ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
ཀྱང་ཡོད་པར་སྣང་ནས་སླུ་བར་རིགས་པས་གྲུབ་པ་དང་ལུང་ལས་ཀྱང་འདུ་བྱེད་སླུ་བར་གསུངས་པ་ལས་དངོས་པོ་རྣམས་རང་བཞིན་མེད་པར་གྲུབ་སྟེ། ཤེར་ཕྱིན་གྱི་མདོ་ལས་ཆོས་ཐམས་ཅད་ནི་སྟོང་པ་སྟེ་རང་བཞིན་མེད་པའི་ཚུལ་གྱིས་སོ། །ཞེས་འབྱུང་བའི་ཕྱིར་རོ། །འདིར་མདོ་སྡེ་ལས་མྱང་འདས་བདེན་པར་གསུངས་པ་ནི་འདུ་བྱེད་རྣམས་མི་བདེན་པར་སྟོན་པ་ན། སླུ་བའི་ཆོས་ཅན་དུ་གསུངས་པའི་གནད་ཀྱིས་མི་སླུ་བ་ལ་བདེན་པ་དམ་པ་ཞེས་བྱའི་རང་གི་ངོ་བོའི་དབང་གིས་གྲུབ་པའི་བདེན་པར་གྲུབ་པ་མིན་ནོ། །གཉིས་པ་ནི། གལ་ཏེ་དེ་ལྟར་སླུ་བའི་ཆོས་ཅན་ཉིད་ཀྱིས་འདུ་བྱེད་ཐམས་ཅད་བརྫུན་པར་བསྟན་ན་དོན་བྱེད་ནུས་པའི་དངོས་པོ་གང་ཡང་མེད་པས་དངོས་པོ་ཐམས་ཅད་ལ་སྐུར་འདེབས་ཀྱི་ལོག་ལྟར་འགྱུར་རོ་ཞེས་ཟེར་ཏེ། སྔར་དྲངས་པའི་མདོ་དེ་ཉན་ཐོས་སྡེ་པ་ལ་གྲགས་པའི་མདོ་ཡིན་ལ་དོན་སྨྲ་སྡེ་གཉིས་ཀྱིས་མདོ་དེའི་དོན་དེ་ལྟར་མི་འདོད་པས་འདི་ལྟར་རྩོད་དོ། །འདི་ནི་བརྫུན་པ་གང་ཡིན་ཐམས་ཅད་རི་བོང་གི་མགོ་ལ་རྭ་ཡོད་ཅེས་པ་ལྟ་བུར་བཟུང་ནས་དེ་ལྟ་ཡིན་ན་རྒྱུ་འབྲས་ཐམས་ཅད་མེད་པར་འགྱུར་རོ་སྙམ་པ་ཡིན་ཏེ། ངོ་བོ་ཉིད་ཀྱིས་མ་གྲུབ་བཞིན་དུ་དེར་སྣང་བ་ལ་བརྫུན་པར་འཇོག་ཅིང་སྣང་བའི་དོན་དེ་དག་གིས་ཀྱང་བྱ་བ་བྱེད་ནུས་པ་སྒྱུ་མ་དང་འདྲ་བ་མི་ཤེས་པར་སྨྲ་བའོ། །གང་དག་ད་དུང་དུ་ཡང་ཁྱོད་སླུ་བར་བྱེད་པ་འདུ་བྱེད་སླུ་བའི་ཆོས་ཅན་རྣམས་ངོ་བོ་ཉིད་ཀྱིས་ཡོད་ཅེས་པ་ནི་ཁྱོད་བདེན་ཏེ། ཁྱོད་འདྲ་བ་འདིས་དེ་ལྟར་མ་བསླུས་ན་འདི་བྱིས་པ་སླུ་བར་འཇོག་པའི་དོན་མེད་པའི་ཕྱིར་
རོ། །གལ་ཏེ་ཆོས་གང་སླུ་བ་དེ་ནི་བརྫུན་ནོ་ཞེས་བཤད་པ་དེའི་ཚེ་དེ་ལ་ཅི་ཞིག་སླུ་བ་སྟེ་ཅི་ཞིག་དངོས་པོ་མེད་པར་འཛིན་པའི་སྐུར་འདེབས་སུ་འགྱུར། དངོས་པོ་རང་གི་ངོ་བོ་ཉིད་ཀྱིས་འགའ་ཞིག་ཡོད་ན་དངོས་པོ་རྣམས་བརྫུན་པར་བསྟན་པ་ན་དེ་ལ་སྐུར་པ་བཏབ་པས་མེད་ལྟར་འགྱུར་ན། གང་གི་ཚེ་དངོས་པོ་རང་བཞིན་གྱིས་ཡོད་པ་ཅུང་ཟད་ཀྱང་མེད་པ་དེའི་ཚེ་དར་ཅི་ཞིག་སླུ་སྟེ་ཡོད་པ་འགའ་ཡང་མེད་པར་མི་སྨྲ་བས་ཀླན་ཀ་དེ་ནི་མི་རིགས་སོ། །གལ་ཏེ་ཁྱེད་ལུང་དེས་བདེན་པ་བཀག་བའི་བརྫུན་པ་བསྟན་པར་འདོད་པ་ན། དངོས་པོ་དོན་བྱེད་ནུས་པ་མེད་པར་མི་སྟོན་ན་ལུང་འདིས་ཅི་ཞིག་སྟོན་ཞེ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་འདུ་བྱེད་བརྫུན་པར་དེ་སྐད་གསུངས་པ་དེས་ནི་དངོས་པོ་མེད་པར་མི་སྟོན་གྱི་རང་བཞིན་གྱིས་མ་སྐྱེས་པའི་སྟོང་པ་ཉིད་ཡོངས་སུ་བསྟན་པ་ཡིན་ཏེ། མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་རྐྱེན་ལ་རག་ལས་པ་དེ་རང་བཞིན་གྱིས་མ་སྐྱེས་པའི་དོན་དུ་གསུངས་པ་ལྟར་འདུ་བྱེད་བརྫུན་པར་གསུངས་པ་དེས་ཀྱང་རང་བཞིན་གྱིས་མ་སྐྱེས་པ་སྟོན་གྱི་སྐྱེ་བ་བཀག་པའི་དངོས་མེད་སྟོན་པ་མིན་ནོ། །དེ་ལྟར་ན་རང་བཞིན་གྱིས་མ་སྐྱེས་བཞིན་དུ་དེར་སྣང་བ་ནི་སླུ་བ་དང་བརྫུན་པར་གསུངས་པའི་ལུང་གི་དོན་དུ་བཤད་དོ། །གསུམ་པ་ལ་གཉིས། ལུང་དོན་གཞན་དུ་འཆད་ཚུལ་བསྟན། དེ་ལྟར་འཆད་པའི་སྒྲུབ་བྱད་དགག་པའོ། །དང་པོ་ནི། ཉན་ཐོས་སྡེ་པས་སྔར་དྲངས་པའི་མདོ་
དེས་འཇིག་པའི་ཆོས་ཅན་དུ་གསུངས་པ་ལ་བརྟེན་ནས། དངོས་པོ་ཐམས་ཅད་རང་གྲུབ་པའི་དུས་ལས་དུས་གཉིས་པར་མི་སྡོད་པ་ཡིན་ཡང་སྡོད་པར་སྣང་བ་སླུ་བ་དང་བརྫུན་པའི་དོན་དུ་འདོད་དོ། །དེ་ལྟར་བྱས་ན་རང་བཞིན་གྱིས་མ་སྐྱེས་པ་ལུང་གི་དོན་མིན་གྱི་རང་བཞིན་ལ་མི་གནས་པ་རང་བཞིན་མེད་པའམ་བརྫུན་པའམ་བདེན་པ་མེད་པར་གསུངས་པའི་དོན་དུ་སྨྲའོ། །དེའི་རྒྱུ་མཚན་ཡང་གཉིས་ལས་དང་པོ་ནི། དངོས་པོ་རྣམས་ལ་རང་གི་ངོ་བོས་གྲུབ་པའི་ངོ་བོ་ཉིད་མེད་ན་འདི་རྣམས་གཞན་དུ་འགྱུར་པ་སྣང་བར་མི་འགྱུར་བ་ལས་སྣང་བའི་ཕྱིར། རང་གི་ངོ་བོས་མ་གྲུབ་པ་མདོའི་དོན་དུ་མི་རུང་གི་ངོ་བོ་གཞན་དུ་འགྱུར་བས་རང་བཞིན་ལ་མི་གནས་པ་མདོའི་དོན་ནོ། །རྒྱུ་མཚན་གཉིས་པ་ནི་དངོས་པོ་རྣམས་ངོ་བོས་གྲུབ་པའི་ངོ་བོ་ཉིད་མེད་པ་ནི་མེད་དེ་གང་གི་ཕྱིར་ན་ཆོས་ཅན་དངོས་པོ་རྣམས་ཀྱི་ཆོས་སྟོང་པ་ཉིད་འདོད་དགོས་པའི་ཕྱིར་རོ། །ཡོད་པ་མིན་བའི་མོ་གཤམ་གྱི་བུ་ལ་ནི་དེའི་སྔོ་བསངས་མི་འཐད་པས་ཆོས་ཅན་མེད་པར་དེ་ལ་བརྟེན་པའི་ཆོས་ཀྱང་མི་འཐད་བའི་ཕྱིར་དངོས་པོ་རྣམས་རང་བཞིན་གྱིས་ཡོད་དོ། །གལ་ཏེ་དངོས་པོ་ལ་རང་གི་ངོ་བོས་གྲུབ་པའི་ངོ་བོ་ཉིད་མེད་ན་གཞན་དུ་འགྱུར་བ་འདི་ཆོས་གང་ཞིག་གི་ངོ་བོ་ཡིན་ཞེས་འཛེར་ཏོ། །རྒོལ་བ་འདི་དག་ནི་རིགས་པའི་རྣམ་གཞག་ལ་བྱང་བ་ཡིན་པས་རང་གིས་ཁས་བླངས་པའི་ལུང་འགའ་ཞིག་ལས་རང་བཞིན་མེད་པར་གསུངས་པའི་ལུང་དོན་འཆད་པ་ན། རང་གི་ངོ་བོ་ལ་མི་གནས་པའི་མི་རྟག་
པ་ལ་དགོངས་པར་སྨྲ་བ་ཡིན་གྱི། རང་བཞིན་ཡོད་མེད་དང་བདེན་པར་གྲུབ་མ་གྲུབ་ཀྱི་དོན་རྟག་པར་ཡོད་མེད་ལ་བྱེད་པ་ནི་གཏན་མིན་པས། གངས་རིའི་ཁྲོད་པའི་རྒོལ་བ་མུ་ཅོར་སྨྲ་བ་འགའ་ཞིག་གིས་དེ་ལྟར་སྨྲ་བ་དང་ཁྱད་པར་ཆེའོ། །རྣལ་འབྱོར་སྤྱོད་པ་པས་དངོས་པོ་བདེན་པར་སྨྲ་བའི་བསྟན་བཅོས་ཀྱི་རྣམ་གཞག་བྱས་པ་ནི་རྩ་བ་མཁན་པོའི་རྗེས་སུ་བྱུང་བས། འདིར་ཡང་རང་སྡེ་ཕྱོགས་སྔར་ལེན་པ་ན་དོན་སྨྲ་གཉིས་ཕྱོགས་སྔར་མཛད་ལ་དེ་དག་ལ་ལུང་གི་གནོད་པ་སྟོན་པ་ནའང་ཐེག་དམན་གྱི་སྡེ་སྣོད་ནས་འབྱུང་བ་ཉིད་ཀྱིས་མཛད་དེ། །དེ་ལྟ་ནའང་འདི་དག་གི་འདོད་པ་བཀག་ན་རྣལ་འབྱོར་སྤྱོད་པ་པའི་དངོས་པོ་བདེན་པར་འདོད་པ་ཡང་ཁེགས་པར་འགྱུར་བས་འགོག་པའི་རིགས་པ་ནི་ཐུན་མོང་བ་ཁོ་ནའོ། །གཉིས་པ་ལ་གཉིས། གཞན་འགྱུར་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག །སྟོང་ཉིད་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། རང་བཞིན་དང་གཞན་འགྱུར་གཉིས་འགལ་བས་དགག །གཞན་འགྱུར་རང་བཞིན་གྱིས་ཡོད་པ་མི་སྲིད་པས་དགག་པའོ། །དང་པོ་ནི། ཆོས་གང་ཞིག་དངོས་པོ་གང་ལ་མི་འཁྲུལ་བ་དེ་ནི་དེའི་རང་བཞིན་ནོ་ཞེས་བརྗོད་དེ་གཞན་གྱིས་གེགས་བྱར་མེད་པའི་ཕྱིར་རོ། །དེ་ཡང་མེ་ལ་མི་འཁྲུལ་བའི་མེའི་ཚ་བ་ལྟ་བུ་ཞིག་དགོས་སོ། །གལ་ཏེ་དངོས་པོ་རྣམས་ངོ་བོ་ཉིད་དེ་རང་བཞིན་དུ་ཡོད་ན་དེ་གང་གི་རང་བཞིན་དུ་འདོད་པ་དེ་ལས་གཞན་དུ་འགྱུར་བར་ཇི་ལྟར་རུང་སྟེ་མི་རུང་ངོ་། །གཞན་དུ་འགྱུར་བ་ཡང་མཐོང་བའི་ཕྱིར་
རང་བཞིན་དུ་ཡོད་པ་མིན་ནོ་ཞེས་བཟློག་པ་འཕེན་ནོ། །དེ་ནི་ཐ་སྙད་པའི་གཞན་འགྱུར་རོ། །གཉིས་པ་ནི། རེ་ཞིག་དངོས་པོ་སྔར་གྱི་གནས་སྐབས་ན་གནས་པ་དེ་ཉིད་ལ་ནི་གཞན་དུ་འགྱུར་བ་མེད་དེ། གང་གི་ཕྱིར་ཏེ་འདི་ལྟར་གཞན་དུ་འགྱུར་བ་ནི་རྒ་བའི་རྣམ་གྲངས་ཡིན་ན་ལང་ཚོའི་གནས་སྐབས་ཉིད་ལ་གནས་པའི་གཞོན་ནུ་ལ་ནི་མི་རྒ་བ་སྟེ་རྒ་བ་ཡོད་པ་མིན་པའི་ཕྱིར་ཏེ། གནས་སྐབས་དེ་ན་ལང་ཚོ་ལས་གཞན་དུ་འགྱུར་བ་མི་འཐད་པའི་ཕྱིར་རོ། །ཅི་སྟེ་གཞོན་ནུ་ལ་རྒ་བ་མི་འདོད་ཀྱི་རྒས་པ་ཉིད་རྒའོ་སྙམ་ན། གཞན་རྒས་པ་ཉིད་ལ་ཡང་རྒ་བ་ཡོད་པ་མ་ཡིན་ཏེ་གང་གི་ཕྱིར་རྒས་པ་ལའང་རྒ་བར་འགྱུར་མི་དགོས་པའི་ཕྱིར་རོ། །འདིར་ཚིག་གསལ་ལས། རྒན་གཞོན་གྱི་གནས་སྐབས་གཉིས་འགལ་བ་དང༌། བུད་དྷ་པཱ་ལི་ཏ་ལས་རྒས་པ་དང་གཞོན་ནུའི་གནས་སྐབས་གཉིས་གང་ཟག་གཅིག་ལ་དུས་གཅིག་ན་མེད་པའི་རྒྱུ་མཚན་གྱིས་གཞོན་ནུ་རྒས་པར་འགྱུར་བ་བཀག་པའི་རིགས་པ་ནི། ལྷས་བྱིན་གྱི་གཞོན་ནུའི་གནས་སྐབས་འགག་བཞིན་པ་དང་རྒས་པའི་གནས་སྐབས་སྐྱེ་བཞིན་པ་གཉིས་དུས་མཉམ་ཡང༌། གནས་སྐབས་གཉིས་དུས་གཅིག་ན་མེད་པ་ནི་རང་ཡང་ཐ་སྙད་དུ་འདོད་དགོས་སོ། །དེས་ན་སྔར་སྐྱེ་བ་འགོག་པའི་སྐབས་སུ་བཤད་པ་བཞིན་དུ་གཞན་འགྱུར་ངོ་བོ་ཉིད་ཀྱིས་ཡོད་ན་གནས་སྐབས་གཉིས་དུས་གཅིག་ན་གནས་པའི་སྐྱོན་ཡོད་པས་འགོག་པ་ཡིན་ནོ། །གལ་ཏེ་གཞན་རྒས་པར་གྱུར་པ་རྒ་བར་མི་འགྱུར་
ཡང་གཞོན་ནུ་དེ་ཉིད་གཞན་རྒས་བར་འགྱུར་བའི་གཞན་འགྱུར་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་འདོད་ན་ནི། དེ་ལྟར་ན་འོ་མ་ཉིད་ཀྱིས་རང་གི་གནས་སྐབས་མ་བཏང་བར་ནི་ཞོར་འགྱུར་རོ། །ཅི་སྟེ་འོ་མའི་གནས་སྐབས་བཏང་ནས་ཞོའི་གནས་སྐབས་སུ་འགྱུར་བའི་ཕྱིར་འོ་མ་ཉིད་ཞོར་མི་འགྱུར་རོ་ཞེ་ན། གལ་ཏེ་ཕན་ཚུན་འགལ་བས་འོ་མ་ཉིད་ཞོར་འགྱུར་རོ་ཞེས་མི་འདོད་ན་ནི་འོ་མ་ལས་དོན་གཞན་གང་ཞིག་ནི་ཞོ་ཡི་དངོས་པོར་འགྱུར་ཏེ་མི་འགྱུར་ཏེ། ཞོ་དང་ཆུ་ལྟ་བུ་གཞན་གང་ཡང་ཞོར་མི་འགྱུར་བའི་ཕྱིར་རོ། །ཆོས་སྔ་མ་གཅིག་ཕྱི་མར་འགྱུར་རོ་ཞེས་པའི་ཐ་སྙད་ནི་རྒན་གཞོན་དང་འོ་ཞོ་ལྟ་བུ་ལ་ཡོད་ཀྱི་མེ་དང་ཤིང་ལྟ་བུའི་རྒྱུ་འབྲས་ལ་ནི་བུད་ཤིང་མེར་འགྱུར་རོ་ཞེས་པའི་ཐ་སྙད་འཇིག་རྟེན་ན་མི་བྱེད་དོ། །དེ་ལྟར་གཞན་འགྱུར་ངོ་བོ་ཉིད་ཀྱིས་ཡོད་པ་མི་སྲིད་པའི་ཕྱིར་མི་རྟག་པ་ངོ་བོ་ཉིད་ཀྱིས་ཡོད་པ་འདུ་བྱེད་སླུ་ཞིང་བརྫུན་པར་གསུངས་པའི་དོན་མ་ཡིན་གྱི་དངོས་པོ་རྣམས་རང་གི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ལུང་གི་དོན་ཡིན་ནོ། །ཇི་སྐད་དུ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། ཆོས་གང་སྐྱེ་བ་མེད་ཅིང་འབྱུང་བ་མེད། །ཅེས་པ་ནས་གྲོལ་ནས་སེམས་ཅན་མང་པོ་གྲོལ་བར་མཛད། །ཅེས་པའི་མཇུག་ཏུ། བདག་མེད་པར་ནི་ཆོས་ཀུན་སྟོན་མཛད་ཅིང༌། །སེམས་ཅན་འཛིན་ལས་འཇིག་རྟེན་རྣམ་པར་གྲོལ། །བདག་ཉིད་འགྲོ་ལས་གྲོལ་ཞིང་འགྲོ་གྲོལ་བས། །དེ་ཕྱིར་ཕ་རོལ་གཤེགས་ཀྱང་བརྒལ་བའང་མེད། །དྲང་སྲོང་ཆེན་པོ་སྲིད་པའི་ཕ་རོལ་ཕྱིན། །ཕ་རོལ་གཤེགས་པ་གང་ཡང་རྙེད་མི་འགྱུར། །
ཕ་རོལ་ཡོད་མ་ཡིན་ཞིང་ཚུ་རོལ་མེད། །ཕ་རོལ་སོང་ངོ་ཞེས་ཀྱང་ཚིག་ཏུ་གསུང༌། །གང་གིས་ཚིག་ཏུ་སྨྲ་བ་དེ་ཡང་མེད། །གང་སྨྲས་དེ་ཡི་ཚིག་ཀྱང་ཡོད་མ་ཡིན། །གང་ལ་སྨྲ་བ་དེ་ཡང་རྙེད་མི་འགྱུར། །གང་གིས་ཤེས་པ་དེ་ཡང་ཡོད་མ་ཡིན། །ལོག་པར་རྟོག་ལ་ཆགས་པའི་དབང་གིས་སུ། །འདིར་ནི་འགྲོ་བ་འདི་ཀུན་རབ་ཏུ་འཁྱམ། །སྐྱེས་བུ་གང་གིས་ཞི་བའི་ཆོས་རིག་པ། །དེས་ནི་རང་འབྱུང་དེ་བཞིན་གཤེགས་པ་མཐོང༌། །ཆོས་མཆོག་ཞི་བ་རྣམས་ཀྱང་རབ་ཏུ་ཤེས། །དགའ་བ་རྙེད་ནས་སེམས་ཅན་ཚིམ་པར་བྱེད། །ཉོན་མོངས་རྒྱལ་ནས་དེ་ནི་རྒྱལ་བར་འགྱུར། །བདག་ཉིད་རྒྱལ་བར་འགྱུར་ཞིང་གནས་པ་མེད། །དེ་ཕྱིར་རྒྱལ་བའི་བྱང་ཆུབ་རབ་ཏུ་མཁྱེན། །སངས་རྒྱས་ནས་ནི་འགྲོ་བ་ཤེས་པར་བྱེད། །ཅེས་གསུངས་ཏེ་གཞན་འགྱུར་མེད་པ་དང་ངོ་བོ་ཉིད་མི་རྙེད་པ་དང་དེ་མ་རྟོགས་པའི་ཉེས་དམིགས་དང་རྟོགས་པའི་ཕན་ཡོན་དུ་སྦྱར་རོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། དེ་ལ་ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། སྔར་དངོས་པོ་ངོ་བོ་ཉིད་ཀྱིས་མེད་པ་ནི་ཡོད་པ་མ་ཡིན་ཏེ་དངོས་པོ་རྣམས་སྟོང་པ་ཉིད་དུ་ནི་འདོད་དོ། །དེའི་ཕྱིར་སྟོང་ཉིད་ཀྱི་རྟེན་དུ་གྱུར་པའི་དངོས་པོ་རང་བཞིན་གྱིས་ཡོད་དོ་ཞེས་སྨྲས་པ་དེ་ནི་མི་རིགས་ཏེ། གལ་ཏེ་སྟོང་པ་ཉིད་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ཅུང་ཟད་ཅིག་ཡོད་ན་ནི་དེའི་རྟེན་ངོ་བོ་ཉིད་ཀྱིས་ཡོད་པའི་སྟོང་པ་མིན་པ་ཅུང་ཟད་ཅིག་ཡོད་ནའང༌། འདིར་སྟོང་པ་ཉིད་དང་བདག་མེད་པ་ནི་ཆོས་
ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དུ་ཁས་བླངས་པས་བདག་གིས་མི་སྟོང་པ་ཅུང་ཟད་ཀྱང་ཡོད་པ་མིན་ན། སྟོང་པ་ཉིད་ངོ་བོ་ཉིད་ཀྱིས་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་ཏེ་གཉེན་པོ་ལ་ལྟོས་པ་དང་བྲལ་བས་ནམ་མཁའི་མེ་ཏོག་བཞིན་ནོ། །ཆོས་ཐམས་ཅད་ནི་བདག་མེད་དོ་ཞེས་པའི་ལུང་དོན་སྨྲ་སྡེ་གཉིས་ཀྱིས་ཀྱང་ཁས་ལེན་ལ། བདག་མེད་ཀྱི་མེད་རྒྱུའི་བདག་ནི་སློབ་དཔོན་གཉིས་ཀས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ལ་བཞེད་པས་ཚིག་གསལ་ལས་སྔར་ལྟར་བཤད་པ་ཡང་འཐད་དོ། །བུད་དྷ་པཱ་ལི་ཏ་ལས་དཔྱད་ན་མི་སྟོང་པ་ཅུང་ཟད་ཀྱང་མེད་པས་སྟོང་པ་ཡོད་པར་ག་ལ་འགྱུར་ཞེས་བཤད་དེ་ཆོས་ཐམས་ཅད་བདག་མེད་པའི་དོན་ཡང་དེ་ཉིད་ཡིན་པས་དོན་འདྲའོ། །སྟོང་པ་ཉིད་ཡིན་པའི་ཅུང་ཟད་ཅིག་བདེན་པར་གྲུབ་པར་འདོད་ན་དེའི་རྟེན་ཆོས་ཅན་བདེན་པར་གྲུབ་པ་ཅུང་ཟད་ཅིག་ཀྱང་གདོན་མི་ཟ་བར་འདོད་དགོས་ཏེ། རྟེན་ཆོས་ཅན་མེད་པར་བརྟེན་པའི་ཆོས་གནས་པ་མི་སྲིད་པའི་ཕྱིར་དང༌། བདེན་པར་གྲུབ་པའི་རྟེན་བརྫུན་པས་བྱེད་པ་འགལ་བའི་ཕྱིར་རོ། །དེས་ན་དེ་ལ་ནི་དབུ་མ་པ་དང་དངོས་པོར་སྨྲ་བ་གཉིས་ཀ་མཐུན་ལ་དེ་ལྟ་ནའང་དངོས་པོར་སྨྲ་བས་ནི་ཆོས་ཅན་དང་སྟོང་ཉིད་གཉིས་ཀ་བདེན་པར་འདོད་ལ་དབུ་མ་པས་ནི་ཆོས་ཅན་མི་བདེན་པས་སྟོང་ཉིད་ཀྱང་བདེན་པར་མ་གྲུབ་པར་བཞེད་དོ། །རྣལ་འབྱོར་སྤྱོད་པ་པའི་མཁས་པ་རྣམས་ཀྱང་ཡོངས་གྲུབ་བདེན་པར་འགྲུབ་པ་ལ་དེའི་རྟེན་གཞན་དབང་བདེན་པར་འགྲུབ་དགོས་པར་མཐོང་ནས་གཞན་དབང་བདེན་པར་སྒྲུབ་སྟེ། དེ་བདེན་པར་གྲུབ་ན་དེའི་སྟོང་ཉིད་
བདེན་པ་འབད་མེད་དུ་འགྲུབ་པའི་ཕྱིར་དང་དེ་བདེན་པར་མ་གྲུབ་ན་རྒྱུ་མཚན་དེ་ཉིད་ཀྱིས་དེའི་ཆོས་ཉིད་བདེན་མེད་དུ་འགྱུར་བའི་ཕྱིར་རོ། །དེས་ན་དེ་དག་ལས་བཟློག་སྟེ་སྨྲ་བ་ནི་རང་གི་སྡེ་པ་གོང་འོག་གང་གི་ཡང་ལུགས་མིན་པས་དོར་བར་བྱ་བ་ཁོ་ནའོ། །སྤྱོད་འཇུག་ལས། གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། ཞེས་གསུངས་པས་ཀྱང་དགག་བྱ་དགག་པའི་རྟེན་དུ་སྟོན་པ་མིན་གྱི་དངོས་པོ་བདེན་པ་བ་མ་གྲུབ་ན་དངོས་མེད་ཀྱི་སྟོང་ཉིད་བདེན་པ་བའི་རྟེན་མེད་ཅེས་པའི་དོན་ནོ། །གཉིས་པ་ལ་གཉིས། གཞུང་གི་དོན་བཤད་པ་དང༌། དེ་གསུངས་པའི་ཁུངས་བསྟན་པའོ། །དང་པོ་ནི། གལ་ཏེ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་གྲོལ་བར་བྱ་བའི་ཕྱིར་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་པར་ཐར་བའི་སྒོ་གསུམ་གསུངས་པ་ནི། མུ་སྟེགས་དང་ཐུན་མོང་མ་ཡིན་པས་བདེ་བར་གཤེགས་པའི་གསུང་ཁོ་ན་ལ་དམིགས་ན། ཁྱོད་ཀྱིས་ནི་ད་ལྟ་གསུང་རབ་འཆད་པའི་སྒྱུ་ཐབས་ཀྱིས་སྟོང་པ་ཉིད་དེ་སྤོང་བར་བརྩམས་པ་ཡིན་པས། མཐོ་རིས་དང་བྱང་གྲོལ་གྱི་ལམ་རྒྱུན་གཅོད་པར་བྱེད་པ་ཁྱོད་དང་བརྩད་པས་ད་ཆོག་གོ་ཞེ་ན། ཨེ་མ་ཀྱི་ཧུད་ཤིན་ཏུ་ཕྱིན་ཅི་ལོག་ཏུ་གྱུར་པས་ཐར་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་དྲང་པོ་བོར་ནས། དངོས་པོ་དང་དངོས་པོ་མེད་པ་ལ་བདེན་པར་ཞེན་པའི་སྤྲུལ་གྱིས་དཀྲིས་པའི་འཁོར་བའི་འབྲོག་དགོན་པར་འགྲོ་
བའི་ལམ་ལ་ཐར་པར་འགྲོ་བར་འཛིན་པ་ཁྱོད་ནི། དམ་པས་སྨད་པར་བྱ་བ་ཡིན་བཞིན་དུ་དམ་པ་ལ་སྨོད་པ་ཞིག་སྟེ་ཀྭ་ཡེ་སྨན་པའི་རྒྱལ་པོ་ཆེན་པོ་རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད་ནི། ལྟ་བ་སྟེ་བདེན་འཛིན་ཀུན་ལས་ངེས་པར་འབྱུང་བ་སྟེ་འབྱིན་པ་ཡིན་པར་གསུངས་པས་བདེན་པར་ལྟ་བའི་དམིགས་གཏད་ཐམས་ཅད་ལོག་པ་ཙམ་མོ། །ལོག་པ་ཙམ་ནི་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་ཡང་མིན་ནོ། །དེས་ན་གང་དག་སྟོང་པ་ཉིད་དེ་ལ་ངོ་བོ་ཉིད་ཀྱིས་ཡོད་པར་ལྟ་བ་དེ་དག་ནི་བསྒྲུབ་ཏུ་མེད་པ་སྟེ་གསོར་མི་རུང་བར་གསུངས་སོ། །འདི་ནི་ཁྱོད་ལ་ཟོང་ཅི་ཡང་སྟེར་རྒྱུ་མེད་དོ་ཞེས་སྨྲས་པ་ན་ཀྱེ་བདག་ལ་ཅི་ཡང་མེད་པ་ཞེས་པའི་ཟོང་དེ་བྱིན་ཅིག་ཅེས་སྨྲ་ན་ཕ་རོལ་པོ་དེ་རང་ལ་ཟོང་མེད་པར་འཛིན་དུ་གཞུག་པའི་ཐབས་མེད་པ་དང་འདྲ་བར་སློབ་དཔོན་གཉིས་ཀས་བཤད་དོ། །ཕ་རོལ་པོས་འདི་ལ་ནི་སྦྱིན་རྒྱུའི་ཟོང་མེད་པར་འདུག་སྙམ་པའི་བློ་བསྐྱེད་པའི་ཕྱིར་དུ་ཚིག་དེ་སྨྲས་པས་ན་བློ་དེ་བསྐྱེད་དུ་མི་རུང་བ་མིན་གྱི་ཟོང་མེད་པ་དེ་ཟོང་གཅིག་ཡིན་པར་འདུག་སྙམ་པའི་བློ་དེ་བསྐྱེད་དུ་མི་རུང་ངོ་། །དེ་བཞིན་དུ་དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ནོ་ཞེས་སྟོན་པ་ན་འདི་རྣམས་བདེན་པས་སྟོང་ངོ་སྙམ་དུ་བཟུང་དུ་མི་རུང་བ་མིན་གྱི་དངོས་པོ་བདེན་པས་སྟོང་པ་འདི་བདེན་ནོ་སྙམ་དུ་བཟུང་དུ་མི་རུང་བ་ཡིན་ནོ། །དེས་ན་ཆོས་རྣམས་སྟོང་པའོ་སྙམ་དུ་བཟུང་ན་ཡང་གསོར་མི་རུང་བར་གཞུང་འདིས་བསྟན་པར་འདོད་པ་ནི་མ་བརྟགས་པར་སྨྲ་བ་ཆེན་པོའོ། །སློབ་དཔོན་གཉིས་ཀས་སྟོང་པ་ཉིད་དུ་ལྟ་བ་ཞེས་པའི་དོན་སྟོང་པ་ཉིད་ལ་དངོས་པོར་ཞེན་པ་ལ་གསུངས་
ལ་དེ་ནི་སྟོང་ཉིད་བདེན་པར་བཟུང་བའམ་སྟོང་ཉིད་ངོ་བོ་ཉིད་ཀྱིས་ཡོད་པར་འཛིན་པ་ཡིན་གྱི་རང་བཞིན་མེད་པའོ་སྙམ་དུ་འཛིན་པ་ཙམ་ག་ལ་ཡིན། བརྒྱ་བའི་འགྲེལ་པ་ལས་ཀྱང་གལ་ཏེ་སྟོང་པ་ཉིད་ཅེས་བྱ་བ་རང་གི་ངོ་བོས་གྲུབ་པ་འགའ་ཡོད་ན་ནི་དངོས་པོ་རྣམས་རང་བཞིན་དང་བཅས་པར་འགྱུར་ན་ཡོད་པ་ནི་མ་ཡིན་ནོ། །ཞེས་བཤད་པ། སྟོང་མིན་མེད་པར་སྟོང་པ་ནི། །གང་ལས་འབྱུང་བ་ཉིད་དུ་འགྱུར། །ཇི་ལྟ་བུར་ན་ཅིག་ཤོས་ནི། །མེད་པར་གཉེན་པོ་འབྱུང་བར་འགྱུར། །ཞེས་གསུངས་ལ་དེའི་འགྲེལ་པར་གཞུང་འདི་ཡང་དྲངས་སོ། །སྔར་ཉན་ཐོས་སྡེ་པས་སྟོང་ཉིད་བདེན་པར་ཡོད་པར་ཁས་བླངས་པ་གཞུང་སྔ་མ་དང་འདི་གཉིས་ཀྱིས་འགོག་པ་ཡིན་པས་བདག་མེད་ཡོད་པ་ཙམ་ཞིག་འགོག་པ་གཏན་མིན་ནོ། །དེ་ལྟར་གཞུང་གི་དོན་ལོག་པར་བཟུང་ན་ནི་དོན་དམ་པའི་བདེན་པ་མི་སྲིད་ཅེས་སྐུར་པ་འདེབས་པ་དང༌། སྲིད་ཀྱང་དེ་ངེས་པའི་ངེས་ཤེས་བསྐྱངས་ན་མཚན་འཛིན་དུ་འགྲོ་བར་བཟུང་ནས་ཡང་དག་པའི་དོན་ཚུལ་བཞིན་དུ་ངེས་པའི་ལྟ་བ་སྐྱོང་བའི་གེགས་ཆེན་པོ་བྱེད་པ་ཡིན་ནོ། །གཉིས་པ་ནི། གཞུང་དེས་གསུངས་ཞེས་པའི་མདོའི་ཁུངས་ནི་དཀོན་བརྩེགས་ཀྱི་འོད་སྲུངས་ཀྱིས་ཞུས་པ་ལས། གང་དག་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། །ཆོས་རྣམས་ཉིད་སྟོང་པ་དང༌། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང༌། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་སྨོན་པ་མེད་
པར་གང་དག་དེ་ལྟར་སོ་སོར་རྟོག་པ་དེ་ནི། འོད་སྲུངས་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུངས་གང་དག་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོག་པ་དེ་དག་ནི། ངས་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་ཞེས་བཤད་དོ། །ཞེས་གསུངས་པའོ། །སྟོང་པ་ཉིད་ལ་སོགས་པས་ཆོས་རྣམས་སྟོང་པར་མི་བྱེད་པར་ཆོས་རྣམས་ཉིད་སྟོང་པ་ལ་སོགས་པར་གསུངས་པ་ནི་ཆོས་ཁོ་རང་བདེན་པས་མི་སྟོང་པར་གཞན་ཞིག་བདེན་པས་ཁོ་སྟོང་པར་མི་གཟུང་བའི་དོན་ནོ། །སྟོང་ཉིད་ལ་རྟོག་པ་ནི་རབ་ཏུ་ཉམས་པར་གསུངས་པའི་རྟོག་ལུགས་ནི་གང་དག་སྟོང་པ་ཉིད་དུ་དམིགས་པས་ཞེས་གསུངས་པས་བདེན་པར་དམིགས་པ་ལ་བྱའི་སྟོང་ཉིད་དོ་སྙམ་དུ་རྟོག་པ་ལ་མི་བྱ་སྟེ། གཞན་དུ་ན་དེ་མ་ཐག་ཏུ་སྟོང་པ་ཉིད་ལ་སོགས་པ་གསུམ་ལ་སོ་སོར་རྟོག་པ་དབུ་མའི་ལམ་དུ་གསུངས་པ་དང་འགལ་བར་འགྱུར་རོ། །སྟོང་པ་ཉིད་དུ་ལྟ་བ་གསོར་མི་རུང་བའི་དཔེ་དོན་སྦྱོར་ཚུལ་ཡང་མེད་དོ་དེ་ཉིད་ལས། འོད་སྲུངས་འདི་ལྟ་སྟེ་དཔེར་ན། མི་ནད་པ་ཞིག་ཡོད་ལ་སྨན་པས་དེ་ལ་སྨན་བཏང་བས་སྨན་དེས་དེའི་ནད་ཐམས་ཅད་བསྐྱོད་དེ་སྨན་ལྟོ་ན་འདུག་པ་དེ་ཉིད་མི་འབྱུང་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས་མི་དེ་ནད་དེ་ལས་ཐར་བར་འགྱུར་རམ། གསོལ་བ་བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་ཏེ་གང་སྨན་དེས་ནད་ཐམས་ཅད་བསྐྱོད་ནས། སྨན་ལྟོར་མཆིས་པ་ཉིད་མ་བྱུང་ན་མི་དེའི་བྲོ་ནད་ཤིན་ཏུ་ཚབས་ཆེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་
དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུངས་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །ཞེས་གསུངས་པའོ། །སྨན་གྱིས་མ་ཞུ་བ་སྔ་མ་དག་པར་བྱས་ནས་རང་ཉིད་མ་ཞུ་བས་ནད་སྐྱེད་པ་དཔེར་མཛད་པ་འདི་ནི་རང་སྡེ་དངོས་པོར་སྨྲ་བ་སྡེ་གཉིས་ཀྱིས་བདག་མེད་བདེན་པར་འདོད་པ་དང་གངས་ཅན་པ་སྔ་མ་ཁ་ཅིག་དངོས་པོ་རྣམས་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་ཡོད་པ་བཀག་ནས། དེ་ལྟར་བཀག་པའི་སྟོང་པ་བདེན་པར་འདོད་པ་རྣམས་ལ་སྦྱར་བར་བྱ་སྟེ། དགག་བྱ་བཀག་པའི་སྟོང་པ་དེ་རྟོགས་པས་ཉོན་མོངས་པའི་ནད་མངོན་གྱུར་པ་མང་པོ་ཡང་ལྡོག་ལ་སྟོང་པ་བདེན་པར་བཟུང་བས་ཀྱང་ཉོན་མོངས་པའི་ནད་སྐྱེད་བའི་ཕྱིར་རོ། །དེ་དག་ལས་གཞན་དུ་སྟོང་པ་དང་མི་སྟོང་པའི་ཚུལ་གཉིས་བྱེད་པ་ལ་ནི་སྟོང་པའི་ཚུལ་ནི་ཚད་མས་ཁེགས་པ་མིན་གྱི་སྐུར་འདེབས་ཡིན་པའི་ཕྱིར་དཔེར་བརྗོད་སྔ་མའི་དོན་མེད་པས་མི་སྟོང་པའི་ཚུལ་དུ་འཛིན་པས་ཉོན་མོངས་པའི་ནད་སྐྱེད་པ་ཙམ་མོ། །གཉིས་པ་ནི། དེ་ལྟར་འདུ་བྱེད་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་བཞིན་དུ་དེར་སྣང་བ་དང་ངོ་བོ་ཉིད་ཀྱིས་ཡོད་པ་ལ་གཞན་འགྱུར་མི་རུང་བ་དང༌། བདེན་པས་སྟོང་པའི་སྟོང་ཉིད་བདེན་པ་མེད་པར་བསྟན་པ་རྣམས་ཟབ་མོའི་ལུང་གིས་ཀྱང་འགྲུབ་པ་ནི་སྔར་སྐབས་སྐབས་སུ་སྤྱར་ཟིན་པས་དེ་ལ་དཔགས་ནས་ཤེས་བར་བྱའོ། །གསུམ་པ་ནི། བརྫུན་པའི་བརྫུན་ལུགས་ནི་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་དེར་སྣང་
བ་ཡིན་ཞིང་དེ་ཉིད་ལ་བྱ་བྱེད་ཐམས་ཅད་འཐད་པས་བརྫུན་པའི་དོན་བྱ་བྱེད་ཀྱི་དངོས་པོ་ཐམས་ཅད་ཀྱིས་སྟོང་པ་ལ་མི་གཟུང་སྟེ་གཞན་འགྱུར་དང་མི་རྟག་པ་ཡང་དེ་དང་འདྲའོ། །བརྫུན་པ་ལ་བདེན་གྲུབ་བཀག་པའི་སྟོང་པ་བདེན་པར་མ་གྲུབ་ཀྱང་མ་གྲུབ་པ་མིན་པས། གྲོལ་བ་དོན་དུ་གཉེར་བ་རྣམས་ཀྱིས་གང་ལ་དམིགས་ནས་བསྒོམས་པས་སྒྲིབ་པ་ཟད་པར་བྱེད་པའི་ལམ་གྱི་དམིགས་པར་ཤིན་ཏུ་འཐད་པའི་ཚུལ་རྣམས་ངེས་པར་བྱའོ། །འདུ་བྱེད་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བརྒྱད་ཀྱི་བདག་ཉིད་རབ་ཏུ་བྱེད་པ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།གཉིས་པ་དངོས་པོ་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པ་ལ་གསུམ། ཕྲད་པ་རང་བཞིན་གྱིས་ཡོད་པ་དགག །རྒྱུ་རྐྱེན་བདག་གིར་བྱེད་པ་རང་བཞིན་གྱིས་ཡོད་པ་དགག །བཅིངས་ཐར་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ། དངོས་པོ་རྣམས་རང་བཞིན་གྱིས་ཡོད་དེ་དེ་དག་གི་ཕྲད་པ་བསྟན་པའི་ཕྱིར་ཏེ་མདོ་སྡེ་ལས། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་དང་གསུམ་འདུས་པ་ལས་རེག་པའོ། །རེག་པ་དང་ལྷན་ཅིག་འབྱུང་བ་ནི་ཚོར་བའོ་ཞེས་རྒྱ་ཆེར་འབྱུང་བ་དང༌། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་ཞེས་བྱ་བའི་ཆོས་འདི་གཉིས་ནི་ཕྲད་པ་ཡིན་གྱི་མ་ཕྲད་པ་ནི་མ་ཡིན་ནོ། །ཞེས་པ་དང་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་མ་རིག་པའི་ཀུན་ཏུ་སྦྱོར་བ་དག་གིས་ཀུན་ཏུ་སྦྱར་རོ། །ཞེས་འདུ་བྱད་རྣམས་ལ་ཕྲད་
པ་གསུངས་པའི་ཕྱིར་རོ། །དེ་ལྟར་འདོད་པ་དགག་པ་ལ་གཉིས། ཕྲད་པ་རང་བཞིན་གྱིས་གྲུབ་པ་དགག །དེས་ཕྲད་བཞིན་པ་ལ་སོགས་པའང་ཁེགས་པར་བསྟན་པའོ། །དང་པོ་ལ་གཉིས། དམ་བཅའ་བཞག །སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། བལྟ་བྱ་གཟུགས་དང་ལྟ་བ་མིག་དང་ལྟ་བ་པོ་རྣམ་ཤེས་གསུམ་པོ་དེ་དག་ལས་མིག་དང་གཟུགས་སམ་མིག་དང་རྣམ་པར་ཤེས་པའམ་རྣམ་པར་ཤེས་པ་དང་གཟུགས་ཏེ་གཉིས་གཉིས་དང༌། དེར་མ་ཟད་གསུམ་པོ་ཐམས་ཅད་ཀྱང་དུས་གཅིག་ཏུ་ཕན་ཚུན་དུ་ཕྲད་པར་འགྱུར་བ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །ཇི་ལྟར་ལྟ་བ་སོགས་གསུམ་ལ་བཤད་པ་དེ་བཞིན་དུ་འདོད་ཆགས་དང་ཆགས་པའམ་འདོད་ཆགས་དང་ཆགས་པར་བྱ་བའམ་ཆགས་པ་དང་ཆགས་པར་བྱ་བ་ཡང་གཉིས་གཉིས་དང་གསུམ་པོ་ཐམས་ཅད་ཀྱང་ཕན་ཚུན་དུས་གཅིག་ཏུ་ཕྲད་པར་མི་འགྱུར་བར་བལྟ་བར་བྱའོ། །དེ་ལྟར་ཇི་སྐད་བཤད་པ་དེ་བཞིན་དུ་ཉོན་མོངས་པ་ལྷག་མ་ཞེ་སྡང་དང་གཏི་མུག་ལ་སོགས་པ་རྣམས་དང༌། སྐྱེ་མཆེད་ཀྱི་ལྷག་མ་ཉན་པ་དང་ཉན་པ་པོ་དང་མཉན་པར་བྱ་བ་ལ་སོགས་པའང་རྣམ་པ་གསུམ་གསུམ་དུ་སྦྱར་བ་ཉིད་ཀྱིས་གཉིས་གཉིས་དང་གསུམ་ཆར་ཕྲད་པ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ནོ། །གཉིས་པ་ལ་གཉིས། གཞན་རང་བཞིན་གྱིས་མེད་པས་ཕྲད་པ་དགག །གཅིག་དང་ཐ་དད་ལ་དཔྱད་ནས་ཕྲད་བ་དགག་པའོ། །དང་པོ་ལ་གསུམ། སྦྱོར་བ་དགོད་པ། ཚུལ་དེ་གཞན་ལ་ཡང་སྦྱར་བ། གཏན་ཚིགས་སྒྲུབ་པའོ། །དང་པོ་ནི།
ཕྲད་པར་འགྱུར་བ་ངོ་བོ་ཉིད་ཀྱིས་ཡོད་ན་ཕན་ཚུན་དུ་གཞན་དང་གཞན་དུ་ཡང་ངོ་བོ་ཉིད་ཀྱིས་ཡོད་དགོས་ན་ཞེས་ལྡོག་པའི་ཁྱབ་པ་བསྒྲུབས་ཤིང༌། གང་གི་ཕྱིར་བལྟ་བྱ་ལ་སོགས་པ་ལ་གཞན་དེ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པ་དེའི་ཕྱིར་ཞེས་རྟགས་བཀོད་ནས་དེ་དག་ལ་ཕྲད་པ་ངོ་བོ་ཉིད་ཀྱིས་ཡོད་པར་མི་འགྱུར་ཏེ་ཞེས་དམ་བཅའ་བརྗོད་དོ། །གཉིས་པ་ནི། གཞན་ཡང་བལྟ་བར་བྱ་བ་ལ་སོགས་པ་རྒྱུ་འབྲས་སུ་གནས་པའི་དངོས་པོ་འབའ་ཞིག་ལ་གཞན་ངོ་བོ་ཉིད་ཀྱིས་མེད་པར་མ་ཟད་ཀྱི། བུམ་སྣམ་ལ་སོགས་པའི་དངོས་པོ་གང་ཡང་ཟླ་བོ་གང་དང་ལྷན་ཅིག་ཏུ་གཞན་པ་ཉིད་དུ་ངོ་བོ་ཉིད་ཀྱིས་ཡོད་པར་མི་འཐད་དོ། །དེའི་ཕྱིར་དེ་དག་ལ་ཡང་ཕན་ཚུན་དུ་ཕྲད་པ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཞེས་དོན་གྱིས་བསྟན་ཏེ། དངོས་པོ་ཐམས་ཅད་ལ་ཕྲད་པ་ངོ་བོ་ཉིད་ཀྱིས་མེད་པར་བསྟན་པར་བཞེད་པའི་ཕྱིར་རོ། །གསུམ་པ་ལ་གཉིས། རྟགས་དགོད་པ་དང༌། དེ་ལ་སྐྱོན་སྤང་བའོ། །དང་པོ་ནི། བུམ་པ་སྣམ་བུ་ལས་གཞན་ནོ་ཞེས་བརྗོད་པའི་གཞན་དེ་ནི་གཞན་སྣམ་བུ་ལ་བརྟེན་ནས་གཞན་དུ་འཇོག་གོ །གཞན་ས་སྣམ་བུ་ལ་ལྟོས་པ་མེད་པར་གཞན་བུམ་པ་ནི། སྣམ་བུ་ལས་གཞན་དུ་མི་འགྱུར་རོ་ཞེས་གཞན་དུ་འཇོག་པ་ཐམས་ཅད་གཞན་དེ་ལ་བརྟེན་ནས་འཇོག་དགོས་པར་སྔོན་དུ་བསྒྲུབས་ནས། ཆོས་གང་ལ་བརྟེན་ཏེ་གང་ཡིན་པ་དེ་ནི་རྟེན་ས་དེ་ལས་གཞན་དུ་རང་བཞིན་གྱིས་ཡོད་བར་མི་འཐད་དོ་ཞེས་ཁྱབ་པ་སྤྱིར་བརྗོད་དོ། །དེ་ནས་བུམ་པ་སྣམ་བུ་ལས་གཞན་ཡིན་པ་ཡང་སྣམ་བུ་ལ་བརྟེན་ནས་ཡིན་པའི་ཕྱིར། སྣམ་བུ་ལས་ངོ་བོ་ཉིད་ཀྱིས་
གཞན་དུ་ཡོད་པ་མིན་ནོ་ཞེས་བྱེ་བྲག་ལ་སྦྱར་རོ། །གཉིས་པ་ལ་གཉིས། མ་ངེས་པའི་སྐྱོན་སྤང་བ། མ་གྲུབ་པའི་སྐྱོན་སྤང་བའོ། །དང་པོ་ནི། གལ་ཏེ་བུམ་པ་སྣམ་བུ་ལས་གཞན་ཡིན་པ་དེ་སྣམ་བུ་ལ་བརྟེན་པ་དང་ལྟོས་པའང་ཡིན་ལ་ངོ་བོ་ཉིད་ཀྱིས་གཞན་དུ་ཡོང་བ་ཡང་ཡིན་ན་སྐྱོན་ཅི་ཡོད་ཅེ་ན། གལ་ཏེ་གཞན་བུམ་པ་ནི་གཞན་སྣམ་བུ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་ན་ནི། དེའི་ཚེ་གཞན་སའི་སྣམ་བུ་ལ་ལྟས་པ་མེད་པར་བུམ་པ་གཅིག་པུ་ལ་ཡང༌། སྣམ་བུ་ལས་གཞན་ནོ་ཞེས་ཐ་སྙད་འདོགས་པ་ཡོད་པར་འགྱུར་ན་དེ་ནི་མ་མཐོང་ངོ་། །འདི་ནི་སྣམ་བུ་ལ་ལྟོས་མི་ལྟོས་གཉིས་དངོས་འགལ་ཡིན་ལ་བུམ་པ་སྣམ་བུ་ལས་གཞན་ཡིན་པ་དེ་སྣམ་བུ་ལ་ལྟོས་ཤིང༌། གཞན་དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་ན་རང་གི་ངོ་བོའི་དབང་གིས་རང་དབང་དུ་གྲུབ་པར་འགྱུར་བས་གཞན་ལ་རག་ལས་པ་དང་འགལ་བ་ཡིན་ནོ། །དེ་ཡང་མི་རིགས་ཏེ་གཞན་སྣམ་བུ་ལ་ལྟོས་པ་མེད་པར་ནི། བུམ་པ་སྣམ་བུ་ལས་གཞན་དུ་འགྱུར་པ་ཡོད་པ་མིན་པ། དེ་ཡི་ཕྱིར་ན་བུམ་པ་དེ་སྣམ་བུ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་མེད་དོ་ཞེས་བཟློག་པ་འཕེན་ནོ། །རིགས་པ་དེ་དག་ནི་བརྒྱ་པ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། ཞེས་གསུངས་ཏེ་བདག་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་ལ་འགྲེལ་བས་བཤད་དོ། །འདིར་འགྲེལ་པ་ལས་བུམ་པ་སྣམ་བུ་ལས་
གཞན་ཡིན་པ་དེ་སྣམ་བུ་ལ་ལྟོས་ལ་བུམ་པའི་ངོ་བོ་འགྲུབ་པ་སྣམ་བུ་ལ་མི་ལྟོས་པར་གསུངས་པ་བཞིན་ལྟོས་འགྲུབ་ཡིན་མིན་གྱི་ཁྱད་པར་རྣམས་ཕྱེད་པར་བྱའོ། །མགོ་མཇུག་ཀུན་ཏུ་འོང་བའི་རིགས་པ་ཐུན་མོང་མ་ཡིན་པ་དཀའ་གནས་ཡིན་པས་ཡང་ཡང་དྲན་པར་བྱའོ། །གལ་ཏེ་ཁྱོད་གཞན་འགའ་ཞིག་ཀྱང་མི་འདོད་ན། གཞན་ནི་གཞན་ལ་བརྟེན་ཏེ་གཞན། །ཞེས་སྨྲ་བ་ཡང་ཇི་ལྟར་རུང་ཞེ་ན། ཕན་ཚུན་ལྟོས་ནས་གྲུབ་པའི་གཞན་ཡིན་པས་འཇིག་རྟེན་པའི་ཐ་སྙད་ལ་གནས་ཏེ་གཞན་ཞེས་བརྗོད་པ་ཡིན་པའི་ཕྱིར་རོ། །བུད་དྷ་པཱ་ལ་ཏ་ལས་ཀྱང༌། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གཞན་ཡིན་ནོ་ཞེས་གསུངས་སོ། །འདིར་འགྲེལ་པ་ལས། འཇིག་རྟེན་པའི་ཀུན་རྫོབ་ཏུ་བུམ་སྣམ་གཞན་དུ་བརྗོད་ན་ས་མྱུག་ཀྱང་གཞན་དུ་ཅིའི་ཕྱིར་མི་སྨྲ་ཞེས་པའི་ལན་དུ། འཇིག་རྟེན་པས་བུམ་སྣམ་གཞན་དུ་འཛིན་པ་བཞིན་དུ་ས་མྱུག་གཞན་དུ་མི་འཛིན་པའི་ཁྱད་པར་གསུངས་པ་ནི། བློ་ལྷན་སྐྱེས་ཀྱིས་བུམ་སྣམ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སོ་སོ་བར་འཛིན་པ་བཞིན་དུ་ས་མྱུག་མི་འཛིན་ཞེས་པའི་དོན་ཡིན་གྱི། ཐ་སྙད་དུ་བུམ་སྣམ་གཞན་དུ་ཡོད་ལ་ས་མྱུག་གཞན་དུ་མེད་ཅེས་པའི་དོན་མིན་ནོ། །ཉེར་ལེན་གྱི་རྒྱུ་འབྲས་ལ་བློ་ལྷན་སྐྱེས་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སོ་སོ་བར་མི་འཛིན་པའི་རྒྱུ་མཚན་ནི་སྔར་བཤད་ཟིན་ཏོ། །བུམ་སྣམ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཡང་མེད་ཀྱང་གཞན་ཙམ་ནི་ཐ་
སྙད་དུ་ཡོད་དེ། བུམ་པ་སྣམ་བུ་ལས་གཞན་ཡིན་པ་དེ་རྟེན་འབྲེལ་དུ་གསུངས་པའི་ཕྱིར་དང་འགྲེལ་པ་གཉིས་ཀྱིས་ཀྱང་ཐ་སྙད་དུ་ཡོད་པར་གསུངས་པའི་ཕྱིར་རོ། །རྣམ་ཤེས་དྲུག་དང་མིག་གཟུགས་ལ་སོགས་བའི་ཡུལ་དང་དབང་པོ་དྲུག་རྣམས་ལ། ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་མེད་པའི་རྒྱུ་མཚན་གྱིས་ཕྲད་པ་རང་བཞིན་གྱིས་གྲུབ་པ་འགོག་པ་གཙོ་བོའི་དོན་ཡིན་ལ། དེའི་རྟགས་ནི། གལ་ཏེ་གཞན་ནི་གཞན་ལས་གཞན་ཞེས་པ་དང༌། གང་ལ་བརྟེན་ནས་གང་ཡིན་པ། ཞེས་སོགས་ཀྱིས་སྒྲུབ་པ་ཡིན་པས་རྣམ་ཤེས་དྲུག་ཡུལ་དབང་ལས་གཞན་ཡིན་པ་དེ་རྟེན་འབྱུང་དུ་བསྟན་དགོས་པས་རྒྱུ་འབྲས་རྣམས་ཀྱང་གཞན་ཙམ་ཞིག་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་དག་གཅིག་པ་དང་ཐ་དད་པ་གང་ཡང་མིན་པས་མ་གྲུབ་པར་འགྱུར་ཏེ། ཡོད་པ་ཙམ་ལ་གཅིག་དང་ཐ་དད་དངོས་འགལ་མ་ཡིན་ན་བདེན་ཡོད་ལ་ཡང་བདེན་པའི་གཅིག་དང་དུ་མ་གང་རུང་དུ་ངེས་པ་བསྒྲུབ་མི་ནུས་སོ། །འོ་ན་ཐ་སྙད་དུ་གཞན་སྐྱེ་ཡོད་པར་འགྱུར་རོ་ཞེ་ན། འདིར་འཇུག་འགྲེལ་ལས། རང་གི་ལུགས་ཀྱིས་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་གིས་མདོ་འགྲེལ་ལུགས་གསུངས་བས་ཐ་སྙད་དུ་གཞན་དབང་ཡང་འདོད་དགོས་མོད་ཀྱང༌། གཞན་སྐྱེ་དང་མི་མཚུངས་ཏེ་གཞན་སྐྱེའི་དོན་དང་ཐ་སྙད་འདོད་པ་ནི། འབྲས་བུ་རང་ངམ་གཞན་ལས་སྐྱེ་བ་གང་ཡིན་སྙམ་དུ་གྲུབ་མཐའ་སྨྲ་བས་བརྟགས་ནས་བྱེད་ལ། དེས་ཀྱང༌། འབྲས་བུ་རང་དང་ཐ་དད་ཙམ་ཞིག་ལས་སྐྱེ་མི་སྐྱེའི་དཔྱོད་པ་བྱེད་པ་མིན་གྱི། རང་གི་ངོ་བོ་ཉིད་ཀྱིས་ཐ་དད་པ་ཡིན་མིན་དཔྱད་ནས་རང་གི་མཚན་ཉིད་ཀྱིས་ཐ་དད་པའི་སྐྱེ་བ་ལ་གཞན་སྐྱེའི་ཐ་སྙད་བྱེད་པའི་ཕྱིར་དང༌། གཞན་དབང་གི་ཐ་སྙད་ནི་འབྲས་
བུ་རང་དབང་དུ་འབྱུང་ངམ་སྙམ་པ་བཟློག་པའི་ཕྱིར་རྒྱུ་རྐྱེན་གྱི་དབང་དུ་གྱུར་བ་ཙམ་ལ་མཛད་པའི་ཕྱིར་དང༌། གཞན་ཙམ་ལ་རང་བཞིན་གྱིས་གྲུབ་པའི་གཞན་གྱིས་མ་ཁྱབ་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དངོས་པོ་གཞན་དངོས་པོ་གཞན་ལ་ལྷས་ནས་གཞན་གྱི་བློ་འབྱུང་ན་ནི་དེ་དེ་ལས་རང་བཞིན་གྱིས་གཞན་དུ་མེད་པ་ཡིན་ནའང༌། དེ་སྐད་དུ་མི་སྨྲ་སྟེ་གཞན་ཉིད་ཅེས་པ་སྤྱི་ཡང་ཡིན་ལ་ཁྱད་པར་ཡང་ཡིན་པ་ཞིག་ཡོད་ལ་དེ་གང་ལ་འདུ་བ་ཡོད་པའི་དངོས་པོ་དེ་ནི། དངོས་པོ་གཞན་ལ་ལྟོས་པ་མེད་ཀྱང་གཞན་ཞེས་བརྗོད་པར་བྱ་སྟེ་དེའི་ཕྱིར་ཁོ་བོ་ཅག་ལ་ཇི་སྐད་སྨྲས་པའི་ཉེས་པ་མེད་དོ་ཞེས་གཟེགས་ཟན་པ་དག་ཟེར་རོ། །འདིར་གཞན་ཉིད་ཅེས་པའི་སྤྱི་དེ་གསལ་བ་གཞན་དུ་གྲུབ་པ་ལ་དོན་དུ་གཞན་དུ་ཡོད་ས་མ་ཡིན་ཏེ། དེ་ལ་གཞན་ཉིད་དོན་གཞན་བརྟགས་པ་དགོས་པ་མེད་པའི་ཕྱིར་ཏེ། དེ་བརྟགས་པ་ནི་གཞན་དུ་གྲུབ་པར་བྱ་བའི་ཕྱིར་ཡིན་ན་གཞན་དུ་གྲུབ་ཟིན་པའི་ཕྱིར་རོ། །དེར་མ་ཟད་གཞན་མ་ཡིན་པ་གཅིག་ལའང་གཞན་ཉིད་ཀྱི་སྤྱི་དོན་གཞན་ཡོད་པ་མ་ཡིན་ཏེ། དེ་ལ་ནི་ཁྱེད་ལྟར་ན་གཞན་ཉིད་དོན་གཞན་ཡོད་པ་དང་འགལ་བ་གཅིག་ཉིད་ཡོད་པའི་ཕྱིར་རོ། །གཅིག་དང་གཞན་གཉིས་གང་ཡང་མིན་པའི་ཕུང་གསུམ་ཡང་མེད་པས་གཞན་ཉིད་ཅེས་བའི་སྤྱི་དེ་ནི་གང་ལ་ཡང་དོན་གཞན་དུ་མེད་དོ། །གལ་ཏེ་གཞན་ཉིད་ཅེས་བའི་སྤྱི་བཀག་མེད་ཀྱང་གཞན་ནི་རེ་ཞིག་ཡོད་ལ་གཞན་ཉིད་མེད་བར་ནི་གཞན་མེད་བས་གཞན་ཉིད་ཅེས་པའི་སྤྱི་ཡང་ཡོད་དོ་ཞེ་ན། གཞན་ཉིད་ཅེས་པའི་
སྤྱི་སྔར་བཤད་པ་ལྟར་ཡོད་པ་མ་ཡིན་ན་གཞན་ནམ་དེ་ཉིད་དེ་གཅིག་པ་ངོ་བོ་ཉིད་ཀྱིས་ཡོད་བ་མ་ཡིན་ནོ། །བུད་དྷ་པཱ་ལི་ཏ་ལས་ཚིགས་བཅད་དེ་ལ་བཤད་པ་མི་འདྲ་བ་གཉིས་མཛད་དེ་སྔ་མ་དང་མི་འདྲའོ། །གཉིས་པ་ནི། གལ་ཏེ་ལྟ་བ་ལ་སོགས་པ་ལ་གཞན་མེད་དོ་ཞེས་བསྟན་ཟིན་མོད་ཀྱང་རེག་པ་ནི་གསུམ་འདུས་པའོ་ཞེས་གསུངས་པས། ཕྲད་པ་རང་བཞིན་གྱིས་ཡོད་ལ་དེའི་ཕྱིར་ལྟ་བ་ལ་སོགས་པ་རང་བཞིན་གྱིས་ཡོད་དོ་ཞེ་ན། འདིར་ལྟ་བ་ལ་སོགས་པ་ལ་ཕྲད་པ་རང་བཞིན་གྱིས་ཡོད་ན་ལྟ་བ་ལ་སོགས་པ་དེ་དག་ངོ་བོ་ཉིད་ཀྱིས་གཅིག་པ་དང་ཐ་དད་པ་གང་ཡིན། དང་པོ་ལྟར་ན་ཆོས་དེ་ནི་དེ་ཉིད་དང་ཕྲད་པ་མེད་དེ་ཆུ་ལ་མ་ལྟོས་པའི་འོ་མ་གཅིག་པུ་ལ་ཆུ་དང་ཕྲད་ཙས་མི་བརྗོད་པ་བཞིན་ནོ། །ངོ་བོ་ཉིད་ཀྱིས་ཐ་དད་པའི་གཞན་དང་གཞན་ཡང་ཕྲད་བར་མི་འགྱུར་ཏེ། ཆུ་དང་སོ་སོར་གནས་པའི་འོ་མ་ལ་ཆུ་དང་ཕྲད་པ་མི་སྨྲ་བ་བཞིན་ནོ། །གཉིས་པ་ནི། གལ་ཏེ་གཉིས་གཅིག་ཏུ་འདྲེས་པའི་ཚེ་གཅིག་ཡིན་པས་མི་ཕྲད་ལ་སོ་སོར་གནས་པའི་ཚེ་ཡང་མི་ཕྲད་པས། ཕྲད་པ་བཀག་མོད་ཀྱང་གཞན་དུ་གྱུར་པ་ཕྲད་བཞིན་པ་དེ་ཡོད་པས་ཕྲད་པའང་ཡོད་དོ་ཞེ་ན། ཕྲད་བཞིན་པའང་ངོ་བོ་ཉིད་ཀྱིས་གཅིག་ཏུ་གྲུབ་ན་ནི་དེ་ཉིད་དེ་དང་མི་ཕྲད་ལ་ངོ་བོ་ཉིད་ཀྱིས་གཞན་ཡིན་ནའང་ཕྲད་པར་མི་འཐད་དེ་མ་ཕྲད་པར་མཚུངས་པ་ཐམས་ཅད་ཕྲད་པར་འགྱུར་བས་སོ། །གལ་ཏེ་ཕྱེད་ཕྲད་པ་ལ་འདོད་ན་ནི་ཕྱོགས་གཅིག་ཕྲད་པས་བདག་ཉིད་ཐམས་ཅད་ཀྱིས་ཕྲད་པར་རྟོག་
ན་གཅིག་པ་དང་ཆ་གཉིས་འདོད་ན་ཐ་དད་པ་ལ་སྐྱོན་བརྗོད་པས་བཀག་གོ །དེས་ན་ཕྲད་བའི་བྱ་བའི་སྒྲུབ་བྱེད་ལས་སུ་གྱུར་པ། ཕྲད་བཞིན་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཕྲད་བཞིན་པ་མེད་ཀྱང་བླའི་ཕྲད་པ་ཡོད་དོ་ཞེ་ན། ཕྲད་བཞིན་པ་མེད་ན་ཕྲད་པར་རྩོམ་པ་མེད་པ་དེ་ལ་བྱ་བ་རྫོགས་པ་ཅན་གྱི་ཕྲད་པ་ཡང་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཕྲད་པ་རྫོགས་པ་མེད་ཀྱང་བླའི་གཅིག་པ་ཉིད་ཀྱི་སྔ་རོལ་ན་གཞན་དུ་འགྱུར་བའི་ཕྲད་རྒྱུའི་དངོས་པོ་ཕྲད་པ་པོ་ཡོད་དོ་ཞེ་ན། དེ་མེད་ན་ཕྲད་པར་བྱེད་པ་མེད་པར་ཕྲད་པའི་བྱེད་པ་པོ་བྱ་བ་རྫོགས་པར་བྱ་བ་ལ་རང་དབང་དུ་གནས་པ་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། དེ་ལྟར་མིག་དང་གཟུགས་ལ་སོགས་པའི་དབང་པོ་དང་ཡུལ་དང་རྣམ་ཤེས་ལ་སོགས་པ་ལ་ཕྲད་པ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་པར་བསྟན་པ་དེ་ཉིད་ཟབ་མོའི་ལུང་གིས་ཀྱང་འགྲུབ་པ་དང༌། ཆེས་རྣམས་ལ་ལྡན་པ་དང་ཕྲད་པ་བཀག་པའི་གསུང་རབ་ཐམས་ཅད་རབ་ཏུ་བྱེད་པ་འདིས་བཤད་པར་བྱ་བའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་མཚོན་བྱེད་ཙམ་ནི་ཉེ་བར་འཁོར་གྱིས་ཞུས་པ་ལས། མིག་ནི་ཐམས་ཅད་ལྡན་ན་མཐོང་འགྱུར་ཏེ། ཞེས་པ་ནས་དེ་ཕྱིར་མིག་གིས་ནམ་ཡང་མཐོང་བ་མེད། །ཅེས་པའི་མཇུག་ཏུ། གང་དག་རང་བཞིན་མེད་ཆོས་འདི་ཤེས་པ། །དཔའ་བོ་དེ་དག་འཇིག་རྟེན་མྱ་ངན་འདའ། །འདོད་པའི་ཡོན་ཏན་སྤྱད་ཀྱང་ཆགས་མེད་ཅིང༌། །ཆགས་པ་རྣམ་སྤངས་སེམས་ཅན་འདུལ་བར་བྱེད། །འདི་ན་སེམས་ཅན་འགའ་མེད་སྲོག་མེད་ཀྱང༌། །མི་དབང་རྣམས་
ནི་སེམས་ཅན་ཕན་པ་མཛད། །སེམས་ཅན་ཡོད་པ་མིན་ཡང་དོན་མཛད་པ། །དེ་དག་རྣམས་ཀྱི་དེ་ནི་དཀའ་བ་ཆེ། །ཞེས་བྱ་བ་ནས། དེ་ལ་ནམ་ཡང་ཆགས་པ་ཡོད་མ་ཡིན། །གང་དག་ཆོས་ཉིད་འདི་ལ་མོས་གྱུར་པ། །དེ་དག་ཡིད་ནི་སྲིད་ལ་ཆགས་མི་འགྱུར། །ཞེས་སོགས་གསུངས་ཏེ། མིག་ལ་སོགས་པ་ལ་ལྡན་པ་དང་ཕྲད་པ་མེད་པ་དང་ཆགས་པ་ལ་སོགས་པ་མེད་པར་བསྟན་པ་དང་དེ་ལྟར་རྟོགས་པའི་ཕན་ཡོན་སྟོན་པའོ། །གསུམ་པ་ནི། ཆོས་རྣམས་ཕྲད་པ་དང་ལྡན་པ་དང་འདུས་པ་དང་ཚོགས་པ་ནི་རང་གི་ངོ་བོའི་དབང་གིས་ཡོད་པ་ལ་དེ་དག་གང་ཡང་གཞག་ཏུ་མེད་པས། དེ་དག་རང་བཞིན་མེད་པ་ལ་རྣམ་གཞག་དེ་དག་ཐམས་ཅད་ཤིན་ཏུ་འཐད་པའི་བདེན་པ་གཉིས་ཀྱི་ཚུལ་ལ་ངེས་པ་བརྟན་པར་བྱའོ། །ཕྲད་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བརྒྱད་ཀྱི་བདག་ཉིད་རབ་ཏུ་བྱེད་པ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།གཉིས་པ་རྒྱུ་རྐྱེན་ཉེ་བར་ལེན་པ་རང་བཞིན་གྱིས་ཡོད་པ་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་བའོ། །དང་པོ་ནི། འདིར་སྨྲས་པ་དངོས་པོ་རྣམས་ནི་རང་བཞིན་གྱིས་ཡོད་དེ་མྱུ་གུ་དང་འདུ་བྱེད་ལ་སོགས་པ་རྣམས་སྐྱེད་པར་བྱེད་པའི་རྒྱུ་དང་རྐྱེན་ས་བོན་དང་མ་རིག་པ་ལ་སོགས་པ་ཉེ་བར་ལེན་པ་ཡོད་པའི་ཕྱིར་རོ། །དེ་ནི་ཚིག་གསལ་གྱི་མཚམས་སྦྱོར་ཚུལ་ཡིན་ལ་བུད་དྷ་པཱ་ལི་ཏ་ལས་ནི་སྨྲས་
པ། ཁྱོད་དངོས་པོ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བར་ཡང་འདོད་ལ་ངོ་བོ་ཉིད་མེད་པར་ཡང་སྨྲ་ན་ཇི་ལྟར་ན་དངོས་པོ་བྱུང་བ་ཡང་ཡིན་ལ་ངོ་བོ་ཉིད་མེད་པ་ཡང་ཡིན་པར་འགྱུར། གལ་ཏེ་རྒྱུ་རྐྱེན་ལས་དངོས་པོའི་ངོ་བོ་ཉིད་མི་འབྱུང་ན་དེ་ལས་གཞན་ཅི་ཞིག་འབྱུང་སྟེ། རྒྱུ་སྤུན་ལས་སྣམ་བུའི་ངོ་བོ་ཉིད་ཁ་ན་མི་འབྱུང་ན་ཅི་རྒྱུ་སྤུན་གྱི་ངོ་བོ་ཉིད་ཁོ་ན་འབྱུང་ངམ་ཅི་སྟེ་ཅི་ཡང་མི་འབྱུང་ན་ནི་འབྱུང་ཞེས་ཀྱང་ཇི་སྐད་བརྗོད།ཅི་ཁྱོད་རྟ་ལ་ཞོན་བཞིན་དུ་རྟ་མ་མཐོང་ངམ་ཁྱོད་དངོས་པོ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་ཀྱང་སྨྲ་ལ་དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཀྱང་མ་མཐོང་ཞེས་གསུངས་ཏེ། དངོས་པོ་རྣམས་ལ་ངོ་བོ་ཉིད་ཀྱིས་གྲུབ་པའི་ངོ་བོ་ཉིད་ཅུང་ཟད་ཀྱང་མི་རུང་བ་དང༌། འོན་ཀྱང་རྒྱུ་རྐྱེན་ལ་བརྟེན་ནས་དངོས་པོ་འབྱུང་བར་འདོད་པ་གཉིས་འགལ་བར་འཛིན་པ་མི་འགལ་བར་རབ་བྱེད་འདིས་འཆད་པར་མཚམས་སྦྱོར་ཏེ། དེ་གཉིས་འདྲེས་པ་འབྱེད་པ་འདི་ཉིད་རིགས་པ་རྣམས་ཀྱི་གནད་ཆེ་ཤོས་སོ། །དེ་ལྟར་རང་བཞིན་གྱིས་གྲུབ་པར་སྨྲ་བ་དགག་པ་ལ་གཉིས། དངོས་པོ་རྣམས་རང་བཞིན་གྱིས་ཡོད་པ་དགག །རང་བཞིན་གྱིས་ཡོད་པར་སྨྲ་ན་མཐར་འཛིན་ལས་མི་འདའ་བར་བསྟན་པའོ། །དང་པོ་ལ་གཉིས། རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག །རང་བཞིན་གྱིས་ཡོད་པ་ལ་གནོད་བྱེད་བསྟན་པའོ། །དང་པོ་ལ་གསུམ། དངོས་ཀྱི་དོན་དང༌། དེས་མཐའ་གཞན་གསུམ་ཁེགས་པར་བསྟན། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་ལ་གཉིས། རང་བཞིན་ལ་རྒྱུ་
རྐྱེན་མི་དགོས་ཤིང་འགལ་བར་བསྟན་པ། རང་ལུགས་ཀྱི་རང་བཞིན་གྱི་མཚན་ཉིད་བསྟན་པའོ། །དང་པོ་ནི། གལ་ཏེ་འདུ་བྱེད་དང་མྱུ་གུ་ལ་སོགས་པ་ལ་རང་བཞིན་ཡོད་ན་ནི་མ་རིག་པ་དང་ས་བོན་ལ་སོགས་པའི་རྒྱུ་དང་རྐྱེན་ལས་ནི་འབྱུང་བར་རིགས་པ་མ་ཡིན་ཏེ། རང་བཞིན་དུ་ཡོད་པ་ལ་སྐྱེད་བྱེད་དགོས་པ་མེད་བའི་ཕྱིར་རོ། །ཅི་སྟེ་སྐྱེས་པའི་སྔ་རོལ་དུ་ཡོད་ན་སྐྱེ་བ་དོན་མེད་དུ་འགྱུར་ཡང་སྔ་རོལ་དུ་ཡོད་པ་མིན་པའི་རང་བཞིན་ཁོ་ན་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ངོ་སྙམ་ན། དེ་ལྟ་ན་རྒྱུ་དང་རྐྱེན་ལས་བྱུང་བ་ཡི་ཕྱིར་འབྲས་བུའི་རང་བཞིན་དེ་བྱས་པ་ཅན་དུ་འགྱུར་རོ། །ཅི་སྟེ་བྱས་པར་ཐལ་བ་ནི་འདོད་པ་ཁོ་ན་ཡིན་ནོ་སྙམ་ན། བྱས་པ་ཡང་ཡིན་ལ་རང་བཞིན་ཡང་ཡིན་ནོ་ཞེས་ཇི་ལྟ་བུར་ན་སྨྲ་བར་རུང་བར་འགྱུར་ཏེ་མི་འགྱུར་ཏེ་ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ལ་བཅོས་མ་བཅོས་གཉིས་ནི་དངོས་འགལ་ཡིན་པས་གཞི་གཅིག་ལ་གཅིག་རྣམ་པར་བཅད་ན་ཅིག་ཤོས་ཡོངས་སུ་གཅོད་དགོས་སོ། །བྱས་པ་ལ་ནི་བཅོས་མས་ཁྱབ་ལ་རང་བཞིན་ཏེ་གཤིས་ལ་ནི་མ་བཅོས་པས་ཁྱབ་པས་བྱས་པ་ཡིན་པ་དང་གཤིས་ཡིན་པ་གཉིས་གཞི་གཅིག་ལ་འདུར་མི་རུང་ངོ་། །འཇིག་རྟེན་ནའང་ཆུའི་ཚ་བ་དང་ཀེ་ཀེ་རུ་ལ་སོགས་པ་ནོར་སྒྱུར་མཁན་གྱིས་བཅོས་མའི་པདྨ་རཱ་ག་ལ་སོགས་པར་བསྒྱུར་བ་ལ་དེ་དག་གི་རང་བཞིན་དུ་མི་བརྗོད་པ་བཞིན་ནོ། །འོ་ན་འཇིག་རྟེན་ན་མེའི་ཚ་བ་དང་པདྨ་རཱ་ག་ལ་སོགས་པ་རིགས་མའི་ངོ་བོ་ནི་དེ་
