Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

39 occurrences of དོགས་པ་
[Clear Hits]


28  collapse section
 
ཤོག་ལྷེབ་ ༡ ནས་ ༡༠༠ བར།
 
 
 
 
 
 
expand section
 


39 occurrences of དོགས་པ་
[Clear Hits]

 
no previousཤོག་ལྷེབ་ ༡ ནས་ ༡༠༠ བར།next

ཤོག་ལྷེབ་ ༡ ནས་ ༡༠༠ བར།


JLD017_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པའི་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།


JLD017_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ། རྒྱལ་བ་མ་ཕམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་གུས་པས་ཕྱག་འཚལ་ལོ། །པད་དཀར་མིག་དང་རི་འཇོམས་གསེར་གྱི་མངལ། །ཉ་ཡི་ཏོག་དང་ག་ག་འཛིན་པ་སོགས། །ཆེར་རློམ་རྣམས་ཀྱི་ལམ་ལས་ཆེར་འཕགས་པ། །རྒྱལ་བའི་ལུགས་བཟང་རིང་དུ་རྒྱལ་གྱུར་ཅིག །རབ་དཀར་ལྷག་བསམ་དག་པའི་


JLD017_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གཞི་ཞེ་སྡང་རྡུལ་གྱིས་དབེན་པའི་སྟེང༌། །གཏིང་མཐའ་བྲལ་བའི་སྟོང་ཉིད་རྒྱ་མཚོ་བརྩོན་པའི་མགྱོགས་འགྲོས་བསྲུབས་ལས་བསྐྲུན། །རྒྱ་ཆེན་སྤྱོད་པའི་རླབས་ཆེན་ལེགས་འཁྲིགས་བསྡུ་བཞིའི་ཆུ་གཏེར་སྐ་རགས་ཅན། །ཕུན་ཚོགས་དཔལ་གྱིས་མངོན་པར་མཐོ་བའི་སྐྱབས་གསུམ་ལྷུན་པོ་གཙུག་གིས་མཆོད། །དཔག་ཡས་ཡོན་ཏན་ནོར་བུས་བལྟམས། །སྐལ་ལྡན་ཀླུ་དབང་རྣམས་ཀྱིས་བསྟེན། །སྲས་བཞིའི་ཆུ་གཏེར་བཞི་བསྐྲུན་པ། །རྒྱལ་ཡུམ་མ་དྲོས་མཚོ་ཆེན་གྱིས། །གཞུང་ལུགས་འདབ་བརྒྱའི་ཕྲེང་བ་ཚར་དུ་དངར། །རྣམ་དཔྱོད་ལོ་འདབ་ཆ་ཤས་ཡོངས་སུ་རྫོགས། །ལེགས་བཤད་འོད་སྟོང་ཟེར་གྱིས་ཁ་ཕྱེ་བའི། །


JLD017_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བློ་པད་དཀར་ཚལ་དེ་རིང་དུ་སྐྱོངས། །རྣམ་དག་ལེགས་ལམ་ལམ་གྱི་མཆོག་གྱུར་རྒྱལ་དང་དེ་སྲས་སློབ་མའི་ཡུམ། །ཡུམ་དོན་ཆེས་ཟབ་ཟབ་མོའི་མདོ་སྡེར་སྦས་པའི་ཚུལ་གྱིས་གསུངས་པ་གང༌། །གང་གི་ཚིག་དོན་དོན་བཞིན་གསལ་བར་ཉིད་ཀྱིས་ཇི་བཞིན་རྟོགས་པ་དེ། །དེ་ལྟར་ལེགས་སྟོན་སྟོན་པའི་རྒྱལ་ཚབ་རྒྱལ་སྲས་མི་ཕམ་མགོན་དེ་རྒྱལ། །གང་ལ་བརྟེན་ན་ཡུམ་དོན་རྒྱ་མཚོ་ཡི། །འཇུག་ངོགས་ཆེ་དེར་བདེ་བླག་སྒྲོལ་བའི་གྲུ། །རྒྱལ་ཡུམ་རྒྱན་འདི་གང་གི་ཐུགས་རྗེ་ཡིས། །འགྲོ་ལ་སྣང་མཛད་ཐོགས་མེད་དེ་ལ་འདུད། །རབ་གསལ་ཆེས་མྱུར་སྤོབས་པས་བསྒྲུབས་པའི་རིགས་པའི་གློག་ཕྲེང་དྲག་ཏུ་འཁྱུག །མི་ཤེས་ཚ་གདུང་ཀུན་ནས་བསིལ་བྱེད་ལེགས་བཤད་ཆུ་ཡི་ལྗིད་ཀྱིས་ནོན། །སྟོང་ཉིད་ང་རོ་རབ་ཏུ་བརྗིད་པའི་འབྲུག་སྒྲའི་དཔལ་གྱིས་ཉེར་མཛེས་པ། །སེང་བཟང་ཞེས་གྲགས་ཆུ་འཛིན་གང་དེ་ཐུབ་བསྟན་ནམ་མཁའི་རྒྱན་དུ་གྱུར། །ཀཻ་ལ་ཤ་ཡི་མདངས་འཕྲོག་པའི། །ས་འཛིན་དཀར་པོས་ཕྱོགས་རྣམས་ཀུན། །བར་མཚམས་མེད་པར་དཀྲིགས་ན་ཡང༌། །མི་ཤེས་སྨག་རུམ་འཐིབས་པ་འདིར། །རྒྱལ་བའི་བཀའ་དང་དེ་དོན་འབྱེད་ལ་དབང་དུ་གྱུར་པའི་མཁས་པའི་གསུང༌། །སྒྲ་དོན་ཇི་བཞིན་ལེགས་པར་བསྒྱུར་ནས་འགྲོ་བ་རྣམས་ལ་ཐར་པའི་ལམ། །གསལ་བར་མཛད་པས་གངས་རིའི་ཁྲོད་འདི་ལྷ་དང་བཅས་པའི་འཇིག་རྟེན་གྱི། །ཅོད་པན་ཐོད་ཀྱིས་བཀུར་བའི་ཞིང་དུ་བརྩོན་པ་དུ་མས་བསྒྲུབས་པ་གང༌། །སྤྲུལ་པའི་ལོ་པཎ་རྣམས་དང་ནི། །ས་སྐྱོང་བློན་པོར་བཅས་པ་


JLD017_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དུས་རྣམས་ཀུན་ཏུ་བདག་གི་ཡིད། །རབ་དང་སྒོ་ནས་སྐྱབས་སུ་མཆི། །དོན་ཟབ་རྒྱལ་བའི་གསུང་གི་གྲུར་ཞུགས་ཏེ། །གྲུབ་མཐའ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཅིང༌། །རྣམ་གྲོལ་རིན་ཆེན་གླིང་དུ་ལུས་ཅན་རྣམས། །ཀུན་ནས་བཀྲི་མཛད་ཆོས་རྗེའི་ཞབས་ལ་འདུད། །བློ་གསལ་རྒྱུ་སྐར་བྱེ་བའི་དབུས་ན་བརྗིད། །ཕྲིན་ལས་འོད་དཀར་ཕྱོགས་བཅུ་ཀུན་ཏུ་གསལ། །ལེགས་བཤད་བདུད་རྩིའི་ཟེར་གྱིས་བདག་བློའི་མཚོ། །མཛེས་པ་སྐྱེད་མཛད་ཡོངས་འཛིན་རྣམ་བཞི་རྒྱལ། །ངེས་དོན་སྦྲང་རྩིའི་བཅུད་ཀྱིས་སྟོབས་རྒྱས་ཤིང༌། །གསུང་རབ་པད་མོའི་མཚོ་ཆེན་ནང་ཞུགས་ནས། །གཞུང་དོན་དར་དིར་སྒྲོགས་པའི་བུང་བ་སུ། །ཡོངས་འདུའི་ཤིང་བཞིན་འདི་ན་ཟླ་ཡིས་དབེན། །དེ་སླད་རྗོད་བྱེད་སྒྲིགས་དང་བརྗོད་བྱ་ལ། །རང་ལ་ཡིད་བརྟན་ཅུང་ཟད་མེད་གྱུར་ཀྱང༌། །གཞན་གྱི་ཟེར་ཟློས་འབའ་ཞིག་རྗེས་འབྲང་བའི། །གཞུང་རྩོམ་སྒྲ་བརྙན་དེ་དག་ངལ་སོས་དང༌། །ཟབ་བརླིང་དོན་བཟང་བདུན་ཅུའི་རིན་ཆེན་ཕྲེང༌། །སྡེབ་ལེགས་ཚིག་གི་སྲད་བུ་ལ་བརྒྱུས་ཤིང༌། །ལུང་རིགས་གཟི་འོད་བརྒྱ་ཡིས་བསྟར་བ་ཡི། །བློ་གསལ་མགྲིན་པའི་རྒྱན་གཅིག་བདག་གིས་སྤེལ། །ངོ་མཚར་ལེགས་བཤད་གསེར་གྱི་ཕྲེང་བ་འདིས། །ཕྲག་དོག་ཚེར་མས་བློ་མིག་དཀྲུགས་པ་ཡི། །བླུན་པོ་རྣམས་ལ་དགའ་བ་མི་སྐྱེད་མོད། །རྣམ་དཔྱོད་ལུས་མཛེས་བརྩོན་པའི་གོས་ཀྱིས་སྤུད། །རྒྱལ་ཡུམ་རྒྱན་གྱིས་མཛེས་པ་སྐྱེད་འདོད་པའི། །བློ་གསལ་གཟུར་གནས་གང་གིས་འདི་མཐོང་ན། །དེ་ཡི་མོད་ལ་བཞིན་གྱི་དཀྱིལ་


JLD017_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནི། །འཛུམ་པའི་མདངས་ཀྱིས་ལྷམ་མེར་འགྱུར་བར་ངེས། །འདིར་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་མཐོ་ལ་བརླིང་བས་ངོས་ཀུན་ནས་བསྐོར་ཅིང༌། མ་རིག་པའི་མུན་པ་སྟུག་པོ་ཅན། ལྟ་བ་ངན་པ་སྣ་ཚོགས་པའི་འཁྲི་ཤིང་གིས་ཐར་པའི་ལམ་བསྒྲིབས་ལ། ཕྲ་རྒྱས་ཀྱི་དུག་གི་ལྗོན་ཤིང་སྡུག་བསྔལ་གྱི་འབྲས་བུ་ཡིད་དུ་མི་འོང་བ་སྟེར་པས་དཀྲིགས་པ། སྲེད་པའི་ཆུ་ཀླུང་གི་འོབས་ཆེན་པོས་ཡོངས་སུ་འཁྱུད་པའི་འཁོར་བའི་འབྲོག་དགོན་པ་ཆེན་པོ་ལས་ལུས་ཅན་མཐའ་དག་བསྒྲལ་ཏེ་ཉིད་ཀྱིས་སྐུ་ཉམས་སུ་བསྟར་བའི་འབྲས་བུ་མཆོག་ལ་འགོད་པར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། འགྲོ་བ་རྣམས་ཀྱི་སྐྱབས་དང་མགོན་དང་དཔུང་གཉེན་གྱི་མཆོག་ཏུ་གྱུར་པའི་བདག་ཅག་གི་སྟོན་པ་དེས་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་པའི་ཐབས་སུ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩི་ཇི་སྙེད་ཅིག་སྩལ་བ་རྣམས་ཀྱི་ནང་ནས་ཆེས་ཤིན་ཏུ་ཟབ་པ་དང་ལྡན་པ་ནི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་ཉིད་ཡིན་ལ། འདིའི་དགོངས་པ་འགྲེལ་པའི་བསྟན་བཅོས་ལ་ཡང་དུ་མ་ཞིག་ཡོད་ཀྱང་གཙོ་བོར་གྱུར་པ་ནི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་ཞེས་སྔ་མ་རྣམས་ལ་གྲགས་སོ། །དེ་ཡང་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་བསྒྲུབ་བྱ་བདེན་དངོས་དང་སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ཀྱི་དབང་དུ་མཛད་ནས། དང་པོ་ལ་རང་གཞན་གྱི་སྡེ་པ་ཐུན་མོང་དུ་འགོག་པ་དབུ་མའི་རྩ་བ། དེའི་རབ་བྱེད་དང་པོ་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་


JLD017_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཟློག་པ། རབ་བྱེད་བདུན་པ་སྐྱེ་གནས་འཇིག་པ་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ་སྟེ་བཞི། སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་སྟེ་ལྔའོ། །འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང༌། གཞན་དག་སྟོང་ཉིད་བདུན་ཅུ་པ་ལུས་སུ་བྱས་ནས་རྩ་ཤེ་འཕྲོས་སུ་བྱེད་པ་ནི་འཁྲུལ་པར་ཁོང་དུ་ཆུད་པར་བྱའོ། །སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོས་མཛད་པ་ཡུམ་བསྡུས་པའི་གཙོ་བོའི་དོན་སོ་གཉིས་སུ་བསྡུས་ནས་སྟོན་པ་བརྒྱད་སྟོང་པའི་དོན་བསྡུས་ཏེ་སོ་གཉིས་ནི། དེ་ཉིད་ལས། རྟེན་དང་དབང་དུ་བྱ་བ་དང༌། །ལས་ནི་སྒོམ་པ་དང་བཅས་དང༌། །རབ་དབྱེ་རྟགས་དང་ལྟུང་བ་དང༌། །ཕན་ཡོན་བཅས་པར་ཡང་དག་བརྗོད། ཅེས་པ་ལྟར་རབ་དབྱེ་ལ་སྟོང་ཉིད་བཅུ་དྲུག །སྒོམ་པ་ལ་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་བཅུ། རྟེན། དབང་དུ་བྱ་བ། ལས། རྟགས། ལྟུང་བ། ཕན་ཡོན་དང་དྲུག་རྣམས་སོ། །དེ་ལ་རྟེན་ནི་སྟོན་པའོ། །དབང་དུ་བྱ་བ་ནི་བྱང་སེམས་དང་ཉན་ཐོས་ཀྱི་འཁོར་རོ། །ལས་ནི་ཡུམ་ལ་ཇི་ལྟར་སྤྱོད་པའོ། །རྟགས་ནི་བདུད་ལས་དང་ཕྱིར་མི་ལྡོག་གི་རྟགས་སོ། །ལྟུང་བ་ནི་ཤེར་ཕྱིན་སྤངས་ནས་ངན་སོང་དུ་སྐྱེ་བའོ། །ཕན་ཡོན་ནི་སྟོང་གསུམ་རིན་པོ་ཆེ་སྣ་བདུན་གྱིས་བཀང་ནས་བྱིན་པ་པས་ཤེར་ཕྱིན་འདྲི་བ་སོགས་བསོད་ནམས་ཆེ་བའོ། །མན་ངག་རྗེས་འབྲང་དུ་འབྲུ་མནན་པ་གཞན་རྣམས་འདྲ་བ་ལ་ལྟུང་བའི་དོན་བདུད་ལས་ལ་བཤད་པ་ནི་སྔ་མ་དང་མི་མཐུན་ཞིང་སྟོང་ཉིད་བཅུ་དྲུག་ལ་རང་གི་མཚན་ཉིད་སྟོང་པ་


JLD017_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་སྟེང་དུ་དངོས་པོ་མེད་པ་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བགྲང་རྒྱུ་ཡིན་པ་ལ་དང་པོ་དོར་ནས་མི་དམིགས་པ་སྟོང་པ་ཉིད་བགྲངས་པ་ནི་རྩ་བ་དང་འགལ་ལོ། །ཡུམ་རྒྱས་འབྲིང་གཉིས་དང་ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་གཞུང་འགྲེལ་གནོད་འཇོམས་ཀྱིས་ནི་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་ཡུམ་འགྲེལ་པར་བྱེད་དོ། །དེ་ལ་སྒོ་གསུམ་ནི་གླེང་གཞིས་སྐབས་ཕྱེ་བའི་རྗེས་ལ་ཤཱ་རིའི་བུ་འདི་ལ་ཞེས་པ་ནས་བརྩོན་པར་བྱ་བའི་བར་གྱིས་མགོ་སྨོས་པས་གོ་བ་རྣམས་ལ། གང་གིས་གང་གི་ཕྱིར། གང་ལ། ཇི་ལྟར་བསླབ་ཚུལ་བཞི་སྟོན་པ་བསྡུས་ཏེ་བསྟན་པའི་སྒོ། དེ་ནས་རྣམ་མཁྱེན་རྫོགས་ཀྱི་བར་གྱིས་རྣམ་པར་སྤྲོས་ན་གོ་བ་རྣམས་ལ་རྣམ་མཁྱེན་ལས་བརྩམས་ཏེ་རྣམ་པར་མི་རྟོག་པའི་ཤེར་ཕྱིན་བཟུང་ནས་དོན་དམ་པའི་ཚུལ་དུ་སྟོན་པ་འབྲིང་དུ་བསྟན་པའི་སྒོ། དེ་ནས་ཡོངས་སུ་རྫོགས་ཀྱི་བར་གྱིས་དྲང་དགོས་པའམ་ཚིག་ལ་འཆེལ་བ་རྣམས་ཀྱི་དོན་དུ་ལམ་ཤེས་ལས་བརྩམས་ཏེ་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་མི་རྟོག་པའི་ཤེར་ཕྱིན་བཟུང་ནས་ཀུན་རྫོབ་དང་དོན་དམ་པའི་ཚུལ་དུ་བསྟན་པ་རྒྱས་པར་བཤད་པའི་སྒོའོ། །རྣམ་གྲངས་བཅུ་གཅིག་ནི་དང་པོ་ཤཱ་རིའི་བུ་ལ་བཀའ་སྩལ་ནས་བཤད་པའི་རྣམ་གྲངས་གཅིག་གོ །དེ་ནས་རབ་འབྱོར་གྱིས་རྒྱས་པར་བཤད་པ་ནི་གཉིས་པའོ། །དེ་ནས་བརྒྱ་བྱིན་དང༌། རབ་འབྱོར་དང༌། བྱམས་པ་དང༌། རབ་འབྱོར་དང༌། བརྒྱ་བྱིན་དང༌། རབ་འབྱོར་དང༌། བྱམས་པ་དང༌། རབ་འབྱོར་དང༌། དེ་ནས་ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏད་པའོ། །དེ་ལྟར་གནོད་འཇོམས་འདི་སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཁ་ཆེ་མཆེ་བའི་སྡེས་མཛད་པར་གྲགས་ལ། ཕྱིས་ཀྱི་མཁས་པ་ཁ་ཅིག་དབྱིག་


JLD017_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གྱི་གཞུང་འགྲེལ་ཡིན་ཏེ། དེ་ནས་གཞན་དུ་ལུང་དྲངས་པ་རྣམས་དེར་སྣང་བ་དང༌། འདི་ཡི་ཀླད་དུ་ཡང༌། འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། ཅེས་འབྱུང་བའི་ཕྱིར་ཞེས་བཞེད་ཅིང༌། མཁས་པ་གཞན་དག་འདིར་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་ལ་དེ་བཙུན་པའི་རྣམ་འགྲེལ་ན་ཡོད་པས་དབྱིག་གཉེན་གྱི་མ་ཡིན་ཞེས་ཟེར་རོ། །འོན་ཀྱང་ད་ལྟ་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་ཞེས་པ་བམ་པོ་ཉེར་དགུར་བྱས་པ་ལོ་ཙྪ་བ་ཆེན་པོ་ཡེ་ཤེས་སྡེས་བསྒྱུར་བ་དང༌། འབུམ་རྐྱང་པའི་གཞུང་འགྲེལ་གནོད་འཇོམས་ཞེས་པ་འགྱུར་བྱང་མེད་པ་སྔ་མ་ལས་ཉིས་འགྱུར་གྱིས་གླེགས་བམ་རྒྱས་པ་གཅིག་དང་གཉིས་སྣང་ཞིང་སྔ་མ་ལ་དཀར་ཆག་འཕང་ཐང་མར་བམ་པོ་ཉེར་བདུན་ཞེས་འབྱུང་ཡང་ཉེར་དགུར་ཁོ་རང་ལས་འབྱུང་ངོ༌། །ཕྱི་མ་འདི་འཕང་ཐང་གི་དཀར་ཆག་ཏུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་ཞེས་འབྱུང་བས་རྒྱལ་པོས་མཛད་པ་ཡིན་ནོ། །གང་ཡང་མན་ངག་རྗེས་འབྲང་དུ་གཞུང་འགྲེལ་ལས་ལོག་པའི་གཞན་རྣམས་ཀྱི་བཤད་པ་གཟུང་བྱ་མ་ཡིན་པ་ཉིད་དོ། །གང་གི་ཕྱིར་སློབ་དཔོན་ནི་མདོ་སྡེ་ལྔ་བརྒྱ་བཤད་པའི་ཕྱིར་འཕགས་པ་མགོན་པོ་བྱམས་པས་བཀའ་སྩལ་པ་དེ་བས་ན་ཇི་ལྟར་ཕྱིན་ཅི་ལོག་ཏུ་བཤད་པ་མཛད། བླ་མའི་མན་ངག་ལས། གཞུང་འགྲེལ་གནོད་འཇོམས་གསལ་པོར་བྱ་བར་འདོད། ཅེས་བྱ་བ་བཤད་པའི་འཕགས་


JLD017_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཉིད་ཀྱི་མན་ངག་ལ་སྐྱབས་སུ་བྱེད་པ་ཡིན་ནོ་ཞེས་དང༌། འདིའི་ཀླད་དུ། བླ་མའི་ལུང་གིས་བདག་ལ་ཕན་པའི་ཕྱིར། །འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། ཅེས་པ་རྣམས་ཕལ་ཆེར་སྒྲིག་པར་ནུས་ན་ཡང་བརྩམ་པར་དམ་བཅའི་རྐང་པ་འདི་གཉིས་གནོད་འཇོམས་གཉིས་ཀ་ལ་ཁྱད་མེད་པ་དང༌། མན་ངག་རྗེས་འབྲང་དུ་ཡང་ཉི་ཁྲིའི་གཞུང་འགྲེལ་ཞེས་གྲགས་ཀྱི་ཡུམ་གསུམ་གཞུང་འགྲེལ་ཞེས་པ་མི་སྣང་བ་དང༌། ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་པ་དང༌། ལྔ་བརྒྱ་པ་ཐ་མའི་འགྲེལ་པར་བསྟན་པའི་གནས་ཚད་ལ་རང་ཉིད་ཀྱི་འདོད་པ་བཀོད་ནས། ཤཱནྟི་རཀྵི་ཏའི་བསམ་པ་ནི་ཞེས་ཞི་བ་འཚོའི་བཤད་ཡམས་མཛད་པའི་ཕྱིར་མཆེ་བའི་སྡེས་བརྩམས་པ་ཡིན་ནམ་སྙམ་སྟེ། བློ་གསལ་ཞིང་ཡིད་གཞུངས་པ་དག་གིས་དཔྱད་པར་བྱའོ། །གང་ལྟར་ཡང་འདིས་སེམས་ཙམ་དུ་བཀྲལ་ཞེས་གསུང་བ་ནི་ཆེས་མི་འཐད་པར་གོ་སྟེ། རྒྱས་པར་འོག་ཏུ་བསྟན་པར་བྱའོ། །རྒྱལ་བ་མ་ཕམ་པས་ཡུམ་གྱི་ལུས་དངོས་བརྒྱད་དོན་བདུན་ཅུར་དྲིལ་ཏེ་རྣལ་འབྱོར་པས་ཉམས་སུ་ལེན་པའི་རིམ་པ་དང་སྦྱར་ནས་མངོན་པར་རྟོགས་པའི་རྒྱན་མཛད་དོ། །དེ་ལྟར་ན་བཞི་པོ་འདིས་དགོངས་འགྲེལ་གཞན་ལ་མ་ལྟོས་པར་ཡུམ་གྱི་དགོངས་པ་རེ་འགྲེལ་པས་ཤིང་རྟའི་སྲོལ་འབྱེད་དོ་ཞེས་འཆད་དོ། །དེ་ལྟར་གྲགས་ཀྱང་བརྒྱད་སྟོང་དོན་བསྡུས་ཀྱི་བརྗོད་བྱའི་གཙོ་བོ་སྟོང་ཉིད་བཅུ་དྲུག་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་སྒྲུབ་པ་ལ་


JLD017_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པའི་མདོའི་འགྲེལ་ཚུལ་དང༌། ཤེས་རབ་ཕ་རོལ་ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཁོ་ནའོ། །མེད་ཅེས་བྱ་ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པ་རབ་ཏུ་བསྒྲགས། །ཤེས་རབ་ཕ་རོལ་ཕྱིན་པར་ནི། །སངས་རྒྱས་ཀྱིས་ནི་གཞན་བསྟན་མེད། ཅེས་ངོ་བོ་ཉིད་གསུམ་གྱིས་མདོ་འགྲེལ་ཚུལ་རྣམས་རིམ་པ་ལྟར་དབུས་མཐའ་དང་ཐེག་པ་ཆེན་པོ་བསྡུས་པ་ཇི་ལྟ་བ་བཞིན་སྣང་བས། བྱམས་ཆོས་ལས་ལོགས་སུ་སྲོལ་བཏོད་པ་མིན་ཞིང༌། གཞུང་འགྲེལ་ནི་སྟོང་ཉིད་བཅུ་དྲུག་དང་སྐྱེ་འགག་ཀུན་བྱང་མེད་པའི་སྐབས་སུ་རྩ་ཤེའི་ལུང་དྲངས་ནས་ཀླུ་སྒྲུབ་ཞབས་ཀྱི་རིགས་པ་ཇི་ལྟ་བ་བཞིན་དུ་འཆད་འདོད་པར་འདུག་པས། ཀླུ་སྒྲུབ་ཀྱི་རིགས་ཚོགས་ལས་བཤད་སྲོལ་ཟུར་དུ་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་ཆོས་ཀྱི་བཤེས་གཉེན་བཞེད་པ་ལྟར་ཡུམ་གྱི་བརྗོད་བྱ་ལ་སྙིང་པོའི་དོན་དོན་དམ་པའི་བདེན་པ་དང༌། རྒྱ་ཆེ་བ་མངོན་རྟོགས་ཀྱི་རིམ་པ་གཉིས་ལས། དང་པོ་རིགས་ཚོགས་དང༌། གཉིས་པ་རྒྱན་གྱིས་བཀྲལ་བ་ཡིན་ཞེས་པ་ལྟར་རམ། ཡང་ན་དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དང༌། ཤུགས་བསྟན་སྟོང་ཉིད་བཤད་པ་ན་གདུལ་བྱའི་རྒྱུད་ལ་མངོན་རྟོགས་སྐྱེས་པའི་རིམ་


JLD017_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་རྒྱན་གྱིས་བཀྲལ་བས། རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱི་ཤེར་ཕྱིན་འགྲེལ་ཚུལ་གཉིས་སུ་བྱུང་ངོ༌། །ཞེས་བྱ་བར་ཡང་གནས་སོ། །དེ་དག་ལས་མངོན་པར་རྟོགས་པའི་རྒྱན་ནི་འདིར་གང་བཤད་པར་བྱ་བའི་ཆོས་སོ། །འོ་ན་འདིའི་རྩ་བའི་མདོ་རྣམས་གང་ཞེ་ན། དེ་ལ་སྤྱིར་ཤེར་ཕྱོགས་ལ་ཡུམ་དྲུག་སྲས་བཅུ་གཅིག་སྟེ་སྲས་ཡུམ་བཅུ་བདུན་ཞེས་སྔ་མ་རྣམས་ཀྱིས་བརྡ་བྱས་པ་ལ་འབུམ། ཉི་ཁྲི། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། སྡུད་པ་རྣམས་ཡུམ་ཡིན་ཞིང༌། ཤེར་ཕྱིན་བདུན་བརྒྱ་པ། ལྔ་བརྒྱ་པ། སུམ་བརྒྱ་པ། ཚུལ་བརྒྱ་ལྔ་བཅུ་པ། ལྔ་བཅུ་པ། སྒོ་ཉེར་ལྔ་པ། རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཀཽ་ཤི་ཀ །ཡི་གེ་གཅིག་མ། ཡི་གེ་ཉུང་ངུ༌། ཤེར་སྙིང་སྟེ་བཅུ་གཅིག་ནི་སྲས་སོ། །སྲས་ཡུམ་གྱི་ཁྱད་པར་ནི་བརྗོད་བྱ་མངོན་རྟོགས་བརྒྱད་དུ་མ་ཕྱེ་བར་དེའི་དོན་ཙམ་སྟོན་པ་དང་ཕྱེ་ནས་སྟོན་པའོ་ཞེས་ཟེར་རོ། །དེ་ལ་ཁ་ཅིག་ཉི་མའི་སྙིང་པོ། ཟླ་བའི་སྙིང་པོ། ཀུན་ཏུ་བཟང་པོ། ལག་ན་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་རྣམས་ཀྱང་ཤེར་ཕྱིན་ཡིན་པས་སྲས་ཡུམ་གྱི་དོན་དང༌། གྲངས་གཉིས་ཀ་ནོར་ཞེས་སྨྲ་བ་ནི་ལེགས་པར་སྨྲས་པ་ཡིན་ལ། ཁྱད་པར་དུ་སྡུད་པ་ཁྲི་བརྒྱད་སྟོང་པ་དང་སོ་སོར་བགྲང་བ་ནི་གླེགས་བམ་ཙམ་ཡང་མ་མཐོང་བར་སྟོན་པ་ཡིན་ཏེ། ཁྲི་བརྒྱད་སྟོང་པ་ལ་ལེའུ་གྱ་བདུན་ཡོད་པའི་གྱ་བཞི་པ་ནི་སྡུད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཁྲི་བརྒྱད་སྟོང་པ་འབྲིང་གི་འབྲིང་དུ་བྱས་ནས་སྡུད་པ་བསྡུས་པའི་བསྡུས་པར་བྱས་པ་ཡང་ནོར་རོ། །དེས་ན་རྒྱན་འདིས་བསྟན་པའི་


JLD017_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་ཀྱི་རིམ་པ་རྣམས་དང་སྦྱར་རུང་ཡོད་པའི་མདོ་རྣམས་ནི་འདིའི་རྩ་བའི་མདོ་ཡིན་ལ། དེ་ཡང་དང་པོར་མདོ་དང་བསྟན་བཅོས་སྦྱར་བའི་སྲོལ་ནི་འཕགས་པས་བཏོད་པར་མངོན་པས་དེས་ནི་ཉི་ཁྲི་ལ་ལེའུ་བརྒྱད་དུ་བྱས་ཤིང་དེ་སྐབས་བརྒྱད་དང་བསྒྲིགས་ནས་སྦྱར་རོ། །དེ་ནས་བཙུན་པས་ཉི་ཁྲི་དང་སྦྱར་རོ། །ད་ལྟ་འདིས་མཛད་པར་གྲགས་པའི་ཉི་ཁྲི་རྣམ་འགྲེལ་ཞེས་པ་གཅིག་སྣང་སྟེ་འོག་ཏུ་བརྟག་པར་བྱའོ། །དེ་རྗེས་སློབ་དཔོན་གྱིས་བསྡུས་དོན་འགྲེལ་པ་ཉི་ཁྲི་ལེའུ་བརྒྱད་མ་མཛད་ནས་སྦྱར་རོ། །དེ་ནས་ཤཱནྟི་པས་ཉི་ཁྲིའི་འགྲེལ་པ་དག་ལྡན་མཛད་ནས་སྦྱར་བ་སྟེ་ཉི་ཁྲི་དང་སྦྱར་བ་བཞི་དང༌། ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་པའི་བཤད་པས་འབུམ་དང་སྦྱར་རོ། །ཡུམ་བསྡུས་པ་དང་སྦྱར་བ་རྒྱན་གྱི་སྣང་བ། སྙིང་པོ་མཆོག །གནད་ཀྱི་ཟླ་འོད་དེ་གསུམ་དང༌། སྡུད་པ་དང་སྦྱར་བ་ལ་དཀའ་འགྲེལ་རྟོགས་སླ་དང་སྡུད་པའི་དཀའ་འགྲེལ། ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་སྟེ་གསུམ་དང༌། སྨྲི་ཏིས་མཛད་པར་གྲགས་པ་འབུམ་ཉི་ཁྲི་ཁྲི་བརྒྱད་སྟོང་པ་སྟེ་ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་སྟེ། དེ་ལྟར་མདོ་དང་སྦྱར་བའི་འགྲེལ་པ་བཅུ་གཉིས་དང་བསྟུན་ན་འདིའི་རྩ་བའི་མདོ་བཞིའམ་ལྔ་རུ་གསལ་ལོ། །དེ་ལྟ་བུའི་ཡུམ་གྱི་རྒྱན་འདིའི་རྗེས་སུ་འབྲང་བའི་འགྲེལ་པ་ལ་ཡང་མདོ་དང་སྦྱར་བ་བཅུ་གཉིས་མ་སྦྱར་བ་དགུ་སྟེ་ཉེར་གཅིག་གོ །དང་པོ་ནི་བཤད་ཟིན་ཏོ། །གཉིས་པ་ནི་འགྲེལ་པ་དོན་གསལ། དེའི་འགྲེལ་བཤད་ཚིག་གསལ་དང༌།


JLD017_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་དཀའི་སྣང་བ་དང་གཉིས། བསྡུས་དོན་གསུམ་ལས། ཤེར་འབྱུང་གིས་མཛད་པ་ནི་དོན་གསལ་གྱི་ཡིན་ཞིང༌། ཇོ་བོ་དང་གཞོན་ནུ་དཔལ་གྱིས་མཛད་པ་ནི་རྩ་བ་རང་གི་བསྡུས་དོན་ནོ། །གྲགས་པའི་ཆ་དང་ཤེས་རབ་སྒྲོན་མེའི་ཕྲེང་བ་གཉིས་ཐུབ་པའི་དགོངས་རྒྱན་རྣམས་སོ། །ཕྱི་མ་འདི་ཐུབ་པའི་གསུང་རབ་སྤྱིའི་དགོངས་འགྲེལ་དུ་བརྩམས་པའི་བསྟན་བཅོས་རང་དགའ་བ་ཡིན་གྱི། རྒྱན་གྱི་གཞན་འགྲེལ་དུ་བརྩམས་པ་རུ་མི་སྣང་ཡང་། ལེའུ་ཕྱི་མ་གསུམ་ལས་གཙོ་ཆེར་མངོན་རྟོགས་རྒྱན་གྱི་དོན་རྣམས་སྟོན་པས་བགྲངས་སོ། །འདིར་ཡང་གང་ཟག་ལ་སོགས་པ་འགའ་ཟུང་མདོ་དང་སྦྱར་ཡང༌། ཕལ་མི་ཆེ་བས། མདོ་སྦྱོར་གྱི་ནང་དུ་མ་བགྲངས་ཤིང༌། སྔར་བཤད་པའི་མཛོད་ཀྱི་ལྡེ་མིག་ལ་མདོ་ཚིག་དངོས་སུ་དྲངས་པ་མི་སྣང་ཡང་སྡུད་པའི་དོན་ཚན་རྣམས་སོ་སོར་བཅད་ནས་མངོན་རྟོགས་དང་སྦྱར་བས་མདོ་སྦྱོར་ལ་བགྲངས་སོ། །འགྲེལ་པ་འདི་དག་ཐམས་ཅད་ཀྱང་ད་ལྟ་རྒྱ་གར་མར་གྲགས་མོད། འོན་ཀྱང་ཁ་ཆེའི་སློབ་དཔོན་དྷརྨ་ཤྲཱིས་མཛད་པར་གྲགས་པའི་འབུམ་འགྲེལ་འདི། རྒྱ་གར་མ་མ་ཡིན་པར་མངོན་ཏེ། འདིས་གླེང་གཞི་དང་མཆོད་བརྗོད་སྦྱར་ནས་དེ་ཡང༌། གླེང་གཞི་རྒྱས་པར་བཀའ་སྩལ་སྡུད་པར་བྱེད་པ་མཆོད་བརྗོད་ཚིག་ལེར་བྱས་པ་མཛད་ཅེས་པའོ། ཞེས་ཤེས་བྱེད་དུ་དྲངས་པ་འདི་བསྟན་བཅོས་རིན་ཆེན་སྒྲོན་མེ་ལས་འབྱུང་ཞིང༌། དེ་ཡང་མཁས་པ་རྣམས་ལ་བ་རེག་ཐོས་པ་དགས་བརྩམས་པར་གྲགས་པའི་ཕྱིར་རོ། །གཞན་ཡང་ཡུམ་ཆེན་མོ་ལ་བམ་པོ་སུམ་བརྒྱ་ཞེས་བམ་གྲངས་


