Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

4 occurrences of བརྒྱད་གསུམ་
[Clear Hits]


collapse section
  
 
ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།
  
 
  
  
 
  
 
  
  
  


4 occurrences of བརྒྱད་གསུམ་
[Clear Hits]

 
previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


JLD015_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྦྱོར་བ་འགོག་པ་མིན་ན། ཡང་ན་སྔར་སྐྱེ་བ་བཀག་པའི་རིགས་པ་ལ་དགོངས་ནས་ཆོས་རྣམས་ཞེས་པ་གཉིས་གསུངས་ཏེ་དེ་ཡི་ལྟར་ན་སྐྱེ་འགག་རང་བཞིན་གྱིས་ཡོད་པ་བཀག་ནས་དེ་མ་ཐག་རྐྱེན་དོན་དམ་པར་ཡོད་པ་འགག་ལ། སྔ་མ་ལྟར་ན་མ་སྐྱེས་པ་དང་མ་འགགས་པ་གཉིས་ཐ་སྙད་པའི་དབང་དུ་བྱས་པའོ། །འགགས་ན་ཡང་ཞེས་པ་གཉིས་ནི་སྔར་དང་འདྲའོ། །འདིར་བུད་ངྷ་པཱ་ལི་ཏ་རྒྱས་པར་སྣང་བས་དེ་བཞིན་དུ་བཤད་དོ། །འབྲས་བུ་སྐྱེས་པའི་སྔོན་དུ་རྒྱུ་འགགས་མ་འགགས་རང་ལུགས་ལ་ཇི་ལྟར་བྱད་སྙམ་ན། འཇུག་པ་ལས། ས་བོན་འགག་བཞིན་པ་དེ་མྱུ་གུ་སྐྱེ་བཞིན་པ་གཉིས་དུས་མཉམ་པར་གསུངས་པ་ལྟར་སངས་རྒྱས་བསྐྱངས་ཀྱང་བཞེད་པས་རྒྱུ་འགགས་པ་དང་འབྲས་བུ་སྐྱེས་པ་གཉིས་ཀྱང་དུས་གཅིག་གོ །དེས་ན་རྒྱུ་འགག་བཞིན་པའི་འགག་པའི་བྱ་བ་མྱུ་གུ་སྐྱེས་པའི་སྔོན་དུ་འགྲོ་བ་བཞིན་དུ་འབྲས་བུ་སྐྱེ་བཞིན་པའི་སྐྱེ་བའི་བྱ་བ་ཡང་རྒྱུ་འགགས་པའི་སྔོན་དུ་འགྲོ་ལ་དེ་གཉིས་ཀྱང་རྒྱུ་འབྲས་སོ། །རྒྱུ་འགགས་པ་དང་འབྲས་བུ་གཉིས་དུས་མཉམ་ཡིན་པས་དེ་མ་ཐག་པའི་དོན་མེད་པར་བཞད་དོ། །འོ་ན་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། ས་བོན་ནི་ཡོད་པའི་གནས་སྐབས་ཁོ་ནར་མྱུ་གུའི་རྒྱུར་མི་རྟོགས་ཀྱི་མེད་པར་གྱུར་པ་ན་མྱུ་གུའི་རྒྱུར་རྟོགས་པའི་དཔར། གཞན་གྱིས་རྣམ་ཤེས་སྔ་མ་མེད་པར་གྱུར་པ་རྣམ་ཤེས་ཕྱི་མའི་དེ་མ་ཐག་རྐྱེན་དུ་ཁས་བླངས་པ་ལྟ་བུ་སྟེ། རྣམས་ཤེས་སྔ་མ་ཡོད་པའི་སྐབས་སུ་རྣམ་ཤེས་


JLD015_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་རྒྱུ་ཡིན་ན་དེ་གཉིས་དུས་ཅིག་ཆར་དུ་ཡོད་པར་འགྱུར་རོ། །རྒྱུ་འགགས་མ་ཐག་པ་ནི་འབྲས་བུ་སྐྱེ་བའི་རྐྱེན་ཡིན་ནོ་ཞེས་སྨྲ་བ་ལྟར་མེད་པ་ཡང་རྒྱུ་ཉིད་དོ་ཞེས་རྒྱུ་ཟད་པ་འབྲས་བུ་ཟད་པའི་རྒྱུར་སྒྲུབ་པའི་སྐབས་སུ་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ་འདི་ནི་བརྒྱ་པ་ལས། རྒྱུ་ནི་རྣམ་པར་འགྱུར་བ་ན། །གཞན་གྱི་རྒྱུ་རུ་འགྱུར་བ་ལྟེ། ཞེས་གསུངས་ཤིང༌། དེའི་འགྲེལ་པར་ས་བོན་གྱིས་སྔར་གྱི་གནས་སྐབས་མ་བཏང་བར་མྱུ་གུའི་རྒྱུར་མི་འགྱུར་བར་གསུངས་པ་ལྟར། འབྲས་བུའི་དུས་ན་རྒྱུའི་གནས་སྐབས་མ་བཏང་ན་རྒྱུར་འདོད་པ་དེ་འབྲས་བུ་དེའི་རྒྱུར་མི་འགྱུར་བ་ལ་ས་བོན་དང་རྣམ་ཤེས་སྔ་མ་མེད་པར་མ་སོང་བར་རྒྱུར་མི་འགྱུར་ཞེས་གསུངས་པ་ཡིན་པའི་ཕྱིར་ཏེ། དེ་ལྟར་མི་འདོད་པ་ལ་རྒྱུ་འབྲས་གཉིས་དུས་མཉམ་པར་འགྱུར་བར་གསུངས་པས་ཀྱང་ཤེས་ལ། རྒྱུ་རྣམ་པ་གཞན་དུ་མ་གྱུར་པར་དུ་རྒྱུར་མི་འགྱུར་ན་གྱུར་པའི་ཚེ་ནི་རྒྱུ་ལོག་པས་དེ་ལས་ཀྱང་རྒྱུར་མི་འགྱུར་བའི་ཕྱིར་རོ། །ཤེས་རབ་སྒྲོབ་མ་ལས། སྐད་ཅིག་མ་གཞན་གྱིས་བར་མཆོད་པའི་སྐད་ཅིག་མ་སྔ་མ་འགག་བཞིན་པ་ནི་ཕྱི་མ་སྐྱེ་བའི་གོ་འབྱེད་པས་དེ་ཡི་དེ་མ་ཐག་རྐྱེན་ནོ་ཞེས་འདོད་པ་ལ། གཟུགས་ཅན་མ་ཡིན་པ་རྣམས་ཡུལ་ན་མི་གནས་པས་གོ་སྐབས་འབྱེད་པ་མེད་པའི་ཕྱིར་དང༌། ཆོས་མངོན་པ་ལས། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། ཞེས་གསུངས་པས་འགགས་མ་ཐག་པའི་ཡིད་རྐྱེན་ཡིན་པའི་ཕྱིར་མི་རིགས་སོ་ཞེས་བཀག་ལ་སངས་རྒྱས་བསྐྱངས་ཀྱིས་མ་འགགས་


JLD015_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྐྱེན་དུ་བཞེས་པ་ཡང་བཀག་གོ །རྟོག་གེ་འབར་བ་ལས་ཀྱང༌། ས་བོན་འགགས་པ་ལས་མྱུ་གུ་ལ་སོགས་པ་སྐྱེ་བར་འགྱུར་བར་སྣང་བའི་ཕྱིར་རོ། །གལ་ཏེ་ས་བོན་མ་འགགས་པར་ཡང་མྱུ་གུ་སྐྱེ་བར་འགྱུར་ན་ནི་སྦྱང་ལ་སོགས་པ་ན་འདུག་པ་ཡང་སྐྱེ་བར་ཐལ་བར་འགྱུར་རོ། ཞེས་གསུངས་ཤིང༌། འགག་བཞིན་པ་དང་སྐྱེ་བཞིན་པ་གཉིས་དུས་མཉམ་པས་རྐྱེན་མིན་ཞེས་ཀྱང་སྨྲའོ། །ཕྱོགས་འདི་ལ་མྱུ་གུ་ས་བོན་ལས་དངོས་སུ་སྐྱེ་བ་དང་རྣམ་ཤེས་ཀྱི་རིགས་འདྲ་སྔ་མས་རྣམ་ཤེས་ཕྱི་མའི་དངོས་ཀྱི་དེ་མ་ཐག་རྐྱེན་བྱེད་པ་མི་སྲིད་པའི་སྐྱན་གཟིགས་ནས་སྔ་མ་རྣམས་ཀྱིས་སྔར་ལྟར་བཤད་དོ། །འོ་ན་དྲུག་པོ་འདས་མ་ཐག་པ་ཞེས་པ་དང་དེ་མ་ཐག་པ་ནི་སེམས་དང་སེམས་ལས་བྱུང་པ་འགགས་མ་ཐག་པ་རྣམས་ཏེ་ཐ་མ་མ་གཏོགས་པའོ། ཞེས་གསུངས་པ་རྣམས་ཇི་ལྟར་དྲང་ཞེ་ན། འབྲས་བུའི་དུས་ན་འགགས་ཤིང་དེའི་དེ་མ་ཐག་ཏུ་བྱུང་བ་ལ་དགོངས་ནས་འགགས་མ་ཐག་པ་ཞེས་གསུངས་ཀྱི་འབྲས་བུའི་སྔ་ལོགས་དེ་མ་ཐག་ཏུ་འགགས་པ་ལ་དགོངས་པ་མིན་ནོ། །དེ་ལྟ་མ་ཡིན་ན་དྲུག་པོ་འདས་མ་ཐག་པའི་རྣམ་ཤེས་ཡིད་ཡིན་པར་གསུངས་མི་རིགས་ཏེ་རྣམ་ཤེས་ཞིག་པ་ཡིད་དུ་མི་རུང་བའི་ཕྱིར་རོ། །དེས་ན་འགགས་ཞེས་པས་རྐྱེན་འདི་ལ་རྒྱུ་འབྲས་སྔ་ཕྱི་བ་དང་དེ་མ་ཐག་ཅེས་བས་དངོས་རྒྱུ་དགོས་པར་བསྟན་ནོ། །བཞི་པ་ནི། གང་ཡོད་ན་གང་འབྱུང་ལ་གང་མེད་ན་གང་མི་འབྱུང་བ་དེ་ནི་ཡི་བདག་པོ་ཡིན་ལ་དེ་ཡང་རང་བཞིན་གྱིས་གྲུབ་བོ་ཞེས་སྨྲ་ན། གང་གི་ཕྱིར་


JLD015_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྱུང་ཡིན་པ་དེ་ཡི་ཕྱིར་དངོས་བོ་ཐམས་ཅད་རང་བཞིན་མེད་པ་དེ་ཡི་ཚེ་དེ་རྣམས་ཀྱི་ཡོད་པ་ནི་རང་བཞིན་གྱིས་ཡོད་པ་མིན་ནོ། །དེ་ཡི་ཕྱིར་འདི་ཡོད་པས་ན་ཞེས་བྱ་བར་བསྙད་པའི་རྒྱུ་འདི་དང་འདི་འབྱུང་ཞེས་བྱ་བར་བསྙད་པའི་འབྲས་བུ་འདི་ལ་ནི་རང་བཞིན་ཡོད་པར་འཐད་པ་མ་ཡིན་ནོ། །དེ་མི་འཐད་ན་གང་གི་བདག་པོར་ཅི་ཞིག་འགྱུར་དེའི་ཕྱིར་བདག་རྐྱེན་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་པས་མཚན་ཉིད་ལས་ཀྱང་རྐྱེན་རྣམས་ལ་རང་བཞིན་ཡོད་པར་མི་འགྲུབ་བོ། །གསུམ་པ་ལ་གསུམ། འབྲས་བུ་འབྱུང་བའི་རྒྱུ་མཚན་གྱིས་རྐྱེན་ལ་རང་བཞིན་ཡོད་པ་དགག །འབྲས་བུ་རྐྱེན་ཡིན་མིན་གྱི་རང་བཞིན་དུ་གྲུབ་པ་དགག །རྐྱེན་དང་རྐྱེན་མིན་གྱི་རང་བཞིན་ངེས་པ་དགག་པའོ། དང་པོ་ནི། གལ་ཏེ་རྐྱན་གྱིས་དངོས་པོ་རྣམས་འདི་ལྟར་སྒྲུབ་པོ་ཞེས་པ་དེ་སྨྲ་མི་ནུས་ཀྱང་སྣལ་མ་ལ་སོགས་པ་ལས་སྣམ་བུ་ལ་སོགས་པ་སྐྱེ་བར་མཐོང་ནས་འབྲས་བུའི་རྐྱེན་ནི་འདི་དག་གོ་ཞེས་བྱ་པར་ཤེས་སོ་ཞེ་ན། སྣལ་མ་དང་ཚིག་པ་དང་ཐག་ཟངས་དང་སོད་ཤིང་ལ་སོགས་པའི་རྐྱེན་རྣམས་སོ་སོ་བ་དང་འདུས་པ་ལ་འབྲས་བུ་སྣམ་བུ་དེ་ནི་མེད་པ་ཉིད་དེ་ཁོ་ནའོ། །རྐྱེན་རྣམས་ལ་ནི་གང་མེད་བའི་སྣམ་བུ་དེ་ནི་རྐྱེན་སྣལ་མ་སོགས་ལས་རང་གི་ངོ་བོ་ཉིད་ཀྱིས་ཇི་ལྟར་སྐྱེ་ཞེས་པ་མི་སྐྱེ་སྟེ་བྱེ་མ་ལས་ཏིལ་མར་བཞིན་ནོ། །ཇི་ལྟར་མེད་ན་གལ་ཏེ་སྣམ་བུ་དེ་རྐྱེན་རེ་རེ་བ་ལ་ཡོད་ན་ཆ་ཤས་ཡོངས་སུ་རྫོགས་པ་རེ་ཡོད་དམ་ཆ་ཤས་རེ་ཡོད། དང་པོ་ལྟར་ན་རྐྱེན་དུ་མ་མི་དགོས་ཏེ་གཞན་ལ་མི་ལྟོས་པར་རེ་རེས་


JLD015_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྐྱེད་པར་འགྱུར་རོ། གཉིས་པ་ལྟར་ན་ཡང་གཞན་ལ་མི་ལྟོས་པར་རེ་རེས་ཀྱང་ཆ་ཤས་རེ་སྐྱེད་པར་འགྱུར་རོ། །དེ་ལྟར་འདོད་པར་ནི་མི་ནུས་པས་རྐྱེན་རེ་རེ་ལ་ཡོངས་རྫོགས་དང་ཆ་རེ་རེ་གང་ཡང་མེད་པས་རྐྱེན་འདུས་པ་ལ་ཡང་མེད་དོ། །ཚིག་གསལ་ལས། རྐྱེན་སོ་སོ་ལ་སྣམ་བུ་སོ་སོར་མེད་དེ་དམིགས་སུ་རུང་བ་ལས་མ་དམིགས་བའི་ཕྱིར་དང་རྒྱུ་མང་བས་འབྲས་བུ་མང་པོར་འགྱུར་བས་བཀག་པ་ནི་སླ་ལ། སྣལ་མ་ལ་སོགས་པ་ཚོགས་པ་ལ་ཡོད་པ་མ་ཡིན་ཏེ་ཡན་ལག་རེ་རེ་བ་ལ་མེད་པའི་ཕྱིར་དང་འབྲས་བུ་གཅིག་དུམ་བུར་སྐྱེ་བར་འགྱུར་བའི་ཕྱིར་ར། ཞེས་བཀག་པའི་ཕྱི་མ་ནི་ཚོགས་པ་ལ་སྣམ་བུ་ཡོད་པའི་ཚེ་ཚོགས་པ་ཅན་ལ་སྣམ་བུའི་ཆ་ཤས་རེ་ཡོད་ལ་དེའི་ཚེ་སྔར་ལྟར་རེ་རེ་ནས་སྐྱེད་ནུས་པས་ཆ་དུ་མར་སྐྱེ་བར་འགྱུར་རོ་ཞེས་པའོ། །ཅི་སྟེ་སྣམ་བུ་ལ་སོགས་པའི་འབྲས་བུ་དེ་ནི་རྐྱེན་རྣམས་ལ་མེད་པར་ཡང་རྐྱེན་དེ་དག་ལས་སྐྱེ་བར་འགྱུར་བས་སྔ་མ་ལ་ཁྱབ་པ་མེད་དོ་ཞེ་ན། དེ་ལྟ་ཡིན་ན་རྐྱེན་མ་ཡིན་པ་འཇག་མ་ལ་སོགས་པ་དག་ལས་ཀྱང་སྣམ་བུ་ལ་སོགས་པ་ཅི་ཡི་ཕྱིར་ན་སྐྱེ་པར་མི་འགྱུར་ཏེ་འགྱུར་རོ། །འདི་དག་གི་རྒྱུ་མཆེན་སྔར་བཤད་ཟིན་ཏོ། །གཉིས་པ་ནི། གལ་ཏེ་རྐྱེན་དང་འབྲས་བུ་གཞན་ཡིན་ན་རྐྱེན་ལ་འབྲས་བུ་ཡོད་མེད་དཔྱོད་པར་རིགས་ཀྱང་འབྲས་བུ་རྐྱེན་གྱི་རང་བཞིན་ཅན་ཁོ་ནའོ་ཞེ་ན། གལ་ཏེ་འབྲས་བུ་རྐྱེན་གྱི་རང་བཞིན་ནམ་རྐྱེན་གྱི་རྣམ་འགྱུར་ཡིན་ནོ་ཞེས་འཇོག་ན་དེ་ནི་མི་རིགས་ཏེ། སྣལ་མ་ལ་


JLD015_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྣམས་རང་གི་ངོ་བོས་གྲུབ་ན་སྣམ་བུ་དེའི་རང་བཞིན་ནོ་ཞེས་གཞག་ཏུ་རུང་ཡང་རྐྱེན་དེ་རྣམས་བདག་གི་ངོ་བོས་གྲུབ་པའི་རང་བཞིན་དུ་ཡོད་པ་མིན་པའི་ཕྱིར་ཏེ། དེ་དག་ནི་རང་རང་གི་ཆ་ཤས་ལ་བཏགས་ནས་བཞག་པ་ཙམ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་བདག་དངོས་ཀྱི་རང་བཞིན་མིན་པ་དེ་དག་ལས་སྣམ་བུ་ལ་སོགས་པའི་འབྲས་བུ་གང་ཡིན་པ་དེ་ནི་ཇི་ལྟར་སྣལ་མ་ལ་སོགས་པའི་རྐྱེན་གྱི་རང་བཞིན་དུ་ཡོད་དེ་མེད་དོ། །དེ་སྐད་དུ་བརྒྱ་པ་ལས། སྣམ་བུ་རྒྱུ་ལས་གྲུབ་འགྱུར་ཞིང༌། །རྒྱུ་ཡང་གཞན་ལས་གྲུབ་འགྱུར་ན། །གང་ཞིག་རང་གིས་གྲུབ་མེད་པ། །དེས་གཞན་སྐྱེད་པར་ཇི་ལྟར་འགྱུར། ཞེས་སོ། །དེ་ཡི་ཕྱིར་རྐྱེན་གྱི་རང་བཞིན་ཅན་གྱི་འབྲས་བུ་ནི་ཡོད་པ་མིན་ནོ། །འོ་ན་འབྲས་བུ་རྐྱེན་མ་ཡིན་པའི་རང་བཞིན་དུ་འགྱུར་ཏེ་རང་བཞིན་ཡོད་ལ་རྐྱེན་གྱི་རང་བཞིན་དུ་མི་འཐད་པའི་ཕྱིར་རོ་ཞེ་ན། རྐྱེན་མིན་པའི་རང་བཞིན་དུ་གྲུབ་པའི་འབྲས་བུ་ནི་ཡོད་པ་མིན་ཏེ། སྣམ་བུ་སྣལ་མའི་རང་བཞིན་དུ་མི་འཐད་པར་མཐོང་ནས་འཇག་མའི་རང་བཞིན་དུ་ཁས་ལེན་པ་མི་རིགས་པའི་ཕྱིར་རོ། །འབྲས་བུ་རྒྱུ་དང་རང་བཞིན་གཅིག་པའི་སྐྱེ་བ་སྔར་བཀག་མོད་ཀྱང་འདིར་རང་བཞིན་གཅིག་འགོག་ལ་འགོག་པའི་རིགས་པ་ཡང་མི་འདྲའོ། །གསུམ་པ་ནི་གལ་ཏེ་ཁྱེད་ཀྱིས་འབྲས་བུ་བཀག་མོད་ཀྱང་རྐྱེན་དང་རྐྱེན་མ་ཡིན་པའི་ངེས་པ་ཡོད་དེ། འབྲུ་དག་ལས་འབྲུ་མར་ཁོ་ན་འབྱུང་གི་མར་མི་འབྱུང་ངོ༌། །ཞོ་ལས་ནི་མར་ཁོ་ན་འབྱུང་གི་འབྲུ་མར་མི་འབྱུང་ངོ། །བྱེ་མ་ལས་ནི་དེ་གཉིས་ཀ་མི་


JLD015_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ༌། །ཁྱེད་ཀྱིས་ཀྱང་རྐྱེན་མིན་ལས་ཀྱང་ཞེས་སྨྲས་པས་སོ། །མར་དང་འབྲུ་མར་ཞེས་པའི་འབྲས་བུ་མེད་ན་འབྲུ་དང་ཞོ་དག་རྐྱེན་དང་རྐྱེན་མིན་དུ་མི་རིགས་པས་འབྲས་བུ་དང་རྐྱེན་ཀྱང་རང་བཞིན་གྱིས་ཡོད་དེ་ཞེ་ན། འདི་ལ་ཁྱོད་ཀྱིས་འབྲུ་མར་ལ་སོགས་པ་འབྲས་བུ་འབྱུང་མི་འབྱུང་གི་རྐྱེན་དང་རྐྱེན་མ་ཡིན་སོ་སོར་ངེས་པའི་རྒྱུར་སྨྲས་པ་ནི། རྐྱེན་དང་རྐྱེན་མིན་གྱི་རང་བཞིན་གྱི་འབྲས་བུ་མེད་པར་སྔར་བསྟན་ཟིན་པས་ན། འདི་ནི་འདི་ཡི་རྐྱེན་དུ་ཡོད་དོ། །འདི་དག་ནི་འདི་ཡི་རྐྱེན་མིན་ནོ་ཞེས་པའི་ངེས་པ་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ནི། དེ་ལྟར་འཕགས་པའི་རིགས་པ་ཤིན་ཏུ་ཟབ་པ་རྣམས་ཀྱིས་རང་བཞིན་གྱིས་སྐྱེ་བ་མེད་པ་བསྒྲུབས་པ་ལ། རིགས་པ་མི་ཤེས་ཤིང་ལུང་ཙམ་སྐྱབས་སུ་གྱུར་པ་རྣམས་ཀྱིས་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་གྱིས་བསྒྲུབས་པ་ཡིན་ནོ་ཞེས་སྨྲ་པ་དགག་པའི་ཕྱིར་དང༌། ཆོས་རྣམས་སྐྱེ་བ་མེད་པར་སྟོན་པའི་གསུང་རབ་ཐམས་ཅད་རབ་ཏུ་བྱེད་པ་འདིས་བཤད་པར་བྱ་པ་ཡིན་པར་བསྟན་པའི་ཕྱིར་ངེས་པའི་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྟོན་པ་ནི། འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། གང་ནའང་སྟོང་པ་རིག་པ་མེད་པ་ནི། །ནམ་མཁའ་བར་སྣང་བྱ་ཡི་རྗེས་དང་མཚུངས། ཞེས་དེ་ཁོ་ན་ཉིད་དང་རོ་གཅིག་ཏུ་གྱུར་པ་སྤྲོས་པ་མེད་པའི་ཡེ་ཤེས་དཔེ་དེ་དང་འདྲ་བར་བསྟན་ནོ། །དེ་ཁོ་ན་ཉིད་ནི། གང་ནའང་ངོ་བོ་ཉིད་འགའ་ཡོད་མིན་པ། །དེ་ནི་ནམ་ཡང་གཞན་གྱི་རྒྱུར་མི་འགྱུར། །གང་


JLD015_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་ཉིད་ནི་མི་རྙེད་པ། །རང་བཞིན་མེད་དེ་ཇི་ལྟར་གཞན་གྱི་རྐྱེན། ཞེས་རྒྱུ་དང་རྐྱེན་ལ་སྐྱེད་བྱེད་ཀྱི་རང་བཞིན་མེད་པ་དང༌། རང་བཞིན་མེད་པ་གཞན་གྱིས་ཅི་ཞིག་སྐྱེད། རྒྱུ་དེ་བདེ་བར་གཤེགས་པས་བསྟན་པའོ། ཞེས་འབྲས་བུ་ལ་བསྐྱེད་བྱའི་རང་བཞིན་མེད་པའི་སྟོང་ཉིད་རྒྱལ་བས་རྒྱུ་མཚན་དང་བཅས་ཏེ་བསྟན་པ་དེ་ཉིད་དོ་ཞེས་གསུངས་སོ། །ཐམས་ཅད་ཆོས་ཀྱང་མི་གཡོ་བརྟན་པར་གནས། མི་འགྱུར་འཚེ་བ་མེད་ཅིང་ཞི་བ་སྟེ། །ཇི་ལྟར་ནམ་མཁའ་ཤེས་པ་མེད་པ་བཞིན། །དེ་ལ་མི་ཤེས་འགྲོ་བ་རྨོངས་པར་འགྱུར། ཞེས་པས་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དེ་མི་གཡོ་བ་སོགས་སུ་བསྟན་ཞིང་དེ་ཡང་ནམ་མཁའ་རི་བོ་ལ་སོགས་པའི་ཐོགས་བཅས་བཀག་ཙམ་ལ་འཇོག་པ་མིན་པ་གཞན་དུ་ཤེས་པར་བྱར་མེད་པ་བཞིན་དུ་གཡོ་བ་དང་བརྟན་པ་སོགས་ཀྱི་སྤྲོས་པ་བཅད་ཙམ་དུ་ཤེས་པར་བྱ་བ་དང༌། དོན་དེ་མ་རྟོགས་པས་འཁོར་བར་གསུངས་སོ། །ཇི་ལྟར་རི་བོ་དག་ནི་མི་སྒུལ་བ། །དེ་བཞིན་ཆོས་རྣམས་རྟག་ཏུ་བསྐྱོད་མི་ནུས། །འཆི་འཕོ་མེད་ཅིང་སྐྱེ་བ་མེད་པ་ཡི། །ཆོས་རྣམས་དེ་ལྟར་རྒྱལ་བས་རབ་ཏུ་བསྟན། །ཞེས་པས་ནི་ཆོས་རྣམས་རང་བཞིན་གྱིས་སྟོང་པ་རྣམ་པ་གཞན་དུ་དྲང་དུ་མི་ནུས་པ་དང་འཆི་འཕོ་སོགས་མེད་པར་བསྟན་ནོ། །ཆོས་གང་སྐྱེ་བ་མེད་ཅིང་འབྱུང་བ་མེད། །འཆི་འཕོ་མེད་ཅིང་རྒ་བར་མི་འགྱུར་བ། །མི་ཡི་སེངྒེ་ཡིས་ནི་དེར་སྟོན་ཞིང༌། །སེམས་ཅན་བརྒྱ་ཕྲག་དག་ནི་དེ་ལ་བཀོད། །ཅེས་པས་ནི་རང་བཞིན་གྱིས་སྐྱེ་འཆི་མེད་པའི་དོན་དེ་གདུལ་བྱ་གཞན་དུ་མ་ཞིག་ཀྱང་འཛིན་དུ་བཅུག་


JLD015_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དངོས་སུ་བསྟན་པའི་ཤུགས་ཀྱིས་གཞན་དག་གིས་ཀྱང་དེ་ལ་སེམས་ཅན་རྣམས་དགོད་པར་བྱའོ་ཞེས་བསྟན་ནོ། །གང་ལ་ངོ་བོ་ཉིད་ནི་གང་ཡང་མེད། །གཞན་ཡང་མ་ཡིན་སུས་ཀྱང་མི་རྙེད་པ། །ནང་ན་མ་ཡིན་ཕྱི་རོལ་དག་ན་ཡང༌། །མི་རྙེད་དེ་དག་ལ་ནི་མགོན་པོས་བཀོད། །ཅེས་པས་ནི་ཆོས་གང་ལ་ཚོལ་བ་པོ་སུས་གནས་སྐབས་གང་དུ་བཙལ་ཡང་རང་དང་གཞན་གྱི་ངོ་བོ་ཉིད་མི་རྙེད་བའི་དོན་དེ་ལ་སེམས་ཅན་རྣམས་བཀོད་ཅེས་བསྟན་ཏེ་གདུལ་བྱ་ལ་ངེས་དོན་གྱི་གོ་བ་སྐྱེད་ལུགས་བསྟན་ནོ། །བདེ་བར་གཤེགས་པས་ཞི་བའི་འགྲོ་གསུངས་ཀྱང༌། །འགྲོ་བ་གང་ཡང་རྙེད་པར་མི་འགྱུར་ཏེ། །དེ་དག་འགྲོ་ལས་གྲོལ་བར་རྣམ་པར་གསུངས། །གྲོལ་ནས་སེམས་ཅན་མང་པོ་གྲོལ་བར་མཛད། །ཅེས་པས་ནི་ཞི་བར་འགྲོ་མཁན་དེ་ཡང་བཙལ་ན་མི་རྙེད་པ་དང༌། དེ་ལྟ་ནའང་དེ་དག་འགྲོ་བ་ལྔའི་འཁོར་བ་ལས་གྲོལ་བ་དང་རང་གྲོལ་ནས་གཞན་མང་པོ་སྒྲོལ་བར་གསུངས་ཏེ་རིགས་པས་དཔྱད་ན་མི་རྙེད་པས་ཐར་པ་དང་དེ་ཐོབ་མཁན་དང་དེས་དེ་ཐོབ་པ་སོགས་ཐམས་ཅད་མི་འགོག་པའི་དོན་ནོ། །དེ་ལྟར་ན་རབ་བྱེད་དང་པོའི་རིགས་པ་འདི་རྣམས་ནི་འདི་དང་འདི་འདྲ་བའི་སྐྱེ་མེད་སྟོན་པའི་གསུང་རབ་ཐམས་ཅད་ལྟ་བའི་མིག་ཏུ་ཤེས་པར་གྱིས་ཤིག །གསུམ་པ་ནི། རབ་བྱེད་འདིས་གང་འགོག་པའི་དགག་བྱ་འཛིན་ལུགས་དང་དེ་རིགས་པས་བཀག་པའི་འོག་ཏུ་ཇི་འདྲ་ཞིག་ཏུ་གྲུབ་པ་དང༌། དེ་ཉིད་ལ་རྒྱུ་རྐྱེན་དང་འབྲས་བུ་འཇོག་ཚུལ་གསུམ་མདོར་བསྡུས་ཏེ་བརྗོད་ན། ས་བོན་དང་བུད་


JLD015_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ལ་སོགས་པས་མྱུ་གུ་དང་མེ་ལ་སོགས་པ་སྐྱེད་པའི་བྱ་བ་བྱེད་པ་མཐོང་བ་དང་དེ་ལྟར་བྱེད་ཅེས་ཐོས་པ་ན། རྒྱུ་འབྲས་གཉིས་ཀ་ཡང་མིང་དུ་བཏགས་པ་ཙམ་མིན་པར་ཐ་སྙད་བཏགས་པའི་བཏགས་སའི་དོན་དེ་རང་གི་ངོ་བོས་གྲུབ་པའི་བསྐྱེད་བྱ་དང་སྐྱེད་བྱེད་དུ་ཡོད་པར་འཛིན་པ་ནི་དགག་བྱ་འཛིན་པ་ཡིན་ནོ། །དེ་ལྟར་བཟུང་བའི་དོན་དེ་ཡོད་པར་ཁས་ལེན་ན་འབྲས་བུ་སྐྱེ་བ་དེ་རྒྱུ་རྐྱེན་དང་རང་བཞིན་གཅིག་པ་དང་ཐ་དད་པའི་སྐྱེ་བ་གང་ཡིན་ཞེས་དཔྱད་ནས་འབྲས་ངོས་ནས་བསྐྱེད་བྱའི་རང་བཞིན་དང༌། རྐྱེན་གྱིས་ཀྱང་འབྲས་བུ་རྒྱུ་དུས་ན་ཡོད་མེད་གང་སྒྲུབ་ཅེས་སོགས་ཀྱིས་རྒྱུའི་ངོས་ནས་སྐྱེད་བྱེད་ཀྱི་རང་བཞིན་འགོག་སྟེ། རང་གི་ངོ་བོས་ཡོད་པ་དེ་ལ་རྒྱུ་རྐྱེན་དང་འབྲས་བུ་གང་ཡང་གཞག་ས་མེད་པར་དགག་པའི་ཕྱོགས་ཉིད་གཙོ་བོར་མཛད་ནས་སྟོན་ནོ། །དེ་ལྟར་མཛད་དགོས་པ་ནི་རྒྱུ་འབྲས་ཡོད་པ་དེ་རང་གི་ངོ་བོའི་དབང་གིས་ཡོད་པར་འཛིན་པ་ཐོག་མ་མེད་པ་ནས་གོམས་ཆེས་བས་དེ་བཟློག་དཀའ་བའི་ཕྱིར་དང༌། རང་བཞིན་དེ་ཁེགས་ན་རང་བཞིན་མེད་པ་ལ་བྱ་བྱེད་འཐད་པ་བདེ་བླག་ཏུ་འགྲུབ་པའི་ཕྱིར། རང་ལུགས་ལ་ཐ་སྙད་དུ་བྱ་བྱེད་འཇོག་ལུགས་རྣམས་གཙོ་བོར་མ་མཛད་དོ། །དེ་ལྟར་འགོག་པའི་ཆ་བདག་ལས་སམ་གཞན་ལས་ཞེས་སོགས་ཀྱིས་ཐ་སྙད་བཏགས་པའི་བཏགས་སའི་དོན་དེ་ཇི་ལྟར་ཡོད་དཔྱད་ནས་འགོག་པ་ཤ་སྟག་འབྱུང་བས་བཏགས་པ་ཙམ་མིན་པའི་སྐྱེ་བ་འགོག་གི་སྐྱེ་བ་ཙམ་མི་འགོག་པར་ཤིན་ཏུ་གསལ་བ་ལ་དགོངས་ནས་རབ་བྱེད་ཕལ་མོ་ཆེར་དགག་བྱ་ལ་ཁྱད་པར་


JLD015_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྦྱར་ཞིང༌། ཁྱད་པར་སྦྱར་བ་ཡང་སྐབས་མང་དུ་གསུངས་ལ་སྐབས་གཅིག་ཏུ་སྦྱར་ན་རྒྱུ་མཚན་མཚུངས་པས་དངོས་སུ་མ་སྦྱར་བ་རྣམས་ལ་ཡང་སྦྱར་དགོས་པ་ཤེས་སླ་བ་ལ་དགོངས་ནས་ཀྱང་ཡིན་ནོ། །ཚིག་གསལ་ལས་ནི་འགག་པ་མེད་པ་སྐྱེ་མེད་པ་ཞེས་སོགས་ནི་འགག་སོགས་ཡོད་པར་གསུངས་པའི་ལུང་དང་མི་འགལ་བར་སྟོན་པ་ན་ཟག་མེད་ཀྱི་ཡེ་ཤེས་ཀྱི་ཡུལ་གྱི་རང་བཞིན་གྱི་སྐྱེ་འགག་སོགས་མེད་བ་ཡིན་ཞེས་པ་དང་དོན་དམ་པའི་སྐྱེ་བ་བཀག་གི་ཀུན་རྫོབ་པའི་སྐྱེ་བ་མ་བཀག་ཅེས་སྟོང་ཐུན་དུ་བཤད་ཟིན་ཞིང༌། རྐྱེན་བཞི་ལས་དངོས་པོ་སྐྱེ་བར་གསུངས་པའི་ལུང་གི་དགོངས་པ་ཡང་དེ་ཡིན་པར་བཤད་ལ། དམིགས་རྐྱེན་བཀག་པ་ཡང་དོན་དམ་པར་ཡིན་གྱི་ཀུན་རྫོབ་པ་མིན་ཞེས་གསུངས་པས་དགག་བྱ་ལ་ཁྱད་པར་སྦྱར་བ་ཤིན་ཏུ་ཡང་གསལ་ལ་གྲངས་ཀྱང་མང་བས། ཚིག་དོན་འཆད་པའི་སྐབས་སུ་མང་དུ་མ་བྱུང་བ་ལ་འཁྲུལ་བར་མི་བྱའོ། །བརྒྱ་པའི་འགྲེལ་པ་ལས་ཀྱང༌། གལ་ཏེ་རྣམ་པར་དཔྱད་པ་འདིས་སྐྱེ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ལས་འདུས་བྱས་སྐྱེ་བ་མེད་པར་བསྟན་པར་འདོད་ན་ནི། དེ་ཡི་ཚེ་དེ་སྒྱུ་མ་ལྟ་བུ་ཉིད་དུ་མི་འགྱུར་གྱི་མོ་གཤམ་གྱི་བུ་ལ་སོགས་པ་དག་གིས་ཉེ་བར་གཞལ་བར་འགྱུར་བ་ཞིག་ན། རྟེན་ཅིང་འབྲེལ་པར་འབྱུང་བ་མེད་པར་ཐལ་བར་འགྱུར་བའི་འཇིགས་པས་དེ་དག་དང་སྟུན་པར་མི་བྱེད་ཀྱི་དེ་དང་མི་འགལ་བ་སྒྱུ་མ་ལ་སོགས་པ་དག་


JLD015_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་བྱེད་དོ། །ཞེས་ཤིན་ཏུ་གསལ་བར་གསུངས་ཤིང༌། ལང་གཤེགས་ལས་ཀྱང༌། རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས་ངས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་གསུངས་སོ་ཞེས་པ་ཚིག་གསལ་དུ་དྲངས་སོ། །རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་རྒྱུ་འབྲས་ཁེགས་པ་ན་རྒྱུ་འབྲས་མིང་དུ་བཏགས་པ་ཙམ་དང་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་དུ་འགྱུར་ཏེ་བུད་དྷ་པཱ་ལི་ཏ་ལས་རབ་བྱེད་དང་པོའི་མགོར་སྐྱེ་བར་བརྗོད་པ་ཐ་སྙད་ཙམ་ཡིན་པར་སྟོན་ཅིག་ཅེས་དང་རྫོགས་པའི་མཇུག་ཏུ་སྐྱེ་བར་བརྗོད་པ་ཐ་སྙད་ཙམ་དུ་གྲུབ་བོ་ཞེས་བཤད་པ་བཞིན་ནོ། །དེ་ལྟར་རང་གི་ངོ་བོས་གྲུབ་པ་ལ་རྒྱུ་འབྲས་ཁས་བླང་དུ་མི་རུང་བར་མཐོང་ན་ཕན་གནོད་བྱེད་པའི་རྒྱུ་འབྲས་ལ་ནི་སུས་ཀྱང་བསྙོན་དུ་མེད་པས་ཡོད་ལ་རང་གི་ངོ་བོས་ཡོད་པ་ལ་ནི་གཞག་ཏུ་མི་རུང་བའི་ཕྱིར་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ལ་དེ་དག་འཐད་དོ་ཞེས་ཁས་བླང་བར་བྱའོ། །བསྐྱེད་བྱ་སྐྱེད་བྱེད་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྟེང་ནས་འཇོག་པ་ལ་གོམས་ཆེས་པས་དེ་བཀག་པ་ན་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ལ་དེ་དག་འཇོག་པ་བློ་ལ་མི་བདེ་ཡང༌། འཇོག་ཚུལ་གཉིས་ལས་ནི་མེད་ལ་སྔ་མ་ལ་མི་འཐད་ན་ཕྱི་མ་ལ་འཇོག་པ་འོས་མེད་དོ་སྙམ་དུ་བློ་དེ་ཡི་ཕྱོགས་སུ་དྲང་དགོས་སོ། །བསྐྱེད་བྱ་སྐྱེད་བྱེད་ཡོད་ན་རྒྱུ་འབྲས་ཀྱི་དོན་ཡོད་པས་མིང་དུ་བཏགས་པ་ཙམ་མོ་ཞེས་པ་མི་འཐད་དོ་སྙམ་པ་ཡང་མི་རིགས་པའི་རྒྱུ་མཚན་ཙམ་གྱི་སྒྲས་མིང་མིན་པའི་དོན་ཡོད་པ་དང་དོན་ཚད་མས་


