ཤོག་ལྷེབ་ ༡ ནས་ ༡༠༠ བར།
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །
དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བའི་རྣམ་བཤད་རིགས་པའི་རྒྱ་མཚོ་ཞེས་བྱ་བ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་གསུངས་པས་སྨྲ་བའི་གཙུག་རྒྱན་ཞེས། །རབ་འབྱམས་ཞིང་གི་མཁས་པས་རབ་བསྔགས་པ། །རང་བཞིན་སྟོང་པ་རྟེན་འབྱུང་དོན་ཉིད་དུ། །གསུང་པའི་རྒྱལ་བ་དེ་ཡིས་རྟག་སྐྱོངས་ཤིག །གཏམ་དེ་གསུང་རབ་ཀུན་གྱི་སྙིང་པོར་ནི། །གཟིགས་ནས་རབ་འབྱམས་ཞིང་གི་རྒྱལ་སྲས་འཁོར། །ཟབ་མོའི་གཏམ་གྱིས་རྟག་ཏུ་ཚིམ་
མཛད་པ། །རྗེ་བཙུན་མཁྱེན་པའི་གཏེར་ལ་སྐྱབས་སུ་མཆི། །ངེས་པའི་དོན་དེ་ཇི་ལྟར་གསུངས་པ་ལས། །རྣམ་པ་གཞན་དུ་འདྲེན་པའི་དོགས་པའི་གནས། །དཔག་ཡས་བཀོད་ནས་ལེགས་པར་སུན་ཕྱུང་སྟེ། །ཚུལ་དེར་ངེས་པ་བླ་མེད་སྟེར་བའི་སྒོ། །སྒྲུབ་དང་སུན་འབྱིན་ལམ་ནི་མི་འདྲ་བའི། །རིགས་ལམ་སྟོང་གི་འོད་ཟེར་སྤྲོས་པ་ཡིས། །མཐར་འཛིན་སྙིང་གི་མུན་སྟུག་འཇོམས་མཛད་པ། །ཀླུ་སྒྲུབ་སྨྲ་བའི་ཉི་མ་རྒྱལ་གྱུར་ཅིག །ལུགས་ཀྱི་མཆོག་དེ་ཚུལ་བཞིན་རབ་བཟུང་ནས། །ཐུབ་མཆོག་བསྟན་པ་རིང་དུ་
གསལ་མཛད་པ། །དཔལ་ལྡན་འཕགས་པ་ལྷ་དང་དཔའ་བོ་སོགས། །ཤིང་རྟ་ཆེན་པོའི་སྲོལ་འཛིན་རྣམས་ལ་འདུད། །སྐར་ཚོགས་དབུས་ན་མཚན་མོའི་མགོན་པོ་བཞིན། །འགྲེལ་མཛད་ཀུན་གྱི་ཁྲོད་ན་ལྷམ་མེ་བ། །གྲུབ་མཆོག་སངས་རྒྱས་བསྐྱངསདང་ཟླ་བའི་ལུགས། །དྲན་པ་ཡིས་ཀྱང་དད་པའི་སྤུ་ལོང་གཡོ། །གང་གི་ཞབས་པད་བསྟེན་པས་རབ་རྨོངས་དགྲ། །རབ་ཏུ་འཇོམས་མཛད་རིགས་ལམ་གསལ་མཛད་པ། །འདྲེན་མཆོག་བླ་མའི་རྨད་བྱུང་མཛད་པ་ཡིས། །ད་དུང་སྲིད་མཐའི་བར་དུ་སྐྱོང་གྱུར་ཅིག །ངེས་དོན་དོན་གཉེར་བཤེས་གཉེན་མང་པོ་དང༌། །གྲགས་ལྡན་ཡངས་པའི་སྲིད་ལ་མངའ་མཛད་པའི། །གསུང་གིས་བསྐུལ་ཚེ་ཟབ་མོ་དབུ་མའི་ལམ། །རྣམ་པར་འབྱེད་ལ་བདག་བློ་སྤྲོ་བ་སྐྱེས། །ངེས་དོན་ཞེས་པའི་མིང་གིས་ཚིམ་པ་དང༌། །ཆེ་ལོང་དོན་ཙམ་མཐོང་བས་ཆོག་ཤེས་རྙེད། །སྙིང་ནས་སྒྲུབ་པ་ལྷུར་ལེན་སྐྱེས་པའི་ཚེ། །གཞུང་མཆོག་འདོར་བ་རྣམས་ལ་མི་དགོས་ཀྱང༌། །ངེས་དོན་གསུང་རབ་སྙིང་པོ་ཤེར་ཕྱིན་དོན། །རྣལ་འབྱོར་དབང་ཕྱུག་བྱེ་བས་བགྲོད་པའི་ལམ། །མ་རྟོགས་ལོག་རྟོག་ཐེ་ཚོམ་མུན་པའི་ཚོགས། །ཡང་དག་རིགས་པའི་སྒྲོན་མེས་ལེགས་བསལ་ནས། །ཡིན་ལུགས་ཕུ་ཐག་ཆོད་པའི་ལྟ་བ་ཡིས། །ཀླུ་སྒྲུབ་དགོངས་པ་ཇི་བཞིན་སྒོམ་འདོད་པའི། །བློ་ལྡན་དེ་ལ་དབུ་མའི་རྩ་བ་
ནི། །བདག་གིས་ལེགས་པར་བཤད་ཀྱིས་གུས་པས་ཉོན། །འདིར་གང་བཤད་པར་བྱ་བའི་ཆོས་ནི་དབུ་མའི་རྩ་བ་ཡིན་ལ་དེ་འཆད་པ་ལ་གཉིས། བཤད་པའི་སྔོན་དུ་འགྲོ་བ་དང༌། བཤད་པ་དངོས་ལ་འཇུག་པའོ། །དང་པོ་ལ་ལྔ། དེ་ཁོ་ན་ཉིད་བཙལ་དགོས་ཤིང་འཚོལ་བའི་ཚུལ། བསྟན་བཅོས་མཛད་པ་པོའི་ཆེ་བ། དེས་མཛད་པའི་བསྟན་བཅོས་ཀྱི་རྣམ་གཞག །ཆོས་ཟབ་མོ་ལ་མོས་པའི་ཕན་ཡོན། དེ་གང་ལ་བཤད་པའི་སྣོད་བསྟན་པའོ། །དང་པོ་ནི། རྒྱལ་བ་རྣམས་ཀྱིས་སྦྱིན་པ་ལ་སོགས་པའི་སྤྱོད་པ་གཞན་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་མ་སྐྱེས་པ་སྐྱེས་པ་དང་སྐྱེས་ཟིན་གནས་པ་དང་གོང་ནས་གོང་དུ་འཕེལ་བའི་ཐབས་ཡིན་ཏེ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ན། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། ཅེས་གསུངས་པ་ལྟར་རོ། །དེ་ཡི་ཕྱིར་གསུང་རབ་ཐམས་ཅད་ཀྱང་དངོས་དང་བརྒྱུད་པས་དེ་ཁོ་ན་ཉིད་ལ་འདབ་ཅིང་གཞོལ་བ་ཤ་སྟག་ཡིན་པས་ལོང་བའི་ཚོགས་རྣམས་ལོང་ཁྲིད་པ་མཁས་པས་འདོད་པའི་ཡུལ་དུ་འཁྲིད་པ་བཞིན་དུ། སྦྱིན་པ་ལ་སོགས་པ་ཐར་པའི་གྲོང་ཁྱེར་དུ་འཁྲིད་པར་བྱེད་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཁོ་ན་ཉིད་མཐོང་བའི་ཤེས་རབ་ཀྱི་མིག་ཡོངས་སུ་བཙལ་
བ་ནི་བློ་གྲོས་དང་ལྡན་པ་རྣམས་ཀྱི་ལས་སུ་བྱ་བ་དམ་པའོ། །དེ་ཡང་དོན་དེ་ཉིད་སྟོན་པར་ལུང་བསྟན་པས་ལེགས་པར་བཀྲལ་བ་དང་འགྲེལ་ཚུལ་ཡང༌། གདུལ་བྱའི་དབང་གིས་དྲང་ངེས་ཀྱི་སྒོ་མི་འདྲ་བ་དུ་མ་ཞིག་གསུངས་པ་ལ་གང་ནི་སྒྲ་ཇི་བཞིན་པ་ཡིན་ལ་གང་ནི་མིན་སྙམ་དུ་ཐེ་ཚོམ་ཟ་བ་ན། འདི་ལྟར་སྟོན་པའི་གསུང་རབ་ཀྱི་དོན་ནི་དེ་ཁོ་ན་ལྟར་གཟུང་གི་གཞན་དུ་དྲང་པར་མི་བྱའོ་ཞེས་སྒྲ་ཇི་བཞིན་པའི་དོན་ལ་སྒྲུབ་བྱེད་ཡོད་ལུགས་དང་། དེ་ལས་གཞན་དུ་འདྲེན་པ་ལ་གནོད་བྱེད་ཡོད་ལུགས་རྣམས་རིགས་པས་མཐའ་དག་པར་གཏན་ལ་ཕབ་པ་ཅིག་གི་རྗེས་སུ་ཞུགས་ནས་འཚོལ་དགོས་པ་ནི་ཤིང་རྟ་ཆེན་པོ་ཐམས་ཅད་ཀྱི་མན་ངག་བགྲོད་པ་གཅིག་པའོ། །གཉིས་པ་ནི། དེ་ལྟ་ཡིན་དང་འཕགས་པ་ལང་ཀར་གཤེགས་པ་ལས། སོ་སོ་རང་རིག་ཐེག་པ་ནི། །རྟོག་གེ་པ་ཡི་སྤྱོད་ཡུལ་མིན། །མགོན་པོ་འདས་པའི་འོག་ཏུ་ནི། །འཛིན་པར་སུ་འགྱུར་བཤད་དུ་གསོལ། །ཞེས་མཉམ་གཞག་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཡུལ་སྒྲ་རྟོག་གི་སྤྲོས་པ་ཞི་བའི་ཐེག་པ། སྟོན་པ་མྱ་ངན་ལས་འདས་ནས་སུ་ཞིག་གིས་འཛིན་ཞུས་པའི་ལན་དུ། བདེ་གཤེགས་མྱ་ངན་འདས་པའི་འོག །ཚུལ་རྣམས་འཛིན་པར་འགྱུར་བ་དེ། །དུས་དག་འདས་ནས་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་
པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་ངེས་པའི་དོན་གྱི་ཐེག་པ་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བ་ཀླུ་སྒྲུབ་ཀྱིས་འགྲེལ་བར་གསུངས་སོ། །འདི་ནི་གསེར་འོད་དམ་པ་ནས་བཤད་པ་སྟོན་པ་ཞལ་བཞུགས་དུས་ཀྱི་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་དེ་ཉིད་སྐྱེ་བ་བཞེས་བ་ཡིན་ཏེ་སྤྲིན་ཆེན་ལས་གཞོན་ནུ་འདི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ང་ཡི་བསྟན་པ་རྒྱས་པར་བྱས་ཏེ་མཐར་རབ་ཏུ་དང་བའི་འོད་ཅེས་བྱ་བའི་ཞིང་དུ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་རྒྱལ་བར་འགྱུར་རོ་ཞེས་གསུངས་སོ། །བྱ་བའི་རྒྱུད་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་ཀྱང་འབྱུང་བའི་དུས་དང་མཚན་དེ་དང་འདྲ་ལ་ལོ་དྲུག་བརྒྱ་བཞུགས་པར་བཤད་དོ། །རྔ་བོ་ཆེའི་མདོ་ལས་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་སྟོན་པ་འདས་ནས་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་བའི་ཚེ། སྟོན་བའི་མཚན་འཆང་བའི་དགེ་སློང་དུ་གྱུར་ནས་བསྟན་པ་རྒྱས་པར་བྱས་ཏེ་ལོ་བརྒྱ་ལོན་པའི་འོག་ཏུ་འདས་ནས་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། །འདི་ཡང་སློབ་དཔོན་འདི་ཡི་ལུང་བསྟན་དུ་གནས་བརྟན་བྱང་བཟང་དང་ཇོ་བོ་ཆེན་པོ་བཞེད་དེ་ལི་ཙ་བྱི་མཐོང་ན་དགའ་བ་ཀླུ་སྒྲུབ་དང་རྒྱུད་གཅིག་ཏུ་
བཤད་པ་ལ་བརྟེན་པའོ། །རྔ་བོ་ཆེ་ལས་དེ་ལྟར་ལུང་བསྟན་པ་དེ་ལྷོ་ཕྱོགས་སུ་འབྱུང་བས་ཐ་མ་གཅིག་ཡིན་པར་གསུངས་པས་ལོ་བཞི་བརྒྱ་ན་བྱོན་པ་ནི་ལྷོ་ཕྱོགས་སུ་འབྱུང་བའི་ཚུལ་གཉིས་པའོ། །ལང་གཤེགས་དང་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་ས་དང་པོ་བསྒྲུབས་ནས་བདེ་བ་ཅན་དུ་འབྱོན་པར་བཤད་ཅིང༌། རྔ་བོ་ཆེ་ལས་དགེ་སློང་དེ་ས་བདུན་པ་བར་བཤད་དོ། །སྤྲིན་ཆེན་དང་རྔ་བོ་ཆེ་ལས་མ་འོངས་པ་ན་འཚང་རྒྱ་བར་གསུངས་པ་ནི་འདོད་པ་ཁམས་སུ་སྤྲུལ་སྐུའི་འཚང་རྒྱ་ཚུལ་ཡིན་པས། སྒྲོན་གསལ་ལས་རྣལ་འབྱོར་བླ་མེད་ཀྱི་ལམ་གྱིས་ཀླུ་སྒྲུབ་ཀྱི་སྐུ་ཚེ་དེ་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གསུངས་པ་དང་མི་འགལ་ཏེ། སྟོན་པ་ཤཱཀྱ་ཐུབ་པ་ཚེ་ལོ་བརྒྱ་པའི་དུས་སུ་འཚང་རྒྱ་བར་གསུངས་པ་དང་སྔོན་བསྐལ་པ་དུ་མའི་སྔོན་ནས་སངས་རྒྱས་པར་གསུངས་པ་མི་འགལ་བ་བཞིན་ནོ། །མགོན་པོ་འདི་འདྲ་བའི་རླབས་པོ་ཆེའི་གང་ཟག་རྣལ་འབྱོར་བླ་མེད་ཀྱི་ཐེག་པ་པས་ལོ་དྲུག་བརྒྱ་བཞུགས་ཀྱང་འཚང་རྒྱ་མི་ནུས་ན་བླ་མེད་ཀྱི་རྒྱུད་ནས་གདུལ་བྱ་རབ་ཀྱིས་ཚེ་གཅིག་ལ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་གསུངས་པ་ལྟར་ཁས་བླངས་ཀྱང་ཚིག་ཙམ་དུ་ཟད་དོ། །དེས་ན་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། མགོན་པོ་འདི་མཛད་པ་མཐར་མ་ཕྱིན་པར་བཤད་པ་ནི་ཕར་ཕྱིན་གྱི་ཐེག་པ་རྐྱང་པས་ལམ་བགྲོད་པའི་དབང་དུ་བྱས་པའོ། །གསུམ་པ་ནི། དེ་ལྟ་བུའི་
མགོན་པོ་འདིས་སྦྱོར་བ་བརྒྱ་པ་ལ་སོགས་པ་རིག་པའི་གནས་ཐུན་མོང་བའི་བསྟན་བཅོས་དང་ནང་རིག་པ་ལ་ཡང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་མང་དུ་མཛད་དོ། །ཟབ་མོ་དབུ་མའི་ལམ་ངེས་པའི་དོན་ལུང་གིས་བསྟན་པ་ནི་མདོ་ཀུན་ལས་བཏུས་ལས་ཤེར་ཕྱིན་འབུམ་པ་དང་བྱང་སེམས་ཀྱི་སྡེ་སྣོད་ལ་སོགས་པའི་མདོ་མང་པོ་དྲངས་ནས་བཤད་དོ། །རིགས་པས་བསྟན་པ་ནི་རྩ་བ་ཤེས་རབ་སྟོང་ཉིད་བདུན་ཅུ་པ་རྩོད་ཟློག་རིགས་པ་དྲུག་ཅུ་པ་ཞིབ་མོ་རྣམ་འཐག་རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་པོས་གཏན་ལ་ཕབ་བོ། །བསྟོད་པ་འགའ་ཞིག་ལས་ཀྱང་སྟོང་ཉིད་བསྟན་མོད་ཀྱང་རིགས་པས་བསྒྲུབས་པ་མི་མང་ངོ༌། །གཞུང་དེ་དག་ཀྱང་ཡོད་མེད་ཀྱི་མཐའ་སྤངས་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཙོ་བོར་སྟོན་པ་དང་ཡོད་མེད་ཀྱི་མཐར་མི་ལྟ་བའི་ལམ་གྱིས་འཁོར་བ་ལས་གྲོལ་བ་གཙོ་བོར་སྟོན་པ་གཉིས་སུ་འདུའོ། །དང་པོ་ལ་གཉིས་ལས་དངོས་པོའི་ངོ་བོ་ཉིད་སྨྲ་བ་རྣམས་ཀྱི་གང་ཟག་དང་ཆོས་ལ་སྒྲོ་བཏགས་པའི་རང་བཞིན་བསྒྲུབ་བྱ་འགོག་པ་ནི་རྩ་བ་ཤེས་རབ་ཡིན་ལ། དེའི་སྒྲུབ་བྱེད་ཚད་མ་ལ་སོགས་པ་རྟོག་གེའི་ཚིག་གི་དོན་བཅུ་དྲུག་འགོག་པ་ནི་ཞིབ་མོ་རྣམ་འཐག་གོ །དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། ཞེས་གསུངས་པ་ལ། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །
ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། ཞེས་བརྒལ་བའི་ལན་དུ་བྱུང་བའི་ཕྱིར་རྩོད་ཟློག་ནི་རབ་བྱེད་དང་པོའི་གཞུང་དེའི་ལྷག་མའོ། །འདིས་ཚིག་རང་བཞིན་གྱིས་སྟོང་པ་རྟེན་འབྱུང་གི་དོན་དུ་བཤད་ནས་རང་བཞིན་མེད་ཀྱང་དེས་བསྒྲུབ་བྱ་སྒྲུབ་པ་དང་དགག་བྱ་འགོག་ནུས་པར་གསུངས་པས་རང་བཞིན་མེད་པའི་ཕྱོགས་ལ་ཚད་མ་དང་གཞལ་བྱའི་དགག་སྒྲུབ་ཀྱི་བྱ་བྱེད་ཀྱང་འཐད་པར་སྟོན་ཞིང༌། རང་བཞིན་ཡོད་པར་སྨྲ་བ་ལ་ཚད་མ་དང་གཞལ་བྱ་མི་འཐད་པ་ལ་སོགས་པ་རྣམས་སྟོན་ནོ། །རྩ་ཤེར་རང་བཞིན་མེད་པ་ལ་བྱ་བྱེད་ཐམས་ཅད་འཐད་པར་བསྟན་མོད་ཀྱང་དམིགས་ཀྱིས་ཕྱེ་ནས་དགག་སྒྲུབ་ཀྱི་བྱ་བྱེད་འཐད་པར་བསྟན་ན་ལུགས་འདི་ལ་རང་ཕྱོགས་སྒྲུབ་པ་སོགས་མི་རུང་ངོ་སྙམ་པ་ལྡོག་པའི་ཕྱིར་རོ། །སྟོང་ཉིད་བདུན་ཅུ་པ་ནི་རབ་བྱེད་བདུན་པ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པ་གསུངས། ཞེས་པ་འདི་ལ་བརྒལ་བའི་ལན་དུ་བྱུང་བས་གཞུང་དེའི་ལྷག་མའོ། །དེ་ཡང་སྐྱེ་གནས་འཇིག་པའི་རང་བཞིན་བཀག་པ་ན་ལུང་ལས་དེ་དག་གསུངས་པ་མི་འཐད་དོ་ཞེས་རྒོལ་བ་འབྱུང་ལ། སྟོང་ཉིད་བདུན་ཅུ་པ་ལས། གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་པའམ་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་སྙད་དབང་གིས། །
གསུངས་ཀྱི་ཡང་དག་དབང་གིས་མིན། ཞེས་སྐྱེ་འཇིག་ལ་སོགས་པ་ཐམས་ཅད་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་ཀྱི་ཡང་དག་པར་གྲུབ་པའི་དབང་གིས་གསུངས་པ་མིན་པར་བཤད་པས་དེ་ལ་བརྒལ་བའི་ལན་ནོ། །གཞུང་དེར་སྐྱེ་བ་ལ་སོགས་པ་ལ་རང་བཞིན་འགོག་པ་མང་དུ་གསུངས་པའི་མཐར། དངོས་པོ་ཐམས་ཅད་རང་བཞིན་གྱིས། །སྟོང་པ་ཡིན་པས་དངོས་རྣམས་ཀྱི། །རྟེན་འབྱུང་འདི་ནི་དེ་བཞིན་གཤེགས། །མཚུངས་པ་མེད་པས་ཉེ་བར་བསྟན། །དམ་པའི་དོན་ནི་དེར་ཟད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི། །འཇིག་རྟེན་ཐ་སྙད་བརྟེན་ནས་སུ། །སྣ་ཚོགས་ཐམས་ཅད་ཡང་དག་བཏགས། །ཞེས་དངོས་པོའི་གནས་ཚུལ་གྱི་དོན་དམ་ནི་རྟེན་འབྱུང་རང་བཞིན་གྱིས་སྟོང་པ་དེ་ཙམ་དུ་ཟད་པས། སྐྱེ་བ་ལ་སོགས་པ་ཐམས་ཅད་ཐ་སྙད་ཀྱི་དབང་གིས་བཏགས་ནས་བཞག་པར་གསུངས་སོ། །རྩ་ཤེ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་པས་ཀྱང་རང་བཞིན་གྱིས་སྟོང་པ་དོན་དམ་པ་དང་སྐྱེ་བ་ལ་སོགས་པ་ཐ་སྙད་དུ་ཡིན་པར་བསྟན་མོད་ཀྱང་སྔ་མ་ལྟར་མ་གསུངས་ན་ཐ་སྙད་དུ་ཡོད་པའི་དོན་མིང་གི་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་ཙམ་དུ་མི་གོ་ཞིང༌། རང་བཞིན་གྱིས་མི་སྟོང་པ་ལ་རིགས་པའི་
གནོད་པ་དུ་མ་བསྟན་ནས་རང་བཞིན་མེད་པར་བསྒྲུབས་པ་དེ་སྣ་ཚོགས་པ་འདི་ཐམས་ཅད་མིང་གི་ཐ་སྙད་ཀྱི་དབང་གིས་ཡོད་པར་སྟོན་པའི་དོན་དང་ཚུལ་དེ་ལ་བྱ་བྱེད་ཐམས་ཅད་འཐད་པར་སྟོན་པ་མི་གོ་བས་དེ་རྟོགས་པའི་དོན་དུ་སྟོང་ཉིད་བདུན་ཅུ་པ་མཛད་དོ། འཁོར་བ་ལས་གྲོལ་བ་ལ་ཡོད་མེད་ཀྱི་མཐར་ལྟ་བ་སྤོང་བའི་ལམ་དགོས་པ་ནི་གཞུང་གཞན་གཉིས་ཀྱིས་སྟོན་ཏེ་རིགས་པ་དྲུག་ཅུ་པ་ལས། ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། །ཞེས་ཡོད་མེད་ཀྱི་མཐར་ལྷུང་བ་ལ་གྲོལ་བ་མེད་པར་བསྟན་ནས། དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། ཞེས་དངོས་པོ་ཡོད་མེད་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པས་འཕགས་པ་རྣམས་སྲིད་པ་ལས་གྲོལ་བར་གསུངས་སོ། །དེ་གཉིས་ཀྱང་ཕན་ཚུན་མ་བརྟེན་པར་མེད་པས་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པ་ནི་དེ་དག་གི་དེ་ཁོ་ནའོ། །དེ་ལ་དངོས་པོ་འཁོར་བ་དང་དངོས་མེད་མྱང་འདས་ཡོད་པར་གསུངས་པས་དེ་གཉིས་ལ་རང་བཞིན་མེད་པ་མི་འཐད་པར་བརྩད་པའི་ལན་དུ་དེ་ལྟར་ཡོད་པར་གསུངས་པ་བྱིས་པའི་ཐ་སྙད་པའི་ཤེས་པས་ཡོད་པར་བཟུང་བའི་འཛིན་སྟངས་དང་མཐུན་པར་གསུངས་ཀྱི། འཕགས་པའི་དེ་ཁོ་ན་ཉིད་གཟིགས་པའི་གཟིགས་ངོ་དང་བསྟུན་ནས་གསུངས་པ་མིན་ནོ། །སྲིད་པ་འཁོར་བ་རང་བཞིན་གྱིས་སྐྱེ་བ་མེད་པར་ཡོངས་སུ་ཤེས་པའི་ཡེ་ཤེས་ཀྱིས་འབྲས་བུའི་ཚེ་འགོག་པ་མངོན་དུ་བྱས་པ་ལ་མྱང་འདས་
ཐོབ་པ་ཞེས་བཞག་གོ །དེ་ལྟ་མིན་པར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཉོན་མོངས་ཟད་པ་དང་ཕུང་པོ་ཕྱི་མ་མི་སྐྱེ་བས་འཇོག་ན་འགོག་པ་མྱང་འདས་དེ་མངོན་དུ་བྱེད་པ་དང་ཉོན་མོངས་དང་ཕུང་པོ་ཟད་པ་གང་ཡང་མི་འཐད་ཅེས་འགོག་ཅིང་དེ་ཉིད་ཐེག་དམན་གྱི་མྱང་འདས་སྟོན་པའི་ལུང་གི་དོན་དུ་ཡང་འཆད་ལ། དེ་སྒྲུབ་པའི་ཡན་ལག་ཏུ་གཞུང་ལྷག་མ་རྣམས་གསུངས་སོ། །མདོར་ན་དགྲ་བཅོམ་པ་ཐོབ་པའི་ཚེ་མྱང་འདས་ཐོབ་པ་དང་མངོན་དུ་བྱས་ཞེས་པའི་དོན་དེ་ལ་དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ་མངོན་དུ་བྱས་པ་ཞིག་མེད་ན་མྱང་འདས་ཐོབ་པ་གཏན་མི་རུང་བར་ཐེག་དམན་གྱི་མདོ་ཉིད་ཀྱིས་སྒྲུབ་པ་གཙོ་བོའི་དོན་ནོ། །རིན་ཆེན་ཕྲེང་བ་ལས་མངོན་མཐོའི་སྒྲུབ་བྱེད་ཡིད་ཆེས་ཀྱི་དད་པ་ཡིན་ལ་དེ་སྔོན་དུ་སོང་བ་ལས་ངེས་ལེགས་ཀྱི་སྒྲུབ་བྱེད་ཤེས་རབ་ཀྱི་སྣོད་དུ་འགྱུར་རོ། །ཤེས་རབ་ནི་བདག་དང་བདག་གི་བ་གཉིས་དོན་དམ་པར་མེད་པར་ཤེས་པ་ཡིན་ལ་དེ་ལ་བརྟེན་ནས་ཕུང་པོ་བདེན་མེད་དུ་ཤེས་པ་ན་ངར་འཛིན་ཟད་པར་འགྱུར་བ་དང༌། ཕུང་པོའི་བདེན་འཛིན་མ་ཟད་བར་དུ་འཁོར་བ་མི་ལྡོག་ཅིང་ཟད་པ་ན་ལྡོག་པ་དང༌། མེད་ལྟས་ངན་སོང་དང་ཡོད་ལྟས་བདེ་འགྲོར་འཁོར་བས་དེ་གཉིས་ལས་ཐར་བ་ལ་ཡོད་མེད་ཀྱི་མཐའ་གཉིས་ལ་མི་རྟེན་པའི་ཡང་དག་པའི་དོན་ཤེས་དགོས་པ་དང༌། དོན་དེ་ནི་གང་ཟག་ཁམས་དྲུག་འདུས་པ་ལ་བཏགས་པའི་ཕྱིར་དེ་དག་དང་གཅིག་ཐ་དད་གང་དུ་ཡང་མ་གྲུབ་པས་ཡང་དག་
པར་མ་གྲུབ་ལ། དེ་བཞིན་དུ་ཁམས་དང་ཕུང་པོ་ཡང་བརྟག་པར་བྱའོ་ཞེས་གསུངས་པའོ། །འདི་དང་སྔ་མ་གཉིས་སུ་ཡང་གང་ཟག་དང་ཆོས་ལ་རང་བཞིན་བཀག་པའི་རྟེན་འབྱུང་གི་དེ་ཉིད་བསྟན་པ་ཡང་མང་མོད་ཀྱི་མཐའ་གཉིས་ལ་མི་རྟེན་པའི་ཡང་དག་པའི་དོན་ཤེས་པ་ཞིག་འཁོར་བ་ལས་གྲོལ་བའི་ལམ་ལ་ངེས་པར་དགོས་སོ་ཞེས་གཙོ་བོར་དེ་སྒྲུབ་པའི་ཡན་ལག་ཏུ་སྣང་ལ། རྩ་ཤེ་དང་སྟོང་ཉིད་བདུན་ཅུ་པ་ལས་ཀྱང་དེ་ཁོ་ན་ཉིད་རྟོགས་པའི་ལམ་གྱིས་མ་རིག་པ་ལྡོག་ཅིང་དེ་ནས་ཡན་ལག་ལྷག་མ་ཐམས་ཅད་ལྡོག་པར་གསུངས་མོད་ཀྱང་ཡུལ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པ་གཙོ་བོར་སྣང་གི་དེ་རྟོགས་པའི་ཡུལ་ཅན་ཐར་པའི་རྒྱུར་སྒྲུབ་པ་གཙོ་བོར་མི་སྣང་སྟེ་སྔ་མ་འགྲུབ་དཀའ་བ་ལ་དགོངས་སོ། །དེ་དག་གི་དོན་མདོར་བསྡུ་ན་རྩ་ཤེ་དང་ཞིབ་མོ་རྣམ་འཐག་གིས་ཕས་རྒོལ་གྱི་བསྒྲུབ་བྱ་དང་སྒྲུབ་བྱེད་རྒྱས་པར་བཀག་ནས་རྟེན་འབྱུང་གི་དེ་ཁོ་ན་ཉིད་བསྟན་པ་ན། དེ་ལྟར་འགོག་པ་དེའི་ལུགས་ལ་ཡང་དགག་སྒྲུབ་ཀྱི་བྱ་བྱེད་མི་འཐད་པས་གཞན་ཕྱོགས་འགོག་པ་དང་རང་ཕྱོགས་སྒྲུབ་པ་མེད་པར་འགྱུར་རོ་སྙམ་པ་ལ་རང་ལ་དེ་དག་ལ་སོགས་པའི་བྱ་བྱེད་ཐམས་ཅད་འཐད་པར་རྩོད་ཟློག་གིས་བསྟན་ནོ། །དེ་ལྟར་དགག་སྒྲུབ་ཀྱི་བྱེད་པས་གཏན་ལ་ཕབ་པའི་དོན་རྟེན་འབྱུང་རང་གི་ངོ་བོས་མ་གྲུབ་པ་དེ་ཉིད་དོན་དམ་པ་ཡིན་པས་སྣ་ཚོགས་པ་འདི་ཐམས་ཅད་མིང་གི་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་ནི་ཀུན་
རྫོབ་ཏུ་ཡོད་པའི་དོན་དུ་སྟོང་ཉིད་བདུན་ཅུ་པ་ལས་བསྟན་པ་ནི་མིང་དུ་བཏགས་པ་ཙམ་གྱི་ཐ་སྙད་པའི་དོན་ལ་བྱ་བྱེད་ཀུན་འཐད་པར་རྟོགས་སོ། །བདེན་གཉིས་ཀྱི་ཚུལ་དེ་ལྟར་རྟོགས་པ་ནི་སངས་རྒྱས་ཐོབ་པ་ལྟ་ཅི་སྨོས་འཁོར་བ་ལས་གྲོལ་བ་ལ་ཡང་མེད་དུ་མི་རུང་ངོ་ཞེས་གཞུང་གཞན་གཉིས་ཀྱིས་སྟོན་པས། བདག་ཉིད་ཆེན་པོ་འདིས་ཐེག་པ་ཆེ་ཆུང་གི་སྒོར་འཇུག་པ་ཐམས་ཅད་ལ་ལམ་གྱི་སྲོག་མཐོང་བའི་མིག་སྟེར་བས་སྐུ་དྲིན་ཤིན་ཏུ་ཆེའོ། །དེ་དག་གི་ནང་ནས་མཆོག་ཏུ་གྱུར་པ་ནི་དབུ་མ་རྩ་བ་ཡིན་ཏེ་རིགས་པའི་སྒོ་མི་འདྲ་བ་མཐའ་ཡས་པ་ཞིག་བསྟན་ནས་ཟབ་མོའི་དོན་ལ་ངེས་པ་གཏིང་ཚུགས་པར་བྱེད་པའི་ཕྱིར་རོ། །བཞི་པ་ནི། དེ་འདྲ་བའི་ཆོས་ཟབ་མོ་ལ་མོས་པ་ལ་ཤིན་ཏུ་བསྔགས་ཏེ་མདོ་ཀུན་ལས་བཏུས་པ་ལས། ཆོས་ཟབ་མོ་ལ་མོས་པས་བསོད་ནམས་ཐམས་ཅད་སྡུད་པ་ཡུན་ཏེ། སངས་རྒྱས་སུ་མ་གྲུབ་ཀྱི་བར་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཁྱེའུ་རིན་པོ་ཆེས་བྱིན་པའི་མདོ་ལས་འབྱུང་བ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་བྲལ་བས་བསྐལ་པ་བརྒྱ་སྟོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐེ་ཚོམ་དང་བཅས་པས་ཉན་པ་འདི་བསོད་ནམས་དེ་བས་ཆེས་མང་དུ་སྐྱེད་ན་གང་ཐེ་ཚོམ་མེད་པར་
ཉན་པ་ལྟ་ཅི་སྨོས། གང་ཡི་གེར་བྲིས་ནས་ལུང་འབོགས་པ་དང་འཆང་བ་དང་གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས་ཞེས་གསུངས་སོ། །རྡོ་རྗེ་གཅོད་པ་ལས་ཀྱང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། རབ་འབྱོར་འདི་ཇི་སྙམ་དུ་སེམས་གངྒཱའི་ཀླུང་གི་བྱེ་མ་སྙེད་གང་ཇི་སྙེད་པ་གངྒཱའི་ཀླུང་ཡང་དེ་སྙེད་དུ་གྱུར་ན། གང་དེ་དག་གི་བྱེ་མར་གྱུར་པ་དེ་མང་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གངྒཱའི་བྱེ་མ་སྙེད་དུ་གྱུར་པ་དེ་དག་ཉིད་ཀྱང་མང་བ་ལགས་ན་དེ་དག་གི་བྱེ་མར་གྱུར་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ལ་བསྒོའོ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གངྒཱའི་ཀླུང་དེ་དག་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སྐྱེས་པའམ་བུད་མེད་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ་དེ་བཞིན་གཤེགས་པ་ལ་སྦྱིན་པ་བྱིན་ན། སྐྱེས་པའམ་བུད་མེད་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལས་བླ་ན་ཚིག་བཞིའི་ཚིགས་སུ་བཅད་པ་ཙམ་བཟུང་སྟེ། གཞན་དག་ལ་ཡང་བསྟན་ན་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ་ཞེས་གསུངས་སོ། ཞེས་དང༌། དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་མི་དགེ་བཅུ་ཆེན་པོ་རྣམས་བགྲངས་ནས་དེ་དག་དང་ལྡན་པས་བདག་མེད་པའི་ཆོས་ལ་འཇུག་ཅིང་ཆོས་