JLD017_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཤད་པ་དང་གདམས་ངག་གི་སྐབས་སུ་ཡང༌། མཁས་པ་པཎྜི་ཏའི་ལུགས་ཀྱིས་སྒྲོ་འདོགས་ཕྱི་རུ་གཅོད། ལྟ་རྟོག་ཕྱི་རུ་བྱེད་དེ། ཡུལ་དཔྱད་པས་དེ་འཛིན་གྱི་འཁྲུལ་པ་ལྡོག་པར་འདོད། ཀུ་སུ་ལུ་པའི་ལུགས་ཀྱིས་སྒྲོ་འདོགས་ནང་དུ་གཅོད། ལྟ་རྟོག་ནང་དུ་བྱེད་དེ། རང་ངོ་རང་གིས་ཤེས་རྟོག་པ་གཅིག་རང་ལ་སྐྱེ་དགོས་ཞེས་པ་དང༌། སྦྱོར་ལམ་གྱི་སྐབས་སུ་ཡང་ཉན་ཐོས་ཀྱི་ངེས་འབྱེད་ཀྱི་ཏིང་ངེ་འཛིན་གྱིས་རྣམ་རྟོག་སྤོང་བ་དེ་མི་འཐད་དེ། མེད་ན་སྤང་མི་དགོས། ཡོད་ན་སྤང་མི་ནུས་རྣམ་རྟོག་གི་རང་བཞིན་ཤེས་ནས་རྣམ་རྟོག་ཡེ་ཤེས་སུ་འཆར་བ་ཞིག་དགོས་ཞེས། རྒྱ་གར་མཁས་པའི་གསུང་ལ་མི་འབྱུང་བའི་བོད་ཚིག་དུ་མ་སྣང་བའི་ཕྱིར་རོ། །དེས་ན་འདི་དང་སྡུད་པའི་ལྡེ་མིག་གཉིས་དྷརྨ་ཤྲཱིས་མཛད་པར་གྲགས་ཀྱང༌། ལོ་ཙྪ་བའམ་བོད་གཞན་ཞིག་གིས་བྱས་སྙམ་མོ། །ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་འདི་ཡང་ནུས་པ་ཆུང་ཞིང༌། མདོ་དང་སྦྱོར་ཚུལ་ལ་སྐྱོན་ཆགས་པ་འགའ་ཟུང་འདུག་པས་མཁས་པ་ཆེན་པོ་སྨྲི་ཏི་ཛྙཱ་ན་ཀིརྟིའི་ཡིན་མིན་དཔྱད་དགོས་སོ། །སྡུད་འགྲེལ་རྟོགས་སླ་ལ། སུ་ནྱ་ཤྲི་ནི་འགྲེལ་ཆེན་དང་སྒྲ་འགྲོས་མཐུན་པས་སློབ་དཔོན་གྱིས་མཛད་ཟེར་ལ། འབུམ་ཕྲག་གསུམ་པ་དང་བདག་ཉིད་ཆེན་པོ་ནི། འདི་མངོན་རྟོགས་རྐྱང་པར་འདོད་པས་མ་ཡིན་ནོ་ཞེས་འཆད་པར་གྲགས་ཀྱང༌། ཟླ་འོད་དུ་སེང་གེ་བཟང་པོའི་སྡུད་འགྲེལ་ལས་ཞེས་འདི་ལ་དགག་པ་འབྱུང་བས་ཡིན་ནམ་སྙམ་མོ། །དོན་བསྡུས་སྒྲོན་མེ་ཡང་ནུས་


JLD017_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆུང་ཞིང་བོད་ཚིག་དུ་མ་སྣང་བས་ཇོ་བོའི་སློབ་མ་ཞིག་གིས་སམ་གཞན་བོད་ཅིག་གིས་བྱས་པར་སེམས་སོ། །ཤིང་རྟའི་སྲོལ་འབྱེད་བཞི་དང་མདོ་ཡི་གྲངས། །བརྒྱན་གྱི་རྩ་བའི་མདོ་རྣམས་གང་ཡིན་དང༌། །རྒྱ་འགྲེལ་རྣམས་ཀྱི་དག་དང་མ་དག་རྣམས། །ལེགས་པར་དཔྱད་པའི་ཚུལ་འདི་ཐོག་མར་བཀོད། །ཤེར་ཕྱིན་གྱི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་མང་དུ་ཐོས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་ལས་གཞུང་བཤད་ཐབས་ཀྱི་སྔོན་དུ་འགྲོ་བའི་སྐབས་སོ། །འོ་ན་རྒྱན་ལ་འགྲེལ་པ་དུ་མ་ཞིག་སྣང་ན་འདིར་གང་ལ་བརྟེན་ནས་འཆད་ཅེ་ན། འདིར་ནི་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་བའི་སྟེང་ནས་འཆད་དེ། དེ་ནི་ཚིག་ཉུང་ལ་དོན་འགྲེལ་ཞིང་གསལ་བས་འགྲེལ་པ་གཞན་ལས་ཁྱད་ཞུགས་པའི་ཕྱིར་རོ། །འདི་འཆད་པ་ལ་ཡང་སྤྱིའི་དོན་གསུམ་སྟེ། རྗོད་བྱེད་དོན་ལྡན་གྱི་མཚན་དང༌། བརྗོད་བྱ་དེ་ལྡན་གྱི་གཞུང་དང༌། གང་གིས་བསྒྱུར་བའི་འགྱུར་བྱང་བཤད་པའོ། །དང་པོ་ལ་གཉིས། དངོས་དང༌། ཞར་ལ་བྱུང་བའོ། །དང་པོ་ལ་གསུམ། མཚན་བསྒྱུར། མཚན་བཤད། མཚན་གྱི་དགོས་པའོ། །དང་པོ་ནི། རྒྱ་གར་ཞེས་པ་འདུལ་བ་ཚིག་ལེ་ལས། །མཉན་ཡོད་གནས་བཅས་ཙམ་པ་ཀ །ཝ་ར་ཎཱ་སི་ཡངས་པ་ཅན། །རྒྱལ་བོའི་ཁབ་ནི་དྲུག་པ་སྟེ། །འདི་དག་གྲོང་ཁྱེར་ཆེན་པོར་ཤེས། ཞེས་པ་ལྟར་གྲོང་


JLD017_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཆེན་པོ་དྲུག་གནས་པའི་ཕྱོགས་ལ་འདོད་རྒྱལ་དུ་བརྡ་བྱས་པ་སྟེ། ཡུལ་དེ་པ་རྣམས་ཀྱི་སྐད་དུའམ་སྐད་ལ། བསྟན་བཅོས་འདིའི་མིང་ལ་ཨ་བྷི་ནས་བྷྲི་ཏིའི་བར་རོ། །དེ་བོད་ཀྱི་སྐད་དུ་བསྒྱུར་ན། ཤེས་ནས་འགྲེལ་པ་ཞེས་པའི་བར་ཏེ། དེ་ཡང་ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ། ཨ་ལཾ་ཀ་ར་ནི་རྒྱན། ནཱ་མ་ནི་ཞེས་བྱ་བ། པྲཛྙཱ་པ་ར་མི་ཏ་ནི་ཤེར་ཕྱིན། ཨུ་པ་དེ་ཤ་ནི་མན་ངག །ཤཱསྟྲ་ནི་བསྟན་བཅོས། བྷྲི་ཏི་ནི་འགྲེལ་པའོ། །གཉིས་པ་ནི། ཤེར་ཕྱིན་ནི་འདིའི་རྩ་བའི་མདོའོ། །མན་ངག་ནི་མདོའི་དོན་བདེ་བླག་ཏུ་རྟོགས་པར་བྱེད་པའོ། །བསྟན་བཅོས་དང་མངོན་རྟོགས་དང་རྒྱན་གསུམ་ནི་འཆད་པར་འགྱུར་རོ། ཞེས་བྱ་བ་ནི་མིང་སྒྲོགས་པའོ། །འགྲེལ་པ་ནི་ཚིག་དང་དོན་གཉིས་ལས་ཕྱི་མ་གཙོ་བོར་འགྲེལ་པའོ། །གསུམ་པ་ནི། ཆོས་ལ་ཡིད་ཆེས་སྐྱེ། སྐད་ལ་བག་ཆགས་འཇོག །རྒྱུད་ལ་བྱིན་རླབས་འབྱུང་ཞེས་སྔ་མ་རྣམས་འཆད་ཅིང༌། ཕྱི་མ་རྣམས་དེ་འགོག་མོད། འོན་ཀྱང་དང་པོ་བླ་ནས་བཀའ་སྩལ་བ་མ་གཏོགས་བསྒྱུར་དུ་མེད་པ་དང༌། བོད་ཀྱི་བསྟན་བཅོས་ཀྱི་འགོར་ཡང་རང་གང་འདོད་ཀྱི་རྒྱ་གར་སྐད་བྱ་ས་མེད་པའི་དུས་སུ། ཆོས་ཁུངས་མར་མཚོན་བྱེད་དུ་མཛད་པ་འདྲའོ། །གཉིས་པ་ལ་གཉིས། གཞུང་ཚད་རྟོགས་པའི་ཡན་ལག་ཏུ་བམ་པོའི་གྲངས་དང༌། འགྱུར་མཐར་ཕྱིན་པའི་ཡན་ལག་ཏུ་ཕྱག་འཚལ་བའོ། །དང་པོ་ནི། བམ་པོ་ཞེས་པ་གཞུང་གི་ཆ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་པའི་མིང་སྟེ། དཔེར་ན་རྩྭའམ་ཤིང་གི་ཆ་མང་པོ་ཕྱོགས་གཅིག་ཏུ་བསྡོམས་


JLD017_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕོན་པོའམ་བམ་པོའི་སྒྲས་བརྗོད་པ་བཞིན་ནོ། །དང་པོ་ནི་ལྔ་ཡོད་པའི་ཐོག་མ་སྟེ་འཆད་པར་འགྱུར་རོ། །བམ་པོ་རེ་ལ་ཤུ་ལོག་གི་གྲངས་མི་མཐུན་ཡང་འདིར་ནི་སུམ་བརྒྱ་རེ་ལ་བྱས་པ་སྟེ། རྒྱ་དཔེ་ལ་ཤུ་ལོག་སྟོང་ལྔ་བརྒྱ་ཞེས་འབྱུང་ཞིང་བམ་པོ་ལྔར་བྱས་པས་སོ། །འདི་ཡང་ལོ་ཙྪ་བ་ཆེན་པོ་རྣམས་ཀྱིས་གཞུང་ཚད་ལ་སྒྲོ་སྐུར་སྤང་བའི་ཕྱིར་བྱས་ཀྱི་རྒྱ་དཔེ་ལ་མེད་དོ། །གཉིས་པ་ནི། ཕྱག་འཚལ་ལོ་ཞེས་དྲང་ངོ༌། །གང་ལ་ན། མ་རིག་པའི་གཉིད་རྒྱུན་ཆད་པས་སངས་པ་སྟེ་གཉིད་སད་པ་བཞིན། ཡང་དག་པའི་ཡེ་ཤེས་ཀྱིས་མི་ཤེས་པའི་ཟུམ་པ་བཅོམ་ཞིང་ཤེས་བྱ་ལ་བློ་རྒྱས་པས་པད་འདབ་རྒྱས་པ་བཞིན་ཏེ། དེ་འདྲ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལའོ། །དེ་ལྟར་ཡང༌། སྐྱབས་འགྲོ་བདུན་ཅུ་པ་ལས། ཤེས་བྱ་ལ་ནི་བློ་རྣམ་རྒྱས། །རྨོངས་པའི་ཟུམ་པ་བཅོམ་པས་ན། །སངས་རྒྱས་པདྨ་ལྟར་རྣམ་རྒྱས། ཞེས་དང༌། མ་རིག་གཉིད་ནི་རྒྱུན་བཅད་ཅིང༌། །ཡང་དག་ཡེ་ཤེས་ངེས་འབྱུང་བའི། །གང་ཞིག་རྣམ་སད་དེ་སངས་རྒྱས། །སྐྱེས་བུ་གཉིད་སངས་ཇི་བཞིན་ནོ། ཞེས་སོ། །དེས་ན་བུད་དྷའི་སྒྲ་གཉིད་སད་པ་དང་པད་འདབ་རྒྱས་པ་གཉིས་ཀ་ལ་འཇུག་པ་སྔོན་གྱི་ལོ་ཙྪ་བས་སྒྲ་སྦྱོར་བམ་གཉིས་སུ་བཤད་པ་ལྟར། སངས་རྒྱས་ལ་དེ་གཉིས་ཀའི་སྒྲ་དོན་བཤད་རྒྱུ་ཡོད་པ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཞེས་བསྡོམས་ནས་བསྒྱུར་རོ། །དེའི་ཕྱིར་གང་དག །མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པད་མ་ལྟར་སངས་རྒྱས། །


JLD017_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་སངས་རྒྱས་མཚན་གསོལ་ཏོ། ཞེས་འདྲེན་པ་ནི་ཚིག་མ་དག་ཅིང་རྐང་པ་གསུམ་པའི་དོན་ལ་ཡང་སྐྱོན་ཞུགས་སོ། །གང་གིས་ན། དང་པོར་ལོ་ཙྪ་བ་དང་ཕྱིས་བཤད་པ་དང་ཉན་པ་ལ་སོགས་པས་སོ། །དགོས་པ་དང༌། ཚུལ་དང༌། དུས་ནི་གོ་བར་ཟད་དོ། །འདིར་སྔ་མ་རྣམས་འདུལ་བའི་ཀླད་དུ་ཐམས་ཅད་མཁྱེན་པ་དང༌། མདོ་སྡེ་ལ་སངས་རྒྱས་བྱང་སེམས་དང༌། མངོན་པ་ལ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ། སྨོས་ཤིག་ཅེས་ལོ་པཎ་གྱིས་བཀས་བཅད་པས་སྡེ་སྣོད་གསུམ་ངོས་འཛིན་གྱི་ཕྱག་ཡིན་ཞེས་སྤྲོས་ནས་འཆད་ཅིང༌། དེ་ལ་ཕྱི་རབས་པ་རྣམས་ཀྱིས་མ་ངེས་པའི་རྒྱུ་མཚན་དུ་མ་བཤད་ནས། ལོ་ཙྪ་བ་རང་དད་པའི་ལྷ་ལ་ཕྱག་བྱས་པར་འཆད་མོད། འོན་ཀྱང་སྔོན་བསྒྱུར་བའི་འདུལ་བ་དང༌། མངོན་པ་དང༌། མདོ་སྡེ་ཕལ་མོ་ཆེ་ལ་ངེས་པ་ཅན་དུ་སྨོས་འདུག་པས། ཕྱིས་མ་ངེས་ཀྱང་དང་པོའི་ཆོས་རྒྱལ་རྣམས་ཀྱི་དུས་སུ་བཀས་བཅད་པ་འདྲའོ། །གཉིས་པ་ལ་གཉིས། སྤྱིའི་ཆིངས་དང༌། གཞུང་དངོས་བཤད་པའོ། །དང་པོ་ནི། གཞུང་འཆད་པའི་ཐོག་མར་འཆད་པར་འགྱུར་བའི་གཞུང་གི་མཚམས་སོ་སོར་བཅད་པ་དང༌། གཞུང་དེས་རང་གི་རྩ་བ་ཇི་ལྟར་བཤད་པ་རྣམས་བསྟན་ན། དཀྱུ་ས་བསྟན་པའི་རྟ་བཞིན་དུ་འཆད་པ་དང་ཉན་པ་རྣམས་ཀྱི་བློ་མི་འཁྲུག་ཅིང༌། དོན་ཚན་རྣམས་སོ་སོར་ཕྱེད་པར་འགྱུར་བ་དེའི་ཕྱིར་འདིར་ཡང༌། རྩ་བས་དོན་དུ་ཞིག་གིས་མདོ་བཀྲལ་བ་དང༌། འགྲེལ་པས་རྩ་བ་ཇི་ལྟར་བཀྲལ་བའི་རིམ་པ་རྣམས་བཤད་


JLD017_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེ་ཡང་རྣམ་བཤད་རིགས་པར། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པར་བསྙད་པར་བྱ། ཞེས་བཤད་ཐབས་ཀྱི་ཡན་ལག་ལྔས་མདོ་བཤད་དོ་ཞེས་འབྱུང་སྟེ། འདི་ཡང་བྱམས་པ་ཉིད་ཀྱི་མན་ངག་བརྒྱུད་པའོ། །དེ་ལྟར་རྒྱལ་བ་བྱམས་པས་ཀྱང་མདོ་འཆད་པ་ན་བཤད་ཐབས་ལྔ་ཡིས་འཆད་པར་མཛད་དེ། དེ་ཡང་དགོས་དོན། བསྡུས་དོན། ཚིག་དོན་གསུམ་དངོས་སུ་དང༌། མཚམས་སྦྱར་ཤུགས་ལ་བསྟན་ཅིང༌། བརྒལ་པ་དང་ལན་ནི་ཕལ་ཆེར་ཤུགས་ལ་བསྟན་ཏོ། །དེ་ལ་དགོས་དོན་ནི། དགོས་འབྲེལ་དང༌། བསྡུས་དོན་ནི། ལུས་རྣམ་གཞག་དང༌། ཚིག་དོན་ནི་ཡན་ལག་རྒྱས་བཤད་ཀྱིས་སོ། །འདིར་དགོས་དོན་དགོས་འབྲེལ་གྱིས་བསྟན་པར་མཁས་པ་དག་བཞེད་པ་ལ་དེ་ནི་མ་འབྲེལ་ཏེ། དགོས་འགྲེལ་གྱིས་ནི་བསྟན་བཅོས་ཀྱི་དགོས་དོན་བསྟན་ལ། བཤད་ཐབས་ལྔའི་དགོས་དོན་ནི་མདོའི་ཡིན་པས་སོ། །དེས་ན་མཆོད་བརྗོད་ཀྱིས་དགོས་དོན་བསྟན་ཏེ། མདོའི་བརྗོད་བྱ་ཡུམ་གྱི་ཕུལ་དུ་བྱུང་བའི་ཡོན་ཏན་བསྟན་པའི་ཕྱིར་རོ། ཞེས་བླ་མ་དག་གསུང་པ་ནི་ཆེས་ཤིན་ཏུའང་མ་འབྲེལ་ཏེ། བསྟན་བཅོས་མདོ་འཆད་བྱེད་ཡིན་ཞིང་ཡན་ལག་ལྔ་དེས་མདོ་བཤད་པའི་ཐབས་ཡིན་པའི་ཕྱིར། དགོས་དོན་ནི་མདོའི་དོན་རྟོགས་པའི་དགོས་པ་ཡིན་ཞིང༌། དགོས་འགྲེལ་གྱིས་ཀྱང་མདོ་ཡི་བརྗོད་བྱ་རྟོགས་པའི་དགོས་པ་གཉིས་སྟོན་པ་དང༌། གཞན་གྱིས་མྱོང་བ་མ་ཡིན་ཏེ། ཞེས་


JLD017_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པས་མདོ་ཡི་བརྗོད་བྱ་ཕུལ་བྱུང་བསྟན་པའི་ཕྱིར་དགོས་དོན་བསྟན་པར་ཐལ་ལོ། །གཞན་ཡང་དགོས་འབྲེལ་གྱིས་མདོའི་དགོས་པ་མ་བསྟན་ན། ལུས་རྣམ་གཞག་གིས་ཀྱང་ཡུམ་གྱི་བསྡུས་དོན་མ་བསྟན་པར་འགྱུར་རོ། །དེའི་ཕྱིར་རྒྱན་སྣང་དང་རྟོགས་དཀར་འབྱུང་བ་ལྟར་དགོས་འབྲེལ་གྱིས་དགོས་དོན་བསྟན་པར་གཟུང་ངོ༌། །ཤུགས་ལ་བསྟན་པའི་མཚམས་སྦྱོར་གྱི་དང་པོ་ནི། འཕགས་པ་བྱམས་པ་ཞེས་སོགས་འདི་ཡིན་ལ། དེ་ཡང་སྐབས་དང་པོ་ལ་སོ་དྲུག །གཉིས་པ་ལ་ཉི་ཤུ། གསུམ་པ་ལ་བཅུ་བཞི། བཞི་པ་ལ་སོ་ལྔ། ལྔ་པ་ལ་ཉེར་བདུན། དྲུག་པ་ལ་གཅིག །བདུན་པ་ལ་ལྔ། བརྒྱད་པ་ལ་བཅུ་གསུམ། བར་པ་ལ་གཅིག །བསྡུས་པ་ལ་གཅིག་སྟེ་སྤྱིར་ན་བརྒྱ་ང་གསུམ་མོ། །དེ་ལ་སྐབས་ཀྱི་དང་པོར་བསྟན་པ་བརྒྱད་ནི། སྐབས་ཀྱི་གོ་རིམ་ངེས་པར་བྱེད་པའི་མཚམས་སྦྱོར་ཡིན་ལ། གཞན་རྣམས་ནི་ཅི་རིགས་པའོ་ཞེས་ཆོས་ཀྱི་བཤེས་གཉེན་འཆད་དོ། །འདི་ལ་བརྗོད་པར་བྱ་སྟེ། མཚམས་སྦྱོར་གྱི་རིམ་པ་འདི་སློབ་དཔོན་གྱི་ཚིག་གིས་ཟིན་པ་འདྲེན་ནམ། དོན་ཐོབ་ཡིན་གྲང༌། དང་པོ་ལྟར་ན་སྐབས་དང་པོ་ལ་ཉེར་ལྔ་ལས་མེད་པའི་ཕྱིར་གྲངས་མངས་ལ། སྐབས་བཞི་པ་དང་བརྒྱད་པ་ལ་རིམ་པ་ལྟར་སོ་དྲུག་དང་བཅུ་བཞི་ཡོད་པས་གྲངས་ཉུངས་སོ། །གཉིས་པ་ལྟར་ན་དང་པོའི་སོ་དྲུག་གི་དོན་ཐོབ་གང་ཡིན། གལ་ཏེ་དམིགས་རྣམ་རྒྱས་བཤད་ལ་མཚམས་སྦྱར་གཅིག་ལས་མེད་ཀྱང༌། ངེས་འབྱེད་བཞི་ཡོད་པས་མཚམས་སྦྱོར་བཞི་འཐོབ་ཅིང༌། སའི་ཡོངས་


JLD017_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་ལ་ཡང་ས་བདུན་པའི་ཡོངས་སྦྱོང་དང་པོ་དང་བཅས་པ་ལ་བརྒྱད་ཀྱི་ཡོངས་སྦྱོང་བརྒྱད་འཐོབ་པས་སོ་དྲུག་ཡིན་ཞེ་ན། འོ་ན་གཟུང་རྟོག་དང་འཛིན་རྟོག་གཉིས་ལ་ཡང་མཚམས་སྦྱོར་གཉིས་ཅིའི་ཕྱིར་མི་འཐོབ། གཞན་ཡང་སྐབས་གཉིས་པའི་ཉན་རང་གི་ངེས་འབྱེད་བཞི་ཚན་གཉིས་དང༌། སྐབས་བཞི་པའི་ངེས་འབྱེད་བཞི་ལ་ཡང་མཚམས་སྦྱོར་བཞི་བཞིར་འགྱུར་བས། གཉིས་པ་ལ་ཉི་ཤུ་བཞི་པ་ལ་སོ་ལྔ་ཞེས་པ་དོར་ཅིག །དེས་ན་པཎྜི་ཏས་མཉམ་པར་མ་བཞག་པའི་ཚིག་འདི་ལྟ་བུ་ལ་ཡང༌། དཔྱོད་པ་མེད་པར་མཁས་པ་རྣམས་ཀྱང་རང་རང་གི་ཊཱིཀར་དང་པོ་ལ་ནི་སོ་དྲུག་ཅེས་སོགས་ཀྱིས་བྲག་ཆ་ལྟར་བརྗོད་པ་མཐོང་པས་འདི་ལ་འབད་ཀྱི། དེ་ལྟ་མིན་ན་འདི་ལ་བརྒལ་ཞིང་བརྟག་པ་དེ་ཙམ་གྱིས་ཅི་ཞིག་བྱ། དེའི་ཕྱིར་རྒྱན་གྱིས་མདོ་འཆད་པའི་མཚམས་སྦྱོར་དངོས་སུ་མེད་ཅིང་ཤུགས་ལ་ཡོད་པ་རྣམས་སློབ་དཔོན་གྱིས་ཅི་རིགས་པར་གསལ་བར་བཀོད་པ་འདི་རྣམས་ཡིན་ལ། མ་བཀོད་ཀྱང་དོན་གྱིས་ཐོབ་པ་རྣམས་ནི་རང་རང་གིས་བརྟགས་པས་ཁོང་དུ་ཆུད་དོ། །བརྒལ་ལན་ནི། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ཞེས་དང༌། དངོས་པོ་བརྗོད་དུ་མེད་པ་ལ། ཞེས་དང༌། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཞེས་སོགས་ཀྱིས་འགའ་ཞིག་དངོས་སུ་བསྟན་ཅིང་ཕལ་ཆེར་ཤུགས་ལ་བསྟན་པ་རྣམས་ཀྱང་སློབ་དཔོན་གྱིས་གསལ་བར་མཛད་དོ། །བརྒལ་བ་དང་ལན་ནི་གཉིས་ཡིན་པའི་ཕྱིར་བཤད་ཐབས་ཀྱི་ཡན་ལག་དྲུག་ཏུ་ཡང་ཐལ་བར་མི་འགྱུར་ཏེ། རྣམ་བཤད་རིགས་པར། བརྒལ་བ་དང་ལན་གཉིས་གཅིག་ཏུ་བྱ་བ་ནི།


JLD017_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བརྒལ་བའི་ལན་གདབ་པའི་དོན་གྱི་ཕྱིར་རོ། ཞེས་པས་སོ། །དེ་ལྟར་མདོ་བཤད་པ་ལ་ཡན་ལག་ལྔ་ཅི་དགོས་ཤེ་ན། རྣམ་བཤད་རིགས་པར། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་འགྲུབ་དེ་ནི་བསྡུས་དོན་ལས། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམ་རིགས་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། ཞེས་པ་ལྟར་ཡིན་ཞིང༌། དེ་ལ་མཚམས་སྦྱོར་བརྗོད་པས་ཚིག་གི་གོ་རིམ་རྣམས་འབྲེལ་ལོ། །བརྒལ་ལན་བརྗོད་པས་ནི་རིགས་པ་དང་སྔ་ཕྱི་མི་འགལ་ལོ། །དེ་དག་གིས་ནི་རྒྱན་གྱིས་དོན་དུ་ཞིག་གིས་མདོ་བཀྲལ་བ་བཤད་ཟིན་ཏོ། །ད་ནི་འགྲེལ་པས་རྒྱན་བཀྲལ་བའི་རིམ་པ་རྣམས་བཤད་པར་བྱའོ། །དེ་ལ་དང་པོར་འགྲེལ་པ་རྩོམ་པ་ལ་འཇུག་པའི་ཚིགས་བཅད་བརྒྱད་ལས། གཅིག་དང་བཞི་དང་གཅིག་དང་གཅིག་དང་གཅིག་གིས་རིམ་པ་བཞིན་དུ་འགྲེལ་པ་རྩོམ་པའི་དགོས་པ་ཕྱག་འཚལ་བ་དང་བཅས་པ་དང༌། སྔོན་གྱི་སློབ་དཔོན་གྱིས་གཞུང་ཇི་ལྟར་ཕྱེ་བ་དང༌། ཤེར་ཕྱིན་རྙེད་པ་ངོ་མཚར་བར་བསྟན་ནས་གཟེངས་བསྟོད་པ་དང༌། ཡུམ་སྟོན་པའི་མཐུས་རྙེད་པ་ལ་དྲིན་དུ་གཟོ་བའི་སྒྲུབ་པའི་མཆོད་པའི་ངོ་བོར་ཡུམ་དབྱེ་རིགས་པའམ། རང་གིས་ཡུམ་དོན་ཚང་བར་རྙེད་ནས་བརྩམས་པ་ལ་གཞན་འཇུག་རིགས་པ་དང༌། རང་ལ་སྨད་ནས་འཇུག་པའི་བྱེ་བྲག་རྣམས་བསྟན་ཏོ། །དེ་ནས་བཤད་ཐབས་ལྔའི་སྒོ་ནས་མཆོད་བརྗོད་ཀྱི་ཚིགས་


JLD017_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་དང་། དགོས་འབྲེལ་སྟོན་པའི་ཚིགས་བཅད་གཉིས་བཀྲོལ་ལོ། །དེ་ནས་བསྡུས་དོན་མདོ་རྒྱས་གཉིས་ཀྱི་ཚིགས་བཅད་བཅོ་ལྔའི་མཚམས་སྦྱར་བ་ཙམ་བསྟན་ཅིང༌། དེ་ཡང་མདོར་བསྡུས་པ་དང་དེ་ལས་ཕྱེ་བ་ཙམ་དུ་བསྟན་ནས། དེ་དག་གི་དོན་ནི་འོག་ནས་འཆད་པ་ལ་ལྟོས་པར་བསྟན་ཏོ། །དེ་ནས་སྐབས་བརྒྱད་རིམ་པར་བསྟན་པ་རྣམས་དང༌། དེ་ནས་སྐབས་དྲུག་དང༌། དེ་ནས་སྐབས་གསུམ་དུ་བཞག་པ་རྣམས་བཀྲོལ་ལོ། །དེ་ལྟར་རྩ་བ་བཤད་ཟིན་ནས་དེ་ནས་ཚིགས་སུ་བཅད་པ་བརྒྱད་ལས། གཉིས་དང༌། གཉིས་དང༌། གཅིག་དང༌། གཅིག་དང༌། གཅིག་གིས་གོ་རིམས་བཞིན་དུ། མདོའི་དོན་བསྡུས་ནས་དང༌། རང་མིང་སྨོས་ནས་ཇི་ལྟར་བརྩམས་ཚུལ་དང༌། དགེ་བ་བསྔོ་བ་དང༌། ཡུམ་ཟབ་པས་བདག་གི་ཡུལ་མིན་ཞིང་སྐྱེས་བུ་དམ་པ་རྣམས་ཀྱི་ཡུལ་དུ་དང༌། ཉེས་པར་བསྟན་པ་ལ་བཟོད་པ་གསོལ་བ་རྣམས་བསྟན་ཏོ་ཞེས་ཚིག་གསལ་དུའོ། །དེར་ནི་ཚིགས་བཅད་ཐ་མ་ལ་བཤད་པ་མི་སྣང་ངོ༌། །ནུབ་སྒོ་བ་ནི་དང་པོ་གཉིས་ནི་ཀུན་གྱི་རྒྱན་དུ་འགྱུར་བ་དང༌། དེ་ནས་གཅིག་དགོས་པ་དང༌། དེ་ནས་གཅིག་བརྩམས་པར་དམ་བཅའི་གཞུང་གཟུགས་ཡིན་ཞིང༌། དེ་ནས་གཅིག་བསྔོ་བ་དང༌། དེ་ནས་གཉིས་ཁེངས་བསྐྱུང་དང༌། ཐ་མ་རྟོགས་པའི་ཁྱད་པར་བརྗོད་པ་རུ་མཛད་པ་ནི་ཆེས་ལེགས་སོ། །གཉིས་པ་ལ་གསུམ། རྩོམ་པ་ལ་འཇུག་པའི་བྱ་བ། བརྩམ་བྱ་གཞུང་གི་རང་བཞིན། བརྩམས་པ་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ལ་གཉིས། འགྲེལ་པ་རྩོམ་པ་དང༌། རྩ་བ་རྩོམ་པ་ལ་འཇུག་


JLD017_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དང་པོ་ལ་ལྔ། དགོས་པ་དང་ལྡན་པའི་ཕྱག་འཚལ་བ། སློབ་དཔོན་སྔ་མས་གཞུང་ཇི་ལྟར་ཕྱེ་ཚུལ། རང་གི་བློའི་ཆེ་བ་བསྟན་པ། བརྩམས་པ་ལ་གཞན་འཇུག་རིགས་པར་གདམས་པ། ཁེངས་བསྐྱུང་སྟེ་རྩོམ་པའི་རྒྱུ་བརྗོད་པའོ། །དང་པོ་ནི། ཕྱག་འཚལ་ཞེས་དྲང་སྟེ་དོན་ནི་མཆོག་ཏུ་འདུད་པའོ། །ཁ་ཅིག་ཕྱག་ཐལ་མོ་སྦྱོར་བ་དང་འཚལ་བ་འབུལ་བ་རུ་བྱས་ནས་ཐ་དད་དུ་འཆད་པ་ནོར་བ་སྟེ། དེ་ལྟ་ན་ངག་དང་ཡིད་ཀྱི་ཕྱག་མེད་པར་ཐལ་བའི་ཕྱིར་རོ། །གང་ལ་ན་ཤེར་ཕྱིན་ལའོ། །དེ་ལ་ཤེར་ཕྱིན་ནི་འཆད་པར་འགྱུར་ཞིང༌། ལ་ནི་ཤིང་གི་ཆེད་དུ་ཆུ་འདྲེན་པ་ལ་ཤིང་ལ་ཆུ་འདྲེན་ཞེས་པ་ལྟར། ཤེར་ཕྱིན་གྱི་ཕྱིར་དུ་ཕྱག་འཚལ་བ་ལ་དེ་ལ་ཕྱག་འཚལ་ཞེས་དགོས་ཆེད་ཀྱི་བཞི་པའོ། །ཇི་ལྟ་བུས་ན། སྒོ་གསུམ་ག་གུས་པས་སམ་ཡང་ན་ཡིད་རབ་ཏུ་དང་བས་སོ། །ཅི་ཞིག་གི་དོན་དུ་ན། འདི་ལ་གཉིས་ལས་རང་དོན་གྱི་དགོས་པ་ནི། རྒྱ་རོལ་ལས། བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོ་འཐོབ། ཅེས་པ་ལྟར་ཡུལ་ཁྱད་པར་ཅན་ཤེར་ཕྱིན་ལ་ཕྱག་འཚལ་བས་བསོད་ནམས་དཔག་མེད་རྒྱུད་ལ་སྐྱེད་ལ། དེའི་མཐུས་བསོད་ནམས་མ་ཡིན་པ་ལོག་ནས་བར་ཆད་ཞི་སྟེ་རྩོམ་པ་མཐར་ཕྱིན་པར་འགྱུར་བའི་ཕྱིར་རོ། །གཞན་དོན་གྱི་དགོས་པ་ནི། འཇིག་རྟེན་


JLD017_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ན་དམ་པ་རྣམས་བྱ་བ་ཆེན་པོ་ལ་འཇུག་པའི་ཐོག་མར་ཡུལ་ཁྱད་པར་ཅན་ལ་ཕྱག་མཆོད་བྱེད་ལ། འདིར་ཡང་ཡུམ་ལ་མཆོད་པར་བརྗོད་པས་གདུལ་བྱ་རྣམས་ཀྱིས་འདི་ནི་དམ་པའོ་ཞེས་རྟོགས་པར་འགྱུར་བའི་ཕྱིར་རོ། །དེའི་ཡང་དགོས་པ་ནི། རྩོམ་པ་པོ་དམ་པར་རྟོགས་པ་ན་འདི་སྙམ་དུ་འདིས་ཕྱག་བཙལ་བའི་ཤེར་ཕྱིན་ཡང་དམ་པས་འདོད་བྱ་ཡིན་པའི་ཕྱིར་དམ་པའོ་ཞེས་ཡུམ་བརྗོད་བྱར་བྱེད་པའི་བསྟན་བཅོས་ལ་དད་འབྲང་རྣམས་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཕྱག་འཚལ་ནས་ཇི་ཞིག་འདོད་ན། ཤེར་ཕྱིན་དེའི་རྒྱན་ཚིག་ལེའུར་བྱས་པ་དག་རྣམ་པར་དབྱེ་བའི་ཕྱིར་རམ་དབྱེ་བར་འདོད་ནས་སོ། །དེ་ལ་རྒྱན་ཅེས་པ་ནི་དཔེའི་མིང་སྟེ། དཔེར་ན་རང་བཞིན་གྱི་རྒྱན་གཟུགས་བཟང་བོ་ལ་མཛེས་བྱེད་ཀྱི་རྒྱན་གདུ་བུ་ལ་སོགས་པས་སྤྲས་པ་གསལ་བྱེད་མེ་ལོང་ལ་སོགས་པའི་ནང་དུ་ཤར་བ་མཐོང་ན། སྐྱེ་བོ་རྣམས་དགའ་བ་སྐྱེད་པ་ལྟར། འདིར་ཡང་རང་བཞིན་གྱི་རྒྱན་ཡུམ་གྱི་ལུས་བཟང་བོ་ལ་མཛེས་བྱེད་ཀྱི་རྒྱན་དོན་བདུན་ཅུས་བཀྲ་བ་གསལ་བྱེད་བསྟན་བཅོས་འདིར་སྣང་བ་ན་མཁས་པ་རྣམས་དགའ་བ་སྐྱེད་པའི་ཕྱིར་ན་རྒྱན་ཏེ། མདོ་སྡེ་རྒྱན་ལས། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་བ། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་སྐྱེད་པ། །དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་སྐྱེད། ཅེས་པ་ལྟར་རོ། །ཚིག་ལེའུར་བྱས་པ་ནི། འགྲེལ་བཤད་གཉིས་ཀར། རྗེས་


JLD017_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྔགས་པ་ཞེས་བྱ་བའི་ཚིགས་སུ་བཅད་པའི་སྡེབ་སྦྱོར་དུ་བྱས་ཞེས་དང༌། ཚིགས་སུ་བཅད་པ་རྩ་བ་བཞི་པ་ཡི་གེ་བརྒྱད་པར་བྱས་པའི་མིང་སྟེ། ཞེས་མཐུན་པར་འབྱུང་བ་ལྟར་རོ། །རྣམ་པར་དབྱེ་བ་ནི་དོན་ཙམ་ཞིག་དབྱེ་ཞེས་པ་སྟེ་འདི་ནི་བརྩམ་པར་དམ་བཅའ་བའོ། །དེ་བྱས་པ་ལ་དགོས་པ་ཅི་ཞེ་ན། ཤེས་རབ་སྡོང་བུ་ལས། དམ་པ་མང་པོ་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ལྟ་བུར་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། ཞེས་པ་ལྟར་བརྩམས་པ་མཐར་དབྱུང་བའི་ཆེད་དུའོ། །རྣམ་པར་ཕྱེ་བ་ཉིད་ལ་ཡང༌དགོས་པ་ཅི་ཞིག་ཡོད་ན། གཞུང་ལམ་འབྲས་བུ་རང་བཞིན་གྱི་ཤེར་ཕྱིན་ནི་ཀུན་གྱི་ཞེས་པའམ། རྒྱས་འབྲིང་བསྡུས་པ་ཀུན་གྱི་རྒྱན་དུ་རྟོགས་པར་འགྱུར་བའི་ཕྱིར་དུའོ། །གལ་ཏེ་འདི་བརྩམས་པ་ཉིད་ནས་རྒྱན་དུ་གྲུབ་ཟིན་པའི་ཕྱིར་རྒྱན་དུ་བྱེད་མི་དགོས་ཤེ་ན། ཉེས་པ་མེད་དེ། སྐྱེས་པ་དང་བུད་མེད་རྣམས་ཀྱི་གདུ་བུ་ལ་སོགས་པ་རྒྱན་དུ་གྲུབ་ཟིན་ཀྱང་དྲི་མ་དང་བཅས་པར་གྱུར་ན་རྒྱན་གྱི་དགོས་པ་དགའ་བ་སྐྱེད་མི་ནུས་པས། རྒྱན་གྱི་རྒྱན་ནི་དྲི་མ་སེལ་བ་ཡིན་པ་ལྟར། མཁས་པ་དགའ་བར་བྱེད་པའི་རྒྱན་ནི་ཚིག་ལེའུར་བྱས་པ་ཉིད་དོ་ཞེས་བསྟན་དུ་ཟིན་ཀྱང་མ་རྟོགས་པའམ་ལོག་རྟོག་གི་དབང་གིས་འདིས་ཡུམ་དོན་གསལ་བར་བྱེད་པ་མ་ཡིན་པའི་ཕྱིར་རྒྱན་མ་ཡིན་ནོ་སྙམ་དུ་ཀླན་ཀའི་དྲི་མ་སྐྱེ་སྲིད་དོ། །དེ་ལ་སློབ་དཔོན་གྱིས་སྒྲ་དྲང་ཐད་དུ་བསྟན་ཞིང་དོན་གསལ་ལ་ཚིག་བདེ་བའི་འགྲེལ་པ་འདི་