JLD015_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་མི་གཅོད་པ་དང༌། མིང་དུ་བཏགས་པ་ཙམ་དུ་ཡོད་ཅེས་པས་ཀྱང་མིང་གི་ཐ་སྙད་ཀྱི་དབང་གིས་མ་བཞག་པའི་ཡོད་པ་མི་སྲིད་ཀྱང་མིང་གི་ཐ་སྙད་ཀྱི་དབང་གིས་གང་བཞག་ཐམས་ཅད་ཡོད་པར་སྟོན་པ་མིན་པར་བཤད་ཟིན་ཏོ། །དེ་ལྟར་ན་ཕྱི་ནང་གི་རྒྱུ་རྐྱེན་ས་བོན་དང་མྱུ་གུ་ལ་སོགས་པ་དང་དབང་པོ་དང་ཡུལ་ལ་བརྟེན་ནས་རྣམ་ཤེས་འབྱུང་བ་ལྟ་བུ་གང་རྣམ་པ་གསལ་བ་ཞིག་གཞིར་གཟུང་ལ། སྔར་བཤད་པ་ལྟར་གྱི་འཛིན་པས་ཇི་ལྟར་བཟུང་བལྟས་ཏེ་དེ་ནས་འབྲས་ཕྱོགས་དང་རྒྱུ་ཕྱོགས་གང་རུང་གཅིག་ནས་རང་གི་ངོ་བོས་ཡོད་པ་འགོག་པའི་རིགས་པ་རྣམས་ཀྱི་རང་བཞིན་ལྷག་མ་མ་ལུས་པར་དགག་སྟེ་ཅུང་ཟད་མ་ཁེགས་ནའང་དེ་ཡི་འཛིན་པས་བཅིངས་ནས་གྲོལ་དུ་མི་སྟེར་བའི་ཕྱིར་རོ། །དེ་ནས་རྒྱུ་འབྲས་དེ་དག་མིང་དུ་བཏགས་པ་ཙམ་དུ་འཆར་ལ་ཕན་གནོད་བྱེད་པའི་རྒྱུ་འབྲས་ལ་ནི་བསྙོན་ས་མེད་པས་བཏགས་པ་ཙམ་གྱི་རྒྱུས་འབྲས་བུ་སྐྱེད་པར་འདུག་པ་ལ། བདག་གིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁོ་ན་ལ་དེ་དག་བཟུང་བ་ནི་ཕྱིན་ཅི་ལོག་གོ་སྙམ་དུ་ངེས་པར་བྱས་ལ་རྒྱུ་འབྲས་རྟེན་འབྲེལ་གྱི་ངེས་པ་ལ་མི་གནོད་པར་བྱ་སྟེ། རང་ལུགས་ལ་དེ་དག་རྒྱུ་འབྲས་སུ་བཞག་ས་མེད་པར་འཁྲུལ་པའི་ངོར་ཡོད་པ་ཙམ་ལ་ཀུན་རྫོབ་ཏུ་ཡོད་པར་བཞག་ན་ལྟ་བའི་གོལ་སའི་སྐུར་འདེབས་ཆེན་པོ་ཡིན་པའི་ཕྱིར་རོ། །རྐྱེན་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུ་


JLD015_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་བདག་ཉིད་རབ་ཏུ་བྱེད་པ་དང་པོའི་རྣམ་པར་བཤད་པའོ།། །།གཉིས་པ་འགྲོ་འོང་གི་བྱ་བྱེད་ལ་བཏགས་ནས་གང་ཟག་ལ་རང་བཞིན་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ་གལ་ཏེ་སྐྱེ་བ་བཀག་པས་འགག་པ་མེད་པ་སོགས་འགྲུབ་པར་ཡང་བཤད་མོད་ཀྱང་རྟེན་འབྱུང་ལ་འགྲོ་འོང་མེད་པ་གྲུབ་པར་བྱ་བའི་ཕྱིར་དེ་འགོག་པའི་རིགས་པ་ཐུན་མོང་མ་ཡིན་པ་བརྗོད་དགོས་སོ། །འདིར་འགྲོ་འོང་འགོག་པ་ནི་ཟག་མེད་ཀྱི་ཡེ་ཤེས་ཀྱི་ཡུལ་གྱི་རང་བཞིན་གྱི་འགྲོ་འོང་འགོག་པར་བཤད་པ་དང༌། རབ་བྱེད་བརྒྱད་པའི་འགྲེལ་པ་ལས་ཀྱང་འགྲོ་བ་པོ་དང་འགྲོ་བའི་བྱ་བ་གཉིས་ཕན་ཚུན་ལྟོས་ནས་གྲུབ་ཀྱི་ངོ་བོ་ཉིད་ཀྱིས་ཡོད་པ་མིན་བར་གསུངས་པས་འགྲོ་འོང་ངོ་བོ་ཉིད་གྱིས་ཡོད་པ་དགག་བྱའོ། །འདི་དགག་པ་ལ་གཉིས། རྒྱས་བར་བཤད། མཇུག་བསྡུ་བའོ། །དང་པོ་ལ་གཉིས། ལས་དང་བྱེད་པ་པོ་ལ་བྱ་བ་སོ་སོར་དགག །ལས་དང་བྱེད་པ་པོ་ལ་བྱ་བ་ཐུན་མོང་དུ་དགག་པའོ། །དང་པོ་ལ་བཞི། ལས་ལ་བརྟགས་ནས་དགག །བྱེད་པ་པོ་ལ་བརྟགས་ནས་དགག །བྱ་བ་ཡོད་པའི་སྒྲུབ་བྱེད་དགག །བྱ་བ་ལ་བརྟགས་ནས་དགག་པའོ། །དང་པོ་ལ་གཉིས། ལམ་གསུམ་ལ་ཐུན་མོང་དུ་བྱ་བ་དགག །བགོམ་པ་ལ་བྱ་བ་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། དེ་ལ་འགྲོ་བའི་བྱ་བ་ངོ་བོ་ཉིད་ཀྱིས་ཡོད་ན་ལམ་གསུམ་གང་རུང་གཅིག་ལ་ཡོད་དགོས་ན་དེ་ཡང་མི་འཐད་དེ།


JLD015_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་སོང་བའི་ལམ་ལ་མི་འགྲོ་བ་སྟེ་འགྲོ་བའི་བྱ་བ་མེད་དེ་འགྲོ་བའི་བྱ་བ་ནི་ད་ལྟར་བ་ཡིན་ལ། ལམ་གྱི་རྣམ་པ་འགྲོ་བའི་བྱ་པ་འགགས་པ་ནི་སོང་བ་ཡིན་པའི་ཕྱིར་རོ། །རེ་ཞིག་ནི་དགག་པའི་རིམ་པ་སྟོན་པའོ། །ད་དུང་མ་སོང་བའི་ལམ་ལའང་འགྲོ་བ་མིན་ཏེ་མ་སོང་བ་ནི་འགྲོ་བའི་བྱ་བ་མ་སྐྱེས་པ་ཡིན་ལ་འགྲོ་བའི་བྱ་བ་ནི་ད་ལྟར་བ་ཡིན་པའི་ཕྱིར་རོ། །བགོམ་པ་ལ་ཡང་འགྲོ་བའི་བྱ་བ་རང་བཞིན་གྱིས་མེད་དེ་འགྲོ་བ་བོས་སྔར་བརྒལ་བའི་ཡུལ་སོང་བ་དང༌། ད་དུང་མ་བརྒལ་བའི་ཡུལ་མ་སོང་བ་གཉིས་མ་གཏོགས་པར་ཏེ་དེ་གཉིས་གང་ཡང་མིན་པ་བགོམ་བཞིན་པའི་ལམ་བདེན་པ་བ་ཚད་མས་ཤེས་པར་མི་འགྱུར་བའི་ཕྱིར་རོ། །ཅི་སྟེ་འགྲོ་བཞིན་པའི་རྐང་པས་མནན་པའི་ཕྱོགས་དེ་ཉིད་བགོམ་པ་ཡིན་ལ། དེ་ཡང་འགྲོ་བའི་བྱ་བ་འགགས་པའི་སོང་པ་དང་བྱ་བ་མ་སྐྱེས་པའི་མ་སོང་བ་མིན་པས་སོང་དང་མ་སོང་མ་གཏོགས་ཞེས་པ་མ་གྲུབ་བོ་སྙམ་ན། རྐང་པ་ཡང་རྡུལ་ཕྲ་རབ་འདུས་པ་ལ་བཏགས་ནས་བཞག་པའི་ཕྱིར་མདུན་རྒྱབ་ཀྱི་ཆ་དུ་མ་ཡོད་དོ། །དེ་ཡི་ཚེ་རྐང་པའི་སོར་མོ་ལ་གནས་པའི་རྡུལ་གྱི་རྒྱབ་ཀྱི་ཕྱོགས་ནི་དེ་ཡི་སོང་བའི་ཁོངས་སུ་གཏོགས་ལ། རྟིང་པ་ལ་གནས་པའི་རྡུལ་གྱི་མདུན་ཕྱོགས་ནི་དེ་ཡི་མ་སོང་བའི་ཁོངས་སུ་གཏོགས་ཤིང་རྡུལ་རྣམས་ལས་མ་གཏོགས་པའི་རྐང་པ་ཡང་མེད་པས་སོང་མ་སོང་ལས་མ་གཏོགས་པའི་བགོམ་པ་མེད་དོ། །ཚིག་གསལ་ལས་དེ་བཞིན་དུ་བཤད་པ་ལ་


JLD015_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དེས་གཉིས་མ་ཡིན་གྱི་ཕུང་གསུམ་འགོག་པ་མི་འཐད་དེ་འཐད་ན་ནི། རྐང་པས་རྟིང་པ་ནས་བཟུང་སྟེ་སོར་མོའི་རྩེ་མོའི་བར་གྱི་ཡུལ་ནོན་པ་ཡང་མི་སྲིད་པར་འགྱུར་ཏེ་མདུན་རྒྱབ་ཀྱི་ཆ་རེ་རེས་ནི་མ་ནོན་ལ་དེ་དག་ལས་མ་གཏོགས་པའི་རྐང་པ་ཡང་མེད་པའི་ཕྱིར་རོ། །སོར་མོ་དང་རྟིང་པའི་རྒྱབ་མདུན་གྱི་ཕྱོགས་ནི་དེ་གཉིས་ཀྱི་སོང་མ་སོང་གི་ཁོངས་སུ་གཏོགས་ཀྱང༌། དེ་གཉིས་ཀྱིས་ནོན་པའི་ཡུལ་དེ་གཉིས་མ་ཡིན་གྱི་ཕུང་གསུམ་དུ་འཛིན་པའི་དོགས་པ་མི་ཆོད་པ་རྐང་པ་དང་འདྲའོ། །གཞན་ཡང་བགོམ་བཞིན་པའི་ལམ་མེད་ན་ནི་ལམ་ད་ལྟར་བ་མེད་ལ་དེ་ལྟ་ན་བྱ་བ་ཞིག་པའི་འདས་པ་དང་བྱ་བ་མ་སྐྱེས་པའི་མ་འོངས་པའི་ལམ་ཡང་མེད་པར་འགྱུར་རོ་ཞེ་ན། སོང་མ་སོང་ནི་ཚིག་གསལ་ལས་བྱ་བ་ཞིག་པ་དང་མ་སྐྱེས་པ་ལ་བཤད་ལ་དེ་གཉིས་གང་ཡང་མིན་པའི་བགོམ་པའི་ལམ་མེད་ན་ནི་ཇི་སྐད་བཤད་པའི་སྐྱོན་དུ་འགྱུར་ཡང༌། འདིར་དེ་གཉིས་གང་ཡང་མིན་པའི་བགོམ་པའི་ལམ་མེད་པར་མི་སྨྲ་ཡི་བགོམ་པའི་ལམ་ངོ་བོ་ཉིད་ཀྱིས་ཡོད་པ་བཀག་ནས་དེ་ལ་འགྲོ་བའི་བྱ་བ་འགོག་གོ །དེ་ཡང་རྐང་པས་ནོན་པའི་ལམ་རྐང་པའི་སོར་མོས་ནོན་པའི་རྒྱབ་ནི་ཆ་དེ་ཡི་འགྲོ་བའི་བྱ་བ་ཞིག་པ་དང༌། རྟིང་པས་ནོན་པའི་མདུན་ནི་ཆ་དེ་ཡི་འགྲོ་བའི་བྱ་བ་མ་སྐྱེས་པ་ཡིན་པས་དེ་གཉིས་ལ་ལྟོས་ནས་ནི་བར་གྱི་ལམ་དེ་བྱ་བ་ཞིག་པ་དང་མ་སྐྱེས་པ་གང་ཡང་མིན་པའི་ཕུང་གསུམ་དུ་མེད་དོ། །ཆ་དེ་གཉིས་གང་ཡང་མིན་པའི་རྐང་པ་རང་གི་མཚན་ཉིད་ཀྱིས་གྲུབ་


JLD015_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་ཡོད་ན། ཆ་ལ་ལྟོས་ནས་བར་གྱི་ལམ་དེ་གཉིས་མ་ཡིན་དུ་མེད་ཀྱང་ཆ་ཅན་རྐང་པ་ལ་ལྟོས་ཏེ་གཉིས་མ་ཡིན་གྱི་ཕུང་གསུམ་དུ་ཡོད་ནའང༌། ཆ་དེ་གཉིས་གང་ཡང་མིན་པའི་རྐང་པ་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པས་དེ་ལ་ལྟོས་ནས་ལམ་དེ་བགོམ་བཞིན་བར་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ནོ། །གལ་ཏེ་བར་གྱི་ལམ་དེ་མདུན་རྒྱབ་ཀྱི་ཆ་གཉིས་ལ་ལྟོས་ནས་ཕུང་གསུམ་དུ་མེད་ཀྱང༌། མདུན་རྒྱབ་ཀྱི་ཆས་ནོན་པ་དེ་རང་རང་ལ་ལྟོས་ནས་ཕུང་གསུམ་མོ་སྙམ་ན། འགྲེལ་པ་ལས་རྐང་པའི་མདུན་རྒྱབ་ཀྱི་ཆ་ལ་བཤད་པ་བཞིན་དུ་སོར་མོ་དང་རྟིང་པའི་རྡུལ་ལ་ཡང༌། ཤར་ནུབ་ཀྱི་ཕྱོགས་ཀྱི་ཆ་དང་འབྲེལ་བའི་སྒོ་ནས་དཔྱད་པ་བྱ་བར་གསུངས་པས་དེ་དག་ལ་ཡང་དེ་བཞིན་དུ་དཔྱད་པར་བྱའོ། །སྔར་བཤད་པའི་སྐྱེ་བཞིན་པ་འགོག་པའི་རིགས་པས་ཀྱང་དགག་སྟེ། འདི་ལྟར་སྐྱེས་པ་དང་མ་སྐྱེས་པ་གཉིས་མི་སྐྱེ་ཡང་མྱུ་གུ་སྐྱེ་བཞིན་པ་སྐྱེའོ་ཞེས་སྨྲ་བ་ལ་ཡང་ཕུང་གསུམ་ལྡོག་མི་ལྡོག་གི་ཚུལ་ནི་སྔ་མ་དང་འདྲ་ལ། གཞན་ཡང་མྱུ་གུའི་ཆ་གང་ཡང་མ་སྐྱེས་ན་ནི་མ་སྐྱེས་པ་ཉིད་ཡིན་པས་ཆ་འགའ་ཞིག་ནི་སྐྱེས་ལ་ཆ་འགའ་ཞིག་མ་སྐྱེས་པ་སྐྱེ་བཞིན་པར་འདོད་དགོས་སོ། །དེ་ཡི་ཚེ་ཕྱེད་སྐྱེས་ཕྱེད་མ་སྐྱེས་སུ་སོང་ལ་ཆ་དེ་གཉིས་ལས་མ་གཏོགས་པའི་མྱུ་གུ་ཡང་མེད་པས་སྐྱེས་མ་སྐྱེས་གང་ཡང་མིན་པའི་སྐྱེ་བཞིན་པ་མེད་དོ། །དེ་བཞིན་དུ་རྐང་པའི་མདུན་རྒྱབ་ཀྱི་ཆ་གཉིས་ལ་ལྟོས་ནས་སོང་མ་སོང་ཉིད་ཡིན་ལ། ཆ་དེ་གཉིས་


JLD015_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་མིན་པའི་རྐང་པ་ཡང་ངོ་བོ་ཉིད་ཀྱིས་མེད་པས་ཕྱེད་སོང་ཕྱེད་མ་སོང་གི་བགོམ་བཞིན་པ་ཡང་ངོ་བོ་ཉིད་ཀྱིས་མེད་དོ། །རྐང་པའི་ཆ་རྣམས་རྐང་པ་མིན་ལ་དེ་དག་ལས་དོན་གཞན་ན་ཡང་རྐང་པ་མེད་པས་ནི། རྐང་པ་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག་ནུས་ཀྱི་རྐང་པ་འགོག་མི་ནུས་པ་ནི་བཤད་ཟིན་ཅིང་འཆད་པར་ཡང་འགྱུར་བས་འདིར་མ་གསུངས་སོ། །དེས་ན་རིགས་པ་དེས་རྐང་པས་མནན་པའི་ལམ་དེ་ཆ་ཅན་རྐང་པ་ལ་ལྟོས་ནས་ཕུང་གསུམ་དུ་ངོ་བོས་ཡོད་པ་འགོག་གི །སོང་མ་སོང་དངོས་འགལ་ཡིན་པས་ཕུང་གསུམ་འགོག་པ་མིན་ཏེ། འགྲེལ་པ་ཉིད་ལས་འགྲོ་བའི་བྱ་བ་འགགས་པ་དང་མ་སྐྱེས་པ་གཉིས་སོང་མ་སོང་དང་འགྲོ་བའི་བྱ་བ་ད་ལྟར་བས་ཟིན་པ་བགོམ་པར་བཤད་པའི་ཕྱིར་རོ། །འདིར་ཁ་ཅིག་རྐང་པའི་ཆ་རྣམས་ནི་རྐང་པ་མིན་ལ་དེ་དག་ལས་དོན་གཞན་དུ་ཡང་རྐང་པ་མེད་པས་རྐང་པ་མེད་བ་དང་ཆ་རེ་རེས་ནི་རྟིང་པ་ནས་སོར་མོའི་བར་གྱིས་ནོན་པའི་ལམ་དེ་མ་ནོན་ལ་དེ་དག་ལས་དོན་གཞན་དུ་ཡང་དེ་གནོན་བྱེད་མེད་པས་ལམ་དེ་མནན་པ་མི་སྲིད་ཅེས་སྨྲ་ཞིང་སྐབས་གཞན་དུ་ཡང་དེ་ཁོ་ན་བཞིན་དུ་སྨྲས་ནས་དབུ་མའི་དོན་བཤད་པར་རློམ་མོད་ཀྱང་རྟེན་འབྱུང་དབུ་མའི་དོན་དུ་འཆད་པའི་གོལ་ས་ཆེན་པོ་ལ་གནས་པའོ། །གཉིས་པ་ལ་གཉིས། ཕྱོགས་སྔ་མ་དགོང་པ་དང༌། དེ་འགོག་པའི་རིགས་པའོ། །དང་པོ་ནི། ཁྱེད་ཀྱིས་སོང་མ་སོང་ལ་འགྲོ་པའི་བྱ་བ་ཞིག་པ་དང་མ་སྐྱེས་བར་བསྟན་པ་ཉིད་ཀྱིས་ཡུལ་གང་ན་རྐང་པ་འདེགས་འཇོག་གི་བྱ་


JLD015_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཡོ་བ་ཡོད་པ་དེ་ན་འགྲོ་བའི་བྱ་བ་འདི་འབྱུང་ངོ་། །གཡོ་བ་དེ་ཡང་འགྲོ་བ་པོ་གང་གི་བགོམ་པ་ལ་དམིགས་པ་ད་ན་ཡོད་དོ། །གང་གི་ཕྱིར་གཡོ་བ་ནི་སོང་བ་ལ་ཡང་ཡོད་པ་མིན་ལ་མ་སོང་བ་ལ་ཡང་ཡོད་བ་མིན་གྱི་བགོམ་པ་ལ་ཡོད་ཅིང་གཡོ་བ་ཡོད་པའི་ཡུལ་དེ་ཉིད་ན་འགྲོ་བའི་བྱ་བ་ཡོད་པ་དེ་ཡི་ཕྱིར་བགོམ་པ་ལ་འགྲོ་བ་ཡོད་དོ་ཞེས་སྨྲའོ། །འདིར་བགོམ་པ་ཞེས་པའི་འགྲོ་བ་ནི་ཡུལ་དེ་བྱ་བས་ཟིན་པར་ཤེས་པའི་དོན་ཡིན་ལ་འགྲོ་བ་ཞེས་པ་ཕྱི་མ་ནི་ཡུལ་གཞན་དུ་ཕྱིན་པའི་དོན་ནོ། །གང་གི་ཞེས་པ་སངས་རྒྱས་བསྐྱངས་ཀྱིས་འགྲོ་བ་པོ་ལ་བཤད་དེ་ཟླ་བའི་དགོངས་བར་ཡང་སྣང་ངོ་། །ལེགས་ལྡན་གྱིས་དེ་ལྟ་ཡིན་ན་དེ་ཕྱིར་ཞེས་པའི་སྒྲའི་ཟླ་བོ་མེད་པར་འགྱུར་བ་དང་གཡོ་བ་དང་འགྲོ་བའི་བྱ་བའི་གཞི་བགོམ་པའི་ལམ་ཡིན་པར་ངེས་པས་གང་གི་བགོམ་པ་ལ་ཞེས་པ་ལ་ཡང་བྱེད་པ་པོ་གཞི་ཡིན་པ་མི་རིགས་པ་དང༌། སྔར་སོང་བ་དང་མ་སོང་བ་ལ་འགྲོ་བའི་བྱ་བ་བཀག་པས་འགྲོ་བ་པོའི་བྱ་བ་བགོམ་པ་ལ་ཡོད་པར་གྲུབ་ཟིན་པའི་ཕྱིར་གང་གི་ཞེས་པ་འགྲོ་བ་པོ་ལ་འཆད་པ་མི་རིགས་སོ་ཞེས་སྨྲའོ། །སངས་རྒྱས་བསྐྱངས་ནི་གང་ཕྱིར་དང་གང་ཚེ་སྨོས་ནས་དེ་ཕྱིར་དང་དེ་ཆེ་དངོས་སུ་མ་སྨོས་པ་མང་དུ་བྱུང་ཞིང༌། འགྲོ་བཞིན་པ་འགྲོ་བ་པོ་ལ་ཡང་ཡོད་ལ་སོང་མ་སོང་ལ་འགྲོ་བའི་བྱ་བ་སྔར་བཀག་ཀྱང་སོང་མ་སོང་ལ་འགྲོ་བའི་རྩོམ་པ་སླར་ཡང་འགོག་པ་མི་ཟློས་པ་དང་འདྲ་བར་དགོངས་ནས་སྐྱོན་དེ་དག་ཡོད་པར་


JLD015_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མི་སེམས་སོ། །འདིར་དེ་ཡང་གང་ཕྱིར་བགོམ་པ་ལ་ཞེས་བསྒྱུར་བ་ནི་མི་དག་པས་འགྱུར་རྙིང་ལྟར་ཡིན་ནོ། །འདིར་ཁ་ཅིག་ལམ་ལ་སྤྱིར་སོང་མ་སོང་དང་བརྒལ་མ་བརྒལ་གཉིས་དངོས་འགལ་ཡིན་པས། དེ་གཉིས་གང་ཡང་མིན་པས་བགོམ་པའི་ལམ་མི་སྲིད་པར་གཞུང་སྔ་མས་བཤད་ལ། གཞུང་འདིས་སོང་མ་སོང་དངོས་འགལ་ཡིན་པའི་རྒྱུ་མཚན་བསྟན་པར་འདོད་པ་ནི་མི་འཐད་དེ། ཕུང་གསུམ་ལྡོག་བའི་སོང་མ་སོང་ལ་བྱ་བ་ཞིག་པ་དང་མ་སྐྱེས་པའི་རྟགས་མི་འགྲུབ་པའི་ཕྱིར་ཏེ། ཚིག་གསལ་ལས། གལ་ཏེ་མ་སོང་བ་ཡིན་ན་ནི་ཇི་ལྟར་འགྲོ་བ་ཡིན་ལ་འོན་ཏེ་འགྲོ་ན་ནི་ཇི་ལྟར་མ་སོང་བ་ཡིན། ཞེས་འགྲོ་ན་མ་སོང་བ་མིན་པར་བཤད་པས་སོང་བར་ཁས་བླང་དགོས་ལ་དེ་ལྟ་ན་བྱ་བ་ཞིག་པས་འགྲོ་བ་ཡིན་པ་འགལ་བའི་ཕྱིར་རོ། །དེའི་ཕྱིར་འགྲོ་བ་པོས་ཡུལ་བརྒལ་བ་སོང་བ་དང་མ་བརྒལ་བ་མ་སོང་བར་བཤད་པས་འགྲོ་བཞིན་པའི་ཡུལ་ནི་སྤྱིར་བརྒལ་མ་བརྒལ་གཉིས་ལས་བརྒལ་བ་ཡིན་ཏེ་ཆུའི་ཡུལ་ལ་བརྒལ་བཞིན་པ་དང་འདྲའོ། །དེས་ན་ལམ་ལ་སྤྱིར་རྐང་པས་བརྒལ་མ་བརྒལ་གཉིས་སུ་ཁ་ཚོན་ཆོད་ཀྱང༌། རང་ལུགས་ཀྱིས་སྐབས་འདི་ཡི་སོང་མ་སོང་མ་སོང་ནི་སྔར་བཤད་པ་ལྟར་ཡིན་པས་ལམ་ལ་དེ་གཉིས་སུ་ཁ་ཚོན་མི་ཆོད་དོ། །དེས་ན་སོང་དང་མ་སོང་མ་གཏོགས་ཞེས་པ་ལ་ཡང་དེ་གཉིས་དངོས་འགལ་ཡིན་པ་རྒྱུ་མཚན་དུ་བྱེད་པ་མིན་ལ། གཞུང་འདིས་ཀྱང་དངོས་འགལ་ཡིན་པའི་རྒྱུ་མཚན་སྟོན་པ་ཡང་མིན་ནོ། །གཉིས་པ་ལ་གཉིས། ལས་ཚིག་དང་བྱ་ཚིག་གཅིག་དོན་དང་


JLD015_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ན་ཅིག་ཤོས་དོན་གྱིས་སྟོང་པ་དང༌། གཉིས་ཀ་དོན་དང་བཅས་ན་ཧ་ཅང་ཐལ་བའོ། །དང་པོ་ནི། བགོམ་པ་ལ་འགྲོ་བ་རང་བཞིན་གྱིས་ཡོད་པ་ཡིན་པར་ནི། ཇི་ལྟ་བུར་ན་འཐད་པར་འགྱུར་ཏེ་མི་འགྱུར་རོ། །རྒྱུ་མཚན་ནི་གང་གི་ཚེ་སྟེ་གང་གི་ཕྱིར་ན་འགྲོ་བའི་བྱ་བ་ཚིག་གི་དོན་དུ་མེད་པ་ཡི་བགོམ་པ་སྟེ་འགྲོ་བཞིན་བའི་ཚིག་འཐད་པ་མེད་པ་ན་འགྲོ་བའི་བྱ་བ་ནི་བགོམ་པའི་ཚིག་གི་དོན་དུ་ཡོད་ཅིང་བྱ་བ་ཡང་གཅིག་ལས་མེད་པ་དང་འགྲོའོ་ཞེས་པའི་ཚིག་གི་དོན་དུ་འགྲོ་བ་མེད་པ་ཡང་མི་རིགས་པ་དེའི་ཕྱིར་རོ། །དེས་ན་བགོམ་པ་ལ་ཞེས་པ་ཙམ་ཞིག་སྲིད་ཀྱི་འགྲོའོ་ཞེས་པ་ནི་མི་འཐད་དོ། །ཅི་སྟེ་འགྲོ་ཞེས་པ་དེ་ཙམ་དང་འགྲོ་བའི་བྱ་བ་གཉིས་འབྲེལ་བར་འདོད་ན་རྒོལ་བ་གང་གི་ལྟར་ན་བགོམ་པའི་ཚིག་གི་དོན་དུ་འགྲོ་བའི་བྱ་བ་མེད་པ་ལ་འགྲོ་བའི་བྱ་བ་རྟེན་པར་འདོད་པ་དེ་ཡི་ཕྱོགས་ལ། བགོམ་པའི་ཚིག་གི་དོན་ལ་སྟེ་དོན་དུ་འགྲོ་པའི་བྱ་བ་མེད་པར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་ཏེ་འདི་ལྟར་བྱ་བ་ནི་གཅིག་ལས་མེད་ལ་དེ་ཡང་བགོམ་པ་ལ་འགྲོ་བ་ཞེས་པའི་ཚིག་ཕྱི་མའི་དོན་དུ་ཡོད་པ་ཡིན་པའི་ཕྱིར་རོ། །འདི་ལ་དཔེར་ན་ཤིང་མཁན་གྱིས་ཤིང་བཟོ་བྱེད་དོ་ཞེས་པ་ལ་ཤིང་བཟོ་བའི་བྱ་བ་གཅིག་ལས་མེད་ཀྱང་ཤིང་བཟོ་བ་དེ་ཤིང་མཁན་ཞེས་པའི་དོན་ཡང་ཡིན་ལ་ཤིང་བཟོའོ་ཞེས་པའི་དོན་ཡང་ཡིན་པ་བཞིན་དུ། བགོམ་པ་ལ་འགྲོ་ཞེས་པ་ཡང་དེ་ལྟར་འདོད་པས་བྱ་ཚིག་དང་ལས་ཚིག་གང་རུང་གཅིག་དོན་དང་བཅས་ན་


JLD015_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཤོས་དོན་གྱིས་སྟོང་པར་ཇི་ལྟར་འགྱུར་སྙམ་ན། བྱ་བྱེད་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་དུ་འདོད་པ་ལ་དེ་ལྟར་བཞག་པས་ཆོག་ཀྱང༌། འགྲོ་བའི་བྱ་བ་ལྟ་བུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་ན་དེ་མི་རུང་ངོ་། །འདི་ལྟར་སྤྱིར་རྐང་པ་གཡོ་བའི་བྱ་བ་གཅིག་འགྲོ་བཞིན་པའི་ལམ་དང་གང་ཟག་གཉིས་ཀ་ལ་བརྟེན་པས་བྱ་བ་དེ་བགོམ་པ་དང་འགྲོའོ་ཞེས་བའི་ཚིག་གཉིས་ཀའི་དོན་དུ་ཡང་འགྱུར་བས་དེ་དང་བྱ་བ་གཅིག་ལས་མེད་པ་མི་འགལ་ཡང་། ལམ་དང་འགྲོ་བ་པོ་རང་མཚན་གྱིས་སོ་སོར་གྲུབ་པའི་དོན་ལ་ཆོས་གཅིག་ཐུན་མོང་དུ་བརྟེན་པ་འགལ་ཏེ། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་ན་རྐང་པ་གཡོ་བའི་བྱ་བ་དེ་འགྲོ་བཞིན་པའི་ལམ་ཞེས་པ་དང་འགྲོའོ་ཞེས་པའི་ཚིག་གཉིས་ཀའི་དོན་དུ་ཡོད་པ་དང༌། འགྲོ་བའི་བྱ་བ་གཅིག་ལས་མེད་པ་གཉིས་འགལ་བས་ཚིག་གཅིག་དོན་དང་བཅས་ན་ཅིག་ཤོས་དོན་གྱིས་སྟོང་པར་གསུངས་སོ། །གཉིས་པ་ནི། ཅི་སྟེ་བགོམ་པ་དང་འགྲོའོ་ཞེས་པའི་ཚིག་གཉིས་ཀའི་དོན་དུ་ཡང་འགྲོ་བའི་བྱ་བ་ཡོད་དོ་ཞེ་ན། བགོམ་པ་ལ་ཞེས་པ་དང་འགྲོའོ་ཞེས་པའི་ཚིག་གཉིས་ཀའི་དོན་དུ་འགྲོ་བའི་བྱ་བ་ཡོད་ན་ནི་འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གང་གིས་ལམ་དེ་བགོམ་པ་ཞེས་པའི་ཐ་སྙད་རྙེད་པར་འགྱུར་བ་གཅིག་དང་གང་ཟག་གང་གིས་ལམ་དེ་ལ་འགྲོ་བ་གང་ཡིན་


JLD015_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགྲོ་བའི་བྱ་བ་གཉིས་པའོ། །འགྲོ་བའི་བྱ་བ་གཉིས་ཡོད་མོད་སྐྱོན་ཅི་ཡོད་ཅེ་ན། འགྲོ་བའི་བྱ་བ་གཉིས་སུ་ཐལ་པར་འགྱུར་ན་འགྲོ་བ་པོའི་གང་ཟག་ཀྱང་གཉིས་སུ་འགྱུར་བའི་སྐྱོན་འདི་ཡོད་དོ། །དེ་ཡི་རྒྱུ་མཚན་ནི་གང་གི་ཕྱིར་རྟེན་འགྲོ་བ་པོ་མེད་པར་ནི་བརྟེན་པ་འགྲོ་བའི་བྱ་བ་འཐད་པར་མི་འགྱུར་བའི་ཕྱིར་ཏེ། བྱ་བ་ནི་ལས་སམ་བྱེད་པ་པོ་ཡང་རུང་སྟེ་རང་གི་སྒྲུབ་པར་བྱེད་པ་ལ་ལྟོས་པ་ཡིན་ལ་འགྲོ་བའི་བྱ་བ་འདི་ཡང་བྱེད་པ་པོ་ལ་གནས་པའི་ཕྱིར་རོ། །འདིར་འགྲོ་བའི་བྱ་བ་གཉིས་ཡོད་པས་འགྲོ་བ་པོ་གཉིས་སུ་འགྱུར་ལུགས་ནི། ལྷས་བྱིན་གྱིས་རྐང་པ་གཡས་པ་འཇོག་པའི་ཚེ་ལམ་དང་བྱེད་པ་པོ་ལ་བརྟེན་པའི་རྐང་པ་འཇོག་པའི་བྱ་བ་གཉིས་དུས་མཉམ་དུ་ཡོད་དགོས་ཏེ་རྒྱུ་མཚན་ནི་སྔར་བཤད་པ་ལྟར་རོ། །དེ་ཡི་ཚེ་རྐང་པ་གཡས་པ་ཡང་གཉིས་ཡོད་དགོས་ལ་གཡོན་པ་འདེགས་པ་ལ་ཡང་དེ་དང་འདྲའོ། །དེ་ལྟར་ན་རྐང་གཉིས་པའི་ལྟས་བྱིན་གཅིག་འགྲོ་བ་ན་ཡང་ལྷས་བྱིན་གཉིས་ཡོད་པར་འགྱུར་ན་དེ་མེད་པས་བྱ་བ་ཡང་གཉིས་མེད་དོ། །དེའི་ཕྱིར་བགོམ་པ་ལ་འགྲོ་བའི་བྱ་བ་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེས་སྨྲ་བ་འཐད་པ་མ་ཡིན་ནོ། །ཅི་སྟེ་ལྷས་བྱིན་གཅིག་འདུག་བཞིན་དུ་སྨྲ་བ་དང་ལྟ་བར་ཡང་བྱེད་པ་དེ་ཡི་ཚེ། བྱེད་པ་པོ་གཅིག་བྱ་བ་དུ་མ་དང་ལྡན་པར་མཐོང་བ་བཞིན་དུ་འགྲོ་བ་པོ་གཅིག་ལ་འགྲོ་བའི་བྱ་བ་གཉིས་ཡོད་པ་མི་འགལ་ལོ་སྙམ་ན། འདིའི་ལན་དུ་ཚིག་


JLD015_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལས། མ་ཡིན་ཏེ་གང་གི་ཕྱིར་ནུས་པ་བྱེད་པ་པོ་ཡིན་གྱི་རྫས་ནི་མ་ཡིན་ལ། བྱ་བ་ཐ་དད་པས་དེའི་སྒྲུབ་བྱེད་ནུས་པ་ཡང་ཐ་དད་པར་གྲུབ་པ་ཡིན་ཏེ་འདུག་པའི་བྱ་བས་སྨྲ་བ་པོར་འགྱུར་བ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ཡི་དོན་ནི་འདི་དང་སྔ་མ་གཉིས་མི་མཚུངས་པའི་རྒྱུ་མཚན་སྔ་མའི་བྱ་བ་དེ་ལ་རྫས་སམ་གང་ཟག་བྱེད་པ་པོ་ཡིན་པས། རྐང་པ་གཡས་པ་འཇོག་པའི་བྱ་བ་གཉིས་དུས་གཅིག་ཏུ་ཡོད་ན་རྐང་གཉིས་པའི་གང་ཟག་གཅིག་གིས་དེ་མི་ནུས་པས་གང་ཟག་གཉིས་དགོས་ལ། ཕྱི་མའི་སྨྲ་བ་ལ་སོགས་པའི་བྱ་བ་སོ་སོ་དུས་མཉམ་པ་རྣམས་ལ་ནི་ལྕེ་ལ་སོགས་པའི་ནུས་པ་བྱེད་པ་པོ་ཡིན་པས། ནུས་པའི་བྱེད་པ་པོ་མང་པོ་དུས་གཅིག་ཏུ་ཡོད་ཀྱང་གང་ཟག་དུས་གཅིག་ཏུ་མང་པོ་མི་དགོས་སོ། །གལ་ཏེ་དེ་ལྟ་ཡིན་ཀྱང་རྫས་སམ་གང་ཟག་གཅིག་ཡིན་པས་བྱེད་པ་པོ་གཅིག་ལ་བྱ་བ་དུ་མ་བྱུང་བ་ཡིན་སྙམ་ན། སྨྲ་བ་ལ་སོགས་པའི་བྱ་བ་དུ་མ་བྱུང་བ་བཞིན་དུ་དེའི་ནུས་པའི་བྱེད་པ་པོ་ཡང་དུ་མ་ཡོད་པས་དེའི་དབང་དུ་བྱས་པའི་བྱེད་པ་པོ་གཅིག་ལ་བྱ་བ་དུ་མ་བྱུང་བ་མ་ཡིན་ལ། རྫས་སམ་གང་ཟག་གི་བྱེད་པ་པོ་གཅིག་ལ་བྱ་བ་དུ་མ་བྱུང་ཡང་འདིར་གང་ཟག་བྱེད་པ་པོ་མིན་པས་དེ་ལ་ལྟོས་ནས་བྱེད་པ་པོ་གཅིག་ལ་བྱ་བ་དུ་མ་བྱུང་བ་མིན་ནོ། །གཞན་ཡང་དུས་གཅིག་ཏུ་རྐང་པ་གཡས་པ་གཉིས་འཇོག་པ་ལྟ་བུའི་བྱ་བ་འདྲ་བ་གཉིས་ཀྱི་བྱེད་པ་པོ་ཡང་མ་མཐོང་བས་འགྲོ་བ་པོ་གཅིག་ལ་འགྲོ་བ་གཉིས་མེད་དོ་ཞེས་ཀྱང་


JLD015_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཊཱིཀ་བྱེད་ཁ་ཅིག་སྔ་མ་ལྟར་ན་འགྲོ་བ་པོའི་གང་ཟག་གི་རྫས་གཅིག་ལ་འགྲོ་བའི་བྱ་བ་གཉིས་དགག་མི་ནུས་པས་ཕྱི་མ་ལྟར་ལེགས་ཞེས་སྨྲ་བ་ནི། འགྲོ་བའི་བྱ་བ་གཉིས་ཀྱིས་འགྲོ་བ་པོ་གཉིས་སུ་འགྱུར་ལུགས་དང་རྫས་བྱེད་པ་པོ་མིན་ལ་ནུས་པ་ཡིན་པའི་ཚུལ་རྣམས་མ་གོ་བཞིན་དུ་ཤིང་རྟ་ཆེན་པོ་ལ་དགག་པ་སྨྲ་བ་ཡིན་ནོ། །དེ་ལྟར་ན་རེ་ཞིག་སོང་ལ་ཞེས་སོགས་ཀྱིས་གང་དུ་འགྲོ་སའི་ལམ་ལ་འགྲོ་བའི་བྱ་བ་ཡོད་པ་བཀག་གོ །གཉིས་པ་ལ་གསུམ། འགྲོ་བ་པོ་འགྲོ་བའི་རྟེན་དུ་ཡོད་པ་དགག །རྣམ་གྲངས་གསུམ་གྱི་གང་ཟག་ལ་འགྲོ་བ་སྤྱིར་དགག །འགྲོ་བ་པོ་ལ་འགྲོ་བ་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། གལ་ཏེ་གང་དུ་འགྲོ་སའི་ལམ་ལ་འགྲོ་བའི་བྱ་བ་མི་འཐད་ཀྱང་ལྷས་བྱིན་འགྲོའོ་ཞེས་བརྗོད་པ་ལས་ན་འགྲོ་བ་པོ་ལྷས་བྱིན་ལ་འགྲོ་བའི་བྱ་བ་དམིགས་སོ། །དེའི་ཕྱིར་འགྲོ་བ་ནི་ངོ་བོ་ཉིད་ཀྱིས་ཡོད་དེ་རྟེན་འགྲོ་བ་པོ་ཡོད་པའི་ཕྱིར་རོ་ཞེ་ན། གལ་ཏེ་འགྲོ་བ་པོ་མེད་པར་གྱུར་ན་སྟེ་བསལ་ན་འགྲོ་བ་ཡོད་པ་འཐད་པར་མི་འགྱུར་ཏེ་དེ་ནི་སྔར་གང་ཕྱིར་འགྲོ་པོ་མེད་པར་ནི། ཞེས་པར་བཤད་ཟིན་ཏོ། །དེ་ལྟ་ཡིན་ན་གང་འགྲོ་བ་པོ་ལ་བརྟེན་པའི་འགྲོ་བ་དེ་གང་ཡིན། སྨྲས་པ་འགྲོ་བ་པོ་ལ་འཇུག་པའི་བྱ་བ་འགྲོ་བ་པོ་ལས་དོན་གཞན་དུ་ཡོད་དོ་ཞེས་ནི་མི་སྨྲའི་འགྲོ་བ་གང་དང་ལྡན་པས་འགྲོ་བ་པོར་བསྙད་པའི་འགྲོ་བ་དེ་ཡོད་དོ་ཞེས་སྨྲའོ། །དཔྱད་པའི་ཚེ་འགྲོ་བ་པོ་ལས་དོན་གཞན་དུ་གྱུར་པའི་འགྲོ་བ་