ཐམས་ཅད་གདོད་མ་ནས་དག་པར་དད་པ་དང་མོས་པའི་སེམས་ཅན་དེ་ངན་སོང་དུ་མི་འགྲོའོ་ཞེས་གསུངས་པ་དང༌། བདུད་འདུལ་བའི་ལེའུ་ལས་དགེ་སློང་གང་གིས་ཆོས་ཐམས་ཅད་ཤིན་ཏུ་དུལ་བར་ཤེས་ཤིང་ཉེས་པ་རྣམས་ཀྱི་ཐོག་མའི་མཐའ་ཡང་རང་བཞིན་གྱིས་དབེན་པར་ཤེས་ཏེ་ཉེས་པ་བྱུང་བའི་འགྱོད་པ་སེལ་ཞིང་བརྟན་པོར་མི་བྱེད་པས་མཚམས་མེད་པ་ཡང་གནོན་ན་ཆོ་ག་དང་ཚུལ་ཁྲིམས་ལ་ལོག་པར་ཞུགས་པ་ཕྲན་ཆོགས་ལྟ་ཅི་སྨོས། ཞེས་གསུངས་པ་དང༌། མ་སྐྱེས་དགྲའི་མདོ་ལས་མཚམས་མེད་བྱེད་པས་དམ་པའི་ཆོས་འདི་ཐོས་ནས་འཇུག་ཅིང་མོས་ན་དེའི་ལས་དེ་ལས་ཀྱི་སྒྲིབ་པ་ཡིན་ཞེས་ང་མི་སྨྲའོ་ཞེས་གསུངས་པ་རྣམས་སློབ་དཔོན་གྱིས་དྲངས་པ་ལྟར་རོ། །ལྔ་པ་ནི། ཟབ་མོ་སྟོང་པ་ཉིད་ཀྱི་གཏམ་ཉན་པ་ན་ཡང་ཁ་ཅིག་མི་མོས་ནས་སྤོང་བས་ངན་འགྲོར་འགྲོ་ལ་གཞན་དག་མོས་ཀྱང་རང་བཞིན་གྱིས་སྟོང་པའི་དོན་ནི་ཅི་ཡང་མེད་པའོ་ཞེས་ཕྱིན་ཅི་ལོག་ཏུ་བཟུང་ནས་སྐུར་བ་འདེབས་པས་སྟོན་པ་པོས་མོས་པའི་ཁྱད་པར་ངེས་པར་བྱས་ལ་བཤད་པར་བྱའོ། །དེ་མཚན་མ་གང་ལས་ཤེས་པ་ནི་འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང༌། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང༌། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་
པར་བྱ། །དེ་ལ་དེ་ཡི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང༌། །ཞེས་རྟགས་གསུམ་བཤད་དོ། །དེ་ལ་སྐྱོན་སྔ་མ་གཉིས་མེད་པར་མ་ཟད་ཉན་པ་པོའི་ཡོན་ཏན་རྣམས་ཀྱང་འབྱུང་སྟེ། འདི་ལྟར་དེ་ནི་སྟོང་ཉིད་ཀྱི་ལྟ་བ་ཉན་པ་ལ་གཏེར་རྙེད་པ་ལྟར་དགའ་ཞིང་ལྟ་བ་དེ་ཚེ་རབས་གཞན་དུ་ཡང་མི་ཉམས་པའི་ཐབས་ལ་རྟོག་སྟེ། བདག་ཚུལ་ཁྲིམས་ཉམས་པའི་རྐྱེན་གྱིས་ངན་སོང་དུ་ལྟུང་ན་སྟོང་ཉིད་ཀྱི་ལྟ་བ་རྒྱུན་འཆད་དོ་སྙམ་ནས་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་དང་བླངས་ནས་ཀྱང་ཡོངས་སུ་དག་པར་བྱེད་དོ། །ཚུལ་ཁྲིམས་ཀྱིས་བདེ་འགྲོར་སྐྱེས་ཀྱང་དབུལ་པོར་གྱུར་ན་ཟས་དང་ཆོས་གོས་ལ་སོགས་པ་འཚོལ་བས་གཡེངས་ནས་སྟོང་ཉིད་རྒྱུན་ལྡན་དུ་ཉན་པ་མི་འོང་ངོ་སྙམ་ནས་སྦྱིན་པ་གཏོང་ངོ༌། །སྟོང་ཉིད་ཀྱི་ལྟ་བ་སྙིང་རྗེ་ཆེན་པོས་ཟིན་པས་སངས་རྒྱས་འཐོབ་ཀྱི་དེ་དང་བྲལ་ན་མི་འཐོབ་བོ་སྙམ་ནས་སྙིང་རྗེ་སྒོམ་པ་ལ་གོམས་པར་བྱེད་དོ། ཁྲོ་བ་བསྐྱེད་ན་ངན་སོང་དུ་ལྟུང་ཞིང་བདེ་འགྲོར་སྐྱེས་ཀྱང་གཟུགས་ཤིན་ཏུ་མི་སྡུག་པའི་རྐྱེན་གྱིས་འཕགས་པ་རྣམས་མཉེས་པར་བྱེད་པར་མི་འགྱུར་རོ་སྙམ་ནས་བཟོད་པའི་གདམས་ངག་སྒོམ་མོ། །ཚུལ་ཁྲིམས་ལ་སོགས་པ་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པས་ནི་སངས་རྒྱས་ཉིད་འཐོབ་པ་དང་འབྲས་བུ་དཔག་ཏུ་མེད་པ་ཆད་པ་མེད་པར་འབྱུང་བར་མཐོང་ནས་འགྲོ་བའི་དོན་དུ་བྱང་ཆུབ་ཏུ་དགེ་བ་བསྔོ་བ་རླབས་ཆེ་བ་རྣམས་བྱེད་དོ། །རྟེན་འབྱུང་ཇི་ལྟ་བ་བཞིན་སྟོན་པ་ལ་བྱང་སེམས་རྣམས་གཅོ་བོར་མཐོང་ནས་དེ་དག་ལ་གུས་
པར་བྱེད་དེ་འཇུག་པ་ལས། རྟག་ཏུ་ཚུལ་ཁྲིམས་ཡང་དག་བླངས་ནས་གནས་བར་འགྱུར། །སྦྱིན་པ་གཏོང་བར་འགྱུར་ཞིང་སྙིང་རྗེ་སྟེན་པར་བྱེད། །བཟོད་པ་སྒོམ་བྱེད་དེ་ཡི་དགེ་བ་བྱང་ཆུབ་ཏུ། །འགྲོ་བ་དགྲོལ་བར་བྱ་ཕྱིར་ཡོངས་སུ་བསྔོ་བར་བྱེད། །རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལའང་གུས་པར་བྱེད། ཅེས་གསུངས་སོ། །སྟོང་ཉིད་ཀྱི་གོ་བ་གནད་དུ་སོང་ན་གོ་ལུགས་དེ་ལྟར་དུ་འོང་ལ་རིགས་པས་རྒྱུ་འབྲས་ཐམས་ཅད་བཀག་པར་གོ་ན་འཁྲུལ་པ་མ་ཟད་བར་དུ་དེའི་ངོར་མི་སླུ་བ་སྐད་དུ་སྨྲས་ཀྱང་རྟེན་འབྲེལ་གྱི་ངེས་པ་བརྟན་པོ་འོང་ས་མེད་པས་ཉན་པ་པོའི་ཡོན་ཏན་མེད་པར་མ་ཟད་སྐྱོན་རྣམས་འབྱུང་བ་ཡིན་ནོ། །དེས་ན་རྒྱུ་འབྲས་རྟེན་འབྲེལ་གྱི་ངེས་པ་ལ་མ་གནོད་པའི་ངང་ནས་ཟབ་མོའི་གཞུང་ཉན་ཅིང་འཛིན་པ་དང་དོན་སེམས་པ་དང་སྒོམ་པ་དང་ཚེ་རབས་ཀུན་ཏུ་མོས་པའི་སྨོན་ལམ་གདབ་པར་བྱའོ། །གཉིས་པ་ལ་གསུམ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་གྱི་སྐད་དུ་པྲཛྙཱ་ནི་བོད་ཀྱི་སྐད་དུ་ཤེས་རབ་བོ། །མངྷྱ་མ་ཀ་ནི་དབུ་མའོ། །མཱུ་ལ་ནི་རྩ་བའོ། །ཀཱ་རི་ཀ་ནི་ཚིག་ལེའུར་བྱས་པའོ། །ནཱ་མ་ནི་ཞེས་བྱ་བའོ། །དེ་ལ་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཏེ་མིང་གི་ཕྱོགས་གཅིག་སྨོས་པའོ། །ཤེས་རབ་སྒྲོན་མའི་འགྲེལ་བཤད་ལས། ཤེར་ཕྱིན་གྱི་ཚུལ་སྒྲུབ་པར་བྱེད་པས་ཤེས་རབ་སྒྲོན་མར་བཤད་པ་བཞིན་ནོ། །འདི་ནི་བརྗོད་བྱའི་སྒོ་ནས་བཏགས་པའོ། །དབུ་མ་
ནི་འཇིག་རྟེན་ན་མཐའ་དོར་བའི་དཀྱིལ་ལ་དབུས་ཞེས་པ་དང་འདྲ་བར་ཡོད་མེད་ལ་སོགས་པའི་མཐའ་གཉིས་སྤངས་པས་དབུས་ཉིད་དབུ་མའོ་ཞེས་རང་གི་དོན་དེ་ལ་ཕན་པ་བརྗོད་པའོ། །དབུ་མའི་ལམ་དེ་སྟོན་ཞིང་སྒྲོགས་པས་ཀ་ཞེས་བྱ་སྟེ་སྐད་ཀྱི་བྱིངས་ལ་དབུ་མའི་བསྟན་བཅོས་སམ་དབུ་མ་ཞེས་པའི་མིང་གང་ལ་ཡོད་པ་ནི་དབུ་མའོ། །ཡང་ན་ཀ་ཞེས་པའི་མིང་གིས་བརྗོད་པས་དབུ་མ་ཞེས་བྱ་སྟེ་དབུ་མའི་གྲུབ་པའི་མཐའོ་ཞེས་ལེགས་ལྡན་གྱིས་བཤད་དོ། །མ་ངྷྱ་མ་ཀའི་སྐད་ཀྱི་བྱིངས་ལ་བརྩམས་ནས་དབུ་མའི་བསྟན་བཅོས་སམ་དབུ་མའི་གྲུབ་མཐའ་ལ་དབུ་མ་ཞེས་བཏགས་པའོ། །གལ་ཏེ་མཐའ་གཉིས་སྤངས་པའི་དབུས་ལ་དབུ་མར་འཆད་ན་ཏིང་འཛིན་རྒྱལ་པོ་ལས། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉི་གའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་ཡོང་མི་བྱེད། །ཅེས་གསུངས་པ་ཇི་ལྟར་དྲང་ཞེ་ན། དེས་ནི་དངོས་པོར་སྨྲ་བ་རྣམས་ལྟར་མཐའ་ཉི་ཚེ་བ་བཀག་ནས་དེ་དང་བྲལ་བའི་དབུས་བདེན་པར་བཟུང་ནས་མི་གནས་ཞེས་སྟོན་པས་ཡོད་མེད་ལ་སོགས་པའི་མཐའ་ཐམས་ཅད་སྤངས་པའི་དབུས་མེད་པར་སྟོན་པ་མིན་ནོ། །རྣམ་བཤད་རིགས་པ་ལས། མཐའ་ནི་ཟད་དང་མཇུག་ཆ་དང༌། །ཉེ་དང་ཕྱོགས་དང་སྨད་པ་ལའོ། །ཞེས་གསུངས་པ་ལྟར་མཐའི་སྒྲ་དོན་མང་པོ་ལ་འཇུག་ཀྱང་མཐའ་བྲལ་གྱི་མཐའ་ནི་དབུ་མ་སྣང་བ་ལས། གལ་ཏེ་དབུ་མ་ལ་སེམས་ཀྱི་རང་གི་ངོ་བོའི་བདག་ཉིད་ཀྱི་དངོས་པོ་དོན་དམ་པ་བ་ཅི་ཡང་རུང་བ་ཞིག་ཡོད་པར་གྱུར་ན་ནི། དེའི་ཚེ་དེ་ལ་དེ་
ཡོད་པས་རྟག་གོ་ཞེའམ་མི་རྟག་གོ་ཞེས་བྱ་བར་མངོན་པར་ཞེན་པ་ཡང་ཇི་ལྟར་མཐར་འགྱུར་ཏེ། དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གྱི་རྗེས་སུ་སོང་ཞིང་ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་ནི་ལྟུང་བའི་གནས་སོ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། ཞེས་གསུངས་པ་བཞིན་ཡིན་ནོ། །དེ་ཡང་ཇི་ལྟར་བཟུང་བ་དེ་ལྟར་ཡོད་པའི་ཡུལ་དེ་ནི་འདིར་མཐའ་མིན་ལ་བློ་ཡང་ཚུལ་བཞིན་ཡིད་བྱེད་ཡིན་པས་མཐར་འཛིན་མིན་ནོ། །དེས་ན་འདི་ཡི་མཐའ་ནི་ལྟུང་བའི་གནས་ཡིན་ཏེ་འཇིག་རྟེན་ན་བྲག་གཡང་ལ་མཐའ་དང་དེ་ལ་ལྷུང་བ་ལ་མཐའ་ལ་ལྟུང་ཞེས་སྨྲ་བ་བཞིན་ནོ། །དེ་ལ་ཡང་དག་པར་ཡོད་པ་ཐ་སྙད་དུ་ཡང་མི་སྲིད་པས་ཡང་དག་པར་མེད་པ་ཐ་སྙད་དུ་ཡོད་པའི་ཕྱིར་དོན་དམ་པར་མེད་ཅེས་པ་མེད་པའི་མཐར་འཛིན་དང་དེ་ལྟར་མ་ཡིན་ཞེས་འགོག་པ་མེད་མཐའ་འགོག་པ་མིན་ཀྱང༌། དགག་བྱ་བཀག་པའི་མེད་པ་ཡང་དག་པར་ཡོད་དོ་ཞེས་འཛིན་ན་དངོས་པོ་མེད་པའི་མཐར་ལྟུང་བས་དེ་འགོག་པ་ཡང་མེད་མཐའ་འགོག་པ་ཡིན་ནོ། །ལས་འབྲས་ལ་སོགས་པའི་ཆོས་རྣམས་ཐ་སྙད་དུ་ཡོད་པ་ལ་ཚད་མ་སུས་ཀྱང་གནོད་མི་སྲིད་པས་དེ་དག་ཡོད་པ་མིན་པའམ་མེད་པར་འཛིན་པའི་ཡུལ་ཡུལ་ཅན་ནི་མེད་མཐའ་དང་དེའི་མཐར་འཛིན་ཡིན་གྱི་སངས་རྒྱས་ལ་སྐྱོན་མེད་ཅེས་པ་ལྟ་བུ་རྣམས་མེད་མཐའ་དང་དེའི་མཐར་འཛིན་མིན་ནོ། །འདི་ནི་སྐུར་འདེབས་ཀྱི་མེད་མཐའ་ཡིན་ལ་སྔ་མ་ནི་སྒྲོ་འདོགས་ཀྱི་མེད་མཐའོ། །དེའི་ཕྱིར་སྔར་བཤད་པའི་བཀག་པ་ལས་མ་གཏོགས་པའི་
ཆོས་རྣམས་དོན་དམ་པར་རམ་རང་གི་མཚན་ཉིད་ཀྱིས་ཡོད་པར་འཛིན་པའི་ཡུལ་ཡུལ་ཅན་ནི་ཡོད་མཐའ་དང་དེའི་མཐར་འཛིན་ཡིན་གྱི་སངས་རྒྱས་ལ་མཁྱེན་བརྩེ་ཡོད་ཅེས་པ་ལྟ་བུ་རྣམས་ཡོད་མཐའ་དང་དེའི་མཐར་འཛིན་མིན་ནོ། །གཞུང་གི་སྐབས་འགའ་ཞིག་ཏུ་དོན་དམ་པ་ཡོད་པ་ཐམས་ཅད་ཡོད་མཐར་བཤད་པ་ཡང་ཡོད་དོ། །དེས་ན་གང་དུ་བཟུང་བས་འཛིན་པ་པོ་ཕུང་བར་འགྱུར་བ་ལ་མཐར་ལྟུང་ཞེས་བཏགས་པའི་ཡོད་མེད་ཀྱི་མཐར་ལྟུང་ལུགས་ནི་དེ་ལྟར་དུ་ཤེས་པར་བྱའི་ཡོད་མེད་ཅེས་པའི་ཚིག་ཙམ་ལ་དེའི་མཐར་བྱས་ནས་དེ་སྤོང་པ་ན། ཡོད་པ་མིན་མེད་པ་མིན་ཞེས་པའི་ཟེར་ལུགས་ལ་རེ་ཞིང་གཟུགས་མེད་སྒྲ་མེད་ཅེས་པ་ལ་སོགས་པའི་འགྱུར་འཆོས་པ་ལ་ནན་ཏན་བསྐྱེད་ཀྱང་ངལ་བ་ཙམ་ཞིག་ཏུ་ཟད་དོ། །རྩ་བ་ནི་དབུ་མའི་བསྟན་བཅོས་ཀུན་གྱི་གཞི་འཛིན་པའི་ལུས་ལྟ་བུ་ཡིན་གྱི་ཕྱོགས་རེ་བ་མིན་པའོ། །ཚིག་ལེའུར་བྱས་པ་ནི་ཚིགས་བཅད་དུ་བསྒྲིགས་པ་ལ་བྱེད་ཀྱི་ཡོངས་སུ་གྲགས་པའི་ལེའུ་ནི་མིན་ནོ། །འདི་ལ་ཚིགས་བཅད་ནི་བཞི་བརྒྱ་ཞེ་དགུ་ཡོད་ལ་རབ་བྱེད་ནི་ཉེར་བདུན་ནོ། །གཉིས་པ་ལ་གསུམ། སྟོན་པ་ལ་རྟེན་འབྱུང་མཐའ་བྲལ་དུ་གསུང་པའི་སྒོ་ནས་བསྟོད་པ། རྟེན་འབྱུང་མཐའ་བརྒྱད་དང་བྲལ་བར་འགྲེལ་བའི་ཚུལ། དེ་ལྟར་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་གོ །དང་པོ་ལ་གཉིས། སྤྱིའི་དོན་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། ངག་འདིའི་དོན་ལ་བསྟན་བཅོས་ཀྱི་བརྗོད་བྱ་སོགས་ཡོད་ཚུལ། ཁྱད་གཞི་ལ་ཁྱད་ཆོས་བརྒྱད་ལྡན་པའི་ཚུལ། དེ་ལ་གཞན་གྱི་རྩོད་པ་སྤང་བའོ། དང་པོ་ནི། སློབ་དཔོན་གྱིས་འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་
གི་བརྗོད་བྱ་ཕྱིན་ཅི་མ་ལོག་པར་སྟོན་པའི་སྒོ་ནས་ཆེ་བ་བརྗོད་ནས། བརྗོད་བྱ་རྟེན་འབྱུང་གི་ངོ་བོ་དང་ཐ་མི་དད་དུ་བཞུགས་པའི་སྟོན་པ་ལ་བསྟན་བཅོས་རྩོམ་པའི་རྒྱུ་ཅན་གྱི་ཕྱག་མཛད་པར་བཞེད་པས། གང་གིས་ཞེས་སོགས་གསུངས་སོ། །དེ་ལ་རྟེན་འབྱུང་འགག་པ་མེད་པ་ལ་སོགས་པ་ཁྱད་པར་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་ནི་རྩ་བ་ཤེས་རབ་ཀྱི་བརྗོད་བྱའོ། །སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བའི་མཚན་ཉིད་ཅན་གྱི་མྱ་ངན་ལས་འདས་པ་ནི་དེའི་ཉིད་དགོས་སོ། །ཚིག་གསལ་ལས་མཆོད་བརྗོད་ཀྱི་གཞུང་གིས་བསྟན་བཅོས་ཀྱི་བརྗོད་བྱ་དང་ཉིད་དགོས་བསྟན་ཞེས་གསུངས་པ་ནི་ངག་འདིས་རྟེན་འབྱུང་ཁྱད་པར་བརྒྱད་ལྡན་དང་སྤྲོས་པ་ཞི་བའི་མྱང་འདས་བསྟན་པ་ལ་བཤད་ཀྱང་རྩ་ཤེའི་བརྗོད་བྱ་དང་ཉིད་དགོས་ཡིན་པར་ངག་འདིས་བསྟན་པར་མི་བཞེད་དེ་གང་གིས་ཞེས་པ་ནས་ཞི་བསྟན་པ་ཞེས་གསུངས་པ་ནི་སྟོན་པས་དེ་ལྟར་བསྟན་པའི་དོན་ཡིན་པའི་ཕྱིར་རོ། །དགོས་པ་ནི་གདུལ་བྱ་གཞན་གྱིས་དྲང་ངེས་ཀྱི་དོན་མ་རྟོགས་པ་དང་ལོག་པར་རྟོག་པའི་ཐེ་ཚོམ་དང་ལོག་ཤེས་བསལ་ནས་ཇི་བཞིན་དུ་ཁོང་དུ་ཆུད་པ་སྟེ་དེའི་དོན་དུ་བརྗོད་བྱ་དེ་སྟོན་པའི་ཕྱིར་རོ། །དགོས་པ་བསྟན་བཅོས་ལ་རག་ལས་ཤིང་ཉིད་དགོས་དགོས་པ་ལ་རག་ལས་པ་ནི་འབྲེལ་པ་སྟེ་དངོས་སུ་མ་སྨོས་ཀྱང་ཤུགས་ལ་གནས་སོ། །སྤྲོས་པ་ཉེར་ཞི་ཞི་བའི་འགྲེལ་པ་ལས་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཟིགས་པ་ན་སེམས་སེམས་བྱུང་འཇུག་པ་མེད་པར་གསུངས་པའི་འཇུག་པ་ནི་འཇུག་འགྲེལ་ལས་སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་ལོག་པར་གསུངས་
པའི་རྒྱུ་བ་ཡིན་ལ་དེ་ཡང་ཚིག་གསལ་ལས། རྣམ་པར་རྟོག་པ་ནི་སེམས་ཀྱི་རྒྱུ་བ་ཡིན་ན་དེ་དང་བྲལ་བའི་ཕྱིར་དེ་ཁོ་ན་ཉིད་དེ་ནི་རྣམ་པར་རྟོག་པ་མེད་པ་ཡིན་ནོ། །ཇི་སྐད་དུ་མདོ་ལས་དོན་དམ་པའི་བདེན་པ་གང་ཞེ་ན་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ་ཞེས་དྲངས་པ་ལྟར་རྣམ་རྟོག་གི་རྒྱུ་བ་ལོག་པའི་དོན་ཡིན་གྱི་ཡེ་ཤེས་མེད་པར་སྟོན་པ་མིན་ནོ། །ཤེས་པ་དང་ཤེས་བྱའི་ཐ་སྙད་ལོག་པར་གསུངས་པ་ནི་མཉམ་གཞག་དེའི་ངོ་ན་དེ་གཉིས་ལོག་པ་ཡིན་གྱི་མཉམ་གཞག་དང་དོན་དམ་གཉིས་ཡུལ་དང་ཡུལ་ཅན་ཡིན་པ་འགོག་པ་མིན་ཏེ། ཡུལ་ཡུལ་ཅན་དུ་རིགས་ཤེས་ཀྱི་ངོར་མི་འཇོག་གི་ཐ་སྙད་པའི་ཤེས་ངོར་འཇོག་པའི་ཕྱིར་རོ། །འདི་གཉིས་ཕྱེད་ན་འདི་འདྲའི་དོགས་པ་མང་པོ་ལྡོག་གོ །ཉན་རང་ལ་བདག་མེད་གཉིས་ཀ་རྟོགས་པ་ཡོད་པར་བཞེད་པའི་ལུགས་ལ་ཚིག་གསལ་ལས་བཤད་པའི་དགོས་སོགས་བཞི་ཐེག་པ་ཆེ་ཆུང་གཉིས་ཀ་ལ་ཡོད་པར་འགྱུར་བས་འདིའི་གདུལ་བྱ་ཐེག་པ་ཐུན་མོང་བར་འགྱུར་རམ་ཞེ་ན། འཇུག་འགྲེལ་ལས་ཉན་ཐོས་ཀྱི་ཐེག་པ་ལས་ཆོས་ཀྱི་བདག་མེད་མདོར་མཚོན་པ་ཙམ་ཡིན་ལ། ཐེག་པ་ཆེན་པོར་རྒྱས་པར་བསྟན་པས་ཐེག་ཆེན་བསྟན་པ་དོན་མེད་དུ་མི་འགྱུར་བའི་ཤེས་བྱེད་དུ། མཚན་མ་མེད་པ་མ་རྟོགས་པར། ཁྱོད་ཀྱིས་ཐར་པ་མེད་པར་གསུངས། དེ་ཕྱིར་དེ་ནི་ཐེག་ཆེན་ལས། ཁྱོད་ཀྱིས་ཚང་བར་བསྟན་པ་ལགས། །ཞེས་འཇིག་རྟེན་ལས་འདས་པར་བསྟོད་པ་ལས་གསུངས་པ་དྲངས་སོ། །དེ་ལྟར་བྱས་ན་
གཞུང་འདིར་ལྟ་བ་ལས་མ་གཏོགས་པའི་ཐེག་ཆེན་གྱི་ཁྱད་ཆོས་མ་བསྟན་ཡང་ཆོས་ཀྱི་བདག་མེད་ཤིན་ཏུ་རྒྱས་པར་སྟོན་པས་ཆེད་དུ་བྱ་བའི་གདུལ་བྱ་ལ་ཁྱད་པར་ཡོད་དོ། །ཚིག་གསལ་ལས་ཀྱང་སྐྱེ་འཆི་ལ་སོགས་པའི་ཉེར་འཚེ་མ་ལུས་པ་དང་བྲལ་བ་ཞི་བའི་དོན་དུ་བཤད་དོ། །གཉིས་པ་ནི། སྐབས་འདིར་ཁྱད་གཞིར་བསྟན་པའི་རྟེན་འབྲེལ་ནི་འགྲེལ་པར་འདུས་བྱས་ཀྱི་རྟེན་འབྲེལ་ལ་བཤད་དོ། །དེ་ལ་ཕྲད་ལྟོས་རྟེན་གསུམ་རྣམ་གྲངས་པར་གསུངས་པས་རྟེན་པའི་སྒྲ་དོན་ནི་ཤེས་བྱ་ཐམས་ཅད་ལ་ཡོད་ལ་འབྱུང་བ་ལ་གཉིས་ཡོད་པའི་སྐྱེ་བ་ནི་འདུས་བྱས་མིན་པ་ལ་མེད་ཀྱང་དེ་ལ་བརྟེན་ནས་འགྲུབ་པ་ཡང་འབྱུང་བའི་དོན་དུ་གསུངས་པ་ཡོད་དེ། བྱེད་པོ་ལས་ལ་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ༌། ཞེས་ལས་ལ་བརྟེན་ནས་བྱེད་པ་པོ་འབྱུང་བར་གསུངས་ཀྱང་ལས་བྱེད་པ་པོའི་སྐྱེད་བྱེད་མིན་པ་དང༌། རིགས་པ་དེ་ཆོས་གཞན་ལ་ཡང་སྦྱར་བར་གསུངས་པའི་སྐབས་སུ་ཚད་མ་དང་གཞལ་བྱ་དང་བསྒྲུབ་བྱ་དང་སྒྲུབ་བྱེད་ཕན་ཚུན་ལ་བརྟེན་ནས་འབྱུང་བར་གསུངས་ཀྱང་ཕན་ཚུན་སྐྱེད་བྱེད་དུ་མི་རུང་ངོ༌། །རིན་ཆེན་འཕྲེང་བ་ལས་ཀྱང༌། འདི་ཡོད་ན་ནི་འདི་འབྱུང་སྟེ། ཐུང་ངུ་ཡོད་ན་རིང་པོ་བཞོན། །ཞེས་གསུངས་ཀྱང་ཐུང་ངུ་རིང་པོའི་སྐྱེད་བྱེད་མིན་པ་བཞིན་ནོ། །དེ་ཡང་རང་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ན་བྲལ་འབྲས་མ་གཏོགས་པ་རྣམས་དངོས་པོ་ལ་བྱ་དགོས་ལ་དེ་མིན་པའི་རྟེན་འབྱུང་རྣམས་ནི་ཆོས་གཞན་ལ་བརྟེན་
ནས་འབྱུང་བ་ཡིན་ཡང་ལྟོས་ས་དེ་དེའི་རྒྱུ་རྐྱེན་མིན་ནོ། །དེ་ལྟར་བྱས་ན། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ཡང་ལེགས་པར་དྲངས་པར་འགྱུར་རོ། །འགག་སོགས་བརྒྱད་ནི་ཐ་སྙད་དུ་ཡོད་པས་ཁྱད་པར་མ་སྦྱར་བར་དགག་མི་ནུས་སོ། ཁྱད་པར་ནི་ཚིག་གསལ་ལས་སྐབས་འདིར་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་འགག་པ་སོགས་མེད་པ་ཞེས་གསུངས་ལ་སྐབས་འོག་མར་མ་རིག་པའི་རབ་རིབ་དང་བྲལ་བའི་ཡེ་ཤེས་ཟག་པ་མེད་པའི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་ནི་མ་ཡིན་ནོ་ཞེས་གཉིས་སྣང་གི་འཁྲུལ་པའི་ཟག་པ་མེད་པའི་ཡེ་ཤེས་ལ་གསུངས་པས་རྟེན་འབྱུང་གང་ལ་འགག་སོགས་གང་ཡོད་པའི་རྟེན་འབྱུང་དེ་ཁྱད་པར་གྱི་གཞིར་བཟུང་ནས་མཉམ་གཞག་ཟག་མེད་ཡེ་ཤེས་ཀྱི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་འགག་སོགས་བརྒྱད་མེད་པ་དེའི་ཁྱད་པར་གྱི་ཆོས་སུ་སྦྱར་རོ། །གསུམ་པ་ལ་གཉིས། འགག་སོགས་རང་བཞིན་དུ་མ་གྲུབ་པ་ལ་རྩོད་པ་སྤང་བ་དང༌། འགག་སོགས་ཀྱི་གྲངས་དང་གོ་རིམ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གལ་ཏེ་ཁྱད་པར་དེ་ལྟར་སྦྱོར་ན་མཉམ་གཞག་ཟག་མེད་ཀྱི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་ཡོད་པ་དེ་དོན་དམ་པར་ཡོད་པར་འགྱུར་ལ་དེ་ལྟ་ན་དེའི་ངོར་དོན་དམ་པའི་བདེན་པ་ཡོད་པ་འགལ་ཞིང༌། གཞན་ཡང་དེའི་ངོར་ཆོས་ཉིད་འཇིག་པ་མེད་པ་ཡོན་པས་རྟག་པ་ཡོད་ལ་གཅིག་དང་ཐ་དད་དང་ཉོན་མོངས་རྒྱུན་ཆད་པའི་ཆད་པ་ཡང་ཡོད་པས་དེ་དག་དེའི་ངོར་མེད་པ་རྟེན་འབྱུང་ལ་ལྡན་པ་མི་འཐད་དོ་ཞེ་ན། འདི་ནི་མཉམ་གཞག་གི་ཡུལ་གྱི་རང་
བཞིན་ལ་ལྟོས་ནས་མེད་པར་གསུངས་པའི་དོན་མ་རྟོགས་པ་ཡིན་པས་བཤད་པར་བྱའོ། །དེ་ཡང་ཚིག་གསལ་ལས། དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་ལ་སོགས་པ་དག་བསྟན་པ་གང་ཡིན་པ་དེ་དག་ནི་མ་རིག་པའི་རབ་རིབ་དང་བྲལ་བ་དག་གི་ཡེ་ཤེས་ཟག་པ་མེད་པའི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པར་བྱས་པ་དག་གི་ཤེས་པའི་ཡུལ་ལ་ལྟོས་ནས་ཡིན་ནོ། །དེ་ཁོ་ནའི་གཟིགས་པ་ལ་ལྟོས་ནས་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ནི་བདེན་པ་དམ་པ་སྟེ་འདི་ལྟ་སྟེ་སླུ་བ་མེད་པའི་ཆོས་ཅན་མྱ་ངན་ལས་འདས་པའོ་ཞེས་གསུངས་པས་མཉམ་གཞག་ཟག་མེད་ཀྱི་ཡེ་ཤེས་མི་སྲིད་ན་ནི་དེའི་གཟིགས་པ་ལ་ལྟོས་ནས་གསུངས་མ་གསུངས་ཀྱི་རྣམ་དབྱེ་དེ་ལྟ་བུ་བྱར་མེད་ལ། དེ་ཡོད་ན་ནི་དེས་དེ་ཁོ་ན་ཉིད་མིན་པའི་ཡུལ་གཞན་ཡང་མི་འཇལ་ལ་ཡུལ་མེད་པའི་ཟག་མེད་ཀྱི་ཤེས་པ་ཡང་མི་སྲིད་པས་དེ་ཁོ་ན་ཉིད་རྟོགས་དགོས་སོ། །དེའི་ཚེ་དེའི་ངོ་ན་ཡོད་པ་ཙམ་དང་དེ་ཡི་ཡུལ་གྱི་རང་བཞིན་དུ་གྲུབ་པས་དོན་དམ་པར་ཡོད་དོ་ཞེས་འཇོག་པ་ཇི་ལྟར་རིགས། འོ་ན་རྟེན་འབྱུང་ལ་འགག་སོགས་དེ་ཁོ་ནར་གྲུབ་པ་འགོག་པའི་སྐབས་འདིར་ཟག་མེད་ཀྱི་ཡུལ་གྱི་རང་བཞིན་ལ་ལྟོས་པའི་འགག་སོགས་མེད་ཅེས་སྟོན་པ་ཅི་ཡིན་ཞེ་ན། ཁྱད་གཞི་རྟེན་འབྱུང་གང་ལ་འགག་སོགས་གང་ཡོད་པའི་ཁྱད་གཞི་དེ་འགག་སོགས་དེ་དང་དེར་ཡོད་པ་ཁྱད་གཞི་དེའི་རང་བཞིན་ནམ་གཤིས་ཡིན་མིན་དཔྱད་ནས་ཡིན་
པ་འགོག་པ་དེ་རྟེན་འབྱུང་ལ་འགག་སོགས་དེ་ཁོ་ནར་གྲུབ་པ་འགོག་པའི་དོན་ནོ། །རྟེན་འབྱུང་གི་འགག་སོགས་གཤིས་ཀྱི་འགག་སོགས་སུ་སོང་ན་ཟག་མེད་ཀྱི་ཡེ་ཤེས་ཀྱི་ཡུལ་གྱི་རང་བཞིན་དུ་གྲུབ་པའི་འགག་སོགས་སུ་འགྲོ་ཞིང༌། ཟག་མེད་ཀྱི་ཤེས་པའི་ཡུལ་གྱི་རང་བཞིན་ཞེས་པ་ཡང་རྟེན་འབྱུང་གི་ཡིན་ལུགས་ལ་ཟེར་བས་འགག་སོགས་རང་རང་གི་ཁྱད་གཞིའི་རྟེན་འབྱུང་གི་ཡིན་ལུགས་སུ་མ་གྲུབ་ཅེས་པའི་དོན་ནོ། །དེ་ལྟར་རྟེན་འབྱུང་འགག་སོགས་ཀྱི་ངོ་བོར་གཤིས་ལ་མ་གྲུབ་པ་དེ་ཉིད་རྟེན་འབྱུང་གི་གཤིས་ལུགས་ཡིན་པས་མཉམ་གཞག་ཟག་མེད་ཀྱི་ཡུལ་དུ་གྱུར་པའི་རང་བཞིན་ཡང་ཡིན་ནོ། །འདི་ལ་ཡང་རྟེན་འབྱུང་གི་གཤིས་ལུགས་ཡིན་པ་དེ་དེ་ཉིད་ཀྱི་གཤིས་ཡིན་མིན་དཔྱད་པ་ན་གཤིས་ཡིན་པ་རིགས་ཤེས་ཀྱིས་དགག་ནུས་པས་གཤིས་ལུགས་ལ་གྲུབ་པ་མིན་ནོ། །མྱུ་གུའི་སྐྱེ་བ་དོན་དམ་པར་མ་གྲུབ་པ་དེ་མྱུ་གུའི་ཆོས་ཉིད་ཡིན་ཀྱང་སྐྱེ་བ་དོན་དམ་དུ་མ་གྲུབ་པ་དེ་ཉིད་ཀྱི་ཆོས་ཉིད་མིན་ཏེ་རང་གི་ཆོས་ཉིད་ཡིན་པ་འགག་པའི་ཕྱིར་རོ། །དེས་ན་མྱུ་གུའི་སྐྱེ་བ་དོན་དམ་པར་མེད་པ་དེ་མྱུ་གུའི་དོན་དམ་དང་མྱུ་གུའི་ཡིན་ལུགས་སུ་གྲུབ་ཟིན་པས་དེ་འདྲ་བ་དེ་དོན་དམ་པར་གཤིས་ལུགས་ལ་གྲུབ་མ་གྲུབ་དཔྱོད་པ་ནི་མྱུ་གུའི་དོན་དམ་དང་གཤིས་ལུགས་སུ་ཡོད་མེད་དཔྱོད་པ་ག་ལ་ཡིན། འོན་ཀྱང་དེ་འདྲ་བ་མྱུ་གུའི་ཡིན་ལུགས་ཡིན་པ་དེ་སྐྱེ་མེད་དེ་ཡི་གཤིས་ཡིན་ནམ་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ཡིན་ཞེས་དཔྱོད་པ་ཡིན་ལ་དེ་ལྟར་དཔྱད་པའི་ཚེ་ཡང་དེ་ཉིད་ཀྱི་གཤིས་སུ་ཡོད་མེད་རིགས་ཤེས་ཀྱིས་རྙེད་མི་རྙེད་ནི་མྱུ་གུ་དང་རྣམ་པ་