JLD017_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས་དྲི་མ་དེ་དག་སེལ་བའི་སྒོ་ནས་རྒྱན་དུ་བྱེད་པས་འདི་ནི་རྒྱན་གྱི་རྒྱན་ཏེ། ཇི་སྐད་དུ། སློབ་དཔོན་ཀ་ཤིས། ཀླན་ཀ་ངན་པའི་དྲི་མ་སེལ་བས་ན་འདི་ནི་དབུ་མའི་རྒྱན་ནོ་ཞེས་པ་དང་མཐུན་ནོ། །གང་དག །མངོན་མཐོ་ངེས་ལེགས་ཀྱི་རྒྱུ་ཡིན་པས་མངོན་རྟོགས་བརྒྱད་ནི་ཡུམ་དེའི་རྒྱན་ཞེས་དང༌། མངོན་པའི་སྡེ་སྣོད་ལ་སོགས་པ་ཀུན་གྱི་རྒྱན་ཞེས་འཆད་པ་སྔ་མ་ལྟར་ན། དེའི་རྒྱན་ཚིག་ལེའུར་བྱས་པ་ཞེས་པའི་ཚིག་ཙམ་ཡང་མ་མཐོང་པར་གསལ་ལ་ཕྱི་མ་ཡང་རྩོམ་པ་པོའི་དགོངས་པ་དང་འགལ་ལོ། །དེ་ལྟར་ཚིགས་སུ་བཅད་པ་འདིས་ནི། འགྲེལ་པ་བརྩམས་པའི་བརྗོད་བྱ་དང༌། དགོས་པ་དང༌། ཉིང་དགོས་དང༌། འབྲེལ་པ་རྣམས་ཀྱང་བསྟན་ཏོ། །དེ་ཡང་དང་པོ་ནི་མངོན་རྟོགས་རྒྱན་ཏེ་བཤད་བྱ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་ཡུམ་གསུམ་གའི་རྒྱན་དུ་རྟོགས་པ་སྟེ་བསྒྲུབ་བྱ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་འདི་ལ་བརྟེན་ནས་ཐོས་བསམ་སྒོམ་པ་མཐར་ཕྱིན་པ་ན། དེ་བཞིན་གཤེགས་པའི་ཡེ་ཤེས་གང་ཡིན་པ་མིང་གཞན་ཤེར་ཕྱིན་ཞེས་པ་ཐོབ་པ་ཡིན་ཏེ། དེ་ཐོབ་པ་ན་སྐྱེས་བུའི་འདོད་པ་རྫོགས་པས་དགོས་པ་གཞན་བཙལ་དུ་མེད་པའི་ཕྱིར་རོ། །དེ་གསུམ་ནི་རིམ་པ་ལྟར་དམ་བཅའ་དང་རྐང་པ་གསུམ་པ་དང་དང་པོས་བསྟན་ཏོ། །བཞི་པ་ནི་བསྟན་བཅོས་དང་དགོས་པའམ། དགོས་པ་གཉིས་རྒྱུ་འབྲས་སུ་འབྲེལ་པ་སྟེ་དེ་ནི་ཤུགས་ཀྱིས་སོ། ཞེས་པ་ནི་ཤེར་འབྱུང་གི་དགོངས་པ་ཡིན་ལ་ཚིགས་གསལ་དུ། སྒྲའི་བརྗོད་བྱ་ཚིག་ལེའུར་བྱས་པ། དོན་གྱི་བརྗོད་བྱ་རྒྱལ་བ་སྐྱེད་མ་རྩ་བའི་དོན་ལེགས་པར་བསྟན་པ་དགོས་པ།


JLD017_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་གཞན་ལ་རྒྱན་དུ་གྲུབ་པ་ཉིང་དགོས་སོ་ཞེས་རང་ལུགས་བཀོད་ནས། གཞན་དག་ནི་ཚིག་ལེའུར་བྱས་པའི་དོན་ལེགས་པར་བསྟན་པས་དེ་རྒྱན་ཉིད་དུ་གྲུབ་པ་ནི་དགོས་པ་ཡིན་ལ། དེས་རྒྱལ་བ་བསྐྱེད་མའི་དོན་མ་ལུས་པ་ཤེས་པ་ནས་བཟུང་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་བར་དུ་ནི་དགོས་པའི་ཡང་དགོས་པའོ་ཞེས་རྟོག་སྟེ། དེ་ནི་དེ་ལྟར་གྲུབ་པ་ཉིད་འགྲེལ་པ་འབའ་ཞིག་གིས་མི་སྲིད་ལ། རྩ་བའི་གཞུང་ཉིད་ཀྱི་དབང་དུ་བྱས་པ་ཡང་འོག་ནས་འཆད་པས་མི་འཐད་པ་ཉིད་དོ་ཞེས་འཆད་པ་ནི། དེ་ལས་ཀྱང་མི་འཐད་དེ། འགྲེལ་པ་ཁོ་ནས་དེ་སྒྲུབ་མི་ནུས་པས་དེའི་ཉིང་དགོས་མིན་ན། མི་གནས་པའི་མྱང་འདས་དེ་རྩ་བའི་ཡང་མིན་པར་ཐལ་བ་དང༌། རྩ་འགྲེལ་ཉིང་དགོས་གཅིག་པ་མི་འགལ་བའི་ཕྱིར་རོ་ཞེས་པ་ནི་གཞན་ལུགས་བཀག་པའི་སྐྱོན་ནོ། །རང་ལུགས་བཞག་པ་ལ་ཡང་སྐྱོན་ཡོད་དེ། ཚིག་ལེའུར་བྱས་པ་ལེགས་པར་བསྟན་པ་ནི་འགྲེལ་པ་ལེགས་པར་བརྩམས་པ་ཡིན་ལ། འགྲེལ་པ་བརྩམས་པ་འགྲེལ་པ་བརྩམས་པའི་དགོས་པར་མི་འཐད་པའི་ཕྱིར། འགྲེལ་པས་བསྟན་པ་ལྟར་གཞན་གྱིས་རྒྱན་དུ་རྟོགས་པ་ནི་འགྲེལ་པ་བརྩམས་པའི་དགོས་པ་ཡིན་ལ། དེའི་ཕྱིར་རྒྱན་དུ་གྲུབ་པ་ནི་འགྲེལ་པ་བརྩམས་པ་ལ་དགོས་སོགས་ཆོས་བཞི་ཡོད་པའི་ནང་ནས་དགོས་པ་མིན་པར་ཉིང་དགོས་ཁོ་ནས་འཆད་པ་མི་འཐད་པའི་ཕྱིར་རོ། །དེས་ན་བཤད་པ་སྔ་མ་ཉིད་མཛེས་སོ། །གཉིས་པ་ནི། གལ་ཏེ་ཀུན་གྱི་རྒྱན་དུ་འགྱུར་བའི་འགྲེལ་པ་རྩོམ་ན། ཀུན་གྱི་རྒྱན་ཡིན་


JLD017_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པར་གང་ལས་རྟོགས་ཤེ་ན། ཞེས་པའི་ལན་དུ། མཁས་པ་བཞིའི་བཤད་པ་ལས་སོ་ཞེས་དང༌། རྣམ་པར་དབྱེ་ཞེས་རྩོམ་པར་དམ་བཅས་པ་ལ། ཅི་མངོན་རྟོགས་རྒྱན་གྱི་འགྲེལ་པ་གཞན་དག་ཀྱང་ཡོད་དམ་ཞེ་ན། ཞེས་པའི་ལན་དུ་ཡོད་ཅེས་སྟོན་པའི་འབྲེལ་སྒྲིག་ཚུལ་གཉིས་ལས། འདིར་སྔ་མའི་རྗེས་སུ་འབྲངས་ཏེ་བཤད་དོ། །འདི་ལ་བཞི་ལས། རེ་ཞིག་ཐོགས་མེད་ཀྱིས་བཤད་ཚུལ་ནི། རྣམ་བཤད་མཛད་ཅེས་དྲང་ངོ༌། །གང་གི་ན། ཤེར་ཕྱིན་གྱི་མདོ་དོན་མ་ལུས་པ་སྡུད་པས་བསྟན་བཅོས་ཆེན་པོའི་སྟེ་མངོན་རྟོགས་རྒྱན་གྱི་ཞེས་འཆད་ཀྱང༌། སྐུ་མཆེད་གཉིས་ཀས་རྒྱན་དང་མ་སྦྱར་བར་མདོ་ཉི་ཚེ་བཀྲལ་བར་གྲགས་པས་ཚིག་གསལ་དུ་བསྟན་བཅོས་ནི། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། ཅེས་པའི་ངེས་ཚིག་གི་ཚུལ་གྱིས་ན་བསྟན་བཅོས་ཏེ། དེ་ཡང་ཁྱད་པར་ཅན་རྒྱལ་བའི་ཡུམ་རྣམས་སོ། ཞེས་པ་ལྟར་མདོའོ། །ཡང་ན་བསྟན་བཅོས་དང་མདོ་མ་སྦྱར་ཡང་དེ་གཉིས་བརྗོད་བྱ་གཅིག་པ་ལ་དགོངས་སོ། །གང་གིས་ན་འཕགས་པ་ཐོགས་མེད་སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། ཞེས་རྣམ་འགྲེལ་དུ་བཤད་པ་ལྟར་རང་གིས་གཟིགས་པའི་ལམ་གཞན་ལ་སྟོན་པས་སྐྱོབ་པ་སྟེ་ངེས་སོ། །རྒྱུ་གང་ལ་བརྟེན་ནས་སྐྱོབ་ན། འགྲོ་བ་རིགས་ལྔ་ལ་ཆགས་པ་སྟེ་བརྩེ་བ་བྱང་སེམས་ཆེན་པོ་རྣམས་དང་འདྲ་བར་ཀུན་ཏུ་ཆགས་པ་སྟེ་ལྷག་པར་ཡང་བརྩེ་བར་མཛད་


JLD017_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིང་རྗེ་ལ་བརྟེན་ནས་སོ། །སློབ་དཔོན་འདི་ཡོན་ཏན་གྱི་ཁྱད་པར་ཅི་ལྟ་བུ་ཞིག་དང་ལྡན་ཞེ་ན། འཇམ་དཔལ་རྩ་རྒྱུད་དུ། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། ཞེས་དང༌། བསྟན་པ་ཡུན་རིངས་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། ཞེས་ལུང་བསྟན་པ་དང༌། དབུ་མ་རྒྱན་གྱི་རང་འགྲེལ་དང༌། དབུ་མའི་མན་ངག་རིན་པོ་ཆེའི་ཟ་མ་ཏོག་ཁ་ཕྱེ་བ་དང༌། ཚིག་གསལ་དུ་ས་གསུམ་པ་བརྙེས་པར་བཤད་ཅིང༌། མན་ངག་རྗེས་འབྲང་དུ། ཐུབ་པའི་རྒྱལ་པོའི་ཡུམ་འདི་མགོན་པོ་བྱམས་པ་ལས། །འཕགས་པའི་ལམ་ནི་ཐོབ་པ་ཐོགས་མེད་ཅེས་བྱ་འདིར། །དོན་ནི་གང་ཞིག་ཐོབ་འགྱུར་དེ་ནི་བདག་གིས་སྦྱར། ཞེས་བཤད་ཅིང༌། དེ་ཉིད་ལས། འཕགས་པ་ཐོགས་མེད་ཞབས་ཀྱིས་ཀྱང༌། སྙིང་རྗེས་སྲོག་ཆགས་རྣམས་ལ་འཚོ་བའི་ཚུལ་གྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ཤ་ལ་སོགས་པ་བཅད་ཅིང་སྦྱིན་པར་མཛད་པ་ལས། དགའ་ལྡན་གྱི་གནས་ནས་བྱོན་པའི་མགོན་པོ་བྱམས་པ་མཐོང་ནས། ཇི་ལྟར་སྔ་མའི་ལུས་དེ་ཐོབ་སྟེ། དེའི་གདམས་ངག་གིས་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ནི་བརྙེས་པར་གྱུར་ཏོ་ཞེས་པ་ལྟར་རོ། །ཐོགས་མེད་རང་གི་བློས་དཔྱད་པ་ཁོ་ནས་འཆད་དམ་འོན་ཏེ་བླ་མའི་མན་ངག་ལས་


JLD017_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཡིན་ཞེ་ན། སྔ་མ་ནི་མིན་གྱི་ལྷ་དང་མི་རྣམས་ཀྱི་དམ་པ་དང་འཇིག་རྟེན་གྱི་གཙོ་བོར་གྱུར་པ་དང༌། དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པས་ཀྱང་མི་ཐུབ་པའི་ཕྱིར་མི་ཕམ། སེམས་ཅན་གྱི་མགོན་ལ་ཉིད་ཀྱིས་ཏེ་བདག་ཉིད་ཀྱིས་དང་པོར་གསན་ནས་དེའི་དོན་ལེགས་པར་བསམས་ཤིང་བསྒོམས་པས་བརྟན་པར་བྱས་ནས་ནིའོ། །དེ་ཡང་གྲགས་པ་ལ། དགའ་ལྡན་དུ་རྒྱལ་ཚབ་ལ་མི་ལོ་ལྔ་བཅུ་ཆོས་གསན་ཞེས་འབྱུང་ལ། ས་སྡེའི་གནའ་མཆན་ལས་ཟླ་བ་དྲུག་ཅེས་འབྱུང་ངོ༌། །དེའི་ཚེ་རྗེ་བཙུན་གྱིས་ཐོགས་མེད་ཀྱི་དོན་དུ་མངོན་རྟོགས་རྒྱན་ལ་སོགས་པ་རྣམས་མཛད་པར་མཁས་པ་རྣམས་ལ་གྲགས་ཏེ། རྒྱན་སྣང་ལས། དེ་ཡང་འདི་ལྟར་ཐོས་ཏེ། འཕགས་པ་ཐོགས་མེད་ཀྱིས་གསུང་རབ་མ་ལུས་པའི་དོན་ཐུགས་སུ་ཆུད་ཅིང་རྟོགས་པ་ཐོབ་པ་ཡིན་དུ་ཟིན་ཀྱང༌། ཟློས་ཏེ་གསུངས་པ་མང་བ་དང་ཟློས་ཏེ་གསུངས་པ་མ་ཡིན་པའི་ཕྱོགས་ལ་ཡང་ཚིག་སོ་སོར་བཅད་པ་མ་གཟིགས་པ་དང་། ཟབ་པ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དཔོག་པར་མ་དཔྱོད་ནས། ཡིད་མི་བདེ་བ་རྗེས་སུ་འཐོབ་པར་གྱུར་ཏེ། དེ་ནས་དེའི་དོན་དུ་བཅོམ་ལྡན་འདས་འཕགས་པ་བྱམས་པ་མཉེས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་མཛད་དོ། །དེ་གསན་ནས་ཡང་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས། སློབ་དཔོན་དབྱིག་གཉེན་ལ་སོགས་པ་ལ་ཡང་བཤད་པ་ཡིན་ནོ། ཞེས་སོ། །ཟླ་འོད་


JLD017_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི། མཆོག་ཏུ་ཟབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ཀྱིས་རྗེས་སུ་རྟོགས་པར་དཀའ་བས་ཐུགས་རྗེས་དེས་རྟོགས་པའི་དོན་དུ་འཕགས་པ་བྱམས་པས་བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱིས་བསྒྲུབས་ནས་དུས་ཕྱིས་བྱས་ཞེས་པ་ནི་སེང་གེ་བཟང་པོ་ལ་སོགས་པ་རྣམས་ཀྱི་འཁྲུལ་པ་སྟེ། སྔོན་དུ་བྱས་པ་ལ་རྗེས་སུ་བརྗོད་ཅེས་པ་ནི་གཞན་དག་གིའོ། ཞེས་འཆད་ཀྱང་མི་འཐད་པར་གོ་སྟེ། ཤེས་བྱེད་གཞན་མེད་པ་མཉམ་པོ་ལ་མཁས་པ་ཕལ་མོ་ཆེ་ལ་བརྒྱུད་ནས་གྲགས་པའི་གཏམ་རྒྱུད་ལ་སྔ་མ་ཁོ་ན་སྣང་བའི་ཕྱིར་རོ། །གང་དུ་ན། འཕགས་པ་ཐོགས་མེད་ཅེས་བྱ་གྲགས་པ་གསལ་ལྡན་ཤེས་རབ་ལྡན་པའི་མཆོག་གྱུར་པས། །དེ་ཉིད་རྣམ་པར་ངེས་པར་བཤད་པ་རབ་ཏུ་སྦྱར་མཛད་ཅེས་པ་ལྟར་རོ། །འདི་ལ་ཉི་ཁྲི་དེ་ཉིད་རྣམ་ངེས་ཟེར་བ་ནི་བརྟག་དགོས་ས། །གཉིས་པ་དབྱིག་གཉེན་གྱིས་བཀྲོལ་ཚུལ་ནི། རྣམ་པར་བཀྲོལ་ཞེས་དྲང་ངོ༌། །གང་ན་སྔར་ལྟར་རོ། །གང་གིས་ན། འགྲོ་བ་རྣམས་ཀྱི་ཐོབ་བྱའི་དོན་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུ་ཁ་ན་མ་ཐོ་བ་མེད་པའི་ལམ་བསྟན་ནས་འདོད་པ་རྫོགས་པར་བྱེད་པས་རྩ་ལག་མཚན་དབྱིག་གཉེན་ཞེས་པ་དེས་སོ། །གང་དུ་ན། དངོས་དང་དངོས་མེད་རྣམ་དབྱེའི་ཕྱོགས་ལ་མཁས་པར་ཤེས་པའི་མངོན་རློམ་གྱིས་མཐོ་བ། །སློབ་དཔོན་དབྱིག་གཉེན་གྱིས་ནི་


JLD017_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་གི་འགྲེལ་པར་དོན་བཤད་པ་ལ་གནས་ཐོབ་གྱུར། ཞེས་པ་ལྟར་ཉི་ཁྲིའི་གཞུང་འགྲེལ་དུའོ། །ཚུལ་ཇི་ལྟ་བུས་ན། ཕྱི་རོལ་མེད་ཅིང་ཤེས་བྱ་ཡུལ་དུ་སྣང་བ་ཐམས་ཅད་ནང་སེམས་ཀྱི་སྣང་བ་ཙམ་ཡིན་ཞིང་སེམས་དེ་ཉིད་གཤིས་ལ་གྲུབ་པར་འདོད་པ་རྣམ་རིག་པའི་ཚུལ་ལ་ཡང་དག་པར་བརྟེན་ནས་སོ། །དེའི་རྒྱུ་མཚན་ཡང་སློབ་དཔོན་རང་ཉིད་སེམས་ཙམ་གྱི་ལུགས་ལ་མོས་པ་གཙོར་བྱེད་པ་སྟེ་ལྷུར་ལེན་པས་སོ། །དེ་བཞིན་དུ་ཚིག་གསལ་དུ་ཡང༌། འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་དག་གིས་སྐབས་བརྒྱད་དུ་ཕྱེ་བ་མེད་ཀྱི་དོན་གཞན་དུ་རྣམ་པར་རིག་པའི་གྲུབ་པའི་མཐར་རྒྱལ་བའི་ཡུམ་བཀྲོལ་ཏེ། ཚིག་ལེའུར་བྱས་པ་ཐེག་པ་ཆེན་པོ་དབུ་མའི་ལྟ་བ་འདི་ནི་སློབ་དཔོན་དབྱིག་གཉེན་དེའི་ཡུལ་དུ་མ་གྱུར་པས་ན། འཕགས་པ་ཐོགས་མེད་ས་འོད་བྱེད་པ་བརྙེས་པས་ཀྱང་དེ་འདུལ་བ་དང་མཚམས་པར་བཀྲོལ་ཏེ། སེམས་ཅན་གཅིག་གི་དོན་གྱི་ཕྱིར། །ཕྱི་མཐའི་བར་དུ་གནས་པར་བགྱི། ཞེས་གསུངས་པའི་རྗེས་སུ་འབྲངས་པས་སོ་ཞེས་འབྱུང་ཞིང་རྟོགས་དཀའི་སྣང་བ་དང༌། ཤེར་འབྱུང་དང༌། བུད་དྷ་ཤྲཱིས་ཀྱང་སེམས་ཙམ་དུ་བཀྲལ་བར་འཆད་དོ། །མན་ངག་རྗེས་འབྲང་དུ་ནི་ཉི་ཁྲིའི་གཞུང་འགྲེལ་དུ། ཀླུ་སྒྲུབ་ཀྱི་ལུང་ཤེས་བྱེད་དུ་དྲངས་ནས་འཆད་པས་དེའི་ལུགས་དང་འགལ་བ་སྨྲ་མི་ནུས་ལ། རྣམ་རིག་ཙམ་ལ་མ་ཞེན་པར་སྟོང་ཉིད་ཀྱི་རྒྱ་མཚོ་འཛིན་མི་ནུས་པས། སངས་རྒྱས་ཀྱིས་སེམས་ཙམ་དུ་བཟུང་བ་བཞིན་དུ་འཕགས་པ་རྣམས་ཀྱིས་རྣམ་པར་ཤེས་པའི་ཚུལ་བཤད་པ་ཡང་


JLD017_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་དོན་ཡིན་ནོ་ཞེས་པ་ལ་སོགས་པ་བཤད་ནས། ནང་གི་ཤེས་བྱ་ལ་བརྟེན་ནས། །དབྱིག་གཉེན་གྱིས་ནི་རྣམ་པར་བཀྲོལ། ཞེས་བྱ་བ་སུན་ཕྱུང་བའོ། ཞེས་དང༌། རྟོག་གེ་པ་རྣམས་ཀྱིས་ནི། འཕགས་པ་རྣམས་ཀྱི་གཞུང་ངེས་དོན་དུ་གནས་པ་བསྒྱུར་ནས་རྣམ་རིག་ཙམ་དུ་བཤད་ཅིང༌། དེ་ཡང་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་དབུ་མ་འཇུག་པ་ལས་སུན་ཕྱུང་ངོ༌། །དེར་ཡང་དོན་དམ་པའི་ཕར་ཕྱིན་གྱི་ཚུལ་ནི་སུན་འབྱིན་པ་མ་ཡིན་ཏེ། རང་ཉིད་ཀྱིས་ཀྱང་འདོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་འཕགས་པ་རྣམས་ཀྱང་འདོད་པ་ཐ་དད་པར་སྟོན་ན་མ་འབྲེལ་བ་ཆེན་པོ་སྨྲས་པར་འགྱུར་རོ། །དེ་རྣམས་ལ་དགོངས་ནས་འཇུག་པའི་འགྲེལ་པར། གནས་བརྟན་ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་ཀྱི་མཛད་པ་པོ་དེ་རྣམས་ཀྱང་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་འདོར་བ་ཡིན་ཞེས་བྱའོ་ཞེས་འདྲེན་ནོ། །འོན་ཀྱང་ཞི་བ་འབྱུང་གནས་རང་ཉིད་ཕྱོགས་གླང་གི་བཤད་པ་ལ་ཚད་མར་བྱེད་པ་དང༌། འཇུག་འགྲེལ་གྱི་ལུང་དེ་ཤེས་བྱེད་དུ་འདྲེན་པ་འགལ་བར་མཐོང་སྟེ། ལུང་དེ་ལས་ནི་ཕྱོགས་གླང་གིས་ཀྱང་རྟེན་འབྲེལ་ཟབ་མོའི་དོན་མ་བཤད་པར་འདོད་པའི་ཕྱིར་རོ། །དེས་ན་སློབ་དཔོན་སྐུ་མཆེད་དང་ཕྱོགས་གླང་ལྟ་བུ་རྣམས་ལྟ་ཞོག །གང་ཟག་ཕལ་པར་གྲགས་པ་རྣམས་ལ་ཡང་འདིས་འདི་རྟོགས་འདིས་འདི་ལས་མ་རྟོགས་ཞེས་རང་དབང་དུ་རྒྱུད་ཚོད་གཟུང་བར་ག་ལ་ནུས། དེ་ལྟ་ན་ཡང་དེ་དག་གི་གཞུང་ལུགས་ནས་བཤད་ཚོད་ནི་རྣམ་རིག་ཙམ་དུ་བཀྲལ་


JLD017_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་ཉིད་དབུ་མའི་དོན་དུ་འཆད་པར་རྒྱ་བོད་ཀྱི་མཁས་པ་ཕལ་མོ་ཆེ་ལ་གྲགས་ཤིང་གྲགས་པ་ལྟར་ཡང་སྣང་སྟེ། དཔེར་ན་བླ་མ་ཤཱནྟིི་པས་རྣམ་རིག་ཙམ་ཉིད་དབུ་མར་བཤད་པའི་སྟེང་ནས། ཀླུ་སྒྲུབ་དང་ཐོགས་མེད་དགོངས་པ་གཅིག་པར་བཤད་པ་དབུ་མ་རྒྱན་རྩ་འགྲེལ་དང༌། སེམས་གསལ་མྱོང་འདི་ཉིད་གཤིས་ལ་གྲུབ་ཅིང་དེའི་སྟེང་དུ་གཟུང་འཛིན་མེད་པ་དབུ་མར་འཆད་པ་ཤེར་ཕྱིན་མན་ངག་ལྟ་བུ་ཡིན་པས་དེ་དག་ཏུ་ལྟོས་ཤིག །ཡུམ་གསུམ་གནོད་འཇོམས་དང༌། ཞི་བ་འབྱུང་གནས་གཉིས་ཀྱི་ལྟ་བའི་འགངས་མཐུན་པར་སྣང་བས་དེའི་ཚུལ་དང་སྔ་མ་རྣམས་ཀྱི་རྒྱུ་མཚན་མདོ་ཙམ་ཡང་སྐབས་ཇི་ལྟ་བ་བཞིན་དུ་འཆད་པར་འགྱུར་རོ། །གསུམ་པ་འཕགས་པས་ཕྱེ་ཚུལ་ནི། རྣམ་པར་ཕྱེའོ། །གང་ན་མདོ་དང་རྒྱན་གཉིས་ཏེ་འོག་མ་ལ་ཡང་ཤེས་པར་བྱའོ། །གང་གིས་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པས་འཕགས་པའི་ཁོངས་སུ་གཏོགས་པ་ཡི། རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བ་དེས་སོ། །ཀྱང་ནི་སྔ་མ་གཉིས་སུ་མ་ཟད་པའོ། །གང་དུ་ན། རྣལ་འབྱོར་གོམས་པས་དོན་གྱི་དེ་ཉིད་བསྲུབས་པས་འཇིག་རྟེན་འདས་པའི་ཤེས་ལྡན་པར། །སྐྱེས་གྱུར་བློ་བཟང་འཕགས་པ་རྣམ་གྲོལ་སྡེ་ཡིས་འགྲེལ་པ་ལ་ནི་ཆེར་འབད་ལ། །ཞེས་པ་ལྟར་ཉི་ཁྲིའི་འགྲེལ་པར་རོ། །བློ་གང་གིས་ན། ཡུམ་དང་བསྟན་བཅོས་ཀྱི་དོན་ཡོད་མེད་རྟག་ཆད་ཀྱི་མཐའ་དང་བྲལ་བ་དབུ་མར་གནས་པ་ལ་དེ་ལྟར་རྟོགས་པའི་བློས་སོ། །འདིར་སྔ་མ་རྣམས་འགྱུར་འདི་ལྟར་ན་ཤེས་བྱ་ནང་གི་ཡིན་པ་ལ་ཟུར་ཟ་ལ། གཟུ་བོར་


JLD017_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་བློས་ཞེས་པ་ལྟར་ན་རང་མོས་གཙོར་བྱེད་ལ་ཟུར་ཟ་ཞེས་འཆད་དོ། །ཅི་སྟེ་སྔ་མ་གཉིས་ཀྱིས་ཕྱེ་ཟིན་པས་འདིས་འབྱེད་མི་དགོས་ཤེ་ན། སྔ་མ་གཉིས་པོ་དེས་འགྲེལ་པ་བྱས་པ་རྣམ་རིག་ཙམ་གྱི་གཞུང་དང༌། མཐུན་པའི་ཕྱིར་རམ། སྐབས་ཀྱི་དོན་མ་བརྗོད་ཅིང་རྣམ་རིག་ལ་ཞེན་པ་མ་སྤངས་པའི་ཕྱིར། ཡུམ་དོན་ཇི་ལྟ་བ་བཞིན་བྱས་པ་མིན་པར་མཐོང་ནས་ཕྱེ་བས་ཉེས་པ་མེད་དོ། །བཞི་པ། བཙུན་པས་རྣམ་བཤད་བྱས་ཚུལ་ནི། རྣམ་བཤད་བྱས་སོ། །གང་གིས་ན། རྣམ་གྲོལ་སྡེ་དད་པའི་ས་ཚོགས་ལམ་ཕལ་པ་ལ་གནས་པ་དེ་ཡིས་སོ། །དུས་ནི་འཕགས་པས་མཛད་པ་དེའི་འོག་ཏུའོ། །གང་དུ་ན། མཐའ་གཅིག་སྐྱེས་གྱུར་མི་མཐུན་ཕྱོགས་ལྟ་ཞི་བྱེད་བསྟན་བཅོས་ལ་མཁས་རྟོགས་ལྡན་གང༌། །རྣམ་གྲོལ་སྡེ་ཞེས་ཚིག་ཏུ་འཇིག་རྟེན་ན་གྲགས་གཞན་པ་དེས་ནི་རྣམ་འགྲེལ་མཛད། ཅེས་པ་ལྟར་ཉི་ཁྲི་རྣམ་འགྲེལ་དུའོ། །ཇི་ལྟར་ན། བསྟན་བཅོས་རྒྱན་གྱི་ཚིག་དོན་མཐའ་དག་ཚང་བར་མ་རྙེད་པར་རང་གིས་ཇི་ལྟར་རྙེད་པ་དང་རྗེས་སུ་མཐུན་པར་རོ། །གྲུབ་མཐའ་རབ་འབྱམས་ལ་མ་འདྲེས་པར་རིག་པ་རྩོམ་པ་ནི་ཤེས་རབ་འཕེལ་བའི་རྒྱུའོ། ཞེས་པ་ལྟར་རང་དང་རྗེས་སུ་མཐུན་པ་སྟེ་རང་གི་ཤེས་རབ་འཕེལ་བའི་ཕྱིར་དུ་བརྩམས་ཀྱི་གཞན་ལ་ཕན་འདོད་པའམ་མངོན་པའི་ང་རྒྱལ་གྱིས་ནི་མ་ཡིན་ནོ། །འདི་ནི་འདབ་གཤོག་ཅུང་ཟད་སྐྱེས་པའི་བྱ་འཕུར་བར་རྩོམ་པ་དང་འདྲ་བར་བསྔགས་པ་ཡིན་གྱི་སྨད་པ་མིན་ནོ། །ཁ་ཅིག་ཡུམ་མཐའ་དག་མ་རྙེད་ཟེར་བས་ནི་ལེགས་


JLD017_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་སྨྲས་སོ་ཞེས་དང༌། ཀུན་མ་རྙེད་ཅེས་པ་ནི་རང་རང་གི་བློས་མ་རྟོགས་པ་སྟེ་གཞུང་མ་རྙེད་པ་ནི་མ་ཡིན་ནོ་ཞེས་ཚིག་གསལ་དུའོ། །རྟོགས་དཀར། བསྟན་བཅོས་མ་ལུས་པ་དེ་མཛད་པ་པོ་ལས་དངོས་སུ་མ་ཐོས་པའམ་མ་མཐོང་བའོ། །ཡང་ན་མངོན་པའི་སྡེ་སྣོད་ལ་སོགས་པའི་བསྟན་བཅོས་མཐའ་དག་མ་རྙེད་པའོ་ཞེས་འཆད་པ་ནི་སྐབས་དང་མི་མཐུན་ཞིང་ཧ་ཅང་ཐལ་བའི་བཤད་པའོ། །གཞུང་མ་རྙེད་པ་ལ་སྔ་མ་རྣམས་དགོས་འབྲེལ་དང༌། སེམས་བསྐྱེད་པའི་རབ་དབྱེ། དགེ་འདུན་ཉི་ཤུ། ངེས་འབྱེད་རྒྱས་བཤད་ལ་སོགས་པའི་བསྟན་བཅོས་ཀྱི་ཚིག་མ་རྙེད་པར་མདོ་ལེ་མང་རང་དང་མཐུན་པར་བཤད་དེ། མ་རྙེད་པའི་རྒྱུ་མཚན་ཡང་རྒྱུན་ཞུགས་འབྲས་གནས་ཙམ་པོ། འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ། གཟུགས་ཀྱི་ཆགས་བཅོམ། དགྲ་བཅོམ་འབྲས་ཞུགས་གཉེན་པོ་དང་རྫས་ལ་བརྟེན་པའི་རྟོག་པ་རྣམས་ཀྱི་མདོ་ལེ་མང་ན་མེད་པས། དེ་དང་བསྟན་བཅོས་མ་མཐུན་པས་བསྟན་བཅོས་ཀྱི་ཚིག་མ་ཡིན་ནམ་སྙམ་དུ་བསམས་སོ་ཞེས་འཆད་དོ། །དེ་ལ་རྣམ་འགྲེལ་དེར་རྩ་བ་དེ་དག་མེད་ཀྱང་དམིགས་རྣམ་རྒྱས་བཤད་ཀྱི་བཤད་པ་རྫོགས་པ་དང༌། མདོར་བསྟན་གྱི་རྐང་པ་དང་པོ་གཉིས་དྲངས་ནས་ལྷག་མ་ལ་སོགས་ཀྱི་སྒྲ་དང༌། དགེ་འདུན་ཉི་ཤུ་ལ་ཡང་དགེ་འདུན་གྱི་མདོ་དང་པོའི་སྟོད་དྲངས་ནས་སོགས་ཀྱི་སྒྲ་སྦྱར་རོ། །སེམས་བསྐྱེད་ཀྱི་དབྱེ་བ་ལ་མདོ་ངོ་བོ་རྣམས་ཉི་ཁྲི་འགྲེལ་པར་བཤད་པ་ལ་ཁ་འཕངས་ཤིང་རབ་དབྱེ་རྣམས་བློ་གྲོས་མི་ཟད་པ་སོགས་སུ་བལྟ་སྟེ་འདིར་མ་བཀོད་པ་གཞུང་མངས་པ་སྤང་བའི་ཆེད་དོ་ཞེས་འབྱུང་ལ།


JLD017_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་བཞི་ལ་ནི་དང་པོ་ལ་བདུན་བརྒྱད་གཉིས་མ་གཏོགས་པ་བདུན་འོལ་སྤྱི་གཅིག་སྣང་ཞིང་ལྷག་མ་གསུམ་ལ་སྤྱི་མིང་ཙམ་ལས་མ་གཏོགས་པའི་དབྱེ་བ་མ་བྱས་པར་བཞི་བའི་སྐབས་སུ་འདི་དང་སྐབས་གཞན་དུ་ཡང་བསྟན་བཅོས་དང་སྦྱར་བར་བྱ་སྟེ་འདིར་མ་སྦྱར་བ་གཞུང་མངས་པ་སྤང་བའི་ཕྱིར་ཡིན་པར་བཤད་པས་བསྟན་བཅོས་མ་བྲིས་པ་དེ་དག་ཀྱང་གཏན་མ་རྙེད་པར་མི་སྣང་ངོ༌། །ཉི་ཁྲིའི་རྣམ་འགྲེལ་འདི་བཙུན་པ་གྲོལ་སྡེ་དང་མིང་མཐུན་པ་གཅིག་གམ། འཕགས་པའི་སློབ་མར་གྲགས་པའི་བཙུན་པའི་ཡིན་བརྟག་པར་བྱ་སྟེ། རྒྱན་སྣང་དུ་གླེང་གཞི་དང་རྩེ་མོའི་ཀུན་ཏུ་རྒྱུ་སྡེ་ཅན་གྱི་སྐབས་སུ་བཙུན་པའི་བཤད་པ་དྲངས་པ་རྣམས་འདི་ལ་མི་སྣང་བའི་ཕྱིར་རོ། །ཅིའི་ཕྱིར་མཁས་པ་འདི་བཞིའི་ཕྱེ་ཚུལ་དཀོད་ཅེ་ན། རང་ཉིད་སྔོན་གྱི་མཁས་པ་རྣམས་ཀྱི་ལུགས་ལ་མཁས་པར་བསྟན་པས་རང་གི་གཞུང་ལ་གཞན་འཇུག་པར་བྱ་བའི་ཕྱིར་དང༌། གཞུང་དུ་མ་ཚོལ་བ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར་རོ། ཞེས་ཚིག་གསལ་དུའོ། །ཤེར་འབྱུང་ནི། ཁྱོད་ཀྱིས་རྩོམ་མི་རིགས་ཏེ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་མདོ་ལ་རྨོངས་པ་བཟློག་ཟིན་ལ། མ་བཟློག་ན་ཁྱོད་ཀྱིས་ཀྱང་བཟློག་མི་ནུས་ཞེས་པའི་ལན་དུ། བཅོམ་ལྡན་འདས་མའི་བཤད་པ་དང་ཊཱིཀ་མཛད་པའི་འཕགས་པ་དང་སློབ་དཔོན་གྱིས་ནི་གཞི་ལམ་རྣམ་པ་ཐམས་ཅད་བསྡུས་ཀྱང་མངོན་རྟོགས་དང་མ་སྦྱར་ཞིང༌། སེམས་ཙམ་དུ་བཀྲོལ་བས་ན་རྨོངས་པ་ཐམས་ཅད་མ་བཟློག་ལ། འགྲེལ་པ་དང་རྣམ་