JLD015_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་འགྲོ་བའི་བྱ་བ་རང་མཚན་པ་དང་ལྡན་པས་འགྲོ་བ་པོ་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་རོ། །འདིས་ནི་འགྲོ་བའི་བྱ་བ་རང་གི་ངོ་བོས་ཡོད་ན་འགྲོ་བ་པོ་ལས་ངོ་བོ་ཐ་དད་དུ་རྙེད་དགོས་ན། དེ་ལྟ་ན་འགྲོ་བ་པོ་ལ་ལྟོས་པ་དགག་ནུས་པས་འགྲོ་བ་པོ་མེད་པའི་འགྲོ་བར་འགྱུར་ན་དེ་སྔར་བཀག་པའི་ཕྱིར་དེའི་རྟེན་འགྲོ་བ་པོ་མེད་དེ་བརྟེན་པ་འགྲོ་བ་མེད་པའི་ཕྱིར་ཞེས་འགྲོ་བ་པོ་བྱ་བའི་རྟེན་ཡིན་པ་བཀག་གོ །གཉིས་པ་ནི། གལ་ཏེ་འགྲོ་བ་ནི་ངོ་བོ་ཉིད་ཀྱིས་ཡོད་དེ་དེའི་སྒོ་ནས་དེ་དང་ལྡན་པའི་གང་ཟག་འགྲོའོ་ཞེས་བརྗོད་པའི་ཕྱིར་རོ། །འགྲོ་བ་མེད་ན་དེ་དང་ལྡན་པའི་ལྷས་བྱིན་ལ་འགྲོའོ་ཞེས་མི་བརྗོད་དེ། ཁར་བ་མེད་ན་ཁར་བ་ཅན་དུ་མི་བརྗོད་པ་བཞིན་ནོ་ཞེ་ན། འགྲོའོ་ཞེས་པའི་དོན་དེ་རང་གི་ངོ་བོ་ཉིད་ཀྱིས་ཡོད་ན་ནི་རྣམ་པ་གསུམ་ལས་མི་འདའ་ལ་དེ་ཡང་འགྲོ་བ་པོ་ཡིན་པ་ནི་མི་འགྲོ་སྟེ་དེ་ནི་འཆད་པར་འགྱུར་རོ། །རེ་ཞིག་ནི་སྔོན་ལ་འགྲོ་བ་པོ་བཀག་ནས་དེ་ནས་གཞན་འགོག་པའི་རིམ་པ་སྟོན་པའོ། །འགྲོ་བ་པོ་མིན་པ་ཡང་འགྲོ་བ་མིན་ཏེ་དེ་ནི་འགྲོ་བའི་བྱ་བ་དང་བྲལ་བ་ཡིན་པའི་ཕྱིར་རོ། །འགྲོ་བ་པོ་ལས་གཞན་དང་འགྲོ་བ་པོ་མིན་པ་ལས་ཀྱང་གཞན་པའི་གསུམ་པ་གང་ཞིག་འགྲོ་བར་འགྱུར་ཞེས་པ་མི་འགྱུར་ཏེ་དེ་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་འགྲོ་བ་པོ་མིན་པ་དང་ཡིན་མིན་ལས་གཞན་པ་མི་འགྲོ་ཡང་འགྲོ་བ་པོ་འགྲོའོ་སྙམ་ན། གང་གི་ཚེ་ལྷས་བྱིན་གཅིག་འགྲོ་བ་ན་འགྲོ་བའི་བྱ་བ་ནི་


JLD015_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལས་མེད་ལ་དེ་ཡང་འགྲོའོ་ཞེས་པའི་ཚིག་གི་དོན་དུ་ཡོད་ཅིང་འགྲོ་བའི་བྱ་བ་ཚིག་གི་དོན་དུ་མེད་པར་ནི་འགྲོ་བ་པོ་ཞེས་པ་འཐད་པར་མི་འགྱུར་བ་དེ་ཡི་ཚེ་རེ་ཞིག་འགྲོ་བ་པོ་འགྲོའོ་ཞེས་པའི་དོན་རང་གི་ངོ་བོས་ཡོད་པ་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་རོ། །དེ་ནི་བྱེད་ཚིག་དོན་དང་བཅས་ན་བྱེད་པ་པོའི་ཚིག་དོན་གྱིས་སྟོང་པའོ། །ཅི་སྟེ་འགྲོ་བ་པོའི་ཚིག་གི་དོན་དུ་འགྲོ་བའི་བྱ་བ་ཡོད་དོ་ཞེ་ན། རྒོལ་བ་གང་གི་ཕྱོགས་ལ་འགྲོ་བ་པོའི་ཚིག་གི་དོན་དུ་འགྲོ་བའི་བྱ་བ་ཡོད་པ་དེ་ལ། འགྲོའོ་ཞེས་པའི་ཚིག་གི་དོན་དུ་འགྲོ་བའི་བྱ་བ་མེད་པའི་འགྲོ་བ་པོ་འགྲོ་བ་ཡིན་པར་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་ནི་གཅིག་ལས་མེད་ལ་དེ་ཡང་འགྲོ་བ་པོའི་ཚིག་གི་དོན་དུ་ཡོད་པའི་སྒོ་ནས་འགྲོ་བ་པོ་འགྲོ་བར་འདོད་པའི་ཕྱིར་རོ། །དེ་ནི་བྱེད་པ་པོའི་ཚིག་དོན་དང་བཅས་ན་བྱེད་ཚིག་དོན་གྱིས་སྟོང་པའོ། །འདི་ཡང་འགྲོ་བའི་བྱ་བ་གཅིག་ལས་མེད་ཅིང་བྱ་བ་དེ་རང་མཚན་གྱིས་གྲུབ་ན་ཚིག་གཅིག་དོན་དང་བཅས་ན་ཅིག་ཤོས་དོན་གྱིས་སྟོང་པར་སྔར་བཤད་པ་བཞིན་ནོ། །ཅི་སྟེ་འགྲོ་བ་པོ་ཞེས་པ་དང་འགྲོའོ་ཞེས་པའི་ཚིག་གཉིས་ཀའི་དོན་དུ་འགྲོ་བའི་བྱ་བ་ཡོད་པར་འདོད་དོ་ཞེ་ན། གལ་ཏེ་འགྲོ་བ་པོ་འགྲོའོ་ཞེས་པའི་ངག་འདི་གཉིས་ཀའི་དོན་དུ་འགྲོ་བའི་བྱ་བ་ངོ་བོ་ཉིད་ཀྱིས་ཡོད་པར་གྱུར་ན་ནི། རྐང་པའི་འདེགས་འཇོག་གི་འགྲོ་བའི་བྱ་བ་རིགས་མཐུན་གཉིས་གཉིས་དུས་རེར་ཡོད་པར་ཐལ་བར་


JLD015_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། འགྲོ་བའི་བྱ་བ་གང་གིས་འགྲོ་བ་པོར་མངོན་པ་སྟེ་བརྗོད་པའི་འགྲོ་བ་དེ་དང༌། འགྲོ་བ་པོར་གྱུར་ནས་འགྲོ་བའི་བྱ་བ་གང་ཞིག་བྱེད་པའི་འགྲོ་བ་གཉིས་པོར་འགྱུར་རོ། །དེ་འདོད་ན་འགྲོ་བ་པོ་ཡང་གཉིས་སུ་འགྱུར་བ་སྔ་མ་བཞིན་བརྗོད་པར་བྱའོ། །གལ་ཏེ་དེ་ལྟ་ནའང་ལྷས་བྱིན་འགྲོའོ་ཞེས་པའི་ཐ་སྙད་ཡོད་པས་འགྲོ་བ་ཡོད་དོ་ཞེ་ན། ཐ་སྙད་ཡོད་པ་ལ་ཡང་འགྲོ་བ་པོ་ཡིན་མིན་གང་ལ་ཡོད་བརྟགས་ན་མི་འཐད་པར་དཔྱད་ཟིན་པས་དེ་ནི་གྱི་ནའོ། །རེ་ཞིག་ཅེས་སོགས་དེ་རྣམས་ཀྱིས་ནི་འདི་འགྲོ་ཞེས་པའི་གང་འགྲོ་བའི་འགྲོ་མཁན་ངོ་བོ་ཉིད་ཀྱིས་ཡོད་པ་བཀག་གོ །གསུམ་པ་ལ་ལྔ། དང་པོའི་རྩོམ་པ་ཡོད་པ་དགག །འགྲོ་སའི་ལམ་ཡོད་པ་དགག །འགྲོ་བའི་གཉེན་པོ་ཡོད་པ་དགག །ཐ་མའི་ལྡོག་པ་ཡོད་པ་དགག །གནས་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། འགྲོ་བ་ནི་ངོ་བོ་ཉིད་ཀྱིས་ཡོད་དེ་ལྷས་བྱིན་སྡོད་པ་བཏང་ནས་འགྲོ་བ་རྩོམ་པའི་ཕྱིར་རོ་ཞེ་ན། དེ་ཡོད་ནའང་ཡོད་ས་གསུམ་ལས་མི་འདའ་བས་འགྲོ་བ་མཐར་ཕྱིན་པའི་སོང་བ་ལ་འགྲོ་བའི་རྩོམ་པ་མེད་དེ་དེ་ལ་འགྲོ་བའི་བྱ་བ་འགགས་པའི་ཕྱིར་རོ། །འགྲོ་བའི་བྱ་བ་མ་སོན་པའི་མ་སོང་བ་ལའང་འགྲོ་བའི་རྩོམ་པ་མེད་དེ་མ་འོངས་པ་དང་ད་ལྟར་བ་གཉིས་འགལ་བའི་ཕྱིར་རོ། །འགྲོ་བའི་བྱ་བ་དང་ལྡན་པའི་བགོམ་པ་ལ་ཡང་འགྲོ་བའི་རྩོམ་པ་ཡོད་པ་མིན་ཏེ་འདས་མ་འོངས་ཀྱི་སོང་མ་སོང་མ་ཡིན་པའི་བགོམ་པ་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར་དང༌། དེ་ལ་འགྲོ་བའི་བྱ་བ་ཡོད་ན་བྱ་བ་དེ་གཉིས་སུ་


JLD015_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར་དང་དེ་ལྟ་ན་འགྲོ་བ་པོ་གཉིས་སུ་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་ན་ཐམས་ཅད་དུ་འགྲོ་བའི་རྩོམ་པ་མ་གཟིགས་ནས་གང་དུ་འགྲོ་བ་རྩོམ་པར་བྱེད་ཅེས་གསུངས་སོ། །དེ་དག་ནི་ལམ་ཡོད་དུ་ཆུག་ཀྱང་འགྲོ་རྩོམ་མི་འཐད་པའི་རིགས་པའོ། །ད་ནི་འགྲོ་བ་རྩོམ་པའི་ལམ་ཉིད་དགག་པར་བྱ་སྟེ། འགྲོ་བའི་བྱ་བ་རྩོམ་པའི་སྔ་རོལ་ལྷས་བྱིན་བསྡད་པའི་སྐབས་ན་གང་དུ་འགྲོ་བ་རྩོམ་པར་འགྱུར་བ་བགོམ་པའི་ལམ་མེད་ཅིང་སོང་བ་ཡང་མེད་པའི་ཕྱིར་དེ་གཉིས་ལ་འགྲོ་བའི་རྩོམ་པ་མེད་དེ། །གལ་ཏེ་དེ་ཡི་ཚེ་དེ་གཉིས་མེད་ཀྱང་མ་སོང་བ་ཡོད་ལ་དེར་འགྲོ་བ་རྩོམ་མོ་ཞེ་ན། མ་སོང་བ་ནི་འགྲོ་བའི་བྱ་བ་མ་བརྩམས་པ་ཡིན་ན་དེ་ལ་འགྲོ་བའི་རྩོམ་པ་ག་ལ་ཡོད་དེ་མེད་དོ། །གཉིས་པ་ནི། གལ་ཏེ་ལམ་གསུམ་ལ་འགྲོ་པའི་རྩོམ་པ་མེད་མོད་ཀྱང་ལམ་གསུམ་ནི་ཡོད་ལ་འགྲོ་བ་མེད་ན་འདི་རྣམས་མི་རུང་ངོ་ཞེ་ན། འགྲོ་བའི་རྩོམ་པ་ཡོད་ན་ནི་གང་དུ་འགྲོ་བའི་བྱ་བ་འགགས་པ་དེ་སོང་བ་དང༌། གང་དུ་ད་ལྟར་བར་གྱུར་བ་ནི་བགོམ་པ་དང་གང་དུ་མ་སྐྱེས་པ་དེ་ནི་མ་སོང་བ་ཡིན་ནོ་ཞེས་བྱ་བར་བརྟག་ན། གང་གི་ཚེ་རྣམ་པ་ཐམས་ཅད་ཀྱིས་བརྟགས་པ་ན་འགྲོ་བའི་རྩོམ་པ་རྣམ་པ་ཐམས་ཅད་དུ་སྣང་བ་སྟེ་དམིགས་པ་མེད་པ་ཉིད་ཡིན་པ་དེའི་ཚེ་ན། སོང་བ་ནི་ཅི་ཞིག་བགོམ་པ་ཡང་ཅི་ཞིག་མ་སོང་བ་ཡང་ཅི་ཞིག་རྣམ་པར་བརྟག་པར་བྱ་སྟེ་མི་འགྲུབ་པས་ཕྱིན་ཅི་ལོག་ཏུ་དུས་གསུམ་རྟོག་པར་ཅི་སྟེ་བྱེད།


JLD015_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་དེ་བརྗོད་པའི་རྒྱུ་འགྲོ་བ་ཡང་རང་བཞིན་གྱིས་མེད་དོ། །གསུམ་པ་ནི། གལ་ཏེ་གང་ལ་གཉེན་པོ་ཡོད་པ་ནི་ཡོད་དེ་སྣང་མུན་དང་ཕ་རོལ་ཚུ་རོལ་དང་ཐེ་ཚོམ་དང་ངེས་པ་བཞིན་ནོ། །འགྲོ་བ་ལ་ཡང་གཉེན་པོ་གནས་པ་ཡོད་པས་ཡོད་དོ་ཞེ་ན། གནས་པ་ངོ་བོ་ཉིད་ཀྱིས་ཡོད་ན་འགྲོ་བ་ཡང་ངོ་བོ་ཉིད་ཀྱིས་ཡོད་པར་འགྱུར་བ་ཞིག་ན་དེ་ནི་མེད་དོ། །འདི་ལྟར་དེ་ཡོད་ན་རྣམ་པ་གསུམ་ལས་མི་འདའ་ལ་དེ་ཡང་རེ་ཞིག་འགྲོ་བ་པོ་མི་སྡོད་དེ་དེ་ནི་འཆད་པར་འགྱུར་རོ། །འགྲོ་བ་པོ་མིན་པ་ཡང་སྡོད་པ་མིན་ཏེ་ལྷས་བྱིན་འགྲོ་བ་པོ་མིན་པ་ནི་སྡོད་པ་ཡིན་ན་དེ་ལ་སྡོད་པ་གཞན་གྱིས་ཅི་ཞིག་བྱ། འདི་ཡང་བྱ་བ་རང་མཚན་གྱིས་གྲུབ་ན་སྡོད་པ་པོར་གྲུབ་ཟིན་ནས་སླར་ཡང་སྡོད་པར་འགྱུར་དགོས་པའི་སྐྱོན་ནོ། །འགྲོ་བ་པོ་དང་འགྲོ་བ་པོ་མིན་པ་ལས་དོན་གཞན་གསུམ་པ་གང་ཞིག་སྡོད་པར་འགྱུར་ཞེས་པ་མི་འགྱུར་ཏེ་དེ་ནི་མི་སྲིད་པའི་ཕྱིར་རོ། །གལ་ཏེ་འགྲོ་བ་པོ་མིན་པ་དང་ཡིན་མིན་ལས་གཞན་པ་མི་སྡོད་ཀྱང་འགྲོ་བ་པོ་ཉིད་སྡོད་དོ་ཞེ་ན། རེ་ཞིག་འགྲོ་པོ་སྡོད་དོ་ཞེས་སྨྲ་བ་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཞེས་པ་མི་འགྱུར་ཏེ། གང་ཚེ་སྟེ་གང་གི་ཕྱིར་འགྲོ་བའི་བྱ་བ་ཚིག་གི་དོན་དུ་མེད་པར་ནི་འགྲོ་བ་པོ་ཞེས་པ་འཐད་པར་མི་འགྱུར་བ་དེའི་ཕྱིར་རོ། །དེས་ན་འདི་སྡོད་དོ་ཞེས་བརྗོད་པའི་ཚེ་དེ་ལ་གནས་པ་དང་འགལ་བའི་འགྲོ་བ་མེད་དོ། །བཞི་པ་ནི། འགྲོ་བ་ངོ་བོ་ཉིད་ཀྱིས་ཡོད་དེ་འགྲོ་བ་ལས་ལྡོག་པ་ཡོད་པའི་ཕྱིར་ཏེ་འགྲོ་བ་ལས་ལྡོག་པ་ན་གནས་པ་རྩོམ་པའི་ཕྱིར་


JLD015_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཞེ་ན། ལྡོག་པ་ངོ་བོ་ཉིད་ཀྱིས་ཡོད་ན་ནི་ལྡོག་ས་གསུམ་ལས་མི་འདའ་ལ་དེ་ཡང་བགོམ་པ་ལས་ལྡོག་པར་མི་འགྱུར་ཏེ། བགོམ་པ་རང་བཞིན་གྱིས་ཡོད་པ་མ་དམིགས་པའི་ཕྱིར་དང་བགོམ་པ་ཙམ་ཡོད་དུ་ཆུག་ཀྱང་དེ་ལ་སྔར་ལྟར་བྱ་བ་མི་འཐད་པའི་ཕྱིར་རོ། །སོང་བའི་ལམ་ལས་ནི་འགྲོ་བ་ལྡོག་པ་མིན་ཏེ་དེར་འགྲོ་བའི་བྱ་བ་མེད་པའི་ཕྱིར་རོ། །མ་སོང་བའི་ལམ་ལས་ཀྱང་ལྡོག་པ་མིན་ཏེ་དེར་ཡང་འགྲོ་བའི་བྱ་བ་མེད་པའི་ཕྱིར་རོ། །དེ་ཡི་ཕྱིར་འགྲོ་བ་ལྡོག་པ་ངོ་བོ་ཉིད་ཀྱིས་མེད་དོ། །ལམ་གཞན་གཉིས་ལ་འགྲོ་བའི་བྱ་བ་ལྡོག་པ་ཐ་སྙད་དུ་ཡང་མེད་ལ་བགོམ་པ་ལ་ནི་དོན་དམ་པར་མེད་དོ། །ལྔ་པ་ནི། གལ་ཏེ་འགྲོ་བའི་འགྲན་ཟླ་གནས་པ་མེད་པས་འགྲོ་བ་མེད་ན་འོ་ན་འགྲོ་བ་གྲུབ་པར་བྱ་བའི་ཕྱིར་དུ་གནས་པ་བསྒྲུབ་པར་བྱ་སྟེ་དེ་གྲུབ་པས་འགྲོ་བ་གྲུབ་པ་ཡིན་ནོ། །དེའི་ཕྱིར་གནས་པ་ནི་ངོ་བོ་ཉིད་ཀྱིས་ཡོད་དེ་དེའི་འགྲན་ཟླ་ཡོད་པའི་ཕྱིར་རོ། །འགྲན་ཟླ་ཡང་འགྲོ་བ་ཡིན་ནོ་ཞེ་ན། གནས་པ་སྒྲུབ་པའི་ཕྱིར་དུ་བཀོད་པའི་འགྲོ་བ་ནི་འགྲོ་བ་བསྒྲུབ་པའི་ཕྱིར་དུ་བཀོད་པའི་གནས་པ་ལ། རེ་ཞིག་འགྲོ་པོ་མི་སྡོད་དེ་ཞེས་པ་ལ་སོགས་པས་སུན་འབྱིན་བརྗོད་པ་དང་མཚུངས་པར་རེ་ཞིག་གནས་པོ་མི་འགྲོ་སྟེ་ཞེས་སོགས་ཀྱིས་ཚིགས་བཅད་གཉིས་འདོན་པ་བསྒྱུར་ཏེ་སུན་དབྱུང་ངོ་། །ཅི་སྟེ་འགྲོ་བ་བཏང་ནས་གནས་པ་རྩོམ་ལ་དེ་ཡོད་པའི་ཕྱིར་གནས་པ་ཡོད་དོ་ཞེ་ན། གནས་པའི་འཇུག་པ་སྟེ་རྩོམ་པ་


JLD015_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནི་འགྲོ་བའི་རྩོམ་པ་འགོག་པ་ལ། སོང་ལ་འགྲོ་བའི་རྩོམ་མེད་དེ། ཞེས་སོགས་ཀྱིས་སུན་འབྱིན་བརྗོད་པ་དང་མཚུངས་པར་གནས་ལ་གནས་པའི་རྩོམ་མེད་དེ་ཞེས་སོགས་ཀྱིས་ཚིགས་བཅད་གསུམ་འདོན་པ་བསྒྱུར་ཏེ་སུན་དབྱུང་ངོ་། །ཅི་སྟེ་ལྷས་བྱིན་གནས་པར་གྱུར་ནས་གནས་པ་ལས་ལོག་པ་ན་འགྲོ་བ་རྩོམ་པས་གནས་པ་ལས་ལྡོག་པ་ཡོད་པའི་ཕྱིར་གནས་པ་ཡོད་དོ་སྙམ་ན། གནས་པ་ལས་ལྡོག་པ་ཡང་ནི་འགྲོ་བ་ལས་ལྡོག་པ་འགོག་པ་ལ་བགོམ་ལས་ལྡོག་པར་མི་འགྱུར་ཏེ། ཞེས་སོགས་ཀྱིས་སུན་འབྱིན་བརྗོད་པ་དང་མཚུངས་པར་གནས་བཞིན་པ་ལས་མི་ལྡོག་སྟེ། ཞེས་སོགས་ཀྱིས་རྐང་པ་གཉིས་འདོན་པ་བསྒྱུར་ཏེ་སུན་དབྱུང་ངོ་། །དེ་ཡི་ཕྱིར་གནས་པ་ངོ་བོ་ཉིད་ཀྱིས་མེད་པས་འགྲོ་བ་འགྲུབ་པར་ག་ལ་འགྱུར།བཞི་པ་ལ་གཉིས། འགྲོ་བ་པོ་དང་འགྲོ་བ་ལ་གཅིག་དང་ཐ་དད་བརྟགས་ཏེ་དགག་པ་དང༌། འགྲོ་བ་པོར་འཇོག་པའི་བྱ་བ་ལ་བྱ་བ་གཉིས་པ་ཡོད་མེད་བརྟགས་ནས་དགག་པའོ། །དང་པོ་ནི། འགྲོ་བ་དང་འཇུག་པ་དང་ལྡོག་པ་རྣམས་ལམ་གསུམ་མམ་འགྲོ་བ་པོ་ཡིན་མིན་གཉིས་དང་དེ་ལས་གཞན་པ་ལ་ཡོད་ཅེས་བརྗོད་མི་ནུས་ཀྱང་ལྷས་བྱིན་གོམ་པ་འདོར་བ་མཐོང་ནས་དེ་འགྲོ་བ་པོ་ཞེས་བྱ་བར་འགྱུར་བས་འགྲོ་བ་པོ་དང་འགྲོ་བའི་བྱ་བ་རང་བཞིན་གྱིས་ཡོད་དོ་ཞེ་ན། ལྷས་བྱིན་གོམ་པ་འདོར་བའི་འགྲོ་བའི་བྱ་བ་དང་གོམ་པ་འདོར་མཁན་གྱི་ལྷས་བྱིན་གཉིས་རང་བཞིན་གྱིས་ཡོད་ན་རང་བཞིན་གཅིག་དང་ཐ་


JLD015_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དད་གང་རུང་དུ་གྲུབ་དགོས་ན། འགྲོ་བའི་བྱ་བ་དེ་དང་འགྲོ་བ་པོ་གཉིས་དེ་ཉིད་དེ་རང་བཞིན་གཅིག་ཅེས་ཀྱང་བྱར་མི་རུང་ལ་འགྲོ་བ་དང་འགྲོ་བ་པོ་གཉིས་རང་བཞིན་གཞན་ཉིད་ཅེས་ཀྱང་བྱར་མི་རུང་ངོ་། །ཡང་ཇི་ལྟར་མི་རུང་ཞེ་ན། གལ་ཏེ་འགྲོ་བའི་བྱ་བ་གང་ཡིན་པ་དེ་ཉིད་དང་འགྲོ་བ་པོ་གཉིས་རང་བཞིན་གཅིག་ཡིན་པར་འགྱུར་ན་བྱེད་པ་པོ་དང་ལས་ཉིད་ཀྱང་སྟེ་བྱ་བ་ཡང་གཅིག་པ་ཉིད་དུ་ཐལ་བར་འགྱུར་པས་འདི་ནི་བྱ་བ་དང་འདི་ནི་བྱེད་པ་པོའོ་ཞེས་ཁྱད་པར་དབྱེ་མི་ནུས་པར་འགྱུར་ན་གཅོད་པའི་བྱ་བ་དང་གཅོད་པ་པོ་ནི་གཅིག་པ་ཡང་མ་ཡིན་ནོ། །དེ་ཡི་ཕྱིར་དེ་གཉིས་རང་བཞིན་གཅིག་ཏུ་མ་གྲུབ་བོ་ཞེས་བཟློག་པ་འཕེན་ནོ། །གལ་ཏེ་ཡང་འགྲོ་བའི་བྱ་བ་དང་འགྲོ་བ་པོ་ངོ་བོ་ཉིད་ཀྱིས་གཞན་པ་ཉིད་དུ་རྣམ་པར་བརྟག་ན། དེའི་ཚེ་འགྲོ་བ་པོ་ལ་ལྟོས་པ་མེད་པའི་འགྲོ་བ་དང་འགྲོ་བའི་བྱ་བ་ལ་ལྟོས་པ་མེད་པའི་འགྲོ་བ་པོ་ཡོད་པར་གཟུང་དུ་ཡོད་པར་འགྱུར་ན་དེ་ལྟར་འཛིན་པ་ཡང་མིན་པས་དེ་གཉིས་རང་བཞིན་ཐ་དད་དུ་མེད་དོ་ཞེས་ཐལ་བ་བཟློག་ལ་འཕེན་ནོ། །རང་མཚན་གྱིས་སོ་སོར་གྲུབ་ན་རག་ལས་པ་མི་འཐད་པའི་བུམ་སྣམ་བཞིན་དུ་འབྲེལ་མེད་དུ་འགྲོ་བའི་རིགས་པའོ། །གལ་ཏེ་ཁོ་བོ་ནི་བྱེད་པ་པོ་དང་བྱ་བ་གཉིས་དོན་ཐ་དད་དུ་གྲུབ་པ་མེད་པས་གཞན་དུ་ཡང་མི་འདོད་ལ་དེ་གཉིས་བརྗོད་པ་ཐ་དད་པའི་ཕྱིར་གཅིག་ཏུ་ཡང་མི་འདོད་པས་དེ་གཉིས་ཀ་མེད་པར་ཡང་དེ་གཉིས་གྲུབ་བོ་ཞེ་ན། བྱེད་པ་པོ་


JLD015_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱ་བ་གང་དག་དངོས་པོ་སྟེ་རང་བཞིན་གཅིག་པ་དང་དངོས་པོ་སྟེ་རང་བཞིན་གཞན་པ་ཉིད་དུ་ནི་གྲུབ་པར་གྱུར་པ་ཡོད་པ་མིན་ན་དེ་གཉིས་རང་གི་ངོ་བོས་གྲུབ་པ་ཇི་ལྟར་ཡོད་པ་དེ་སྨྲོས་ཤིག་དེ་ལྟ་བས་ན་དེ་ནི་བརྟགས་པ་ཙམ་དུ་ཟད་དོ། །རང་བཞིན་གཅིག་དང་ཐ་དད་ཚད་མས་རྣམ་པར་བཅད་ན་རང་བཞིན་གྱིས་ཡོད་པའི་ཕུང་གསུམ་བློ་ངོར་ཡང་ལྡོག་དགོས་པ་ལ་འདིར་དེ་གཉིས་སུ་མ་གྲུབ་ཀྱང་རང་བཞིན་གྱིས་ཡོད་ཅེས་འཛིན་པ་འདི་ཇི་ལྟར་ཡིན་སྙམ་ན། དངོས་མིང་སོ་སོས་གོ་བྱ་ཐ་དད་དུ་མེད་པ་གཅིག་པའི་དོན་དང་འབྲེལ་མེད་དོན་གཞན་དུ་ཡོད་པ་ཐ་དད་པའི་དོན་དུ་བཟུང་ནས་དེ་གཉིས་སུ་མ་གྲུབ་ཀྱང་རང་བཞིན་གྱིས་ཡོད་སྙམ་པ་ཡིན་ལ། རང་བཞིན་གཅིག་པ་དང་རང་བཞིན་ཐ་དད་ཚད་མས་ཁེགས་ནས་དོགས་པ་དེ་བྱུང་བ་མིན་ནོ། །གནས་མ་བུ་པས་གང་ཟག་རྟག་མི་རྟག་གང་ཡང་མིན་པར་སྨྲ་བ་ཡང་དེ་ལ་དཔགས་ནས་ཤེས་པར་བྱའོ། །གཉིས་པ་ནི། འདིར་འགྲོ་བ་པོ་ལྷས་བྱིན་འགྲོའོ་ཞེས་བྱ་བར་ནི་འཇིག་རྟེན་ན་གྲགས་སོ། །དེ་ལ་སྨྲ་བ་པོ་ཚིག་སྨྲའོ། །བྱེད་པ་པོ་བྱ་བ་བྱེད་དོ་ཞེས་པ་ལ་སྨྲ་བ་པོ་ཡིན་པས་ཚིག་ཉིད་སྨྲ་བ་ཡིན་པ་དེ་བཞིན་དུ་འགྲོ་བ་པོ་ཡིན་པས་འགྲོ་བ་གང་གིས་འགྲོ་བ་པོར་འཇོག་པའི་འགྲོ་བ་དེ་ཉིད་འགྲོ་བ་ཡིན་པས་ཇི་སྐད་བརྗོད་པའི་སྐྱོན་དུ་མི་འགྱུར་རོ་ཞེ་ན། འགྲོ་བའི་བྱ་བ་གང་གིས་འགྲོ་བ་པོར་མངོན་པར་གསལ་བར་བྱེད་པའི་འགྲོ་བ་དེ་ནི་འགྲོ་བ་པོར་གྱུར་པ་དེ་འགྲོ་བ་མིན་བ་སྟེ་འགྲོ་བ་ཡིན་པར་མི་འགྱུར་བའམ་འགྲོ་བར་བྱེད་པ་


JLD015_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཏེ། གང་གི་ཕྱིར་ཏེ་འདི་ལྟར་འགྲོ་བའི་བྱ་བའི་སྔ་རོལ་དུ་འགྲོ་བ་པོ་ཡོད་ན་འགྲོ་བ་པོ་དེ་ལམ་དེར་འགྲོ་བར་འགྱུར་ན། ལྷས་བྱིན་གང་ཞིག་དོན་གཞན་པའི་གྲོང་དམ་གྲོང་ཁྱེར་གང་ཞིག་ཏུ་འགྲོ་བར་མཐོང་བ་བཞིན་དུ་འགྲོ་བའི་བྱ་བའི་སྔ་རོལ་དུ་དེ་ལ་མི་ལྟོས་པའི་འགྲོ་བ་པོ་མེད་པའི་ཕྱིར་རོ། །འགྲོ་བ་པོར་རྣམ་པར་འཇོག་པའི་བྱ་བ་དེ་ཉིད་འགྲོ་བ་པོ་འགྲོ་བར་བྱེད་པའི་བྱེད་པ་ཡིན་ན་དེ་གཉིས་ལ་སྔ་ཕྱི་བ་དགོས་པ་འདི་ནི་འགྲོ་བའི་བྱ་བ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ལ་ཡིན་གྱི་ཐ་སྙད་དུ་དེ་ལྟར་འདོད་པ་ལ་མིན་ནོ། །ཇི་ལྟར་ཞེ་ན། དཔེར་ན་མྱུ་གུ་སྐྱེའོ་ཞེས་པ་ལ་སྐྱེ་རྒྱུའི་མྱུ་གུ་སྐྱེས་པའི་སྔ་རོལ་ན་མེད་ན་སྐྱེ་བ་མི་འཐད་ལ་ཡོད་ན་སླར་སྐྱེ་མི་དགོས་སོ་ཞེས་སྐྱེ་བ་རང་མཚན་གྱིས་གྲུབ་པ་འགོག་པ་བཞིན་དུ། འགྲོ་བ་པོར་འཇོག་རྒྱུའི་ལྷས་བྱིན་འགྲོ་བའི་བྱ་བ་སྐྱེས་པའི་སྔ་རོལ་དུ་མེད་ན་དེ་འགྲོ་བར་མི་འཐད་ལ་ཡོད་ན་འགྲོ་བ་པོར་གྲུབ་ཟིན་པས་སླར་འགྲོ་མི་དགོས་ཤིང་གལ་ཏེ་འགྲོ་བ་པོར་གྲུབ་ཟིན་ནས་ཀྱང་འགྲོ་དགོས་ན་འགྲོ་བ་པོར་འཇོག་པའི་བྱ་བ་དེ་ཉིད་ཀྱིས་དེ་འགྲོ་བར་བྱེད་པ་མིན་པས་སྔ་ཕྱིར་གྲུབ་དགོས་སོ། །སློབ་དཔོན་གཉིས་ཀས་སྔར་ལྟར་བཤད་པ་ལ་ཤེས་རབ་སྒྲོན་མ་ལས་དེ་ལྟར་ཡིན་ན་གང་ཚེ་འགྲོ་བ་མེད་པར་ནི། ཞེས་པའི་སྐབས་སུ་འགྲོ་བ་པོ་འགྲོ་བ་བཀག་པ་དང་ཟློས་སོ་ཞེས་འཆད་མོད་ཀྱང༌། དེ་ནི་འགྲོ་བའི་བྱ་བ་བྱེད་པའི་ཚིག་གི་དོན་དུ་ཡོད་ལ་བྱེད་པ་པོའི་ཚིག་གི་དོན་དུ་མེད་པ་འགོག་པས་འདི་དང་ཁྱད་པར་


JLD015_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའོ། །ཅི་སྟེ་འགྲོ་བ་པོར་འཇོག་པའི་བྱ་བ་དེ་ཉིད་འགྲོ་བ་མ་ཡིན་ཡང་དེ་ལས་གཞན་པའི་བྱ་བ་གཉིས་པ་ཞིག་འགྲོའོ་སྙམ་ན། འགྲོ་བའི་བྱ་བ་གང་གིས་འགྲོ་བ་པོར་མངོན་པར་གསལ་བར་བྱེད་པའི་བྱ་བ་དེ་ལས་གཞན་པའི་བྱ་བ་གཉིས་པ་ཡང་འགྲོ་བ་པོ་དེ་འགྲོ་བར་བྱེད་པའི་བྱེད་པ་མིན་ཏེ། གང་གི་ཕྱིར་འགྲོ་བ་པོ་གཅིག་པུ་ཞིག་ལ་འགྲོ་བའི་བྱ་བ་གཉིས་སུ་ཡོད་པ་མི་འཐད་པ་དེ་ཡི་ཕྱིར་རོ། །འདི་ལ་ཡང་སྔར་བཞིན་ཟློས་པའི་སྐྱོན་དང་བྱ་བ་གཞན་མ་བཀག་པ་དང་འགྲོ་བའི་བྱ་བ་གཅིག་ཁོ་ན་ཡོད་པར་ཁས་བླངས་པས་དེ་དང་ལྡན་པའི་ཕྱིར་འགྲོ་བ་པོ་འགྲོ་བར་འགྲུབ་པའི་སྐྱོན་ཡོད་ཅེས་འཆད་མོད་ཀྱང༌། སྐྱོན་དང་པོ་མེད་པ་ནི་སྔར་དང་འདྲ་ལ་བྱ་བ་དོན་གཞན་ལ་ཐལ་བའི་གནོད་པ་བསྟན་ཞིང༌། འགྲོ་བ་པོ་གཅིག་ལ་འགྲོ་བའི་བྱ་བ་གཉིས་ཡོད་པར་འགྱུར་རོ་ཞེས་ཕ་རོལ་པོ་མི་འདོད་པ་འཕེན། པ་ཙམ་ཡིན་པའི་ཕྱིར་སྐྱོན་དེ་དག་མེད་དོ། །སྔ་མ་རྣམས་གཞུང་གོང་འོག་གཉིས་ཀས་འགྲོ་བ་བྱ་བར་ཁས་མི་ལེན་པར་འགྲོ་བ་པོས་བསྒྲུབ་པར་བྱ་བའི་ལས་སུ་ཁས་བླངས་པ་འགོག་པ་ཡིན་ཞེས་པ་ཡང་མི་འཐད་དེ། འགྲོ་བ་པོར་རྣམ་འདོག་གི་བྱ་བ་ཉིད་འགྲོ་བར་བྱེད་པ་ཡིན་མིན་བརྟགས་ནས་འགོག་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །སྨྲ་བ་པོ་ཚིག་སྨྲ་བ་དང་གཅོད་པ་པོ་ཤིང་གཅོད་པའི་བྱ་བ་བྱེད་དོ་ཞེས་པ་སོགས་ཀྱང་དེ་ལྟར་དུ་དགག་པར་བྱའོ། །གཉིས་པ་ནི། འགྲོ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་ནི་སྔར་བཤད་ལ་ཡིན་དང་མ་ཡིན་གྱུར་པ་ནི་ཆ་འགའ་ཞིག་ལ་


JLD015_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་ནས་འགྲོ་བ་པོ་དང་འགའ་ཞིག་ལ་ལྟོས་ནས་མིན་པར་འདོད་པ་ཡིན་ལ་དེ་ཉིད་གོང་དུ་གཉིས་མ་ཡིན་དུ་ཡང་བཤད་དེ་དོན་འདྲའོ། །འགྲོ་བ་ནི་འདིར་འགྲོ་བ་སྟེ་བགྲོད་པར་བྱ་བའོ། །རྣམ་པ་གསུམ་ནི་སོང་མ་སོང་བགོམ་པ་ལ་བུད་དྷ་པཱ་ལི་ཏ་ལས་བཤད་དོ། །དེ་ལྟར་ན་འགྲོ་བ་པོ་ཡིན་པར་གྱུར་པ་ནི་བགྲོད་པར་བྱ་བ་སོང་བ་དང་མ་སོང་བ་དང་བགོམ་པའི་ལམ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་པ་སྟེ་གཞན་གཉིས་ལའང་དེ་ལྟར་སྦྱར་རོ། །ཚིག་གསལ་ལས་འགྲོ་བ་ཡིན་པ་དང་མ་ཡིན་པ་དང་ཡིན་མིན་དུ་གྱུར་པ་ གསུམ་དུ་བྱས་ནས་དེར་འགྲོ་བར་མི་བྱེད་པ་ནི་རབ་བྱེད་བརྒྱད next hit་པ་ནས་སྟོན་པར་གསུངས་སོ། །གཉིས་པ་ནི། གང་གི་ཕྱིར་དེ་ལྟར་དཔྱད་པ་ན་འགྲོ་བ་པོ་དང་བགྲོད་པར་བྱ་བ་དང་འགྲོ་བ་རྣམས་མི་རྙེད་པ་དེའི་ཕྱིར་འགྲོ་བའི་བྱ་བ་དང་འགྲོ་བ་པོ་དང་བགྲོད་པར་བྱ་བ་གསུམ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །འཇིག་རྟེན་ནི་ཤས་ཆེར་བྱ་བ་མང་པོའི་ཐ་སྙད་ཀྱི་དབང་གིས་དངོས་པོ་ལ་མངོན་པར་ཞེན་ལ་བྱ་བ་རྣམས་ཀྱི་ནང་ན་འགྲོ་བའི་བྱ་བ་གཙོ་བོ་ཡིན་པས། དེ་ལ་ངོ་བོ་ཉིད་ཀྱིས་ཡོད་པ་བཀག་ན་བྱ་བྱེད་ལྷག་མ་ཐམས་ཅད་ཀྱང་དེ་བཞིན་དུ་རྟོགས་པར་འགྱུར་བས་འགྲོ་འོང་ལ་རང་བཞིན་འགོག་པ་གསུངས་སོ། །ཡུལ་འདི་ནས་ཕར་ལ་འགྲོ་བ་དེ་ཉིད་ཡུལ་དེ་ན་གནས་པ་ལ་ལྟོས་ཏེ་འོང་བ་ཡིན་པས་དེ་ལ་རང་བཞིན་འགོག་པའི་རིགས་པ་ལོགས་སུ་མ་གསུངས་སོ། །གཉིས་པ་ནི། དེ་ལྟར་འགྲོ་འོང་རང་བཞིན་གྱིས་སྟོང་པའི་ཟབ་མོའི་དོན་


