ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
ཆུང་ངུའི་ཆུང་ངུའི་གཉེན་པོ་ཡིན་པས་སོ། །འབྲས་བུ་བར་པ་གཉིས་ལ་ཡང་ཐོད་རྒལ་བའི་སྐབས་ཡིན་ན་དེ་གཉིས་དངོས་སུ་འཐོབ་བྱེད་འདས་ལམ་ཡིན་ཏེ། ལམ་ལ་རྗེས་བཟོད་ཡིན་པས་སོ། །རིམ་གྱིས་པ་གཉིས་ཡིན་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀས་འཐོབ་པ་སྲིད་དེ། བཅུ་དྲུག་པ་ཐོབ་རྗེས་སུ་ལམ་ཟག་མེད་ཀྱིས་དྲུག་པ་དང་དགུ་པ་སྤངས་ན་དེ་དངོས་སུ་འཐོབ་བྱེད་འདས་ལམ་དང༌། ཞི་རགས་ཀྱི་རྣམ་པ་ཅན་གྱིས་དེ་གཉིས་སྤངས་ན་འཇིག་རྟེན་པའི་ལམ་གྱིས་འབྲས་བུ་དེ་གཉིས་དངོས་སུ་འཐོབ་སྟེ། འདོད་པའི་སྒོམ་སྤང་ནི་ལམ་གཉིས་ཀས་ཀྱང་སྤང་ནུས་པའི་ཕྱིར་རོ། །འཇིག་རྟེན་པའི་ལམ་གྱིས་འཐོབ་པ་ཡང༌། རང་འགྲེལ་ལས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ། དེ་ཡང་འཇིག་རྟེན་པའི་ལམ་གྱིས་འཐོབ་ན་ནི། དེ་དད་པ་ལ་སོགས་པ་ལྔ་དང་བཏང་སྙོམས་དང་ཡིད་ཀྱི་དབང་པོ་དང་དབང་པོ་བདུན་དག་གིས་འཐོབ་བོ། །འོན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ནི་དེ་དབང་པོ་བརྒྱད་དག་གིས་འཐོབ་སྟེ། བརྒྱད་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ནོ། ཞེས་སོ། །དེའི་ཕྱིར་རིམ་གྱིས་པ་ཡིན་ན་ལམ་ཟག་མེད་ཀྱིས་སྤང་བྱ་སྤོང་བ་དགོས་ཞེས་པ་ནི་ཞིབ་ཏུ་མ་བརྟགས་པའོ། །གཉིས་པ་ནི། རྒྱུན་ཞུགས་དང་ཐོད་རྒལ་བའི་འབྲས་བུ་གཉིས་ནི་བཅུ་དྲུག་པ་ཐོབ་པ་དང་དུས་མཉམ་ཉིད་དུ་ཐོབ་པས་ཁྱབ་བོ། །དེ་ཡང་མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དྲུག་པའམ་དགུ་པ་
ངེས་པར་སྤངས་པ་གཅིག་གིས་བཅུ་དྲུག་པ་ཐོབ་པ་དང་མཉམ་དུ་ཕྱིར་འོང་དང་ཕྱིར་མི་འོང་ཐོབ་ལ། དྲུག་པ་མ་སྤངས་ན་ལྔ་མན་ཆད་སྤངས་ཀྱང་བཅུ་དྲུག་པ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཁོ་ན་འཐོབ་བོ། །དེའི་ཕྱིར་ན་ཐོད་རྒལ་བ་འདིའི་ཕྱིར་འོང་དང་ཕྱིར་མི་འོང་གཉིས་རིམ་པ་ལྟར་རྒྱུན་ཞུགས་དང་ཕྱིར་འོང་སྔོན་དུ་མ་བཏང་བས་སོ་སོར་འབྲས་བུ་དང་པོ་ཡིན་ཏེ། རང་འགྲེལ་ལས། གལ་ཏེ་འབྲས་བུ་དང་པོ་ཐོབ་པའི་ཕྱིར་རོ་ཞེ་ན། ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་དང༌། འདོད་པ་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་པར་འགྱུར་རོ། ཞེས་སོ། །མཐར་གྱིས་པའི་འབྲས་བུ་བར་པ་གཉིས་ནི་བཅུ་དྲུག་པ་ཐོབ་རྗེས་སུ་མངོན་དུ་བྱེད་པས་ཁྱབ་ལ་དེ་ཡང་རིམ་པ་ལྟར་འདོད་པའི་སྒོམ་སྤང་དྲུག་པ་དང༌། དགུ་པ་སྤངས་པ་དང་དུས་མཉམ་དུ་འཐོབ་བོ། །དེ་ལྟར་ན་མཐར་གྱིས་པ་ལ་ནི་གཅིག་ནས་ལྔའི་བར་མཐོང་ལམ་གྱི་སྔོན་དུ་སྤངས་པ་སྲིད་ཀྱང་དྲུག་པ་དང་དགུ་པ་ནི་བཅུ་དྲུག་པའི་རྗེས་སུ་སྤོང་བས་ཁྱབ་ལ། ཐོད་རྒལ་བ་ནི་དེ་གཉིས་མཐོང་ལམ་གྱི་སྔོན་དུ་སྤོང་བས་ཁྱབ་བོ། །གསུམ་པ་ནི། རྒྱུན་ཞུགས་དང་ཕྱིར་འོང་ཐོབ་བྱེད་ཀྱི་ལམ་ཡིན་ན་བསམ་གཏན་དང་པོའི་ཉེར་སྡོགས་ལ་བརྟེན་པས་ཁྱབ་སྟེ། དེ་གཉིས་འདོད་པ་ལ་ཆགས་པ་དང་མ་བྲལ་བའི་འཕགས་པ་ཆགས་བཅས་ཡིན་པས་སོ། །དེ་བཞིན་དུ་མཐར་གྱིས་པའི་ཕྱིར་མི་འོང་ཐོབ་པའི་ལམ་ཡང་རིག་པར་བྱའོ། །ཐོད་རྒལ་བའི་ཕྱིར་མི་འོང་འཐོབ་
པའི་ལམ་ནི་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་པ་སྲིད་དེ། ཐོད་རྒལ་བའི་ཕྱིར་མི་འོང་འཐོབ་པར་བྱེད་པ་ལ་མཐོང་ལམ་གྱི་སྔོན་དུ་སྲིད་རྩེའི་ཉེར་སྡོགས་ཐོབ་ནས་ཅི་ཡང་མེད་པ་མན་ཆད་ལ་ཆགས་པ་དང་བྲལ་བ་སྲིད་པས་དེ་ས་དྲུག་གང་ལ་བརྟེན་ཡང་དབང་དང་ལྡན་པའི་ཕྱིར་རོ། །འོན་ཀྱང་གཟུགས་མེད་ལ་བརྟེན་པ་མི་སྲིད་དེ། འདིའི་སྐབས་སུ་ཕྱིར་མི་འོང་ཐོབ་པའི་ལམ་དང་མཐོང་ལམ་གཉིས་ས་གཅིག་པའི་ཕྱིར་རོ། །དགྲ་བཅོམ་པའི་འབྲས་བུ་ནི་ཟག་མེད་ཀྱི་ས་དགུ་གང་རུང་ལ་བརྟེན་ནས་མངོན་དུ་བྱེད་པ་སྲིད་དོ། །གཉིས་པ་ལ་གསུམ། ཐོད་རྒལ་བ། མཐར་གྱིས་པ། ཅིག་ཅར་བའོ། །དང་པོ་ལ་གཉིས། ཞུགས་པ་དང༌། གནས་པའོ། །དང་པོ་ལ་གཉིས་ལས། ཕྱིར་འོང་ཞུགས་པ་ནི། མཐོང་ལམ་གྱི་སྔོན་དུ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་སྒོམ་སྤང་དྲུག་པ་སྤངས་ལ་བདུན་བརྒྱད་སྤངས་པའམ་མ་སྤངས་ཀྱང་རུང་དགུ་པ་མ་སྤངས་པ་དང༌། སྡུག་བསྔལ་ལ་ཆོས་བཟོད་ནས་ལམ་ལ་རྗེས་བཟོད་ཀྱི་བར་གང་ཡང་རུང་བ་ལ་གནས་པ་རྟོགས་པའི་ཁྱད་པར་ཏེ་སྤངས་རྟོགས་དེ་གཉིས་དང་ལྡན་པའོ། །ཕྱིར་མི་འོང་ཞུགས་པ་ནི། མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དགུ་པ་སྤངས་ལ། བསམ་གཏན་དང་པོ་ནས་གོང་མ་ཅི་ཡང་མེད་པ་མན་ཆད་ལ་ཆགས་པ་དང་བྲལ་བའམ་མ་བྲལ་ཡང་རུང་བའི་སྤངས་པ་དང་རྟོགས་པའི་ཁྱད་པར་སྔ་མ་ལྟ་བུ་དང་ལྡན་པ་སྟེ། མཛོད་ལས། གཉིས་པ་ལ། དགུ་པ་ཚུན་ཆད་ཟད་པ་ཡིན། །འདོད་པའམ་ཡང་ན་གོང་མ་ལ། །ཆགས་བྲལ་གསུམ་པ་ལ་ཞུགས་པ། ཞེས་སོ། །ཁ་ཅིག་ཀུན་བཏུས་སུ་ཞུགས་
པ་དང་པོ་སྦྱོར་ལམ་ནས་གཟུང་བའི་རིགས་པ་འདི་ལ་ཡང་བསྒྲེས་ནས་སྦྱོར་ལམ་ནས་དང་པོའི་མཚམས་འཛིན་པའང་ཡོད་དོ། །གཉིས་པ་ནི། སྔར་གྱི་རང་རང་གི་ཞུགས་པའི་སྤངས་པ་དེ་དག་དང་ལྡན་པ་ལས་ཕྱིས་བཅུ་དྲུག་པ་ཐོབ་པ་ན་ཕྱིར་འོང་དང་ཕྱིར་མི་འོང་འབྲས་གནས་སུ་འགྱུར་ཞིང་སྔར་གྱི་ཞུགས་པ་དབང་རྟུལ་དད་པ་དང༌། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་ལ་ཕྱིས་འབྲས་བུ་ཐོབ་པ་ན་དད་མོས་དང་མཐོང་ཐོབ་ཅེས་པའི་ཐ་སྙད་དང་ལྡན་པར་འགྱུར་ཏེ། མཛོད་ལས། བཅུ་དྲུག་པ་ལ་དེ་འབྲས་གནས། །དེ་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། ཅེས་སོ། །གལ་ཏེ་རྣམ་པ་དྲུག་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་ཕྱིར་འོང་ཞེས་བྱ་ལ་ཅིའི་ཕྱིར་ཕྱིར་མི་འོང་ལ་ཞུགས་པ་མ་ཡིན་ཞེ་ན། བཅུ་དྲུག་པའི་ཚེ་ན་འབྲས་བུ་ཙམ་ལ་གནས་ཀྱི་འབྲས་བུ་ཁྱད་པར་ཅན་དུ་བྱེད་པའི་ལམ་ལ་མ་ཞུགས་པའི་ཕྱིར་འབྲས་བུ་ཕྱི་མའི་ཞུགས་པ་ཞེས་མི་བྱའོ། །དེ་བཞིན་དུ་ཕྱིར་མི་འོང་ལ་ཡང་ཡིན་ཏེ། མཛོད་ལས། འབྲས་ཐོབ་འབྲས་བུ་ཁྱད་པར་གྱི། །ལམ་ཐོབ་མེད་པས་དེ་ཡི་ཕྱིར། །འབྲས་གནས་ཁྱད་པར་བྱ་བའི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། ཞེས་སོ། །འོ་ན་འབྲས་བུ་ཕྱི་མ་ལ་ཞུགས་པ་ན་འབྲས་གནས་དེ་གཉིས་ཐོད་རྒལ་བ་ཡིན་ནམ་མིན་ཞེ་ན། ཁ་ཅིག་ཐོད་རྒལ་བའི་འབྲས་གནས་ལ་བཅུ་དྲུག་པའི་རྟོགས་པ་ལ་གནས་བཞིན་པས་ཁྱབ་པས་འབྲས་གནས་ཙམ་པོ་ཁོ་ན་ཡིན་ལ་ཁྱད་པར་ཅན་མེད་ཟེར་རོ། །འོནཀྱང་དེ་ལྟར་སྟོན་པའི་ལུང་ནི་མེད་ལ་
ཕྱི་མ་ཐོབ་ཕྱིར་བརྩོན་པ་ཐོད་རྒལ་བའི་འབྲས་གནས་ཡིན་པ་ལ་གནོད་བྱེད་མེད་པས་ཐོད་རྒལ་བའོ། །དེ་ལྟ་ན་ཕྱིར་འོང་དེས་ཕྱིར་མི་འོང་ཐོབ་པ་ན་ཡང་ཐོད་རྒལ་བར་ཐལ་ཞེ་ན། དེ་ནི་མི་འདོད་དེ། ཐོད་རྒལ་བའི་ཕྱིར་མི་འོང་ཡིན་ན་མཐོང་ལམ་གྱི་སྔོན་དུ་འདོད་ཉོན་དགུ་པ་སྤངས་དགོས་པས་སོ། །དེས་ན་ཐོད་རྒལ་བའི་ཕྱིར་འོང་ཡིན་པའི་ཕྱིར་མི་འོང་ཞུགས་པ་དང་། ཕྱིར་མི་འོང་ཡིན་པའི་དགྲ་བཅོམ་ཞུགས་པ་ཡོད་ལ། ཕྱིར་འོང་གིས་ཐོབ་པའི་ཕྱིར་མི་འོང་དང་ཕྱིར་མི་འོང་གིས་ཐོབ་པའི་དགྲ་བཅོམ་ཐོད་རྒལ་བར་མི་འདོད་དེ། ཐོད་རྒལ་བའི་སྐབས་ཀྱི་འབྲས་བུ་རྣམས་གཞན་སྔོན་དུ་མ་སོང་བའི་འབྲས་བུ་དང་པོར་འགྲེལ་པ་དང་འགྲེལ་བཤད་ལས་བཤད་པའི་ཕྱིར་རོ། །གཞན་ཡང་དེ་གཉིས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཕྱིར་མི་འོང་ཞུགས་པ་དང་ཕྱིར་མི་འོང་དང་དགྲ་བཅོམ་ཞུགས་པ་གཞི་མཐུན་པ་ཡིན་ཀྱང་ཆགས་བྲལ་སྔོན་སོང་གི་ཞུགས་པ་ནི་མིན་ཏེ། དེའི་ཞུགས་པ་མཐོང་ལམ་པར་ངེས་པ་དང་དེས་ཐོབ་པའི་འབྲས་གནས་ཐོད་རྒལ་བར་འགལ་བས་སོ། །འོ་ན་དེ་དག་མཐར་གྱིས་པ་ཡིན་ནམ་ཞེ་ན། མིན་ཏེ། འབྲས་བུ་སྔ་མ་རྣམས་སྔོན་དུ་མ་བཏང་པ་དང་འདོད་ཉོན་དྲུག་པ་དང་དགུ་པ་མཐོང་ལམ་གྱི་སྔར་སྤངས་པ་དང༌། འབྲས་བུ་དེ་གཉིས་བཅུ་དྲུག་པ་དང་དུས་མཉམ་དུ་མངོན་དུ་བྱས་པའི་ཕྱིར་རོ། །དེས་ན་ཐོད་རྒལ་བ་དང་རིམ་གྱིས་པ་གང་ཡང་མིན་པའི་དགེ་འདུན་ནི་དུ་མ་ཞིག་འོང་བར་སྣང་ངོ༌། །གཉིས་པ་ལ་བཞི། རྒྱུན་ཞུགས། ཕྱིར་
འོང༌། ཕྱིར་མི་འོང༌། དགྲ་བཅོམ་མོ། །དང་པོ་ལ་ཞུགས་པ་དང༌། གནས་པ་གཉིས་ལས། དང་པོ་ནི། དྲོད་ནས་ལམ་ལ་རྗེས་བཟོད་ཀྱི་བར་ལ་གནས་པའི་ཉན་ཐོས་གང་འདོད་ཉོན་དྲུག་པ་མ་སྤངས་པའོ། །དེ་ལ་དབྱེ་ན་མཐོང་ལམ་གྱི་སྔོན་དུ་སྒོམ་སྤང་གཅིག་ཀྱང་མ་སྤངས་པ་དང༌། གཅིག་ནས་ལྔའི་བར་གང་རུང་སྤངས་པ་གཉིས་སོ། །དང་པོའི་མཚམས་སྦྱོར་ལམ་ནས་འཛིན་པར་ཀུན་ལས་བཏུས་པ་འདོད་དེ། ཇི་སྐད་དུ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅོ་ལྔ་ལ་གནས་པའི་གང་ཟག་གོ །ཞེས་སོ། །དེ་ལ་ཡང་འགྲེལ་པས་སྟན་གཅིག་ལ་མཐོང་ལམ་སྐྱེད་ནུས་པའི་སྦྱོར་ལམ་ལ་བཞེད་དེ། ཇི་སྐད་དུ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟན་གཅིག་པ་ནས་བཟུང་སྟེ་དང་པོའི་འབྲས་བུ་མ་ཐོབ་པའི་བར་དུའོ། ཞེས་སོ། །བྱེ་སྨྲ་རྣམས་སྡུག་བསྔལ་ལ་ཆོས་བཟོད་ནས་དང་པོའི་མཚམས་འཛིན་ཏེ། མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །སྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །རྣམ་ལྔའི་བར་བཅོམ། ཞེས་སོ། །གཉིས་པ་ནི། སྔར་གྱི་སྤངས་པ་དེ་ཉིད་དང་ལྡན་པའི་སྟེང་དུ་བཅུ་དྲུག་པ་ཐོབ་པའི་ཉན་ཐོས་སོ། །དེའི་ཁྱད་པར་ལ་རེ་ལྟར་ཐོགས་ན་ལན་བདུན་པ་དང༌། རིགས་ནས་རིགས་སྐྱེ་གཉིས་སོ། །དང་པོ་ནི། ཁ་ཅིག་འབྲས་གནས་ཙམ་པོའོ། །ཞེས་འདོད་
ཀྱང༌། འགྲེལ་པ་དང་འགྲེལ་བཤད་ལས་སྒོམ་སྤང་གཅིག་ཀྱང་མ་སྤངས་པ་ཙམ་མ་གཏོགས་པ་སྤོང་བ་ལ་མི་བརྩོན་པར་བཤད་པ་མེད་དོ། །འདི་ལ་ཡང་ཁྱད་པར་གསུམ་སྟེ། རྟོགས་པ་དང༌། སྤངས་པ་དང༌། སྐྱེ་བའི་ཁྱད་པར་རོ། །དང་པོ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའོ། །གཉིས་པ་ནི། འདོད་པའི་སྒོམ་སྤང་གཅིག་ཀྱང་མ་སྤངས་པའོ། །གསུམ་པ་ནི། འདོད་པར་སྐྱེ་བ་བདུན་ལེན་པའོ། །དེ་ལྟར་ཡང༌། འབྲས་གནས་སྒོམ་སྤང་བྱ་མ་ཟད། །དེ་ལྟར་ཐོགས་ན་ལན་བདུན་པ། ཞེས་པའི་རང་འགྲེལ་ལས་འབྲས་བུ་ལ་གནས་པ་གང་ཞིག་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གཅིག་ཀྱང་མ་སྤངས་པ་དེ་ནི་རྒྱུན་དུ་ཞུགས་པ་ཡིན་ལ་ཚེ་བདུན་གྱི་བར་དུ་སྐྱེ་བས་ན་ལན་བདུན་པའོ། །ཐམས་ཅད་ནི་མ་ཡིན་པས་རེ་ལྟར་ཐོགས་ན་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐ་ཤལ་བའོ། ཞེས་དང༌། བར་སྐབས་སུ་ཡང་འཕགས་པའི་ལམ་མངོན་དུ་བྱེད་ཅིང་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རོ། ཞེས་སོ། །གལ་ཏེ་དེ་ནི་མི་རིགས་ཏེ། རང་འགྲེལ་ལས། གོང་དུ་འཕོ་བ་དེ་དག་བར་སྐབས་སུ་ཡང་ཡོངས་སུ་མྱ་ངན་ལས་འདར་རུང་བར་བལྟའོ། །འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པ་ཉིད་ནི་ཕན་ཆད་དུ་འགྲོ་བ་མེད་པའི་ཕྱིར་ཏེ། དཔེར་ན་རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་ཉིད་བཞིན་ནོ། ཞེས་དང་རེ་ལྟར་ཐོགས་ན་ཞེས་པའི་མིང་ཡང་ཕ་