དག་གི་རང་བཞིན་དུ་བརྗོད་པས་བྱས་པ་གང་ཡིན་གཤིས་མིན་པར་ཇི་ལྟར་རིགས་སྙམ་ན། འཇིག་རྟེན་ན་བཅོས་མ་ལ་རང་བཞིན་ནམ་གཤིས་ཀྱི་ཐ་སྙད་མི་བྱེད་པ་ནི་འདིར་ཡང་ཁས་ལེན་ལ། དེ་ལྟ་ན་མེའི་ཚ་བ་མེའི་རང་བཞིན་ནམ་གཤིས་སུ་འཇིག་རྟེན་ན་གྲགས་མོད་ཀྱང་དེ་ཡང་མེའི་གཤིས་མ་ཡིན་ཏེ། གཤིས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར་རོ་ཞེས་སྨྲ་བ་ཡིན་ཏེ། མེ་ནི་མེ་ཤེལ་ལ་སོགས་པའི་རྒྱུ་རྐྱེན་ལ་ལྟོས་པར་དམིགས་ལ་དེའི་ཚ་བ་ཡང་དེ་དང་འདྲ་བས། བྱས་པའི་ཕྱིར་ཆུའི་ཚ་བ་བཞིན་དུ་རང་བཞིན་མ་ཡིན་ནོ་ཞེས་གསལ་བར་ངེས་སོ། །འདིར་ཆུའི་ཚ་བ་དང་མེའི་ཚ་བ་གཉིས་རྒྱུ་རྐྱེན་གྱིས་བྱས་པར་མཚུངས་ཀྱང་བཅོས་མ་ཡིན་མིན་མི་མཚུངས་པས་རང་བཞིན་ཡིན་མིན་ཀྱང་མི་མཚུངས་སོ་སྙམ་དུ་འཇིག་རྟེན་པ་ལ་གྲགས་མོད་ཀྱང༌། དངོས་པོར་སྨྲ་བ་རྣམས་ནི་ཆུ་ཚ་བར་སྐྱེས་པ་དང་མེ་ཚ་བར་སྐྱེས་པ་ལ་རང་བཞིན་གྱིས་སྐྱེས་མ་སྐྱེས་ཀྱི་ཁྱད་པར་མི་འདོད་པས། འཇིག་རྟེན་ན་བཅོས་མར་འཇོག་ན་རང་བཞིན་དུ་ཐ་སྙད་མི་བྱེད་པའི་ཚུལ་དེ་ཁས་མི་ལེན་ཞིང་རང་ལུགས་ལ་དེ་ལྟར་ཁས་ལེན་ནོ། །བྱིས་པ་རྣམས་དངོས་པོ་རང་བཞིན་མེད་པ་ལ་རང་བཞིན་ཡོད་པར་ཞེན་ནས་དེ་ཆོས་དེ་ཁོ་ན་ལ་མཐོང་ཞིང་ཆོས་གཞན་ལ་མ་མཐོང་བ་ན། མེའི་རང་གི་མཚན་ཉིད་ནི་ཚ་བའོ་ཞེས་ཞེན་པ་ཇི་ལྟ་བ་བཞིན་དུ་མཚན་ཉིད་སྨྲ་སྟེ། བདག་ཉིད་ཀྱི་མཚན་ཉིད་ནི་རང་གི་མཚན་ཉིད་དོ་ཞེས་བྱས་པའི་ཕྱིར་རོ། །དེ་དག་ལ་གྲགས་པའི་སྒོ་ནས་སྟོན་པས་ཀྱང་ཆོས་མངོན་པར་དེ་
དག་གི་རང་གི་ངོ་བོ་ཀུན་རྫོབ་པ་རྣམ་པར་བཞག་ལ། མི་རྟག་པ་ལ་སོགས་པ་ཆོས་གཞན་དང་ཐུན་མོང་བ་ནི་སྤྱིའི་མཚན་ཉིད་དོ་ཞེས་བཤད་དོ། །དེ་ལ་ཚ་བ་མེ་དང་མི་རྟག་པ་འདུས་བྱས་ཀྱི་གཤིས་ཡིན་པ་ཐ་སྙད་དུ་ཡང་མེད་ཀྱང་ཐུན་མོང་ཡིན་མིན་གྱི་མཚན་ཉིད་ལས། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་དུ་མངོན་པ་ལས་གསུངས་པ་ལྟར་ཐ་སྙད་དུ་ཡོད་པ་རང་ལུགས་སོ། །དེའི་ཕྱིར་རང་གི་མཚན་ཉིད་ཀྱིས་སམ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་དང་ཐུན་མོང་མ་ཡིན་པའི་རང་གི་མཚན་ཉིད་གཉིས་ཁྱད་པར་ཤིན་ཏུ་ཆེའོ། །འགྲེལ་པ་ལས། དེ་རྣམས་ལ་གྲགས་པ་ཉིད་ཀྱི་སྒོ་ནས་ཆོས་མངོན་པར་རང་སྤྱིའི་མཚན་ཉིད་བཤད་པར་གསུངས་པ་ནི། བྱིས་པ་རྣམས་ནི་ཆོས་གང་དང་གང་གི་མཚན་ཉིད་ཡིན་པ་དེ་དང་དེ་ནི་དེ་དག་གི་གཤིས་སུ་འཛིན་པས་དེ་མ་བཀག་པར་དེ་དག་ལ་མཚན་ཉིད་གཉིས་བཤད་པ་ལ་བྱའི། མེའི་ཚ་བ་ལ་སོགས་པ་གཤིས་ཡིན་པར་འཛིན་པ་བཞིན་དུ་མངོན་པ་ལས་ཀྱང་དེ་དག་གི་གཤིས་ལ་མཚན་ཉིད་གཉིས་སུ་བཞག་ཅེས་པ་མིན་ཏེ། འཇུག་པ་ལས། དེ་དག་ཤེས་རབ་ཚུལ་འདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། ཞེས་གསུངས་ཤིང་འགྲེལ་པར་ཡང་མངོན་པ་ལས་རང་སྤྱིའི་མཚན་ཉིད་ལ་སོགས་པའི་རབ་དབྱེའི་སྒོ་ནས་ཕུང་པོ་ལྔ་ཆར་མཚུངས་པར་བསྟན་ཞིང༌། ཡུམ་གྱི་མདོ་ལས་ལྔ་ཆར་རང་བཞིན་གྱིས་
སྟོང་པ་ཉིད་དུ་གསུངས་པས་དོན་དམ་པར་མེད་མཉམ་དང་ཐ་སྙད་དུ་ཡོད་མཉམ་དུ་གསུངས་པའི་ཕྱིར་དང༌། མེའི་ཚ་བ་མེའི་གཤིས་ཡིན་པ་ཐ་སྙད་དུ་ཡང་མི་འདོད་པའི་ཕྱིར་རོ། །དེས་ན་མེའི་ཚ་བ་ལྟ་བུ་དེ་རང་ཁས་མི་ལེན་པས་གཞན་གྲགས་ཟེར་བ་མིན་གྱི། མེའི་ཚ་བ་དང་མེའི་རང་བཞིན་གཉིས་སོ་སོར་མི་ཕྱེད་པར་གཅིག་ཏུ་བཟུང་བ་དེ་ཉིད་རང་ལ་མ་གྲུབ་པས་གཞན་ལ་གྲགས་པ་ཙམ་དུ་འཇོག་གོ །གཉིས་པ་ནི། གལ་ཏེ་བྱས་པ་ཡིན་པས་རང་བཞིན་མིན་ནོ་ཞེས་སྨྲ་ན་རང་བཞིན་གྱི་མཚན་ཉིད་ནི་གང་རང་བཞིན་དེ་ཡང་གང་ཞེ་ན། འདི་ན་རང་གི་ངོ་བོ་ནི་རང་བཞིན་ནོ་ཞེས་ཐ་སྙད་བྱེད་པས་གང་ཞིག་དངོས་པོ་གང་གི་བདག་གི་བ་ཡིན་པ་དེ་ནི་དེའི་རང་བཞིན་ནོ་ཞེས་བརྗོད་དོ། །གང་ཞིག་གང་གི་བདག་གི་བ་ཡིན་ཞེ་ན་ཆོས་ཅན་གང་གི་ཆོས་གང་མ་བཅོས་པ་དེ་ནི་དེའི་འོ། །གང་ཞིག་བཅོས་མ་ཡིན་པ་དེ་ནི་དེའི་བདག་གི་བ་མ་ཡིན་ཏེ་དཔེར་ན་ཆུའི་ཚ་བ་ལྟ་བུའོ། །གང་ཞིག་གཞན་ལ་རག་མ་ལས་པ་དེ་ཡང་དེའི་བདག་གི་བ་ཡིན་ཏེ། དཔེར་ན་རང་གི་ཁོལ་པོ་དང་རང་གི་ནོར་དག་བཞིན་ནོ། །གང་ཞིག་གཞན་ལ་རག་ལས་པ་དེ་ནི་དེའི་བདག་གི་བ་མ་ཡིན་ཏེ། དཔེར་ན་རེ་ཞིག་བརྙན་པོ་རང་དབང་མེད་པ་ལྟ་བུའོ། །དེ་ལྟར་གསུངས་པས་ནི་བཅོས་མ་དང་ཆོས་དེ་ལས་གཞན་པ་ལ་རག་ལས་པ་ཐམས་ཅད་ཆོས་དེའི་བདག་གི་བ་མིན་པར་སྟོན་པ་མིན་གྱི། ཆོས་དེའི་རང་བཞིན་ནམ་གཤིས་སུ་འཇོག་པའི་བདག་གི་བ་དེ་ལ་དེའི་བཅོས་མ་མིན་པ་དང་དེ་ལས་
གཞན་ལ་རག་ལས་པའི་གཡར་པོ་ལྟ་བུ་མིན་པ་ཞིག་དགོས་པར་སྟོན་ནོ། །དེའི་ཕྱིར་མེའི་གཉུག་མའི་ངོ་བོ་བཅོས་མ་མིན་པ་སྔར་མེད་གསར་དུ་སྐྱེས་པ་མིན་པ་དང་དུས་གསུམ་དུ་ཡང་མེ་ལ་མི་འཁྲུལ་བ། ཆུའི་ཚ་བའམ་ཚུ་རོལ་དང་ཕ་རོལ་ལམ་རིང་ཐུང་ལྟར་རྒྱུ་རྐྱེན་གཞན་ལ་ལྟོས་པ་མེད་པ་དེ་ནི་མེའི་རང་བཞིན་དག་ནི་ཡིན་པར་བརྗོད་དོ། །ཅི་མེའི་རང་གི་ངོ་བོ་དེ་ལྟ་བུར་གྱུར་པ་ཡོད་དམ་ཞེ་ན། དེ་ནི་རང་གི་ངོ་བོས་ཡོད་པ་ཡང་མིན་ལ་མེད་པ་ཡང་མིན་ཞེས་གསུངས་ཏེ་ཡོད་མོད་ཀྱི་རང་གི་ངོ་བོས་ཡོད་པ་མིན་ཞེས་པའི་དོན་ཡིན་ཏེ་འཇུག་འགྲེལ་ལས། དེ་ལ་དོན་དམ་པ་ནི་ཡང་དག་པ་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱི་ཡུལ་ཉིད་ཀྱིས་བདག་གི་རང་གི་ངོ་བོ་རྙེད་པ་ཡིན་གྱི་རང་གི་བདག་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ཏེ་ཞེས་གསུངས་པ་ལྟར་རོ། །རང་གི་ངོ་བོས་མེད་པ་དེ་ལྟ་ཡིན་མོད་ཀྱང་ཉན་པ་པོ་རྣམས་ཀྱི་སྐྲག་པ་སྤང་བའི་ཕྱིར་སྒྲོ་བཏགས་ནས་ཀུན་རྫོབ་ཏུ་དེ་ཡོད་དོ་ཞེས་བྱ་བར་སྨྲའོ། །འདིར་དགོས་པ་དེའི་ཕྱིར་ཡོད་པར་གསུངས་པས་དོན་དམ་བདེན་པ་ཤེས་བྱ་མིན་ནོ་ཞེས་སྨྲ་བ་ནི་མི་རིགས་ཏེ་ཆོས་ཡང་དག་པར་སྡུད་པ་ལས། འཇིག་རྟེན་གྱི་སྐྲག་པའི་གནས་ཡོངས་སུ་སྤང་བའི་ཕྱིར་ཐ་སྙད་ཀྱི་དབང་གིས་སྐྱེའོ་འགག་གོ་ཞེས་གསུངས་ཀྱི། ཞེས་གསུངས་པས་སྐྱེ་འགག་ཀྱང་ཤས་བྱ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །སྒྲོ་བཏགས་ནས་ཞེས་གསུངས་པས་དོན་དམ་བདེན་པ་ཤེས་བྱ་མིན་
ནོ་ཞེས་པ་ཡང་མི་རིགས་ཏེ། སྒྲོ་བཏགས་ནས་ཡོད་པར་གསུངས་པའི་ཤེས་བྱེད་དུ། ཡི་གེ་མེད་པའི་ཆོས་ལ་ནི། །ཉན་པ་གང་ཡིན་སྟོན་པ་གང༌། །སྒྲོ་བཏགས་པ་ལ་ཡི་གེ་མེད། །དེ་ནི་ཉན་ཞིང་སྟོན་པའང་ཡིན། །ཞེས་ཏིང་འཛིན་རྒྱལ་པོ་དྲངས་པ་ལས་ཉན་མཁན་དང་བཤད་མཁན་དང་བཤད་བྱའི་ཆོས་རྣམས་ཀྱང་སྒྲོ་བཏགས་ནས་བྱེད་པར་གསུངས་པས་དེ་རྣམས་ཀྱང་ཤེས་བྱ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །དེས་ན་བློས་བཏགས་ནས་སྟོན་པ་ལ་ཡང་སྒྲོ་བཏགས་ནས་ཞེས་གསུངས་པ་མང་པོ་ཡོད་པས་བདག་གཉིས་སྒྲོ་བཏགས་པ་འདྲ་བ་ཡིན་མི་དགོས་སོ། །གལ་ཏེ་སྒྲོ་བཏགས་པ་ལས་དེ་ཡོད་དོ་ཞེས་བརྗོད་ན་དེ་ཇི་འདྲ་བ་ཞིག་ཡིན་ཞེ་ན། དེའི་རང་གི་ངོ་བོ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་པ་དེ་ཡིན་ནོ་ཞེས་སོགས་ནི་སྔར་གྱི་དྲི་བ་གཉིས་པའི་ལན་ནོ། །དེ་ནི་ཆོས་རྣམས་ཀྱི་ངོ་བོ་དང་ངོ་བོ་ནི་རང་བཞིན་དང་རང་བཞིན་ནི་སྟོང་ཉིད་དང་སྟོང་ཉིད་ནི་རང་བཞིན་མེད་པ་དང་དེ་ནི་དེ་བཞིན་ཉིད་དང་དེ་ཡང་དེ་བཞིན་ཉིད་ཀྱི་ངོ་བོར་འགྱུར་བ་མེད་པ་དང་རྟག་ཏུ་གནས་པའོ། །མ་རིག་པའི་རབ་རིབ་ཀྱི་མཐུས་དམིགས་པ་འདི་རྣམས་དེ་ཁོ་ན་ཉིད་དུ་ཡོད་ན་འཕགས་པའི་མཉམ་གཞག་ཟག་པ་མེད་པའི་ཡེ་ཤེས་ཀྱིས་དམིགས་དགོས་པ་ལས། དེ་རྣམས་ཅི་ཡང་མ་གཟིགས་པའི་ཚུལ་གྱིས་དེ་དག་གི་དེ་ཁོ་ན་ཉིད་དེ་ཡེ་ཤེས་དེའི་ཡུལ་དུ་འགྱུར་ཏེ། ཡེ་ཤེས་དེས་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་དང་དངོས་
པོ་རྣམས་དེ་ཁོ་ན་ཉིད་དུ་མ་གྲུབ་པ་དེ་ཉིད་དེ་དག་གི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར་དང༌། དགག་བྱ་ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པ་ཉིད་ཀྱིས་དགག་བྱ་བཀག་པ་རྟོགས་པར་འཇོག་པའི་ཕྱིར་རོ། །མཐོང་བ་མེད་པ་ནི་མཐོང་བ་དམ་པའོ་ཞེས་གསུངས་པའི་དོན་ཡང་ཅི་ཡང་མི་མཐོང་བ་མཐོང་བར་མི་བཞེད་ཀྱི། སྔར་བཤད་པ་ལྟར་སྤྲོས་པ་མ་མཐོང་བ་ནི་སྤྲོས་བྲལ་མཐོང་བར་འཇོག་པས་མཐོང་མ་མཐོང་གཞི་གཅིག་ལ་བྱེད་པ་མིན་ནོ། །དེ་ལྟར་ཡང་སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང༌། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང༌། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་སྟེ་དེས་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་པ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། ཞེས་མི་མཐོང་བ་ཕུང་པོ་ལྔ་དང་མཐོང་བ་ནི་ཆོས་ཞེས་གསུངས་ལ་དེ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏེ་སུས་རྟེན་འབྲེལ་མཐོང་བ་དེས་ཆོས་མཐོང་ངོ་ཞེས་གསུངས་པ་བཞིན་ནོ། །དེ་ཡང་དཔེར་ན་ནམ་མཁའ་ནི་ཐོགས་པའི་རེག་བྱ་བཅད་ཙམ་ཡིན་ལ་དེ་མཐོང་ངམ་རྟོགས་པ་ནི་དགག་བྱ་སྒྲིབ་ཐོགས་ཡོད་ན་དམིགས་སུ་རུང་བ་ལས་མ་མཐོང་བ་ལ་བྱེད་པ་དང་འདྲ་སྟེ་དེར་ཡང་མཐོང་བ་ནི་
ནམ་མཁའ་དང་མ་མཐོང་བ་ནི་སྒྲིབ་ཐོགས་སོ། །དཔེ་དེ་བཞིན་དུ་མཐོང་བ་མིན་པར་སྔོན་པོ་མཐོང་བ་བཞིན་དུ་དེ་ཁོ་ན་ཉིད་མཐོང་བ་ནི་རྐང་པ་ཐ་མས་བཀག་གོ །ཕུང་པོ་ལྔ་མི་མཐོང་བར་གསུངས་པས་ནི་ཟག་མེད་ཀྱི་མཉམ་གཞག་གིས་ཆོས་ཅན་མཐོང་བ་མིན་པར་བསྟན་ཏོ། །དེ་ལྟར་ན་དེ་ཁོ་ན་ཉིད་མཐོང་བ་དངོས་མིན་པར་བཏགས་པ་ཙམ་ཡང་མིན་ལ་དོན་དམ་དེ་རང་གི་ངོ་བོས་གྲུབ་པར་ཡང་མི་འགྱུར་རོ། །དེ་འདྲ་བའི་རང་བཞིན་དུ་ཆོས་ཅན་ཐམས་ཅད་མ་གྲུབ་ཀྱང་ཆོས་ཉིད་རྣམས་གྲུབ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་དུ་ནི་ཆོས་གང་ཡང་གྲུབ་པ་མེད་དོ། །གཉིས་པ་ནི། གལ་ཏེ་ཡང་དངོས་པོ་རྣམས་རང་བཞིན་དུ་ཡོད་པ་བཀག་པས་རང་དངོས་བཀག་མོད་ཀྱང་གཞན་དངོས་ནི་རང་བཞིན་གྱིས་ཡོད་དེ་མ་བཀག་པའི་ཕྱིར་དེ་ཡོད་ན་རང་བཞིན་ཡང་རང་བཞིན་གྱིས་ཡོད་པར་འགྱུར་རོ་ཞེ་ན། གལ་ཏེ་ཚ་བ་མེའི་རང་བཞིན་དུ་གྲུབ་ན་གཤེར་བའི་རང་བཞིན་ལ་ལྟོས་ནས་གཞན་གྱི་དངོས་པོར་འཇོག་ཏུ་རུང་ན། གང་གི་ཚེ་རྣམ་པར་དཔྱད་པ་ན་དངོས་པོ་གང་ཡང་རང་བཞིན་དུ་ཡོད་པ་མ་ཡིན་ན་དེའི་ཚེ་གཞན་གྱི་དངོས་པོ་རང་བཞིན་གྱིས་ག་ལ་ཡོད་ཅེས་པ་མེད་དེ། གཞན་གྱི་དངོས་པོའི་རང་བཞིན་ཏེ་ངོ་བོ་རང་བཞིན་གྱིས་གྲུབ་པ་ལ་གཞན་གྱི་དངོས་པོ་རང་བཞིན་གྱིས་གྲུབ་བ་ཡིན་ཞེས་བརྗོད་པའི་ཕྱིར་རོ། །གལ་ཏེ་རང་གི་རང་བཞིན་ཏེ་ངོ་བོ་དང་གཞན་གྱི་དངོས་པོ་སྟེ་ངོ་བོ་གཉིས་བཀག་མོད་ཀྱང་དངོས་པོ་ནི་རང་བཞིན་གྱིས་ཡོད་དེ་མ་བཀག་པའི་ཕྱིར་རོ་ཞེ་ན། རང་བཞིན་དང་གཞན་དངོས་མ་གཏོགས་པའི་དངོས་པོ་
ག་ལ་ཡོད་དེ་མེད་པས་རང་བཞིན་དང་གཞན་དངོས་གང་རུང་གཅིག་ཏུ་ངོ་བོ་ཉིད་ཀྱིས་ཡོད་ན་ནི་དངོས་པོ་རང་བཞིན་གྱིས་ཡོད་པ་འགྲུབ་པར་འགྱུར་ཡང་དེ་གཉིས་སྔར་བཀག་པས་མེད་དོ། །གལ་ཏེ་ཡང་ཁྱོད་ཀྱིས་དངོས་པོ་བཀག་མོད་ཀྱི་དངོས་མེད་ནི་མ་བཀག་པས་རང་བཞིན་གྱིས་ཡོད་དེ་དེ་ཡོད་ན་འགལ་ཟླ་ཡོད་པས་དངོས་པོ་ཡང་ཡོད་དོ་ཞེ་ན། གལ་ཏེ་དངོས་པོ་རང་བཞིན་གྱིས་ཡོད་པ་མ་གྲུབ་ན་དངོས་མེད་རང་བཞིན་གྱིས་ཡོད་པ་འགྲུབ་པར་མི་འགྱུར་ཏེ། བུམ་པ་ལ་སོགས་པའི་དངོས་པོ་ད་ལྟར་བའི་གནས་སྐབས་ལས་གཞན་དུ་གྱུར་བ་ནི་སྔར་གྱི་དངོས་པོ་དེ་མེད་པ་ཡིན་པར་འཇིག་རྟེན་ན་སྐྱེ་བོ་དག་སྨྲ་བའི་ཕྱིར་རོ། །འདིར་དགག་བྱ་ཤེས་བྱ་ལ་མི་སྲིད་པའི་དངོས་མེད་ལ་ཡང་བདེན་པ་དགག་དགོས་མོད་ཀྱང༌། དགག་བྱ་ཡོད་མེད་ལ་བདེན་འཛིན་ཤས་ཆེ་ཆུང་གི་གནད་ཀྱིས་དགག་བྱ་དངོས་པོ་ཡོད་པ་ཞིག་པ་དེའི་དངོས་མེད་བདེན་མེད་དུ་གྲུབ་ན་དངོས་མེད་གཞན་བདེན་མེད་དུ་འགྲུབ་སླ་བ་ལ་དགོངས་སོ། །གསུམ་པ་ནི། དེ་ལྟར་རང་བཞིན་དང་གཞན་དངོས་དང་དངོས་པོ་དང་དངོས་མེད་ངོ་བོ་ཉིད་ཀྱིས་གྲུབ་པ་མ་ཡིན་པ་ལ་གང་དག་གསུང་རབ་ཕྱིན་ཅི་མ་ལོག་པར་འཆད་པར་རློམ་པ་ཉིད་ཀྱིས། སའི་རང་བཞིན་སྲ་བ་དང་ཚོར་པའི་རང་བཞིན་ཡུལ་མྱོང་བ་ཞེས་སོགས་ཀྱིས་རང་བཞིན་དང་གཞན་དངོས་གཉིས་དང༌། རྣམ་ཤེས་ལ་སོགས་པ་ད་ལྟར་བ་ནི་དངོས་
པོ་དང་དེ་དག་འདས་པ་ལ་སོགས་པ་ནི་དངོས་པོ་མེད་པ་ཉིད་དུ་ངོ་བོ་ཉིད་ཀྱིས་ཡོད་པར་ལྟ་བ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རྟེན་འབྱུང་མཆོག་ཏུ་ཟབ་པའི་དེ་ཁོ་ན་ཉིད་མཐོང་བ་དང་སྨྲ་བ་མ་ཡིན་ནོ། །འདི་ལྟར་རང་བཞིན་ལ་སོགས་པ་ངོ་བོ་ཉིད་ཀྱིས་ཡོད་པ་ནི་རིགས་པ་དང་འགལ་བ་ཡིན་ལ་རྒྱལ་བ་རྣམས་ནི་དངོས་པོའི་རང་བཞིན་རིགས་པ་དང་འགལ་བ་བཞེད་པ་ཡང་མ་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དེའི་ཕྱིར་མཁས་པ་རྣམས་ནི་རྒྱལ་བ་ཁོ་ནའི་གསུང་ཚད་མར་བྱེད་དེ་འཐད་པ་དང་བཅས་པས་མི་སླུ་བའི་ཕྱིར་རོ། །ལུང་གི་སྐད་དོད་ཀྱི་སྟེང་ནས་བཤད་པ་བྱས་པས་ཉེས་པ་ཐམས་ཅད་ཟད་པའི་ཡིད་ཆེས་པ་ལས་འོངས་པས་ལུང་དང༌། ཀུན་ཏུ་གོ་བར་བྱེད་པ་སྟེ་དེ་ཁོ་ན་ཉིད་ཀུན་ནས་གོ་བར་བྱེད་པའི་ཕྱིར་ལུང་དང༌། མངོན་དུ་ཕྱོགས་ནས་འགྲོ་བ་སྟེ་འདི་ལ་བརྟེན་ནས་འཇིག་རྟེན་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཉིད་ལུང་དུ་བཞག་ལ། དེ་ལས་གཞན་གྱི་གཞུང་ལུགས་ནི་འཐད་པ་དང་བྲལ་བས་ལུང་མ་ཡིན་པར་བཞག་གོ །གཉིས་པ་ལ་གཉིས། ལུང་གི་གནོད་བྱེད་དང༌། རིགས་པའི་གནོད་བྱེད་དོ། །དང་པོ་ནི། གང་གི་ཕྱིར་རང་བཞིན་དང་གཞན་དངོས་དང་དངོས་པོ་དང་དངོས་མེད་ངོ་བོ་ཉིད་ཀྱིས་ཡོད་པར་ལྟ་བ་རིགས་པ་དང་བྲལ་བས་དེ་ཁོ་ན་ཉིད་མ་ཡིན་པ་དེའི་ཕྱིར། གདུལ་བའི་སྐྱེ་བོ་ཐར་པ་འདོད་པ་
རྣམས་ལ་བཅོམ་ལྡན་འདས་ཀྱིས་ཀ་ཏ་ཡ་ན་ཡི་གདམས་ངག་ཅེས་བྱ་ངའི་མདོ་ལས། ཀ་ཏ་ཡ་ན་གང་གི་ཕྱིར་འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང༌། འཁྲུག་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར་འཆི་བའི་གདུང་བའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་བར་མི་འགྱུར། ཞེས་ཡོད་པ་དང་མེད་པའི་མཐའ་གཉིས་ཀའང་དགག་པར་མཛད་དོ། །མདོ་སྡེ་འདི་ཡང་སྡེ་པ་ཐམས་ཅད་ཀྱིས་འདོན་པ་ཡིན་པས་ལུང་འདི་དང་ཇི་སྐད་བཤད་པའི་རིགས་པ་ལས་ན་རང་བཞིན་ལ་སོགས་པ་བཞི་ངོ་བོ་ཉིད་ཀྱིས་ཡོད་པར་ཁས་མི་བླང་ངོ་། །བཅོམ་ལྡན་འདས་ཅིས་ཁྱད་པར་དུ་འཕགས་པ་ཞེ་ན། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཕྱིན་ཅི་མ་ལོག་པར་མཁྱེན་པའོ། །གཉིས་པ་ནི། གཞན་ཡང་གལ་ཏེ་མེ་ལ་སོགས་པ་རང་བཞིན་གྱིས་ཡོད་ན་དེའི་ཚེ་རང་བཞིན་གྱིས་ཡོད་པའི་རང་བཞིན་དེ་ནི་སླར་ཡང་གཞན་དུ་འགྱུར་བའི་སྒོ་ནས་མེད་པ་ཉིད་དུ་མི་འགྱུར་རོ། །གང་གི་ཕྱིར་རང་བཞིན་གྱིས་ཡོད་པ་གཞན་དུ་འགྱུར་བ་ནི་ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར་ཏེ་ནམ་མཁའི་མི་སྒྲིབ་པ་ནམ་ཡང་གཞན་དུ་མི་འགྱུར་བ་བཞིན་ནོ། །རྣམ་པར་འགྱུར་བའི་ཆོས་ཅན་ཡང་ཡིན་པའི་ཕྱིར་ཆུའི་ཚ་བ་ལྟར་རང་བཞིན་མ་ཡིན་ནོ། །གལ་ཏེ་རང་བཞིན་གྱིས་ཡོད་པ་
ལ་གཞན་འགྱུར་མེད་པའི་ཕྱིར་དང་གཞན་འགྱུར་ཡང་དམིགས་པའི་ཕྱིར། དངོས་པོ་རྣམས་རང་བཞིན་གྱིས་ཡོད་པ་མིན་ནོ་ཞེས་སྨྲ་ན་རང་བཞིན་གྱིས་ཡོད་པ་མ་ཡིན་ནའང་གཞན་དུ་འགྱུར་བ་གང་གི་ཡིན་པར་འགྱུར། དེའི་ཕྱིར་རང་བཞིན་གྱིས་ཡོད་པ་མིན་པ་ལ་གཞན་འགྱུར་མི་འཐད་ལ་དེ་ཡང་མཐོང་བའི་ཕྱིར་དངོས་པོ་རྣམས་རང་བཞིན་གྱིས་ཡོད་དོ་ཞེ་ན། རང་བཞིན་དེ་རང་གི་ངོ་བོས་ཡོད་པ་ཡིན་ནའང་གཞན་དུ་འགྱུར་བར་ཇི་ལྟར་རུང་སྟེ་མི་རུང་ངོ་། །བུད་དྷ་པཱ་ལི་ཏ་ལས་རྐང་པ་སྔ་མ་གཉིས་ཀྱིས་གཞན་དུ་འགྱུར་རྒྱུ་རང་བཞིན་གྱིས་མེད་པས་གཞན་འགྱུར་གྱི་དངོས་པོ་ཡོད་པ་བཀག་ལ། ཕྱི་མ་གཉིས་ཀྱིས་རང་བཞིན་གྱིས་ཡོད་པ་ལ་གཞན་འགྱུར་མི་འཐད་པས་དངོས་པོ་རང་བཞིན་གྱིས་ཡོད་པ་བཀག་སྟེ་བཞི་ཀ་རང་གཞུང་ངོ་། །འདིར་འགྲེལ་པ་ལས་གཞན་འགྱུར་མཐོང་བའི་ཕྱིར་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་པ་ཡང་གཞན་ལ་གྲགས་པའི་གཞན་འགྱུར་མཐོང་བའི་དབང་དུ་བྱས་ནས་བརྗོད་ཀྱི། ཁོ་བོ་ཅག་གིས་ནམ་ཡང་གང་ལ་ཡང་གཞན་འགྱུར་ཡོད་པར་ཁས་མ་བླངས་སོ་ཞེས་གསུངས་པ་ནི། སྔར་གོང་དུ་མེ་ལ་སོགས་པ་རང་བཞིན་གྱིས་ཡོད་པ་དག་ཀྱང་གཞན་དུ་འགྱུར་བ་ཁྱེད་ཀྱིས་དམིགས་པ་ཡང་ཡིན་ནོ་ཞེས། རང་བཞིན་གཞན་དུ་འགྱུར་བ་མཐོང་བས་རང་བཞིན་གྱིས་ཡོད་པ་མིན་ནོ་ཞེས་བཤད་པ་ལ་ཟེར་བ་ཡིན་གྱི་གཞན་འགྱུར་ཙམ་ཁས་མི་ལེན་པར་སྨྲ་བ་མིན་ནོ། །གཉིས་པ་ནི། དེ་ལྟར་རང་བཞིན་གྱིས་གྲུབ་བ་གཏན་ཡོད་པ་མ་ཡིན་
བཞིན་དུ་གང་གིས་དངོས་པོ་རྣམས་ཡོད་པ་དང་སྔ་མ་ཞིག་ནས་མེད་པར་རྟོག་པ་དེ་ལ་ནི། ངེས་པ་ཁོ་ནར་ཡོད་ཅེས་བྱ་བ་ནི་རྟག་པར་འཛིན་པ་དང་མེད་ཅེས་བྱ་བ་ནི་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །རྟག་ཆད་དུ་ལྟ་བ་ཡང་མཐོ་རིས་དང་བྱང་གྲོལ་ལ་བར་དུ་གཅོད་པས་དོན་མ་ཡིན་པ་ཆེན་པོ་བྱེད་པ་དེའི་ཕྱིར་ཡོད་པ་དང་མེད་པའི་མཐའ་གཉིས་ལ་མཁས་པས་གནས་པར་མི་བྱའོ། །ཡང་ཅིའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་ཡོད་ན་རྟག་ཆད་ཀྱི་ལྟ་བར་འགྱུར་བ་ཡིན་ཞེ་ན། གང་ཞིག་རང་བཞིན་གྱིས་ཡོད་པར་བརྗོད་པ་དེ་ནི་རང་བཞིན་ལ་ལྡོག་པ་མེད་པས་ནམ་ཡང་མེད་པ་མིན་ནོ། །དེའི་ཕྱིར་ན་རང་བཞིན་གྱིས་ཡོད་པར་ཁས་བླངས་པས་རྟག་ལྟར་འགྱུར་གྱི་ཡོད་པ་ཙམ་དུ་ཁས་བླངས་པས་མིན་ནོ། །དུས་སྔོན་མར་དངོས་པོར་བྱུང་བ་རང་བཞིན་གྱིས་གྲུབ་པར་ཁས་བླངས་ནས་ད་ལྟར་ཏེ་ཕྱིས་ཞིག་ནས་མེད་ཅེས་ཁས་བླངས་པ་དེས་ན་ཆད་པར་ལྟ་བར་ཐལ་བར་འགྱུར་གྱི་དུས་སྔ་མར་ཡོད་པ་དུས་གཉིས་པར་ཞིག་པ་ཙམ་ཞིག་ཁས་བླངས་པས་མིན་ནོ། །ཁོ་བོ་ཅག་ལ་ནི་རང་བཞིན་ལ་བརྟེན་པའི་རྟག་ཆད་ཀྱི་ལྟ་བར་མི་འགྱུར་ཏེ་དངོས་པོ་རང་བཞིན་གྱིས་ཡོད་པ་མི་འདོད་པའི་ཕྱིར་རོ། །གལ་ཏེ་ཁྱེད་ལ་རྟག་ལྟ་མེད་མོད་ཆད་ལྟ་ནི་ཡོད་དོ་སྙམ་ན། ཆད་རྒྱུའི་དངོས་པོ་རང་བཞིན་གྱིས་ཡོད་པ་སྔར་ཁས་བླངས་ནས་ཕྱིས་མེད་པར་འདོད་ན་ནི་རང་བཞིན་གྱིས་ཡོད་པ་ནམ་ཡང་ཡོད་དགོས་པ་ལ་སྐུར་པ་བཏབ་པས་ཆད་ལྟར་
འགྱུར་གྱི། རང་བཞིན་གྱིས་གྲུབ་པ་གཏན་མེད་པ་ལ་དེ་མེད་ཅེས་བརྗོད་པ་ན་དེ་ལ་སྐུར་བ་བཏབ་པ་མེད་པས་ཆད་ལྟར་མི་འགྱུར་རོ། །ཇི་སྐད་དུ་ལང་ཀར་གཤེགས་པ་ལས། བཅོམ་ལྡན་འདས་གང་གིས་སྔར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་གཡར་གྱིས་བླངས་ནས་ཕྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བ་དེ་ནི་མེད་པ་བར་འགྱུར་ལགས་སོ། །ཞེས་གསུངས་པ་བཞིན་ནོ། །དངོས་པོ་རང་བཞིན་གྱིས་ཡོད་པར་འདོད་ན་དེ་རྟག་པར་མི་སྨྲ་ཡང་རྟག་ལྟར་འགྱུར་ལ། དུས་སྔ་མར་རང་བཞིན་གྱིས་ཡོད་པ་ཞིག་དུས་གཉིས་པར་ཞིག་པར་འདོད་ན་དེའི་རྒྱུན་ཆད་པར་ཁས་མི་ལེན་ཀྱང་ཆད་ལྟར་འགྱུར་བས་དངོས་པོ་རང་བཞིན་གྱིས་གྲུབ་པར་འདོད་ཕྱིན་ཆད་རྟག་ཆད་ཀྱི་ལྟ་བ་ལས་མི་འདའོ། །དངོས་པོ་རང་བཞིན་གྱིས་གྲུབ་པར་ཁས་མི་ལེན་ན་རང་བཞིན་ལ་བརྟེན་པའི་རྟག་ཆད་གཉིས་ཀའི་ལྟ་བ་མེད་ཀྱང་རྒྱུ་འབྲས་གཞག་ས་མེད་ན་སྐུར་འདེབས་སུ་འགྱུར་བས་ཆད་ལྟའོ། །འདི་ལ་ཆད་རྒྱུའི་དངོས་པོ་ཁས་མ་བླངས་པས་ཆད་ལྟར་མི་འགྱུར་རོ་ཞེས་སྨྲ་མི་ནུས་ཏེ། འཇིག་རྟེན་རྒྱང་པན་པས་ཀྱང་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ལ་སོགས་པའི་ཆད་རྒྱུ་སྔར་ཁས་བླངས་ནས་ཕྱིས་མེད་པར་མ་སྨྲས་ཀྱང་ཆད་ལྟར་འགྱུར་བ་སྤོང་མི་ནུས་པ་བཞིན་ནོ། །རྣལ་འབྱོར་སྤྱོད་པ་པ་དག་གཞན་དབང་སེམས་དང་སེམས་བྱུང་ཙམ་ཞིག་རང་གི་མཚན་ཉིད་ཀྱིས་གྲུབ་པས་མེད་ལྟ་དང༌། གཞན་དབང་ལ་ཀུན་བརྟགས་པ་མེད་པས་རྟག་ལྟ་སྤོང་བར་འདོད་