JLD015_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གེ་ཉི་ཚེས་བསྒྲུབས་སོ་སྙམ་པ་དགག་པའི་ཕྱིར་དང༌། འགྲོ་འོང་མེད་པར་གསུངས་པའི་གསུང་རབ་ཐམས་ཅད་རབ་ཏུ་བྱེད་པ་འདིས་བཤད་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བ་ཕྱོགས་ཙམ་སྨོས་ན། རྒྱ་ཆེར་རོལ་པ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གསུངས་ཏེ། འདིས་ནི་ས་བོན་ཉིད་མྱུ་གུར་ཕར་འཕོ་ཞིང་འགྲོ་བ་དང་མྱུ་གུ་ས་བོན་ལས་གཞན་ཞིག་ནས་ཚུར་འོང་བ་བཀག་སྟེ། སྔ་མ་ལྟར་ན་རྟག་པར་འགྱུར་བ་ལས་དེ་ལྟར་མིན་པས་མྱུ་གུའི་དུས་ནའང་མི་འཇིག་པར་གནས་པའི་རྟག་པ་མིན་ལ། ཕྱི་མ་ལྟར་ན་ས་བོན་གྱི་རྒྱུ་ལ་མི་ལྟོས་པར་འབྱུང་བས་ས་བོན་རྒྱུན་ཆད་པར་འགྱུར་བ་ལས་དེ་ལྟར་མིན་པས་ས་བོན་རྒྱུན་ཆད་པ་ཡང་མིན་ནོ། །རྒྱ་ལས་རྒྱ་ཡི་འབུར་ནི་སྣང་མོད་ཀྱི། །རྒྱ་དེ་འཕོས་པར་དམིགས་པའང་ཡོད་མ་ཡིན། །དེ་ལ་དེ་མེད་གཞན་ལ་མ་ཡིན་ཏེ། །དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད། །ཅེས་པས་ནི། རྒྱ་ལས་རྒྱ་ཡི་འབུར་གྱི་རྣམ་པ་རྒྱས་བཏབ་པའི་གཞི་ལ་སྣང་བ་ན་རྒྱ་དེ་དེར་འཕོ་ཞིང་འགྲོ་བ་དང་རྒྱ་ལས་གཞན་ནས་ཀྱང་དེ་འོངས་པ་མིན་པ་དཔེར་བྱས་ནས། འདུས་བྱས་ཐམས་ཅད་ཀྱང་འབྲས་བུ་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་བ་དང་རྒྱུ་འགག་པའི་ཚེ་གང་དུ་ཡང་མི་འགྲོ་བར་རྟག་ཆད་དང་བྲལ་བར་གསུངས་སོ། །མེ་ལོང་ངོས་དང་འབྲུ་མར་སྣོད་རྣམས་ལ། །བུད་མེད་ཁ་


JLD015_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བརྒྱན་པས་བལྟས་པ་ན། །བྱིས་པ་དེ་ནི་དེ་ལ་ཆགས་བསྐྱེད་ནས། །འདོད་པ་ཚོལ་བའི་ཕྱིར་ཡང་ཤིན་ཏུ་རྒྱུག །བཞིན་ནི་དེར་ཡང་འཕོ་བ་མ་ཡིན་ཏེ། །གཟུགས་བརྙན་ལ་ནི་ནམ་ཡང་བཞིན་མི་རྙེད། །རྨོངས་པ་དེ་དག་འདོད་པ་སྐྱེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་པས་ནི་བྱད་ཀྱི་གཟུགས་བརྙན་མེ་ལོང་ལ་སོགས་པ་ལ་ཤར་བ་ན་བྱད་ཉིད་དེར་འཕོ་ཞིང་མི་འགྲོ་ལ། བྱད་ལས་གཞན་ཞིག་ནས་གཟུགས་བརྙན་འོང་བ་ཡང་མིན་པ་དཔེར་བྱས་ནས་སྔ་མ་བཞིན་ཤེས་པར་བྱ་བར་གསུངས་ཏེ། སྔར་གཞུང་ནས་འགྲོ་འོང་བཀག་པ་ནི་རྐང་པ་འདེགས་འཇེག་གི་འགྲོ་འོང་བཀག་པ་ཡིན་མོད་ཀྱང་དེ་མཚོན་པ་ཙམ་ཡིན་པས་འདུས་བྱས་ཐམས་ཅད་ལ་འགྲོ་འོང་བཀག་པའི་དོན་ཡང་རིགས་པ་འདི་དག་གིས་ཤེས་པར་བྱའོ་ཞེས་གོ་བའི་ཆེད་དུ་ལུང་སྦྱོར་མཛད་དོ། །ཏིང་འཛིན་རྒྱལ་པོ་ལས་ཀྱང༌། དེ་ཚེ་སྡིག་མེད་སྟོབས་བཅུ་ལྡན་པ་ཡི། །རྒྱལ་བ་དེ་ནི་ཏིང་འཛིན་མཆོག་འདི་འཆད། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་མི་སྐྱེ་སུ་ཡང་འཆི་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །མི་འགའ་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་གཞན་དུ་འཕོ་ཞིང་འགྲོ་མེད་ཀྱང༌། །ཞེས་གསུངས་ཏེ་འདིས་ནི་སེམས་ཅན་ལ་འཇིག་རྟེན་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕ་


JLD015_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་འགྲོ་བའི་རང་བཞིན་བཀག་སྟེ་བཙལ་ན་དེ་དག་མི་རྙེད་པའི་ཕྱིར་རོ། །དེ་ཡི་ཚེ་ལས་བྱེད་མཁན་དང་འབྲས་བུ་མྱོང་མཁན་མེད་པས་ལས་འབྲས་མི་རུང་ངམ་སྙམ་པ་བཟློག་པའི་ཕྱིར་དུ། ལས་བྱས་རྣམས་ནི་ནམ་ཡང་ཆུད་མི་ཟ། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །རྟག་པར་མ་ཡིན་ཆད་པར་མི་འགྱུར་ཏེ། །ལས་བསགས་མེད་ཅིང་གནས་པ་དག་ཀྱང་མེད། །དེ་ཡང་བྱས་ནས་རེག་པར་མི་འགྱུར་མིན། །གཞན་གྱིས་བྱས་པ་ཚོར་བར་འགྱུར་བའང་མེད། །འཕོ་བ་མེད་ཅིང་ཕྱིར་ཡང་འོང་བ་མེད། །ཐམས་ཅད་ཡོད་པ་མ་ཡིན་མེད་པའང་མིན། །འདི་ན་ལྟ་གནས་འཇུག་པ་དག་པ་མིན། །ཞེས་གསུངས་སོ། །ལས་བྱས་ཞེས་པ་ནི་འཁོར་བ་ཞེས་པས་བཤད་ལ། འབྲས་བུ་ཕྱུང་གི་བར་དུ་གནས་པ་མེད་པས་ནི་རྟག་པ་འགོག་གོ །དེ་ཡང་ཞེས་པས་བྱས་པ་ཆུད་མི་ཟ་བར་བསྟན་ཏེ་ཆད་པ་འགོག་གོ །གཞན་གྱིས་ཞེས་པ་ནི་མ་བྱས་པ་དང་ཕྲད་པ་འགོག་པའོ། །ཕྱིར་ཡང་འོང་བ་མེད་པ་ནི་རྣམ་སྨིན་ཕྱུང་ཟིན་ནས་སླར་ཡང་མི་འབྱིན་པའོ། །རང་བཞིན་གྱིས་མ་གྲུབ་ཅིང་ཐ་སྙད་དུ་ཡོད་པས་ན་ཡོད་མེད་མིན་པའོ། །འཇིག་རྟེན་འདི་ན་ཡོད་མེད་ཀྱི་མཐར་ལྟ་བའི་གནས་ལ་འཇུག་པ་ནི་དག་པ་སྟེ་གྲོལ་བ་མིན་ནོ། །དཀོན་མཆོག་བརྩེགས་པ་ལས་ཀྱང༌། ཚེ་དང་ལྡན་པ་དག་གར་དོང་གང་ནས་ལྷགས། དེ་དག་གིས་སྨྲས་པ་བཙུན་པ་རབ་འབྱོར་གང་དུ་ཡང་འགྲོ་བ་མེད་པ་དང་གང་ནས་ཀྱང་འོང་བ་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་


JLD015_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །ཞེས་གསུངས་སོ། །དེ་ལྟར་ན་རབ་བྱེད་འདི་ཡི་རིགས་པ་རྣམས་ནི་འདི་འདྲ་བའི་གསུང་རབ་གང་ཟག་དང་ཆོས་ལ་འགྲོ་འོང་མེད་པར་སྟོན་པ་ཐམས་ཅད་ལྟ་བའི་མིག་ཡིན་པས། སྔོན་ལ་འདིའི་རིགས་པ་ལ་མཁས་པར་བྱས་ནས་དེ་ཡི་འོག་ཏུ་མན་དག་དེས་གསུང་རབ་དེ་དག་ཐམས་ཅད་ཀྱི་དོན་བཤད་པར་བྱའོ། །གསུམ་པ་ནི། འགྲོ་བ་པོ་གང་ཡིན་དང་འགྲོ་སའི་ཡུལ་དང་དེར་འགྲོ་བའི་བྱ་བ་རྣམས་མིང་གི་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་ཙམ་མིན་པར་དེ་ན་རང་གི་ངོ་བོའི་དབང་གིས་ཡོད་པར་འཛིན་པའི་འཛིན་པ་ལེགས་པར་ངོས་ཟིན་པར་བྱས་ལ། དེ་ནས་ཇི་ལྟར་བཟུང་བ་དེ་ལྟར་ཡོད་དམ་མེད་བཙལ་བའི་ཚེ་ན་དེ་ལྟར་ཡོད་པ་ལ་སྔར་བཤད་པའི་རིགས་པ་རྣམས་ཀྱིས་སྒོ་དུ་མ་ནས་གནོད་པ་འབབ་པའི་ཚུལ་རྣམས་ངེས་པར་བྱའོ། །དེ་ཡང་རྣམ་པ་དུ་མར་དཔྱད་ནས་རིགས་པས་འགོག་པ་ནི། རང་གི་ངོ་བོས་ཡོད་པ་ལ་ལས་བྱ་བ་བྱེད་པ་པོའི་རྣམ་གཞག་གང་ཡང་མི་འཐད་པར་རྟོགས་སུ་གཞུག་པའི་ཆེད་ཡིན་གྱི་འགྲོ་འོང་སོགས་མེད་པར་སྟོན་པའི་ཆེད་མིན་ནོ། །དེ་ལྟར་རྟོགས་པ་ན་སྔར་འགྲོ་འོང་སོགས་ཀྱི་ཐ་སྙད་ཐམས་ཅད་རང་གི་ངོ་བོས་ཡོད་པ་ལ་བྱེད་པའི་བློ་དེ་གནས་འཕོས་ནས། རང་གི་ངོ་བོས་གྲུབ་པའི་རང་བཞིན་གྱིས་སྟོང་པ་ཁོ་ན་ལ་བྱ་བྱེད་དེ་དག་འཐད་དོ་སྙམ་དུ་ངེས་པ་འདྲོངས་པ་དགོས་སོ། །དེ་ནི་བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་པའི་ཚིག་གསལ་ལས། འགྲོ་


JLD015_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འགྲོ་བ་པོ་ངོ་བོ་ཉིད་ཀྱིས་ཡོད་པ་བཀག་སྟེ་ཕན་ཚུན་ལྟོས་པའི་གྲུབ་པ་ཉིད་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་པ་བཞིན་ཡིན་ནོ། །དེ་ཡང་འགྲོ་པོ་འགྲོ་ལ་བརྟེན་བྱས་ཤིང༌། །འགྲོ་བ་ཉིད་ཀྱང་འགྲོ་པོ་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་སྦྱར་བ་འདིའི་དོན་ནོ། །དང་པོ་མངོན་དུ་གྱུར་པའི་འགྲོ་འོང་རགས་པ་དང་དེ་ནས་འཇིག་རྟེན་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕ་རོལ་ཏུ་འགྲོ་བ་རྣམས་ལ་ཡང་སྦྱར་ནས་རང་བཞིན་མེད་པའི་ཚུལ་ངེས་པར་བྱ། དེ་ནས་ཆོས་ཀྱི་དབང་དུ་བྱས་བའི་དངོས་པོ་རྣམས་ལ་ཡང་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་བ་དང༌། འགག་པའི་ཚེ་གང་དུ་ཡང་མི་འགྲོ་བ་ལ་རིགས་པ་འདོན་པ་སྤོས་ནས་སྦྱང་ཞིང་བྱ་བྱེད་གཞན་ཐམས་ཅད་ལ་ཡང་དེ་ལྟར་བྱའོ། །དེས་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་ཤེས་རབ་ཤིན་ཏུ་རྒྱས་པར་འགྱུར་ཞིང་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་སྒྱུ་མ་བཞིན་དུ་འཆར་བར་ཡང་འགྱུར་རོ། །འགྲོ་བ་དང་འོང་བ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་ཉེར་ལྔའི་བདག་ཉིད་རབ་ཏུ་བྱེད་པ་གཉིས་པའི་རྣམ་པར་བཤད་པའོ།། །།གཉིས་པ་བདག་མེད་གཉིས་རྒྱས་པར་བཤད་པ་ལ་ལྔ། ཆོས་དང་གང་ཟག་སོ་སོར་ཕྱེ་སྟེ་བཤད་པ་དང༌། དངོས་པོ་ཙམ་གྱི་རང་བཞིན་གྱིས་སྟོང་པར་བསྟན་པ་དང༌། བདག་མེད་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་དང༌། དུས་ཀྱི་རང་བཞིན་གྱིས་སྟོང་པར་བསྟན་པ་དང༌། སྲིད་བའི་རྒྱུན་གྱི་རང་བཞིན་གྱིས་སྟོང་པར་བསྟན་པའོ། །


JLD015_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གཉིས། ཆོས་ཀྱི་བདག་མེད་བཤད་པ་དང༌། གང་ཟག་གི་བདག་མེད་བཤད་པའོ། །དང་པོ་ལ་གཉིས། ཆོས་གསུམ་བདག་མེད་པར་བཤད་པ་དང༌། དེ་ལ་བདག་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ། སྐྱེ་མཆེད་ལ་ཆོས་བདག་དགག །ཕུང་པོ་ལ་ཆོས་བདག་དགག །ཁམས་ལ་ཆོས་བདག་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་བ། དེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་དགོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ནི། འདིར་སྨྲས་པ་གལ་ཏེ་ཡང་འགྲོ་བ་ལ་སོགས་པ་གསུམ་ཡོད་པ་མིན་མད་ཀྱི་དེ་ལྟ་ནའང་གསུང་རབ་ནས་འབྱུང་བ་ལ་ལྟོས་ནས་ལྟ་བ་པོ་ལ་སོགས་པ་རྣམས་ཁས་བླང་དགོས་ཏེ་ཆོས་མངོན་པ་ལས། ལྟ་བ་དང་ཉན་པ་དང་སྣོམ་པ་དང་མྱང་བར་བྱེད་པ་དང་རེག་པར་བྱེད་པ་དང་ཡིད་ནི་གོ་རིམ་བཞིན་དུ་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དྲུག་ཏུ་བསྟན་ལ། དེ་དག་གི་སྤྱོད་ཡུལ་ནི་རིམ་པ་བཞིན་དུ་བལྟ་བར་བྱ་བ་དང་སོགས་ཀྱིས་བསྡུས་པ་མཉན་པར་བྱ་བ་དང་བརྣམ་པར་བྱ་བ་དང་མྱང་བར་བྱ་བ་དང་རེག་པར་བྱ་བ་དང་བསམ་པར་བྱ་བ་སྟེ་གཟུགས་སྒྲ་སོགས་དྲུག་ཏུ་གསུངས་སོ། །དེས་ན་གཟུགས་ལ་ལྟ་བར་བྱེད་པས་ན་ལྟ་བར་བསྟན་ཏེ་གཞན་རྣམས་ཀྱང་རང་རང་གི་ཡུལ་འཛིན་པར་བྱེད་པས་བསྟན་ནོ། །ལྟ་དང་ཞེས་རེ་རེ་ནས་མིང་སྨོས་པས་གྲངས་གྲུབ་མོད་ཀྱང་དྲུག་ཅེས་སྨོས་པ་ནི་ཐ་སྙད་


JLD015_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་དེ་དག་ལས་དོན་གཞན་པ་གཟུགས་སོགས་ལ་དམིགས་བྱེད་ཀྱི་བྱེད་པ་པོ་མེད་པར་ཤེས་པའི་དོན་དུ་ངེས་གཟུང་དུ་མཛད་དོ་ཞེས་བཤད་དོ། །རང་བཞིན་གྱིས་མེད་ན་ལྟ་བ་ལ་སོགས་པར་མི་འགྱུར་བས་ལྟ་བ་ལ་སོགས་པ་ནི་རང་བཞིན་གྱིས་ཡོད་པ་ཡིན་ནོ་ཞེས་རང་སྡེ་འགའ་ཞིག་སྨྲའོ། །གཉིས་པ་ལ་གཉིས། ལྟ་བའི་ཆོས་གསུམ་རང་བཞིན་གྱིས་གྲུབ་པ་དགག །རིགས་པ་དེ་གཞན་ལའང་སྦྱར་བའོ། །དང་པོ་ལ་གཉིས། ལྟ་བའི་བྱེད་པ་པོ་དགག །ལྟ་བའི་ལས་དང་བྱ་བ་དགག་པའོ། །དང་པོ་ལ་གཉིས། མིག་ལྟ་བའི་བྱེད་པ་པོ་ཡིན་པ་དགག །བདག་གམ་རྣམ་ཤེས་ལྟ་བའི་བྱེད་པ་པོ་ཡིན་པ་དགག་པའོ། །དང་པོ་ལ་གཉིས། རང་ལ་མི་ལྟ་བའི་རྟགས་ཀྱིས་དགག །ལྟ་བའི་བྱ་བ་དང་འབྲེལ་མ་འབྲེལ་བརྟགས་ལ་དགག་པའོ། །དང་པོ་ལ་གསུམ། རྟགས་དགོད་པ། མ་ངེས་པ་སྤང་བ། དོན་བསྡུ་བའོ། །དང་པོ་ནི། རབ་བྱེད་བརྒྱད་པའི་འགྲེལ་པར་བལྟ་བྱ་དང་ལྟ་བྱད་ངོ་བོ་ཉིད་ཀྱིས་ཡོད་པ་བཀག་སྟེ་ཕན་ཚུན་ལྟོས་པའི་ཡོད་པར་བཤད་པ་ལྟར་ལྟ་བ་པོ་ལ་སོགས་པ་ངོ་བོ་ཉིད་ཀྱིས་ཡོད་པ་དགག་བྱ་ཡིན་གྱི་ཡོད་ཙམ་མིན་ནོ། །གཟུགས་ལ་ལྟ་བའི་མིག་དེ་རང་གི་བདག་ཉིད་དེ་ལ་ནི་ལྟ་བ་མ་ཡིན་པ་ཉིད་དེ་ཁོ་ན་སྟེ། རང་ཉིད་རང་གི་བལྟ་བྱ་ཡིན་པའི་རང་ལ་བྱ་བྱེད་འགལ་བའི་ཕྱིར་རོ། །དེ་ལྟར་གང་ཞིག་བདག་ལ་མི་ལྟ་བ་དེ་ལ་ནི་སྔོན་པོ་ལ་སོགས་པ་གཞན་དག་ལ་ཡང་ཇི་ལྟར་ན་ལྟ་བ་ཡོད་དེ་ལྟ་བ་ངོ་བོ་ཉིད་ཀྱིས་མེད་དེ་དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ། །འདི་ནི་ལྟ་བ་ངོ་བོ་ཉིད་ཀྱིས་གྲུབ་ན་རྒྱུ་ལ་རག་ལས་པ་


JLD015_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བས་རང་ལ་མི་ལྟ་བར་མཚུངས་བཞིན་དུ་མིག་གཟུགས་ལ་ལྟ་ལ་རྣ་བ་ལ་སོགས་པ་དེ་ལ་མི་ལྟ་བའི་ཁྱད་པར་མེད་དེ་འབྲེལ་མེད་དོན་གཞན་ལ་ལྟ་མི་ལྟ་མཚུངས་པའི་རིགས་པའོ། །བུད་དྷ་པཱ་ལི་ཏ་ལས། ཆུ་ལ་རླན་དང་མེ་ལ་ཚ་བ་དང་སྣ་མའི་མེ་ཏོག་ལ་དྲི་ཞིམ་པ་མཐོང་ན་དེ་དག་དང་ལྡན་པ་ལས་ས་དང་ཆུ་དང་གོས་ལ་རླན་ལ་སོགས་པ་དམིགས་པ་བཞིན་དུ། ལྟ་བ་རང་གི་ངོ་བོ་ཉིད་ཀྱིས་ཡོད་ན་ཐོག་མར་མིག་ལ་དམིགས་ནས་དེ་ནས་གཟུགས་ལ་ཡང་དམིགས་པར་འགྱུར་བ་ལས་དེ་མེད་པའི་ཕྱིར་གཟུགས་ལ་ཡང་མི་ལྟའོ་ཞེས་འགོག་སྟེ་དེ་ཡང་བརྒྱ་པ་ལས། དངོས་པོ་ཀུན་གྱི་རང་བཞིན་ནི། །ཐོག་མར་བདག་ལ་སྣང་འགྱུར་ན། །མིག་ཉིད་ལ་ཡང་མིག་གིས་ནི། །ཅི་ཡི་ཕྱིར་ན་འཛིན་མི་འགྱུར། །ཞེས་གསུངས་པའི་རིགས་པ་དང་དོན་གཅིག་ཏུ་བཞེད་དོ། །གཉིས་པ་ནི། གལ་ཏེ་མེ་ནི་རང་མི་སྲེག་ཀྱང་གཞན་སྲེག་པ་བཞིན་དུ་རང་ལ་མི་ལྟ་ཡང་གཞན་ལ་ལྟ་བ་རང་བཞིན་གྱིས་ཡོད་པ་ཡང་མི་འགལ་ལོ་སྙམ་ན། ལྟ་བ་ངོ་བོ་ཉིད་ཀྱིས་ཡོད་པ་རབ་ཏུ་བསྒྲུབ་པའི་ཕྱིར་དུ་མེ་ཡི་དཔེ་བཀོད་པས་ནི་སྒྲུབ་པར་ནུས་པ་མ་ཡིན་ཏེ། མེའི་དཔེ་དེ་ནི་དངོས་ཀྱི་དོན་ལྟ་བ་དང་བཅས་པ་སྟེ་ལྷན་ཅིག་ཏུ་སྔར་ལན་བཏབ་པ་སྟེ་སུན་ཕྱུང་བའི་ཕྱིར་རོ། །གང་གིས་ཤེ་ན། སོང་དང་མ་སོང་བགོམ་པ་ཡིས་ཏ་དེ་གསུམ་ལ་འགྲོ་བ་བཀག་པ་བཞིན་དུ་བསྲེགས་པ་ལ་མི་སྲེག་ཅེས་པ་དང་བལྟས་པ་ལ་མི་ལྟ་ཞེས་སོགས་དང་རེ་ཞིག་སྲེག་པོ་མི་སྲེག་ཅེས་པ་དང་རེ་ཞིག་


JLD015_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་པོ་མི་ལྟ་ཞེས་སོགས་ཀྱང་མཚུངས་པར་བརྗོད་པར་བྱའོ། །དེས་ན་རང་ལ་མི་ལྟ་བ་ལ་གཞན་ལ་ལྟ་བ་ངོ་བོ་ཉིད་ཀྱིས་མེད་དོ་ཞེས་པ་འདི་གྲུབ་བོ། །གསུམ་པ་ནི། གང་གི་ཚེ་རང་དང་གཞན་ལ་ཅུང་ཟད་ཀྱང་མི་ལྟ་བ་ལྟ་བར་བྱེད་པ་མ་ཡིན་པ་དེ་ཡི་ཚེ་མི་ལྟ་བ་ལ་ལྟ་བར་བྱེད་པ་ཉིད་མི་རིགས་པའི་ཕྱིར་གཟུགས་ལ་ལྟ་བས་ན་མིག་ནི་ལྟ་བར་བྱེད་པ་ཡིན་ཞེས་བྱ་བར་བརྗོད་པ་ད་ནི་ཇི་ལྟར་རིགས་པར་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ནི། གཞན་ཡང་འདིར་མིག་ནི་གཟུགས་ལ་ལྟ་བས་ན་ལྟ་བར་བྱེད་པའོ་ཞེས་བརྗོད་པ་ན་མིག་ལྟ་བའི་བྱེད་པ་པོའོ། །དེ་ཡི་ཚེ་བྱེད་པ་པོ་མིག་ལྟ་བའི་བྱ་བ་དང་འབྲེལ་དགོས་པས་མིག་ལྟ་བའི་རང་བཞིན་ཡིན་མིན་གང་བྱ་བ་དང་འབྲེལ་བརྟག་གྲང༌། དང་པོ་ལྟར་ན། མིག་ལྟ་བའི་རང་བཞིན་ཅན་ནི་སླར་ཡང་གཟུགས་ལ་ལྟ་བས་ན་ཞེས་པའི་བྱ་བ་དང་འབྲེལ་བ་ཉིད་ནི་མ་ཡིན་ཏེ་ལྟ་བའི་བྱ་བ་གཉིས་སུ་འགྱུར་བ་དང་དེ་ལྟ་ན་ལྟ་བར་བྱེད་པ་པོ་ཡང་གཉིས་སུ་འགྱུར་བའི་ཕྱིར་རོ། །གཉིས་པ་ལྟར་ན་མིག་ལྟ་བའི་རང་བཞིན་མིན་པ་ཡང་གཟུགས་ལ་མི་ལྟ་བ་ཉིད་དེ་ལྟ་བའི་བྱ་བ་དང་བྲལ་བའི་ཕྱིར་སོར་མོའི་རྩེ་མོ་བཞིན་ནོ། །གང་གི་ཚེ་ལྟ་བའི་རང་བཞིན་ཅན་ཡིན་མིན་གཉིས་གཟུགས་ལ་ལྟ་པར་མི་འཐད་པ་དེ་ཡི་ཚེ་ལྟ་བས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཇི་ལྟར་རིགས་པར་འགྱུར། །ཞེས་བྱ་བ་འདི་ཉིད་དང་སྦྱར་རོ། །གང་ཆེ་ཞེས་པ་བཞི་སྔར་བཀག་པའི་དོན་བསྡུར་ཟླ་བས་བཤད་ལ་སངས་རྒྱས་བསྐྱངས་ཀྱིས་ནི་འདི་ལྟར་འཆད་དེ། གཞན་ཡང་ཁྱོད་ཀྱིས་གཟུགས་ལ་


JLD015_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བར་བྱེད་པས་ལྟ་བའོ་ཞེས་སྨྲས་པ་ནི་བྱེད་པ་པོ་མིག་ལ་བྱ་བའི་སྐྱོན་བརྗོད་ནས་ལྟ་བར་བྱེད་པས་ལྟ་བ་ཡིན་ནོ། །དེས་ན་ཡུལ་ལ་ལྟ་བ་ན་ལྟ་བ་ཡིན་གྱི་མི་ལྟ་ན་མིན་ནོ། །གང་གི་ཚེ་ཡུལ་ལ་ལྟ་ན་ལྟ་བ་ཡིན་གྱི་ཅུང་ཟད་ཀྱང་མི་ལྟ་བ་ལྟ་བ་མ་ཡིན་པ་དེ་ཡི་ཚེ་ལྟ་བར་བྱེད་པས་མིག་ལྟ་བའོ་ཞེས་པ་དེ་ནི་ཇི་ལྟར་རིགས་པར་འགྱུར་ཏེ། ལྟ་བའོ་ཞེས་པའི་ཚིག་དོན་དུ་ལྟ་བའི་བྱ་བ་ཡོད་ཀྱང་ལྟ་བར་བྱེད་པས་ཞེས་པའི་ཚིག་དེའི་དོན་དུ་བྱ་བ་གཉིས་པ་མེད་པའི་ཕྱིར་རོ། །ཅི་སྟེ་བྱ་བ་གཉིས་པ་མེད་བཞིན་དུ་ཡང་ཡོད་པར་རྟོག་ན་ལྟ་བའི་བྱ་བ་དང་ལྟ་བ་པོ་གཉིས་གཉིས་ཡོད་པར་འགྱུར་རོ། །ཅི་སྟེ་སྐྱོན་དེ་སྤོང་བར་འདོད་ནས་ལྟ་བའོ་ཞེས་པའི་ཚིག་གི་དོན་དུ་ལྟ་བའི་བྱ་བ་འདོད་ཀྱི་སྔ་མ་ལ་མི་འདོད་ན་ལྟ་བས་ལྟ་བར་བྱེད་པ་ཉིད་དོ་ཞེས་རྟོག་པ་དེ་ཡང་མི་རིགས་ཏེ་ལྟ་བར་བྱེད་དོ་ཞེས་པའི་དོན་དུ་ལྟ་བའི་བྱ་བ་མེད་པའི་ཕྱིར་རོ། །དེ་སྤང་བར་འདོད་ནས་ལྟ་བར་བྱེད་དོ་ཞེས་པ་དེ་ཉིད་ཀྱི་དོན་དུ་ལྟ་བའི་བྱ་བ་འདོད་ན། ལྟ་བ་ཞེས་པའི་དོན་དུ་བྱ་བ་མེད་པས་ལྟ་བ་མིན་པ་ལྟ་བའི་བྱ་བ་དང་བྲལ་བ་ནི་ལྟ་བར་བྱེད་པ་མི་རུང་བའི་ཕྱིར་རོ་ཞེས་རྐང་པ་དྲུག་ཀ་སྦྲེལ་ནས་བཤད་དོ། །འདིར་གཟུགས་ལ་ལྟ་བར་བྱེད་པས་ན་ལྟ་བའོ་ཞེས་པའི་ཚིག་གཉིས་ཀྱི་དོན་དུ་གཟུགས་ལྟ་བའི་བྱ་བ་གཅིག་མི་རུང་བའི་རྒྱུ་མཚན་ནི། ལྟ་བའོ་ཞེས་པའི་ཚིག་གི་དོན་གྱི་བྱ་བ་དེ་མིག་ལ་ཡོད་ལ་གཟུགས་ལ་ལྟ་བར་བྱེད་ཅེས་པའི་དོན་གྱི་བྱ་བ་དེ་ལས་ལ་ཡང་ཡོད་པས། དེ་གཉིས་རང་


JLD015_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱིས་གྲུབ་ན་རང་མཚན་གྱིས་གྲུབ་པའི་དོན་སོ་སོ་ལ་སོ་སོར་ཡོད་དགོས་ཤིང་ཐུན་མོང་དུ་བྱ་བ་གཅིག་རྟེན་པ་འགལ་བར་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །རང་སྡེ་ཁ་ཅིག་སྐྱེ་བཞིན་པའི་ཆོས་ཙམ་ཞིག་བྱ་བ་མེད་པར་སྐྱེ་བས་བྱ་བ་དང་འབྲེལ་བའི་སྒོ་ནས་འགས་ཀྱང་ཡུལ་ཅུང་ཟད་ཀྱང་མི་ལྟ་སྟེ་བྱ་བ་མེད་པའི་ཕྱིར་རོ། །དེས་ན་ལྟ་བའི་རང་བཞིན་གྱི་མིག་བྱ་བ་དང་འབྲེལ་བས་ཡུལ་མི་ལྟའོ་ཞེས་སྒྲུབ་པ་ནི་གྲུབ་ཟིན་སྒྲུབ་པའོ་སྙམ་དུ་སེམས་སོ། །གལ་ཏེ་ཐ་སྙད་ཀྱི་ཡན་ལག་ཏུ་གྱུར་བའི་བྱ་བ་མེད་ན་ནི་དེའི་ཚེ་ཆོས་ཙམ་ཡང་མེད་པར་འགྱུར་ཏེ་བྱ་བ་དང་བྲལ་བའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །དེས་ན་ཐ་སྙད་དུ་ཡོད་མེད་ཡིན་ན་ནི་ཆོས་ཙམ་པོ་ཁས་ལེན་པ་བཞིན་དུ་བྱ་བ་ཡང་ཁས་ལོང་ལ། འོན་ཏེ་དེ་ཁོ་ནར་ཡོད་མེད་སེམས་ན་ནི་བྱ་བ་ཁས་བླང་དུ་མི་རུང་བ་བཞིན་དུ་ཆོས་ཙམ་པོ་ཡང་མེད་དེ་བརྒྱ་པ་ལས། བྱ་བ་དང་ལྡན་རྟག་པ་མེད། །ཀུན་ཏུ་འགྲོ་ལ་བྱ་བ་མེད། །བྱ་བ་མེད་པ་མད་དང་མཚུངས། །བདག་མེད་ལ་ཁྱོད་ཅིས་མི་དགའ། །ཞེས་གསུངས་སོ། །དེ་ཡི་ཕྱིར་གཞན་གྱི་ལུགས་འདི་དབུ་མ་པ་ལ་གནོད་བྱེད་དུ་མི་འགྱུར་ལ་ཁོ་བོ་ཅག་ལ་གྲུབ་ཟིན་སྒྲུབ་པའི་སྐྱོན་ཡང་མེད་དོ་ཞེས་ཚིག་གསལ་ལས་འཆད་དོ། །འདིར་བྱ་བ་མེད་ཅེས་པ་ནི་གཟུགས་མཐོང་བ་དང་ལྷས་བྱིན་འགྲོ་བ་ལ་སོགས་པའི་བྱ་བ་མེད་པ་མིན་གྱི་མིག་དང་ལྷས་བྱིན་ལ་སོགས་པའི་ཆོས་ཙམ་ཞིག་མིན་པའི་གཟུགས་མཐོང་བ་དང་འགྲོ་བ་ལ་སོགས་པའི་བྱ་བ་མེད་


JLD015_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འདོད་པ་ཡིན་ནོ། །རང་ལུགས་ནི་དེ་གཉིས་དོན་དམ་པར་མེད་མཉམ་དང་ཐ་སྙད་དུ་ཡོད་མཉམ་ཡིན་པས་ཡོད་མེད་ཀྱི་ཁྱད་པར་མི་འབྱེད་དོ། །ཕ་རོལ་པོས་མིག་བྱ་བ་དང་འབྲེལ་བའི་སྒོ་ནས་གཟུགས་ལྟ་བ་མིན་པར་འདོད་ཀྱང་དེ་ལྟར་སྒྲུབ་པ་གྲུབ་ཟིན་སྒྲུབ་པའི་སྐྱོན་དུ་མི་འགྱུར་བའི་རྒྱུ་མཚན་དུ་དེའི་ཕྱིར་ཞེས་པའི་དོན་ཐ་སྙད་དུ་བྱ་བ་ཡོད་པ་བཀོད་པས་ན། ཕ་རོལ་པོ་ལ་གྲུབ་པའི་དོན་དེའི་ཁས་བླངས་ཀྱིས་གྲུབ་པ་འདི་ཡི་དགོངས་པར་འདོད་པ་ནི་ཤིན་ཏུ་མི་རིགས་ཤིང༌། ཁོ་བོ་ཅག་དགག་བྱ་འགོག་པ་ཙམ་ཡིན་གྱི་བསྒྲུབ་བྱ་མི་སྒྲུབ་པས་ཞེས་པའི་རྒྱུ་མཚན་ཡང་མི་འགོད་པས་སྔར་གྱི་བཀག་པའི་དོན་དེ་མི་སྒྲུབ་པ་མིན་ནོ། །དེས་ན་གཞན་གྲགས་ཀྱི་རྟགས་དཔེ་ཕ་རོལ་པོ་ལ་གྲུབ་པས་ཆོག་ཅེས་པ་ཡང་དེའི་ཚད་མས་གྲུབ་པ་དགོས་ཀྱི་ཁས་བླངས་ཙམ་གྱིས་མི་ཆོག་གོ །གཉིས་པ་ནི། ལྟ་བས་ན་ལྟ་བར་བྱེད་པའོ་ཞེས་ལྟ་བར་བྱེད་ཅེས་པ་འདིས་མིག་ལྟ་བའི་བྱེད་པ་པོར་སྒྲུབ་པ་ནི་ཁས་མི་ལེན་ནོ། །འོ་ན་ཅི་ཞེ་ན། འདིས་ལྟ་བར་བྱེད་པས་ན་ལྟ་བའོ་ཞེས་ལྟ་བར་བྱེད་ཅེས་པ་འདིས་མིག་ལྟ་བའི་བྱེད་པར་སྒྲུབ་པ་ཡིན་ཏེ་དེས་ན་མིག་བྱེད་པ་པོར་བཞག་ནས་ལྟ་བའི་བྱ་བ་དང་འབྲེལ་མ་འབྲེལ་བརྟགས་པའི་སྐྱོན་དུ་མི་འགྱུར་རོ། །གང་ཞིག་བྱེད་བར་འགྱུར་བའི་ལྟ་བ་མིག་འདིས་ལྟ་བར་བྱེད་པ་དེ་ནི་བྱེད་པ་པོ་ཡིན་ལ་འདི་ཡང་རང་སྡེ་ལྟར་རྣམ་ཤེས་སམ་གཞན་སྡེ་ལྟར་བདག་ཡིན་ཡང་རུང་སྟེ་དེ་


JLD015_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་ལྟ་བའི་བྱེད་པ་པོ་ཡོད་ན་ལྟ་བ་ཡང་གྲུབ་པ་ཡིན་ནོ། །དེ་ལ་སྔར་ནི་དཔེར་ན་ཤིང་འདི་སུས་གཅོད་ན་སྟ་རེས་གཅོད་ཅེས་སྟ་རེ་གཅོད་པ་པོར་སྨྲ་བ་བཞིན་དུ་གཟུགས་ལ་སུས་ལྟ་ན་མིག་གིས་ལྟ་ཞེས་མིག་ལྟ་བ་པོར་ཁས་བླངས་ལ། འདིར་ནི་ལྷས་བྱིན་གྱིས་སྟ་རེས་ཤིང་གཅོད་ཅེས་ལྟས་བྱིན་གཅོད་པ་པོ་དང་སྟ་རེ་བྱེད་པར་སྨྲ་བ་བཞིན་དུ་བདག་གམ་རྣམ་ཤེས་གང་ཡང་རུང་བས་མིག་འདིས་གཟུགས་ལ་ལྟའོ་ཞེས་བདག་གམ་རྣམ་ཤེས་ལྟ་བ་པོ་དང་མིག་ལྟ་བའི་བྱེད་པར་འདོད་པའོ། །དེ་ལ་སྔར་མིག་ལྟ་བར་སྨྲ་བ་འགོག་པའི་ཚེ་ལྟ་དེ་རང་གི་བདག་ཉིད་ནི། ཞེས་སོགས་ཀྱིས་སུན་ཕྱུང་བ་དེ་བཞིན་དུ་རིགས་པ་དེ་ཉིད་ཀྱིས་ལྟ་བ་པོ་གཉིས་པོའང་རྣམ་པར་བཤད་པ་སྟེ་སུན་ཕྱུང་བར་ཤེས་པར་བྱ་སྟེ་དེ་ཡང་ལྟ་བ་རང་གི་བདག་ཉིད་ནི། །ལྟ་བས་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །ཞེས་འདོན་པ་བསྒྱུར་རོ། །འདིར་མིག་ལྟ་བ་པོ་ཡིན་ནོ་ཞེས་པ་བཞག་ནས་བདག་གམ་རྣམ་ཤེས་ལྟ་བ་པོ་ཡིན་ནོ་ཞེས་པ་དེ་ཙམ་ཞིག་སྨྲས་པ་ཡིན་པས་སུན་འབྱིན་མཚུངས་སོ། །སྐྱོན་གཞན་འདི་ཡང་ཡོད་དེ་ལྟ་བ་པོས་ལྟ་བར་བྱེད་ན་ལྟ་བ་གསུམ་དུ་ཐལ་བའོ། །གལ་ཏེ་ལྟ་བ་པོ་ནི་རང་བཞིན་གྱིས་ཡོད་དེ་དེའི་ལས་གཟུགས་དང་བྱེད་པ་ལྟ་བ་ཡོད་པའི་ཕྱིར་རོ་ཞེ་ན། དེ་གཉིས་རང་བཞིན་གྱིས་མེད་པའི་ཕྱིར་ལྟ་བ་པོ་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར། དེ་ལ་ལྟ་བ་པོ་རང་བཞིན་གྱིས་ཡོད་ན་གཉིས་ལ་མི་འདའ་བས་ལྟ་བ་མ་སྤངས་