མཐའི་སྐྱེ་བ་བཟུང་བར་སྣང་གི་ཚུན་ཆད་ལེན་ངེས་མིན་པའི་ཕྱིར་ཞེ་ན། སྤྱིར་རྒྱུན་ཞུགས་རེ་ལྟར་ཐོགས་ན་ལན་བདུན་པ་ལ་སྐྱེ་བ་གཅིག་བླངས་ནས་འདའ་བ་ནས་བདུན་བླངས་ནས་འདའ་བའི་བར་དུ་ཡོད་པས་བདུན་དུ་མ་ངེས་མོད། འོན་ཀྱང་འབྲས་གནས་སྒོམ་སྤང་ཞེས་སོགས་ཀྱི་སྐབས་འདིར་བསྟན་པ་ནི་ལན་བདུན་ལེན་ངེས་ཀྱི་བྱེ་བྲག་པ་དེ་ལ་སྤྱི་མིང་བཏགས་པ་ཡིན་པས་དེ་ལ་བསམས་ནས་རེ་ལྟར་ཐོགས་ན་ལན་བདུན་པའི་སྐྱེ་བ་ངེས་པར་བྱས་ཏེ། རང་འགྲེལ་ལས། མཆོག་ཏུ་ཐོགས་ན་ལན་བདུན་པ་གཞན་ཡང་ཡོད་མོད་ཀྱི་མ་ངེས་པས་མི་བརྗོད་ཞེས་ལན་བདུན་པ་གཞན་ཡོད་ཀྱང་མ་བརྗོད་པ་ནི་མ་ངེས་པས་ཡིན་ལ་འདིར་ནི་བདུན་ལེན་ངེས་བསྟན་ཞེས་གསུངས་པས་སོ། །སྐྱེ་བ་ལེན་ཚུལ་ཡང་མིའི་རྟེན་ལ་རྒྱུན་ཞུགས་ཐོབ་ན་མིར་ལན་དྲུག་ལྷར་ལན་བདུན་བླངས་ཤིང་མཐར་མིར་སྐྱེས་ནས་འདའ་ལ། ལྷའི་རྟེན་ལ་ཐོབ་ནའང་ལྷར་ལན་དྲུག་དང་མིར་ལན་བདུན་སྐྱེས་ནས་མཐར་ལྷའི་རྟེན་ལ་འདའོ། །དེ་ལྟར་ན་ལྷ་མིའི་སྐྱེ་སྲིད་བཅུ་བཞི་བར་སྲིད་བཅུ་བཞི་སྟེ་ཉེར་བརྒྱད་ལེན་ཀྱང་བདུན་ཚན་དུ་འདྲ་བའི་ཕྱིར་ལན་བདུན་པ་ཞེས་བྱ་སྟེ། གནས་བདུན་ལ་མཁས་པའི་དགེ་སློང་དང་ཤིང་འདབ་མ་བདུན་པ་བཞིན་ནོ། །མདོར་ན་སྒོམ་སྤང་གཅིག་ཀྱང་མ་སྤངས་པའི་རྒྱུན་ཞུགས་རིམ་གྱིས་པ་འདོད་པར་སྐྱེ་བ་གཉིས་ལེན་པ་ནི་རེ་ལྟར་ཐོགས་ན་ལན་བདུན་པ་སྤྱི་ཡིན་ལ་ཁྱད་པར་ལན་བདུན་པའི་ངེས་པ་ནི་བརྗོད་ཟིན་ཏོ། །འདི་ཡང་རྩོམ་པ་དང་པོ་ལ་ཡིན་གྱི་ཉོན་མོངས་གཅིག་སྤངས་པ་དང་སྐྱེ་བ་གཅིག་བླངས་ནས་ནི་
མཚན་ཉིད་འཇིག་གོ །གཉིས་པ་ནི། ཁྱད་པར་གསུམ་དང་ལྡན་པ་སྟེ། འདོད་ཉོན་གསུམ་མམ་བཞི་སྤངས་ལ་ལྔ་པ་མ་སྤངས་པའི་སྤངས་པ་དང༌། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའི་རྟོགས་པ་དང༌། འདོད་པའི་ལྷ་མི་རིགས་མཐུན་གཅིག་ཏུ་སྐྱེ་བ་གཉིས་སམ་གསུམ་ལེན་པ་སྐྱེ་བའི་ཁྱད་པར་ཏེ། མཛོད་ལས། །རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། ཞེས་སོ། །ལྔ་པ་མ་སྤངས་པ་ཡང་རང་འགྲེལ་ལས། ཅིའི་ཕྱིར་རྣམ་པ་ལྔ་སྤངས་པའི་ཕྱིར་མ་ཡིན་ཞེ་ན། དེ་སྤངས་ན་དྲུག་པའང་གདོན་མི་ཟ་བར་སྤོང་བའི་ཕྱིར་ཏེ། ཞེས་དང༌། ཁམས་ལས་མི་འདའ་བའི་ཕྱིར་རོ། ཞེས་ཏེ། དོན་ནི་ལྔ་པ་སྤངས་ན་ཁམས་ལས་འདའ་མི་དགོས་པས་དྲུག་པ་སྤོང་ལ། དེ་ལྟ་ན་ཕྱིར་འོང་དུ་འགྱུར་བས་འདོད་པའི་འགྲོ་བ་གཅིག་ཏུ་སྐྱེ་བ་གཉིས་མི་ལེན་པའི་ཕྱིར་རིགས་སྐྱེར་མི་རུང་ངོ་སྙམ་དུ་དགོངས་སོ། །དེའི་ཕྱིར་སྐྱེ་བ་གསུམ་ལེན་པ་མ་གཏོགས་པའི་རིགས་སྐྱེ་ནི་ལན་ཅིག་སྐྱེས་ནས་མཚན་ཉིད་འཇིག་གོ །འདིས་སྤང་བྱ་སྤངས་པ་རྣམས་བཅུ་དྲུག་པའི་རྗེས་སུའམ་མཐོང་ལམ་གྱི་སྔར་སྤངས་ཤེ་ན། རང་འགྲེལ་ལས། སྔོན་རྣམ་པ་གསུམ་དང་བཞི་པ་སྤངས་པའི་བདུན་དང་བརྒྱད་སྤངས་པ་འབྲས་བུ་ཐོབ་པ་ནི་ཇི་སྲིད་དུ་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་དེ་སྲིད་དུ་རིགས་ནས་རིགས་སུ་སྐྱེ་བའམ་བར་ཆད་གཅིག་པ་མ་ཡིན་ནོ། ཞེས་གསུངས་པའི་ཤུགས་ལ་མཐོང་ལམ་གྱི་སྔར་འདོད་ཉོན་
གསུམ་དང་བཞི་སྤངས་པའི་རིགས་སྐྱེའང་བཤད་པས་གཉིས་ཀའང་འདོད་པར་བྱའོ། །ལུང་འདིས་བར་ཆད་གཅིག་པ་ལའང་ཆགས་བྲལ་སྔོན་སོང་ཡོད་པར་བསྟན་ཏོ། །དེ་ལྟར་རིགས་སྐྱེ་དེ་ལ་ལྷ་མིའི་རིགས་སྐྱེ་གཉིས་སོ། །གཉིས་པ་ལ་གཉིས་ལས། ཞུགས་པ་ནི་རྒྱུན་ཞུགས་འབྲས་གནས་དེས་ཕྱིར་འོང་ཐོབ་ཕྱིར་བརྩོན་པ་ན་སྒོམ་སྤང་ལྔའི་བར་གང་ཡང་མ་སྤངས་པའམ། དྲུག་པ་སྤོང་བ་ལ་བརྩོན་པའི་བར་ནི་ཕྱིར་འོང་ལ་ཞུགས་པ་སྟེ། མཛོད་ལས། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པའང་ཡིན། ཞེས་སོ། །གཉིས་པ་ནི། ཞུགས་པ་དེས་འདོད་ཉོན་དྲུག་པ་སྤངས་པ་ན་ཕྱིར་འོང་སྟེ། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། ཞེས་སོ། །དེ་ཡང་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་བཞིན་པ་ན་འབྲས་གནས་ཙམ་པོ་དང་དགུ་པའི་བར་སྤོང་བ་ལ་བརྩོན་པ་ན་ཁྱད་པར་ཅན་ནོ། །ཕྱི་མའི་ཁྱད་པར་ཚེ་གཅིག་བར་ཆད་གཅིག་པ་ནི་ཉོན་མོངས་བདུན་པ་དང་བརྒྱད་པ་སྤངས། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ། སྐྱེ་བ་ལྷག་མ་གཅིག་ལུས་པ་སྟེ། མཛོད་ལས། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང༌། །གསུམ་པ་ལ་ནི་ཞུགས་པའང་ཡིན། ཞེས་སོ། །འདིས་ཉོན་མོངས་བདུན་ལས་མ་སྤངས་ན་ཚེ་གཅིག་པ་ཡིན་ཀྱང་བར་ཆད་གཅིག་པ་མིན་ནོ། །ཀུན་བཏུས་སུ་སྐྱེ་བ་གཅིག་ལེན་པ་ལྷར་ལེན་པ་དང་དེའི་འགྲེལ་པར་བར་ཆད་གཅིག་པའི་དོན་སྐྱེ་བ་གཅིག་གིས་བར་ཆོད་པ་ལ་བཤད་དོ། །འདི་ལ་མཐར་གྱིས་པས་མ་ཁྱབ་པ་ནི་
བརྗོད་ཟིན་ལ་སྤྱིར་ཕྱིར་འོང་དེ་འདོད་པའི་ལྷ་མི་གཉིས་སུ་རེ་རེ་སྐྱེ་སྲིད་ལ་དེ་ལྟ་ནའང་ལན་ཅིག་ཕྱིར་འོང་མིན་པར་མི་འགྱུར་ཏེ། སྐྱེ་བ་རིགས་འདྲ་གཅིག་ལས་མི་ལེན་པས་སོ། །གསུམ་པ་ལ་གཉིས། ཞུགས་པ་དང༌། གནས་པའོ། །དང་པོ་ནི། ཕྱིར་འོང་དེ་ཉིད་བདུན་པ་ནས་དགུ་པའི་བར་སྤོང་བ་ལ་བརྩོན་པའོ། །གཉིས་པ་ནི། ཞུགས་པ་དེས་སྒོམ་སྤངས་དགུ་པ་སྤངས་པ་ན་ཕྱིར་མི་འོང་ཡིན་ཏེ། མཛོད་ལས། དེ་དགུ་ཟད་པས་ཕྱིར་མི་འོང་། ཞེས་སོ། །དེ་ལ་ཡང་འབྲས་བུ་ཙམ་དང་ཁྱད་པར་ཅན་ལ་གནས་པ་གཉིས་སོ། །གཞན་ཡང་ཕྱིར་མི་འོང་ལ་ཁམས་གོང་མར་འགྲོ་བ་དང༌། འདོད་པའི་རྟེན་དེ་ཉིད་ལ་འདའ་བ་གཉིས་ཡོད་ལ། དང་པོ་ལ་གསུམ། གཟུགས་དང༌། གཟུགས་མེད་དུ་ཉེ་བར་འགྲོ་བ་དང༌། དེ་དག་གི་རྟེན་བསམ་པའོ། །དང་པོ་ལ་བར་དོར་དང༌། སྐྱེས་ནས་འདའ་བ་དང༌། གོང་དུ་འཕོ་བ་སྟེ་གསུམ་མོ། །དང་པོ་ནི། ཚངས་ཆེན་མ་གཏོགས་པའི་གཟུགས་ཀྱི་བར་དོ་བཅུ་དྲུག་གང་རུང་དུ་སྐྱེས་ནས་རྟེན་དེ་ལ་འདའ་བའི་ཕྱིར་མི་འོང་སྟེ། འདི་ལ་བར་སྲིད་གྲུབ་མ་ཐག་དང༌། གྲུབ་ནས་སྐྱེ་སྲིད་ཚོལ་བའི་སྣང་བ་མ་བྱུང་ཙམ་དང༌། སྐྱེ་སྲིད་དུ་འགྲོ་བར་སེམས་པའི་ཚེ་ལྷག་མེད་དུ་འདའ་བ་གསུམ་མོ། །གཉིས་པ་ནི། གཟུགས་ཀྱི་གནས་རིགས་བཅུ་དྲུག་གི་སྐྱེ་སྲིད་དུ་ཉིང་མཚམས་སྦྱར་ནས་རྟེན་དེ་ལ་ལྷག་བཅས་སུ་འདའ་བའི་ཕྱིར་མི་འོང་སྟེ། འདི་ལ་སྐྱེས་ཙམ་ནས་དང༌། འདུ་བྱེད་དང་བཅས་པ་དང༌། དེ་མེད་པར་འདའ་བ་གསུམ་མོ། །དེ་
དག་གི་ཁྱད་པར་ནི་རིམ་པ་ལྟར་ལམ་ངང་གིས་འབྱུང་ཞིང་བརྩོན་པ་དང༌། བརྩོན་ལ་ལམ་ངང་གིས་མི་འབྱུང་བ་དང༌། དེ་གཉིས་ཀ་དང་མི་ལྡན་པའོ་ཞེས་བྱེ་སྨྲ་འདོད་དོ། །སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་པའི་མདོ་ལས་བྱེད་མེད་བྱེད་བཅས་ཀྱི་སྔར་གསུངས་པའི་གོ་རིམ་དེ་ལྟར་བྱ་དགོས་ལ། དེ་གཉིས་ཀྱི་ཁྱད་པར་ནི་འབད་མི་དགོས་པར་ལམ་ངང་གིས་འབྱུང་བ་དང་མི་འབྱུང་བ་ཡིན་ལ། དང་པོ་ནི་ལམ་ཆེས་ངང་གིས་འབྱུང་ཞིང་ཕྲ་རྒྱས་ཆེས་ཆུང་བ་ཡིན་པས་གཉིས་པ་དང་ཁྱད་པར་ཡོད་ཅེས་སློབ་དཔོན་བཞེད་དེ། ཀུན་བཏུས་ཀྱང་དེ་ལྟར་རོ། །དེ་གསུམ་ག་སྐྱེས་འདའ་བ་ཡིན་པར་རང་འགྲེལ་ལས། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་ནས་དང༌། མངོན་པར་འདུ་བྱེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། ཞེས་སོ། །གནས་གཙང་ལྔར་སྐྱེ་བའི་སྐྱེས་འདའ་བ་ནི་སྤེལ་མ་རྣམས་སྒོམ་དགོས་སོ། །གསུམ་པ་ནི། གཟུགས་ཁམས་ཀྱི་སྐྱེ་སྲིད་དུ་ལན་གཉིས་བརྒྱུད་ནས་འདའ་བའི་ཕྱིར་མི་འོང་སྟེ། འདི་ལ་རྒྱུའི་སྒོ་ནས་བསམ་གཏན་སྤེལ་མ་སྤེལ་དང༌། འབྲས་བུའི་སྒོ་ནས་འོག་མིན་དང་སྲིད་རྩེར་འགྲོ་བ་གཉིས་སོ། །དང་པོ་ནི་གཟུགས་ཀྱི་སྐྱེ་སྲིད་དུ་སྐྱེ་བ་གཉིས་བརྒྱུད་ནས་མཐར་འོག་མིན་གྱི་རྟེན་ལ་འདའ་བའི་རིགས་ཅན་གྱི་ཕྱིར་མི་འོང་སྟེ། འདི་ལ་འཕར་བ་ཕྱེད་འཕར་གནས་ཐམས་ཅད་དུ་འཆི་འཕོ་བ་གསུམ་ཡོད་པར་མཛོད་ལས། གོང་དུ་འཕོ་བ་རྣམས་དེ་ནི། །བསམ་གཏན་སྤེལ་ནས་འོག་མིན་འགྲོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །
འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། ཞེས་སོ། །དེ་ལ་འཕར་བ་ནི་སྤེལ་མ་ལྔ་བསྒོམས་པས་གྲུབ་པའི་ཚེ་བསམ་གཏན་དང་པོའི་རོ་མྱངས་ཏེ་བསམ་གཏན་ཕྱི་མ་གསུམ་ལས་ཉམས་པ་ཚངས་རིས་སུ་སྐྱེས་ནས་སྔོན་གོམས་པའི་མཐུས་བསམ་གཏན་བཞི་པ་སྤེལ་ནས་བར་པ་རྣམས་དོར་ཏེ། འོག་མིན་དུ་སྐྱེས་ནས་འདའ་བའོ། །ཕྱེད་དུ་འཕར་བ་ནི་སྔར་ལྟར་ཚངས་རིས་སུ་སྐྱེས་ནས་བར་པ་རྣམས་དོར་ཏེ་གནས་གཙང་རྣམས་སུ་སྐྱེས་ནས་གནས་གཞན་འགའ་ཞིག་བོར་ཏེ་འོག་མིན་དུ་འདའ་བའོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི། སྔར་ལྟར་ཚངས་རིས་སུ་སྐྱེས་ནས་ཚངས་ཆེན་མ་གཏོགས་པའི་གནས་གཞན་ཐམས་ཅད་དུ་བརྒྱུད་ནས་འོག་མིན་དུ་འདའ་བའོ། །གཙོ་བོ་གཅིག་ཏུ་ཟད་པའི་འགྲན་ཟླ་མེད་པའི་ལས་བསགས་པ་དང༌། ལོག་ལྟའི་གནས་ཡིན་པའི་ཕྱིར་ཚངས་ཆེན་དུ་འཕགས་པ་མི་སྐྱེའོ། ཞེས་མཛོད་འགྲེལ་ལས་བཤད་དོ། །ཐེག་ཆེན་པ་ལྟར་ན་རྒྱུ་མཚན་དེ་མ་ངེས་པས་དེར་སྐྱེ་བ་མི་འགལ་ཏེ། ས་ཐོབ་པའི་བྱང་སེམས་ཀྱི་རྣམ་སྨིན་གྱི་སྐྱེ་བ་འཆད་པར་འགྱུར་བས་ཤེས་སོ། །འདི་དག་གནས་གཙང་དུ་སྐྱེ་བའི་རྒྱུ་སྤེལ་མ་སྒོམ་ཚུལ་ཇི་ལྟ་བུ་ཞེ་ན། འདིའི་མཐའ་དཔྱད་པ་ལ་གཉིས། སྒོམ་པའི་རྟེན། བརྟེན་པའི་སྒོམ་མོ། དང་པོ་ནི། དགྲ་བཅོམ་དང་ཕྱིར་མི་འོང་བསམ་གཏན་བཞི་པའི་སེམས་ཐོབ་པས་སྒོམ་ལ། དེ་ཡང་ས་གང་དུ་སྒོམ་ནི་རང་འགྲེལ་ལས། དང་པོར་འདོད་པའི་ཁམས་སུ་གླིང་གསུམ་དག་ཏུ་སྤེལ་བར་