པ་ནི། ཕྱི་རོལ་ལ་ལྟོས་པའི་གཟུང་འཛིན་ཐ་སྙད་དུ་ཡོད་པ་ལ་སྐུར་པ་བཏབ་ཅིང་གཞན་དབང་བདེན་པར་མེད་པ་ལ་སྒྲོ་བཏགས་པས་རྟག་ཆད་གཉིས་ཀའི་མཐར་ལྟུང་བས། དབུ་མ་པའི་ལྟ་བ་ཁོ་ན་ལ་ཡོད་མེད་ཀྱི་མཐར་མ་ལྷུང་བ་དང་རྟག་ཆད་ཀྱི་སྐྱོན་དང་བྲལ་བ་ཡོད་ཀྱི་གཞན་ལ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་རིན་ཆེན་ཕྲེང་བ་ལས། གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང༌། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བསྟན་པ། །ཆོས་ཀྱི་ཁུད་པ་ཡིན་ཤེས་གྱིས། ཞེས་གསུངས་ཏེ་གང་ཟག་ཙམ་དུ་སྨྲ་བ་ནི་རང་སྡེ་གང་ཟག་རྫས་ཡོད་དུ་སྨྲ་བའོ། །ཕུང་པོ་ཙམ་དུ་སྨྲ་བ་ནི་རང་གི་སྡེ་བ་གང་ཟག་རྫས་སུ་མེད་ལ་ཕུང་པོ་རྫས་སུ་ཡོད་པར་སྨྲ་བའོ། །མདོར་ན་ཇི་སྲིད་དུ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པ་ལ་ལས་འབྲས་དང་འཆིང་གྲོལ་ལ་སོགས་པ་ཡོད་པར་འཇོག་མི་ཤེས་པ་དེ་སྲིད་དུ། རྟག་ཆད་ཀྱི་ལྟ་བ་སྤོང་ཚུལ་ཇི་འདྲ་ཞིག་བྱས་ཀྱང་མཐའ་དེ་གཉིས་ལས་མི་འདའ་སྟེ་ཆད་ལྟ་སྤོང་བ་ན་ཡོད་མཐའ་ཁས་བླང་དགོས་ལ་རྟག་ལྟ་སྤོང་བ་ན་མེད་མཐའ་ཁས་བླང་དགོས་པའི་ཕྱིར་རོ། །དེའི་ཕྱིར་གཟུགས་མེད་ལ་སེམས་ཡོད་དོ་ཞེས་པ་དང་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་ལ་ངོ་བོ་ཉིད་གཞན་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པའི་རྣམ་པར་རིག་
པ་ཙམ་གྱི་ཚུལ་ནི། མང་པོས་བཀུར་བའི་གང་ཟག་ཏུ་སྨྲ་བ་ལྟར་སྟོན་པ་ཐུགས་རྗེ་ཆེན་པོ་ཅན་གྱིས་རིམ་གྱིས་དོན་དམ་པ་རྟོགས་པའི་ཐབས་སུ་བཀྲི་བའི་ཕྱིར། གདུལ་བྱ་དེ་ལྟ་བུའི་ངོར་གསུངས་པའི་དྲང་དོན་ཡིན་གྱི་ངེས་དོན་ནི་མ་ཡིན་ནོ། །གསུང་རབ་ཅི་འདྲ་ཞིག་དྲང་དོན་དང་ཅི་འདྲ་ཞིག་ངེས་དོན་དུ་འཇོག་པ་ནི་ཏིང་འཛིན་རྒྱལ་པོ་དང་བློ་གྲོས་མི་ཟད་པས་བསྟན་པའི་རྗེས་སུ་འབྲངས་ནས་ཤེས་པར་བྱ་སྟེ། འདི་དག་ཤིན་ཏུ་རྒྱས་པར་ནི་དྲང་ངེས་རྣམ་པར་འབྱེད་པ་ལེགས་པར་བཤད་པའི་སྙིང་པོ་ལས་ཤེས་པར་བྱའོ། །གཉིས་པ་ནི། དེ་ལྟར་དངོས་པོ་ཐམས་ཅད་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པར་རིགས་པས་བསྟན་པ་དེ་ཉིད་ཟབ་མོའི་ལུང་གིས་ཀྱང་གྲུབ་པ་དང༌། དེ་ལྟར་བསྟན་པའི་གསུང་རབ་ཐམས་ཅད་རབ་བྱེད་འདིས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་མཚོན་ནི་ཏིང་འཛིན་རྒྱལ་པོ་ལས། ཐམས་ཅད་བསམ་ཡས་ཐམས་ཅད་འབྱུང་མིན་པས། །དངོས་དང་དངོས་མེད་ཤེས་པ་རྣམ་པར་ཤིག །གྱིས་པ་གང་དག་སེམས་ཀྱི་དབང་སོང་བ། །དེ་དག་སྲིད་པ་བྱེ་བ་བརྒྱར་སྡུག་བསྔལ། ཞེས་དང༌། སྔོན་འདས་དུས་ཀྱི་བསྐལ་བ་བསམ་ཡས་ན། །མི་ཡི་གཙོ་བོ་བྱུང་བ་ངས་དྲན་ཏེ། །དྲང་སྲོང་ཆེན་པོ་གཟིངས་ཀྱིས་དོན་མཛད་པ། །མིང་ནི་དངོས་པོ་མེད་ལས་བྱུང་ཞེས་བྱ། །སྐྱེས་མ་ཐག་ཏུ་མཁའ་ལ་རབ་ཏུ་གནས། །ཆོས་རྣམས་ཐམས་ཅད་དངོས་པོ་མེད་པར་བསྟན། །དེ་ཚེ་དེ་དང་མཐུན་པར་མཚན་བཏགས་
ཏེ། །སྒྲས་ནི་འཇིག་རྟེན་ཀུན་ཏུ་གྲགས་པར་བྱས། །ལྷ་རྣམས་ཐམས་ཅད་རབ་ཏུ་སྒྲ་འབྱིན་པ། །དངོས་པོ་མེད་ཅེས་བྱ་བའི་རྒྱལ་བར་འགྱུར། །སྐྱེས་མ་ཐག་ཏུ་གོམ་པ་བདུན་བོར་ཏེ། །རྒྱལ་བས་ཆོས་རྣམས་དངོས་པོ་མེད་པར་བཤད། །ཐུབ་པ་ཆོས་རྣམས་ཐམས་ཅད་སྟོན་པ་ཡི། །སངས་རྒྱས་ཆོས་ཀྱི་རྒྱལ་པོར་ནམ་གྱུར་ཚེ། །རྩྭ་ཤིང་གེལ་པ་སྨན་རི་བྲག་རྣམས་ལས། །ཆོས་རྣམས་དངོས་བོ་མེད་ཅེས་སྒྲ་ཡང་བྱུང༌། །འཇིག་རྟེན་དེ་ན་ཇི་སྙེད་སྒྲ་ཡོད་པ། །ཐམས་ཅད་དངོས་མེད་ཅི་ཡང་མེད་པ་ཞེས། །དེ་ལྟ་བུར་ནི་འཇིག་རྟེན་འདྲེན་པ་ཡི། །སྒྲ་དབྱངས་རྣམ་བ་ཤིན་ཏུ་བྱུང་བར་གྱུར། ཞེས་གསུངས་ཏེ་དངོས་པོ་མེད་པའི་དོན་ནི་རང་བཞིན་མེད་པའི་དོན་ནོ། །གསུམ་པ་ནི། སྤྱིར་དངོས་པོ་དང་དངོས་མེད་དང་བྱེ་བྲག་ཏུ་རང་གི་དངོས་པོ་དང་གཞན་གྱི་དངོས་པོ་དང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཞེས་པ་རྣམས་ནི་རང་གི་ངོ་བོའི་དབང་གིས་ཡོད་པ་ལ་གང་ཡང་གཞག་ཏུ་མེད་པར་དངོས་སུ་བསྟན་པའི་དོན་ངེས་པར་བྱ་ཞིང༌། དེའི་ཚེ་ཤུགས་ཀྱིས་ན་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་ཙམ་ལ་དེ་དག་ཐམས་ཅད་ཤིན་ཏུ་འཐད་དོ་སྙམ་དུ་རྟེན་འབྱུང་གི་ངེས་པ་དྲང་བར་བྱའོ། །རང་བཞིན་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་གཅིག་གི་བདག་ཉིད་རབ་ཏུ་བྱེད་པ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།གསུམ་པ་བཅིངས་ཐར་རང་བཞིན་གྱིས་ཡོད་པ་དགག་པ་
ལ་གཉིས། དངོས་ཀྱི་དོན་དང༌། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་བ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་བའོ། །དང་པོ་ལ་གསུམ། འཁོར་འདས་རང་བཞིན་གྱིས་གྲུབ་པ་དགག །བཅིངས་ཐར་རང་བཞིན་གྱིས་གྲུབ་པ་དགག །མྱང་འདས་ཀྱི་དོན་དུ་རྩོམ་པ་དོན་མེད་དུ་ཐལ་བ་སྤུང་བའོ། །དང་པོ་ལ་གཉིས། འཁོར་བ་རང་བཞིན་གྱིས་གྲུབ་བ་དགག །མྱང་འདས་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ནི། འདིར་སྨྲས་པ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་དེ་འཁོར་བ་རང་བཞིན་གྱིས་ཡོད་པའི་ཕྱིར་རོ། །འགྲོ་བ་ནས་འགྲོ་བ་གཞན་དུ་འགྲོ་བ་ལ་འཁོར་བ་ཞེས་བྱ་ན་དངོས་པོ་རྣམས་རང་བཞིན་གྱིས་མེད་ན་དེའི་ཚེ་སུ་ཞིག་འགྲོ་བ་སྔ་མ་ནས་འགྲོ་བ་ཕྱི་མར་འགྲོ་ཞིང་འཁོར་ཏེ་མོ་གཤམ་གྱི་བུ་བཞིན་ནོ། །འདི་དགག་པ་ལ་གཉིས། བླང་བྱ་ཕུང་པོ་འཁོར་བ་དགག །ལེན་བ་པོ་སེམས་ཅན་འཁོར་བ་དགག་པའོ། །དང་པོ་ལ་གཉིས། རྟག་པ་འཁོར་བ་དགག །མི་རྟག་པ་འཁོར་བ་དགག་པའོ། །དང་པོ་ནི། གལ་ཏེ་འཁོར་བ་རང་བཞིན་གྱིས་ཡོད་ན་ཕུང་པོ་དང་སེམས་ཅན་གཉིས་གང་རུང་གཅིག་འཁོར་དགོས་ན་དེ་ལ་གལ་ཏེ་འདུ་བྱེད་དེ་ཕུང་པོ་འཁོར་རོ་ཞེ་ན། དེ་ཡང་རྟག་པ་ཡིན་མིན་གཉིས་སུ་ངེས་ལ་དེ་རྟག་ན་ནི་མི་འཁོར་ཏེ། འགྲོ་འོང་གི་བྱ་བ་དང་བྲལ་བའི་ཕྱིར་དང་འགྲོ་བ་སྔ་མ་ནས་འོང་ཞིང་ཕྱི་མར་མི་འགྲོ་ན་འཁོར་བ་པོར་འགལ་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་འདུ་བྱེད་མི་རྟག་པ་འཁོར་བར་སྨྲ་ན་མི་རྟག་ནའང་འཁོར་བ་པོར་ངོ་བོ་ཉིད་
ཀྱིས་ཡོད་པར་མི་འགྱུར་ཏེ། མི་རྟག་པ་ནི་སྐྱེས་མ་ཐག་ཏུ་འཇིག་ལ་ཞིག་བ་རྣམས་ནི་སླར་མི་འཁོར་བའི་ཕྱིར་རོ། །འོན་ཏེ་འདུ་བྱེད་རྒྱུ་འབྲས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམ་པ་རྒྱུན་མི་འཆད་པའི་མི་རྟག་པ་ཁོ་ན་འཁོར་རོ་སྙམ་ན། འདི་ལ་སྐད་ཅིག་སྔ་ཕྱིར་མ་ཕྱེ་བར་སྔ་ཕྱི་ལ་རྗེས་སུ་འགྲོ་བའི་རྒྱུན་འཁོར་བ་དང༌། སྔ་ཕྱི་སོ་སོ་བའི་སྐད་ཅིག་འཁོར་བ་གཉིས་ལས་ཕྱི་མ་འགོག་པ་ན་རེ་ཞིག་སྔ་ཕྱི་རེ་རེ་བ་འགོག་པ་ནི། འབྲས་བུའི་སྐད་ཅིག་མ་ཕྱི་མ་སྐྱེ་འགྱུར་ནི་འཁོར་བ་པོར་མི་རུང་སྟེ། དེ་ནི་འགྲོ་བ་སྔ་མ་གང་ནས་ཀྱང་མ་འོངས་ཤིང་འགྲོ་བ་ཕྱི་མ་གང་དུ་ཡང་མི་འགྲོ་བའི་ཕྱིར་དང་འཁོར་མཁན་ལ་བྱ་བ་དེ་གཉིས་དགོས་པའི་ཕྱིར་རོ། །རྒྱུ་སྔ་མ་ཞིག་པ་ཡང་མི་འཁོར་ཏེ་འགྲོ་བ་སྔ་མ་གང་ནས་ཀྱང་མ་འོངས་པའི་ཕྱིར་དང་ཕྱི་མ་གང་དུ་ཡང་མི་འགྲོ་བའི་ཕྱིར་རོ། །འདུ་བྱེད་སྔ་མ་ཞིག་པ་དང་ཕྱི་མ་མ་སྐྱེས་པ་ཙམ་ལས་མ་གཏོགས་པའི་འདུ་བྱེད་འདས་མ་འོངས་མེད་པའི་ཕྱིར་དང༌། དེ་གཉིས་ཀྱང་ཞིག་པ་དང་མ་སྐྱེས་པ་ཉིད་ཀྱིས་འཁོར་བ་པོར་ཡོད་པ་མ་ཡིན་པའི་ཕྱིར་འདུ་བྱེད་འདས་མ་འོངས་འཁོར་བ་པོར་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་གཉིས་མི་འཁོར་ཡང་སྐད་ཅིག་མ་ཕྱི་མ་སྐྱེས་པ་ན་སྔ་མ་འཁོར་བ་ཡིན་པས་འདུ་བྱེད་ཀྱི་སྔ་ཕྱི་གཉིས་ཀ་ལ་ལྟོས་ནས་འཁོར་བ་པོར་འཇོག་གོ་སྙམ་ན། སྐད་ཅིག་སྔ་ཕྱི་རང་བཞིན་གྱིས་གཅིག་གམ་ཐ་དད་པ་ཡིན་བརྟག་གྲང༌། དང་པོ་ལྟར་ནི་མི་རིགས་ཏེ་རྒྱུ་འབྲས་དང་སྔ་ཕྱི་ཡིན་པའི་ཕྱིར་དང་སྔ་མ་ཞིག་བ་དང་ཕྱི་མ་སྐྱེས་པའི་
དུས་སོ་སོ་ཡིན་པའི་ཕྱིར་རོ། །བརྟག་པ་གཉིས་པ་ལྟར་ནའང་སྐད་ཅིག་མ་ཕྱི་མ་སྐྱེས་པ་ན་སྔ་མ་འཁོར་བར་མི་རིགས་ཏེ་དེ་གཉིས་ངོ་བོ་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །མ་ངེས་པ་མིན་ཏེ་གཞན་དུ་ན་སོ་སོ་སྐྱེ་བོ་འཁོར་བར་སྐྱེ་བ་ཡོད་པས་དགྲ་བཅོམ་པ་རྣམས་ཀྱང་འཁོར་བར་འགྱུར་ལ། མར་མེ་གཞན་འབར་བ་ན་མར་མེ་ཤི་བ་ཡང་འབར་བར་འགྱུར་ཏེ། འབྲེལ་མེད་དོན་གཞན་དུ་མཚུངས་པ་ལ་སྐད་ཅིག་སྔ་ཕྱི་གཉིས་གཅིག་སྐྱེས་པས་གཅིག་འཁོར་ལ་གཞན་གཉིས་ལ་དེ་ལྟར་མི་འདོད་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །གཞན་ཡང་སྐད་ཅིག་མ་ཕྱི་མ་སྔ་མ་ལས་སྐྱེ་ན་སྔ་མ་ཞིག་པ་དང་མ་ཞིག་པ་དང་འཇིག་བཞིན་པ་གང་ལས་སྐྱེ་ཞིག་པ་ལས་སྐྱེ་ན་ནི་ས་བོན་ཚིག་པ་ལས་ཀྱང་མྱུ་གུ་སྐྱེ་བར་འགྱུར་བས་རྒྱུ་མེད་དུ་འགྱུར་རོ། །ལུགས་འདིས་ཞིག་པ་དངོས་པོར་བཞེད་ཀྱང་སྐད་ཅིག་སྔ་མ་ཞིག་པ་ལས། ཕྱི་མ་སྐྱེ་བར་མི་བཞེད་པར་སྔར་བཤད་ཟིན་ལ་དེའི་ཕྱིར་དེ་ལྟར་འགོག་གོ །སྔ་མ་མ་ཞིག་བ་ལས་སྐྱེ་ན་ས་བོན་རྣམ་པར་མ་འགྱུར་བར་འབྲས་བུ་སྐྱེ་བ་དང་རྒྱུ་འབྲས་གཉིས་དུས་གཅིག་ཏུ་འགྱུར་རོ། །ཐ་སྙད་དུ་སྔ་མ་མ་ཞིག་པ་ཕྱི་མའི་དངོས་རྒྱུར་བཞེད་མོད་ཀྱང་འདིར་ནི་རང་གི་མཚན་ཉིད་ཀྱིས་སྐྱེ་བ་འགོག་ལ་དེ་ལ་སྔར་བཤད་པ་ལྟར་སྐྱོན་དེ་དག་འཇུག་གོ །འཇིག་བཞིན་པ་ལས་སྐྱེ་ན་ཞིག་མ་ཞིག་གཉིས་གང་ཡང་མིན་པའི་འཇིག་བཞིན་པ་ནི་མེད་ལ་དེ་གཉིས་ལ་ཡང་སྐྱོན་བརྗོད་ཟིན་ཏོ། །དེ་ལྟར་སྐད་ཅིག་ལྔ་ཕྱི་ཕྱེ་བའི་རེ་རེ་བ་དང་གཉིས་ཀ་བསྡོམས་པ་ལ་འཁོར་
བ་པོར་འདོད་པ་བཀག་ཅིང༌། སྔ་ཕྱི་བ་ལ་གཅིག་ཐ་དད་དང་སྔ་མ་ལས་ཕྱི་མ་སྐྱེ་བ་ངོ་བོ་ཉིད་ཀྱིས་ཡོད་པ་བཀག་པའི་ཕྱིར། སྐད་ཅིག་སྔ་ཕྱི་དང་རྒྱུ་འབྲས་ངོ་བོ་ཉིད་ཀྱིས་གྲུབ་པ་གཞག་ཏུ་མེད་པས། དེ་ལ་བརྟེན་པའི་རྒྱུན་ཀྱང་མེད་པས་རྒྱུན་ལ་ཡང་འཁོར་བ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ནོ། །གཞན་སྡེ་འགྲོ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་འཁོར་བ་པོ་འདོད་བ་ཐམས་ཅད་ནི་ཕུང་པོ་ལས་ངོ་བོ་ཐ་དད་པའི་གང་ཟག་རྫས་ཡོད་འཁོར་བར་འདོད་དོ། །དེའི་ཕྱིར་འདུ་བྱེད་དམ་ཕུང་པོ་འཁོར་བར་སྨྲ་བ་རང་སྡེ་ཡིན་ལ་དེ་ཡང་གང་ཟག་ཏུ་འཇོག་པའི་གཞི་ནི་ཕལ་ཆེར་རྣམ་ཤེས་ལ་འདོད་པས། ཀུན་གཞི་ལ་སོགས་པའི་རྣམ་ཤེས ་འཁོར་བར་འདོད་ཅིང་དེ་ཉིད་ལ་གང་ཟག་འཁོར་ཞེས་ཀྱང་སྨྲ་ལ་སྐད་ཅིག་སྔ་ཕྱི་མ་ཕྱེ་བའི་རྒྱུན་ཉིད་འཁོར་བར་འདོད་དོ། །གཉིས་པ་ལ་གཉིས། ཕུང་པོ་ལས་ངོ་བོ་ཐ་དད་པའི་སེམས་ཅན་འཁོར་བ་དགག །ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་གང་ཟག་འཁོར་བ་དགག་པའོ། །དང་པོ་ནི། གལ་ཏེ་རིགས་པ་དང་འགལ་བས་འདུ་བྱེད་མི་འཁོར་བ་ནི་བདེན་མོད་ཀྱང་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་རྫས་སུ་ཡོད་པ་དེ་འཁོར་རོ་ཞེ་ན། དེ་འདྲ་བའི་སེམས་ཅན་འཁོར་བ་ལ་ཡང་འདུ་བྱེད་འཁོར་བར་མི་འཐད་པའི་རིམ་པ་འདི་ཐམས་ཅད་མཚུངས་པས་མི་རིགས་ཏེ། རྟག་ན་འགྲོ་འོང་གི་བྱ་བ་མི་བྱེད་པས་རྟག་པ་མི་འཁོར་ལ་སེམས་ཅན་མི་རྟག་པ་ལ་ཡང་སྐད་ཅིག་དང་རྒྱུན་གྱི་དཔྱད་པས་འཁོར་བར་མི་འཐད་པའི་ཕྱིར་རོ། །
གཉིས་པ་ནི། གལ་ཏེ་མང་པོས་བཀུར་བ་པ་རྣམས་ན་རེ་འདུ་བྱེད་རྟག་མི་རྟག་འཁོར་བར་མི་འཐད་པའི་དཔྱད་པ་སེམས་ཅན་ལ་མཚུངས་པར་སྨྲ་བ་ནི་མི་རིགས་ཏེ། བདག་ནི་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ལྟར་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་བའི་གང་ཟག་འཁོར་བའི་ཕྱིར་རོ་ཞེ་ན། གང་ཟག་འཁོར་བ་དེ་ངོ་བོ་ཉིད་ཀྱིས་ཡོད་ན་གང་ཟག་དེ་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་ལ་གཅིག་ཐ་དད་ལ་སོགས་པ་སྔར་བཤད་པའི་རྣམ་པ་ལྔས་བཙལ་བ་ན་རྙེད་དགོས་པ་ལས་རྙེད་པ་མེད་ན་བདག་ངོ་བོས་ཡོད་པ་གང་ཞིག་འཁོར་བར་འགྱུར་ཏེ་མི་འགྱུར་རོ། །གཞན་ཡང་འདིར་མིའི་ཉེ་བར་ལེན་པ་ནས་ལྷའི་ཉེ་བར་ལེན་པར་འཁོར་ན། མིའི་ཉེ་བར་ལེན་བ་བཏང་ནས་སམ་མ་བཏང་བར་འགྲོ་བ་རང་བཞིན་གྱིས་ཡོད། དང་པོ་ལྟར་ན་སྔ་ཕྱི་དེ་གཉིས་ཀྱི་བར་དུ་ཉེར་ལེན་ཕུང་པོ་ལྔའི་སྲིད་པ་མེད་པར་འགྱུར་ཏེ། ཉེ་བར་ལེན་པ་སྔ་མ་བཏང་ནས་ཕྱི་མ་མ་བླངས་པའི་སྐབས་ཡོད་པའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་ན་སྔ་ཕྱི་གཏོང་ལེན་གྱི་བྱ་བ་གཉིས་དུས་གཅིག་པ་མི་རུང་བའི་ཕྱིར་རོ། །དེ་གཉིས་ཀྱི་བར་ན་སྲིད་པ་མེད་ཅིང་ཉེ་བར་ལེན་པའི་ཕུང་པོ་མེད་ན་བདག་ཏུ་ཐ་སྙད་འདོགས་པའི་རྒྱུ་མེད་པས་གང་ཟག་དེ་ནི་གང་སྟེ་ཅི་ཡང་མེད་དོ། །དེ་མེད་ན་འབྱུང་འགྱུར་གྱི་ལྷའི་ཉེ་བར་ལེན་པ་པོའི་གང་ཟག་ཀྱང་མེད་པའི་ཕྱིར། ཅི་ཞིག་ཏུ་འཁོར་བར་འགྱུར་ཏེ་གང་དུ་འཁོར་བར་འགྱུར་བ་དེ་ཡང་མེད་དོ། །ཡང་ན་ལེན་པ་པོ་མེད་པས་འཁོར་བ་བྱ་བ་ཅི་ཞིག་བྱེད་པར་འགྱུར་ཞེས་ཅི་ཞིག་ཅེས་པ་བྱ་བ་འཁོར་བའི་ཁྱད་པར་དུ་སྦྱར་རོ། །
གལ་ཏེ་ཕྱོགས་གཉིས་པ་ལྟར་ནའང་མི་རིགས་ཏེ་སྐྱེ་བ་སྔ་མའི་སྲིད་བ་མ་བཏང་བཞིན་དུ་སྐྱེ་བ་ཕྱི་མའི་སྲིད་པ་བཟུང་བའི་ཕྱིར། བདག་གཅིག་ལྷ་དང་མིའི་བདག་གཉིས་སུ་འགྱུར་ན་དེ་ནི་འདོད་པ་ཡང་མིན་ནོ། །གལ་ཏེ་ལྷ་མིའི་སྲིད་པ་གཉིས་ཀྱི་བར་ན་ལྷའི་བར་སྲིད་ཡོད་པས་སྲིད་པ་མེད་པའི་བདག་ཡོད་པར་མི་འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ་མིའི་སྲིད་པ་ནས་ལྷའི་བར་སྲིད་དུ་འཁོར་བ་ལ་ཡང༌། སྲིད་པ་སྔ་མ་བཏང་ནས་འཁོར་མི་འཁོར་གྱི་དཔྱད་པ་སྔ་མ་དང་མཚུངས་པའི་ཕྱིར་རོ། །ཅི་སྟེ་མིའི་སྲིད་པ་གཏོང་བ་དང་ལྷའི་བར་སྲིད་ལེན་པར་བྱེད་པ་གཉིས་དུས་ཅིག་ཅར་དུ་ཡིན་པས། སྔ་མ་བཏང་བ་དང་ཕྱི་མ་བླངས་པ་གཉིས་ཀྱང་དུས་གཅིག་ཡིན་པས་ཕྱིར་དེ་གཉིས་ཀྱི་བར་སྐབས་སུ་ཉེར་ལེན་མེད་བའི་བདག་ཡོད་པའི་སྐྱོན་མེད་དེ་ཞེ་ན། ཅི་བདག་གི་ཕྱོགས་གཅིག་གིས་ཉེ་བར་ལེན་པ་སྔ་མ་གཏོང་ཞིང༌། ཕྱོགས་གཞན་གཅིག་གིས་བར་སྲིད་དུ་རྒྱུའམ། འོན་ཏེ་དེ་འདྲའི་ཆ་སོ་སོར་མེད་པར་བདག་ཉིད་ཐམས་ཅད་ཀྱིས་སྔ་མ་གཏོང་ཞིང་ཕྱི་མ་ལེན་པ་ཡིན་བརྟག་གྲང༌། དེ་ལ་དང་པོ་ལྟར་ན་ནི་དེའི་ཚེ་མིའི་སྲིད་པ་གཏོང་བ་དང་ལྷའི་བར་སྲིད་ལེན་པའི་བདག་གཉིས་ཡོད་པར་འགྱུར་རོ། །གཉིས་པ་ལྟར་ན་ཡང་དེ་གཉིས་ཀྱི་བར་དུ་སྲིད་པ་མང་པའི་བདག་ཡོད་པར་འགྱུར་རོ། །སྔ་མ་དང་ཁྱད་པར་ནི་བར་དོར་རྒྱུ་བ་ན་ཤིན་ཏུ་ཉེ་བས་དུས་ཐུང་དུ་ཞིག་ཏུ་ཉེར་ལེན་མེད་པར་འགྱུར་བ་འདི་ཙམ་ཞིག་གོ །འདིར་སྔ་ཕྱི་གཉིས་ཀྱི་སྲིད་པའི་བར་ན་ཕུང་པོ་མེད་པའི་བདག་ཡོད་
པར་ཕ་རོལ་པོས་ཁས་བླང་དགོས་པའི་རིགས་པ་ནི། འདི་གཏོང་བ་དང་ལེན་ནོ་ཞེས་ལས་ལ་བརྟེན་པའི་གཏོང་ལེན་གྱི་བྱ་བ་གཉིས་དུས་སྔ་ཕྱི་བའི་ཕུང་པོ་སོ་སོ་བའི་ཡུལ་ལ་བརྟེན་པ་ཅན་ཡིན་ལ། དེའི་ཚེ་འདིས་གཏོང་བ་དང་ལེན་ནོ་ཞེས་པའི་བྱ་བ་བྱེད་པ་པོ་ལ་བརྟེན་པ་ཡང་དངོས་པོ་གཅིག་ལ་དུས་གཅིག་ཏུ་མི་རུང་སྟེ། དེ་གཉིས་དུས་གཅིག་ན་བྱ་བའི་རྟེན་མི་དང་བར་སྲིད་ཀྱི་ཕུང་པོ་གཉིས་ཀྱང་དུས་གཅིག་ཏུ་འགྱུར་བའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་ན་བརྟེན་པ་རྟེན་ལ་དུས་ཐམས་ཅད་དུ་མི་འཁྲུལ་བའི་ཕྱིར་རོ། །དེ་ལྟར་གཏོང་ལེན་གྱི་བྱ་བ་གཉིས་དུས་སྔ་ཕྱི་བ་ཡིན་ན་སྲིད་པ་སྔ་མ་བཏང་ཟིན་པ་དང་ཕྱི་མ་བླངས་པ་གཉིས་ཀྱང་སྔ་ཕྱིར་འགྱུར་ལ། དེའི་ཕྱིར་སྔ་མ་བཏང་ཟིན་ནས་ཕྱི་མ་མ་བླངས་པའི་སྐབས་དེར་སྲིད་པ་མེད་པའི་བདག་ཡོད་པར་འགྱུར་རོ། །གཉིས་པ་ནི། གལ་ཏེ་འཁོར་བ་ནི་རང་བཞིན་གྱིས་ཡོད་དེ་འགལ་ཟླ་མྱང་འདས་རང་བཞིན་གྱིས་ཡོད་པའི་ཕྱིར་རོ་ཞེ་ན། སུ་ཞིག་མྱ་ངན་ལས་འདའ་བའི་འདའ་བ་པོ་ཡང་གཉིས་སུ་ངེས་ལ་དེ་ཡང་འདུ་བྱེད་དམ་ཕུང་པོ་མྱ་ངན་ལས་འདའ་བ་རང་བཞིན་གྱིས་ཡོད་པར་ནི་ཇི་ལྟ་བུར་ཡང་སྟེ་རྣམ་པ་གང་གིས་ཀྱང་མི་འཐད་ལ། དེར་མ་ཟད་སེམས་ཅན་ཕུང་པོ་ལས་རྫས་ཐ་དད་པ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་གང་ཟག་མྱ་ངན་ལས་འདའ་བ་རང་བཞིན་གྱིས་ཡོད་པར་ཡང་ཇི་ལྟ་བུར་ཡང་འཐད་པར་མི་འགྱུར་རོ། །དེ་དག་གི་རིགས་པ་ནི་དེ་དག་རྟག་ན་མི་འདའ་སྟེ་ཞེས་སོགས་འདོན་པ་བསྒྱུར་རོ། །དེ་ལ་ཕུང་པོའམ་གང་ཟག་ཀྱང་རུང་སྟེ་འཁོར་
མཁན་བདེན་པར་གྲུབ་པ་མ་ཁེགས་ན་དེ་རྣམས་འཁོར་བར་འཁོར་བ་བདེན་པར་གྲུབ་པ་ཡང་མི་ཁེགས་སོ། །འཁོར་མཁན་བདེན་གྲུབ་ཁགས་ན་མྱ་ངན་ལས་འདའ་མཁན་ནམ་ཐོབ་མཁན་བདེན་གྲུབ་ཀྱང་ཁེགས་སོ། །དེ་ལྟ་ན་ཐོབ་མཁན་གྱིས་ཐོབ་བྱ་ཐོབ་པ་བདེན་པ་ཁེགས་ལ་དེའི་ཕྱིར་འདི་དག་ཐོབ་བྱར་བདེན་པ་ཡང་ཁེགས་སོ། །དེས་ན་མྱང་འདས་སམ་ཆོས་སྐུ་བདེན་པར་གྲུབ་པ་ཡང་ཁེགས་དགོས་ཏེ་དེ་དག་བདེན་པར་གྲུབ་ན་ཐོབ་བྱ་བདེན་པ་བར་གྲུབ་དགོས་པས་ཁྱབ་བྱེད་ཁེགས་པའི་ཕྱིར་རོ། །རིགས་པའི་འགྲོས་འདི་རྣམས་ཤེས་བའི་གནད་ཀྱིས་འཕགས་པའི་ཡུལ་གྱི་རང་སྡེ་དངོས་པོར་སྨྲ་བས་ཀྱང་འཁོར་འདས་ལ་བདེན་པ་གྲུབ་མ་གྲུབ་ཀྱི་ཁྱད་པར་མི་འབྱེད་མོད། ཕྱོགས་འདིའི་རྒོལ་བ་རིགས་པའི་འགྲོས་མི་ཤེས་པ་རྣམས་དེ་ལ་ཁྱད་པར་འབྱེད་དོ། །དེ་ལྟར་མྱ་ངན་ལས་འདས་པ་ཡང་རང་གི་ངོ་བོ་ཉིད་ཀྱིས་ཡོད་པར་མ་གྲུབ་པ་ལ་དགོངས་ནས་བཅོམ་ལྡན་འདས་མ་ལས། ཚེ་དང་ལྡན་བ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཚེ་དང་ལྡན་པ་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་པ་ལ་སོགས་པ་ནས། རིགས་ཀྱི་བུ་གལ་ཏེ་མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་གཞན་ཞིག་ཡོད་ནའང་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་ང་སྨྲའོ་ཞེས་དང༌། ཏིང་འཛིན་རྒྱལ་པོ་ལས་ཀྱང༌། དོན་དམ་བདེན་པ་རྨི་ལམ་འདྲ་བ་དང་། །མྱ་ངན་འདས་པ་རྨི་ལམ་
མཚུངས་པར་འགྱུར། །གང་གིས་མཁས་པ་དེ་ལྟར་འཇུག་པ་ཡང༌། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། ཅེས་དང༌། འགོག་པའི་བདེན་པ་རྨི་ལམ་ཇི་བཞིན་ཏེ། །མྱ་ངན་འདས་པའང་རྨི་ལམ་རང་བཞིན་དུ། །གང་ལ་བྱང་ཆུབ་སེམས་དཔའ་ངག་འཇུག་པ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ཞེས་རང་བཞིན་མེད་པའི་དོན་ཡིད་ལ་བྱེད་ན་ཡིད་ཀྱི་སྡོམ་པ་དང་ངག་ཏུ་སྨྲ་ན་ངག་གི་སྡོམ་པའི་མཆོག་ཏུ་བཤད་དེ་སྡོམ་པ་ནི་སྤང་བྱ་སྡོམ་པ་ཡིན་ལ་དེས་སྐྱོན་ཐམས་ཅད་དྲུངས་འབྱིན་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །གཉིས་པ་ལ་གཉིས། བཅིངས་ཐར་རང་བཞིན་གྱིས་ཡོད་པ་ཐུན་མོང་དུ་དགག །སོ་སོར་དགག་པའོ། །དང་པོ་ནི། གལ་ཏེ་ཁྱོད་ཀྱིས་འཁོར་འདས་གཉིས་བཀག་མོད་ཀྱང་བཅིངས་པ་དང་ཐར་པ་རང་བཞིན་གྱིས་ཡོད་པས་དངོས་པོ་རྣམས་རང་བཞིན་གྱིས་ཡོད་དོ་ཞེ་ན། འདི་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་རྣམས་བཅིང་བྱ་རང་དབང་མེད་པར་བྱེད་པས་འཆིང་བ་དང་དེས་བཅིངས་པའི་སོ་སོ་སྐྱེ་བོ་རྣམས་ཁམས་གསུམ་ལས་མི་འདའོ་ཞེས་བྱ་བར་འཇོག་ན། ཆགས་སོགས་འཆིང་བར་བརྟགས་པའི་བཅིངས་པ་ནི་རྟག་པ་ལ། མི་རིགས་པ་སླ་བས་རེ་ཞིག་སྐྱེ་བ་དང་འཇིག་པའི་ཆོས་ཅན་འདུ་བྱེད་སྐད་ཅིག་མ་རྣམས་ལ་ནི་མི་འཆིང་བ་སྟེ་འཆིང་བ་ངོ་བོ་ཉིད་ཀྱིས་མེད་དེ་རྒྱུན་དང་སྐད་ཅིག་མ་སོ་སོ་བ་ལ་མི་འཐད་པ་སྔར་ལྟར་རོ། །དེ་རྣམས་ལ་གྲོལ་བར་འགྱུར་བ་ཡང་ངོ་བོ་ཉིད་ཀྱིས་མེད་དེ་རྒྱུ་མཚན་ནི་སྔ་མ་ལྟར་རོ། །སྔ་མ་འདུ་བྱེད་ལ་བཅིངས་ཐར་མི་འཐད་པར་བཤད་པའི་རིམ་པ་