JLD015_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་དེ་ལ་ལྟོས་པ་དང་བཅས་པའི་ལྟ་བ་པོ་འདོད་ན་དེ་རང་བཞིན་གྱིས་ཡོད་པ་མིན་ཏེ་གྲུབ་པ་ཞིག་ལྟོས་སམ་མ་གྲུབ་པ་ཞིག་ལྟོས་དང་པོ་ལྟར་ན་དེ་མི་རིགས་ཏེ་གྲུབ་ཟིན་ནི་སླར་ཡང་བསྒྲུབ་པར་བྱ་བ་མིན་པས་ཡང་ལྟོས་པར་མི་རིགས་སོ། །འདི་ཡང་རང་མཚན་གྱིས་གྲུབ་པ་ལ་ལྟོས་པ་འགོག་པ་ཡིན་པས་དེ་ལ་ནི་གྲུབ་ཟིན་སླར་ཡང་བསྒྲུབ་དགོས་པའི་སྐྱོན་འོང་སྟེ་སྔར་བཤད་ཟིན་ཏོ། །གཉིས་པ་ལྟར་ན་ལྟོས་པར་འགལ་ཏེ་རི་བོང་གི་རྭ་བཞིན་ནོ། །གལ་ཏེ་ལྟ་བ་སྤངས་པར་གྱུར་པ་སྟེ་ལྟ་བ་ལ་མ་ལྟོས་པའི་ལྟ་བ་པོ་ཡོད་དོ་ཞེ་ན། ཀྱང་ངོ་ཞེས་པས་ལྟ་བ་ལ་ལྟོས་པ་ཡོད་པ་མིན་པར་མ་ཟད་མ་ལྟོས་པའི་ལྟ་བ་པོ་ཡང་ཡོད་པ་མིན་ཏེ་གཞན་ལ་མི་ལྟོས་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །སངས་རྒྱས་བསྐྱངས་ཀྱིས་ནི་ལྟ་བ་པོ་ལྟ་བའི་བྱ་བ་དང་ལྡན་ན་བྱ་བ་གཉིས་མེད་པ་དང་མི་ལྡན་ན་ལྟ་བའི་བྱ་བ་དང་བྲལ་བས་འགོག་སྟེ་ལྟ་བ་ལྟ་ཉིད་མ་ཡིན་ཏེ། ཞེས་པ་དང་དོན་འདྲ་བར་འཆད་དོ། །གཉིས་པ་ནི། གང་གི་ཚེ་ལྟ་བ་ལ་ལྟོས་མ་ལྟོས་ཀྱི་ལྟ་བ་པོ་རང་བཞིན་གྱིས་མེད་པ་དེའི་ཚེ་ལྟ་བ་པོ་མེད་ན་རྒྱུ་མེད་པའི་བལྟ་བྱ་དང་ལྟ་བ་དེ་དག་ག་ལ་ཡོད་དེ་རང་བཞིན་གྱིས་མེད་པས་དེ་དག་ཡོད་པའི་རྒྱུ་མཚན་གྱིས་ལྟ་བ་པོ་རང་བཞིན་གྱིས་ཡོད་པར་ག་ལ་འགྲུབ། འདིར་སྨྲས་པ་གལ་ཏེ་བལྟ་བྱ་དང་ལྟ་བ་ནི་རང་བཞིན་གྱིས་ཡོད་དེ་དེ་གཉིས་ཀྱི་འབྲས་བུ་ཡོད་པའི་ཕྱིར་རོ། །དེ་ལ་ལྟ་བ་དང་བལྟ་བྱ་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་ལ་གསུམ་འདུས་པ་


JLD015_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རེག་པ་ཟག་པ་དང་བཅས་པ་འབྱུང་ཞིང་རེག་པ་དང་ལྷན་ཅིག་འབྱུང་བ་ནི་ཚོར་བ་ཡིན་ལ་དེའི་རྐྱེན་གྱིས་སྲེད་པ་ཡིན་ནོ། །འདིར་ཇི་ལྟར་ཕ་དང་མ་དག་ལ། །ཞེས་པའི་ཚིགས་བཅད་གཅིག་འབྱུང་བ་ནི་རྒྱ་འགྲེལ་གཞན་གསུམ་ལ་མེད་ཅིང༌། འགྲེལ་པ་འདིར་ཡང་དེ་ལ་བཤད་པ་མ་མཛད་ལ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་རྩ་ཤེ་ལ་ཚིགས་བཅད་བཞི་བརྒྱ་དང་ཞེ་དགུ་ཡོད་པར་བཤད་པ་དང་མི་འགྲིག་པས་དཔེ་མ་དག་པ་ལས་བསྒྱུར་བར་གསལ་ལོ། །རྣམ་ཤེས་ལ་སོགས་པ་བཞི་རང་བཞིན་གྱིས་ཡོད་ན་དེ་གཉིས་ཀྱང་རང་བཞིན་གྱིས་ཡོད་པར་འགྱུར་ནའང་ཡོད་པ་ནི་མིན་ཏེ། ལྟ་བ་པོ་རང་བཞིན་གྱིས་མེད་པས་བལྟ་བྱ་དང་ལྟ་བ་གཉིས་ཀྱང་རང་བཞིན་གྱིས་མེད་པའི་ཕྱིར་རྣམ་པར་ཤེས་པ་དང་སོགས་ཀྱིས་བསྡུས་པ་རེག་པ་དང་ཚོར་བ་དང་སྲེད་པ་བཞི་པོ་རང་བཞིན་གྱིས་ཡོད་པ་མིན་ནོ། །འདིར་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལ་སོགས་པ་གསུངས་པས་རྣམ་ཤེས་ལ་སོགས་པ་ནི་ཡོད་དེ་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་ལ་སོགས་པ་ནི་དེ་དག་ལས་སྐྱེ་བའི་ཕྱིར་རོ་ཞེ་ན། གང་གི་ཚེ་བལྟ་བྱ་དང་ལྟ་བ་རང་བཞིན་གྱིས་མེད་པས་རྣམ་ཤེས་ལ་སོགས་པ་རང་བཞིན་གྱིས་མེད་པ་དེའི་ཚེ་ཉེ་བར་ལེན་པ་དང་སོགས་ཀྱིས་བསྡུས་པ་སྲིད་པ་དང་སྐྱེ་རྒ་སོགས་ཇི་ལྟ་བུར་ན་རང་བཞིན་གྱིས་ཡོད་པར་འགྱུར་ཏེ་མི་འགྱུར་རོ། །གཉིས་པ་ནི། གལ་ཏེ་ཁྱོད་ཀྱིས་ལྟ་བ་ནི་བཀག་ན་ཉན་པ་ལ་སོགས་པ་ནི་མ་བཀག་པས་དེ་རྣམས་ཡོད་པའི་ཕྱིར་དངོས་པོ་རྣམས་རང་བཞིན་གྱིས་


JLD015_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ་ཞེ་ན། ཉན་པ་དང་སྣོམ་པ་དང་མྱོང་བར་བྱེད་པ་དང་རེག་པར་བྱེད་པ་དང་ཡིད་ཀྱིས་སེམས་པར་བྱེད་པ་དང༌། ཉན་པ་པོ་དང་མཉན་པར་བྱ་བ་དང་སོགས་ཀྱིས་བསྡུས་པ་སྣོམ་པ་པོ་དང་བསྣམ་པར་བྱ་བ་དང་མྱོང་བ་པོ་དང་མྱང་བར་བྱ་བ་དང་རེག་པ་པོ་དང་རེག་པར་བྱ་བ་དང་སེམས་པ་པོ་དང་བསམ་པར་བྱ་བ་རྣམས་རྣམ་པར་བཤད་པར་ཤེས་པར་བྱའོ། །གང་གིས་རྣམ་པར་བཤད་ཅེ་ན། ལྟ་བ་ཉིད་ཀྱིས་ཏེ་ཇི་ལྟར་ལྟ་བ་བཀག་པ་བཞིན་དུ་ཉན་པ་སོགས་ལྔ་དང་ལྟ་བ་པོ་བཀག་པ་བཞིན་དུ་ཉན་པ་པོ་ལ་སོགས་པ་ལྔ་དང་བལྟ་བར་བྱ་བ་བཀག་པ་བཞིན་དུ་མཉན་པར་བྱ་བ་ལ་སོགས་པ་ལྔ་བཀག་པ་ཡང་ཤེས་པར་བྱའོ། །དེ་ཡང་ཉན་པ་རང་གི་བདག་ཉིད་ནི། །དེ་ལ་ཉན་པ་མ་ཡིན་ཉིད། །ཅེས་དང་སྣོམ་པ་རང་གི་དང་མྱོང་བྱེད་རང་གི་དང་རེག་བྱེད་རང་གི་དང་སེམས་བྱེད་རང་གི་ཞེས་སོགས་འདོན་པ་བསྒྱུར་རོ། །གཉིས་པ་ནི། དེ་ལྟར་ལས་དང་བྱེད་པདང་བྱེད་པ་པོ་དྲུག་ཚན་གསུམ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་བཀག་པ་དེ་ཡང་རྟོག་གེ་ཙམ་གྱིས་བསྒྲུབས་སོ་སྙམ་པ་དགག་པ་དང༌། མིག་གིས་གཟུགས་མཐོང་བ་སོགས་བཀག་པའི་གསུང་རབ་ཐམས་ཅད་ཀྱང་རབ་བྱེད་འདིས་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྨོས་ན། བཅོམ་ལྡན་འདས་ཀྱིས། དེ་ལ་འཕགས་པ་ཉན་ཐོས་ནི་མིག་གིས་རྣམ་པར་ཤེས་པར་བྱ་བའི་གཟུགས་གང་དག་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་འདི་དག་ལ། རྟག་པ་ཉིད་དམ་བརྟན་པ་ཉིད་དམ་དེ་


JLD015_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉིད་དམ་གཞན་མ་ཡིན་པ་དེ་བཞིན་ཉིད་དམ་མ་ནོར་བ་དེ་བཞིན་ཉིད་ནི་འགའ་ཡང་མེད་ཀྱི་སྒྱུ་མ་དེ་ནི་ཡོད་དོ། །སྒྱུ་མར་བྱས་པ་དེ་ནི་ཡོད་དོ། །སེམས་རྨོངས་པར་བྱེད་པ་དེ་ནི་ཡོད་དོ། །དེ་ནི་གྱིན་ཞིག་ཡོད་དོ་སྙམ་དུ་དེ་ལྟར་སོ་སོར་རྟོག་པར་བྱེད་དོ་ཞེས་གསུངས་ཏེ་གཞན་ལྔ་ཡང་དེ་དང་འདྲའོ། །སྲིད་པ་འཕོ་བའི་མདོ་ལས་ཀྱང༌། མིག་གིས་གཟུགས་རྣམས་མི་མཐོང་ཞིང༌། །ཡིད་ཀྱིས་ཆོས་རྣམས་མི་ཤེས་ཏེ། །གང་དུ་འཇིག་རྟེན་མི་འཇུག་པ། །འདི་ནི་བདེན་པའི་མཆོག་ཡིན་ནོ། །གང་དུ་རྐྱེན་ཚོགས་པས་མཐོང་བར། །འདྲེན་པ་རབ་ཏུ་སྟོན་མཛད་པའི། །ས་དེ་དོན་དམ་འཛིན་པ་ནི། །ཉེ་བར་བརྟགས་པ་ཆུབ་པར་འགྱུར། །ཞེས་པས་ནི་མིག་ནས་ཡིད་ཀྱི་བར་དྲུག་གིས་ཡུལ་འཛིན་པའི་བྱེད་པ་དང་ལས་དང་བྱེད་པ་པོ་རང་བཞིན་གྱིས་སྟོང་པ་གང་ལ་འཇིག་རྟེན་གྱི་བློ་མི་འཇུག་པ་དེ་ནི་དོན་དམ་པའི་བདེན་པ་ཡིན་ཏེ་འགྱུར་གཞན་ལས། ད་ནི་དམ་པའི་བདེན་པའོ། །ཞེས་བསྒྱུར་བ་ལྟར་རོ། །དབང་པོ་དང་ཡུལ་ལ་སོགས་པའི་རྐྱེན་ཚོགས་པའི་དབང་གིས་རང་རང་གི་ཡུལ་འཛིན་པར་བསྟན་པའི་ས་དེ་དོན་དམ་པར་ཡོད་པར་འཛིན་པ་ནི་ཉེ་བར་བཏགས་པ་ཙམ་མོ་ཞེས་བསྟན་ནོ། །དེ་བཞིན་དུ། མིག་དང་གཟུགས་ལ་བརྟེན་ནས་ནི། །མིག་གི་རྣམ་ཤེས་འདིར་སྐྱེ་ཡང༌། །གཟུགས་ནི་མིག་ལ་བརྟེན་མ་ཡིན། །གཟུགས་ནི་མིག་ལ་འཕེ་བའང་མིན། །བདག་མེད་མི་སྡུག་ཆོས་འདི་དག །སླར་ཡང་བདག་དང་སྡུག་ཅེས་བརྟགས། །མེད་ལ་ལོག་པར་བརྟགས་པ་སྟེ། །དེ་ལས་མིག་གི་རྣམ་ཤེས་འབྱུང༌། །རྣམ་ཤེས་འགག་དང་འབྱུང་བ་ལས། །རྣམ་


JLD015_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཟད་དང་འཕེལ་བར་མཐོང༌། །འགར་ཡང་འགྲོ་འོང་མེད་སྟོང་དང༌། །རྒྱུ་འདྲ་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་པས་ནི་དབང་པོ་དང་ཡུལ་ལ་བརྟེན་ནས་རྣམ་ཤེས་སྐྱེ་ཡང་དབང་པོ་དང་ཡུལ་ཕན་ཚུན་དུ་མི་འཕོ་བ་དང་སྐྱེ་འགག་བྱེད་པའི་ཆ་གང་ནས་ཀྱང་མི་འོང་ལ་གང་དུ་ཡང་མི་འགྲོ་བ་སྒྱུ་མ་བཞིན་དུ་བལྟ་བར་གསུངས་སོ། །ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང༌། མིག་ནི་ཐམས་ཅད་ལྡན་ན་མཐོང་འགྱུར་ཏེ། །མིག་གིས་གཟུགས་རྣམས་མཐོང་བ་གང་ཡིན་པའང༌། །མཚན་མོ་རྐྱེན་རྣམས་མེད་ན་མཐོང་མི་འགྱུར། །དེ་ཕྱིར་ལྡན་དང་བྲལ་བ་རྣམ་རྟོག་ཡིན། །ཞེས་རྐྱེན་ཚོགས་པ་ལ་བརྟེན་ནས་མཐོང་ལ་ཚོགས་པ་དེ་བྲལ་ན་མི་མཐོང་བས་ཡུལ་མཐོང་མི་མཐོང་ནི་རྣམ་རྟོག་གི་དབང་གིས་བཞག་པ་ཙམ་ཡིན་གྱི་རང་གི་ངོ་བོ་ཉིད་ཀྱིས་མེད་པར་བསྟན་ནོ། །མིག་ནི་སྣང་ལ་བརྟེན་ཏེ་ཡིད་འོང་དང༌། །ཡིད་དུ་མི་འོང་སྣ་ཚོགས་གཟུགས་མཐོང་བས། །དེ་ལྟར་ལྡན་ལ་བརྟེན་ཏེ་མཐོང་བས་ན། །དེ་ཕྱིར་མིག་གིས་ནམ་ཡང་མཐོང་བ་མེད། །ཅེས་རྐྱེན་ཚོགས་པ་ལ་བརྟེན་ཏེ་མཐོང་བས་ན་མིག་ལ་རང་གི་ངོ་བོ་ཉིད་ཀྱིས་གཟུགས་མཐོང་བ་ནམ་ཡང་མེད་དོ་ཞེས་འདི་དང་སྔ་མ་གཉིས་ཀས་རྟེན་འབྲེལ་གྱི་རྟགས་ཀྱིས་རང་བཞིན་བཀག་གོ །ཡིད་དུ་འོང་བའི་སྒྲ་གྲག་གང་ཡིན་པ། །དེ་ཡང་ནམ་ཡང་ནང་དུ་ཞུགས་པ་མེད། །དེ་འགྲོ་དམིགས་སུ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་སྒྲ་རྣམས་འབྱུང་བ་ཡིན། །ཞེས་ཡུལ་དབང་པའི་དྲུང་དུ་འོངས་པ་དང་ཡུལ་འཛིན་ཡུལ་གྱི་སར་འགྲོ་


JLD015_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བ་མིན་ཀྱང་ཡུལ་རྣམས་དབང་པོས་ལོངས་སྤྱོད་པ་ནི་རྣམ་རྟོག་གི་དབང་གིས་བཞག་པ་ཙམ་དུ་བསྟན་ནོ། །དེ་བཞིན་དུ། གླུ་དང་གར་དང་རོལ་མོའི་སྒྲ་ཡང་གཟུང་བྱ་མིན། །རྨི་ལམ་ལྟ་བུ་མི་མཁས་རྨོངས་དང་ཆགས་པའི་རྒྱུ། །མི་མཁས་ཀུན་ཏུ་རྟོག་ལ་ཞེན་རྣམས་བརླག་འགྱུར་ཞིང༌། །སྐྱེ་བོ་བྱིས་པ་ཉོན་མོངས་བྲན་བཞིན་བདག་གྱུར་ཏམ། །ཞེས་གསུངས་ཏེ། འདིས་ནི་རང་གི་སེམས་ཡུལ་ལ་བདེན་པར་འཛིན་པའི་མཚན་འཛིན་གྱིས་བཅིངས་ནས་ཉོན་མོངས་པའི་གཞན་དབང་དུ་གྱུར་པ་མཐོང་བ་ན། བདག་ནི་མཁས་པའི་རིགས་པས་ཆོས་འདི་དག་ལ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་རྡུལ་ཙམ་ཡང་མེད་པར་རྟོགས་པ་ཡིན་ན། བྱིས་པ་རིགས་པའི་དེ་ཁོ་ན་ཉིད་ལ་མི་མཁས་པ་ཉོན་མོངས་ཀྱི་བྲན་དུ་གྱུར་པ་བཞིན་དུ་སྤྱོད་དུ་ག་ལ་རུང་སྙམ་དུ་བསམས་ནས་མཉམ་གཞག་ཏུ་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་དང་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་སྟོང་པ་ལ་རྣལ་འབྱོར་དུ་བྱ་བར་བསྟན་ཏོ། །དེ་ལྟར་ན་རབ་བྱེད་འདི་ཡི་རིགས་པ་རྣམས་ནི་གཟུང་བར་བྱ་བ་དང་འཛིན་པར་བྱེད་པ་དང་འཛིན་པ་པོ་རང་བཞིན་མེད་པར་སྟོན་པའི་གསུང་རབ་ཐམས་ཅད་ལྟ་བའི་མིག་ཏུ་འཕགས་པས་བརྩལ་བ་ཡིན་པས། མིག་དེ་རྙེད་པར་བྱས་ལ་གསུང་རབ་དེ་དག་གི་དེ་ཁོ་ན་ཉིད་བལྟས་པ་ལས་བྱུང་བའི་དགའ་སྟོན་ཉམས་སུ་མྱོང་བར་བྱའོ། །གསུམ་པ་ནི། ཡུལ་དྲུག་གཟུང་བྱ་དང་དབང་པོ་དྲུག་འཛིན་བྱེད་དང་གང་ཟག་དྲུག་འཛིན་པ་པོར་འཇོག་པ་ན་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མིན་པར་ཆོས་དེ་དག་གི་རང་གི་ངོ་བོའི་དབང་གིས་ཡོད་


JLD015_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཛིན་པའི་འཛིན་ཚུལ་ངོས་ཟིན་པར་བྱས་ལ། ཇི་ལྟར་བཟུང་བ་དེ་ལྟར་ཡིན་ན་ནི་ལས་དང་བྱེད་པ་དང་བྱེད་པ་པོ་གང་ཡང་བཞག་ས་མེད་པར་རིགས་པས་གཏན་ལ་ཕབ་པ་བཞིན་ངེས་པར་བྱ། དེ་ནས་ནི་ཆོས་བཅོ་བརྒྱད་པོ་ཐམས་ཅད་རང་གི་ངོ་བོས་མ་གྲུབ་བཞིན་དུ་དེ་དང་དེར་སྣང་བའི་སྒྱུ་མ་ལྟ་བུའི་བྱེད་པ་དང་ལས་དང་བྱེད་པ་པོར་འབད་མེད་དུ་འཆར་བར་འགྱུར་རོ། །དེ་ཡི་ཚེ་མིག་ལྟ་བ་སོགས་སུ་འཇོག་པ་ཐམས་ཅད་ནི་སྒྱུ་མ་ལྟ་བུའི་དོན་དེ་ཁོ་ན་ལ་ཆེས་ཤིན་ཏུ་འཐད་དོ་སྙམ་དུ་ངེས་པ་དྲང་བར་བྱ་སྟེ། རིགས་པས་དཔྱོད་པ་ནི་མིག་ལ་སོགས་པ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་མེད་འཚོལ་བ་ཡིན་གྱི་ཡོད་མེད་ཙམ་འཚོལ་བ་མིན་པས་དཔྱད་ནས་མ་རྙེད་པ་ན་རང་བཞིན་ཡོད་པ་ཁེགས་ཀྱི་མིག་ལ་སོགས་པ་ཁེགས་པ་གཏན་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་བརྒྱ་པའི་འགྲེལ་པ་ལས། གལ་ཏེ་མིག་ལ་སོགས་པ་རྣམས་མི་སྲིད་ན་དེ་ཡི་ཕྱིར་ཇི་ལྟར་མིག་ལ་སོགས་པའི་དབང་པོ་འདི་རྣམས་ལས་ཀྱི་རྣམ་པར་སྨིན་པའི་ངོ་བོར་རྣམ་པར་བཞག་ཅེ་ན། ཅི་ཁོ་བོ་ཅག་གིས་ལས་ཀྱི་རྣམ་པར་སྨིན་པའི་ངོ་བོ་ཉིད་བཀག་གམ། གལ་ཏེ་མིག་ལ་སོགས་པ་རྣམས་འགོག་པ་སྒྲུབ་པས་དེ་ཇི་ལྟར་མ་བཀག་ཅེ་ན། ཁོ་བོ་ཅག་གི་རྣམ་པར་དཔྱོད་པ་ནི་རང་བཞིན་ཚོལ་བ་ལྷུར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཁོ་བོ་ཅག་ནི་འདིར་དངོས་པོ་རྣམས་རང་གི་ངོ་བོས་གྲུབ་པ་འགོག་གི་མིག་ལ་སོགས་པ་བྱས་ཤིང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་ཀྱི་རྣམ་པར་སྨིན་པ་ཉིད་ནི་མི་འགོག་གོ །དེའི་ཕྱིར་


JLD015_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡོད་པས་གང་ཞིག་རྣམ་པར་སྨིན་པ་ཉིད་དུ་བསྙད་པ་མིག་ལ་སོགས་པ་ཡོད་པ་ཉིད་དོ། །ཞེས་འདི་ཙམ་ཞིག་འགོག་ལ་འདི་ཙམ་ཞིག་མི་འགོག་པའི་ས་མཚམས་ཤིན་ཏུ་གསལ་བར་གསུངས་སོ། །དེས་ན་འདིའི་ཡོད་ཚུལ་ནི། ལྟ་པོ་ལྟ་བ་ལ་བརྟེན་ཞིང༌། །ལྟ་བ་ཉིད་ཀྱང་ལྟ་པོ་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་གསུངས་པ་ལྟར་ཡིན་ལ་དེས་ལྷག་མ་ཡང་ཤེས་པར་བྱའོ། །རབ་བྱེད་གོང་མར་བཤད་པའི་རིགས་པ་རྣམས་ཀྱིས་སྐྱེ་མཆེད་ལ་བདེན་པ་འགོག་ནུས་མོད་ཀྱང་ལྟ་བ་ལ་སོགས་པའི་རང་བཞིན་འགོག་པའི་རིགས་པ་ཐུན་མོང་མ་ཡིན་པ་རྣམས་རྟོགས་བར་བྱ་བའི་ཕྱིར་དུ། རབ་བྱེད་འདི་གསུངས་ཏེ་དེ་ནི་རབ་བྱེད་གཞན་ལ་ཡང་ཤེས་པར་བྱའོ། །དེ་འདྲ་བ་དེས་ནི་དེ་ཁོ་ན་ཉིད་ལ་དཔྱོད་པའི་ཤེས་རབ་ཀྱི་ཁྱད་པར་མཐའ་ཡས་པ་འཕེལ་བར་འགྱུར་ཞིང་ཡུལ་དྲུག་ལ་ལོངས་སྤྱོད་པ་ཐམས་ཅད་སྒྱུ་མའི་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པ་བཞིན་དུ་འཆར་བར་འགྱུར་རོ། །དབང་པོ་བརྟག་པ་ཞེས་བྱ་བ་ཚིགས་བཅད་བརྒྱུད་ཀྱི་བདག་ཉིད་རབ་ཏུ་བྱེད་པ་གསུམ་པའི་རྣམ་པར་བཤད་པའོ།། །།གཉིས་པ་ཕུང་པོ་ལ་ཆོས་བདག་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། དེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ། གལ་ཏེ་དབང་པོ་རྣམས་བཀག་མོད་ཀྱང་ཕུང་པོ་ལྔ་མ་བཀག་པའི་ཕྱིར་ཡོད་དོ། །དེ་ཡོད་ན་དབང་པོ་རྣམས་ཀྱང་དེའི་ནང་དུ་འདུས་པའི་ཕྱིར་རང་བཞིན་གྱིས་ཡོད་དོ། །


JLD015_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དགག་པ་ལ་གསུམ། གཟུགས་ཕུང་རང་བཞིན་གྱིས་ཡོད་པ་དགག །རིགས་པ་དེ་གཞན་ལ་སྦྱར་བ། རྩོད་པ་དང་འཆད་པའི་ཚེ་ལན་གདབ་ཚུལ་ལོ། །དང་པོ་ལ་གཉིས། དོན་གཞན་དུ་ཡོད་པ་ལ་རྒྱུ་འབྲས་དགག །ཡོད་མེད་དང་འདྲ་མི་འདྲ་ལ་རྒྱུ་འབྲས་དགག་པའོ། །དང་པོ་ནི། འདིར་ཆོས་མངོན་པ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ་དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པའོ། །ཞེས་སའི་ཁམས་ལ་སོགས་པ་བཞི་ནི་རྒྱུའི་གཟུགས་འབྱུང་བ་བཞི་དང༌། མིག་ལ་སོགས་པའི་དབང་པོ་ལྔ་དང་གཟུགས་ཀྱི་སྐྱེ་མཆེད་ནས་འབྲས་གཟུགས་ཀྱི་རེག་བྱའི་བར་ལྔ་ལ་སོགས་པ་ནི་འབྲས་བུའི་གཟུགས་སུ་གསུངས་པ་ལ་རྒྱུ་འབྲས་རང་མཚན5་པར་འཛིན་པ་འགོག་པའི་དམ་བཅའ་ནི། མིག་ལ་སོགས་པའི་གཟུགས་ཀྱི་རྒྱུ་འབྱུང་བ་བཞིན་མི་གཏོགས་པར་ཏེ་དེ་དག་ལས་རང་གི་ངོ་བོ་ཉིད་ཀྱིས་ཐ་དད་པའི་འབྲས་བུའི་གཟུགས་ནི་དམིགས་པར་མི་འགྱུར་ལ། དེར་མ་ཟད་འབྲས་བུའི་གཟུགས་ཞེས་བྱ་བ་མ་གཏོགས་པར་ཏེ་དེ་དག་ལས་ངོ་བོ་ཉིད་ཀྱིས་ཐ་དད་པའི་འབྲས་བུའི་གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །དམ་བཅའ་དེ་གཉིས་སྒྲུབ་པ་ནི། མིག་ལ་སོགས་པའི་གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར་འབྲས་བུའི་གཟུགས་ངོ་བོ་ཉིད་ཀྱིས་ཡོད་ན་གཟུགས་དེ་ནི་རྒྱུ་མེད་པར་ཐལ་བར་འགྱུར་ཏེ་དེ་ལ་ལྟོས་པ་འགལ་བའི་ཕྱིར་རོ། །དོན་ཏེ་དངོས་པོ་གང་ཞིག་རྒྱུ་མེད་པ་ནི་གང་ནའང་མེད་པས་རྒྱུ་མེད་ཀྱི་གཟུགས་


JLD015_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་མི་རུང་ངོ་། །གལ་ཏེ་འབྲས་བུའི་གཟུགས་ནི་མ་གཏོགས་པར་གཟུགས་ཀྱི་རྒྱུ་ངོ་བོ་ཉིད་ཀྱིས་ཡོད་ན་ནི་འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། རྒྱུ་རྒྱུ་ཉིད་དུ་རྣམ་པར་འཇོག་པའི་རྒྱུ་ནི་འབྲས་བུ་འཇུག་པ་ཡིན་ན་ངོ་བོས་ཐ་དད་པར་གྲུབ་ན་འབྲས་བུ་ལ་མི་ལྟོས་ལ་དེ་ལྟ་ན་འབྲས་བུ་འཇུག་པ་མེད་དོ། །འབྲས་བུ་མེད་པའི་རྒྱུ་ནི་རྒྱུར་མེད་དེ་རྒྱུར་རྣམ་འཇོག་གི་རྒྱུ་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །དེ་གཉིས་ཀས་ཀྱང་བཟློག་བ་འཕེན་པས་དམ་བཅའ་གཉིས་སྒྲུབ་པར་གསུངས་སོ། །རྒྱུ་འབྲས་རང་བཞིན་གཅིག་པ་འགོག་པ་ནི་རང་སྡེ་འགོག་པའི་སྐབས་ཡིན་པས་མ་གསུངས་ལ་རང་བཞིན་ཐ་དད་ཡིན་ན་ལྟོས་པ་མི་འཐད་པས་རྒྱུ་མེད་དུ་ཐལ་བ་འཕེན་པའི་ཕྱིར་སྔར་གཞན་སྐྱེ་བཀག་པའི་རིགས་པ་དང་མི་འདྲའོ། །གཉིས་པ་ནི། གཞན་ཡང་འབྱུང་བ་རྣམས་གཟུགས་ཀྱི་རྒྱུར་རྟོག་ན་གཉིས་ལས་མི་འདའ་བས་དེ་ལ་གཟུགས་ཡོད་པ་ན་ཡང་གཟུགས་ཀྱི་རྒྱུ་ནི་འཐད་པར་མི་འགྱུར་ཏེ་ཡོད་པ་ལ་རྒྱུས་སླར་ཡང་ཅི་ཞིག་བྱ་སྟེ་དགོས་པ་མེད་པའི་ཕྱིར་རོ། །གཟུགས་མེད་པ་ན་ཡང་གཟུགས་ཀྱི་རྒྱུ་ནི་འཐད་པར་མི་འགྱུར་ཏེ་མེད་ན་དེ་གང་གི་རྒྱུར་འགྱུར་ཡང་གཉིས་ནི་ཕན་ཚུན་བསྡུ་བའོ། །འདི་རྐྱེན་བརྟག་ཏུ་གསུངས་ཟིན་མོད་ཀྱང་འདིར་ཡང་སྐབས་སུ་བབ་པས་གསུངས་སོ། །གལ་ཏེ་གཟུགས་ཀྱི་རྒྱུ་མི་འཐད་ཀྱང་འབྲས་བུའི་གཟུགས་ནི་ཡོད་ལ་དེ་ཡོད་ན་རྒྱུ་ཡང་ཡོད་པར་འགྱུར་རོ་ཞེ་ན། གཟུགས་ཀྱི་རྒྱུ་རང་བཞིན་གྱིས་མེད་པ་ནི་བཤད་ཟིན་ལ་དེ་ལྟ་ན་རྒྱུ་མེད་པའི་འབྲས་བུའི་


JLD015_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཡོད་པ་ནི་འཐད་པར་མི་རུང་ངོ་། །རུང་མིན་ཉིད་ཅེས་བརྟགས་ནས་ངེས་གཟུང་དང་བཅས་པའི་དགག་པ་གཉིས་གསུངས་པས་ནི་དངོས་པོ་རྣམས་རྒྱུ་ལ་མི་ལྟོས་པའི་རྒྱུ་མེད་ཀྱི་ཕྱོགས་ཤིན་ཏུ་ཐ་ཆད་པར་སྟོན་པར་མཛད་དོ། །གང་གི་ཕྱིར་གཟུགས་ཀྱི་རྒྱུ་མ་གཏོགས་པར་གཟུགས་མི་དམིགས་པ་དང་གཟུགས་ཡོད་མེད་གཉིས་ཀ་ལ་རྒྱུ་མི་འཐད་པ་དང་རྒྱུ་མེད་པའི་གཟུགས་མེད་པ་དེའི་ཕྱིར་རྣལ་འབྱོར་པ་དེ་ཉིད་གཟིགས་པས་གཟུགས་ཀྱི་རྣམ་པར་རྟོག་པ་ཐོགས་བཅས་ཐོགས་མེད་དང་བསྟན་ཡོད་བསྟན་མེད་སོགས་འགའ་ཡང་རྣམ་པར་བརྟག་པར་མི་བྱ་བ་སྟེ་མི་འོས་སོ། །སངས་རྒྱས་བསྐྱངས་ཀྱིས་ཁྱོད་ལྟ་བུ་དེ་ཁོ་ན་རྟོགས་པར་འདོད་པ་མཁས་པའི་རང་བཞིན་ཅན་གྱིས་གཟུགས་ཀྱི་རྣམ་རྟོག་འགའ་ཡང་བརྟག་པར་མི་རིགས་ཏེ་གནས་མེད་པ་ལ་བསམ་པ་ཇི་ལྟར་རིགས་ཞེས་འཆད་དོ། །གཞན་ཡང་འབྱུང་བ་རྒྱུར་རྟོག་ན་རང་དང་འདྲ་བའི་འབྲས་བུ་སྒྲུབ་པའམ་མི་འདྲ་བའི་འབྲས་བུ་སྒྲུབ་གྲང༌། འབྲས་བུའི་གཟུགས་རྒྱུ་འབྱུང་བ་དང་འདྲ་བ་ཞེས་བྱ་བར་ངོ་བོ་ཉིད་ཀྱིས་ཡོད་པ་འཐད་པ་མ་ཡིན་ཏེ་འབྱུང་བ་བཞི་ནི་སྲ་གཤེར་དྲོ་ཞིང་གཡོ་བ་ཡིན་ལ་མིག་ལ་སོགས་པའི་དབང་པོ་ལྔ་ནི་མིག་གི་རྣམ་ཤེས་ལ་སོགས་པའི་རྟེན་གཟུགས་དང་བ་དང༌། ཕྱི་རོལ་གཟུགས་ལ་སོགས་པའི་སྐྱེ་མཆེད་ནི་མིག་གི་ཤེས་པ་ལ་སོགས་པས་གཟུང་བར་བྱ་བ་ཡིན་གྱི་འབྱུང་བ་རྣམས་ཀྱི་རང་བཞིན་ཅན་མིན་པའི་ཕྱིར་རོ། །འདི་ནི་རྒྱུ་འབྲས་གཉིས་འདྲ་བ་དེ་ངོ་བོ་ཉིད་ཀྱིས་ཡིན་ན་འདྲ་བ་དེ་རྒྱུ་ལ་རག་མི་ལས་པས་ཆ་གཅིག་གིས་འདྲ་ན་ཆ་ཐམས་ཅད་ཀྱིས་འདྲ་དགོས་བར་སྟོན་པའོ། །འཇིག་རྟེན་ལས་


JLD015_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པར་བསྟོད་པ་ལས་ཀྱང༌། འབྱུང་རྣམས་མིག་གཟུང་མ་ཡིན་ན། །དེ་བྱུང་མིག་གཟུང་ཇི་ལྟར་ཞེས། །གཟུགས་ལ་དེ་སྐད་གསུངས་པ་ན། །ཁྱོད་ཀྱིས་གཟུགས་ཀྱི་འཛིན་པ་བཟློག །ཅེས་འབྱུང་བ་མིག་གིས་མི་མཐོང་ན་དེ་ལས་བྱུང་བའི་སྔོ་སེར་སོགས་ཀྱང་མི་མཐོང་བར་བསྟན་ཏེ། དེ་གཉིས་ངོ་བོ་ཉིད་ཀྱིས་གྲུབ་ན་མིག་གིས་མཐོང་མི་མཐོང་ཡང་མཚུངས་དགོས་པའི་རིགས་པའོ། །ས་ལུའི་ས་བོན་ལ་སོགས་པ་ས་བོན་རིགས་མཐུན་རྣམས་རྒྱུ་འབྲས་སུ་མ་མཐོང་བས་རྒྱུ་མཚན་འདིས་ཀྱང་འབྲས་བུ་རྒྱུ་དང་འདྲ་བ་མི་འཐད་པར་གསུངས་ཏེ་རིགས་འདྲ་གཅིག་རྒྱུ་འབྲས་མིན་པར་མཐོང་ན་འདྲ་བ་གཞན་ཡང་རྒྱུ་འབྲས་ཡིན་པ་འགོག་པ་འདི་ཡང་སྔར་བཤད་པའི་གནད་ཀྱིས་ཡིན་ནོ། །འབྲས་བུ་རྒྱུ་དང་མི་འདྲ་ཞེས་བྱ་བའང་འཐད་པ་མ་ཡིན་ཏེ་རྒྱུ་དང་མི་འདྲ་ཡང་རྒྱུ་འབྲས་སུ་ངོ་བོ་ཉིད་ཀྱིས་ཡོད་པ་རུང་ན་མི་འདྲ་བ་ཐམས་ཅད་ཀྱང་རྒྱུ་འབྲས་སུ་འགྱུར་རོ། །གཉིས་པ་ནི། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་སེམས་ཀྱང་མཚུངས་པ་སྟེ་འདྲ་བར་ཤེས་པར་བྱའོ། །གང་དང་ན་གཟུགས་ཀྱི་ཕུང་པོ་དང་ངོ་། །ཇི་ལྟར་ན་གཟུགས་ཕུང་ལ་རང་བཞིན་འགོག་པ་ཉིད་ཀྱིས་ནི་རིམ་པ་སྟ་འགོག་པའི་ཚུལ་ཇི་ལྟ་བ་བཞིན་དུ་རྣམ་པ་ཐམས་ཅད་དུ་ཕུང་པོ་ལྷག་མ་བཞི་ལ་ཡང་སྦྱར་རོ། །དེ་ཡང་གཟུགས་ལ་རང་གི་རྒྱུ་ལས་དེ་ཉིད་དང་གཞན་དུ་དཔྱད་ནས་བཀག་པ་བཞིན་དུ་ཚོར་བ་དང་རེག་པ་གཉིས་དང་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་འདུ་ཤེས་དང་མ་རིག་པ་དང་འདུ་བྱེད་གཉིས་དང་འདུ་བྱེད་དང་རྣམ་ཤེས་གཉིས་ལ་ཡང་དེ་ཉིད་དང་གཞན་དུ་དཔྱད་ནས་དགག་པར་