བྱེད་ལ། ཕྱིས་ནི་ཡོངས་སུ་ཉམས་པ་གཟུགས་ཀྱི་ཁམས་སུ་སྤེལ་བར་བྱེད་དོ་ཞེས་སོ། །གཉིས་པ་ལ་གསུམ། སྤེལ་བའི་སྦྱོར་བ། གྲུབ་པའི་ཚད། སྤེལ་མ་དངོས་སོ། །དང་པོ་ནི། ཟག་མེད་ཀྱི་བསམ་གཏན་བཞི་པ་རྒྱུན་ལྡན་དང༌། དེ་ནས་དེ་ཉིད་ཟག་བཅས་རྒྱུན་ལྡན་དང་དེ་ནས་ཟག་མེད་རྒྱུན་ལྡན་ལ་འཇུག་ལ། དེ་བཞིན་དུ་རྒྱུན་ཕྲི་ནས་སྐད་ཅིག་མ་གཉིས་ཟག་མེད་དང༌། སྐད་ཅིག་མ་གཉིས་ཟག་བཅས་དང༌། ཡང་ཟག་མེད་ལ་འཇུག་གོ །དེ་ལྟར་དང་པོར་བཞི་པ་སྤེལ་བ་ཡང་དེ་སྐྱོན་བརྒྱད་ལས་གྲོལ་བས་ལས་སུ་རུང་ཞིང་ཏིང་ངེ་འཛིན་གསལ་བའི་ཕྱིར་ཏེ། མཛོད་ལས། དང་པོ་བཞི་པ་སྤེལ་བར་བྱེད། ཅེས་སོ། །གཉིས་པ་ནི། བཞི་པ་ཟག་མེད་སྐད་ཅིག་གི་མཇུག་ཏུ་དེ་ཟག་བཅས་དང༌། དེའི་མཇུག་ཏུ་དེ་ཟག་མེད་དུ་བསྲེ་ཐུབ་པ་ན་གྲུབ་སྟེ། མཛོད་ལས། སྐད་ཅིག་མ་ལ་བསྲེས་པས་གྲུབ། ཅེས་སོ། །འདིར་སྦྱོར་བ་དང་དངོས་གཞིའི་དུས་སུ་སྐད་ཅིག་བསྲེ་བར་བཤད་པ་ནི་བྱེ་སྨྲའི་ལུགས་ཡིན་ལ། སློབ་དཔོན་རང་གི་བཞེད་པ་ནི་རང་འགྲེལ་ལས། སངས་རྒྱས་མ་གཏོགས་པས་སྐད་ཅིག་སྤེལ་བར་མི་ནུས་ཏེ། དེའི་ཕྱིར་རྒྱུན་ཆགས་གསུམ་ལ་ཇི་སྲིད་འདོད་པར་སྙོམས་པར་འཇུག་པའི་སྒོ་ནས་རྫོགས་པ་ཡིན་ནོ་ཞེས་བྱ་བར་བལྟའོ་ཞེས་པ་ལྟར་རོ། །དེ་ལྟར་ན་དང་པོར་བཞི་པ་སྤེལ་ནས་ཕྱིས་ནི་བསམ་གཏན་གཞན་དང་ཡང་སྤེལ་ལོ། །གསུམ་པ་ནི། འབྲས་བུ་གནས་གཙང་ལྔར་སྐྱེ་བའི་རྒྱུ་སྤེལ་མ་སྒོམ་པ་ཡང་ལྔ་ཡོད་དོ། །དེ་གང་ན། གསུམ་སྤེལ་ནས་བཅོ་ལྔ་སྤེལ་ཀྱི་བར་རོ། །སྤེལ་
སྒོམ་ལ་འདི་ལྔར་ངེས་པ་ནི་མ་ཡིན་ཏེ། འདི་ལྔ་བཞི་པ་ཁོ་ན་སྤེལ་བ་ཡིན་ལ་བསམ་གཏན་དང་པོ་གསུམ་དང་ཡང་སྤེལ་བ་བཤད་པས་སོ། །འདི་དག་གི་སྤེལ་ཚུལ་གང་ཞེ་ན། ཆུང་ངུ་གསུམ་སྤེལ་ནི་རང་འགྲེལ་ལས། དང་པོ་ལ་ཟག་པ་མེད་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང་སེམས་གསུམ་མངོན་དུ་བྱེད་དོ། ཞེས་པ་ལྟར་རོ། །དེ་ནས་འབྲིང་དྲུག་སྤེལ། ཆེན་པོ་དགུ་སྤེལ། ཤིན་ཏུ་ཆེ་བ་བཅུ་གཉིས་སྤེལ། ཤིན་ཏུ་ཆེས་ཆེ་བ་བཅོ་ལྔ་སྤེལ་རྣམས་ལ་འགྲེལ་པ་ལས། གཉིས་པ་ལ་ནི་དྲུག་གོ །གསུམ་པ་ལ་ནི་དགུའོ། །བཞི་པ་ལ་ནི་བཅུ་གཉིས་སོ། །ལྔ་པ་ལ་ནི་བཅོ་ལྔ་སྟེ་ཞེས་པ་ཙམ་ལས་མ་གསུངས་སོ། །དེ་ལ་དྲུག་སྤེལ་བའི་ཚུལ་ལ་ཁ་ཅིག་ན་རེ། ཟག་མེད་གཉིས་ཟག་བཅས་གཉིས་ཟག་མེད་གཉིས་བྱེད་ལ་དེ་བཞིན་དུ་དགུ་སྤེལ་ལ་ཡང་ཟག་མེད་གསུམ་ལ་སོགས་པ་བྱེད་དོ་ཞེས་ཟེར་རོ། །དེ་ནི་མཁས་པའི་གཞུང་ལ་མ་འདྲིས་པའི་ཕོ་ཚོད་དུ་འདུག་སྟེ། དོན་གསལ་ལས། གཉིས་པ་ལ་ནི་དྲུག་གོ་ཞེས་བྱ་བ་ནི་ཟག་པ་མེད་པ་དང་ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་ཞེས་བྱ་བ་གསུམ་དང༌། ཡང་ཟག་པ་མེད་པ་དང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཞེས་བྱ་བ་གསུམ་སྟེ་དྲུག་ཡིན་ནོ། །གསུམ་པ་ལ་ནི་དགུའོ། །བཞི་པ་ལ་ནི་བཅུ་གཉིས་སོ། །ལྔ་པ་ལ་ནི་བཅོ་ལྔ་སྟེ་ཞེས་བྱ་བ་ཡང་དེ་ཁོ་ན་བཞིན་དུ་སྦྱར་བར་བྱའོ། ཞེས་གསུངས་ཤིང་གང་སྤེལ་ལས་ཀྱང་ངོ༌། །འོ་ན་ལྷག་མ་རྣམས་ལ་ཡང་གསུམ་སྤེལ་དང་སྤེལ་ལུགས་ཁྱད་མེད་པའི་ཕྱིར་རོ་
གསུམ་སྤེལ་ནུས་ན་ཐམས་ཅད་སྤེལ་ནུས་པར་འགྱུར་ཞེ་ན། དོན་གསལ་ལས། དང་པོ་ལ་ནི་སེམས་གསུམ་ཞེས་བྱ་བ་ནི་གང་ཟག་དེ་ལ་ནུས་པ་དེ་ཙམ་ཞིག་ཡོད་པ་སྟེ་དེ་བཞིན་དུ་འོག་མ་རྣམས་ལ་ཡང་བརྗོད་པར་བྱའོ། ཞེས་པ་ལྟར་དཀྱུས་ཐོག་རེ་རེ་ལ་གསུམ་སྤེལ་ལ་སོགས་པ་ཚན་པ་རེ་རེ་སྤེལ་ནུས་ཀྱང་གཞན་སྤེལ་མི་ནུས་པ་ཡིན་པས་ཉེས་པ་མེད་དོ། །དེ་ལ་གནས་གཙང་དུ་སྐྱེ་བའི་རྒྱུ་ནི་ཟག་བཅས་ཡིན་ཏེ། ཟག་མེད་ནི་སྲིད་པ་གཅོད་པས་སོ། །ཟག་བཅས་ཟག་མེད་ཀྱི་དོན་ལ་སྔ་ཕྱིའི་ཊཱིཀ་བྱེད་ཐམས་ཅད་མཉམ་གཞག་ཟག་མེད་བདེན་པའི་རྣམ་པ་ཅན་གཉིས་བར་དུ་རྗེས་ཐོབ་ཟག་བཅས་ཞི་རགས་ཀྱི་རྣམ་པ་ཅན་སྤེལ་ཞེས་འདོད་པ་ནི་ཆོས་མངོན་པའི་དོན་དུ་མི་སྣང་སྟེ། བསམ་གཏན་གྱི་དངོས་གཞི་ལ་ཞི་རགས་ཀྱི་རྣམ་པ་ཅན་གང་ནས་ཀྱང་མ་བཤད་ལ་རིགས་པས་ཀྱང་མི་འཐོབ་སྟེ། ས་གོང་འོག་ལ་ཞི་རགས་སུ་ལྟ་བ་ནི་འོག་ས་ལས་རྒྱལ་བའི་ལམ་ཡིན་ལ་དངོས་གཞི་ཟག་བཅས་ནི་སྤོང་ལམ་ཡིན་པར་འགལ་བའི་ཕྱིར་ཏེ། འོག་ས་ལས་ནི་ཉེར་སྡོགས་ཀྱིས་རྒྱལ་ཟིན་ལ་བརྩིགས་པས་རྩིག་པ་ལས་འབྱུང་མི་ནུས་པ་ལྟར་ཟག་བཅས་ཡིན་པས་རང་ས་དང་གོང་ས་ལས་རྒྱལ་བར་མི་ནུས་སོ། །དེས་ན་འདིའི་ཟག་བཅས་ནི་འཇིག་རྟེན་པའི་དགེ་བ་དག་པ་བ་ཡིན་པ་ཙམ་མོ། །གཉིས་པ་སྲིད་རྩེར་འགྲོ་ནི། སྙོམས་འཇུག་རྣམས་གྱི་རོ་མྱངས་ཏེ་འབྲས་བུ་ཆེའི་བར་དུ་སྐྱེ་ཞིང་གནས་གཙང་བོར་ཏེ་གཟུགས་མེད་དུ་རིམ་གྱིས་སྐྱེས་ནས་སྲིད་རྩེར་འདའ་བའོ། །འདི་གཟུགས་སུ་ཉེར་འགྲོ་དགུར་མི་གཏོགས་ཀྱང་གཟུགས་སུ་
ཉེར་འགྲོ་ཡིན་ཏེ། དེའི་དོན་ནི་གཟུགས་ཀྱི་རྟེན་ལ་འདའ་བས་མིན་གྱི་འདོད་པ་ནས་དེར་སྐྱེ་བ་ལ་བྱེད་པས་སོ། །འོག་མིན་དང་སྲིད་རྩེར་འགྲོ་གཉིས་དེ་གཉིས་སུ་འགྲོ་བར་མ་ངེས་ན་གོང་འཕོ་བཞི་པོ་འདིའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། འཕར་གསུམ་ལ་རིམ་པ་ལྟར་གཟུགས་ཀྱི་སྐྱེ་སྲིད་དུ་སྐྱེ་བ་གཉིས་དང་གསུམ་དང་བཞི་བླངས་ནས་གནས་གཙང་དང༌། སྲིད་རྩེར་འགྲོ་ནི་སྲིད་རྩེར་མ་ངེས་ཀྱང་གཟུགས་མེད་ཀྱི་རྟེན་ལ་འདའ་དགོས་པར་སེམས་སོ། །གཉིས་པ་ནི། གཟུགས་ཀྱི་ཀུན་སྦྱོར་ཟད་པའི་མཐུས་འདི་ནས་གཟུགས་སུ་མི་འགྲོ་བར་གཟུགས་མེད་དུ་སྐྱེ་བ་ལེན་པའོ། །འདིར་སྐྱེ་བ་ལ་བར་དོ་མེད་པས་སྐྱེས་ཙམ་ནས་འདའ་བ་དང༌། བྱེད་བཅས་དང༌། བྱེད་མེད་དང༌། གོང་འཕོ་བཞི་ཡོད་དེ། མཛོད་ལས། གཞན་ནི་གཟུགས་མེད་འགྲོ་རྣམས་བཞི། ཞེས་སོ། །དབྱེ་བ་དེ་དག་ཕྱིར་མི་འོང་འདོད་པར་ཚེ་གྱུར་ལའང་རུང་ངམ་ཞེ་ན། མེད་དེ་མཛོད་ལས། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། ཅེས་པས་སོ། །འདོད་པར་ཚེ་གྱུར་གྱི་ཕྱིར་མི་འོང་གི་དོན་ནི་ཚེ་དང་པོ་ལ་འབྲས་བུ་དང་པོ་གཉིས་གང་རུང་ཐོབ་ནས་ཚེ་གཉིས་པ་ལ་ཕྱིར་མི་འོང་དུ་གྱུར་པ་ཡིན་པར་རྒྱལ་པོ་སྲས་ཀྱིས་བཤད་དོ། །འདི་ཚེ་དེ་ལ་འདའ་བ་དང༌། གཟུགས་ཁམས་སུ་ཚེ་གྱུར་སྲིད་རྩེར་འགྲོ་ལྟ་བུ་ནི་ཁམས་གཞན་གཟུགས་མེད་དུའང་འགྲོ་བར་རང་འགྲེལ་ལས་སོ། །དབྱེ་བ་འདི་དག་མི་རུང་བའི་དམིགས་བསལ་མཛོད་འགྲེལ་ལས། དེ་གཅིག་པུ་གསུངས་པའི་
ཕྱིར། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་མཐོང་ལམ་གྱི་སྔར་ཅི་ཡང་མན་ཆད་ལ་ཆགས་བྲལ་ལ་དབྱེ་བ་འདི་དག་མི་རུང་ཡང་དེ་ལས་གཞན་པ་ལ་རུང་བར་སེམས་ཏེ། ཁམས་དང་ས་དེ་དང་དེའི་ཉོན་མོངས་མ་སྤངས་པའི་ངང་ནས་ཤི་བ་ན་དེ་དང་དེར་སྐྱེ་ཞིང་ཁམས་གོང་མ་གཉིས་ཀྱི་ཉོན་མོངས་མ་སྤངས་པའི་ཐོད་རྒལ་བའི་ཕྱིར་མི་འོང་དུ་མི་སྲིད་ལ་དེ་དག་འདོད་རྟེན་ལ་འདའ་བར་ཡང་མ་ངེས་པའི་ཕྱིར་རོ། །མཐར་གྱིས་པ་ལ་དབྱེ་བ་འདི་དག་རུང་བ་ནི་ཤུན་ཏུ་གྲགས་སོ། །གསུམ་པ་ནི་གཟུགས་སུ་ཉེར་འགྲོ་ལྔ་དང་གཟུགས་མེད་ཉེར་འགྲོ་བཞི་པོ་དེ་འདོད་པ་དང་ཁམས་གོང་མ་གང་གི་རྟེན་ལ་བྱེད་ཅེ་ན། མཛོད་ལས། གཟུགས་སུ་ཉེ་བར་འགྲོ་བ་དགུར། །བཤད་དོ་དེ་དག་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག་ལས། ཞེས་སོ། །འདིས་བར་དོར་འདའ་བ་གསུམ། སྐྱེས་འདའ་བ་གསུམ། འཕར་བ་གསུམ་ལ་ལས་དབང་པོ་ཉོན་མོངས་པའི་སྒོ་ནས་ཁྱད་པར་འབྱེད་དེ། རིམ་པ་ལྟར་མངོན་པར་འགྲུབ་པ་ཙམ་དང༌། སྐྱེས་ནས་མྱོང་འགྱུར་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་ནི་ཁྱད་པར་དང་པོའོ། །དབང་པོ་རྣོ་འབྲིང་རྟུལ་བ་ནི་གཉིས་པའོ། །སྤང་བྱ་ཆུང་འབྲིང་ཆེན་པོ་ནི་གསུམ་པའོ། །གསུམ་ཚན་དང་པོ་གཉིས་ཀྱི་ནང་ལ་ནི་ལས་ཀྱི་ཁྱད་པར་མེད་ལ་དབང་པོ་དང་ཉོན་མོངས་ཀྱི་ཁྱད་པར་ནི་ཡོད་དོ། །གསུམ་ཚན་ཐ་མ་ལ་ནི་ལས་ཀྱི་ཁྱད་པར་ཡང་ཡོད་དེ། སྐྱེ་བ་མང་ཉུང་ཡོད་པས་སོ། །འདི་དག་རང་འགྲེལ་ལས་བཤད་པའི་ཕྱིར་གཟུགས་སུ་ཉེར་འགྲོ་ལྔ་རྩོམ་པ་དང་པོ་འདོད་རྟེན་
ལ་བྱེད་དགོས་ཏེ། གཟུགས་ཁམས་ཀྱི་བར་དོར་སྐྱེས་ཟིན་པ་དེ་ལ་བར་དོ་འགྲུབ་པའི་ལས་དང༌། གཟུགས་ཁམས་ཀྱི་སྐྱེ་སྲིད་གྲུབ་ཟིན་ནས་རྟེན་དེ་ལ་འདའ་བ་ལ་སྐྱེས་ནས་མྱོང་འགྱུར་གྱི་ལས་དང༌། ཚངས་རིས་སུ་སྐྱེས་ཟིན་ནས་ཕྱི་མ་ལ་འོག་མིན་དུ་འགྲོ་བ་དང༌། ཚངས་རིས་ནས་གནས་གཙང་དང་པོར་སྐྱེས་ཟིན་དང༌། གནས་གཞན་བརྒྱུད་ནས་ཤིན་ཏུ་མཐོང་དུ་སྐྱེས་ནས་ཡོད་པ་དེ་ལ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་མེད་པའི་ཕྱིར་ཏེ། རིམ་པ་ལྟར་བར་སྲིད་དེ་ཉིད་ཀྱི་རྟེན་ལ་འདའ་བ་དང༌། སྐྱེ་བ་གཅིག་ཀྱང་མི་ལེན་པ་དང༌། སྐྱེ་བ་གཅིག་ལས་མི་ལེན་པས་སོ། །ཁྱབ་པ་ཡོད་དེ། སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་བའི་ལས་ཀྱི་དོན་ཚེ་ཕྱི་མ་དང༌། དེ་ཕན་ཆད་དུ་རྣམ་སྨིན་མྱོང་བ་ལ་ཀུན་བཏུས་ལས་གསུངས་པ་དང་འདི་དག་གི་ལས་རྣམས་རྣམ་སྨིན་ངེས་པ་ཡིན་པས་སོ། །ཀུན་བཏུས་ལས་ཀྱང༌། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན། སྐྱེ་བའི་ཀུན་ཏུ་སྦྱོར་བ་སྤངས་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་མ་སྤངས་པ། ཞེས་དང༌། སྐྱེས་ནས་མྱ་ངན་ལས་འདའ་བ་གང་ཞེ་ན། ཀུན་ཏུ་སྦྱོར་བ་གཉིས་ཀ་མ་སྤངས་པ། ཞེས་གསུངས་ཤིང༌། དེའི་འགྲེལ་པར་ཡང་བར་དོར་སྐྱེ་བའི་བག་ལ་ཉལ་ལུས་ཤིང་སྐྱེ་སྲིད་ཀྱི་རྒྱུའི་ཉོན་མོངས་ཟད་པར་བཤད་པའི་ཕྱིར། བར་དོ་གྲུབ་ཟིན་ཉེར་འགྲོའི་བར་དོར་འདའ་བ་མི་འཐད་དོ། །དེ་ལྟར་ན་འདའ་བ་བཞི་དང་གོང་འཕོ་སྟེ་ལྔ་ལ་ནི་གོང་མའི་རྟེན་ཅན་ཀྱང་ཡོད་ལ་ཉེར་འགྲོ་གཉིས་ལས་ཕྱེ་བའི་དེ་དག་ནི་འདོད་རྟེན་པའོ། །
གཉིས་པ་ནི། མཛོད་ལས། གཞན་ནི་འདི་ལ་མྱ་ངན་འདའ། ཞེས་པའོ། །དེ་ཡང་གཟུགས་དང་གཟུགས་མེད་དུ་ཉེར་འགྲོ་ལས་གཞན་པའི་ཕྱིར་མི་འོང་སྟེ། འདི་ཁམས་གོང་མར་མི་སྐྱེ་ཞིང་ཕྱིར་མི་འོང་ཡིན་པས་འདོད་པར་ཡང་མི་སྐྱེ་བས་སོ། །འོ་ན་མཛོད་ལས། འགོག་པ་ཐོབ་པ་ཕྱིར་མི་འོང༌། །ལུས་ཀྱིས་མངོན་སུམ་བྱེད་པར་འདོད། ཅེས་པ་འདི་དེ་དག་གང་དུ་འདུ་ཞེ་ན། སྤྱིར་འགོག་ཐོབ་ཀྱི་ཕྱིར་མི་འོང་ལ་ནི་འགོག་སྙོམས་ལས་མ་ཉམས་པར་ཚེ་དེ་དང༌། ཉམས་ནས་གཟུགས་ཁམས་སུ་སྐྱེ་སྟེ་དེར་འདའ་བ་དང༌། དེར་སྐྱེས་ནས་འགོག་སྙོམས་བསྐྱེད་དེ་ཤི་འཕོས་ནས་སྲིད་རྩེར་འདའ་བ་གཅིག་དང་གསུམ་བཤད་ལ། དང་པོ་ནི། མཐོང་ཆོས་ཞིའི་ལུས་མངོན་བྱེད་དང་ཕྱི་མ་གཉིས་ནི་ཉམས་ནས་སོར་མ་ཆུད་པའི་ཕྱིར་མི་འོང་ནི་འདོད་པའི་རྟེན་ལ་གནས་པ་ན་གཟུགས་སུ་ཉེར་འགྲོ་ཡིན་ལ་ལུས་མངོན་བྱེད་མིན་པ་དང༌། གཟུགས་ཁམས་སུ་སྐྱེས་པའི་རྟེན་ལ་འགོག་སྙོམས་སྐྱེད་ནས་ཚེ་དེ་དང་ཤི་ནས་གཟུགས་མེད་དུ་འདའ་བ་གཉིས་ནི་ལུས་མངོན་བྱེད་ཡིན་པར་སེམས་སོ། །བཞི་པ་ལ་གཉིས་ལས་ཞུགས་པ་ནི། ཕྱིར་མི་འོང་འབྲས་གནས་ཀྱིས་གཟུགས་ཀྱི་སྒོམ་སྤང་དང་པོ་སྤོང་བ་ལ་བརྩོན་པ་ནས་སྲིད་རྩེའི་དགུ་པའི་བར་སྤོང་བ་ལ་བརྩོན་པ་སྟེ་མཛོད་ལས། སྲིད་རྩེའི་བར་ཆད་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུ་པའི་བར་ཆད་མེད་ལམ་ཡང༌། ཞེས་སོ། །གཉིས་པ་ལ། སྒྲིབ་པ་སྤངས་ཚུལ་གྱིས་ཕྱེ་ན་མཛོད་ལས། འགོག་ཐོབ་གཉིས་ཀ་ལས་རྣམ་