ཐམས་ཅད་དུ་མཚུངས་སོ། །སྟོང་པ་ཉིད་སྟོང་པ་ཉིད་དང་རང་བཞིན་སྟོང་པ་ཉིད་དང་དོན་དམ་པ་སྟོང་པ་ཉིད་ཀྱི་སྐབས་སུ་དེ་ཁོ་ན་ཉིད་སྟོང་གཞིའི་ཆོས་ཅན་དུ་བཟུང་ནས་དོན་དམ་པར་ངོ་བོས་སྟོང་པར་སྟོན་དགོས་པ་ཡང་ཆོས་ཉིད་ཡོད་པ་དང་དོན་དམ་པར་མེད་པ་གཉིས་འགག་པར་འཛིན་པ་འདི་འགོག་པའི་ཆེད་དོ། །དེའི་ཕྱིར་དོན་དམ་དང་ཆོས་ཉིད་དང་དེ་ཁོ་ན་ཉིད་དང་གཤིས་ལུགས་རྣམས་མེད་པར་མི་འཐད་ལ། ཡོད་ནའང་དེ་དག་ཏུ་མ་གྲུབ་ན་གཞན་གང་དུ་གྲུབ་ཅེས་སྨྲ་བ་ནི་དོན་དམ་པར་གྲུབ་མ་གྲུབ་དཔྱོད་བའི་དཔྱོད་ལུགས་ཀྱི་རྣམ་པ་མ་ཆགས་པའི་གཏམ་མོ། །དེ་ལྟར་མི་ཤེས་པ་ཁ་ཅིག་དོན་དམ་ཤེས་བྱ་མིན་པར་འདོད་ལ་གཞན་དག་དེ་བདེན་པར་གྲུབ་བོ་ཞེས་སྨྲ་བ་ངན་པ་མང་དུ་བྱུང་ངོ༌། །གལ་ཏེ་རྟེན་འབྱུང་ལ་འགག་པ་སོགས་ཡོད་པ་དེ་ཡིན་ལུགས་ལ་མ་གྲུབ་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སྐྱེ་བ་དང་མ་རིག་པ་འགག་པས་འདུ་བྱེད་འགག་པ་དང༌། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་ཉེ་བར་ཞི་བ་བདེ། ཞེས་ཕུང་པོ་ཉེ་བར་ཞི་བའི་ཆད་པ་དང༌། དེ་བཞིན་གཤེགས་པ་རྣམས་བྱུང་རུང་མ་བྱུང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཁོ་ན་སྟེ། ཞེས་རྟག་པ་དང༌། སེམས་ཅན་གནས་པར་བྱེད་པའི་ཆོས་ནི་གཅིག་སྟེ་ཟས་བཞིའོ་ཞེས་དོན་གཅིག་དང་འཇིག་རྟེན་སྐྱོང་བའི་ཆོས་ནི་གཉིས་ཏེ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའོ་ཞེས་དོན་ཐ་དད་པ་དང༌། འཇིག་རྟེན་ཕ་རོལ་
ནས་འདིར་འོངས་སོ། །འདི་ནས་ཕ་རོལ་ཏུ་འགྲོའོ་ཞེས་སྐྱེ་བ་ལ་སོགས་པ་བརྒྱད་ཡོད་པར་གསུངས་པ་མི་འཐད་དོ་ཞེ་ན། འདི་ལ་ཚིག་གསལ་ལས་སྔར་དྲངས་པ་བཞིན་དུ་ཤེས་ངོ་གཉིས་ལ་ལྟོས་ནས་གསུངས་པའི་ལན་མཛད་དོ། །འདི་འདྲའི་རྩོད་པ་འོང་བ་ནི་སྐྱེ་འགག་སོགས་ཡིན་ལུགས་ལ་གྲུབ་པ་འགོག་པའི་ལུགས་ཀྱིས་སྐྱེ་བ་སོགས་ཀུན་རྫོབ་ཏུ་འཇོག་པས་འཁོར་བ་ལྡོག་འཇུག་ལ་སོགས་པ་ཡང་ཀུན་རྫོབ་ཏུ་ཡོད་པས་མདོ་དང་མི་འགལ་ཞེས་སྨྲ་མོད་ཀྱང༌། ཀུན་རྫོབ་པའི་དོན་དེ་དག་ལ་ཚད་མས་གྲུབ་པའི་འཇོག་ས་གཅིག་མེད་ན་ནི་ཐག་པ་ལ་སྦྲུལ་དུ་བཟུང་བའི་སྦྲུལ་ལ་རྒྱུ་འབྲས་སོགས་གང་ཡང་གཞག་ཏུ་མི་རུང་བ་བཞིན་དུ་འགྱུར་བས་དེ་དག་ཀུན་རྫོབ་ཏུ་འཇོག་ཅེས་པ་ཡང་མི་འགྲུབ་པས་སྐྱོན་སྤོང་མི་ནུས་ལ། ཚད་མས་གྲུབ་པས་རྣམ་གཞག་སྐྱོན་མེད་ཅིག་ཡོད་ན་ནི་དོན་དམ་པར་གྲུབ་པའི་དོན་འདོད་ཅིང་ཐ་སྙད་ཁས་མི་ལེན་པ་ཙམ་མོ་སྙམ་ནས་རྩོད་པ་ཡིན་ནོ། །དེའི་ལན་ནི་རབ་བྱེད་ཉེར་བཞི་པ་ལས་འཆད་པར་འགྱུར་བ་ལྟར་རྣམ་གཞག་དེ་དག་ཐམས་ཅད་ལུགས་འདི་ལ་རུང་བ་དང་གཞན་ལ་མི་རུང་ལུགས་རིགས་པའི་ལམ་ནས་འདོན་ཤེས་པ་ཞིག་དགོས་སོ། །དེ་ལྟ་མིན་པར་ཀུན་རྫོབ་ཏུ་ཡོད་པའི་དོན་ལ་འཆིང་གྲོལ་སོགས་ཁས་ལེན་ས་མེད་པར་འཁྲུལ་ངོ་འབའ་ཞིག་ལ་སྐྱེལ་དགོས་པ་བྱུང་ན་ལྟ་བའི་གོལ་ས་ཆེན་པོའོ། །དེའི་ཕྱིར་ཀུན་རྫོབ་པའི་ཆོས་རྣམས་དེ་འདྲ་བ་ཞིག་ཏུ་འདོད་པ་ལ་བློ་མཐུན་བྱས་ནས་དེ་དག་ལས་གཞན་པའི་ཆོས་བདེན་པར་ཡོད་མེད་ལ་རྩོད་པ་ནི་
དབུ་མ་པ་དང་དངོས་པོའི་ངོ་བོ་ཉིད་སྨྲ་བ་གང་གི་ཡང་ལུགས་མིན་ལ། ཁྱད་པར་དུ་ཀུན་རྫོབ་དེ་ལྟར་དུ་འདོད་ཕྱིན་ཆད་དེ་ལ་ཚད་མས་གྲུབ་པའི་དོན་འཇོག་ས་མེད་པས་ཁས་ལེན་པ་པོ་དང་ཁས་ལེན་གྱི་དམ་བཅའ་དང་སྒྲུབ་བྱེད་ཀྱི་ལུང་རིགས་ཐམས་ཅད་ཀྱང་ཚད་མས་མ་གྲུབ་པས་ཆོས་བདེན་པ་ཡོད་པ་ཚད་མས་སྒྲུབ་པ་ནི་བཞད་གད་ཀྱི་གནས་སོ། །གལ་ཏེ་དོན་དམ་པར་དེ་དག་གྲུབ་པ་བཀག་ནས་ཐ་སྙད་དུ་ཚད་མས་གྲུབ་པའི་དོན་ལེགས་པོར་འཇོག་ཤེས་ན་ནི་དེ་བཞིན་ཉིད་དང་ཆོས་སྐུ་སོགས་དོན་དམ་པའི་ཆོས་ཐམས་ཅད་ཀྱང་བདེན་པར་མ་གྲུབ་ཀྱང་ཡོད་པ་མཚན་ཉིད་པར་ཁས་བླངས་པས་ཆོག་པས། དེ་དག་བདེན་པར་མ་གྲུབ་ན་དེ་ཁོ་ན་ཉིད་རྟོགས་པ་དང་ཐོབ་བྱ་ཆོས་སྐུ་མེད་པར་འགྱུར་རོ་ཞེས་པ་ལ་སོགས་པ་སྨྲ་བའི་དོན་མེད་དོ། །དེས་ན་འཕགས་པའི་ཡུལ་གྱི་རང་སྡེ་ཆོས་བདེན་པར་འདོད་པ་རྣམས་ཀྱིས་དངོས་པོ་བདེན་པ་བསྒྲུབ་པ་ལ་ནན་ཏན་ཆེན་པོ་སྐྱེད་ཅིང་དེ་བདེན་པར་མ་གྲུབ་པར་འདོད་ཕན་ཆད་དེ་ནས་གཞན་བདེན་པར་གྲུབ་མ་གྲུབ་ལ་མི་རྩོད་པ་ནི་རིགས་པ་མི་ཤེས་པའི་རྒོལ་བ་མུ་ཅོར་སྨྲ་བ་རྣམས་ལས་ཁྱད་ཞུགས་པའི་ཁྱད་ཆོས་ཆེན་པོའོ། །དེའི་ཕྱིར་རྟོག་ལྡན་ལ་ཕན་གནོད་བྱེད་པའི་དངོས་པོ་ལ་བདེན་པར་སྨྲ་བའི་འཁྲུལ་གཞི་ཆེ་ལ་འབྲས་བུ་སྐྱེད་པར་མི་ནུས་པའི་འདུས་མ་བྱས་ལ་བདེན་པར་སྨྲ་བའི་འཁྲུལ་གཞི་ཆུང་བས། གཞུང་འདིར་ཡང༌། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཅེས་གསུངས་པ་ལྟར་དངོས་པོ་བདེན་པ་འགོག་པ་ཉིད་ལ་
ནན་ཏན་ཆེར་མཛད་དོ། །དེ་ལྟར་ན་མདོ་སྡེ་ལས་སྐྱེ་འགག་སོགས་ཡོད་པ་དང་མེད་པར་གསུངས་པ་གཉིས་ཀ་ཡོད་པས་དེ་གཉིས་ལས་དེ་ཁོ་ནའི་དོན་ཅན་གྱི་བསྟན་པ་ནི་གང་དགོངས་པ་ཅན་ནི་གང་སྙམ་དུ་ཐེ་ཚོམ་ཟ་བ་དང༌། དྲང་དོན་ལ་ངེས་དོན་དུ་འཛིན་པའི་ལོག་རྟོགས་བསལ་བའི་ཕྱིར་དུ་དྲང་ངེས་འབྱེད་པའི་བསྟན་བཅོས་འདི་མཛད་དོ། །དེ་གཉིས་ཀྱི་དོན་རྒྱས་པར་ནི་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱིས་དྲང་ངེས་ཕྱེ་བ་ལེགས་བར་བཤད་པའི་སྙིང་པོར་གཏན་ལ་ཕབ་ཟིན་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། རྟེན་འབྲེལ་ལ་འགག་སོགས་བརྒྱད་མེད་པར་སྟོན་པ་འདི་དགག་བྱ་ཐམས་ཅད་ལ་ཡིན་ན་ཉུངས་ལ་ཕྱོགས་ཙམ་མཚོན་པ་ལ་ཡིན་ན་འགག་པ་མེད་པ་ཞེས་པའི་རྐང་པ་གཉིས་ཀྱིས་ཀྱང་ཆོག་པས་མངས་སོ་ཞེ་ན། དེ་གཉིས་ཀ་མིན་ནོ། །འོ་ན་ཅི་ཞེ་ན་རྟེན་འབྱུང་ལ་ཁྱད་པར་མཐའ་ཡས་པ་ཡོད་ཀྱང་བརྒྱད་བཀོད་པ་ནི་འདི་དག་ཁོ་ན་གཙོ་བོར་རྩོད་པའི་ཡན་ལག་ཏུ་གྱུར་པའི་ཕྱིར་ཏེ། དངོས་པོའི་ངོ་བོ་ཉིད་སྨྲ་བ་རྣམས་ཕལ་ཆེར་འགག་པ་ལ་སོགས་པ་བརྒྱད་པོ་འདི་རྣམས་ཀྱིས་དངོས་པོ་ལ་རང་བཞིན་ཡོད་པར་སྟོན་པས་སོ། །རྩོད་ས་ནི་འགག་སོགས་ཀྱི་རང་བཞིན་ཡོད་མེད་ཡིན་པར་སྐབས་ཀྱིས་ཀྱང་ཤེས་ལ་བུད་ངྷ་པཱ་ལི་ཏ་ལས་ཀྱང་བཤད་དོ། །སྐྱེ་འགག་ལ་སོགས་པའི་དོན་གང་ཡིན་ལ་མི་མཐུན་པར་རྩོད་པ་ཡིན་པར་པར་ཧེ་ཏ་འདོད་ཅེས་སྨྲ་བ་ལྟར་ན་སྐབས་དོན་ལས་ཉམས་སོ། །དེ་ཡང་ངོ་བོ་ལ་ལྟོས་ནས་ནི་ཉམས་འཕེལ་བྱེད་པའི་སྐྱེ་འགག་གཉིས་དུས་ལ་ལྟོས་ནས་རྟག་ཆད་གཉིས་ཡུལ་ལ་ལྟོས་ནས་འགྲོ་འོང་གཉིས་ཟླ་ལ་ལྟོས་ནས་གཅིག་ཐ་དད་གཉིས་བསྟན་ནོ། །གལ་ཏེ་སྐྱེ་བ་ཡོད་ན་
འགག་པ་ཡོད་ལ་མེད་ན་མེད་པས་སྐྱེ་བ་མེད་པ་འགག་མེད་པ་ཞེས་སྨྲ་བར་རིགས་སོ་ཞེ་ན། མཆོད་སྦྱིན་ཚེ་སྟོད་ལ་སྐྱེས་ནས་ཚེ་སྨད་ལ་ཤི་བའི་སྐྱེ་འགག་ལ་སྔ་ཕྱི་ཡོད་ཀྱང་རང་མཚན་གྱིས་གྲུབ་པ་ལ་དེ་འདྲ་བའི་སྔ་ཕྱི་མེད་པར་བསྟན་པའི་ཕྱིར་དུ་གོ་རིམ་མ་ངེས་པ་མཛད་དེ། རང་མཚན་གྱིས་གྲུབ་ན་རང་བཞིན་གཅིག་ཐ་དད་ལས་མི་འདའ་ལ་སྔར་སྐྱེས་པ་དང་ཕྱིས་ཤི་བ་གཉིས་རང་བཞིན་ཐ་དད་ན་མཆོད་སྦྱིན་སྐྱེས་པའི་མཐར་མ་ཤི་བ་དང་ཤི་བའི་སྔོན་དུ་མ་སྐྱེས་པར་འགྱུར་རོ། །རང་བཞིན་གཅིག་ན་སྔར་སྐྱེས་པ་དེ་ཉིད་ཤི་བར་འགྱུར་ལ་དེ་ལྟ་ན་སྔར་གང་ཤི་བ་དེ་ཉིད་ཕྱིས་སྐྱེ་དགོས་པས་ལྷ་ཤི་ན་ལྷ་ཁོ་ནར་སྐྱེ་དགོས་པའི་སྐྱོན་དུ་འགྱུར་རོ། །གཉིས་པ་ནི། ཕྱག་འཚལ་ལོ་ཞེས་དྲང་སྟེ་འདུད་པའི་དོན་ནོ། །གང་ལ་ན་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པའི་རྫོགས་པའི་སངས་རྒྱས་དེ་ལའོ། །ཇི་ལྟར་དུ་བསྟན་ཞེ་ན། རྟེན་འབྱུང་དེ་ཉིད་རང་བཞིན་ཀྱིས་མ་སྐྱེས་པའི་ཕྱིར་མཉམ་གཞག་ཟག་མེད་ཀྱི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་འདི་ལ་སྐད་ཅིག་མར་འཇིག་པའི་འགག་པ་དང་རང་གི་དངོས་པོར་རེད་པའི་སྐྱེ་བ་དང་སྔ་མ་རྒྱུན་ཆད་པ་དང་དུས་ཀུན་ཏུ་གནས་པའི་རྟག་པ་དང་། ཡུལ་རིང་བ་ནས་ཉེ་བར་འོང་བ་དང་ཉེ་བ་ནས་རིང་བར་འགྲོ་བ་དང་དོན་སོ་སོ་བའི་ཐ་དད་པ་དང་དོན་སོ་སོ་བ་མ་ཡིན་པའི་གཅིག་པ་རྣམས་མེད་པར་བསྟན་ནོ། །རྟེན་འབྱུང་གི་དེ་ཁོ་ན་ཉིད་གནས་ཚུལ་བཞིན་འཕགས་པས་གཟིགས་པའི་དོན་བརྗོད་བྱ་རྗོད་བྱེད་དང་མཚན་མཚོན་ལ་སོགས་བའི་སྤྲོས་པ་ཐམས་ཅད་ལྡོག་
པའི་ཕྱིར་རྟེན་འབྱུང་གི་དེ་ཉིད་ལ་སྤྲོས་པ་ཉེར་ཞི་ཞེས་བྱའོ། །དེ་འདྲ་དེ་ལ་སེམས་དང་སེམས་བྱུང་གི་འཇུག་པ་རྣམ་རྟོག་གི་རྒྱུ་བ་མེད་པས་ཤེས་པ་དང་ཤེས་བྱའི་ཐ་སྙད་ལོག་པའི་སྒོ་ནས་སྐྱེ་རྒ་ན་འཆི་ལ་སོགས་པའི་ཉེ་བར་འཚེ་བ་མ་ལུས་པ་དང་བྲལ་བས་ཞི་བའོ། །རྟེན་འབྱུང་གི་དེ་ཉིད་ཐུགས་སུ་ཆུད་པས་རྒྱལ་བ་ཉག་གཅིག་དོན་ཕྱིན་ཅི་མ་ལོག་པ་གསུང་པར་གཟིགས་ཤིང་ཕ་རོལ་པོའི་སྨྲ་བ་ཐམས་ཅད་བྱིས་པ་བླ་བརྡོལ་སྨྲ་བ་དང་འདྲ་བར་མཁྱེན་ནས་ཐུགས་ཤིན་ཏུ་དང་བས་སླར་ཡང་སྟོན་པ་ལ་སྨྲ་བ་རྣམས་ཀྱི་དམ་པ་ཞེས་སྨྲ་བ་གཞན་ལས་འབྱེད་པའི་ཁྱད་པར་མཛད་དོ། །གང་གིས་ན་མགོན་པོ་ཀླུས་སོ། །དུས་ནི་བསྟན་བཅོས་རྩོམ་པའི་ཐོག་མར་རོ། །དགོས་པ་ནི་རང་དམ་པར་བསྟན་པ་དང་གཞན་དག་སྟོན་པ་ལ་དང་བ་བསྐྱེད་པའི་ཕྱིར་དུའོ། །སྟོན་པ་ལ་བསྟོད་པའི་སྒོ་མང་ཡང་རྟེན་འབྱུང་གསུང་པའི་སྒོ་ནས་བསྟོད་པ་འདི་དང་གཞན་དུ་མང་དུ་གསུངས་པ་ནི། རིགས་པ་དྲུག་ཅུ་པའི་མཆོད་བརྗོད་དུ་གསུངས་པ་ལྟར་རྟེན་འབྱུང་ཡིན་པའི་རྒྱུ་མཚན་གྱིས་སྐྱེ་འགག་ལ་སོགས་པའི་མཐའ་ཐམས་ཅད་འགོག་པའི་ཚུལ་དེས། བདག་ཉིད་ཆེན་པོ་འདི་ཐུགས་ཤིན་ཏུ་རངས་པའི་རྒྱུ་མཚན་གྱིས་ཡིན་ཏེ་རིགས་པ་རྣམས་ཀྱི་གཙོ་བོའང་འདི་ཉིད་དོ། །གཉིས་པ་ལ་གཉིས། རབ་བྱེད་ཀྱི་གཞུང་ཉམས་ལེན་གྱི་རིམ་པར་བསྒྲིག་པ་དང༌། རབ་བྱེད་ཀྱི་གཞུང་སོ་སོའོ་དོན་བཤད་པའོ། །དང་པོ་ལ་གཉིས། རིགས་པའི་དགག་བྱ་འཛིན་པའི་བློ་ངོས་གཟུང་བ་དང༌། དེ་འགོག་པའི་ཡན་ལག་ཏུ་
གཞུང་ཇི་ལྟར་བསྟན་པའོ། །དང་པོ་ལ་གཉིས། །དངོས་ཀྱི་དོན་དང༌། །དགག་བྱ་ལ་ཁྱད་པར་སྦྱར་བའི་ཚུལ་ལོ། །དང་པོ་ནི། རབ་བྱེད་ཉེར་དྲུག་པར་མ་རིག་པའི་དབང་གིས་འཁོར་བར་འཇུག་པའི་རིམ་པ་དང་མ་རིག་པ་འགགས་པས་འཁོར་བ་ལྡོག་པའི་རིམ་པ་གཉིས་དང༌། མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། ཞེས་དེ་ཁོ་ན་ཉིད་ཤེས་པའི་དོན་བསྒོམས་པས་མ་རིག་པ་སྤོང་བར་གསུངས་པས་དེ་ཁོ་ན་ཉིད་ཀྱི་དོན་རིག་མ་རིག་གཉིས་ཀྱི་དབང་གིས་འཁོར་འདས་གཉིས་སུ་འགྱུར་རོ། །དེ་ལ་མ་རིག་པ་ངོས་མ་ཟིན་ན་དེ་ཇི་ལྟར་སྤོང་བའི་ཐབས་མི་ཤེས་ཏེ་འབེམ་མ་མཐོང་བའི་མདའ་རྡིག་པ་དང་འདྲའོ། །དེའི་ཕྱིར་མ་རིག་པ་ངོས་གཟུང་བར་བྱ་སྟེ། དེ་ཡང་དེ་ཁོ་ན་ཉིད་རིག་པ་མེད་པ་ཙམ་དང་དེ་ལས་གཞན་པ་ཙམ་མིན་གྱི་དེའི་འཛིན་སྟངས་ཀྱི་བཟློག་ཕྱོགས་འཛིན་པའི་འགལ་བ་མི་མཐུན་ཕྱོགས་ཡིན་པས་ཡུལ་ཡང་དག་པར་ཡོད་པར་འཛིན་པ་ཞིག་སྟེ། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །ཞེས་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། དེ་བཞིན་སྨིག་རྒྱུ་ལྟ་བུ་ཡི། །འཇིག་རྟེན་ཡོད་ཅའམ་མེད་པ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། ཞེས་གསུངས་པའི་མེད་འཛིན་གྱི་རྨོངས་པ་ནི་ལས་འབྲས་ལ་རྨོངས་པའི་མ་རིག་པ་ཡིན་པས་འདིར་སྐབས་མིན་ནོ། །འཇིག་རྟེན་ཡོད་པར་འཛིན་པ་ནི་བདེན་
འཛིན་གྱི་མ་རིག་པའོ། །དེ་ལ་གཉིས་ལས་ཆོས་ཀྱི་བདག་ཏུ་རྨོངས་པའི་མ་རིག་པ་ནི་དམིགས་པ་མིག་རྣ་ལ་སོགས་པའི་ཆོས་ལ་དམིགས་ནས་རྣམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའོ། །གང་ཟག་གི་བདག་ཏུ་རྨོངས་པའི་མ་རིག་པ་ནི་དམིགས་པ་གང་ཟག་ལ་དམིགས་ནས་རྣམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའོ། །དེ་ཡང་རྒྱུད་གཞན་གྱི་གང་ཟག་ལ་དམིགས་ནས་དེ་ལྟར་འཛིན་པ་ནི་གང་ཟག་གི་བདག་འཛིན་ཡིན་ཡང་འཇིག་ལྟ་ལྷན་སྐྱེས་མིན་ནོ། །ངའོ་སྙམ་པ་སྐྱེ་བའི་གཞི་ང་ལ་དམིགས་ནས་རྣམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ནི་ངར་འཛིན་གྱི་འཇིག་ལྟ་ལྷན་སྐྱེས་དང་གང་ཟག་གི་བདག་ཏུ་རྨོངས་པ་གཉིས་ཀའོ། །ང་ཡི་བ་ལ་དམིགས་ནས་རྣམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ནི་ང་ཡིར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་དང་གང་ཟག་གི་བདག་གི་བ་ལ་རྨོངས་པའི་མ་རིག་པ་གཉིས་ཀའོ། །ང་ཡི་བའི་གཞི་མིག་རྣ་སོགས་ལ་དམིགས་ནས་དེ་ལྟར་འཛིན་པ་ནི་ཆོས་ཀྱི་བདག་འཛིན་ཡིན་པས་ང་ཡི་བ་ལ་དམིགས་ཞེས་པ་ནི་དེ་དག་ལ་དམིགས་པ་མིན་ནོ། །མེད་རྒྱུའི་བདག་གཅིག་ཉིད་གཞི་གང་ཟག་དང་ཆོས་ཀྱི་སྟེང་དུ་བཀག་པ་ལ་བདག་མེད་གཉིས་སུ་འཇོག་པས་བདག་གཉིས་ཀྱང་གཞི་སོ་སོའི་དབྱེ་བས་བཞག་གི་བདག་ལ་ཁྱད་མེད་དོ། །དེའི་ཕྱིར་བདག་ཏུ་འཛིན་པ་གཉིས་ཀྱང་དམིགས་པ་སོ་སོ་བ་མ་གཏོགས་པ་རྣམ་པ་འདྲ་སྟེ། བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་
རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ་ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་ཞེས་བྱ་བའོ་ཞེས་སོ། །སངས་རྒྱས་བསྐྱངས་ཀྱིས་ཀྱང་ཆོས་ཐམས་ཅད་བདག་མེད་པ་ཞེས་གསུངས་པའི་བདག་གི་སྒྲའི་དོན་ནི་ངོ་བོ་ཉིད་ཀྱི་དོན་ལ་བཤད་དོ། །ཡང་ངའོ་སྙམ་པའི་དམིགས་པ་ལ་བདག་ཏུ་འཇོག་པའི་ཚུལ་གཉིས་པ་ཞིག་ཡོད་དེ་འདི་ནི་ཐ་སྙད་དུ་ཡོད་པ་དང་ངར་འཛིན་གྱི་རྟེན་དུ་གསུངས་སོ། །འཇིག་ལྟ་ལྷན་སྐྱེས་ནི་ང་དང་ང་ཡི་བའི་རྣམ་པར་ཞུགས་པ་ཡིན་པས་ང་ལ་མ་དམིགས་པའི་ངར་འཛིན་ལྷན་སྐྱེས་མེད་དོ། །གང་ཟག་དང་ཆོས་བདེན་འཛིན་གྱི་རྨོངས་པ་ཡང་ཉོན་མོང་ཅན་གྱི་མ་རིག་པར་འཇུག་འགྲེལ་དང་བརྒྱ་པའི་འགྲེལ་པ་ལས་བཤད་ཅིང་སངས་རྒྱས་བསྐྱངས་ཀྱང་དེ་ལྟར་བཞེད་ལ། དེ་ཉིད་འཕགས་པ་ཡབ་སྲས་ཀྱི་བཞེད་པར་མང་དུ་བསྒྲུབས་ཟིན་པས་མ་སྤྲོས་སོ། །དེས་ན་སློབ་དཔོན་གཞན་གྱིས་ཤེས་སྒྲིབ་ཏུ་བཞེད་པའི་ཆོས་ཀྱི་བདག་འཛིན་ནི་འདིར་ཉོན་མོངས་སུ་འཇོག་གོ །རྣལ་འབྱོར་སྤྱོད་པ་པ་དང་དབུ་མ་རང་རྒྱུད་པ་རྣམས་ནི་གང་ཟག་དང་ཆོས་ལ་མེད་རྒྱུའི་བདག་གཉིས་ནི་ཆེས་མི་འདྲ་བར་འདོད་དེ་དེ་ཡི་རྒྱུ་མཚན་གྱིས་གང་ཟག་གི་བདག་མེད་རྟོགས་ན་ཆོས་ཀྱི་བདག་མེད་རྟོགས་དགོས་མི་དགོས་ཀྱང་མི་མཐུན་ནོ། །དགག་བྱ་ཀུན་བརྟགས་ཀྱི་འཛིན་པ་ནི་གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་པས་སེམས་ཅན་ཀུན་འཁོར་
བར་འཆིང་བྱེད་མིན་པས་འཆིང་བྱེད་ནི་གཉིས་ཀ་ལ་ཡོད་པའི་ལྷན་སྐྱེས་ཀྱི་བདག་འཛིན་ནོ། བརྒྱ་པ་ལས། རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །ཞེས་རང་བཞིན་སྒྲོ་འདོགས་པའི་རྟོག་པས་འཆིང་བས་དེའི་ཡུལ་འགོག་པར་གསུངས་སོ། །གཉིས་པ་ནི། དགག་བྱ་འཛིན་པའི་རྟོག་པ་ནི་ཡོད་པར་འཛིན་པའི་རྟོག་པ་གང་ཡིན་ཐམས་ཅད་མིན་གྱི་དོན་དམ་པར་རམ་རང་གི་མཚན་ཉིད་ཀྱིས་ཡོད་པར་འཛིན་པའོ། །དེ་ཡང་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་སྐྱེ་འཇིག་སོགས་ཡོད་པ་ཀུན་རྫོབ་དང་མེད་པ་དོན་དམ་པར་ཡིན་པའི་བདེན་གཉིས་ཀྱི་རྣམ་དབྱེ་ཤེས་དགོས་པར་གསུངས་ཤིང་རིན་ཆེན་ཕྲེང་བ་ལས་ཀྱང༌། དེ་བཞིན་སྒྱུ་འདྲའི་འཇིག་རྟེན་ལ། །སྐྱེ་དང་འཇིག་པ་ཉིད་སྣང་ཡང༌། །དམ་པའི་དོན་དུ་སྐྱེ་བ་དང༌། །འཇིག་པ་ཉིད་ནི་ཡོད་མ་ཡིན། ཞེས་གསུངས་པས་སྐྱེ་འཇིག་ལ་སོགས་པ་ཡོད་པ་ཙམ་མི་འགོག་ཅིང་དོན་དམ་པར་ཡོད་པ་དགག་བྱ་དང་དེ་ལྟར་འཛིན་པའི་བློ་དགག་བྱ་འཛིན་པའི་བློར་ཤེས་སོ། །དེ་བཞིན་དུ་དེ་དག་རང་བཞིན་ལས་མེད་དེ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། ཅེས་རང་བཞིན་ལས་ཡོད་པ་དང་ཡང་དག་པར་ཡོད་པ་ཞེས་ཁྱད་པར་སྦྱར་བ་དང༌། རིན་ཆེན་ཕྲེང་བ་ལས། གང་གི་ས་བོན་རྫུན་པ་དེའི། །སྐྱེ་བ་བདེན་པ་ག་ལ་ཞིག །ཞེས་བདེན་པའི་ཁྱད་པར་སྦྱར་ཞིང་ངེས་དོན་གྱི་མདོ་སྡེ་ལས་ཀྱང་ཁྱད་པར་སྦྱར་བ་དུ་མ་ཞིག་ཡོད་དོ། །ངོ་བོ་ཉིད་དང་རང་བཞིན་དང་རང་གི་མཚན་ཉིད་ལས་ཡོད་པ་དང་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་སོགས་ནི་འདྲ་
སྟེ་རང་ལས་གྲུབ་པ་ཞེས་ཀྱང་མང་དུ་འབྱུང་ངོ༌། །དེ་ལ་དབུ་མ་རང་རྒྱུད་པ་རྣམས་ནི་དོན་དམ་པ་དང་ཡང་དག་པ་དང་བདེན་པ་དང་དེ་ཁོ་ན་ཉིད་ཀྱི་ཁྱད་པར་སྦྱར་ན་ཡོད་པ་དགག་ནུས་ལ་དེ་དག་མ་སྦྱར་ན་ངོ་བོ་ཉིད་ཀྱིས་སམ་ངོ་བོ་ཉིད་ལས་ཡོད་པ་སོགས་སྦྱར་ཡང་འགོག་མི་ནུས་པར་བཞེད་དོ། །སངས་རྒྱས་བསྐྱངས་དང་ཟླ་བའི་ལུགས་ནི་ཁྱད་པར་སྔ་ཕྱི་གཉིས་གང་རུང་གཅིག་སྦྱར་ན་གཉིས་པ་མི་དགོས་པས་དེ་གཉིས་འདྲ་བར་བཞེད་ཀྱི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མི་སྦྱོར་བ་ཡང་མིན་ལ་དེ་གཉིས་གང་ཡང་མ་སྦྱར་བར་སྐྱེ་བ་སོགས་འགོག་ནུས་པ་ཡང་མི་བཞེད་དོ། །དེ་ཡང་འཇུག་འགྲེལ་ལས། གཟུགས་བརྙན་རང་བཞིན་མེད་པའི་རྒྱུ་དང་འབྲས་བུའི་རྣམ་པར་བཞག་པ་ཡང་ཤེས་བཞིན་དུ་མཁས་པ་སུ་ཞིག་གཟུགས་དང་ཚོར་བ་ལ་སོགས་པ་རྒྱུ་དང་འབྲས་བུ་ལས་ཐ་དད་མེད་པར་གནས་པ་རྣམས་ཡོད་པ་ཙམ་ཞིག་ཏུ་དམིགས་པས། རང་བཞིན་དང་བཅས་པར་ངེས་པར་བྱེད་དེའི་ཕྱིར་ཡོད་པར་དམིགས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་དོ། ཞེས་ཡོད་པ་ཙམ་དང་རང་བཞིན་གྱིས་ཡོད་པ་གཞིས་ཀྱི་ཁྱད་པར་ཕྱེའོ། །དེ་དག་མ་ཕྱེད་ན་དངོས་པོ་ཡོད་ཕྱིན་ཆད་རང་གི་ངོ་བོ་ཡོད་པ་དང་རང་གི་ངོ་བོས་མེད་ཕྱིན་ཆད་ཡེ་མེད་དུ་སོང་ནས་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཉིས་ལས་མི་འདའ་སྟེ་བརྒྱ་པའི་འགྲེལ་པ་ལས། དངོས་པོ་དངོས་པོ་ཡོད་པར་སྨྲ་བའི་ལྟར་ན་ནི་ཇི་སྲིད་དུ་དངོས་པོ་དེའི་ཡོད་པ་ཉིད་ཡིན་པ་དེ་སྲིད་དུ་དེ་ལྟར་རང་གི་ངོ་བོ་
ཡང་ཡིན་པ་ཉིད་ལ། གང་གི་ཚེ་རང་གི་ངོ་བོ་དང་བྲལ་བ་དེའི་ཚེ་དེ་ལ་དངོས་པོ་དེ་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་བོང་བུའི་རྭ་དང་འདྲ་བས་གཉིས་སུ་སྨྲ་བ་ལས་མ་འདས་པའི་ཕྱིར་འདིའི་མངོན་པར་འདོད་པ་ཐམས་ཅད་འགྲིག་དཀའ་བར་འགྱུར་རོ། ཞེས་སོ། །དེས་ན་རང་གི་ངོ་བོས་མེད་པས་ཡོད་མཐའ་ཐམས་ཅད་དང་དེ་ཉིད་ལ་རང་བཞིན་མེད་པའི་རྒྱུ་འབྲས་འཇོག་ནུས་པས་མེད་མཐའ་ཐམས་ཅད་ལས་གྲོལ་བ་ནི་སློབ་དཔོན་འདི་གཉིས་ཀྱིས་འཕགས་པའི་དགོངས་པ་བཀྲལ་བའི་ཁྱད་ཆོས་སུ་སྣང་བས་ཡོད་པ་གཉིས་དང་མེད་པ་གཉིས་ཕྱེད་པ་ཤིན་ཏུ་གལ་ཆེའོ། །རང་གི་མཚན་ཉིད་ཀྱིས་ཡོད་པ་དང་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མིན་པའི་ཡོད་པ་གཉིས་ནི་འདྲ་ལ་ཀུན་རྫོབ་ཏུ་ཡོད་པ་ཐམས་ཅད་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པར་གསུངས་པའི་ཐ་སྙད་ཀྱི་དབང་གིས་བཞག་ལུགས་ནི། ངས་ལས་བསགས་སོ། །འབྲས་བུ་མྱོང་ངོ་ཞེས་ཐ་སྙད་འདོགས་པ་འདི་ལ་ཐ་སྙད་བཏགས་པའི་གཞི་དེ་ཇི་འདྲ་ཞིག་ཏུ་ཡོད་བཙལ་བ་ན། མིག་རྣ་ལ་སོགས་པ་རེ་རེ་བ་དང་ཚོགས་པ་ཡང་ང་མིན་ལ་དེ་དག་ལས་དོན་གཞན་ན་ཡང་ང་མེད་པ་ནི་གང་ཟག་རང་གི་ངོ་བོ་ཉིད་ཀྱིས་མེད་ཚུལ་ཡིན་ལ། དེ་ལྟ་ཡིན་ཀྱང་ངས་མཐོང་བ་སོགས་མེད་ན་ཐ་སྙད་པའི་ཚད་མས་གནོད་པས་ཡོད་པར་ནི་གྲུབ་ལ་དོན་རང་གི་ངོ་བོ་ཉིད་ཀྱིས་ཡོད་པར་མ་སོང་བ་ན་ཐ་སྙད་ཀྱི་དབང་གིས་ཡོད་པར་འགྲུབ་བོ། །ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་ཞེས་པའི་ཙམ་གྱི་སྒྲས་ཀྱང་དོན་རང་གི་ངོ་བོ་ཡོད་པ་གཅོད་ཀྱི་ཚད་མས་གྲུབ་པ་མི་གཅོད་དོ། །དེ་བཞིན་དུ་
