་གསུངས་སོ། །སློབ་སྤྲིངས་ལས་ཀྱང༌། ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིང་བ་ཡིས། །ལུས་སྦྲེབས་འདར་ཞིང་སྒུར་ནས་ཀུམ་ཀུམ་པོར་འདུག་པ། །ཆུ་བུར་བརྒྱ་བྱུང་རྡོལ་པ་ལས་སྐྱེས་སྲོག་ཆགས་ཀྱིས། །ཟོས་ཤིང་དབྲད་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །ཀོས་ཐག་སོ་འཐམས་སྐྲ་དང་སྤུ་རྣམས་གཡེངས་གྱུར་པ། །མིག་དང་རྣ་བ་ལྐོག་མ་གནོད་པས་ཀུན་གཟིར་ཞིང༌། །ལུས་དང་སེམས་ཀྱི་བར་དག་རབ་ཏུ་བློང་གྱུར་ནས། །གྲང་བའི་དམྱལ་བར་གནས་ཤིང་ཤིན་ཏུ་འོ་དོད་འབོད། །ཅེས་གསུངས་སོ། །ཡུན་ཇི་ཙམ་དུ་སྡུག་བསྔལ་དེ་དག་མྱོང་བ་ནི། ཇི་སྲིད་ལས་ངན་པ་དེ་དག་མ་ཟད་ཀྱི་བར་དུ་སྟེ། དེ་ཡང་སའི་དངོས་གཞིར་ནི། གྲང་བའི་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པའི་སེམས་ཅན་རྣམས་ལས་ཕྱི་མ་ཕྱི་མ་ཕྱེད་ཕྱེད་ཞུགས་པར་རིག་པར་བྱའོ། །ཞེས་པ་
དང༌། མཛོད་འགྲེལ་དུ་མདོ་དྲངས་པ་ལས། དགེ་སློང་དག །དཔེར་ན་འདི་ན་ཡུལ་མ་ག་དྷའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པ་ཞིག་ཏིལ་དག་གིས་བྱུར་བུར་བཀང་སྟེ། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང་ཏིལ་རེ་རེ་བོར་ན། དགེ་སློང་དག །རིམ་པ་དེས་ན་ཡུལ་མ་ག་དྷའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པ་དེ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་བ་ནི་ཆེས་མྱུར་གྱི། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ཡོངས་སུ་གཏུགས་པར་ནི་ང་མི་སྨྲའོ། །དགེ་སློང་དག །ཆུ་བུར་ཅན་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་ཆུ་བུར་རྡོལ་བ་གཅིག་ཡིན་ནོ། །ཞེས་བྱ་བ་ནས། རྒྱས་པར་ནི་ཡང་དགེ་སློང་དག །པདྨ་ལྟར་གས་པ་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་པདྨ་ལྟར་གས་པ་ཆེན་པོ་གཅིག་ཡིན་ནོ། །ཞེས་གསུངས་པས། ཚེ་དེ་ཙམ་གྱི་བར་དུ་མྱོང་ངོ་། །ཉི་ཚེ་བའི་དམྱལ་བ་ནི། ཚ་དམྱལ་དང་གྲང་དམྱལ་གྱི་ཉེ་འཁོར་ན་ཡོད་ལ། མིའི་ཡུལ་ན༌ཡང་ཡོད་པར་སའི་དངོས་གཞིར་གསུངས་ཤིང༌། ལུང་གཞི་ལས་མཚོ་ཆེན་པོའི་འགྲམ་དང་ཉེ་བ་ན་གནས་པར་ཡང་གསུངས་ཏེ། དགེ་འདུན་སྲུངས་ཀྱི་རྟོགས་པ་བརྗོད་པ་ལས་འབྱུང་བ་བཞིན་ནོ། །མཛོད་འགྲེལ་ལས་ཀྱང༌། སེམས་ཅན་དམྱལ་བ་བཅུ་དྲུག་པོ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་མངོན་པར་གྲུབ་པ་དག་ཡིན་ནོ། །ཉི་ཚེ་བའི་དམྱལ་བ་རྣམས་ནི་མང་པོའམ་གཉིས་སམ་གཅིག་གི་སོ་སོའི་ལས་དག་གིས་མངོན་པར་གྲུབ་པ་ཡིན་ཏེ། དེ་དག་གི་རྣམ་པའི་བྱེ་བྲག་ནི་རྣམ་པ་དུ་མ་ཡོད་དོ། །གནས་
ནི་ངེས་པ་མེད་དེ། ཆུ་བོ་དང་རི་དང་མྱ་ངམ་གྱི་ཕྱོགས་དག་དང་འོག་ནའང་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་ན་དེ་དག་ཏུ་སྐྱེ་བའི་རྒྱུ་ནི་འོག་ནས་འཆད་པ་ལྟར་ཤིན་ཏུ་འབྱུང་ཉེ་བས་ཉི་མ་རེ་རེ་བཞིན་ཡང་མང་པོ་གསོག་ལ། སྔར་བསགས་པ་ཡང་ད་དུང་དཔག་ཏུ་མེད་པ་ཡོད་པས། ཡིད་བདེ་བར་སྡོད་པ་མི་རིགས་པས་དེ་དག་བསམས་ནས་འཇིགས་པར་བྱ་སྟེ། དེ་དག་དང་བར་ན་ནི་དབུགས་གྱ་གྱུ་འགྱུ་བ་འཆད་པ་ཙམ་ལས་མེད་པའི་ཕྱིར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདི་ལྟར་བདེ་བར་གནས། །ཞེས་དང༌། བཤེས་སྤྲིངས་ལས་ཀྱང༌། སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གི །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་མང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང༌། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་གསུངས་སོ། །འཁོར་བའི་སྡུག་བསྔལ་གྱི་ནང་ན་ངན་འགྲོའི་སྡུག་བསྔལ་བཟོད་དཀའ་ལ། དེའི་ནང་ནས་ཀྱང་དམྱལ་བའི་སྡུག་བསྔལ་བཟོད་གླགས་མེད་དེ། ཉིན་གཅིག་ལ་མདུང་རྣོན་སུམ་བརྒྱས་བར་མ་ཆད་དུ་བཏབ་པའི་སྡུག་བསྔལ་གྱིས། དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་ཆ་ཙམ་དུ་ཡང་བསྒྲུན་དུ་མེད་པའི་ཕྱིར་རོ། །དམྱལ་བའི་ནང་ནས་
ཀྱང་མནར་མེད་ཀྱི་སྡུག་བསྔལ་ཆེས་ཆེ་སྟེ། བཤེས་སྤྲིངས་ལས། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པ། །བདེ་བའི་བདག་པོ་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་དབྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་སོ། །དེ་ལྟ་བུའི་སྡུག་བསྔལ་བསྐྱེད་པའི་རྒྱུ་ནི། རང་གི་སྒོ་གསུམ་གྱི་ཉེས་སྤྱོད་ཁོ་ན་ཡིན་པར་ཤེས་པར་བྱས་ལ། ཉེས་སྤྱོད་ཆུང་ངུས་ཀྱང་མ་གོས་པར་བྱ་བ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་པར་བྱ་སྟེ། དེ་ཉིད་ལས། མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ཀྱི་ཉེས་སྤྱོད་ཁྱོད་ཀྱིས་ནི། །ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི་རྩལ་གྱིས་འབད་པར་མཛོད། །ཅེས་སོ། །དུད་འགྲོའི་སྡུག་བསྔལ་བསམ་པ་ནི། དུད་འགྲོ་རྣམས་མཐུ་ཆེ་བས་ཆུང་བ་རྣམས་གསོད་པ་དང༌། ལྷ་དང་མིའི་ཡོ་བྱད་དུ་གྱུར་ཏེ་རང་ལ་རང་དབང་མེད་པར་གཞན་གྱི་དབང་དུ་གྱུར་པས་གསོད་པ་དང་བརྡེག་པ་དང་གནོད་པ་བྱེད་ལ། ལྷ་དང་མི་དང་ལྷན་ཅིག་རྒྱུ་བས་གནས་གཞན་མེད་པར་སའི་དངོས་གཞི་ལས་བཤད་དོ། །མཛོད་འགྲེལ་ལས་ནི། དུད་འགྲོ་ནི་ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་བ་དག་ཡིན་ནོ། །དེ་དག་གི་གནས་ཀྱི་རྩ་བ་ནི་རྒྱ་མཚོ་ཆེན་པོ་ཡིན་
ཏེ་གཞན་ནི་དེ་ལས་འཕྲོས་པ་དག་ཡིན་ནོ། །ཞེས་གསུངས་སོ། །བཤེས་སྤྲིངས་ལས་ཀྱང༌། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང༌། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང༌། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང༌། །ལྕག་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ། །ཞེས་སོ། །དེ་ལ་ཚིགས་བཅད་དང་པོས་སྤྱི་དང༌། གཉིས་པས་ཁྱད་པར་གྱི་སྡུག་བསྔལ་བསྟན་ཏོ། །བརྡེག་སོགས་ཞེས་པའི་སོགས་ཀྱི་སྒྲས་ནི་བཀོལ་བ་དང་སྣ་དབུག་པ་སོགས་བསྡུས་ཏེ། དེ་ནི་མི་དང་མི་མ་ཡིན་པ་རྣམས་ཀྱིས་གསོད་པ་སོགས་བྱེད་པའི་དབང་དུ་མཛད་དོ། །གཅིག་ལ་གཅིག་ཟ་ཞེས་པ་ནི་དུད་འགྲོ་རིགས་མཐུན་གྱི་གནོད་པའི་དབང་དུ་མཛད་པ་སྟེ། ཞི་བར་འགྱུར་བའི་དགེ་བ་ནི་མྱང་འདས་འཐོབ་པའི་དགེ་བའོ། །དེ་སྤངས་པས་ནི་ཤིན་ཏུ་བླུན་ཞིང་ལམ་གྱི་སྣོད་དུ་མི་རུང་བར་བསྟན་ཏོ། །རྡོག་པས་བཏབ་སྟེ་བཀོལ་བ་ནས་གདབ་པས་བཏབ་སྟེ་བཀོལ་བ་ལྔ་ནི་རིམ་པ་བཞིན་དུ་རྟ་དང་མ་ཧེ་དང་བོང་བུ་དང་གླང་པོ་ཆེ་དང་གླང་ལ་སོགས་པའོ། །དེ་དག་ནི་བཤེས་སྤྲིངས་འགྲེལ་པ་ལས་འབྱུང་བ་ལྟར་ཡིན་ལ། གཞན་ཡང་མུན་པ་དང་ཆུར་སྐྱེས་ཤིང་དེ་དག་ཏུ་རྒས་ཏེ་འཆི་བ་དང་ཁུར་ལྕི་བས་ངལ་བ་དང་རྨོ་བ་དང་སྤུ་འདྲེག་པ་དང་བདའ་བ་དང་གསོད་ལུགས་ཀྱང་མི་འདྲ་བ་དུ་མས་ཉམ་ཐག་པར་བྱས་ཏེ། གསོད་པ་དང་བཀྲེས་
སྐོམ་དང་ཉི་ལྷགས་ཀྱིས་གཟིར་བ་དང་རྔོན་པས་སྒོ་དུ་མ་ནས་གཙེ་བས་དེ་དག་ལ་དུས་ནམ་ཡང་འཇིགས་ཡེ་རེ་བས་སྡུག་བསྔལ་བའི་ཚུལ་རྣམས་བསམས་ཏེ་སྐྱོ་ཞིང་ཡིད་འབྱུང་བར་བྱའོ། །ཚེའི་ཚད་ནི། མཛོད་ལས། དུད་འགྲོ་རྣམས། །མཆོག་རིང་བསྐལ་པའོ། །ཞེས་ཚེ་རིང་བ་རྣམས་ཀྱིས་བསྐལ་པ་ཙམ་ཐུབ་ཅིང་ཐུང་བ་ལ་ངེས་པ་མེད་པར་བཤད་དོ། །ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། སེར་སྣ་ཤས་ཆེར་བསྟེན་པ་རྣམས་ཡི་དྭགས་སུ་སྐྱེ་ལ། དེ་དག་ཀྱང་བཀྲེས་ཤིང་སྐོམ་པ་དང་ལྡན་པ་པགས་པ་དང་ཤ་ཁྲག་ཀུན་བསྐམས་པ་སྡོང་དུམ་ཚིག་པ་ལྟ་བུ་གདོང་སྐྲས་ཁེབས་པ་ཁ་ཤིན་ཏུ་བསྐམས་ཤིང་ལྕེས་བལྡག་པའོ། །འདི་ལ་གསུམ་ལས། ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཡོད་པ་ནི། དེ་དག་ཆུ་མིག་དང་མཚོ་དང་མཚེའུ་རྣམས་སུ་རྒྱུ་བ་ན། དེར་སེམས་ཅན་རལ་གྲི་དང་མདུང་དང་མདུང་ཐུང་བཟུང་བ་དག་གིས་ཆུ་མིག་ལ་སོགས་པ་ལས་ཕྱིར་འགོག་པར་བྱེད་པ་དང༌། ཆུ་ཡང་རྣག་ཁྲག་ཏུ་མཐོང་ནས་འཐུང་བར་མི་འདོད་པའོ། །ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་ནི། ཁ་ཁབ་མིག་ཙམ་ཡོད་པ་ལ་ཁ་འབར་བ་དང་ལྦ་བ་ཅན་དང་གསུས་པ་ཆེ་བ་སྟེ། གཞན་གྱིས་གེགས་མ་བྱས་པར་རང་གིས་ཟས་སྐོམ་རྙེད་དུ་ཟིན་ཀྱང་བཟའ་བཏུང་མི་ནུས་པའོ། །ཟས་སྐོམ་ལ་སྒྲིབ་པ་ཡོད་པ་ནི། མེ་ལྕེའི་ཕྲེང་བ་ཅན་ཞེས་བྱ་བས་ནི་ཟོས་པ་དང་འཐུངས་པ་ཐམས་ཅད་མེར་འབར་ནས་འཚིག་པར་འགྱུར་ལ། ལྗན་ལྗིན་ཟ་བ་ཞེས་བྱ་བས་ནི། བཤང་གཅི་ཟ་ཞིང་འཐུང་