གྲོལ། །ཤེས་རབ་ཀྱིས་ནི་ཅིག་ཤོས་སོ། ཞེས་པ་ལྟར་གཉིས་ཀའི་ཆ་ལས་དང༌། ཤེས་རབ་ཀྱིས་རྣམ་གྲོལ་ཏེ་གཉིས་ནི་ཉོན་མོངས་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་སོ། །དེ་གཉིས་ལ་རྒྱན་ཅན་རྒྱན་མེད་ཅེས་ཀྱང་ཟེར་རོ། །དབང་པོས་ཕྱེ་ན་དད་མོས་དང་མཐོང་ཐོབ་གཉིས་ཏེ། མཛོད་ལས། ལྔ་ནི་དད་པས་མོས་ལས་སྐྱེས། །དེ་དག་རྣམ་གྲོལ་དུས་དང་སྦྱོར། །མི་གཡོའི་ཆོས་ཅན་མི་གཡོ་བ། །དེ་ཕྱིར་དེ་དུས་མི་སྦྱོར་གྲོལ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང༌། ཞེས་སོ། །ལྔ་ནི། ཉམས་པ་དང༌། བདག་གསོད་པ་དང༌། རྗེས་སུ་སྲུང་བའི་ཆོས་ཅན་དང༌། གནས་པ་ལས་མི་བསྐྱོད་པ་དང༌། རབ་ཏུ་རྟོགས་པའི་འོས་སུ་གྱུར་པ་སྟེ་མི་གཡོ་བའི་ཆོས་ཅན་བསྣན་པས་དགྲ་བཅོམ་པ་དྲུག་ཏུ་འགྱུར་རོ། །དང་པོ་ལྔ་བྱེ་སྨྲས་དགྲ་བཅོམ་ལས་ཉམས་ནས་རྒྱུན་ཞུགས་བར་དུ་འགྲོ་བ་ཡོད་པར་འདོད་ལ། མདོ་སྡེ་བས་དགྲ་བཅོམ་ལས་ཉམས་མི་སྲིད་ཅིང་མཐོང་ཆོས་ལ་བདེར་གནས་ཙམ་ལས་ཉམས་པ་ཡོད་པར་འདོད་དེ་སློབ་དཔོན་སྐུ་མཆེད་ཀྱང་དེ་ཉིད་ལེགས་པར་མཛད་དོ། །གསུམ་པ་ནི། ཀུན་བཏུས་ལས། ཅིག་ཅར་ངེས་པར་འབྱིན་པ་ནི་གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཅར་སྤོང་སྟེ་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་དང་འབྲས་བུ་གཉིས་ལ་
གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ། འཆི་བའི་དུས་ཀྱི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ནའང་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེ་སྟེ་སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ། ཞེས་པ་ལྟར་བཤད་དེ། དེ་ཡང་དུས་ནམ་གྱི་ཚེ་དང་ས་གང་ལ་བརྟེན་པའི་ལམ་གྱིས་དང༌། སྤང་བྱ་གང་ཇི་ལྟར་ཅིག་ཅར་སྤོང་པ་དང༌། གང་ཟག་གང་ལ་བཞག་པ་དང༌། འབྲས་བུ་མངོན་དུ་བྱེད་ཚུལ་དང་ལྔས་རིག་པར་བྱའོ། །དང་པོ་ནི། བཅུ་དྲུག་པ་རྫོགས་ནས་ཏེ་མཐོང་ལམ་གྱིས་སྒོམ་སྤང་དང་བྱིས་ལམ་གྱིས་ཅིག་ཅར་སྤོང་བ་མེད་པས་སོ། །གཉིས་པ་ནི། ཉེར་སྡོགས་དང་པོ་ལ་བརྟེན་པའི་འདས་ལམ་སྟེ་དངོས་གཞི་ཐོབ་ན་འོག་སའི་དགུ་པ་ཟད་པས་སོ། །གསུམ་པ་ནི། ཁམས་གསུམ་གྱི་སྒོམ་སྤང་རྣམས་དགུར་དྲིལ་ནས་སྤོང་སྟེ་དེ་དག་གི་ཆོས་རྣམས་བསྡོམས་ནས་མི་རྟག་སོགས་སུ་ཡིད་ལ་བྱས་པས་སོ། །བཞི་པ་ནི་བཤད་ཟིན་ཏོ། །ལྔ་པ་ནི། འཆི་སྲིད་ཀྱི་སྔོན་ནམ་དེ་ལ་ཉེ་བའི་ཚེ་ཕལ་ཆེར་དགྲ་བཅོམ་དུ་འགྱུར་ལ་དེ་ལ་མ་ཐོབ་ན་འདོད་པར་སྐྱེས་པའི་རྟེན་ལ་འདའ་ཞིང་ལུང་གི་བསྟན་པ་ནུབ་པ་དང་འདོམས་ནས་སྲིད་པ་ཐ་མའི་ཚེ་སློབ་དཔོན་ལ་མ་ལྟོས་པར་བྱང་ཆུབ་ཐོབ་ན་རང་རྒྱལ་དུ་འགྱུར་ཏེ་སློབ་པའི་དུས་ནའང་ཉན་ཐོས་ཀྱིས་མ་ཁྱབ་པ་འདིས་མཚོན་ནས་ཤེས་པར་བྱའོ། །དགེ་འདུན་འདི་དག་ནི་ཆེ་ལོང་ཙམ་སྟེ་རྒྱས་པར་ནི་ཡི་གེ་ལོགས་ཤིག་ཏུ་བྲིས་ཡོད་པས་དེར་ལྟའོ། །གསུམ་པ་ནི། རྒྱུན་ཞུགས་
སོགས་འབྲས་བུ་བཞིར་ངེས་པ་ཅི་ཞེ་ན། སྤྱིར་འབྲས་བུར་འཇོག་པ་ལ་རྒྱུ་མཚན་ལྔ་སྟེ་ཞུགས་ལམ་སྔོན་དུ་བཏང་བ་དང༌། འབྲས་གནས་ཀྱི་ལམ་ཐོབ་པ་དང༌། མཐོང་སྤང་སྤངས་པའི་སྤང་བྱ་ཐམས་ཅད་ཀྱི་བྲལ་ཐོབ་གཅིག་རྙེད་པ་ལྟ་བུའི་ཟད་པ་བསྡོམས་པ་དང༌། ཤེས་པ་བརྒྱད་དང་མི་རྟག་སོགས་ཀྱི་རྣམ་པ་བཅུ་དྲུག་ཐོབ་པ་ཡིན་ལ། རྒྱུ་མཚན་འདི་ཡང་བཞི་པོ་དེར་སྲིད་ཀྱི་གཞན་དུ་མེད་པས་བཞིར་བཞག་སྟེ། མཛོད་ལས། འབྲས་བུ་བཞི་རྣམ་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་པའི་ཕྱིར། །འབྲས་ལ་སྔོན་ལམ་བཏང་བ་དང༌། །གཞན་ཐོབ་པ་དང་ཟད་བསྡོམས་དང༌། །ཤེས་པ་བརྒྱད་ཚན་ཐོབ་པ་དང༌། །རྣམ་པ་བཅུ་དྲུག་ཐོབ་པའོ། ཞེས་སོ། །རྣམ་གྲངས་སུ་ན། མཐོང་སྤང་སྤངས་ཙམ་གྱིས་རྒྱུན་ཞུགས་དང༌། སྒོམ་སྤང་ལ་གཉིས་ལས་འདོད་པའི་སྒོམ་སྤང་དྲུག་པ་སྤངས་པས་ཕྱིར་འོང་དང་དགུ་པ་སྤངས་པས་ཕྱིར་མི་འོང་དུ་བཞག་གོ །གོང་མའི་སྒོམ་སྤང་སྤངས་པས་ནི་དགྲ་བཅོམ་ཡིན་ལ། འདོད་པ་ལ་གཉིས་བཞག་པ་ནི་དེ་ལས་མྱུར་དུ་འདའ་བར་བྱ་བའི་ཕྱིར་རོ། །འབྲས་བུ་འདི་དག་དང་པོར་ཁམས་གང་དུ་འཐོབ་ཚུལ་ཡང་མཛོད་ལས། འདོད་པར་གསུམ་ཐོབ་ཐ་མ་ནི། གསུམ་དུའོ། ཞེས་པ་ལྟར་རོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། ཞེས་པའི་དགེ་འདུན་བྱེ་བྲག་ཏུ་བཤད་པའི་ཕྱིར་བར་སྐབས་ཀྱི་ཚིགས་བཅད་གཉིས་གསུངས་སོ། །དེའི་རྒྱུ་མཚན་ནི། དགེ་འདུན་དཀོན་མཆོག་གི་
སྐབས་སུ་མདོ་ལས་དེའི་དབྱེ་བ་མང་པོ་ཞིག་གསུངས་པ་དེ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །མདོ་འབྲེལ་ནི། ཆོས་དཀོན་མཆོག་ལ་གདམས་པ་ཡན་ཆད་དུ་ཡུམ་ལ་བསླབ་པ་དང་བརྩོན་ཚུལ་རྣམས་གསུངས་ལ་དེ་ནས་དེ་ལྟར་བརྩོན་པའི་བྱང་སེམས་དེ་རྣམས་གང་ནས་འདིར་སྐྱེས་འདི་ནས་གང་དུ་སྐྱེ་ཞེས་དྲིས་པའི་ལན་དུ་དགེ་འདུན་འདི་རྣམས་གསུངས་སོ། །གཉིས་པ་ལ་ལྔ། གང་ལས་དབྱེ་བའི་གཞི། ཇི་ལྟར་ཕྱེ་བའི་གྲངས། ཕྱེ་བ་སོ་སོའི་རང་བཞིན། དེ་དག་གང་གིས་མཚོན་བསམ་པ། ཁྱད་པར་གྱི་ཆོས་གཞན་བསྟན་པའོ། །དང་པོ་ནི། འཕགས་པ་དང་སློབ་དཔོན། རིགས་བྱིན་ཤེར་འབྱུང་བུད་དྷ་ཤྲཱི། ཨ་བྷྱ་ཀ་ར་རྣམས་ནི་འཕགས་པའི་དགེ་འདུན་ལ་འབྱེད་པར་བཞེད་དེ། འདི་རྒྱུད་བླ་མར། དགེ་འདུན་དཀོན་མཆོག་བཤད་པ་ས་དང་པོ་ཡན་ཆད་ལ་ཐོགས་མེད་ཀྱིས་བཤད་པས་དེ་དང་མཐུན་ནོ། །ཤཱནྟི་པ་ནི། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། ཞེས་སོགས་ཀྱི་རྗེས་སུ་འབྲངས་ནས་དང་པོ་གཉིས་སྦྱོར་ལམ་པ། དེ་ནས་བཞི་མཐོང་ལམ་པ། དེ་ནས་བཅུ་བཞི་སྒོམ་ལམ་པའོ་ཞེས་སྔ་མ་དག་འཆད་དོ། །འོན་ཀྱང་མདོར། བྱང་ཆེན་ཡུམ་གྱི་གནས་པ་འདིས་གནས་པ་དེ་གང་ནས་ཤི་འཕོས་ཏེ། འདིར་སྐྱེས་པ་ལགས། ཞེས་པའི་དོན་འགྲེལ་པ་ན། དག་ལྡན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པས་སོ། ཞེས་གསུངས་པ་ཙམ་མ་གཏོགས་པ་སྦྱོར་མཐོང་སྒོམ་གསུམ་སོ་
སོ་ལ་གནས་པ་ངོས་བཟུང་བ་མི་སྣང་ངོ༌། །དེས་ན་དག་ལྡན་གྱི་ལུང་དེ་སྦྱོར་ལམ་ནས་ས་མཚམས་མཛད་པའི་ཤེས་བྱེད་དུ་འགྲོའོ། །སྙིང་པོ་མཆོག་ཏུ་ནི་ཕྱིར་མི་ལྡོག་གི་དགེ་འདུན་དུ་བཤད་པ་སྣང་ཡང་ལམ་གྱི་གསལ་ཁ་མེད་དོ། །དད་མོས་ཀྱི་མདོར་ལྷ་ཚེ་རིང་པོར་སྐྱེ་བར་གསུངས་པ་ལ་རྩོད་པ་སྤོང་བའི་ལན་གྱི་སྐབས་སུ། ཡུལ་བ་ག་ལ་པའི་མཁས་པའི་ལུགས་ཀྱིས་ངན་འགྲོ་ལ་སོགས་པའི་མི་ཁོམ་པ་མ་ལུས་པར་ཟད་པ་ནི་བཟོད་པ་ནས་ཡིན་ཏེ། ངན་འགྲོ་མེད་པས་ཆོས་ཆེན་པོ་ལ་བཟོད་པའི་ཕྱིར། ཞེས་པས་སོ། །དེས་ན་དྲོད་རྩེར་མི་ཁོམ་པ་ཕལ་ཆེར་ཟད་ཀྱི་མ་ལུས་པ་མིན་པས་འདུ་ཤེས་མེད་པ་པར་སྐྱེས་པ་དེ་དྲོད་རྩེ་བ་ཡིན་ལ། དེ་ཡང་སྨད་པའི་གནས་དེར་ཡུན་ཐུང་ལ་སྡུག་བསྔལ་ཡང་ཆུང་བ་མྱོང་ཞེས་ཟེར་ཏེ་དེའི་ལུགས་ཀྱིས་ཀྱང་འདིའི་དགེ་འདུན་ལ་སོ་སྐྱེ་འདོད་དོ། །དེ་དག་ལས་བ་ག་ལ་པའི་འདོད་པ་ནི་མི་རིགས་ཏེ། འདི་སློབ་དཔོན་གྱི་ལུང་ལ་ཚད་མར་བྱེད་ལ་སློབ་དཔོན་གྱིས་འཕགས་པ་ཁོ་ནར་བཤད་པའི་ཕྱིར་དང༌། ཐེག་ཆེན་གྱི་དྲོད་རྩེ་བ་ཐར་བའི་ལམ་ཡིན་མིན་ལ་འཁྲུལ་བ་མི་སྲིད་ལ། འདུ་ཤེས་མེད་པ་པར་སྐྱེ་བ་ལ་དེའི་སྙོམས་འཇུག་ལ་ཐར་ལམ་དུ་འཁྲུལ་བར་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཤད་པས་སོ། །དག་ལྡན་གྱི་བཞེད་པ་ཡང་མི་རིགས་ཏེ། འདི་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། ཞེས་པའི་དགེ་འདུན་དུ་རང་ཉིད་ཀྱང་བཞེད་ལ། སྐྱབས་གསུམ་ཡ་གྱལ་གྱི་དགེ་འདུན་ནི་སར་ཞུགས་
ཡིན་པར་འཕགས་པ་ཐོགས་མེད་ཀྱིས་བཤད་པས་སོ། །དེས་ན་ངེས་འབྱེད་ལ་གནས་པ་ཕྱིར་མི་ལྡོག་གི་དགེ་འདུན་ཙམ་དུ་རུང་ཡང་དགེ་འདུན་དཀོན་མཆོག་ཏུ་མི་རུང་ངོ༌། །གཉིས་པ་ལ་གཉིས། མདོ་དང་རྒྱན་མ་སྦྱར་བ་དང༌། སྦྱར་བའི་འདྲེན་ལུགས་སོ། །དང་པོ་ནི། འབུམ་ཉི་ཁྲི། ཁྲི་བརྒྱད་སྟོང་པ་གསུམ་དུ། སངས་རྒྱས་ཀྱི་ཞིང་གཞན་དང༌། དགའ་ལྡན་དང་མིའི་ནང་ནས་ཚེ་འཕོས་ཏེ་འདིར་སྐྱེས་པར་རིག་པར་བྱ། ཞེས་གསུམ་གསུངས་ལ་དེའི་རྗེས་སུ་ལྷ་ཚེ་རིང་པོར་སྐྱེ་བའི་མདོ་ནས་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་དང་འབྲལ་བར་མི་བྱེད་པ་དག་ཀྱང་ཡོད་དོའི་བར་རྣམས་གསུངས་ཏེ། འདི་ལ་ཞེ་ལྔ་ཡོད་དོ། །དེ་ལ་དང་པོ་གསུམ་རིམ་པ་ལྟར་བྱང་སེམས་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱིས་མཆོག་འབྲིང་དམན་གསུམ་དུ་གནོད་འཇོམས་གཉིས་ལས་བཤད་ལ། འབུམ་གྱི་གནོད་འཇོམས་ལས་དང་པོ་གསུམ་མདོར་བསྟན་དང་ལྷག་མ་ཞེ་ལྔ་རྒྱས་བཤད་དུ་བྱས་སོ། །ཡུམ་གསུམ་གནོད་འཇོམས་ལས། ཐབས་མཁས་མི་མཁས་གཉིས་སུ་བསྡུས་ནས་ཐབས་མི་མཁས་པ་ལ་ལྷ་ཚེ་རིང་པོ་དང་འདོད་ཁམས་སུ་སྐྱེ་བ་གཉིས། ལྷག་མ་ཞེ་གསུམ་ཐབས་མཁས་སུ་གསུངས་སོ། །དེ་ལྟར་ཐབས་མི་མཁས་པ་ལ་གཉིས་སུ་བྱས་ནས་ཞེ་ལྔ་བགྲང་བར་གཉིས་ཀ་མཐུན་ལ་མི་མཐུན་པའི་ཆ་འདི་ཙམ་ཞིག་ཡོད་དེ། འདི་ལྟར་མདོ་གསུམ་གར་ཞེ་གཉིས་པའི་ཐད་དུ་བྱང་ཆེན་སེམས་དང་པོ་བསྐྱེད་ཕྱིན་ཆད་ཕྱིར་མི་ལྡོག་པའི་ས་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་