བཞིན་དུ་སེམས་ཅན་ཡང་མི་འཆིང་ཞིང་གྲོལ་བར་མི་འགྱུར་རོ། །ཡང་ན་རྟག་མི་རྟག་མི་འཁོར་ཞིང་མི་འདའ་བར་གསུངས་པའི་རིམ་པ་བཞིན་དུའོ། །གཉིས་པ་ལ་གཉིས། བཅིངས་པ་རང་བཞིན་གྱིས་ཡོད་པ་དགག །ཐར་པ་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ནི། གལ་ཏེ་འདུ་བྱེད་དང་སེམས་ཅན་ལ་བཅིངས་ཐར་བཀག་མོད་ཀྱང་འདོད་ཆགས་ལ་སོགས་པ་ཉེ་བར་ལེན་པ་འཆིང་བར་འགྱུར་བ་ནི་ཡོད་པས་བཅིངས་པ་ཡང་རང་བཞིན་གྱིས་ཡོད་དོ་ཞེ་ན། གལ་ཏེ་ཉེ་བར་ལེན་པ་འཆིང་བྱེད་དུ་ངོ་བོ་ཉིད་ཀྱིས་ཡོད་ན་གཉིས་ལས་མི་འདའ་ལ། དེ་ཡང་ཉེ་བར་ལེན་པ་ཆགས་སོགས་ཀྱི་འཆིང་བ་དང་བཅས་པ་ལ་ནི་འཆིང་མི་འགྱུར་ཞེས་པ་འཆིང་བ་རང་བཞིན་གྱིས་མེད་དེ། ཡོད་ན་དེ་ལ་སླར་ཡང་འཆིང་བྱེད་དོན་གཞན་ཡོད་དགོས་ན་སླར་ཡང་འཆིང་བ་ནི་དོན་མེད་པའི་ཕྱིར་རོ། །བཅིང་བྱ་དང་འཆིང་བྱེད་རང་བཞིན་གྱིས་གྲུབ་ན་འདི་བཅིངས་ཞེས་པའི་འཆིང་བའི་བྱ་བ་དང་འདིས་བཅིངས་ཞེས་པའི་འཆིང་བའི་བྱ་བ་གཉིས་རྫས་གཞན་དུ་བྱ་དགོས་པས། བཅིངས་ཟིན་སླར་ཡང་འཆིང་དགོས་ཏེ་རབ་བྱེད་བརྒྱད་པར་བཤད་པའི་རིགས་པ་དང་འདྲའོ། །ཉེ་བར་ལེན་པ་མེད་པ་ཡང་མི་འཆིང་སྟེ་འཆིང་བ་དང་བྲལ་བའི་ཕྱིར་དེ་བཞིན་གཤེགས་པ་བཞིན་ནོ། །དེ་ལྟར་ན་གནས་སྐབས་གང་ཞིག་ཏུ་གྱུར་བ་ཞིག་འཆིང་བར་འགྱུར་ཏེ་མི་འགྱུར་རོ། །གཞན་ཡང་ལྕགས་སྒྲོག་ལ་སོགས་པ་འཆིང་བྱེད་སྔར་ཡོད་པས་བཅིང་བྱ་འཆིང་བ་བཞིན་དུ་གལ་ཏེ་བཅིང་བྱའི་སྔ་རོལ་ན་
འཆིང་བ་ཆགས་སོགས་གྲུབ་ན། དེས་འདུ་བྱེད་དམ་གང་ཟག་འཆིང་ལ་རག་ན་དེ་ཡང་མེད་དེ་རྟེན་མེད་པས་ཆགས་སོགས་མ་གྲུབ་པའི་ཕྱིར་དང་སྔར་འཆིང་བ་གྲུབ་ན་ཕྱིས་འཆིང་བྱ་དང་འབྲེལ་མི་དགོས་པའི་ཕྱིར་དང༌། འཆིང་བྱེད་ལས་ངོ་བོ་ཉིད་ཀྱིས་ཐ་དད་པར་གྲུབ་པའི་བཅིང་བྱ་ལ་སླར་ཡང་འཆིང་བ་དགོས་པ་མེད་པའི་ཕྱིར་རོ། །འདིའི་སུན་འབྱིན་ལྷག་མ་ནི་སོང་བ་དང་མ་སོང་བ་དང་བགོམ་པ་བཀག་པའི་འདོན་པ་བསྒྱུར་བས་བསྟན་ནོ། །དེ་ཡང་རེ་ཞིག་བཅིངས་པ་མི་འཆིང་སྟེ། ཞེས་སོགས་སྦྱར་རོ། །གཉིས་པ་ནི། གལ་ཏེ་ཁྱོད་ཀྱིས་འཆིང་བ་བཀག་མོད་ཀྱང་ཐར་བ་ནི་ཡོད་ལ་མ་བཅིངས་པ་ལ་ཐར་བ་མེད་པས་བཅིངས་པ་ཡང་ཡོད་དོ་ཞེ་ན། གྲོལ་བ་རང་བཞིན་གྱིས་ཡོད་ན་གང་ལ་ཡོད་རེ་ཞིག་བཅིངས་པ་ལ་ནི་མི་གྲོལ་བ་སྟེ་གྲོལ་བ་རང་བཞིན་གྱིས་མེད་དེ། བཅིངས་པའི་ཕྱིར་རོ། །ཅི་སྟེ་སྔར་བཅིངས་པ་ལམ་བསྒོམས་པའི་ཐབས་ལ་བརྟེན་ནས་ཕྱིས་ཐར་བར་འགྱུར་བའི་ཕྱིར་བཅིངས་པ་ཉིད་ལ་གྲོལ་བ་རང་བཞིན་གྱིས་ཡོད་དོ་ཞེ་ན། འོ་ན་ནི་བཅིངས་པ་གྲོལ་བ་མ་ཡིན་གྱི་བཅིངས་པ་གྲོལ་བར་འགྱུར་རོ་ཞེས་པ་ཙམ་དུ་འགྱུར་རོ། །གལ་ཏེ་དུས་སྔ་ལོགས་སུ་བཅིངས་པ་དེ་ཕྱི་དུས་སུ་གྲོལ་བའི་དུས་ད་ལྟ་བ་དང་ཉེ་བས་དེ་སྐད་དུ་བརྗོད་དོ་སྙམ་ན། ཐར་པ་རང་གི་ངོ་བོས་ཡོད་ན་དེ་དང་ཉེ་བ་ཡོད་དུ་ཆུག་ནའང༌། བཅིངས་པ་བཀག་ནས་ཐར་པ་རང་གི་ངོ་བོས་མེད་པར་བསྟན་པར་འདོད་པ་དེའི་ཚེ་ཐར་པ་རང་གི་ངོ་བོས་ཡོད་པའི་དུས་ད་ལྟ་བ་དང་ཉེ་བ་མེད་དོ། །དེར་མ་ཟད་ཉོན་མོངས་
ཀྱིས་མ་བཅིངས་པའི་གང་ཟག་ལ་ཡང་གྲོལ་བ་ངོ་བོ་ཉིད་ཀྱིས་ཡོད་པར་མི་འགྱུར་ཏེ། དེ་ནི་གྲོལ་བ་ཉིད་ཡིན་ན་དེ་སླར་ཡང་ཐར་ཅི་དགོས་ཏེ་སླར་ཡང་ཐར་པ་ལ་ལྟོས་པའི་ཕྱིར། དགྲ་བཅོམ་པ་གྲོལ་ཟིན་པ་ལ་ཡང་འཆིང་བ་ཡོད་པས་བཅིངས་པར་འགྱུར་རོ། །རིགས་པ་འདི་ཇི་ལྟར་སྙམ་ན་གྲོལ་བ་པོ་དང་ཐར་པ་མྱང་འདས་གཉིས་ཀ་འཁོར་བ་ལས་གྲོལ་བར་གཞག་དགོས་ལ་དེ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་ན་གྲོལ་བའི་བྱ་བ་གཅིག་གིས་འཇོག་མི་ནུས་པས་སོ་སོར་དགོས་ན། དེའི་ཚེ་གྲོལ་བའི་བྱ་བ་གང་དང་ལྡན་པས་གྲོལ་བ་པོར་བཞག་པ་ལས་གཞན་པའི་བྱ་བ་གཉིས་པ་མེད་པས་གྲོལ་བ་པོ་གྲོལ་ཞེས་པ་མི་འཐད་ལ། བྱ་བ་གཉིས་པ་ཡོད་ན་གྲོལ་ཟིན་ནས་སླར་ཡང་གྲོལ་བ་ལ་ལྟོས་པས་དགྲ་བཅོམ་པ་ལ་ཡང་སླར་ཡང་གྲོལ་བ་དགོས་པར་འགྱུར་རོ། །ཅི་སྟེ་མ་བཅིངས་པ་ལ་ཐར་བ་མེད་པས་བཅིངས་པ་གྲོལ་བར་འགྱུར་རོ་སྙམ་ན། བཅིངས་པ་གྲོལ་བཞིན་པ་ཡིན་པར་ངོ་བོ་ཉིད་ཀྱིས་གྲུབ་ན་བཅིངས་པ་དང་གྲོལ་བཞིན་པ་གཞི་མཐུན་ཡིན་པའི་ཕྱིར་བཅིངས་པ་དང་གྲོལ་བ་དུས་གཅིག་ཏུ་འགྱུར་ན་དེ་ནི་མི་སྲིད་དེ་སྣང་མུན་བཞིན་ནོ། །འདི་ནི་སྔར་སྐྱེ་བཞིན་པ་རང་གི་ངོ་བོ་ཉིད་ཀྱིས་ཡོད་ན་དུས་དེར་སྐྱེ་རྒྱུ་ཡོད་པར་བཤད་པ་དང་འདྲའོ། །གསུམ་པ་ནི། གལ་ཏེ་འཁོར་འདས་དང་བཅིངས་ཐར་ཡང་ངོ་བོ་ཉིད་ཀྱིས་མེད་ན་ཐར་འདོད་རྣམས་ཀྱིས་བདག་ནམ་ཞིག་ན་ལེན་པ་མེད་པར་མྱ་ངན་ལས་འདས་ལ་མྱང་འདས་དེ་ནི་བདག་གི་བར་ནམ་ཞིག་ན་འགྱུར་སྙམ་པ་དེ་དོན་མེད་དུ་འགྱུར་ཞིང༌། དེ་རྣམས་ཀྱིས་སྦྱིན་པ་
དང་ཚུལ་ཁྲིམས་དང་ཐོས་བསམ་བསྒོམ་པ་ལ་སོགས་པའི་རིམ་པ་མྱང་འདས་འཐོབ་པའི་དགོས་པ་ཅན་རྣམས་ཀྱང་དོན་མེད་པར་འགྱུར་རོ་ཞེ་ན། དངོས་པོ་ཐམས་ཅད་གཟུགས་བརྙན་བཞིན་དུ་རང་བཞིན་མེད་ཅིང་བདག་དང་བདག་གི་བ་ངོ་བོ་ཉིད་ཀྱིས་ཡོད་པས་སྟོང་པ་ལ་ང་དང་ང་ཡི་བ་ངོ་བོ་ཉིད་ཀྱིས་ཡོད་པར་ལྟ་བ་བསྐྱེད་ནས་བདག་ནི་ཡང་སྲིད་ལེན་པ་མེད་པར་མྱ་ངན་ལས་འདའོ། །མྱང་འདས་ནི་བདག་གི་བར་འགྱུར་རོ་ཞེས་དེ་ལྟར་ཐར་པ་འདོད་པ་གང་དག་འཛིན་པར་འགྱུར་བ་དེ་ཡི་འཛིན་པ་དེ་ནི་ཉེར་ལེན་ཏེ་འཇིག་ཚོགས་ལ་ལྟ་བ་ཆེན་པོ་ཡིན་ནོ། །དེ་འདྲ་བའི་འཛིན་པ་མ་དོར་བ་དེ་སྲིད་དུ་ཐར་པའི་ཕྱིར་དུ་རྩོམ་པ་རྣམས་དོན་མེད་པར་འགྱུར་རོ། །མྱང་འདས་ལ་དམིགས་ནས་དེ་ལྟར་རྟོག་པ་ཐམས་ཅད་འཇིག་ལྟ་མིན་གྱི་ངོ་བོས་ཡོད་པའི་ངས་ནམ་མྱང་འདས་འཐོབ་སྙམ་པ་དང༌། དེ་འདྲ་བའི་ང་དེའི་བདག་གི་བར་མྱང་འདས་ནམ་ཞིག་ན་འགྱུར་སྙམ་དུ་འཛིན་ན་དེ་འཇིག་ལྟ་ཡིན་པས་དེ་ཉིད་ཀྱིས་མྱང་འདས་འཐོབ་པ་ལ་གེགས་བྱེད་པར་གསུངས་ཏེ། འཁོར་བ་ལས་གྲོལ་བར་འདོད་པས་དེ་སྤང་དགོས་པར་གསུངས་པས་གང་ཟག་དང་ཆོས་རང་བཞིན་མེད་པ་རྟོགས་པ་ཉན་རང་ལ་ཡང་ཡོད་པར་བསྟན་ནོ། །དེའི་ཕྱིར་ཐར་འདོད་རྣམས་ཀྱིས་སྔར་བཤད་པ་དེ་ཐམས་ཅད་གཏང་བར་བྱ་སྟེ་གང་གི་ཕྱིར་དོན་དམ་པ་གང་ལ་མྱ་ངན་ལས་འདས་པ་བསྐྱེད་པ་སྟེ་སྒྲོ་བཏགས་པ་མེད་ཅིང༌། འཁོར་བ་བསལ་བ་སྟེ་ཟད་པ་ཡང་ཡོད་པ་མིན་པ་དེ་ལ་གང་ཞིག་ཟད་པར་བྱ་བའི་ཕྱིར་བརྟགས་པ་འཁོར་བ་ངོ་བོ་ཉིད་ཀྱིས་གྲུབ་པ་ཅི་ཞིག་ཡིན་ལ། གང་ཐོབ་པར་བྱ་བའི་ཕྱིར་བརྟགས་པ་མྱ་ངན་
ལས་འདས་པའང་ངོ་བོ་ཉིད་ཀྱིས་གྲུབ་པ་ཅི་ཞིག་ཡིན་པར་བརྟག །ཡང་ན་འཁོར་འདས་གང་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་མ་དམིགས་པའི་ཕྱིར་སེམས་ཅན་འགའ་ཡང་མྱང་འདས་གང་དུ་འཁོར་བ་ནས་བསལ་བ་སྟེ་བཀྲི་བ་དང༌། མྱ་ངན་ལས་འདས་པར་བསྐྱེད་པ་འབད་པས་ཀྱང་བྱ་བར་མི་ནུས་པ་དེ་ལ་མྱང་འདས་ཅི་ཞིག་བརྟག་སྟེ་བརྟག་པར་མི་རིགས་སོ། །དེ་ལྟར་རྟོགས་ནས་དེར་མི་རྟོག་པ་ནི་ངེས་པར་འཁོར་བའི་འབྲོག་དགོན་པ་ལས་འདའ་ཞིང་ཐར་པའི་གྲོང་ཁྱེར་དུ་ཕྱིན་པར་འགྱུར་རོ། །གཉིས་པ་ནི། དེ་ལྟར་འཁོར་འདས་དང་བཅིངས་ཐར་རང་བཞིན་མེད་པར་རིགས་པས་བསྟན་པ་དེ་ཉིད་ཟབ་མོའི་ལུང་དང་ཡང་ལྡན་པར་བསྟན་པ་དང༌། གཟུགས་མ་བཅིངས་མ་གྲོལ་ཞེས་སོགས་གསུངས་པ་ཐམས་ཅད་རབ་བྱེད་འདིས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྨོས་ན། བདུད་བཏུལ་བའི་མདོ་ལས། དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་བས་ཇི་ལྟར་བདུད་སྡིག་ཅན་སྒོ་མོའི་ཐེམ་པའི་འཆིང་བས་བཅིངས་པ་ལྟར་ས་སྟེང་དུ་འགྱེལ་ནས། ང་ནི་འཆིང་བ་དམ་པོས་བཅིངས་སོ་ང་ནི་འཆིང་བ་དམ་པོས་བཅིངས་སོ་ཞེས་ངུ་ཞིང་ཆོ་ངེས་འདེབས་པར་གྱུར་བ་དེ་ལྟ་བུའི་གཟུགས་སུ་བསམས་སོ། །འཇམ་དཔལ་གྱིས་སྨྲས་པ། སྡིག་ཅན་གང་གིས་ཁྱོད་རྟག་ཏུ་བཅིངས་ཤིང་གཟོད་བཅིངས་པ་མ་ཡིན་པ་འཆིང་བ་ཆེས་དམ་པ་འཆིང་བ་འདི་ལས་གཞན་པ་ཞིག་ཡོད་དེ། དེ་གང་ཞེ་ན། འདི་ལྟ་སྟེ། ང་རྒྱལ་ཕྱིན་ཅི་ལོག་གི་འཆིང་བ་དང་སྲེད་པ་དང་
ལྟ་བའི་འཆིང་བ་སྟེ་སྡིག་ཅན་འདི་ནི་འཆིང་བ་ཡིན་གྱི་འཆིང་བ་འདི་ལས་གཞན་པ་འཆིང་བ་ཆེས་དམ་པོར་གྱུར་པ་ནི་ཡོད་པ་མ་ཡིན་ནོ། །ཁྱོད་ནི་དེས་རྟག་ཏུ་བཅིངས་པ་ཡིན་གྱི་གཟོད་བཅིངས་པ་ནི་མ་ཡིན་ནོ། །གཞན་ཡང་སྡིག་ཅན་ཅི་ཁྱོད་གལ་ཏེ་སླར་བཀྲོལ་ན་དགའ་བར་འགྱུར་རམ། སྨྲས་པ་དགའ་བར་འགྱུར་རོ། །དེ་ནས་ལྷའི་བུ་རབ་མཐའ་བྲལ་ཞིག་གིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བདུད་སྡིག་ཅན་ཐོངས་ཤིག་རང་གི་གནས་སུ་དོང་ལ་རག་གོ །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བདུད་སྡིག་ཏོ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་གང་ཞིག་བཏང་བ་ཁྱོད་སུས་བཅིངས། སྨྲས་པ། འཇམ་དཔལ་སུས་བཅིངས་པ་མི་ཤེས་སོ། །སྨྲས་པ་སྡིག་ཅན་ཇི་ལྟར་ཁྱོད་མ་བཅིངས་པ་ལས་བཅིངས་པར་འདུ་ཤེས་པ་དེ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་གཙང་བ་ལ་གཙང་བར་འདུ་ཤེས་པ་གཟུགས་མེད་པ་ལ་གཟུགས་སུ་འདུ་ཤེས་པ་ཚོར་བ་དག་མེད་པ་དང་འདུ་ཤེས་དག་མེད་པ་དང་འདུ་བྱེད་དག་མེད་པ་དང་རྣམ་པར་ཤེས་པ་མེད་པ་ལ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པར་འདུ་ཤེས་པ་ཡིན་ནོ། །གཞན་ཡང་སྡིག་ཅན་གང་ཁྱོད་གྲོལ་བར་འགྱུར་ན་གང་ལས་གྲོལ་བར་འགྱུར། སྨྲས་པ་བདག་གང་ལས་ཀྱང་གྲོལ་བར་མི་འགྱུར་རོ། །སྨྲས་པ་སྡིག་ཅན་དེ་བཞིན་དུ་གང་དག་གྲོལ་བར་འགྱུར་བ་དེ་དག་ཀྱང་ཡང་དག་པ་
མ་ཡིན་པའི་འདུ་ཤེས་གང་ཡིན་པ་དེ་ཡོངས་སུ་ཤེས་པ་མ་གཏོགས་པར་གང་ལས་ཀྱང་གྲོལ་བར་འགྱུར་བ་མེད་དོ་དེ་ཡོངས་སུ་ཤེས་ནས་གྲོལ་བ་ཞེས་བྱའོ། །ཞེས་གསུངས་ཏེ་ལུང་འདི་ལས་ན་རྨི་ལམ་གྱི་མེ་འབར་བ་ཆུས་བསད་པ་བཞིན་དུ་ཕྱིན་ཅི་ལོག་གི་རྟོག་པའི་འཁྲི་ཤིང་རྣམ་པར་ཆད་པ་ཙམ་ལ་ཐར་པ་ཞེས་བྱའོ། །གསུམ་པ་ནི། འཁོར་བར་འཁོར་བ་དང་མྱ་ངན་ལས་འདས་པ་དང་ཉོན་མོངས་པས་བཅིངས་པ་དང་དེ་བཅད་པའི་གྲོལ་བ་རྣམས་རང་གི་ངོ་བོ་ཉིད་ཀྱིས་ཡོད་ན་གང་ཡང་མི་རུང་བར་རྟོགས་ནས་དེ་དག་ལ་བདེན་པར་མི་འཛིན་པ་དང༌། མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ལ་དེ་དག་ཐམས་ཅད་ཤིན་ཏུ་འཐད་པའི་རྟེན་འབྲེལ་ཟབ་མོའི་ངེས་པ་བརྟན་པར་བྱའོ། །བཅིངས་པ་དང་ཐར་བ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུའི་བདག་ཉིད་རབ་ཏུ་བྱེད་པ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། །།གཉིས་པ་བཅིངས་ཐར་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ལ་གཉིས། རྩོད་པ། ལན་ནོ། །དང་པོ་ནི། སྔར་དངོས་པོ་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དུ་འཁོར་བ་རང་བཞིན་གྱིས་ཡོད་པར་སྨྲ་བ་བཀག་པ་ལ་འཁོར་བ་ནི་རང་བཞིན་གྱིས་ཡོད་དེ་ལས་འབྲས་ཀྱི་འབྲེལ་པའི་རྟེན་ཡིན་པའི་ཕྱིར་རོ། །འདི་ལྟར་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྒོ་ནས་འདུ་བྱེད་དམ་སེམས་ཅན་རང་
བཞིན་གྱིས་ཡོད་པ་འཁོར་ན་ནི་འདིར་བྱས་པའི་ལས་ཀྱི་འབྲས་བུ་ཚེ་རབས་གཞན་དུ་འབྱུང་བས་ལས་རྣམས་འབྲས་བུ་དང་འབྲེལ་བར་འགྱུར་ལ། དེ་འདྲ་བའི་འཁོར་བ་མེད་ན་ནི་སེམས་ནི་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་དང་ལས་འཕེན་པའི་དུས་ན་རྣམ་སྨིན་མེད་པས་ལས་དང་འབྲས་བུ་འབྲེལ་བ་མེད་པ་ཁོ་ནར་འགྱུར་རོ། །དེས་ན་ལས་འབྲས་ཀྱི་འབྲེལ་པའི་རྟེན་ཡིན་པའི་ཕྱིར་འཁོར་བ་རང་བཞིན་གྱིས་ཡོད་དོ། །ལས་དང་འབྲས་བུ་ཡང་གང་ཡིན་ཞེ་ན་འདི་ལ་གཉིས། དགེ་མི་དགེའི་རྣམ་གཞག་དང༌། དེ་ལ་རྟག་ཆད་སྤོང་ཚུལ་ལོ། །དང་པོ་ལ་གཉིས། སེམས་ཀྱི་དགེ་མི་དགེའི་རྣམ་གཞག་དང༌། ལས་ཀྱི་རབ་ཏུ་དབྱེ་བའི་རྣམ་གཞག་གོ །དང་པོ་ནི། བདག་ཏུ་ང་རྒྱལ་བ་འདི་ལ་བཞག་པས་ན་བདག་སྟེ་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་གོ །དེ་ཉིད་ཆགས་སོགས་ཀྱི་དབང་གིས་སྲོག་གཅོད་པ་སོགས་ལ་འཇུག་པ་ཟློག་པར་བྱེད་པས་ལེགས་པར་སྡོམ་ཞིང་ཉེ་བར་གསོག་ལ་ལས་ཀྱི་རྣམ་སྨིན་འབྱིན་པར་ནུས་པ་ལ་ངེས་པར་བྱེད་པས་སེམས་དང༌། དེ་ཡང་ངན་འགྲོར་འགྲོ་བ་ལས་འཛིན་པས་ཆོས་ཞེས་བྱའོ། །དེ་ཙམ་དུ་ཟད་དམ་སྙམ་ན་མ་ཡིན་ཏེ་སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པ་སྟེ་བསྡུ་བ་བཞི་དང་འཇིགས་པ་ལས་སྐྱོབ་པ་སོགས་ལ་ཞུགས་པ་གཞན་ལ་ཕན་འདོགས་པའི་སེམས་གང་ཡིན་པ་དེ་དང༌། བྱམས་བའི་སེམས་ནི་མཛའ་བཤེས་ལ་དམིགས་ནས་འབྱུང་བའི་སེམས་སམ་ཡང་ན་བདག་ཉིད་ལ་ཕན་འདོགས་པའི་སེམས་གང་ཡིན་པ་དེ་ཡང་ཆོས་ཡིན་ནོ། །ཆོས་ཀྱི་སྒྲ་ནི་
གསུང་རབ་ལས་གསུམ་ལ་བཤད་དེ་ཟག་བཅས་ཟག་མེད་ཀྱི་ཆོས་ཐམས་ཅད་ནི་རང་གི་མཚན་ཉིད་འཛིན་པའི་དོན་དང༌། དགེ་བ་བཅུ་ལ་སོགས་པ་ནི་ངན་འགྲོར་འགྲོ་བ་ལས་འཛིན་པའི་དོན་དང༌། ཆོས་ལ་སྐྱབས་སུ་མཆི་ཞེས་པ་དེར་ནི་མྱ་ངན་ལས་འདས་པས་འགྲོ་བ་ལྔའི་འཁོར་བར་འགྲོ་བ་ལས་འཛིན་པའི་དོན་གྱིས་ཆོས་ཞེས་གསུངས་སོ། །དེ་གསུམ་ལས་བཟློག་པ་སྲོག་གཅོད་སོགས་ལ་འཇུག་པ་མི་སྡོམ་པ་དང་གཞན་ལ་གནོད་པ་དང་ཀུན་ནས་མནར་སེམས་པའི་སེམས་ནི་ཆོས་མ་ཡིན་པར་ཤེས་པར་བྱའོ། །ཇི་ལྟར་ས་ལུའི་ས་བོན་ནི་ས་ལུའི་མྱུ་གུའི་རྒྱུ་ཐུན་མོང་མ་ཡིན་པ་དང་ས་ལ་སོགས་པ་ནི་ཐུན་མོང་བའི་རྒྱུ་ཡིན་པ་དེ་བཞིན་དུ། སེམས་གསུམ་པོ་དེ་ནི་རྣམ་སྨིན་ཡིད་དུ་འོང་པའི་འབྲས་བུ་དག་གི་ས་བོན་ཡིན་ཏེ་སྐྱེས་བུའི་བྱེད་པ་ལ་སོགས་པ་ནི་ཐུན་མོང་བའི་རྒྱུ་ཙམ་དུ་ཟད་དོ། །དུས་ནམ་གྱི་ཚེ་སྙམ་ན། མཐོང་བའི་སྐྱེ་བ་འདི་དང་མ་མཐོང་བའི་སྐྱེ་བ་གཞན་དུའོ། །མི་དགེ་བ་ལ་ཡང་དེ་ལྟར་རོ། །གཉིས་པ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། དོན་དམ་པ་ཐུགས་སུ་ཆུད་པས་དྲང་སྲོང་ཉན་རང་དང་བྱང་སེམས་ལས་མཆོག་ཏུ་གྱུར་པ་དག་གིས་ལས་རྣམས་ནི་རྣམ་པ་གཉིས་ཏེ་སེམས་པའི་ལས་དང་བསམས་པའི་ལས་སོ་ཞེས་གསུངས་སོ། །ལས་གཉིས་པོ་དེ་དག་གི་བྱེ་བྲག་སྟེ་རྣམ་པར་དབྱེ་བ་ནི་རྣམ་པ་དུ་མར་ཡོངས་སུ་བསྒྲགས་པ་སྟེ་བཤད་དོ། །གཉིས་པ་ལ་གཉིས། ལས་གཉིས་ལ་ལས་གསུམ་དུ་
དབྱེ་བ་དང༌། ལས་གསུམ་ལ་ལས་བདུན་དུ་དབྱེ་བའོ། །དང་པོ་ནི། ལས་གཉིས་གསུངས་པ་དེ་ལ་སྟེ་དེའི་ནང་ནས་སེམས་པའི་ལས་ཞེས་སྔར་གང་གསུངས་པ་དེ་ནི་ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་སེམས་པ་ཁོ་ན་ཡིན་ཏེ། ཡིད་ཀྱིར་འདོད་པ་སྟེ་ཡིད་ལ་ཡོད་པའི་ཕྱིར་དང་ཡིད་ཀྱི་སྒོ་ནས་དེ་མཐར་ཐུག་པར་འགྲོ་ཞིང་ལུས་དང་ངག་འཇུག་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །བསམས་པའི་ལས་ཞེས་གང་གསུངས་པ་དེ་ནི་ལུས་དང་ངག་གི་ཡིན་པར་རིག་པར་བྱ་སྟེ་ལུས་དང་ངག་གི་སྒོ་ནས་དེ་ལྟར་འཇུག་པར་བྱའོ་སྙམ་དུ་སེམས་ཀྱིས་བསམས་ནས་བྱེད་པའི་ཕྱིར་རོ། །དེ་གཉིས་ཀྱང་ལུས་དང་ངག་གིར་འདོད་པ་སྟེ་ལུས་དང་ངག་ལ་ཡོད་པའི་ཕྱིར་དང་དེ་གཉིས་ཀྱི་སྒོ་ནས་རྫོགས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། དགེ་མི་དགེའི་ངག་ཡི་གེ་གསལ་པོར་བརྗོད་པ་དང་དགེ་མི་དགེའི་ལུས་ཀྱི་བསྒུལ་བསྐྱོད་གཉིས་དང་རིགས་བྱེད་ཀྱི་དབྱེ་བ་གཉིས་ཡོད་པ་དེ་བཞིན་དུ་རིག་བྱེད་ལས་གཞན་པ་རྣམ་པར་རིག་བྱེད་མ་ཡིན་པ་དག་ཀྱང་དགེ་མི་དགེ་གཉིས་སུ་འདོད་པ་དང༌། ཡོངས་སུ་བཏང་བའི་དངོས་པོ་དགེ་འདུན་ལ་སོགས་པ་རྣམས་ཀྱིས་ལོངས་སྤྱད་པ་ལས་དེའི་རྗེས་སུ་སྦྱིན་བ་པོའི་རྒྱུད་ལ་བྱུང་བའི་བསོད་ནམས་དགེ་བ་འཕེལ་བ་དང༌། དགེ་བ་སྐྱེ་བའི་ཚུལ་དེ་བཞིན་དུ་སྲོག་ཆགས་གསོད་པའི་ལྷ་ཁང་བརྩིགས་པར་སྲོག་ཆགས་བསད་ཅིང་ལྷ་ཁང་ལ་སོགས་པ་དེར་ལོངས་སྤྱད་པ་ལས་དེའི་རྗེས་སུ་བྱེད་པ་པོ་རྣམས་ཀྱི་རྒྱུད་ལ་བྱུང་བའི་བསོད་ནམས་མ་ཡིན་པ་སྡིག་པ་སྐྱེ་བར་འགྱུར་བ་དང༌། ཡིད་
ཀྱི་ལས་དགེ་མི་དགེ་ལ་མངོན་བར་འདུ་བྱེད་པའི་སེམས་པ་དང་ཆོས་དེ་བདུན་ནི་ལས་སུ་མངོན་པར་འདོད་པ་ཡིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་མི་དགེ་བ་ནི་མི་སྤོང་བའི་རྣམ་པར་རིག་བྱེད་མིན་པ་ཞེས་བྱ་བ་གང་ཡིན་པ་སྟེ། དེང་ནས་བཟུང་ནས་སེམས་ཅན་བསད་ཅིང་ཆོམ་རྐུན་བྱས་ལ་འཚོ་བར་བྱའོ་ཞེས་ཁས་བླངས་པ་དང་ཉ་བ་ལ་སོགས་པ་རྒྱའི་ལས་བྱེད་པ་ནས་བཟུང་སྟེ་བྱ་བ་དེ་དག་དངོས་སུ་མི་བྱེད་པའི་དུས་སུའང་རྒྱུན་མི་འཆད་པར་མི་དགེ་བའི་རིག་མིན་སྐྱེ་བའོ། །དེ་ཡང་མཛོད་ལས། སྡོམ་པ་མིན་བ་བྱ་བའམ། །ཁས་ལེན་པ་ལས་ཐོབ་པར་འགྱུར། །ཞེས་སྡོམ་མིན་ཐོབ་ཚུལ་གཉིས་གསུངས་པའི་དང་པོ་ནི་ཉ་པ་ལ་སོགས་པའི་རིགས་སུ་སྐྱེས་པ་རྣམས་ནི་གསོད་པའི་སྦྱོར་བ་བྱས་པ་དང༌། ཕྱི་མ་ནི་གཞན་གྱི་རིགས་སུ་སྐྱེས་པ་རྣམས་ནི་བདག་ཅག་ཀྱང་འཚོ་བ་འདིས་འཚོ་བར་བྱའོ་ཞེས་ཁས་བླངས་པ་ལས་འཐོབ་པར་རང་འགྲེལ་ལས་བཤད་དོ། །འདི་ཡང་རིག་མིན་གྱི་སྡོམ་མིན་འཐོབ་ཚུལ་ཡིན་གྱི་རིག་མིན་གྱི་མི་དགེ་བ་ཙམ་ལ་མིན་ནོ། །དགེ་བའི་རིག་བྱེད་མ་ཡིན་པ་ནི་སྤོང་བའི་རྣམ་པར་རིག་བྱེད་མིན་པ་སྟེ་དེང་ནས་བཟུང་སྟེ་སྲོག་གཅོད་པ་སོགས་སྤོང་ངོ་ཞེས་ལུས་ངག་གི་རིག་བྱེད་རྫོགས་པའི་དུས་ནས་བཟུང་སྟེ། དུས་ཕྱིས་མྱོས་པ་ལ་སོགས་པའི་སྐབས་སུ་ཡང་དགེ་བའི་རིག་མིན་སྐྱེ་བའོ། །འདི་ཡང་སྡོམ་པ་དང་པར་མའི་རིག་མིན་འགའ་ཞིག་གི་སྐྱེ་ཚུལ་ཡིན་གྱི་དགེ་བའི་རིག་མིན་ཐམས་ཅད་ལ་མིན་ནོ། །གཟུགས་
དང་བྱ་བའི་རང་བཞིན་ཡིན་ཀྱང་རིག་བྱེད་བཞིན་དུ་ཀུན་སློང་གཞན་ལ་རིག་པར་མི་བྱེད་པས་རིག་བྱེད་མ་ཡིན་པའོ། །གཉིས་པ་ལ་གཉིས། རྩོད་པ་དགོད་པ་དང༌། དེ་སྤོང་བའི་ཚུལ་ལོ། །དང་པོ་ནི། འདི་ལ་ཁ་ཅིག་རྒོལ་ཏེ་གལ་ཏེ་ལས་མང་པོ་ཞིག་བཤད་པ་དེ་ལ་ལས་དེ་རྣམ་སྨིན་ཕྱུང་བའི་དུས་ཀྱི་བར་དུ་མི་འཇིག་པར་གནས་ན་རྟག་པར་འགྱུར་ཏེ། དེའི་བར་དུ་འཇིག་པ་དང༌། བྲལ་བའི་ཕྱིར་དང་སྔར་མི་འཇིག་པ་ཕྱིས་ཀྱང་མི་འཇིག་པས་འདུས་མ་བྱས་སུ་འགྱུར་བའི་ཕྱིར་དང་འདུས་མ་བྱས་ཀྱིས་རྣམ་སྨིན་མི་འབྱིན་བའི་ཕྱིར་རོ། །གལ་ཏེ་ལས་རྣམས་སྐྱེས་མ་ཐག་ཏུ་འགགས་ན་ཇི་ལྟར་ན་འབྲས་བུ་སྐྱེད་པར་འགྱུར་ཞེས་པ་མི་འགྱུར་ཏེ་འགགས་པར་གྱུར་པ་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན།གཉིས་པ་ལ་གཉིས། རྒྱུན་ཁས་བླངས་ནས་རྟག་ཆད་སྤོང་བ་དང༌། ཆུད་མི་ཟ་བ་ཁས་བླངས་ནས་རྟག་ཆད་སྤོང་བའོ། །དང་པོ་ལ་གཉིས། རྟག་ཆད་སྤོང་ཚུལ་དངོས་དང༌། ལས་ལམ་བཅུ་འབྲས་བུ་དང་བཅས་པ་ངོས་གཟུང་བའོ། །དང་པོ་ལ་གཉིས། དཔེ་དགོད་པ། དོན་ལ་སྦྱར་བའོ། །དང་པོ་ནི། དེ་ལྟར་བརྟག་པ་གཉིས་བྱས་པའི་དང་པོ་ནི་ཁས་མི་ལེན་ལ། བརྟག་པ་གཉིས་པ་ལྟར་འདོད་ཀྱང་སྐྱོན་མེད་དོ། །ས་བོན་སྐད་ཅིག་མ་ཡིན་ཀྱང་མྱུ་གུ་དང་ལ་སོགས་པའི་སྒྲས་བསྡུས་པ་སྡོང་བུ་དང་སྦུབས་འཆས་པ་དང་ལོ་མ་ལ་སོགས་པ་འབྲས་བུའི་རྒྱུན་གང་ཡིན་པ་རྣམས་ནི་ས་བོན་ལས་མངོན་པར་འབྱུང་བ་སྟེ་ས་བོན་དེ་རྣམས་ཀྱི་རྒྱུར་གྱུར་ནས་འགག་གོ །འབྲས་བུའི་རྒྱུན་དེ་ལས་ནི་མཐའི་འབྲས་བུའི་ཚོགས་རྒྱ་ཆེན་པོ་སྐྱེའོ། །ས་བོན་དེ་སྔོན་དུ་སོང་བ་
མེད་ན་མྱུ་གུ་ལ་སོགས་པའི་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་ས་བོན་ལས་མྱུ་གུ་ལ་སོགས་པའི་རྒྱུན་དང་རྒྱུན་ལས་མཐའི་འབྲས་བུ་འབྱུང་བར་འགྱུར་ཞིང༌། ས་བོན་འབྲས་བུའི་སྔོན་དུ་འགྲོ་བ་དེའི་ཕྱིར་འབྲས་བུའི་རྒྱུན་མི་འབྱུང་བའི་ཆད་པ་དང་འབྲས་བུ་ཕྱུང་གི་བར་དུ་མི་འཇིག་པར་གནས་པའི་རྟག་པ་མ་ཡིན་ནོ། །གཉིས་པ་ནི། ཇི་ལྟར་ས་བོན་ལ་སྨྲས་པ་དེ་བཞིན་དུ་སེམས་པ་དགེ་པ་དང་མཚུངས་པར་ལྡན་བའི་སེམས་ལས་སེམས་ཀྱི་རྒྱུན་ཕྱི་མ་གང་ཡིན་པ་མངོན་པར་འབྱུང་བར་འགྱུར་ལ། སེམས་པ་དགེ་བས་བསྒོས་པའི་སེམས་ཀྱི་རྒྱུན་དེ་ལས་ནི་ལྷན་ཅིག་བྱེད་བའི་རྒྱུ་མ་ཚང་བ་མེད་པ་ན་འབྲས་བུ་རྣམ་སྨིན་ཡིད་དུ་འོང་བ་སྐྱེའོ། །སྔ་མའི་སེམས་ལྟ་ཞིག་མེད་ན་ནི་ཕྱི་མའི་སེམས་ཀྱི་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ། །གང་གི་ཕྱིར་སྔ་མའི་སེམས་ལས་ཕྱི་མའི་སེམས་ཀྱི་རྒྱུན་དང་རྒྱུན་དེ་ལས་མཐའི་འབྲས་བུ་ཡིད་དུ་འོང་བ་འབྱུང་བར་འགྱུར་ཞིང༌། སེམས་པའི་ལས་ནི་འབྲས་བུའི་སྔོན་དུ་འགྲོ་བ་དེ་ཡི་ཕྱིར་སེམས་ཀྱི་རྒྱུན་ཕྱི་མའི་རྒྱུར་མ་གྱུར་པར་འགགས་པའི་ལས་ཀྱི་རྒྱུན་ཆད་པ་དང༌། རྒྱུན་ཕྱི་མའི་རྒྱུ་བྱས་ནས་ཀྱང་མི་འཇིག་པར་གནས་པའི་རྟག་པ་མ་ཡིན་པས་ལས་སྐད་ཅིག་མར་ཁས་བླངས་ཀྱང་རྟག་ཆད་དུ་འགྱུར་པ་མ་ཡིན་ནོ། །འདི་སྡེ་པ་གང་གིས་འདོད་རྩ་ཤེའི་འགྲེལ་པ་འགྲེལ་བཤད་རྣམས་ལས་མི་གསལ་ཡང་མཛོད་འགྲེལ་གྱི་གནས་དགུ་པར་བཤད་པ་དང་མཐུན་པས་མདོ་སྡེ་པ་དང་ཁ་ཆེ་བའི་འདོད་པའོ། །གཉིས་པ་ནི། དེ་ཡི་ཕྱིར་ལས་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་