བ་མི་གཙང་ཞིང་མནམ་ལ་དྲི་ང་བ་དང་གནོད་པ་དང་སྨད་པར་བྱ་བ་ཙམ་ལ་བཟའ་བཏུང་བྱ་བར་ནུས་སོ། །ཁ་ཅིག་ནི་རང་གི་ཤ་ལས་བཅད་ཅིང་ཟ་ལ་གཙང་མ་དང་བཟང་པོའི་བཟའ་བཏུང་ལ་སྤྱོད་མི་ནུས་སོ། །དེ་དག་གི་གནས་ནི། མཛོད་འགྲེལ་ལས། ཡི་དྭགས་རྣམས་ཀྱི་རྒྱལ་པོ་ནི་གཤིན་རྗེ་ཞེས་བྱ་བ་ཡིན་ནོ། །དེ་དག་གི་གནས་ཀྱི་རྩ་བ་རྒྱལ་པོའི་ཁབ་ནས། འཛམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡོད་དེ། གཞན་ནི་དེ་ལས་འཕྲོས་པ་དག་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །བཤེས་སྤྲིངས་ལས་ཀྱང༌། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང༌། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལ་ཡ་ཐོག་བསྐམས་པ་ལྟ་བུ་ལགས། །ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་བབས་བྱེད་པ་འཚལ། །དམངས་རིགས་འགས་ནི་རྣག་དང་ཕྱི་ས་དང༌། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་ལ་འཚལ། །ཡི་དྭགས་རྣམས་ལ་སོས་གའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང༌། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་
ཀླུང་ཡང་སྐེམས་པར་འགྱུར། །ཞེས་སོ། །དེ་ལ་ཚིགས་བཅད་དང་པོས་ནི་སྤྱི་དང་ལྷག་མ་རྣམས་ཀྱིས་ཁྱད་པར་གྱི་སྡུག་བསྔལ་བསྟན་ཏོ། །ངལ་བ་ནི་ཟས་ཀྱི་ཕྱིར་རྒྱུག་པའོ། །འཇིགས་པ་ནི་སྐྱེས་བུ་རལ་གྲི་དང་གཏུན་ཤིང་དང་ཞགས་པ་ཐོགས་པ་རྣམས་མཐོང་ནས་འཇིགས་པའོ། །གྱི་ནར་བོར་བ་ནི་ཅི་བདེར་བོར་བའོ། །མཚན་ཞིང་ནི་མཚན་མོའི་ཚེ་ཁ་ནས་མེ་འབར་བའོ། །འབར་བའི་ཁར་བབས་བྱེད་པ་ནི་ཟས་གང་ཁར་འབར་བར་བྱེད་པ་འཚལ་བ་སྟེ་ཟ་བའོ། །མིག་གདུག་པའི་དུག་གིས་བསྲེགས་པ་བཞིན་དུ་ཆུ་ཞིམ་པོ་བསིལ་བའི་ཀླུང་ཡང་སྐེམས་པར་འགྱུར་རོ། །ཁ་ཅིག་ལ་ནི། མེ་འབར་བ་འཁྲིགས་པའི་མདག་མས་གང་བར་སྣང་ལ། ཁ་ཅིག་ལ་ནི་རྣག་གི་ཀླུང་སྲིན་བུ་སྣ་ཚོགས་ཀྱིས་གང་བ་འབབ་པར་འགྲེལ་པ་ལས་བཤད་དོ། །སློབ་མ་ལ་སྤྲིངས་པ་ལས་ཀྱང༌། མི་བཟད་སྐོམ་པས་རྒྱང་ནས་ཆུ་ཀླུང་དྲི་མེད་པ། །མཐོང་ནས་བཏུང་བར་འདོད་དེ་སོང་ན་དེ་ཉིད་ཀྱང༌། །སྐྲ་ཤད་ཉ་ལྕིབས་ཚོགས་དང་རྣག་བསུངས་འདྲེས་པ་དང༌། །འདམ་རྫབ་ཁྲག་དང་ཕྱི་སས་གང་བའི་ཆུར་འགྱུར་རོ། །དུས་རླབས་རླུང་ལངས་ཆུ་འཐོར་རི་རྩེ་བསིལ་གྱུར་ཅིང༌། །ཙནྡན་ལྗོན་པ་སྔོ་འཁྲུངས་མ་ལ་ཡར་སོང་ན། །དེ་ཡང་འདི་ལ་ནགས་བསྲེགས་མེ་ལྕེ་རྣོས་འཁྲིགས་ཤིང༌། །མགལ་དུམ་འགྱེལ་བ་མང་པོས་རང་རོང་ཅན་དུ་འགྱུར། །ཆུ་གཏེར་རླབས་འཇིགས་འཕང་མཐོ་གྱེས་པ་ལས་བྱུང་བའི། །དབུ་བ་འཚེར་བ་ལྷག་གེར་འདུག་པར་སོང་ན་
ཡང༌། །དེ་ཡང་འདི་ལ་བྱེ་ཚན་ཁུག་རྣ་དམར་རྩུབ་པའི། །རླུང་དམར་འཇེབས་པ་འཚུབ་པའི་མྱ་ངམ་ཉིད་དུ་འགྱུར། །འདི་ནི་དེར་གནས་ཆར་སྤྲིན་ལྡང་བར་འདོད་ན་ཡང༌། །སྤྲིན་ལས་ལྕགས་མདའི་ཆར་པ་དུད་འཐུལ་མདག་མར་བཅས། །ཚྭ་ཚྭ་རྡོ་རྗེའི་ཕ་བོང་རྣམས་འཕྲོ་གསེར་མདོག་ལྟ་བུ་ཡི། །གློག་ཕྲེང་དམར་སེར་འགྱུ་བ་ལུས་ལ་ཆར་དུ་འབབ། །ཚ་བས་ཉེན་ལ་བུ་ཡུག་ཀྱང་ནི་ཚར་འགྱུར་ལ། །ལྷགས་པས་ཉམ་ཐག་པ་ལ་མེ་ཡང་གྲང་བྱེད་དེ། །ཤིན་ཏུ་མི་བཟད་ལས་ཡོངས་སྨིན་པས་རྣམ་རྨོངས་པ། །འདི་ལ་སྣ་ཚོགས་འདི་ཀུན་ཕྱིན་ཅི་ལོག་ཏུ་སྣང༌། །ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་མཆིས་པའི། །ལྟོ་ཅན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང༌། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་པར། །ཁ་ཡི་དུག་གིས་ཆུ་ཡི་ཐིགས་པའང་སྐེམས་པར་འགྱུར། །ཞེས་གསུངས་པ་རྣམས་ཀྱང་བསམ་མོ། །ཚེའི་ཚད་ནི། སའི་དངོས་གཞི་དང་མཛོད་ལས། མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས་ལ། བཤེས་སྤྲིངས་ལས་ནི། བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར། །ཞེས་གསུངས་ཏེ། ཡི་དྭགས་ཁ་ཅིག་གི་ཚེ་ཚད་ལྔ་སྟོང་དང༌། ཁ་ཅིག་གི་ཚེ་ཚད་ཁྲི་ཡིན་པར་འགྲེལ་པར་བཤད་དོ། །ངན་སོང་གསུམ་ག་ལ་ལུས་ཀྱི་ཚད་ངེས་པ་མེད་དེ། མི་དགེ་བའི་དབང་གིས་ཆེ་ཆུང་སྣ་ཚོགས་
སུ་འགྱུར་བར་སའི་དངོས་གཞིར་གསུངས་སོ། །དེ་ལྟར་ངན་འགྲོའི་སྡུག་བསྔལ་དེ་རྣམས་སེམས་པ་ནི། ད་ལྟ་མེ་མ་མུར་དུ་ལག་པ་བཅུག་ནས་ཞག་གཅིག་སྡོད་པ་དང༌། དགུན་གྱི་ལྷགས་སྒང་ལ་འཁྱགས་སྦུབས་སུ་གོས་མེད་པར་དེ་ཙམ་ཞིག་སྡོད་པ་དང༌། ཞག་ཁ་ཡར་བཟའ་བ་དང་བཏུང་བ་མེད་པ་དང་ལུས་ལ་སྦྲང་བུ་སོགས་ཀྱིས་སོ་བཏབ་པ་ཙམ་ཡང་བཟོད་དཀའ་ན། ཚ་དམྱལ་དང་གྲང་དམྱལ་དང་ཡི་དྭགས་དང་དུད་འགྲོ་གཅིག་གིས་གཅིག་གསོན་པོར་མིད་པའི་སྡུག་བསྔལ་སོགས་བདག་གིས་ཇི་ལྟར་བཟོད་སྙམ་དུ་ད་ལྟར་གྱི་ཉམས་ལ་དཔགས་ནས་ཤིན་ཏུ་འཇིགས་ཤིང་སྐྲག་པའི་ཡིད་ཀྱི་འགྱུར་བ་མ་ཐོན་བར་དུ་བསྒོམ་པར་བྱ་སྟེ། ཤེས་ནས་ཡིད་ལ་མ་གོམས་པའམ་དུས་ཅུང་ཟད་རེ་བསྒོམས་པས་ནི་ཅིར་ཡང་མི་འགྱུར་ཏེ། ལུང་གཞི་ལས། ཀུན་དགའ་བོའི་སྲིང་མོའི་བུ་གཉིས་རབ་ཏུ་བྱུང་ནས་ཀློག་ཏུ་བཅུག་པ་དང་དེ་ཞག་ཉུང་ཤས་ཤིག་བཀླགས་ནས་ལེ་ལོས་མི་ཀློག་པ་དང༌། མོའུ་འགལ་གྱི་བུ་ལ་གཏད་པས་སྔར་བཞིན་དུ་བྱེད་པ་ན། ཀུན་དགའ་བོས་འདི་གཉིས་ཡིད་འབྱུང་བར་གྱིས་ཤིག་ཅེས་བྱས་པས། མོའུ་འགལ་གྱི་བུས་ཉིན་མོ་སྤྱོད་དུ་འགྲོ་བའི་སར་ཁྲིད་ནས་སེམས་ཅན་དམྱལ་བ་སྤྲུལ་ཏེ་གཅོད་པ་དང་གཤེག་པ་ལ་སོགས་པའི་སྒྲ་ཐོས་ནས་བལྟར་ཕྱིན་པ་དང༌། གཅོད་པ་སོགས་ཀྱི་སྡུག་བསྔལ་མཐོང་ཞིང་དེ་ན་ལྕགས་ཟངས་ཆེན་པོ་གཉིས་ཁོལ་བ་སྣང་ནས་འདིར་སུ་ཡང་མི་འཇུག་གམ་
ཞེས་སྨྲས་པ་དང༌། ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་ལེ་ལོས་དུས་འདའ་བར་བྱེད་པ་ཤི་ནས་འདིར་སྐྱེའོ་ཞེས་སྨྲས་པ་དང༌། དེ་གཉིས་ཤིན་ཏུ་སྐྲག་ནས་གལ་ཏེ་ཤེས་ན་ད་ལྟ་ཉིད་དུ་འཇུག་གོ་སྙམ་ནས་མོའུ་འགལ་གྱི་བུའི་སར་ཕྱིན་པ་དང་ཇི་ལྟར་གྱུར་པ་རྣམས་བསྙད་དོ། །དེ་ནས་མོའུ་འགལ་གྱི་བུས། དགེ་ཚུལ་གཉིས་ཉེས་དམིགས་འདི་དག་དང་གཞན་ཡང་ལེ་ལོ་ལས་འབྱུང་བས་བརྩོན་འགྲུས་རྩོམས་ཤིག །ཅེས་གསུངས་པས། དེ་གཉིས་བརྩོན་འགྲུས་རྩོམ་ཞིང་ཟས་མ་ཟོས་པའི་གོང་དུ་དམྱལ་བ་དྲན་ན་ནི་ཟ་བར་མི་བྱེད་ལ། ཟས་ཟོས་ཟིན་པའི་འོག་ཏུ་དྲན་ན་ནི་སྐྱུག་པར་བྱེད་དོ། །ཡང་ཉིན་མོ་སྤྱོད་པའི་གནས་གཞན་ཞིག་ཏུ་ཁྲིད་ནས་ཕྱོགས་གཅིག་ཏུ་ལྷ་དག་སྤྲུལ་པའི་པི་ཝང་ལ་སོགས་པའི་སྒྲ་ཐོས་ནས་བལྟར་ཕྱིན་པ་དང་ལྷའི་བུ་མེད་པའི་གཞལ་མེད་ཁང་ལྷའི་བུ་མོས་གང་བ་མཐོང་ནས། ལྷའི་བུ་མི་འདུག་པའི་རྒྱུ་མཚན་དྲིས་པ་དང༌། ཀུན་དགའ་བོའི་ཚ་བོ་གཉིས་རབ་ཏུ་བྱུང་ནས་བརྩོན་འགྲུས་རྩོམ་པས་དེ་གཉིས་ཤི་ནས་འདིར་སྐྱེའོ་ཞེས་སྨྲས་པ་དང་། དེ་གཉིས་དགའ་ནས་མོའུ་འགལ་གྱི་བུ་ལ་སྨྲས་པ་དང་དགེ་ཚུལ་གཉིས་ཕན་ཡོན་འདི་དག་དང་གཞན་ཡང་བརྩོན་འགྲུས་བརྩམས་པ་ལས་འབྱུང་བས་བརྩོན་འགྲུས་རྩོམས་ཤིག །ཅེས་གསུངས་པས། བརྩོན་འགྲུས་རྩོམ་པས། ལུང་ནོད་པ་ན་ཡང་དག་པར་ལྡན་པའི་ལུང་ལས་འབྱུང་བ་བདེ་འགྲོ་ནས་ངན་འགྲོར་སྐྱེ་བ་སྔར་དྲངས་པ་ལྟར་གསུངས་པ་ན། འཕགས་པ། བདག་ཅག་གིས་ཡང་ལྷ་མིའི་ནང་ནས་ཤི་འཕོས་ཏེ་ངན་སོང་གསུམ་དུ་སྐྱེ་དགོས་སམ། བཞིན་བཟང་གཉིས། འགྲོ་བ་ལྔའི་འཁོར་བར་ཇི་སྲིད་ཉོན་མོངས་པ་རྣམས་རྒྱུན་མ༌ཆད་པ་དེ་སྲིད་དུ་