དོ། ཞེས་པ་ནི། ཡུམ་གསུམ་གནོད་འཇོམས་སུ་མ་བགྲངས་པར་ཕྱོགས་བཅུའི་འགྲེས་ཀྱི་སྐབས་སུ་མདོ་ལས་སེམས་དཔའ་བཅུ་ཡོད་པར་གསུངས་པ་ལ་ཕྱོགས་བཅུ་པོ་རེ་རེ་དང་བཅུ་བསྡོམས་པ་ལ་གཅིག་ཏུ་བྱས་ནས་བགྲངས་སོ། །འབུམ་གྱི་གནོད་འཇོམས་ལས་བཅུ་པོ་བསྡོམས་པ་མདོ་ན་མེད་པས་དེ་མ་བགྲངས་པར་མདོ་ན་ཡོད་པའི་དགེ་བཅུའི་ལམ་མི་གཏོང་བ་བགྲངས་ཏེ་འདི་ཤིན་ཏུ་ལེགས་ཏེ་མདོ་གསུམ་ག་འགྲིག་པས་སོ། །དེས་ན་གནོད་འཇོམས་ཆེ་བས་ཡོད་པ་བཞག་ནས་མེད་པ་བཙལ་བ་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ། །དེ་ལྟར་སྤྱིར་རྒྱལ་སྲས་ཞེ་བརྒྱད་བསྟན་ཏེ་དང་པོར་གསུམ་དང་ཕྱིས་ཞེ་ལྔ་གསུངས་པས་སོ། །གཉིས་པ་ལ་གཉིས། སྒྲ་ཇི་བཞིན་པ་དང༌། ཇི་བཞིན་པ་མ་ཡིན་པར་འདྲེན་པའོ། །དང་པོ་ནི། བུད་དྷ་ཤྲཱི་དང་ཤཱནྟི་པ་སྟེ་རྩ་བའི་སྒྲ་ཇི་བཞིན་དུ་ཉི་ཤུ་འདྲེན་པས་སོ། །གཉིས་པ་ལ་གཉིས། འཕགས་པ་དང༌། སློབ་དཔོན་གྱི་ལུགས་ལོ། །དང་པོ་ནི། སྔ་མ་རྣམས་བཅུ་དྲུག་དངོས་སུ་བསྟན་ནས་བཞི་ཁ་འགེངས་པ་འཕགས་པའི་ལུགས་སུ་འདོད་དེ་བཞི་ནི་བརྒྱད་པ་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་ཞུགས་པའོ། །དེའི་རྒྱུ་མཚན་ཡང་ཉི་སྣང་ལས། གོང་དུ་འཕོ་བ་ནི་ལྔ་པ་ཡིན་ཏེ་ཞེས་འོག་མིན་འགྲོ་འཕར་གསུམ། སྲིད་རྩེའི་མཐར་ཐུག་འགྲོ་སྟེ་ལྔ་ལ་གོང་འཕོ་ཞེས་གཅིག་ཏུ་བགྲངས་པས་སོ་སྙམ་དུ་བསམས་སོ། །དེ་ལ་ཁ་ཅིག་དེ་ནི་མི་རིགས་ཏེ། གོང་འཕོ་ལྔ་པར་བྱས་པ་དགེ་
འདུན་ཉི་ཤུའི་ལྔ་པ་མིན་གྱི། ཕྱིར་མི་འོང་ལ་བདུན་དུ་སྨོས་པའི་ལྔ་པ་ཡིན་པས་སོ། །དེ་ལྟ་མིན་ན་བར་དོར་འདའ་བ་ནས་དགེ་འདུན་གྱི་དང་པོ་བགྲངས་པ་དང༌། རྒྱན་སྣང་དང་རྟོགས་དཀར་ཡང་གོང་འཕོ་ལ་ལྔ་པར་གསུངས་པས་དེ་དག་གི་ལུགས་ལ་ཡང་དེར་ཐལ་ལོ། ཞེས་ཟེར་རོ། །ཁ་ཅིག་ཐུབ་དགོངས་སུ་བཅུ་དགུ་དངོས་དང་འོག་མིན་འགྲོའི་ཚབ་ལ་དགྲ་བཅོམ་འབྲས་ཞུགས་བསྣན་ནས་ཉི་ཤུར་བྱས་ཏེ་འཕགས་པའི་དགོངས་པ་བླངས་པ་ཉིད་འཐད་དོ་ཞེས་ཟེར་རོ། །འོ་ན་མདོ་ལས་བརྒྱད་པ་དང༌། རྒྱུན་ཞུགས་འབྲས་གནས་དང་ཕྱིར་འོང་ཕྱིར་མི་འོང་འོག་མིན་འགྲོ་རྣམས་ཐ་དད་དུ་གསུངས་པ་དང་འགལ་ཞེ་ན། དང་པོ་ནི་རྗེས་འབྲང་གཉིས་ཀྱི་དབྱེ་གཞི་དང༌། གཉིས་པ་ནི་ཉི་སྣང་ལས། རྒྱུན་དུ་ཞུགས་པ་ཞེས་བཤད་པ་གང་ཡིན་པ་དེ་ཉིད་ནི། རིགས་ནས་རིགས་སུ་སྐྱེ་བ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཞེས་དང༌། གསུམ་པ་ནི་བར་ཆད་གཅིག་པར་འདུས་ཏེ། དེ་ཉིད་ལས། ལན་ཅིག་ཕྱིར་འོང་བ་ཞེས་བཤད་པ་གང་ཡིན་པ་དེ་ཉིད་བར་ཆད་གཅིག་པ་ཡིན་པ་ནི། ཞེས་དང༌། བཞི་པ་ནི་དེ་ཉིད་ལས། ཉོན་མོངས་པ་དགུ་སྤངས་པའི་ཕྱིར་མི་འོང་བ་ཞེས་བཤད་པ་གང་ཡིན་པ་དེ་ནི་རྣམ་པ་ལྔར་ཤེས་པར་བྱའོ། ཞེས་དང༌། ལྔ་པ་ནི་དེ་ཉིད་ལས་འོག་མིན་གྱི་མཐར་ཐུག་པར་འགྲོ་བའི་གོང་དུ་འཕོ་བ་གང་ཡིན་པ་འདི་ནི་རྣམ་པ་གསུམ་དུ་འགྱུར་ཏེ། ཞེས་དེ་དག་གི་དབྱེ་གཞིར་གསུངས་པའི་ཕྱིར་ཞེས་འཆད་པ་ནི་ཐུབ་དགོངས་ལས། དེ་ལྟར་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང་རྒྱུན་དུ་ཞུགས་པ་དང༌། ལན་
ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་དང༌། ཕྱིར་མི་འོང་བ་དང་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པའོ། ཞེས་གང་ཟག་བདུན་གྱི་རབ་ཏུ་དབྱེ་བས་བཅུ་དགུ་རང་སངས་རྒྱས་དང་བཅས་པ་ཉི་ཤུ་ནི་ཞེས་པའི་དོན་ཡིན་ནོ། །སྤྱིར་ཨ་བྷྱ་ཀ་ར་རང་ལ་ཡང་ཡིད་བརྟན་ཐུབ་པ་མི་སྣང་སྟེ། ཟླ་འོད་ལས་བསྟན་བཅོས་ཀྱིས་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ནི་གོ་སླ་བ་ཉིད་ཀྱིས་མ་བསྡུས་སོ་ཞེས་བཤད་ཅིང༌། སྲིད་རྩེར་འགྲོ་ལ་གཟུགས་ཀྱི་ཆགས་བཅོམ་དང་མཐོང་ཆོས་ཞི་དང་ལུས་མངོན་བྱེད་གཉིས་གཅིག་ཏུ་བགྲངས་ནས་གཉིས་སུ་བྱེད་པར་མངོན་ལ་གཞན་རྣམས་སློབ་དཔོན་གྱི་འགྲེལ་ཆུང་འདི་ཇི་བཞིན་དུ་བཤད་པའི་ཕྱིར་རོ། །གཉིས་པ་ནི། རྒྱན་སྣང་དང་འགྲེལ་པ་འདིའི་དགོངས་པ་ནི་འཆད་པར་འགྱུར་རོ། །ལེ་བརྒྱད་མར་ནི་རྩ་བའི་སྒྲས་ཟིན་ཉི་ཤུའི་སྟེང་དུ་བརྒྱད་པ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་ཞུགས་པ་སྟེ་ཉེར་ལྔ་ལ་མདོ་དྲངས་སོ། །ད་ལྟའི་མདོ་རྣམས་སུ་རྒྱུན་ཞུགས་བར་དོར་འདའ་བ་འོག་མིན་འགྲོ་འཕར་བ་དང་པོ་གཉིས། སྲིད་རྩེའི་མཐར་ཐུག་འགྲོ་གཟུགས་ཀྱི་ཆགས་བཅོམ་དང་རང་རྒྱལ་རྣམས་ཀྱི་མདོ་རྣམས་མི་སྣང་ལ་འཕར་བ་གསུམ་པ་ཡང་ཇི་ལྟ་བ་བཞིན་མེད་དོ། །འོ་ན་སྔར་བཤད་པ་ཅི་ཞེ་ན་བརྒྱད་པ་ནི་རྗེས་འབྲང་གཉིས་དང་ཕྱིར་མི་འོང་ནི་བར་དོར་འདའ་བ་སོགས་དང༌། འོག་མིན་འགྲོ་འཕར་གསུམ་དང་
སྲིད་རྩེར་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་གཉིས་མཐོང་ཆོས་ཞི་དང་ལུས་མངོན་བྱེད་གཉིས་ཀྱི་དབྱེ་གཞི་ཡིན་ནོ་ཞེས་བརྗོད་ན་འགྲེལ་པ་ཆེ་ཆུང་གཉིས་དང་ཡང་མཐུན་ནོ། །འོན་ཀྱང་འབྲས་བུ་བར་པ་གཉིས་ཀྱི་ཞུགས་པ་འདྲེན་ཚུལ་མི་གཅིག་སྟེ། དེར་ནི་ཉི་སྣང་ལྟར་དད་མོས་གཉིས་དང་མཐོང་ཐོབ་གཉིས་བསྒྲིགས་ནས་རེ་རེར་བགྲངས་པས་སོ། །གྲགས་ཆ་ལས་ནི། དབང་པོ་རྣོ་རྟུལ་གཉིས་འོག་མིན་དང་སྲིད་རྩེར་འགྲོ་གཟུགས་ཀྱི་ཆགས་བཅོམ་རྣམས་དོར་ནས་རྒྱུན་ཞུགས་ཕྱིར་འོང་ཞུགས་གནས་ཕྱིར་མི་འོང་ཞུགས་པ་དགྲ་བཅོམ་ཞུགས་པ་བཞི་འདྲེན་ཏེ། དང་པོ་གཉིས་དད་ཐོབ་ཀྱི་བྱེ་བྲག་ཡིན་པས་མི་འདྲེན་ཟེར་རོ། །འབུམ་འགྲེལ་ལས་ནི། དབང་པོ་རྣོ་རྟུལ་གཉིས་འོག་མིན་འགྲོ་གསུམ་དོར་ནས་མཐོང་བའི་ཆོས་ལ་ཞི་བ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་དེ་གཉིས་གཅིག་ཏུ་བགྲངས་ནས་བཅུ་དྲུག་མདོ་དང་སྦྱར་ཏེ་མདོ་སྦྱོར་ཚུལ་འཕགས་སེང་དང་ཆེས་མི་མཐུན་ནོ། །དེ་ལྟར་འདོད་པ་ཐ་དད་པ་དེ་དག་ལས་འདིར་གང་གཟུང་ཞེ་ན། འཕགས་པའི་དགོངས་པ་ཉིད་རིགས་ཏེ། གང་ཡིན་པ་ནི་འཆད་པར་འགྱུར་རོ། །གསུམ་པ་ནི། ཕྱིར་མི་ལྡོག་པའི་དགེ་འདུན་ནི་དབྱེ་གཞི། དབྱེ་ན་ཉི་ཤུའོ། །དེ་གང་ན་འདི་ལ་བཞི། བརྒྱད་པ། ཆགས་བྲལ་སྔོན་སོང་། མཐར་གྱིས་པ། རང་རྒྱལ་གྱི་མིང་ཅན་གྱི་བྱང་སེམས་སོ། །དང་པོ་ལ་གཉིས་ལས། ལམ་ཤེས་ཀྱི་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པའི་དབང་རྟུལ་དད་པས་ལམ་གྱི་རྗེས་སུ་འབྲང་བ་ནི། བྱང་ཆེན་གང་མིའི་ནང་ནས་ཤི་འཕོས་ནས་མི་རྣམས་
དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆེན་མ་གཏོགས་པར་དབང་པོ་རྟུལ་བ་ཡིན་ཏེ། ཡུམ་གྱི་རྣལ་འབྱོར་ལ་ཡང་མྱུར་དུ་མཉམ་པར་འཇོག་པ་མ་ཡིན། དེ་ལ་གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་དུ་མི་འགྱུར་རོ། ཞེས་སོ། །འདིར་འབུམ་གྱི་གནོད་འཇོམས་ལས། ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་མ་གཏོགས་པ་ཞེས་བྱ་བ་ནི་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཁ་ཅིག་སེམས་ཅན་གྱི་དོན་གྱི་དབང་གིས་མིའི་ནང་དུ་སྐྱེ་ཞིང་ཚེ་འཕོ་བ་དག་ཀྱང་ཡོད་དེ། དེ་དག་ནི་དབང་པོ་རྟུལ་པོ་མ་ཡིན་ལ། ཡུམ་གྱི་རྣལ་འབྱོར་ལ་ཡང་མཉམ་པར་འཇོག་ནུས་ཤིང་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་འཐོབ་པར་ནུས་ཀྱི་དེ་མ་གཏོགས་པ་དགེ་བའི་ལས་དང་བསོད་ནམས་ཀྱི་དབང་གིས་མིའི་ནང་ནས་ཚེ་འཕོས་ཏེ་མིའི་ནང་དུ་སྐྱེ་བ་ཁ་ཅིག་ནི་དེའི་ཚེ་ཡུམ་ལ་བརྩོན་ཡང༌། སྔོན་ཡུམ་ལ་གོམས་པར་མ་བྱས་པ་དང་རང་བཞིན་གྱིས་དབང་པོ་རྟུལ་བས་ཡུམ་གྱི་རྣལ་འབྱོར་ལ་མྱུར་དུ་མཉམ་པར་འཇོག་མི་ནུས་ལ་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་མྱུར་དུ་མངོན་དུ་མི་འགྱུར་རོ། ཞེས་བསྟན་པ་སྟེ་ཞེས་འབྱུང་ཞིང༌། འཕགས་པས་ཀྱང༌། ཕྱིར་མི་ལྡོག་པ་བཀོལ་བ་ནི་དབང་པོ་རྣོན་པོའི་ལམ་ཁོ་ནས་ས་དེ་ཐོབ་པའི་ཕྱིར་རོ། ཞེས་དབང་རྣོན་ཁོ་ནས་ཕྱིར་མི་ལྡོག་པ་ཐོབ་པས་དེ་ལ་དམིགས་བསལ་བྱས་པར་གསུངས་སོ། །རྟོགས་པ་སྔ་མ་ལྟ་བུའི་དབང་རྣོན་ཤེས་རབ་ཀྱིས་ལམ་གྱི་རྗེས་སུ་འབྲང་བ་ནི།
བྱང་ཆེན་གང་སངས་རྒྱས་ཀྱི་ཞིང་གཞན་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་དེའི་དབང་པོ་རྣམས་རྣོ་བར་འགྱུར་ཞིང་དེས་མྱུར་དུ་རྣལ་འབྱོར་འདི་འགྲུབ་པར་འགྱུར་ཏེ། འདི་ལྟ་སྟེ་ཡུམ་གྱི་རྣལ་འབྱོར་རོ། ཞེས་དང༌། བྱང་ཆེན་གང་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེ་ཡང་དབང་པོ་ཤིན་ཏུ་རྣོ་བར་འགྱུར་ཞིང་ཕར་ཕྱིན་དྲུག་ལས་ཉམས་པ་མེད་པ་དང་གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཀྱང་མངོན་དུ་ཕྱོགས་པར་འགྱུར་རོ། ཞེས་སོ། །དེ་ལ་ཉི་སྣང་དང་ལེ་བརྒྱད་མར། བྱང་ཆེན་ཡུམ་གྱི་གནས་པ་འདིས་གནས་པ་ནི་སངས་རྒྱས་ཀྱི་ཞིང་གཞན་དང་དགའ་ལྡན་དང་ཞིང་འདི་ནས་ཤི་འཕོས་ནས་འདིར་སྐྱེས་པར་རིག་པར་བྱའོ། ཞེས་པ་འདི་བརྒྱད་པའི་མདོར་བཞེད་དོ། །དེ་ནས་ཐ་མ་འདི་སྔོན་ལ་ཕྱུང་ནས་དད་འབྲིང་དང་དང་པོ་གཉིས་ཆོས་འབྲིང་ལ་སྦྱར་རོ། །དེས་ན་རྗེས་འབྲང་གཉིས་ཀྱི་མདོ་དེ་བརྒྱད་པའི་མདོའི་དོན་དང་ཁྱད་མེད་པས་འཕགས་པའི་ལུགས་ལ་ཡང་འདི་གཉིས་ཞུགས་པ་དང་པོར་བྱེད་དགོས་སོ། །དེའི་ཕྱིར་སྐད་ཅིག་བཅུ་དྲུག་ལ་གནས་པ་གསུངས་ཀྱང་བཅོ་ལྔ་ལ་གནས་པར་དགོངས་པ་བླང་ངོ༌། །འོ་ན་སྐབས་འདིར་འཕགས་པས་རྗེས་འབྲང་གཉིས་ཀྱིས་འདོད་པའི་དྲུག་པ་ནས་བརྒྱད་པའི་བར་མཐོང་ལམ་གྱི་སྔོན་དུ་སྤངས་ན་དེ་གཉིས་ཕྱིར་འོང་དང་དགུ་པ་སྤངས་ན་ཕྱིར་མི་འོང་ཞུགས་པ་ཡིན་ལ། གང་གི་ཚེ་བཅུ་དྲུག་པ་ཐོབ་པ་དེའི་ཚེ་དེ་གཉིས་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་གནས་ཡིན་ལ། དེའི་ཚེ་སྔར་གྱི་དབང་རྟུལ་ནི་དད་མོས་དང་དབང་རྣོན་མཐོང་ཐོབ་ཡིན་ནོ་
ཞེས་རྗེས་འབྲང་གཉིས་ཐོད་རྒལ་བའི་ཞུགས་པར་མ་བཤད་དམ་ཞེ་ན། ཉེས་པ་མེད་དེ། འདིའི་ལུགས་ཀྱི་རྗེས་འབྲང་གཉིས་ལ་ཞུགས་པ་དང་པོས་ཁྱབ་པར་མི་འདོད་ཀྱི་ཆགས་བྲལ་སྔོན་སོང་གི་ཞུགས་པའང་འདོད་པས་སོ། །འོ་ན་ཉི་སྣང་ལས། འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་དད་པས་ལྷག་པར་མོས་པ་ཞེས་དང༌། འབྲས་བུ་གཉིས་པ་དང༌གསུམ་པ་ལ་ཞུགས་པ་མཐོང་བས་ཐོབ་པ་ཞེས་པ་མི་རིགས་ཏེ། ཆགས་བྲལ་སྔོན་སོང་གི་ཞུགས་པའི་ཚེ་དད་པ་དང་ཆོས་ཀྱི་རྗེས་འབྲང་ཞེས་བརྡ་འདོགས་པ་དང༌། མངོན་པ་གོང་འོག་ལས་དད་ཐོབ་གཉིས་འབྲས་གནས་ཀྱི་དུས་ལ་བཞག་པས་ཤེ་ན། སྐྱོན་མེད་དེ། ཆགས་བྲལ་སྔོན་སོང་གི་ཞུགས་པ་ཡིན་ཀྱང་དད་ཐོབ་ཀྱི་བརྡ་སྦྱོར་བ་ནི། དེ་གཉིས་ཀྱི་དོན་དབང་པོ་རྟུལ་རྣོ་ཡིན་ལ་རྗེས་འབྲང་གཉིས་ཀྱང་དེ་ཡིན་པས་དབང་པོའི་རིགས་གཅིག་པ་ལ་དགོངས་པས་སོ། །གཞན་དུ་ན་ཉི་སྣང་ལས། ཆགས་བྲལ་སྔོན་སོང་གི་ཞུགས་པ་རྗེས་འབྲང་གཉིས་སུ་བཞག་པ་དང་འབྲས་གནས་ཀྱི་ཚེ་དད་ཐོབ་ཏུ་མིང་འཕོ་བར་གསུངས་པ་དང་ཇི་ལྟར་ནང་མི་འགལ། གལ་ཏེ་དད་ཐོབ་གཉིས་འབྲས་བུ་བར་པ་གཉིས་ལ་ཞུགས་པ་དེ་ཆགས་བྲལ་སྔོན་སོང་དུ་འགལ་ཡང་མཐར་གྱིས་པའི་ཞུགས་པའོ། །ཞེ་ན། མི་རིགས་ཏེ། ཕྱིར་འོང་དད་ཐོབ་ཁྱད་པར་ཅན་ཕྱིར་མི་འོང་ཞུགས་པ་ཡིན་ཀྱང་དེའི་ཕྱིར་འོང་ཞུགས་པར་འགལ་བས་སོ། །དེས་ན་ཉི་སྣང་ལས། དད་ཐོབ་གཉིས་ལ་མདོ་དྲངས་མ་ཐག་ཏུ་ཕྱིར་