བསྟན་པའི་ངག་དང་བསྐྱོད་དང་ཞེས་པ་ལ་སོགས་པར་ལུས་ཀྱི་གསུམ་དང་ངག་གི་བཞི་དང་སེམས་པ་དང་ནི་ཞེས་པར་ཡིད་ཀྱི་གསུམ་སྟེ་དཀར་པོའི་ལས་ཀྱི་ལམ་བཅུ་པོ་ཡང་བཤད་པ་ཡིན་ལ། དེ་དག་ཀྱང་ཆོས་སྒྲུབ་པའི་ཐབས་ཏེ་འགྲུབ་པའི་རྒྱུར་གྱུར་པའོ། །འོ་ན་བཅུ་པོ་འདི་གང་གི་ཐབས་སུ་འགྱུར་བའི་ཆོས་དེ་གང་ཡིན་ཞེ་ན་སྔར་བཤད་པ་ལྟར་གྱི་སེམས་གསུམ་པ་ཆོས་ཞེས་བྱ་བའམ་ཡང་ན་དགེ་བ་བཅུ་མཐར་གཏུགས་པའི་ངོ་བོ་ནི་ཆོས་ཡིན་ལ་བྱེད་བཞིན་པའི་ངོ་བོ་ནི་དགེ་བའི་ལས་ཀྱི་ལམ་གྱི་སྒྲའི་བརྗོད་བྱའོ། །ཆོས་དེའི་འབྲས་བུ་ནི་སྐྱེ་བ་འདི་དང་སྐྱེ་བ་གཞན་དུ་གཟུགས་ཡིད་དུ་འོང་བ་ལ་སོགས་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའོ། །ལས་ལམ་བཅུ་ཆོས་སྒྲུབ་པའི་ཐབས་དང་འདི་ཕྱིར་འདོད་ཡོན་ཡིད་དུ་འོང་བ་ལ་ལོངས་སྤྱོད་པ་ཆོས་ཀྱི་འབྲས་བུར་གསུངས་པས་ལས་དང་འབྲས་བུར་འབྲེལ་པ་ཡང་རང་བཞིན་གྱིས་ཡོད་དོ་སྙམ་དུ་བསམས་སོ། །གཉིས་པ་ལ་གཉིས། སྡེ་པ་གཞན་གྱི་ལན་དགག །རང་གི་ལན་གདབ་པའོ། །དང་པོ་ནི། གལ་ཏེ་ས་བོན་དང་མྱུ་གུ་དང་ཆོས་མཐུན་པའི་སྒོ་ནས་སེམས་ཀྱི་རྒྱུན་ལ་རྟག་ཆད་སྤོང་བའི་བརྟག་པ་དེར་འགྱུར་ན་ནི། ཕྱོགས་དེ་ལ་མཐོང་བ་དང་མ་མཐོང་བ་དང་འགལ་བའི་ཉེས་པ་ཆེན་པོ་དང་ཉེས་པ་གྲངས་མང་པོར་འགྱུར་རོ། །འདི་ལྟར་ས་ལུའི་ས་བོན་ལས་ས་ལུའི་མྱུ་གུ་ལ་སོགས་པའི་རྒྱུན་དང་ས་ལུའི་མྱུ་གུ་ལ་སོགས་པའི་རྒྱུན་ལས་ཀྱང་ས་ལུའི་བྲས་བུ་ཁོ་ན་སྐྱེའི་རིགས་མི་མཐུན་པ་གཞན་མི་སྐྱེ་བ་བཞིན་དུ། དགེ་མི་དགེ་ལུང་མ་བསྟན་གྱི་སེམས་དང་འདོད་པ་དང་གཟུགས་དང་གཟུགས་
མེད་དང་ཟག་མེད་ཀྱི་སེམས་དང་མི་ལ་སོགས་པའི་འགྲོ་པ་དྲུག་གི་སེམས་ལས་ཀྱང་རང་རང་དང་རིགས་མཐུན་པ་ཁོ་ན་འབྱུང་གི་རིགས་མི་མཐུན་པའི་སེམས་མི་སྐྱེ་བ་དང༌། ལྷ་གང་ཡིན་པ་ནི་ལྷ་ཁོ་ནར་འགྱུར་ལ་འགྲོ་བ་གཞན་དུ་མི་འགྲོ་བ་སོགས་སུ་འགྱུར་རོ། །དེ་ལྟ་ན་ལྷ་དང་མི་མི་དགེ་བ་བྱེད་བ་རྣམས་ངན་འགྲོར་འགྲོ་བ་མེད་པར་འགྱུར་ན་འདོད་པ་ཡང་མིན་ནོ། །སྐྱོན་དེ་དག་ཡོད་པ་དེ་ལྟ་བས་ན་སྡེ་པ་གཞན་གྱིས་སྨྲས་པའི་བརྟག་པ་དེ་ལས་ལ་རྟག་ཆད་སྤོང་བའི་ལན་གྱི་སྐབས་འདིར་འཐད་པ་མ་ཡིན་ནོ། །གཉིས་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུས་ཏེ་རྟག་ཆད་སྤང་བའོ། །དང་པོ་ནི། སངས་རྒྱས་རྣམས་དང་རང་རྒྱལ་བ་དང་ཉན་ཐོས་རྣམས་ཀྱིས་གང་གསུངས་པའི་བརྟག་པ་གང་ཞིག་ལན་གྱི་སྐབས་འདིར་ནི་འཐད་པ་དེ་ནི་འདིར་རབ་ཏུ་བརྗོད་པར་བྱའོ། །བརྟག་པ་དེ་ཡང་གང་ཞེ་ན། དགེ་མི་དགེའི་ལས་བྱས་མ་ཐག་ཏུ་འཇིག་ཀྱང་འབྲས་བུ་མེད་པར་མི་འགྱུར་ཏེ་ལས་སྐྱེ་བའི་ཚེ་བྱེད་པ་པོའི་རྒྱུད་ལ་ལས་དེའི་ཆུད་མི་ཟ་བ་ཞེས་བྱ་བ་ལྡན་མིན་འདུ་བྱེད་དུ་གཏོགས་པ་བུ་ཡོན་གྱི་དབང་རྒྱ་འདྲ་བ་ཞིག་སྐྱེའོ། །དཔང་རྒྱ་ཇི་ལྟ་བ་དེ་བཞིན་དུ་ཆུད་མི་ཟ་བ་དང་དེ་སྐྱེད་པའི་ལས་ནི་བུ་ལོན་བཞིན་དུ་རིག་པར་བྱའོ། །བུ་ལོན་གྱི་དབང་རྒྱ་བཞག་ནས་ནོར་སྤྱད་ཀྱང་ནོར་བདག་གི་ནོར་དུས་གཞན་གྱི་ཚེ་སྐྱེད་དང་བཅས་པ་འོང་བ་བཞིན་དུ། ལས་བྱས་མ་ཐག་ཏུ་ཞིག་ཀྱང་ཆུད་མི་ཟ་བ་གནས་པས་བྱེད་པ་པོས་ལས་ཀྱི་འབྲས་བུ་མྱོང་བར་བྱེད་
དོ། །བུ་ལོན་གྱི་དཔང་རྒྱ་གཏོང་བ་པ་ལ་ནོར་བཀུག་ནས་རོར་གྱུར་པ་ནི་ཡོད་དམ་མེད་ཀྱང་རུང་སྟེ་སླར་ཡང་ནོར་འགུགས་མི་ནུས་པ་བཞིན་དུ། ཆུད་མི་ཟ་བ་ཡང་རྣམ་སྨིན་ཕྱུང་ནས་ཡོད་དམ་མེད་ཀྱང་རུང་སྟེ་སླར་ཡང་བྱེད་པ་པོ་རྣམ་སྨིན་དང་འབྲེལ་བར་བྱེད་མི་ནུས་སོ། །འདི་ནི་བྱེ་བྲག་ཏུ་སྨྲ་བ་འདོད་པར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དེ་ཁ་ཆེ་བ་ལས་གཞན་ནོ། །གཉིས་པ་ལ་བཞི། ཁམས་ཀྱི་དབྱེ་བ་དང་རང་བཞིན། སྤང་བྱ་གང་ཡིན་པ། སྐྱེ་བའི་ཚུལ། འགག་པའི་ཚུལ་ལོ། །དང་པོ་ནི། མདོ་གཞན་ལས་གསུངས་ཤིང་ཁོ་བོ་ཅག་གིས་སྨྲས་པའི་ཆུད་མི་ཟ་བ་དེ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་ཟག་མེད་ཀྱི་ཁམས་ཀྱི་དབྱེ་བ་ལས་རྣམ་བ་བཞིའོ། །ཁམས་གསུམ་དང་ཟག་མེད་དུ་གཏོགས་པའི་ལས་ཀྱི་བྱེ་བྲག་གིས་ཕྱེ་ན་ཟག་བཅས་དང་ཟག་མེད་དུ་ཤེས་པར་བྱ་བར་ཟད་ཀྱི་ཆུད་མི་ཟ་བའི་ངོ་བོ་ནི་ཟག་བཅས་དང་ཟག་མེད་དུ་བརྡ་མི་སྤྲོང་པས་ལུང་མ་བསྟན་ནོ་ཞེས་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དེ། ཟག་བཅས་མིན་པར་གསུངས་པ་ནི་ལས་ཟག་བཅས་ལ་དགོངས་ཀྱི་ཟག་བཅས་ཙམ་མིན་པ་མིན་ཏེ་སྒོམ་སྤང་དུ་གསུངས་པའི་ཕྱིར་རོ། །ཆུད་མི་ཟ་བ་དེ་ཡང་དགེ་མི་དགེར་བརྡ་སྤྲད་དུ་མེད་པས་ལུང་དུ་མ་བསྟན་པ་སྟེ་གལ་ཏེ་མི་དགེ་བའི་ཆུད་མི་ཟ་བ་མི་དགེ་བ་ཡིན་ན། འདོད་པ་ལ་ཆགས་པ་དང་བྲལ་པ་ལ་མི་དགེ་བ་མེད་པ་བཞིན་དུ་དེའི་ཆུད་མི་ཟ་བ་ཡང་མེད་པར་འགྱུར་རོ། །དགེ་བའི་ཆུད་མི་ཟ་བ་དགེ་བ་ཡིན་ནའང་ལོག་ལྟས་དགེ་རྩ་བཅད་པ་ལ་དེ་མེད་པར་འགྱུར་
བའི་ཕྱིར་རོ། །གཉིས་པ་ནི། ཆུད་མི་ཟ་བ་དེ་མཐོང་ལམ་གྱིས་མཐོང་སྤང་སྤོང་པས་སྤང་བར་བྱ་བ་མ་ཡིན་ཏེ་སྒོམ་བས་སྤང་བ་ཉིད་ཡིན་ནོ། །ཀྱང་ཞེས་པས་ཁམས་ལས་འདས་པ་ན་དེར་གཏོགས་པའི་ལས་ཀྱི་ཆུད་མི་ཟ་བ་སྤོང་བ་བསྡུའོ། །སོ་སོ་སྐྱེ་བོའི་ལས་མཐོང་ལམ་གྱིས་མ་སྤངས་ན་འཕགས་པ་སོ་སོ་སྐྱེ་བོའི་ལས་དང་ལྡན་པར་འགྱུར་བས་སྤོང་མོད་ཀྱང་དེའི་ཆུད་མི་ཟ་བ་མཐོང་སྤང་མིན་ནོ། །ལས་ཞིག་ཀྱང་དེའི་ཆུད་མི་ཟ་བ་མི་འཇིག་ལ་ལས་སྤངས་ཀྱང་དེའི་ཆུད་མི་ཟ་བ་མི་སྤོང་བ་དེའི་ཕྱིར་ལས་དེ་དག་གི་ཆུད་མི་ཟ་བ་དེ་ཡིས་ལས་ཀྱི་འབྲས་བུ་སྐྱེད་པར་འགྱུར་རོ། །གལ་ཏེ་ལས་གཉེན་པོས་སྤངས་པ་དང་ལས་འཇིག་པ་ན་ཆུད་མི་ཟ་བ་སྤངས་པ་དང་འཇིག་ན་སྐྱོན་ཅི་ཡོད་སྙམ་ན། གལ་ཏེ་སོ་སོ་སྐྱེ་བའི་ལས་མཐོང་སྤང་སྤོང་བས་སྤང་བ་དང་ལས་འཕོ་བ་སྟེ། འཇིག་པ་ཡིས་དེ་དག་གི་ཆུད་མི་ཟ་བ་འཇིག་པར་འགྱུར་ན། དེ་ལ་སྟེ་དེ་ཡི་ཚེ་ལས་བྱས་པ་འཇིག་པ་སྟེ་ཆུད་ཟོས་པ་ཁོ་ནར་འགྱུར་ལ་དེའི་ཕྱིར། ལ་སོགས་པའི་སྒྲས་བསྡུས་པ་འཕགས་པ་རྣམས་ཀྱིས་སོ་སོ་སྐྱེ་བོའི་དུས་སུ་བསགས་པའི་ལས་ཀྱི་འབྲས་བུ་གཉིས་གང་ཡང་མྱོང་བར་མི་འགྱུར་རོ། །མྱོང་ནའང་མ་བྱས་པའི་ལས་ཀྱི་འབྲས་བུ་འབྱུང་བར་འགྱུར་རོ། །ལས་དང་འབྲས་བུ་མེད་པར་ལྟ་བའི་ཕྱིར་ལོག་པར་ལྟ་བར་འགྱུར་བའི་སྐྱོན་རྣམས་སུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་ལས་འཕོ་བ་ལ་ཡང་སྦྱར་རོ། །གསུམ་པ་ནི། ཉིང་མཚམས་སྦྱོར་བའི་ཚེ་ཆུད་མི་ཟ་བ་ཇི་ལྟར་སྐྱེ་བ་ནི་ལས་ནི་ཆ་སྟེ་རིགས་མཚུངས་པ་དང་ཆ་སྟེ་རིགས་མི་མཚུངས་
པ་ཐམས་ཅད་ཀྱི་ཆུད་མི་ཟ་བ་དེ་ནི་ཁམས་གསུམ་པོ་གང་དུ་ཉིང་མཚམས་སྦྱོར་བའི་ཚེ་ལས་ཐམས་ཅད་བཤིག་ནས་གཅིག་ཁོ་ན་སྐྱེ་བར་འགྱུར་རོ། །དེ་ཡང་འདོད་པ་ཁམས་ལ་སོགས་པ་ཁམས་མཚུངས་པ་སྟེ་ཁམས་མཉམ་པ་རྣམས་ཀྱི་ཁོ་ན་སྐྱེའི་མི་མཚུངས་པ་རྣམས་ཀྱི་ནི་མིན་ནོ། །ཉིང་མཚམས་སྦྱར་བའི་འོག་ཏུ་ཆུད་མི་ཟ་བའི་སྐྱེ་ཚུལ་ནི་ཆུད་མི་ཟ་བ་དེ་ནི་མཐོང་བའི་ཆོས་ཚེ་འདི་ལ་ཟག་བཅས་དང་ཟག་མེད་རྣམ་པ་གཉིས་པོ་ཀུན་གྱི་སྟེ་སེམས་པ་དང༌། བསམས་པའམ་དགེ་བའམ་མི་དགེ་བའི་ལས་དང་ལས་ཀྱི་ཆུད་མི་ཟ་བ་ཐ་དད་པ་རེ་རེ་སྐྱེ་བར་འགྱུར་ཞིང༌། འབྲས་བུ་རྣམ་པར་སྨིན་པ་བྱུང་ཟིན་ཀྱང་གནས་པ་ཡིན་པ་སྟེ་གདོན་མི་ཟ་བར་མི་འགག་གོ །བཞི་པ་ནི། ཆུད་མི་ཟ་བ་དེ་ནི་ཞིག་ནས་འགྲོ་བའི་སྐབས་གཉིས་ཏེ་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་འཕོ་བའི་སྐབས་དང༌། ཤི་བར་གྱུར་བའི་ཚེ་ན་འགག་པར་འགྱུར་ལ་དེའི་དང་པོ་ནི། སྒོམ་པས་སྤང་བ་ཉིད་ཀྱང་ཡིན་ཞེས་པ་དང༌། གཉིས་པ་ནི། དེ་ནི་ཉིང་མཚམས་སྦྱོར་བའི་ཚེ། །གཅིག་པུ་ཁོ་ན་སྐྱེ་བར་འགྱུར། ཞེས་པར་བཤད་ཟིན་པས་སླར་ཡང་འདིར་མ་སྨོས་སོ། །ཆུད་མི་ཟ་བ་དེའི་རྣམ་དབྱེ་ནི་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ་ཟག་པ་མེད་པའི་ལས་ཀྱི་ནི་ཟག་མེད་དང་ཟག་པ་དང་བཅས་པའི་ལས་ཀྱི་ནི་ཟག་པ་དང་བཅས་པར་རོ། །འདི་ཡང་ལས་གཉིས་ཀྱི་དབང་གིས་དེ་ལྟར་ཐ་སྙད་བཏགས་པར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དོ། །གསུམ་པ་ནི། དེ་ཡི་ཕྱིར་ལས་ནི་བྱས་མ་ཐག་ཏུ་འགག་ལ་རང་བཞིན་གྱིས་གནས་པ་ནི་མ་ཡིན་པས་སྟོང་པ་ཉིད་དུ་འཐད་
དོ། །དེ་ལྟ་ནའང་ཆད་པ་མེད་དེ་ཆུད་མི་ཟ་བས་ཡོངས་སུ་བཟུང་བས་ལས་ཀྱི་འབྲས་བུ་ཡོད་པའི་ཕྱིར་རོ། །ཆུད་མི་ཟ་བ་ཡོད་པའི་ཕྱིར་དང་ས་བོན་གྱི་རྒྱུན་དང་ཆོས་མཐུན་པའི་བརྟག་པ་མེད་པའི་ཕྱིར། འགྲོ་བ་དང་རིགས་དང་སྐྱེ་གནས་དང་ཁམས་སྣ་ཚོགས་པའི་དབྱེ་བས་ཕྱེ་བ་འགྲོ་བ་ལྔའི་འཁོར་བ་གྲུབ་པ་ཡང་ཡིན་ལ། ལས་རང་གི་ངོ་བོས་མི་གནས་པར་ཁས་བླངས་པའི་ཕྱིར་རྟག་པར་སྨྲ་བ་ཡང་མིན་ནོ། །ལས་རྣམས་ཆུད་མི་ཟ་བ་ཞེས་པའི་ཆོས་འདི་ནི་མ་རིག་པའི་གཉིད་མ་ལུས་པ་དང་བྲལ་བའི་སངས་རྒྱས་ཀྱི་བསྟན་པ་ཡིན་བའི་ཕྱིར། ལས་ལ་རྟག་ཆད་དུ་ཐལ་བའི་སྐྱོན་མེད་པས་ཁོ་བོ་ཅག་གིས་བརྗོད་པའི་བརྟག་པ་འདི་ཁོ་ན་རིགས་སོ་ཞེས་འཛེར་ཏོ། །གཉིས་པ་ལ་གསུམ། ལས་ལ་རང་བཞིན་མེད་པས་རྟག་ཆད་མེད་པ་དང༌། ལས་རང་བཞིན་གྱིས་ཡོད་པ་དགག་པ་དང༌། རང་བཞིན་མེད་པས་བྱ་བ་བྱེད་བ་དཔེས་བསྟན་པའོ། །དང་པོ་ནི། ལས་རང་གི་ངོ་བོས་སྐྱེ་ན་དེ་རྣམ་པར་མ་སྨིན་གྱི་བར་དུ་གནས་ན་རྟག་པ་དང་འཇིག་ན་ཆད་པར་འགྱུར་ནའང་གང་གི་ཕྱིར་ལས་ནི་རང་གི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར་རང་བཞིན་གྱིས་གནས་པའི་རྟག་པ་དང་རང་བཞིན་གྱིས་འཇིག་པའི་ཆད་པར་ག་ལ་འགྱུར། དེའི་རྒྱུ་མཚན་འདི་ལྟར་ལས་ནི་རང་བཞིན་གྱིས་གྲུབ་པ་མེད་པ་དེའི་ཕྱིར་རོ། །གལ་ཏེ་ལས་རང་བཞིན་གྱིས་སྐྱེ་བ་མེད་ན་ལུང་ལས། ལུས་ཅན་རྣམས་ཀྱིས་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་
བབ་བ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་དེ་སྐད་དུ་གསུངས་ཤེ་ན། བཅོམ་ལྡན་འདས་ཀྱི་དགོངས་པ་ནི་གང་གི་ཕྱིར་ལས་དེ་ནི་རང་གི་མཚན་ཉིད་ཀྱིས་མ་སྐྱེས་པ་དེ་ཡི་ཕྱིར་ཆུད་ཟ་བར་མི་འགྱུར་རོ་ཞེས་བྱ་བ་དེ་ལྟར་ཡིན་ཏེ་དེ་ཡི་ཕྱིར་ལུང་དེ་ནི་ཁོ་བོ་ཅག་ལ་གནོད་བྱེད་མིན་ནོ། །ཉན་ཐོས་སྡེ་པས་ལས་རང་བཞིན་གྱིས་སྐྱེ་བ་མེད་ན་ལས་མེད་དགོས་པས་ལས་ཀྱི་ཆུད་མི་ཟ་བ་གསུངས་པ་དང་འགལ་ལོ་སྙམ་དུ་བརྩད་པའི་ལན་དུ། རང་བཞིན་གྱིས་མ་སྐྱེས་པས་ཆུད་མི་ཟའོ་ཞེས་གསུངས་པ་ཇི་ལྟར་འབྲེལ་ཏེ་ཆུད་མི་ཟ་བ་ནི་ལས་ཀྱི་རྣམ་སྨིན་འབྱིན་པའི་དོན་དུ་འདོད་པས་སོ་ཞེ་ན། སྐྱོན་མེད་དེ་རྒོལ་བ་འདི་དོན་དམ་པ་ལ་བསམས་ནས་ཡིན་ན་ནི་ལས་དོན་དམ་པར་མ་སྐྱེས་པ་ལ་དེའི་འབྲས་བུ་ཆུད་ཟ་རྒྱུ་མེད་ཅིང༌། དོན་དམ་བར་སྐྱེ་བ་མེད་པ་དང་ཐ་སྙད་དུ་རྣམ་སྨིན་ཆུད་མི་ཟ་བ་འགལ་བར་རྩོད་ན་ནི་མི་འགལ་བར་མང་དུ་བཤད་ཅིང་འཆད་པར་ཡང་འགྱུར་བའི་ཕྱིར་རོ། །གལ་ཏེ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་མེད་པ་རྒྱུ་མཚན་དུ་བཀོད་ནས་རྣམ་སྨིན་ཆུད་མི་ཟ་བར་སྒྲུབ་ན། རྒྱུ་མཚན་དེས་ཐ་སྙད་དུ་ལས་ཀྱིས་རྣམ་སྨིན་འབྱིན་པ་མི་འགལ་བར་ཇི་ལྟར་འགྲུབ་སྙམ་ན། འཇུག་པ་ལས། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ལ་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང༌། །འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ་རྩ་ཤེའི་ཚིགས་བཅད་འདི་སྐབས་དེར་འཇུག་འགྲེལ་དུ་དྲངས་ནས་དོན་དེ་
བསྒྲུབས་པའི་ཕྱིར་རོ། །དེ་ལ་སྔར་བསགས་པའི་ལས་གཉིས་ཀྱིས་རིང་དུ་ལོན་ནས་འབྲས་བུ་གཉིས་སྐྱེད་པར་ནི་འདོད་དགོས་ལ། ལས་ཀྱང་སྐྱེས་པའི་དུས་གཉིས་པར་ཞིག་ནས་འགྲོ་བས་འབྲས་བུའི་སྔ་ལོགས་དེ་མ་ཐག་ན་ལས་མེད་ཅིང་ལས་ཞིག་པ་ཡང་དངོས་མེད་ཡིན་པས་ལས་ཀྱིས་འབྲས་བུ་ཇི་ལྟར་སྐྱེད་ཅེས་བརྩད་པའི་ལན་དུ། འགག་ཁ་མའི་ལས་ཀྱི་ནུས་པ་གཞག་པའི་ཕྱིར་རང་སྡེ་ཁ་ཅིག་ཀུན་གཞི་དང་གཞན་དག་ཆུད་མི་ཟ་བ་དང་ཐོབ་པ་དང་ལ་ལ་ལས་ཀྱི་བག་ཆགས་ཀྱིས་བསྒོས་པའི་སེམས་རྒྱུན་རྟོག་པར་བྱེད་ད། །ལས་རང་གི་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ལྟར་ན་འགག་པ་མེད་ལ་མ་ཞིག་པ་ལས་ཀྱང་འབྲས་བུ་འབྱུང་བ་མི་སྲིད་པ་མ་ཡིན་པས་ལས་རྣམས་མི་འཇིག་པས་ལས་འབྲས་ཀྱི་འབྲེལ་པ་ཆེས་འཐད་པར་འཇུག་འགྲེལ་ལས་གསུངས་སོ། །མ་འགགས་པ་ནི། རང་བཞིན་གྱིས་དེ་མི་འགག་པ། ཞེས་གསུངས་པ་ལྟར་རང་གི་ངོ་བོ་ཉིད་ཀྱིས་མི་འགག་པ་ཡིན་གྱི་ཐ་སྙད་པའི་འགག་པ་མི་བཞེད་པ་མིན་ཏེ། ལ་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང༌། ཞེས་པ་དང༌། དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། ཞེས་གསུངས་ཤིང༌། སྐབས་དེར་འཇུག་འགྲེལ་དུ་མདོ་དྲངས་པ་ལས་ཀྱང༌། ཟད་པ་མེད་ཅེས་གང་སྨྲས་དང༌། །ལས་ཟད་ཅེས་ནི་གང་སྨྲས་པ། །སྟོང་པའི་ཚུལ་དུ་ཟད་པ་མེད། །ཐ་སྙད་ཚུལ་དུ་ཟད་པར་བསྟན། ཞེས་གསུངས་པའི་
ཕྱིར་རོ། །རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཐ་སྙད་དུ་ཡང་ཁས་མི་ལེན་བའི་ལུགས་ཀྱིས་ཞིག་པ་དོན་བྱེད་ནུས་པར་སྒྲུབ་པ་ནི་སྔར་བཤད་ཟིན་པ་ལྟར་ཡིན་པས། ཀུན་གཞི་ལ་སོགས་པ་ཁས་མ་བླངས་ཀྱང་ལས་འབྲས་ཀྱི་འབྲེལ་པ་འཐད་པས། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཞེས་པའི་སྒྲུབ་བྱེད་དང་ལས་འགགས་པ་ལས་འབྲས་བུ་འབྱུང་བ་མི་འགལ་བར་གསུངས་སོ། །སྐྱེ་འགག་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་རྣམས་ནི་ཞིག་པ་དངོས་མེད་དུ་འདོད་པས་འགགས་པ་ལས་འབྲས་བུ་འབྱུང་བ་མི་རུང་བ་ཡིན་ནོ། །ལས་ཞིག་པའི་ཞིག་པ་རིགས་འདྲ་བརྒྱུད་པའི་རྟེན་ནི་ངའོ་སྙམ་པ་གང་ལ་སྐྱེ་བའི་གང་ཟག་གི་རྒྱུད་ཡིན་ལ་དེ་ཉིད་ལས་དང་འབྲས་བུ་འབྲེལ་བའི་རྟེན་ཡང་ཡིན་ནོ། །གཉིས་པ་ལ་གཉིས། རང་བཞིན་གྱིས་ཡོད་པ་ལ་གནོད་བྱེད་དགོད། རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས། རྟག་ཅིང་མ་བྱས་པར་ཐལ་བ་དང༌། རྣམ་སྨིན་ཐུག་མེད་དུ་འབྱིན་པར་ཐལ་བའོ། །དང་པོ་ལ་གཉིས། ཐལ་བ་དངོས་དང༌། དེ་འདོད་པ་ལ་གནོད་པ་བརྗོད་པའོ། །དང་པོ་ནི། ལས་རང་བཞིན་གྱིས་མེད་པ་ནི་གདོན་མི་ཟ་བར་འདོད་པར་བྱ་སྟེ་གཞན་དུ་ན། གལ་ཏེ་ལས་ལ་རང་བཞིན་གྱིས་གྲུབ་པ་ཡོད་ན་ཐེ་ཚོམ་མེད་པར་རྟག་པར་འགྱུར་ཏེ་རང་བཞིན་ལ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །དེ་ཡི་ཕྱིར་ལས་ནི་བྱེད་པ་པོས་བྱས་པ་མ་ཡིན་པར་འགྱུར་ཏེ་རྟག་པ་ལ་བྱེད་པ་པོས་བྱ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་དགེ་མི་དགེའི་ལས་
མ་བྱས་པར་འཇིག་རྟེན་ལ་སྨིན་པར་འགྱུར་རོ། །གཉིས་པ་ལ་གཉིས། བསྟན་བཅོས་དང་འགལ་བ་དང༌། འཇིག་རྟེན་གྱི་གྲགས་པ་དང་འགལ་བའོ། །དང་པོ་ནི། ཅི་སྟེ་ལས་ནི་བྱེད་པ་པོས་མ་བྱས་ན་སྲོག་གཅོད་པ་ལ་སོགས་པ་མ་བྱས་པ་རྣམས་ཀྱང་ལས་དེ་དག་དང་འབྲེལ་བས་ལས་མ་བྱས་པའི་འབྲས་བུ་དང་ཕྲད་པའི་འཇིགས་པར་འགྱུར་རོ། །ཚངས་སྤྱོད་དག་པ་རྣམས་ལའང་མི་ཚངས་སྤྱོད་མ་བྱས་པར་ཡོད་པས་ཕྱོགས་དེ་ལ་ཚངས་པར་སྤྱོད་པ་ལ་གནས་པ་མ་ཡིན་པའི་སྐྱོན་དུ་ཡང་འགྱུར་བས་འགའ་ཡང་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གཉིས་པ་ནི། ཞིང་རྨོ་བ་དང་ཚོང་ལ་སོགས་པའི་འབྲས་བུའི་དོན་དུ་རྩོམ་པ་དེ་དག་ཀྱང་མ་བྱས་པར་ཡོད་པས་རྩོམ་པ་དོན་མེད་དུ་འགྱུར་ལ། བུམ་པ་གྱིས་ཤིག་སྣམ་བུ་ཐོགས་ཤིག་ཅེས་པ་ལ་སོགས་པའི་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་དང་ཡང་འགལ་བར་འགྱུར་བར་ཐེ་ཚོམ་མེད་དེ་བུམ་པ་ལ་སོགས་པ་ཐམས་ཅད་མ་བྱས་པར་ཡོད་པའི་ཕྱིར་རོ། །འདི་ནི་བསོད་ནམས་བྱེད་པ་དང་འདི་ནི་སྡིག་བྱེད་པའོ་ཞེས་པའི་རྣམ་པར་དབྱེ་བའང་འཐད་པར་མི་འགྱུར་ཏེ་དེ་གཉིས་མ་བྱས་ཀྱང་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གཞན་ཡང་ལས་དེ་ནི་རྣམ་སྨིན་རྣམ་པར་སྨིན་ཟིན་པར་གྱུར་པས་ཀྱང་ཡང་དང་ཡང་དུ་རྣམ་པར་སྨིན་པ་འབྱིན་པར་འགྱུར་ཏེ། རྣམ་པར་མ་སྨིན་པའི་སྐབས་ལྟར་རང་གི་ངོ་བོ་ལས་མ་ཉམས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་གལ་ཏེ་ལས་རང་
བཞིན་གྱིས་ཡོད་དོ་སྙམ་དུ་སེམས་ན་ནི་གང་གི་ཕྱིར་ལས་དུས་ཀུན་ཏུ་མི་ཉམས་པར་གནས་པ་དེ་ཡི་ཕྱིར་ཇི་སྐད་བཤད་པའི་ཉེས་པར་འགྱུར་བས་ལས་རང་བཞིན་གྱིས་མེད་པས་རྟག་ཆད་དུ་ལྟ་བའི་སྐྱོན་མེད་དོ། །གཉིས་པ་ལ་གསུམ། ལས་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག །ལས་དང་ཉོན་མོངས་གཉི་ག་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་དགག །ལས་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་གཞན་དགག་པའོ། །དང་པོ་ནི། གལ་ཏེ་ལས་ནི་རང་བཞིན་གྱིས་ཡོད་དེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ་ཞེས་དང་ལེན་པའི་རྐྱེན་གྱིས་སྲིད་པའོ་ཞེས་གསུངས་པས་ལས་ཀྱི་རྒྱུ་ཉོན་མོངས་རང་བཞིན་གྱིས་ཡོད་པའི་ཕྱིར་རོ་ཞེ་ན། ཟག་བཅས་ཀྱི་ལས་འདི་ཉོན་མོངས་པའི་བདག་ཉིད་དེ་ཉོན་མོངས་པ་ལས་བྱུང་བ་ཡིན་ལ། ཉོན་མོངས་པ་དེ་དག་ཀྱང་ཡང་དག་པར་ཡོད་པ་མིན་ཏེ་རྣམ་པར་རྟོག་པའི་དབང་གིས་འབྱུང་བའི་ཕྱིར་རོ་ཞེས་འཆད་པར་འགྱུར་རོ། །གལ་ཏེ་ཉོན་མོངས་པ་དེ་དག་ཡང་དག་པར་ཡོད་པ་མིན་པ་དེའི་ཚེ་དེའི་རྒྱུ་ཅན་གྱི་ལས་ནི་ཡང་དག་པར་ཡོད་པ་ཇི་ལྟར་ཡིན་ཏེ་མ་ཡིན་ནོ། །གཉིས་པ་ནི། ལས་དང་ཉོན་མོངས་པ་ནི་རང་བཞིན་གྱིས་ཡོད་དེ་དེའི་འབྲས་བུ་ལུས་རང་བཞིན་གྱིས་ཡོད་པའི་ཕྱིར་རོ་ཞེ་ན། ལས་དང་ཉོན་མོངས་པ་དག་ནི་ལུས་རྣམས་ཀྱི་ནི་རྐྱེན་དུ་མདོ་སྡེ་ལས་བསྟན་ནོ། །གལ་ཏེ་ལས་དང་ཉོན་མོངས་པ་དེ་དག་རང་བཞིན་གྱིས་ཡོད་པས་སྟོང་པར་སྔར་བཤད་ཟིན་པས་གྲུབ་ཟིན་པའི་ཕྱིར། དེ་དག་གི་འབྲས་བུ་ལུས་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པ་ལ་བརྗོད་པ་ལྷག་མ་ཇི་ལྟར་ཏེ་ཅི་ཞིག་
ཡོད་དེ་མེད་དོ། །གསུམ་པ་ནི། ལས་ནི་རང་བཞིན་གྱིས་ཡོད་དེ་དེའི་འབྲས་བུ་བདེ་སྡུག་ཟ་བ་པོ་རང་གི་ངོ་བོས་ཡོད་པའི་ཕྱིར་རོ། །མ་རིག་པས་བསྒྲིབས་པ་སྟེ་གཡོགས་པ་འགྲོ་བ་ལྔར་ཡང་དང་ཡང་དུ་སྐྱེ་བས་སྐྱེ་བོ་གང་སྲེད་པའི་འཆིང་བ་དང་ལྡན་པ་དེ་ནི་ལས་ཀྱི་འབྲས་བུའི་ཟ་བ་པོའོ། །འབྲས་བུའི་ཟ་བ་པོ་དེ་ཡང་རྒྱུའི་བྱེད་པ་པོ་ལས་གཞན་མིན་ཞིང་ཟ་བ་པོ་དེ་ཉིད་ལས་ཀྱི་བྱེད་པ་པོ་དེ་ཡང་མ་ཡིན་ཏེ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་རོ་ཞེ་ན། གང་གི་ཕྱིར་ན་ལས་འདི་ནི་རྒྱུའི་རྐྱེན་ལ་སོགས་པ་རྐྱེན་བཞི་ལས་བྱུང་བ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ནི་རྐྱེན་བརྟག་ཏུ་བཤད་ཟིན་ལ། རྐྱེན་མིན་པ་ལས་བྱུང་བ་ཡང་ཡོད་པ་མིན་པར་རྒྱུ་མེད་ན་ནི་འབྲས་བུ་དང༌། རྒྱུ་ཡང་འཐད་པར་མི་འགྱུར་རོ། །ཞེས་ལས་བརྟག་པར་བཤད་ཟིན་པ་དེའི་ཕྱིར་ལས་ཀྱི་བྱེད་པ་པོ་ཡང་རང་བཞིན་གྱིས་མེད་དོ། །གལ་ཏེ་ལས་དང་བྱེད་པ་པོ་ངོ་བོ་ཉིད་ཀྱིས་མེད་ན་ལས་ལས་སྐྱེས་པའི་འབྲས་བུ་ངོ་བོ་ཉིད་ཀྱིས་གྲུབ་པ་ག་ལ་ཡོད་དེ་མེད་དོ། །ཅི་སྟེ་ལས་ཀྱི་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ན་དེའི་ཟ་བ་པོ་ཡང་ངོ་བོ་ཉིད་ཀྱིས་ལྟ་ག་ལ་ཡོད་དེ་འདི་དག་ཐམས་ཅད་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ཁོ་ནའོ་ཞེས་ཤེས་པར་བྱའོ། །གསུམ་པ་ནི། གལ་ཏེ་ཁྱོད་ཀྱིས་དངོས་པོ་རྣམས་རང་བཞིན་མེད་པར་བཞག་ན་སྟོན་པས་རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་རང་ཉིད་ཀྱིས་མྱོང་ངོ་ཞེས་གསུངས་པ་དེ་ཐམས་ཅད་ཚུལ་འདིས་བསལ་བར་འགྱུར་ལ། ལས་འབྲས་ལ་སྐུར་པ་བཏབ་པའི་ཕྱིར་ཁྱོད་ཆད་ལྟ་བའི་གཙོ་བོར་