JLD017_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་མཛད་པའི་འཕགས་པ་དང༌། སློབ་དཔོན་དག་གིས་ཀྱང་མངོན་རྟོགས་དང་སྦྱར་ཡང་ཀུན་གྱི་རྒྱན་དུ་མ་གྱུར་ཞིང་མ་ཚང་བས་ དོགས next hit་མ་བཟློག་གོ །ཁོ་བོ་ནི་བྱམས་པས་བསྟན་ཅིང་རྣམ་སྣང་བཟང་པོའི་དྲིན་ལས་གཞི་ལམ་རྣམ་པ་ཐམས་ཅད་བསྡུས་ཤིང་མངོན་རྟོགས་དང་སྦྱོར་བས་ཀུན་གྱི་རྒྱན་དུ་འགྱུར་བའི་ཕྱིར་དང༌། དབུ་མ་དང་སྦྱར་བས་previous hit དོགས next hit་ཐམས་ཅད་བཟློག་པའོ། ཞེས་འཆད་དོ། །གསུམ་པ་ནི། དེ་ལྟར་དབྱིག་གཉེན་དང་བཙུན་པས་མ་རྙེད་པར་བརྩམས་ལ་འཕགས་པས་རྙེད་ནས་ཡིན་ན་ཁྱོད་ཀྱིས་རྙེད་ནས་སམ་མ་རྙེད་ནས་རྩོམ་ཞེ་ན། བསྟན་བཅོས་ཀྱི་དོན་མཐའ་དག་འདི་རྙེད་དོ་ཞེས་ཚིག་རྣམ་པར་སྦྱར་རོ། །བསྟན་བཅོས་ཀྱི་དོན་ཅི་འདྲ་བ་ཞེ་ན། སྔར་བཤད་པ་དེ་ལྟར་མཁས་པ་འཕགས་གྲོལ་གྱིས་ནི་སྣང་བར་བྱས་པ་སྟེ་རྙེད་ཅིང་འགའ་ཞིག་ཁོ་ན་སྟེ་དབྱིག་གཉེན་དང༌བཙུན་པ་དང་གདུལ་བྱའི་དབང་ལས། ཐོགས་མེད་རྣམས་ཀྱིས་མ་རྙེད་པའི་ཡུམ་དང་རྒྱན་གྱི་དོན་དེའོ། །ཚུལ་ནི་འཕགས་པས་རྙེད་པ་དེ་ལྟར་རོ། །དེ་ལྟར་རྙེད་པ་གང་ཡིན་པ་དེ་ཡ་མཚན་ཞེས་པ་ནི་སྔོན་བསོད་ནམས་རླབས་པོ་ཆེ་བསགས་པ་འདྲ་ཞེས་དགའ་བ་སྟོན་པའོ། །བཞི་པ་ནི། དེ་ལྟར་མཁས་པས་སྣང་བར་བྱས་པ་ཡང་བདག་གིས་ཤེས་ལ། ལ་ལས་དོན་ཚང་བར་མ་རྙེད་པ་ལས་བདག་གིས་ཚང་བར་རྙེད་དོ་ཞེས་བསྟན་པ་དེ་ཡང་རང་གི་ལྷས་བྱིན་པ་ལ་སོགས་པ་ནི་མ་ཡིན་གྱི་སངས་རྒྱས་ཀྱི་མཐུས་ཡིན་པར་བསྟན་པའི་ཕྱིར། དེ་ལྟས་ནས་རྙེད་པ་ནི་ཞེས་པའི་བར་དུ་གསུངས་སོ། །དེ་ལྟས་ནི་སྔར་བཤད་པ་དག་གིས་


JLD017_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྙེད་པའོ། །ཤིན་ཏུ་རྙེད་དཀའ་བའི་ཟབ་མོའི་ལམ་འདི་ནི་མངོན་རྟོགས་བརྒྱད་སྟོང་པ་ཉིད་དོ། །ཅི་ཞིག་ལྟར་ནི་སྟེས་དབང་ངོ༌། །དེ་ལྟར་སངས་རྒྱས་ཀྱི་མཐུས་རྙེད་ནས་བརྩམས་པའི་ཕྱིར་བདག་གི་གཞུང་འདི་ལ་ཕྱི་རབས་ཀྱི་མཁས་པ་གཟུར་གནས་རྣམས་ཀྱིས་མཉན་པ་དང་བཤད་པའི་སྒོ་ནས་དབྱེ་བ་དང་འཇུག་པར་རིགས་སོ་ཞེས་པའོ། །ལྔ་པ་ནི། ཅི་འགྲེལ་པ་རྩོམ་ན་མདོའི་དོན་ཐམས་ཅད་ཁྱོད་ཀྱི་ཡུལ་དུ་གྱུར་རམ་ཞེ་ན། ཤེར་ཕྱིན་གྱི་དོན་རྣམས་རྣམ་པ་ཀུན་ཏུ་སྟེ་ཐོས་པ་ལ་སོགས་པའི་རྣམ་པས་ཀྱང་བདག་གི་ནི་སྤྱོད་ཡུལ་མིན་ཡང་རྩོམ་པ་ལ་སྤྲོ་བ་སྐྱེས་སོ། །ཡུལ་མིན་ན་རྩོམ་པར་མི་རིགས་ཤེ་ན། རང་དང་གཞན་ལ་ཕན་གདགས་པར་འདོད་པའི་ལྷག་པའི་བསམ་པས་ཀུན་ནས་བསླང་བའི་ཕྱིར་ཉེས་པ་མེད་དོ། །རང་གཞན་ལ་ཕན་འདོགས་པའི་ཐབས་སུ་འགྲེལ་པ་རྩོམ་པ་ཅི་ཞིག་འབྲེལ་ཞེ་ན། རང་གཞན་གྱི་རྒྱུད་ལ་བསོད་ནམས་དག་སྒྲུབ་པ་དང་འགྲེལ་པ་རྩོམ་པ་དོན་མཐུན་པའི་ཕྱིར་ཏེ། དེ་ལ་བརྟེན་ནས་རང་གཞན་གྱི་རྟོགས་པ་འཕེལ་བར་འགྱུར་བའི་ཕྱིར་རོ། །འདི་དང་སྔ་མའི་རྐང་པ་ཐ་མ་ལ་འགྲེལ་བཤད་གཉིས་འདི་ལས་གཞན་དུ་འཆད་ཀྱང་དགོངས་པ་མིན་ནོ། །འདིས་རང་ཉིད་བསམ་པ་དག་པར་བསྟན་ཅིང་བསམ་པ་འདི་ལྟ་བུའི་སྒོ་ནས་རྩོམ་པ་ལ་སྤྲོ་བ་སྐྱེད་ཅིག་ཅེས་གཞན་ལ་གདམས་ངག་ཏུ་སྦྱར་རོ། །གཉིས་པ་ལ་གཉིས། གདུལ་བྱ་དང་བ་སྐྱེད་པའི་ཡན་ལག་མཆོད་བརྗོད། རྟོག་ལྡན་བསྟན་བཅོས་ལ་འཇུག་


JLD017_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡན་ལག་དགོས་འབྲེལ་ལོ། །དང་པོ་ལ་གཉིས། མཆོད་བརྗོད་དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ། མཚམས་སྦྱར། རྩ་བས་བསྟན། འགྲེལ་པས་བཤད་པའོ། །དང་པོ་ནི། ཕྱག་འཚལ་ཞེས་དྲང་ངོ༌། །གང་ལ་ན། སྲས་བཞིའི་ཡུམ་ལའོ། །གང་གི་སྒོ་ནས་ན། ཉེར་ཞིར་ཁྲིད་པ་སོགས་ཀྱི་ཡོན་ཏན་ཇི་ལྟར་གནས་པ་བཞིན་དུ་སྒྲོ་སྐུར་དང་བྲལ་བར་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་སྒོ་ནས་སོ། །གང་གིས་ན། རྗེ་བཙུན་གྱིས་སོ། །དུས་ནི། བསྟན་བཅོས་འདི་རྩོམ་པའི་དང་པོར་རོ། །རེ་ཞིག་ནི་རིམ་པ་སྟོན་པའོ། །ཅི་ཞིག་གི་དོན་དུ་ན། འདི་ལ་གཉིས་ལས། རང་དོན་གྱི་དགོས་པ་ནི། སོ་སྐྱེའི་ས་ལས་རིང་དུ་སོང་བས་འཕགས་པ་སེམས་ཅན་རྣམས་ལ་བུ་གཅིག་པ་ལྟར་བརྩེ་ཞིང་སློབ་པ་དང་མི་སློབ་པའི་གནས་སྐབས་ཐམས་ཅད་དུ་བྱམས་པའི་མཚན་མི་འདོར་བའི་བྱམས་པ་རང་ཉིད་ཀྱི་སྤྱོད་པ་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་དང་མཐུན་པར་སྟོན་པའི་ཕྱིར་རོ། །དེ་ཡང་དམ་པས་བྱས་པའི་བསྟན་བཅོས་ལ་གཞན་འཇུག་པའི་ཆེད་དུའོ། །དེ་ལྟར་ན་འདི་ནི་དང་བ་ལ་བྱང་ཆུབ་ཀྱི་རྒྱུའི་གཙོ་བོ་བྱེད་པའི་ནུས་པ་ཇི་ལྟར་ཡོད་ཅེས་པའི་ལན་དུ། རབ་ཏུ་དང་བ་ཉིད་ཀྱི་རང་བཞིན་རྒྱུད་ལ་སྐྱེས་པ་ཙམ་གྱིས་རྣམ་གཡེང་དང་མི་དགེ་བ་ལས་སེམས་ལོག་ནས་ཏིང་ངེ་འཛིན་དམ་པ་དང༌། དགེ་བ་བཅུའི་བྱ་བའམ་སྤྱོད་པ་ལ་འཇུག་པས་སོ་ཞེས་གཞུང་ཕྱི་མའི་རྒྱུ་མཚན་དུ་འཆད་པ་ནི་དགོངས་པ་མིན་ནོ། །གཞན་དོན་གྱི་དགོས་པ་ནི། གདུལ་བྱ་གཞན་དག་རབ་ཏུ་དང་བ་བསྐྱེད་པའི་ཆེད་དུའོ། །དེའི་དགོས་པ་ནི་ཐོས་སོགས་ཀྱིས་འཇུག་པར་བྱ་བའི་ཕྱིར་ཡིན་ལ། དེ་ཡང་བྱང་ཆུབ་འཐོབ་


JLD017_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་གྱིས་ཏེ་ཕྱིར་དུའོ། །གང་ལ་དང་ན། ཉོན་མོངས་བག་ཆགས་དང་བཅས་པ་བཅོམ་པའམ་བདུད་བཞི་བཅོམ་ཞིང་ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། ཞེས་པ་ལྟར་དེ་བཞིན་ཉིད་རྣམ་རྟོག་གི་བག་ཆགས་མ་ལུས་པས་དབེན་པའི་དབང་ཕྱུག་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་གཟུགས་བཟང་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དཔལ་དང་གྲགས་དང༌། སོ་སོར་རྟོག་པའི་ཡེ་ཤེས་དང༌། བྱ་སྒྲུབ་ཡེ་ཤེས་ཀྱིས་བརྩོན་འགྲུས་ཏེ། ལེགས་པ་དྲུག་དང་ལྡན་པའི་བཅོམ་ལྡན་འདས་མ་ལའོ། །དེ་ཡང་བྷ་ག་ཝན་ཞེས་པའི་སྐད་དོད་ལ་འདས་པ་མེད་ཀྱང༌། མདོ་སྡེ་ལས་སངས་རྒྱས་ལ་འཇིག་རྟེན་ལས་འདས་པ་ཞེས་ཀྱང་འབྱུང་བས། འདས་ཞེས་བླ་ཐབས་སུ་བསྣན་ནས་བཅོམ་ལྡན་འདས་སུ་བསྒྱུར་ཞེས་སྒྲ་སྦྱོར་བམ་གཉིས་སུ་བཤད་པ་ལྟར་རོ། །ཡུམ་འདི་གང་ཟག་གསུམ་དང་འབྲེལ་བས་བཅོམ་ལྡན་འདས་ཀྱི་སྒྲ་བཤད་པ་ལྟར། མི་འཇུག་ཀྱང་ཕྱོགས་གཅིག་གི་མིང་གིས་ཐམས་ཅད་ལ་བཏགས་པའོ། །བཅོམ་ལྡན་འདས་མ་དེ་ཡང་ཇི་འདྲ་བ་ཞེ་ན། ཉེར་ཞིར་ཁྲིད་པ་སོགས་ཀྱི་ཡོན་ཏན་འདོད་པ་རྫོགས་པར་བྱེད་པས་རིན་པོ་ཆེ་ལམ་སོ་སོ་ལ་ལྟོས་ཏེ་མཐར་ཐུག་པས་ཕུལ་དུ་དབྱུང་དུ་མེད་ཅིང་གྲངས་མང་བས་དཔག་ཏུ་མེད་པ་སྟེ་མདོར་ན་སྲས་བཞིའི་བཞེད་དོན་མཐར་ཐུག་པའི་འབྱུང་གནས་སམ་རྒྱུར་གྱུར་པའོ། །ཅིའི་ཕྱིར་དང་


JLD017_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྐྱེད་པའི་ཆེད་དུ་མཆོད་བརྗོད་གསུངས་ཤེ་ན། རང་གིས་མྱོང་བ་ལྟར་གཞན་ལ་བསྟན་མི་ནུས་ཤིང༌། གཞན་གྱིས་ཀྱང་བསྟན་པ་ལས་རྟོགས་པར་བྱ་མི་ནུས་ལ། རྣལ་འབྱོར་པ་རང་རང་གིས་རྟོགས་པར་བྱ་བའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་བྱས་པ་ཅན་གྱི་ཤེར་ཕྱིན་ལ་རབ་ཏུ་དང་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་པ་ཐམས་ཅད་འཐོབ་པའི་ཐབས་རྣམས་ཀྱི་ནང་ནས་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བར་ངེས་པར་བཟུང་བའམ་རྟོགས་ནས་དང་བ་བསྐྱེད་པའི་དོན་དུ་ཚིགས་བཅད་འདི་གསུངས་སོ་ཞེས་རྣམ་པར་སྦྱར་ཏེ། གཙོ་བོར་འགྱུར་ཚུལ་ནི་ཕྱི་འགྲེལ་གྱིས་འཆད་དོ། །འདི་ནི་སློབ་དཔོན་གྱི་བཞེད་པའོ། །ཚིག་གསལ་དུ་མི་རྟོག་ཡེ་ཤེས་དེ་མི་རྟོག་བཞིན་ཤེར་ཕྱིན་གྱི་ཡུམ་གྱི་དང་བར་ཇི་ལྟར་བཞག །དང་བ་ནི་སེམས་བྱུང་དང་བ་ཡིན་ནོ་ཞེས་པའི་ལན་དུ། མིག་ཤེས་ཀྱིས་མཐོང་བའི་གཟུགས་ལ་དེའི་རྗེས་སུ་ཡིད་ཀྱིས་ཆགས་པ་ལྟར་མི་རྟོག་ཡེ་ཤེས་ཀྱིས་ཡུམ་ངེས་པར་བྱས་ནས་དེའི་རྗེས་ཐོབ་ཀྱིས་མཉམ་གཞག་གིས་ཇི་ལྟར་བཟུང་བའི་ཡུམ་ལ་དང་བར་བྱེད་ཅེས་འཆད་པ་དང༌། ཡང་ན་སོ་སོ་རང་གིས་རིག་པའི་ཡུལ་ཅན་ཤེར་ཕྱིན་ལ་རབ་ཏུ་དང་བ་ཞེས་རྣམ་པ་གཞན་དུ་སྦྱར་བ་ལ་ཡང་ཉེས་པ་མེད་དོ་ཞེས་ལུགས་གཉིས་བྱུང་ཡང་སྔ་མ་མི་འཐད་པ་རྟོགས་སླ་ཞིང་ཕྱི་མ་འཐད་དེ། དེ་ནི་སྔར་བཤད་དོ། །སྔ་མ་རྣམས་ནི་དང་བ་དང་བྱང་ཆུབ་གཉིས་ཀྱི་རྒྱུ་འབྲས་ཀྱི་འབྲེལ་པ་བློས་བཏགས་པ་ཙམ་མམ་ཚད་མས་གྲུབ་སྙམ་ན། མ་ཕམ་པ་རང་གི་མཉམ་གཞག་གི་ཡུལ་མིན་པས་


JLD017_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དྲངས་པའི་རྗེས་ཐོབ་ཀྱིས་ངེས་པར་བཟུང་ནས་སོ་ཞེས་འཆད་པ་ནི་མ་འབྲེལ་ཏེ། ནས་ཞེས་པ་ལྷག་མ་ཅན་ཡིན་པས་བཟུང་ནས་ཞེས་བྱ་བ་གསུངས་སོ་ཞེས་སྦྲེལ་དགོས་པས་སོ། །གཉིས་པ་ནི། ཕྱག་འཚལ་ལོ། །གང་ལ་ན་ཡུམ་མཁྱེན་གསུམ་དེ་ལའོ། །སུའི་ཡུམ་ཞེ་ན། ཉན་ཐོས་དང་རང་རྒྱལ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྟེ་དེ་རྣམས་དང་ལྷན་ཅིག་པའི་སངས་རྒྱས་ཀྱི་ནི་ཡུམ་མོ། །དེ་ལྟ་ན་ཉན་རང་དང་བྱང་སེམས་ཀྱི་ཡུམ་མིན་ནམ་ཞེ་ན། བཞི་གའི་ཡུམ་ཡིན་ཀྱང་སྤྱི་ལ་གཅིག་ཚིག་སྦྱར་བ་ཙམ་སྟེ། དག་ལྡན་ལས། ཉན་ཐོས་ལ་སོགས་པའི་ཚོགས་དང་བཅས་པའི་སངས་རྒྱས་ཀྱི་སྟེ་རིགས་ལ་གཅིག་གི་ཚིག་གོ་ཞེས་དང༌། དེའི་ཚོགས་དང་བཅས་པའི་སངས་རྒྱས་རྣམས་ཀྱི་ཡུམ་ཞེས་གསུངས་པ་ལས་འདི་ནི་དེ་རྣམས་ཀྱི་ཡང་ཡུམ་ཡིན་པར་རྟོགས་སོ། ཞེས་པ་ལྟར་རོ། །དེའི་ཕྱིར་དེ་ཉིད་ལས། སངས་རྒྱས་ནི་བླ་མ་དམ་པ་ཡིན་ཞིང་དེ་རྣམས་ཀྱི་ཡང་ཡུམ་འདི་ཡིན་པ་དེས་ན་འདི་ནི་བླ་མ་དམ་པའི་ཡང་བླ་མ་ཡིན་པ་དེའི་ཕྱིར་ཞེས་པའི་ཚིག་གིས་ཡུམ་འདི་འབྲས་ཡུམ་དུ་འཁྲུལ་བར་མི་བྱ་སྟེ། སངས་རྒྱས་ཀྱི་བཞེད་པ་སྒྲུབ་པའི་རྣམ་མཁྱེན་ཡུམ་གྱི་ཁྱད་པར་ཡིན་པ་ལ་དགོངས་ནས་དེ་ལྟར་བཤད་པའི་ཕྱིར་ཏེ། སྒྲ་སོར་བཞག་ན་སངས་རྒྱས་ལས་ལྷག་པའི་ཡོན་ཏན་ཡོད་པར་ཐལ་ལོ། །ཇི་ལྟར་ན་མཁྱེན་གསུམ་གང་ཟག་དེ་དག་གི་ཡུམ་ཡིན་ཞེ་ན། རེ་ཞིག་གཞི་ཤེས་ནི་ཉན་རང་གི་ཡུམ་ཡིན་ཏེ། ཉན་ཐོས་དང་དེས་མཚོན་པའི་རང་རྒྱལ་ཞི་བ་


JLD017_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་འདས་ཚོལ་བ་རྣམས་ཉོན་མོངས་དང་སྡུག་བསྔལ་ཉེ་བར་ཞི་བ་དེར་ཁྲིད་པར་མཛད་པ་གང་ཡིན་པ་དེ་དེ་གཉིས་ཀྱི་ཡུམ་ཡིན་ལ་གཞི་ཀུན་ཤེས་པ་ཉིད་ཀྱིས་དེར་ཁྲིད་པས་སོ། །ལམ་ཤེས་ནི་བྱང་སེམས་ཀྱི་ཡིན་ཏེ། འགྲོ་བ་ལ་ཕན་འདོགས་པར་བྱེད་པའི་བྱང་སེམས་རྣམས་འཇིག་རྟེན་གདུལ་བྱའི་དོན་སྒྲུབ་པར་མཛད་པ་གང་ཡིན་པ་སྟེ་དེའི་ཡུམ་ཡིན་ལ་ལམ་གསུམ་ཤེས་པ་ཉིད་ཀྱིས་དེ་མཛད་པས་སོ། །རྣམ་མཁྱེན་ནི་སངས་རྒྱས་ཀྱི་ཡིན་ཏེ། ཐུབ་པ་རྣམས་བརྗོད་བྱའི་རྣམ་པ་ཀུན་དང་ལྡན་པའི་རྗོད་བྱེད་སྣ་ཚོགས་པ་འདི་དག་གསུང་བར་འཇུག་བྱེད་དེ་དེའི་ཡུམ་ཡིན་ལ་ཇི་ལྟ་ཇི་སྙེད་ཀྱི་རྣམ་མཁྱེན་གང་དང་ཡང་དག་པར་ལྡན་པས་དེ་གསུངས་པས་སོ། །ཚིགས་བཅད་དང་པོ་འདི་སློབ་དཔོན་གྱིས་བཤད་ཐབས་ལྔའི་སྒོ་ནས་བཀྲལ་ཏེ། རང་ཉིད་ནས་ཆེད་དུའི་བར་གྱིས་དགོས་པ་དང༌། ཡུམ་ལ་ནས་ཕྱག་འཚལ་གྱི་བར་གྱིས་བསྡུས་དོན་དང༌། ཚིགས་སུ་ནས་གཙོ་བོ་ཡིན་ནོའི་བར་ནི་དགོས་དོན་དང༌། དེ་ལ་ནས་བསྟོད་དོའི་བར་ནི་བསྡུས་དོན་ལས་འཕྲོས་ཤིང༌། ཉན་ཐོས་ནས་ཕྱག་འཚལ་གྱི་བར་གྱིས་ཚིག་དོན་དང༌། དེ་ལྟར་ནས་འཐད་པ་ཡིན་ནོའི་བར་གྱིས་བརྒལ་ལན་བསྟན་ལ། མཚམས་སྦྱོར་ནི་དེ་དག་ཐམས་ཅད་ལ་ཡོད་དོ། །འདིར་ཡུམ་གྱི་མཐའ་དཔྱད་པ་ལ་གསུམ། རང་གི་ལུགས་བཞག་པ། དེ་ལ་རྩོད་པ་སྤང་བ། དེ་མཁས་པའི་དགོངས་པར་སྒྲུབ་པའོ། །དང་པོ་ནི། ཡུམ་དེ་ཡང་གང་ཞེ་ན། མཁྱེན་པ་གསུམ་ནི་འདིར་ཡུམ་དུ་བསྟན་ལ། དེ་ཡང་སྒྲས་ཟིན་ཚོད་དང་བསྟུན་ན་གཞི་


JLD017_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནི་ཉན་རང་གི་ཉེར་ཞི་ཐོབ་བྱེད་དུ་བསྟན་པས། སློབ་ལམ་ལྟ་བུར་མངོན་ཀྱང་ཉན་རང་གི་བཞེད་པ་སྒྲུབ་པ་ལ་དེའི་ཡུམ་དུ་བཤད་པར་འདོད་ནས་ཐབས་ཙམ་དུ་བཤད་ཀྱི། ཉེར་ཞི་ཐོབ་ཟིན་པའི་གཞི་ཤེས་འདིར་བསྟན་གཞི་ཤེས་སུ་མི་འདོད་པ་མིན་ནོ། །མཁྱེན་པ་གསུམ་པོ་དེས་ཀྱང་ཉན་རང་བྱང་སེམས་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་ཡིན་པའི་ཚུལ་གྱིས་བསྡུས་པས་མངོན་རྟོགས་བརྒྱད་ཀ་བསྟོད་ཕྱག་གི་ཡུལ་གྱི་ཡུམ་ཡིན་ནོ། །དེ་ལྟ་ན་ཡང་རྗེ་བཙུན་གྱིས་མཁྱེན་གསུམ་ཉིད་ལ་བསྟོད་པ་ནི། མངོན་རྟོགས་ཐ་མ་ལྔ་དང་པོ་གསུམ་དུ་འདུས་པར་དགོངས་ནས་སོ། །སྤྱིར་ན་མཆོད་བརྗོད་ཀྱི་ཡུལ་དང་དེ་ལ་བསྟོད་ཚུལ་ལ་དུ་མ་ཞིག་ཡོད་ཀྱང༌། འདིར་ནི་བསྟན་བཅོས་ཀྱི་བརྗོད་བྱ་བསྟོད་ཕྱག་གི་ཡུལ་ཡིན་ཞིང་བསྟོད་ཚུལ་ཡང་ཡུམ་དེས་སྲས་བཞིའི་ཐུན་མོང་མ་ཡིན་པའི་བཞེད་དོན་སྒྲུབ་པའི་སྒོ་ནས་བསྟོད་ལ། དེ་ལྟར་བསྟོད་པ་ན་ཐར་པ་དང་ཐམས་ཅད་མཁྱེན་པ་གང་དུ་བགྲོད་པ་ཐམས་ཅད་ཀྱི་རྩ་བ་བསྟན་བཅོས་ཀྱི་བརྗོད་བྱ་རུ་གོ་བ་ན། གྲོལ་བ་དོན་གཉེར་རྣམས་དང་བ་སྐྱེས་ཏེ་ཚིག་ལེའུར་བྱས་པ་ལ་འཇུག་པར་འགྱུར་བས་དེའི་ཕྱིར་མཛད་དེ། དེ་ནི་སྔར་བཤད་པ་ལྟར་རོ། །རྒྱུ་མཚན་འདིས་ཀྱང་ཐེག་པ་གསུམ་གྱི་མངོན་རྟོགས་མ་ལུས་པ་ཡུམ་ཡིན་ནོ། །གཉིས་པ་ནི། གལ་ཏེ་དེ་ནི་མི་རིགས་ཏེ། འཕགས་པས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱི་ཐུན་


JLD017_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་པ་ཞེས་པ་དང༌། འཕགས་བཞིའི་ཡུམ་ཡིན་པའི་ཕྱིར་སྦྱོར་ལམ་མན་ཆད་ན་ཡུམ་འདི་ཡོད་པ་མི་རིགས་ཤེ་ན། འདིས་འཁྲུལ་གཞི་བྱས་ནས། གཞི་ཤེས་དང་ལམ་ཤེས་འཕགས་པའི་རྟོགས་པ་ཁོ་ནར་འཆད་པ་བྱུང་མོད་དེ་ནི་མི་འཐད་དེ། གཞན་དུ་ན་ཉི་སྣང་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་རྣམས་བསྡུས་པར་འགྱུར་བ་ཡིན་ཏེ། ཞེས་འབྱུང་བས་སོ་བདུན་སོགས་ཐམས་ཅད་འཕགས་པའི་རྟོགས་པར་ཐལ་ལོ། །དེས་ན་དེ་སྐད་གསུངས་པ་ནི་སྲས་ཀྱི་གཙོ་བོ་བརྗོད་པར་འདོད་ནས་ཡིན་གྱི་ཚོགས་སྦྱོར་བ་སྲས་མིན་ནས་མ་ཡིན་ཏེ། དཔེར་ན་རྒྱལ་པོ་འཁོར་དང་བཅས་པ་འགྲོ་བ་ན་རྒྱལ་པོ་གཤེགས་སོ་ཞེས་པ་དང་སྲས་བཞི་གའི་ཡུམ་ཡིན་ཡང་རྒྱལ་བའི་ཡུམ་ཞེས་པ་བཞིན་ནོ། །དེ་ལྟ་མིན་ན་དེ་དག་ལ་ཁྱབ་བྱེད་མཁྱེན་པ་གཉིས་པོ་མེད་པའི་ཕྱིར། ཁྱབ་བྱ་ཐེག་དམན་དང་བྱང་སེམས་ཀྱི་མངོན་རྟོགས་མེད་པར་ཐལ་བ་དང༌། ཉེར་ཞིར་ཁྲིད་པ་དང་ལྷག་བསམ་ཁྱད་པར་ཅན་གྱིས་འཇིག་རྟེན་གྱི་དོན་དངོས་སུ་སྒྲུབ་པའི་བྱང་སེམས་ཀྱི་སྤྱོད་པ་མེད་པར་ཐལ་ལོ། །དེ་ལྟར་ན་ལུང་དེ་ནི་དེ་ཁོ་ན་ལྟར་བཤད་དེ། འཕགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་གང་ཡིན་ཞེས་བྱ་བ་འདི་ནི་བརྗོད་པར་བྱའོ་ཞེ་ན། བཤད་པ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། ཅེས་གསུངས་


JLD017_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེའི་དོན་ཡང་གོང་དུ་ཤེར་ཕྱིན་ལ་ཕྱག་འཚལ་ལོ་ཞེས་བསྟན་བཅོས་ཀྱི་བརྗོད་བྱ་ལ་ཕྱག་འཚལ་བའི་ཤེར་ཕྱིན་དེ་གང་ཡིན་དེ་ཇི་ལྟར་བསྟན་བཅོས་ཀྱིས་འཆད་ཅེས་པའི་ལན་དུ། ཤེར་ཕྱིན་དེ་ལ་འཆད་པར་འགྱུར་བའི་དངོས་པོ་བརྒྱད་དུ་ཕྱེ་ནས་འཆད་དོ་ཞེས་བཤད་དགོས་པའི་ཕྱིར་རོ། །དེ་བཞིན་དུ་སློབ་དཔོན་གྱིས་ཀྱང༌། གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཚིགས་སུ་བཅད་པའི་དོན་གྱི་མཚན་ཉིད་ཀྱི་ཡུམ་ཞེས་དང༌། གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཉིད་ཀྱིས་ཞེས་སོགས་ཚིག་དོན་གྱི་སྐབས་ནས་འབྱུང་བ་རྣམས་ཁྱད་མེད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཅེས་དང༌། བསྡུས་དོན་དང༌། བརྒལ་ལན་གྱི་སྐབས་སུ་ཡང་མཁྱེན་གསུམ་གྱིས་མངོན་རྟོགས་མཐའ་དག་བསྡུས་པར་བསྟན་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ན་དངོས་པོ་བརྒྱད་མ་ལུས་པ་ཡུམ་ཡིན་པ་འདི་རྩ་བའི་དགོངས་པ་ཡིན་ཞིང༌། དེ་ལྟར་དུ་ཆེན་པོ་གཉིས་ཀྱིས་ཀྱང་བཀྲལ་ལ། འཕགས་ཡུལ་གྱི་མཁས་པ་གཞན་དུ་མ་ཡང་བཞེད་དེ། རྣམ་འགྲེལ་ལས། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ནས། སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་ལྡན་ཡུམ་དེ་ལ་ཕྱག་འཚལ་ལོ། ཞེས་གསུངས་པ་ལ། ཇི་ལྟ་བུ་ཞིག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་འདྲི་བ་ལ། མངོན་རྟོགས་བདག་ཉིད་བདུན་


JLD017_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར། །ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ། ཞེས་དང༌། དག་ལྡན་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱེ་བ་ནི་རྣམ་པ་གསུམ་ཡིན་ཏེ། ཞེས་དང༌། གྲགས་པའི་ཆ་ལས་ཀྱང༌། གང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡུམ་བཅོམ་ལྡན་འདས་མ་སྟེ། འཆད་པར་འགྱུར་བ་མངོན་པར་རྟོགས་པ་བརྒྱད་ཀྱི་རང་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དོ། ཞེས་དང༌། ཤེར་འབྱུང་གིས་ཀྱང༌། མངོན་རྟོགས་བརྒྱད་ཀྱི་རང་བཞིན་ཅན། །རང་བཞིན་མེད་ཅིང་རྟོག་ལས་འདས། །དཔག་བསམ་ཤིང་བཞིན་འབྲས་བཟང་ནི། །སྩོལ་མཛད་རྒྱལ་ཡུམ་དགེ་མ་རྒྱལ། ཞེས་དང༌། ཟླ་འོད་ལས་ཀྱང༌། དེ་ལྟར་ཀུན་མཁྱེན་པ་གསུམ་གྱིས་མངོན་པར་རྟོགས་པ་གཞན་ལྔ་པོ་རྣམས་བསྡུས་པའི་བརྒྱད་ཆར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་ཞེས་བྱ་སྟེ་དེ་ཉིད་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྟོགས་པ་པོའི་དབྱེ་བ་ལ་དགོངས་ནས་ཀུན་མཁྱེན་པ་གསུམ་གྱི་སྒོ་ནས་ཕྱག་འཚལ་ནས། ཞེས་སོ། །འོ་ན་སློབ་དཔོན་དེ་དག་གིས་ཡུམ་དེ་ཤེར་ཕྱིན་དུ་ཡང་བཤད་པའི་ཕྱིར་མངོན་རྟོགས་བརྒྱད་ཀ་ཤེར་ཕྱིན་དུ་འགྱུར་ཞེ་ན། ཤེར་ཕྱིན་དང་ཡུམ་ཁྱད་མེད་པ་ལྟར་བཤད་པ་ནི་དེ་གཉིས་ཟག་མེད་ཀྱི་ཕུང་པོ་སྐྱེད་པ་དང་གསོ་བའི་སྒོ་ནས་བྱེད་ལས་མཚུངས་པ་ཙམ་ལ་དགོངས་པ་སྟེ། གཞན་དུ་ན་ཡུམ་མཚན་ཉིད་པའི་དོན་སྲས་ཀྱི་བཞེད་པ་སྒྲུབ་པ་ཡིན་པ་དང༌། ཤེར་ཕྱིན་མཚན་ཉིད་པའི་དོན་རང་བཞིན་མེད་རྟོགས་ཀྱི་བློ་དམ་པ་ཡིན་པ་གཉིས་


JLD017_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མེད་པའི་སྐབས་ག་ལ་ཡོད། དེ་ལྟར་འགྲེལ་པ་གཞན་ཐམས་ཅད་ཡུམ་གྱི་བཤད་པ་ལ་མི་མཐུན་པ་མེད་ཀྱང་ཚིག་གསལ་དུ་དེ་དག་ལས་གཞན་དུ་འཆད་པ་ནི་སྐབས་དེ་ཉིད་དུ་དགག་པར་བྱའོ། །གསུམ་པ་ལ་གཉིས། སྔ་འགྲེལ་གྱི་འཕྲོས་དོན། རྩ་བའི་ཚིག་དོན་ནོ། །དང་པོ་ལ་གཉིས། དགོས་དོན་དང༌། བསྡུས་དོན་ལས་འཕྲོས་པའོ། །དང་པོ་ལ་གསུམ། གནས་སྐབས་དང༌། མཐར་ཐུག་གི་དགོས་པ། དེ་དག་གིས་གྲུབ་པའི་དོན་ནོ། །དང་པོ་ལ་གསུམ། ཐོས་པ་དང༌། དང་བ་དང༌། གུས་པའི་དགོས་པའོ། །དང་པོ་ནི། ཞེས་བྱ་བ་ནི་སྤྱིར་དོན་མང་པོ་ལ་འཇུག་ཀྱང་འདིར་ནི་དེ་ལྟར་ཞེས་པའི་དོན་ཡིན་པས་འདས་མ་ཐག་པའི་རྩ་བ་ལ་གཟུང་ངོ༌། །དེ་ཡང་རྩ་བའི་གོང་དུ་གསུངས་ཞེས་པའམ་བཤད་ཅེས་པ་ཡོད་ན་ཕྱི་འགྲེལ་གྱི་མགོར་གསུངས་ཏེ་དང༌། བཤད་དེ་ཞེས་མི་འབྱུང་བར་ཞེས་བྱ་བ་ཡིན་ནོ་དང༌། ཡིན་ཏེ་དང༌། ཞེས་བྱ་བ་ལ་དང༌། ནི་ཞེས་འབྱུང་ལ། གསུངས་སོ་ཞེས་རྫོགས་ཚིག་སྦྱར་ན་དེ་མ་ཐག་འབྲུ་མི་གཉེར་བར་དགོས་དོན་སོགས་སྟོན་པ་ལ་འཇུག་པ་ཡིན་གསུང་པའི་སྔ་མ་རྣམས་འགྲེལ་པ་འདི་ལ་ངེས་ཀྱང་ཕྱི་མ་ལ་མ་ངེས་ཏེ་གདམས་ངག་སྤྱི་བསྟན་གྱི་སྐབས་བཞིན་ནོ། །གང་དག་མཚམས་སྦྱོར་གང་ཡིན་སྔ་འགྲེལ་དུ་བཞེད་པ་ནི་སྔ་འགྲེལ་གྱི་དོན་མ་མཁྱེན་པར་ཟད་དེ། རྩ་བ་དེའི་སྔར་དང་རྗེས་སུ་དེའི་དོན་བླངས་ནས་འགྲེལ་པ་ནི་སྔ་འགྲེལ་དང་ཕྱི་འགྲེལ་གྱི་དོན་ཡིན་ན་རྩ་བའི་དོན་སྔར་བླངས་ནས་མི་འགྲེལ་པའི་མཚམས་སྦྱོར་དུ་མ་ཡོད་པས་སོ། །དེས་ན་