མིང་དུ་བཏགས་པ་ཙམ་ཞེས་གསུངས་པའི་ཙམ་གྱི་སྒྲས་ཀྱང་མིང་མིན་པའི་དོན་ཡོད་པ་དང་དོན་ཚད་མས་གྲུབ་པ་ཡང་མི་གཅོད་ལ་མིང་གིས་གང་བཏགས་ཐམས་ཅད་ཐ་སྙད་དུ་ཡོད་པར་སྟོན་པ་ཡང་མིན་གྱི་དོན་རང་གི་ངོ་བོས་ཡོད་པ་གཅོད་དོ། །དེས་ན་རིན་ཆེན་ཕྲེང་བ་ལས། ཐ་སྙད་གདགས་པ་མ་གཏོགས་པར། །གང་ཞིག་ཡོད་དམ་མེད་འགྱུར་བའི། །འཇིག་རྟེན་དོན་དུ་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར་ཐ་སྙད་ཀྱི་དབང་གིས་ཡོད་པར་བཞག་པ་མིན་པའི་སྲིད་ཀྱང་ཐ་སྙད་ཀྱི་དབང་གིས་གང་བཞག་ཐམས་ཅད་ཡོད་པ་མིན་ནོ། །དེ་ཡང་མཆོད་སྦྱིན་གྱིས་གཟུགས་མཐོང་ཞེས་པ་དང་མཆོད་སྦྱིན་རྫས་ཡོད་ཀྱིས་མཐོང་ཞེས་པའི་ཐ་སྙད་བཏགས་པའི་བཏགས་སའི་དོན་དེ་ཇི་ལྟར་ཡོད་བཙལ་བས་ཅུང་ཟད་ཀྱང་མི་རྙེད་པ་ལ་ཁྱད་པར་ཅི་ཡང་མེད་ཀྱང་། སྔ་མས་མཐོང་བ་ཐ་སྙད་དུ་མེད་པ་ལ་ཚད་མས་གནོད་ལ་ཕྱི་མས་མཐོང་བ་ཚད་མས་དགག་ནུས་པས་ཐ་སྙད་དུ་ཡོད་པ་ལ་ཚད་མས་གནོད་པའི་ཕྱིར་ཐ་སྙད་དུ་ཡོད་མེད་གཏན་མི་མཚུངས་སོ། །དེའི་རྒྱུ་མཚན་ཡང་རྫས་ཡོད་རིགས་པས་བཙལ་ན་རྙེད་དགོས་པས་དེས་མ་རྙེད་ན་དགག་ནུས་ལ་ཡོད་ཙམ་རིགས་པས་བཙལ་ན་རྙེད་དགོས་པ་མིན་པས་དེས་མ་རྙེད་པས་འགོག་མི་ནུས་པའི་ཕྱིར་རོ། །ཚུལ་དེ་ཡང་རིགས་པས་དཔྱད་མི་བཟོད་དང་རིགས་པས་གནོད་པ་དང་རིགས་ཤེས་ཀྱིས་མ་རྙེད་པ་དང་དེས་བཀག་པ་གཉིས་སོ་སོར་ཕྱེད་པ་ལ་རག་ལས་
སོ། །གལ་ཏེ་བཙལ་ཞིང་དཔྱད་པ་ན་དཔྱོད་བྱེད་ཀྱིས་ཡོད་པ་རྙེད་མི་སྲིད་པས་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པའི་དོན་དེ་ལྟར་ཁས་མི་ལེན་ན། འཇིག་རྟེན་ན་སྐྱེས་སམ་མ་སྐྱེས་འོངས་སམ་མ་འོངས་ཞེས་དཔྱོད་པ་ལ་གང་རུང་གཅིག་ཁས་ལེན་པ་དང་ཇི་ལྟར་མི་འགལ་སྙམ་ན། དེ་གཉིས་ནི་དཔྱོད་ལུགས་གཏན་མི་མཚུངས་ཏེ་འདི་ནི་སྐྱེ་བ་དང་འོངས་པའི་ཐ་སྙད་བཏགས་པ་དེ་ལ་དེ་ཙམ་གྱིས་མ་ཚིམ་པར་ཐ་སྙད་བཏགས་པའི་དོན་དེ་ཇི་འདྲ་ཞིག་ཏུ་ཡོད་བཙལ་བའི་དཔྱོད་ལུགས་མིན་ལ་སྔ་མ་དེ་ལྟར་དཔྱོད་པ་ཡིན་པའི་ཕྱིར་རོ། །དེས་ན་དཔྱོད་ལུགས་སྔ་མ་འདྲ་བས་དཔྱད་པའི་ཚེ་དཔྱོད་བྱེད་ཀྱིས་ཡོད་པར་རྙེད་པའི་དོན་ཁས་མི་ལེན་ལ་ཕྱི་མའི་དཔྱད་པའི་དོན་ཁས་བླངས་ཀྱང་རང་གི་ངོ་བོས་ཡོད་པ་ཁས་མི་ལེན་པས་ག་ལ་མཚུངས། རང་རྒྱུད་པ་རྣམས་ནི་སྔར་ལྟར་དཔྱོད་པ་དེ་ཙམ་ནི་དེ་ཁོ་ན་ཉིད་དུ་གྲུབ་མ་གྲུབ་དཔྱོད་པ་མིན་པར་འདོད་པས་དེ་འདྲས་བཙལ་བའི་དོན་ཡོད་པར་ཡང་འདོད་ལ་དེ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཡང་སྨྲ་སྟེ་དེ་ཙམ་ཞིག་ཐ་སྙད་དུ་མེད་ན་རྒྱུ་འབྲས་སོགས་གཏན་མི་རུང་ངོ་སྙམ་དུ་བསམས་སོ། །འོ་ན་འདི་པའི་ལུགས་ཀྱིས་དོན་དམ་པར་གྲུབ་མ་གྲུབ་དཔྱོད་པའི་མཚམས་གང་ནས་འཛིན་ཞེ་ན། འདིས་རྒྱུ་འབྲས་ལ་སོགས་པ་རྣམས་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པའི་ཡོད་པར་མི་འདོད་པས་ཐ་སྙད་པའི་དབང་པོ་ཤེས་པ་ལ་སོགས་པ་སྣང་ཞེན་གྱི་ཡུལ་གྱི་རང་གི་ངོ་བོས་ཡོད་པའི་དོན་ལ་མ་འཁྲུལ་བའི་ཤེས་པ་ལ་ཇི་ལྟར་སྣང་བའི་དབང་གིས་
བཞག་པ་མིན་པར་དོན་རང་གི་གནས་ལུགས་ཀྱི་དབང་གིས་ཡོད་པ་ནི་དོན་དམ་དུ་ཡོད་པ་དང༌། དེ་ལས་བཟློག་པ་ནི་ཀུན་རྫོབ་ཏུ་ཡོད་པར་འདོད་པས་དེ་འདྲ་བའི་ངོ་བོར་ཡོད་མེད་དཔྱོད་པ་ནས་དེ་ཁོ་ན་ཉིད་དུ་གྲུབ་མ་གྲུབ་དཔྱོད་པར་འགྱུར་རོ། །འཇིག་རྟེན་པ་དང་གྲུབ་མཐའི་དཔྱོད་ལུགས་དང་གྲུབ་མཐའ་ཡང་དེ་ཁོ་ན་ཉིད་དུ་གྲུབ་མ་གྲུབ་དཔྱོད་པའི་ཁྱད་པར་རྣམས་མ་ཤེས་ན། དཔྱོད་པའི་དོན་ཁས་ལེན་པ་ཐ་སྙད་དུ་ཡང་མི་འདོད་དོ་ཞེས་དབུ་མ་པ་གཉིས་ཀས་མང་དུ་བཤད་པ་ལ་འཁྲུལ་པ་ཆེན་པོ་སྐྱེ་ཞིང་ཐ་སྙད་དུ་ཡོད་མེད་ཀྱི་ཁྱད་པར་འབྱེད་པ་ཡང་ཤིན་ཏུ་དཀའ་བས་གཞན་དུ་ཞིབ་ཏུ་བཤད་པ་ལས་ཤེས་པར་བྱའོ། །སྔར་བཤད་པ་ལྟར་གྱི་དཔྱད་ནས་ཡོད་པར་འཛིན་པ་ནི་གྲུབ་མཐས་བཞག་པ་ཁོ་ན་ཡིན་པས་ལྷན་སྐྱེས་ཀྱི་བདག་འཛིན་གཉིས་ཀས་ནི་དེ་ལྟར་མི་འཛིན་ཀྱང་རང་གི་ངོ་བོས་ཡོད་པར་བཟུང་བ་ཡིན་ནོ། །དེའི་ཕྱིར་དེ་འདྲར་ཡོད་ན་དཔྱོད་བྱེད་ཀྱིས་བཙལ་བའི་ཚེ་རྙེད་དགོས་ལ་དེ་འགོག་པ་ན་དཔྱད་ནས་འགོག་པ་ཡང་འཐད་དོ། །སྔར་བསྟན་པའི་དཔྱོད་ཚུལ་དེ་ལྟར་བྱས་ན་མི་རྙེད་པའི་རང་བཞིན་གྱིས་སྟོང་པའི་རྒྱུ་འབྲས་འཇོག་པ་ནི་ཐལ་འགྱུར་པ་མིན་པ་སུས་ཀྱང་མི་ཤེས་པས་དེ་ལྟར་དཔྱད་ནས་མ་རྙེད་པ་ལ་དཔྱོད་བྱེད་ཀྱི་རིགས་པས་རྒྱུ་འབྲས་སོགས་ཐམས་ཅད་བཀག་པ་འདི་ཡི་ལུགས་སུ་འཛིན་པ་ནི་ཤིན་ཏུ་མི་རིགས་སོ། །སྟོང་ཉིད་བདུན་ཅུ་པ་ལས་ཀྱང༌། འདི་རྟེན་འདི་འབྱུང་ཞེས་བྱ་བའི། །འཇིག་རྟེན་ཚུལ་འདི་འགེག་མི་མཛད། །ཅེས་དང་རྩོད་
ཟློག་ལས་ཀྱང༌། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་གསུངས་སོ། །གཉིས་པ་ནི་དེ་ལྟར་ཡིན་ལུགས་ཀྱི་དོན་རིག་པ་ནི་མ་རིག་པས་ཇི་ལྟར་བཟུང་བའི་ཡུལ་དེ་མེད་པར་རྟོགས་པ་ཡིན་ལ། དེ་ནི་ཡུལ་དེ་ཡོད་པ་ལ་གནོད་བྱེད་དང་མེད་པའི་སྒྲུབ་བྱེད་ཀྱི་རིགས་པས་གཏན་ལ་ཕབ་པ་ལས་སྐྱེ་བ་ཡིན་གྱི། ཡུལ་བདག་གཉིས་ལས་ཡིད་ཚུར་བསྡུས་པ་ཙམ་ཞིག་གོམས་པ་ལས་མི་སྐྱེ་སྟེ། བརྒྱ་པ་ལས། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། ཞེས་བདག་ཏུ་བཟུང་བའི་ཡུལ་གྱི་བདག་མེད་པ་རྟོགས་དགོས་པར་གསུངས་པའི་ཕྱིར་རོ། །དེས་ན་ཡིད་བདག་གཉིས་ལ་མ་ཞུགས་པ་དང་བདག་མེད་གཉིས་ལ་ཞུགས་པའི་ཁྱད་པར་ཕྱེད་པར་བྱའོ། །དེ་ལ་ཡང་ཐོག་མར་གང་ཟག་གི་བདག་དང་བདག་གི་བར་འཛིན་པའི་མ་རིག་པའི་ཡུལ་མེད་པར་གཏན་ལ་དབབ་དགོས་ལ་དེ་ཡང་རབ་བྱེད་བཅོ་བརྒྱད་པས་སྟོན་ནོ། །དེ་ལྟར་གང་ཟག་ལ་རང་བཞིན་བཀག་པ་ན་འཇིག་རྟེན་ཕ་རོལ་ནས་འདིར་འོང་བ་དང་འདི་ནས་ཕ་རོལ་ཏུ་འགྲོ་བ་པོ་དང་ལས་དགེ་མི་དགེའི་བྱེད་པ་པོ་ཡོད་པས་དེ་མི་འཐད་དོ་སྙམ་པ་འགོག་པ་ལ་འགྲོ་འོང་དང་བྱེད་པ་པོ་བརྟག་པ་གཉིས་སོ། །ཕྱི་མར་ཉེ་བར་ལེན་པ་པོ་དང་བླང་བྱ་ཡང་ལས་དང་བྱེད་པ་པོ་བཞིན་དུ་རང་བཞིན་མེད་པར་བསྟན་པ་ལ་རང་བཞིན་མེད་ན་ཉེ་བར་ལེན་པ་པོར་མི་རུང་སྙམ་པ་འགོག་པ་ལ་སྔ་རོལ་ན་གནས་པ་བརྟག་པའོ། །དེ་ནས་ཉེ་བར་ལེན་པ་པོ་སྒྲུབ་པ་ལ་སྒྲུབ་བྱེད་དཔེ་རྟགས་གཉིས་ལས་དཔེ་དགག་པ་ནི་བཅུ་བའོ། །འཁོར་བ་ཡོད་པས་འཁོར་བ་པོ་དང་སྡུག་བསྔལ་ཡོད་པས་དེ་གང་
དང་ལྡན་པའི་བདག་ཡོད་དོ་ཞེས་པའི་རྟགས་འགོག་པ་ལ་བཅུ་གཅིག་པ་དང་བཅུ་གཉིས་པའོ། །དེ་ནས་ཆོས་ལ་བདག་ཏུ་འཛིན་པའི་མ་རིག་པའི་ཡུལ་འགོག་པ་ལ་ཕྱི་ནང་གི་ཆོས་རྣམས་ལ་སྐྱེ་བ་འགོག་པ་ནི་དང་པོའོ། །ལུང་ལས་སྐྱེ་མཆེད་དང་ཕུང་པོ་དང་ཁམས་ཡོད་པར་གསུངས་པས་རང་བཞིན་ཡོད་དོ་སྙམ་པ་འགོག་པ་ལ་སྐྱེ་མཆེད་བརྟག་པ་ལ་སོགས་པ་གསུམ་མོ། །དེ་ནས་དེ་གསུམ་གྱི་རྟེན་ཅན་གྱི་ཆགས་སོགས་དང་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་འཇིག་གནས་པ་དང་དེའི་རྒྱུ་ལས་དང་བྱེད་པ་པོ་ཡོད་པས་དེ་གསུམ་ལ་རང་བཞིན་ཡོད་དོ་ཞེས་པ་འགོག་པ་ལ་འདོད་ཆགས་དང་ཆགས་པ་བརྟག་པ་ལ་སོགས་པ་གསུམ་མོ། །བརྒྱད་པ་འདི་གང་ཟག་དང་ཆོས་ལ་རང་བཞིན་འགོག་པ་གཉིས་ཀ་ལ་སྦྱར་དུ་རུང་ངོ། །འདུ་བྱེད་བརྟག་པས་ནི་གང་ཟག་དང་ཆོས་སོ་སོར་མ་ཕྱེ་བར་དངོས་པོ་ཙམ་གྱིས་རང་བཞིན་གྱིས་སྟོང་པར་བསྟན་ནོ། །དེ་ནས་གང་ཟག་དང་ཆོས་སོ་སོར་ཕྱེ་བ་དང་མ་ཕྱེ་བར་དངོས་པོའི་རང་བཞིན་བཀག་པ་ལ་རང་བཞིན་ཡོད་པའི་སྒྲུབ་བྱེད་དུ་ཆོས་རྣམས་ཀྱི་ཕྲད་པ་བསྟན་པ་དང་སྐྱེད་པའི་རྒྱུ་རྐྱེན་ཉེ་བར་ལེན་པ་དང་གཅིག་ནས་གཅིག་ཏུ་འཁོར་བ་ཡོད་ཅེས་སྨྲ་བ་འགོག་པ་ལ་ཕྲད་པ་དང་རང་བཞིན་དང་བཅིངས་ཐར་བརྟག་པ་གསུམ་དང༌། འཁོར་བ་ལ་རང་བཞིན་ཡོད་པའི་སྒྲུབ་བྱེད་ལས་འབྲས་ཀྱི་འབྲེལ་བའི་རྟེན་ཡིན་པ་འགོག་པ་ལ་ལས་འབྲས་བརྟག་བའོ། །ཡང་དངོས་པོ་ལ་རང་བཞིན་ཡོད་པའི་སྒྲུབ་བྱེད་དུ་དུས་གསུམ་གདགས་པའི་རྒྱུ་ཡིན་པའི་ཕྱིར་ཞེས་པ་འགོག་པ་ལ་དུས་བརྟག་པ་དང༌།
དུས་ལ་རང་བཞིན་ཡོད་པར་སྒྲུབ་པ་ལ་འབྲས་བུའི་ལྷན་ཅིག་བྱེད་པའི་རྐྱེན་དང་འབྱུང་འཇིག་གི་རྒྱུ་ཡིན་པ་འགོག་པ་ལ་ཚོགས་པ་དང་འབྱུང་འཇིག་བརྟག་པ་གཉིས་སོ། །འབྱུང་འཇིག་བརྟག་པར་སྲིད་རྒྱུན་རང་བཞིན་གྱིས་སྟོང་པར་བསྟན་པ་ལ་སྲིད་རྒྱུན་གྱི་འབྲས་བུ་དེ་བཞིན་གཤེགས་པ་དང་རྒྱུ་ཉོན་མོངས་ཡོད་པས་མི་འཐད་དོ་ཞེས་པ་འགོག་པ་ལ་དེ་བཞིན་གཤེགས་པ་དང་ཕྱིན་ཅི་ལོག་བརྟག་པ་གཉིས་སོ། །དེ་ལྟར་ཆོས་རྣམས་རང་བཞིན་གྱིས་སྟོང་ན་བདེན་བཞི་སོགས་མི་འཐད་དོ་ཞེས་བདེན་པའི་ལན་དུ་རང་བཞིན་གྱིས་སྟོང་པ་ལ་དེ་དག་ཐམས་ཅད་འཐད་ཀྱི་མི་སྟོང་པ་ལ་མི་འཐད་དོ་ཞེས་བདེན་པ་བརྟག་པ་གསུངས་ཏེ་འདི་རང་བཞིན་འགོག་པའི་རབ་བྱེད་རེ་རེའི་མཐར་སྦྱར་རྒྱུ་ཡིན་ནོ། །རང་བཞིན་གྱིས་སྟོང་པ་ལ་ཁྱད་པར་དུ་མྱང་འདས་མི་འཐད་པར་རྩོད་པའི་ལན་དུ་མྱང་འདས་བརྟག་པ་བསྟན་ནོ། །དེ་ནས་རྟེན་འབྱུང་དང་དབུ་མའི་ལམ་དོན་གཅིག་པར་གསུངས་པའི་རྟེན་འབྱུང་ངམ་རྟེན་འབྱུང་མཐོང་ན་བདེན་བཞིའི་དེ་ཉིད་མཐོང་བར་གསུངས་པའི་རྟེན་འབྱུང་བསྟན་པར་བཞེད་ནས་རྟེན་འབྲེལ་བརྟག་པ་གསུངས་སོ། །རབ་བྱེད་སྔ་མ་རྣམས་ཀྱིས་བཤད་པའི་དེ་ཁོ་ན་ཉིད་ལ་རྨོངས་ན་འཁོར་བར་ལུགས་སུ་འཇུག་ལ་མ་རྨོངས་ན་ལུགས་ལས་ལྡོག་གོ་ཞེས་པ་ཡང་འདིའི་དོན་ལ་ཡོད་པས་གཉིས་ཀ་རུང་ངོ༌། །རྟེན་འབྱུང་གི་དེ་ཁོ་ན་ཉིད་མཐོང་ན། སྔོན་གྱི་མཐའ་ལ་སོགས་པའི་ལྟ་བ་ངན་པ་རྣམས་ལ་རྟན་པར་མི་བྱེད་པར་གསུངས་པའི་དོན་བསྒྲུབ་པའི་ཕྱིར་དུ་ལྟ་བ་བརྟག་པ་གསུངས་སོ། །དེ་ལྟར་ན་རང་རྒྱུད་ཀྱི་ལྷན་སྐྱེས་ཀྱི་བདག་
འཛིན་གྱིས་ཇི་ལྟར་བཟུང་ལེགས་པར་བལྟས་ལ་གཞུང་རྣམས་དེ་འགོག་པའི་ཐབས་སུ་ཤེས་པར་བྱས་ནས་ཉན་པ་དང་འཆད་པ་དང་ལྟ་བ་དང་སེམས་པ་དང་སྒོམ་པ་ལ་སོགས་པ་ཐམས་ཅད་ཀྱིས་བདག་ཏུ་འཛིན་པ་སུན་དབྱུང་བ་ལ་མཁས་པར་བྱའི་གཤགས་འགྱེད་པ་ཙམ་གྱི་མཁས་པ་ལ་དགའ་བར་མི་བྱའོ། །གཉིས་པ་ལ་གསུམ། རྟེན་འབྱུང་རང་བཞིན་གྱིས་སྟོང་པར་བསྟན་པ། །དེ་རྟོགས་མ་རྟོགས་ལས་འཁོར་བའི་འཇུག་ལྡོག་བྱེད་ལུགས། རྟེན་འབྱུང་རྟོགས་ན་ལྟ་བ་ངན་པ་ལྡོག་ཚུལ་ལོ། །དང་པོ་ལ་གཉིས། དངོས་ཀྱི་དོན་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། བདག་མེད་གཉིས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། རྒྱུ་འབྲས་ཀྱི་བྱ་བྱེད་ལ་བརྟགས་ནས་ཆོས་ལ་རང་བཞིན་དགག །འགྲོ་འོང་གི་བྱ་བྱེད་ལ་བརྟགས་ནས་གང་ཟག་ལ་རང་བཞིན་དགག་པའོ། །དང་པོ་ལ་གསུམ། རབ་བྱེད་ཀྱི་གཞུང་བཤད་པ། ངེས་དོན་གྱི་ལུང་དང་སྦྱར་བ། དོན་བསྡུས་ཏེ་རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ནི། དེ་ནི་སྔར་བཤད་པའི་འགག་པ་མེད་པ་ལ་སོགས་པ་སྟོན་པ་ལ་སྐྱེ་བ་བཀག་པས་འགག་པ་ལ་སོགས་པ་དགག་སླ་བར་དགོངས་ནས་ཐོག་མར་སྐྱེ་བ་དགག་པ་མཛད་དོ། །འདི་ལ་གཉིས། འབྲས་བུ་ལ་སྐྱེ་བའི་རང་བཞིན་དགག །སྐྱེད་བྱེད་ལ་རྐྱེན་གྱི་རང་བཞིན་དགག་པའོ། །དང་པོ་ལ་གཉིས། མཐའ་བཞིའི་སྐྱེ་བ་དགག་པ། གཞན་སྐྱེ་བཀག་པ་ལ་ལུང་འགལ་སྤང་བའོ། །དང་པོ་ལ་གཉིས། སྐྱེ་བ་འགོག་པའི་དམ་བཅའ་དང༌། སྐྱེ་བ་འགོག་པའི་རིགས་པའོ། །
དང་པོ་ལ་གཉིས། དངོས་ཀྱི་དོན་དང༌། འཕྲོས་པའི་དོན་ནོ། །དང་པོ་ནི། དེ་ལ་སུ་དག་ཅེས་པའི་སྒྲའི་རྣམ་གྲངས་གང་དག་ཅེས་པ་རྟེན་པའི་སྒྲས་བསྟན་པའི་ཕྱི་ནང་གི་དངོས་པོ་ནི་འགའ་ཞིག་ན་ཡང་ཞེས་པའི་སྒྲ་ཡི་རྣམ་གྲངས་གང་ན་ཡང་ཞེས་པ་རྟེན་གྱི་སྒྲས་བསྟན་པའི་ཡུལ་དང་དུས་དང་གྲུབ་པའི་མཐའ་གང་དུ་ཡང་བདག་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་དམ་བཅའ་གཞན་གསུམ་ལ་ཡང་སྦྱར་རོ། །ཡུལ་གྱི་དབང་གིས་ཡུལ་འགའ་ཞིག་ཏུ་གུར་ཀུམ་མི་སྐྱེ་བ་དང་དུས་ཀྱི་དབང་གིས་དུས་འགའ་ཞིག་གི་ཚེ་ལོ་ཏོག་མི་སྐྱེ་བ་ལྟ་བུ་ཡིན་ནམ་སྙམ་པ་ཡུལ་དུས་གང་ན་ཡང་ཞེས་པས་འགོག་པས་ནམ་ཡང་ཞེས་སྨོས་པ་དོན་མེད་པ་མིན་ནོ། །དབུ་མ་པའི་གྲུབ་མཐའི་དབང་གིས་མི་སྐྱེ་ཡང་དངོས་པོར་སྨྲ་བའི་གྲུབ་མཐའི་དབང་གིས་སྐྱེའོ་སྙམ་པ་གྲུབ་མཐའ་གང་ན་ཡང་ཞེས་པས་འགོག་པས་དངོས་པོར་སྨྲ་བའི་ལུགས་ལ་མི་སྐྱེ་ཞེས་སྟོན་པ་མིན་ནོ། །འདིར་དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་པ་ལྟ། །ཞེས་བསྟན་ནས་བདག་ལས་མ་ཡིན་ཞེས་པའི་རྐང་པ་གཉིས་འོག་ཏུ་འདྲེན་པའི་འགྱུར་ལེགས་ཞེས་སྨྲ་བ་ནི་མི་རིགས་ཏེ། བདག་ལས་མ་ཡིན་ཞེས་པ་ཅི་ཞིག་མ་ཡིན་ཞེས་དྲིས་པའི་ལན་དུ་སྐྱེ་བ་ནམ་ཡང་ཡོད་མ་ཡིན་ཞེས་སྦྱོར་ཞིང་གཞན་གསུམ་ལའང་དེ་ལྟར་སྦྱར་བར་ཤེས་རབ་སྒྲོན་མ་ལས་བཤད་པའི་ཕྱིར་རྒྱ་དཔེ་ལ་ཡང་དགག་སྒྲ་སྔ་ཕྱི་རྣམས་ཡོད་པར་གསལ་ལོ། །འཇུག་འགྲེལ་ལས་མཐའ་ཡི་ཡོད་མ་ཡིན་ཞེས་པ་ཡོད་པའི་སྒྲུབ་བྱེད་རང་ལས་སྐྱེ་བ་དང་འབྲེལ་གྱི་
ཡོད་པ་དང་ནི་མ་ཡིན་ཏེ་དེ་དགག་པ་དོན་གྱིས་འགྲུབ་པའི་ཕྱིར་རོ་ཞེས་བཤད་པ་ནི་རྐང་པ་ཕྱི་མ་གཉིས་ཀྱིས་དམ་བཅའ་དང་སྔ་མ་གཉིས་ཀྱིས་རྟགས་བསྟན་པར་འཆད་པ་ལྟར་མི་བྱ་ཞེས་པའི་དོན་ཏེ་གཞན་གསུམ་ལ་ཡང་འདྲའོ། །རང་བཞིན་གྱིས་སྐྱེ་བ་ཡོད་ན་དེའི་སྒྲུབ་བྱེད་དུ་མཐའ་བཞིའི་སྐྱེ་བ་གང་རུང་ཁས་བླང་དགོས་པས་ཡོད་པའི་སྒྲུབ་བྱེད་ཅེས་སྨོས་སོ། །མཐའ་བཞིའི་སྐྱེ་བ་ཁེགས་ན་རང་བཞིན་གྱིས་སྐྱེ་བ་དགག་པ་ཡང་ཤུགས་ཀྱིས་འགྲུབ་པས་དེ་ལྟར་སྦྱར་བ་ལ་རང་བཞིན་གྱིས་སྐྱེ་མེད་མི་འགྲུབ་པའི་སྐྱོན་མེད་པ་ནི་ཚིག་ཐ་མའི་དོན་ནོ། །དེས་ན་དབུ་མ་སྣང་བར་བཤད་པ་ལྟར་མཐའ་བཞིའི་སྐྱེ་བ་བཀག་པ་རྟགས་སུ་བྱས་ནས་རང་བཞིན་གྱིས་སྐྱེ་མེད་སྒྲུབ་པ་མི་རུང་ཞེས་པ་མིན་གྱི་སྔར་ལྟར་སོ་སོར་གཅོད་པ་གཞུང་དེའི་དོན་མིན་ཞེས་པའོ། །ཚིག་ངེས་གཟུང་གི་སྙིང་པོ་ཅན་ཡིན་པས་ངེས་གཟུང་ཡོད་ཅིང་དེ་ཡང་བདག་ལས་སྐྱེ་བ་མ་ཡིན་པ་ཁོ་ན་ཞེས་ངེས་གཟུང་མཐར་སྦྱར་དགོས་ལ་དེའི་ཚེ་བདག་ལས་མི་སྐྱེ་བ་ཙམ་མོ་ཞེས་པར་འགྱུར་བས་གཞན་ལས་ནི་སྐྱེ་ཞེས་མི་འདོད་པར་མི་འགྱུར་རམ་ཞེ་ན། སྐྱོན་མེད་དེ་ཁོ་ནའི་སྒྲས་བདག་ལས་སྐྱེ་བ་རྣམ་པར་བཅད་ཙམ་གྱི་མེད་དགག་བརྗོད་པར་འདོད་པའི་ཕྱིར་དང༌། གཞན་སྐྱེ་ཡང་གཞན་ལས་མིན་ཞེས་འགོག་པའི་ཕྱིར་རོ། །འདི་ནི་དམ་བཅའ་གཞན་གསུམ་ལ་ཡང་འདྲ་སྟེ་དམ་བཅའ་བཞི་ཀ་མེད་དགག་ཡིན་པས་དགག་ཚིག་གི་ངེས་གཟུང་གིས་དགག་བྱ་གཅོད་པ་ཙམ་མིན་པ་ཆོས་གཞན་མི་ འཕེན ་པའི་དོན་ནོ། །སྐྱེ་བ་ལ་རྒྱུ་ཡོད་མེད་གཉིས་
སུ་ཁ་ཚོན་ཆོད་ཅིང་རྒྱུ་ཡོད་ལ་འབྲས་བུ་དང་རྒྱུ་གཉིས་རང་བཞིན་གཅིག་ཐ་དད་རེ་རེ་བ་གཉིས་དང་གཉིས་ཀ་ཚོགས་པ་གསུམ་དུ་ཁ་ཚོན་ཆོད་པས་རང་བཞིན་གྱིས་སྐྱེ་བ་འགོག་པའི་དམ་བཅའ་ཡང་བཞིས་ཆོག་གོ །གཉིས་པ་ལ་གཉིས། དགག་པ་གཉིས་ཀྱི་མཚན་ཉིད་བསྟན་པ། དེ་གཉིས་གང་རྟགས་ཀྱི་བསྒྲུབ་བྱ་ཡིན་བསམ་པའོ། །དང་པོ་ནི། ལེགས་ལྡན་གྱིས་བདག་ལས་མ་ཡིན་ཞེས་སོགས་བཞི་ཀ་མེད་དགག་ཏུ་བཤད་ལ། བླ་བས་ཀྱང་བདག་ལས་མ་ཡིན་ཞེས་པ་མེད་དགག་ཏུ་གསུངས་ཏེ་དམ་བཅའ་གཞན་གསུམ་ལ་ཡང་འདྲའོ། །སྤྱིར་དགག་པ་ནི་བློས་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བ་ཡིན་པས་རང་མ་ཡིན་བཅད་པ་ལྟ་བུ་དངོས་པོ་ལ་དགག་བྱ་བཅད་པ་ཙམ་དགག་པ་མིན་ལ། ཆོས་ཉིད་དང་དོན་དམ་བདེན་པ་ལྟ་བུ་སྒྲས་དགག་བྱ་དངོས་སུ་མ་བཅད་ཀྱང་དེའི་དོན་བློ་ལ་འཆར་བ་ན་སྤྲོས་པ་བཅད་པའི་རྣམ་པ་ཅན་དུ་འཆར་བ་རྣམས་དགག་པ་ཡིན་ནོ། །དེ་ལ་གཉིས་ལས་མེད་དགག་ནི་བློས་དགག་བྱ་དངོས་སུ་བཅད་ནས་ཆོས་གཞན་མི་ འཕེན ་པའམ་མི་སྒྲུབ་པ་ཡིན་ཏེ། དཔེར་ན་བྲམ་ཟེས་ཆང་འཐུང་དུ་རུང་མི་རུང་དྲིས་པ་ན་ཆང་མི་བཏུང་ངོ་ཞེས་པ་ནི་ཆར་འཐུང་བ་རྣམ་པར་བཅད་པ་ཙམ་ཞིག་ཡིན་གྱི་དེ་ལས་གཞན་པའི་བཏུང་བ་བཏུང་ངོ་ཞེའམ་མི་བཏུང་ངོ་ཞེས་མི་སྒྲུབ་པ་བཞིན་ཏེ། །རྟོག་གེ་འབར་བ་ལས། མེད་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་ཙམ་ཞིག་འགོག་པར་ཟད་ཀྱི་དེ་དང་འདྲ་བ་དེ་མ་ཡིན་པ་གཞན་གྱི་དངོས་པོ་སྒྲུབ་པར་མི་བྱེད་པ་སྟེ། དཔེར་ན་བྲམ་ཟེས་ཆང་བཏུང་བར་མི་བྱའོ་ཞེས་པ་དེ་ཙམ་ཞིག་འགོག་པར་ཟད་ཀྱི་དེ་ལས་གཞན་པའི་བཏུང་བ་བཏུང་ངོ་ཞེའམ་མི་བཏུང་ངོ་ཞེས་མི་བརྗོད་པ་ལྟ་བུའོ།
ཞེས་གསུངས་པ་ལྟར་རོ། །མ་ཡིན་དགག་ནི་བློས་དགག་བྱ་བཅད་ནས་ཆོས་གཞན་ འཕེན ་པའམ་སྒྲུབ་པ་ཡིན་ཏེ། དཔེར་ན་སྐྱེས་བུ་གཅིག་དམངས་རིགས་སུ་སྟོན་འདོད་པ་ན་འདི་བྲམ་ཟེ་མ་ཡིན་ཞེས་པ་ནི་བྲམ་ཟེ་བཀག་པ་ཙམ་མིན་གྱི་བྲམ་ཟེ་ལས་གཞན་པ་དེ་ལས་ཐོས་པ་ལ་སོགས་པས་དམན་པའི་དམངས་རིགས་ཡིན་པར་སྒྲུབ་པ་ལྟ་བུ་སྟེ་རྟོག་གེ་འབར་བ་ལས། མ་ཡིན་པར་དགག་པ་ནི་དངོས་པོའི་ངོ་བོ་ཉིད་དགག་པས་དེ་དང་འདྲ་བ་དེ་ལས་གཞན་པའི་དངོས་པོའི་ངོ་བོ་ཉིད་སྒྲུབ་པར་བྱེད་པ་སྟེ། དཔེར་ན་འདི་བྲམ་ཟེ་མ་ཡིན་ནོ་ཞེས་དགག་པས་བྲམ་ཟེ་འདྲ་བ་དེ་ལས་གཞན་པ་བྲམ་ཟེ་མ་ཡིན་པ་དཀའ་ཐུབ་དང་ཐོས་པ་ལ་སོགས་པས་དམན་པའི་དམངས་རིགས་ཡིན་པར་སྒྲུབ་པ་ལྟ་བུའོ་ཞེས་གསུངས་པ་ལྟར་རོ། །ཆོས་གཞན་ འཕེན ་པ་ལ་དངོས་དང་ཤུགས་དང་སྐབས་ཀྱིས་འཕངས་པ་གསུམ་སྟེ་དང་པོ་ནི་བདག་མེད་པ་ཡོད་ཅེས་པ་ལྟ་བུ་སྟེ་དགག་བྱ་གཅོད་པ་དང་ཆོས་གཞན་ འཕེན ་པ་གཉིས་ཀ་ཆིག་གཙིག་གིས་སྒྲུབ་པའོ། །གཉིས་པ་ནི་མཆོད་སྦྱིན་ཚོན་པོ་ཉིན་པར་མི་ཟ་བ་ཞེས་པ་ལྟ་བུ་སྟེ་དོན་གྱིས་བསྟན་པའོ། །དེ་གཉིས་ནི་དངོས་ཤུགས་ལ་འཕངས་པ་རེ་རེ་བ་ཡིན་ལ་གཉིས་ཀ་ལྡན་པ་ནི་མཆོད་སྦྱིན་ཚོན་པོ་ཉིན་པར་མི་ཟ་བ་རིད་པ་མིན་པ་ཡོད་ཅེས་པ་ལྟ་བུའོ། །གསུམ་པ་ནི་སྐྱེས་བུ་གཅིག་རྒྱལ་རིགས་དང་བྲམ་ཟེ་གང་རུང་གཅིག་ཏུ་ངེས་ཤིང་ཁྱད་པར་མ་ངེས་པའི་སྐབས་སུ་འདི་བྲམ་ཟེ་མ་ཡིན་ཞེས་པ་ལྟ་བུ་སྟེ་རང་གི་ཚིག་གིས་མི་སྟོན་པའོ། །ཆོས་གཞན་ འཕེན ་ཚུལ་དེ་གསུམ་དུ་ངེས་པས་དེ་
དག་ནི་མ་ཡིན་དགག་ཡིན་ལ་དེ་གསུམ་གང་ཡང་མི་ འཕེན ་ན་དེ་ལས་གཞན་མེད་དགག་ཡིན་ཏེ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་དྲངས་པ་ལས། དགག་པ་དོན་གྱིས་བསྟན་པ་དང༌། །ཚིག་གཅིག་སྒྲུབ་པར་བྱེད་པ་དང༌། །དེ་ལྡན་རང་ཚིག་མི་སྟོན་པ། །མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་སོ། །དེས་ན་སྒྲའི་བསྟན་བྱ་དང་བློའི་ཡུལ་དུ་ཆོས་གཞན་ཤུགས་ལ་འཕངས་ན་ཡང་མེད་དགག་མིན་ནོ། ཁ་ཅིག་གཞི་སྒྲུབ་པ་དང་ཚོགས་ན་མེད་དགག་མིན་པར་སྨྲ་བ་མི་འཐད་དེ་བྲམ་ཟེ་སྒྲུབ་པ་ཡིན་པས་བྲམ་ཟེས་ཆང་མི་འཐུང་བ་དགག་བྱ་བཅད་ཙམ་ཡིན་པ་མི་འགོག་པའི་ཕྱིར་ཏེ་དཔེར་ན་སྒྲ་མངོན་གྱུར་ཡིན་པས་སྒྲ་མི་རྟག་པ་ལྐོག་གྱུར་ཡིན་པ་མི་འགོག་པ་བཞིན་ནོ། །གཞན་དག་གཞི་དང་ཚོགས་ན་ཆོས་གཞན་འཕངས་སོ་ཞེས་པ་ཡང་མི་འཐད་དེ་བྲམ་ཟེ་ལྟ་བུ་ནི་ཆོས་གཞན་ འཕེན ་མི་ འཕེན ་རྩི་བའི་གཞི་ཡིན་གྱི་འཕངས་པའི་ཆོས་གཞན་མིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས། མེད་དགག་བསྒྲུབ་བྱར་བསྟན་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གཞན་གྲགས་ཀྱི་རྟགས་ལ་ཡང་བསྒྲུབ་བྱ་ཡོད་པ་དང་མཐའ་བཞིའི་སྐྱེ་བ་ཐལ་བས་སུན་ཕྱུང་བས་ཀྱང་སྐྱེ་མེད་སྒྲུབ་པར་ཚིག་གསལ་ལས་བཤད་ལ། འཇུག་འགྲེལ་ལས་ཀྱང༌། དམ་བཅའ་བ་བཞི་པོ་དེ་རྗེས་སུ་བརྗོད་ནས་རིགས་པས་བསྒྲུབ་པའི་ཕྱིར་བཤད་པ། ཞེས་གསུངས་ཤིང་དམ་བཅའ་བཞི་མེད་དགག་ཏུ་བཞེད་པའི་ཕྱིར་རང་བཞིན་འགོག་པའི་སྐབས་ཐམས་ཅད་དུ་མེད་དགག་རྟགས་ཀྱི་བསྒྲུབ་བྱར་བྱའོ། །དེས་ན་ཚིག་གསལ་ལས། རྗེས་སུ་དཔག་པ་དག་