གྱུར་པའོ་ཞེ་ན། ཁོ་བོ་ཅག་མེད་པ་པ་མ་ཡིན་ཏེ་ཡོད་མེད་གཉིས་སུ་སྨྲ་བ་བཀག་ནས་གཉིས་སུ་མེད་པའི་ལམ་ཐར་པའི་གྲོང་ཁྱེར་དུ་འགྲོ་བ་གསལ་བར་བྱེད་པའོ། །དེ་ལ་མེད་པར་སྨྲ་བ་སེལ་ཚུལ་ནི་ཁོ་བོ་ཅག་ལས་འབྲས་ལ་སོགས་པ་མེད་པར་མི་སྨྲ་ཞེས་པའོ། །འོ་ན་ཅི་ཞེ་ན། འདི་དག་རང་བཞིན་མེད་དོ་ཞེས་རྣམ་པར་འཇོག་གོ་ཞེས་པ་ནི་ཡོད་པར་སྨྲ་བ་སེལ་ཚུལ་ཡིན་ཏེ། དེ་ལྟར་ན་ལས་འབྲས་སོགས་ཐ་སྙད་དུ་ཡོད་པ་ལ་མེད་པར་སྨྲ་ན་མེད་མཐའ་པ་དང༌། དེ་དག་རང་བཞིན་གྱིས་ཡོད་པར་སྨྲ་ན་ཡོད་མཐའ་པར་བསྟན་གྱི་ཡོད་མེད་ཙམ་དུ་སྨྲ་བ་མིན་ནོ། །ཅི་སྟེ་རང་བཞིན་མེད་པ་ལ་བྱ་བྱེད་མི་འཐད་པའི་ཕྱིར་ཉེས་པ་སོ་ན་འདུག་གོ་ཞེས་རྩོད་པས་ནི། མེད་མི་ཟེར་གྱི་རང་བཞིན་མེད་ཅེས་སྨྲ་བ་ཡིན་ཞེས་སྨྲས་ཀྱང་ལས་འབྲས་མི་རུང་བའི་སྐྱོན་སོ་ན་གནས་ཞེས་པའོ། །དེའི་ལན་དུ་རང་བཞིན་དང་བཅས་པ་རྣམས་ལ་བྱ་བ་མ་མཐོང་བའི་ཕྱིར་དང་རང་བཞིན་མེད་པ་རྣམས་ཁོ་ན་ལ་བྱ་བ་མཐོང་བའི་ཕྱིར་རོ། །འདི་ལྟར་བུམ་པ་རང་བཞིན་མེད་པར་གྱུར་པ་དག་ཁོ་ན་འཇིག་རྟེན་ན་རང་གི་བྱ་བ་བྱེད་པར་དམིགས་པ་ཡིན་ནོ་ཞེས་གསུངས་པས། རང་བཞིན་གྱིས་ཡོད་ན་བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པའི་བྱ་བྱེད་ཐམས་ཅད་མི་འཐད་ཅིང་རང་བཞིན་གྱིས་མེད་པ་ཁོ་ན་ལ་བྱ་བྱེད་དེ་དག་འཐད་པར་བསྟན་ཏེ། ལས་འབྲས་ལ་སོགས་པ་རང་བཞིན་གྱིས་ཡོད་པ་འགོག་པའི་རིགས་པ་རྣམས་ནི། རང་བཞིན་མེད་པ་ལ་བྱ་བྱེད་ཐམས་ཅད་འཐད་པའི་གྲོགས་ཡིན་གྱི་བྱ་བྱེད་རྣམས་དེས་འགོག་པ་གཏན་མིན་པ་འདི་ཉིད་སྐབས་ཀུན་ཏུ་གོ་བར་བྱའོ། །
གཞན་ཡང་རང་བཞིན་མེད་པས་བྱ་བ་བྱེད་པའི་དོན་འདི་ཉིད་དཔེ་གསལ་པོ་འདི་ལས་ངེས་བར་བྱ་སྟེ། ཇི་ལྟར་ཏེ་དཔེར་ན་སྟོན་པས་རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་པ་ནི་སྤྲུལ་ཞིང་སྤྲུལ་པ་དེས་ཀྱང་སླར་ཡང་སྤྲུལ་པ་གཞན་ནི་སྤྲུལ་པ་དེ་ལ། སྤྲུལ་པ་དེ་གཉིས་དེ་བཞིན་གཤེགས་པའི་རང་བཞིན་གྱིས་སྟོང་ཞིང་རང་བཞིན་མེད་པ་ལྟར་དེ་རྣམས་ལ་རང་བཞིན་མེད་བའི་བྱ་བ་བྱེད་པ་དང༌། ལས་དང་བྱེད་པ་པོའི་ཐ་སྙད་བྱེད་པ་དེ་བཞིན་དུ་ལས་ཀྱི་བྱེད་པ་པོ་ནི་སྤྲུལ་པའི་རྣམ་པ་བཞིན་རང་བཞིན་གྱིས་སྟོང་པ་ཡིན་ལ། བྱེད་པ་པོ་དེས་ལས་གང་ཅུང་ཟད་ཅིག་བྱས་པ་དེའང་དཔེར་ན་སྤྲུལ་པས་སྤྲུལ་པ་གཞན་སྤྲུལ་བ་དེ་བཞིན་དུ་རང་བཞིན་གྱིས་སྟོང་ངོ་། །དེ་ཡི་ཕྱིར་དབུ་མ་བ་གཉིས་སུ་མེད་པར་སྨྲ་བ་རྣམས་ལ་རྟག་ཆད་དུ་ལོག་པར་ལྟ་བ་ག་ལ་ཡོད། ཏིང་འཛིན་རྒྱལ་པོ་ལས་ཀྱང༌། གང་ཚེ་བདེར་གཤེགས་གཏམ་རྣམས་སྟོན་པ་ན། །མགོན་པོ་སྲང་བཞུད་མི་ལ་ཐུགས་བརྩེའི་ཕྱིར། །རྒྱལ་བས་དེར་ནི་སྤྲུལ་པ་རྣམས་སྤྲུལ་ཏེ། །དེ་དག་ལ་ཡང་སངས་རྒྱས་ཆོས་བཟང་སྟོན། །སྲོག་ཆགས་བརྒྱ་སྟོང་དག་གིས་དེ་ཐོས་ནས། །སངས་རྒྱས་ཡེ་ཤེས་མཆོག་ལ་སྨོན་ལམ་འདེབས། །ནམ་བདག་འདི་འདྲའི་ཡེ་ཤེས་ཐོབ་སྙམ་སྟེ། །བསམ་པ་མཁྱེན་ནས་རྒྱལ་བས་དེ་ལུང་སྟོན། །གང་གིས་རྒྱལ་བ་མི་དབང་སྤྱན་དྲངས་པ། །དེ་ཡི་སྦྱིན་པ་མུ་མཐའ་མེད་འགྱུར་ཏེ། །རྙེད་མཆོག་བསམ་གྱིས་མི་ཁྱབ་དེ་རྙེད་ཅེས། །ལ་ལ་དག་ནི་དེ་ལ་མོས་པ་སྐྱེད། ཅེས་གསུངས་པ་ལྟར་རོ། །སྤྲུལ་པའི་དཔེ་ཙམ་དུ་མ་
ཟད་ཀྱི་དཔེ་ལྷག་མ་འདི་དག་གིས་ཀྱང་རང་བཞིན་མེད་པ་ལ་བྱ་བྱེད་འཐད་པ་ཤེས་པར་བྱ་སྟེ། སེམས་རྒྱུད་ཉོན་མོངས་པར་བྱེད་པའི་ཉོན་མོངས་ཆགས་སོགས་དང་བསོད་ནམས་དང་བསོད་ནམས་མིན་པ་དང་མི་གཡོ་བའི་ལས་དང་ལུས་ཁོག་པ་དང་བྱེད་པ་པོ་བདག་དང༌། འབྲས་བུ་རྣམ་སྨིན་དང་བདག་པོ་དང་རྒྱུ་མཐུན་རྣམས་ཏེ་དེ་རྣམས་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་སྨིག་རྒྱུ་དང་རྨི་ལམ་དང་འདྲ་བར་རང་བཞིན་མེད་པ་ཡིན་པར་རིག་པར་བྱའོ། །དེ་ཡི་ཕྱིར་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་མ་བླངས་པས་དབུ་མ་པ་ཁོ་ན་ལ་རྟག་ཆད་གཉིས་སུ་སྨྲ་བ་མེད་པར་ཤེས་པར་བྱའོ། །གཉིས་པ་ནི། དེ་ལྟར་ལས་དང་ཉོན་མོངས་ལ་སོགས་པ་རྣམས་རང་གི་ངོ་བོ་ཉིད་ཀྱིས་ཡོད་པས་སྟོང་པར་བསྟན་པ་དེ་ཉིད་ཟབ་མོའི་ལུང་གིས་ཀྱང་གྲུབ་པ་དང༌། དེ་ལྟར་བསྟན་པའི་གསུང་རབ་ཐམས་ཅད་རབ་ཏུ་བྱེད་པ་འདིས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྨོས་ན། དཀོན་མཆོག་བརྩེགས་པ་ལས། སྤྲུལ་པའི་དགེ་སློང་གཉིས་ཀྱིས་དགེ་སློང་དམིགས་པ་ཅན་ལྔ་བརྒྱ་བཏུལ་བའི་བྱུང་བའི་མཐའ་བརྗོད་པ་ལྟ་བུ་རྣམས་ཡིན་ནོ། །གསུམ་པ་ནི། རབ་བྱེད་འདི་ཡི་རིགས་པ་རྣམས་ཀྱིས་བྱེད་པ་པོ་དང་ལས་དང་ཉོན་མོངས་དང་དེ་དག་གི་འབྲས་བུ་དང་དེ་ལ་ལོངས་སྤྱོད་པ་ལ་སོགས་པ་རྣམས་རང་བཞིན་གྱིས་གྲུབ་པ་བཀག་པས་ནི། རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ལ་དེ་དག་གི་རྣམ་གཞག་གང་ཡང་མི་འཐད་པས། རྨི་ལམ་དང་སྒྱུ་མ་དང་སྤྲུལ་པ་དང་དྲི་ཟའི་གྲོང་ཁྱེར་ལྟར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བཞིན་དུ་དེར་སྣང་བ་
ཁོ་ན་ལ་བྱེད་པ་པོ་ལ་སོགས་པ་ཆེས་འཐད་པར་རྟོགས་པར་བྱའོ། །ལས་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་སོ་གསུམ་གྱི་བདག་ཉིད་རབ་ཏུ་བྱེད་པ་བཅུ་བདུན་པའི་རྣམ་པར་བཤད་པའོ།། །།གསུམ་པ་བདག་མེད་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ལ་ལྔ། དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ། དེ་ལ་ལུང་དང་འགལ་བ་སྤང་བ། དེ་ཁོ་ན་ཉིད་ལ་བཀྲི་བའི་རིམ་པ། དེ་ཁོ་ན་ཉིད་ཀྱི་མཚན་ཉིད། དོན་དེ་ངེས་པར་བསྒྲུབ་དགོས་པར་བསྟན་པའོ། །དང་པོ་ལ་གཉིས། དེ་ཁོ་ནའི་ལྟ་བ་གཏན་ལ་དབབ་པ། དེ་བསྒོམས་པས་ཉེས་སྐྱོན་ལྡོག་པའི་རིམ་པའོ། །དང་པོ་ནི། འདིར་སྨྲས་པ། གལ་ཏེ་ཉོན་མོངས་པ་དང་ལས་ལ་སོགས་པ་རྣམས་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟར་དེ་ཁོ་ན་ཉིད་མ་ཡིན་བཞིན་དུ་བྱིས་པ་རྣམས་ལ་དེ་ཁོ་ན་ཉིད་ཀྱི་རྣམ་པར་སྣང་བ་ཡིན་ན། འདིར་དེ་ཁོ་ན་ཉིད་ནི་གང་ཡིན་ལ་དེ་ཁོ་ན་ཉིད་ལ་འཇུག་པ་ཡང་ཇི་ལྟར་ཡིན་ཞེ་ན། ཕྱི་ནང་གི་དངོས་པོ་མ་དམིགས་པས་ནང་དང་ཕྱི་ལ་བདག་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པ་ནི་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་རྒྱས་པ་ནི་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཞིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། ཅེས་སོགས་ཀྱིས་བཤད་པ་ལྟར་ཤེས་པར་བྱ་ལ་འདིར་ནི་
རྩ་བར་གནས་པའི་ཕྱོགས་ཙམ་བཤད་པར་བྱའོ། །འདི་ལ་གཉིས། བདག་ངོ་བོ་ཉིད་ཀྱིས་གྲུབ་པ་དགག །དེས་བདག་གི་བ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡང་ཁེགས་པར་བསྟན་པའོ། །དང་པོ་ལ་གཉིས། ཐར་འདོད་ཀྱིས་དང་པོར་དཔྱོད་པ་བྱེད་ལུགས། དེ་ནས་བདག་མེད་པའི་ལྟ་བ་གཏན་ལ་འབེབས་ལུགས་སོ། །དང་པོ་ནི། སྡུག་བདེན་བདེན་བཞིའི་ཐོག་མར་གསུངས་པའི་རིམ་པས་དང་པོར་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་མང་དུ་བསྒོམས་པ་ན། རྣལ་འབྱོར་པ་དེ་ཁོ་ན་ཉིད་ལ་འཇུག་པར་འདོད་ཅིང་འཁོར་བའི་སྐྱོན་སྐྱེ་འཆི་ལ་སོགས་པ་དང༌། ཉེས་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མ་ལུས་པ་སྤོང་བར་འདོད་པ་འབྱུང་ལ། དེའི་ཚེ་རྒྱུ་མ་ལོག་ན་འབྲས་བུ་མི་ལྡོག་པར་མཐོང་ནས་འཁོར་བ་འདི་ཅིའི་རྩ་བ་ཅན་ཞིག་ཡིན་སྙམ་དུ་རྟོག་པར་བྱེད་དོ། །བརྟགས་པ་ན་འཁོར་བ་འཇིག་ལྟའི་རྩ་བ་ཅན་དུ་མཐོང་ཞིང་དེ་སྤངས་པས་ཉོན་མོངས་པ་དང་སྐྱོན་མ་ལུས་པ་ལྡོག་པར་མཐོང་ངོ་། །འོ་ན་འཇིག་ལྟ་ཇི་ལྟར་བྱས་པས་སྤོང་སྙམ་ན། སྤྱིར་རབ་ཏུ་བྱེད་པ་ཐམས་ཅད་ཀྱིས་ཕྱིན་ཅི་ལོག་གི་བློས་ཇི་ལྟར་བཟུང་བའི་ཡུལ་ཡོད་པ་ལ་གནོད་བྱེད་བསྟན་ནས། དེའི་ཡུལ་ཅན་གྱི་འཛིན་པ་བཟློག་ལ། ཁྱད་པར་དུ་རབ་བྱེད་འདིར་འཇིག་ལྟས་བཟུང་བའི་བདག་དེ་ཕུང་པོ་དང་གཅིག་ཐ་དང་གང་དུ་ཡོད་བརྟགས་ཏེ། ཡུལ་སུན་ཕྱུང་བའི་སྒོ་ནས་བདག་དང་བདག་གིར་འཛིན་པ་བཟློག་པར་གསུངས་ཤིང༌། བརྒྱ་པ་ལས་ཀྱང༌། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། ཞེས་བདག་འཛིན་གྱིས་ཇི་ལྟར་བཟུང་
བའི་བདག་མེད་པར་མཐོང་ནས་གྲིད་པ་ལས་གྲོལ་དགོས་པར་གསུངས་སོ། །རྣམ་འགྲེལ་ལས་ཀྱང༌། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། ཞེས་གསུངས་པས་ཤིང་རྟ་ཆེན་པོ་ཐམས་ཅད་ཚུལ་འདི་ལ་དགོངས་པ་གཅིག་དང་དབྱངས་གཅིག་གོ །དེ་ཡི་ཕྱིར་བདག་འཛིན་གྱིས་བདག་ཇི་ལྟར་བཟུང་བ་དང་བཟུང་བའི་བདག་དྲི་མ་མེད་པའི་རིགས་པས་ལེགས་པར་སུན་འབྱིན་པའི་ཚུལ་མི་ཤེས་པར། ཡིད་བདག་དང་བདག་གིར་འཛིན་པ་ལས་ཚུར་བསྡུས་པ་ཙམ་ཞིག་ལ་གོམས་པར་བྱས་པས་སྲིད་པ་ལས་ཐར་བར་འདོད་པ་ནི་མི་རིགས་ཏེ། དེ་ནི་བདག་འཛིན་གྱི་ཡུལ་བདག་ལ་མ་ཞུགས་པ་ཡིན་ཀྱང་བདག་མེད་ཀྱི་དོན་ལ་ཞུགས་པ་མིན་པས་དེ་གོམས་པས་བདག་འཛིན་ལ་ཅི་ཡང་མི་གནོད་པའི་ཕྱིར་དང༌། དེ་ལྟ་ཡིན་ན་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་པ་ལ་ལྟ་བ་མ་ནོར་བ་རྙེད་ཀྱང་མི་དགོས་པས། དེ་ཁོ་ན་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པ་གསུང་རབ་དང་བསྟན་བཅོས་ལས་གསུངས་པ་ཐམས་ཅད་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཐོས་བསམ་གྱི་དུས་སུ་དེ་ལྟར་ཡིན་ཀྱང་སྒོམ་པའི་དུས་སུ་དེ་ལྟར་མི་དགོས་སོ་ཞེས་ཀྱང་སྨྲ་མི་ནུས་ཏེ། ཐོས་བསམ་གྱིས་གཏན་ལ་ཕབ་པ་ཉིད་སྒོམ་པའི་དུས་སུ་ལྟ་ཐོག་ཏུ་སེམས་འདྲིས་པར་བྱ་བའི་ཆེད་ཡིན་པའི་ཕྱིར་དང༌། རྣལ་འབྱོར་བ་ཡིས་བདག་ནི་འགོག་པར་བྱེད། ཅེས་རྣལ་འབྱོར་སྒོམ་པས་དེ་ལྟར་བྱ་བར་གསུངས་པའི་ཕྱིར་རོ། །དེས་ན་འཇིག་ལྟ་སྤོང་བ་ནི་དེས་ཇི་ལྟར་བཟུང་བའི་ཡུལ་རང་བཞིན་མེད་པར་གཏན་ལ་ཕེབས་པ་ལ་རག་ལས་པར་མཐོང་ཞིང༌། དེའི་ཡུལ་ཡང་བདག་
ཡིན་པར་མཐོང་ནས་བདག་ཏུ་འཛིན་པའི་དམིགས་པ་བདག་དེ་རང་གི་ངོ་བོས་ཡོད་དམ་མེད་སྙམ་དུ་ཆེས་ཐོག་མར་བདག་ལ་རྟོག་པར་བྱེད་དོ། །གཉིས་པ་ལ་གཉིས། བདག་དང་ཕུང་པོ་རང་བཞིན་གཅིག་པ་དགག་པ་དང༌། བདག་དང་ཕུང་པོ་རང་བཞིན་ཐ་དད་པ་དགག་པའོ། །དང་པོ་ནི། དེ་ལྟར་བདག་ཏུ་འཛིན་པའི་ཡུལ་བདག་དེ་རང་གི་ངོ་བོས་ཡོད་ན་ཡོད་ཚུལ་གཉིས་ལས་མི་འདའ་བས། ཕུང་པོ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཅིག་དང་ཐ་དད་གང་ཡིན་སྙམ་དུ་བརྟག་པར་བྱ་སྟེ། གཅིག་དང་གཅིག་མ་ཡིན་པ་ནི་གཅིག་རྣམ་པར་བཅད་ན་ཅིག་ཤོས་ཡོངས་སུ་གཅོད་དགོས་པས་ཕུང་གསུམ་ལྡོག་པའི་ཕྱིར་རོ། །དེ་ལྟར་བརྟགས་པ་ན་གལ་ཏེ་ཕུང་པོ་དང་བདག་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་གཅིག་ཡིན་ན། བདག་དེ་སྐད་ཅིག་སོ་སོ་ལ་སྐྱེ་བ་དང་འཇིག་པ་ཅན་དུ་འགྱུར་ཏེ་ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཕྱིར་རོ། །བདག་ནི་གཞན་སྡེས་དེ་ལྟར་མི་འདོད་ལ་རང་སྡེས་ཀྱང་དེ་ལྟར་འདོད་དུ་མི་རུང་སྟེ། ངའོ་སྙམ་པ་གང་ལ་སྐྱེ་བའི་གཞི་བདག་དེ་ཕུང་པོ་དང་རང་མཚན་གྱིས་གཅིག་ཏུ་གྲུབ་ན༌། ཚེ་འདིའི་ཕུང་པོ་དང་ཡང་གཅིག་ཏུ་འགྱུར་ལ་དེ་ཡི་ཚེ་སྐྱེ་བ་གཞན་དུ་མེད་པར་འདིར་བྱུང་བ་དང་ཐོག་མ་ཡོད་པར་འགྱུར་ཏེ་ཉེར་བདུན་པར་འཆད་པ་ལྟར་རོ། །གཞན་ཡང་སྐད་ཅིག་སོ་སོ་ལ་སྐྱེ་འཇིག་སོ་སོར་བྱེད་ན་རང་གི་མཚན་ཉིད་ཀྱིས་སོ་སོ་བར་འགྱུར་ལ། དེ་ལྟ་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ་ཞེས་སྐྱེ་བ་དྲན་པར་མི་འགྱུར་ཏེ། དེའི་དུས་ཀྱི་བདག་ནི་ལུས་ལྟར་ཞིག་པའི་ཕྱིར་དང་ཚེ་འདིར་དེ་དང་རང་མཚན་
ཐ་དད་པའི་བདག་སྐྱེས་པའི་ཕྱིར་རོ། །གཞན་ཡང་ཕུང་པོ་མང་པོ་ཡོད་པ་ལྟར་བདག་ཀྱང་མང་པོར་འགྱུར་བ་དང༌། བདག་ཕུང་པོའི་རྣམ་གྲངས་ཙམ་དུ་ཟད་པས་བདག་རྫས་ཡོད་ཁས་བླངས་པ་དོན་མེད་པ་དང༌། ཉེ་བར་བླང་བྱ་ཉིད་ལེན་པ་པོར་འགྱུར་བས་ལས་དང་བྱེད་པ་པོ་གཅིག་ཏུ་འགྱུར་བའི་སྐྱོན་ཡོད་དོ། །དེ་ལྟར་རིགས་པ་དེ་དག་གིས་བདག་དང་ཕུང་པོ་གཉིས་རང་གི་ངོ་བོས་གཅིག་ཏུ་མ་གྲུབ་པ་ལ་ངེས་པ་བརྟན་པོ་བསྐྱེད་པར་བྱའོ། །གཉིས་པ་ནི། གལ་ཏེ་བདག་དེ་ཕུང་པོ་རྣམས་ལས་རང་གི་མཚན་ཉིད་ཀྱིས་གཞན་དུ་གྲུབ་ན། བདག་དེ་ཕུང་པོ་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་འཇིག་གནས་པ་མེད་པ་སྟེ་དེ་དང་བྲལ་བར་འགྱུར་ཏེ་རྟ་བ་ལང་གི་མཚན་ཉིད་དང་བྲལ་བ་བཞིན་ནོ། །དེ་ལྟ་ན་བདག་ཏུ་མེད་པར་འགྱུར་ཏེ་འདུས་མ་བྱས་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་དང་ནམ་མཁའི་མེ་ཏོག་བཞིན་ནོ། །ངར་འཛིན་ལྷན་སྐྱེས་ཀྱི་དམིགས་རྣམ་གཉིས་ཀྱི་ནང་ནས་དམིགས་པར་ཡང་མི་རིགས་ཏེ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །ཡང་ན་ཕུང་པོ་ལྔའི་མཚན་ཉིད་གཟུགས་སུ་རུང་བ་དང་ཉམས་སུ་མྱོང་བ་དང་མཚན་མར་འཛིན་པ་དང༌། མངོན་པར་འདུ་བྱེད་པ་དང་ཡུལ་སོ་སོར་རྣམ་པར་རིག་པ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་གྲུབ་པར་འགྱུར་ལ། དེ་འདོད་ན་གཟུགས་ལས་སེམས་གཞན་དུ་འཛིན་པ་བཞིན་དུ་བདག་ཕུང་པོ་ལས་ངོ་བོ་ཐ་དད་པར་སོ་སོར་མཐོང་བར་འགྱུར་ན་དེ་ལྟར་འཛིན་པ་ཡང་མིན་ནོ། །གལ་ཏེ་གཞན་སྡེས་བདག་ཕུང་པོ་
ལས་རྫས་གཞན་དུ་སྨྲ་བ་ལ་འདི་གནོད་བྱེད་མ་ཡིན་ནོ་ཞེ་ན། དེ་དག་གིས་རྫས་གཞན་དུ་སྨྲ་མོད་ཀྱང་ཇི་ལྟར་སྨྲ་བ་ལྟར་བློ་ལྷན་སྐྱེས་ཀྱིས་དམིགས་ནས་སྨྲ་བ་མིན་ནོ། །འོ་ན་ཅི་ཞེ་ན། བརྟེན་ནས་བཏགས་པའི་དོན་མ་རྟོགས་པར་བདག་མིང་དུ་བཏགས་པ་ཙམ་དུ་སྨྲ་བ་ལ་སྐྲག་ནས་ཀུན་རྫོབ་ཀྱི་བདེན་པ་ལས་ཀྱང་ཉམས་ཏེ་གཏན་ཚིགས་ལྟར་སྣང་གིས་བསླུས་ནས་ཕུང་པོ་ལས་རྫས་གཞན་པའི་བདག་གི་མཚན་ཉིད་རྟོག་ཅིང་སྨྲའོ། །ལས་དང་བྱེད་པ་པོ་བརྟག་པ་ལ་སོགས་པར་བདག་དང་ཉེ་བར་ལེན་པ་གཉིས་ཕན་ཚུན་ལྟོས་པའི་གྲུབ་པ་ཡིན་པར་གསུངས་པ་ན་དེ་དག་གིས་བརྟགས་པའི་བདག་ཀུན་རྫོབ་ཏུ་ཡང་བཀག་གོ །དེ་ལྟར་བདག་རང་གི་ངོ་བོས་གྲུབ་ན་བདག་དང་ཕུང་པོ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཅིག་དང་ཐ་དད་གང་རུང་དུ་གྲུབ་དགོས་པ་དང༌། དེ་གཉིས་ཀ་ལ་ཡང་རིགས་པས་གནོད་པར་མཐོང་བ་ན་བདག་ནི་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་ངེས་པ་རྙེད་པ་ནི། འཇིག་ལྟ་ལྷན་སྐྱེས་ཀྱི་ངར་འཛིན་པའི་ཡུལ་རང་བཞིན་མེད་པར་རྟོགས་པའི་ལྟ་བ་རྙེད་པ་ཡིན་ནོ། །གཉིས་པ་ནི། དེ་ནས་འཇིག་ལྟ་ལྷན་སྐྱེས་ཀྱིས་འདི་ང་ཡིའོ་སྙམ་དུ་འཛིན་པའི་དམིགས་པ་ང་ཡི་བ་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་དཔྱད་བ་ན་བདག་ནི་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ན་བདག་གི་བ་ཡང་རང་གི་ངོ་བོས་ཡོད་པར་ག་ལ་འགྱུར་སྙམ་ནས་བདག་གི་བ་ཡང་རང་བཞིན་མེད་པར་རྟོགས་པར་འགྱུར་རོ། །ང་ཞེས་པ་རང་བཞིན་མེད་པར་རྟོགས་པའི་བློ་དེ་ཉིད་ཀྱིས་ང་ཡི་བ་རང་བཞིན་མེད་པར་མི་འཛིན་
ཀྱང༌། ང་ཡི་བ་ལ་རང་བཞིན་ཡོད་མེད་དཔྱོད་པའི་ཚུལ་གྱིས་བློ་ཁ་ཕྱོགས་པ་ན་བློ་སྔ་མའི་བྱེད་པ་ལ་བརྟེན་ནས་སྒྲུབ་བྱེད་གཞན་ལ་མི་ལྟོས་པར་རྟོགས་པར་འགྱུར་བས། གཞུང་དུ་རིགས་པ་སྔ་མའི་བྱེད་པས་འགྲུབ་པར་བཤད་ཀྱི་རིགས་པ་ལོགས་པ་མ་གསུངས་སོ། །དེ་ལྟར་ང་དང་ང་ཡི་བ་གཉིས་རང་བཞིན་མེད་པར་གཏན་ལ་ཕབ་པ་ན། འཁོར་བའི་རྩ་བ་འཇིག་ལྟའི་འཛིན་སྟངས་ཡོངས་སུ་རྫོགས་པ་དང་འགལ་བའི་སྟོང་ཉིད་ཁོང་དུ་ཆུད་པར་འགྱུར་བས་འདིར་དེ་ཙམ་ལས་མ་སྨོས་སོ། །གཉིས་པ་ལ་གཉིས། ཉེས་སྐྱོན་ལྡོག་པའི་རིམ་པ་དང༌། ཐར་པ་ཐོབ་པའི་ཚུལ་ལོ། །དང་པོ་ལ་གསུམ། འཇིག་ལྟ་ལྡོག་ཚུལ་དང༌། དེ་ལ་རྩོད་པ་སྤང་བ་དང༌། ལེན་པ་ཟད་པས་སྐྱེ་བ་ཟད་ཚུལ་ལོ། །དང་པོ་ནི། དེ་ལྟར་ང་དང་ང་ཡི་བ་རང་གི་ངོ་བོས་མ་གྲུབ་པར་གཏན་ལ་ཕབ་པའི་ལྟ་བ་རྙེད་པ་དེ་ཉིད་རྒྱུན་ལྡན་དུ་བསྒོམས་པ་ལ་བརྟེན་ནས། བདག་སྟེ་ངར་འཛིན་པའི་ཡུལ་གང་ཟག་རང་བདག་གི་བ་སྟེ་ང་ཡིར་འཛིན་པའི་ཡུལ་ཕུང་པོ་རྣམས་གྱི་མཚན་མ་ཞི་བ་སྟེ་ཅི་ཡང་མི་དམིགས་པར་ཡུལ་ཡུལ་ཅན་རོ་མཉམ་པར་གྱུར་པའི་ཕྱིར། རྣལ་འབྱོར་བས་ང་རང་བཞིན་གྱིས་གྲུབ་པར་འཛིན་པ་དང་ང་ཡི་བ་རང་བཞིན་གྱིས་གྲུབ་པར་འཛིན་པའི་འཇིག་ལྟ་སྤངས་ནས་མེད་པར་འགྱུར་ཏེ། ལྟ་བ་དང་སྤང་བྱ་དེ་གཉིས་ཡུལ་གཅིག་ལ་འཛིན་སྟངས་འགལ་བར་ཞུགས་ཤིང་སྔ་མ་ཡང་དག་པའི་དོན་ལ་ཞུགས་པའི་ཕྱིར་རོ། །འདི་ཉམས་སུ་ལེན་པའི་ཚུལ་ཞི་གནས་དང་ལྷག་མཐོང་སྐྱོང་
ཚུལ་རྒྱས་པར་ནི་བྱང་ཆུབ་ལམ་གྱི་རིམ་པར་བཤད་ཟིན་པས་འདིར་མ་སྤྲོས་སོ། །གཉིས་པ་ནི། གལ་ཏེ་དེ་ལྟ་ན་ང་དང་ང་ཡི་བར་འཛིན་པ་སྤོང་བའི་རྣལ་འབྱོར་བ་ཡོད་ལ་དེ་ལྟ་ན་བདག་དང་ཕུང་པོ་རང་གི་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེ་ན། བདག་དང་བདག་གི་བ་ནི་རང་བཞིན་མེད་པར་བཤད་ཟིན་ལ་དེ་ལྟ་ན། དེ་དག་ལས་གཞན་པའི་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པ་སྟེ་སྤོང་བ་གང་ཡིན་པའི་རྣལ་འབྱོར་བ་དེ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །གང་གིས་ངར་འཛིན་པ་དང་ང་ཡིར་འཛིན་བ་མེད་པར་ཏེ་སྤོང་བའི་རྣལ་འབྱོར་བ་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་མཐོང་བ་དེས་ནི། དེ་ཁོ་ན་ཉིད་ཀྱི་དོན་མི་མཐོང་ཞིང་ང་དང་ང་ཡིར་འཛིན་པའི་འཇིག་ལྟ་ཡང་སྤོང་བར་མི་ནུས་སོ། །ཇི་སྐད་དུ་མདོ་ལས། ནང་གི་བདག་ཉིད་སྟོང་པར་ལྟོས། །ཕྱི་རོལ་དག་ཀྱང་སྟོང་པར་ལྟོས། །གང་ཞིག་སྟོང་ཉིད་སྒོམ་བྱེད་པ། །དེ་ཡང་འགའ་ཞིག་ཀྱང་ཡོད་མིན། ཞེས་དང༌། ཏིང་འཛིན་རྒྱལ་པོ་ལས་ཀྱང༌། གང་དག་ཞི་ཞིང་རབ་ཞིའི་ཆོས་སེམས་པའི། །སེམས་པ་དེ་ཡང་ནམ་ཡང་དབྱུང་མ་ཡིན། ཞེས་དང༌། ཕུང་པོ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །བྱང་ཆུབ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །གང་སྤྱོད་དེ་ཡང་རང་བཞིན་སྟོང་པ་སྟེ། །ཡེ་ཤེས་ལྡན་གྱིས་ཤེས་ཀྱི་བྱིས་པས་མིན། ཞེས་སོ། །གསུམ་པ་ནི། དེ་ལྟར་བདག་དང་བདག་གི་བ་མ་དམིགས་པས་ནང་བདག་དང་ཕྱི་རོལ་བདག་གི་བ་ཉིད་དག་ལ་བདག་དང་བདག་གི་སྙམ་པའི་འཇིག་ལྟ་གཉིས་ཟད་ན་ཉེ་བར་ལེན་པ་བཞི་འགག་པར་འགྱུར་ཏེ། ཉོན་
མོངས་པ་ཐམས་ཅད་ནི་འཇིག་ལྟའི་རྩ་བ་ཅན་འཇིག་ལྟའི་ཀུན་འབྱུང་བ་ཅན་འཇིག་ལྟའི་རྒྱུ་ཅན་ནོ་ཞེས་གསུངས་པའི་ཕྱིར་རོ། །བཞི་ནི་འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །དེ་རྣམས་ནི་རིམ་པ་བཞིན་དུ་གཟུགས་སྒྲ་ལ་སོགས་པའི་འདོད་ཡོན་དང་འཇིག་ལྟ་མ་གཏོགས་པའི་ལྟ་ངན་རྣམས་དང༌། ལྟ་ངན་དང་འབྲེལ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ངན་པ་དང་འཇིག་ཚོགས་ལ་ལྟ་བ་བཞི་ལ་དམིགས་ནས་འདུན་ཞིང་ཆགས་པའོ། །ཉེ་བར་ལེན་པ་དེ་ཟད་པས་ན་ལས་དབང་གིས་སྲིད་པར་སྐྱེ་བ་ཟད་པར་འགྱུར་རོ། །གཉིས་པ་ནི། གང་གི་ཕྱིར་སྐྱེ་བ་ལྡོག་པའི་རིམ་བ་སྔར་བཤད་པ་ལྟར་ཡིན་པ་དེའི་ཕྱིར་ལས་དང་ཉོན་མོངས་པ་ཟད་པས་ཐར་བར་འགྱུར་རོ་ཞེས་བྱ་བར་གནས་ཏེ། ལེན་པ་ཟད་ན་དེའི་རྐྱེན་ཅན་སྲིད་པ་མི་འབྱུང་ལ་ལས་ཉོན་གཉིས་པོ་དེ་ཟད་ན་སྐྱེ་བ་དང་རྒ་ཤི་ལྡོག་པར་འགྱུར་བའི་ཕྱིར་རོ། །འོ་ན་གང་ཟད་བས་ལས་ཉོན་ཟད་པར་འགྱུར་སྙམ་ན། འཁོར་བར་སྐྱེ་བའི་ལས་ནི་ཉོན་མོངས་ལས་སྐྱེ་ལ་ཉོན་མོངས་ཀྱང་སྡུག་མི་སྡུག་དང་ཕྱིན་ཅི་ལོག་གི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལས་འབྱུང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ནོ། །ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་དག་ནི་ཤེས་པ་དང་ཤེས་བྱ་དང་བརྗོད་བྱ་དང་རྗོད་བྱེད་དང་བུམ་སྣམ་དང་སྐྱེས་པ་དང་བུད་མེད་དང༌། རྙེད་མ་རྙེད་ལ་སོགས་པ་ལ་བདེན་བར་ཞེན་པའི་སྤྲོས་པ་སྣ་ཚོགས་པ་ཐོག་མེད་ནས་གོམས་པ་ལས་སྐྱེའོ། །བདེན་འཛིན་གྱི་སྤྲོས་པ་ནི་ཡུལ་དེ་