ཟོ་ཆུན་བརྒྱུད་མོའི་ཚུལ་གྱིས་འཁོར་བར་བྱ་དགོས་སོ། །དེ་གཉིས་ཡིད་བྱུང་ནས་སླན་ཆད་ཉོན་མོངས་སྤྱོད་པར་མི་འགྱུར་བ་དེ་ལྟར་ཆོས་བཤད་དུ་གསོལ་ཞེས་ཞུས་པས། མོའུ་འགལ་གྱི་བུས་ཆོས་བསྟན་ནས་དགྲ་བཅོམ་པ་ཐོབ་པར་གསུངས་སོ། །དེས་ན་ལེ་ལོ་འགོག་ཅིང་ལམ་སྒྲུབ་པའི་བརྩོན་འགྲུས་བསྐྱེད་པ་དང་ཡིད་ཐར་པ་ལ་བསྐུལ་ཞིང༌། དེ་འཐོབ་པའི་རྒྱུའི་རྩ་བ་ནི་སྡུག་བསྔལ་བསྒོམ་པ་བསྔགས་པ་ཡིན་པས་དེའི་མན་ངག་ལ། སྟོན་པ་ཞལ་བཞུགས་པ་ན༌ཡང་དེ་ལས་ལྷག་པ་གསུང་རྒྱུ་མེད་པ་ཡིན་ནོ། །འདི་ལ་སྐྱེས་བུ་ཆུང་འབྲིང་གི་བསམ་པ་རིམ་ལྡན་དུ་སྐྱེ་ཚུལ་ཤིན་ཏུ་གསལ་ལ། བློ་ཚོད་ཀྱང་བསམ་པ་དེ་འདྲ་བ༌ཞིག་མ་སྐྱེས་པའི་བར་དུ་རྒྱུན་ལྡན་དུ་འབད་ནས་བསྒོམ་དགོས་སོ། །སྣེའུ་ཟུར་པའི་ཞལ་ནས་ཀྱང༌། དེ་དག་ཏུ་སྐྱེ་བའི་རྒྱུ་སྔར་བྱས་སམ་མ་བྱས། ད་ལྟ་བྱེད་དམ་མི་བྱེད། ཕྱི་མ་བྱ་སྙམ་འདུག་གམ་མི་འདུག་བརྟགས་ལ། སྔར་བྱས་སམ་ད་ལྟ་བྱེད་དམ་ཕྱི་མ་བྱ་སྙམ་འདུག་ན་དེར་འགྲོ་བ་ཡིན་པས། དེར་སྐྱེས་ན་དེ་ཙ་ན་ང་ཅི་ཙུག་བྱེད་ངས་ནུས་སམ་སྙམ་དུ་ཀླད་པ་ཚ་ཀམ་ཀམ་པའམ། ཐང་ལ་འདུག་པ་ཀོག་ཀོག་ལྡང་ཡིན་པ་ཚུགས་ཐབས་ཡེ་མེད་པ་བསམས་ལ་འཇིགས་ཤིང་སྐྲག་པའི་བློ་ཅི་སྐྱེ་བྱ་གསུང་ངོ་། །དེ་ནི་གནད་དུ་སྣང་སྟེ་ད་ལྟ་རྟེན་བཟང་བས་དེ་ལྟར་བསམས་ན་སྔར་བསགས་སྦྱོང་བ་དང༌། ཕྱི་མ་ལ་འཇུག་པ་ཉུང་དུ་འགྲོ་ཞིང་དགེ་བ་སྔར་བསགས་པ་འདུན་པ་དྲག་པོའི་སྨོན་ལམ་
གྱིས་ཁ་བསྒྱུར་བས་མང་པོར་སྤེལ་བ་དང༌། གསར་དུ་འཇུག་པའི་སྒོ་དུ་མ་ཞིག་ལ་ཞུགས་པས་ཆོག་པས་ཉི་མ་རེ་རེ་ལ་ཡང་དལ་བ་དོན་ཅན་དུ་བྱར་ཡོད་ལ། ད་ལྟ་དེ་རྣམས་མ་བསམས་ན་ངན་འགྲོར་ལྷུང་བའི་ཚེ་འཇིགས་པ་དེ་དག་ལས་སྐྱོབ་པའི་སྐྱབས་བཙལ་ཡང་མི་རྙེད་ཅིང༌། དེའི་ཚེ་བྱ་བ་དང་བྱ་བ་མ་ཡིན་པའི་འདོར་ལེན་ལ་བློའི་མཐུ་མེད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང༌། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ཅེས་དང༌། སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །ཞེས་གསུངས་པ་ལྟར་རོ། །འདི་དག་ནི་རགས་པ་ཙམ་སྟེ་རྒྱས་པར་དྲན་པ་ཉེར་གཞག་ན་བཞུགས་པས་ངེས་པར་བལྟ་དགོས་ཤིང་ཡང་དང་ཡང་དུ་བལྟ་དགོས་ལ་བལྟས་པ་རྣམས་ལ་བསམ་དགོས་སོ། །གཉིས་པ་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་ལ་གཉིས། བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་སྦྱང་བ། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ། །དང་པོ་ལ་བཞི། གང་ལ་བརྟེན་ནས་
སྐྱབས་སུ་འགྲོ་བའི་རྒྱུ། དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ། ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ། སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པའོ། །དང་པོ་ནི། སྤྱིར་རྒྱུ་མང་ཡང་སྐབས་འདིར་ནི་སྔར་བཤད་པ་ལྟར་ཚེ་འདིར་མི་སྡོད་པར་མྱུར་དུ་འཆི་བ་དང༌། ཤི་བའི་འོག་ཏུ་ཡང་གང་དུ་སྐྱེ་བ་ལ་རང་དབང་མེད་ཀྱི། ལས་ཀྱི་གཞན་དབང་ཅན་ཡིན་ལ། ལས་ཀྱང་སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །ཞེས་གསུངས་པ་ལྟར། དཀར་པོའི་ལས་ཉམ་ཆུང་ཞིང་ནག་པོའི་ལས་ཆེས་ཤིན་ཏུ་སྟོབས་ཆེ་བས་ངན་འགྲོར་ལྷུང་བའི་ཚུལ་བསམས་པས་འཇིགས་ཤིང་སྐྲག་པ་སྐྱེས་ནས་སྐྱབས་འཚོལ་བའི་བློ་སྐྱེ་སྟེ། བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས། །དེ་རིང་གང་ལ་སྐྱབས་སུ་མཆི། །ཞེས་གསུངས་པ་ལྟར་རོ། །མདོར་ན་རང་ངན་འགྲོ་ལ་སོགས་པས་འཇིགས་པ་དང༌། དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པ་གཉིས་ཡིན་ནོ། །དེས་ན་དེ་གཉིས་ཚིག་ཙམ་དུ་སོང་ན་སྐྱབས་འགྲོ་ཡང་དེ་དང་འདྲ་ལ།
དེ་གཉིས་ཤུགས་དྲག་ལ་བརྟན་པ་ཞིག་ཡོད་ན་སྐྱབས་འགྲོ་ཡང་ཡིད་འཁུལ་བ་ཞིག་འོང་བས་རྒྱུ་གཉིས་ལ་འབད་པར་བྱའོ། །དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ་ལ་གཉིས། ཡུལ་ངོས་བཟུང་བ་དང༌། དེ་སྐྱབས་སུ་འོས་པའི་རྒྱུ་མཚན་ནོ། །དང་པོ་ནི། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང༌། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང༌། །དེ་བསྟོད་དེ་ནི་བཀུར་བ་དང༌། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་གསུངས་པ་ལྟར། སྐྱབས་དང་སྐྱབས་མ་ཡིན་པ་འབྱེད་པའི་བློ་ཞིག་ཡོད་ན་ནི་བསླུ་བ་མེད་པའི་སྐྱབས་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བར་རིགས་སོ། །དེས་ནི་ཆོས་དང་དགེ་འདུན་དཀོན་མཆོག་ཀྱང་མཚོན་པ་ཡིན་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར་རོ། །སྐྱབས་སུ་འོས་པའི་རྒྱུ་མཚན་ནི་བཞི་ལས། དང་པོ་ནི། རང་ཉིད་ཤིན་ཏུ་དུལ་བའི་བདག་ཉིད་འཇིགས་པ་མེད་པའི་གོ་འཕང་ཐོབ་པའི་ཕྱིར་ཏེ། དེ་མ་ཐོབ་ན་འགྱེལ་བ་འགྱེལ་བ་ལ་བརྟེན་པ་ལྟར། གཞན་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། རྣམ་པ་ཐམས་ཅད་དུ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་ཕྱིར་ཏེ། དེ་མེད་ན་སྐྱབས་སུ་སོང་ཡང་དགོས་པ་མི་འགྲུབ་པའི་ཕྱིར་རོ། །གསུམ་པ་ནི། ཐུགས་རྗེ་ཆེན་
པོ་དང་ལྡན་པའི་ཕྱིར་ཏེ། དེ་མེད་ན་སྐྱབས་སུ་སོང་ཡང་མི་སྐྱོབ་པའི་ཕྱིར་རོ། །བཞི་པ་ནི། ཟང་ཟིང་གི་མཆོད་པ་ཐམས་ཅད་ཀྱིས་མི་མཉེས་ཀྱི། སྒྲུབ་པའི་མཆོད་པས་མཉེས་པའི་ཕྱིར་ཏེ། དེ་མེད་ན་སྔར་ཕན་བཏགས་པ་ལ་བལྟ་བས། ཐམས་ཅད་ཀྱི་སྐྱབས་མི་བྱེད་པའི་ཕྱིར་རོ། །མདོར་ན་རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ། གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག །ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་ཞིག་སྐྱབས་སུ་འོས་ལ། དེ་ཡང་སངས་རྒྱས་ཁོ༌ན་ལ་ཡོད་ཀྱི། དབང་ཕྱུག་སོགས་ལ་མེད་པས། དེ་ཉིད་སྐྱབས་ཡིན་ལ། དེའི་ཕྱིར་དེས་བསྟན་པའི་ཆོས་དང༌། དེའི་ཉན་ཐོས་ཀྱི་དགེ་འདུན་ཡང་སྐྱབས་སུ་འོས་སོ། །དེས་ན་བསྡུ་བ་ནས་གསུངས་པ་འདི་རྣམས་ལ་ངེས་པ་དྲངས་ནས་རྩེ་གཅིག་པའི་བློ་ལྟོས་འཆའ་ནུས་ན། མི་སྐྱོབ་པ་མི་སྲིད་པས་སྙིང་ཐག་པ་ནས་ངེས་པ་བསྐྱེད་པར་བྱ་སྟེ། རང་སྐྱོབ་པ་ལ་རྒྱུ་གཉིས་ལས་ཕྱིའི་ཡན་ལག་གམ་རྒྱུ་ནི་མ་ཚང་བ་མེད་པར་སྟོན་པས་བསྒྲུབས་ཟིན་ཀྱང༌། ནང་གི་ཡན་ལག་བློ་བཀལ་ནས་སྐྱབས་སུ་འཛིན་པ་མ་བྱུང་བས་སྡུག་བསྔལ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མ་བཅོལ་ཡང་སྙིང་རྗེ་ཆེན་པོས་དྲངས་ནས་གྲོགས་མཛད་པ་དང༌། དེ་ལ་ཡང་ལེ་ལོ་མི་མངའ་བ་ཟླ་མེད་པའི་སྐྱབས་གནས་བཟང་པོ་ རང་གི་མགོན་དུ་བཞུགས་ཡོད་པ་འདི་རིག ་པར་བྱས་ལ་དེ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། བསྔགས་འོས་བསྔགས་བསྟོད་ལས། ང་ནི་མགོན་མེད་ཁྱེད་རྣམས་ཀྱི། །གྲོགས་སུ་གྱུར་པ་ཞེས་