ནི་གཞན་གྱི་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། ཞེས་གསུངས་པ་ཡང་རང་བཞིན་ཡོད་པ་རྣམ་པར་བཅད་ཙམ་ཞིག་སྦྱོར་བ་རྣམས་ཀྱིས་སྒྲུབ་ཀྱི་དེ་ལས་གཞན་པའི་ཆོས་གཞན་མི་སྒྲུབ་པའི་དོན་ཡིན་པས་རང་བཞིན་ཡོད་པ་འགོག་གི་མེད་པ་མི་སྒྲུབ་ཅེས་པ་མིན་ནོ། །དེ་འདྲ་བའི་རིགས་རྣམས་ནི་རང་བཞིན་མེད་པ་སྟོན་པའི་ལུང་དང་དེ་ངེས་པའི་བློས་རང་བཞིན་རྣམ་པར་བཅད་ཙམ་ཞིག་བརྗོད་བྱ་དང་ཡུལ་དུ་བྱེད་ཀྱི་ཆོས་གཞན་མི་ འཕེན ་ནོ་ཞེས་མེད་དགག་ཏུ་སྟོན་པའི་དོན་ཡིན་ཏེ། བརྒྱ་པའི་འགྲེལ་པ་ལས། རང་བཞིན་སྒྲོ་འདོགས་པའི་རྟོག་པས་སེམས་ཅན་བཅིངས་པར་གཟིགས་ནས་དེ་བཟློག་པའི་དོན་དུ་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བར་དངོས་པོ་རྣམས་རང་བཞིན་མེད་པ་ཙམ་ཞིག་སྟོན་པར་མཛད་དེ། དེ་ལྟར་ན་འདི་ནི་མདོར་ན་སངས་རྒྱས་ཀྱི་གསུང་གི་དོན་ཡིན་ནོ་ཞེས་སློབ་དཔོན་གྱི་བསྟན་བཅོས་འདིས་རྣམ་པར་བཤད་དོ། ཞེས་དང༌། ཚིག་གསལ་ལས་ཀྱང༌། འཇིག་རྟེན་དེ་ན་ཇི་སྙེད་སྒྲ་ཡོད་པ། །ཐམས་ཅད་དངོས་མེད་ཅི་ཡང་མེད་པ་ཞེས། །བྱ་བ་ལ་སོགས་པ་འབྱུང་བས་ན་མེད་པར་དགག་པ་བརྗོད་པར་འདོད་པའི་ཕྱིར་དངོས་པོ་མེད་པའི་དོན་ནི་རང་བཞིན་མེད་པའི་དོན་ཡིན་ནོ། ཞེས་གསུངས་པ་བཞིན་ནོ། །རང་བཞིན་མེད་པ་ཙམ་ཞིག་སྟོན་ཞེས་པའི་ཙམ་གྱིས་རང་བཞིན་རྣམ་པར་བཅད་ཙམ་མིན་པ་སྒྲའི་བརྗོད་བྱར་འཕངས་པ་གཅོད་ཀྱི་རང་བཞིན་
མེད་པ་སྟོན་པ་ག་ལ་གཅོད་དེ་བཞིན་དུ་རིགས་པས་རང་བཞིན་ཡོད་པའི་ཕྱོགས་འགོག་པ་ཙམ་ཞིག་བྱེད་ཅེས་པས་ཀྱང་རང་བཞིན་བཀག་ཙམ་ལས་གཞན་པའི་ཆོས་སྒྲུབ་པ་གཅོད་ཀྱང་རང་བཞིན་བཀག་པ་ཙམ་སྒྲུབ་པར་བྱེད་པ་གཏན་མི་གཅོད་པས་མེད་དགག་ཏུ་སྟོན་པའི་དོན་ནོ། །གཞན་ཡང་ཕུང་གསུམ་སེལ་བའི་དངོས་འགལ་གཅིག་སྟོན་རྒྱུ་མེད་ན་ནི་ཡོད་མེད་དམ་གཅིག་དང་དུ་མ་སོགས་གང་འདོད་ཅེས་མཐའ་གཉིས་སུ་ཁ་ཚོན་བཅད་པའི་བརྟག་པ་བྱས་ནས་འགོགས་མེད་ལ་ཡོད་ན་དངོས་འགལ་གཅིག་འགོག་པ་ནི་ཅིག་ཤོས་སྒྲུབ་པ་མེད་ན་མེད་པ་ཡིན་ཏེ་དབུ་མ་སྣང་བ་ལས། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དག་ནི་ཅིག་ཤོས་དགག་པ་གཞན་སྒྲུབ་པ་མེད་ན་མེད་པ་ཡིན་པའི་ཕྱིར་གཉིས་ཀ་མ་ཡིན་པའི་ཕྱོགས་སུ་རྟོག་པ་ཡང་རིགས་པ་མ་ཡིན་ནོ། ཞེས་དང༌། གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པ་དེ་དག་ནི་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དག་ཡིན་ནོ། གང་དག་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་པ་དེ་དག་ནི་ཕུང་པོ་གཞན་སེལ་བར་བྱེད་པ་དག་ཡིན་ཏེ་དཔེར་ན་ལུས་ཅན་དང་ལུས་ཅན་མ་ཡིན་པ་ལ་སོགས་པའི་བྱེ་བྲག་ལྟ་བུའོ་ཞེས་གསུངས་པ་བཞིན་ནོ། །དགག་པ་གཉིས་ཀྱི་མཚན་ཉིད་དང་རང་བཞིན་འགོག་པའི་རྟགས་ཀྱི་བསྒྲུབ་བྱ་མེད་དགག་ཡིན་པ་དང་དངོས་འགལ་གཅིག་རྣམ་པར་བཅད་ན་ཅིག་ཤོས་ཡོངས་སུ་གཅོད་པ་དང་གཅིག་
འགོག་ན་ཅིག་ཤོས་སྒྲུབ་དགོས་པ་ལ་དབུ་མ་ཐལ་རང་ལ་ཁྱད་པར་ཡོད་པ་མ་ཡིན་ནོ། །རང་བཞིན་ཡོད་པ་ཚད་མས་རྣམ་པར་བཅད་པ་ན་དགག་བྱ་བཅད་པ་དེ་ཚད་མས་ངེས་པར་བྱེད་པས་ཡོངས་སུ་གཅོད་པར་བྱེད་ཅེས་གསུངས་ཏེ། དབུས་མཐའ་ལས། ཡོངས་སུ་གཅོད་དང་གོ་བྱེད་དང༌། ཞེས་གསུངས་པ་ལྟར་རོ། །དེས་ན་མྱུ་གུ་རང་བཞིན་མེད་པ་བསྒྲུབ་བྱ་ཡིན་ཀྱང་ཡོངས་གཅོད་བསྒྲུབ་བྱ་མིན་ནོ། །ཡོངས་གཅོད་ཐམས་ཅད་སྒྲུབ་པར་འདོད་པ་ནི་ཡོངས་གཅོད་ཀྱི་དོན་མི་ཤེས་པར་སྨྲ་བ་སྟེ་གཞི་འདི་ཆོས་འདི་མིན་པ་དང་འདི་ལ་ཆོས་འདི་མེད་པར་ཡོངས་སུ་གཅད་དགོས་པ་ནི་ཤེས་བྱ་ཐམས་ཅད་ལ་ཡོད་པའི་ཕྱིར་དང༌། བློས་དགག་བྱ་དངོས་སུ་བཅད་ནས་ངེས་པར་བྱ་དགོས་པ་རྣམས་དགག་པ་ཡིན་པའི་ཕྱིར་རོ། །རང་བཞིན་མེད་པ་ཡོད་ན་ནི་ཐ་སྙད་པའི་ཚད་མས་རང་བཞིན་ཡོད་པ་འགོག་མི་ནུས་པས་རང་བཞིན་མེད་པ་ཡང་མི་འགྲུབ་པའི་ཕྱིར་རིགས་ཤེས་ཀྱིས་འཇལ་ལོ། །དེ་མེད་ན་ནི་དགག་པ་གཉིས་ཀྱིས་རྣལ་མ་སྟེན་པས་དངོས་པོ་རྣམས་རང་བཞིན་ཡོད་པར་འགྱུར་ཏེ། རྩོད་ཟློག་ལས། གལ་ཏེ་རང་བཞིན་མེད་ཉིད་ཀྱིས། །ཅི་སྟེ་རང་བཞིན་མེད་ལ་ཟློག །རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཞེས་གསལ་བར་གསུངས་སོ། །རིགས་ཤེས་ཀྱིས་རང་བཞིན་ཕར་ལ་བཅད་པ་ཙམ་ཡིན་གྱི་རང་བཞིན་མེད་པ་ཡུལ་དུ་མི་བྱེད་པས་རྟགས་ཀྱིས་ཀྱང་དེ་མི་སྒྲུབ་ཅེས་སྨྲ་ན་ནི། ལུང་གིས་ཀྱང་རང་བཞིན་དང་བདག་ཕར་ལ་བཅད་པ་ཙམ་ཡིན་གྱི་རང་བཞིན་མེད་པ་དང་བདག་མེད་བརྗོད་བྱར་མི་བྱེད་ཅེས་སྨྲ་དགོས་པས་དོན་
དམ་སྟོན་པ་ཐམས་ཅད་ངེས་པའི་དོན་གྱི་གསུང་རབ་དང་དབུ་མའི་བསྟན་བཅོས་ཀྱིས་བརྗོད་བྱ་རྟེན་འབྱུང་མཐའ་བྲལ་གྱི་སྟོང་ཉིད་བསྟན་ནོ་ཞེས་ཀྱང་སྨྲ་བར་མི་བྱའོ། །དེ་ལྟར་ན་མྱུ་གུ་བདེན་ཡོད་དང་བདེན་མེད་བདེན་གྲུབ་གཉིས་ཀ་དགག་ནུས་ཀྱི་བདེན་པར་ཡོད་མེད་གཉིས་ཀ་དགག་མི་ནུས་ཏེ་དོན་དམ་པར་ཡོད་མེད་ཀྱང་དེ་དང་འདྲའོ། །གཉིས་པ་ལ་གཉིས། རང་བཞིན་མེད་པ་རིགས་ཤེས་ཀྱིས་ཡོད་པར་གྲུབ་པའི་རྩོད་པ་སྤང་བ་དང༌། རང་བཞིན་མེད་པ་རིགས་ཤེས་ཀྱིས་གྲུབ་ན་བདེན་པར་གྲུབ་པའི་རྩོད་པ་སྤང་བའོ། །དང་པོ་ནི། འདི་སྙམ་དུ་མྱུ་གུ་རང་བཞིན་གྱིས་མེད་པ་དེ་ཡོད་པར་རིགས་ཤེས་ཀྱིས་འགྲུབ་དགོས་ཏེ་ཚད་མ་གཞན་གྱིས་དེ་མི་འགྲུབ་པའི་ཕྱིར་དང༌། རིགས་ཤེས་ཀྱིས་རང་བཞིན་མེད་པ་གྲུབ་པའི་ཕྱིར་རོ། །རིགས་ཤེས་ཀྱིས་ཡོད་པར་རྙེད་ན་ནི། དེ་ཁོ་ནར་ཡོད་མེད་དང་ཡིན་མིན་དཔྱད་ཅིང་བཙལ་བའི་དོན་གང་རུང་གཅིག་རྙེད་པ་ཡིན་པའི་ཕྱིར་བདེན་པར་ཡོད་དོ། །དེ་ལྟར་ན་དགག་བྱ་བདེན་པ་འགོག་པའི་རིགས་པ་ཐམས་ཅད་དགག་བྱས་སྟོང་པ་བདེན་པ་ལ་ཡང་མཚུངས་པས་དགག་བྱ་ཡང་མི་ཁེགས་སོ་ཞེ་ན། འདི་ལ་རིགས་ཤེས་ཀྱིས་རང་བཞིན་གྱིས་གྲུབ་པ་མེད་དོ་སྙམ་དུ་བཟུང་བ་ཙམ་མ་གཏོགས་པ་རང་བཞིན་མེད་པ་ཡོད་པ་ལ་སོགས་པ་གང་དུ་ཡང་མི་འཛིན་པས་མེད་དགག་ཉིད་གཞལ་བྱར་འདོད་པ་ཡིན་ལ། གལ་ཏེ་རང་བཞིན་མེད་པ་ཡོད་པ་སོགས་སུ་འཛིན་ན་ཆོས་གཞན་རིགས་ཤེས་ཀྱི་ཡུལ་དུ་འཕངས་པས་མ་ཡིན་དགག་བསྒྲུབ་བྱ་དང་གཞལ་བྱར་འགྱུར་རོ། །དེས་ན་རིགས་ཤེས་ཀྱི་དངོས་ཀྱི་བྱེད་པས་
ནི་རང་བཞིན་མེད་པ་ཡོད་པར་མི་འགྲུབ་བོ། །འོན་ཏེ་རང་བཞིན་མེད་པ་ཡོད་པར་ནི་ཤུགས་ཀྱིས་རྟོགས་ལ་དེ་ཡང་རིགས་ཤེས་ཀྱིས་གྲུབ་པར་བྱ་དགོས་སོ་སྙམ་ན། དེ་ལྟ་ན་མྱུ་གུ་རང་བཞིན་མེད་དོ་ཞེས་པའི་སྒྲས་ཀྱང་རང་བཞིན་མེད་པ་ཡོད་པ་དེ་ཤུགས་ལ་བསྟན་དགོས་ཏེ་སྒྲ་དེའི་རྗེས་སུ་འབྲང་བའི་བློས་དེ་ཡོད་པར་ཤུགས་ལ་རྟོགས་པའི་ཕྱིར་རོ། །དེ་ཡི་ཕྱིར་དགག་བྱ་བཅད་ཙམ་མིན་པའི་ཆོས་གཞན་ཤུགས་ལ་འཕངས་པའང་མ་ཡིན་དགག་ཡིན་པས་མེད་དགག་ཡིན་པ་ཉམས་སོ། །གཞན་ཡང་ཚོན་པོ་ཉིན་པར་མི་ཟ་བ་ཞེས་པ་ནི་ཚོ་བས་ཟས་ཟོས་པའི་རྒྱུ་ཅན་དུ་གྲུབ་ལ། ཟ་དུས་ཉིན་མཚན་གཉིས་སུ་ངེས་ཤིང་ཉིན་མོ་ཟ་བ་བཅད་པ་དངོས་ལ་ཡོད་པའི་ཤུགས་ཀྱིས་མཚན་མོ་ཟ་བ་དེ་སྒྲ་དེའི་ཤུགས་བསྟན་དང་བློ་དེ་ཡི་ཤུགས་ཡུལ་ཡིན་ཀྱང༌། དེ་དང་མཚུངས་པའི་དངོས་ཀྱི་ནུས་པ་མྱུ་གུ་རང་བཞིན་མེད་ཅེས་པའི་སྒྲ་བློ་ལ་མི་སྣང་བས་ཤུགས་ལ་རྟོགས་པའི་རྒྱུ་མཚན་ཡང་མེད་དོ། །དེ་ལྟ་ནའང་བར་དུ་ཚད་མ་གཞན་བརྒྱུད་པ་ལ་མི་ལྟོས་པར་རིགས་ཤེས་ཀྱི་སྟོབས་ལ་བརྟེན་ནས་རང་བཞིན་མེད་པ་མེད་པར་འཛིན་པའི་སྒྲོ་འདོགས་དང་འཛིན་སྟངས་དངོས་སུ་འགལ་བའི་བློ་སྐྱེད་ནུས་ཤིང༌། དེ་ཉིད་ཀྱིས་དེ་གཅོད་པས་རིགས་ཤེས་ལ་བརྟེན་ནས་སྒྲོ་འདོགས་གཅོད་མོད་ཀྱང་རིགས་ཤེས་ཀྱིས་སྒྲོ་འདོགས་དེ་བཅད་པ་མིན་ནོ། །འདི་དཔེར་བརྗོད་ན་སྒྲ་མི་རྟག་པ་སྒྲུབ་པའི་ཚུལ་གསུམ་ངེས་པའི་ཚད་མ་སྐྱེས་པ་ན་བར་དུ་ཚད་མ་གཞན་བརྒྱུད་པ་ལ་མི་ལྟོས་པར་དེ་ཡི་མཐུ་ལ་བརྟེན་ནས། སྒྲ་
རྟག་འཛིན་གྱི་སྒྲོ་འདོགས་དང་འཛིན་སྟངས་དངོས་སུ་འགལ་བའི་བློ་སྐྱེད་ནུས་ཀྱང་སྒྲ་མི་རྟག་པ་ཚད་མ་སྔ་མའི་ཤུགས་ལ་གྲུབ་པ་དང་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཚད་མ་སྔ་མས་བཅད་པ་མིན་པ་བཞིན་ནོ། །དེས་ན་རྣམ་འགྲེལ་ལས། སྒྲ་ནི་བྱས་ཡིན་འདི་འདྲ་ཀུན། །མི་རྟག་ཅེས་ནི་བརྗོད་པས་ཀྱང༌། །དོན་གྱིས་དེ་ནི་འཇིག་བློར་འགྱུར། །ཞེས་དོན་གྱིས་ཏེ་ཤུགས་ཀྱིས་ཞེས་བཤད་ཀྱང་ཤུགས་རྟོགས་མིན་པ་དང་འདྲའོ། །ཅི་སྟེ་རང་བཞིན་མེད་པ་ཡོད་པའི་དོན་ནི་ཚད་མས་དམིགས་པ་ཡིན་ལ་དེ་ཡང་རིགས་ཤེས་ཀྱིས་གྲུབ་པས་ཡོད་པའི་དོན་དེས་གྲུབ་པ་ཡིན་ལ་ཚུལ་གསུམ་ནི་བསྒྲུབ་བྱའི་དོན་མིན་པས་མི་མཚུངས་སོ་ཞེ་ན། འདི་ལ་དབུ་མ་པ་ཐ་སྙད་དུ་རང་རིག་ཁས་ལེན་པས་ནི་རང་བཞིན་མེད་པ་ཚད་མས་དམིགས་པ་དེ་དམིགས་བྱེད་ཉམས་སུ་མྱོང་བའི་རང་རིག་གིས་ཤུགས་ལ་འགྲུབ་པར་བཞེད་ཀྱང་རང་རིག་ཐ་སྙད་པའི་ཚད་མར་བཞེད་པས་རིགས་ཤེས་ཀྱིས་གྲུབ་པ་མིན་ནོ། །ཟླ་བའི་བཞེད་པས་ཀྱང་ཡོད་པའི་དོན་དེ་རིགས་ཤེས་ཀྱིས་གྲུབ་པ་མིན་ཏེ་རིགས་ཤེས་ཀྱིས་ནི་དེ་ཁོ་ནར་ཡོད་མེད་དམ་ཡིན་མིན་དཔྱད་པའི་དོན་གང་རུང་གཅིག་རྙེད་པས་དེས་ཡོད་པར་རྙེད་ན་བདེན་གྲུབ་ཏུ་འགྲོ་བའི་ཕྱིར་རོ། །རང་རིག་གིས་ཤུགས་ལ་འགྲུབ་པར་ཡང་མི་བཞེད་དོ། །འོ་ན་ཇི་ལྟར་གྲུབ་ཅེ་ན། འདིར་ཚད་མའི་མཚན་ཉིད་མི་སླུ་བ་ནི་འཇིག་རྟེན་ན་ཇི་ལྟར་འཇོག་པ་བཞིན་དུ་བཞེད་ལ་འཇིག་རྟེན་ན་གསར་དུ་སླུ་མི་སླུའི་ཁྱད་མ་ཕྱེ་བར་སྤྱིར་མི་སླུ་བ་ལ་ཚད་མར་འཇོག་པས། མངོན་སུམ་ཚད་མ་རྟོག་མེད་ཀྱིས་དྲངས་
པའི་བཅད་ཤེས་རྣམས་ཀྱང་ཚད་མར་བཞེད་པར་མངོན་ནོ། །དེའི་ཕྱིར་རྟོག་པའི་ཚད་མ་ལ་ཡང་མངོན་སུམ་གྱི་ཚད་མ་ཡོད་དེ་བཅད་ཤེས་ཀྱི་ཡུལ་མངོན་གྱུར་དུ་འཇོག་པས་མངོན་གྱུར་ལ་མི་སླུ་བའི་ཕྱིར་རོ། །རང་བཞིན་མེད་པ་ཁྱད་གཞིར་གྲུབ་ནས་ཡོད་མེད་ཀྱི་དོན་དང་ཐ་སྙད་གང་ལ་ཡང་དཔྱོད་པ་མེད་པས་རྟགས་ཀྱིས་འགྲུབ་པ་མིན་ཞིང༌། རྟགས་ལ་མི་ལྟོས་པར་རང་བཞིན་མེད་པ་མེད་པར་འཛིན་པའི་སྒྲོ་འདོགས་གཅོད་པར་ཡང་ནུས་པས་རང་བཞིན་མེད་པ་ཡོད་པ་ནི་མངོན་གྱུར་རོ། །དེ་ཡང་ཡོད་པ་མངོན་གྱུར་ཡིན་པས་རང་བཞིན་མེད་པ་ལྐོག་གྱུར་ཡིན་ཀྱང་ད་ཚད་མས་གྲུབ་པ་ལ་རང་བཞིན་མེད་པ་ཡོད་པ་མངོན་གྱུར་ཡིན་ཏེ། དཔེར་ན་སྐད་ཅིག་མ་ལྐོག་གྱུར་ཡིན་པས་སྒྲ་དང་སྔོན་པོ་མངོན་གྱུར་ཡིན་ཀྱང་དེ་གཉིས་སྐད་ཅིག་མ་ལྐོག་གྱུར་ཡིན་པ་བཞིན་ནོ། །དེས་ན་ཡོད་པར་ངེས་པའི་ཐ་སྙད་པའི་བློ་ཡང་མངོན་གྱུར་ལ་མི་སླུ་བས་མངོན་སུམ་གྱི་ཚད་མའོ། །འདིས་མྱུ་གུ་ལ་སོགས་པ་རང་བཞིན་མེད་པར་རིགས་ཤེས་ཀྱིས་རྟོགས་པ་ལ་མྱུ་གུའི་སྣང་བ་རང་བཞིན་མེད་བཞིན་དུ་སྣང་བར་གང་གིས་འགྲུབ་པ་ཡང་ཤེས་པར་བྱའོ། །གཉིས་པ་ནི། འདིར་མྱུ་གུ་ལ་སོགས་པ་རང་བཞིན་མེད་པ་དེ་རིགས་ཤེས་ཀྱིས་གྲུབ་ན་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་འགྱུར་བར་མཐོང་ནས་ཁ་ཅིག་བདེན་དངོས་མེད་པ་བདེན་པར་གྲུབ་ཅེས་སྨྲ་ལ། གཞན་དག་རིགས་ཤེས་དང་རྗེས་དཔག་ཚད་མའི་ལྡོག་པ་སོ་སོར་ཕྱེ་ནས་དང་པོ་ལ་ཡུལ་མེད་ལ་ཕྱི་མ་ལ་ཡུལ་ཡོད་ཅེས་
སྨྲའོ། །དེ་གཉིས་ཀ་ཡང་མི་འཐད་དེ། འདི་ལྟར་མྱུ་གུ་ལ་སོགས་པ་བདེན་པར་ཡོད་མེད་དཔྱོད་པ་ནི་སྔར་ལྷན་སྐྱེས་ཀྱིས་བདེན་པར་ཡོད་པར་འཛིན་ཚུལ་བཤད་པ་ལྟར་དུ་ཡོད་མེད་དཔྱོད་པ་ཡིན་གྱི་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་ཡོད་མེད་དང༌། རིགས་ཤེས་ཀྱིས་གྲུབ་མ་གྲུབ་ཏུ་དཔྱོད་པ་མིན་པས། རིགས་ཤེས་ཀྱིས་གྲུབ་པ་ཙམ་ཞིག་ཁས་བླངས་པ་ལ་བདེན་པར་གྲུབ་པའི་དོན་ཁས་བླངས་ཞེས་སྨྲ་བའི་དོན་མེད་དོ། །གལ་ཏེ་བདེན་པའི་དོན་ཁས་མ་བླངས་ཀྱང་རིགས་ཤེས་ཀྱིས་གྲུབ་ན་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་གྲུབ་དགོས་ཏེ། རིགས་ཤེས་ཀྱིས་དཔྱད་མི་བཟོད་ན་དེས་གྲུབ་པར་འགལ་བའི་ཕྱིར་རོ། །རིགས་ཤེས་ཀྱིས་དཔྱད་བཟོད་དུ་ཡོད་ན་ནི་བདེན་པར་འགྱུར་རོ་སྙམ་ན། འདི་ཡང་རིགས་ཤེས་ཀྱིས་དཔྱད་བཟོད་དང་དེས་གྲུབ་པ་གཉིས་དོན་གཅིག་ཏུ་འདོད་པ་ཡིན་པས་རིགས་ཤེས་ཀྱིས་གྲུབ་པ་ཉིད་བདེན་པའི་དོན་དུ་འདོད་པར་སོང་བས་ཅི་ཙམ་ཞིག་ནས་བདེན་གྲུབ་ཏུ་འགྲོ་བའི་ས་མཚམས་མ་རྟོགས་པ་ཡིན་པས། འདི་ལ་སྔར་བཤད་པ་ལྟར་བདེན་འཛིན་གྱི་ཆད་བསྟན་པ་ཉིད་ཀྱིས་མི་འཐད་པ་རྟོགས་པར་སླའོ། །སྔར་མྱུ་གུ་ལ་སོགས་པ་བདེན་པར་ཡོད་དམ་མེད་བཙལ་བའི་འོག་ཏུ་བདེན་མེད་རིགས་ཤེས་ཀྱིས་རྙེད་པས་སླར་བདེན་མེད་བདེན་པར་ཡོད་དམ་མེད་བཙལ་བའི་ཚེ་བདེན་མེད་མི་རྙེད་ཀྱང་དེ་མ་རྙེད་པར་མི་འགྱུར་ལ། སྔར་མྱུ་གུ་ལ་སོགས་པ་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་བཟོད་དུ་ཡོད་མེད་བཙལ་བའི་ཚེ་ཡང་དཔྱད་བཟོད་མ་རྙེད་ལ་སླར་དཔྱད་བཟོད་དུ་མེད་པ་
དེ་ཉིད་དཔྱད་བཟོད་དུ་ཡོད་མེད་བཙལ་བའི་ཚེ་ཡང་དེ་ཉིད་མི་རྙེད་པས་རིགས་ཤྭེས་ཀྱིས་རྙེད་པ་དང་དེས་དཔྱད་བཟོད་གཉིས་ཀྱང་མི་མཚུངས་སོ། །དེས་ན་ཅི་ཙམ་ཞིག་ཏུ་གྲུབ་ན་བདེན་གྲུབ་ཏུ་འགྲོ་བའི་མ་མཐའི་ས་ཚིགས་རྟོགས་པ་ལ་བསྒྲུབ་བྱ་དང་གཞལ་བྱ་མེད་དགག་ཡིན་པར་བསྟན་ནས་དོགས་པ་འདི་བཟློག་དགོས་ལ། རིགས་ཤེས་ཀྱིས་རང་བཞིན་མེད་པ་ཡོད་པར་གྲུབ་བོ་སྙམ་པ་མ་བཟློག་བར་དུ་གཞལ་བྱ་མེད་དགག་ཡིན་པར་ཡང་སྒྲུབ་མི་ནུས་སོ། །ཤེས་རབ་སྒྲོན་མ་ལས། མཐའ་བཞིའི་སྐྱེ་བ་མེད་པའི་དམ་བཅའ་མེད་དགག་ཏུ་མི་བྱེད་པར་མ་ཡིན་དགག་ཏུ་བྱེད་ན་ཡུམ་གྱི་མདོ་ལས་གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེར་ཕྱིན་ལ་མི་སྤྱོད་དོ་ཞེས་གསུངས་པ་དག་འགལ་བར་གསུངས་ཏེ། སྡུད་པ་ལས་ཀྱང༌། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་པ་དད་མ་ཡིན། ཞེས་པ་དང་དེ་འདྲ་བ་གཞན་ཡང་མང་སྟེ་དེ་དག་ཐམས་ཅད་ནི་རིགས་ཤེས་ཀྱིས་བདག་མེད་པ་དང་རང་བཞིན་གྱིས་སྟོང་པ་འཛིན་པ་ན། དགག་བྱའི་སྦྲོས་པ་རྣམ་པར་བཅད་ཙམ་མ་བཟུང་བར་དེ་ལས་གཞན་དུ་བདག་མེད་ཡོད་པ་སོགས་ཆོས་གཞན་འཕངས་པ་བཟུང་ན་བདེན་འཛིན་གྱི་མཚན་མ་ལ་སྤྱོད་ཀྱི་ཤེར་ཕྱིན་གྱི་དོན་སྒོམ་པ་མིན་པར་གསུངས་སོ། །དགག་བྱའི་སྤྲོས་པ་མེད་པར་དགག་བཙམ་དུ་བཟུང་ན་ཤེར་ཕྱིན་ལ་སྤྱོད་ཀྱི་མཚན་མ་ལ་སྦྱོད་པ་མིན་པ་ལ་དགོངས་ནས་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་
ཡང་དག་པར་རྗེས་སུ་བལྟའོ། ཞེས་དང་འཇུག་པ་ལས་ཀྱང༌། དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་བའི། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། ཞེས་སོགས་སྟོང་པ་དང་བདག་མེད་དུ་བལྟ་དགོས་པར་ཡང་མང་པོ་གསུངས་པ་མི་འགལ་བ་དེ་ལྟར་དུ་ཤེས་པར་བྱ་སྟེ། གཞན་དུ་ན་མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དང་མ་ཡིན་ཞེས་གསུངས་ཀྱང་སྐྱེ་བ་མེད་བ་ལ་སྤྱོད་ན་ཤེར་ཕྱིན་ལ་མི་སྤྱད་པར་གསུངས་པས་ཕན་ཚུན་འགལ་བར་འགྱུར་རོ། །དགག་པ་གཉིས་ཀྱི་སྒོ་ནས་སྤྲོས་པ་གཅོད་ལུགས་འདི་མ་ཕྱེད་པར་སྟོང་མི་སྟོང་དང་བདག་ཡོད་མེད་སོགས་གང་དུ་ཡང་མི་གཟུང་བར་གསུངས་པའི་ལུང་འགའ་ཞིག་ལ་འཁྲུལ་བས་བདག་མེད་པའི་ལྟ་བ་སྐྱོང་ལུགས་ཀྱི་གེགས་ཆེན་པོར་སོང་བ་མང་དུ་བྱུང་སྣང་ངོ༌། །གཞན་ཡང་འཇིག་རྟེན་བརྟག་པ་ལས། འདི་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་ཡོངས་སུ་འཇིན་པ་མིན། །ནག་པོ་མིན་ཞེས་སྨྲས་པ་ན། །དཀར་པོ་ཡིན་ཞེས་མ་བརྗོད་བཞིན། ཞེས་གསུངས་པས་དགག་བྱ་བཀག་ཙམ་ཡིན་གྱི་དེ་བཀག་པ་རྟགས་ཀྱི་བསྒྲུབ་བྱར་བྱེད་པ་མི་འཐད་དོ་སྙམ་ན། འདི་ནི་ཤེས་རབ་སྒྲོལ་མ་ལས། ངོ་བོ་ཉིད་ཡོད་པ་དགག་པ་བྱས་པར་ཟད་ཀྱི་དངོས་པོ་མེད་པ་ཉིད་དུ་ནི་མ་སྨྲས་ཏེ་ཞེས་པའི་སྒྲུབ་བྱེད་དུ་དྲངས་ཤིང་འགྲེལ་བཤད་ཀྱིས་ཀྱང་མེད་དགག་ཡིན་པའི་ཤེས་བྱེད་དུ་བཀྲལ་ལོ། །དཔེར་བརྗོད་ཀྱིས་ཀྱང་ཤེས་ཏེ་འདི་ནག་པོ་མིན་ཞེས་བརྗོད་པ་ན་ནག་པོ་བཀག་པ་ཙམ་ཡིན་གྱི་དེ་ལས་གཞན་པའི་དཀར་པོར་མ་བརྗོད་ཅེས་གསུངས་པས་དཀར་པོར་བརྗོད་པ་
བཀག་གི་ནག་པོ་བཀག་པ་ཙམ་དེ་མ་བརྗོད་ཅེས་འགག་པ་ག་ལ་ཡིན། དེ་བཞིན་དུ་རང་བཞིན་མེད་ཅེས་པ་འདི་ནི་ཡོད་པ་འགོག་པ་ཙམ་ཡིན་གྱི་དེ་ལས་གཞན་པའི་རང་བཞིན་མེད་པ་ཡོད་ཅེས་ཡོངས་སུ་འཛིན་པ་མིན་ནོ་ཞེས་བཤད་དགོས་པས། རང་བཞིན་ཡོད་པ་བཀག་ཙམ་དེ་ཚིག་དེས་མ་བརྗོད་པ་དང་བློ་དེས་ཡུལ་དུ་མི་བྱེད་པ་དང་རྟགས་ཀྱིས་མི་སྒྲུབ་ཅེས་སྟོན་པ་མིན་ནོ། །དངོས་པོ་མེད་པ་ཉིད་དུ་མ་སྨྲས་ཡང་རྟོག་གེ་འབར་བ་ལས། ས་ལ་སོགས་པ་དོན་དམ་པར་འབྱུང་བ་ལ་དོ་བོ་ཉིད་མ་ཡིན་པ་ཙམ་ཞིག་བྱེད་བར་ཟད་ཀྱི་གཞན་གྱི་ངོ་བོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་མི་སྒྲུབ། ཅེས་གསུངས་པ་ལྟར་རང་བཞིན་རྣམ་པར་བཅད་ཙམ་མིན་པ་རང་བཞིན་མེད་པའི་ངོ་བོ་ཉིད་དུ་གནས་པར་ཡང་མི་སྒྲུབ་པའི་དོན་ཏེ་དེ་ཉིད་ལས་ཡོད་བ་བཀག་པས་སྒྲུབ་པའི་ཚུལ་གྱིས་མེད་པའི་ངོ་བོ་ཉིད་སྒྲུབ་པར་མི་བྱེད་ཀྱི་མཐའ་གཉིས་སྤངས་པའི་ལམ་སྟོན་པར་འདོད་པར་བཤད་དོ། །དེ་བཞིན་དུ་ཚིག་གསལ་ལས་ཀྱང༌། ཁོ་བོ་ཅག་འདི་མེད་པ་དང་ཡོད་པར་མི་སྒྲུབ་ཀྱི་གཞན་གྱིས་ཡོད་པར་བཏགས་པ་དང་མེད་པར་བཏགས་པ་འགོག་སྟེ་མཐའ་གཉིས་བསལ་ནས་དབུ་མའི་ལམ་སྒྲུབ་པར་འདོད་པའི་ཕྱིར་རོ། ཞེས་གསུངས་པ་ཡང་ཕ་རོལ་པོས་ཁས་བླངས་པའི་ཡོད་མཐའ་དང་མེད་མཐའ་གཉིས་རྣམ་པར་གཅོད་པ་ཙམ་ཡིན་གྱི་དེ་མ་གཏོགས་པ་གཞན་མི་སྒྲུབ་ཅེས་བའི་དོན་ནོ། །མཐའ་གཉིས་བཀག་པ་ཙམ་མ་བསྒྲུབས་པ་ཡང་མ་ཡིན་ཏེ་མཐའ་གཉིས་བསལ་
ནས་དབུ་མའི་ལམ་སྒྲུབ་པར་གསུངས་པས་སོ། །གཉིས་པ་ལ་གཉིས། བདག་སྐྱེ་འགོག་པའི་རིགས་པ་དང༌། གཞན་སྐྱེ་སོགས་འགོག་པའི་རིགས་པའོ། །དང་པོ་ལ་གསུམ། རང་གི་ལུགས་བཞག་པ་དང༌། དེ་ལ་གཞན་གྱིས་སྐྱོན་བརྗོད་པའི་ཚུལ་དང་སྐྱོན་དེ་རང་ལུགས་ལ་མེད་བའི་རྒྱུ་མཚན་བཤད་པའོ། དང་པོ་ནི། གྲངས་ཅན་གྱིས་མིག་ལ་སོགས་པ་ནང་དང་མྱུ་གུ་ལ་སོགས་པའི་ཕྱིའི་དངོས་པོ་རྣམས་རྒྱུ་དུས་ན་མེད་པ་སྐྱེ་བ་མི་འཐད་པར་མཐོང་ནས། མེར་མེར་པོ་དང་ས་བོན་ལ་སོགས་པའི་རྒྱུའི་བདག་ཉིད་དུ་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པ་རྣམས་དེ་དག་ལས་སྐྱེ་བར་འདོད་ཅིང་གསལ་ཟིན་ནས་ནི་སྐྱེ་བར་མི་འདོད་དོ། །དེ་འགོག་པ་ན་སྐྱེ་བ་དོན་མེད་དུ་ཐལ་བས་འགོག་པ་ནི་མྱུ་གུ་ལ་སོགས་པ་རྣམས་སླར་ཡང་སྐྱེ་བ་དོན་མེད་པར་འགྱུར་ཏེ་རང་གི་བདག་ཉིད་ཐོབ་ཟིན་པའི་ཕྱིར་རོ། །སྐྱེ་བ་ནི་རང་གི་བདག་ཉིད་ཐོབ་པའི་དོན་དུ་ཡིན་ན་དེ་ཐོབ་ཟིན་ནས་སླར་ཡང་སྐྱེ་ན་དགོས་པ་མེད་དོ། །གལ་ཏེ་རང་གི་བདག་ཉིད་ཐོབ་ཟིན་ཀྱང་སྐྱེ་དགོས་བ་མི་འགལ་ལོ་ཞེ་ན་ཐུག་མེད་དུ་ཐལ་བས་འགོག་པ་ནི། དེ་ལྟ་ན་མྱུ་གུ་ལ་སོགས་པ་དེ་ནམ་ཡང་སླར་མི་སྐྱེ་པར་མི་འགྱུར་ཏེ། གྲུབ་ཟིན་ཀྱང་ཡང་སྐྱེ་དགོས་པའི་ཕྱིར་རོ། །དེ་ལ་ཕ་རོལ་པོས་ནུས་པའི་ངོ་བོར་མི་གསལ་བར་ཡོད་པ་གསལ་བར་སྐྱེ་དགོས་པ་དང་གསལ་ཟིན་ནས་སྐྱེ་མི་དགོས་པས་ཐལ་བ་སྔ་ཕྱི་གཉིས་ལ་ཁྱབ་པ་མེད་ཅེས་སྨྲ་མོད་ཀྱང་སྐྱོན་སྤོང་མི་ནུས་ཏེ་གསལ་བ་སྔ་ནས་ཡོད་ན་དེར་སྐྱེ་མི་དགོས་ལ་སྔ་ནས་ཡོད་ཀྱང་སྐྱེ་ན་ཐུག་མེད་སོ་ན་གནས་ཤིང་གསལ་བ་སྔར་མེད་ན་རྒྱུ་ལ་སྔར་ཡོད་ཁོ་ན་སྐྱེ་བའི་