JLD015_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་བཞིན་དུ་ཡོད་མེད་དང་རྒྱུ་འབྲས་འདྲ་མི་འདྲ་ཡང་སྦྱར་ཏེ་རྣམ་པ་ཐམས་ཅད་དུ་ཞེས་གསུངས་པས་སོ། །དེར་མ་ཟད་དངོས་པོ་སྟེ་མཚན་མཚོན་དང་རྒྱུ་འབྲས་དང་ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་ཐམས་ཅད་ཀྱང་གཟུགས་ལ་དཔྱད་པ་གསུམ་བྱས་པ་དང་རྣམ་པ་ཐམས་ཅད་དུ་མཚུངས་པར་སྦྱར་རོ། །གསུམ་པ་ནི། གང་གི་ཕྱིར་དབུ་མ་པ་ནི་ཆོས་གཅིག་རང་བཞིན་གྱིས་སྟོང་པར་སྟོན་པ་དེ་བཞིན་དུ་ཆོས་གཞན་ཐམས་ཅད་ཀྱང་སྟོན་པར་འདོད་བ་དེའི་ཕྱིར། རང་བཞིན་གྱིས་སྟོང་པ་ཉིད་སྨྲ་བ་རྒྱུར་བྱས་པ་ཉིད་ཀྱིས་གཞན་གྱི་ཕྱོགས་སུན་འབྱིན་པའི་བརྩད་པ་གཟུགས་རང་བཞིན་གྱིས་མེད་དོ་ཞེས་དགག་པ་བྱས་བའི་ཚེ། སྟོང་པ་ཉིད་མ་ཡིན་པར་སྨྲ་བ་གང་ཞིག་གལ་ཏེ་ལན་གཞན་དུ་རེ་ཞིག་ཚོར་བ་ལ་སོགས་པ་ནི་ཡོད་ལ་དེ་བཞིན་དུ་གཟུགས་ཀྱང་ཡོད་དོ་ཞེས་སྨྲ་བར་བྱེད་ན། དེ་ལྟར་བྱེད་པ་དེ་ཡི་དེ་ལྟ་བུ་དེ་ཐམས་ཅད་ནི་ཡང་དག་པའི་ལན་བཏབ་པ་མིན་ཏེ། ཚོར་བ་ལ་སོགས་པ་རང་བཞིན་གྱིས་ཡོད་པ་ཡང་གཟུགས་རང་བཞིན་གྱིས་ཡོད་པ་བསྒྲུབ་བྱ་ཡིན་པ་དང་བསྒྲུབ་དགོས་སུ་མཚུངས་པར་འགྱུར་བའི་ཕྱིར་རོ། །ཕྱིར་རྒོལ་གྱི་དེ་འདྲའི་ཚིག་དེ་བསྒྲུབ་བྱ་དང་མཚུངས་པས་དེའི་ལན་ཐམས་ཅད་ལ་དབུ་མ་པས་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་ཡིན་ནོ་ཞེས་བརྗོད་པར་བྱ་བར་སློབ་དཔོན་གྱིས་སློབ་པར་མཛད་དོ། །དེ་བཞིན་དུ་སྟོང་པ་ཉིད་ཀྱིས་བཤད་པ་བྱས་པའི་ཚེ་ཡང་སློབ་མ་ལྟ་བུ་གང་ཞིག་སྐྱོན་འདོགས་པ་


JLD015_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བར་བྱེད་ཅིང་རྒོལ་བར་བྱེད་པ་དེ་ཡི་བརྒལ་བ་དེ་ཐམས་ཅད་ཀྱང་སྐྱོན་བཏགས་པ་མིན་ཏེ། བསྒྲུབ་བར་བྱ་བ་དང་མཚུངས་བར་འགྱུར་བའི་ཕྱིར་རོ། །བརྒྱ་པ་ལས་ཀྱང༌། དངོས་པོ་གཅིག་གི་ལྟ་པོ་གང༌། །དེ་ནི་ཀུན་གྱི་ལྟ་པོར་བཤད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། །ཅེས་གསུངས་སོ། །ཚིགས་བཅད་འདི་གཉིས་ནི་རབ་བྱེད་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པར་ཤེས་པར་བྱའོ། །གཉིས་པ་ནི། དེ་ལྟར་ཕུང་པོ་རང་བཞིན་གྱིས་སྟོང་པར་ངེས་པའི་དོན་གྱི་ལུང་གིས་ཀྱང་གྲུབ་པ་དང་དེ་ལྟར་སྟོན་པའི་གསུང་རབ་ཐམས་ཅད་རབ་བྱེད་འདིས་བཤད་པར་བྱ་བར་བསྟན་པའི་ཕྱིར་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་བར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་གསུངས་ཤིང༌། ཉན་ཐོས་ལ་བསྟན་པའི་མདོ་ལས་ཀྱང༌། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་བུར་དག་དང་མཚུངས། །འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་གསུངས་སོ། །ཁྱད་པར་དུ་ཆོས་གཅིག་རང་བཞིན་གྱིས་སྟོང་པ་བཞིན་དུ་གཞན་ཐམས་ཅད་ཀྱང་དེ་ལྟར་བལྟ་བ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་


JLD015_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། ཆོས་གཅིག་གིས་ནི་ཆོས་རྣམས་ཐམས་ཅད་སྒྱུ་མ་དང༌། །སྣིག་རྒྱུ་དང་འདྲ་གཟུང་བྱར་མེད་ཅིང་གསོག་དང་ནི། །བརྫུན་ཞིང་ཐེར་ཟུག་མིན་པར་རྗེས་སུ་རྟོགས་འགྱུར་བ། །དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་སྙིང་པོར་འགྲོ། ཞེས་དང༌། ཏིང་འཛིན་རྒྱལ་པོ་ལས་ཀྱང༌། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང༌། །ཇི་སྙེད་མང་པོ་བཤད་བྱས་ཀྱང༌། །དེ་ལ་དྲེགས་པ་སྐྱེ་བ་མེད། །ཅེས་གསུངས་ཏེ། ངའོ་སྙམ་པའི་གཞི་བདག་ལ་རང་བཞིན་བཙལ་བས་མ་རྙེད་པའི་གང་ཟག་གི་བདག་མེད་རྟོགས་ཚུལ་དེ་ཉིད་ཆོས་གཞན་ཀུན་ལ་ཡང་སྦྱར་བར་གསུངས་པས། རིམ་པ་ཡང་དེ་ལྟར་ཡིན་ལ་བདག་མེད་ཚུལ་ཡང་ཆོས་དང་གང་ཟག་མཚུངས་པར་གསུངས་སོ། །གསུམ་པ་ནི། དེ་ལྟར་ཕུང་པོའི་རྒྱུ་འབྲས་གསུངས་པ་ལ་མིང་དུ་བཏགས་པ་ཙམ་མིན་པར་རང་གི་ངོ་བོས་ཡོད་པར་འཛིན་པའི་འཛིན་སྟངས་ལྟར་ཡོད་ན་རྒྱུ་འབྲས་གཏན་མི་རུང་བར་རིགས་པས་གཏན་ལ་དབབ་ལ་དེ་ནས་མིང་དུ་བཏགས་པ་ཙམ་ལ་འབྱུང་བ་འབྱུང་འགྱུར་དང་རེག་ཚོར་ལ་སོགས་པ་ཐམས་ཅད་ཆོས་འཐད་དོ་སྙམ་དུ་སྣང་ཕྱོགས་ཀྱི་ངེས་པ་དང་སྟོང་ཕྱོགས་ཀྱི་ངེས་པ་གཉིས་ཕན་ཚུན་གཅིག་གཅིག་གི་གྲོགས་སུ་འགྲོ་བའི་རྟེན་འབྱུང་གི་རིགས་པ་ལ་བློ་སྦྱོང་བར་བྱའོ། །ཕུང་པོ་བརྟག་པ་ཞེས་བྱ་བ་


JLD015_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་བཅད་པ་དགུའི་བདག་ཉིད་རབ་ཏུ་བྱེད་པ་བཞི་པའི་རྣམ་པར་བཤད་པའོ།། །།གསུམ་པ་ཁམས་ལ་ཆོས་བདག་དགག་པ་ལ་གསུམ། རབ་ཏུ་བྱད་པའི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ་ཁམས་རྣམས་ནི་མ་བཀག་པའི་ཕྱིར་དང༌། བཅོམ་ལྡན་འདས་ཀྱིས་ཀྱང་རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པའོ། ཞེས་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་དྲུག་དང༌། དེ་དག་གི་མཚན་ཉིད་སྲ་གཤེར་དྲོ་ཞིང་གཡོ་བ་མི་སྒྲིབ་བ་རྣམ་པར་ཤེས་པར་བྱེད་པ་ཡང་བསྟན་ལ། རང་བཞིན་མེད་ན་མཚན་ཉིད་བསྟན་པ་མི་རིགས་པས་མཚན་ཉིད་ཡོད་པའི་ཕྱིར་ཁམས་རྣམས་རང་བཞིན་གྱིས་ཡོད་ལ་དེ་ལྟ་ན་ཁམས་བཞིན་དུ་ཕུང་པོ་དང་སྐྱེ་མཆེད་ཀྱང་རང་བཞིན་གྱིས་ཡོད་དོ། །གལ་ཏེ་ཁམས་རྣམས་རང་བཞིན་གྱིས་ཡོད་ན་གཞན་གཉིས་ཀྱང་ད་ལྟར་ཡོད་ནའང་དེ་དག་ནི་རང་བཞིན་གྱིས་མེད་དོ། །ཇི་ལྟར་མེད་ཅེ་ན། འདི་ལ་གཉིས། ཁམས་དྲུག་རང་བཞིན་གྱིས་གྲུབ་པ་དགག །ཡོད་མེད་ཀྱི་མཐར་ལྟ་བ་སྨད་པའོ། །དང་པོ་ལ་གཉིས། ནམ་མཁའི་ཁམས་རང་བཞིན་གྱིས་གྲུབ་པ་དགག །རིགས་པ་དེ་ཁམས་ལྷག་མ་ལ་ཡང་སྦྱར་བའོ། །དང་པོ་ལ་གསུམ། ནམ་མཁའི་ཁམས་ལ་མཚན་མཚོན་དགག །དངོས་པོ་དང་དངོས་མེད་དུ་གྲུབ་པ་དགག །བཀག་པ་རྣམས་ཀྱི་མཇུག་བསྡུ་བའོ། །དང་པོ་ལ་གསུམ། མཚན་གཞི་དགག །མཚན་ཉིད་དགག །མཇུག་བསྡུ་བའོ། །དང་པོ་ལ་གཉིས། མཚན་ཉིད་འཇུག་པ་དགག །དེས་མཚན་


JLD015_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཁེགས་པར་བསྟན་པའོ། །དང་པོ་ལ་གཉིས། སྔ་ཕྱི་ལ་བརྟེགས་ནས་མཚན་ཉིད་འཇུག་པ་དགག །མཚན་ཉིད་ཡོད་མེད་ལ་བརྟགས་ནས་མཚན་ཉིད་འཇུག་པ་དགག་པའོ། །དང་པོ་ནི། མདོ་ལས་སའི་ཁམས་དང་པོར་གསུངས་མོད་ཀྱང་འདིར་དང་པོ་ནམ་མཁའི་ཁམས་རང་བཞིན་གྱིས་གྲུབ་པ་བཀག་པ་ནི། འཇིག་རྟེན་ན་ནམ་མཁའ་སྟོང་པར་གྲགས་ཤིང་ཁམས་གཞན་རྣམས་དེ་ལྟར་མ་གྲགས་པས་གྲགས་པའི་དོན་གྱིས་མ་གྲགས་པ་བསྒྲུབ་པའི་ཕྱིར་ནམ་མཁའི་མཚན་ཉིད་སྔ་རོལ་ན་ཞེས་སོགས་གསུངས་སོ། །འདིར་རང་གཞན་གྱི་སྡེ་པ་སུ་ཡང་མཚན་ཉིད་ལས་མཚན་གཞི་སྔ་བར་མི་འདོད་པས་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་མེད་པར་སྒྲུབ་པ་མི་རིགས་སོ་ཞེ་ན། གཞན་དག་མཚན་ཉིད་ལས་མཚན་གཞི་སྔ་བར་མི་འདོད་པས་དེ་མེད་པ་ཙམ་ཞིག་ནི་མི་སྒྲུབ་བོ། །འོ་ན་ཅི་ཞེ་ན། འདི་ནི་བུད་དྷ་པཱ་ལི་ཏ་ལས་གལ་ཏེ་ནམ་མཁའི་མཚན་ཉིད་ཀྱི་སྔ་རོལ་ན་ནམ་མཁའ་ཞེས་བྱ་བ་ཅུང་ཟད་ཅིག་ཡོད་ན་ནི། དེ་ལ་ནམ་མཁའ་འདི་ཡི་མཚན་ཉིད་ནི་འདི་ཡིན་ནོ་ཞེས་བསྟན་པ་ཡང་རིགས་པ་ཞིག་ན། ཞེས་སྔ་ཕྱི་བ་དེ་ཡོད་ན་དེ་ལྟར་སྟོན་པ་རིགས་ལ་མེད་ན་མི་རིགས་ཞེས་ཕྱི་མ་འཐད་ན་སྔ་མ་དེའི་ཁྱབ་བྱེད་དུ་བསྟན་ནས་ཁྱབ་བྱེད་འགོག་པའོ། །དེ་ཡང་མདོ་ནས་མི་སྒྲིབ་པ་ནམ་མཁའི་མཚན་ཉིད་དུ་གསུངས་པ་ཙམ་ཞིག་རང་ཡང་འདོད་པས་ཕ་རོལ་པོས་མཚན་གཞི་ནམ་མཁའ་ལ། མི་སྒྲིབ་པ་མཚན་ཉིད་དུ་འཇུག་པར་གསུངས་པ་དེ་རང་


JLD015_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོ་ཉིད་ཀྱིས་མཚན་མཚོན་ཡིན་པར་འདོད་པ་ལྟར་ན་སྔ་ཕྱི་དེ་ཡོད་དགོས་ཞེས་སྟོན་པའོ། །དེ་ལྟར་དགོས་པའི་རྒྱུ་མཚན་ནི་མཚན་ཉིད་འཇུག་པའི་དུས་ནི་གསུམ་དུ་ངེས་ལ་དུས་མཉམ་པ་ལ་འཇུག་པ་ནི་མཚན་ཉིད་བཅས་ལ་མིན་ཞེས་པར་འགོག་ཅིང༌། མཚན་ཉིད་སྔ་ཞིང་མཚན་གཞི་ཕྱི་བ་ལ་མཚན་ཉིད་འཇུག་པ་དང་དེ་ལས་བཟློག་པ་ལ་མཚན་ཉིད་འཇུག་པ་གཉིས་ཕྱི་མ་འགོག་དཀའ་སྟེ། འཇུག་གཞི་སྔར་ཡོད་པ་ལ་འཇུག་པ་པོ་ཕྱིས་འཇུག་པའི་དོགས་པ་ཆེ་ལ་འཇུག་ས་སྔར་མེད་པར་ངེས་ན་སྔར་ཞུགས་པར་འཛིན་པ་ཆུང་བའི་ཕྱིར་རོ། །དེས་ན་མཚན་ཉིད་ཀྱི་སྔ་རོལ་དུ་མཚན་གཞི་ཡོད་པ་ཙམ་འགོག་པར་མཛད་དོ། །གལ་ཏེ་སྒྲིབ་ཐོགས་མེད་པ་ནམ་མཁའ་ལ་མཚན་ཉིད་དུ་འཇུག་པ་ངོ་བོ་ཉིད་ཀྱིས་ཡོད་ན་དུས་གཞན་གཉིས་སུ་འཇུག་པ་མི་འཐད་པས། མཚན་ཉིད་དེ་ལས་སྔ་རོལ་དུ་མཚན་གཞི་ནམ་མཁའ་ཡོད་པ་ལ་འཇུག་དགོས་ན། ནམ་མཁའི་མཚན་ཉིད་སྒྲིབ་ཐོགས་མེད་པའི་སྔ་རོལ་ན་འཇུག་གཞི་ནམ་མཁའ་དེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་མཚན་ཉིད་གང་དུ་འཇུག་པར་འགྱུར། གལ་ཏེ་མཚན་ཉིད་སྒྲིབ་ཐོགས་མེད་པ་ལས་ནམ་མཁའ་སྔ་བར་གྱུར་ན་དེའི་དུས་ན་མཚན་ཉིད་དེ་མེད་པར་ཐལ་བར་འགྱུར་ལ་དེ་ལྟ་ན་ནམ་མཁའ་ཡང་མེད་པར་འགྱུར་ཏེ། མཚན་ཉིད་མེད་པའི་དངོས་པོ་སྟེ་དོན་འགའ་ཡང་གཞུང་ལུགས་གང་ནའང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རེ་ཞིག་མཚན་ཉིད་འཇུག་པ་ནི་ཡོད་ལ་འཇུག་པ་དེ་ཡང་མཚན་གཞི་ལ་ཡིན་པས་མཚན་ཉིད་འཇུག་པ་ཡོད་པས་མཚན་གཞི་


JLD015_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡོད་དོ་ཞེ་ན། མཚན་ཉིད་ཀྱི་སྔ་རོལ་ན་མཚན་ཉིད་མེད་པའི་དངོས་པོ་སྟེ་དོན་མེད་དོ་ཞེས་ནི་བཤད་ཟིན་ཏོ། །དེ་ལྟ་ཡིན་ན་མཚན་ཉིད་དེ་གང་དུ་འཇུག་པར་འགྱུར་བའི་གཞི་མེད་པས་མཚན་ཉིད་འཇུག་པ་མེད་དོ། །འདི་ནི་མཚན་ཉིད་ཀྱི་སྔ་རོལ་ན་མཚན་ཉིད་མེད་ཀྱང་མཚན་ཉིད་འཇུག་པ་ཡོད་སྙམ་པ་འགོག་པའོ། །གཉིས་པ་ནི། གཞན་ཡང་མཚན་ཉིད་འཇུག་པ་ངོ་བོ་ཉིད་ཀྱིས་ཡོད་ན་གསུམ་ལས་མི་འདའ་ལ་དེ་ཡང་མཚན་ཉིད་མེད་པ་ལ་མཚན་ཉིད་ནི་མི་འཇུག་སྟེ། མཚན་ཉིད་མེད་པའི་ཆོས་ཐ་སྙད་དུ་ཡང་མི་སྲིད་པས་གཞི་མེད་པ་ལ་འཇུག་པ་འགལ་བའི་ཕྱིར་རོ། །མཚན་ཉིད་དང་བཅས་པའི་དོན་ལ་ཡང་མཚན་ཉིད་འཇུག་པ་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ཏེ། དེ་ལ་ནི་མཚན་ཉིད་འཇུག་པ་དགོས་པ་མེད་པའི་ཕྱིར་ཏེ་རང་གི་ངོ་བོས་མཚན་ཉིད་དང་བཅས་པར་གྲུབ་པ་ལ་སླར་ཡང་མཚན་ཉིད་ཀྱིས་ཅི་ཞིག་བྱ། དེ་ལྟར་གྲུབ་ཀྱང་མཚན་ཉིད་འཇུག་ན་ནི་རྟག་ཏུ་མཚན་ཉིད་འཇུག་པས་ཐུག་པ་མེད་པར་འགྱུར་རོ། །དེ་ལ་མཚན་ཉིད་སྒྲིབ་མེད་ལ་སོགས་པ་དེ་མཚན་གཞི་ནམ་མཁའ་ལ་སོགས་པའི་སྒྲུབ་བྱེད་ཡིན་ལ་དེ་ཐ་སྙད་དུ་ཡོད་པ་ལ་མི་འགལ་ཡང་དོན་དམ་པར་གྲུབ་པ་ལ་མི་རིགས་པ་ཡིན་ཏེ། རང་གི་ངོ་བོས་གྲུབ་པའི་དུས་མཉམ་པ་ལ་ལྟོས་པ་མི་རིགས་པ་མང་དུ་གསུངས་པས་མཚན་མཚོན་རང་གི་ངོ་བོས་གྲུབ་པའི་དུས་མཉམ་པ་ལ་འབྲེལ་བ་མེད་པས་མཚན་ཉིད་སྒྲུབ་བྱེད་དུ་མི་འཐད་དོ། །འདི་ཡང་རང་གི་ངོ་བོས་གྲུབ་ན་རང་དབང་དུ་གྲུབ་པ་དང༌། རང་ཉིད་ཚུགས་ཐུབ་ཀྱི་ངོ་བོར་ཡོད་དགོས་པས་དེ་ལྟ་ན་གཞན་གྱི་


JLD015_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་གྱུར་པ་དང་གཞན་ལ་རག་ལས་ཀྱི་འབྲེལ་པ་མི་འཐད་པའོ། །དེས་ན་ངོ་བོས་གྲུབ་བ་སྒྲུབ་བྱེད་ལ་རག་ལས་ན་དུས་ནམ་ཡང་རག་མི་ལས་པ་མི་སྲིད་དགོས་པས་ཐུག་མེད་དུ་འགྱུར་རོ། །མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་ལས་གཞན་པ་ལ་ཡང་མཚན་ཉིད་འཇུག་པར་མི་འགྱུར་ཏེ། དེ་ནི་མི་སྲིད་པའི་ཕྱིར་ཏེ་མཚན་ཉིད་མེད་པ་ལས་ལོག་པ་ནི་མཚན་ཉིད་ཡོད་པ་དང༌། ཡོད་པ་ལས་ལོག་པ་ནི་མཚན་ཉིད་མེད་པ་ཡིན་པས་མཚན་ཉིད་ཡོད་མེད་དངོས་འགལ་ཡིན་བའི་ཕྱིར་རོ། །འདི་ལ་འོས་པ་པས་སྐྱེས་བུ་ནི་སྲོག་གི་རྫས་ལ་ལྟོས་ནས་མཚན་ཉིད་མེད་ལ། ལུས་ཀྱི་རྫས་ལ་ལྟོས་ནས་མཚན་ཉིད་ཡོད་ཅེས་རྣམ་གྲངས་ལས་མཚན་ཉིད་ཡོད་མེད་དུ་སྨྲ་ནའང་སྔར་སོ་སོ་བ་སུན་ཕྱུང་བ་ལས་མི་འདའོ། །གཉིས་པ་ནི། ཅི་སྟེ་ཡང་མཚན་གཞི་ལ་མཚན་ཉིད་འཇུག་པ་རང་བཞིན་གྱིས་ཡོད་པ་བཀག་ཀྱང་ཚོགས་པ་བཀག་པས་ཡ་གྱལ་མི་ཁེགས་པའི་ཕྱིར་མཚན་གཞི་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེ་ན། གང་གི་ཚེ་མཚན་ཉིད་འཇུག་པ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ན་དེའི་ཚེ་མཚན་གཞི་རང་བཞིན་གྱིས་ཡོད་པ་འཐད་པར་མི་འགྱུར་ཏེ། མཚན་ཉིད་འཇུག་པའི་རྒྱུ་མཚན་གྱིས་མཚན་གཞིར་གཞག་དགོས་པའི་ཕྱིར་རོ། །འདར་ཁྱོད་ཀྱིས་སྒྲིབ་ཐོགས་མེད་པའི་མཚན་ཉིད་དང་ལྡན་པའི་རྟགས་ཀྱིས་ནམ་མཁའི་ཁམས་རང་བཞིན་གྱིས་ཡོད་པར་བསྟན་ན། དེ་ཡང་མཚན་ཉིད་མི་འཇུག་པའི་ཕྱིར་མི་འཐད་ལ་དེ་ལྟ་ན་ཁྱོད་ཀྱི་མཚན་གཞི་རང་བཞིན་གྱིས་ཡོད་པ་གང་གིས་འགྲུབ་པར་འཐད། གཉིས་པ་ནི། གལ་ཏེ་ཁྱོད་ཀྱིས་མཚན་ཉིད་འཇུག་པ་བཀག་གི་མཚན་ཉིད་ནི་མ་བཀག་པས་མཚན་ཉིད་རང་བཞིན་གྱིས་ཡོད་ལ་དེ་ལྟ་ན་མཚན་གཞི་ཡང་ཡོད་དོ་སྙམ་ན། མཚན་


JLD015_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མི་འཇུག་པའི་རྒྱུ་མཚན་གྱིས་མཚན་གཞི་མི་འཐད་པར་བསྟན་པ་དེ་ཡི་ཚེ་མཚན་གཞི་རང་བཞིན་གྱིས་ཡོད་པར་འཐད་པ་མ་ཡིན་ན་དེར་མ་ཟད་མཚན་ཉིད་ཀྱང་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ་རྟེན་མེད་པའི་ཕྱིར་རོ། །གཞི་མེད་ཀྱི་མཚན་ཉིད་མེད་པའི་ཕྱིར་མཚན་གཞི་བཀག་ཀྱང་མཚན་ཉིད་རང་བཞིན་གྱིས་ཡོད་པར་སྨྲ་བ་མི་འཐད་དོ། །གསུམ་པ་ནི། གང་གི་ཕྱིར་རྣམ་པ་ཐམས་ཅད་དུ་བརྟགས་པ་ན་མཚན་ཉིད་འཇུག་པར་མི་འཐད་པ་དེ་ཡི་ཕྱིར་མཚན་ཉིད་ཀྱི་གཞི་རང་བཞིན་གྱིས་ཡོད་པ་མིན་ནོ། །དེའི་ཕྱིར་གཞི་མེད་བའི་མཚན་ཉིད་ཀྱང་ཡོད་པ་ཉིད་མ་ཡིན་ནོ་ཞེས་སྔར་བཀག་པ་རྣམས་ཀྱི་མཇུག་བསྡུས་སོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་ཡང་མཚན་ཉིད་དང་མཚན་གཞི་རང་བཞིན་གྱིས་མེད་པ་དེ་ལྟ་ནའང་དངོས་པོའི་རང་བཞིན་གྱི་ནམ་མཁའ་ནི་ཡོད་ལ་དེ་ལྟ་ན་མཚན་གཞི་འམ་མཚན་ཉིད་དུ་འགྱུར་པས་དེ་གཉིས་ཀྱང་རང་བཞིན་གྱིས་ཡོད་དོ་ཞེ་ན། དེ་ལ་གཞན་སྡེ་བྱེ་བྲག་པ་ལ་སོགས་པས་ནམ་མཁའ་རྫས་སུ་གྲུབ་པར་སྨྲ་ལ་རང་སྡེ་ལ་ནི་བྱེ་བྲག་ཏུ་སྨྲ་བས་ནམ་མཁའ་དངོས་པོར་འདོད་དོ། །དེ་ཡང་སྒྲིབ་པ་སྟེ་ཐོགས་པའི་རེག་བྱ་བཀག་པ་ལ་ནམ་མཁར་འདོད་པར་ནི་སངས་རྒྱས་པ་རྣམས་འདྲ་མོད་ཀྱང༌། ཐོགས་པའི་རེག་བྱ་བཀག་ཙམ་གྱི་མེད་དགག་ཡིན་ན་གཞན་ལ་གོ་འབྱེད་པ་མི་རུང་བས། ནམ་མཁའ་ནི་གཟུགས་ཅན་རྣམས་ལ་གོ་འབྱེད་པར་བྱེད་པས་དོན་བྱེད་ནུས་པའོ་སྙམ་དུ་བསམས་ནས་བྱེ་བྲག་ཏུ་སྨྲ་བ་རྣམས་ནམ་མཁའ་དངོས་པོར་འདོད་དོ། །


JLD015_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁས་གོ་ཕྱེ་ན་དེ་ལྟར་ཡིན་ཡང་གཟུགས་ཅན་གཞན་ལ་གོ་ཕྱེ་བ་ནི་བུམ་པ་ལྟ་བུའི་གཟུགས་ཅན་གཅིག་ཡུལ་གཞན་དུ་གོ་ས་འཕོས་པའི་དབང་གིས་ཡིན་གྱི་ནམ་མཁས་ཕྱེ་བ་མེད་དོ། །གོ་བཀག་པ་ཡང་གཟུགས་ཅན་གཅིག་ཡོད་པའི་གོ་སར་གཟུགས་ཅན་གཞན་མི་ཚུད་པས་དེ་ཉིད་ཀྱིས་གོ་བཀག་ལ། དེར་གཟུགས་ཅན་གཞན་ཚུད་པ་ལ་སྔ་མ་གཞན་དུ་འགྲོ་དགོས་པས་གོ་ཕྱེ་ན་འགྲོ་འོང་ཁས་བླང་དགོས་སོ། །རིགས་པ་དེ་དག་དང་རྟག་པ་དང་དངོས་པོ་གཞི་མཐུན་པ་ལ་གནོད་པ་སྟོན་པའི་རིགས་པ་རྣམས་ཀྱིས་ནམ་མཁའ་དངོས་པོ་ཡིན་པ་མ་བཀག་པར། ནམ་མཁའ་མཚན་གཞི་དང་སྒྲིབ་ཐོགས་མེད་པ་མཚན་ཉིད་དུ་རང་གི་ངོ་བོས་མེད་པར་ནི་བསྟན་ཟིན་ལ། མཚན་གཞི་དང་མཚན་ཉིད་དུ་མ་གཏོགས་པའི་དངོས་པོ་ཡོད་པ་མ་ཡིན་པས་ནམ་མཁའ་དངོས་པོར་རང་བཞིན་གྱིས་མེད་དོ་ཞེས་བཀག་པ་ནི་ནམ་མཁའ་ལ་བཤད་པའི་རིགས་པ་རྣམས་ཁམས་ལྷག་མ་ལ་ཡང་སྦྱར་དགོས་པ་ལ་དགོངས་སོ། །རང་སྡེ་དངོས་པོར་སྨྲ་བ་གཞན་ནི་ཐོགས་པའི་རེག་བྱ་བཀག་ཙམ་གྱི་མེད་དགག་དངོས་མེད་དུ་འདོད་པས་དེ་འདྲ་བའི་དངོས་མེད་དུ་རང་གི་ངོ་བོ་ཉིད་ཀྱིས་ཡོད་དོ་སྙམ་ན། ནམ་མཁའ་ནི་ཐོགས་བཅས་ཀྱི་གཟུགས་རྣམ་པར་བཅད་ཙམ་ལ་བཞག་གོ །གལ་ཏེ་གཟུགས་རང་གི་ངོ་བོས་ཡོད་ན་དེའི་ཚེ་བར་སྣང་ལྟ་བུར་ཐོགས་བཅས་ཀྱི་གཟུགས་བཀག་ཙམ་ཡང་རང་གི་ངོ་བོས་ཡོད་པར་འགྱུར་ན་ཡང་སྔར་བཤད་པའི་རིགས་པས་གཟུགས་ཀྱི་དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ན་དེའི་ཚེ་གང་གི་དངོས་པོ་མེད་པ་ནམ་མཁའ་ཡིན་པར་འགྱུར་ཏེ་མི་འགྱུར་རོ། །གལ་ཏེ་རི་


JLD015_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བོང་གི་རྭའི་དངོས་པོ་ཡོད་པ་མ་ཡིན་པ་ཉིད་ཀྱིས་རི་བོང་གི་རྭ་མེད་པའི་དགག་པ་དེ་རི་བོང་གི་རྭའི་དངོས་པོ་མེད་པར་ཡོད་པ་མ་ཡིན་ནམ། ཇི་ལྟར་དགག་བྱའི་ཆོས་མེད་པ་དགག་པ་མེད་པའི་རྒྱུ་མཚན་དུ་སྨྲ་བར་རིགས་སྙམ་ན། དེ་ནི་མི་མཚུངས་ཏེ། ཐ་སྙད་དུ་དངོས་པོ་ཙམ་མི་སྲིད་ན་བུམ་པའི་དངོས་མེད་ཀྱང་ཐ་སྙད་དུ་མི་སྲིད་པ་བཞིན་དུ། དོན་དམ་པར་དངོས་པོ་ཙམ་མི་སྲིད་ན་ཐོགས་བཅས་ཀྱི་དངོས་མེད་ཀྱང་དོན་དམ་པར་མི་སྲིད་ཅེས་པའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དངོས་པོ་ཡོད་མེད་རྟོག་པར་བྱེད་པ་པོ་ཁྱོད་ནི་ཡོད་ལ་དེ་ཡི་ཕྱིར་བརྟག་བྱ་དངོས་པོ་ཡོད་མེད་ཀྱང་ཡོད་དོ་ཞེ་ན། དེ་ལྟ་ན་གང་གིས་དངོས་དང་དངོས་མེད་ཤེས་ཤིང་དཔྱོད་པར་བྱེད་པ་པོ་ནི་གསུམ་ལས་མི་འདའ་ལ་དེ་ཡང་དངོས་པོར་རང་བཞིན་གྱིས་ཡོད་ན་ནི་མཚན་གཞི་ཞེས་པ་དང་དངོས་མེད་དུ་རང་བཞིན་གྱིས་ཡོད་ན་ནི་དངོས་པོ་ཡོད་པ་ཞེས་པ་དེར་བཀག་ཟིན་པས་མི་འཐད་དོ། །དངོས་པོ་དང་དངོས་པོ་མེད་པའི་ཆོས་མི་མཐུན་པ་དེ་གཉིས་གང་ཡང་མིན་པའི་ཕུང་གསུམ་གྱི་རྟོག་པ་པོ་ཡང་མེད་པས་རྟོག་པར་བྱེད་པ་པོ་རང་བཞིན་གྱིས་མེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། གང་ཞིག་དངོས་རྣམས་དངོས་མེད་ཤེས་པ་དེ། །ནམ་ཡང་དངོས་པོ་ཀུན་ལ་ཆགས་མི་འགྱུར། །གང་ཞིག་ནམ་ཡང་དངོས་ཀུན་ཆགས་མེད་པ། །དེ་ནི་ཏིང་འཛིན་མཚན་མ་མེད་ལ་རེག །ཅེས་དངོས་པོ་རྣམས་རང་བཞིན་མེད་པར་ཤེས་པ་དེ་དཔྱོད་པ་པོ་ལ་སོགས་པའི་དངོས་པོ་ཀུན་ལ་བདེན་པར་མི་འཛིན་པར་གསུངས་ཤིང༌། གང་དག་ཆོས་རྣམས་སྟོང་ལ་སེམས་


JLD015_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི། །བྱིས་པ་དེ་དག་ལམ་ངན་ཞུགས་པ་ཡིན། །ཆོས་རྣམས་སྟོང་པར་ཡི་གེས་བརྗོད་པ་ཡིན། །དེ་དག་ཡི་གེ་མེད་པར་ཡི་གེས་བསྟན། །གང་དག་ཞི་ཞིང་རབ་ཞིའི་ཆོས་སེམས་པའི། །སེམས་པ་དེ་ཡང་ནམ་ཡང་འབྱུང་མ་ཡིན། །སྤྲོས་ཀུན་སེམས་ཀྱི་རྣམ་པར་རྟོག་ཡིན་ཏེ། །དེ་ཕྱིར་ཆོས་རྣམས་བསམ་ཡས་རྟོགས་པར་གྱིས། །ཞེས་གསུངས་སོ། །གང་དག་ཆོས་རྣམས་ཞེས་པའི་རྐང་པ་གཉིས་ཀྱི་དོན་ནི་སྟོང་པ་ཉིད་ལ་སེམས་པ་ལམ་ངན་པར་ཞུགས་པར་སྟོན་པ་མིན་གྱི། གང་དག་ཞི་ཞིང་ཞེས་པ་གཉིས་ཀྱིས་བཀག་པའི་སྟོང་པ་ལ་སེམས་པར་བྱེད་མཁན་བདེན་པར་འཛིན་པ་ལམ་ངན་པར་ཞུགས་པར་སྟོན་ནོ། །དེ་ཡང་ཡི་གེ་མེད་པར་ཞེས་པས་ནི་ཆོས་རྣམས་རང་བཞིན་གྱིས་སྟོང་པར་སྟོན་མཁན་དེ་ཉིད་ཀྱིས་རང་ཡང་བདག་མེད་དུ་སྟོན་པར་བཤད་དེ་དངོས་མེད་ལ་བདེན་པ་འགོག་མཁན་བདེན་པར་མ་གྲུབ་པའི་ཁུངས་སོ། །གསུམ་པ་ནི། སྔར་བཤད་པ་ལྟར་བརྟགས་ན་མི་འཐད་པ་དེ་ཡི་ཕྱིར་ནམ་མཁའ་ནི་དངོས་པོ་དང་དངོས་མེད་དང་མཚན་གཞི་དང་མཚན་ཉིད་བཞི་པོ་གང་དུ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མིན་ནོ་ཞེས་སྔར་བཤད་པ་རྣམས་ཀྱི་མཇུག་བསྡུས་སོ། །བོད་ལ་གྲགས་པའི་མཚོན་བྱ་ལ་འདི་དང་རྒྱ་གཞུང་གཞན་མང་པོ་ལས་མཚན་གཞི་ཞེས་འབྱུང་ལ་དེ་གཉིས་ཀྱི་སྐད་དོད་ཀྱང་གཅིག་བས་མཚན་མཚོན་གྱི་སྦྱོར་བ་གཅིག་ལ་མཚན་གཞི་དང་མཚོན་བྱ་འགལ་བར་སྨྲ་བ་ཡང་མི་འཐད་ལ། གཞན་དག་སྔ་མ་རྒྱུ་མཚན་དུ་བྱས་ནས་མཚན་མཚོན་གཞི་གསུམ་དུ་བྱེད་པ་མི་འཐད་ཅེས་སྨྲ་བ་ཡང་མི་རིགས་ཏེ། རྟགས་


JLD015_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྒྲུབ་བྱ་སྒྲུབ་པ་ལ་བསྒྲུབ་བྱ་སྒྲུབ་བྱེད་སྒྲུབ་གཞི་གསུམ་ཡོད་པ་ལྟར་མཚན་ཉིད་ཀྱིས་མཚོན་བྱ་མཚོན་པ་ལ་ཡང་བྱར་རུང་བའི་ཕྱིར་རོ། །དེ་ལྟ་ན་བརྗོད་བྱ་ལ་ཡང་གསུམ་བྱ་དགོས་པར་འགྱུར་རོ་ཞེས་པ་ནི་འདོད་པ་ཡིན་ནོ། །སྐད་དོད་གཅིག་ཡིན་པས་དོན་གཉིས་གཅིག་ཡིན་ན་ཅིག་ཤོས་ཡིན་པར་སྒྲུབ་མི་ནུས་པ་ནི་དུ་མ་ཞིག་སྣང་ངོ་། །གཉིས་པ་ནི། ས་ལ་སོགས་པའི་ཁམས་ལྔ་པོ་ནམ་མཁའ་ལས་གཞན་གང་དག་ལྷག་མར་གྱུར་པ་དེ་དག་ཀྱང་ནམ་མཁའ་དང་མཚུངས་པར་དངོས་པོ་དངོས་མེད་དང་མཚན་གཞི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ཡོད་པས་སྟོང་པར་ཤེས་པར་བྱའོ། །དེ་ཡང་ས་ཁམས་མཚན་ཉིད་སྔ་རོལ་ན། །ས་ནི་ཅུང་ཟད་ཡོད་མ་ཡིན། །ཞེས་དང་དེ་ཕྱིར་ས་ཁམས་དངོས་པོ་མིན། །ཞེས་སྦྱར་ཏེ་གཞན་ལ་ཡང་དེ་ལྟར་སྦྱར་རོ། །ཆོས་མངོན་པ་ལས་ཕྱི་ནང་གི་སྐྱེ་མཆེད་རྣམས་ཡུལ་ཡུལ་ཅན་དང་ཕུང་པོ་རྣམས་རྒྱུ་འབྲས་དང༌། ཁམས་དྲུག་གི་མཚན་ཉིད་བསྟན་པ་ལ་ཇི་ལྟར་བསྟན་པ་དེ་ལྟར་རང་གི་ངོ་བོ་ཉིད་ཀྱིས་ཡོད་པར་འཛིན་པ་བཟློག་པའི་ཕྱིར་དུ་ཐད་ཀ་ཐད་ཀའི་ཐུན་མོང་མ་ཡིན་པའི་རིགས་པ་རྣམས་གསུངས་ཀྱི། བདེན་འཛིན་གསུམ་ག་ཡང་ཆོས་གསུམ་ག་ལ་སྐྱེ་བས་དེ་འགོག་པའི་རིགས་པ་ཡང་ཆོས་གསུམ་ག་ལ་སྟོན་དགོས་པའི་ཕྱིར་ངེས་པ་ནི་མིན་ནོ། །གཉིས་པ་ནི། ཆོས་རྣམས་བཞི་པོ་དེར་ངོ་བོ་ཉིད་ཀྱིས་ཡོད་པ་མི་འཐད་པའི་ཕྱིར་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པས། ཐོག་མ་མེད་པ་ནས་དངོས་པོ་ཡོད་མེད་ལ་སོགས་པར་ལོག་པར་ལྟ་བ་གོམས་


JLD015_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པ་རང་བཞིན་མེད་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་ལམ་ཐར་པ་དང་མཐུན་པར་འགྲོ་བ་ལས་ཉམས་པའི་བློ་ཆུང་གང་དག །བློ་ཞན་པས་རྟེན་འབྱུང་མཆོག་ཏུ་ཟབ་པ་མ་རྟོགས་པ་ན་དངོས་པོ་རྣམས་ལ་ཡོད་པ་སྟེ་རྟག་པ་དང་མེད་པ་སྟེ་ཆད་པར་ལྟ་བས་བློའི་མིག་བསྒྲིབས་པ་དེ་དག་གིས་ནི། བལྟ་བར་བྱ་བའི་མྱ་ངན་ལས་འདས་པ་ཉེ་བར་ཞི་ཞིང་ཞི་བའི་མཚན་ཉིད་ཅན་རྟོག་པ་ཐམས་ཅད་དང་བྲལ་བ། ཤེས་པ་དང་ཤེས་བྱའི་སྤྲོས་པ་ཐམས་ཅད་ལས་ལོག་པའི་ངོ་བོ་དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་མི་མཐོང་ངོ་། །བུད་དྷ་པཱ་ལི་ཏ་ལས། ཕུང་ཁམས་སྐྱེ་མཆེད་མེད་ན་རྒྱལ་བས་ཕལ་ཆེར་དེ་དག་ལ་བརྩམས་ནས་ཆོས་བསྟན་པ་དོན་མེད་དུ་འགྱུར་བར་བརྩད་པའི་ལན་དུ། ཁོ་བོ་ཅག་ཡོད་མེད་ཀྱི་མཐའ་གཉིས་བསལ་བ་སྟོན་གྱི་དེ་དག་མེད་ཅེས་མི་སྨྲ་བས་ཁོ་བོ་ཅག་ལ་ཆོས་བསྟན་པ་དོན་མེད་དུ་མི་འགྱུར་རོ། །གང་དག་ཡོད་མེད་ཀྱི་མཐར་ལྟ་བ་ལ་ནི་ཆོས་བསྟན་པ་དོན་མེད་དུ་འགྱུར་ཏེ་ལྟ་བ་དེ་དག་དང་ལྡན་ན་མྱང་འདས་མི་འཐོབ་པའི་ཕྱིར་རོ་ཞེས་འཆད་དེ་རབ་བྱེད་གསུམ་གའི་རྩོད་སྤང་ངོ་། །གཉིས་པ་ནི། ཁམས་དྲུག་ལ་མཚན་མཚོན་དང་དངོས་པོ་ཡོད་མེད་ཀྱི་རང་བཞིན་བཀག་པ་ཡང་རྟོག་ག་ཙམ་གྱིས་མིན་གྱི་ངེས་དོན་གྱི་ལུང་གིས་གྲུབ་པ་དང༌། རབ་བྱེད་འདིས་ཁམས་ལ་རང་བཞིན་དེ་ལྟར་བཀག་པའི་གསུང་རབ་ཐམས་ཅད་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་བརྗོད་ན། ཡོད་མེད་ཀྱི་མཐར་ལྟ་བ་ལ་གནས་པར་མི་བྱ་བ་ནི་སྔར་ཏིང་འཛིན་རྒྱལ་པོ་ལ་སོགས་པ་དྲངས་པ་ལྟར་ཡིན་ལ་ཚངས་པ་ཁྱད་