སྒྲོགས་ཤིང་། །ཐུགས་རྗེ་ཆེན་པོས་འགྲོ་བ་ནི། །མཐའ་དག་འཁྱུད་པ་བཞིན་དུ་བཞུགས། །སྟོན་པ་ཐུགས་རྗེ་ཆེ་མངའ་བ། །བརྩེ་བར་ལྡན་ཞིང་ཐུགས་བརྩེར་མཛད། །དེར་བརྩོན་ལེ་ལོ་མི་མངའ་བ། །ཁྱོད་དང་འདྲ་བ་གཞན་སུ་མཆིས། །ཁྱོད་ནི་སེམས་ཅན་ཀུན་གྱི་མགོན། །སྤྱི་ཡི་རྩ་ལག་བཟང་པོ་ལགས། །མགོན་དུ་ཁྱོད་བཞུགས་མ་འཚལ་བས། །དེ་སླད་སྐྱེ་བོ་བྱིང་བར་གྱུར། །གང་ཞིག་ཡང་དག་བླངས་ནས་ནི། །ཐ་ཤལ་བས་ཀྱང་གྲོགས་ནུས་པ། །གྲོགས་བྱེད་པ་ཡི་ཆོས་དག་ནི། །ཁྱོད་ལས་གཞན་པ་འགས་མི་རྟོགས། །ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། །ཁྱོད་ཀྱིས་ཡང་དག་བསྒྲུབས་ལགས་ཏེ། །ནང་གི་སྟོབས་དག་མ་ཚང་བས། །བྱིས་པ་རྣམས་ནི་སྡུག་བསྔལ་སྟེ། །ཞེས་གསུངས་སོ། །ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ་ནི། བསྡུ་བ་ནས་གསུངས་པ་བཞི་སྟེ། ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་དང༌། ཁས་བླངས་པ་དང༌། གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བའོ། །དང་པོ་ཡོན་ཏན་ཤེས་ནས་སྐྱབས་སུ་སོང་བ་ལ། སྐྱབས་ཀྱི་ཡོན་ཏན་དྲན་དགོས་པས་དེ་ལ་གསུམ། སངས་རྒྱས་ཀྱི་ཡོན་ཏན་དང༌། ཆོས་དང༌། དགེ་འདུན་གྱི་ཡོན་ཏན་ནོ། །དང་པོ་ལ་བཞི་ལས། སྐུའི་ཡོན་ཏན་ནི། སངས་རྒྱས་ཀྱི་མཚན་དང་དཔེ་བྱད་བཟང་པོ་རྣམས་ཡིད་ལ་དྲན་པར་བྱེད་པ་སྟེ། དེ་ཡང་དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཐུབ་པ་གསེར་གྱི་མདོག་ལྡན་པ། །ཆོས་གོས་ཀྱིས་གཡོགས་མཛེས་
གྱུར་པ། །གསེར་གྱི་རི་བོའི་རྩེ་མོ་ནི། །མཚམས་ཀྱི་སྤྲིན་གྱིས་དཀྲིས་པ་འདྲ། །མགོན་ཁྱོད་རྒྱན་གྱིས་མ་བརྒྱན་ཀྱང༌། །ཞལ་གྱི་དཀྱིལ་འཁོར་མདངས་གང་ཡིན། །ཟླ་བའི་དཀྱིལ་འཁོར་རྒྱས་གྱུར་པ། །སྤྲིན་དང་བྲལ་ལའང་དེ་མ་མཆིས། །ཁྱོད་ཀྱི་ཞལ་གྱི་པདྨ་དང༌། །པདྨ་ཉི་མས་ཁ་བྱེ་བ། །བུང་བས་མཐོང་ན་པདྨ་ནི། །ཐེ་ཚོམ་དཔྱང་ཐག་ལ་འཇུག་འགྱུར། །ཁྱོད་ཞལ་གསེར་གྱི་མདོག་ལྡན་པར། །ཚེམས་དཀར་མཛེས་པར་གྱུར་པ་ནི། །གསེར་གྱི་རི་གསེབ་སྟོན་ཀ་ཡི། །ཟླ་ཟེར་དྲི་མེད་ཞུགས་པ་འདྲ། །མཆོད་འོས་ཁྱོད་ཀྱི་ཕྱག་གཡས་ནི། །འཁོར་ལོའི་མཚན་གྱིས་མཛེས་གྱུར་པ། །འཁོར་བས་སྐྲག་པའི་མི་རྣམས་ལ། །ཕྱག་གིས་དབུགས་འབྱིན་མཛད་པ་ལགས། །ཐུབ་ཁྱོད་གཤེགས་པར་གྱུར་པའི་ཚེ། །ཞབས་གཉིས་དཔལ་གྱི་པདྨ་འདྲས། །ས་གཞི་འདི་ནི་བྲིས་གྱུར་པ། །པདྨ་ཅན་གྱིས་ཇི་ལྟར་མཛེས། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །གསུང་གི་ཡོན་ཏན་ནི། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡོད་ཀྱིས་དུས་གཅིག་ཏུ་དྲི་བ་མི་འདྲ་བ་ཁོ་ན་རེ་རེ་ནས་དྲིས་ཀྱང༌། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བཟུང་ནས། གསུང་གཅིག་གིས་དྲི་བ་ཐམས་ཅད་ཀྱི་ལན་མཛད་ཅིང༌། དེ་རྣམས་ཀྱིས་ཀྱང་རང་རང་གི་སྐད་དུ་གོ་བར་འགྱུར་བ་ཤིན་ཏུ་རྨད་དུ་བྱུང་བའི་ཚུལ་སེམས་པ་སྟེ། བདེན་པ་པོའི་ལེའུ་ལས། འདི་ལྟར་སེམས་ཅན་ཀུན་གྱིས་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་
གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས། །དེ་ལྟ་བས་ན་འདྲེན་པ་འཇིག་རྟེན་ན། །ཚངས་པའི་སྒྲ་དབྱངས་གསུང་སྒྲོགས་མཁྱེན་པར་མཛོད། །དེ་ནི་ལྷ་མིའི་སྡུག་བསྔལ་མཐར་འབྱིན་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད། །ཅེས་གསུངས་སོ། །གཞན་ཡང་། བརྒྱ་ལྔ་བཅུ་པ་ལས། ཁྱོད་ཞལ་བལྟ་ན་རབ་སྡུག་པ། །དེ་ལས་མཉན་ན་སྙན་པ་ཡི། །གསུང་འདི་དག་ནི་ཟླ་བ་ལས། །བདུད་རྩི་འཛག་པ་བཞིན་དུ་འབྱུང༌། །ཁྱོད་ཀྱི་གསུང་ནི་འདོད་ཆགས་ཀྱི། །རྡུལ་རབ་ཞི་མཛད་ཆར་སྤྲིན་འདྲ། །ཞེ་སྡང་སྦྲུལ་ནི་དབྱུང་བ་ལ། །ནམ་མཁའ་ལྡིང་དང་འདྲ་བ་ལགས། །ཡང་དང་ཡང་དུ་མི་ཤེས་པའི། །རབ་རིབ་འཇོམས་པས་གདུགས་དང་འདྲ། །ང་རྒྱལ་རི་བོ་མངོན་འཇོམས་པས། །རྡོ་རྗེ་དང་ཡང་འདྲ་བ་ལགས། །དོན་གཟིགས་པས་ནི་མི་སླུ་བ། །ནོངས་མི་མངའ་ཕྱིར་རྗེས་སུ་མཐུན། །ལེགས་པར་སྦྱར་བས་གོ་སླ་སྟེ། །ཁྱོད་ཀྱི་གསུང་ནི་ལེགས་གསུང་ལྡན། །རེ་ཞིག་དང་པོར་ཁྱོད་ཀྱི་གསུང༌། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་ལ་བསམས་བགྱིས་ན། །འདོད་ཆགས་གཏི་མུག་རྣམས་ཀྱང་སེལ། །ཕོངས་པ་རྣམས་ཀྱི་དབུགས་འབྱིན་ཞིང༌། །བག་མེད་རྣམས་ཀྱི་སྐྱབས་ཀྱང་མཛད། །བདེ་བ་ཅན་དག་སྐྱོ་བགྱིད་པས། །ཁྱོད་གསུང་ཀུན་དང་འཚམ་པར་འཇུག །མཁས་པ་རྣམས་ཀྱི་དགའ་བ་བསྐྱེད། །བར་མ་རྣམས་ཀྱི་བློ་ཡང་སྤེལ། །ཐ་མའི་རབ་རིབ་རྣམ་འཇོམས་པས། །གསུང་འདི་སྐྱེ་བོ་ཀུན་ལ་སྨན། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །ཐུགས་ཀྱི་ཡོན་ཏན་ལ་གཉིས་
ལས། མཁྱེན་པའི་ཡོན་ཏན་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་པ་ཐོགས་པ་མི་མངའ་བར་འཇུག་པས་ཤེས་བྱ་མཐའ་དག་ལ་ཐུབ་པའི་མཁྱེན་པས་ཁྱབ་ཀྱི། དེ་ལས་གཞན་པ་རྣམས་ཀྱི་ནི་ཤེས་བྱ་རྒྱ་ཆེ་ལ་ཤེས་པ་རྒྱ་ཆུང་བས་མ་ཁྱབ་པ་ཡིན་ནོ། །དེ་ཡང་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་དང༌། བཅོམ་ལྡན་དུས་ཀུན་གཏོགས་པའི་ཆོས། །རྣམ་ཀུན་འབྱུང་གནས་ཐམས་ཅད་ནི། །ལག་མཐིལ་སྐྱུ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་གྱུར། །ཆོས་རྣམས་གཡོ་དང་མི་གཡོར་བཅས། །གཅིག་དང་སྣ་ཚོགས་སོ་སོ་ལ། །མཁའ་ལ་རླུང་དག་རྒྱུ་བ་བཞིན། །ཁྱོད་ཀྱི་ཐུགས་དག་ཐོགས་མི་མངའ། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །བརྩེ་བའི་ཡོན་ཏན་ནི། སེམས་ཅན་རྣམས་ཉོན་མོངས་ཀྱིས་རང་དབང་མེད་པར་བཅིངས་པ་བཞིན་དུ། ཐུབ་པ་ཡང་སྙིང་རྗེ་ཆེན་པོས་རང་དབང་མེད་པར་བཅིངས་པས། འགྲོ་བ་རྣམས་སྡུག་བསྔལ་བ་གཟིགས་པ་ན་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་སྐྱེ་སྟེ། བརྒྱ་ལྔ་བཅུ་པ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །དང་པོར་ཁྱོད་ལ་ཕྱག་བགྱི་འམ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི། །ཞེས་དང༌། བདེན་པ་པོའི་ལེའུ་ལས་ཀྱང༌། གཏི་མུག་མུན་པ་མུན་ནག་གིས་
རྟག་ཏུ། །སེམས་ནི་བསྒྲིབས་པར་གྱུར་པའི་སྐྱེ་དགུ་དང༌། །འཁོར་བའི་བཙོན་རར་ཆུད་པར་རྣམ་གཟིགས་ན། །དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེ། །ཞེས་དང༌། འདོད་པས་ཟིལ་གྱིས་ནོན་པའི་ཡིད་ལྡན་དང༌། །སྲེད་པ་ཆེ་ཞིང་རྟག་ཏུ་ཡུལ་བརྐམ་དང༌། །སྲེད་པའི་འདོད་ཆགས་རྒྱ་མཚོར་ལྷུང་བ་རྣམས། །གཟིགས་ན་རྒྱལ་བའི་ཐུགས་རྗེ་ཆེན་པོ་སྐྱེ། །ནད་དང་མྱ་ངན་རྣམ་པ་མང་དག་གིས། །ཤིན་ཏུ་གཙེས་པའི་སྐྱེ་དགུ་ཉོན་མོངས་རྣམས། །གཟིགས་ན་སྡུག་བསྔལ་མ་ལུས་བསལ་སླད་དུ། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །ཐུབ་པའི་ཐུགས་རྗེ་ཆེན་པོ་རྟག་འབྱུང་སྟེ། །དེ་མི་འབྱུང་བ་ནམ་ཡང་སྲིད་མི་འགྱུར། །འགྲོ་བ་ཀུན་གྱི་བསམ་པར་གནས་པ་སྟེ། །དེ་བས་སངས་རྒྱས་དེ་ལ་སྐྱོན་མི་མངའ། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །འཕྲིན་ལས་ཀྱི་ཡོན་ཏན་ནི། སྐུ་དང་གསུང་དང་ཐུགས་ཀྱི་འཕྲིན་ལས་ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་འཆད་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་མཛད་པའོ། །དེ་ཡང་གདུལ་བྱའི་ངོས་ནས་བཀྲིར་རུང་ན་ཐུབ་པས་གདུལ་བྱ་དེ་ཕུན་ཚོགས་དང་མ་སྤྲད་པ་དང༌། རྒུད་པ་ལས་མ་དྲངས་པ་མེད་པས་བགྱི་བར་འོས་པ་ཐམས་ཅད་ངེས་པར་མཛད་པ་ཡིན་ཏེ། བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱིས་ཉོན་མོངས་གཞོམ་པ་བཤད། །བདུད་ཀྱི་གཡོ་དག་བསྟན་པ་མཛད། །འཁོར་བའི་རང་བཞིན་མི་བཟད་བརྗོད། །འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན། །ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི། །སེམས་ཅན་རྣམས་ལ་བགྱི་འཚལ་བ། །གང་ཞིག་ཁྱོད་ཀྱིས་མ་མཛད་པ། །གཞན་ཀོ་ཅི་ཞིག་མཆིས་ལགས་ཀྱེ། །ཞེས་དང༌། བསྔགས་འོས་བསྔགས་བསྟོད་
ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་གསུངས་པ་ལྟར་དྲན་པར་བྱའོ། །དེ་དག་ནི་སངས་རྒྱས་རྗེས་སུ་དྲན་ཚུལ་མདོར་བསྡུས་པ་སྟེ། སྒོ་སྣ་ཚོགས་ནས་དྲན་པར་བྱས་ན་དད་པ་ཡང་སྒོ་དུ་མ་ནས་སྐྱེ་ལ། ཡང་དང་ཡང་དུ་དྲན་པར་བྱས་ན་ཤུགས་དྲག་ལ་རྒྱུན་རིང་བར་འགྱུར་ཏེ། དཀོན་མཆོག་གཞན་གཉིས་ཀྱི་ཡོན་ཏན་ལ་ཡང་དེ་དང་འདྲའོ། །དེ་ལྟར་བསྒོམས་པས་འཕྲིག་ཚུད་ན་གསུང་རབ་དང་དགོངས་འགྲེལ་ཕལ་མོ་ཆེས་སྐྱབས་གསུམ་གྱི་ཡོན་ཏན་སྟོན་པས། དེ་དག་གདམས་ངག་ཏུ་འཆར་བར་འགྱུར་ལ། དཔྱད་སྒོམ་ལ་རྟོག་པ་ཡིན་སྙམ་ནས་ཉམས་ལེན་གྱི་ཚེ་འདོར་བ་རྣམས་ནི། འདི་ལྟ་བུའི་ཚོགས་གསོག་པ་དང་སྒྲིབ་པ་སྦྱོང་བའི་སྒོ་དུ་མ་བཀག་ནས་སྡོད་པ་ཡིན་པས། དལ་བའི་རྟེན་ལ་སྙིང་པོ་དཔག་ཏུ་མེད་པ་ལེན་པའི་གེགས་ཆེན་པོར་ཤེས་པར་བྱའོ། །འདི་རྣམས་དུས་རྒྱུན་པའི་ཉམས་ལེན་དུ་བྱས་ན་བློ་གོམས་པའི་རྗེས་སུ་བྱེད་པས་དང་པོར་བློ་སྦྱོང་དཀའ་སེ་བ་ཡང་ཕྱིས་དེ་ལ་ངང་གིས་འཇུག་པ་དང༌། རྗེས་སུ་དྲན་པའི་སངས་རྒྱས་དེ་འདྲ་བ་ཞིག་བདག་གིས་ཀྱང་ཐོབ་ན་སྙམ་དུ་བྱང་ཆུབ་ཀྱི་སེམས་སྐྱེ་བ་དང༌། ཉིན་མཚན་ཀུན་ཏུ་སངས་རྒྱས་མཐོང་བར་འགྱུར་བ་དང༌། འཆི་བའི་ཚེ་སྡུག་བསྔལ་ཅི་བྱུང་ཡང་སངས་རྒྱས་རྗེས་སུ་དྲན་པ་ལས་མི་ཉམས་པར་འགྱུར་ཏེ། ཏིང་ངེ་འཛིན་གྱི་
རྒྱལ་པོ་ལས། ཁྱེད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ། །ཇི་ལྟར་མི་དག་མང་དུ་རྟོག་བྱེད་པ། །དེ་ལ་གནས་པའི་རྟོག་པ་དེ་དག་གིས། །དེ་བཞིན་དུ་ནི་དེ་ལ་སེམས་གཞོལ་འགྱུར། །དེ་བཞིན་རྒྱལ་བ་ཡི་ནི་སྐུ་བྱད་དང༌། །ཡེ་ཤེས་དཔག་ཏུ་མེད་པར་ཐུབ་དབང་དྲན། །རྟག་པར་རྗེས་སུ་དྲན་པར་བསྒོམ་བྱས་ན། །དེ་ལ་སེམས་གཞོལ་རབ་ཏུ་འབབ་པར་འགྱུར། །དེ་ནི་འཆག་འདུག་འགྲེང་ཞིང་གནས་པའི་ཚེ། །སྐྱེས་བུ་དམ་པའི་ཡེ་ཤེས་རབ་ཏུ་འདོད། །འཇིག་རྟེན་རྒྱལ་བ་བླ་མེད་བདག་འགྱུར་བར། །འདོད་པས་བྱང་ཆུབ་ཏུ་ཡང་སྨོན་ལམ་འདེབས། །ཞེས་དང༌། ལུས་དང་ངག་དང་ཡིད་རབ་དང་བ་ཡིས། །རྟག་ཏུ་སངས་རྒྱས་དག་གི་བསྔགས་པ་བརྗོད། །དེ་ལྟར་དེས་ནི་སེམས་ཀྱི་རྒྱུད་བསྒོམས་པས། །ཉིན་མཚན་དུ་ཡང་འཇིག་རྟེན་མགོན་པོ་མཐོང༌། །ནམ་ཞིག་དེ་ནི་ན་ཞིང་མི་བདེ་ནས། །ཤི་ལ་ཐུག་པའི་སྡུག་བསྔལ་ཚོར་བྱུང་ན། །སངས་རྒྱས་ལ་ནི་དྲན་པ་མི་ཉམས་ཏེ། །སྡུག་བསྔལ་ཚོར་བས་འཕྲོག་པར་ཡོང་མི་འགྱུར། །ཞེས་གསུངས་སོ། །པོ་ཏོ་བའི་ཞལ་ནས། ཡང་ཡང་བསམས་ན་ཡིད་ཇེ་ཆེས་དང་རྒྱུད་ཇེ་དག་ཏུ་སོང་ནས་བྱིན་རླབས་འབྱུང༌། དེ་ལ་ངེས་ཤེས་རྙེད་པས་སྙིང་ཐག་པའི་སྒོ་ནས་སྐྱབས་སུ་སོང་ནས་དེའི་བསླབ་བྱ་ལ་སློབ་ཙམ་ན་ཅི་བྱས་ཐམས་ཅད་སངས་རྒྱས་ཀྱི་ཆོས་བྱ་བ་ཞིག་ཏུ་འགྱུར་བ་ཡིན་ཏེ། འོ་སྐོལ་སངས་རྒྱས་ཀྱི་མཁྱེན་པ་ལ་མོ་མ་རྣོ་ཤོས་ཙམ་དུ་ཡང་མི་བརྩི་གསུངས། དེ་ཡང་མོ་མ་མཁན་རྣོ་ཤོས་སུ་བྱེད་པ་ཞིག་གིས་ད་ལོ་ཁྱོད་ལ་རྩུབ་ཆགས་མེད།
ང་རང་ཤེས་ཟེར་ན། བདེ་འབོལ་གྱིས་འགྲོ། དེ་ན་རེ། ད་ལོ་ཆགས་ཡོད་དོ་འདི་ཙུག་གྱིས་འདི་མ་བྱེད་ཟེར་ན་འབད་ནས་བསྒྲུབ། མ་གྲུབ་ན་འདི་སྐད་ཟེར་བ་ངས་མ་གྲུབ་སྙམ་ནས་བློ་མི་བདེ་བ་བྱེད། སངས་རྒྱས་ཀྱིས་འདི་དང་འདི་སྤང་ངོ་། །ཞེས་པ་དང༌། འདི་དང་འདི་བསྒྲུབ་བོ། །ཞེས་བཅས་པ་ལ་བློ་འགེལ་ལམ། མ་གྲུབ་ན་ཡིད་མི་བདེ་བ་འོང་ངམ། ཆོས་ནས་དང་དེ་སྐད་བཤད་དེ། ད་ལྟ་ཡུལ་དུས་ཀྱིས་དེ་ཙུག་མི་བཏུབ། འདི་ཙུག་བྱེད་དགོས་ཟེར་ནས། སངས་རྒྱས་ཀྱི་གསུང་རས་སུ་ལིང་གིས་བོར་ནས་རང་ཤེས་ཅིག་གི་ཐོག་ཏུ་ཁྱུག་གིས་འགྲོ་བ་ཡིན་གསུང་སྟེ། མ་བརྟགས་ན་ཉམས་དགའ་བ་ཚིག་ཙམ་ལ་འཁྲུལ་བ་མིན་པ། ཡིད་ནང་དུ་ལོག་ནས་ཞིབ་ཏུ་བརྟགས་ན་ཤིན་ཏུ་མད་པར་སྣང་ངོ་། །དེས་ན་སངས་རྒྱས་ཀྱི་ཡོན་ཏན་ཡང་ཡང་བསམས་ལ་སྙིང་ཐག་པ་ནས་ངེས་ཤེས་ཅི་འདྲོངས་ལ་འབད། དེ་བྱུང་ན། དེ་གང་ལས་བྱུང་བའི་ཆོས་དང་ཆོས་དེ་སྒྲུབ་པའི་དགེ་འདུན་ལ་ཡང་ངེས་པ་དེ་དང་འདྲ་བ་རེ་འོང་བས་སྐྱབས་འགྲོ་གནད་དུ་འགྲོ་ལ། དེ་མེད་ན་ནི་ལམ་གཞན་ལྟ་ཞོག །སྐྱབས་སུ་འགྲོ་བ་ཡིད་འཁུལ་བ་ཡང་འོང༌ས་མེད་དོ། །ཆོས་ཀྱི་ཡོན་ཏན་ནི། སངས་རྒྱས་ལ་གུས་པ་རྒྱུ་མཚན་དུ་བྱས་ཏེ་སངས་རྒྱས་ཡོན་ཏན་མཐའ་ཡས་པ་ཅན་འདི་ནི། ལུང་དང་རྟོགས་པའི་ཆོས་འགོག་པ་དང་ལམ་གྱི་བདེན་པ་སྐྱོན་སྤངས་པ་དང་ཡོན་ཏན་བསྒྲུབ་པའི་བདག་ཉིད་ཅན་མངོན་དུ་བྱས་པ་དང་བསྒོམས་པ་ལས་བྱུང་བའོ་སྙམ་དུ་
དྲན་པར་བྱ་སྟེ། ཆོས་ཡང་དག་པར་སྡུད་པ་ལས། གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཡོན་ཏན་མཐའ་ཡས་མུ་མེད་པ་སྟེ། དེ་དག་ནི་ཆོས་ལས་སྐྱེས་པ་ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཆོས་ཀྱིས་སྤྲུལ་པ། ཆོས་བདག་པོར་གྱུར་པ། ཆོས་ལས་བྱུང་བ། ཆོས་ཀྱི་སྤྱོད་ཡུལ། ཆོས་ལ་རྟོན་པ། ཆོས་ཀྱིས་གྲུབ་པ་སྟེ། ཞེས་གསུངས་སོ། །དགེ་འདུན་གྱི་ཡོན་ཏན་ལ། གཙོ་བོ་ནི་འཕགས་པའི་གང་ཟག་རྣམས་ཡིན་ལ། དེ་ཡང་ཆོས་ཀྱི་ཡོན་ཏན་དྲན་ཏེ་དེ་ཚུལ་བཞིན་དུ་བསྒྲུབ་པའི་སྒོ་ནས་དྲན་པར་བྱེད་པ་སྟེ། ཆོས་ཡང་དག་པར་སྡུད་པ་ལས། དགེ་འདུན་ནི་ཆོས་སྨྲ་བ། ཆོས་སྤྱོད་པ། ཆོས་སེམས་པ། ཆོས་ཀྱི་ཞིང༌། ཆོས་འཛིན་པ། ཆོས་ལ་རྟོན་པ། ཆོས་ལ་མཆོད་པ། ཆོས་ཀྱི་བྱ་བ་བྱེད་པ། ཆོས་ཀྱི་སྤྱོད་ཡུལ་བ། ཆོས་སྤྱོད་པ་ཕུན་སུམ་ཚོགས་པ། རང་བཞིན་གྱིས་དྲང་བ། རང་བཞིན་གྱིས་དག་པ། སྙིང་རྗེ་བའི་ཆོས་ཅན། སྙིང་རྗེ་དང་ལྡན་པ། རྟག་ཏུ་དབེན་པའི་སྤྱོད་ཡུལ་བ། རྟག་ཏུ་ཆོས་ལ་གཞོལ་བ། རྟག་ཏུ་དཀར་པོ་སྤྱོད་པའོ་སྙམ་མོ། །ཞེས་བྱ་བ་ལ་སོགས་པའོ། །ཞེས་གསུངས་སོ། །ཁྱད་པར་ཤེས་པས་སྐྱབས་སུ་སོང་བ་ནི། བསྡུ་བ་ནས་འབྱུང་བ་ལྟར་དཀོན་མཆོག་གསུམ་ནང་ཕན་ཚུན་གྱི་ཁྱད་པར་ཤེས་ནས་སྐྱབས་སུ་འགྲོ་བའོ། །འདི་ལ་དྲུག་ལས། མཚན་ཉིད་ལས་གྱུར་པའི་ཁྱད་པར་ནི། སངས་རྒྱས་དཀོན་མཆོག་ནི། མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཡིན་ལ། ཆོས་དཀོན་མཆོག་ནི། དེའི་འབྲས་བུ་དང༌། དགེ་འདུན་དཀོན་མཆོག་ནི། གཞན་གྱི་མན་
ངག་གིས་ཡང་དག་པར་བསྒྲུབ་པའི་མཚན་ཉིད་དོ། །འཕྲིན་ལས་ཀྱི་ཁྱད་པར་ནི། རིམ་པ་ལྟར་ལུང་ལེགས་པར་འབོགས་པ་དང༌། ཉོན་མོངས་དང་སྡུག་བསྔལ་སྤོང་བ་ལ་དམིགས་པ་དང༌། མངོན་པར་སྤྲོ་བར་བྱེད་པའི་འཕྲིན་ལས་ཅན་ནོ། །མོས་པའི་ཁྱད་པར་ནི། རིམ་པ་ལྟར་བསྙེན་བཀུར་ལ་གུས་པས་ཞེན་པར་བྱ་བ་དང༌། མངོན་དུ་བྱ་བ་ལ་གུས་པས་ཞེན་པར་བྱ་བ་དང༌། ཆོས་མཐུན་པའི་དངོས་པོས་ལྷན་ཅིག་གིས་འགྲོགས་པ་ལ་གུས་པས་ཞེན་པར་བྱ་བའོ། །སྒྲུབ་པའི་ཁྱད་པར་ནི། རིམ་པ་ལྟར་མཆོད་པ་དང༌། རིམ་གྲོ་དང༌། རྣལ་འབྱོར་གྱི་སྦྱོར་བ་གོམས་པར་བྱ་བ་དང༌། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཐུན་མོང་གིས་བསྒྲུབ་པར་བྱ་བའོ། །རྗེས་སུ་དྲན་པའི་ཁྱད་པར་ནི། འདི་ལྟར་བཅོམ་ལྡན་འདས་དེ་ནི་ཞེས་སོགས་ཀྱིས་གསུམ་པོའི་ཡོན་ཏན་སོ་སོར་དྲན་པའོ། །བསོད་ནམས་འཕེལ་བ་ལས་གྱུར་པའི་ཁྱད་པར་ནི། གང་ཟག་དང་ཆོས་ཀྱི་དབང་དུ་བྱས་པའི་བསོད་ནམས་མཆོག་འཕེལ་བ་སྟེ། སངས་རྒྱས་དང་དགེ་འདུན་གཉིས་ནི་དང་པོའི་དོན་དུ་བྱས་པ་ཡིན་ལ། དེ་ཡང་གང་ཟག་གཅིག་དང་མང་པོ་ལ་བརྟེན་པའི་བསོད་ནམས་འཕེལ་བ་སྟེ། དགེ་འདུན་ལ་ངེས་པར་བཞི་ཡོད་པའི་ཕྱིར་རོ། །ཁས་ལེན་པས་སྐྱབས་སུ་སོང་བ་ནི། སངས་རྒྱས་ལ་སྐྱབས་སྟོན་པ་དང༌། ཆོས་མྱང་འདས་ལ་སྐྱབས་དངོས་དང༌། དགེ་འདུན་ལ་སྐྱབས་སྒྲུབ་པའི་གྲོགས་སུ་བཟུང་བའི་སྒོ་ནས་སྐྱབས་སུ་འགྲོ་བ་སྟེ། འདུལ་བ་རྒྱ་ཆེར་འགྲེལ་ལས་འབྱུང་བ་ལྟར་