JLD017_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་འགོག་པ་མེད་པའི་རང་བཞིན་གྱི་མཚམས་སྦྱོར་ལྟ་བུ་ནི་གཉིས་ཀ་ཡིན་ཡང་གཞན་ལ་མ་ངེས་སོ། །མཆོད་བརྗོད་བྱས་པས་གཞན་དག་དང་བ་སྐྱེད་ཅེས་བསྟན་ན། གཞན་དག་ནི་གང་། མཆོད་བརྗོད་ལས་ནི་ཇི་ལྟར་དང་ཞེ་ན། འདི་ལ་གཉིས། དབང་རྟུལ་དང༌། དབང་རྣོན་གྱི་དང་ཚུལ་ལོ། །དང་པོ་ནི། གང་ཟག་གཙོ་བོར་བྱས་ནས་འཇུག་པའམ་ཚིག་ཙམ་ལས་ཡིད་ཆེས་སྐྱེ་བའི་དད་པའི་རྗེས་སུ་འབྲང་བ་རྣམས་ནི་དང་བ་སྐྱེའོ། །ངོ་བོ་ནི། རབ་ཏུ་སྟེ་ཆེན་པོའོ། །རེ་ཞིག་ནི་བཤད་པའི་རིམ་པའམ་འདི་དབང་རྣོན་ལས་དང་བ་སྐྱེ་མྱུར་བའོ། །ཡུལ་ནི་ཡུམ་འདི་ལའོ། །ཚུལ་ནི་ཡུམ་སྔར་བཤད་པའི་ཡོན་ཏན་དང་ལྡན་པར་བསྟན་པ་ན་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་ཡིན་ནམ་མིན་སྙམ་པའི་ཐེ་ཚོམ་མེད་པར་ཏེ་བརྟགས་དཔྱད་མ་བྱས་པར་ཚིག་ཐོས་མ་ཐག་ཏུ་སྐྱེ་བས་ན་མྱུར་དུའོ། །རྒྱུ་ནི་ཉན་ཐོས་ཞེས་སོགས་ཚིགས་བཅད་འདིས་ནི་ཡུམ་འདིས་སྲས་བཞིའི་བཞེད་པ་བསྐྲུན་པའི་ཆེ་བའི་བདག་ཉིད་ཀྱི་ཡོན་ཏན་གསུམ་པོ་ཕྱི་རོལ་པ་དང་ཉན་རང་དང་བྱང་སེམས་ལས་ཕུལ་དུ་བྱུང་བ་དང་ལྡན་པར་བརྗོད་དེ་བརྗོད་པ་དེ་ཐོས་པ་ལ་བརྟེན་ནས་སོ། །གཉིས་པ་ནི། དབང་བརྟུལ་ཁོ་ནར་མ་ཟད་ཆོས་གཙོ་བོར་བྱས་ནས་འཇུག་པའམ། དོན་ལ་བརྟགས་དཔྱད་བྱས་ནས་འཇུག་པའི་ཆོས་ཀྱི་རྗེས་སུ་འབྲང་པ་རྣམས་ཀྱང་དང་བ་སྐྱེད་པར་བྱེད་པ་ཉིད་དོ་ཞེས་རྣམ་པར་སྦྱར་རོ། །དང་བའི་ངོ་བོ་ནི་རབ་ཏུ་སྟེ་མི་འཕྲོགས་པའོ། །གང་ལ་ན་ཡུམ་དེ་ལའོ། །འདིར་དེ་དང་གོང་དུ་འདི་ཞེས་པ་ནི་མཆོད་བརྗོད་ལ་ཉེ་རིང་གིས་ཡིན་


JLD017_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །རྒྱུ་ནི་སྔར་ལྟར་རོ། །ཚུལ་ནི། འོ་ན་ཡུམ་གྱིས་སྲས་བཞི་བསྐྲུན་པར་མཛད་དོ་ཞེས་བསྟན་པ་ཙམ་གྱི་མོད་ལ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདི་ལྟར་སྤྱིར་དབང་བརྟུལ་གྱི་འཇུག་ལྡོག་གི་རྒྱུ་ཚིག་ཙམ་ཡིན་ཡང༌། དབང་རྣོན་ནི་རིགས་པས་གནོད་པ་ཡོད་མེད་བརྟགས་པ་ན་གནོད་པ་མེད་པ་དང་ཡོད་པར་མཐོང་བ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་འདིར་ཡང་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པའི་བརྗོད་བྱའི་དོན་གྱི་མཚན་ཉིད་དེ་ངོ་བོ་ཉིད་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་ཡོངས་སུ་ཤེས་པའི་མཁྱེན་གསུམ་གྱི་ཡུམ་གྱིས་སྲས་བཞི་བསྐྲུན་པར་བསྟན་པ་ལ་རིགས་པ་ཡང་དག་གིས་གནོད་པ་ཡོད་མེད་བརྟག་པ་སྔོན་དུ་བཏང་བ་ན་གནོད་པ་མ་མཐོང་ནས་དེའི་རྗེས་སུ་དབྱེ་གཞི། ཤེར་ཕྱིན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་ཀྱི་དབྱེ་བའི་ཚུལ་གསུམ་པ་ཅན་དེས་སངས་རྒྱས་ལ་སོགས་པའི་སྲས་བཞི་བསྐྲུན་པར་མཛད་པ་ནི་གདོན་མི་ཟ་བ་སྟེ་ངེས་པར་སྲིད་པ་སྟེ་འཐད་པ་ཉིད་དོ་ཞེས་ངེས་པར་བཟུང་སྟེ་དང་བར་བྱེད་ཀྱི་དབང་བརྟུལ་ལྟར་བརྟག་དཔྱད་མེད་པར་ནི་མ་ཡིན་ནོ། །རིགས་པ་གང་གིས་ཤེ་ན། ངོ་བོ་ལ་དཔྱད་ནས་འགོག་པ་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་བྱ་བ་དང་སོགས་པས་རྒྱུ་ལ་དཔྱད་པ་རྡོ་རྗེ་གཟེགས་མ་འབྲས་བུ་ལ་དཔྱད་པ་མུ་བཞི་སྐྱེ་འགོག་ལ་སོགས་པའི་ཚད་མ་སྟེ་གཏན་ཚིགས་རྣམས་ཀྱིས་སོ། །ཅིའི་ཕྱིར་རིགས་པ་འདི་རྣམས་ཁོ་ན་འགོད་ཅེ་ན། གཙོ་བོ་ཡིན་པའི་ཕྱིར་ཏེ། འདི་ལྟར་དེ་ལ་རིགས་པས་གནོད་ན་འདི་དག་གིས་


JLD017_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་དགོས་ཏེ། མཆོད་བརྗོད་ཀྱིས་ནི་ཡུམ་གྱིས་སྲས་བཞིའི་བཞེད་པ་སྐྱེད་པར་བསྟན་ལ། རིགས་པ་འདི་དག་གིས་ཆོས་ཐམས་ཅད་སྐྱེ་མེད་དུ་སྒྲུབ་པའི་ཕྱིར་རོ། །དེ་ཡང་འགལ་བ་ལྟར་སྣང་བ་ཡིན་ཏེ། ཡུམ་གྱིས་སྐྱེད་པར་བསྟན་པ་ཀུན་རྫོབ་དང་རིགས་པས་སྐྱེ་མེད་སྒྲུབ་པ་དོན་དམ་དུ་ཡིན་པའི་ཕྱིར་རོ་ཞེས་པ་འདི་རྣམས་ནི་སློབ་དཔོན་གྱི་དགོངས་པ་རྨ་མེད་པའོ། །ཁ་ཅིག་དང་བའི་རྒྱུ་མཚན་ལ་གནོད་པ་མ་མཐོང་བ་དང༌། སྒྲུབ་བྱེད་བཟུང་བའི་གཞུང་ཚན་པ་གཉིས་བྱེད་པ་དང༌། ལ་ལ་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་གང་གིས་གྲུབ་ན་གཅིག་དུ་བྲལ་ལ་སོགས་པས་སོ་ཞེས་འཆད་དོ། །དེ་ལ་དང་པོ་མི་འཐད་དེ། སྤྱིར་དབང་རྣོན་འཇུག་པ་ལ་གནོད་བྱེད་མ་མཐོང་བ་ཙམ་གྱིས་མི་ཆོག་གི་སྒྲུབ་བྱེད་བཟུང་བ་ཡང་དགོས་མོད། འདིར་ནི་དབང་བརྟུལ་དང་བ་ན་གནོད་མི་གནོད་མ་མཐོང་བར་ཡུམ་གྱིས་སྲས་བསྐྲུན་པར་བསྟན་པ་བདེན་པར་བཟུང་བ་ལྟ་བུ་མིན་གྱི། གནོད་པ་ཡོད་མེད་བརྟགས་པ་ན་མི་གནོད་པར་མཐོང་ནས་སྲས་རྣམས་བསྐྲུན་པར་བཟུང་སྟེ། ཞེས་བཤད་དགོས་པས་གཞུང་དེ་གཉིས་སོ་སོར་གཅོད་པ་མི་འཐད་དོ། །གཞུང་གཉིས་པ་ནི་བསྒྲུབ་བྱ་རུ་སྣང་བའི་ཕྱིར་སྒྲུབ་བྱེད་བཟུང་བ་རུ་མི་འཐད་དོ། །འོ་ན་སྒྲུབ་བྱེད་བཟུང་བ་གང་ཞེ་ན། སྔར་བཤད་པ་ལྟར་མཆོད་བརྗོད་ཀྱིས་བསྟན་ཚོད་དང་དབུ་མའི་རིགས་པ་རྣམས་འགལ་བ་ལྟར་སྣང་ནས་མི་དང་བ་ལ་བརྟགས་པ་ན་དེ་གཉིས་མི་འགལ་བར་མཐོང་བ་ཙམ་གྱིས་དང་བ་སྐྱེ་བའི་ཕྱིར་གཞན་གྱི་སྒྲུབ་བྱེད་བཟུང་བས་ཅི་ཞིག་བྱ། གཉིས་


JLD017_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་མི་འཐད་དེ། རིགས་པས་གནོད་མི་གནོད་རྟོག་པ་ནི། མཆོད་བརྗོད་ཀྱི་སྒྲས་ཟིན་ཚོད་ལ་ཡིན་ལ། དེར་ཡང་ཡུམ་གྱིས་སྲས་བསྐྲུན་པ་སྒྲས་ཟིན་ཅིང༌། གཞི་ལམ་རྣམ་གསུམ་སྐྱེ་མེད་ནི་མ་ཟིན་པའི་ཕྱིར་རོ། །ཚིག་གསལ་དུ་ཁྱད་གཞི་ནི་ཤེར་ཕྱིན་ནོ། །ཁྱད་པར་ནི་མཁྱེན་གསུམ་མོ། །གསུམ་དུ་བསྟན་པ་ཡང་ཀུན་རྫོབ་ཏུ་ཡང་དབྱེར་མེད་དོ་སྙམ་པ་དགག་པ་དང༌། སྲས་གསུམ་ཆར་སྐྱེ་བར་བསྟན་པའི་ཕྱིར་ཏེ། སངས་རྒྱས་རྣམས་དང་རང་སངས་རྒྱས། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི། །ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ། །གཞན་ཞེས་བགྱི་བ་མ་མཆིས་ངེས། ཞེས་བསྟོད་པའི་ཕྱིར་རོ། །དེ་ལྟར་ན་ཡུམ་འདི་ལ་ཐེག་པ་རང་རང་གི་རྟོགས་པ་ལས་ཕུལ་དུ་བྱུང་བ་དང༌། དེ་སྟོན་པའི་མདོ་འདི་ལ་ཡང་མདོ་གཞན་ལས་ལྷག་པ་མེད་པར་འགྱུར་ཏེ། འདིས་ཉན་རང་རྣམས་བསྐྱེད་པའི་ཆ་ནི་གང་ཟག་གི་བདག་མེད་རྟོགས་པ་ཙམ་ཞིག་དང་བྱང་སེམས་དང་སངས་རྒྱས་བསྐྱེད་པའི་ཆ་ནི་བདག་མེད་གཉིས་རྟོགས་པ་ཡིན་ལ། དེ་ཡང་རིམ་པ་ལྟར་དྲན་པ་ཉེར་གཞག་དང་སྡོང་པོ་བཀོད་པ་རྣམས་སུ་བསྟན་པའི་ཕྱིར་སྙམ་ན་དེ་བསལ་བའི་ཕྱིར་ཚུལ་གསུམ་པ་ཅན་ནི་ཞེས་སྨོས་ཏེ། འདིར་དོན་ནི་ཡུམ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་དུ་ཕྱེ་བ་ནི་རང་བཞིན་གསུམ་དུ་ཕྱེ་བ་མ་ཡིན་ཏེ་དབྱེ་བར་མི་ནུས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། གདུལ་བྱའི་བསམ་པའི་དབང་གིས་སྲས་གསུམ་གྱི་ཡུམ་ཡིན་ནོ། ཞེས་བསྟན་གྱི་རྣམ་པར་ངེས་པའི་དབང་དུ་བྱས་པའི་ཚེ་


JLD017_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སངས་རྒྱས་རྗེ་བཙུན་ཁོ་ནའི་ཡུམ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་གཡུང་པོ་ལ་སོགས་པ་ལྟ་བུ་ནི་བུད་མེད་རིན་པོ་ཆེ་ལྟ་བུའི་ཡུམ་འདིས་ག་ལ་སྐྱེད་དེས་ན་འདིའི་མཐུའི་ཆེ་བ་ནི་འགྲོ་བ་ཐམས་ཅད་སངས་རྒྱས་སུ་སྒྲུབ་པས་མཚར་དུ་བྱའོ། །དེའི་ཕྱིར་འདི་སྟོན་པའི་མདོ་ཡང་གཞུང་གཞན་ལས་མཆོག་སྟེ། སྔར་གྱི་གཞུང་དེ་དག་ནི་ཕྱོགས་རེ་བ་ཡིན་ལ། ཡུམ་གྱི་མདོར་ནི་རིགས་ཅན་གསུམ་གའི་ལམ་བསྒྲགས་པའི་ཕྱིར་རོ། །རང་བཞིན་གཅིག་ཁོ་ན་རྐྱེན་གྱི་དབང་གིས་གདུལ་བྱ་ལ་དུ་མར་སྣང་བ་ནི་ཚུལ་གྱི་སྒྲས་བསྟན་པས་དུ་མར་སྣང་ཡང་གཅིག་ཏུ་སྒྲུབ་པ་ནི་ཚུལ་གསུམ་པ་ཡིན་ལ་གཅིག་དུ་མར་སྟོན་པའི་མཐུ་དང་ལྡན་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་བདག་ཉིད་དོ། །དེ་ལྟ་བུའི་མཐུ་དེ་སུའི་སྙམ་པ་ལ། ཤེར་ཕྱིན་ཞེས་སྨོས་པ་དོན་གྱི་རིམ་པའོ་ཞེས་སྤྲོས་ནས་འཆད་དོ། །ཚུལ་ཞེས་པ་དོན་དེ་དངོས་མིན་པར་རྣམ་པ་ཙམ་བསྟན་པ་རུ་འཛིན་པ་ཚུལ་གྱི་སྒྲས་འཁྲུལ་གཞི་བྱས་པ་འདི་ལ་བརྗོད་པར་བྱ་སྟེ། ཅི་ཡུམ་འདི་གདུལ་བྱའི་ངོར་སྲས་གསུམ་གྱི་ཡུམ་ཡིན་གྱི་ངེས་པའི་དབང་དུ་བྱས་ནས་སངས་རྒྱས་ཁོ་ནའི་ཡིན་ཞེས་པ་འདི་ཀུན་རྫོབ་དང་དོན་དམ་པའམ་བཏགས་པ་བ་དང་མཚན་ཉིད་པ་ལ་བྱེད་བརྟག་གྲང༌། དང་པོ་ནི་མི་འདོད་ཅིང་རིགས་པ་ཡང་མིན་ཏེ། དོན་དམ་པར་ཡུམ་གྱིས་སངས་རྒྱས་བསྐྲུན་པ་ལ་སྔར་གྱི་རིགས་པས་གནོད་པའི་ཕྱིར་རོ། །གཉིས་པ་ལྟར་ན། ཡུམ་གྱིས་སྲས་གསུམ་བསྐྱེད་པ་རང་གི་ཆོས་ཉིད་ཡིན་པའི་ཕྱིར་ཡུམ་


JLD017_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་སྲས་གསུམ་བསྐྱེད་མི་ནུས་སོ་ཞེས་པའི་རིགས་པས་གནོད་པ་མ་མཐོང་བར་ཁས་བླངས་པ་བརྗོད་པ་ཡིན་ནོ། །ཉན་རང་ལ་ཐར་ལམ་ཡང་མེད་པར་འགྱུར་ཏེ། ཡུམ་མ་གཏོགས་པ་ནི་མེད་ལ་ཡུམ་ཡང་འདི་དག་གི་ལམ་མིན་པའི་ཕྱིར་རོ། །འདོད་པར་ནི་མི་ནུས་ལ། རྟགས་གཉིས་ནི་བསྟོད་པའི་ལུང་ཤེས་བྱེད་དུ་དྲངས་པ་དང་རྩ་བའི་གྲུབ་མཐའ་གཉིས་ཀྱིས་ཁས་བླངས་སོ། །གཞི་ཤེས་དང་ལམ་ཤེས་སངས་རྒྱས་ཀྱི་ཡུམ་ཁོ་ནར་འདོད་ན་ཉན་ཐོས་དང་བྱང་སེམས་སུ་བསྟན་པའི་གང་ཟག་གཉིས་ཀྱང་བཏགས་པ་བར་འགྱུར་རོ། །དེས་ན་འགལ་བ་དུ་མ་འདུས་པ་འདི་ལྟ་བུའི་བཤད་པ་ནི། བྱམས་པ་དང་སློབ་དཔོན་གཉིས་ཀ་ལ་ཅོ་འདྲི་བ་ཡིན་ལ། འདི་ཡི་རྗེས་སུ་འབྲང་བ་རྣམས་ཀྱིས་ཀྱང་ལེགས་པར་མ་བརྟགས་སོ། །དེའི་ཕྱིར། འཁྲུལ་གཞི་བྱས་པའི་ཚུལ་གྱི་དོན་ཡང་ཚུལ་གསུམ་རྣམ་པར་བཞག་པར་དགོངས་པས་ཞེས་པ་དང་མཐུན་པར་ཐེག་པའི་ཚུལ་གསུམ་པ་ཞེས་འབུམ་པ་འདོད་པའམ། ཡང་ན་མཁྱེན་པ་གསུམ་དུ་དབྱེ་བའི་ཚུལ་གསུམ་པ་ཞེས་པ་ལྟར་བཤད་དོ། །ཅི་སྟེ་སློབ་དཔོན་ཡང་གཞུང་ལམ་རྣམས་ཤེར་ཕྱིན་བཏགས་པ་བར་བཞེད་པས་མི་མཐུན་པ་མེད་དེ། ཤེར་ཕྱིན་དང་ཡུམ་གཉིས་དོན་གཅིག་པའི་ཕྱིར་ཞེ་ན། འདི་ནི་ཆེས་མི་འཐད་དེ། ཡུམ་གྱི་དོན་ནི་སྲས་བཞིའི་ཐུན་མོང་མ་ཡིན་པའི་བཞེད་དོན་སྒྲུབ་པ་ཙམ་ཞིག་ཡིན་ལ་དེ་ཉན་རང་དང་བྱང་སེམས་ལ་མེད་ཅེས་སློབ་དཔོན་


JLD017_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བཞེད། གཞན་ཡང་དེ་དག་ལ་ཡུམ་མཚན་ཉིད་པ་མེད་པའི་ཕྱིར་སྲས་ཀྱང་བཏགས་པ་བར་འགྱུར་རོ། །མཁྱེན་གསུམ་དུ་ཕྱེ་བ་རང་བཞིན་ཐ་དད་དུ་ཕྱེ་བ་མིན་ཞེས་དང་དུ་མར་སྣང་ཡང་ངོ་བོ་གཅིག་ཁོ་ནའོ་ཞེས་པ་འདིས་ནི། ཚིག་གསལ་གྱི་འདོད་པ་ལ་བྱང་སེམས་ཀྱི་ཡུམ་མཚན་ཉིད་པ་ཡིན་ཡང་ཉན་རང་གི་མིན་ཞེས་བཞེད་པ་བཀག་སྟེ། རྣམ་མཁྱེན་མཚན་ཉིད་པ་དང་གཅིག་ཏུ་དང་སངས་རྒྱས་ཁོ་ནའི་ཡུམ་དུ་འདོད་པའི་ཕྱིར་རོ། །སྤྲོས་པས་ཆོག་གོ །གཉིས་པ་ནི། དོན་གྱིས་འཇུག་པར་བྱ་བའི་ཕྱིར་ཞེས་གསུངས་ན། ཇི་ལྟར་འཇུག་ཅེ་ན། གུས་པར་བྱེད་དོ། །གང་ལ་ན། ཡུམ་དེའི་ཡོན་ཏན་ཉེར་ཞིར་ཁྲིད་པ་སོགས་ཐོབ་པར་མངོན་པར་འདོད་པའི་གང་ཟག་དབང་པོ་རྣོ་རྟུལ་གཉིས་ཀ་ཡང་ངོ༌། །གང་ལ་ན། ཡུམ་དེ་དང་དེ་ལ་བརྟེན་པའི་གསུང་རབ་ཏིང་ངེ་འཛིན་རྒྱལ་པོ་ལ་སོགས་པའོ་ཞེས་འཆད་ཀྱང་ཚིག་དོན་གྱི་རྟེན་ཡིན་པས་བཟློག་ན་འགྲིག་པའི་ཕྱིར་མི་རིགས་སོ། །དེས་ན་མཁྱེན་གསུམ་དེ་བརྗོད་བྱར་བྱེད་པའི་གསུང་རབ་ཡུམ་གྱི་མདོ་དང༌། མདོ་དེ་ལ་བརྟེན་པའི་གསུང་རབ་བསྟན་བཅོས་ལའོ། །གང་གི་དོན་དུ་ན། རྣམ་པ་ཐམས་ཅད་དུ་གཟུང་བ་དང་སོགས་པས་བཅང་པ་དང་བཀླག་པ་དང་ཀུན་ཆུབ་པར་བྱ་བ་དང་རྣལ་འབྱོར་དུ་བྱ་བའི་དོན་དུའོ། །རྒྱུ་གང་ལས་ན། ཡུམ་དེ་ལ་རབ་ཏུ་དང་བ་ལས་སོ། །ཀྱང་ནི་ཐོས་པ་ལས་དང་བར་མ་ཟད། དང་བ་ལས་གུས་པའོ། །ངོ་བོ་ནི། ཤིན་ཏུ་སྟེ་གུས་པ་དྲག་པོའོ། །གང་ལ་དད་པ་དེ་ལ་དེ་དོན་གཉེར་གྱི་འདུན་པ་འབྱུང་བའི་ཕྱིར་དད་


JLD017_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདུན་པའི་རྟེན་བྱེད་པར་བཤད་པས་འདིར་གུས་པ་ཞེས་འབྱུང་ཡང་ཡུམ་དོན་གཉེར་གྱི་འདུན་པའོ། །གསུམ་པ་ནི། དེ་ལྟར་དོན་དུ་གཉེར་བའི་རྗེས་དེ་ནས་ཐོས་པ་ལས་བྱུང་བ་དང་སོགས་པས་བསམ་པ་དང་སྒོམ་པའི་ཤེས་པ་གསུམ་རིམ་གྱིས་བསྐྱེད་ནས་འཇུག་པར་འགྱུར་རོ། །ཤེས་རབ་གསུམ་པོ་དེ་ལ་ཡང་བྱེ་སྨྲ་རྣམས། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། ཞེས་མིང་རྐྱང་ལ་དམིགས་པ་ཐོས་བྱུང༌། དོན་རྐྱང་ལ་དམིགས་པ་སྒོམ་བྱུང༌། གཉིས་ཀ་ལ་དམིགས་པ་བསམ་བྱུང་ཞེས་འདོད་པ་ནི་བསམ་བྱུང་གིས་དུས་གཅིག་ཏུ་མིང་དོན་གཉིས་ཀ་མི་འཛིན་པའི་ཕྱིར། བསམ་བྱུང་མེད་པར་འགྱུར་ཏེ། མིང་ཡུལ་དུ་བྱེད་པ་ན་ཐོས་བྱུང་དང༌། དོན་འཛིན་པ་ན་སྒོམ་བྱུང་དུ་ཐལ་བའི་ཕྱིར་རོ། །དེས་ན་འདིར་གསུང་རབ་མཉན་པ་ལས་སྐྱེས་པའི་ཤེས་རབ་ནི་ཐོས་བྱུང༌། དེའི་དོན་རིགས་པས་བརྟགས་པ་ལས་ངེས་པ་རྙེད་པའི་ཤེས་རབ་ནི་བསམ་བྱུང༌། ངེས་པ་རྙེད་པ་དེ་ཉིད་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་བསྒོམས་པ་ལས་བྱུང་བ་ནི་སྒོམ་བྱུང་གི་ཤེས་རབ་ཏུ་འདོད་པར་བྱའོ། །གཉིས་པ་ནི། དེ་ལྟར་ཞུགས་པས་ལེགས་པའི་མཆོག་བྱང་ཆུབ་འཐོབ་པར་འགྱུར་རོ། །ཤེར་སྒྲོན་དུ་ཞུགས་པས་མཁྱེན་གསུམ་ཐོབ་ཅེས་ཟེར་རོ། །གསུམ་པ་ནི། དང་བ་ལས་གུས། གུས་པ་ལས་ཞུགས། ཞུགས་པ་ལས་ལེགས་པའི་མཆོག་ཐོབ་པ་དེའི་ཕྱིར། བཅོམ་ལྡན་འདས་མ་ལ་རབ་ཏུ་དང་བ་ནི་ལེགས་པ་ཐམས་


JLD017_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འཐོབ་པའི་རྒྱུ་རྣམས་ཀྱི་ནང་ནས་རྒྱུའི་གཙོ་བོ་ཡིན་ནོ་ཞེས་སྔར་སྨྲས་པ་གྲུབ་པོ། །འདིར་རྒྱུའི་གཙོ་བོའི་དོན་བྱེད་རྒྱུ་ལ་འཆད་ཀྱང་དང་པོའི་རྒྱུ་ཞེས་པ་ལེགས་སོ། །དེའི་ཕྱིར་དང་བ་དེ་བྱང་ཆུབ་ཀྱི་དང་པོའི་རྒྱུ་རུ་གཟིགས་ནས་དེ་བསྐྱེད་པའི་ཐབས་སུ་མཆོད་བརྗོད་མཛད་དོ། །གཉིས་པ་ནི། ཡུམ་ལ་ཡོན་ཏན་ཞེས་སོགས་དེར་མཁྱེན་པ་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་ཡུམ་ལ་བསྟོད་དེ་ཞེས་བསྟན་པ་ན། འདི་སྙམ་དུ་ཡུམ་ནི་དངོས་པོ་བརྒྱད་ཀྱི་རང་བཞིན་ཡིན་ན་ཅིའི་ཕྱིར་མཁྱེན་གསུམ་ཁོ་ནའི་ཡོན་ཏན་གྱི་སྒོ་ནས་བསྟོད་ལ། སྦྱོར་བ་དང་ཆོས་སྐུའི་སྒོ་ནས་མིན་ཞེས་previous hit དོགས་ན། མཁྱེན་གསུམ་གྱི་སྒོ་ནས་བསྟོད་ next hit་དེ་ལ་གྲངས་ཉུངས་པའི་ཉེས་པ་མེད་དེ། མཁྱེན་གསུམ་གྱི་སྒོ་ནས་བསྟོད་པས་ལྷག་མ་ལྔའི་སྒོ་ནས་ཀྱང་དོན་གྱིས་བསྟོད་པར་འགྱུར་ལ། ལྷག་མ་ལྔའི་སྒོ་ནས་བསྟོད་པས་མི་འགྲུབ་ཅིང༌། དང་པོ་གསུམ་གྱི་སྒོ་ནས་བསྟོད་པས་འགྲུབ་པའི་དགོས་པ་ཁྱད་པར་ཅན་ཞིག་ཀྱང་ཡོད་པ་སྟེ། དེ་ལྟར་རྒྱུ་མཚན་དང་དགོས་པ་གཉིས་ཐུགས་ལ་བཞག་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡོན་ཏན་གྱི་སྒོ་ནས་ཤེར་ཕྱིན་ལ་བསྟོད་ཀྱི་ལྷག་མ་ལྔའི་སྒོ་ནས་མ་མཛད་དོ། །དེ་ལ་རྒྱུ་མཚན་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ་བསྡུ་བྱ་དེ་དག་ཀྱང་ཤེར་ཕྱིན་ཡུམ་མ་ཚང་བ་མེད་པ་ཡིན་ཞིང་ཞེས་པའོ། །དགོས་པ་ནི་མཁྱེན་གསུམ་དེས་ནི་ཚིག་དོན་གྱི་སྐབས་ནས་བཅད་པར་འགྱུར་བའི་ཚུལ་གྱིས་སྲས་བཞིའི་བཞེད་


JLD017_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཐམས་ཅད་ཕུན་སུམ་ཚོགས་པར་སྒྲུབ་ནུས་པ་ཡིན་ནོ་ཞེས་གཞན་ལ་བསྟན་པའི་ཕྱིར་ཏེ། སྦྱོར་བ་དང་ཆོས་སྐུ་ནི་ཉན་རང་གི་ཡུམ་མིན་པའི་ཕྱིར་དེའི་སྒོ་ནས་བསྟོད་པས་སྲས་བཞིའི་བཞེད་དོན་སྒྲུབ་པར་མི་རྟོགས་སོ། །ཀྱང་སྔ་མ་ནི་གསུམ་དུ་བརྒྱད་འདུས་པས་སྡུད་བྱེད་གསུམ་ཕྱག་གི་ཡུལ་དུ་བཀོད་པར་མ་ཟད་དོན་གྱིས་ན་བསྡུ་བྱ་བརྒྱད་ཀྱང་དེར་བཀོད་ཅེས་དང༌། ཕྱི་མ་ནི་མཁྱེན་གསུམ་གྱི་སྒོ་ནས་བསྟོད་པ་ལ་རྒྱུ་མཚན་དེ་ཡོད་པར་མ་ཟད་དགོས་པ་ཡང་ཡོད་ཅེས་པའོ། །གང་དག་དེས་ཀྱང་ཞེས་པ་དོན་བརྒྱད་དང་འཆད་འགྱུར། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། ཞེས་སོགས་ལ་འཆད་པ་ནི་སྐབས་ཀྱི་དོན་ལས་ཉམས་ཏེ། བསྟོད་ཕྱག་གི་ཡུལ་དུ་བཀོད་ཚོད་དེས་སྲས་བཞིའི་བཞེད་དོན་སྒྲུབ་ནུས་སུ་སྟོན་པ་སྐབས་སུ་བབ་པའི་ཕྱིར་རོ། །མ་ངེས་པ་མ་ཡིན་ཏེ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། ཞེས་སོགས་ནས་དོན་ཕུན་ཚོགས་སུ་བསྟན་པ་ནི་སྲས་བཞིའི་དབང་དུ་བྱས་པ་མིན་ཞིང༌། བསྟོད་པའི་ཡུལ་དུ་དངོས་བརྒྱད་སྒྲས་མ་ཟིན་པ་ལ་previous hit དོགས next hit་འདི་དག་བྱུང་བའི་ཕྱིར་རོ། །འོ་ན་མཁྱེན་གསུམ་གྱིས་དངོས་བརྒྱད་བསྡུས་ཚུལ་ཇི་ལྟ་བུ་ཞེ་ན། ཚིག་གསལ་དུ་ནི། དངོས་པོ་བརྒྱད་དུ་ཕྱེ་བ་དེ་དག་དངོས་ཀྱི་ཚུལ་དུ་དཔྱད་ན་རྣམ་མཁྱེན་གྱི་སྐབས་ཞེས་གཅིག་ཁོ་ནར་གདགས་རིགས་ཏེ་ལམ་ཐམས་ཅད་ཀྱིས་དེ་དངོས་དང༌། བརྒྱུད་པས་སྒྲུབ་པའི་ཕྱིར་རོ། །འོན་ཀྱང་མཐར་འཚང་རྒྱ་ཡང་བདག་ནི་བྱང་ཆུབ་ཆེན་པོའི་སྣོད་མིན་ནོ་ཞེས་རང་ལ་སྨད་ནས་སྤྱོད་པའི་རིགས་ཅན་


JLD017_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། འཚང་རྒྱ་བའི་ཕྱིར་སྤྱད་པ་སྤྱོད་ཀྱང་འབྲས་བུ་མ་ཐོབ་པས་སློབ་ལམ་ལ་གནས་པ་གཅིག་དང༌། ཡུན་རིང་བོ་ནས་འདོད་པའི་དོན་དེ་གྲུབ་པས་ཆོས་ཀྱི་རྒྱལ་པོར་གྱུར་པའི་གང་ཟག་གཅིག་དང་གསུམ་མོ། །དེ་ལྟར་ཐམས་ཅད་དེ་གསུམ་དུ་འདུས་པའི་སྐབས་བརྒྱད་དུ་ཕྱེ་བ་ཡང་སྐབས་གསུམ་དུ་བསྡུ་བར་ཤེས་པར་བྱ་བའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་ཞེས་སོགས་སྨོས་སོ། །དེས་ན་ཉན་རང་དང་བྱང་སེམས་དང་སངས་རྒྱས་དང་འབྲེལ་བ་མཁྱེན་གསུམ་གྱི་སྐབས་གསུམ་ནི་སྡུད་བྱེད་དོ། །བསྡུ་བྱ་ནི་སྐབས་བརྒྱད་དུ་བསྟན་པ་རྣམས་སོ། །བསྡུས་ཚུལ་ནི་དབང་བརྟུལ་དང་པོར་ཉན་རང་གི་ལམ་སྔོན་དུ་བཏང་ནས་ཕྱིས་ཐེག་ཆེན་དུ་འཇུག་པའི་རིམ་པ་ཡིན་ལ། དེ་ལ་ཡང་ཐོག་མར་ཉན་ཐོས་དང་འབྲེལ་པ་གཞི་ཤེས་ཀྱི་སྐབས་ཀྱིས་བསྡུས་ཚུལ་ནི། སྐབས་བཞི་པའི་རྣམ་མཁྱེན་གྱི་རྣམ་པའི་ནང་ནས་བྱང་ཕྱོགས་སོ་བདུན་ལམ་བདུན་དུ་བསྡུས་པ་འདི་གཞིར་བསྟན་ཏོ། །དེ་ལ་རྣམ་པ་ཅི་ཙམ་ཞིག་ཡོད་སྙམ་པ་ལ་མཐོང་ལམ་གཙོ་བོར་བྱས་ཏེ་མེད་པ་ནས་འདུལ་བ་མེད་པའི་བར་བཅུ་དྲུག་གོ །དེའི་མཚན་ཉིད་གང་སྙམ་པ་ལ་མཚན་ཉིད་ཉི་ཤུའོ། །དེའི་སྦྱོར་ལམ་ནི་འཕགས་པ་ཉན་ཐོས་ལམ་ཞེས་སོགས་དང༌། གཟུགས་སོགས་དེ་མི་རྟག་སོགས་དང༌། ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ལས་མཐོང་ལམ་འབྱུང་བས་དེ་ནི་སྐབས་གཉིས་པ་དང་གསུམ་པར་རྣམ་པ་དང་བཅས་པར་བསྟན་ཏོ། །འབྲས་བུ་ནི་མ་བསྟན་ཏེ། གོ་སླ་བའམ་རང་གི་གཞུང་ལ་ལྟོས་པར་