རྣམས་སྟོང་པ་ཉིད་དུ་ལྟ་བ་གོམས་པས་འགག་པར་འགྱུར་རོ། །དེ་ལྟར་ན་སྟོང་པ་ཉིད་ནི་དེ་ཁོ་ན་ཡིན་ལ་དེའི་ལྟ་བ་བསྒོམས་པས་དེ་རྟོགས་པར་འགྱུར་ཞིང༌། བ་སྒོམས་པའི་མཐར་ཉོན་མོངས་པའི་ས་བོན་ཟད་པ་ན་སྤྲོས་པ་རྣམ་པར་ཆད་པའི་སྟོང་ཉིད་དེ་ཉིད་ཐར་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་སེ། བརྒྱ་པ་ལས། མདོར་ན་ཆོས་ནི་མི་འཚེ་པར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །སྟོང་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་འབའ་ཞིག་གོ །ཞེས་གསུངས་པ་ལྟར་རོ། །ཤེས་རབ་སྒྲོན་མར། དེ་ཟད་པས་ན་སྐྱེ་བ་ཟད། །ཡན་ཆད་ཀྱིས་ཉན་རང་གི་ཐར་པ་དང༌། །ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་པའི་ཚིགས་སུ་བཅད་པས་ཐེག་ཆེན་གྱི་ཐར་པ་བསྟན་པར་འཆད་ལ། བུད་དྷ་པཱ་ལི་ཏ་དང་ཚིག་གསལ་ལས། དེ་གཉིས་ཀས་འཁོར་བ་ལས་གྲོལ་བའི་ཐར་པ་ཐེག་པ་ཆེ་ཆུང་ཐུན་མོང་བ་བསྟན་པར་བཞེད་དོ། །ཆིག་གསལ་ལས་ལེགས་ལྡན་གྱིས་དེ་ལྟར་བཤད་པ་ནི་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པ་ཁོང་དུ་མ་ཆུད་པ་ཡིན་པས་འཕགས་པའི་ལུགས་མིན་ཞིང་མི་འཐད་པར་གསུངས་སོ། །རིན་ཆེན་ཕྲེང་བར་རང་གི་སྡེ་པ་གནས་མེད་པ་ལ་འཇིགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་མ་མྱངས་བར་བཤད་པ་ནི། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་འཛིན་པའི་ཉན་ཐོས་སྡེ་པ་ལ་གསུངས་ཀྱི་ཐེག་དམན་ཐམས་ཅད་ཀྱིས་མ་མྱངས་པར་སྟོན་པ་མིན་ནོ། །ཐེག་པ་དམན་པ་གང་ཟག་དང་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་རྣམས་ནི་རྟག་ཆད་ཀྱི་གཡང་དུ་ལྟུང་བའི་མཐའ་མཐའ་བྲལ་གྱི་
ལྟ་བས་སྤངས་པ་ཡིན་བས་དབུ་མ་བའོ། །དེ་དག་ལ་ཞི་བའི་མཐར་ལྟུང་བ་ཡོད་ཀྱང་དེས་དབུ་མ་པ་ཡིན་པ་ལ་མི་གནོད་དེ་གཞན་དུ་ན་སྲིད་པའི་འཆིང་བ་དང་ཞི་བའི་རྒུད་པ་ལས་མ་གྲོལ་གྱི་བར་དུ་དབུ་མ་པ་མི་སྲིད་པར་འགྱུར་རོ། །གཉིས་པ་ལ་གཉིས། ལུང་དང་འགལ་བ་སྤང་བ་དངོས། དེ་ཁོ་ནར་གང་དུ་ཡང་བརྗོད་མི་ནུས་པའི་རྒྱུ་མཚན་ནོ། །དང་པོ་ནི། གལ་ཏེ་དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་དོར་ཕྱི་ནང་གི་དངོས་པོ་མ་དམིགས་པས་དེ་གཉིས་ལ་འཇིག་ལྟའི་རྣམ་རྟོག་ཟད་པ་དེ་ཁོ་ན་ཉིད་ཡིན་ན། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་བས་ནི། །མཁས་བས་མཐོ་རིས་ཐོབ་པར་འགྱུར། ཞེས་དང༌། གནག་དང་དཀར་བའི་ལས་ནི་འཇིག་མི་འགྱུར། །བདག་གིས་བྱས་པ་མྱོང་བར་འགྱུར་བ་ཡིན། །ཞེས་མང་དུ་གསུངས་པ་དང་ཇི་ལྟར་མི་འགལ་ཞེ་ན། འོ་ན་མདོ་སྡེ་ལས། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། ཞེས་པ་དང༌། དེ་བཞིན་དུ་བདག་གཟུགས་མ་ཡིན་བདག་གཟུགས་དང་ལྡན་པ་མ་ཡིན་གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་ཅེས་ཕུང་པོ་ལྷག་མ་བཞི་ལ་ཡང་དེ་ལྟར་གསུངས་ལ། ཆོས་ཐམས་ཅད་ནི་བདག་མེད་པའོ། །ཞེས་ཀྱང་གསུངས་པས་དེ་དག་ཀྱང་ལུང་གོང་མ་རྣམས་དང་ཇི་ལྟར་མི་འགལ། དེས་ན་རྒྱལ་བས་དེ་ལྟར་བསྟན་པའི་དགོངས་པ་བཙལ་བར་བྱ་དགོས་ལ་དགོངས་པ་ནི་འདི་ཡིན་ཏེ། འཇིག་རྟེན་སྔ་མ་ནས་འདིར་འོང་བ་དང་
འདི་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་སེམས་ཅན་དང་བདག་དང༌། འདིར་སྤྱད་པའི་དཀར་གནག་གི་ལས་ལས་ཕ་རོལ་ཏུ་བདེ་སྡུག་འབྱུང་བ་ལ་སྐུར་བ་འདེབས་པའི་གདུལ་བྱ་དམན་པ་སྡིག་པ་ལ་འཛེམ་མེད་དུ་འཇུག་པ་རྣམས་མི་དགེ་བ་ལས་བཟློག་པའི་ཕྱིར། སངས་རྒྱས་རྣམས་ཀྱིས་མདོ་སྡེ་འགའ་ཞིག་ཏུ་བདག་གོ་ཞེས་ཀྱང་བཏགས་པར་གྱུར་པ་སྟེ་བདག་ཡོད་པར་བཞག་གོ །གང་དག་དགེ་བ་བྱེད་ཅིང་མི་དགེ་བ་ལས་ལོག་པ་བདག་ཏུ་ལྟ་བ་དམ་པོས་བཅིངས་པ་བྱ་སྲད་བུ་ཤིན་ཏུ་རིང་བས་བརྟོད་པ་ལྟར། ཤིན་ཏུ་རང་བར་ཕྱིན་ཀྱང་ཁམས་གསུམ་ལས་འདས་ནས་ཐར་བའི་གྲོང་ཁྱེར་དུ་འགྲོ་མི་ནུས་པའི་གདུལ་བྱ་བར་མ་དེ་དག །འཇིག་ལྟ་ལྷོད་པར་བྱ་བའི་ཕྱིར་དང་མྱང་འདས་ལ་འདུན་པ་བསྐྱེད་པའི་ཕྱིར་དུ་མདོ་ཁ་ཅིག་ཏུ་བདག་མེད་དོ་ཞེས་ཀྱང་བསྟན་པར་གྱུར་ཏོ། །གང་དག་སྔོན་གོམས་པའི་ཁྱད་པར་གྱིས་ཆོས་ཟབ་མོ་ལ་ལྷག་པར་མོས་པའི་ས་བོན་སྨིན་པ་གསུང་རབ་ཀྱི་དོན་ཤིན་ཏུ་ཟབ་པའི་གཏིང་དཔོག་ནུས་པའི་གདུལ་བྱ་མཆོག་ལ་ནི། བདག་འགའ་དང་བདག་མེད་པ་འགའ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དོ་ཞེས་ཀྱང་བསྟན་ནོ། །འོད་སྲུངས་ཀྱིས་ཞུས་པ་ལས་ཀྱང༌། འོད་སྲུངས་བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་གཟུགས་མེད་པ་བསྟོན་དུ་མེད་པ་རྟེན་མེད་པ་སྣང་བ་མེད་པ་རྣམ་པར་རིག་པ་མེད་པ་གནས་མེད་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་དང༌།
རིན་ཆེན་ཕྲེང་བ་ལས་ཀྱང༌། དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་ནི། །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །མཐོང་དང་ཐོས་སོགས་ཐུབ་པ་ཡིས། །བདེན་མིན་བརྫུན་པ་མིན་པར་གསུངས། །ཕྱོགས་ལས་མི་མཐུན་ཕྱོགས་འགྱུར་བས། །དེ་དག་གཉི་ག་དོན་དུ་མིན། ཞེས་སོ། །ཐ་སྙད་དུ་བདག་དང་བདག་མེད་གཉིས་ཀ་ཡོད་མོད་ཀྱང་དོན་དམ་པར་མེད་པས་ཡང་དག་པར་དམིགས་སུ་མེད་པ་དང་མཐུན་ཕྱོགས་བདག་མེད་དང་དེའི་མི་མཐུན་ཕྱོགས་བདག་གཉིས་ཀ་དོན་དུ་མིན་ཞེས་གསུངས་སོ། །རིམ་པ་འདི་ནི་བརྒྱ་པ་ལས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། ཞེས་གསུངས་པ་དང༌། བརྡ་སྤྲོད་པ་དག་ཇི་ལྟ་བུར། ཞེས་སོགས་གསུངས་པ་དང་མཐུན་ནོ། །དེ་ལྟར་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་ཡུལ་སུན་མ་ཕྱུང་བར་ལས་གསོག་པ་དང་འབྲས་བུ་མྱོང་བའི་བདག་ཡོད་པར་གསུངས་པ་ནི། ངན་འགྲོར་མི་ལྟུང་བ་དང་བདེ་འགྲོ་ལ་དགོད་པའི་ཕྱིར་དུ་ལས་འབྲས་ཀྱི་ངེས་པ་བསྐྱེད་པའི་ཕྱིར་ཡིན་ལ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་ཡུལ་སུན་ཕྱུང་ནས་དེ་འདྲ་བའི་བདག་མེད་པར་བསྟན་ཞིང་ཕུང་པོ་རྫས་སུ་ཡོད་པར་འཛིན་པའི་ཡུལ་སུན་མ་ཕྱུང་བ་ནི། འཇིག་ལྟ་ལྷོད་པར་བྱ་བ་ཙམ་ཡིན་གྱི་དྲུངས་འབྱིན་བྱེད་མིན་པས་མི་རྟག་སོགས་བཅུ་དྲུག་གི་སྟོང་པ་དང་བདག་མེད་
གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་མེད་པའི་དབང་དུ་བྱས་པའི་ལམ་རྣམས་ཉོན་མོངས་ཟད་བྱེད་མིན་ནོ། །གང་ཟག་རང་གི་ངོ་བོས་ཡོད་པ་དང་དེ་བཀག་པ་རང་གི་ངོ་བོས་ཡོང་བ་གཉིས་ཀ་འགོག་པའི་གསུང་རབ་ནི་ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པའི་ལམ་མོ། །དེ་ནི་སངས་རྒྱས་རྣམས་ཀྱིས་ཞེས་པའི་བྱེད་པ་པོའི་ཚིག་ཐོག་མར་བཏེན་ནས་བདག་གོ་ཞེས་ཀྱང་བཏགས་ཞེས་སོགས་ཀྱི་བྱ་བའི་ཚིག་གསུམ་དང་སྦྲེལ་བའི་བཤད་པ་ཡིན་ལ། ད་ནི་རྩ་བར་སངས་རྒྱས་རྣམས་ཀྱིས་ཞེས་པའི་བྱེད་པ་པོའི་ཚིག་བྱ་བའི་ཚིག་གསུམ་པ་ཉིད་དང་སྦྱར་བའི་སྒྲས་ཟིན་ལྟར་བཤད་ན། འདུས་བྱས་སྐད་ཅིག་རེ་རེ་ལ་འཇིག་པ་རྣམས་ལ་ལས་འབྲས་ཀྱི་འབྲེལ་པ་མི་འཐད་པར་མཐོང་ནས་དེའི་རྟེན་དུ་གྲངས་ཅན་ལ་སོགས་པས་བདག་རྟག་པ་ཡོད་ཅེས་བཏགས་སོ། །རྒྱུ་ཚན་ལྟར་སྣང་གི་འཐད་པས་སྔ་མ་ནས་འདི་དང་འདི་ནས་ཕྱི་མར་འཁོར་བའི་གང་ཟག་མེད་པར་མཐོང་ནས་རྒྱང་པན་པས་དེ་འདྲ་བའི་བདག་མེད་དོ་ཞེས་ཀྱང་བསྟན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་བདག་དང་བདག་མེད་པ་འགའ་ཡང་རང་བཞིན་གྱིས་གྲུབ་པ་མེད་དོ་ཞེས་ཀྱང་བསྟན་ནོ། །གཉིས་པ་ནི། གལ་ཏེ་སངས་རྒྱས་རྣམས་ཀྱིས་བདག་དང་བདག་མེད་པ་གཉིས་ཀ་རང་བཞིན་མེད་པར་བསྟན་ན་འོ་ན་ཅི་ཞིག་ཡོད་པར་བསྟན་ཞེ་ན། དོན་དམ་པར་བརྗོད་པར་བྱ་བ་ཡོད་ན་དེ་སྟོན་པར་འགྱུར་ནའང་དོན་དམ་པར་བརྗོད་པར་བྱ་བ་ལྡོག་པ་སྟེ་ཡོད་པ་མིན་པ་དེའི་ཚེ་སངས་རྒྱས་རྣམས་ཀྱིས་ཅུང་ཟད་ཀྱང་མ་བསྟན་ནོ། །དེའི་རྒྱུ་མཚན་ནི་དོན་
དམ་པར་སེམས་ཀྱི་སྤྱོད་ཡུལ་གྱི་དམིགས་པ་ལྡོག་པས་སོ། །དེའི་རྒྱུ་མཚན་ཡང་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་ཤིང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པ་སྟེ་དེ་ཇི་འདྲ་བ་དེ་འདྲ་བར་གྱུར་པའི་ཕྱིར་རོ། །ཡང་ན་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཞེས་པ་ཇི་ལྟར་སྟོང་པ་ཉིད་དུ་ལྟ་བས་སྤྲོས་པ་འགག་ཅེས། དྲིས་པའི་ལན་དུ་བཤད་པར་བྱ་སྟེ་དེའི་ཚེ་རྐང་པ་ཐ་མ་གཉིས་ཀྱི་དོན་ནི་དེ་ལྟར་རྟོགས་པ་ལ་བྱའོ། །ཡང་ན་སྔར་ཕྱི་ནང་གི་དངོས་པོ་མ་དམིགས་པས་འཇིག་ལྟ་གཉིས་ཟད་པ་དེ་ཁོ་ན་ཉིད་ཡིན་ཞེས་བསྟན་པ་དེ་སྒྲས་བརྗོད་པ་དང་ཤེས་པར་ནུས་སམ་ཞེས་འདྲི་བའི་ལན་དུ་སྦྱར་ཏེ་བཤད་པ་ནི་སྔར་བཞིན་ནོ། །གསུམ་པ་ནི། གལ་ཏེ་མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས་པ་ཡིན་པ་ལ་ངག་དང་སེམས་དངོས་སུ་མི་འཇུག་ཀྱང་དེ་མ་བསྟན་ན། གདུལ་བྱ་རྣམས་ཀྱིས་ཤེས་པར་མི་ནུས་པས་གདུལ་བྱ་ཟབ་མོའི་དོན་ལ་གཞུག་པར་བྱ་བའི་ཕྱིར། ངེས་པར་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་དེ་སྟོན་པའི་རིམ་པ་ཞིག་ཡོད་དགོས་པས་དེ་བརྗོད་པར་བྱའོ་ཞེ་ན། རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་བསྟན་པའི་རིམ་པ་ནི་འདི་ཡིན་ཏེ། བརྒྱ་པ་ལས། གང་ཞིག་གང་གང་ལ་དགའ་བ། །དེ་ཡི་དེ་དེ་སྔར་བཤད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་གསུངས་པ་ལྟར་གདུལ་བྱ་རང་ལ་གྲགས་པ་སྔར་མ་
བཤད་ན་ཟབ་མོའི་སྣོད་དུ་རུང་བ་ལས་ཉམས་པར་འགྱུར་ལ། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡི་མ་རྟོགས་པར། །འཇིག་རྟེན་གཟུང་བར་ནུས་མ་ཡིན། ཞེས་གསུངས་པ་ལྟར་རང་ལ་གྲགས་པ་ལྟར་བཤད་པས་རྗེས་སུ་འཛིན་པའི་ཐབས་སུ་འགྱུར་བ་དང་། སྡོམ་པ་གསུམ་བསྟན་པ་ལས། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི་ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་བར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་ཆོས་སྟོན་ནོ་ཞེས་པའི་ལུང་ལས་ན། ཐོག་མ་ཁོ་ནར་འདི་ནི་འཇིག་རྟེན་གྱི་བྱུང་ཚུལ་མ་ལུས་པ་མཁྱེན་པའི་ཐམས་ཅད་མཁྱེན་པའོ་ཞེས་གདུལ་བྱ་རང་ལ་གུས་པ་བསྐྱེད་པའི་ཕྱིར་དུ། གདུལ་བྱ་རང་ལ་གྲགས་པའི་དངོས་པོའི་རང་གི་ངོ་བོའི་དབྱེ་བ་ཉན་པར་འདོད་པ་རྣམས་ལ་དེའི་ལྟ་བའི་དབང་དུ་བྱས་ནས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་མ་རིག་པའི་རབ་རིབ་ཅན་དག་གིས་བདེན་པར་བརྟགས་པའི་སྣོད་བཅུད་ཐམས་ཅད་ཡང་དག་པ་སྟེ་བདེན་ནོ་ཞེས་གསུངས་སོ། །དེ་ལྟར་བསྟན་པས་སྟོན་པ་ལ་ཐམས་ཅད་མཁྱེན་པའོ་སྙམ་དུ་གུས་པ་སྐྱེས་བའི་གདུལ་བྱ་ལ་དུས་ཕྱིས་ཡང་དག་བ་ནི་གཞན་དུ་འགྱུར་བ་མེད་པ་ཡིན་ན། འདུས་བྱས་འདི་དག་སྐད་ཅིག་རེ་རེ་ལ་འཇིག་པའི་ཕྱིར་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བ་ཡོད་པས་ཡང་དག་པ་མིན་ནོ་ཞེས་སྟོན་ཏེ། འདི་ནི་
ཕྲ་བའི་མི་རྟག་པ་བཤད་ནས་ཡིད་བརྟན་མི་རུང་བ་ལ་ཡང་དག་མིན་བ་སྟེ་བརྫུན་བར་གསུངས་པ་ཡིན་གྱི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་བདེན་མེད་ནི་མིན་ནོ། །དེ་ནས་གདུལ་བྱ་ཁ་ཅིག་ལ་ནི་སྣོད་བཅུད་འདི་དག་ཐམས་ཅད་བྱིས་པ་ལ་ལྟོས་ནས་ཡང་དག་པ་སྟེ་བདེན་པ་དང༌། འཕགས་པའི་རྗེས་ཀྱི་ཡེ་ཤེས་ལ་ལྟོས་ནས་ཡང་དག་མ་ཡིན་པ་བརྫུན་པའོ་ཞེས་བསྟན་ཏེ། འདིའི་བདེན་བརྫུན་ཀྱང་རང་གྲུབ་པའི་དུས་གཉིས་པར་རང་གི་ངོ་བོ་ལ་གནས་མི་གནས་ཀྱིས་སླུ་མི་སླུར་གསུངས་པའོ། །ཟབ་མོའི་ལྟ་བ་ལ་སྐྱེ་བ་སྔ་མར་རིང་ནས་གོམས་པ་ཚེ་འདིར་གྲུབ་མཐའི་དབང་གིས་བདེན་པར་འཛིན་པའི་སྒྲིབ་པ་ཅུང་ཟད་མ་སྤངས་པ་ཁ་ཅིག་ལ་ནི། སྒྲིབ་པ་ཅུང་ཟད་ཙམ་པོ་དེ་ཡང་སྤང་བར་བྱ་བའི་ཕྱིར་མོ་གཤམ་གྱི་བུ་མེད་པས་དེའི་སྔོ་བསངས་དང་དཀར་ཤམ་བརྟག་ཏུ་མི་རུང་བ་ལྟར། ཡང་དག་མིན་པ་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བར་ངོ་བོ་ཉིད་ཀྱིས་གྲུབ་པ་ཡང་མིན་ལ་ཡང་དག་བ་སྟེ་སྐད་ཅིག་རེ་རེ་ལ་གཞན་འགྱུར་མེད་པ་ཡང་མིན་ནོ་ཞེས་གཉིས་ཀ་བཀག་སྟེ། གཞན་འགྱུར་ཡོད་མེད་དུ་གྲུབ་མ་གྲུབ་རྩི་བའི་གཞི་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་དུས་དང་པོར་རྒྱུན་གྱི་མཐའི་མི་རྟག་པ་མ་གཏོགས་པ་སྐད་ཅིག་རེ་རེ་ལ་གཞན་འགྱུར་མེད་པའི་ཡང་དག་པ་ཁས་བླངས་ནས་སྟོན་པ་ལ་ཡིད་ཆེས་སྐྱེད་པའི་ཆོས་སྟོན་པ་དང༌། དུས་གཉིས་པར་སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བའི་ཡང་དག་མིན་
པ་ཁས་བླངས་ནས་རྟག་འཛིན་ཕྲ་མོ་ཟློག་པའི་ཆོས་སྟོན་པ་དང༌། དུས་གསུམ་པར་ཤེས་ངོ་གཉིས་ལ་ལྟོས་ནས་སྐད་ཅིག་གིས་གཞན་དུ་འགྱུར་མི་འགྱུར་གྱི་ཡང་དག་དང་ཡང་དག་མིན་པའི་རྣམ་གྲངས་གཉིས་ཀའི་ཆོས་སྟོན་པ་དང༌། དུས་བཞི་པར་སྐད་ཅིག་གིས་རྟག་མི་རྟག་གཉིས་ཀ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་དབེན་པའི་ཆོས་སྟོན་པ་དེ་ནི། ལམ་གོལ་བ་ནས་བཟློག་ནས་ལམ་བཟང་པོ་ལ་འགོད་པས་བསྟན་པ་ཡིན་ལ། དེ་ཡང་རིམ་གྱིས་སྟོན་པས་རྗེས་སུ་བསྟན་པའམ་གདུལ་བྱའི་བློ་དང་འཚམ་པར་སྟོན་པས་རྗེས་སུ་བསྟན་པའོ། །རྒྱལ་བ་རྣམས་ནི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཐབས་སུ་མ་གྱུར་པ་ནི་མི་གསུང་ལ་ནད་དང་མཐུན་པའི་སྨན་གསོག་པ་ལྟར་གདུལ་བྱ་དང་འཚམ་པར་ཆོས་སྟོན་ཏེ་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་དང༌། །གཉི་ག་མིན་ཞེས་ཀྱང་བསྟན་ཏེ། །ནད་ཀྱི་དབང་གིས་ཐམས་ཅད་ནི། །སྨན་ཞེས་བྱ་བར་འགྱུར་མིན་ནམ། ཞེས་གསུངས་སོ། །བུད་དྷ་པཱ་ལི་ཏ་ལས། འཇིག་རྟེན་ན་ཡང་དག་ཡིན་མིན་གཉིས་ཀར་གྲགས་པ་ལྟར་སྟོན་པས་ཀྱང་དེ་ལྟར་བཤད་དེ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཡིན་ལ། ཡང་དག་ཡིན་མིན་གཉིས་ཀ་བཀག་པ་ནི་དོན་དམ་པའི་དབང་གིས་དང༌། ཡང་ན་ཡང་དག་ཡིན་མིན་གཉིས་ཀ་ནི་རྒྱུ་དུས་ན་འབྲས་བུ་ཡོད་མེད་དང་གཉིས་ཀ་སྐྱེ་བ་དེར་སངས་རྒྱས་ཀྱིས་བསྟན་པ་ནི་ཡོད་མེད་ཀྱི་མཐའ་བཀག་ནས་རྒྱུ་རྐྱེན་ལས་གདགས་པར་ཟད་པས། དེ་ཁོ་ན་མཐོང་བར་འདོད་པ་རྣམས་ཀྱིས་འཇིག་རྟེན་
གྱི་ཐ་སྙད་ཀྱི་དབང་གིས་གསུངས་པ་ལ་མ་ཞེན་པར་བྱས་ཏེ་དེ་ཁོ་ན་ཉིད་གཟུང་ངོ་ཞེས་བཤད་དོ། །བཞི་པ་ལ་གཉིས། འཕགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང༌། འཇིག་རྟེན་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །དང་པོ་ནི། གང་ལ་རིམ་གྱིས་གཞུག་པའི་ཕྱིར་བསྟན་པའི་དེ་ཁོ་ན་ཉིད་དེ་མཚན་ཉིད་གང་དང་ལྡན་པ་ཞིག་ཅེ་ན། བརྗོད་པར་བྱ་བ་ལྡོག་པ་སྟེ། ཞེས་པར་བཤད་ཟིན་པས་ཅི་ཞིག་དྲིར་ཡོད། དེ་ལྟ་ནའང་འཇིག་རྟེན་པའི་ཐ་སྙད་ཁས་བླངས་པ་ལྟར་ཐ་སྙད་ཀྱི་བདེན་པའི་དོར་སྒྲོ་བཏགས་ནས་དེའི་མཚན་ཉིད་བརྗོད་པར་བྱ་དགོས་སོ་ཞེ་ན། ཚིག་གསལ་ལས་སྒྲོ་བཏགས་ནས་དེའི་མཚན་ཉིད་བརྗོད་དགོས་སོ་ཞེས་འབྱུང་བ་ནི་སྒྲ་རྟོག་གི་ཐ་སྙད་ཀྱི་ལམ་ནས་དྲངས་ཏེ་བཤད་པ་ལ་བྱའི། མིན་བཞིན་དུ་བཏགས་པ་མིན་ཏེ་རབ་བྱེད་བཅོ་ལྔ་པར་བཤད་ཟིན་ཏོ། །དེ་ལ་ལོག་རྟོག་སེལ་བ་ལ་ལྟོས་ནས་མཚན་ཉིད་ལྔ་ལྡན་དུ་གསུངས་པའི་དང་པོ་གཞན་ལས་ཤེས་པ་མིན་པ་ནི། གང་ཟག་གཞན་གྱིས་བསྟན་པ་ཙམ་ལས་རྟོགས་པར་བྱ་བ་མིན་གྱི་རང་གིས་ཟག་པ་མེད་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བའོ། །དཔེར་ན་རབ་རིབ་ཅན་གྱིས་སྐྲ་ཤད་དམིགས་པ་ན་རབ་རིབ་མེད་པས་སྣང་བ་འདི་ནི་སྐྲ་ཤད་ཀྱི་ངོ་བོར་མེད་དོ་ཞེས་བསྟན་ཀྱང༌། རབ་རིབ་མེད་པས་སྐྲ་ཤད་མེད་པ་མཐོང་བ་འདྲ་བ་ཞིག་དེས་རྟོགས་མི་ནུས་ཀྱི་དེས་བསྟན་པ་ལས་སྐྲ་ཤད་དུ་མེད་བཞིན་དུ་དེར་སྣང་བའི་ཕྱིན་ཅི་ལོག་གོ་སྙམ་པ་འདི་ཙམ་ཞིག་ཏུ་རྟོགས་སོ། །
རབ་རིབ་སེལ་བའི་མིག་སྨན་བསྐུས་པས་རབ་རིབ་མེད་པར་གྱུར་པའི་ཚེ་བར་སྣང་ལྟ་བུ་སྐྲ་ཤད་དུ་སྣང་བའི་ངོ་བོ་དེ་སྐྲ་ཤད་དུ་སྣང་བ་མ་མཐོང་བའི་ཚུལ་གྱིས་རྟོགས་པར་འགྱུར་རོ། །དེ་བཞིན་དུ་འཕགས་པ་རྣམས་ཀྱིས་སྒྲོ་བཏགས་པའི་སྒོ་ནས་དེ་ཁོ་ན་ཉིད་སྟོན་མོད་ཀྱང༌། དེ་ཙམ་གྱིས་སོ་སོ་སྐྱེ་བོ་རྣམས་ཀྱིས་དེའི་རང་གི་ངོ་བོ་ཟག་མེད་ཀྱི་ཡེ་ཤེས་ཀྱིས་གཟིགས་པ་འདྲ་བ་ཞིག་རྟོགས་མི་ནུས་ཀྱི། སྟོང་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ལྟ་བའི་མིག་སྨན་གྱིས་བློ་ཡི་མིག་བསྐུས་པ་ན་མ་རིག་པའི་རབ་རིབ་ཀྱིས་མ་བསླད་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་པའི་ཆེ། དེ་ཁོ་ན་ཉིད་དེ་སྤྲོས་པའི་སྣང་པ་གང་ཡང་མ་མཐོང་བའི་ཚུལ་གྱིས་རང་ཉིད་ཀྱིས་རྟོགས་པར་འགྱུར་ཏེ་དེ་འདྲ་བ་དེ་ནི་དེ་ཁོ་ན་ཉིད་དོ། །དེས་ན་སྐྲ་ཤད་འཛག་སྣང་ཅན་གྱིས་དེར་སྣང་བ་ལོག་པའི་ཚུལ་གྱིས་སྐྲ་ཤད་མེད་པ་མ་རྟོགས་ཀྱང་སྐྲ་ཤད་ཀྱིས་སྟོང་པའི་དོན་མ་རྟོགས་པ་མིན་པ་བཞིན་དུ། སོ་སོ་སྐྱེ་བོས་ཀྱང་གཉིས་སྣང་ལོག་པའི་ཚུལ་གྱིས་དེ་ཁོ་ན་ཉིད་མ་རྟོགས་ཀྱང་ངོ་བོ་ཉིད་ཀྱིས་ཡོད་པས་སྟོང་པའི་དོན་དམ་མི་རྟོགས་པ་མིན་ནོ། །གཉིས་པ་ཞི་བ་ནི་རབ་རིབ་མེད་པས་སྐྲ་ཤད་མ་མཐོང་བ་ལྟར་ངོ་བོ་ཉིད་ཀྱིས་ཡོད་པའི་རང་བཞིན་དང་བྲལ་བའོ། །དེའི་ཕྱིར་དོན་རྣམས་སྤྲོ་བར་བྱེད་པའི་སྤྲོས་པ་ངག་གིས་མ་སྤྲོས་པ་སྟེ་མ་བརྗོད་པ་ནི་གསུམ་པའོ། །བཞི་པ་རྣམ་རྟོག་མེད་པ་ནི་རྣམ་པར་རྟོག་པ་ནི་སེམས་ཀྱི་རྒྱུ་བ་ཡིན་ལ། དེ་ཁོ་ན་ཉིད་དེ་མངོན་དུ་གྱུར་པའི་དུས་སུ་ནི་དེ་དང་བྲལ་བ་སྟེ། མདོ་ལས་དོན་དམ་པའི་བདེན་
པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་གསུངས་སོ། །ལྔ་པ་དོན་ཐ་དད་པ་མེད་པ་ནི་ཆོས་གཅིག་དོན་དམ་པར་ཇི་ལྟ་བུ་ཡིན་པ་དེར་ཆོས་གཞན་ཐམས་ཅད་ཀྱང་མཚུངས་པས་དོན་དམ་པར་དོན་སོ་སོ་བ་མེད་པ་སྟེ། བདེན་པ་གཉིས་ལ་འཇུག་པ་ལས། འཇམ་དཔལ་ཡང་དག་པར་སྦྱོར་བ་ནི་གང་ཡིན་འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ནི་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་གཏན་མ་སྐྱེས་པ་གང་དུ་མཚུངས་པ་དེར་དོན་དམ་པར་མཚམས་མེད་པ་རྣམས་ཀྱང་མཚུངས་སོ། །ཞེས་རྒྱ་ཆེར་གསུངས་པ་ལྟར་རོ། །དེ་ལྟར་ན་དོན་ལྔ་པོ་དེ་དག་ནི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དེ་སྔ་མ་རྣམས་ཕྱི་མས་བཤད་པར་ཡང་རིག་པར་བྱའོ། །གཉིས་པ་ནི། རྒྱུ་གང་ལ་བརྟེན་ཏེ་འབྱུང་བའི་འབྲས་བུ་གང་ཡིན་པ་དེ་ནི་རེ་ཞིག་རྒྱུ་དེ་ཉིད་དང་ངོ་བོ་ཉིད་ཀྱིས་གཅིག་ཏུ་ཡོད་པ་མིན་ཏེ་བསྐྱེད་པར་བྱ་བ་དང་སྐྱེད་བར་བྱེད་པ་ཐམས་ཅད་གཅིག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་དེ་ཉིད་འབྲས་བུར་འཕོས་པའི་རྟག་པ་མིན་ནོ། །ཡང་རྒྱུ་གང་ལ་བརྟེན་ཏེ་འབྱུང་བའི་འབྲས་བུ་གང་ཡིན་པ་དེ་ནི་རྒྱུ་དེ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་ཡོད་པའང་མིན་ཏེ། གཞན་ཡིན་ན་རྒྱུ་ལ་ལྟོས་པ་འགལ་བས་རྒྱུ་མེད་པར་ཡང་འབྱུང་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་རྒྱུ་ལས་མི་འབྱུང་བའི་སྒོ་ནས་རྒྱུའི་རྒྱུན་ཆད་པ་ཡང་མིན་ནོ། །དེ་ལྟར་ན་རྟེན་འབྱུང་གི་གཏན་ཚིགས་ཀྱིས་འབྲས་བུ་རྒྱུ་དང་རང་བཞིན་གྱིས་གཅིག་ཐ་དད་གང་དུ་ཡང་
མ་གྲུབ་ལ། དེའི་རྒྱུ་མཚན་གྱིས་རྒྱུ་རྟག་པ་དང་ཆད་པའི་སྐྱོན་གཉིས་དང་བྲལ་བར་གྲུབ་སྟེ། འདི་ནི་རྒྱུ་འབྲས་མིན་བའི་བརྟེན་ནས་བཏགས་པ་ཐམས་ཅད་ལའང་རང་བཞིན་གྱིས་གྲུབ་བའི་གཅིག་ཐ་དད་དང་རྟག་ཆད་གཉིས་སྤོང་བའི་སྒོར་ཤེས་པར་བྱའོ། །ལྔ་པ་ནི། སངས་རྒྱས་འཇིག་རྟེན་པ་སྐྱོབ་པ་དང་མགོན་མེད་པའི་སྐྱབས་དང་མགོན་དུ་གྱུར་པ་རྣམས་ཀྱི་བསྟན་པ་དམ་པའི་ཆོས་ཀྱི་བདུད་རྩི་རྒ་བ་དང་འཆི་བ་གཏན་ནས་གཅད་པ་དེ་ནི། སྔར་བཤད་པ་ལྟར་བརྟེན་ནས་སྐྱེ་བ་དང་བརྟེན་ནས་བཏགས་པའི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དོན་གཅིག་པ་དང་དོན་ཐ་དད་པ་མིན་ཞིང་ཆད་པ་དང་རྟག་པ་ཡང་མིན་པ། ཤིན་ཏུ་ཟབ་པའི་དོན་དམ་པའི་དེ་ཁོ་ན་གསལ་བར་བྱེད་པ་འདི་ཡིན་ལ་དེས་ན་བདུད་རྩི་དེ་འབད་པ་ཆེན་པོས་བསྒྲུབ་པར་བྱའོ། །ཉན་ཐོས་ཆོས་ཀྱི་དེ་ཁོ་ནའི་བདུད་རྩི་འདི་ལ་ཐོས་བསམ་བསྒོམ་པའི་རིམ་གྱིས་རབ་ཏུ་ཞུགས་པ་རྣམས་ཀྱིས་ནི། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་གསུམ་གྱི་བདུད་རྩི་ཉེ་བར་སྤྱད་པས་ངེས་པ་ཁོ་ནར་རྒ་ཤི་ཟད་པའི་མྱང་འདས་ཐོབ་པར་འགྱུར་རོ། །ཅི་སྟེ་ཡང་ཆོས་ཀྱི་བདུད་རྩི་དེ་ཐོས་ཀྱང་དགེ་རྩ་མ་སྨིན་པས་ཚེ་འདིར་ཐར་བ་མ་ཐོབ་ན་ནི་སྐྱེ་བ་གཞན་དུ་སྔོན་གྱི་རྒྱུའི་སྟོབས་ལས་གདོན་མི་ཟ་བར་འགྲུབ་པར་འགྱུར་ཏེ། བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང༌། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་འཐོབ་འགྱུར་ལས་བཞིན་ནོ། །ཞེས་གསུངས་སོ། །གལ་ཏེ་སྐྱེ་བ་