རོ། །གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བ་ནི། ནང་པ་དང་ཕྱི་པའི་སྟོན་པ་དང་བསྟན་པ་དང་དེ་ལ་སློབ་པ་རྣམས་ཀྱི་མཆོག་དམན་ཤེས་ནས། དཀོན་མཆོག་གསུམ་ཁོ་ན་ལ་སྐྱབས་སུ་འཛིན་གྱི། དེ་དག་དང་མི་མཐུན་པའི་སྟོན་པ་སོགས་ལ་སྐྱབས་སུ་མི་འཛིན་པའོ། །དེ་གཉིས་ཀྱི་ཁྱད་པར་ལ། སྟོན་པའི་ཁྱད་པར་ནི། སངས་རྒྱས་ནི་སྐྱོན་མེད་ཅིང་ཡོན་ཏན་རྫོགས་ལ། གཞན་གྱི་སྟོན་པ་ནི་དེ་ལས་ལྡོག་པ་སྟེ། ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་བདག་སྐྱབས་མཆི། །དེ་ཅིའི་སླད་དུ་ཞེ་ན་ཁྱོད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །ཞེས་དང༌། མུ་སྟེགས་གཞན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམས་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་སེམས་འདི་དད་པར་གྱུར། །དེ་ལྟར་ཐམས་ཅད་མཁྱེན་མིན་པའི། །གྲུབ་མཐའི་སྐྱོན་གྱིས་བརླག་སེམས་ལྡན། །བསམ་བརླག་རྣམས་ཀྱིས་སྐྱོན་མེད་པའི། །སྟོན་པ་ཁྱོད་ཀྱང་མི་མཐོང་ངོ་། །ཞེས་སོ། །བསྟན་པའི་ཁྱད་པར་ནི། རྒྱལ་བའི་བསྟན་པ་ནི་ལམ་བདེ་བས་འབྲས་བུ་བདེ་བ་འཐོབ་པ་དང༌། འཁོར་བའི་རྒྱུན་ལས་ལྡོག་པ་དང༌། ཉོན་མོངས་རྣམ་པར་བྱང་བར་བྱེད་པ་དང༌། ཐར་འདོད་མི་སླུ་བ་དང༌། གཅིག་ཏུ་དགེ་བ་དང༌། ཉེས་པ་དག་པར་བྱེད་ལ། ཕྱི་རོལ་པའི་བསྟན་པ་ནི་དེ་དག་ལས་ལྡོག་པ་སྟེ། ཁྱད་པར་འཕགས་བསྟོད་ལས། གང་སླད་ཁྱོད་ཀྱི་བསྟན་པ་ནི། །བདེ་བས་བདེ་བ་འཐོབ་བགྱིད་པ། །དེ་སླད་སྨྲ་བའི་སེང་ཁྱོད་ཀྱི། །གཞུང་ལུགས་ལ་ནི་འགྲོ་འདི་དང༌། །ཞེས་དང༌། བསྔགས་འོས་བསྔགས་བསྟོད་ལས་ཀྱང་། འཇུག་དང་ལྡོག་
པ་གང་ལགས་དང༌། །ཀུན་ནས་ཉོན་མོངས་རྣམ་བྱང་གང༌། །དེ་ཉིད་དཔའ་བོ་ཁྱོད་བཀའ་དང༌། །གཞན་གྱི་ཚིག་གི་ཁྱད་པར་ལགས། །འདི་ནི་གཅིག་པུ་དེ་བཞིན་ཉིད། །དེ་ནི་བསླུ་ཆོས་འབའ་ཞིག་ན། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག །དེ་ལས་ཁྱད་ཞུགས་གཞན་ཅི་འཚལ། །འདི་ནི་གཅིག་ཏུ་དགེ་ལ་དེ། །གཅིག་ཏུ་བར་ཆད་བགྱིད་ལགས་ན། །ཁྱོད་ཀྱི་བཀའ་དང་གཞན་གྱི་ཚིག །དེ་ལས་མི་འདྲ་ཅི་ཞིག་མཆིས། །དེ་ཡིས་བསྒོས་ཤིང་ཉེར་བསྒོས་པ། །འདི་ཡིས་དག་པར་བགྱིད་འགྱུར་བ། །དེ་ཉིད་མགོན་པོ་ཁྱོད་བཀའ་དང༌། །གཞན་གྱི་ཚིག་གི་ཁྱད་པར་ལགས། །ཞེས་གསུངས་ཏེ། དེས་དགེ་འདུན་གྱི་ཁྱད་པར་ཡང་ཤེས་པར་ནུས་སོ། །སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པ་ལ་གཉིས། བསྡུ་བ་ལས་འབྱུང་བ་དང༌། མན་ངག་ལས་འབྱུང་བའོ། །དང་པོ་ལ་བཞི་ཚན་གཉིས་ལས། བཞི་ཚན་དང་པོའི་སྐྱེས་བུ་དམ་པ་ལ་བརྟེན་པ་ནི། སྔར་བཤད་པ་ལྟར་བཤེས་གཉེན་དམ་པ་ཡོན་ཏན་ཐམས་ཅད་ཀྱི་གནས་སུ་མཐོང་ནས་བསྟེན་པ་སྟེ། སངས་རྒྱས་ལ་སྐྱབས་སུ་སོང་བས་ནི་ལམ་སྟོན་པ་ལ་སྐྱབས་སུ་འཛིན་པ་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་བསྒྲུབ་པར་བྱ་བ་ནི་ལམ་སྟོན་པ་ལ་དངོས་སུ་བརྟེན་པ་ཡིན་པའི་ཕྱིར་རོ། །དམ་པའི་ཆོས་མཉན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པ་ནི། དམ་པ་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་ཀྱིས་བཤད་པའི་ཆོས་མདོའི་སྡེ་ལ་སོགས་པ་ཅི་འོས་སུ་ཉན་ཅིང༌། གང་ཡིད་ལ་བྱས་ན་ཉོན་མོངས་པ་ལྡོག་པའི་དམིགས་པ་ཡིད་ལ་བྱེད་པ་སྟེ། ཆོས་ལ་སྐྱབས་
སུ་སོང་བས་ནི་ལུང་དང་རྟོགས་པའི་ཆོས་ལ་མངོན་དུ་བྱ་བར་འཛིན་པ་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་བསྒྲུབ་པར་བྱ་བ་ནི་དེ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པ་ནི། ཆོས་མྱ་ངན་ལས་འདས་པའི་རྗེས་སུ་མཐུན་པར་བསྒྲུབ་པ་སྟེ། དགེ་འདུན་ལ་སྐྱབས་སུ་སོང་བས་ནི་མྱང་འདས་སུ་བགྲོད་པའི་གང་ཟག་ལ་གྲོགས་སུ་འཛིན་པ་ཡིན་ལ། དེ་དང་རྗེས་སུ་མཐུན་པའི་བསྒྲུབ་པར་བྱ་བ་ནི་ཐར་པའི་ཕྱིར་དུ་ཞུགས་པ་རྣམས་དང་མཐུན་པར་སློབ་པ་ཡིན་པའི་ཕྱིར་རོ། །བཞི་ཚན་གཉིས་པའི་དབང་པོ་མི་རྒོད་པར་བྱ་བ་ནི། དབང་པོ་ཡུལ་ལ་བག་ཡངས་སུ་སོང་བའི་རྗེས་སུ་ཡིད་འབྲངས་ནས། ཡུལ་རྣམས་ལ་རྒོད་པ་ལ་སྐྱོན་དུ་བལྟས་ནས་ཡིད་ཕྱིར་ཕྱོགས་པར་བྱེད་པའོ། །བསླབ་པའི་གཞི་ཡང་དག་པར་བླང་བར་བྱ་བ་ནི། སངས་རྒྱས་ཀྱིས་བཅས་པའི་བསླབ་པའི་གཞི་ཅི་ནུས་སུ་ལེན་པའོ། །སེམས་ཅན་ལ་སྙིང་རྗེ་བར་བྱ་བ་ནི། རྒྱལ་བའི་བསྟན་པ་སྙིང་རྗེས་ཁྱད་པར་དུ་བྱས་པས། དེ་ལ་སྐྱབས་སུ་སོང་བས་ཀྱང་སེམས་ཅན་ལ་སྙིང་བརྩེ་བར་བྱས་ཏེ་འཚེ་བ་སྤོང་བའོ། །དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་བ་ནི། ཉི་མ་རེ་རེ་བཞིན་དཀོན་མཆོག་ལ་མཆོད་པར་བྱ་བའོ། །མན་ངག་ལས་འབྱུང་བ་ལ་གཉིས། སོ་སོ་དང༌། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ་གཉིས། དགག་པའི་བསླབ་བྱ་དང༌། སྒྲུབ་པའི་བསླབ་བྱའོ། །དང་པོ་ནི། མྱ་ངན་ལས་འདས་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་
འགྲོ་བ། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །ཞེས་གསུངས་པ་ལྟར། ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་དང༌། སེམས་ཅན་ལ་གནོད་འཚེ་སྤོང་བ་དང༌། མུ་སྟེགས་ཅན་དང་མི་འགྲོགས་པ་གསུམ་མོ། །དེ་ལ་དང་པོ་ནི། འཇིག་རྟེན་པའི་ལྷ་དྲག་པོ་དང་ཁྱབ་འཇུག་སོགས་ལའང་ཕུགས་ཀྱི་སྐྱབས་སུ་མི་འཛིན་ན། ཡི་དྭགས་སུ་གྱུར་པའི་གཞི་བདག་དང་ཀླུ་ལ་ལྟ་ཅི་སྨོས། དེ་ཡང་སྐྱབས་གསུམ་ལ་ཡིད་མ་ཆེས་ནས་དེ་དག་ལ་བློ་འགེལ་ན་མི་རུང་བ་ཡིན་གྱི། དེ་དག་ལ་འཕྲལ་གྱི་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་གྲོགས་འཆོལ་བ་ཙམ་ལ་མི་རུང་བ་མེད་དེ། དཔེར་ན། སྦྱིན་བདག་ལ་འཚོ་བའི་གྲོགས་འཆོལ་བ་དང༌། སྨན་པ་ལ་ནད་གསོ་བའི་རེ་བལྟོས་འཆའ་བ་བཞིན་ནོ། །གཉིས་པ་ནི། མི་དང་དུད་འགྲོ་ལ་སོགས་པ་ལ་བརྡེག་པ་དང་འཆིང་བ་དང་གོ་རར་གཞུག་པ་དང༌། སྣ་འབུགས་པ་དང་མི་ཐེག་བཞིན་དུ་འགེལ་བ་ལ་སོགས་བསམ་པ་དང་སྦྱོར་བས་སེམས་ཅན་ལ་གནོད་པ་དང་འཚེ་བ་སྤོང་བའོ། །གསུམ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་ཡིད་མི་ཆེས་ཤིང༌། སྐུར་བར་བྱེད་པ་རྣམས་དང་མཐུན་པར་མི་བྱེད་པའོ། །བསྒྲུབ་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་ལེགས་ཉེས་ཅི་འདྲ་ཞིག་ལ༌ཡང༌། དཔྱས་མི་གདགས་ཤིང་འོ་བརྒྱལ་སར་མི་བཞག་པ་དང༌། གཏའ་མར་འཇོག་པ་སོགས་ཀྱི་མི་གུས་པ་དང་། བརྙས་ཐབས་སྤངས་ནས་སྟོན་པ་ལྟར་བཀུར་བའི་ཞིང་དུ་བཟུང་
སྟེ། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲ་ཡང་རུང་མཁས་པས་མཆོད། །ཅེས་གསུངས་སོ། །ལུང་རྣམ་འབྱེད་ལས། ཤེད་བུ་སེར་སྐྱས་སློབ་པ་དང་མི་སློབ་པའི་དགེ་འདུན་རྣམས་ལ། གླང་པོའི་མགོ་ཅན་ཁྱོད་ཀྱིས་ཆོས་སམ་ཆོས་མ་ཡིན་པ་ཅི་ཤེས། ཞེས་པ་ལ་སོགས་པ་ངན་སྨྲས་མི་འདྲ་བ་བཅོ་བརྒྱད་བྱས་པས་མགོ་བརྙན་མི་འདྲ་བ་བཅོ་བརྒྱད་ཡོད་པའི་ཆུ་སྲིན་ཉའི་རིགས་སུ་སྐྱེས་ཏེ། སྟོན་པ་འོད་སྲུངས་ཀྱི་དུས་ནས་ཤཱཀྱའི་རྒྱལ་པོའི་བར་དུ་དུད་འགྲོར་བསྡད་པར་གསུངས་པ་དང༌། ལུང་ཕྲན་ཚེགས་ལས། སྟོན་པ་འཁོར་བ་འཇིག་མྱ་ངན་ལས་འདས་པའི་རྗེས་སུ་རྒྱལ་པོ་མཛེས་ལྡན་གྱིས་མཆོད་རྟེན་ཆེན་པོ་ཞིག་བྱེད་དུ་བཅུག་པ་ན། གླ་མི་ཞིག་གིས་འདི་ལྟ་བུའི་མཆོད་རྟེན་ཆེན་པོ་བྱེད་དུ་གཞུག་པར་བརྩམས་པ། ནམ་ཙམ་ཟིན་པར་འགྱུར་མ་ཤེས་སོ། །ཞེས་ལན་གཉིས་སུ་འཕྱས་པ་ལ། ཕྱིས་ལེགས་པར་ཟིན་པ་ན་འགྱོད་ནས་གླ་རྔན་གྱིས་གསེར་གྱི་དྲིལ་བུ་བྱེད་དུ་བཅུག་ནས་མཆོད་རྟེན་ལ་བཏགས་པས་མདོག་ངན་ཞིང་ལུས་ཆུང་ལ་སྐད་སྙན་པའི་སྙན་པ་བཟང་ལྡན་དུ་སྐྱེས་པར་གསུངས་པས། སྐུ་གཟུགས་ལ་འདི་ནི་འདི་འདྲའོ། །ཞེས་མི་སྨྲ་བ་དང༌། གཞན་གྱིས་སྐུ་གཟུགས་སོགས་རྒྱུ་བཟང་པོ་ལས་བསྒྲུབ་པའམ་ཆེན་པོ་བསྒྲུབ་པ་ལ་འཕྱ་བ་དང༌། དེ་ལས་ལྡོག་པའི་ཁ་གཏོགས་སོགས་བྱར་མི་རུང་ངོ་། །རྣལ་འབྱོར་པ་ཆེན་པོས་ཇོ་བོ་ལ་འཇམ་དབྱངས་ཀྱི་སྐུ་ཞིག་གཟིགས་སུ་ཕུལ་ནས་འདི་ལེགས་ཉེས་ཇི་འདྲ། ལེགས་ན་རོང་པ་མགར་དགེ་བས་བྱིན་པའི་