JLD017_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏོ། །ཡང་ན་དོན་གཞན་ཡིན་ཡང་དགེ་འདུན་ཉི་ཤུའི་སྐབས་སུ་བསྟན་དུ་རུང་ངོ༌། །རང་རྒྱལ་དང་འབྲེལ་པས་བསྡུས་ཚུལ་ནི། སྐབས་གཉིས་པ་ལས་སྦྱོར་ལམ་དང་མཐོང་ལམ་ཁྱད་པར་དང་བཅས་པར་བསྟན་ཅིང་སྐབས་བཞི་པར་སྒོམ་ལམ་རྣམ་པའི་སྒོ་ནས་བསྟན་ཏོ། །སྐྱོན་དང་ཡོན་ཏན་ནི་འདི་དག་ལ་མི་སྦྱོར་ཏེ། གཙོ་བོར་མ་བྱས་པའི་ཕྱིར་རོ། །དེ་ལྟར་ན་སྡུད་བྱེད་དང་པོས་ནི་སྐབས་གཉིས་པ་དང༌། གསུམ་པ་དང་བཞི་པ་དག་ལས་བསྡུས་ཏེ། སྐབས་ལྷག་མ་ལྔ་ལས་ནི་གཞི་ཤེས་དང་འབྲེལ་བ་མ་བསྟན་ཏོ། །བྱང་སེམས་དང་འབྲེལ་བ་ལམ་ཤེས་ཀྱི་སྐབས་ཀྱིས་བསྡུས་ཚུལ་ནི། དེ་ལྟར་ཉན་རང་དེ་དག་ཞི་བའི་དབྱིངས་ན་གནས་པ་ལས་ལངས་ནས་ཐེག་ཆེན་དུ་འཇུག་པ་ན། སེམས་བསྐྱེད་དང་པོ་གསུམ་ཐོག་མར་བྱས་གདམས་ངག་གིས་ཚོགས་ལམ་ཕལ་བ་སྦྱངས་ནས་སྐབས་བཞི་པའི་ཐར་པ་ཆ་མཐུན་བསྐྱེད་དེ། དེ་ནས་སྐབས་དང་པོའི་སྦྱོར་ལམ་གོ་སྒྲུབ་སྐབས་བཞི་པ་དང་ལྔ་པ་ལས་བསྟན་པའི་སྦྱོར་ལམ་རྣམས་སྦྱངས་ཏེ་དེ་དག་གིས་རྟགས་ཐོབ་པར་བྱས་ནས་གཉིས་པ་དང་ལྔ་པར་བསྟན་པའི་མཐོང་ལམ་གྱིས་མཐོང་སྤང་གི་རྣམ་རྟོག་རྣམས་སྤངས་ཤིང༌། ཡང་སྐབས་དྲུག་པ་སྦྱངས་དེ་ནས་སྒོམ་ལམ་ཁྱད་པར་ཅན་ལྔ་པ་ལས་བསྟན་པ། བདུན་པར་དངོས་ཁོ་ནར་བསྟན་པ་རྣམ་པ་དང་བཅས་ཤིང་ངེས་འབྱུང་སྒྲུབ་པའི་ངོ་བོར་གྱུར་པ་དེ་རྫོགས་པར་བྱེད་དེ། ལམ་དེ་དག་ཐམས་


JLD017_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཡང༌། སེམས་བསྐྱེད་རིགས་གདམས་ངག །དམིགས་པ་ཆེད་དུ་བྱ་བ། ཡོན་ཏན་སྐྱོན་རྣམས་ཐུན་མོང་དུ་ཅི་རིགས་པར་སྦྱར་རོ། །དེ་ལྟར་ན་སྐབས་གསུམ་པ་དང་བརྒྱད་པ་ལས་བཏུས་པ་མ་བཤད་དོ། །སངས་རྒྱས་དང་འབྲེལ་བ་རྣམ་མཁྱེན་གྱི་སྐབས་ཀྱིས་བསྡུས་ཚུལ་ནི། སེམས་བསྐྱེད་དང་པོ་བཅུ་དགུ་ནི་དེའི་རྒྱུའོ། །དེ་ཡང་གདམས་ངག་གིས་སྨིན་པར་བྱེད་པས་གདམས་ངག་དང༌། དེས་ཟིན་པ་སྦྱོར་ལམ་ཡིན་པས་དེ་དང༌། དེ་ཐོབ་པ་རིགས་ལ་གནས་པ་ཡིན་པས་དེ་དང་དེ་ལ་གནས་པ་ལ་དམིགས་པ་དང་ཆེད་དུ་བྱ་བ་དང༌། སླར་སྟོན་ཚུལ་གཞན་གྱིས་སྦྱོར་བ་དང༌། མཐོང་བ་དང་སྒོམ་པ་ཁྱད་པར་ལམ་གྱི་ངོ་བོར་གོ་སྒྲུབ་འཇུག་པ་ཚོགས་ངེས་འབྱུང་སྒྲུབ་པ་རྣམས་བསྟན་ཏོ། །སྐབས་དྲུག་པ་ནི་འབྲས་བུ་ཐོབ་པར་བྱ་བ་ལ་འདྲིས་པར་བྱེད་པས་ལམ་སྤྱིར་སྦྱར་རོ། །དེ་དག་གི་རྒྱུར་བསྡུས་སོ། །དེ་དག་གི་འབྲས་བུ་ནི་སེམས་བསྐྱེད་ཐ་མ་གསུམ་དང་སྐབས་བརྒྱད་པ་རིལ་གྱིས་ཡིན་ནོ། །དེ་ལྟར་ན་ཁ་ཅིག་ནི་རྒྱུའོ། །ཁ་ཅིག་ནི་བདུན་པ་ལས་བསྟན་པའི་རྣམ་པ་དང་མཚན་ཉིད་དོ། །ཁ་ཅིག་ནི་ངོ་བོ་དང་དབྱེ་བ་དང་འཕྲིན་ལས་སོ། །དེ་ལྟར་རྣམ་མཁྱེན་གྱི་སྐབས་སུ་སྐབས་ཀྱི་དོན་ཐམས་ཅད་འདུས་པར་དགོངས་ནས། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང༌། ཞེས་ལམ་གཅིག་པུ་ཁོ་ན་འབྲས་བུ་དང་བཅས་པར་བསྟན་ཏོ་ཞེས་སོགས་དང༌། གཞན་ཡང་སྐབས་ཀྱི་འཇོག་ཚུལ་དུ་མ་ཞིག་བྱས་ནས་འཆད་དོ། །ཤེས་རབ་


JLD017_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མེར་ནི། དེ་ལ་ཡུལ་ཉིད་དང༌། སྦྱོར་བ་ཉིད་དང༌། འབྲས་བུ་ཉིད་ལ་སོགས་པའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་དོན་བརྒྱད་བསྡུས་པར་དགོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་དོ་ཞེས་སྐབས་གསུམ་དང་དྲུག་དང༌། བརྒྱད་དུ་བཞག་པའི་དོན་བརྒྱད་མཁྱེན་གསུམ་དུ་འདུས་པར་འཆད་དོ། །གངས་ཅན་གྱི་མཁས་པ་རྣམས་ནི། ཁ་ཅིག་གསུམ་ནི་སྤྱི་ཡིན་ཞིང་རྒྱ་ཆེ་བས་དེར་རྒྱ་ཆུང་བའི་བྱེ་བྲག་ལྔ་འདུས་ཏེ་རྒྱ་མཚོར་ཆུ་ཐིགས་བཞིན་ཞེས་དང༌། ལ་ལ་གསུམ་རང་བཞིན་ཡིན་པས་དེར་གནས་སྐབས་ལྔ་འདུ་སྟེ་སོར་མོ་ཁུ་ཚུར་བཞིན་ཞེས་དང༌། གཞན་དག་གསུམ་ནི་དེ་དག་མཚོན་བྱེད་ཀྱི་ཆོས་སུམ་ཅུ་ཡིན་པས་དེར་དོན་བརྒྱད་འདུས་པར་བཞེད་དོ། །དང་པོ་གཉིས་ལྟར་ན་གསུམ་གྱིས་ལྔ་བསྡུས་སོ། །དེ་ལྟར་ལུགས་དུ་མ་ཞིག་བྱུང་བ་ལས་ཚིག་གསལ་དུ་ནི། གཞུང་འདི་སྐབས་བརྒྱད་ཡོད་ཀྱང༌། སྐབས་གསུམ་དུ་བསྟན་པའི་ཕྱིར་དུ་གསུངས་པར་བྱས་ནས། སྐབས་བསྡུ་བ་རུ་བྱས་འདུག་པས་སྐབས་དོན་སྟོར་བའི་བཤད་པར་སྣང་ཞིང༌། སྐབས་བསྡུ་ན་ཡང་སྡུད་ལུགས་ལ་སྐྱོན་ཆགས་ཏེ། གཞི་ཤེས་ཀྱི་ཤུགས་བསྟན་གྱི་སྦྱོར་ལམ་སྡུད་ན་རྣམ་ཀུན་གྱི་ཉན་རང་གི་ཚོགས་ལམ་ཡང་སྡུད་དགོས་པ་ལས་མ་བསྡུས་པ་དང༌། འབྲས་བུ་མཆོད་བརྗོད་ཀྱིས་བསྟན་པ་དང༌། སྐབས་བརྒྱད་པར་ཉོན་མོངས་པ་མེད་པ་དང༌། ཤུགས་བསྟན་གྱི་སྨོན་གནས་ཤེས་པ་དང༌།


JLD017_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ས་བརྒྱད་ཀྱི་བྱས་པ་རྟོགས་པའི་ས་དང་སྦྱར་རྒྱུ་ཡིན་པ་ལ་དེ་ལྟར་མ་ཤེས་པ་དང༌། གཞི་ཤེས་ཀྱི་མཚན་ཉིད་བཅུ་དྲུག་དང་ངོ་བོ་ཉིད་ཀྱི་མཚན་ཉིད་བཞི་ཐེག་ཆེན་གྱི་ལམ་མཚན་ཉིད་པ་ཉན་ཐོས་ཀྱི་ལམ་ལ་སྦྱར་བ་དང༌། སྦྱོར་ན་ཡང་བྱེད་པ་དང་པོ་གསུམ་དང༌། སྦྱོར་བ་གསུམ་ལས་གཞི་ཤེས་ཀྱི་སྦྱོར་བ་ཆད་པའི་ཕྱིར་དང༌། སྐབས་གཉིས་པའི་ཉན་རང་གི་འཕགས་ལམ་གྱི་སྐབས་སུ་མཐོང་ལམ་ཁོ་ན་དང་སྦྱར་བ་ལ་ཤེས་བྱེད་མེད་པ་དང༌། དེ་ལ་སོགས་པ་གོང་འོག་འགལ་བ་དུ་མ་ཞིག་སྣང་བ་ནི་བློ་གསལ་རྣམས་ཀྱིས་ཞིབ་ཏུ་དཔྱད་པས་ཤེས་ཏེ། འདིར་ནི་ཡི་གེ་མངས་པས་འཇིགས་ནས་མ་བྲིས་སོ། །བླ་མ་གོང་མ་རྣམས་ནི་སྐབས་བསྡུ་བ་རུ་མི་མཛད་ཀྱི་མངོན་རྟོགས་ལྔའམ་བརྒྱད་གསུམ་དུ་བསྡུས་ཚུལ་ལ་དཔྱད་ནས་བསྟོད་ཡུལ་གྱི་གྲངས་མང་ཉུང་དཔྱོད་པའི་ཕྱིར་སྐབས་ལ་དཔྱོད་པར་སྣང་ཡང༌། མཁྱེན་གསུམ་དུ་མངོན་རྟོགས་མཐའ་དག་འདུས་པར་སྟོན་པའི་སྐབས་ཡིན་ཞིང་བསྟོད་ཕྱག་གི་ཡུལ་དུ་ཆོས་སུམ་ཅུ་སྒྲས་མ་ཟིན་པའི་ཕྱིར། སློབ་དཔོན་གྱི་དགོངས་པ་ཅུང་མིན་པར་གོའོ། །དེ་ལ་རང་གི་ལུགས་ནི། ཐེག་པ་གསུམ་གྱི་མངོན་རྟོགས་གང་ཡིན་མཁྱེན་གསུམ་གང་རུང་ཞིག་ཡིན་པ་ལ་དགོངས་ནས་མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་པར་གསུངས་ཏེ། དེ་གསུམ་དུ་མ་འདུས་པའི་མངོན་རྟོགས་མེད་པས་སོ། །ཚུལ་དེ་མ་རྟོགས་པར་བསྡུ་བྱ་སྡུད་བྱེད་ཐ་དད་ཁོ་ནར་བཟུང་ནས་སྐབས་དོན་ལས་ཉམས་པར་


JLD017_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱའོ། །གཉིས་པ་ལ་གཉིས། དངོས་དང་ཡུམ་སྲས་སུ་འགྱུར་ཚུལ་ལོ། །དང་པོ་ནི། ཕྱག་འཚལ་ལོ། །འདི་ལ་གཉིས། ཡུལ་གང་ལ་དང༌། ཚུལ་ཇི་ལྟར་རོ། །དང་པོ་ནི། ཡུམ་དེ་ལའོ། །ཡུམ་དེ་ཡང་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཉན་ཐོས་སོགས་པས་རང་རྒྱལ་བྱང་སེམས་ཏེ་སྲས་བཞིས་ཡོངས་སུ་བསྐོར་བ་སྔར་བཤད་པ་དེ་རྣམས་ཀྱི་བཞེད་དོན་དེ་སྒྲུབ་པར་བྱེད་པ་ཞིག་གམ་སྒྲུབ་པར་བྱེད་པ་ཉིད་ཀྱིས་དེ་དག་གི་ཡུམ་དུ་བཞག་པ་ཞིག་གོ །དེ་ལྟར་ན་ཤེས་རབ་སྒྲོན་མེར། ཉན་ཐོས་ཉིད་དང་བྱང་ཆུབ་སེམས་དཔའ་ཉིད་དང་སངས་རྒྱས་ཉིད་ཀྱིས་ཡོངས་སུ་བསྐོར་བ་དེ་ལྟ་བུ་སྒྲུབ་པར་བྱེད་པ་ཉིད་ཀྱིས་དེ་དག་གི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། ཞེས་པ་དང་མཐུན་ནོ། །འགྲེལ་པ་འདི་ནི་རྣམ་འགྲེལ་ལས། སངས་རྒྱས་ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་ལྡན་ཡུམ་ཞེས་པ་དང་མཐུན་ཞིང༌། རྩ་བའི་བཅས་པའམ་ལྡན་པའི་དོན་འགྲེལ་པས་བསྐོར་བ་ལ་བཤད་དེ། རྩ་བར་བཤད་པའི་ཤཱནྟི་པ་སོགས་ཀྱི་བཤད་པ་དང་མི་མཐུན་ནོ། །དེས་ན་བཅས་ས་དང་ལྡན་ས་བསྐོར་ས་ནི་འདིར་ཡུམ་ལ་གོ་དགོས་སོ། །བསྐོར་བའི་དོན་ཡང་ཡུམ་སྲས་ལ་གཙོ་འཁོར་གྱི་ཐ་སྙད་ཡོད་པས་དེ་ཙམ་ལ་བསམས་སོ། །དེའི་ཕྱིར། གཙོ་བོ་སངས་རྒྱས་འཁོར་ཉན་ཐོས་དང་བྱང་སེམས་ལ་སོགས་པས་བསྐོར་བ་ཞེས་བཤད་ནས་སངས་རྒྱས་ཀྱི་འཁོར་དུ་རང་རྒྱལ་འོང་མི་འོང་ལ་རྩོད་པ་ནི། དམ་བཅའ་ལྟར་སྣང་ལ་


JLD017_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པ་ལྟར་སྣང་འགོད་པ་ཡིན་ནོ། །གཉིས་པ་ནི། སྲས་བཞིའི་བཞེད་དོན་སྒྲུབ་པར་བསྟོད་པའི་སྒོ་ནས་སོ། །འདི་ལ་གསུམ། གཞི་ཤེས་ཀྱིས་ཉན་རང་དང༌། ལམ་ཤེས་ཀྱིས་བྱང་སེམས། རྣམ་མཁྱེན་གྱིས་སངས་རྒྱས་ཀྱི་བཞེད་པ་སྒྲུབ་ཚུལ་ལོ། །དང་པོ་ནི། ཐོབ་པར་མཛད་པ་གང་ཡིན་པ་ཉན་ཐོས་ཀྱི་ཡུམ་ཞེས་སྦྲེལ་ཏེ་དང་ཞེས་པ་འོག་མ་བསྡུ་བའི་ཚིག་ཡིན་པའི་ཕྱིར་རོ། །འོག་མ་གཉིས་ལ་ཡང་དེ་བཞིན་ནོ། །འདི་ལ་ཨ་དུ་ལ་བཞེད་པ་ལྟར། རྟེན་ཐབས་འབྲས་བུ་གསུམ་དང༌། དེའི་འཐད་པ་བསྣན་པ་སྟེ་བཞིའོ། །དང་པོ་ནི། བྱང་སེམས་ཀྱི་སྡེ་སྣོད་ལས། ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་ཕྱིར་འགྲོ། རང་རྒྱལ་རྣམས་ནི་རྐྱེན་གྱི་འདུ་ཤེས་ལྡན། ཞེས་པ་ལྟར་རང་ཉིད་ཀྱིས་ཀྱང་སྒྲ་བཅས་སུ་མཉན་དགོས་ཤིང་གདུལ་བྱ་ལ་ཡང་སྒྲ་བཅས་སུ་ཐོས་པར་བྱེད་པའི་ཉན་ཐོས་དང་ཉན་ཐོས་དེའི་ཕྱོགས་སུ་བསླན་པ་རྟེན་འབྲེལ་རྟོགས་པའི་རྐྱེན་ཙམ་གྱིས་བྱང་ཆུབ་འཐོབ་ཀྱི་ཆོས་བཤད་པ་དང་མཉན་པ་སྒྲ་ལ་མི་ལྟོས་པའི་རང་སངས་རྒྱས་ཏེ་བསམ་པ་རང་ཉིད་གཅིག་པུ་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་རྣམས་ཀྱིས་སོ། །ཀྱང་ནི་ཉན་ཐོས་སུ་མ་ཟད་པའོ། །འོ་ན་རྩ་བར་རང་རྒྱལ་མ་བསྟན་པ་ཞེ་ན་དངོས་སུ་བསྟན་པ་མེད་ཀྱང་རྩ་བའི་ཚིག་རིམ་པ་གཅིག་གིས་ཏེ་རྩ་ཚིག་དང་པོའི་རྟེན་སྟོན་པའི་ཚིག་གིས་ཤུགས་ལ་བསྟན་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་སྐབས་འདིར་ཐབས་གཞི་ཤེས་ཀྱིས་འབྲས་བུ་ཐེག་དམན་གྱི་ཉེར་ཞི་གཉིས་


JLD017_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བསྟན་ལ། རང་རྒྱལ་གྱིས་ཀྱང་ཐབས་དེ་ཁོ་ན་ལ་བརྟེན་ནས་འབྲས་བུ་དེ་ཐོབ་པར་བྱེད་དགོས་པའི་ཕྱིར་རོ། །གལ་ཏེ་ཉན་ཐོས་དང་སྡེབ་ན་ཁྱད་པར་མེད་དམ་ཞེ་ན། ཉན་ཐོས་ལས་ལྷག་པའི་ཁྱད་པར་ཡོད་དོ། །གང་གིས་ན། གཟུང་རྟོག་སྤངས་པ་དང་གཟུང་མེད་རྟོགས་པའི་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་སོ། །ཁ་ཅིག་ནི་ཉན་ཐོས་ཀྱི་ཕྱོགས་སུ་སློན་པའི་རྒྱུ་མཚན་འབྲས་བུ་དང་འདོད་པ་མཚུངས་པ་ལ་བཤད་པས་དེ་གཉིས་ལ་ཁྱད་མེད་དམ་སྙམ་པ་ལ་ཐེག་པའི་རིམ་པ་གཅིག་གིས་ལྷག་པར་བསྟན་པ་ཞེས་སྦྱར་ནས་དེའི་རྒྱུ་མཚན་དུ་རྣམ་ཐར་ལྷག་པ་སྦྱོར་རོ། །གཞན་དག །ཉན་རང་གཉིས་ཐེག་པ་རིམ་པ་གཅིག་གིས་བསྟན་པ་ཞེས་འདོད་པ་ལ་དེ་ལྟ་ན་ཐེག་པ་གཉིས་ཁོ་ནར་འགྱུར་ཞེས་འཆད་པ་ནི་ལེགས་པར་སྨྲས་པ་ཡིན་ལ། གང་ཟག་ཐེག་དམན་རྟོགས་པ་གཞི་ཤེས་བསམ་པ་རང་དོན་དུ་རིམ་པ་གཅིག་པས་ཉན་ཐོས་ཀྱི་ཕྱོགས་སུ་སློན་ཞེས་པ་ནི་ཡི་གེའི་དོན་དུ་མ་ཞུགས་སོ། །གཉིས་པ་ནི། བྱིས་པས་བདག་དང་བདག་གིར་འཛིན་པ་དང༌། འཕགས་པས་བདག་མེད་པར་གཏན་ལ་ཕབ་ནས་བདག་འཛིན་སྤོང་བའི་གཞིར་གྱུར་པས་གཞི་སྟེ་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་སྐྱེ་བ་མེད་པར་ཏེ་གང་ཟག་གི་བདག་དང་གཟུང་བས་གདོད་མ་ནས་སྟོང་པར་ཡོངས་སུ་ཤེས་པའི་གཞི་ཤེས་པ་ཉིད་ཀྱིས་སོ། །འདིར་ཉིད་ནི་དངོས་པོའི་རྐྱེན་དུ་སྦྱར་གྱི་ངེས་བཟུང་དུ་མི་བཤད་དོ། །གསུམ་


JLD017_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཕུང་བོའི་ལྷག་མ་དང་བཅས་པ་དང་ཕུང་པོའི་ལྷག་མ་མེད་པའི་མཚན་ཉིད་དེ་ངོ་བོ་ཉིད་དུ་གྱུར་པའི་མྱ་ངན་ལས་འདས་པ་ཉོན་མོངས་པ་དང་སྡུག་བསྔལ་ཞི་བའི་ཉེར་ཞི་རྣམ་པ་གཉིས་པོའོ། །འོ་ན་དེ་གཉིས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། འདིའི་མཐའ་དཔྱད་པ་ལ་གསུམ། ཉན་ཐོས་སྡེ་པ་དང༌། སེམས་ཙམ་པ་དང་། དབུ་མ་པའི་ལུགས་སོ། །དང་པོ་ལ་གཉིས། ལྷག་མ་ཡོད་མེད་ཀྱི་དོན་མྱང་འདས་གང་ལ་འདོད་པའོ། །དང་པོ་ནི། ཁ་ཅིག་ཀུན་འབྱུང་མ་ལུས་པར་སྤངས་ཀྱང་སྡུག་བསྔལ་མ་སྤངས་པ་དང༌། སྡུག་བསྔལ་ཡང་མ་ལུས་པར་སྤངས་པ་ཁྱད་པར་ཡིན་ཞེས་འཆད་པ་ནི་མི་འཐད་དེ། དགྲ་བཅོམ་ལ་ཡང་སྲིད་འཕེན་ངེས་ཀྱི་ལས་ཉོན་མ་ལུས་པར་ཟད་ཀྱང་ཊཱིཀ་དོན་གསལ་དུ། དགྲ་བཅོམ་པ་དག་ལ་སོ་སོ་སྐྱེ་བོའི་གནས་སྐབས་ན་བྱས་པ་ཡང་སྲིད་པའི་ལས་དགེ་བའམ་མི་དགེ་བ་མ་ངེས་པ་དག་ནི་མེད་པ་མ་ཡིན་མོད་ཀྱི་ཕྲ་རྒྱས་མེད་པའི་ཕྱིར་དེ་དག་གིས་སྲིད་པ་མངོན་པར་འགྲུབ་མི་ནུས་སོ་ཞེས་དང༌། རྣམ་འགྲེལ་དུ། འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་བའམ་ཡང་ན་ལས་ཀྱིས་ཡིན། ཞེས་དང༌། སྲིད་པའི་སྲེད་ལས་རྣམ་རྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་པ་ལ་སོགས་པ་གཞུང་གོང་འོག་རྣམས་སུ་ཟག་བཅས་ཀྱི་ལས་ཡོད་པར་དུ་མ་ཞིག་བཤད་པའི་ཕྱིར་རོ། །དེས་ན་ཉོན་མོངས་པ་མ་ལུས་པར་སྤངས་ཀྱང་ཕུང་པོའི་རྒྱུན་མ་ལོག་པ་དང༌། ཕུང་པོའི་རྒྱུན་


JLD017_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་གཉིས་ཁྱད་པར་དུ་འདོད་དེ། རིགས་པ་དྲུག་ཅུ་པའི་འགྲེལ་པར། དེ་ལ་ཕུང་པོའི་ལྷག་མ་དང་བཅས་པ་ནི་ཕུང་པོ་ཙམ་དུ་ཟད་དེ་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་ཡིན། ཕུང་པོའི་ལྷག་མ་མེད་པ་ནི་ཕུང་པོའི་རྒྱུན་ཆད་པའི་མཚན་ཉིད་ཡིན་པས་ཞེས་ཕྱོགས་སྔར་མཛད་པ་ལྟར་རོ། །སྡེ་པ་གཉིས་ཀས་ཀྱང་དགྲ་བཅོམ་པ་ཚེའི་འདུ་བྱེད་བཏང་ནས་རིག་པ་ཕྱི་མ་མཚམས་མི་སྦྱོར་བར་ཞི་བའི་དབྱིངས་འབའ་ཞིག་པར་འདོད་དོ། །གཉིས་པ་ནི། མྱང་འདས་ཀྱི་ངོ་བོ་གང་ཡིན་ན་དེ་འདུས་བྱས་མ་བྱས་གཉིས་ལས་འདུས་མ་བྱས་སོ། །དེ་ལ་ཁ་ཆེ་བྱེ་སྨྲ་ནི་འགོག་པ་གཉིས་དང་ནམ་མཁའ་སྟེ་འདུས་མ་བྱས་གསུམ་དུ་འདོད་ཅིང་དེའི་སྟེང་དུ་དེ་བཞིན་ཉིད་བསྣན་ནས་བཞིར་ཡུལ་དབུས་ཀྱི་བྱེ་སྨྲ་རྣམས་འདོད་དོ་ཞེས་ཡེ་ཤེས་སྙིང་པོ་ཀུན་བཏུས་ཀྱིས་འགྲེལ་པར་བཤད་དོ། །དེས་ན་རྟོག་གེ་འབར་བར་བྱེ་བྲག་སྨྲ་བའི་གཞུང་གིས་བཤད་པ། འདུས་མ་བྱས་པ་འགོག་གཉིས་དང༌། །ནམ་མཁའ་དང་ནི་དེ་བཞིན་ཉིད། ཅེས་བཀོད་ནས་དེའི་འགྲེལ་པར། དེ་བཞིན་ཉིད་ནི་སྔ་ན་མེད་པ་དང༌། ཞིག་ནས་མེད་པ་དང༌། གཅིག་ལ་གཅིག་མེད་པ་དང༌། གཏན་མེད་པ་དག་གིས་མཚོན་པ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་ཉིད་དོ། །དེ་དག་ནི་རྟག་པ་ཡིན་ཏེ་མི་འགྱུར་བའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་སོ། །དེ་ལྟར་འདུས་མ་བྱས་བཞི་ལས། གཉིས་ཀས་ཀྱང་མྱང་འདས་གཉིས་ཀ་སོ་སོར་བརྟགས་འགོག་ཏུ་འདོད་ཅིང་


JLD017_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ནི་བྱེ་སྨྲས་མ་ཡིན་དགག་གི་ངོ་བོར་དང༌། མདོ་སྡེ་པས་མེད་དགག་ཏུ་འདོད་པར་མཛོད་འགྲེལ་ལས་རྒྱས་པར་གསུངས་སོ། །སྤྱན་རས་གཟིགས་བརྟུལ་ཞུགས་ལས་ཀྱང༌། རྫས་སུ་ཡོད་པར་སྨྲ་བ་ནི། དངོས་པོ་ཡིན་པར་སྨྲ་བ་སྟེ། གྲངས་ཅན་དང་། བྱེ་བྲག་པ་དང༌། བྱེ་བྲག་ཏུ་སྨྲ་བ་དང༌། རྣལ་འབྱོར་སྤྱོད་པ་ལ་སོགས་པ་དག་གོ །རྫས་སུ་ཡོད་པ་མ་ཡིན་པར་སྨྲ་བ་ནི། དངོས་པོ་མེད་པ་ཡིན་པར་སྨྲ་བ་སྟེ། གོས་དམར་སྡེ་དང༌། མདོ་སྡེ་པ་དང༌། འཇིགས་རྟེན་རྒྱང་ཕན་པ་ལ་སོགས་པ་དག་གོ་ཞེས་སོ། །དགོངས་རྒྱན་དུ། བྱེ་སྨྲའི་འདུས་མ་བྱས་གསུམ་གྱི་ངོས་འཛིན་ལ་སོ་སོར་བརྟགས་འགོག་ལྷག་བཅས་ཀྱི་མྱང་འདས། བརྟགས་མིན་ལྷག་མེད་ཀྱི་མྱང་འདས་སུ་བཤད་པ་ནི་ཁ་ཆེ་བྱེ་སྨྲའི་འདོད་པ་འཆད་འདོད་ཀྱང༌། མཛོད་འགྲེལ་དུ་སྡེ་པ་གཞན་ཞིག་གི་འདོད་པ་བཀོད་པ་ལ་འཁྲུལ་ཞིང༌། ཉོན་མོངས་མེད་ཙམ་བརྟགས་འགོག་ཕུང་པོ་མེད་ཙམ་བརྟགས་མིན་གྱི་འགོག་པ་ཞེས་མདོ་སྡེ་པའི་འདོད་པར་འཆད་པ་ནི། མཛོད་འགྲེལ་དུ་མདོ་སྡེ་པའི་འདོད་པ་བཤད་པ་དང་འགལ་ལོ། །གཉིས་པ་ནི། ལྷག་མ་ཡོད་མེད་ཀྱི་དོན་སྔར་ལྟར་དང༌། ངོ་བོ་ནི་བསྡུ་བར་ཆོས་དབྱིངས་ཤིན་ཏུ་དག་པའི་མཚན་ཉིད་དུ་བཤད་ཅིང༌། བྱེ་བཤད་འགྲེལ་པར་ཕུང་པོ་ལྷག་མ་དང་བཅས་པ་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་སོ་སོར་བརྟགས་པའི་འགོག་པའོ་ཞེས་སོ། །ལུགས་འདིས་ཀྱང་ལྷག་མེད་ཀྱི་ཚེ་རིག་པ་རྒྱུན་ཆད་དུ་འདོད་ཅིང༌། དེའི་


JLD017_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལམ་གྱིས་སྤངས་པའི་སྒྲིབ་གཉིས་ཟད་པ་མེད་ཀྱང་རྟེན་མེད་པས་རང་གི་ངང་གིས་དེ་དག་ལོག་པ་ཡོད་པས་ཐེག་པ་ཆེ་ཆུང་གི་མྱང་འདས་ལ་སྤངས་པའི་ཁྱད་མེད་ཀྱང་གཞན་དོན་བྱེད་མི་བྱེད་ཀྱི་ཁྱད་པར་འདོད་དེ། བསྡུ་བ་ལས། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི་སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པའི་རྣམ་པར་བཞག་པ་ཡོད་ཀྱི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི་སྒྲིབ་པ་རྣམ་པར་བཞག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་དང་གནས་ངན་ལེན་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་ཅིང་འགགས་པའི་ཕྱིར་ཏེ་ཞེས་དང༌། གལ་ཏེ་དེ་ལ་སྒྲིབ་པ་མེད་དེ་ཇི་ལྟར་དེ་བཞིན་གཤེགས་པ་ལ་མི་མངའ་བ་དེ་ཁོ་ན་བཞིན་དུ་དགྲ་བཅོམ་པ་ལ་ཡང་སྒྲིབ་པ་མེད་པ་ཡིན་ན། ཅིའི་ཕྱིར་དགྲ་བཅོམ་པ་ཡང་དེ་བཞིན་གཤེགས་པའི་མཛད་པ་མི་བྱེད་ཅེ་ན། སྨྲས་པ་སྔོན་སྨོན་ལམ་བསྒོམས་པ་མེད་པའི་ཕྱིར་དང་། དེ་ལྟ་བུའི་རིགས་ཅན་ཡིན་པས་དེའི་ཕྱིར། དགྲ་བཅོམ་པ་ནི་ལྡང་བའི་བསམ་པ་མེད་པ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདས་པས་ན་དེའི་ཕྱིར་མི་བྱེད་དོ་ཞེས་སོ། །གསུམ་པ་ནི། སྤྱིར་མྱང་འདས་བཞིར་གསུང་རབ་ལས་འབྱུང་སྟེ། རང་བཞིན་དང་། མི་གནས་པ་དང༌། ལྷག་བཅས་དང་། ལྷག་མེད་ཀྱི་མྱང་འདས་སོ། །དེ་ལ་དང་པོ་ནི། ཆོས་རྣམས་ཀྱི་རང་བཞིན་སྤྲོས་པ་མཐའ་དག་དང་བྲལ་བའོ། །གཉིས་པ་ནི། སངས་


JLD017_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བྱང་སེམས་ཀྱི་མྱང་འདས་སོ། །ཐ་མ་གཉིས་ལ་གཉིས་ལས། ཐེག་དམན་གྱི་དབང་དུ་བྱས་པ་ནི། དགྲ་བཅོམ་པ་ཚེའི་འདུ་བྱེད་མ་བཏང་བ་ན་ཉོན་མོངས་པ་སྤངས་ཀྱང་ལས་ཉོན་གྱིས་འཕངས་པའི་སྡུག་བསྔལ་གྱི་ལྷག་མ་ཡོད་པ་ནི་ལྷག་བཅས་ཡིན་ལ། སྐུ་ཚེའི་འདུ་བྱེད་བཏང་བ་ན་སྡུག་བསྔལ་གྱི་ཕུང་པོ་རགས་པ་དོར་ཞིང་དག་པའི་འཇིག་རྟེན་གྱི་ཁམས་སུ་པདྨའི་སྦུབས་སུ་ཡིད་ཀྱི་ལུས་ཀྱིས་གནས་པ་ན་ལྷག་མེད་དུ་བཞེད་པར་མངོན་ནོ། །ཐེག་ཆེན་གྱི་དབང་དུ་བྱས་པ་ནི། སྐུ་གསུམ་ལ་འཇུག་པའི་སྒོར། ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་གཉིས་ལ་བཞག་པ་ཡིན། །ཕུང་པོ་ཀུན་དང་གྲོལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། ཅེས་སྐུ་གསུམ་ལ་ལྷག་བཅས་དང་ལྷག་མེད་དུ་འཆད་པ་ནི། གསེར་འོད་ལས། སྐུ་དེ་གཉིས་ལ་དགོངས་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟེ་ཞེས་བྱའོ། །ཆོས་ཀྱི་སྐུ་ལ་དགོངས་ཏེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་གསུངས་སོ། ཞེས་པའི་དོན་དུ་སྣང་ཞིང༌། དེ་ཡང་ཉན་ཐོས་དང་ཐུན་མོང་བའི་མྱང་འདས་ཡིན་ཞེས་ཡེ་ཤེས་ཟླ་བས་བཤད་དོ། །བཞི་པ་ནི། གང་ཟག་གི་བདག་འཛིན་ནི་ཉོན་མོངས་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་ལ་གཞི་ཤེས་ཀྱིས་གང་ཟག་གི་བདག་མེད་རྟོགས་པས་བདག་འཛིན་འཇོམས་ཤིང་དེ་ལོག་པས་སྡུག་བསྔལ་ཀུན་ལས་གྲོལ་བའི་མྱང་འདས་ཐོབ་སྟེ། ཏིང་ངེ་འཛིན་རྒྱལ་


JLD017_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས། གལ་ཏེ་བདག་མེད་ཆོས་ལ་རབ་རྟོག་ཅིང༌། །དེ་དག་བརྟགས་ནས་གང་ཞིག་སྒོམ་བྱེད་པ། །འབྲས་བུ་མྱ་ངན་འདས་ཐོབ་རྒྱུ་དེ་ཡིན། །རྒྱུ་གཞན་དག་གིས་ཞི་བར་འགྱུར་མི་སྲིད། ཅེས་སོ། །གཉིས་པ་ནི། སྒྲུབ་པར་མཛད་དོ། །འདི་ལ་ཡང་སྔར་ལྟར་བཞི་ལས། དང་པོ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། བདུད་རྩི་ཐོབ་བྱེད་ལམ་ནི་འདི་ཡིན་གྱི། །ལམ་ངན་སྤོངས་ལ་ལམ་ལ་མནོས་ཤིག་ཅེས། །ལྟ་ངན་སེམས་ཅན་མཐོང་ན་གོ་བྱེད་དེ། །རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། ཞེས་པ་ལྟར་བྱང་ཆུབ་སེམས་དཔའ་གདུལ་བྱའི་འཁོར་བ་ཇི་སྲིད་པར་འགྲོ་བའི་དོན་བྱེད་པར་འདོད་པ་རྣམས་ཀྱིས་སོ། །གཉིས་པ་ནི། ལམ་གསུམ་པོ་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པར་དང་ཐ་སྙད་དུ་རྒྱུ་ངོ་བོ་འབྲས་བུ་རྣམས་རྟོགས་པའི་ངོ་བོ་ཉིད་ཀྱིས་སོ། །གསུམ་པ་ནི། འགྲོ་བ་མཐའ་དག་གི་མངོན་པར་འདོད་པའི་དོན་མངོན་མཐོ་ངེས་ལེགས་སོ། །བཞི་པ་ནི། གཞན་ལ་ལམ་མ་ནོར་བར་སྟོན་པ་ལ་རང་གིས་ལམ་ཇི་ལྟ་བ་བཞིན་དུ་རྟོགས་པ་སྔོན་དུ་འགྲོ་དགོས་ཏེ། རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། ཞེས་པ་ལྟར་རོ། །གསུམ་པ་ནི། བསྐོར་བར་མཛད་དོ། །འདི་ལ་བཞི་ལས་རྟེན་གང་གིས་ན། ཐུབ་རྣམས་ཏེ་སྐུ་གསུང་ཐུགས་ཉེས་སྤྱོད་མཐའ་དག་ལས་ཡང་དག་པར་བསྡམས་པའི་སྐུ་ཅན་དབང་ཕྱུག་ལ་སོགས་པ་ལས་རྣལ་འབྱོར་ལྷག་པས་རྣལ་