འོང་དང་ཕྱིར་མི་འོང་འབྲས་གནས་གཉིས་ཀྱི་མདོ་དྲངས་པ་ནི་ཆགས་བྲལ་སྔོན་སོང་གི་ཞུགས་འབྲས་བཞི་དང་སྦྱར་བའི་ཆེད་ཡིན་ནོ། །དེ་ལྟར་ན། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པས་ཞུགས་པ་དང་པོ་ཆགས་བྲལ་སྔོན་སོང་གི་ཞུགས་པ་གཉིས་དང་གསུམ་བསྟན་ལ། དད་དང་མཐོང་ཐོབ་ཅེས་པས་དེའི་འབྲས་གནས་གཉིས་བསྟན་ཏོ། །དད་ཐོབ་གཉིས་དཔེའི་དགེ་འདུན་གྱི་སྐབས་སུ་འབྲས་གནས་ཁོ་ནར་བསྟན་པ་དང༌། ཉི་སྣང་ལས་ཀྱང་རྗེས་འབྲང་གཉིས་འབྲས་གནས་གཉིས་སུ་སོང་བ་ན་དད་ཐོབ་ཏུ་འབྱུང་བར་བཤད་པས། དེ་གཉིས་ལ་ཞུགས་པར་བྱས་ཀྱང་སྔར་བཤད་པ་ལྟར་དབང་པོ་འདྲ་བ་ལ་དགོངས་པ་བླངས་ནས་ཞུགས་པ་གཉིས་རྗེས་འབྲང་གཉིས་སུ་དང་འབྲས་གནས་གཉིས་དད་ཐོབ་ཏུ་བཤད་པར་བྱའོ། །མཐར་གྱིས་པའི་འབྲས་བུ་བར་པ་གཉིས་ལ་ཞུགས་པ་ནི་རྒྱུན་ཞུགས་ཁྱད་པར་ཅན་རིགས་སྐྱེ་དང་ཕྱིར་འོང་ཁྱད་པར་ཅན་བར་ཆད་གཅིག་པས་མཚོན་ལ། ཕྱིར་མི་འོང་བར་དོར་འདའ་བ་སོགས་དགྲ་བཅོམ་ཞུགས་པ་ཡིན་ནོ། །དེ་ལྟར་བྱས་ན་ཞུགས་པ་དང་པོ་གཉིས་ལ་བརྒྱད་པ་ཞེས་གཅིག་ཏུ་དང༌། ཆགས་བྲལ་སྔོན་སོང་གི་ཞུགས་པ་དབང་པོ་རྟུལ་རྣོ་གཉིས་གཉིས་སུ་དང༌། དེའི་འབྲས་གནས་གཉིས་གཉིས་སུ་བགྲངས་ནས་འོག་མིན་འགྲོ་འཕར་གསུམ་གྱི་དབྱེ་གཞི་ཡིན་པས་དོར་ལ་གཞན་རྣམས་སྒྲ་ཇི་བཞིན་དུ་བགྲང་ངོ༌། །འདི་ཁོ་ན་རྗེ་བཙུན་གྱི་བཞེད་པ་ཡིན་ཏེ། དགེ་འདུན་འདི་དག་མངོན་པ་ནས་བཤད་པ་དང་མིང་མཚུངས་པར་བསྟན་ཅིང་དེ་ཡང་
དེ་དག་དང་ཆོས་མཚུངས་པས་ཡིན་ལ། མངོན་པ་ནས་རྐང་པ་དང་པོ་དང་དེ་ནས་ཕྱེད་ཀྱིས་རིམ་པ་ལྟར་སྔར་གྱི་ཞུགས་པ་གསུམ་དང་དེའི་འབྲས་གནས་གསུམ་བསྟན་ལ་རྒྱུན་ཞུགས་འབྲས་གནས་ནི་འོག་ཏུ་བཤད་པས་སོ། །དེའི་ཕྱིར་ཉི་སྣང་ལས་ཀྱང་སྐབས་དེར་མཛོད་ཀྱི་རྣམ་གཞག་ཇི་ལྟ་བ་བཞིན་བཤད་ནས་བརྒྱད་པ་དང་ཆགས་བྲལ་སྔོན་སོང་གི་ཞུགས་འབྲས་ཀྱི་རང་བཞིན་རྣམས་བསྟན་ཏོ། །འདི་ལྟར་བྱས་ནས་དགེ་འདུན་ཉི་ཤུར་བྱེད་པ་ནི་འཕགས་པའི་དགོངས་པར་གསལ་མོད། འོན་ཀྱང་རྒྱ་བོད་ཀྱི་མཁས་པ་ཕལ་མོ་ཆེས་འདིའི་དགོངས་པ་བཙལ་ཡང་ཇི་ལྟ་བ་བཞིན་གསལ་བར་མ་གྱུར་ཏོ། །གཉིས་པ་ལ་གཉིས། ཞུགས་པ་དང་གནས་པའོ། །དང་པོ་ལ་གཉིས་ལས། དང་པོ་ཕྱིར་འོང་དང་ཕྱིར་མི་འོང་ལ་ཞུགས་པ་དད་མོས་དང་རིགས་མཚུངས་པའི་དབང་རྟུལ་ནི། བྱང་ཆེན་ཐབས་མི་མཁས་པ་གང་དག་བསམ་གཏན་བཞི་པོ་རྣམས་སྒྲུབ་པར་བྱེད་ཕར་ཕྱིན་རྣམས་ལ་སྤྱོད་པར་བྱེད་ཅིང་བསམ་གཏན་ཐོབ་པ་དེས་ཀྱང་ལྷ་ཚེ་རིང་པོ་རྣམས་སུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་དེ་གལ་ཏེ་འདོད་པའི་ཁམས་ཀྱི་ལྷ་དང་མི་རྣམས་སུ་སྐྱེ་ཞིང་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པར་འགྱུར་བ་ན་དེ་དག་གི་དབང་པོ་རྟུལ་པོར་འགྱུར་ཞིང་རྣོན་པོར་མི་འགྱུར་བ་དག་ཀྱང་ཡོད་དོ། ཞེས་སོ། །གཉིས་པ་འབྲས་བུ་བར་པ་གཉིས་ལ་ཞུགས་པ་མཐོང་ཐོབ་དང་རིགས་མཚུངས་པའི་དབང་རྣོན་ནི། བྱང་སེམས་ཐབས་ལ་མཁས་པ་གང་དག་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་
སྙོམས་པར་ཞུགས་ཤིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཡང་སྙོམས་པར་འཇུག་ལ། བསམ་གཏན་ལ་སོགས་པའི་དབང་གིས་ནི་མ་ཡིན་ཏེ། འོན་ཀྱང་ཐབས་མཁས་པས་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པས་བཞུགས་ཤིང་འཚོ་སྐྱོང་བ་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་བ་དག་ཀྱང་ཡོད་དོ། །དེ་དག་ནི་ཡུམ་གྱི་རྣལ་འབྱོར་དང་མ་བྲལ་བས་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་མེད་རྫོགས་བྱང་དུ་མངོན་པར་འཚང་རྒྱའོ། ཞེས་སོ། །འདིར་ཞུགས་པ་བཞི་དབང་པོའི་སྒོ་ནས་བསྲེས་ཏེ་གཉིས་གཉིས་སུ་བགྲངས་པ་ནི་དབང་པོ་རྣོ་རྟུལ་གྱི་མདོ་རེ་རེ་ལས་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། དང་པོ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་དད་ཐོབ་གཉིས་ཀྱི་སེམས་དཔའ་ནི། བྱང་ཆེན་ཚེ་གཅིག་གིས་ཐོགས་པ་ཡུམ་ལ་སྤྱོད་པ་གང་དག་ཐབས་མཁས་པས་བསམ་གཏན་བཞི་ཚད་མེད་བཞི་གཟུགས་མེད་བཞི་ཆོས་སོ་བདུན་རྣམ་ཐར་གསུམ་ལ་སྙོམས་པར་འཇུག་ཅིང་དེ་དག་གི་དབང་དུ་མི་འགྲོ་བར་སངས་རྒྱས་བཅོམ་ལྡན་འདས་མངོན་དུ་གྱུར་པ་རྣམས་མཉེས་པར་བྱས་ནས་དེར་ཚངས་པར་སྤྱོད་པ་སྤྱད་དེ། སླར་ཡང་དགའ་ལྡན་གྱི་ལྷ་དང་སྐལ་བ་མཉམ་པར་སྐྱེས་ཏེ། དེ་དག་དེར་ཚེ་ཇི་སྲིད་དུ་གནས་ནས་དབང་པོ་མ་ཉམས་པ་དང་དྲན་ཞིང་ཤེས་བཞིན་དུ་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཏེ། མདུན་དུ་བྱས་ནས་འདིར་སྐྱེ་བ་བསྟན་ཏེ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་སངས་རྒྱ་བ་དག་ཀྱང་ཡོད་དོ། ཞེས་སོ། །འདི་ནི་
འཇིག་རྟེན་འདིར་ལན་ཅིག་འོངས་ནས་གཞན་དུ་མྱ་ངན་ལས་འདའ་བས་ཕྱིར་འོང་ངོ༌། །གཉིས་པ་དེའི་ཕྱིར་མི་འོང་འབྲས་གནས་དད་ཐོབ་གཉིས་ཀྱི་སེམས་དཔའ་ནི། བྱང་ཆེན་མངོན་ཤེས་དྲུག་ཐོབ་པ་གང་དག་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་མི་སྐྱེའི་འོན་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་དག་ཀྱང་ཡོད་དོ། ཞེས་སོ། །འདི་ནི་གང་དུ་སྐྱེས་པ་དེར་མི་འོང་བས་ཕྱིར་མི་འོང་ངོ༌། །གསུམ་པ་ལ་གསུམ། རྒྱུན་ཞུགས། ཕྱིར་འོང་ཕྱིར་མི་འོང་གི་མིང་ཅན་གྱི་དགེ་འདུན་ནོ། །དང་པོ་ལ་གཉིས་ལས། རྒྱུན་ཞུགས་འབྲས་གནས་མིའི་རིགས་ནས་རིགས་སྐྱེའི་སེམས་དཔའ་ནི། བྱང་ཆེན་བསམ་གཏན་བཞི་ཚད་མེད་བཞི་གཟུགས་མེད་བཞི་སྐྱེད་ནས་ཡང་དེ་དག་ཐབས་མཁས་པས་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ལས་ལོག་ནས་འདོད་པའི་ཁམས་སུ་སྐྱེ་བར་བྱེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རྒྱལ་རིགས་བྲམ་ཟེ་ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་སུ་སྐྱེ་བ་ཡང་ཡོད་དོ། ཞེས་སོ། །ལྷའི་རིགས་ནས་རིགས་སྐྱེའི་སེམས་དཔའ་ནི། བྱང་ཆེན་བསམ་གཏན་བཞི་ཚད་མེད་བཞི་གཟུགས་མེད་བཞི་ལ་འཇུག་ཅིང་དེ་དག་ཀྱང་ཐབས་མཁས་པའི་སྟོབས་ཀྱིས་བསམ་གཏན་ཏིང་ངེ་འཛིན་སྙོམས་པར་འཇུག་པའི་དབང་
གིས་མི་སྐྱེ་བར་རྒྱལ་ཆེན་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ཏེ། ཞེས་སོ། །འབུམ་འགྲེལ་དུ་ལྷའི་རིགས་སྐྱེ་ལ་འདོད་ལྷ་དང་གཟུགས་ཀྱི་ལྷའི་རིགས་སྐྱེ་གཉིས་བྱས་སོ། །དེ་གཉིས་ཀྱང་འདོད་པའི་ཉོན་མོངས་གསུམ་དང་བཞི་སྤངས་པ་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་དང་སྐྱེ་བ་གཉིས་སམ་གསུམ་ལུས་པས་ཁྱད་པར་དེ་གསུམ་དང་ལྡན་པའི་ཕྱིར་རྒྱུན་ཞུགས་ཙམ་ལས་ཁྱད་ཞུགས་པར་ཉི་སྣང་ལས་སོ། །གཉིས་པ་བར་ཆད་གཅིག་པའི་སེམས་དཔའ་ནི། བྱང་ཆེན་བསམ་གཏན་བཞི་ཐོབ་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཐོབ་པ་དང༌། དེ་དག་རྗེས་སུ་རྟོགས་པའི་ཕྱིར་སྤྱོད་པ་གང་དག་འཕགས་པའི་བདེན་པ་བཞི་པོ་རྣམས་ཐོབ་པ་ཡིན་ཀྱང་དེ་དག་མངོན་དུ་མི་བྱེད་པ་དག་ཡོད་དེ། ཤཱ་རིའི་བུ་བྱང་ཆེན་དེ་དག་ནི་ཚེ་གཅིག་གིས་ཐོགས་པར་རིག་པར་བྱའོ། ཞེས་སོ། །འདི་ནི་ཉོན་མོངས་བདུན་པ་དང་བརྒྱད་པ་སྤངས། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ། སྐྱེ་བ་ལྷག་མ་གཅིག་ལུས་ཏེ་ཁྱད་པར་དེ་གསུམ་དང་ལྡན་པས་ཕྱིར་འོང་ཙམ་ལས་ཁྱད་ཞུགས་པར་ཉི་སྣང་ལས་སོ། །བར་ཆད་གཅིག་པའི་དོན་ཀུན་བཏུས་འགྲེལ་པར་སྐྱེ་བ་གཅིག་གིས་མྱང་འདས་ལ་བར་བཅད་པ་ལ་བཤད་པ་ནི་མདོ་འདི་དང་མཐུན་ནོ། །འདི་ཨ་བྷྱས་ས་བདུན་པ་དང་བརྒྱད་པ་ལ་འཆད་ཀྱང་མདོ་དང་བསྟུན་ན་བཅུ་པར་གསལ་ཏེ་སྐྱེ་བ་གཅིག་གིས་ཐོགས་པའི་རྒྱལ་སྲས་སུ་བཤད་པས་སོ། །འདིས་སྟོབས་སོགས་ནས་མ་འདྲེས་པའི་བར་ཐོབ་པར་གསུངས་པ་
དེ་དག་གི་རིགས་ཙམ་མམ་ནུས་པ་ཁྱད་པར་ཅན་ཐོབ་པ་ལ་དགོངས་པའོ། །གསུམ་པ་ལ་བརྒྱད་ལས། དང་པོ་ཕྱིར་མི་འོང་བར་དོར་འདའ་བའི་སེམས་དཔའ་ནི། བྱང་ཆེན་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བསམ་གཏན་ཚད་མེད་གཟུགས་མེད་ཆོས་སོ་བདུན་སྟོབས་མི་འཇིགས་པ་སོ་སོ་ཡང་དག་པར་རིག་པ་མ་འདྲེས་པ་བཅོ་བརྒྱད་ཐོབ་པ་གང་དག་ཐབས་མཁས་པས་ཚངས་རིས་ནས་འོག་མིན་གྱི་ལྷའི་བར་དུ་སྐྱེ་བར་འགྱུར་ཞིང༌། དེར་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་དག་ཀྱང་ཡོད་དོ། ཞེས་སོ། །དེ་ནི་ཁམས་གསུམ་གྱི་བར་མ་གཟུགས་ཁམས་ཀྱི་གནས་གང་རུང་གཅིག་ཏུ་སངས་རྒྱས་ནས་འདིར་བྱང་ཆུབ་པ་སོགས་སྟོན་པའི་ཕྱིར་བར་དོར་འདའ་བའོ། །གཉིས་པ་སྐྱེས་འདའ་བའི་སེམས་དཔའ་ནི། བྱང་ཆེན་གང་དག་སེམས་དང་པོ་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་ཏུ་འཚང་རྒྱ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་གཞལ་དུ་མེད། སེམས་ཅན་གྲངས་མེད་པ་རྣམས་ཀྱི་དོན་བྱས་ནས་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་ཞིང༌། དེ་དག་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་བསྐལ་བའམ་བསྐལ་པ་ལས་ལྷག་པར་གནས་པ་དག་ཡོད་དོ། ཞེས་སོ། །འདིར་སེམས་དང་པོ་བསྐྱེད་པ་ནི་འོག་མིན་ནས་དགའ་ལྡན་དུ་དེ་ནས་འཛམ་བུའི་གླིང་དུ་གཤེགས་ནས་ཁྱིམ་ནས་ངེས་པར་འབྱུང་སྟེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྐྱིལ་ཀྲུང་བཅས་མ་ཐག་ཏུ་སེམས་བསྐྱེད་པ་སྟེ་ཕུང་