JLD015_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པར་སེམས་ཀྱིས་ཞུས་པ་ལས་ཀྱང༌། ནང་གི་སའི་ཁམས་གང་ཡིན་པ་དང་ཕྱི་རོལ་གྱི་སའི་ཁམས་གང་ཡིན་པ་ནི་གཉིས་སུ་མེད་པའི་དོན་ཏེ། དེ་ཡང་དེ་བཞིན་གཤེགས་པས་ཤེས་རབ་དང་ཡེ་ཤེས་ཀྱིས་གཉིས་སུ་མེད་པ་དང་གཉིས་སུ་དབྱེར་མེད་པ་དང་མཚན་ཉིད་གཅིག་པ་འདི་ལྟ་སྟེ་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པ་དང༌། འཇིག་རྟེན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །དེ་ཕྱིར་དེ་ཡིས་དེ་རྟོགས་པས། །འཇིག་རྟེན་ཆོས་ཀྱིས་མི་གོས་སོ། །ཞེས་དང༌། འཇམ་དཔལ་རྣམ་པར་རོལ་པ་ལས་ཀྱང༌། བུ་མོ་ཁམས་དག་ཇི་ལྟར་བ་ལྟ་བར་བྱ། བུ་མོས་སྨྲས་པ་འཇམ་དཔལ་འདི་ལྟ་སྟེ་དཔེར་ན་འཇིག་རྟེན་གསུམ་བསྐལ་པས་བསྲེགས་པ་ན་ཐལ་བ་ཡང་མེད་པ་ལྟར་རོ། །ཞེས་གསུངས་སོ། །དེ་ལྟར་རབ་བྱེད་འདི་ཡི་རིགས་པ་རྣམས་ནི་གསུང་རབ་དེ་དག་དང་ཁྱད་པར་དུ་ཆོས་རྣམས་མཚན་ཉིད་དང་མཚན་ཉིད་ཀྱི་གཞི་དང་བྲལ་བར་གསུངས་པ་ཐམས་ཅད་ལྟ་བའི་མིག་ཏུ་ཤེས་པར་བྱས་ལ་མིག་དེ་ཡོངས་སུ་དག་པར་བྱའོ། །གསུམ་པ་ནི། ཁམས་རྣམས་ཀྱི་མཚན་མཚོན་དང་དངོས་པོ་ཡོད་མེད་གསུངས་པ་ལ་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མིན་པར་རང་གི་ངོ་བོའི་དབང་གིས་ཡོད་ན་མཚན་མཚོན་ལ་སོགས་པར་གཞག་ཏུ་མི་རུང་བར་རིགས་པས་གཏན་ལ་ཕབ་པའི་དོན་ངེས་པར་བྱ། དེ་ནས་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ལ་མཚན་མཚོན་དང་དངོས་པོ་ཡོད་མེད་དུ་འཇོག་པ་ཆེས་འཐད་པའི་ཚུལ་གྱིས་བདེན་པ་གཉིས་ཀྱི་དོན་རྣམས་ངེས་པར་བྱའོ། །ཁམས་བརྟག་པ་ཞེས་བྱ་


JLD015_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཚིགས་སུ་བཅད་པ་བརྒྱད་ཀྱི་བདག་ཉིད་རབ་ཏུ་བྱེད་པ་ལྔ་པའི་རྣམ་པར་བཤད་པའོ།། །།གཉིས་པ་ལ་གསུམ། རྟེན་པ་ཀུན་ནས་ཉོན་མོངས་ཡོད་པ་དགག །མཚན་ཉིད་སྐྱེ་འཇིག་གནས་པ་ཡོད་པ་དགག །རྒྱུ་ལས་དང་བྱེད་པ་པོ་ཡོད་པ་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ནི། འདིར་སྨྲས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་རང་བཞིན་གྱིས་ཡོད་དེ་དེའི་རྟེན་ཅན་ཀུན་ནས་ཉོན་མོངས་དམིགས་པའི་ཕྱིར་ཏེ་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་བཏགས་པར་ལྷུང་བ་ནི་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བའི་གནས་སུ་མངོན་པར་ཞེན་པར་འགྱུར་རོ། །དེ་མངོན་པར་ཞེན་པར་གྱུར་ནས་འདོད་ཆགས་སྐྱེད་པར་བྱེད་དོ། །ཆགས་པར་གྱུར་ནས་ལུས་དང་ངག་དང་ཡིད་ཀྱིས་འདོད་ཆགས་ལས་བྱུང་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ། །ཞེས་ཆགས་སོགས་ཀྱི་ཉོན་མོངས་པ་ཀུན་ནས་ཉོན་མོངས་པའི་རྒྱུ་ཡོད་པར་གསུངས་པའི་ཕྱིར་རོ། །འདིར་ཆགས་སོགས་རང་བཞིན་གྱིས་ཡོད་ན་ཕུང་པོ་ལ་སོགས་པ་ཡང་རང་བཞིན་གྱིས་ཡོད་ནའང་དེ་ལྟར་ནི་མེད་དོ། །འདི་ལ་གསུམ། འདོད་ཆགས་དང་ཆགས་པ་རང་བཞིན་གྱིས་ཡོད་པ་དགག །བཀག་པ་རྣམས་ཀྱི་མཇུག་བསྡུ་བ། རིགས་པ་དེ་གཞན་ལ་ཡང་སྦྱར་བའོ། །དང་པོ་ལ་གཉིས། སྔ་ཕྱིར་འབྱུང་བ་དགག །ལྷན་ཅིག་ཏུ་འབྱུང་བ་དགག་པའོ། །དང་པོ་ལ་གཉིས། འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་ཡོད་མེད་དགག །ཆགས་པའི་སྔ་


JLD015_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ན་འདོད་ཆགས་ཡོད་མེད་དགག་པའོ། །དང་པོ་ནི། འདོད་ཆགས་རང་བཞིན་གྱིས་ཡོད་ན་ཚུལ་གསུམ་ལས་མི་འདའ་ལ་དེ་ཡང་ཆགས་པ་དང་ལྷན་ཅིག་ཡོད་པ་ནི་འོག་ཏུ་འགོག་པས་འདིར་ཆགས་པ་སྔར་ཡོད་པའི་འདོད་ཆགས་ཡོད་དམ་ཕྱིས་ཡོད་པའི་འདོད་ཆགས་ཡོད་བརྟག་གྲང༌། གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་འདོད་ཆགས་མེད་པ་སྟེ་འདོད་ཆགས་དང་བྲལ་བའི་ཆགས་པ་གཅིག་ཡོད་ན་ནི་ཆགས་པ་སྔར་ཡོད་དེ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འགྱུར་རོ། །དེ་ལྟ་ན་ནི་སྔར་ཆགས་པ་ཡོད་པ་ན་ཕྱིས་འདོད་ཆགས་ཡོད་དོ་ཞེས་བྱ་བར་རིགས་པ་ཞིག་ན། འདོད་ཆགས་དང་བྲལ་ཡང་ཆགས་པར་འགྱུར་བ་ནི་མེད་དེ་གཞན་དུ་ན་དགྲ་བཅོམ་པ་ལ་ཡང་འདོད་ཆགས་ཡོད་པར་འགྱུར་རོ། །དེ་ལ་འདོད་ཆགས་ནི་ཟག་བཅས་ཀྱི་ཡུལ་ཡོད་དུ་འོང་བ་ལ་དམིགས་ནས་སྲེད་པའི་རྣམ་པ་ཅན་གྱི་སེམས་བྱུང་ངོ་། །ཆགས་པ་ནི་ཡུལ་ལ་ཆགས་པའི་སེམས་སམ་གང་ཟག་སྟེ་འདོད་ཆགས་ཀྱིས་རྟེན་ནོ། །གལ་ཏེ་ཆགས་པ་སྔར་ཡོད་པ་ན་ཕྱིས་འདོད་ཆགས་ཡོད་པ་མི་འཐད་ན་ཆགས་པ་སྔར་མེད་པར་ཕྱིས་ཡོད་པའི་འདོད་ཆགས་ཡོང་ངོ་ཞེ་ན། གང་གི་ཚེ་ཆགས་པ་སྔར་ཡོད་པ་ན་ཕྱིས་འདོད་ཆགས་ཡོང་པ་མིན་པ་དེའི་ཚེ་ཇི་ལྟར་ན་སྔར་ཆགས་པ་ཡོད་པར་མ་གྱུར་པ་ན་འདོད་ཆགས་ཡོད་པར་ག་ལ་འགྱུར་ཞེས་པ་མི་འགྱུར་ཏེ། རྟེན་མེད་པའི་ཕྱིར་ཏེ་ཤིང་ཐོག་མེད་པར་དེའི་སྨིན་པ་མེད་པ་བཞིན་ནོ། །དུས་མཉམ་པའི་རྟེན་དུ་འདོད་པ་དེ་གཉིས་ལྷན་ཅིག་ཏུ་འབྱུང་བ་འགོག་པའི་སྐབས་ནས་འཆད་པས་འདི་ནི་


JLD015_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་འདོད་ཆགས་ལས་ཕྱིན་རྟེན་མེད་པར་སྟོན་པའོ། །འདི་ལ་སངས་རྒྱས་བསྐྱངས་ཀྱིས་གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་འདོད་ཆགས་མེད་པ་སྟེ་དེ་ལས་གཞན་དུ་གྱུར་པ་འགའ་ཞིག་ཡོད་ན་ནི། དེ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འགྱུར་ཏེ་རྒྱུ་མཚན་ནི་ཆགས་པ་ཡོད་ན་འདིའི་འདོད་ཆགས་འདིའོ་ཞེས་འཐད་ལ། ཆགས་པ་མེད་ན་དེ་སུའི་འདོད་ཆགས་སུ་འགྱུར་ཏེ་གཞི་མེད་པ་ལ་འདོད་ཆགས་མི་འཐད་པས། ཆགས་པ་མེད་ན་འདོད་ཆགས་མི་འཐད་དོ་ཞེས་ཚིགས་བཅད་དང་པོས་ཆགས་པ་སྔར་མེད་ན་འདོད་ཆགས་ཡོད་པ་མི་འཐད་པ་བསྟན་པར་འཆད་དོ། །དེ་ནས་ཆགས་པ་ཡོད་ན་འདོད་ཆགས་ཡོད་དོ་ཞེས་པའི་ལན་དུ། ཆགས་པ་ཡོད་པར་གྱུར་ན་ཡང༌། །འདོད་ཆགས་ཡོད་པར་ག་ལ་འགྱུར། །ཞེས་བཏོན་ནས་ཆགས་པ་སྔ་ན་འདོད་ཆགས་ཀྱིས་ཆགས་པར་མི་བྱེད་པས་འདོད་ཆགས་སུ་མི་འགྱུར་ཏེ་གཞན་དུ་ན་འགའ་ཡང་འདོད་ཆགས་མ་ཡིན་པར་མི་འགྱུར་རོ། །དེས་ན་ཆགས་པ་ཡོད་ནའང་འདོད་ཆགས་མི་འཐད་དོ་ཞེས་འཆད་དེ་ཤེས་རབ་སྒྲོན་མར་ཡང་ཆགས་པ་ཞེས་པའི་རྐང་པ་གཉིས་དེ་བཞིན་དུ་འདོན་ནོ། །ཆགས་པ་སྔར་ཡོད་མེད་ཀྱི་འདོད་ཆགས་འགོག་པར་འདྲ་མོད་ཀྱང་གཞུང་གོང་འོག་གང་གིས་འགོག་མི་འདྲ་བ་ནི་ཆགས་པ་ཞེས་པའི་རྐང་པ་གཉིས་ཀྱི་དང་པོ་ལ་དགག་སྒྲ་འདོན་མི་འདོན་གྱི་རྣམ་དབྱེ་གཅིག་བྱུང་བའོ། །གཉིས་པ་ནི། གལ་ཏེ་ཆགས་པ་སྔ་རོལ་དུ་ཡོད་མེད་ཀྱི་འདོད་ཆགས་བཀག་མོད་ཀྱང་ཆབས་པ་ནི་རང་བཞིན་གྱིས་ཡོད་དེ་མ་བཀག་པའི་ཕྱིར་རོ་ཞེ་ན། ཆགས་པ་རང་བཞིན་གྱིས་ཡོད་ན་འདོད་ཆགས་སྔ་རོལ་ན་


JLD015_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་མེད་གཉིས་ལས་མི་འདའ་ལ་འདོད་ཆགས་སུ་མ་ཟད་ཆགས་པ་ལ་ཡང་འདོད་ཆགས་ནི་སྔ་རོལ་དུ་ཡོད་མེད་ཀྱང་འདོད་ཆགས་ལ་ཆགས་པ་སྔ་རོལ་དུ་ཡོད་མེད་དཔྱད་ནས་བཀག་པའི་རིམ་པ་དང་མཚུངས་པའི་ཕྱིར་ཆགས་པ་རང་བཞིན་གྱིས་མེད་དོ། །མཚུངས་ལུགས་ནི་འདོད་ཆགས་སྔར་ཡོད་པ་ན་ཆགས་པ་ཕྱིས་ཡོད་པར་རྟོག་ན། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །དེ་ལ་བརྟེན་ནས་ཆགས་པ་ཡོད། །འདོད་ཆགས་ཡོད་ན་ཆགས་ཡོད་འགྱུར། །ཞེས་སྦྱར་ལ་དགག་སྟེ་ཆགས་པ་ལས་འདོད་ཆགས་སྔ་ན་རྟེན་མེད་ཀྱི་འདོད་ཆགས་ཡོད་པར་འགྱུར་རོ། །ཅི་སྟེ་འདོད་ཆགས་སྔ་རོལ་དུ་མེད་པར་ཆགས་པ་ཡོད་པར་འདོད་ན་ལྷན་ཅིག་པ་འོག་ཏུ་འགོག་པས་ཆགས་པ་སྔ་ལ་འདོད་ཆགས་ཕྱི་བར་རྟོག་པ་ཡིན་ལ་དེ་ལྟ་ན་འདོད་ཆགས་ཡོད་པར་མ་གྱུར་ནའང༌། །ཆགས་པ་ཡོད་པར་ག་ལ་འགྱུར། །ཞེས་སྦྱར་ཏེ། ཆགས་པ་སྔ་ན་དགྲ་བཅོམ་ལ་ཡང་ཆགས་པ་ཡོད་པར་འགྱུར་རོ། །འདི་ལ་ཡང་སངས་རྒྱས་བསྐྱངས་ཀྱིས་ཚིགས་བཅད་དང་པོའི་རྐང་པ་གསུམ་པས་བསྟན་པ་ལྟར་ཡིན་པའི་རྒྱུ་མཚན་དུ་རྐང་པ་བཞི་པ་གཏོང་སྟེ། འདོད་ཆགས་སྔ་ན་འདོད་ཆགས་འདིས་འདི་ཆགས་སོ་ཞེས་འཐད་ལ་འདོད་ཆགས་མེད་ན་གང་གིས་དེ་ཆགས་པར་འགྱུར། འདོད་ཆགས་ཀྱིས་ཆགས་པར་མ་བྱས་ཀྱང་ཆགས་ན་འགའ་ཡང་མ་ཆགས་པར་མི་འགྱུར་བས་འདོད་ཆགས་མེད་ན་ཆགས་པ་མི་འཐད་དོ་ཞེས་འཆད་དོ། །འདོད་ཆགས་ཡོད་ན་ཆགས་པ་ཡོད་དོ་ཞེས་པའི་ལན་དུ།


JLD015_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཡོད་པར་གྱུར་ནའང༌། །ཆགས་པ་ཡོད་པར་ག་ལ་འགྱུར། །ཞེས་བཏོན་ནས་ཆགས་པ་ཕྱིས་ཡོད་ན་འདོད་ཆགས་དེས་ཆགས་པར་མ་བྱས་པར་འགྱུར་བས་འདོད་ཆགས་ཡོད་ནའང་ཆགས་པ་མི་འཐད་དོ་ཞེས་འཆད་དེ། ཤེས་རབ་སྒྲོན་མར་ཡང་རྐང་པ་གཉིས་པོ་དེ་དེ་བཞིན་དུ་འདོན་ནོ། །དེའི་ཕྱིར་འགྱུར་རྙིང་གི་གཞུང་ལ་དེ་གཉིས་ལ་དགག་སྒྲ་སྦྱར་བ་ནི་མི་ཤེས་པ་ཞིག་གིས་འགྱུར་བཅོས་པར་སྣང་ངོ་། །འདིར་གལ་ཏེ་ཆགས་པའི་སྔ་རོལ་ཞེས་པའི་རྐང་པ་དྲུག་འགྲེལ་པ་རྣམས་སུ་འབྱུང་བ་ནི་ཆགས་པ་ལ་ཡང་རིམ་པ་མཚུངས་པར་གསུངས་པའི་འདོན་པ་བསྒྱུར་བ་ཡིན་པས་གཞུང་དངོས་མིན་ཏེ། སྔར་བཤད་པ་དང་མ་བཤད་པའི་གཞུང་དུ་བཤད་ཟིན་པ་དང་མཚུངས་སོ་ཞེས་སྟོན་པ་ཐམས་ཅད་ལ་འཕགས་པ་རང་གིས་དངོས་སུ་སྦྱར་བ་མེད་པའི་ཕྱིར་ཏེ། དེ་ནི་ཚིག་ཚེགས་བསྐྱོང་བའི་ཕྱིར་ཡིན་ལ་དངོས་སུ་སྦྱར་ན་དེ་ལྟར་གསུངས་པའི་དགོས་པ་མེད་པའི་ཕྱིར་རོ། །དེས་ན་འགྱུར་རྙིང་ལས་རྐང་པ་དྲུག་པོ་དེ་དང་དེའི་མཇུག་ཏུ། འདོད་ཆགས་ལ་ཡང་ཆགས་པ་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཞེས་རྐང་པ་བརྒྱད་གཞུང་གི་ཁྲོད་དུ་བྲིས་པ་ནི་མ་ལེགས་ཏེ། འགྱུར་རྙིང་ཉིད་ལས་རྩ་ཤེལ་ཚིགས་བཅད་བཞི་བརྒྱ་ཞེ་དགུ་ཡོད་པར་བཤད་པ་དང་འགལ་བས་གཞན་ཞིག་གིས་བསྲེ་བསླད་བྱས་པར་མངོན་ནོ། །འདོད་ཆགས་ལ་ཡང་ཞེས་པའི་རྐང་པ་གཉིས་གཞུང་དུ་བྱེད་པ་ནི་འཕགས་པ་ཉིད་ཀྱིས་སྔར་འདོད་ཆགས་ལ་ཆགས་པ་ཡོད་མེད་བརྟགས་ནས་བཀག་པ་དེ་ཆགས་པ་ལ་འདོད་ཆགས་ཡོད་མེད་ལ་ཡང་སྦྱོར་ཅིག་ཅེས་དངོས་སུ་གསུངས་པ་མ་ངེས་པར་སྣང་བས་


JLD015_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལ་བསྲེ་བསླང་བྱས་པའོ། །དེས་ན་བུད་དྷ་པཱ་ལི་ཏ་དུ་ཡང་འདི་གཉིས་བྲིས་མོད་ཀྱང་འགྲེལ་པ་དེར་དེ་ལ་བཤད་པ་ཡང་མེད་ལ། ཆགས་པ་ཡོད་པར་གྱུར་ན་ཡང༌། །ཞེས་པའི་རྐང་པ་གཉིས་ཀྱི་དོན་བསྡུའི་འགྲེལ་པ་དང༌། འདོད་ཆགས་ཡོད་པར་གྱུར་ན་ཡང༌། །ཞེས་པའི་རྐང་པ་གཉིས་ཀྱི་དོན་བསྡུའི་ཚིག་གཉིས་ཤིན་ཏུ་འདྲ་བར་ཡོད་པ་ལ་ཕྱི་མའི་ཚིག་གི་བར་དུ་དེ་གཉིས་གཅིག་གིས་བཙུད་སྣང་བས་མ་དག་པར་ཤིན་ཏུ་གསལ་ལོ། །ཤེས་རབ་སྒྲོན་མ་དང་དེའི་འགྲེལ་བཤད་གཉིས་སུ་ཡང་དེ་གཉིས་བཙུད་སྣང་མོད་ཀྱང་འགྲལ་པ་འགྲེལ་བཤད་གཉིས་ཀས་དེ་ལ་བཤད་པ་བྱས་པ་མེད་ལ་དོན་ཡང་མི་འགྲིག་པ་གཅིག་གི་སྐབས་སུ་བཙུད་སྣང་ངོ་། །ཚིག་གསལ་དུ་ནི་དེ་གཉིས་མེད་དོ། །ག་ལས་འཇིག་མེད་དུ་དེ་གཉིས་རྩ་བར་བྱས་ནས་དེ་ལ་བཤད་པ་ཡང་བྱས་སྣང་བས་ནི་རྩོམ་མཁན་དེ་ཡི་རང་རྟགས་ཆེན་པོ་བསྟན་སྣང་ལ་བཙུན་པ་འཕགས་པ་ལྷས་ཀྱང་ཞེས་བརྒྱ་པའི་ལུང་ཡང་ཤེས་བྱེད་དུ་དྲངས་པས་ཀླུ་སྒྲུབ་ཀྱི་ཡིན་པར་སྨྲ་བ་ནི་མི་རིགས་པའི་གཏམ་མོ། །གཉིས་པ་ནི། གལ་ཏེ་སྔར་བཤད་པའི་སྐྱོན་ནི་འདོད་ཆགས་དང་ཆགས་པ་གཉིས་སྔ་ཕྱིར་ཁས་བླངས་པ་ལ་ཡོད་ནའང་འདིར་ནི་དེ་གཉིས་ལྷན་ཅིག་ཁོ་ནར་འབྱུང་སྟེ། སེམས་དང་ལྷན་ཅིག་འབྱུང་བའི་འདོད་ཆགས་ཀྱིས་སེམས་ཆགས་པར་བྱས་ལ་དེ་ཡང་ཆགས་པ་ཡིན་ཏེ་དེའི་ཕྱིར་དེ་གཉིས་རང་བཞིན་གྱིས་ཡོད་དོ་ཞེ་ན། འདི་དགག་པ་ལ་གཉིས་ལྟོས་པ་མེད་པས་ལྷན་ཅིག་པ་དགག་པ་དང༌། གཅིག་དང་ཐ་དད་ལ་ལྷན་ཅིག་དགག་པའོ། །དང་


JLD015_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། འདོད་ཆགས་དང་ནི་ཆགས་པ་དག་ངོ་བོ་ཉིད་ཀྱིས་ཡོད་ན་ལྷན་ཅིག་ཉིད་དུ་སྐྱེ་བར་མི་རིགས་ཏེ། འདི་ལྟར་འདོད་ཆགས་དང་ཆགས་པ་དག་ངོ་བོ་ཉིད་ཀྱིས་ཡོད་པ་དུས་མཉམ་དུ་འབྱུང་ན་ཕན་ཚུན་ལྟོས་པ་མེད་པར་འགྱུར་བས་འབྲེལ་མེད་དུ་འགྱུར་ལ་དེ་ལྟ་ན་མི་འབྲལ་བར་སྐྱེ་བའི་རྒྱུ་མེད་པའི་ཕྱིར་རོ། །འདི་གཉིས་ངོ་བོ་ཉིད་ཀྱིས་ཡོད་ན་སྔ་ཕྱི་བ་དང་དུས་མཉམ་པ་གང་རུང་གཅིག་ཡིན་པས་ཁྱབ་ཅིང་ཁྱབ་བྱེད་འགོག་པ་ན་སྔ་ཕྱི་བ་ཐ་སྙད་དུ་ཡང་མི་སྲིད་པས་དགག་པར་སླ་ལ། དུས་མཉམ་པ་ནི་ཐ་སྙད་དུ་ཡོད་པས་ཁྱད་པར་མ་སྦྱར་ན་མི་ཁེགས་སོ། །ངོ་བོ་ཉིད་ཀྱིས་དུས་མཉམ་དུ་ཡོད་ན་ཕན་ཚུན་ལྟོས་པའི་འབྲེལ་པ་དགག་ནུས་པས་ལྷན་ཅིག་ཏུ་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད་པས་དེ་གཉིས་རང་བཞིན་མེད་པར་འགྲུབ་བོ། །གཉིས་པ་ལ་གཉིས། གཅིག་དང་ཐ་དད་ལ་ལྷན་ཅིག་སྤྱིར་དགག །ཐ་དད་ལ་ལྷན་ཅིག་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། ལྷན་ཅིག་བར་འདོད་པའི་འདོད་ཆགས་དང་ཆགས་པ་དེ་དག་རང་བཞིན་གཅིག་གམ་རང་བཞིན་ཐ་དད་བརྟག་གྲང༌། རེ་ཞིག་དེ་གཉིས་རང་བཞིན་གཅིག་པ་ཉིད་ཡིན་ན་ནི་ལྷན་ཅིག་ཉིད་མེད་དེ་པ་ལང་གཅིག་པུ་དེ་ཉིད་པ་ལང་དེ་དང་ལྷན་ཅིག་པ་མིན་པའི་ཕྱིར་རོ། །ཅི་སྟེ་རང་བཞིན་ཐ་དད་པ་ཉིད་ཡིན་ན་ཡང་ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར་ཞེས་པ་མི་འགྱུར་ཏེ། སྣང་མུན་དང་འཁོར་འདས་ཐ་དད་ལ་ལྷན་ཅིག་པ་མ་མཐོང་བའི་ཕྱིར་རོ། །འདི་ཡང་ངོ་བོ་ཉིད་ཀྱིས་ཐ་དད་པ་ལ་ལྷན་ཅིག་ཡིན་མིན་མཚུངས་པའི་མགོ་སྙོམས་སོ། །སངས་རྒྱས་བསྐྱངས་ཀྱིས་ཐ་དད་ཀྱི་མི་མཐུན་ཕྱོགས་ལྷན་ཅིག་ཡིན་པའི་


JLD015_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་གྱིས་འགོག་སྟེ། ངོ་བོ་ཉིད་ཀྱིས་ཐ་དད་ན་སོ་སོར་བྲལ་བ་ཡིན་ལ་ལྷན་ཅིག་ནི་སོ་སོར་མ་བྲལ་བ་ཡིན་པའི་རིགས་པའོ། །དེས་ན་གཅིག་དང་ཐ་དད་ལ་ལྷན་ཅིག་མི་རུང་ངོ་། །མི་རུང་བཞིན་དུ་ལྷན་ཅིག་ཏུ་རྟོག་པ་འགོག་པ་ནི་གལ་ཏེ་འདོད་ཆགས་དང་ཆགས་པ་གཉིས་གཅིག་པུ་ཞིག་ཡིན་ཡང་ལྷན་ཅིག་ཏུ་རྟོག་ན་གྲོགས་མེད་པའི་བ་ལང་ལ་སོགས་པ་གཅིག་པུ་ཡང་ལྷན་ཅིག་པ་དེར་འགྱུར་རོ། །གལ་ཏེ་དེ་གཉིས་ངོ་བོ་ཉིད་ཀྱིས་ཐ་དད་པ་ཡང་ལྷན་ཅིག་ཡིན་ན་བ་ལང་ལ་སོགས་པ་གྲོགས་མེད་པར་སོ་སོར་གནས་པ་ཡང་ལྷན་ཅིག་པ་དེར་འགྱུར་རོ། །གོང་མས་ལྷན་ཅིག་མི་རུང་བའི་སྒྲུབ་བྱེད་དང་འོག་མས་ལྷན་ཅིག་ཡིན་པ་ལ་གནོད་བྱེད་བསྟན་ནོ། །གཉིས་པ་ལ་གསུམ། ཐ་དད་དུ་མ་གྲུབ་པས་ལྷན་ཅིག་མི་འགྲུབ་པ་དང༌། ཐ་དད་དུ་གྲུབ་ན་ལྷན་ཅིག་དགོས་པ་མེད་པ་དང༌། ཐ་དད་ལྷན་ཅིག་ལ་ལྟོས་ན་ཕན་ཚུན་བརྟེན་པར་བསྟན་པའོ། །དང་པོ་ནི། གལ་ཏེ་གཅིག་པ་ལ་ལྷན་ཅིག་མི་རུང་ཡང་ཐ་དད་པ་ལ་ལྷན་ཅིག་འཇོག་གོ་ཞེ་ན། གལ་ཏེ་འདོད་ཆགས་དང་ཆགས་པ་གཉིས་ངོ་བོ་ཉིད་ཀྱིས་ཐ་དད་པ་ལ་ལྷན་ཅིག་རྟོག་ན་ཅི་གོ་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་དུ་མི་ལྟོས་པའི་ཐ་དད་པ་ཉིད་དུ་གྲུབ་པར་འགྱུར་རམ་དེས་ན་སྟེ་དེ་ལྟར་གྲུབ་ན་དེ་གཉིས་ལྷན་ཅིག་ཉིད་དུ་འགྱུར་ཏེ། དཔེར་ན་ཕན་ཚུན་མི་ལྟོས་པར་ཐ་དད་དུ་གྲུབ་པའི་བ་ལང་དང་རྟ་ལྷན་ཅིག་ཏུ་མཐོང་བ་བཞིན་ཡིན་ན་དེ་ལྟར་དུ་མཐོང་བའི་ཐ་དད་པ་ཡང་མིན་པས་དེ་གཉིས་ལ་ལྷན་ཅིག་པ་ངོ་བོ་ཉིད་ཀྱིས་མེད་དོ། །འདི་


JLD015_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལྷན་ཅིག་ཏུ་ངོ་བོ་ཉིད་ཀྱིས་གྲུབ་ན་འབྲེལ་མེད་ཀྱི་ལྷན་ཅིག་རྣམས་དང་མགོ་མཚུངས་བྱེད་པའོ། །གཉིས་པ་ནི། གལ་ཏེ་ཡང་ཐ་དད་པར་མ་གྲུབ་པ་ལ་ལྷན་ཅིག་མི་འཐད་པས་འདོད་ཆགས་དང་ཆགས་པ་དག་ངོ་བོ་ཉིད་ཀྱིས་ཐ་དད་དུ་གྲུབ་པར་གྱུར་པ་དེ་ཁྱོད་འདོད་ན་དེ་གཉིས་ངོ་བོ་ཉིད་ཀྱིས་ཡོད་པར་ཕ་རོལ་པོ་ལ་གྲུབ་པར་བྱ་བའི་ཕྱིར་དུ་དེ་དག་ལྷན་ཅིག་ཉིད་དུ་སྟེ་ཁོ་ནར་ནི་ཅི་ཡི་ཕྱིར་ན་ཡོངས་སུ་རྟོག་པར་བྱེད་དེ་དེ་ལྟར་རྟོག་པ་མི་རིགས་སོ། །དེའི་རྒྱུ་མཚན་ནི་ལྷན་ཅིག་ཡིན་པར་རྟོག་པའི་དགོས་པ་ནི་འདོད་ཆགས་འདིས་ཆགས་ལྡན་འདི་ཡུལ་འདི་ལ་ཆགས་སོ་ཞེས་འགྲུབ་པའི་དོན་ཡིན་ན་ངོ་བོ་ཉིད་ཀྱིས་ཐ་དད་ན་དེ་འདྲ་བའི་ཕན་ཚུན་ལྟོས་པ་དེ་མི་རུང་བའི་ཕྱིར་རོ། །སངས་རྒྱས་བསྐྱངས་ཀྱིས་ལྷན་ཅིག་གི་དངོས་པོར་བརྟགས་སུ་ཟིན་ཀྱང་ཐ་དད་པ་ཉིད་ཀྱི་སྐྱོན་ཆགས་པ་ཁོ་ནའི་ཕྱིར་དེར་བརྟགས་པ་དོན་མེད་དེ་ཚིག་ཟིན་པ་ལ་ཆུས་འདེབས་པ་དང་འདྲ་བར་གསུངས་པ་དང༌། ཚིག་གསལ་གཉིས་དོན་འདྲ་བར་ཡོད་པས་རང་བཞིན་ཐ་དད་དུ་གྲུབ་ན་དེ་ཉིད་ཀྱིས་རང་བཞིན་ཡོད་པར་གྲུབ་པས་དེའི་སྒྲུབ་བྱེད་དུ་བར་དུ་ལྷན་ཅིག་བརྒྱུད་པ་དོན་མེད་ཅེས་བཤད་པར་མི་བྱའོ། །གསུམ་པ་ནི། ཅི་སྟེ་ཐ་དད་རྐྱང་པ་ལ་འདིས་འདི་ཆགས་སོ་ཞེས་པའི་ཕན་ཚུན་ལྟོས་པའི་དགོས་པ་དེ་གྲུབ་པར་མ་གྱུར་བས་དེ་རབ་ཏུ་བསྒྲུབ་པའི་ཕྱིར་དེ་གཉིས་ལྷན་ཅིག་པར་འདོད་པར་བྱེད་ན་ནི། ཕན་ཚུན་ལྟོས་པའི་ལྷན་ཅིག་ཉིད་དུ་ཡང་དེ་རང་བཞིན་ཐ་དད་ལ་མི་རུང་བས་གཅིག་པ་ཉིད་ཀྱི་སྐྱོན་ཆགས་པའི་ཕྱིར་དེ་རབ་ཏུ་བསྒྲུབ་པའི་ཕྱིར་ཐ་དད་དུ་ཡང་འདོད་པ་ཁྱེད་ནི། གོས་ངན་པ་ལྷགས་པ་ཆེན་པོས་ཉེན་པ་


JLD015_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུམས་ནས་སྡོད་ཅིང་བསྐུམས་དྲགས་པ་བསྲན་མི་བཟོད་པ་ན་ཡང་རྐྱོང་བར་བྱེད་པ་དང་འདྲའོ། །ཞེས་སངས་རྒྱས་བསྐྱངས་ཀྱིས་བཤད་པ་འདི་ཉིད་གསལ་ལོ། །འདིར་སོ་སོ་བ་ཡ་གྱལ་རེ་རེ་ལ་ཐ་དད་བའི་དངོས་པོ་ཡོད་དམ་ལྷན་ཅིག་འབྱུང་བ་ལ་ཡོད་གྲང༌། དང་པོ་ལྟར་ན་དེ་ནི་མི་རིགས་ཏེ་འདོད་ཆགས་དང་ཆགས་པ་གཉིས་རེ་རེ་བ་ལ་འདི་ནི་འདོད་ཆགས་སོ། །འདི་ནི་འདིས་ཆགས་སོ་ཞེས་པའི་ཐ་དད་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཡང་དེ་ལ་ངོ་བོས་ཐ་དད་པ་མེད་པར་བཤད་ཟིན་བས་ངོ་བོས་ཐ་དད་པའི་དངོས་པོ་མི་འགྲུབ་ལ་དེ་མ་གྲུབ་པས་ལྷན་ཅིག་གི་དངོས་པོ་འགྲུབ་པར་མི་འགྱུར་ཏེ་དེ་ནི་ཐ་དད་པ་ཁོ་ན་ལ་འཇོག་པའི་ཕྱིར་རོ། །དེ་ལྟར་ན་རེ་རེའམ་གཉིས་ཀ་ལྷན་ཅིག་ཏུ་འབྱུང་བའམ་ཁྱེད་ཀྱིས་རང་དགར་ཐ་དད་པའི་དངོས་པོ་གཞན་ཞིག་བརྟགས་ཀྱང་རུང་སྟེ། ངོ་བོས་ཐ་དད་པའི་དངོས་པོ་གང་ཡོད་ནས་འདོད་ཆགས་དང་ཆགས་པ་གཉིས་ལྷན་ཅིག་གི་དངོས་པོར་འདོད་པར་བྱེད་པ་དེ་སྨྲོས་ཤིག་ཅེས་སངས་རྒྱས་བསྐྱངས་ཀྱིས་བཤད་དོ། །གཉིས་པ་ནི། དེ་ལྟར་ཇི་སྐད་དུ་བཤད་པའི་རིགས་པ་རྣམས་ཀྱིས་གཞིགས་པ་ན་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་པ་དུས་མཉམ་དང་ལྷན་ཅིག་མིན་པ་སྔ་ཕྱི་བ་རྣམས་མི་འགྲུབ་པས་གང་འདོད་ཆགས་པའི་གང་ཟག་དང་སེམས་དང་གང་ལ་འདོད་ཆགས་པའི་ཡུལ་དང་བྱེད་པ་གང་གིས་འདོད་ཆགས་པའི་འདོད་ཆགས་རྣམས་རང་བཞིན་གྱིས་སྟོང་པ་ཉིད་དུ་གྲུབ་བོ། །གསུམ་པ་ནི། འདོད་ཆགས་ལ་དཔྱད་པ་ཇི་ལྟར་བྱས་པ་བཞིན་དུ་ཞེ་སྡང་དང་སྡང་བ་དང་གཏི་མུག་དང་རྨོངས་པ་


JLD015_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ཆོས་རྣམས་ཀུན་ཀྱང་ལྷན་ཅིག་དང་ལྷན་ཅིག་མིན་པ་སྔ་ཕྱི་བ་རིགས་པས་མི་འགྲུབ་པར་ཤེས་པར་བྱའོ། །དེ་ཡང༌། གལ་ཏེ་ཞེ་སྡང་སྔ་རོལ་ན། །ཞེ་སྡང་མེད་པའི་སྡང་ཡོད་ན། །དེ་ལ་བརྟེན་ནས་ཞེ་སྡང་ཡོད། །སྡང་ཡོད་ཞེ་སྡང་ཡོད་པར་འགྱུར། །ཞེས་སོགས་འདོན་པ་བསྒྱུར་ལ་དགག་གོ །གཉིས་པ་ནི། དེ་ལྟར་ཆགས་པ་སོགས་བརྟག་པའི་རིགས་པས་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་དེ་ཉིད་ངེས་དོན་གྱི་ལུང་གིས་ཀྱང་གྲུབ་པ་དང༌། རབ་བྱེད་འདིས་གང་ཆགས་པ་དང་གང་གིས་ཆགས་པ་སོགས་རང་བཞིན་མེད་པར་བཤད་པའི་གསུང་རབ་ཐམས་ཅད་བཤད་པར་བྱའོ། །ཞེས་བསྟན་པའི་ཕྱིར་དུ་ངེས་དོན་གྱི་ལུང་དང་སྦྱོར་བའི་ཕྱོགས་ཙམ་སྨོས་ན། ཏིང་འཛིན་རྒྱལ་པོ་ལས། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་ལ་མཁས་པ་དེ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཐམས་ཅད་ལ་འདོད་ཆགས་པར་མི་བྱེད་ཞེ་སྡང་བར་མི་བྱེད་གཏི་མུག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཆོས་དེ་མི་དམིགས་ཏེ་གང་འདོད་ཆགས་པ་དང་གང་ལ་འདོད་ཆགས་པ་དང་གང་གིས་འདོད་ཆགས་པ་དང༌། གང་ཞེ་སྡང་བ་དང་གང་ལ་ཞེ་སྡང་བ་དང་གང་གིས་ཞེ་སྡང་བ་དང༌། གང་གཏི་མུག་པ་དང་གང་ལ་གཏི་མུག་པ་དང་གང་གིས་གཏི་མུག་པར་འགྱུར་བའི་ཆོས་དེ་དེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མི་དམིགས་སོ། །ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མ་དམིགས་ན་ཁམས་གསུམ་ཐམས་ཅད་ལ་མ་