JLD017_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གྱི་དབང་ཕྱུག་སྟེ་ཉན་རང་དང་བྱང་སེམས་དེ་ལས་ཀྱང་སྤངས་རྟོགས་ལྷག་པས་དེ་དག་གི་གཙོ་བོ་སྟེ་གཙུག་གི་ནོར་བུ་ལྟ་བུའི་སངས་རྒྱས་རྣམས་ཀྱིས་སོ། །ཐབས་གང་གིས་ན། རྣམ་པ་ཐམས་ཅད་སྐྱེ་བ་མེད་པར་ཐུགས་སུ་ཆུད་པའི་རྣམ་མཁྱེན་གང་དང་ལྡན་ན་སྟེ་དེ་ཡིས་སོ། །གང་སྤྱི་སྒྲ་ཡིན་པའི་ཕྱིར་བྱེ་བྲག་རྣམ་མཁྱེན་ལ་ཇི་ལྟར་གོ་ཞེ་ན། སྤྱི་སྒྲ་ཡིན་ཡང་ཁྱད་པར་གྱི་ཚིག་ཐུབ་རྣམས་དང་འབྲེལ་བའི་ཕྱིར་གོའོ། །གཞན་ཡང༌། མཁྱེན་པ་གསུམ་ལ་བསྟོད་པ་ལས། གཉིས་ལ་བསྟོད་ཟིན་པའི་ལྷག་མར་གྱུར་པས་གོ་ནུས་ལ། དོན་གྱི་ཤུགས་ཀྱིས་ཀྱང་རྣམ་མཁྱེན་ལ་གོ་སྟེ་འོངས་སོ་ཞེས་པས་སྐྱེས་བུ་ཞིག་ལ་གོ་བ་བཞིན་ནོ། །འབྲས་བུ་གང་ན་ལུང་རྟོགས་ཀྱི་ཆོས་བཤད་པས་གཅིག་ནས་གཅིག་ཏུ་བརྒྱུད་གཞན་ལ་འཕོ་བར་སྣང་བས་འཁོར་ལོ་མ་ལུས་པ་སྟེ་བརྒྱད་ཁྲི་བཞི་སྟོང་གིས་བསྡུས་པའི་གསུང་རབ་ཀྱི་རྣམ་པ་ཐམས་ཅད་དོ། །མ་ལུས་པ་དང་ཐམས་ཅད་གཉིས་སྨོས་པ་ནི། བརྗོད་འདོད་ཀྱི་དབང་གིས་ཕྱོགས་རེ་རེ་ལ་ཡང་ཐམས་ཅད་ཅེས་འཇུག་པ་དེ་ལྟ་བུའི་ཉི་ཚེ་བ་མིན་པར་བསྟན་པའི་ཆེད་དུའོ། །གང་གི་དོན་དུ་ན། དུག་གསུམ་དང་དེ་གསུམ་ཆ་མཉམ་པ་སྟེ་རྩ་བ་རེ་རེ་ཡང་ཉི་ཁྲི་ཆིག་སྟོང་དུ་ཕྱེ་བས་བརྒྱད་ཁྲི་བཞི་སྟོང་ལ་སྤྱོད་པའི་གཉེན་པོར་རོ། །འོ་ན་ཆོས་ཀྱི་འཁོར་ལོ་ཞེས་པ་དེ་ཇི་ལྟ་བུ་ཞེ་ན། འདི་ལ་བཞི། ཆོས་འཁོར་གྱི་ངོ་བོ། ངེས་ཚིག །དབྱེ་བ། ཚད་དོ། །དང་པོ་ནི། བྱེ་སྨྲ་རྣམས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་


JLD017_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ལྔ་སྡེ་ལ་ཝ་ར་ཎཱ་སེར་ཆོས་བསྟན་པས་ཀུན་ཤེས་ཀོའུ་དི་ནྱ་ལ་མཐོང་ལམ་སྐྱེས་པ་ན་གནོད་སྦྱིན་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་བསྒྲུབས་པ་དང༌། འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པ་མཐོང་ལམ་ལ་ཡོད་པའི་ཕྱིར་སྙམ་དུ་བསམས་སོ། །ཇི་ལྟར་ཆོས་མཐུན་ན། མཐོང་ལམ་གྱིས་བདེན་པ་མྱུར་དུ་རྟོགས་པར་བྱེད་པས་མྱུར་དུ་འགྲོ་བ་དང༌། བདེན་པ་སྔ་མའི་དམིགས་རྣམ་འདོར་བ་དང༌། ཕྱི་མ་ལ་འཇུག་པ་དང༌། བར་ཆད་མེད་ལམ་གྱིས་སྤང་བྱའི་ཐོབ་པ་གཅོད་པས་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང༌། རྣམ་གྲོལ་ལམ་གྱིས་སྤང་བྱ་དང་བྲལ་བའི་བྲལ་ཐོབ་འདྲེན་པས་རྒྱལ་བ་རྣལ་དུ་འགོད་པ་དང༌། ཁམས་གོང་གི་བདེན་པ་ལ་དམིགས་པས་འཕར་བ་དང༌། འོག་མའི་བདེན་པ་ལ་དམིགས་པས་འབབ་པའི་ཆོས་མཐུན་ཏེ། མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་ཞེས་སོ། །བཙུན་པ་དབྱངས་སྒྲོག་ནི། འཕགས་ལམ་བརྒྱད་ཉིད་ཆོས་འཁོར་ཡིན་ཏེ། འཁོར་ལོ་ལ་ཡོད་པའི་རྟེན་པའི་ལྟེ་བ་དང༌། གཅོད་པའི་རྩིབས་དང༌། སྡུད་པའི་མུ་ཁྱུད་དང་ཆོས་མཐུན་ཡོད་པའི་ཕྱིར་རོ། །ཇི་ལྟར་ན། ངག །ལས། མཐའ་འཚོ་བ་གསུམ་ལྟེ་བ་དང་མཐུན་ཏེ། དེ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྟེན་བྱེད་པའི་ཕྱིར་རོ། །ལྟ་བ། རྟོག་པ། རྩོལ་བ་རྣམས་རྩིབས་དང་མཐུན་ཏེ། ཤེས་རབ་ཀྱི་བསླབ་པ་ཡིན་པས་མི་


JLD017_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ཕྱོགས་གཅོད་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི། མུ་ཁྱུད་དང་མཐུན་ཏེ། ལྟ་བ་སོགས་རྩེ་གཅིག་པའི་ཚུལ་གྱིས་དམིགས་པ་ལ་འཛིན་པའི་ཕྱིར་རོ་སྙམ་དུ་བསམས་ཏེ། མཛོད་ལས་རྩིབས་སོགས་ཕྱིར་ཞེས་སོ། །དེ་དག་ནི་སྒྲུབ་བྱེད་ཕྱོགས་རེ་བ་ལ་འཁྲུལ་བས་ལུགས་དེ་དག་དོར་ལ་འདིར་ནི་ལུང་དང་རྟོགས་པའི་ཆོས་ཐམས་ཅད་ཆོས་འཁོར་དུ་འདོད་པར་བྱ་སྟེ། ཆོས་འཁོར་གསུམ་གྱིས་གསུང་རབ་ཐམས་ཅད་བསྡུས་པ་དང༌། ལམ་ཐམས་ཅད་ལ་ཡང་ཆོས་འཁོར་གྱི་དོན་དམིགས་པའི་ཕྱིར་རོ། །གཉིས་པ་ནི། གཞི་བསྡུ་བར། བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་ཤེས་ཀོའུ་དི་ནྱའི་རྒྱུད་ལ་ཀུན་ཤེས་པའི་ཆོས་ཉིད་དང་མཐུན་པར་བསྐོར་ལ། དེ་ཡང་གཞན་དག་ལ་མཐུན་པར་སྐོར་བར་འགྱུར་བ་དང་དེ་དག་ཀྱང་གཞན་དག་ལ་མཐུན་པར་སྐོར་བར་འགྱུར་ཏེ། དེ་བས་ན་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཐུན་པར་བསྐོར་བའི་དོན་གྱིས་འཁོར་ལོ་ཞེས་བྱའོ། །ཡང་དག་པའི་ལྟ་བ་ལ་སོགས་པའི་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་ཀྱི་འཁོར་ལོའོ་ཞེས་པ་ལྟར་རོ། །གསུམ་པ་ནི། རྟོགས་པའི་ཆོས་ལ་དབྱེ་ན་ཚིག་གསལ་དུ། ཆོས་ཀྱི་འཁོར་ལོ་ཁ་ཅིག་ནི་ཚོགས་ཀྱི་ལམ་མོ། །ཁ་ཅིག་ནི་སྦྱོར་བའི་ལམ་མོ། །ཁ་ཅིག་ནི་བར་ཆད་མེད་པའི་ལམ་གྱི་བར་རོ་ཞེས་པ་ལྟར་ཡིན་ལ། འོན་ཀྱང་འདིར་མི་སློབ་ལམ་མ་བཤད་ཀྱང་འདོད་པར་བྱ་སྟེ། མཛོད་འགྲེལ་གྱི་རང་ལུགས་བཞག་པའི་སྐབས་སུ། ཡང་ན་འཕགས་པའི་ལམ་


JLD017_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་གདུལ་བྱའི་རྒྱུད་ལ་འཇུག་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཡིན་ཏེ་ཞེས་དང༌། གཞི་བསྡུ་བར་ཡང༌། མི་སློབ་ལམ་ཆོས་འཁོར་དུ་བཤད་པའི་ཕྱིར་རོ། །ལུང་གི་ཆོས་ལ་དབྱེ་ན། ཇི་སྐད་དུ། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང༌། །ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟར་བྱུང་དང་གླེང་གཞི་དང༌། །ཤིན་ཏུ་རྒྱས་པ་སྐྱེས་རབས་བཅས། །གཏན་ལ་ཕབ་རྨད་བྱུང་ཆོས་ཏེ། །དེ་ལྟར་ཡན་ལག་བཅུ་གཉིས་གསུངས། ཞེས་པ་ལྟར་གསུང་རབ་ཡན་ལག་བཅུ་གཉིས་སོ། །དེ་ཡང་བསྡུ་ན་སྡེ་སྣོད་གསུམ་དུ་འགྱུར་ཏེ། འདི་ལྟར་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པ་དང༌། ལུང་དུ་བསྟན་པ་དང༌། ཚིགས་སུ་བཅད་པ་དང༌། ཆེད་དུ་བརྗོད་པའི་སྡེ་དང་ལྔ་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དང་། གཙོ་བོ་གླེང་གཞིའི་སྡེ་དང༌། འཁོར་རྟོགས་བརྗོད། དེ་ལྟར་བྱུང༌། སྐྱེས་པ་རབས་ཀྱི་སྡེ་དང་བཞི་ནི་འདུལ་བའི་སྡེ་སྣོད་དང༌། རྨད་དུ་བྱུང་བ་དང༌། ཤིན་ཏུ་རྒྱས་པའི་སྡེ་གཉིས་ནི་བྱང་སེམས་ཀྱི་མདོ་སྡེའི་སྡེ་སྣོད་དང༌། གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་དོ། །དེ་ནི་ཀུན་བཏུས་ཀྱི་ལུགས་ཡིན་ལ། གཞི་བསྡུ་བར་ནི། ཤིན་ཏུ་རྒྱས་པའི་སྡེ་ཐེག་ཆེན་གྱི་སྡེ་སྣོད་དང༌། གཞན་རྣམས་ཉན་ཐོས་དང་ལྡན་པའི་སྡེ་སྣོད་དུ་བྱས་ནས་གཉིས་ཀ་མདོ་སྡེའི་སྡེ་སྣོད་དུ་འཆད་དེ། འདི་དང་བཤད་གཞི་དང་བཤད་ཚུལ་མི་མཐུན་ནོ། །གང་ཡང་མདོ་སྡེ་གང་ཞིག་


JLD017_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུང་རབ་ཡན་ལག་དགུ་ཞེས་པ་ལྟར་ན་གླེང་གཞི་གཙོ་འཁོར་གཅིག་ཏུ་བྱེད་པར་ལང་གཤེགས་ཀྱི་འགྲེལ་པར་བཤད་དོ། །བཞི་པ་ནི། ཆོས་ཕུང་རེ་རེ་ལ་ཚད་ཇི་ཙམ་ཞེ་ན། ཁ་ཅིག་ན་རེ་ཤཱ་རིའི་བུས་བྱས་པའི་ཆོས་ཀྱི་ཕུང་པོ་ཞེས་པའི་བསྟན་བཅོས་ཀྱི་ཚད་ཙམ་སྟེ། དེ་ཡང་ཤུ་ལོག་དྲུག་སྟོང་ངོ་ཞེས་དང༌། ལ་ལ་ཕུང་པོ། ཁམས་སྐྱེ་མཆེད། བདེན་པ་རྟེན་འབྲེལ་ལ་སོགས་ལ་བརྩམས་ནས་གཏམ་རྒྱུད་ཚར་བ་རེ་དང༌། གཞན་དག་སྤང་བྱ་རེའི་གཉེན་པོ་རྫོགས་པ་རེ་ལ་འདོད་པ་ཡོད་དེ། མཛོད་ལས། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེའང་ཡིན། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། ཞེས་པ་ལྟར་རོ། །འོན་ཀྱང་འདིར་ནི་ཐེག་པ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ལུགས་གཉིས་ལས། དང་པོའི་དབང་དུ་བྱས་ན་ཆོས་ཕུང་རེ་ལ་ཤུ་ལོག་སྟོང་ཕྲག་རེ་རེ་སྤྱིར་བསྡོམས་ན་ཚིགས་བཅད་ས་ཡ་ཕྲག་བརྒྱད་དང་འབུམ་ཕྲག་བཞི་བཅུར་འགྱུར་རོ། །འདི་ནི་ཀུན་བཏུས་འགྲེལ་པའི་ལུགས་སོ། །གཉིས་པའི་དབང་དུ་བྱས་ན། དབང་པོའི་གླང་པོ་ཆེ་རབ་བརྟན་གྱིས་བཀུར་བར་འོས་པའི་སྣག་ཚས་ནི་ཆོས་ཀྱི་ཕུང་པོ་གཅིག་འདྲི་བར་ནུས་སོ་ཞེས་གསུངས་ཏེ། དེ་ལྟར་བྱས་ན་དྲིན་ལན་བསབ་པ་ལས། འཕགས་པ་ལྷ་སྦྱིན་གྱིས་གླང་པོ་ཆེ་ལྔ་སྟོང་གིས་བཀུར་བར་བྱ་བའི་གླེགས་བམ་རྣམས་ཁ་ཏོན་དུ་རྗོད་པར་བྱེད་དོ་ཞེས་གསུངས་པ་འདི་ཡང་རིགས་


JLD017_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །ཆོས་ཕུང་དེ་སྙེད་ཡོད་ན་འཛམ་བུའི་གླིང་ན་དེ་ཙམ་མི་སྣང་བ་ཅི་ཞེ་ན། འཇིག་རྟེན་གྱི་ཁམས་གཞན་རྣམས་དང༌། ཀླུ་རྣམས་ཀྱི་གནས་ན་ཕལ་ཆེར་ཡོད་དེ། སློབ་སྤྲིངས་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། ཅེས་ཚིག་གསལ་དུ་འཆད་པ་ལྟར་རོ། །འདིར་ཚིག་གསལ་དུ་ཚིགས་བཅད་རེ་ལ་ཡིག་འབྲུ་སོ་གསུམ་མོ་ཞེས་པ་མ་དག་པས་སོ་གཉིས་སུ་བསྒྱུར་ཏེ་གཞན་དུ་ན་རྐང་པ་མི་སྙོམས་པས་སོ། །ཉེར་བརྒྱད་རེ་ལ་ཤོ་ལོག་ཏུ་མཁས་པ་དག་འཆད་པ་ནི་འདིའི་དགོངས་པ་མིན་ནོ། །བཞི་པ་དེའི་འཐད་པ་ནི། ཇི་ལྟ་ཇི་སྙེད་ཀྱི་རྣམ་མཁྱེན་སྔོན་དུ་སོང་ན་གདུལ་བྱའི་ཁམས་བསམ་པ་བག་ལ་ཉལ་རྣམས་དང་རྗེས་སུ་མཐུན་པར་ཆོས་ཀྱི་འཁོར་ལོ་བསྐོར་ནུས་ལ། དེ་སྔོན་དུ་མ་སོང་ན་འདི་ལྡོག་པའི་ཕྱིར་ཆོས་འཁོར་མ་ལུས་པ་བསྐོར་བ་རྣམ་མཁྱེན་གྱི་འབྲས་བུར་གྲུབ་བོ། །གཉིས་པ་ནི། གལ་ཏེ་མཁྱེན་གསུམ་དང་གང་ཟག་བཞི་ཡུམ་སྲས་སུ་འདོད་ན། དེ་དག་དུས་མི་མཉམ་པར་འགྱུར་ཏེ་རྒྱུ་འབྲས་ཡིན་པའི་ཕྱིར་རོ། །འདོད་ན་དེ་གང་ཟག་དང་མངོན་རྟོགས་མིན་པར་ཐལ་ཞེ་ན། འདི་ལ་གཉིས། རང་ལན་གདབ། གཞན་ལན་དགག་པའོ། །དང་པོ་ནི། འདིར་མངོན་རྟོགས་ཡུམ་


JLD017_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དང་གང་ཟག་སྲས་སུ་འཇོག་པ་ནི། མ་དང་བུ་ལྟར་ངོ་བོ་བསྐྱེད་པས་འཇོག་པ་མིན་ནོ། །འོ་ན་ཅི་ཞེ་ན། འཇིག་རྟེན་ན་སྐྱེས་བུ་འགའ་ཞིག་ལ་ཕན་ཆེན་པོ་འདོགས་པ་དེ་ལ་འདི་ནི་བདག་གི་མའོ་ཞེས་བརྗོད་པ་ལྟར་གང་ཟག་གསུམ་གྱི་མངོན་རྟོགས་ཀྱིས་ཀྱང་རང་རང་གི་མཐར་ཐུག་གིས་བཞེད་དོན་གསུམ་རྫོགས་པར་སྒྲུབ་པས་གང་ཟག་དེ་དག་གི་ཡུམ་ཡིན་ནོ། །གཞན་ཡང་ཡུམ་འདིས་སྲས་དེ་དག་གི་རྒྱུད་ལ་གནས་སྐབས་ཀྱི་བཞེད་པ་ཟག་མེད་ཀྱི་ཕུང་པོ་མ་སྐྱེས་པ་སྐྱེད་པ་དང་སྐྱེས་ཟིན་རྒྱུན་གནས་པར་བྱེད་པའི་ཕྱིར་ཡང་ཡུམ་ཡིན་ཏོ། །མཐར་ཐུག་གི་འདོད་པ་རྫོགས་པར་སྒྲུབ་པ་ལ་གནས་སྐབས་སུ་ཟག་མེད་ཀྱི་ཕུང་པོ་སྐྱེད་པ་དང་གསོ་བ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །དེ་ཡང་དག་ལྡན་ལས། འདི་ཇི་ལྟར་དེ་རྣམས་ཀྱི་ཡུམ་དུ་འགྱུར་ཞེ་ན། ཇི་སྐད་བཤད་པའི་དོན་ཆེན་པོ་གསུམ་ཐོབ་པའི་ཕྱིར་ཏེ། གང་ཡང་སྐྱེ་བོ་རྣམས་ལ་ཕན་པ་ཆེན་པོ་འདོགས་པ་དེ་ནི་འཇིག་རྟེན་ན་མ་ཞེས་བྱའོ། །གཞན་ཡང་ཇི་སྲིད་དུ་དེ་དག་གི་ཟག་པ་མེད་པའི་ཕུང་པོའི་བདག་ཉིད་མ་སྐྱེད་ཅིང་མ་གསོས་པ་དེ་སྲིད་དུ་དེ་དག་གིས་ཇི་སྐད་བཤད་པའི་དོན་ཆེན་པོ་རྣམས་ཐོབ་པར་མི་ནུས་སོ། །དེའི་ཕྱིར་དོན་གྱིས་ན་སྐྱེད་པ་དང་གསོ་བ་ཡིན་པར་ཤེས་པར་བྱའོ། །དེའི་ཕྱིར་ཡང་འདི་ཡུམ་ཡིན་ནོ་ཞེས་སོ། །དེ་ལ་ཡུམ་དུ་འཇོག་ཚུལ་སྔ་མས་ནི་མཐར་ཐུག་དང༌། ཕྱི་མས་ནི་གནས་སྐབས་ཀྱི་བཞེད་པ་སྒྲུབ་པས་ཡུམ་དུ་བཞག་པར་སྣང་ཞིང༌། རྩ་འགྲེལ་གཉིས་ལས་ནི་སྔ་མ་ཁོ་ན་སྣང་ངོ༌། །འོན་ཀྱང་


JLD017_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་མཁྱེན་ནི་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་པའི་ཕྱིར་སངས་རྒྱས་ཀྱི་གསོ་བའི་ཡུམ་ཙམ་དུ་རུང་ཡང་དེ་མ་སྐྱེས་པ་སྐྱེད་པའི་ཡུམ་དུ་མི་གཟུང་ངོ༌། །གཉིས་པ་ནི། ཁ་ཅིག་ན་རེ་མདོ་ལས་སྐུ་འདི་བརྙེས་པས་དེ་བཞིན་གཤེགས་པའི་གྲངས་སུ་མི་འགྲོ་ཡི་རྣམ་མཁྱེན་བརྙེས་པས་དེ་བཞིན་གཤེགས་པའི་གྲངས་སུ་འགྲོའོ་ཞེས་འབྱུང་བའི་ཕྱིར། ཡུམ་དང་སྲས་རྣམ་པར་བཞག་འཇོག་ཡིན་པའི་ཕྱིར་ཏེ། མཁྱེན་གསུམ་གྱི་རྟོགས་པ་རྒྱུད་ལ་ལྡན་པས་རིམ་པ་ལྟར་ཉན་རང༌། བྱང་སེམས་སངས་རྒྱས་སུ་འཇོག་ནུས་པའི་ཕྱིར་རོ། །དེས་ན་ཡུམ་སྲས་དུས་མཉམ་ཞེས་འདོད་པ་དང༌། གཞན་དག་ན་རེ། ཡུམ་གྱིས་བཞེད་དོན་གསུམ་སྒྲུབ་པ་ནི་ཕན་འདོགས་པ་དང་གཞི་ཤེས་ལམ་ཤེས་རྒྱུན་མཐའ་མན་ཆད་ཀྱི་རྣམ་མཁྱེན་རྗེས་མཐུན་པ་གསུམ་ནི། སངས་རྒྱས་ཀྱི་སྐྱེད་བྱེད་དང་རྣམ་མཁྱེན་མཚན་ཉིད་པ་དེའི་གསོ་བའི་ཡུམ་དང༌། ཆོས་མཆོག་མན་ཆད་ཀྱི་གཞི་ཤེས་ལམ་ཤེས་གཉིས་ནི་འཕགས་པ་གཉིས་ཀྱི་སྐྱེད་བྱེད་ཀྱི་ཡུམ་ཡིན་ཞིང༌། ཕན་འདོགས་པ་དང་གསོ་བའི་ཡུམ་སྲས་ནི་དུས་མཉམ་ལ་སྐྱེད་པའི་ཡུམ་སྲས་ནི་དུས་སྔ་ཕྱི་བར་འདོད་ཅིང༌། ཡུམ་གསུམ་པོ་དེ་ཡང་སྔར་གྱི་དག་ལྡན་གྱི་ལུང་དོན་དུ་འདོད་དོ། །འདི་དག་ནི་མི་འཐད་དེ། རྣམ་པར་བཞག་འཇོག་ལ་ཡུམ་སྲས་སུ་འདོད་པ་ནི་རྒྱན་འགྲེལ་པ་དང་བཅས་པ་ལས་མི་འབྱུང་བ་དང༌། རྣམ་མཁྱེན་བརྙེས་པས་དེ་བཞིན་གཤེགས་པའི་གྲངས་སུ་འགྲོ་ཞེས་གསུངས་


JLD017_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུམ་སྲས་སུ་མ་གསུངས་པ་དང༌། མཁྱེན་གསུམ་གང་ཟག་གསུམ་སོ་སོའི་ཡུམ་དུ་འཆད་པའི་སྐབས་སུ་སློབ་ལམ་གྱི་མཁྱེན་གསུམ་སངས་རྒྱས་ཀྱི་ཡུམ་དུ་མ་འབྲེལ་བ་དང༌། སྲས་གང་ཟག་དང་ཡུམ་དེའི་མངོན་རྟོགས་ཡིན་པས་དུས་མི་མཉམ་པ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་ཆོས་མཆོག་མན་ཆད་ཀྱི་གཞི་ཤེས་དང་ལམ་ཤེས་གཉིས་རང་རྒྱུད་ལྡན་གྱི་ཡུམ་ཡིན་པའི་རྒྱུ་མཚན་དུ་གང་ཟག་དེའི་མཐར་ཐུག་གི་བཞེད་པ་གཉིས་སྒྲུབ་པའམ་གནས་སྐབས་ཀྱི་བཞེད་པ་ཟག་མེད་ཀྱི་ཕུང་པོ་སྐྱེད་པའི་ཕྱིར། ཞེས་པ་ལུང་དོན་ཡིན་ཞིང༌། དེ་བཞིན་དུ་འཕགས་པ་འོག་མ་འོག་མའི་རྒྱུད་ལ་ཡང་གོང་མ་གོང་མའི་ཟག་མེད་སྐྱེད་པ་དང་རང་དུས་ཀྱི་ཟག་མེད་གསོ་བའི་ཡུམ་དུ་ཡང་འདོད་པར་བྱའོ། །གཉིས་པ་ལ་གཉིས། སྤྱི་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་བཞི། འདི་དག་འགྲེལ་པ་གང་དུ་བཀོད་པ། གང་ཟག་སུའི་འདོད་པ་ཡིན་པ། གཞུང་གང་ལས་འབྲེལ་དཔྱད་པ། འཆད་ཚུལ་གཞན་དགག་པའོ། །དང་པོ་ནི། ཉི་སྣང་རྣམ་འགྲེལ་རྒྱན་གྱི་སྣང་བ་འགྲེལ་པ་འདི་དང་བཞིར་བྱུང་ཞིང་དེ་ཡང་དང་པོར་འཕགས་པས་བཀོད་ཅིང༌། བཀོད་པའི་སྐབས་ནི་དང་པོ་གསུམ་དུ་དགོས་འགྲེལ་གྱི་ཐད་ཀར་བཀོད་ལ། བཀོད་པའི་ཚུལ་ཡང་ཉི་ཁྲི་འགྲེལ་པ་གཉིས་སུ་རྩོད་ལན་གྱི་གཞུང་གི་མཚམས་འབྱེད་ཚུལ་འདི་དང་མཐུན་ཞིང༌། རྒྱན་སྣང་དུ་ནི་སྤྱིར་གཞན་འཇུག་པའི་ཡན་ལག་ཏུ་དགོས་སོགས་བཞི་བསྙད་དགོས་པ་དང༌། མ་བསྟན་ན་འཇུག་པ་ལྡོག་པ་དང༌། དེ་ཡང་གཞུང་དེ་ཉིད་དང་འབྲེལ་


JLD017_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དམ་པས་འདོད་བྱར་གྱུར་པ་དང༌། དེར་བསྟན་པའི་ཐབས་ཀྱིས་དགོས་པ་དེ་སྒྲུབ་ནུས་པ་ཞིག་བསྟན་དགོས་ཞེས་སྤྱིར་བཤད་ནས། དེ་ལ་ཁ་ཅིག་གཞི་དང༌། གཞན་དག་གཉེན་པོ་དང་ལ་ལ་རྣམ་པ་བརྗོད་བྱ་ཡིན་ནོ་ཞེས་ཕྱོགས་སྔར་བྱས་ནས་ཕྱོགས་དང་པོ་ལྟར་ན་མན་ཆད་ལན་དུ་བྱེད་དོ། །དེ་ལྟ་ན་འདི་དང་རྒྱན་སྣང་གཉིས་འགལ་བར་ཡང་མི་བསམ་སྟེ། འདིར་ཡང་བརྟག་པ་བྱས་པ་ལྟར་ཁས་བླངས་ན་སྐྱོན་འཇུག་པར་འདོད་པས་དེ་མི་འགོག་པའི་ཕྱིར་རོ། །གཉིས་པ་ནི། སྔ་རབས་པ་ཁ་ཅིག་ཐོགས་མེད་དང༌། ཆོས་སྐྱོང་དང༌། ཀླུ་སྒྲུབ་ཀྱི་རྗེས་སུ་ནི་འབྲང་ལ་དེ་དག་གི་ལུང་ལེགས་པར་མི་ཤེས་པ་འགའ་ཞིག་གོ་ཞེས་འདོད་ཀྱང་འགྲིག་སྙམ་པ་མི་སྣང་ངོ༌། །ཁ་ཅིག་དངོས་སུ་འདོད་མཁན་བྱུང་བ་མིན་གྱི་previous hit དོགས next hit་ཁོང་སློང་ཡིན་ཞེས་འདོད་ཀྱང་རྒྱན་སྣང་དང་བསྟུན་ན་དངོས་སུ་བྱུང་པར་གསལ་ལོ། །འོ་ན་མདོ་དང་བསྟན་བཅོས་གང་ལ་ཡིན་ཞེ་ན་མདོ་ཡིན་པར་མངོན་ནོ། །དེ་ལྟ་ན་བསྟན་བཅོས་ལ་previous hit དོགས next hit་འདི་འགོད་པ་ཅི་འབྲེལ་ཞེ་ན། བསྟན་བཅོས་ཀྱི་བརྗོད་བྱ་ཉིད་མདོའི་བརྗོད་བྱ་ཡིན་པའི་ཕྱིར་འབྲེལ་ལོ། །གསུམ་པ་ནི། མཁྱེན་གསུམ་ལ་ཕྱག་འཚལ་སྨོས་པས་མདོའི་བརྗོད་བྱ་མཁྱེན་གསུམ་གྱི་རྒྱན་དུ་གྱུར་པའི་བསྟན་བཅོས་ཤིག་རྩོམ་པར་དམ་བཅས་ཤིང་དེ་ཡང་དགོས་པ་གང་གི་ཕྱིར་སྙམ་པ་ལ་དགོས་འབྲེལ་གྱིས་དགོས་པ་བསྟན་ཏོ། །དེ་ནས་ཅི་མངོན་པར་རྟོགས་པའི་རྒྱན་འདི་གཞི་བསྡུས་པས་སམ། འོན་ཏེ་གཉེན་


JLD017_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྡུས་པས་སམ། དེ་སྟེ་རྣམ་པ་བསྡུས་པས་རྒྱན་དུ་བྱེད་ཅེས། གང་བརྗོད་བྱར་བསྡུས་ནས་རྒྱན་དུ་བྱེད་ཅེས་འདྲི་བའི་ཕྱིར་བརྩམ་པར་དམ་བཅའི་གཞུང་ལ་རྩོད་དོ། །རྒྱན་སྣང་ནི་སྤྱིར་དགོས་སོགས་བཞི་བཀོད་ནས་བརྒྱད་སྟོང་པའི་བརྗོད་བྱ་ལ་previous hit དོགས next hit་གཅོད་པའི་ཕྱིར་དགོས་འབྲེལ་ལ་བརྩད་དོ། །དེ་གཉིས་ལྟར་ན་དགོས་འབྲེལ་གྱི་སྐབས་སུ་བཀོད་ནས་བསྟན་བཅོས་ཀྱི་བརྗོད་བྱ་ལ་previous hit དོགས next hit་གཅོད་པའི་ཕྱིར་རོ་དེའི་གཞུང་དུ་སྡུད་པར་རིགས་སོ། །འགྲེལ་པ་འདི་ལྟར་ན་བདག་ཉིད་ཆེན་པོས་མཆོད་བརྗོད་ཀྱི་གཞུང་ལ་ཡང་སྦྱོར་ལ། འབུམ་པ་དང་ཨར་འགྲེལ་ཆེན་གཉིས་སུ་དགོས་འབྲེལ་ལ་སྦྱར་བ་དང་བརྗོད་བྱ་ངོས་འཛིན་པའི་ཕྱིར་དགོས་འབྲེལ་ལ་ཕྱིར་སྦྱོར་བར་རིགས་ཞེས་འཆད་ཀྱང༌། མཆོད་བརྗོད་ཀྱིས་བརྩམ་པར་དམ་བཅས་པ་ལས་འཕྲོས་ཤིང་དགོས་འབྲེལ་གྱི་མཚམས་སྦྱོར་ཀྱི་སྔོན་དུ་བཀོད་པའི་ཕྱིར་སྔ་མ་རིགས་སོ། །བཞི་པ་ལ་གཉིས། དགག་པ་དངོས་དང༌། རང་ལུགས་བསྟན་པའོ། །དང་པོ་ནི། གལ་ཏེ་རྒྱན་རྩོམ་ན་གཞི་ཕུང་ཁམས་སྐྱེ་མཆེད་ཙམ་མམ། གཉེན་པོ་ལམ་ཙམ་མམ། རྣམ་པ་ཆོས་ཀྱི་བྱེ་བྲག་ཙམ་ཞིག་བརྗོད་བྱར་སྡུད། དང་པོ་ལྟར་ན་མངོན་པ་ནས་མ་བཤད་པ་བཤད་རྒྱུ་མེད་ཅིང་བཤད་པ་སྟོན་ན་རྒྱན་དང་མངོན་པ་ཟློས་སོ། །གཉིས་པ་ལྟར་ན། གཉེན་པོ་འབའ་ཞིག་སྟོན་ན་རྒྱན་ལ་བརྟེན་ནས་སྤང་བྱ་གང་གི་གཉེན་པོ་གང་ཡིན་མི་རྟོགས་ལ། སྤང་བྱ་དང་བཅས་པར་སྟོན་ན་ཉོན་མོངས་སྲེད་པ་ལྟ་བུ་གཅིག་ལ་ཡང༌། བདག་རྐྱེན་


JLD017_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་དྲུག་དམིགས་རྐྱེན་ཡུལ་དྲུག །རྒྱུའི་རྐྱེན་ཀུན་གཞི། གཙོ་བོ་རྣམ་ཤེས་དྲུག །གྲོགས་སེམས་བྱུང་དང་བཅས་པ་སྟོན་དགོས་ལ་དེ་ལ་གཞི་བསྟན་དགོས་པས་སྐྱོན་དང་པོ་ལས་མི་འདའོ། །གསུམ་པ་ལྟར་ན། རྣམ་པ་གཞི་མེད་ཙམ་ཞིག་བསྡུས་ན་སྐྱེས་བུ་ལ་མཁོ་བའི་དོན་མ་བཤད་པར་འགྱུར་ལ། གཞི་བཅས་བསྡུས་ན་གཞི་བསྡུས་པ་ལ་བཀོད་པའི་སྐྱོན་དུ་འགྱུར་རོ། །གསུམ་ག་བསྡུས་ན་བསྟན་བཅོས་ལུས་སུ་གྲུབ་པ་ཞིག་མ་ཡིན་པའམ། སྐྱོན་གསུམ་གར་ཐལ་ལོ་ཞེས་བཀོད་ནས། ལན་དུ། བུ་རམ། ལྒ། ན་ལེ་ཤམ། གསུམ་སོ་སོར་ཟོས་ན་རིམ་པ་ལྟར་བད་ཀན། མཁྲིས་པ། རླུང་རྣམས་སྐྱེད་ཀྱང་དེ་གསུམ་སྦྱར་ནས་ཟོས་ན་ནད་གང་ཡང་མི་སྐྱེ་བ་བཞིན་དུ་གསུམ་ག་བརྗོད་བྱར་བསྡུས་པས་རེ་རེའི་སྐྱོན་གང་ཡང་མེད་དོ། ཞེས་འཆད་དོ། །འདི་ལ་སྨྲ་བར་བྱ་སྟེ། ཅི་ཕྱོགས་སྔ་མར་བརྟག་པ་ཇི་ལྟར་བྱས་པ་དེ་ལྟར་ཁས་བླངས་ན་སྐྱོན་དེ་དག་འོང་ངམ་མི་འོང༌། གཉིས་པ་ལྟར་ན། རྒྱན་གྱི་སྣང་བར་ཕྱོགས་དང་པོ་ལྟར་ན་མན་ཆད་རང་གཞུང་དུ་བྱས་པ་དང་འགལ་བ་དང༌། སྨན་གསུམ་སོ་སོར་ཟོས་ན་ནད་སྐྱེད་པ་ལྟར་བརྟག་པ་གསུམ་སོ་སོར་ཁས་བླངས་ཀྱང་སྐྱོན་མེད་པའི་ཕྱིར་དཔེ་དོན་མི་འགྲིག་པ་དང༌། རང་ཉིད་ཀྱང་མི་འདོད་པ་དང་འདོད་ནའང་གསུམ་པོ་གང་རུང་རེ་རེ་བསྡུས་པའི་སྐྱོན་མེད་དེ། ཞེས་པ་བཞག་ནས་གང་རུང་རེ་རེ་བསྡུས་ན་ཡང་སྐྱོན་མེད་ཅེས་བཤད་དགོས་པར་འགྱུར་བའི་ཕྱིར་མི་འཐད་དོ། །དང་པོ་ལྟར་ན་གཞི་གཉེན་རྣམ་