ཕྱོགས་ཉམས་སོ། །གྲངས་ཅན་གྱི་ཁྱད་པར་འགའ་ཞིག་སྐྱེ་བར་མི་འདོད་ཀྱི་གསལ་བར་འདོད་མོད་ཀྱང་རིགས་པ་དེ་དག་གིས་དགག་པར་ནུས་སོ། །རབ་བྱེད་ཉི་ཤུ་པ་དང་བདུན་པར་འདི་འགོག་པའི་རིགས་པ་གཞན་ཡང་གསུངས་མོད་ཀྱང་སངས་རྒྱས་བསྐྱངས་ཀྱིས་རིགས་པ་གཉིས་ཀྱིས་བཀག་པ་འདི་ཡི་རིགས་ཀྱང་དུ་མ་ཞིག་གཞུང་ལས་འབྱུང་ངོ༌། །གཉིས་པ་ནི། འདིར་སངས་རྒྱས་བསྐྱངས་ཀྱིས་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་པའི་ཕྱིར་དང་སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་ཞེས་གསུངས་པ་ལ། ལེགས་ལྡན་གྱིས་དེ་ནི་མི་རིགས་ཏེ་སྦྱོར་བ་དེས་བདག་སྐྱེ་མེད་པར་སྒྲུབ་པའི་རྟགས་དང༌། དཔེ་གང་ཡང་མ་བརྗོད་པས་དམ་བཅས་པ་ཙམ་དུ་ཟད་པའི་ཕྱིར་དང༌། གྲངས་ཅན་གྱིས་བདག་ལས་ཞེས་པའི་དོན་འབྲས་བུ་གསལ་བའི་བདག་ཉིད་ལས་ཡིན་ན་ནི་གྲུབ་ཟིན་སྒྲུབ་པ་དང༌། རྒྱུ་མི་གསལ་བ་ནུས་པའི་བདག་ཉིད་ལས་ཡིན་ན་ནི་སྐྱེ་ལྡན་ཐམས་ཅད་དེ་ལས་སྐྱེ་བ་ཁོ་ན་ཡིན་པས་འགལ་བར་འགྱུར་རོ་ཞེས་དམ་བཅའ་ལ་བརྟགས་ནས་སྐྱོན་བརྗོད་པ་མ་བསལ་བའི་ཕྱིར་རོ། །རྒོལ་བ་གཞན་གྱི་ཀླན་ཀའི་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཡང་མི་རིགས་སོ། །ཚིག་གསལ་ལས་ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར་ཞེས་བསྒྱུར་ཡང་ཤེས་རབ་སྒྲོན་མ་ལས་གླགས་ཡོད་པའི་ཚིག་ཡིན་པའི་ཡང་ཕྱིར་ཏེ། ཞེས་བསྒྱུར་བ་ལྟར་འགྲེལ་བཤད་ཀྱིས་ཀྱང་བཤད་ལ་དེ་ཡི་ཕྱིར་ཡང་མི་
རིགས་ཞེས་མི་རིགས་པའི་རྒྱུ་མཚན་དུ་བཤད་དོ། །གླགས་ཡོད་པར་ཇི་ལྟར་འགྱུར་ན་སྐབས་ཀྱི་དོན་སྦྱོར་བ་དེ་ལས་བཟློག་པས་འགྱུར་རོ། །སྐབས་ཀྱི་དོན་ལས་བཟློག་པས་གླགས་ཡོད་པའི་ཚིག་ཏུ་འགྱུར་ཚུལ་ནི། དངོས་པོ་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ་ཞེས་པའི་བསྒྲུབ་པར་བྱ་བ་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བ་དང་སྒྲུབ་པའི་ཆོས་རྟགས་བཟློག་པའི་དོན་མངོན་པས་སྐྱེ་བ་དོན་བཅས་དང་ཐུག་བཅས་སུ་འགྱུར་བས་རང་གི་གྲུབ་མཐའ་དང་འགལ་བར་འགྱུར་བའི་སྐྱོན་ཡོད་ཅེས་ཟེར་རོ། །དོན་དང་ཐུག་མེད་ཀྱང་རྟགས་མིན་ལ་བདག་སྐྱེ་ཡོད་ན་དོན་དང་ཐུག་མེད་ཀྱང་རྟགས་སུ་མི་རུང་སྟེ་དེ་རྩོད་གཞིའི་སྟེང་དུ་གྲུབ་ན་བསྒྲུབ་བྱ་གྲུབ་དགོས་པའི་ཕྱིར་རོ། །དེས་ན་བཟློག་དོན་གཉིས་རྟགས་སོ། །དངོས་ཟིན་གྱི་རྟགས་བཟློག་དགོས་ན་དངོས་ཟིན་གྱི་དམ་བཅའ་ཡང་བཟློག་དགོས་ཏེ་མཚུངས་པའི་ཕྱིར་རོ། །དེ་ལ་རྟགས་བཟློག་པ་ལྟར་བྱར་མེད་པས་བདག་སྐྱེ་རྣམ་པར་བཅད་ཙམ་མིན་པ་བཟློག་པའི་དོན་ནོ། །འདི་ཐལ་ཆོས་ཀྱི་རྟགས་བཟློག་པ་མིན་ཏེ་བསྒྲུབ་པར་བྱ་བ་བཟློག་པས་ཞེས་བཤད་པའི་ཕྱིར་དང་བདག་སྐྱེ་མེད་པ་རྟགས་སུ་མ་སྨྲས་པའི་ཕྱིར་རོ། །དེ་ཡི་ཚེ་སྐྱེ་བ་དོན་དང་ཐུག་བཅས་ཡིན་པའི་ཕྱིར་དངོས་པོ་རྣམས་བདག་སྐྱེ་རྣམ་པར་བཅད་པ་ཙམ་མིན་ནོ་ཞེས་པས་གཞན་ལས་སྐྱེ་བར་འགྱུར་རོ། །དེ་ལྟ་ན་བདག་ལས་མིན་ཞེས་པའི་དོན་བདག་སྐྱེ་རྣམ་པར་བཅད་ཙམ་ཡིན་པའི་གྲུབ་མཐའ་དང་འགལ་ལོ། །འགྲེལ་བཤད་ཀྱིས་སློབ་དཔོན་གྱི་ལུང་ལས་གཞན་སྐྱེ་དང་སྐྱེ་བ་དོན་དང་ཐུག་བཅས་མི་བཞེད་པའི་གྲུབ་
མཐའ་དང་འགལ་ཞེས་འཆད་དོ། །སྐྱེ་བ་དོན་དང་ཐུག་མེད་རྟགས་སུ་བཀོད་པར་འདོད་ན་གཏན་ཚིགས་མ་བརྗོད་ཅེས་པ་མི་འཐད་དོ་ཞེ་ན། དེ་ནི་བདག་སྐྱེ་མེད་པ་སྒྲུབ་ནུས་པས་རྟགས་མ་བརྗོད་པ་ལ་འདོད་པས་དེའི་ལུགས་ལ་མི་འགལ་ལོ། །གསུམ་པ་ནི། དེ་ལྟར་སྨྲ་བ་ཟླ་བས་བཀག་པའི་ཚུལ་ནི། ཡང་སྐྱེ་བ་དོན་ཡོད་པ་དང་ཡོད་པ་གཉིས་འགལ་བར་བརྗོད་པའི་ཐལ་འགྱུར་གྱིས་བདག་སྐྱེ་དགག་ནུས་ལ་མི་ནུས་ན་རང་རྒྱུད་བཀོད་ཀྱང་མི་ནུས་པས་རང་རྒྱུད་ཀྱི་དཔེ་རྟགས་བརྗོད་མི་དགོས་པ་དང༌། དབུ་མ་པས་རང་རྒྱུད་ཁས་བླང་བར་མི་རིགས་པའི་ཕྱིར་རང་རྒྱུད་ཀྱི་དམ་བཅའ་དང་རྟགས་ལ་གཞན་གྱིས་སྨྲས་པའི་སྐྱོན་སྤོང་བྱེད་མི་དགོས་སོ། །དེ་ལྟ་ནའང་གྲངས་ཅན་རང་ལ་གྲགས་པའི་རྗེས་དཔག་གིས་འགལ་བ་བརྗོད་དགོས་པས་ཕྱིར་རྒོལ་གཞན་ལ་གྲགས་པའི་དཔེ་རྟགས་དང་དམ་བཅའ་རྣམས་དེའི་སྐྱོན་དང་བྲལ་བ་བྱ་དགོས་པ་མ་བརྗོད་ཅིང་ཉེས་པ་མ་བསལ་བའི་ཕྱིར་སྔར་གྱི་སྐྱོན་དུ་འགྱུར་རོ་ཞེ་ན། ཕྱི་རྒོལ་ཐམས་ཅད་ལ་གཞན་གྲགས་ངེས་པར་བརྗོད་མི་དགོས་ཤིང་འགའ་ཞིག་ལ་བརྗོད་དགོས་ནའང་བརྗོད་པ་ཡིན་ཏེ། སངས་རྒྱས་བསྐྱངས་ཀྱིས་རང་གི་བདག་ཉིད་དུ་ཡོད་པ་ལ་ནི་ཡང་སྐྱེ་བ་དགོས་པ་མེད་ཅེས་གསུངས་པ་ནི་དེ་དག་གི་ཞེས་སོགས་ཀྱི་འགྲེལ་པའི་ངག་ཡིན་པས་ཡོད་པ་རྟགས་དང་ཡང་སྐྱེ་བ་དོན་མེད་པ་བསྒྲུབ་བྱའོ། །དེས་ནི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་གཞན་ལ་གྲགས་པ་ཡང་བཟུང་བས་དཔེ་རྟགས་མ་བརྗོད་ཅེས་
ཅི་སྟེ་བརྗོད། མངོན་གསལ་གྱི་བུམ་པ་སླར་ཡང་གསལ་བར་མི་འདོད་པ་དཔེ་ཡིན་ལ་ནུས་པའི་ངོ་བོ་མི་གསལ་བ་སྐྱེ་བ་བཀག་པ་བསྒྲུབ་བྱ་ཡིན་པས། རྟགས་གྲུབ་པ་ལ་སྒྲུབ་པ་དང་འགལ་བར་དོགས་པ་ཡང་མེད་དོ། །དེས་ན་སྐྱོན་དང་པོ་གཉིས་མེད་དོ། །བཟློག་པའི་དོན་ཁས་བླངས་པ་ལ་སྐྱོན་བརྗོད་པ་མི་འཇུག་པ་ནི་ཐམ་བ་བཟློག་པའི་དོན་དང་ཡང་ཕ་རོལ་པོ་འབྲེལ་གྱི་ཁོ་བོ་ཅག་ནི་མ་ཡིན་ཏེ་རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ། འདི་ནི་དབུ་མ་པས་འཕངས་པའི་ཐལ་བ་ཐམས་ཅད་མིན་གྱི་སྔར་འཕངས་པའི་བདག་སྐྱེ་འགོག་པའི་ཐལ་བའོ། །དེའི་ཐལ་ཆོས་ནི་སྐྱེ་བ་དོན་དང་ཐུག་མེད་དུ་ཐལ་བ་ཙམ་མིན་གྱི་སླར་ཡང་སྐྱེ་བ་དོན་དང་ཐུག་མེད་ཡིན་ལ་ཐལ་ཆས་དེ་བཟློག་པའི་དོན་སླར་ཡང་སྐྱེ་བ་དོན་དང་ཐུག་བཅས་ནི་གྲགས་ཅན་ཁ་ན་འདོད་ཀྱི་རང་ལ་དེའི་ཁས་ལེན་མེད་པས་དེ་ཁས་བླངས་པའི་རྒྱུ་མཚན་གྱིས་གྲུབ་མཐའ་དང་འགལ་བ་ག་ལ་ཡོད། དེས་ན་གཞུང་འདིས་དབུམ་པས་ཐལ་བ་འཕངས་པ་ཐམས་ཅད་ཀྱི་བཟློག་པ་ཕ་རོལ་པོས་ཁས་ལེན་གྱི་རང་གིས་ཁས་མི་ལེན་པ་དང་སྤྱིར་དམ་བཅའ་མེད་པར་བསྟན་པ་མ་ཡིན་ནོ། །སངས་རྒྱས་བསྐྱངས་ཀྱི་ཡང་སྐྱེ་བ་དོན་མེད་ཅེས་ཡང་གི་སྒྲ་སྨོས་ལ་དེའི་དོན་ནི་མྱུ་གུ་རྒྱུ་དུས་ན་རང་གི་བདག་ཉིད་ཐོབ་ཟིན་པའི་འོག་ཏུ་སྐྱེ་བར་འདོད་པས་དེ་མེད་ཅེས་པའི་དོན་ནོ། །ཚིག་གསལ་ལས་ཀྱང་ཡང་གི་སྒྲ་སྨོས་ལ་འཇུག་པ་ལས་ཀྱང་སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། ཞེས་གསུངས་པས་ཡོད་པ་དང་སླར་ཡང་སྐྱེ་བ་གཉིས་འགལ་གྱི་ཡོད་པ་དང་སྐྱེ་བ་མི་འགལ་ལོ། །ཡོད་པ་དང་སྐྱེ་བ་ཐུག་བཅས་ཀྱང་དེ་དང་
འདྲའོ། །ཟླ་བས་ཐལ་བ་བཟློག་པའི་དོན་དང་རང་མ་འབྲེལ་བར་བསྟན་བ་འདིས་ནི་ལེགས་ལྡན་གྱིས་ཀྱང༌། སླར་ཡང་སྐྱེ་བ་དོན་དང་ཐུག་མེད་དུ་ཐལ་བ་འཕངས་བ་མ་དགོངས་པར་སྤྱིར་སྐྱེ་བ་དོན་དང་ཐུག་མེད་དུ་འཕངས་པར་བཟུང་ནས་བཟློག་དོན་ཁས་ལེན་དགོས་ཞེས་སྨྲས་པར་བསྟན་ཏོ། །གལ་ཏེ་གཞན་མི་འདོད་པའི་ཐལ་བ་འཕགས་ན་ཐལ་ཆོས་བཟློག་པའི་དོན་ འཕེན ་མཁན་གྱིས་ངེས་པར་ཁས་བླང་དགོས་བས་ཐལ་ཆོས་བཟློག་པའི་དོན་ཁས་ལེན་པ་མེད་པ་མི་འཐད་དོ་ཞེ་ན། རང་བཞིན་མེད་པར་སྨྲ་བས་རང་བཞིན་དང་བཅས་པར་སྨྲ་བ་ལ་ཐལ་བ་སྒྲུབ་པ་ན་ཐལ་བ་ལས་བཟློག་པས་དོན་ཅན་དུ་ཐལ་བར་ག་ལ་འགྱུར་ཏེ། ཞེས་པ་ཡང་ཐལ་བ་སྤྱི་མིན་གྱི་བདག་སྐྱེ་འགོག་པའི་ཐལ་བ་གཉིས་སོ། །ཐལ་བ་དེ་གཉིས་ཀྱིས་མི་འདོད་པ་སྒྲུབ་པ་ན་ འཕེན ་མཁན་གྱིས་བཟློག་དོན་ངེས་པར་ཁས་བླང་མི་དགོས་ཏེ་སྒྲས་དོན་སྟོན་པ་ནི་སྨྲ་བ་པོ་རང་དབང་མེད་པར་མི་བྱེད་ཀྱི་སྨྲ་པ་པོའི་བརྗོད་འདོད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་ཐལ་བ་ འཕེན ་པ་པོས་ཀྱང་སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་དགག་པ་ཙམ་ཞིག་འདོད་ནས་འཕངས་པའི་ཕྱིར་རོ། །འོ་ན་གྲངས་ཅན་གྱིས་སྔར་ཡོད་རྐྱེན་གྱིས་གསལ་བར་བྱས་པ་ཙམ་ཞིག་སྐྱེ་བའི་དོན་དུ་བསྟན་པར་འདོད་ནས་མྱུ་གུ་སྐྱེའོ་ཞེས་བརྗོད་པའི་ཕྱིར་མྱུ་གུ་སྐྱེ་ཞེས་བའི་དོན་ཡང་དེ་ཙམ་དུ་འགྱུར་རོ་ཞེ་ན། ནུས་པ་ཡོད་ན་ཞེས་གསུངས་ཏེ་སྔ་མ་དེ་སྟོན་པའི་ནུས་པ་ཡོད་པ་དང་བརྗོད་འདོད་གཉིས་ཚོགས་པ་དགོས་པས་སྐྱོན་མེད་དོ། །དེའི་ཕྱིར་ཐལ་བ་སྒྲུབ་པ་ནི་གཞན་གྱི་དམ་
བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་ཐལ་བ་ལས་བཟློག་པའི་དོན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ་ནི། སྔར་བཤད་པའི་ཐལ་བ་དེས་ཐལ་ཆོས་བཟློག་པའི་དོན་སླར་ཡང་སྐྱེ་བ་དོན་དང་ཐུག་བཅས་ཀྱི་རྟགས་ཀྱིས་བདག་སྐྱེ་མེད་པ་མི་སྒྲུབ་ཀྱང་དགོས་པ་མེད་པ་མིན་ཏེ། གྲངས་ཅན་མི་འདོད་པའི་སྐྱེ་བ་དོན་དང་ཐུག་མེད་བསྒྲུབས་པས་གྲངས་ཅན་གྱིས་དམ་བཅས་པའི་བདག་ལས་སྐྱེ་བ་རྣམ་པར་བཅད་པ་ཙམ་ཞིག་སྒྲུབ་པའི་དགོས་པ་ཅན་ཡིན་པའི་ཕྱིར་རོ་ཞེས་པའི་དོན་ནོ། །མྱུ་གུ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་པ་ཁས་ལེན་པ་ན་ས་བོན་ལ་བརྟེན་ནས་འབྱུང་བར་མི་འགྱུར་ཏེ། རང་གི་ངོ་བོས་ཡོད་པའི་ཕྱིར་ཞེས་པའི་ཐལ་བ་ འཕེན ་པ་ལྟ་བུ་ལ་ནི་བརྟེན་ནས་འབྱུང་བའི་ཕྱིར་མྱུ་གུ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་དོ་ཞེས་ཐལ་ཆོས་བཟློག་པ་རྟགས་སུ་བྱས་ནས་ཐལ་རྟགས་བཟློག་པའི་དམ་བཅའ་སྒྲུབ་པ་ཤིན་ཏུ་མང་ངོ། །དེ་ལ་ཡང་གཞན་གྱིས་དམ་བཅས་པའི་རང་གི་ངོ་བོས་ཡོད་པ་རྣམ་པར་བཅད་པ་ཙམ་ཞིག་བྱེད་ཀྱི་ཆོས་གཞན་མི་སྒྲུག་པ་ནི་ཐམས་ཅད་ལ་འདྲའོ། །དེ་ནི་བཟློག་པ་འཕངས་པ་ཡིན་ཀྱང་བཟློག་པ་རང་རྒྱུད་འཕངས་པ་མིན་ཞིང་ཐལ་བ་ལ་ཡང་བཟློག་པ་ འཕེན ་པ་དང་མི་ འཕེན ་པ་གཉིས་ཡོད་དོ། །དེས་ན་རང་ལུགས་སྒྲུབ་པའི་བསྒྲུབ་བྱ་སྒྲུབ་བྱེད་ཁས་ལེན་ཀྱང་རང་རྒྱུད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་ཁས་ལེན་པ་མིན་ནོ། །འོ་ན་རང་རྒྱུད་ཀྱི་དོན་གང་ཡིན་ཞེ་ན། ཤེས་རབ་སྒྲོན་མར་གཞན་གྱི་སྐྱོན་བརྗོད་གཅིག་གི་སྐབས་སུ་རང་
དབང་དུ་བྱས་ནས་དེ་སྐད་བརྗོད་དམ་སུན་འབྱིན་པའི་དབང་དུ་བྱས་ནས་ཡིན་ཞེས་ཅོག་རོས་བསྒྱུར་བས་རང་རྒྱུད་ཀྱི་དོན་ནི་རང་དབང་གི་དོན་ནོ། །དེ་ཡང་རང་བཞིན་མེད་པ་སྒྲུབ་དགོས་པའི་ཕྱིར་རྒོལ་ལ་ནི་ཚད་མར་གང་ལ་སོང་བའི་སོང་ཚུལ་བལྟས་པ་ན་ཚད་མར་སོང་ས་ཐམས་ཅད་རང་གི་ངོ་བོས་ཡོད་པའི་དོན་གཅིག་ལ་འགྲོ་བ་མ་གཏོགས་པ་རང་གི་ངོ་བོས་ཡོད་མེད་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་དོན་ཙམ་ལ་ཚད་མར་འགྲོ་བ་མེད་དོ། །དེའི་ཕྱིར་རང་གི་ངོ་བོས་མེད་བའི་དོན་འཇལ་བའི་ཚད་མས་ཆོས་ཅན་གཉིས་དང་ཚུལ་སྒྲུབ་ན་བསྒྲུབ་བྱ་གྲུབ་ཟིན་པས་རང་བཞིན་ཡོད་པར་སྨྲ་བ་ལས་འདས་སོ། །རང་གི་ངོ་བོས་ཡོད་པའི་དོན་འཇལ་བའི་ཚད་མས་སྒྲུབ་ན་དགག་བྱ་དགག་མི་ནུས་པས་གཞན་གྱི་ཁས་བླངས་ལ་མ་འཁྲིས་པར་ཚད་མས་དོན་གྱི་སྡོད་ལུགས་ནས་རང་དབང་དུ་ཚུལ་སྒྲུབ་མ་ནུས་པས་རང་རྒྱུད་མི་བཞེད་དོ། །འོན་ཀྱང་ཚད་མས་གནོད་མེད་ཀྱི་དོན་ཕ་རོལ་པོས་ཁས་བླངས་པའམ་ལེན་དགོས་པ་ཕྱིར་རྒོལ་ལ་གྲུབ་པའི་རྟགས་ཀྱིས་བསྒྲུབ་བྱ་སྒྲུབ་པས་ཕྱིར་རྒོལ་རང་ལ་གྲགས་པ་ཞེའམ་སྔ་རྒོལ་ལ་ལྟས་ནས་གཞན་ལ་གྲགས་ཀྱི་རྗེས་དཔག་གིས་སྒྲུབ་པ་ཡིན་ཏེ། འདི་དག་ཤིན་ཏུ་རྟོགས་དཀའ་བར་མཐོང་ནས་ལེགས་བཤད་སྙིང་པོ་ལ་སོགས་པར་རྒྱས་པར་བཤད་ཟིན་པ་ལས་ཤེས་པར་བྱའོ། །གཉིས་པ་ལ་གཉིས། མཐའ་གསུམ་གྱི་སྐྱེ་བ་དགག་པ་དང༌། །མཐའ་བཞི་བཀག་པས་གྲུབ་པའི་དོན་རྩོད་སྤང་དང་བཅས་པའོ། །
དང་པོ་ནི། གཞུང་ལས་གཞན་སྐྱེ་འགོག་པའི་རིགས་པ་མི་འདྲ་བ་མང་པོ་གསུངས་ཀྱང༌། སངས་རྒྱས་བསྐྱངས་ཀྱིས་རབ་བྱེད་ཉི་ཤུ་པར་གཞན་ལས་སྐྱེ་ན་རྒྱུ་ཡིན་མིན་མཚུངས་པར་འགྱུར་རོ་ཞེས་གསུངས་པའི་རིགས་པས་བཀག་ལ། ཟླ་བས་ཀྱང་འཇུག་པ་ལས་རིགས་པ་དེས་བཀག་གོ །ཆིག་གསལ་ལས་དངོས་པོ་རྣམས་ཀྱི་རང་བཞིན་ཞེས་པའི་སྐབས་ལཁ་འཕངས་བ་དང་སྔར་གྱི་རིགས་པས་འགོག་པ་གཉིས་ཀ་མཛད་དོ། །སངས་རྒྱས་བསྐྱངས་ཀྱིས་གཞན་ལས་ཀྱང་སྐྱེ་བ་མེད་དེ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་རོ་ཞེས་གསུངས་སོ། །འདིར་གཞན་ལས་སྐྱེ་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་རོ་ཞེས་ཧ་ཅང་ཐལ་བ་ འཕེན ་པའི་རྒྱུ་མཚན་ནི་གཞན་སྐྱེའི་གཞན་ནི་དངོས་མིང་ཐ་དད་ཀྱིས་སོ་སོར་གོ་བའི་ཐ་དད་མིན་གྱི་རང་གི་ངོ་བོས་གྲུབ་བའི་ཐ་དད་དོ། །དེར་གྲུབ་ན་མྱུ་གུ་དེ་ས་བོན་ལ་ལྟོས་པར་འགལ་བས་འབྲེལ་པ་འགོག་ནུས་ལ་འབྲེལ་མེད་དོན་གཞན་གཅིག་ལས་སྐྱེ་ན་ཐམས་ཅད་ལས་སྐྱེ་བར་འགྱུར་རོ། །དེ་ཡི་ཕྱིར་ས་བོན་མྱུ་གུ་ལས་རང་གི་ངོ་བོས་ཐ་དད་པའི་དད་ཚུལ་དང་སོལ་བ་ལས་ཐ་དད་པའི་དད་ཚུལ་མཚུངས་ན་དེ་གཉིས་ལས་མྱུ་གུ་སྐྱེ་མི་སྐྱེ་ཡང་མཚུངས་པ་ཡིན་ཏེ་འཇུག་པ་ལས། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ཡིན་མ་ལུས་པ་ཡང་གཞན་ཉིད་མཚུངས། ཞེས་གསུངས་ཤིང༌། གང་དག་རང་མཚན་ཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་
གཅིག་གཏོགས་པར་རིགས་མ་ཡིན། ཞེས་རང་མཚན་གྱིས་གྲུབ་བའི་སོ་སོ་བ་ལ་རྒྱུད་གཅིག་པ་དང་རྒྱུ་འབྲས་བཀག་ཅིང་རང་མཚན་གྱིས་སོ་སོར་གྲུབ་ན་ལྟོས་པ་མི་རུང་བ་ལེན་དུ་མར་གསུངས་སོ། །དེས་ན་ཁ་ཅིག་ལྡོག་པ་གཅིག་པའི་དཔུང་འཕུལ་དང་ཁ་ཅིག་རྒྱུ་འབྲས་ལ་སྔ་ཕྱི་བས་ཁྱབ་ཅིང་གཞན་ལ་དུས་མཉམ་པ་དགོས་པའི་གནད་ཀྱིས་ཧ་ཅང་ཐལ་བ་ འཕེན ་ཞེས་པ་ནི་རིགས་པ་འདི་ཡི་གནད་མ་ཡིན་ནོ། །འདི་ལ་ཡང་ལེགས་ལྡན་གྱིས་དངོས་ཟིན་གྱི་བསྒྲུབ་བྱ་སྒྲུབ་བྱེད་མི་ཟློག་པར་སོ་ན་འཇོག་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བ་རྟགས་སུ་མི་རུང་བས་རང་ཕྱོགས་སྒྲུབ་པ་མེད་ལ། གཞན་གྱིས་གཞན་སྐྱེ་ཁས་བླངས་པ་ལ་མངོན་སུམ་ལ་སོགས་པའི་གནོད་པ་གང་ཡང་མ་བསྟན་པས་གཞན་ཕྱོགས་སུན་འབྱིན་པ་ཡང་མེད་དེ་སའུ་བཅུ་པའི་ངག་བཞིན་འབྲེལ་མེད་དོ། །ཟློག་ན་ནི་རྟགས་བཟློག་པའི་དོན་འགའ་ཞིག་ལས་འགའ་ཞིག་སྐྱེ་བ་ཡིན་ལ། གཞན་སྐྱེ་མེད་པ་བཟློག་པའི་དོན་གཞན་སྐྱེ་ཡོད་པ་ལ་བྱ་མི་རུང་སྟེ་དོན་དམ་པར་གཞན་སྐྱེ་མེད་པར་སྟོན་བའི་སྐབས་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །དེས་ན་འགའ་ཞིག་ལས་འགའ་ཞིག་སྐྱེ་བའི་རྟགས་ཀྱིས་དངོས་པོ་ལ་གཞན་སྐྱེ་རྣམས་པར་བཅད་ཙམ་མིན་པ་ཞིག་ཡོད་པར་བསྟན་དགོས་པས་བདག་གམ་གཉིས་ཀའམ་རྒྱུ་མེད་ལས་སྐྱེ་བ་ཡོད་པས། གཞན་ལས་སྐྱེ་བ་མིན་ཞེས་པའི་དོན་གཞན་སྐྱེ་རྣམས་པར་བཅད་ཙམ་ཡིན་པའི་ཕྱོགས་གོང་མ་དང་འགའ་ལོ། །འགྲེལ་
བཤད་ཀྱིས་དངོས་པོ་གང་དག་ཅེས་པའི་རྐང་པ་གཉིས་དང་འགའ་ལོ་ཞེས་བཤད་དོ། །འདི་ལ་ཡང་རང་རྒྱུད་ཀྱིས་ཕྱོགས་སྒྲུབ་པ་ནི་མེད་ཀྱང་སྐྱོན་མིན་ལ་ཕ་རོལ་པོས་གཞན་སྐྱེ་ཁས་བླངས་པ་ནི་སྔར་བཤད་པའི་རིགས་པས་སུན་དབྱུང་ནུས་པས་སུན་འབྱིན་པའི་ཐལ་བའོ། །འདི་ལ་རྒྱུ་འབྲས་ངེས་པའི་གཏན་ཚིགས་ཀྱིས་གཞན་སྐྱེ་མེད་པ་སྒྲུབ་པར་ཡང་ནུས་པས་བཟློག་པ་འཕངས་ཀྱང་གྲུབ་མཐའ་དང་འགལ་བའི་སྐྱོན་མེད་དེ། གཞན་ལས་སྐྱེ་བ་རྣམ་པར་བཅད་པ་ཙམ་ཞིག་བྱེད་པའི་ཕྱིར་རོ། །ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པའི་དབུ་མ་པས་གཞན་སྐྱེ་ཐ་སྙད་དུ་ཁས་ལེན་ཀྱང་སློབ་དཔོན་གཉིས་ཀྱིས་ནི་ཐ་སྙད་དུ་ཡང་མི་བཞེད་དོ། །ལྷན་སྐྱེས་ཀྱི་འཛིན་པ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་བདག་ཡོད་པར་འཛིན་པ་སོགས་ཡོད་ཀྱང་རྒྱུ་འབྲས་རང་གི་མཚན་ཉིད་ཀྱིས་ཐ་དད་པའི་གཞན་དུ་འཛིན་པ་བློ་ལྷན་སྐྱེས་ལ་མེད་པར་བཞེད་དེ་འཇུག་པ་ལས། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་འདི་བསྐྱེད་ཅེས་སྨྲ་བྱེད་ཅིང༌། །ཤིང་ཡང་བཙུགས་སོ་སྙམ་དུ་རྟོགས་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། ཅེས་གསུངས་ཏེ་སངས་རྒྱས་བསྐྱངས་ཀྱི་བཤད་པ་བཀོད་པའོ། །འཇིག་རྟེན་ན་བུའི་ལུས་ཀྱི་ས་བོན་མི་གཙང་བ་ཙམ་ཞིག་མངལ་དུ་བླུགས་ནས་བུ་འདི་བདག་གིས་བསྐྱེད་དོ་ཞེས་པ་དང༌། ཤིང་སྡོང་གི་ས་བོན་ཙམ་བཏབ་པ་ལ་ཤིང་འདི་བདག་གིས་བཙུགས་སོ་ཞེས་སྨྲ་བས་བུ་ཤིང་དང་ས་བོན་གཉིས་རང་མཚན་གྱིས་
གཞན་དུ་འཛིན་པ་མེད་དེ། དེ་ལྟ་མ་ཡིན་ན་གང་ཟག་གཞན་དང་ཤིང་སྡོང་གཞན་ལ་ཡང་འདི་བདག་གིས་བསྐྱེད་ཅིང་བཙུགས་སོ་ཞེས་ཐ་སྙད་འདོགས་པར་ཐལ་བས་སོ། །བླུགས་ཤིང་བཏབ་བའི་ས་བོན་བུ་དང་ཤིང་མ་ཡིན་ཀྱང་དེ་ལྟར་བྱས་པའི་རྒྱུ་མཚན་གྱིས་བུ་བསྐྱེད་ཅིང་ཤིང་བཙུགས་སོ་ཞེས་འཇོག་ནུས་ཏེ། དཔེར་ན་ལག་པ་དང་མིག་གང་ཟག་མ་ཡིན་ཀྱང་ལག་པ་ན་བ་དང་མིག་གིས་གཟུགས་མཐོང་བ་ན་ང་ནའོ་ཞེས་དང་ངས་གཟུགས་མཐོང་ངོ་ཞེས་འཇོག་ནུས་པ་བཞིན་ནོ། །འཇིག་རྟེན་ན་ཕ་མ་དང་བུ་རྣམས་ལ་དེ་ལྟར་ཐ་སྙད་བྱེད་པ་མེད་པས་སྔར་བཤད་པ་གཉིས་ལྟ་བུ་རྒྱུད་གཅིག་པའི་རྒྱུ་འབྲས་ཀྱི་དབང་དུ་མཛད་དོ། །འཇིག་རྟེན་པའི་འཛིན་པ་ལྷན་སྐྱེས་ལ་གཞན་སྐྱེ་ཡོད་པར་འཛིན་པ་མེད་ཀྱང་གཞན་སྐྱེ་མེད་པར་ཐ་སྙད་པའི་ཆད་མས་མི་འགྲུབ་བོ། །གཉིས་ཀ་ལས་སྐྱེ་བར་སྨྲ་བ་ནི་གྲངས་ཅན་གྱིས་མྱུ་གུ་རྒྱུ་ས་བོན་ལས་སྐྱེ་བ་དེའི་བདག་ཉིད་དང་རྐྱེན་ས་ལ་སོགས་པ་ལས་སྐྱེ་བ་དེ་དང་དོན་གཞན་པའི་སྐྱེ་བར་སྨྲ་བ་དང༌། གཅེར་བུ་བས་རྫ་བུམ་འཇིམ་པའི་བདག་ཉིད་དུ་ཡོད་པ་སྐྱེ་བ་འཇིམ་པ་ལ་ལྟོས་ཏེ་བདག་སྐྱེ་དང་རྫ་མཁན་དང་འཁོར་ལོ་ལ་སོགས་པ་ལ་ལྟོས་ཏེ་གཞན་སྐྱེ་དང༌། མཆོད་སྦྱེན་ཚེ་རབས་སྔ་མའི་སྲོག་གི་བདག་ཉིད་དུ་ཡོད་པ་སྐྱེ་བས་སྲོག་ལ་ལྟོས་ཏེ་བདག་སྐྱེ་དང་ཕ་མ་དང་ལས་ལ་སོགས་པ་ལ་ལྟོས་ཏེ་གཞན་སྐྱེར་འདོད་པ་ཡིན་ལ་དེ་ནི་སྔར་བཤད་པའི་བདག་གཞན་གྱི་སྐྱེ་བ་འགོག་པའི་རིགས་པས་
དགག་པར་བྱའོ། །རྒྱུ་མེད་ལས་སྐྱེ་བར་སྨྲ་བ་ནི་གྲངས་ཅན་ལ་གྱེས་པ་ཉེར་ལྔ་ཡོད་པའི་གཅིག་ལ་བརྟེན་ནས་དྲང་སྲོང་འཇིག་རྟེན་མིག་ཅེས་བྱ་བས་རྒྱང་པན་གྱི་གྲུབ་མཐའ་འབུམ་བྱས་པ་དེ་དང་དེའི་རྗེས་སུ་འབྲང་བའོ། །རྒྱུ་མེད་ལས་སྐྱེ་ན་ནི་ཡུལ་དུས་རང་བཞིན་ངེས་པའི་སྐྱེ་བ་ལ་རྒྱུ་མེད་པས་གཅིག་ལས་སྐྱེ་ན་ཐམས་ཅད་ལས་སྐྱེ་བར་འགྱུར་བ་དང་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་རོ། །ལེགས་ལྡན་གྱིས་རྒྱུ་མེད་ལ་གཉིས་བྱས་པའི་རྒྱུ་ཡོད་ཀྱང་རྒྱུའི་བྱ་བ་མི་བྱེད་པ་དབང་ཕྱུག་ལ་སོགས་པ་ལས་སྐྱེ་བ་ཡང་དེར་བསྡུས་པ་ནི། ཟླ་བས་དེ་དག་ལས་སྐྱེ་བ་ནི་སྔ་མ་གསུམ་གྱི་ནང་དུ་འདུ་བས་མི་འཐད་དོ་ཞེས་བཀག་གོ །གཉིས་པ་ནི། དེ་དག་གིས་ནི་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་པ་འདི་བསྒྲུབས་ལ་དེ་མེད་པས་རྟེན་འབྱུང་སྐྱེ་བ་མེད་པ་ལ་སོགས་པས་ཁྱད་པར་དུ་བྱས་པ་གྲུབ་པ་ཡིན་ནོ་ཞེས་ཚིག་གསལ་ལས་བཤད་པས་སུན་འབྱིན་པའི་ཐལ་བ་བྱས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་སྒྲུབ་པ་ཡིན་ནོ། །དེ་བསྒྲུབས་པས་མཆོད་བརྗོད་དུ་བཤད་པའི་ཁྱད་བར་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་ཡང་འགྲུབ་ལུགས་ནི་མ་སྐྱེས་ན་མི་འགག་པས་འགག་པའི་རང་བཞིན་འགོག་ནུས་ལ་དེའི་ཕྱིར་བརྒྱ་པ་ལས། སྐྱེས་པ་ལ་ནི་འོང་བ་དང༌། །དེ་བཞིན་འགགས་ལ་འགྲོ་བ་མེད། ཅེས་གསུངས་པ་ལྟར་འགྲོ་འོང་རང་བཞིན་མེད་པར་འགྲུབ་བོ། །འབྲས་བུ་རྒྱུ་དང་རང་བཞིན་གཅིག་ཐ་དད་བཀག་པ་ཉིད་ཀྱིས་བཅོ་བརྒྱད་པ་ལས་འཆད་པ་ལྟར་རྟག་ཆད་ཀྱང་སྤོང་