གསེར་ཞོ་བཞི་བྱིན་ནས་ལེན་པ་ལགས་ཞུས་པས། ཇོ་བོའི་ཞལ་ནས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ལ་མི་ལེགས་པ་མེད། ལྷ་བཟོ་ནི་འབྲིང་གསུངས་ནས་སྤྱི་བོར་བཞག །བཟོ་ཟིན་པ་ཀུན་ལའང་དེ་ལྟར་མཛད་སྐད།ཆོས་ཚིག་བཞི་པ་ཞིག་ཡན་ཆད་ལ་ཡང་མ་གུས་པ་སྤང་ཞིང༌། གླེགས་བམ་གཏར་འཇུག་པ་དང་ཟོང་དུ་བྱེད་པ་དང༌ས་སྒྲེ་བོ་དང་འོ་བརྒྱལ་སར་འཇོག་པ་དང༌། ལྷམ་དང་སྦྲགས་ཏེ་འཁུར་བ་དང་འགོམ་ཡུག་སོགས་མ་གུས་པ་ཐམས་ཅད་སྤངས་ཏེ། ཆོས་དཀོན་མཆོག་ལྟར་གུས་པར་བྱེད་པའོ། །དགེ་བཤེས་སྤྱན་སྔ་བ་གསུང་རབ་གདན་དྲངས་པ་མཐོང་བ་ན་ཐལ་མོ་སྦྱར་ནས་ལྡང༌། ཕྱིས་ལྡང་བར་མི༌ནུས་པ་ན་ཐལ་མོ་སྦྱོར་སྐད། ཇོ་བོ་མངའ་རིས་སུ་བྱོན་པ་ན། སྔགས་པ་ཞིག་ཁོང་ལ་ཆོས་མི་ཉན་པ་ལ། ཡིག་མཁན་ཞིག་སོ་དྲེག་གིས་ཆོས་ལ་བསྐུད་པ་གཟིགས་ནས། ཇོ་བོས་མ་བཟོད་ནས། ཨ་ཙ༌མ་མི་རུང་མི་རུང་གསུངས་པས། སྔགས་པ་དེ་དད་ནས་ཆོས་ཉན་སྐད། ཤ་ར་བའི་ཞལ་ནས་ཀྱང༌། རང་ཅག་ཆོས་ལ་རྩེད་མོ་ཅི་ཡང་བྱེད་པར་འདུག་སྟེ། ཆོས་དང་ཆོས་སྨྲ་བ་ལ་མ་གུས་པ་ཤེས་རབ་འཆལ་བའི་རྒྱུ་ཡིན། རྨོངས་པ་ད་ལྟའི་འདི་གས་ཆོག་གི༌རྨོངས་པའི་རྒྱུ་མ་གསོག༌འདི་ལས་རྨོངས་ན་ཅི་བཏུབ་གསུང་ངོ་། །དགེ་འདུན་ནམ་རབ་ཏུ་བྱུང་བ་དགེ་སྦྱོང་གི་རྟགས་ཙམ་འཛིན་པ་དང༌། དེ་དག་གི་རྟགས་ཙམ་ལ་ཡང་མི་གཤེ་ཞིང་མི་བརྙས་པ་དང༌། ཁྱེད་དང་ངེད་ཀྱི་ཚོ་ཞེས་རིས་སུ་བཅད་ནས་དགྲར་བལྟ་བ་རྣམ་པ་ཐམས་ཅད་དུ་མི་བྱ་བར་དགེ་འདུན་དཀོན་མཆོག་ལྟར་གུས་
པར་བྱེད་པ་སྟེ། ལྷག་བསམ་བསྐུལ་བ་ལས། ཡོན་ཏན་འདོད་པ་ནགས་ན་གནས་པ་ཡིས། །ཕ་རོལ་དག་གི་སྐྱོན་ལ་བརྟག་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱ་འོ། །རྒྱགས་འདི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སློང་དམན་ལ་བརྙས་པར་ཡོང་མི་བྱ། །བསྐལ་པ་གཅིག་གིས་ཐར་པ་འཐོབ་མི་འགྱུར། །འདི་ནི་བསྟན་པ་འདི་ལ་གོ་རིམ་ཡིན། །ཞེས་གསུངས་སོ། །སྟོན་པ་རིན་པོ་ཆེ་དང་རྣལ་འབྱོར་པ་ཆེན་པོ་ལྷན་པ་སེར་པོ་རེ་འགོམ་པའི་སར་ཡོད་པ་ཡང་མི་འགོམ་པར་སྤྲུགས་ནས་ས་གཙང་སར་སྐྱེལ་བའི་ཕྱག་ལེན་ལྟར་བསླབ་སྟེ། རང་ཉིད་དཀོན་མཆོག་ལ་ཅི་ཙམ་གུས་པ་དེ་ཙམ་དུ་འགྲོ་བ་རྣམས་ཀྱང་རང་ལ་ཆེས་ཆེར་གུས་པར་འགྱུར་བའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་འཐོབ་པར་འགྱུར། །ཞེས་གསུངས་སོ། །ཐུན་མོང་གི་བསླབ་བྱ་ལ་དྲུག་ལས། དཀོན་མཆོག་གསུམ་གྱི་ཁྱད་པར་དང༌ཡོན་ཏན་རྗེས་སུ་དྲན་པས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ནི། སྔར་བཤད་པ་ལྟར་ཕྱི་པ་དང་ནང་པའི་ཁྱད་པར་དང༌། དེ་གསུམ་ནང་ཕན་ཚུན་གྱི་ཁྱད་པར་དང་དེ་དག་གི་ཡོན་ཏན་ལ་ཡང་ཡང་སེམས་པའོ། །བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པས་དུས་རྟག་ཏུ་མཆོད་པ་ལ་བརྩོན་ཞིང་བཟའ་བ་དང་བཅའ་བའི་ཕུད་ཀྱང་དབུལ་བ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། སངས་རྒྱས་བསོད་ནམས་ཀྱིས་ནི་ཟས་རྙེད་ཀྱང༌། །དེ་ལ་བྱིས་པ་བྱས་པ་གཟོ་མི་འགྱུར། །ཞེས་གསུངས་པ་ལྟར། ཁ་ཟས་རྙེད་པས་མཚོན་ནས་རང་ལ་བདེ་ལེགས་གང་བྱུང་ཐམས་ཅད་དཀོན་མཆོག་གི་དྲིན་དུ་
ཤེས་པར་བྱས་ལ། བྱས་པ་གཟོ་བའི་བསམ་པས་མཆོད་པར་བྱའོ། །དེ་ལ་ཡང་མཆོད་པ་བྱ་བ་དང༌། བྱེད་པའི་བསམ་པ་གཉིས་སོ། །དང་པོ་ལ་བཅུ་ལས། སྐུ་ལ་མཆོད་པ་ནི། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དངོས་ལ་མཆོད་པའོ། །མཆོད་རྟེན་ལ་མཆོད་པ་ནི། སངས་རྒྱས་ཀྱི་ཕྱིར་དུ་མཆོད་རྟེན་སོགས་ལ་མཆོད་པའོ། །མངོན་སུམ་དུ་མཆོད་པ་ནི། དེ་གཉིས་རང་གི་དབང་པོ་ལ་མངོན་དུ་གྱུར་པ་ལ་མཆོད་པའོ། །མངོན་སུམ་མ་ཡིན་པའི་མཆོད་པ་ནི། སངས་རྒྱས་དང་དེའི་མཆོད་རྟེན་མངོན་དུ་མ་གྱུར་པ་ལ་སངས་རྒྱས་དང་མཆོད་རྟེན་ཐམས་ཅད་ཀྱི་ཕྱིར་དུ་མཆོད་པའོ། །སངས་རྒྱས་མྱ་ངན་ལས་འདས་རྗེས་སུ་དེའི་ཕྱིར་དུ་སྐུ་གཟུགས་དང་མཆོད་རྟེན་གཅིག་ལ་སོགས་པ་བྱེད་པ་ཡང་མངོན་སུམ་མ་ཡིན་པའི་མཆོད་པའོ། །དེ་གཉིས་གང་རུང་ལ་མཆོད་པ་ན་དེ་དག་གཅིག་གི་ཆོས་ཉིད་ནི་ཐམས་ཅད་ཀྱི་ཆོས་ཉིད་དོ། །དེའི་ཕྱིར་མངོན་དུ་གྱུར་པ་གཉིས་པོ་འདི་ལའང་མཆོད་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ཕྱོགས་བཅུ་མུ་མེད་པའི་མཆོད་རྟེན་ལ་ཡང་མཆོད་དོ་སྙམ་ནས་མཆོད་པ་ནི་མངོན་དུ་གྱུར་མ་གྱུར་སྤྱིའི་མཆོད་པ་སྟེ། སྔ་མ་ནི་བསོད་ནམས་རྒྱ་ཆེ་ལ། གཉིས་པ་ནི་དེ་བས་ཀྱང་ཆེས་རྒྱ་ཆེ་བ་དང༌། གསུམ་པ་ནི་དེ་བས་ཀྱང་ཤིན་ཏུ་རྒྱ་ཆེ་བར་གསུངས་པས། སངས་རྒྱས་སམ་དེའི་སྐུ་གཟུགས་སོགས་གཅིག་ལ་མཆོད་པ་ན་ཆོས་ཉིད་དབྱེར་མེད་པ་དྲན་པར་བྱས་ནས་ཐམས་ཅད་ལ་མཆོད་པའི་འཕེན་པ་གཏོང་བ་གལ་ཆེའོ། །རང་གིས་བྱ་བའི་མཆོད་པ་ནི། ལེ་ལོ་དང་
སྙོམ་ལས་དང་བག་མེད་པའི་དབང་གིས་གཞན་བྱེད་དུ་མི་འཇུག་པར་རང་གིས་ལག་བདར་ནས་བྱེད་པའོ། །གཞན་བྱེད་དུ་བཅུག་པའི་མཆོད་པ་ནི། རང་ལ་དངོས་པོ་ཆུང་ངུ་ཡོད་ལ། སེམས་ཅན་སྡུག་བསྔལ་བ་བསོད་ནམས་ཆུང་ཞིང་མི་ནུས་པ་འདི་དག་གིས་མཆོད་པ་བྱས་ན་བདེ་བར་འགྱུར་རོ་སྙམ་ནས་སྙིང་རྗེ་དང་ལྡན་པས་གཞན་ཁོ་ན་མཆོད་དུ་གཞུག་པའོ། །གཞན་ཡང་བསྐུལ་ནས་གཉིས་ཀས་བྱེད་པ་ནི། རང་གཞན་གཉིས་ཀའི་ཐུན་མོང་བ་སྟེ། དེ་གསུམ་གྱི་བསོད་ནམས་ཀྱི་འབྲས་བུ་ཆེ་ཆུང་ནི་སྔ་མ་དང་འདྲའོ། །རྙེད་པ་དང་བཀུར་སྟིའི་མཆོད་པ་ནི། ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་བསྙུན་གྱི་གསོས་སྨན་དང་ཡོ་བྱད་དང་བདུག་པ། ཕྱེ་མ། བྱུག་པའི་སྤོས་དང་མེ་ཏོག་གི་ཕྲེང་བ་དང་རོལ་མོའི་སྒྲ་དང་མར་མེ་སྣ་ཚོགས་འབུལ་བ་དང༌། གུས་པར་སྨྲ་བ་དང་ཕྱག་འཚལ་བ་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱར་བ་དང་བསྟོད་པ་སྣ་ཚོགས་བརྗོད་པ་དང་ཡན་ལག་ལྔས་ཕྱག་བྱ་བ་དང་གཡས་ཕྱོགས་སུ་བསྐོར་བ་དང༌། ཞིང་ལ་སོགས་པ་ཟད་མི་ཤེས་པའི་སྦྱིན་པ་དང་ནོར་བུ་དང་སྙན་ཆ་དང་དཔུང་རྒྱན་ལ་སོགས་པའི་རྒྱན་དང༌། ཐ་ན་དྲིལ་བུ་དབུལ་བ་དང་ཀརྴ་པ་ཎ་གཏོར་བ་དང་སྲད་བུས་དཀྲི་བས་སངས་རྒྱས་སམ། དེའི་མཆོད་རྟེན་ལ་མཆོད་པའོ། །རྒྱ་ཆེ་བའི་མཆོད་པ་ནི། རྙེད་བཀུར་དེ་དག་གིས་ཡུན་རིང་པོར་མཆོད་པ་སྟེ། དེ་ཡང་དངོས་པོ་མང་བ་དང་བཟང་བ་དང་མངོན་སུམ་ཡིན་མིན་དང༌། རང་དང་གཞན་གྱིས་བྱེད་པ་དང་སྙིང་ཐག་པ་ནས་དགའ་ཞིང་མོས་པ་དྲག་པོས་མཆོད་ལ། དགེ་
བ་དེ་ཡང་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ་བདུན་ནོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་མཆོད་པ་ནི། ཁྱད་གསོད་དམ་བག་མེད་དམ་ལེ་ལོས་གཞན་དག་བྱེད་དུ་མི་འཇུག་གི །རང་གིས་ལག་བདར་ནས་བྱེད་པ་དང༌། གུས་པར་བྱེད་པ་དང༌། སེམས་མ་ཡེངས་པར་བྱེད་པ་དང༌། ཆགས་སོགས་དང་མ་འདྲེས་པར་ཉོན་མོངས་པ་ཅན་མ་ཡིན་པས་བྱེད་པ་དང༌། སངས་རྒྱས་ལ་དད་པའི་རྒྱལ་པོ་སོགས་ལས་རྙེད་བཀུར་ཐོབ་ཏུ་རེ་ནས་མི་བྱེད་པ་དང༌། མཐུན་པའི་དངོས་པོས་མཆོད་པ་སྟེ་དྲུག་གོ །མཐུན་པའི་དངོས་པོ་ནི། མི་མཐུན་པ་བ་བླས་བྱུག་པ་དང་མར་ཁུས་འཁྲུ་བ་དང་གུ་གུལ་གྱིས་བདུག་པ་དང་ཨརྐའི་མེ་ཏོག་ལ་སོགས་པ་དང༌། གཞན་ཡང་ཡོ་བྱད་རུང་བ་མིན་པ་དང་བྲལ་བ་རུང་བའོ། །ཟང་ཟིང་གི་མཆོད་པ་དེ་དག་ཀྱང་རང་གིས་བསྒྲུབས་པ་དང་གཞན་ལས་བསླངས་པ་མེད་ན། དེ་བཞིན་གཤེགས་པའི་མཆོད་པ་གང་ཡང་རུང་བ་འཇིག་རྟེན་གྱི་ཁམས་ན་གང་ཡོད་པ་ལ་དགའ་བ་དང་རྒྱ་ཆེན་པོ་ལ་མོས་པ་དང་ལྡན་པའི་སེམས་ཀྱིས་ཁྱབ་པར་བྱས་ནས་ཡི་རང་བྱས་ན། ཚེགས་ཆུང་ངུས་ཚད་མེད་པའི་མཆོད་པ་ཆེན་པོས་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་སྡུད་དེ། དེ་ལ་ནི་རྟག་ཏུ་སེམས་ཉམས་བདེ་བ་དང་སེམས་དགའ་བས་བརྩོན་པར་བྱའོ། །དཀོན་མཆོག་སྤྲིན་དང་དམ་ཚིག་གསུམ་བཀོད་པ་ལས་གསུངས་པ་ལྟར། བདག་པོས་མ་བཟུང་བའི་མེ་ཏོག་དང་འབྲས་བུ་དང་ཤིང་དང་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱང་དབུལ་བར་བྱའོ། །སྒྲུབ་པའི་མཆོད་