JLD017_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བརྗོད་བྱར་བསྡུས་པར་རང་ཉིད་ཀྱང་འདོད་བཞིན་དུ་གཞི་མངོན་པ་ནས་བཤད་མ་བཤད་དང༌། གཉེན་པོ་སྤང་བྱ་དང་བཅས་མ་བཅས་དང༌། རྣམ་པ་གཞི་དང་འབྲེལ་མ་འབྲེལ་གཉིས་ཀ་བརྗོད་བྱར་བསྡུས་པ་ལ་སྐྱོན་འགོད་པ་ནི་བཞད་གད་དོ། །གཉིས་པ་ནི། རྒྱན་སྣང་དུ་ཁ་ཅིག་ན་རེ། ཆོས་རྣམ་པར་འབྱེད་པའི་དོན་དུ་གཞི་ཐམས་ཅད་བསྡུས་པ་བརྗོད་པར་བྱ་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི། མི་མཐུན་པའི་ཕྱོགས་སྤང་བར་བྱ་བའི་ཕྱིར་གཉེན་པོའི་ཕྱོགས་མ་ལུས་པ་བསྟན་པར་བྱ་བ་ཡིན་ནོ་ཞེས་ཟེར་རོ། །ལ་ལ་ནི། ཤེས་བྱ་མ་ལུས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རྣམ་པ་མ་ལུས་པ་བསྟན་པར་བྱ་བ་ཡིན་ནོ་ཞེས་ཟེར་རོ། ཞེས་པ་ལྟར་ཤེས་དགོས་སོ། །དེ་དག་གི་དོན་ཡང་ཁ་ཅིག་ནི། མདོས་ཆོས་གསུམ་གྱི་རབ་དབྱེ་རྟོགས་པ་ཙམ་གྱི་ཕྱིར་དུ་དེ་གསུམ་གྱི་གྲངས་མཚན་ཉིད་ངོ་བོའི་རབ་དབྱེ་ཙམ་དང༌། མི་མཐུན་ཕྱོགས་སྤང་བ་ཙམ་གྱི་ཕྱིར་དུ་གཉེན་པོ་མ་ལུས་པ་དང༌། ཤེས་བྱའི་རྣམ་གྲངས་མ་ལུས་པ་ཤེས་པར་བྱ་བ་ཙམ་གྱི་ཕྱིར་དུ་རྫས་བཏགས་ལ་སོགས་པའི་རྣམ་པ་མ་ལུས་པ་བསྟན་པར་འདོད་དོ། །དེ་དག་གི་འཁྲུལ་གཞི་ཡང༌། མདོ་ལས། ཕུང་ཁམས་སྐྱེ་མཆེད་དང༌། ས་དང་ཕར་ཕྱིན་ལ་སོགས་པ་དང༌། དགེ་མི་དགེ། ཟག་པ་ཡོད་མེད། ཁ་ན་མ་ཐོ་བ་དང་བཅས་མ་བཅས་ལ་སོགས་པའི་འགྲེས་དུ་མ་ཞིག་གསུངས་པ་རྣམས་སོ། །དེས་ན་འདིའི་རྣམ་པ་ནི་མངོན་པ་ལས་འབྱུང་བའི་ཆོས་གསུམ་གྱི་དགེ་མི་དགེ་ལ་སོགས་པའི་


JLD017_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་རྣམ་གྲངས་ལ་གཟུང་གི་ཆོས་ཀྱི་བྱེ་བྲག་དང་ཆོས་ཉིད་ལ་མི་བྱའོ། །ཕྱོགས་སྔ་དང་རང་ལུགས་གཉིས་ཀས་གཞི་གཉེན་རྣམ་པ་བསྡུས་པར་འདོད་པར་འདྲ་ཡང་ཁྱད་པར་ནི་སྟོན་ཚུལ་དང་དགོས་པ་ལ་ཡོད་དེ། འདི་ལྟར་ཕྱོགས་སྔའི་འདོད་པ་ནི། བཤད་ཟིན་པ་ལྟར་ཡིན་ལ། རང་ལུགས་ནི། མདོ་དང་དེའི་རྒྱན་གཉིས་ཀྱིས་གཞི་གཉེན་རྣམ་པ་གསུམ་བསྡུས་པ་དེ་རིམ་པ་ལྟར་ཡུལ་ཅན་མཁྱེན་པ་གསུམ་ཤེས་པའི་ཆེད་དུ་ཡིན་ལ། དེ་ཡང་གོལ་ས་དང་རྒྱུ་དང་ཐོབ་བྱར་བསྟན་པའི་ཕྱིར་ཡིན་ནོ། །དེ་ལྟར་ན་དགོས་པ་གང་གི་ཕྱིར་དང༌། ཚུལ་ཇི་ལྟར་གཞི་གཉེན་རྣམ་པ་གསུམ་བསྟན་པའི་ཁྱད་མ་ཕྱེད་པར་དེ་གསུམ་ལ་ཁོ་ནའི་སྒྲ་སྦྱར་བ་ཙམ་ལ་རེ་བས་ནི་རྩོད་ལན་འདི་དག་བསྐལ་པའི་བར་དུ་ཡང་མི་ཤོད་དོ། །གཉིས་པ་ལ་གཉིས། རྩོད་པ་དང་ལན་ནོ། །དང་པོ་ལ་གཉིས། དྲི་བ་དགོད་པ་དང༌། དེ་ལ་སྐྱོན་བརྗོད་པའོ། །དང་པོ་ནི། མཆོད་བརྗོད་ཀྱི་སྐབས་སུ་མཁྱེན་གསུམ་གྱི་སྒོ་ནས་བསྟོད་པས་བརྗོད་བྱ་དང་མཐུན་པའི་བསྟོད་ཕྱག་ཡིན་པའི་ཕྱིར་ཤུགས་ལ་དེ་གསུམ་བརྗོད་བྱར་བྱེད་པའི་བསྟན་བཅོས་རྩོམ་པར་ཁས་བླངས་པ་ལ། ཁ་ཅིག་ན་རེ་སྔར་བཤད་པ་དེ་ལྟར་མས་རིམ་གྱིས་བསྡུས་ཏེ་ཕྱག་འཚལ་བ་དང་བསྟོད་པ་བསྟན་བཅོས་ལུས་ཀྱི་སྔོན་དུ་འགྲོ་བ་མཛད་པའི་ཤུགས་ལ་མདོའི་བརྗོད་བྱ་གཏན་ལ་འབེབས་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་པ་ཞིག་མཛད་པར་


JLD017_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་ན་ནི། མཁྱེན་གསུམ་ངོ་བོའི་སྒོ་ནས་མཚོན་མི་ནུས་པས་ཡུལ་གསུམ་པོ་འདི་འདི་ལྟར་རྟོགས་པ་མཁྱེན་པ་འདིའོ་ཞེས་ཡུལ་དང་འབྲེལ་བར་བསྟན་དགོས་ལ། དེ་ཡང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེད་པའི་ཕྱིར་དུ་ཡུམ་གྱི་མདོས་བརྗོད་བྱ་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་གྲངས་མཚན་ཉིད་ངོ་བོའི་རབ་དབྱེ་ཙམ་དང༌། མི་མཐུན་ཕྱོགས་སྤོང་བ་ཙམ་གྱི་ཕྱིར་དུ་གཉེན་པོའི་ཕྱོགས་མ་ལུས་པའམ། བྱང་ཆུབ་གསུམ་གྱི་ལམ་ཙམ་དང༌། ཤེས་བྱའི་ཆོས་ཀྱི་རྣམ་གྲངས་མ་ལུས་པ་ཤེས་པའི་ཕྱིར་དུ་རྫས་བཏགས་ལ་སོགས་པའི་རྣམ་པའི་རབ་དབྱེ་ཙམ་ཞིག་བརྗོད་བྱར་བསྡུས་སོ་ཞེས་འདོད་ཚུལ་གསུམ་བྱུང་བ་རྣམས་ལས་འདིར་བསྟན་བཅོས་ཀྱིས་དེ་གསུམ་གང་ཡང་རུང་བ་ཞིག་སྟེ་གང་བརྗོད་བྱར་བསྡུས་པས་ཡུམ་གྱི་རྒྱན་དུ་མཛད།གཉིས་པ་ནི། དེ་གསུམ་གང་འཆད་ཀྱང་འདི་ཡུམ་གྱི་རྒྱན་དུ་མི་འགྱུར་ཏེ། བརྟག་པའི་ཕྱོགས་དང་པོ་ལྟར་ན་ནི་ཆོས་མངོན་པ་ལས་རྒྱན་ལོགས་སུ་གསུངས་པའི་འབད་པ་དོན་མེད་པ་ཡིན་པར་འགྱུར་ཏེ། ཆོས་གསུམ་གྱི་གྲངས་མཚན་ཉིད་ངོ་བོའི་རབ་དབྱེ་ཙམ་ཞིག་བསྟན་པས་སོ། །ཁྱབ་པ་ཡོད་དེ། དེ་ལྟ་ན་གྲུབ་ཟིན་བསྒྲུབས་པར་འགྱུར་བའི་ཕྱིར་ཏེ། ཤེར་ཕྱིན་རྒྱན་འདི་ལས་ནི་རང་སྤྱིའི་མཚན་ཉིད་ཀྱི་དབྱེ་བ་སྟོན་པས་མཚན་ཉིད་ཀྱི་བསྟན་བཅོས་ཏེ་མངོན་པའི་སྡེ་སྣོད་དག་ལས་མི་སྨོས་པའི་གཞི་གང་ཡིན་པ་དེ་འབྱུང་བ་མེད་ཟེར་ཡང༌། མངོན་པ་ནས་གཞི་ཇི་ལྟར་བསྟན་པ་དེ་ལྟར་བཤད་པའི་ཕྱིར་ཞེས་པའོ། །དེའི་ཕྱིར་མངོན་པ་དང་ཟློས་པའི་སྐྱོན་ཡང་ཡོད་དོ། །


JLD017_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གཞི་འཆད་ཚུལ་ལ་སྦྱར་ན་ཟློས་པ་ཡོད་ལ་བཤད་བྱ་ལ་སྦྱར་ན་ཁོ་ན་སྨོས་ཀྱང་ཟློས་པར་སྒྲུབ་མི་ནུས་ཏེ། མངོན་པར་བཤད་པའི་ཆོས་གསུམ་གྱིས་ཤེས་བྱ་ཐམས་ཅད་བསྡུས་པས་སོ། །ཡང་ན་འདིར་ལོག་རྟོག་མདོ་ལ་བྱུང་བ་དང་འདོད་ཚུལ་གསུམ་པོ་དེ་མདོའི་བརྗོད་བྱ་མིན་པར་བསྟན་པ་ཉིད་ཀྱིས་བསྟན་བཅོས་ཀྱི་བརྗོད་བྱ་མིན་པ་ཡང་རྟོགས་པའི་ཕྱིར། རྒྱན་སྦྱར་བའི་འབད་པ་དོན་མེད་ཅེས་དང༌། ཤེར་ཕྱིན་དེ་རྒྱན་ཞེས་རིགས་བྱིན་འཆད་ཀྱང་མདོ་ལ་བཟུང་ན་ཡང་སྐབས་སུ་བབ་སྟེ་ཉི་སྣང་དང་རྣམ་འགྲེལ་ལས་ཀྱང་མདོ་ལས་ཞེས་པས་སོ། །བརྟག་པ་གཉིས་པ་ལྟར་ན་ལམ་འདི་བསྒོམ་པར་བྱ་ཞེས་བསྟན་ཀྱང་ལམ་འདི་སྤང་བྱ་གང་གི་གཉེན་པོ་ཡིན་པ་ཁོང་དུ་ཆུད་པར་མི་འགྱུར་ཏེ། ཀུན་ནས་ཉོན་མོངས་པའི་དངོས་པོ་གཟུང་འཛིན་དུ་རྟོག་པ་སོགས་བརྗོད་བྱར་མ་བསྡུས་པས་ཏེ་གཉེན་པོ་རྣམ་པར་བྱང་བའི་དངོས་པོ་ལམ་གསུམ་ཙམ་ཞིག་བསྡུས་པའི་ཕྱིར་རོ། །དེས་ན་སྤང་གཉེན་གང་ཡིན་རྟོགས་པ་མེད་པའི་ཉེས་པར་འགྱུར་རོ། །འདི་དང་འོག་མ་གཉིས་ཀྱི་ཡང་སྒྲས་འབད་པ་དོན་མེད་བསྡུ་བ་རུ་སྦྱར་ཡང་བརྟག་པ་སྔ་མ་སྔ་མ་ལ་སྐྱོན་ཡོད་པར་མ་ཟད་པའོ། །བརྟག་པ་གསུམ་པ་ལྟར་ན་འདིར་མེད་ཀྱང་འགྲེལ་ཆེན་དུ་འབྱུང་བས་བརྟག་པ་གཉིས་བྱ་སྟེ། རྣམ་པ་གཞི་བཅས་སམ་གཞི་མེད་ཅིག་སྟོན། དང་པོ་ལྟར་ན་རྣམ་པ་སྟོན་པ་ན་གཞི་ཡང་བསྟན་དགོས་པས་མངོན་པ་དང་ཟློས་སོ། །འོ་ན་རང་ལུགས་ལ་ཡང་རྣམ་པ་གཞི་བཅས་སུ་བསྟན་


JLD017_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར་ཟློས་པར་འགྱུར་ཞེ་ན། རྣམ་པ་གཉིས་མིང་མཚུངས་ཀྱང་དོན་མི་འདྲ་སྟེ། ཁོའི་ལུགས་ཀྱིས་ཕུང་སོགས་ཀྱི་རྣམ་པའི་རབ་དབྱེ་ལ་འདོད་པས་ཟློས་སྐྱོན་ཡོད་ལ་རང་ལུགས་ནི་བདེན་བཞི་དང་མཁྱེན་གསུམ་གྱི་ཆོས་ལ་འདོད་པས་སོ། །གཉིས་པ་ལྟར་ན། གཞིའི་དོན་རྟོགས་པ་སྟེ་ཐོབ་པ་མེད་པར་ཐལ། རྣམ་པ་གཞི་མེད་པ་རྟོག་པས་བཏགས་པ་ཙམ་ཞིག་བསྡུས་པའི་ཕྱིར་རོ། །འདོད་ན་སྐྱེས་བུ་ལ་མཁོ་བའི་དོན་ཅུང་ཟད་ཀྱང་མ་བཤད་པར་ཐལ། འདོད་པ་དེ་བས་སོ། །དེ་ཡང་འདོད་ན་དེའི་ཕྱིར་ཡུམ་གསུངས་པ་ལ་དོན་ནམ་དགོས་པ་མེད་པ་ཡིན་ནོ་སྙམ་དུ་ཟུར་ན་གནས་པའི་རྒོལ་བ་དཔྱོད་ལྡན་གཞན་དག་སེམས་ཤིང་previous hit དོགས་པར་འགྱུར་བ་མིན་ནམ་སྟེ་ཡིན་ནོ་ཞེ་ན་ཞེས་ next hit་སྟེ། མདོར་ན་དང་པོ་ལྟར་ན་བཤད་མི་དགོས་པ་བཤད་པ་དང་ཕྱི་མ་གཉིས་ལྟར་ན་བཤད་དགོས་པ་མ་བཤད་པའི་ཉེས་པ་ཡོད་པར་སྟོན་པའོ། །འདིར་གཞན་དག་ཅེས་པ་དང་ཕྱོགས་གསུམ་རེ་རེ་བསྡུས་པར་འདོད་པའི་རྒོལ་བ་གཉིས་མི་གཅིག་སྟེ་སྔ་མས་ནི་འདོད་པ་དེ་དག་ལ་སྐྱོན་བརྗོད་པས་སོ། །གཉིས་པ་ལ་བཞི། ལན་དངོས། ཤེས་བྱེད་ཀྱི་ཁུངས་དགོད། སྡུ་བྱེད་གསུམ་ངོས་གཟུང༌། དེ་དག་གིས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི། རྒྱན་གྱིས་ནི་རང་སྤྱིའི་མཚན་ཉིད་ལ་མཁས་པ་ཙམ་ལ་སོགས་པའི་ཕྱིར་དུ་གཞི་གཉེན་རྣམ་པ་ཕྱོགས་རེ་བརྗོད་བྱར་བསྡུས་ནས་ཡུམ་ཕྱོགས་རེ་བའི་རྒྱན་དུ་བྱེད་པ་དེ་ནི་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། གཞི་གཉེན་རྣམ་པའི་ཕྱོགས་གསུམ་


JLD017_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་གྱི་དོན་རྣམས་བརྗོད་བྱར་བསྡུས་པའི་སྒོ་ནས་ཀྱང་མཁྱེན་པ་གསུམ་གའི་རྒྱན་དུ་བྱེད་པའི་ཕྱིར་རོ། །དོན་ནི་མཁྱེན་གསུམ་ཤེས་པའི་ཕྱིར་དུ་གསུམ་ཆར་བསྡུས་ཞེས་པའོ། །ཀྱང་ནི་གཞི་བསྡུས་པས་གཞི་ཤེས་ཀྱི་རྒྱན་དུ་བྱེད་པའམ་དེ་གསལ་བར་བྱེད་པར་མ་ཟད་ཅེས་པའི་ཚུལ་གྱིས་ཕན་ཚུན་བསྡུ་བའོ། །ཁྱབ་པ་ཡོད་དེ། ཅིའི་ཕྱིར་ཞེ་ན། མཁྱེན་གསུམ་གྱིས་ཉན་རང་དང་བྱང་སེམས་དང་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་བསྡུས་པས་ན་མཁྱེན་གསུམ་ཀྱི་རྒྱན་དུ་གྲུབ་ན་ཡུམ་མཐའ་དག་གི་རྒྱན་དུ་གྲུབ་བོ། །གོ་རིམས་ཇི་ལྟ་བ་བཞིན་ནི་མངོན་རྟོགས་བཞི་དང་མཁྱེན་གསུམ་སོ་སོ་སྦྱོར་བའོ། །འདིར་རྒྱན་དེ་ནི་ཞེས་དང་རྒྱན་གྱིས་ཕྱོགས་གསུམ་ཆར་བསྡུས་ཤིང༌། དེས་མཁྱེན་གསུམ་དང་དེས་སྲས་བཞིའི་མངོན་རྟོགས་བསྡུས་པའི་ཕྱིར་གང་རུང་རེ་རེ་བསྡུས་པའི་སྐྱོན་མེད་ཅེས་སྨྲ་བའི་སྔ་མ་མི་འཐད་པ་རྟོགས་སླ་ཞིང་ཕྱི་མ་ལྟར་ན་ཡང་རྟགས་ཆོས་མ་འབྲེལ་ལོ། །གཞུང་འདི་མཐའ་གཅོད་ལུགས་སྤྱི་དོན་ལྟར་དང༌། འབྲུ་གཉེར་ཚུལ་ཚིག་དོན་གྱི་སྐབས་འདི་ལྟར་འཆད་ཤེས་པ་ཡང་དཀོན་པར་སྣང་ངོ༌། །གཉིས་པ་ནི། གང་ཟག་བཞིའི་མངོན་རྟོགས་རྣམས་མཁྱེན་གསུམ་གྱིས་བསྡུས་པར་ཅིས་གྲུབ་ཅེ་ན། འདི་ལ་གསུམ། ཡུམ་བར་མ་དང༌། བསྡུས་པ་དང༌། རྒྱས་པ་ཁུངས་སུ་དགོད་པའོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། མཁྱེན་གསུམ་གྱིས་མངོན་རྟོགས་མཐའ་


JLD017_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དག་བསྡུས་ཚུལ་འདི་ལྟར་རྒྱལ་བའི་ཡུམ་བར་མ་ཉི་ཁྲི་ལྔ་སྟོང་པ་ལས་ཉན་ཐོས་ཉོན་མོངས་པ་མེད་པ་རྣམས་ཀྱི་ནང་ནས་མཛེས་ཤིང་མཆོག་ཏུ་གྱུར་པས་རབ་སེམས་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་ཡོད་པས་འབྱོར་པ་སྟེ་དེ་ལ་བོས་ནས་གསུངས་སོ། །ཇི་ལྟར་ན། ཉན་རང་རྣམས་ཀྱི་མངོན་རྟོགས་ནི་ཐམས་ཅད་ཤེས་པ་ཉིད་ཡིན་ནོ། ཞེས་རྣམ་པར་སྦྱར་ཏེ་གཞན་གཉིས་ལ་ཡང་དེ་བཞིན་དུའོ། །གཉིས་པ་ལ་གསུམ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དྲི་བ་ནི། བཅོམ་ལྡན་འདས་ཞེས་བོས་ནས་ཉན་རང་གི་མངོན་རྟོགས་ནི་རྒྱུ་མཚན་ཅིའི་སླད་དུ་ཐམས་ཅད་འཚལ་བ་སྟེ་ཤེས་པ་ཉིད་ལགས་ཞེས་པ་སྟེ། འོག་མ་གཉིས་ལ་ཡང་དེ་ལྟར་རོ། །ལན་ནི། མདོ་ལས་བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་པོ་འདི་དག་གོ་ཞེས་པ་ལྟར་ཡུལ་ཐམས་ཅད་ནི་མིག་སོགས་ནང་གི་སྐྱེ་མཆེད་དྲུག་དང་གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་གི་ཆོས་རྣམས་ཇི་སྙེད་པ་སྟེ་གྲངས་འདི་ཙམ་ཡིན་ལ་དེ་དག་ཀྱང་ཉན་རང་རྣམས་ཀྱིས་རིམ་པ་ལྟར་གང་གི་བདག་མེད་དང་བདག་མེད་ཕྱེད་དང་གཉིས་ཙམ་དུ་ཤེས་ཀྱི་ལམ་གསུམ་པོ་ཐམས་ཅད་ཀྱི་རྟོགས་རིགས་རྒྱུད་ལ་སྐྱེད་པའི་སྒོ་ནས་ཀྱང་ཤེས་པ་མིན་ལ་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཐམས་ཅད་མངོན་སུམ་དུ་ཤེས་པ་ཡང་མ་ཡིན་པས་དེའི་ཕྱིར་ཉན་རང་རྣམས་ཀྱི་མངོན་རྟོགས་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱ་སྟེ། མཁྱེན་པ་ཡིན་ལ་ལམ་ཤེས་དང་རྣམ་མཁྱེན་མ་ཡིན་པའི་ཕྱིར་རོ། །ཙམ་


JLD017_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི་ལམ་དང་རྣམ་པ་ཡུལ་ཡིན་པའམ་གང་ཟག་གི་བདག་འགོག་ལ། ཀྱང་སྔ་མ་ནི་བསྣན་པ་དང་ཕྱི་མ་གཉིས་ནི་ཕན་ཚུན་བསྡུ་བའོ། །གཉིས་པ་ལ་གཉིས་ལས། དྲི་བ་ནི་བཅོམ་ནས་ལགས་ཀྱི་བར་རོ། །ལན་ནི་ཤེས་བྱའི་ཡུལ་ལམ་ནི་གང་ཟག་གི་བདག་མེད་རྟོགས་པ་ཉན་ཐོས་ཀྱི་ལམ་དང་དེའི་སྟེང་དུ་གཟུང་མེད་རྟོགས་པ་རང་རྒྱལ་གྱི་ལམ་དང་བདག་མེད་གཉིས་ཀ་རྟོགས་པ་སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་དོ། །ལམ་དེ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པར་བྱེད་པའི་ཚུལ་ནི་དང་པོར་ལམ་གསུམ་གྱི་སྤངས་རྟོགས་ཀྱི་རིགས་རང་རྒྱུད་ལ་སྔར་མ་སྐྱེས་པ་ཐམས་ཅད་སྐྱེད་པར་བྱ་ཞིང་དེས་འདུལ་བའི་གདུལ་བྱ་མ་རྟོགས་པ་རྣམས་ཀྱིས་རྟོགས་པའི་ཕྱིར་དུ་ལམ་གསུམ་པོ་ཐམས་ཅད་གཞན་ལ་སྟོན་པའི་ཚུལ་རྣམས་ཤེས་པར་བྱའོ། །ལམ་གསུམ་གྱི་རྟོགས་རིགས་དེ་དག་ཀྱང་སྐྱེད་པ་ཙམ་དུ་མ་ཡིན་པར་ཡོངས་སུ་རྫོགས་པར་བྱ་ཞིང་ཤེས་པར་བྱས་ནས་ཀྱང་བྱང་སེམས་དེ་དག་གིས་ལམ་གྱི་བྱ་བ་ཡང་བྱ་ལ་སྟེ། གདུལ་བྱ་རྣམས་ལ་དེ་དག་གི་དམིགས་པ་དང་རྣམ་པ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱའོ། །ཚུལ་དེས་གཞན་དོན་བྱེད་པ་དེ་ཡང་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་མཐུས་ཇི་སྲིད་སྨོན་ལམ་ཡོངས་སུ་རྫོགས་པར་མ་བྱས་པ་དང༌། སེམས་ཅན་རྣམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་མ་བྱས་པ་དང༌། བདག་ཉིད་མ་འོངས་པ་ན་འཚང་རྒྱ་བའི་སངས་རྒྱས་ཀྱི་སྣོད་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར་བྱང་སེམས་དེ་


JLD017_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་རང་དོན་དུ་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་དེའི་ཕྱིར་བྱང་སེམས་རྣམས་ཀྱི་མངོན་རྟོགས་ནི་ལམ་ཤེས་པ་ཉིད་ཅེས་བྱའོ། །དེ་ལ་སྨོན་ལམ་རྫོགས་པ་ནི། གཞན་དོན་འབད་མེད་དུ་འགྲུབ་པར་གྱུར་ཅིག་ཅེས་པ་གྲུབ་པའོ། །སེམས་ཅན་སྨིན་པར་བྱས་པ་ནི། རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །གཟག་དང་སྦྱད་དུ་རུང་བ་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང༌། །དེ་བཞིན་སྦྱད་པ་ཉིད་དུ་སྨིན་པ་བསྟན། ཞེས་རྨའི་སྨིན་པ་བརྟོལ་རན་པ་དང༌། ཟས་ཤིང་ཐོག་ལྟ་བུའི་སྨིན་པ་སྦྱད་རུང་ཡིན་པ་དེ་བཞིན་དུ་སེམས་ཅན་གྱི་རྟེན་རྨ་དང་ཁ་ཟས་ལྟ་བུ་འདིར་ཡང་རྣག་གཟག་པ་ལྟ་བུར་མི་མཐུན་ཕྱོགས་ཞི་བ་དང༌། སྦྱད་རུང་ལྟ་བུར་གཉེན་པོའི་ཕྱོགས་སྦྱད་པའི་རྟེན་དུ་རུང་བ་ཞེས་པ་ལྟ་བུའོ། །རྣམ་པ་གཅིག་ཏུ་ན་གཞན་དོན་ཅི་ཙམ་ཞིག་ལ་འབད་པས་འཚང་རྒྱ་བའི་གཞན་དོན་དེ་དག་རྫོགས་པར་བྱས་པའོ། །ཞིང་སྦྱོང་བ་ནི་རང་གི་སེམས་སྦྱོང་བ་ཡིན་ཏེ། དེ་ཡང་ཞིང་གི་རྒྱུར་ཚོགས་བསགས་ནས་སྨོན་ལམ་འདེབས་པའོ། །འདི་སྣོད་ཀྱི་ཞིང་ལ་བྱ་སྟེ་བཅུད་ཀྱི་ནི་སེམས་ཅན་སྨིན་པར་བྱེད་པ་ཡིན་པས་སོ། །འདིར་ཅུང་ཟད་ཅིག་མཐའ་དཔྱད་ན། ཡུལ་ལམ་གསུམ་པོ་དེ་མཚན་ཉིད་པ་ཡིན་མིན། དེ་དག་གི་སྤངས་རྟོགས་གང་དུ་རྫོགས། དམིགས་བསལ་གྱི་དོན་བརྟག་པ། ཡང་དག་མཐའ་ངོས་གཟུང་བ་དང་བཞིས་རིག་པར་བྱའོ། །དེ་ལ་དང་པོ་ནི། བསྐྱེད་བྱར་བཤད་པའི་ལམ་འོག་མ་གཉིས་


JLD017_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པ་བ་དང༌། ཤེས་བྱར་བཤད་པའི་ལམ་གསུམ་གའང་མཚན་ཉིད་པའོ། །གཉིས་པ་ནི། ཁ་ཅིག་ན་རེ་ཉི་སྣང་ལས། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཞེས་གསུངས་པ་ཡིན་ཏེ། དེ་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། ཞེས་འབྱུང་བའི་ཕྱིར། ཉན་རང་གི་སྤངས་རྟོགས་ས་དང་པོར་རྫོགས་པར་འཕགས་པ་བཞེད་ཅེས་སྨྲ་བ་ནི་མི་འཐད་དེ། ལུང་དེའི་འཕྲོས་ཉིད་ནས་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་དུ་ཉན་ཐོས་ཀྱི་རྟོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་དང༌། སྒྲུབ་པ་ལ་གདམས་པའི་སྐབས་སུ་ཡང་མདོ་དེ་ཤེས་བྱེད་དུ་དྲངས་ནས་ཉན་རང་རྣམས་ལས་རྟོགས་པ་ཁྱད་པར་ཞུགས་པར་བསྟན་པ་དང༌། གཞི་ཤེས་སུ་ཡང་བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱི་རྟོགས་པའི་བྱེད་པ་མ་ལུས་པ་འདུས་པར་འགྱུར་བའི་ཕྱིར་དེ་དག་གི་ཤེས་པ་དང་སྤངས་པ་གང་ཡིན་པ་དེའི་བཟོད་པ་ཡིན་གྱི་རྟོགས་པའི་ཆ་འདི་ཙམ་མ་ཡིན་ནོ་ཞེས་གསུངས་པས་མཐོང་ལམ་དུ་རྟོགས་པ་རྫོགས་པའི་ཤེས་བྱེད་དུ་འགྲིག་གི་སྤོང་བའི་དོན་བཤད་པ་མི་སྣང་བས་དེ་གང་དུ་རྫོགས་དེས་མི་ཤེས་སོ། །ཡང་ཁ་ཅིག་ཐེག་དམན་གྱི་རྟོགས་པ་ས་དང་པོར་རྫོགས་ལ་སྤངས་པ་ས་བརྒྱད་པར་རྫོགས་ཏེ། ཡུམ་གསུམ་གནོད་འཇོམས་ལས།


JLD017_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དད་པས་རྗེས་སུ་འབྲང་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བ་དང༌། དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་མི་སྐྱེ་པའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ནི་དགྲ་བཅོམ་པར་བསྟན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགྲ་བཅོམ་པའི་ལམ་གྱི་འབྲས་བུའི་ཤེས་པ་རྣམས་དང་ཉོན་མོངས་པ་ཐམས་ཅད་སྤངས་པ་རྣམས་ནི་ས་བརྒྱད་པ་ལ་ཞུགས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཙམ་ཉིད་ཀྱིས་མཐར་གཏུགས་པར་འགྱུར་ཏེ། དེ་དག་གི་ཤེས་པ་དང་སྤོང་བ་ནི་བཟོད་པ་དེ་ལས་ལྷག་པ་མེད་དོ་དེ་ཕན་ཆད་ནི་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་མེད་པའོ་ཞེས་ཤེས་བྱེད་དུ་འདྲེན་ནོ། །འདི་མི་འཐད་དེ། ལུང་དེས་སྤངས་པ་ས་བརྒྱད་པར་མཐར་ཐུག་པར་བཤད་པ་ལྟར་དུ་ཉན་རང་གི་རྟོགས་པ་ཡང་དེར་རྫོགས་པར་བཤད་པས་སོ། །དེས་ན་རང་གི་ལུགས་ནི་ཉོན་སྒྲིབ་སྤངས་པ་ས་བརྒྱད་པར་རྫོགས་ཏེ། དེ་ནས་ཉོན་ཡིད་གཏན་མི་འབྱུང་བའི་ཚུལ་གྱིས་གནས་གྱུར་པའི་ཕྱིར་རོ། །གང་ཟག་གི་བདག་མེད་རྟོགས་པ་ས་དང་པོར་རྫོགས་ཏེ། དེར་བདག་མེད་མཐའ་དག་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །དེས་ནས་ལྷག་མར་དེའི་གོམས་པ་ཁྱད་པར་དུ་འགྲོར་ཡོད་ཀྱང་སྔར་མ་རྟོགས་པ་རྟོགས་པར་བྱར་མེད་དེ། དཔེར་ན་ཤར་རིའི་རྩེར་ཉི་མ་ཤར་མ་ཐག་པའི་ཚེ་དཀྱིལ་འཁོར་ཡོངས་སུ་རྫོགས་ཀྱང་བགྲོད་པ་མ་རྫོགས་པ་བཞིན་ནོ། །ཐེག་ཆེན་གྱི་


JLD017_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བ་རྟོགས་པ་ནི་ས་དང་པོར་རྫོགས་ཏེ། དེར་ཆོས་དབྱིངས་ཀུན་ཏུ་འགྲོ་བ་མཐའ་དག་མངོན་སུམ་དུ་རྟོགས་པས་སོ། །ཇི་སྙེད་པ་རྟོགས་པ་དང་ཤེས་སྒྲིབ་སྤངས་པ་གཉིས་ནི་སངས་རྒྱས་པ་ན་རྫོགས་ཏེ། སྔ་རོལ་དུ་དེ་དག་རྫོགས་ན་ཉེས་པ་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡང་ཡིན་པའི་སློབ་པ་ཡོད་པར་འགྱུར་རོ། །གསུམ་པ་ནི། གཞུང་འདི་ལ་དམིགས་བསལ་གྱི་རྣམ་གཞག་བྱེད་པ་ནི་མི་འཐད་དེ། སྤྱིར་བཏང་དང་དམིགས་བསལ་ནི་དཔེར་ན་ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་སྤྱིར་བཏང་ནས་གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟར་སྟེ་ཞེས་ཀུན་དགའ་བོ་དམིགས་ཀྱིས་བསལ་བ་ལྟར་ཡོད་པ་དང་ཡིན་པ་སྤྱིར་བཏང་ནས་མེད་པ་དང་མིན་པ་དམིགས་ཀྱིས་བཀར་ནས་སྟོན་པས་དེ་གཉིས་སྒྲས་ཟིན་ལ་བྱེད་ཅིང་འགལ་བ་ནི་གཞུང་ལུགས་པ་སྤྱིའི་ལུགས་ཡིན་ན། འདིར་ནི་མངོན་དུ་མི་བྱེད་པ་སྤྱིར་བཏང་ཡིན་ན་བཟློག་པ་གསུམ་དམིགས་བསལ་ཡིན་དགོས་པས་དམིགས་བསལ་སྒྲས་མ་ཟིན་ལ། སྒྲས་ཟིན་ཚོད་གསུམ་དམིགས་བསལ་ཡིན་ན་མངོན་དུ་བྱེད་པ་སྤྱིར་བཏང་ཡིན་དགོས་པས་སྤྱིར་བཏང་སྒྲས་མ་ཟིན་ཞིང༌། དངོས་བསྟན་གཉིས་སྤྱིར་བཏང་དང་དམིགས་བསལ་ཡིན་ན་དམིགས་བསལ་སྤྱིར་བཏང་དུ་སོང་བའི་སྐྱོན་ཡོད་དོ། །དེ་ལྟར་ན་ཟས་མ་ཞུའི་བར་དུ་སྨན་མི་ཟ་ཞེས་བརྗོད་པ་ན་ཤུགས་ཀྱིས་ན་སྨན་ཟ་བའི་དུས་ཟས་ཞུ་བའི་ཚེར་གོ་བ་ལྟར། རྫོགས་སྨིན་མ་སྦྱངས་བར་དུ་ཡང་དག་མཐར་མངོན་དུ་མི་


JLD017_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅེས་བསྟན་པ་ན་ཤུགས་ཀྱིས་ན་མངོན་དུ་བྱ་བའི་དུས་རྫོགས་སྨིན་སྦྱངས་པར་གོ་བས་ངག་གཅིག་གི་དངོས་ཤུགས་ལ་སྤྱིར་བཏང་དང་དམིགས་བསལ་སྦྱོར་བ་ཁྱེད་ནི་གསུང་རབ་ཀྱི་བརྡ་ལ་འདྲིས་པ་ཞིག་གོ །བཞི་པ་ནི། ཡང་དག་མཐའ་འདི་ལ་ཁ་ཅིག་ངོ་བོ་ཉིད་སྐུ་དང༌། གཞན་དག་ཆད་པའི་མྱང་འདས་ཡིན་ཞེས་འདོད་དོ། །དེ་ལ་དང་པོ་མི་འཐད་དེ། འདིའི་འགྲེལ་པའི་འབུམ་གྱི་གནོད་འཇོམས་ལས། སེམས་ཅན་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་དག་པར་བྱ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་རྫོགས་པར་བྱས་ནས་མངོན་དུ་བྱས་པ་ལ་ཉེས་པ་མེད་ཀྱི། དེ་ལྟར་མ་ཡིན་པར་ཉན་ཐོས་དང་རང་སངས་རྒྱས་ལས་བར་མ་དོར་ཡང་དག་པའི་མཐའ་མངོན་དུ་མི་བྱའོ་ཞེས་བར་མ་དོར་མངོན་དུ་བྱས་ན་ཉན་རང་དུ་ལྟུང་བར་གསུངས་པའི་ཕྱིར་རོ། །ཕྱོགས་གཉིས་པ་ཡང་མི་འཐད་དེ། རྣམ་མཁྱེན་ངོས་བཟུང་བར་ཡང་དག་མཐའ་མངོན་དུ་བྱས་པར་འཆད་པའི་ཕྱིར་རོ། །མདོ་ལས་ཀྱང༌། བྱང་ཆེན་ཡུམ་ལ་སྤྱོད་པ་ཐབས་མཁས་པས་ཡོངས་སུ་བཟུང་བ་ཡང་ཇི་སྲིད་དུ་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མ་གྱུར་པ་དེ་སྲིད་དུ་ཡང་དག་པའི་མཐའ་དམ་པ་མངོན་དུ་མི་བྱེད་དོ། །ནམ་དགེ་བའི་རྩ་བ་དེ་དག་བླ་མེད་རྫོགས་བྱང་དུ་ཡོངས་སུ་སྨིན་པར་གྱུར་པ་དེ་ན་ཡང་དག་པའི་མཐའ་དམ་པ་མངོན་དུ་བྱེད་དོ་ཞེས་གསུངས་པས་སོ། །འོ་ན་ཅི་ཞེ་ན། དབུས་མཐའ་ལས། སྟོང་པ་


no previousཤོག་ལྷེབ་ ༡ ནས་ ༡༠༠ བར།next