ངོ༌། །འདིར་ཚིག་གསལ་ལས། དངོས་པོ་རྣམས་བདག་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་མི་སྐྱེ་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སྐྱེ་བར་གསུངས་པ་མི་འཐད་པར་བརྩད་པའི་ལན་དུ། འདི་ནི་ཀུན་རྫོབ་པ་ཡིན་གྱི་དོན་དམ་པ་མིན་ནོ། ཞེས་བཤད་དེ་མ་རིག་པའི་རྐྱེན་གྱིས་སྐྱེ་བ་དོན་དམ་པར་ཡིན་ན་དེ་གཉིས་འགལ་ཡང་ཀུན་རྫོབ་ཏུ་འཇོག་པས་མི་འགལ་ཞེས་པའི་དོན་ཡིན་པས་མཐའ་བཞིའི་སྐྱེ་བ་འགོག་པའི་རིགས་པས་ཀུན་རྫོབ་པའི་སྐྱེ་བ་མི་འགོག་ལ་དེའི་ཕྱིར་ཐ་སྙད་དུ་མཐའ་བཞིའི་སྐྱེ་བ་མེད་པ་དང་སྐྱེ་བ་ཡོད་པ་མི་འགལ་ལོ། །དེ་ནས་ཅི་ཀུན་རྫོབ་ཀྱི་རྣམ་གཞག་བརྗོད་པར་བྱའམ་ཞེས་པའི་ལན་དུ་རྐྱེན་ཉིད་འདི་པ་ཙམ་གྱིས་ཀུན་རྫོབ་གྲུབ་པར་ཁས་ལེན་གྱི་ཕྱོགས་བཞི་ཁས་བླངས་པའི་སྒོ་ནས་ནི་མ་ཡིན་ཏེ་ཞེས་ཁས་ལེན་མི་ལེན་གྱིས་མཚམས་གསལ་བར་གསུངས་སོ། །དེ་གཉིས་ཀྱི་རྒྱུ་མཚན་ནི་ཕྱི་མ་ཁས་བླངས་ན་དངོས་པོ་ལ་རང་བཞིན་ཡོད་བར་ཁས་བླང་དགོས་ལ་སྔ་མ་ཁས་བླངས་ན་ནི་རྒྱུ་འབྲས་གཉིས་ཕན་ཚུན་ལྟོས་པས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པས་དངོས་པོ་ལ་རང་བཞིན་ཡོད་བར་སྨྲ་བར་མི་འགྱུར་རོ་ཞེས་ངོ་བོ་ཉིད་ཀྱིས་གྲུབ་པའི་ཁས་ལེན་མི་རུང་བ་དང་རང་བཞིན་མེད་པའི་ཁས་ལེན་རུང་བར་བཤད་དོ། །དེའི་ཤེས་བྱེད་དུ་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། སྡུག་བསྔལ་རང་གིས་བྱས་པ་དང༌། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་པར་ནི་རྟོག་གེ་འདོད། །
ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། ཞེས་དང་འདི་ཉིད་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ༌། ཞེས་དང༌། དེ་ལ་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ་འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་ལ་འདི་སྐྱེས་པས་འདི་སྐྱེ་སྟེ་འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་འདི་ཙམ་ཞིག་ཁོ་ན་གསུངས་སོ། ཞེས་དྲངས་ཏེ་ལུང་སྔ་མ་ནི་སྐྱེ་བ་བཞི་ཁས་བླང་དུ་མི་རུང་ལ་བརྟེན་ནས་སྐྱེ་བ་རུང་བ་དང་བར་པ་ནི་མ་གཏོགས་ཞེས་པའི་ཚིག་གིས་ཕན་ཚུན་བརྟེན་ནས་འགྲུབ་པ་གྲུབ་པའི་ཐབས་ཡིན་གྱི་ངོ་བོ་ཉིད་ཀྱིས་གྲུབ་པའི་ཐབས་མེད་ཅེས་པ་དང༌། ཐ་མ་ནི་བརྟེན་ནས་ཡོད་པས་ཡོད་པ་དང་བརྟེན་ནས་སྐྱེ་བས་སྐྱེ་བར་འཇོག་པའི་ཤེས་བྱེད་དོ། །འཇུག་པ་ལས་དེ་ཁོ་ནར་བདག་གཞན་ལས་སྐྱེ་མི་སྐྱེ་དཔྱོད་པའི་རིགས་པ་ཉིད་ཀྱིས་ཐ་སྙད་དུ་ཡང་སྐྱེ་བ་མི་རིགས་ཞེས་གསུངས་པ་ནི་ཐ་སྙད་དུ་རང་མཚན་དང་རྫས་གྲུབ་ཀྱི་སྐྱེ་བ་འགོག་པར་འགྲེལ་པས་གསལ་བར་བཤད་དོ། །དེ་ལྟར་ན་མྱུ་གུ་ལ་སོགས་པའི་འབྲས་བུ་རྣམས་ས་བོན་ལ་སོགས་པའི་རྒྱུ་དང་རྐྱེན་པ་བརྟེན་ནས་སྐྱེ་བ་ཉིད་ཀྱིས་མཐའ་བཞིའི་སྐྱེ་བ་མེད་པ་ཡིན་ཏེ། འདི་ལྟར་དེས་རྒྱུ་མེད་འགོག་པ་ནི་སླ་ལ་རང་བཞིན་གཅིག་ཡིན་ནའང་དེས་སྐྱེད་པ་འགལ་བ་སྔར་བསྟན་ལ་རང་བཞིན་ཐ་དད་ནའང་འབྲེལ་མེད་དོན་གཞན་ལས་སྐྱེ་བ་འགལ་ལོ། །
དེའི་ཕྱིར་གཉིས་ཀ་ལས་ཀྱང་མི་སྐྱེའོ། །དེས་ན་ས་བོན་ལ་བརྟེན་ནས་མྱུ་གུ་སྐྱེ་བར་ཁས་བླང་དགོས་པ་ཁོ་ནས་དེ་བཞི་འགོག་ནུས་པ་ནི། རིགས་པའི་རྒྱལ་པོ་རྟེན་འབྱུང་གི་རིགས་པའི་ཁྱད་ཆོས་ཡིན་པ་ལ། མཐའ་བཞིའི་སྐྱེ་བ་མེད་ན་དེ་ནས་ཅི་ཞིག་སྐྱེ་ཞེས་རྟེན་འབྱུང་དབུ་མའི་ལམ་སུན་དབྱུང་བར་མི་བྱའོ། །བདག་ལས་མ་ཡིན་ཞེས་པའི་ཚིགས་བཅད་འདི་ཙམ་གྱི་དོན་རང་བཞིན་གྱིས་སྐྱེ་བ་མེད་པ་ངེས་ནའང་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་རྒྱུས་ཕོངས་པར་མི་འགྱུར་བས་རང་སེམས་སྐྱེ་བ་མེད་པའི་དོན་ཤེས་ནས་སྒོམ་པར་འདོད་པ་དག་གིས་ཀྱང་དེ་ཙམ་རེ་ལ་སྦྱང་པར་བྱའོ། །གཉིས་པ་ལ་གཉིས། ལུང་དང་འགལ་བའི་རྩོད་པ་དགོད་པ་དང༌། ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། རང་སྡེ་དངོས་པོའི་ངོ་བོ་ཉིད་སྨྲ་བ་རྣམས་ན་རེ་རང་ལས་སྐྱེ་བ་དོན་མེད་པས་བདག་སྐྱེ་མི་རིགས་ཤིང་དེ་མེད་བས་གཉིས་ཀ་ལས་སྐྱེ་བ་ཡང་མི་རིགས་སོ། །རྒྱུ་མེད་ནི་གཅིག་ཏུ་ཐ་ཆད་པས་དགག་པར་ཡང་རིགས་ན་གཞན་ལས་མིན་ཞེས་གཞན་སྐྱེ་འགོག་པ་མི་རིགས་ཏེ། རྒྱལ་བས་རྐྱེན་བཞི་གཞན་དུ་གྱུར་པ་ཁོ་ན་དངོས་པོ་རྣམས་ཀྱི་སྐྱེད་བྱེད་དུ་བསྟན་པའི་ཕྱིར་རོ། །འདི་ལྟར་རྐྱེན་ནི་རྣམ་པ་བཞི་སྟེ་རྒྱུའི་རྐྱེན་དང་དམིགས་པའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་དང་བདག་པོའི་རྐྱེན་ནོ། །ཡང་དང་དེ་བཞིན་ཞེས་པ་ནི་རྒྱུ་རྐྱེན་ཡིན་པ་དེ་བཞིན་དུ་དམིགས་པ་ལ་སོགས་པ་ཡང་རྐྱེན་ནོ་ཞེས་སྦྱར་རོ། །རྐྱེན་བཞི་པོ་དེ་གང་ལ་འཇོག་པ་ལ་སྡེ་བ་ཁ་ཅིག་ནི་རྒྱུའི་རྐྱེན་ནི་མཛོད་ལས། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན་ཞེས་བྱེད་རྒྱུ་མ་གཏོགས་པ་རྒྱུ་ལྔ་དང༌། །དམིགས་པའི་རྐྱེན་ནི། དམིགས་པ་ཆོས་རྣམས་ཐམས་དོ།
ཞེས་རྣམ་ཤེས་དྲུག་གི་དམིགས་ཡུལ་གྱི་ཆོས་ཐམས་ཅད་དང༌། དེ་མ་ཐག་རྐྱེན་ནི། སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །ཅེས་ལྷག་མེད་དུ་འཇུག་པ་ལས་གཞན་པའི་སེམས་སེམས་བྱུང་སྔར་སྐྱེས་རྣམས་དང༌། བདག་པོའི་རྐྱེན་ནི། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། ཅེས་བྱེད་རྒྱ་ལ་བཤད་པ་ལྟར་འདོད་ལ། རྒྱུ་དྲུག་ནི་མཛོད་ལས། །བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང༌། །སྐལ་མཉམ་མཚུངས་པར་ལྡན་པ་དང༌། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང༌། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་སོ། །སྡེ་པ་ཁ་ཅིག་ནི། སྒྲུབ་པར་བྱེད་པ་ནི་རྒྱུ་ཡིན་ཞེས་མཚན་ཉིད་བསྟན་པ་ལས་ནི་གང་ཞིག་གང་གི་སྐྱེད་བྱེད་ས་བོན་གྱི་ངོ་བོར་གནས་པ་དེ་ནི་དེའི་རྒྱུའི་རྐྱེན་ནོ། །རྒན་པོ་ལྡང་བ་ལྟར་སེམས་སེམས་བྱུང་སྐྱེ་བཞིན་པ་རྣམས་རྟེན་འཁར་བ་དང་འདྲ་བའི་དམིགས་པ་གང་གིས་སྐྱེད་པ་དེ་ནི་དེ་ཡི་དམིགས་པའི་རྐྱེན་ནོ། །རྒྱུ་འགགས་མ་ཐག་པ་ནི་འབྲས་བུ་སྐྱེ་བའི་དེ་མ་ཐག་པའི་རྐྱེན་ཡིན་ཏེ། དཔེར་ན་ས་བོན་འགགས་མ་ཐག་པ་མྱུ་གུའི་འབྱུང་བའི་རྐྱེན་ཡིན་པ་བཞིན་ནོ། །འཇུག་འགྲེལ་ལས། ས་བོན་འགགས་མ་ཐག་པ་མྱུ་གུའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་པ་ལྟ་བུའོ། ཞེས་གསུངས་ཤིང་ཚིག་གསལ་ལས་ཀྱང་དེ་མ་ཐག་རྐྱེན་འགོག་པའི་སྐབས་སུ་མྱུ་གུའི་མཚུངས་པ་དེ་མ་ཐག་པའི་རྐྱེན་བཀག་ལ་སངས་རྒྱས་བསྐྱངས་ཀྱང་དེ་བཞིན་དུ་བཞེད་པས་འདི་ནི་གཟུགས་ལ་ཡང་མཚུངས་པ་དེ་མ་ཐག་པའི་རྐྱེན་འདོད་པའི་ལུགས་སོ། །གང་ཞིག་ཡོད་ན་གང་འབྱུང་བ་འདི་ནི་དེའི་བདག་པོའི་རྐྱེན་ནོ། །ཚིག་གསལ་ལས་སྔར་སྐྱེས་པ་དང་ལྷན་ཅིག་སྐྱེས་པ་དང་ཕྱིས་སྐྱེ་བ་ལ་སོགས་
པ་ཡང་འདི་དག་གི་ནང་དུ་འདུ་བར་གསུངས་པ་ནི། ཤེས་རབ་སྒྲོན་མ་ལས། སྡེ་པ་གཞན་གྱིས་བརྟགས་པའི་རྐྱེན་མདུན་དུ་སྐྱེས་པ་དང་ཡོད་པ་དང་མེད་པ་རྣམས་ཞེས་བསྒྱུར་བ་དང་དོན་གཅིག་ལ་འགྱུར་ཡང་དེ་ལྟར་ལེགས་སོ། །དེའི་དོན་ནི་འགྲེལ་བཤད་ལས་གནས་བརྟན་པའི་སྡེ་པས་ཐ་སྙད་བཏགས་པ་མདུན་དུ་སྐྱེས་པའི་རྐྱེན་ནི་དབང་པོ་རྣམས་ཀྱི་མངོན་སུམ་གྱི་མདུན་དུ་སྐྱེས་པ་དམིགས་རྐྱེན་ནོ། །ཡོད་པའི་རྐྱེན་ནི་རྒྱུ་དང་བདག་པོའི་རྐྱེན་ནོ། །མེད་པའི་རྐྱེན་ནི་དེ་མ་ཐག་རྐྱེན་ལ་བཤད་དོ། །དེ་འདྲའི་ཐ་སྙད་ཙམ་མི་མཐུན་པ་རྣམས་ནི་མཚན་ཉིད་ལ་བརྟགས་ན་བཞི་པོ་འདིར་འདུ་ལ་དབང་ཕྱུག་ལ་སོགས་བ་ནི་རྐྱེན་མ་ཡིན་པས་རྐྱེན་ལྔ་པ་ནི་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་འཛིན་ཏེ། མཛོད་ལས། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་རྣམ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། ཞེས་བཤད་པ་བཞིན་ནོ། །དེ་ཡི་ཕྱིར་འབྲས་བུ་ལས་བཞན་དུ་གྱུར་པའི་རྐྱེན་འདི་དག་ལས་དངོས་པོ་རྣམས་སྐྱེ་བར་གསུངས་པ་བཀག་ན་ལུང་དང་འགལ་བའི་ཕྱིར་གཞན་སྐྱེ་ཡོད་ཅེས་འཛེར་ཏོ། །གཉིས་པ་ནི། དེ་ལྟར་སྨྲ་བའི་གཞན་སྐྱེ་ནི་རྒྱུ་འབྲས་རང་གི་ངོ་བོས་གཞན་ཡིན་པ་དག་རང་གི་ངོ་བོས་སྐྱེ་བ་གཉིས་ཚོགས་པ་ཡིན་ལ་དེ་ལ་ཡ་གྱལ་རེ་རེ་བཀག་པའི་སྒོ་ནས་ཚོགས་པ་གཞན་སྐྱེ་འགོག་པའི་རིགས་པ་གཉིས་ལས་རེ་ཞིག་སྐྱེ་བ་བཀག་བའི་སྒོ་ནས་གཞན་སྐྱེ་འགོག་པ་བཤད་པར་བྱ་བ་ལ། ཡོད་མ་ཡིན་ཞེས་པ་བཤད་གཞིར་དྲང་ངོ༌། །
གང་ན་མྱུ་གུ་ལ་སོགས་པ་འབྲས་བུའི་དངོས་པོ་རྣམས་ཀྱི་རང་བཞིན་ཏེ་ངོ་བོ་ནིའོ། །གང་ལ་ན་ས་བོན་ལ་སོགས་པའི་རྐྱེན་ཚོགས་པ་ལ་དང་ཡ་གྱལ་རེ་རེ་བ་དང་དེ་གཉིས་ཀ་ལ་དང་སོགས་ཀྱི་སྒྲས་བསྡུས་པ་དེ་དག་ལས་གཞན་ལ་ཡང་ངོ༌། །ཇི་ལྟར་ན་འཁར་གཞོང་ལ་རྒྱ་ཤུག་བརྟན་པ་ལྟར་ཏེ། ལ་ཞེས་པ་རྣམ་དབྱེ་བདུན་པའི་སྒྲ་གནས་གཞི་ཡིན་པ་དེ་ཡི་ཚེ་དེ་ལྟར་རོ་ཞེས་འཇུག་འགྲེལ་ལས་བཤད་དོ། །དུས་ནམ་གྱི་ཚེ་ན་རང་སྐྱེས་པའི་སྔ་རོལ་དུའོ། །སྤྱིར་འབྲས་བུའི་དངོས་པོ་རྣམས་ལ་ཡོད་པ་དང་སྐྱེས་པའི་དུས་གཉིས་སོ་སོར་མེད་ཀྱང༌། གཞན་གྱི་བསམ་པ་ལ་ལྟོས་ནས་སོ་སོར་ཕྱེ་ནས་དགག་དགོས་པ་མང་དུ་འབྱུང་བས། སྐྱེ་རྒྱུའི་མྱུ་གུ་དེ་སྐྱེས་པའི་སྔ་རོལ་ན་ཡོད་ན་ཞེས་བརྟག་པ་བྱེད་པ་ནི་མྱུ་གུ་རང་ཉིད་རང་གི་སྔ་རོལ་ན་ཡོད་ཞེས་བརྟག་པ་བྱེད་པ་དང་མི་འདྲའོ། །དེ་ཡང་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་ནི་སྐྱེ་བའི་དུས་ཡིན་ལ་སྐྱེས་ཟིན་པའི་དུས་ནི་སྐྱེས་པའི་དུས་ཡིན་པས་སྐྱེས་པའི་སྔ་རོལ་དུ་ཡོད་ན་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་སུ་ཡོད་དགོས་སོ། །ཡུལ་དུས་དེ་དག་ན་ཡོད་ན་ནི་དམིགས་དགོས་པ་ལས་མ་དམིགས་པ་དང་སླར་སྐྱེ་བ་དོན་མེད་པ་ལས་སྐྱེ་དགོས་པའི་ཕྱིར་ན་མེད་དོ། །དེ་ལྟར་སྐྱེ་རྒྱུའི་འབྲས་བུ་དེ་ཡི་བདག་གི་དངོས་པོ་སྐྱེས་བའི་སྔ་རོལ་དུ་ཡོད་བ་མིན་ན་དངོས་བོ་ནི་འདིར་འབྱུང་བ་སྟེ་སྐྱེ་བ་ཡིན་པས་གཞན་ལས་སྐྱེ་བ་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །འོ་ན་གཞན་སྐྱེ་རང་གི་ངོ་བོས་ཡོད་ན་འབྲས་བུ་དེ་རང་སྐྱེས་པའི་སྔ་རོལ་དུ་ཡོད་དགོས་པར་ཅིས་འགྲུབ་ཅེ་ན། རིགས་པ་འདི་དག་ལ་འདི་མ་གྲུབ་ན་གཞན་
སྨྲས་པ་རྣམས་ཚིག་ཙམ་དུ་ཟད་པས་བསྒྲུབ་དགོས་ལ་དེ་ཡང་སྐབས་འདིར་ཚིག་གསལ་ལས་མ་བྱུང་ཡང་འཇུག་པར་གཞན་སྐེ་འགོག་པའི་སྐབས་སུ་གསུངས་པས་ཁ་བསྐང་བར་བྱའོ། །དེ་ལ་སྐྱེ་བ་འདོད་ཕྱིན་ཆད་རྒྱུ་འགག་པ་དང་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ་པ་གཅིག་དགོས་སོ། །དེ་ནི་སྐྱེ་བ་ཙམ་དང་ཐ་སྙད་དུ་སྐྱེ་བ་ཁས་ལེན་པ་ལ་མི་རིགས་པ་མེད་ཀྱང་དོན་དམ་པ་དང་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ལ་འགལ་བ་ཡིན་ཏེ་སྔ་མ་ལ་ནི་རྒྱུ་འབྲས་ཀྱི་སྐྱེ་འགག་གི་བྱ་བ་གཉིས་དུས་མཉམ་ཡང་རྒྱུ་འབྲས་གཉིས་དུས་མཉམ་མི་དགོས་ལ་ཕྱི་མ་ལ་ནི་བྱ་བ་དུས་མཉམ་ན་རྒྱུ་འབྲས་ཀྱང་དུས་མཉམ་དགོས་པའི་ཕྱིར་རོ། །འདི་ལྟར་འབྲས་བུ་སྐྱེ་བའི་བྱ་བ་ནི་འདི་སྐྱེ་ཞེས་བའི་བྱེད་པ་པོ་མྱུ་གུ་ལ་སོགས་པ་ལ་བརྟེན་དགོས་པས་རྟེན་དང་བརྟེན་པའོ། །རྟེན་དང་བརྟེན་པ་དོན་དམ་པར་གྲུབ་ན་ནི་རང་བཞིན་གཞན་དུ་འགྱུར་བ་མི་འཐད་པས་དུས་ནམ་གྱི་ཚེ་ཡང་བྱ་བ་རྟེན་དགོས་བས་མྱུ་གུ་ལ་སོགས་པ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་སུ་ཡང་སྐྱེ་པའི་བྱ་བའི་རྟེན་དུ་མྱུ་གུ་ཡོད་དགོས་བས་རྒྱུ་འབྲས་དུས་མཉམ་དུ་འགྱུར་བ་དང་སྔར་གྱི་རིགས་པ་གཉིས་ཀྱིས་ཀྱང་གནོད་པས་དེ་ཡི་ཚེ་ཡོད་པ་མི་འཐད་དོ། །ཐ་སྙད་པའི་སྐྱེ་བ་ལ་ལན་ཅིག་རྟེན་དང་བརྟེན་པར་སོང་ན་དུས་ཐམས་ཅད་དུ་འགྲོ་མི་དགོས་པས་མི་མཚུངས་སོ། །འཇུག་པ་ལས། སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོ་འང་མིན།
ཞེས་དང༌། འདི་ཉིད་ལས་ཀྱང༌། གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་དེ། །མེད་ན་ཅི་ཞིག་སྐྱེ་བར་འགྱུར། ཞེས་གསུངས་སོ། །དེ་ལྟར་རིགས་བའི་སྒོ་དེས་འགོག་པ་ནི་གཞན་དངོས་ཞེས་པའི་དངོས་པོའི་སྐད་དོད་འབྱུང་བ་ལ་ཡང་བཤད་དུ་ཡོད་ལ་དེ་ཡི་ཚེ་སྐྱེ་རྒྱུའི་བདག་གི་དངོས་པོ་མེད་པ་དེ་གཞན་མེད་པའི་རྒྱུ་མཚན་དུ་མ་སོང་གི་སྐྱེ་བ་འགོག་པའི་རྒྱུ་མཚན་དུ་འགྲོ་བས་སོ། །རང་གི་ངོ་བོས་གྲུབ་པའི་གཞན་བཀག་པའི་སྒོ་ནས་གཞན་སྐྱེ་འགོག་པ་ལ་བཤད་ན་གང་ཡོད་པ་མ་ཡིན་པ་སྔར་དང་འདྲལ། དུས་ནམ་གྱི་ཚེ་ཞེ་ན་ས་བོན་ལ་སོགས་པའི་རྐྱེན་རྣམ་པར་འགྱུར་བ་མེད་པ་རྣམས་ཡོད་པའི་དུས་ནའོ། །སྐབས་འདིར་ལ་ཞེས་པ་བདུན་པའི་སྒྲ་ནི་འདི་ཡོད་པ་ན་འདི་ཡོད་ཅེས་དུས་ཀྱི་བདུན་པ་ཡིན་ཏེ་འཇུག་འགྲེལ་ལས་བཤད་དོ། །རྒྱུ་རྐྱེན་རྣམ་པར་མ་འགྱུར་བའི་དུས་ན་འབྲས་བུ་ཡོད་ན་རྒྱུ་མེད་དུ་འགྱུར་བས་དེའི་ཚེ་མེད་དོ། །དེ་ལྟར་རྒྱུ་དུས་ན་འབྲས་བུའི་བདག་གི་དངོས་པོ་ཡོད་པ་མིན་ན་རྐྱེན་ལ་སོགས་པ་རྣམས་ཅི་ལ་ལྟོད་ནས་གཞན་དུ་འགྱུར་བའི་ལྟོས་ས་མེད་པས། ས་བོན་ལ་སོགས་པ་རྣམས་ལ་གཞན་གྱི་དངོས་པོ་སྟེ་གཞན་ཉིད་ཡོད་པ་མ་ཡིན་པས་གཞན་སྐྱེ་མེད་དོ། །འདིར་བྱམས་པ་དང་ཉེར་སྦས་དུས་མཉམ་པ་ནི་ཕན་ཚུན་ལྟོས་ནས་གཞན་དུ་འགྱུར་ལ་ས་མྱུག་གཉིས་དུས་ཅིག་ཅར་དུ་མེད་པས་གཞན་མེད་པར་གསུངས་པ་ཡང་རང་གི་མཚན་ཉིད་ཀྱིས་གཞན་དུ་གྲུབ་ན་དུས་ཅིག་ཅར་བ་དགོས་པའི་རྒྱུ་མཚན་གྱིས་ཡིན་གྱི་གཞན་ཙམ་ལ་དུས་གཅིག་ཏུ་
གྲུབ་དགོས་ཞེས་སྟོན་པ་མིན་ནོ། །འདི་ཡང་རྒྱུ་རྐྱེན་འབྲས་བུ་ལ་ལྟོས་ནས་ཐ་དད་པ་དེ་རང་གི་མཚན་ཉིད་ཀྱིས་གྲུབ་ན་ལྟོས་སའི་འབྲས་བུ་དེ་རྒྱུའི་དུས་ནའང་ཡོད་དགོས་པ་ཡིན་ཏེ་རྒྱུ་མཚན་ནི་སྔར་ལྟར་རོ། །གལ་ཏེ་སྲང་མདའི་མཐོ་དམན་གྱི་བྱ་བ་གཉིས་དུས་གཅིག་ཏུ་མཐོང་བ་བཞིན་དུ་ས་བོན་འགག་པ་དང་མྱུ་གུ་སྐྱེ་བ་གཉིས་ཀྱང་དུས་གཅིག་པས་ས་མྱུག་དུས་གཅིག་པའི་ཕྱིར་གཞན་དུ་འགྱུར་རོ་ཞེ་ན། ས་བོན་འགག་བཞིན་པ་ནི་འགག་པ་ལ་མངོན་དུ་ཕྱོགས་པ་ད་ལྟར་བ་དང་མྱུ་གུ་སྐྱེ་བཞིན་པ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པ་མ་འོངས་པ་ཡིན་པས་སྐྱེ་འགག་གི་བྱ་བ་གཉིས་དུས་གཅིག་ཀྱང་ས་མྱུག་གཉིས་དུས་མི་གཅིག་གོ །སྲང་གི་མགོ་མཇུག་གཉིས་ཀ་ཡང་ད་ལྟར་བ་ཡིན་པས་དཔེ་དོན་ཀྱང་མི་མཚུངས་སོ། །འོ་ན་ས་ལུ་ལྗང་པའི་མདོ་ལས་སྲང་མདོའི་མཐོ་དམན་གྱི་ཚུལ་དུ་སྐད་ཅིག་གང་ཁོ་ན་ལ་ས་བོན་འགག་པ་དེ་ཉིད་ལ་མྱུ་གུ་སྐྱེའོ་ཞེས་སྲང་གི་དཔེ་མ་བཀོད་དམ་ཞེ་ན། བཀོད་མོད་ཀྱང་དེས་རྒྱུ་འབྲས་གཉིས་དུས་མཉམ་མི་སྟོན་པ་ནི་བཤད་ཟིན་ལ་དེ་མི་སྟོན་ཀྱང་དུས་སྔ་ཕྱི་པའི་གཞན་སྐྱེ་སྟོན་པ་ཡང་མིན་ལ་དེ་མིན་ཡང་དེ་ལས་གསུངས་པ་ལྟར་སྐྱེ་བ་འདོད་དགོས་སོ་སྙམ་ན། རང་གི་མཚན་ཉིད་ཀྱི་སྐྱེ་བ་བསྟན་པའི་ཕྱིར་ཡང་མ་ཡིན་ནོ་ཞེས་འཇུག་འགྲེལ་ལས་གསུངས་པས་སྐྱེ་བ་འདོད་ཀྱང་རང་མཚན་གྱི་སྐྱེ་བ་མི་འདོད་དོ། །འོ་ན་དེས་ཅི་སྟོན་ཞེ་ན་ཅིག་ཅར་དུ་བརྟེན་ནས་འབྱུང་བ་མ་བརྟགས་པར་གྲུབ་པ་སྒྱུ་མ་ལྟ་
བུའི་སྐྱེ་བ་སྟོན་ནོ། །ཅིག་ཅར་དུ་ཞེས་པ་ནི་སྐྱེ་འགག་གི་བྱ་བ་དུས་གཅིག་་པ་ལ་བརྟན་ནས་འབྲས་བུ་འབྱུང་བའོ། །རིགས་པ་ཕྱི་མས་འགོག་པ་ནི་གཞན་དངོས་ཀྱི་དངོས་པོའི་སྒྲ་ཉིད་ཀྱི་དོན་སྟོན་པ་ལ་བྱས་ན་བདག་དངོས་མེད་པ་དེ་གཞན་འགོག་པའི་རྒྱུ་མཆན་དུ་སོང་གི་སྐྱེ་བ་འགོག་པའི་རྒྱུ་མཚན་དུ་མ་སོང་བས་སོ། །དེ་ལྟར་གཞན་སྐྱེ་ལ་རིགས་པས་གནོད་བས་ན་རྐྱེན་བཞི་ལས་དངོས་བོ་རྣམས་སྐྱེ་བར་གསུངས་ཀྱང་གཞན་སྐྱེ་སངས་རྒྱས་ཀྱི་བཞེད་པ་མིན་ཏེ། དེས་ནི་རིགས་པ་དང་འགལ་པའི་དོན་མི་བཞེད་པའི་ཕྱིར་རོ། །ལུང་གི་དགོངས་པ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སྐྱེ་བ་སོགས་དོན་དམ་པ་མིན་གྱི་ཀུན་རྫོབ་པའོ་ཞེས་བཤད་པ་ལྟར་ཡིན་ལ་དེས་ན་རྐྱེན་བཞི་ལས་སྐྱེ་བར་གསུངས་པའི་མདོས་ཀྱང་གཞན་སྐྱེ་མ་བསྟན་ནོ། །འདི་ཡན་ཆད་དུ་གཞན་སྐྱེ་འགོག་པ་ལ་རིགས་པ་གསུམ་བསྟན་པའི་དང་པོ་ནི་གཞན་དང་སྐྱེ་བ་གཉིས་གཞི་མཐུན་དང༌། གཉིས་པས་ནི་སྐྱེ་བ་དང་གསུམ་པས་ནི་རྒྱུ་འབྲས་གཉིས་གཞན་ཡིན་པ་ལ་གནོད་པ་བརྟན་པའི་སྒོ་ནས་འགོག་ཅིང་གནོད་པ་སྟོན་ཚུལ་ཡང་མི་འདྲ་བ་རེ་རེ་ཡོད་པ་རྣམས་ཕྱེད་དགོས་ལ། སྐབས་གཞན་དུ་ཡང་དེ་ཁོ་ན་བཞིན་དུ་ཤེས་དགོས་སོ། །དེ་དག་ལེགས་པོར་མ་ཕྱེད་ན་དེ་ཁོ་ན་ཉིད་ལ་དཔྱོད་པའི་ཤེས་རབ་འཕེལ་སྟོབས་ཆུང་ཞིང་ངེས་དོན་སྟོན་པའི་སྟོན་པ་དང་དེའི་དོན་འགྲེལ་བའི་མཁས་པ་རྣམས་ལ་ཡང་ཡོད་ཏན་ཐུན་མོང་མ་ཡིན་པ་མཐོང་བས་དྲངསཔའི་དད་པ་ཡང་མི་སྐྱེ་ཞིང༌། ཚེ་རབས་གཞན་དུ་ཡང་ལམ་འདི་དང་མི་འབྲལ་བའི་བག་ཆགས་ཤིན་ཏུ་བརྟན་པ་མི་ཞོགས་ལ། བྱང་ཆུབ་སེམས་
དཔའ་རྣམས་ལ་བདག་མེད་ཤིན་ཏུ་རྒྱས་པར་བསྟན་པའི་དོན་གྱི་ཕྱོགས་མཐུན་ཡང་མ་བྱུང་བ་ཡིན་པས། བདག་ཉིད་ཆེན་པོ་འདི་ཡི་ངེས་པའི་དོན་གྱི་རིགས་པ་ཕྲ་མོ་རེའི་རྣམ་འགྱུར་ཡང་ཡིད་གུས་པས་བཙལ་བར་བྱའོ། །གཉིས་པ་ལ་གསུམ། རྐྱེན་གྱི་རང་བཞིན་ཐུན་མོང་དུ་དགག་པ་དང༌། སོ་སོར་དགག་པ་དང༌། ཐུན་མོང་དུ་འགོག་ཚུལ་གཞན་བསྟན་པའོ། །དང་པོ་ལ་གཉིས། བྱེད་པའི་སྒོ་ནས་རྐྱེན་དུ་རྟོག་པ་དགག །ལས་ཀྱི་སྒོ་ནས་རྐྱེན་དུ་རྟོག་པ་དགག་པའོ། །དང་པོ་ལ་གཉིས། སྐྱེ་པའི་བྱ་བ་སྒྲུབ་པའི་རྒྱུ་མཚན་གྱིས་རྐྱེན་དུ་རྟོག་པ་དགག །འབྲས་བུ་སྐྱེ་བའི་རྒྱུ་མཚན་གྱིས་རྐྱེན་དུ་རྟོག་པ་དགག་པའོ། །དང་པོ་ནི། བྱ་བ་ལས་སྐྱེ་བར་སྨྲ་བདག་གོང་དུ་སྐྱེ་བ་བཀག་པ་ནི་འབྲས་བུ་རྐྱེན་ལས་དངོས་སུ་སྐྱེ་བའི་ཕྱོགས་ཡིན་ལ་དེ་བཀག་ཀྱང་མི་གནོད་དེ། ཁོ་བོ་ཅག་མིག་དང་གཟུགས་ལ་སོགས་པའི་རྐྱེན་གྱིས་དངོས་སུ་རྣམ་ཤེས་སྐྱེད་པར་མི་འདོད་ཀྱི། རྣམ་པར་ཤེས་པ་སྐྱེ་པའི་བྱ་བ་སྒྲུབ་པར་བྱེད་པས་དེ་དག་ལ་རྐྱེན་ཞེས་བྱ་ལ། བྱ་བ་དེས་ཀྱང་རྣམ་ཤེས་སྐྱེད་པར་བྱེད་པའི་ཕྱིར་རྣམ་ཤེས་སྐྱེད་པའི་བྱ་བ་རྐྱེན་དང་ལྡན་པས་ནི་རྣམ་ཤེས་དངོས་སུ་སྐྱེད་ཀྱི་རྐྱེན་རྣམས་ནི་མིན་ཏེ། དཔེར་ན་འབྲས་ཆེན་འཚེད་པའི་བྱ་བ་བཞིན་ནོ་སྙམ་དུ་སེམས་ཏེ་རྐྱེན་གྱིས་དོན་དམ་པའི་བྱ་བ་དང་དེས་ཀྱང་འབྲས་བུ་སྐྱེད་པར་འདོད་པའོ། །རྣམ་ཤེས་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཚེ་རྣམ་ཤེས་ནི་མེད་ལ་དེ་སྐྱེ་བའི་བྱ་བ་ནི་ཡོད་དོ། །དུས་དེར་ཡོད་པའི་སྐྱེ་བའི་
བྱ་བ་ནི་མིག་ལ་སོགས་པའི་རྐྱེན་ལ་ཡོད་ལ་དེ་ཡང་རྐྱེན་གྱི་བདག་ཉིད་ཡིན་པས་དེ་འདྲའི་བྱ་བ་ལས་སྐྱེ་བ་ནི་མདོ་སྡེ་པ་ཡན་ཆད་ཀྱིས་འདོད་ལ། དུས་དེ་ཡི་ཚེ་མིག་ལ་སོགས་བའི་རྐྱེན་མེད་པར་བྱ་བ་ཡོད་པ་དང་མིག་སོགས་ཡོད་ཀྱང་དེ་ལས་རྣམ་ཤེས་དངོས་སུ་མི་སྐྱེ་བ་ནི་སྡེ་གཉིས་ཀྱིས་ཀྱང་མི་འདོད་དོ། །དེས་ན་དོན་སྨྲ་གཉིས་བརྡ་སྤྲོད་པའི་ཐམ་ལག་གི་རྗེས་སུ་ཞུགས་ནས་རྒོལ་བར་བཤད་པ་ནི་འགྲིག་དཀའ་བས་བརྡ་སྤྲོད་བ་ཡིན་ནོ་ཤེས་སྨྲ་བ་ལྟར་འཐད་དོ། །སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་ཀྱི་སྐྱེ་བའི་བྱ་བ་འབྲས་བུའི་རྒྱུ་ཡིན་ཀྱང་སྤྱིར་སྐྱེ་བའི་བྱ་བ་འབྲས་བུ་དང་བྱ་བྱེད་ཀྱི་རྟེན་བརྟེན་པར་བཤད་པ་མི་འགལ་ཏེ། དུང་གི་མི་རྟག་པས་དུང་སྒྲ་སྐྱེད་ཀྱང་དུང་སྒྲ་དང་མི་རྟག་པ་རྟེན་བརྟེན་པར་མི་འགལ་བ་བཞིན་ནོ། །དེ་ལ་སྐྱེ་བའི་བྱ་བ་རང་གི་ངོ་བོས་གྲུབ་པ་ཞིག་ཡོད་ན་དེ་རྐྱེན་གྱིས་སྒྲུབ་པ་དང་རྣམ་ཤེས་སྐྱེད་དུ་ཆུག་ཀྱང་དེ་མེད་དེ། འདི་ལྟར་རྣམ་ཤེས་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་སུ་བྱ་བ་འདི་འདོད་པ་ན་རྣམ་ཤེས་སྐྱེས་ཟིན་ན་འདི་མི་དགོས་ཏེ་སྐྱེས་ཟིན་སླར་སྐྱེ་བ་མི་རིགས་པའི་ཕྱིར་རོ། །མ་སྐྱེས་པ་ལ་ཡང་མི་རིགས་པ་ནི་སྔར་བྱེད་པ་པོ་མེད་པས་རྟེན་མེད་པའི་རིགས་པ་བསྟན་པ་ལྟར་རོ། །སྦྱིར་སྐྱེ་རྒྱུའི་རྣམ་ཤེས་དང་སྐྱེ་བའི་བྱ་བ་གཉིས་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་སུ་རྟེན་དང་བརྟེན་པར་མེད་ཀྱང་སྐྱེ་བའི་བྱ་བ་རང་གི་མཚན་ཀྱིས་གྲུབ་ན། དུས་དེའི་ཚི་ཡང་སྐྱེ་བའི་བྱ་བའི་རྟེན་དུ་རྣམ་ཤེས་གྲུབ་དགོས་པས་དེ་མ་གྲུབ་ན་བྱ་བ་ཡང་མི་འགྲུབ་བོ། །རྣམ་ཤེས་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་སྐྱེ་བ་དེ་