JLD015_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པར་འགྱུར་ཏེ་མྱུར་དུ་ཏིང་ངེ་འཛིན་འདི་འཐོབ་བོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་པར་རྫོགས་པར་འཚང་རྒྱའོ། །ཞེས་གསུངས་སོ། །གསུམ་པ་ནི། དེ་ལྟར་གང་ཆགས་པ་དང་གང་ལ་ཆགས་པ་དང་གང་གིས་ཆགས་པ་སོགས་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ཀྱི་ཆོས་གསུམ་དང༌། གང་དད་པ་དང་གང་ལ་དད་པ་དང་གང་གིས་དད་པ་སོགས་རྣམ་བྱང་གི་ཕྱོགས་ཀྱི་ཆོས་གསུམ་ལ་རང་གི་ངོ་བོས་གྲུབ་པར་འཛིན་པའི་འཛིན་ཚུལ་ལྟར་ཡོད་ན། དེ་དག་གི་ཐ་སྙད་གང་ཡང་བྱར་མེད་པར་རིགས་པས་གཏན་ལ་ཕབ་པ་བཞིན་དུ་ངེས་པར་བྱ། དེ་ནས་དེ་དག་གི་ཐ་སྙད་ནི་ངེས་པར་ཁས་བླང་དགོས་ལ་རང་གི་ངོ་བོས་གྲུབ་པ་ལ་གཞག་ཏུ་མེད་པ་ན་རང་བཞིན་གྱིས་སྟོང་པ་ཁོ་ན་ལ་དེ་དག་གི་རྣམ་གཞག་རྣམས་ཆེས་འཐད་དོ་སྙམ་དུ་རྟེན་འབྱུང་གི་ངེས་པར་དྲང་བར་བྱ་སྟེ། ཆགས་པ་འདོད་ཆགས་ལ་བརྟེན་ཞིང༌། ཞེས་སོགས་སུ་འདོན་པ་བསྒྱུར་བ་འདི་ཉིད་ལྟར་ཁས་བླང་ངོ་། །འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུའི་བདག་ཉིད་རབ་ཏུ་བྱེད་པ་དྲུག་པའི་རྣམ་པར་བཤད་པའོ།། །།གཉིས་པ་མཚན་ཉིད་སྐྱེ་གནས་འཇིག་པ་དགག་པ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་མཚན་བསྟན་པའོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ནི། འདིར་སྨྲས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདུས་བྱས་ནི་རང་བཞིན་གྱིས་ཡོད་དེ་དེ་དག་གི་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །སྟོན་པས་ཀྱང་དགེ་སློང་དག་གསུམ་པོ་འདི་ནི་


JLD015_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་ཀྱི་མཚན་ཉིད་དག་སྟེ་འདུས་བྱས་སྐྱེ་བར་ཡང་མངོན་འཇིག་པར་ཡང་མངོན་གནས་པ་གཞན་དུ་འགྱུར་བར་ཡང་མངོན་ནོ། ཞེས་གསུངས་པའི་ཕྱིར་རོ། །ཆོས་མངོན་པ་ལས། སྐྱེ་བ་དང་རྒ་པ་དང་གནས་པ་དང་འཇིག་པ་རྣམས་ལྡན་མིན་འདུ་བྱེད་དུ་གསུངས་པ་ལ་བརྟེན་ནས། རང་སྡེ་གོང་འོག་ཕལ་མོ་ཆེས་དེ་རྣམས་ལྡན་མིན་འདུ་བྱེད་དུ་འདོད་དོ། །དེའི་ཕྱིར་གཟུགས་དང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་སྐྱེ་འཇིག་གནས་པ་རྣམས་ཀྱང་ལྡན་མིན་དུ་འདོད་ཅིང༌། དེ་ཡང་མདོ་སྡེ་པ་ཡན་ཆད་ཀྱིས་བཏགས་ཡོད་དང་བྱེ་བྲག་ཏུ་སྨྲ་བས་རྫས་ཡོད་དུ་འདོད་དོ། །སྐྱེ་བ་ལ་སོགས་པའི་མཚན་ཉིད་གང་ཡོད་པས་གཟུགས་ལ་སོགས་པ་འདུས་བྱས་སུ་གསུངས་པའི་མཚན་ཉིད་སྐྱེ་བ་ལ་སོགས་པ་ཡང་མདོ་སྡེ་པ་ཡན་ཆད་ཀྱིས་ཆོས་དེ་རྣམས་ཀྱི་སྐྱེ་བའི་བྱ་བ་དང་འཇིག་པའི་བྱ་བ་དང་གནས་པའི་བྱ་བ་ལ་འདོད་ལ། བྱེ་བྲག་ཏུ་སྨྲ་བ་རྣམས་འོག་ནས་འཆད་པ་ལྟར་གཟུགས་སོགས་སྐྱེད་པར་བྱེད་པ་དང་འཇིག་པར་བྱེད་པ་དང་གནས་པར་བྱེད་པའི་བྱེད་པ་པོ་ལ་འདོད་དོ། །ཕྱི་མ་རྣམས་ཀྱི་ལྟར་ན་གཟུགས་ཕུང་ལྟ་བུ་གཅིག་འདུས་བྱས་སུ་མཚོན་པ་ན་སྐྱེ་བ་སོགས་ཡིན་པས་མི་མཚོན་གྱི་རང་སྐྱེད་བྱེད་སོགས་དོན་གཞན་ཡོད་པས་འདུས་བྱས་སུ་མཚོན་ལ། སྔ་མ་རྣམས་ཀྱི་ལྟར་ན་དེ་ལྟར་མཚོན་པ་མིན་ཏེ། མདོ་སྡེ་བས་གཟུགས་སོགས་ཀྱི་སྐྱེ་བ་སོགས་དེ་དག་ལས་རྫས་གཞན་པ་བཀག་པ་ན་བྱེ་བྲག་ཏུ་སྨྲ་བས་མཚན་ཉིད་ཀྱི་གཞིའི་ཆོས་དེ་ཉིད་དེའི་མཚན་ཉིད་དུ་ཇི་ལྟར་རུང་ཞེས་བརྩད་པའི་ལན་དུ། ནོག་སོགས་འདུས་པ་དང་སྲ་བ་བ་ལང་དང་སའི་ཁམས་ལས་རྫས་གཞན་མིན་ཀྱང་མཚན་ཉིད་ཡིན་


JLD015_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་སྐྱེ་བ་ལ་སོགས་པ་ཡང་དེ་དང་འདྲ་བར་མཛོད་འགྲེལ་ལས་བཤད་དོ། །གཉིས་པ་ནི། མཚན་མཚོན་གྱི་ཆ་ནས་རང་བཞིན་གྱིས་གྲུབ་པ་དགག་པ་ནི་རབ་བྱེད་ལྔ་པར་བརྗོད་ཟིན་པས་འདིར་རིགས་པ་གཞན་གྱིས་འགོག་པ་ལ་གསུམ། འདུས་བྱས་ཀྱི་མཚན་ཉིད་རང་བཞིན་གྱིས་གྲུབ་པ་དགག །དེས་འདུས་མ་བྱས་རང་བཞིན་གྱིས་གྲུབ་པ་ཡང་ཁེགས་བར་བསྟན། དེ་ལྟར་བཀག་པ་ལ་ལུང་དང་འགལ་བ་སྤང་པའོ། །དང་པོ་ལ་གཉིས། སྤྱིའི་མཚན་ཉིད་དགག །ཁྱད་པར་གྱི་མཚན་ཉིད་དགག་པའོ། །དང་པོ་ལ་གཉིས། མཚན་ཉིད་གསུམ་ཐུན་མོང་དུ་དགག །སོ་སོར་དགག་པའོ། །དང་པོ་ལ་གསུམ། འདུས་བྱས་ཡིན་མིན་བརྟགས་ནས་དགག །རེ་རེ་བ་དང་ཚོགས་པ་གང་ཡིན་བརྟགས་ནས་དགག །མཚན་ཉིད་གཞན་ཡོད་མེད་བརྟགས་ནས་དགག་པའོ། །དང་པོ་ནི། འདིར་སྐྱེ་བ་འདུས་བྱས་ཀྱི་མཚན་ཉིད་དུ་འདོད་ན་འདུས་བྱས་སམ་འདུས་མ་བྱས་ཤིག་ལ་རྟོག་གྲང༌། གལ་ཏེ་སྐྱེ་བ་འདུས་བྱས་ཡིན་ན་སྐྱེ་བ་དེ་ལ་ཡང་སྐྱེ་གནས་འཇིག་པའི་མཚན་ཉིད་རང་ལས་རྫས་གཞན་གསུམ་ལྡན་པ་སྟེ་ཚོགས་པ་ཡོད་པར་འགྱུར་ཏེ། སྐྱེ་གནས་འཇིག་པ་ནི་འདུས་བྱས་ཐམས་ཅད་ལ་མི་འཁྲུལ་བའི་ཕྱིར་དང༌། སྐྱེ་བ་སོགས་རྫས་གཞན་དང་ལྡན་པའི་སྒོ་ནས་འདུས་བྱས་སུ་མཚོན་དགོས་པར་འདོད་པའི་ཕྱིར་རོ། །དེ་འདོད་ན་ནི་ཇི་ལྟར་ན་སྐྱེ་བ་འདུས་བྱས་ཀྱི་མཚན་ཉིད་ཡིན་ཞེས་པ་འདིར་ཡང་སྦྱར་ཏེ། སྐྱེ་བ་ནི་འདུས་བྱས་སུ་མཚོན་པའི་མཚན་ཉིད་ཀྱིས་མཚོན་པའི་མཚན་གཞི་ཡིན་པས་གཟུགས་སོགས་འདུས་བྱས་སུ་མཚོན་པའི་མཚན་ཉིད་མིན་


JLD015_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །སྲ་བས་ས་ཡི་ཁམས་སུ་མཚོན་པ་ལ་སྲ་བ་སའི་ཁམས་ཡིན་ན་དེ་ས་ཡི་ཁམས་སུ་མཚོན་པའི་མཚན་ཉིད་གཞན་ཡོད་དགོས་ཞེས་པའི་སྐྱོན་མི་སྟོན་ལ། སྐྱེ་བས་འདུས་བྱས་སུ་མཚོན་པ་ལ་དེ་འདུས་བྱས་ཡིན་ན་དེར་མཚོན་པའི་མཚན་ཉིད་གཞན་དགོས་ཞེས་སྨྲ་བའི་རྒྱུ་མཚན་ནི། སྲ་བས་ནི་རང་གི་མཚན་གཞི་སའི་ཁམས་སུ་མཚོན་པ་ན་རང་དང་ངོ་བོ་ཐ་མི་དད་དུ་མཚོན་པ་ཡིན་ལ། སྐྱེ་བས་རང་གི་མཚན་གཞི་འདུས་བྱས་སུ་མཚོན་པ་ན་རང་གི་མཚན་གཞི་ལས་རྫས་གཞན་གྱི་ཚུལ་གྱིས་མཚོན་པའི་ཕྱིར་རོ། །ཅི་སྟེ་སྐྱེ་བ་འདུས་མ་བྱས་ཡིན་ན་ནི་སྐྱེ་བ་དེ་ཇི་ལྟར་ན་འདུས་བྱས་ཀྱི་མཚན་ཉིད་ཡིན་ཞེས་པ་མིན་ཏེ་ནམ་མཁའ་བཞིན་ནོ། །འགྲེལ་པ་ལས་སྐྱེ་བ་ལ་མཚན་ཉིད་གཞན་གསུམ་མི་འདོད་ན་དེ་གསུམ་དང་བྲལ་བའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་མིན་པར་འགྱུར་ཞེས་ཀྱང་གསུངས་ཏེ། འོག་ནས་འདི་འགྲེལ་པ་མཁན་གྱིས་བརྗོད་པ་ཡིན་གྱི་རྩ་བ་མཁན་པོས་བརྗོད་པ་མིན་པར་གསུངས་པས་ཞར་བྱུང་ངོ་། །སངས་རྒྱས་བསྐྱངས་ཀྱིས་ནི་བཤད་ཚུལ་གཞན་གྱི་སྒོ་ནས་འཆད་པར་མཛད་དོ། །སྐྱེ་བ་ལ་གསུངས་པ་ནི་གནས་པ་དང་འཇིག་པ་གཉིས་ཀྱང་མཚོན་པ་ཡིན་ཏེ། གལ་ཏེ་གནས་པ་འདུས་བྱས་ན། །ཞེས་སོགས་སུ་འདོན་པ་སྤོའོ། །གཉིས་པ་ནི། གཞན་ཡང་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དུ་རྟོག་ན་རེ་རེ་མཚན་ཉིད་ཡིན་ནམ་འདུས་པ་མཚན་ཉིད་ཡིན་ཞེས་བརྟག་པ་མཛད་དེ། དེའི་དོན་ནི་སྐྱེ་བ་ལ་སོགས་པས་རེ་རེ་ནས་རིམ་གྱིས་མཚོན་ནམ་དུས་ཅིག་ཅར་དུ་མཚོན་ཞེས་པའོ། །དེ་ལ་སྐྱེ་བ་དང་ལ་སོགས་ཀྱིས་བསྡུས་པ་གནས་པ་དང་འཇིག་པ་གསུམ་སོ་སོ་ཡིས་ཏེ་རེ་རེ་ནས་རིམ་གྱིས་


JLD015_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་སུ་མཚོན་བའི་མཚན་ཉིད་བྱ་བར་ནི་ནུས་པ་མིན་ཏེ། འདི་ལྟར་སྐྱེ་བའི་དུས་ན་གནས་འཇིག་གཉིས་མེད་ན་ནམ་མཁའ་ལྟར་སྐྱེ་བ་མེད་པ་དང༌། གནས་པའི་དུས་ན་སྐྱེ་འཇིག་གཉིས་མེད་ན་ནམ་མཁའི་མེ་ཏོག་ལྟར་དངོས་པོ་གནས་པ་མེད་ལ། རང་གྲུབ་པའི་དུས་ལས་དུས་གཉིས་པར་གནས་ན་ཕྱིས་ཀྱང་མི་འཇིག་པ་དང་ཕྱིས་འཇིག་ན་དངོས་པོ་གཅིག་རྟག་མི་རྟག་གཉིས་ཀར་འགྱུར་པ་མི་རིགས་པ་དང༌། འཇིག་པའི་དུས་ན་སྐྱེ་གནས་གཉིས་མེད་ན་ནམ་མཁའི་མེ་ཏོག་བཞིན་འཇིག་པ་མེད་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་གཟུགས་ལ་སོགས་པའི་མཚན་གཞིའི་དངོས་པོ་རྣམས་ལ་མཚན་ཉིད་བཞི་དུས་གཅིག་ཏུ་ཡོད་ཀྱང་དང་པོར་སྐྱེ་བའི་བྱ་བ་དང་དེ་ནས་གནས་པ་དང་དེ་ནས་རྒ་བ་དང་དེ་ནས་འཇིག་པའི་བྱ་བ་རིམ་ཅན་དུ་འཇུག་པར་འདོད་པ་ལ། དེ་ལྟ་ན་སྐད་ཅིག་མར་སྨྲ་བ་ལ་གནོད་དོ་ཞེས་མདོ་སྔ་པས་སྨྲས་པའི་ལན་དུ། ཁོ་བོ་ཅག་གི་སྐད་ཅིག་མ་ནི་བྱ་བ་དེ་བཞི་རྫོགས་པ་ལ་བྱེད་དོ་ཞེས་མཛོད་འགྲེལ་ལས་བཤད་བར་འདིར་འགོག་གོ །དེ་ཡང་སྐྱེ་བ་ལ་སོགས་པའི་མཚན་ཉིད་ཡོད་བཞིན་དུ་རང་རང་གི་བྱ་བ་མི་འཇུག་པ་འགལ་བས་བྱ་བ་མི་འཇུག་ན་དེ་དག་ཀྱང་མེད་པའི་ཕྱིར་སྐྱོན་དེ་རྣམས་འཇུག་གོ །གལ་ཏེ་ཕྱོགས་གཉིས་པ་ལྟར་སྨྲ་ནའང་མི་རིགས་ཏེ། དངོས་པོ་གཅིག་ལ་དུས་གཅིག་ཏུ་སྐྱེ་གནས་འཇིག་པ་འདུས་པ་སྟེ་ཚོགས་པ་རང་གི་མཚན་ཉིད་ཀྱིས་ཡོད་པ་ཡང་ནི་ཇི་ལྟར་རུང་ཞེས་པ་མི་རུང་སྟེ། དེ་ལྟར་འདུས་པ་ཕན་ཚུན་འགལ་བའི་ཕྱིར་ཆགས་བྲལ་དང་ཆགས་པ་དང་སྣང་མུན་བཞིན་ནོ། །ཐ་སྙད་དུ་དེ་གསུམ་གཞི་གཅིག་ལ་དུས་


JLD015_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདུས་པ་མི་འགལ་ཡང་རང་གི་མཚན་ཉིད་ཀྱིས་སམ་དོན་དམ་པར་ཡོད་ན་འགལ་བ་ཡིན་ཏེ། འདི་ལྟར་གནས་པ་རང་གི་མཚན་ཉིད་ཀྱིས་ཡོད་ན་རང་གྲུབ་པའི་དུས་ལས་དུས་གཉིས་པར་ཡང་སྡོད་དགོས་པས་དུས་གཉིས་པར་ཞིག་པའི་འཇིག་པ་མི་འཐད་པའི་ཕྱིར་རང་དུས་ན་འགག་བཞིན་པའི་འཇིག་པ་ཡང་མེད་དོ། །དེའི་ཕྱིར་གནས་པའི་བྱ་བ་ཡོད་པའི་དུས་སུ་འཇིག་པའི་བྱ་བ་འགལ་བ་སྣང་མུན་བཞིན་དུ་འགྱུར་རོ། །སྐྱེ་བ་རང་གི་མཚན་ཉིད་ཀྱིས་ཡོད་ན་སླར་ཡང་སྐྱེ་དགོས་པས་སྐྱེ་བའི་བྱ་བ་དང་ལྡན་པའི་དུས་སུ་འགག་བཞིན་པའི་འཇིག་པ་དང་ལྡན་པ་འགལ་བ་ཡིན་ཏེ། སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་ན་མ་འོངས་པ་དང་འགག་པ་ལ་མངོན་དུ་ཕྱོགས་པ་ཡིན་ན་ད་ལྟར་པ་ཡིན་བའི་ཕྱིར་རོ། །འདི་ནི་སྐྱེ་གནས་འཇིག་པ་བྱ་བའི་ངོ་བོར་བྱས་ནས་སྔོན་མེད་གསར་དུ་བྱུང་བ་སྐྱེ་བ་དང་སྔ་མའི་རིགས་འདྲ་གནས་པ་གནས་པ་དང་དུས་གཉིས་པར་མི་སྡོད་པ་འཇིག་པ་དང་སྐད་ཅིག་སྔ་མ་ལས་ཕྱི་མ་མཚན་ཉིད་མི་འདྲ་བ་ནི་རྒ་བ་ཡིན་ཞེས་མདོ་སྡེ་པ་ལ་སོགས་པས་རང་གི་མཚན་ཉིད་ཀྱིས་དུས་གཅིག་ཏུ་གྲུབ་པར་འདོད་པ་འགོག་པའོ། །བྱེད་པ་པོར་ཁས་བླངས་ནས་དུས་གཅིག་ཏུ་བྱ་བ་འཇུག་པར་སྨྲ་ན་ནི་དེ་ལྟར་འཇུག་པ་འགལ་བ་རྟོགས་པར་སླའོ། །འདི་ཡང་བུད་དྷ་བཱ་ལི་ཏ་ལས་འཆད་ཚུལ་གཞན་གྱིས་བཤད་དོ། །གསུམ་པ་ལ་གཉིས། ཐལ་བ་དགོད་པ་དང༌། སྐྱོན་སྤོང་གི་ལན་དགག་བའོ། །དང་པོ་ནི། གལ་ཏེ་སྐྱེ་བ་ལ་སོགས་པ་ལ་མཚན་ཉིད་གཞན་ཡོད་དམ་མེད་མཚན་ཉིད་གཞན་ཡོད་པར་སྔར་བཤད་པ་


JLD015_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འདོད་ན་ཉེས་པ་ཅི་ཡོད་ཅིང་མཚན་ཉིད་གཞན་མེད་ནའང་ཉེས་པ་ཅི་ཞིག་ཡོད་ཅེ་ན། གལ་ཏེ་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ལ་འདུས་བྱས་སུ་མཚོན་པའི་མཚན་ཉིད་རང་ལས་རྫས་གཞན་ཞིག་ནི་ཡོད་ན། དེ་དག་ལ་ཡང་མཚན་ཉིད་གཞན་དང་གཞན་བརྟག་དགོས་པས་ཐུག་མེད་དུ་འགྱུར་ལ། དེ་འདོད་ན་རྩ་བའི་མཚན་ཉིད་མི་འགྲུབ་བོ། །དེ་གསུམ་ལ་རང་ལས་རྫས་གཞན་གྱི་མཚན་ཉིད་མེད་ན་ནི་གསུམ་པོ་དེ་དག་འདུས་བྱས་མིན་པར་འགྱུར་ཏེ། གཟུགས་སོགས་འདུས་བྱས་སུ་མཚོན་པ་ལ་རང་ལས་རྫས་གཞན་གྱི་མཚན་ཉིད་ཀྱི་སྒོ་ནས་མཚོན་དགོས་པའི་ཕྱིར་རོ། །གལ་ཏེ་སྐྱེ་སོགས་ལ་མཚན་ཉིད་གཞན་ཡོད་མེད་གཉིས་ཀ་ལ་སྔར་སྐྱོན་བརྗོད་ཟིན་པས་ཟློས་བུ་བརྗོད་པས་ཅི་ཞིག་བྱ་སྙམ་ན། སྔར་མཚན་ཉིད་གཞན་མེད་ན་འདུས་མ་བྱས་སུ་འགྱུར་བའི་སྐྱོན་བརྗོད་བྱས་པ་ནི་འགྲེལ་པ་མཁན་གྱིས་ཡིན་གྱི་སློབ་དཔོན་གྱིས་གསུངས་པ་མིན་ལ། མཚན་ཉིད་གཞན་མེད་ན་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་པར་འགྱུར་ཞེས་པ་ཡང་སློབ་དཔོན་གྱིས་དངོས་སུ་དེ་ལྟར་མ་མཛད་ལ། རྩ་བའི་དོན་དེ་ལྟར་བཤད་ཀྱང་སྐྱོན་བརྗོད་ཚུལ་སྔར་དང་མི་འདྲ་བ་གཞན་སྟོན་པས་མི་ཟློས་སོ། །གཞན་ཡང་སྔར་ནི་གཙོ་བོ་ཡིན་པས་སྐྱེ་བ་གཅིག་པུ་ལ་སྐྱོན་བརྗོད་ལ་འདིར་ནི་གསུམ་ག་ལ་སྐྱོན་བརྗོད་པས་ཁྱད་པར་ཡོད་དོ། །མེད་ན་དེ་དག་འདུས་བྱས་མིན། །ཞེས་གསུངས་པ་ནི་མཚན་ཉིད་གཞན་མེད་ན་འདུས་བྱས་མིན་པར་སྟོན་པ་ཡིན་ལ་སྔར་ནི་སྐྱེ་བ་འདུས་བྱས་མིན་ན་འདུས་བྱས་ཀྱི་མཚན་ཉིད་མིན་པར་སྟོན་པས་མི་ཟློས་སོ། །


JLD015_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པས་ཡང་ན་ཞེས་བཤད་པ་མི་འདྲ་བ་གསུམ་མཛད་པ་ནི་སྒོ་འདི་ནས་ཀྱང་མི་ཟློས་ཞེས་མི་ཟློས་པའི་སྒོ་མང་པོ་སྟོན་པ་ཡིན་གྱི། གཞུང་གི་དོན་མ་ངེས་པའི་ཡང་ན་ཞེས་པ་མིན་པས་སྐབས་གཞན་དུ་ཡང་དེ་ལྟར་ངེས་པར་བྱའོ། །གཉིས་པ་ལ་གཉིས། ཐལ་བ་དང་པོའི་སྐྱོན་སྤོང་དགག །ཐལ་བ་གཉིས་པའི་སྐྱོན་སྤོང་དགག་པའོ། །དང་པོ་ལ་གཉིས། སྐྱོན་སྤོང་བརྗོད། དེ་དགག་པའོ། །དང་པོ་ནི། མང་པོས་བཀུར་བ་པ་དག་སྐྱེ་བ་ལ་སོགས་པ་རྣམས་ལ་སྐྱེ་བའི་སྐྱེ་བོ་ལ་སོགས་པ་ཡོད་པས་འདུས་མ་བྱས་སུ་ཐལ་བའི་སྐྱོན་མེད་ལ། ཐུག་མེད་དུ་ཡང་མི་འགྱུར་ཏེ་རྩ་པའི་མཚན་ཉིད་དང་རྗེས་སུ་མཐུན་པའི་མཚན་ཉིད་རྣམས་ཕན་ཚུན་སྒྲུབ་པར་བྱེད་པའི་ཕྱིར་རོ། །འདི་ལྟར་འདུས་བྱས་ཀྱི་ཆོས་དགེ་བའམ་ཉོན་མོངས་ཅན་ཞིག་སྐྱེ་བ་ན་རང་དང་བཅོ་ལྔ་སྐྱེ་སྟེ་ཆོས་དེ་དང་དེའི་སྐྱེ་བ་དང་ལྡན་པ་དང་གནས་པ་དང་རྒ་བ་དང་མི་རྟག་པ་དང༌། ཆོས་དེ་ཉོན་མོངས་ཅན་ཡིན་ན་དེའི་ལོག་པའི་རྣམ་པར་གྲོལ་བ་དང༌། དགེ་བ་ཡིན་ན་དེའི་ཡང་དག་པའི་རྣམ་པར་གྲོལ་བ་དང༌། ངེས་པར་འབྱུང་བ་ཡིན་ན་དེའི་ངེས་པར་འབྱུང་བ་ཉིད་དང་ངེས་པར་འབྱུང་བ་མ་ཡིན་ན་དེའི་ངེས་པར་འབྱུང་བ་མ་ཡིན་པ་ཉིད་དོ། །དེ་ལ་དགེ་བའམ་ཉོན་མོངས་ཅན་གྱི་ཆོས་དེ་ནི་གཙོ་བོ་ཡིན་ལ། དེའི་སྐྱེ་བ་ནས་མི་རྟག་པའི་བར་ལྔ་དང་ལོག་པའི་རྣམ་གྲོལ་ལ་སོགས་བཟུང་གཉིས་ཀྱི་དང་པོ་དང་ཐ་མ་གང་རུང་སྟེ་བདུན་ནི་འཁོར་དང༌། སྐྱེ་བའི་སྐྱེ་བ་ནས་ངེས་འབྱུང་མ་ཡིན་པའི་ངེས་འབྱུང་མ་ཡིན་པའི་བར་བདུན་ནི་འཁོར་གྱི་འཁོར་རོ། །ངེས་པར་འབྱུང་མི་འབྱུང་ནི་འཁོར་བ་ལས་


JLD015_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་མི་འབྱུང་ངོ་། །དེ་ལ་སྐྱེ་བའི་སྐྱེ་བས་རྩ་བ་ཡི་སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད་ལ། རྩ་བའི་སྐྱེ་བས་ནི་སྐྱེ་བ་ཡི་སྐྱེ་བ་སྐྱེད་པར་བྱེད་དོ། །འང་གི་སྒྲས་ནི་རང་མ་གཏོགས་པའི་ཆོས་གཞན་བཅུ་གསུམ་སྐྱེད་པ་བསྡུ་སྟེ་བཅུ་བཞི་སྐྱེད་དོ། །དེ་བཞིན་དུ་རྩ་བའི་ལྡན་པ་ནས་ངེས་འབྱུང་མིན་པའི་བར་དྲུག་གིས་རང་རང་མ་གཏོགས་པ་བཅུ་བཞི་བཅུ་བཞི་ལྡན་པ་ནས་ངེས་པར་འབྱུང་བ་མ་ཡིན་པར་བྱེད་ལ། མཐུན་པའི་ལྡན་པ་ནས་མཐུན་པའི་ངེས་འབྱུང་མིན་པའི་བར་དྲུག་གིས་ནི་རྩ་བའི་ལྡན་པ་ཉིད་ལྡན་པར་བྱེད་པ་ནས་རྩ་བའི་ངེས་འབྱུང་མིན་པ་ཁོ་ན་ངེས་བར་འབྱུང་བར་མི་བྱེད་དོ། །ངེས་པར་འབྱུང་བར་མི་བྱེད་པ་ནི་མྱང་འདས་འཐོབ་པར་མི་བྱེད་པའོ་ཆོས་བཅོ་ལྔའི་ཚུལ་འདི་ནི་འགྲེལ་ཆེན་གསུམ་གར་འབྱུང་ལ་ཤེས་རབ་སྒྲོན་མ་ལས་གནས་མ་བུའི་སྡེ་པས་དེ་ལྟར་འདོད་པར་བཤད་དོ། །མཛོད་ལས་སྐྱེ་གནས་རྒ་བ་འཇིག་པ་བཞི་དང་མཐུན་པའི་མཚན་ཉིད་བཞི་དང་ཆོས་དང་བཅས་པས་དགུ་ལ་རྩ་བའི་སྐྱེ་བ་ལ་སོགས་པ་བཞི་རང་མ་གཏོགས་པ་ཆོས་བརྒྱད་དང་སྐྱེ་བའི་སྐྱེ་བ་ལ་སོགས་པ་བཞི་རྩ་བའི་ཆོས་རེ་རེ་ལ་བྱེད་པ་འཇུག་པར་བཤད་པ་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་སོ། །མང་བཀུར་བའི་ལུགས་ཀྱིས་ཀྱང་མཐུན་པའི་མཚན་ཉིད་རྣམས་ཆོས་རེ་རེ་ལ་འཇུག་ཀྱང་རྩ་བའི་མཚན་ཉིད་རྣམས་ཆོས་བཅུ་བཞི་རེ་ལ་འཇུག་གོ །དེའི་ཕྱོགས་སྔ་བརྗོད་པ་ན་ལྡན་པ་ལ་སོགས་པ་ཡང་བརྗོད་དགོས་ལ་མཚན་ཉིད་ཕན་ཚུན་སྒྲུབ་པའི་སུན་འབྱིན་ནི་ལྡན་པ་ལ་སོགས་པ་ཕན་ཚུན་སྒྲུབ་པ་ལ་ཡང་འདྲ་བར་བསྟན་པར་བཞེད་ནས་དེ་དག་གི་ཕན་ཚུན་སྒྲུབ་


JLD015_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཡང་ཕྱོགས་སྔར་བརྗོད་དོ། །འདི་ལ་ཁ་ཅིག་མཛོད་ལས། དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་པ་ནི་རྒ་བ་ཟུར་དུ་བརྩིས་པ་ཡིན་ལ་འདིར་གནས་པ་རྙིང་པ་རྒ་བར་བརྗོད་པ་དེ་གནས་པར་བསྡུས་པ་ཡིན་པས་འགྲེལ་པས་ཆོས་དང་བཅོ་ལྔར་བཤད་པ་རྩ་བའི་དོན་ལ་མི་སྣང་ངོ་ཞེས་སྨྲ་བ་ནི་ཕྱོགས་གཅིག་ཙམ་མཐོང་བ་ལ་བརྟེན་ནས་གཞན་མེད་པར་སྨྲ་བའོ། །གཉིས་པ་ནི། གལ་ཏེ་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་པ་ཁྱོད་ཀྱི་ལུགས་ཡིན་ན། རྩ་བའི་སྐྱེ་བས་སྔར་མ་བསྐྱེད་བའི་སྐྱེ་བའི་སྐྱེ་བ་དེས་ཇི་ལྟར་ན་རྩ་བའི་སྐྱེ་བ་དེ་ནི་སྐྱེད་བར་བྱེད་དེ་མི་བྱེད་དེ། ཁྱོད་ཀྱི་ལྟར་ན་སྐྱེ་བའི་སྐྱེ་བ་དེ་རྩ་བའི་སྐྱེ་བས་སྐྱེད་དགོས་པའི་ཕྱིར་རོ། །དེ་ལ་གལ་ཏེ་ཁྱོད་ཀྱི་ལུགས་ཀྱིས་རྩ་བ་ཡིས་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེ་ཡིས་རྩ་བ་སྐྱེད་པར་སྨྲ་ན་སྐྱེ་བའི་སྐྱེ་བ་དེས་སྔར་མ་བསྐྱེད་པའི་རྩ་བ་དེས་ཇི་ལྟར་ན་སྐྱེ་བའི་སྐྱེ་བ་དེ་ནི་སྐྱེད་པར་བྱེད་དེ་མི་བྱེད་དེ། རྩ་བ་དེ་སྐྱེ་བའི་སྐྱེ་བས་སྐྱེད་དགོས་པའི་ཕྱིར་རོ། །དེ་ཡི་ཕྱིར་དེ་གཉིས་ཕན་ཚུན་སྒྲུབ་པ་མི་འཐད་པས་ཐུག་མེད་སོར་གནས་སོ། །གལ་ཏེ་དེ་གཉིས་སྔར་སྐྱེས་པས་ཕན་ཚུན་དུ་མི་སྐྱེད་ཀྱང་དེ་གཉིས་སྐྱེ་བཞིན་པས་ཕན་ཚུན་དུ་སྐྱེད་དོ་ཞེ་ན། གལ་ཏེ་རང་ཉིད་མ་སྐྱེས་པས་མ་སྐྱེས་པ་གཞན་དེ་སྐྱེད་པར་ནི་བྱེད་ནུས་ན་ཁྱོད་ཀྱི་སྐྱེ་བཞིན་པ་གཉིས་པོ་དེ་ཡིས་ཕན་ཚུན་དེ་གཉིས་ནི་སྐྱེད་པར་ནི་འདོད་ལ་རག་པ་ཞིག་ན། སྐྱེ་བཞིན་པའི་མྱུ་གུ་ལ་སོགས་པ་ནི་མ་འོངས་པ་ཡིན་ལ་དེ་ཡང་མ་སྐྱེས་པར་ཇི་ལྟར་གཞན་སྐྱེད་པར་འགྱུར་ཏེ་འདི་ནི་མི་རིགས་སོ། །དེ་ལྟར་སྐྱེ་བ་དང་སྐྱེ་བའི་སྐྱེ་བ་ལ་སུན་འབྱིན་བརྗོད་པ་ནི་མཚོན་པ་ཙམ་ཡིན་པས་གནས་པ་ལ་སོགས་པ་


JLD015_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལ་ཡང་དེའི་འདོན་པ་བསྒྱུར་ལ་དགག་པར་བྱའོ། །གཉིས་པ་ལ་གཉིས། སྐྱོན་སྤོང་བརྗོད། དེ་དགག་པའོ། །དང་པོ་ནི། གལ་ཏེ་གང་ཁས་བླངས་པ་ལས་ཐུག་མེད་དུ་འགྱུར་བ་སྐྱེ་བ་ལ་སོགས་པ་ལ་མཚན་ཉིད་གཞན་ཡོད་པ་མིན་ལ་དེ་མེད་ཀྱང་འདུས་མ་བྱས་སུ་ཡང་མི་འགྱུར་རོ། །འོ་ན་ཅི་ཞེ་ན། ཇི་ལྟར་ཏེ་དཔེར་ན་མར་མེ་ནི་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་རང་དང་བུམ་པ་ལ་སོགས་པ་གཞན་སྣང་བར་བྱེད་པ་དེ་བཞིན་དུ། སྐྱེ་བའང་སྐྱེ་བའི་རང་བཞིན་ཡིན་བའི་ཕྱིར་རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། གཉིས་པ་ལ་གཉིས། དཔེ་དགག །དོན་དགག་པའོ། །དང་པོ་ལ་གཉིས། དམ་བཅའ་ལ་གནོད་པ་བརྗོད་པས་དགག །གཏན་ཚིགས་མ་ངེས་པར་བསྟན་པས་དགག་པའོ། །དང་པོ་ནི། སྣང་བར་བྱེད་པ་ནི་མུན་པ་སེལ་བས་ཡིན་ན་མུན་བ་གང་སེལ་བས་རང་གི་གསལ་བྱེད་དུ་འགྱུར་བ་མར་མེ་ལ་ནི་མུན་པ་མེད་དེ་འགལ་བའི་ཕྱིར་རོ། །དང་ནི་ཞེས་པ་ནི་མུན་པ་མེད་གཞི་གཉིས་སྟོན་བའི་དང་པོ་འདི་དང་ཞེས་པའི་དོན་ནོ། །མུན་པ་གང་སེལ་བས་མར་མེས་གཞན་གསལ་བར་བྱེད་བ་ཡུལ་གང་དག་ན་མར་མེ་དེ་འདུག་པ་སྟེ་དེའི་འོད་ཀྱིས་ནོན་པ་དེ་ནའང་མུན་བ་མེད་དོ། །དེའི་ཕྱིར་མར་མེས་རང་དང་གཞན་ཅི་ཞིག་སྣང་བར་བྱེད་དེ་མི་བྱེད་དོ། །གལ་ཏེ་མར་མེས་མུན་པ་བསལ་བ་རང་བཞིན་གྱིས་མེད་ན་མར་མེ་དང་དེས་ནོན་པའི་ཡུལ་ན་མུན་པ་མེད་པ་ཞེས་བརྗོད་པར་མི་རིགས་ཏེ། མར་མེ་སྐྱེ་བཞིན་པས་མུན་པ་བསལ་བ་ཉིད་ཀྱིས་མར་མེ་དང་དེས་ནོན་པའི་ཡུལ་ན་མུན་བ་མེད་


JLD015_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པར་སོང་བའི་ཕྱིར་ཏེ། མར་མེས་མུན་པ་མ་བསལ་ན་ནི་མི་འབར་བའི་དུས་བཞིན་དུ་འབར་བ་ནའང་བུམ་པ་ལ་སོགས་པ་དམིགས་པར་མི་འགྱུར་རོ། །དེའི་ཕྱིར་མར་མེ་ལ་མུན་པ་སེལ་བའི་སྣང་བྱེད་ཡོད་ལ་དེ་ཡང་མར་མེ་སྐྱེ་བཞིན་པས་བྱས་སོ་ཞེ་ན། སྣང་མུན་གཉིས་ཡུལ་གཅིག་ན་དུས་གཅིག་ཏུ་མེད་བའི་ཕྱིར་དེ་གཉིས་ཕྲད་པ་མེད་ལ་དེའི་ཕྱིར། གང་གི་ཚེ་མར་མེ་སྐྱེ་བཞིན་བ་དང་མུན་པ་གཉིས་ཕྲད་བ་རང་གི་མཚན་ཉིད་ཀྱིས་མེད་པ་དེའི་ཚེ། ཇི་ལྟར་དེ་རྣམ་པ་གང་གིས་མར་མེ་སྐྱེ་བཞིན་པས་མུན་པ་སེལ་བར་བྱེད་པ་རང་གི་མཚན་ཉིད་ཀྱིས་ཡོད་པ་ཡིན་ཞེས་བརྟག་པར་མི་རིགས་སོ། །ཐ་སྙད་དུ་མར་མེས་མུན་པ་སེལ་བར་འདོད་བ་ལ་ཡང་མར་མེ་སྐྱེ་བཞིན་བ་དང་མུན་བ་གཉིས་ཕྲད་པ་དགོས་མོད་ཀྱང༌། མར་མེ་སྐྱེ་བཞིན་པའི་དུས་ན་མར་མེ་མེད་བས་མུན་པ་དང་ཕྲད་མི་དགོས་སོ། །མར་མེས་མུན་པ་སེལ་བ་རང་གི་མཚན་ཉིད་ཀྱིས་གྲུབ་བར་འདོད་པ་ལྟར་ན་མར་མེ་སྐྱེ་བཞིན་པ་དང་མུན་པ་ཕྲད་ན་དེའི་དུས་སུ་མར་མེ་ཡོད་དགོས་པས་དེ་མེད་པའི་ཕྱིར། མར་མེ་སྐྱེ་བཞིན་པ་དང་ཡང་མི་ཕྲད་པས་མར་མེས་མུན་པ་སེལ་བ་མི་འཐད་པར་སྟོན་པའི་རིགས་པའོ། །ཅི་སྟེ་ཡེ་ཤེས་ཀྱིས་མ་རིག་པ་མ་ཕྲད་པ་ཁོ་ན་འཇོམས་ཤིང་མིག་གིས་གཟུགས་མ་ཕྲད་པ་ཉིད་མཐོང་བ་དང༌། ནོར་བུ་ཁབ་ལེན་གྱིས་ལྕགས་མ་ཕྲད་པ་ཁོ་ན་འདྲེན་པ་བཞིན་དུ་མར་མེས་ཀྱང་མ་ཕྲད་པའི་མུན་པ་སེལ་ལོ་སྙམ་ན། གལ་ཏེ་མར་མེ་དང་མུན་པ་ཕྲད་པ་མེད་པར་ཡང་མར་མེས་མུན་པ་སེལ་བ་རང་གི་མཚན་ཉིད་ཀྱིས་ཡོད་པར་སྨྲ་ན། འདི་ན་གནས་པའི་མར་མེ་དེས་འཇིག་རྟེན་ནོ་ཅོག་ཀུན་ན་གནས་པའི་མུན་པ་


previousཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།next