པོ་ལྷག་བཅས་ཀྱིས་འདའ་བས་སྐྱེས་འདའ་བ་ཞེས་དག་ལྡན་ལས་སོ། །གསུམ་པ་འདུ་བྱེད་དང་བཅས་ཏེ་འདའ་བའི་སེམས་དཔའ་ནི། བྱང་ཆེན་ཕྱིན་དྲུག་ལ་སྤྱོད་པ་གང་དག་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་དེ་དག་ཏུ་ཡང་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡང་དག་པར་འཇོག་པར་བྱེད་དོ་དེ་དག་སེམས་ཅན་རྣམས་ཀྱི་དོན་ལ་རྟག་པར་བརྩོན་ཏེ་ནམ་ཡང་དོན་མེད་པའི་ཚིག་མི་སྨྲའོ། །སེམས་ཅན་གྱི་དོན་དུ་རྟག་ཏུ་བརྩོན་པས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། ཞེས་སོ། །འདི་སེམས་ཅན་གྱི་དོན་ལ་བརྩོན་པའི་ཕྱིར་འདུ་བྱེད་དང་བཅས་ཏེ་འདའ་བའོ། །བཞི་པ་འདུ་བྱེད་མེད་པར་འདའ་བའི་སེམས་དཔའ་ནི། བྱང་ཆེན་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལས་ཡང་དག་པར་འདའ་ཞིང་ཕྱིར་མི་ལྡོག་པའི་ས་ལ་ཡང་ངེས་པར་གནས་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་སྐྲུན་པར་བྱེད་པ་དག་ཡོད་དོ། ཞེས་སོ། །རིགས་ཀྱི་ཁྱད་པར་ལས་འབད་པ་ཆུང་ངུས་ཆེས་མྱུར་བ་ཉིད་དུ་བྱང་ཆུབ་པའི་ཕྱིར་བྱེད་མེད་དུ་འདའ་བའོ་ཞེས་དག་དགོངས་གཉིས་སུའོ། །ཉི་སྣང་ལས། སྐྱེས་འདའ་བ་བྱེད་བཅས་གཉིས་ལ་མངོན་པར་བརྩོན་པ་དང༌། བྱེད་མེད་ལ་བརྩོན་པ་མེད་པར་ལམ་ལ་འཇུག་པར་བཤད་ལ་ཐུབ་དགོངས་སུ་ཡང་ངོ༌། །ལྔ་པ་ལ་གཉིས་ལས། དང་པོ་མདོ་ལས། བྱང་ཆེན་ཕྱིན་དྲུག་ལ་སྤྱོད་པ་གང་དག་འཁོར་ལོས་བསྒྱུར་པའི་རྒྱལ་པོར་གྱུར་ནས་སྦྱིན་པའི་ཕར་ཕྱིན་ལྷུར་བྱས་ཏེ་སེམས་ཅན་ཐམས་ཅད་
ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་ཅིང་ཟས་འདོད་པ་རྣམས་ལ་ཟས་དང་ཞེས་པ་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སུ་སེམས་ཅན་རྣམས་རབ་ཏུ་བཀོད་དེ། ཚངས་རིས་ནས་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འཚང་རྒྱ་བ་ཡོད་དོ། ཞེས་པས་བསྟན་པའི་འོག་མིན་འགྲོ་ལ་འཕར་བ་གསུམ་སྟེ། འཕར་བ་དང༌། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བའོ། །དེ་ལ་འཕར་བའི་སེམས་དཔའ་ནི། བྱང་ཆེན་གང་དག་བསམ་གཏན་བཞི་བསྒྲུབས་ཏེ་བསམ་གཏན་རྣམས་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོ་བསྒྲུབས་ཏེ་ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེ་ཞིང་དེ་དག་ཡང་བསམ་གཏན་རྣམས་བསྒྲུབས་ནས་འོག་མིན་ཉིད་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ། ཞེས་སོ། །ཕྱེད་དུ་འཕར་བའི་སེམས་དཔའ་ནི། བྱང་སེམས་གང་དག་ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས་གནས་གཙང་མར་སྐྱེས་ཏེ་གནས་གཙང་མའི་གནས་གཅིག་གམ་གཉིས་ལས་བརྒལ་ཏེ་འོག་མིན་དུ་སྐྱེས་ནས། སོགས་སྔར་ལྟར་རོ། །གནས་ཐམས་ཅད་དུ་འཆི་འཕོ་བའི་སེམས་དཔའ་ནི། བྱང་ཆེན་གང་དག་བདག་ཉིད་ཀྱི་ལུས་དེ་བཞིན་གཤེགས་པའི་སྐུ་ལྟ་བུར་སྤྲུལ་ནས་དགའ་ལྡན་ཀྱི་གནས་སྦྱངས་ནས་ཚངས་རིས་ཀྱི་ལྷ་ནས་འོག་མིན་གྱི་ལྷའི་བར་དུ་སྐྱེས་ཏེ་ཐབས་མཁས་པས་སེམས་ཅན་དམྱལ་བ་རྣམས་ལ་ཆོས་
སྟོན་ཞིང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་པ་རྣམས་ལ་ཡང་ཆོས་སྟོན་པ་ཡོད་དོ། ཞེས་སོ། །གཉིས་པ་སྲིད་རྩེའི་མཐར་ཐུག་འགྲོའི་སེམས་དཔའ་ནི། བྱང་ཆེན་གང་དག་བསམ་གཏན་དང་གཟུགས་མེད་བསྒྲུབ་པར་བྱེད་པ་དག་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་ཞིང་དེ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་རྩེའི་བར་དུ་སྐྱེ་བར་བྱེད་དེ། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་པ་དག་ཡོད་དོ། ཞེས་སོ། །མདོ་ལས་དགེ་རྒྱས་ཞེས་འབྱུང་ཡང་ཉི་སྣང་ལས་གནས་གཞན་ཐམས་ཅད་དུ་སྐྱེས་ནས་གནས་གཙང་མར་མ་ཞུགས་པ་ཁོ་ནར་གཟུགས་མེད་པར་རིམ་གྱིས་སྐྱེ་བས་ཞེས་འབྱུང་བའི་ཕྱིར་འབྲས་བུ་ཆེའི་བར་དུ་འགྲོའོ། །དྲུག་པ་གཟུགས་ཀྱི་ཆགས་བཅོམ་གཟུགས་མེད་ཉེར་འགྲོའི་སེམས་དཔའ་ནི། བྱང་ཆེན་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་གང་ཡིན་པ་དེ་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་ཞིང་དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་སྐྱེ་བར་འགྱུར་བ་དག་ཡོད་དོ། ཞེས་སོ། །འདི་ནི་འདི་ནས་ཤི་འཕོས་ནས་གཟུགས་སུ་མ་སོང་བར་གཟུགས་མེད་དུ་སྐྱེའོ། །བདུན་པ་མཐོང་ཆོས་ཚེ་འདི་ལ་ཞི་བ་མྱ་ངན་ལས་འདའ་བའི་སེམས་དཔའ་ནི། བྱང་ཆེན་གང་དག་ཕྱིན་དྲུག་ལ་སྤྱོད་པའི་ཚེ། ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སོ་གཉིས་ཀྱིས་བརྒྱན་ཞིང་དབང་པོ་ཡོངས་སུ་དག་པ་བླ་ན་མེད་པ་དང་ལྡན་ཏེ། ནམ་ཡང་ངན་སོང་ངན་འགྲོ་ལོག་པར་
ལྟུང་བ་རྣམས་སུ་སྐྱེ་བར་མི་འགྱུར་པ་ཉིད་དང༌། བདག་ཉིད་ལ་བསྟོད་པ་དང་གཞན་ལ་སྨོད་པར་མི་བྱེད་དེ། དེ་དག་དབང་པོ་ཡོངས་སུ་དག་པ་རྣམས་དང་ལྡན་པས་སྐྱེ་བོ་མང་པོ་བྱམས་ཤིང་ཡིད་དུ་འོང་བར་འགྱུར་རོ། །སེམས་ཅན་གང་དག་གིས་བྱང་ཆེན་དེ་དག་མཐོང་བ་དེ་དག་ཀྱང་སེམས་རབ་ཏུ་དང་བ་དེ་ཉིད་ཀྱིས་ཐེག་པ་གསུམ་གྱིས་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དག་ཡོད་དོ། ཞེས་སོ། །ཐེག་དམན་གྱི་མཐོང་ཆོས་ཞི་ནི་དང་པོར་འཕགས་ལམ་ཐོབ་པའི་རྟེན་དེ་ལ་འདའ་བ་ཡིན་ལ། འདི་ནི་མདོ་དང་བསྟུན་ན་བྱང་སེམས་འདི་གང་གིས་མཐོང་བ་དེ་ཉིད་མྱ་ངན་ལས་འདའ་བ་ལ་གསལ་ཞིང༌། ཐུབ་དགོངས་སུ། སྐྱེ་བ་ཐམས་ཅད་དུ་རྒྱུན་མི་འཆད་པར་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་མཐོང་བའི་ཆོས་ལ་མངོན་པར་རྫོགས་པར་བྱང་ཆུབ་པའོ། ཞེས་སོ། །བརྒྱད་པ་ལུས་མངོན་བྱེད་ཀྱི་སེམས་དཔའ་ནི། བྱང་ཆེན་ཡུམ་ལ་སྤྱོད་པ་གང་དག་བསམ་གཏན་ཚད་མེད་གཟུགས་མེད་བཞི་ཐོབ་པ་དེ་དག་གསུམ་པོ་དེ་དག་གིས་རྣམ་པར་རྩེ་ཞིང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །དེ་བཞིན་དུ་སྲིད་རྩེའི་བར་དུ་སྦྱར་ནས་ཤཱ་རིའི་བུ་དེ་ལྟར་བྱང་ཆེན་ཡུམ་ལ་སྤྱོད་པ་ཐབས་མཁས་པ་དང་ལྡན་པ་རྣམས་བསམ་གཏན་དང་ཚད་མེད་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་འདི་དག་ཡང་དང་ཡང་དུ་རྣམ་པར་བསྣན་ཅིང་སྙོམས་པར་
འཇུག་པས་ཐོད་རྒལ་ལ་སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་འཚང་རྒྱ་བ་དག་ཡོད་དོ། ཞེས་སོ། །ཅིའི་ཕྱིར་ལུས་མངོན་བྱེད་ཅེས་བྱ་ན། མྱང་འདས་དང་འདྲ་བའི་ཆོས་འགོག་སྙོམས་སེམས་མེད་པས་ལུས་ལ་བརྟེན་ཏེ་སྐྱེད་པས་སོ། ཞེས་འཆད་དེ་བྱེ་སྨྲ་དང་མཐུན་ནོ། །སློབ་དཔོན་དབྱིག་གཉེན་ནི་འགོག་པ་ལས་ལངས་པ་ན་འགོག་པ་ནི་མྱང་འདས་དང་འདྲ་བར་ཆོས་ཞི་བ་ཡིན་ནོ་སྙམ་དུ་སེམས་པས་རྣམ་ཤེས་དང་བཅས་པའི་ལུས་ཉོན་མོངས་ཞི་བ་སྔོན་མ་ཐོབ་པ་ཐོབ་པས་ལུས་མངོན་བྱེད་དོ་ཞེས་བཞེད་དོ། །བཞི་པ་བསེ་རུ་ལྟ་བུའི་བྱང་སེམས་ནི། ཤཱ་རིའི་བུ་བྱང་ཆེན་གང་དག་སངས་རྒྱས་མི་བཞུགས་ཤིང་ཉན་ཐོས་རྣམས་ཀྱང་མེད་པའི་འཇིག་རྟེན་གྱི་ཁམས་སུ་རང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དེ། དེ་དག་ཐབས་ལ་མཁས་པས་སྲོག་ཆགས་བརྒྱ་སྟོང་བྱེ་བ་ཕྲག་མང་པོ་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་བྱས་ནས་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ། ཞེས་སོ། །རང་རྒྱལ་ནི་གཉིས་ཏེ། གཅིག་ནི་གཞན་ལ་སྒྲར་བརྗོད་པས་ཐོས་པ་མེད་པར་སངས་རྒྱས་ཀྱི་ཆོས་སྣང་བར་བྱེད་པའོ། །གཉིས་པ་ནི་རང་རྒྱལ་གྱི་ཆ་ལུགས་ཙམ་འཛིན་པའོ་ཞེས་དག་ཐུབ་གཉིས་ལས་སོ། །དེ་ལྟར་ན་ཉི་སྣང་ལས་སྤྱིར་མདོ་ཉེར་བཞི་དྲངས་ཏེ་དགྲ་བཅོམ་ཞུགས་པ་དང་བཅས་པའོ། །བཞི་པ་ནི། གལ་ཏེ་དགེ་འདུན་འདི་དག་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་ཐེག་ཆེན་ལ་ཐེག་དམན་གྱི་མིང་གིས་བཏགས་ནས་བསྟན་ན། གང་དཔེར་བྱེད་ཅེ་ན།
འཕགས་པས་ནི་ཐོད་རྒལ་བ་དང་རིམ་གྱིས་པ་གཉིས་དང་མཚུངས་པར་བཤད་དེ། དེ་ཡང་དབང་པོ་རྣོ་རྟུལ་གཉིས་དང༌། དད་ཐོབ་གཉིས་ནི་ཐོད་རྒལ་བའི་ཞུགས་གནས་བཞི་དང༌། ལྷག་མ་རྣམས་མཐར་གྱིས་པ་དང་སྦྱར་ཞིང་དེ་དག་ཀྱང་མཛོད་དང་མཐུན་པར་འཆད་དོ། །སློབ་དཔོན་གྱིས་ནི་རྒྱན་སྣང་དུ་ཐམས་ཅད་ཀྱང་མཐར་གྱིས་པ་དང་མཚུངས་པར་བཤད་ཅིང་གཙོ་བོར་ཀུན་ལས་བཏུས་དང་མཐུན་པར་འཆད་དོ། །ཅིག་ཅར་པ་དང་སྦྱོར་བ་ནི་འགྲེལ་པ་སུས་ཀྱང་མ་བཤད་དོ། །འོ་ན་དེ་དག་དང་ཆོས་མཚུངས་གང་ཞིག་གིས་སྦྱར་ཞེ་ན། སྤངས་རྟོགས་དང་སྐྱེ་བ་ལེན་ཚུལ་ཏེ་གསུམ་གྱིས་སྦྱོར་རོ། །སྤངས་པ་སྦྱོར་ཚུལ་ལ་འགྲེལ་ཆེན་གཉིས་རིགས་བྱིན། ཤེར་འབྱུང༌། ཐུབ་དགོངས། ཟླ་འོད་རྣམས་སུ་གསལ་བར་བཤད་ཅིང་ཚིག་གསལ་གྱིས་མངོན་པ་ལ་ཁ་འཕངས་སོ། །དོན་འདི་ལ་སྔ་རབས་པ་རྣམས་ཐེག་ཆེན་གྱིས་སྤང་བྱ་ཐམས་ཅད་ཅིག་ཅར་དུ་སྤོང་བས་འཕགས་པ་དང་སློབ་དཔོན་གྱིས་ཐེག་དམན་གྱིས་སྤངས་པའི་རིགས་པ་ཐེག་ཆེན་ལ་སྦྱར་བ་ཤིན་ཏུ་ནོར་ཞེས་ཟེར་རོ། །ཡང་གཞན་དག་བྱང་སེམས་ཀྱི་ཉོན་མོངས་རྣམ་རྟོག་ཡིན་ལ་དེ་ཤེས་སྒྲིབ་ཡིན་པས་མཐོང་ལམ་གྱི་སྔོན་དུ་སྤངས་པ་མི་སྲིད་ལ། ཉི་སྣང་ལས། ཆགས་བྲལ་སྔོན་སོང་དང་སྦྱར་བ་ཉན་ཐོས་ཀྱི་དགེ་འདུན་གྱི་ལུགས་ཡིན་གྱི་ཐེག་ཆེན་གྱི་མིན་ཏེ། ཡིན་ན་ཐེག་ཆེན་གྱི་དགེ་འདུན་ཐམས་ཅད་ཆགས་བྲལ་སྔོན་སོང་དང་སྦྱོར་དགོས་པར་འགྱུར་ཏེ། མཐོང་ལམ་གྱི་
སྔོན་དུ་བསམ་གཏན་གྱི་དངོས་གཞི་ཐོབ་པས་ཁྱབ་པའི་ཕྱིར་རོ་ཞེས་འཆད་དོ། །དེ་ལྟར་ན་ཐེག་ཆེན་གྱི་ལུགས་ཀྱིས་སྤང་བྱ་ཅིག་ཅར་དུ་སྤོང་བ་དང་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་སྤོང་བ་འོང་མི་འོང་ལ་སོགས་པ་ནི་འོག་ནས་བཤད་པར་བྱའོ། །ལྔ་པ་ལ་གསུམ། མདོའི་དཀའ་གནས་དང༌། དགེ་འདུན་གྱི་ས་མཚམས་བསྟན་པ། མཚན་ཉིད་པ་དང་བཏགས་པ་བ་བསམ་པའོ། །དང་པོ་ནི། ལྷ་ཚེ་རིང་པོར་སྐྱེ་བ་དེ་འཕགས་པར་མི་རིགས་ཏེ། བསམ་གཏན་ལ་སོགས་ཀྱི་ཡན་ལག་ཡོངས་སུ་ཟད་པ་དང༌། ཞེས་སོ། །སྦྱོར་ལམ་པ་ཡང་མིན་ཏེ། དྲོད་ནས་མི་ཁོམ་བརྒྱད་ཟད་པར་བཤད་པས་སོ། །ཚོགས་ལམ་པར་ཡང་མི་རིགས་ཏེ། ཕྱིར་མི་ལྡོག་ཏུ་བཤད་པས་ཤེ་ན། འདི་ལ་མཁས་པ་གསུམ་གྱི་ལན་ལས་བ་ག་ལ་པའི་འདོད་པ་བརྗོད་ཟིན་ཏོ། །ཡུལ་ཨོ་དེ་ཤ་པའི་མཁས་པ་རྣམས་ནི་ཞལ་འཆམ་དུ་ཕྱིར་མི་ལྡོག་ཏུ་བཤད་པ་ནི་ཕལ་ཆེ་བས་བརྗོད་པ་སྟེ། ཕྱིར་མི་ལྡོག་པ་མ་གཏོགས་ཞེས་པའི་དམིགས་བསལ་ཡོད་པས་སོ་ཞེས་ཟེར་རོ། །འདིའི་ལྟར་ན་དེ་ཚོགས་ལམ་པར་གསལ་ལོ། །ཀོང་ཀ་ན་པ་དག་ནི་ལྷ་ཚེ་རིང་པོ་ལ་མི་ཁོམ་པ་ཡིན་མིན་གཉིས་ལས། དང་པོ་ནི། ཕྱི་རོལ་པའི་ལམ་གྱིས་ཁམས་དང་ས་འོག་མ་ལ་ཆགས་པ་དང་བྲལ་ནས་དེར་སྐྱེས་པ་འཆི་ཁའི་ཚེ་ལོག་ལྟ་སྐྱེས་ནས་དམྱལ་བར་ལྟུང་བས་མི་ཁོམ་པ་ཡིན་ལ། གཉིས་པ་ནི། བྱང་སེམས་སོ་སྐྱེ་བདེན་པ་མ་མཐོང་བ་དག་བརྒྱ་ལམ་ན་བཤེས་གཉེན་ངན་པའི་མཐུས་དེར་སྐྱེས་ཀྱང་སངས་རྒྱས་