པ་ནི། ཐ་ན་བ་འཇོས་ཙམ་དུ་ཡང་ཚད་མེད་བཞི་དང་ཆོས་ཀྱི་སྡོམ་བཞི་དང་སྐྱབས་གསུམ་དང་ཕར་ཕྱིན་རྗེས་སུ་དྲན་པ་དང་ཟབ་མོ་སྟོང་པ་ཉིད་ལ་མོས་ཤིང་མི་རྟོག་པར་གནས་པ་དང༌། ཚུལ་ཁྲིམས་ལ་སྡོམ་སེམས་བྱེད་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་ཕར་ཕྱིན་དང་བསྡུ་བ་བཞི་ལ་བསྒོམ་པ་དང་བརྩོན་པའོ། །མཆོད་པ་བཅུ་པོ་དེས་དཀོན་མཆོག་གསུམ་ལ་མཆོད་པ་ནི་ཡོངས་སུ་རྫོགས་པའི་མཆོད་པའོ། །དེ་དག་གིས་མཆོད་པའི་ཚེ་ན་དཀོན་མཆོག་གསུམ་གང་རུང་ལ་ཆུང་ངུ་ཞིག་བྱས་ཀྱང༌། འབྲས་བུ་དཔག་ཏུ་མེད་པ་འབྱུང་བའི་བསམ་པ་ནི་དྲུག་སྟེ། ཡོན་ཏན་གྱི་ཞིང་གོང་ན་མེད་པ་ཡིན་སྙམ་པ་དང༌། ཕན་འདོགས་པ་གོང་ན་མེད་དོ་སྙམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་མཆོག་གོ་སྙམ་པ་དང༌། ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་ནོ་སྙམ་པ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ན་གཅིག་ཁོ་ན་འབྱུང་བས་འབའ་ཞིག་པའོ་སྙམ་པ་དང༌། འཇིག་རྟེན་ལས་འདས་མ་འདས་ཀྱི་ཕུན་ཚོགས་ཐམས་ཅད་ཀྱི་གཞི་ཡིན་ནོ་སྙམ་དུ་བསམས་ནས་མཆོད་པའོ། །དེ་དག་ནི་བྱང་ས་ལས་འབྱུང་བ་ལྟར་བྲིས་པའོ། །དུས་རྒྱུན་པར་ནི་དེ་དག་ཅི་རིགས་པར་བྱ་ལ། དུས་བཟང་དང་དུས་ཆེན་གྱི་ཚེ་ན་རང་གི་ནུས་པ་དང་བསྟུན་པའི་མཆོད་པ་བཟང་པོ་རེ་བྱའོ། །གཞན་ཡང་བཟའ་བཏུང་རྒྱུན་དུ་བྱ་དགོས་པས། དེའི་ཚེ་དེ་དག་གི་ཕུད་ཀྱིས་མཆོད་པ་མ་ཆག་ནའང་ཚོགས་མང་པོ་ཚེགས་ཆུང་ངུས་རྫོགས་པས་ཆུ་ཡན་ཆད་གང་ལ་ལོངས་སྤྱོད་པའི་ཕུད་ཀྱིས་ཀྱང་སྙིང་ཐག་པ་ནས་མཆོད་པར་བྱའོ། །དེ་ཡང་
ཐུད་ཀྱི་སྔོ་ས་དང་ལོ་མའི་སེར་ས་ལྟ་བུ་ནས་མ་ཡིན་གྱི། གང་བཟང་བ་ནས་བྱ་དགོས་ལ། ཇའི་ཕུད་སུན་རེ་ལ་འབུལ་བ་ཀུན་གྱིས་ཀྱང་རྡུལ་སེལ་བ་འདྲ་བ་རེས་མི་འོང་ཞེས་ཤ་ར་བའི་གསུང་སྒྲོས་ལས་འབྱུང་ངོ་། །དཔེར་ན་ཞིང་ས་ཤིན་ཏུ་གཤིན་པ་ཞིག་ལ་ས་བོན་འདེབས་དུས་སུ་མ་བཏབ་པར་ལྡུས་པ་འདྲ་ན་དེ་ལྟར་འཇོག་མི་ཕོད་པ་ལྟར། འདི་ཕྱིའི་བདེ་ལེགས་ཐམས་ཅད་འབྱུང་བའི་ཞིང་ས་དམ་པ་དུས་བཞི་ཐམས་ཅད་དུ་རྒྱུན་ཆད་མེད་པར་བདེ་ལེགས་ཀྱི་ས་བོན་བཏབ་པས་ཆོག་པ་འདི་ལ་ཡང༌། དད་པའི་གཤོལ་གྱིས་བསོད་ནམས་ཀྱི་ཞིང་རྨེད་པར་གྱུར་ཅིག །ཅེས་མདོ་ལས་གསུངས་པ་ལྟར་བྱ་རྒྱུ་མ་བྱུང་ན་ཆེས་ཤིན་ཏུ་ཕངས་པ་ཡིན་ནོ། །དེས་ན་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་དང་འདྲ་བའི་ཞིང་དག་ནི། །འཇིག་རྟེན་གསུམ་ན་མ་མཆིས་ཏེ། །ཁྱོད་ནི་སྦྱིན་གནས་རྣམས་ཀྱི་མཆོག །གྲལ་གཙང་མཛད་པའི་གཙང་མ་ལགས། །ནམ་མཁའ་མཐའ་ཐུག་མ་མཆིས་པའི། །མཆུ་དང་ཞེང་དག་ཇི་ལྟ་བར། །ཁྱོད་ལ་སྨན་དང་གནོད་བགྱིས་པའི། །རྣམ་པར་སྨིན་པ་ཐུག་མ་མཆིས། །ཞེས་གསུངས་པ་ལྟར་རོ། །ཞིང་གི་མཆོག་ལ་ཐ་མལ་པའི་ཞིང་གི་མཐོང་ཙམ་ཡང་མེད་པ་འདི། འོ་སྐོལ་སྟངས་བཟང་བར་མི་འདུག་པས་དཀོན་མཆོག་མཆོད་པ་ལ་དུས་ཐམས་ཅད་དུ་བརྩོན་པར་བྱའོ། །དེ་ལྟར་བྱས་ན་ཞིང་དམ་པ་ལ་དགེ་རྩ་བསྐྲུན་པའི་མཐུ་ལས་ལམ་གྱི་རིམ་པ་རྣམས་ལ་བློའི་མཐུ་ཇེ་རྒྱས་སུ་འགྲོ་བས། མཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་
བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ནོ། །དེ་ལྟར་ཡང་དཔལ་ལྡན་མ་ཁོལ་གྱིས། སྙན་དངགས་རྩོམ་ལ་སྐལ་ཆེན་པོ། །ཁྱོད་ལ་བརྟེན་ནས་བདག་གི་བློ། །དབྱར་གྱི་དུས་ཀྱི་ཆུ་བོ་ལྟར། །ཆུང་ངུའང་ཤིན་ཏུ་འཕེལ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །མཆོད་པ་ཡང་དངོས་པོ་ལ་མ་འཐོགས་རང་གི་དད་པ་ལ་འཐོགས་པ་ཡིན་གསུང་བ་ལྟར། དད་པ་ཡོད་ན་མཎྜལ་དང་ཆུ་དང་བློས་མ་བཟུང་བའི་མཆོད་པ་ལ་སོགས་པས་ཀྱང་མཆོད་པས་ཆོག་པས་ཟང་ཟིང་མེད་ན་དེ་ལྟར་བྱ། ཡོད་བཞིན་དུ་གཏོང་མི་ནུས་པར། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །ཞེས་ཟེར་བ་ནི། པོ་ཏོ་བའི་ཞལ་ནས། དུད་ཕོར་དྲི་མ་ཅན་ཞིག་ཏུ་སྤང་སྤོས་རེ་བཏབ་ནས། ཙནྡན་ག་བུར་སྤོས་ཀྱི་ཆུ། །ཞེས་དམུས་ལོང་གིས་མིག་ལྡན་ལ་མགོ་སྐོར་བྱེད་གསུང་བ་དང་འདྲའོ། །ཕུ་ཆུང་བའི་ཞལ་ནས། ངས་དང་པོ་སྤང་སྤོས་སྣ་ཚ་ཏིང་ངེ་བ་ཕུལ། དེ་ནས་རེང་བུ་བཞི་སྦྱོར་མངར་སིང་བ་དབུལ་རྒྱུ་བྱུང༌། ད་ལྟ་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པ་བསུང་ཆིང་ངེ་འབུལ་གསུང་བ་ལྟར། མཆོད་པ་ཆུང་ངུ་ལ་བརྙས་ནས་མ་ཕུལ་ན། ཚེ་རངས་པོ་དེ་འདྲ་ཞིག་ཏུ་འགྲོ་ལ། ཆུང་རིམ་ནས་ནན་ཏན་བསྐྱེད་ན་ཇེ་བཟང་དུ་འགྲོ་བས་ཁོང་གི་ཕྱག་ལེན་ལྟར་བསླབ་སྟེ། ཁོང་གིས་རེས་གཅིག་ལ་གསེར་སྲང་ཉི་ཤུ་རྩ་གཉིས་ཀྱི་སྤོས་སྦྱར་སྐད། ཡོ་བྱད་ལ་དབང་ཐོབ་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ལུས་འབུམ་ཕྲག་དུ་མར་སྤྲུལ་བ་དང༌། ལུས་རེ་རེ་ལ་ཡང་ལག་པ་བརྒྱ་སྟོང་ལ་སོགས་པར་སྤྲུལ་ཏེ།
ཞིང་ཐམས་ཅད་དུ་བྱོན་ནས་རྒྱལ་བ་རྣམས་ལ་བསྐལ་པ་དུ་མར་མཆོད་པ་མཛད་ན། ཡོན་ཏན་ལྟར་སྣང་ཅུང་ཟད་རེས་ཆོག་ཤེས་པ་དག །ཁོ་བོ་ནི་དེ་ལྟ་བུ་ལ་བྱང་ཆུབ་མི་རེ་ཞེས་སྨྲ་བ་ནི་ཆོས་རྒྱུས་ཤིན་ཏུ་ཆུང་བའི་ཅལ་ཅོལ་ལོ། །དེས་ན་དཀོན་མཆོག་སྤྲིན་ལས། མདོ་སྡེ་རྣམས་ལས་མཆོད་པ་དང་རིམ་གྲོ་བྱ་བ་རྒྱ་ཆེན་པོ་གང་ཡིན་པ་དེ་ལྟ་བུ་དག་མཉན་ཅིང༌། སྙིང་ཐག་པ་ནས་ལྷག་པའི་བསམ་པ་མཆོག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བསྔོའོ། །ཞེས་གསུངས་པ་ལྟར་བྱའོ། །སྙིང་རྗེ་རྗེས་སུ་དྲན་པས་འགྲོ་བ་གཞན་ཡང་ཚུལ་འདི་ལྟ་བུ་ལ་དགོད་པ་ནི། སེམས་ཅན་གཞན་ཡང་ཅི་ནུས་ཀྱིས་སྐྱབས་སུ་འགྲོ་བ་ལ་བརྩེ་བས་འགོད་པའོ། །བྱ་བ་གང་བྱེད་པ་དང་དགོས་པ་ཅི་ཡོད་པ་ན་དཀོན་མཆོག་གསུམ་ལ་མཆོད་ནས་གསོལ་བ་འདེབས་ཤིང་འཇིག་རྟེན་པའི་ཐབས་གཞན་སྤོང་བ་ནི། བྱ་བ་ཇི་འདྲ་ཞིག་བྱེད་པ་དང་དགོས་པ་ཅི་འདྲ་བ་ཞིག་མཐོང་ཡང་དཀོན་མཆོག་གསུམ་ལ་བརྟེན་པ་དང༌། དེ་དག་དང་རྗེས་སུ་མཐུན་པའི་དཀོན་མཆོག་མཆོད་པ་སོགས་བྱ་ཡི། དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱའོ། །ཕན་ཡོན་ཤེས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ་བྱ་བ་ལ་གཉིས། བསྡུ་བ་ལས་འབྱུང་བའི་ཕན་ཡོན་དང༌། མན་ངག་ལས་འབྱུང་བའོ། །དང་པོ་ལ་བཞི་ཚན་གཉིས་ལས། བཞི་ཚན་དང་པོའི་བསོད་ནམས་རྒྱ་ཆེན་པོ་འཐོབ་པ་ནི། འཆི་མེད་རྔ་སྒྲའི་
གཟུངས་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་རྣམས་ཀྱི། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་དང༌། ཕར་ཕྱིན་བསྡུས་པ་ལས་ཀྱང༌། སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུངས། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་བཅལ་བར་གཞལ་མི་ནུས། །ཞེས་གསུངས་པ་ལྟར་རོ། །དགའ་བ་དང་མཆོག་ཏུ་དགའ་བ་འཐོབ་པ་ནི། དྲན་པའི་ཚོམས་ལས། གང་ཞིག་ཉིན་དང་མཚན་རྣམས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་ཅིང༌། །ཡང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་མི་ཡི་རྙེད་པ་ཡིན། །ཞེས་གཞན་གཉིས་ལའང་སྦྱར་ནས་གསུངས་པ་ལྟར། འདི་འདྲ་བའི་སྐྱབས་གསུམ་ལ་བརྟེན་དུ་ཡོད་པ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་ནས་དགའ་བ་ཇེ་འཕེལ་དུ་འགྱུར་བའོ། །ཏིང་ངེ་འཛིན་དང༌རྣམ་པར་དག་པ་འཐོབ་པ་ནི། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པས་གྲོལ་བར་འགྱུར་བའོ། །བཞི་ཚན་གཉིས་པའི་བསྲུང་བ་ཆེན་པོ་དང་ལྡན་པ་ནི་འཆད་པར་འགྱུར་རོ། །ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་བསྲབས་པ་དང་ཡོངས་སུ་ཟད་པ་དང་ཡོངས་སུ་གཏུགས་པ་འཐོབ་པ་ནི། སྟོན་པ་དང་ཆོས་དང་གྲོགས་ངན་པ་ལ་མོས་ནས་སྐྱབས་སུ་བཟུང་བའི་དབང་གིས། ལས་ངན་པ་བསགས་པ་རྣམས་ཆུང་བ་དང་འདག་པར་འགྱུར་བའོ། །དམ་པ་ཡང་དག་པར་སོང་བ་སྐྱེས་བུ་དམ་པ་རྣམས་ཀྱི་ནང་དུ་བགྲང་བར་འགྱུར་བ་དང༌། སྟོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་དང༌། བསྟན་པ་ལ་དགའ་བའི་