གང་གི་ཡིན་པའི་རྣམ་ཤེས་དེ་དེའི་དུས་སུ་མེད་ཀྱང༌། ད་གཟོད་འབྱུང་འགྱུར་ལ་བསམས་ནས་དེའི་སྐྱེ་བར་འཇོག་ལ། སྐྱེ་བ་དེ་ཡོད་པ་ལ་ལྟོས་ནས་ཀྱང་རྣམ་ཤེས་འབྱུང་འགྱུར་ཡོད་པར་འཇོག་པས་བྱེད་པ་པོ་རྣམ་ཤེས་དང་སྐྱེ་པའི་བྱ་བ་གཉིས་རྟེན་བརྟེན་པར་མི་འགལ་ལ། ཕན་ཚུན་གྱི་དོན་ལ་བརྟེན་ནས་གྲུབ་པ་ནི་རང་བཞིན་གྱིས་མ་གྲུབ་པ་བཏགས་ཡོད་དོ་ཞེས་འཇུག་པ་རྩ་འགྲེལ་ལས་གསུངས་པ་བཞིན་དུ་སྐྱེ་བའི་བྱ་བ་དང་བྱེད་པ་པོ་གཞན་ལ་ཡང་ཤེས་པར་བྱའོ། །སྐྱེ་བཞིན་པ་ལ་བྱ་བ་དེ་འདོད་ན་ཡང་མི་རིགས་ཏེ་སྐྱེས་མ་སྐྱེས་གང་ཡང་མིན་པའི་སྐྱེ་བཞིན་པ་མེད་པའི་ཕྱིར་རོ། །གལ་ཏེ་སྐྱེ་བའི་བྱ་བ་ནི་བརྩམས་ལ་སྐྱེ་བ་མ་རྫོགས་པ་ནི་སྐྱེས་ཟིན་ཀྱང་མིན་ལ། སྐྱེ་བའི་བྱ་བ་ཡེ་མ་བརྩམས་པའི་མ་སྐྱེས་པ་ཡང་མིན་པས་སྐྱེ་བཞིན་པ་ཡིན་ལ་དེ་ལ་བྱ་བ་འདི་རྟོག་གོ་ཞེ་ན། དེ་ཡང་མི་འཐད་དེ་འདི་སྐྱེ་བཞིན་པའོ་ཞེས་འདོགས་པའི་གཞི་རྣམ་ཤེས་ལྟ་བུ་དེ་སྐྱེ་བཞིན་པར་གཞག་དགོས་ལ་དེའི་ཆ་འགའ་ཞིག་སྐྱེས་ལ་འགའ་ཞིག་མ་སྐྱེས་པ་ཡིན་ན་ནི་ཕྱེད་སྐྱེས་ཕྱེད་མ་སྐྱེས་སུ་འགྱུར་བས་སྐྱེས་མ་སྐྱེས་གཉིས་མིན་པ་མེད་དོ། །སྐྱེས་ཟིན་མ་ཟིན་གཉིས་ཀ་ལ་རྟོག་ན་འདས་མ་འོངས་གཉིས་ཀྱང་སྐྱེ་བཞིན་པར་འགྱུར་བས་དུས་གསུམ་པོ་ཐམས་ཅད་སྐྱེ་བཞིན་པར་འགྱུར་ཏེ། བརྒྱ་བ་ལས། སྐྱེ་བཞིན་པ་ནི་ཕྱེད་སྐྱེས་ཕྱིར། །སྐྱེ་བཞིན་པ་ནི་སྐྱེ་བ་མིན། །ཡང་ན་ཐམས་ཅད་སྐྱེ་གཞིན་པ། །ཉིད་ནི་ཡིན་པར་ཐལ་བར་འགྱུར།
ཞེས་སོ། །དེ་ལྟར་སྔར་མ་སྐྱེས་པ་སྐྱེད་པའི་བྱ་བ་དོན་དམ་པར་མེད་ཅིང་སྐྱེས་ཟིན་སླར་སྐྱེད་པའི་བྱ་བ་ཡང་མེད་པས་བྱ་བ་དོན་དམ་པ་མེད་ལ། དེ་ཡི་ཕྱིར་བྱ་བ་རང་གི་ངོ་བོས་གྲུབ་པ་མིག་ལ་སོགས་པའི་རྐྱེན་དང་ལྡན་བ་ཡོད་པ་མ་ཡིན་ཏེ། མོ་གཤམ་གྱི་བུ་མེད་པས་དེ་བ་ལང་དང་ལྡན་པ་མེད་པ་བཞིན་ནོ། །རྐྱེན་དང་ལྡན་པའི་དོན་ནི་རྐྱེན་གྱིས་བསྒྲུབས་པའི་བྱ་བ་རྐྱེན་དང་བཅས་པའོ། །འོ་ན་རྐྱེན་དང་མི་ལྡན་པའི་བྱ་བ་ཡོད་དོ་ཞེ་ན། མིག་སོགས་ཀྱི་རྐྱེན་གྱིས་མ་བསྒྲུབས་པའི་བྱ་བ་རྐྱེན་དང་མི་ལྡན་པ་ཡང་མེད་དེ། དེ་ཡོད་ན་རྒྱུ་མེད་དུ་སྐྱེ་དགོས་པས་ཐམས་ཅད་ལས་ཐམས་ཅད་འབྱུང་བ་དང་རྩོམ་པ་ཐམས་ཅད་དོན་མེད་དུ་འགྱུར་རོ། །དེ་ལྟར་བྱ་བ་མེད་ན་འོ་ན་རྐྱེན་ཉིད་ཀྱིས་འབྲས་བུ་སྐྱེད་དོ་སྙམ་ན། སྐྱེ་བའི་བྱ་བ་མི་ལྡན་པ་ནི་སྐྱེ་བའི་བྱ་བ་དོན་དམ་པར་མེད་པའོ། །དེའི་ཕྱིར་དེ་སྒྲུབ་པར་བྱེད་པ་ཡང་མེད་པར་མིག་ལ་སོགས་པ་ནི་སྐྱེ་བའི་བྱ་བ་དོན་དམ་པའི་རྐྱེན་མ་ཡིན་ནོ། །དེ་ལྟར་ན་དེ་རྣམས་དོན་དམ་པར་རྐྱེན་དུ་ཇི་ལྟར་འགྱུར་ཏེ་རྐྱེན་མིན་ནོ། །སྐྱེ་བའི་བྱ་བའི་རྐྱེན་མིན་ཀྱང་རྐྱེན་དུ་འགྱུར་ན་ནི་ཐམས་ཅད་ཀྱང་ཐམས་ཅད་ཀྱི་རྐྱེན་དུ་འགྱུར་རོ། །བྱ་བ་མི་ལྡན་པའི་དོན་ཆིག་གསལ་ལས། རྐྱེན་གྱིས་བསྒྲུབས་པའི་བྱ་བ་དང་མ་བསྒྲུབས་པའི་བྱ་བ་ལ་གསལ་ཁ་མེད་ཀྱང་སྔ་མ་ལས་འོས་མེད་ལ་དེ་ཡང་བུད་ངྷ་པཱ་ལི་ཏའི་དགོངས་པ་བཞིན་དུ་བཤད་དོ། །འབྲས་བུ་དང་རྐྱེན་གྱི་བར་དུ་བྱ་བས་ཆོད་པ་མི་འདོད་ཀྱང་མིག་ལ་སོགས་པ་རྣམས་འབྲས་བུ་སྐྱེ་བའི་བྱ་བ་སྒྲུབ་པའི་
རྐྱེན་ཡིན་བ་དང༌། མཐར་དེས་བསྒྲུབས་པའི་བྱ་བའི་ཁྱད་པར་ཞིག་ལས་འབྲས་བུ་སྐྱེ་བ་རང་ལུགས་ལ་ཡང་འདོད་དགོས་པར་རྐང་པ་གསུམ་པའི་སྐབས་ཀྱི་རིགས་པ་རྣམས་ཀྱིས་ཤེས་སོ། །ཅི་སྟེ་རྐྱེན་བྱ་བ་དང་ལྡན་པ་ཁོ་ནས་སྐྱེད་པར་བྱེད་དོ་ཞེ་ན། རྐང་པ་སྔ་མའི་མཐའི་མ་ཡིན་ཞེས་པ་འདིར་དྲང་ལ་རྐྱེན་རྣམས་རང་གི་ངོ་བོས་གྲུབ་པའི་བྱ་བ་དང་ལྡན་པར་ཡོད་པ་མ་ཡིན་ནོ། །འོན་ཏེ་ནའི་སྒྲ་ནི་འདིར་མ་ཡིན་པ་ཁོ་ན་ཞེས་ངེས་གཟུང་གི་དོན་དུ་ཚིག་གསལ་ལས་བཤད་ལ། རྐྱེན་དང་ལྡན་མི་ལྡན་གྱི་བྱ་བ་མེད་པར་ནི་སྔར་བསྟན་ཟིན་ཏོ། །ཤེས་རབ་སྒྲོན་མ་ལས་རྐང་པ་གསུམ་པའི་སྔོན་དུ་འབྲས་བུ་སྐྱེ་བའི་སྔ་རོལ་དུ་རྐྱེན་རྣམས་བྱ་བ་དང་མི་ལྡན་ནམ་འོན་ཏེ་ལྡན་ཞེས་བསྟན་པའི་ཕྱི་མ་དང་བཞི་པ་འདི་སྦྱོར་བས་འོན་ཏེའི་སྒྲ་བརྟག་པའི་དོན་དུ་འཆད་དོ། །དེ་ལྟར་ན་མིག་ལ་སོགས་པ་རྣམས་འབྲས་བུ་སྐྱེ་བའི་བྱ་བ་དང་ལྡན་པས་རྐྱེན་ནོ་ཞེས་པའི་རྟགས་རྐང་པ་བཞི་པ་དང་དང་པོས་བཀག །དེ་ལ་བྱ་བ་རྐྱེན་ལྡན་མེད་ཀྱང་རྐྱེན་མི་ལྡན་ཡོད་དོ་ཞེས་པ་གཉིས་པས་བཀག །དེ་ནས་བྱ་བ་དང་མི་ལྡན་ཀྱང་རྐྱེན་དུ་འཇོག་གོ་སྙམ་པ་གསུམ་པས་འགོག་པས། བྱ་བ་དང་ལྡན་མི་ལྡན་གྱི་རྐྱེན་གང་ཡང་དོན་དམ་པར་མེད་པས་རྐྱེན་རྣམས་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་རྟོག་པ་དོན་མེད་དོ་ཞས་པ་རིགས་པ་དེ་རྣམས་ཀྱི་འབྲས་བུ་ཡིན་ཏེ་བུད་ངྷ་པཱ་ལི་ཏའི་
དགོངས་པའོ། །གཉིས་པ་ནི། གལ་ཏེ་རྐྱེན་བྱ་བ་དང་ལྡན་མི་ལྡན་དཔྱོད་པ་འདིས་ཁོ་བོ་ཅག་ལ་ཅི་བྱ། གང་གི་ཕྱིར་མིག་ལ་སོགས་པའི་རྐྱེན་འདི་དག་ལ་བརྟེན་ནས་རྣམ་ཤེས་ལ་སོགས་པ་སྐྱེ་བས་དེའི་ཕྱིར་མིག་ལ་སོགས་བ་འདི་དག་རང་གི་ངོ་བོས་རྐྱེན་ཞེས་བྱ་བའི་རང་བཞིན་དུ་འཇོག་གོ་ཞེ་ན། གྲག་ཅེས་པ་ནི་རྩོམ་པ་པོ་མི་བཞེད་པར་སྟོན་པའོ། །འདི་ནི་མདོ་སྡེ་པས་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་སུ་རྐྱེན་རྣམས་བྱ་བ་དང་ལྡན་གྱི་དེའི་སྔོན་དུ་མི་ལྡན་པར་འདོད་པའི་ལུགས་སོ་ཞེས་ཤེས་རབ་སྒྲོན་མ་ལས་བཤད་དོ། །དེ་ལ་སྔར་སྐྱེ་བའི་བྱ་བ་བཀག་ནས་རྐྱེན་མི་འཐད་ཅེས་བསྟན་མ་ཐག་ཡིན་པས་འདི་སྨྲ་བར་མི་རིགས་ལ་སྨྲ་ནའང་སྐྱོན་ཡོད་དེ། ས་བོན་ལ་སོགས་པ་ལས་ཇི་སྲིད་དུ་འབྲས་བུ་མྱུ་གུ་ལ་སོགས་པ་མི་སྐྱེ་བ་སྟེ་སྐྱེ་བའི་བྱ་བ་མ་མཐོང་བ་དེ་སྲིད་དུ་འདི་དག་འབྲས་བུའི་རྐྱེན་མིན་པ་ཇི་ལྟར་མིན་ཏེ་རྐྱེན་མིན་པ་ཁོ་ན་འོ། །དེ་ཡང་འབྲས་བུ་སྐྱེ་བའི་བྱ་བ་དང་ལྡན་པ་ཁོ་ནས་རྐྱེན་དུ་འཇོག་པའི་གནད་ཀྱིས་དེ་ལྟར་ཁས་བླང་དགོས་སོ། །རྐྱེན་མིན་ན་ནི་དེ་དག་ལས་འབྲས་བུ་སྐྱེ་བ་ཡང་མ་ཡིན་ཏེ་བྱེ་མ་ལས་ཏིལ་མར་བཞིན་ནོ། །འབྲུ་ལ་སོགས་པ་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་སྔ་རོལ་དུ་རྐྱེན་མིན་ཀྱང་མངོན་དུ་ཕྱོགས་པའི་དུས་སུ་རྐྱེན་དུ་འགྱུར་རོ་སྙམ་ན། མི་རིགས་ཏེ་དེ་ལྟ་ན་ཐམས་ཅད་ཀྱང་ཐམས་ཅད་ཀྱི་རྐྱེན་དུ་འགྱུར་བའི་
ཕྱིར་རོ། །ཅི་སྟེ་རྐྱེན་མིན་པ་དག་ཀྱང་རྐྱེན་གཞན་འགའ་ཞིག་ལ་ལྟོས་ནས་རྐྱེན་དུ་འགྱུར་བས་སྐྱོན་མེད་ཅེ་ན། འབྲུ་ལ་སོགས་པ་སྔར་རྐྱེན་མ་ཡིན་ཀྱང་རྐྱེན་གཞན་ལ་ལྟོས་ནས་མྱུ་གུ་ལ་སོགས་པའི་རྐྱེན་དུ་འགྱུར་བའི་རྐྱེན་གཞན་དེ་ཡང༌། རང་གི་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་སྐྱེ་བ་དང་མི་ལྡན་པའི་དུས་སུ་རྐྱེན་མིན་པས། དེ་ཡང་གཞན་ལ་ལྟོས་ལ་དེ་ལ་ཡང་དེ་ལྟར་བསམ་དགོས་པས་ཐུག་པ་མེད་པར་འགྱུར་རོ། །དེར་གྱུར་ན་ནི་རྩ་བའི་རྐྱེན་མི་འགྲུབ་བོ། །འབྲས་བུ་སྐྱེ་བའི་བྱ་བ་དང་ལྡན་པ་རྐྱེན་གྱི་རྣམ་འཇོག་ཏུ་འདོད་ན་ནི་དེ་དང་མི་ལྡན་བའི་སྔ་མ་རྣམས་རྐྱེན་མིན་པར་འགྱུར་ལ་དེ་ལྟ་ན་ཕྱིས་སྐྱེ་བ་ལ་མངོན་དུ་ཕྱོགས་དུས་སུ་ཡང་རྐྱེན་དུ་མི་འགྱུར་བས་རྐྱེན་མེད་པར་འགྱུར་རོ། །རང་ལུགས་ནི་འབྲས་བུ་སྐྱེ་བའི་བྱ་བ་བྱེད་བས་འཇོག་ལ་བྱེད་པ་ལ་ནི་དངོས་དང་བརྒྱུད་ནས་བྱེད་པ་གཉིས་ཀ་ཡོད་དོ། །གཉིས་པ་ནི། འདི་ལ་བརྟེན་ནས་འདི་སྐྱེའོ་ཞེས་པའི་འབྲེལ་པ་འདི་ཡོད་པའི་རྒྱུ་མཚན་གྱིས་དོན་འདིའི་རྐྱེན་འདིའོ་ཞེས་ཟེར་ན། འབྲེལ་པ་དེ་དོན་ཡོད་མེད་གང་རུང་གཅིག་ལ་ནི་བརྟག་དགོས་ལ་མེད་པའི་དོན་ལ་རྐྱེན་ནི་རུང་བ་མ་ཡིན་ཞིང༌། དེར་མ་ཟད་ཡོད་པའི་དོན་ལ་ཡང་རྐྱེན་ནི་རུང་བ་མ་ཡིན་ནོ། །དམ་ནི་དེ་གཉིས་གང་རུང་གཅིག་གི་རྐྱེན་དུ་བརྟག་དགོས་པའོ། །ཏེ་ནི་ལྷག་མ་འདྲེན་པའོ། །ཇི་ལྟར་མི་རུང་བ་ནི། ཤེས་བྱ་ལ་མེད་པ་རྒྱུས་སྐྱེད་པར་སུས་ཀྱང་མི་འདོད་པས་རྒྱུའི་དུས་ན་འབྲས་བུ་
མེད་པ་ཡིན་ལ། དེ་ཡང་རྒྱུ་དུས་ན་འབྲས་བུ་ཡོད་པ་རྣམ་པར་བཅད་པ་ཙམ་གྱི་དངོས་མེད་སྐྱེ་བ་ཡང་མི་འདོད་པས་རྒྱུ་དུས་ན་མེད་པའི་མྱུ་གུ་ལ་སོགས་པ་སྐྱེ་བར་འདོད་པ་འགོག་གོ །དེ་ལ་སྐྱེས་པའི་སྔ་རོལ་དུ་འབྲས་བུ་དེ་མེད་ན་རྐྱེན་འདི་གང་གི་ཡིན་ཞེས་ཟེར་བ་ལ་གང་གི་རྐྱེན་དུ་འགྱུར་སའི་དོན་དེ་མེད་པས་ཇི་སྐད་བརྗོད་པར་བྱ་སྟེ་སྣམ་བུ་མེད་བའི་རྐྱེན་ནི་རྒྱུ་སྤུན་ནོ་ཞེས་བསྟན་པར་མི་རིགས་སོ། །གལ་ཏེ་རྒྱུ་སྤུན་ལས་སྣམ་བུ་འབྱུང་བས་ད་ལྟ་མེད་ཀྱང་ཕྱིས་འབྱུང་བའི་ཚུལ་གྱིས་རྒྱུ་སྤུན་སྣམ་བུའི་རྐྱེན་དུ་བསྟན་དུ་རུང་ངོ་ཞེ་ན། རེས་འགའ་འགའ་ཞིག་ཏུ་འབྱུང་ན་དེ་ལྟར་ཡིན་ཀྱང་འདིར་རང་གི་ངོ་བོས་གྲུབ་པའི་སྐྱེ་བ་འགོག་པ་ན་དེའི་དབང་དུ་བྱས་པའི་སྐྱེ་བ་དུས་ནམ་ཡང་མེད་པས་ཕྱིས་འབྱུང་བའི་སྣམ་བུ་ལ་ལྟོས་ནས་ཀྱང་དེའི་རྐྱེན་ཡིན་ནོ་ཞེས་བརྗོད་པར་ག་ལ་ནུས། འཇིག་རྟེན་ན་རྒྱུ་སྤུན་ལས་སྣམ་བུ་འབྱུང་བར་མཐོང་ནས་ཕྱིས་ཀྱི་སྣམ་བུ་ལ་བསམས་ནས་སྔར་གྱི་རྒྱུ་སྤུན་ལ་འདི་སྣམ་བུའི་རྐྱེན་ནོ་ཞེས་སྨྲ་པ་ནི། སྣམ་བུ་ལ་ལྟོས་ནས་རྒྱུ་སྤུན་རྐྱེན་དུ་འཇོག་ལ་དེ་ལ་བརྟེན་ནས་ཀྱང་སྣམ་བུ་འབྲས་བུར་འཇོག་པ་ཕན་ཚུན་གྱི་དོན་ལ་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་པ་རང་བཞིན་གྱིས་མེད་པ་ཡིན་ནོ། །དེ་ཡི་ཕྱིར་འབྱུང་འགྱུར་གྱི་སྣམ་བུ་ལ་ལྟོས་ནས་སྔར་གྱི་རྒྱུ་སྤུན་རྐྱེན་དུ་འཇོག་ན་ནི་ལྟོས་བཏགས་ཁས་བླང་དགོས་ཀྱི་རང་གི་ངོ་བོས་གྲུབ་པ་ལ་དེ་རྣམ་པ་ཐམས་ཅད་དུ་མི་རུང་ངོ༌། །འདི་ནི་ཕ་རོལ་པོ་འགོག་ནུས་པ་དང་རང་ལ་མི་མཚུངས་པའི་རྒྱུ་མཚན་ནོ། །
གལ་ཏེ་འབྲས་བུ་དེ་སྐྱེས་པའི་སྔ་རོལ་དུ་ཡོད་པས་ཡོད་པའི་རྐྱེན་དུ་རྟོག་ནའང་མི་འཐད་དེ། ཡོད་ན་རྐྱེན་གྱིས་སླར་ཡང་ཅི་ཞིག་བྱ་དགོས་ཏེ་སྣམ་བུ་གྲུབ་ཟིན་རྒྱུ་སྤུན་གྱི་རྐྱེན་གྱིས་བསྒྲུབ་མི་དགོས་པ་བཞིན་ནོ། །གལ་ཏེ་ཁོ་བོ་ནི་སྐྱེས་ཟིན་པ་ལ་སླར་ཡང་རྐྱེན་གྱི་བྱ་བ་ཡོད་དོ་ཞེས་མི་སྨྲའི་སྣམ་བུ་ཡོད་པའི་རྐྱེན་རྒྱུ་སྤུན་ཡིན་པར་ཐ་སྙད་བྱེད་དོ་ཞེ་ན། འདི་ལ་བྱེ་བྲག་ཏུ་སྨྲ་བ་མ་གཏོགས་པའི་རང་སྡེས་འབྲས་བུ་གྲུབ་ཟིན་སླར་ཡང་རྒྱུས་སྐྱེད་མི་དགོས་ཀྱང་གྲུབ་པ་དེ་ཉིད་རྒྱུས་བསྐྱེད་པར་འདོད་ལ་དེ་བཞིན་དུ་སླར་ཡང་རྒྱ་ལ་རག་ལས་མི་དགོས་ཀྱང་གྲུབ་པ་དེ་ཉིད་རྒྱུའི་གཞན་དབང་ཅན་ཡིན་པས་རྒྱུ་ལ་རག་ལས་པའོ། །དེ་ཙམ་ཞིག་རང་ལུགས་ལའང་འདོད་པས་ཁྱད་པར་ནི་རང་གི་ངོ་བོས་གྲུབ་པ་རྒྱུས་བསྐྱེད་ན་གྲུབ་ཟིན་ནས་སླར་ཡང་སྐྱེད་དགོས་པ་སོགས་ཀྱི་གནོད་པ་སྟོན་བས་བུད་ངྷ་པཱ་ལི་ཏ་དང་ཚིག་གསལ་ལས་ཡོད་པ་ལ་རྐྱེན་མི་དགོས་ཞེས་པའི་སྐབས་སུ་ཡང་གི་སྒྲ་སྨོས་སོ། །རིགས་པ་འདི་གཉིས་ནི་ལན་དུ་མར་འབྱུང་བས་སྐབས་གཞན་དུ་ཡང་འདིར་བཤད་པ་བཞིན་ཤེས་པར་བྱའོ། །གཉིས་པ་ལ་བཞི། རྒྱུའི་རྐྱེན་གྱི་མཚན་ཉིད་དགག །དམིགས་རྐྱེན་གྱི་མཚན་ཉིད་དགག །དེ་མ་ཐག་རྐྱེན་གྱི་མཚན་ཉིད་དགག །བདག་རྐྱེན་གྱི་མཚན་ཉིད་དགག་པའོ། །དང་པོ་ནི། དངོས་པོ་རྣམས་ནི་མཚན་ཉིད་ལས་འགྲུབ་ལ་རྒྱུ་ནི་སྒྲུབ་བར་བྱེད་པའོ། ཞེས་རྒྱུའི་རྐྱེན་གྱི་
མཚན་ཉིད་ཀྱང་གསུངས་པས་མཚན་ཉིད་ཡོད་པའི་ཕྱིར་རྒྱུའི་རྐྱེན་རང་བཞིན་གྱིས་ཡོད་དོ་ཞེ་ན། མཚན་ཉིད་དེ་དོན་དམ་པར་ཡོད་ན་རྒྱུའི་རྐྱེན་ཡང་དོན་དམ་པར་ཡོད་ནའང་དེ་ནི་འཐད་དེ་གང་གི་ཚེ་འབྲས་བུའི་ཆོས་ནི་རྒྱུ་དུས་སུ་ཡོད་པ་དང་མེད་པ་དང་ཡོད་མེད་གཉིས་ཀ་དཔྱད་ན་རྒྱུས་མི་འགྲུབ་པ་དེའི་ཚེ་ཇི་ལྟར་ན་སྒྲུབ་པར་བྱེད་པའི་མཚན་ཉིད་རང་གི་ངོ་བོས་ཡོད་པ་རྒྱུའི་རྐྱེན་གྱི་མཚན་ཉིད་ཡིན་ཞེས་བྱ་སྟེ་མིན་ནོ། །དེ་ལྟ་ཡིན་ན་རྒྱུའི་རྐྱེན་གྱི་མཚན་ཉིད་ཡོད་པའི་ཕྱིར་རྒྱུའི་རྐྱེན་དོན་དམ་པར་ཡོད་དོ་ཞེས་སྨྲ་བ་དེ་མི་རིགས་སོ། །འདི་ཡི་རིགས་པ་སྔར་བརྗོད་མོད་ཀྱང་བུད་ངྷ་པཱ་ལི་ཏ་ལས་བཤད་པ་བརྗོད་པར་བྱ་སྟེ། འབྲས་བུ་རྒྱུ་དུས་སུ་ཡོད་པ་རྒྱུས་འགྲུབ་ན་ནི་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་ལ། རྒྱུ་དུས་སུ་མེད་པའི་མྱུ་གུ་ལ་སོགས་པ་རང་གི་ངོ་བོས་ཡོད་པ་རྒྱུས་འགྲུབ་ན་ནི་རྒྱུ་དུས་སུ་མེད་པར་མཚུངས་བཞིན་དུ་མྱུ་གུ་སྐྱེ་ལ་རི་བོང་གི་རྭ་མི་སྐྱེ་བ་མི་འཐད་བར་འགྱུར་ཏེ། རང་གི་ངོ་བོས་གྲུབ་པའི་དངོས་པོ་དུས་ཐམས་ཅད་དུ་མེད་པས་དེ་ལ་འདི་ནི་འདིའི་རྒྱུའོ། །འདི་ནི་འདིའི་རྒྱུ་མ་ཡིན་ནོ་ཞེས་ཁྱད་པར་དབྱེ་བར་མི་ནུས་པའི་ཕྱིར་རོ། །རྒྱུ་དུས་སུ་ཡོད་མེད་གཉིས་ཀ་ཡང་འགྲུབ་པར་མི་བྱེད་དེ། ཕན་ཚུན་འགལ་བའི་དོན་གཅིག་མེད་པའི་ཕྱིར་དང་སྐྱོན་གཉིས་ཀར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། དམིགས་པའི་རྐྱེན་རང་བཞིན་གྱིས་ཡོད་དེ་རྣམ་པར་ཤེས་པ་ལ་སོགས་པའི་གནས་སུ་གྱུར་པའི་ཕྱིར་རོ་ཞེ་ན། འོ་ན་དམིགས་རྐྱེན་དེ་དམིགས་པའི་སྔ་རོལ་ན་ཡོད་པའི་ཤེས་པ་ལ་རྟོག་གམ་མེད་པའི་ཤེས་
པ་ལ་རྟོག་གྲང༌། དམིགས་བྱ་དམིགས་པའི་སྔ་རོལ་ན་ཡོད་པ་ལ་ནི་དམིགས་རྐྱེན་མི་དགོས་ཏེ། ཆོས་དེ་བསྐྱེད་པར་བྱ་བའི་ཕྱིར་དུ་དམིགས་རྐྱེན་རྟོག་པ་ཡིན་ན་ཆོས་དེ་ནི་དམིགས་བྱ་དམིགས་བའི་སྔ་རོལ་དུ་ཡོད་པའི་ཕྱིར་རོ། །ཅི་སྟེ་དེ་ལྟར་ཆོས་རང་གི་བདག་ཉིད་ནི་དམིགས་པ་ལ་ལྟོས་པ་མེད་པར་རབ་ཏུ་གྲུབ་ན་འདི་ལ་དམིགས་པ་ཡོད་པར་བརྟགས་པས་ཅི་ཞིག་བྱ། དེའི་ཕྱིར་ཡོད་པའི་ཆོས་སེམས་ལ་སོགས་པ་འདི་དམིགས་པ་ནི་མེད་པ་ཁོ་ན་ཁྱེད་ཅག་གི་རང་འདོད་ཀྱིས་དམིགས་བ་དང་བཅས་སོ་ཞེས་ཉེ་བར་བསྟན་པ་ཙམ་དུ་ཟད་ཀྱི་འདི་ལ་དམིགས་པ་དང་འབྲེལ་བ་ནི་ཅུང་ཟད་ཀྱང་མེད་དོ། །ཅི་སྟེ་དམིགས་བྱ་དམིགས་པའི་སྔ་རོལ་དུ་མེད་པའི་ཤེས་པ་ལ་རྟོག་ན། དེའི་དུས་སུ་མེད་པའི་ཤེས་པ་ལ་ནི་དམིགས་བྱའི་རྐྱེན་དང་འབྲེལ་པ་མེད་དེ། དམིགས་བྱ་ཡོད་བའི་དུས་སུ་དམིགས་བྱེད་མེད་ཅིང་དམིགས་བྱེད་ཡོད་པའི་དུས་སུ་དམིགས་བྱ་མེད་པས་སོ། །དེ་ལ་འབྲེལ་པ་ཡོད་པ་ཐ་སྙད་དུ་དགག་མི་ནུས་ཀྱང་འདིར་དམིགས་རྐྱེན་དོན་དམ་པར་གྲུབ་པར་སྨྲ་བ་འགོག་པ་ཡིན་པས། དོན་དམ་པར་འབྲེལ་པ་འགོག་ནུས་ཏེ་འབྲེལ་པ་དོན་དམ་དུ་གྲུབ་ན་ཆོས་གཉིས་ཀྱི་ཡིན་ལུགས་སུ་གྲུབ་དགོས་ཤིང་ཡིན་ལུགས་རང་གི་ཆོས་དེ་ལ་ནམ་ཡང་མི་འཁྲུལ་བས་ཡུལ་དུས་ཀུན་ཏུ་འཇུག་པའི་ཕྱིར་རོ། །དེ་ལྟ་ན་འབྲས་བུའི་ཆོས་སེམས་སེམས་བྱུང་འདི་དམིགས་པ་མེད་པ་ཡིན་པ་སྟེ་
མེད་པར་གྱུར་པ་ཁོ་ན་ཁྱེད་ཀྱིས་དམིགས་པ་དང་བཅས་པར་ཉེ་བར་བསྟན་ནོ། །སྔར་ཡོད་པར་བསྒྱུར་བ་འདིར་ཡིན་པར་བསྒྱུར་ཏེ་མེད་པ་ལ་དམིགས་རྐྱེན་འགོག་པའི་སྐབས་ཡིན་པ་ལ་བསམས་སོ། །རྐང་པ་གཉིས་པོ་དེ་ལ་ཁྱད་པར་དེ་མ་གཏོགས་པ་སྔ་ཕྱི་གཉིས་འདྲ་ལ་ཅི་སྟེ་ཞེས་པ་གཉིས་མི་འདྲའོ། །ཤེས་རབ་སྒྲོན་མར་མིག་གི་རྣམ་ཤེས་ལ་སོགས་པའི་ཆོས་འདི་དོན་པར་དམིགས་པ་མེད་པར་གྱུར་པ་ཁོ་ནར་སྟོན་པས་ཉེ་བར་བསྟན་ཞེས་བཤད་པས་ཁོ་ནར་ཞེས་པ་གཞུང་ལ་ཡོད་དོ། །དེ་ཡི་ཕྱིར་ཆོས་དམིགས་པར་བྱེད་པ་དེ་དམིགས་བྱ་དམིགས་པའི་སྔ་རོལ་དུ་མེད་པའི་ཕྱིར་དེའི་དམིགས་བྱ་ཡང་དོན་དམ་པར་མེད་དོ། །ཅི་སྟེ་ནི་དྲི་བའོ། །ག་ལ་འགྱུར་ཞེས་པས་ནི་གཏན་ཚིགས་བསྟན་ནོ། །འོ་ན་སྟོན་བས་དམིགས་པ་དང་བཅས་པའི་ཆོས་གང་དག་ཅེ་ན། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ་ཞེས་དེ་རྣམས་དམིགས་པ་དང་བཅས་པར་གསུངས་ལ་ཁྱེད་ཀྱིས་དམིགས་པ་བཀག་པས་འགལ་ལོ་ཞེ་ན། དམིགས་པ་དང་བཅས་པ་ནི་ཀུན་རྫོབ་བ་ཡིན་གྱི་དོན་དམ་པ་མིན་པས་ཉེས་པ་མེད་དོ་ཞེས་གསུངས་ཏེ། རིགས་པས་བཀག་པ་དོན་དམ་དུ་གྲུབ་པ་ཡིན་ལ་ལུང་གི་དོན་ཀུན་རྫོབ་ཏུ་གྲུབ་པ་ཡིན་པས་མི་འགལ་བའི་དོན་ཏེ་དགག་བྱ་ལ་ཁྱད་པར་སྦྱར་དགོས་པའི་དོན་ནོ། །གསུམ་པ་ནི། དངོས་པོ་གཞན་འགགས་མ་ཐག་པ་ནི་དངོས་པོ་གཞན་སྐྱེ་བའི་དེ་མ་ཐག་རྐྱེན་ཡིན་ཏེ་དེ་རང་བཞིན་གྱིས་ཡོད་ཅེས་སྨྲ་ན། མྱུ་གུ་ལ་སོགས་པ་འབྲས་བུའི་ཆོས་
རྣམས་སྐྱེས་པ་མ་ཡིན་ན་སྟེ་སྐྱེས་པའི་སྔོན་དུ་ས་བོན་ལ་སོགས་བའི་རྒྱུ་འགག་པ་སྟེ་འགགས་པ་འཐད་པར་མི་འགྱུར་རོ། །དེ་ཡི་ཕྱིར་དངོས་པོ་གཞན་འགགས་མ་ཐག་པ་དངོས་པོ་གཞན་གྱི་དེ་མ་ཐག་རྐྱེན་དུ་མི་རིགས་སོ། །གལ་ཏེ་འབྲས་བུ་སྐྱེས་པའི་སྔོན་དུ་ས་བོན་འགགས་ནས་མེད་ན་མྱུ་གུ་སྐྱེ་བའི་རྐྱེན་དུ་གང་ཞིག་ཡོད་པ་ཡིན་ཏེ་མེད་དེ། མྱུ་གུ་སྐྱེས་པའི་སྔ་ལོགས་དེ་མ་ཐག་ན་ས་བོན་མེད་པའི་ཕྱིར་རོ། །ས་བོན་འགགས་པ་མྱུ་གུ་མ་སྐྱེས་པའི་རྐྱེན་དུ་ཡང་མི་རིགས་ཏེ་ས་བོན་འགགས་པ་དང་མྱུ་གུ་སྐྱེས་པ་དུས་མཉམ་པའི་ཕྱིར་རོ། །ས་བོན་འགགས་པའི་རྐྱེན་དུ་ཡང་གང་ཞིག་ཡོད་པ་ཡིན་ཏེ་མེད་དེ་མྱུ་གུའི་སྐྱེ་བ་ས་བོན་འགགས་བའི་སྔ་ལོགས་ན་མེད་པའི་ཕྱིར་རོ། །དེས་ན་ས་བོན་འགགས་ནས་མྱུ་གུ་སྐྱེ་བར་རྟོག་ན་དེ་གཉིས་ཀ་རྒྱུ་མེད་དུ་འགྱུར་ན་འདོད་པ་ཡང་མིན་ནོ། །ཀྱང་ཞེས་པ་ནི་འབྲས་བུ་མ་སྐྱེས་པར་རྒྱུ་མ་འགགས་ན་དེ་མ་ཐག་རྐྱེན་མི་རིགས་བར་མ་ཟད་འགགས་ན་ཡང་མི་རིགས་ཞེས་པ་ཡིན་པས་སྦྱར་ས་ཡང་དེར་རོ། །འབྲས་བུ་སྐྱེས་པའི་འོག་ཏུ་རྒྱུ་འགགས་པ་ལ་ཡང་དེ་མ་ཐག་རྐྱེན་དགག་པར་བྱ་སྟེ་གལ་ཏེ་མྱུ་གུ་སྐྱེས་མ་ཐག་ཏུ་ས་བོན་འགགས་ལ་དེ་ལྟ་ནའང་དེ་མ་ཐག་རྐྱེན་འགྲུབ་སྟེ། །མྱུ་གུ་སྐྱེས་མ་ཐག་ཏུ་ས་བོན་འགག་པའི་རྐྱེན་དུ་འགྱུར་བའི་ཕྱིར་རོ་ཞེ་ན། འགགས་ན་ཡང་ཞེས་པ་སྐྱེས་ནའང་རྐྱེན་དུ་ཇི་ལྟར་འགྱུར་ཞེས་འདོན་པ་བསྒྱུར་ལ་དགག་གོ །མྱུ་གུ་སྐྱེ་བའི་བྱ་བ་རྫོགས་པའི་ཚེ་ས་བོན་
འགགས་ན་ས་བོན་འགགས་པ་དང་མྱུ་གུ་སྐྱེ་བའི་རྐྱེན་གང་ཞིག་ཡིན་ཏེ་གཉིས་ཀའང་རྒྱུ་མེད་དུ་འགྱུར་རོ། །དེའི་རྒྱུ་མཚན་ནི་མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་བྱ་བ་ས་བོན་འགགས་པའི་སྔ་ལོགས་དེ་མ་ཐག་ན་མེད་ཅིང༌། ས་བོན་འགག་པ་ལ་མངོན་དུ་ཕྱོགས་པའི་བྱ་བ་མྱུ་གུ་སྐྱེས་པའི་སྔ་ལོགས་དེ་མ་ཐག་ན་མེད་པའི་ཕྱིར་རོ། །ཅི་སྟེ་ས་བོན་འགག་བཞིན་པ་ན་མྱུ་གུ་སྐྱེ་བས་ས་བོན་འགག་བཞིན་པའི་བྱ་བ་སྐྱེ་བཞིན་པའི་མྱུ་གུའི་རྐྱེན་དང་མྱུ་གུ་སྐྱེ་བཞིན་པའི་བྱ་བ་ས་བོན་འགགས་པའི་རྐྱེན་ཡིན་པས་རྒྱུ་མེད་དུ་མི་འགྱུར་རོ་ཞེ་ན། དེ་ཡང་མི་རིགས་ཏེ་རྒྱུ་འབྲས་རང་གི་ངོ་བོས་གྲུབ་པ་ལ་མྱུ་གུ་སྐྱེ་བཞིན་པའི་དུས་སུ་མྱུ་གུ་ཡོད་དགོས་ལ་དེ་ལྟ་ན་གང་འགག་པའི་ས་བོན་དང་གང་སྐྱེ་བའི་མྱུ་གུ་གཉིས་དུས་མཉམ་དུ་ཡོད་པས་དེ་མ་ཐག་ཅེས་པའི་དོན་མི་གནས་པའི་ཕྱིར་རོ། །བྱ་བ་གཉིས་དུས་གཅིག་ཏུ་རྟོག་ནའང་དེ་མ་ཐག་པ་མི་འཐད་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་བྱ་བ་གཉིས་དུས་གཅིག་ན་ཆོས་གཉིས་ཀྱང་དུས་མཉམ་དགོས་པའི་ཕྱིར་རོ། །འབྲས་བུ་སྐྱེས་པའི་སྔོན་དུ་རྒྱུ་མ་འགགས་པ་དང་འགགས་པ་གཉིས་ཀ་ལ་དེ་མ་ཐག་རྐྱེན་མི་འཐད་བ་དེ་ཡི་ཕྱིར་རྒྱུ་འགགས་མ་ཐག་པ་འབྲས་བུ་སྐྱེ་བའི་དེ་མ་ཐག་རྐྱེན་རང་བཞིན་གྱིས་ཡོད་ཅེས་སྨྲ་བ་མི་རིགས་སོ་ཞེས་རྐང་པ་གསུམ་པ་མཐའ་འདིར་དྲང་སྟེ། གསུམ་པར་མཛད་པ་ནི་སྡེབ་སྦྱོར་གྱི་ངོར་ཡིན་ལ་འདི་ནི་དོན་བཤད་པའི་དབང་དུ་བྱས་པའོ། །དེའི་ཕྱིར་དེ་མ་ཐག་རྐྱེན་མི་རིགས་ཞེས་པ་རྐང་པ་གསུམ་པའི་འོག་ཏུ་སྦྱར་དགོས་ཀྱང་དང་པོ་གཉིས་ཀྱི་འོག་