ཀྱི་མཐུ་དང་རང་གི་བྱང་ཆུབ་ཀྱི་སེམས་ལ་སོགས་པས་སྔ་མ་ལྟར་མི་ཉམས་པས་མི་ཁོམ་པར་སྐྱེས་པ་མིན་ཏེ། དེ་ལྟར་བྱས་ན། ཡེ་ཤེས་རྒྱས་པའི་མདོ་ལས་སངས་རྒྱས་སྙན་པ་བརྗོད་པས། དགེ་སློང་དམིགས་པ་ཀུན་ལ་གནས་པར་མཚུངས་པ་ཞེས་བྱ་བ་ཐེག་ཆེན་གྱི་སྣོད་ཅིག་ཡོད་པ་ལྷ་ཚེ་རིང་པོར་སྐྱེས་པ་ན་གདུལ་བྱ་གཞན་མེད་ནས་མྱ་ངན་ལས་འདས་ཏེ་ཡང་མིར་སྐྱེས་པའི་དོན་མཛད་དོ་ཞེས་གསུངས་པ་ཡང་ལེགས་པར་བཤད་པར་འགྱུར་རོ་ཞེས་ཟེར་ཏེ། མདོར་ན་ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་དེར་སྐྱེས་པ་དེ་ལོག་ལྟ་སྐྱེ་བས་མི་ཁོམ་པ་ཡིན་ཀྱང༌། བྱང་སེམས་སོ་སྐྱེ་ནི་དེར་ཡང་ཤེས་རབ་ཀྱི་སྟོབས་ཀྱིས་ལོག་ལྟ་མི་སྐྱེ་ཞེས་པའི་དོན་ནོ། །འདིའི་ལྟར་ན་སྦྱོར་ལམ་པ་མི་ཁོམ་ཟད་པས་དེར་སྐྱེ་བ་མི་འགལ་ཞེས་པའོ། །འདི་དག་ཀུན་ཀྱང་དད་མོས་ཀྱི་དགེ་འདུན་འདི་བདེན་པ་མ་མཐོང་བར་འདོད་པ་ཡིན་ལ། དེ་དགག་པ་ནི་བསྙད་ཟིན་ཏོ། །གཞན་ཡང་ཁམས་གོང་གི་སྐྱེ་སྲིད་ཀྱི་རྟེན་ལ་རྒྱུ་འབྲས་ལ་སྐུར་འདེབས་ཀྱི་ལོག་ལྟ་མེད་ལ། ཕྱིར་མི་ལྡོག་མ་གཏོགས་ཞེས་གསུངས་པའི་དོན་ས་བརྒྱད་པ་བ་དམིགས་བསལ་ཡིན་གྱི་ཕྱིར་མི་ལྡོག་ཙམ་མིན་པས་སོ། །དེས་ན་ཡུམ་གསུམ་གནོད་འཇོམས་ལས། ཐབས་ལ་མི་མཁས་པ་སྔ་མ་ནི་བསམ་གཏན་གྱི་སྤྱོད་པ་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་བརྩོན་ཡང་ཐབས་མི་མཁས་པར་གྱུར་པའི་ཕྱིར་ལྷ་ཚེ་རིང་པོར་སྐྱེས་ཏེ། དུས་དེ་སྲིད་གཅིག་གི་བར་དུ་ཕ་རོལ་ཏུ་ཕྱིན་པ་
རྣམས་ལ་མི་བརྩོན་པར་གྱུར་ནས་ཕྱིས་མིའི་ནང་དུ་སྐྱེས་པའི་ཚེ་སྔོན་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་སྤྱོད་པའི་མཐུས་བརྩོན་པར་བྱེད་ཀྱང་དབང་པོ་རྟུལ་པོར་འགྱུར་ཏེ། ཞེས་པ་ལྟར། ཚེ་སྔ་མ་ཞིག་ལ་དེར་སྐྱེས་ཕྱིས་མིའི་ནང་དུ་འཕགས་ལམ་ཐོབ་པ་དེ་དབང་རྟུལ་དུ་བཞག་གོ །ཡང་སྲིད་རྩེར་འགྲོ་དང་གཟུགས་ཀྱི་ཆགས་བཅོམ་གཉིས་གཟུགས་མེད་དུ་སྐྱེ་བར་མི་རིགས་ཏེ། སྡུད་པར། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། ཅེས་པ་དང་འགལ་ཞེ་ན། ཉེས་པ་མེད་དེ། སྐྱེ་བར་གསུངས་པ་དེར་སྐྱེ་བའི་རྒྱུ་གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་པ་ཙམ་ལ་དགོངས་པའོ། །དེས་ན་སྐྱེ་བ་ལ་དབང་མ་ཐོབ་ན་སྐྱེ་བ་སྲིད་ཀྱང་ཐོབ་ན་མི་སྐྱེ་སྟེ། ཀུན་བཏུས་སུ། གཟུགས་མེད་པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་དང་ལྡན་ལ་ཞེས་པའི་འགྲེལ་པར་བྱང་ཆུབ་སེམས་དཔའ་ནི་འདོད་པ་དང་གཟུགས་ན་སྤྱོད་པ་ཡིན་གྱི་གཟུགས་མེད་པ་ན་སྤྱོད་པ་ནི་མིན་ཏེ། སེམས་ཅན་ཡོངས་སུ་སྨིན་པའི་གནས་མེད་པའི་ཕྱིར་ཏེ། མཐུའི་ཁྱད་པར་ཐོབ་པ་དག་དེར་མི་སྐྱེའོ། ཞེས་སོ། །ཡང་འཕར་བ་གསུམ་གྱི་སྐབས་སུ་བསམ་གཏན་དང་པོའི་རོ་མྱངས་ནས་བསམ་གཏན་གསུམ་ལས་ཉམས་པར་བཤད་པ་དང༌། བསམ་གཏན་གྱི་དབང་གིས་ལྷ་གནས་རྣམས་སུ་སྐྱེ་བར་བཤད་པ་མི་རིགས་ཏེ། ས་མཐོན་པོར་ཆུད་པའི་བྱང་སེམས་ཡིན་པས་དེ་དག་ལ་རོ་མྱང་བ་མེད་ལ་བསམས་བཞིན་དུ་སྲིད་པ་ལེན་པས་སྙོམས་འཇུག་
གི་དབང་གིས་སྐྱེ་བ་བཟློག་པས་ཤེ་ན། ཉེས་པ་མེད་དེ། དང་པོ་བྱང་འཕགས་དབང་རྟུལ་ཐབས་མི་མཁས་པ་འགའ་ཞིག་ལ་བསམས་པའམ། ཡང་ན་སོ་སྐྱེའི་དུས་སུ་རོ་མྱངས་པ་ལ་དགོངས་ལ། གཉིས་པ་ནི་འདོད་བཞིན་དུ་སྙོམས་འཇུག་དེ་དག་ལ་བརྟེན་ནས་སྐྱེ་བས་སོ། །གཉིས་པ་ནི། རྗེས་འབྲང་གཉིས་སྐད་ཅིག་བཅོ་ལྔ་ལ། རིགས་ནས་རིགས་སྐྱེ་གཉིས་ས་གཉིས་པ་ནས་ལྔ་པའི་བར་བཞི་ལ། ཕྱིར་འོང་ཞུགས་པ་ས་དྲུག་པ་ལ། ཕྱིར་འོང་དང་བར་ཆད་གཅིག་པ་ས་བདུན་པ་ལ། ཕྱིར་མི་འོང་ཞུགས་པ། ས་བརྒྱད་པ་དང་དགུ་པ་ལ། བར་དོར་འདའ་བ་ནས་ལུས་མངོན་བྱེད་ཀྱི་བར་དག་ནི་ས་བཅུ་པ་ལ་གནས་པར་ཐུབ་དགོངས་ལས་བཤད་དོ། །ཟླ་འོད་དུ། ཕྱིར་འོང་མཐར་ཐུག་པའི་བར་ཆད་གཅིག་པ་ས་བརྒྱད་པ་དང་དགུ་པ་ལ་དང༌། བར་དོར་འདའ་བ་ནས་གོང་འཕོའི་བར་ཕྱིར་མི་འོང་ལྔས་ཁྱད་པར་གྱི་ལམ་དུ་སྒོམ་སྤང་དོན་གཅིག་སྤངས་པ་དགྲ་བཅོམ་ཞུགས་པར་བཤད་ཅིང༌། གཞན་རྣམས་འདྲ་ལ་རང་རྒྱལ་ལ་གཉིས་ཀར་ས་མཚམས་མི་སྣང་ངོ༌། །དེས་ན་ཨ་བྷྱའི་དགོངས་པ་ལ་བར་ཆད་གཅིག་པ་ས་བདུན་པ་གཅིག་པུ་དང༌། བསེ་རུ་ལྟ་བུ་དགྲ་བཅོམ་ཞུགས་པ་དང་ས་མཚམས་གཅིག་ཏུ་བྱེད་པ་ལ་ཤེས་བྱེད་མི་སྣང་སྟེ། འགྲེལ་པ་དེ་གཉིས་ཞིབ་པར་བལྟས་པས་ཤེས་སོ། །བདག་ཉིད་ཆེན་པོ་ནི་རྒྱུན་ཞུགས་འབྲས་གནས་ཙམ་པོ་བསྣན་པས་རྒྱུན་ཞུགས་སྐོར་ལྔ་ནི་འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པ་དང༌། ཕྱིར་འོང་འབྲས་གནས་གཉིས་ཕྱིར་མི་
འོང་དང་བཅས་པའི་ཞུགས་པ་གཉིས་ཏེ་བཞི་ནི་སྤྱོད་པ་ལ་ཞུགས་པ། ཕྱིར་མི་འོང་ཙམ་པོ་དང་གོང་འཕོ་གཅིག་ཏུ་བྱས་པའི་ཁྱད་པར་བརྒྱད་དེ་དགུ་ནི་ཕྱིར་མི་ལྡོག་པ་དགྲ་བཅོམ་ཞུགས་པ་སྐྱེ་བ་གཅིག་གིས་ཐོགས་པ་ཡིན་ལ། རང་རྒྱལ་བཞི་པོ་དེ་དག་ཅི་རིགས་སུ་འདུ་བར་བཞེད་ཅིང་དགེ་འདུན་ཉི་ཤུའི་གྲངས་ཀྱང་དེ་ལྟར་འཛིན་ཏོ། །འཕགས་པའི་བཞེད་པས་ནི་རྗེས་འབྲང་གཉིས་མཐོང་ལམ་པ་དང༌། ལྷག་མ་རྣམས་སྒོམ་ལམ་པ་ཡིན་ལ་ཁྱད་པར་དུ་ཞུགས་པ་བཞི་པ་ས་བཅུ་པ་ལ་གསུངས་སོ། །སློབ་དཔོན་ནི་རྒྱུན་ཞུགས་ཙམ་པོ་མཐོང་ལམ་པ་དང་ལྷག་མ་རྣམས་སྒོམ་ལམ་པར་བཞེད་དོ། །གང་ལྟར་ཡང་འདི་དག་རིམ་པ་ལྟར་ས་རིམ་ཅན་ལ་སྦྱོར་བ་མི་འཐད་པར་གོ་སྟེ། ཆོས་འབྲང་དང་བར་ཆད་གཅིག་པའི་སྐབས་སུ་ཡང་མདོ་ལས་དེ་དག་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་དཔར་བཤད་པས་སོ། །གསུམ་པ་ནི། འོ་ན་འདིར་རྒྱུན་ཞུགས་སོགས་བཤད་པ་འདི་དག་དངོས་ཀྱི་སྒྲའམ་འོན་ཏེ་བཏགས་པ་བ་ཡིན་ཞེ་ན། འདི་ལ་ཁྱུང་ན་རེ་བཏགས་པའི་སྒྲ་ཡིན་ཏེ། ཆོས་གསུམ་ཚང་བས་སོ། །ཆོས་གསུམ་ནི་སྤངས་རྟོགས་ཅུང་ཟད་ཙམ་འདྲ་བ་ཡོད་པ་རྒྱུ་མཚན་ནོ། །ཁ་ཅིག་གིས་འདི་སྙམ་དུ་དགེ་འདུན་བྱ་བ་སྐྱེས་བུ་ཟུང་བཞི་ཁོ་ན་ཡིན་ལ་བྱང་སེམས་ལ་དེའི་དོན་མེད་དོ་སྙམ་པ་བཟློག་པ་ནི་དགོས་པའོ། །ཡུམ་དང་ཕྱིར་མི་ལྡོག་འཁོར་ལོའི་མདོ་གཉིས་ཀར་བྱང་སེམས་ཀྱི་དགེ་འདུན་དུ་གསུངས་པ་ནི་དངོས་ལ་གནོད་བྱེད་དོ་ཞེས་ཟེར་རོ། །དྭགས་པོ་ན་རེ་བྱང་སེམས་ལ་
རྒྱུན་ཞུགས་ལ་སོགས་པའི་དོན་ཡོད་པས་དངོས་ཀྱི་སྒྲ་ཡིན་ལ་བཏགས་པ་བ་མིན་ནོ་ཞེས་ཟེར་རོ། །དེ་གཉིས་ལ་བྱང་ཡེ་ནི་ཉན་ཐོས་ཀྱི་སྐབས་སུ་མྱང་འདས་ཀྱི་རྒྱུ་ནི་ལམ་ཡིན་ལ་དེ་ལ་ཞུགས་པས་དེ་མཚན་ཉིད་པར་འཇོག་པ་བཞིན་དུ་སངས་རྒྱས་ཀྱི་རྒྱུན་ལམ་ལ་ཞུགས་པ་ལ་ཡང་རྒྱུན་ཞུགས་སོགས་སུ་བཞག་པ་དངོས་སུ་འགྱུར་བས་ཕྱི་མ་ལེགས་པར་སྨྲའོ་དེ་ལ་ཡུམ་གྱི་མདོར་བྱང་སེམས་ལ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་གི་ཞུགས་གནས་དང་རང་རྒྱལ་གྱི་སྒྲས་ཟིན་པར་གསུངས་པ་མེད་དོ། །འོན་ཀྱང་མདོའི་དོན་རྗེ་བཙུན་གྱིས་བཀྲལ་བས་རྗེས་འབྲང་གཉིས་དང་རིགས་སྐྱེ་ལ་སོགས་ཉན་ཐོས་ཀྱི་ཞུགས་གནས་ལ་གྲགས་པའི་བརྡ་མཛད་ཅིང་དེ་དག་འགྲེལ་པ་མཁན་རྣམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ནས་འབྱུང་བ་དང་བསྒྲིགས་ནས་ཞུགས་གནས་སུ་ཡང་བཤད་དོ། །ཕྱིར་མི་ལྡོག་འཁོར་ལོའི་མདོ་ལས་ནི། བྱང་སེམས་ལ་རྗེས་འབྲང་གཉིས་བརྒྱད་པ་རྒྱུན་ཞུགས་ཕྱིར་འོང་ཕྱི་མི་འོང་དགྲ་བཅོམ་ཉན་ཐོས་རང་རྒྱལ་ཏེ་དགུའི་བརྡ་མཛད་དོ། །དེར་བཤད་པ་ནི་སྒྲ་ཇི་བཞིན་པ་མིན་ཏེ། ཡིན་ན་བྱང་སེམས་ཡིན་པའི་ཉན་རང་དང་དགྲ་བཅོམ་མཚན་ཉིད་པ་ཡོད་པར་འགྱུར་ལ། དེའི་ཕྱིར་ཐེག་པ་གསུམ་འཆོལ་བར་འགྱུར་རོ། །འོ་ན་མདོ་དེ་ལས་དགེ་སློང་རྣམས་རྒྱལ་བྱེད་ཚལ་ཆུར་མེད་པ་ལ་ཆུའི་འདུ་ཤེས་བསྐྱེད་པ་དཔེར་བཞག་ནས་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་བཞི་དང་རང་རྒྱལ་མིན་པ་ལ་དེ་དག་ཏུ་འདུ་ཤེས་པ་དེ་དག་གི་
འདུ་ཤེས་བསལ་བའི་ཕྱིར་དུ་བྱང་སེམས་ལ་བརྒྱད་པ་ལ་སོགས་པར་བཤད་པའི་དགོངས་པ་འདི་དག་གོ་ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། ཉེས་པ་མེད་དེ། ཉན་རང་གི་རིགས་ཅན་རྣམས་འབྲས་བུ་བཞི་དང་རང་རྒྱལ་གྱི་འབྲས་བུ་ཐོབ་པ་ཙམ་གྱིས་ཆོག་ཤེས་ཤིང་དེ་ལས་གོང་ན་བགྲོད་དུ་མེད་དོ་སྙམ་པ་རྣམས་ཐེག་ཆེན་ལ་དྲང་བའི་ཕྱིར་དུ་བརྒྱད་པ་སོགས་དེ་དག་བྱང་སེམས་ཉིད་ལ་ཡོད་པར་བསྟན་པས་དགོངས་པ་ཅན་ཡིན་ཏེ། གཞན་དུ་ན་གནོད་བྱེད་ཡོད་པས་སོ། །འོ་ན་དགོངས་ཏེ་གསུངས་པའི་གཞི་དང༌། དགོས་པ་དང༌། དངོས་ལ་གནོད་བྱེད་རྣམས་གང་ཞེ་ན། མདོ་ལས། སངས་རྒྱས་མཐོང་ལ་ཆགས་མེད་དེ། །སེམས་ཅན་དཔག་མེད་དད་པར་བྱེད། །དེ་ནི་དེ་ལ་ཆགས་མེད་དེ། །དེ་ཕྱིར་བློ་ལྡན་དད་པས་འབྲང༌། ཞེས་དང༌། ཆོས་རྒྱུན་བསམ་གྱིས་མི་ཁྱབ་པ། །རྒྱུན་དེ་ལས་ཀྱང་འདའ་མི་བྱེད། །ཆོས་ཉིད་དེ་ནི་རྗེས་སུ་ཐོབ། །དེ་ཕྱིར་ཆོས་རྗེས་འབྲང་ཞེས་གསུངས། ཞེས་པ་དང༌། ལོག་པ་བརྒྱད་ལས་ཤིན་ཏུ་འདས། །རྣམ་པར་ཐར་པ་བརྒྱད་ལ་རེག །ཡང་དག་བརྒྱད་ལ་ཞེན་པ་མེད། །དེ་ཕྱིར་བརྒྱད་པ་ཞེས་བརྗོད་དོ། ཞེས་དང༌། ལམ་ལ་རྒྱུན་ཞེས་ངེས་བརྗོད་དོ། །བསམ་དུ་མེད་པ་སངས་རྒྱས་ལམ། །གང་དག་ལ་ལ་འདིར་གནས་པ། །དེ་དང་དེ་དག་རྒྱུན་ལ་གཞོལ། ཞེས་དང༌། གང་གིས་བྱང་ཆུབ་འགྲུབ་འགྱུར་བའི། །རྐྱེན་རྣམས་མང་པོ་རབ་གསུངས་པ། །རྐྱེན་དེ་ཤེས་པར་བྱའོ་ཞེས། །དེ་དག་འཚོལ་ཞིང་འོངས་པ་ཡིན། ཞེས་དང༌།
འགྲོ་བ་རྣམས་གསུམ་གང་དུ་ཡང༌། །དེ་ནི་ཕྱིར་ཞིང་མི་འགྲོ་སྟེ། །སངས་རྒྱས་ཆོས་རྣམས་ཐོབ་པས་ན། །དེ་ནི་ཕྱིར་མི་འོང་ཞེས་བརྗོད། ཅེས་དང༌། གང་གིས་སེམས་ཅན་སྡུག་བསྔལ་བ། །ཉོན་མོངས་ཐམས་ཅད་དེ་ཡིས་བཅོམ། །ཉོན་མོངས་པ་ལས་སེམས་ཅན་འགྲེལ། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། ཞེས་དང༌། བྱང་ཆུབ་ཞི་བ་སྤྲོས་པ་མེད། །རྙོག་པ་མེད་པར་སྒྲོགས་པར་བྱེད། །སྐྱེ་བོ་དཔག་ཏུ་མེད་ལ་སྒྲོགས། །དེས་དེ་ཉན་ཐོས་ཞེས་བརྗོད་དོ། ཞེས་དང༌། མ་རིག་ནམ་མཁའ་ཇི་བཞིན་ཏེ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །འདི་ནི་མངོན་སུམ་གྱུར་པས་ན། །རང་རྒྱལ་བ་ཞེས་བརྗོད་པ་ཡིན། ཞེས་པ་འདི་རྣམས་ཀྱིས་ནི་བརྒྱད་པ་དང་རྒྱུན་ཞུགས་སོགས་ཀྱི་སྒྲ་འཇུག་པའི་རྒྱུ་མཚན་བཤད་པས་དགོངས་གཞི་བསྟན་ཏོ། །མདོ་འདི་ལས་གང་ཟག་དགུ་པོ་འདི་བྱང་སེམས་ལ་བཞག་པས་དད་རྗེས་འབྲང་སོགས་ཉི་ཤུ་ཡང་བྱང་སེམས་སོ། །འདི་ཐུགས་ལ་བཞག་ནས་ཉི་སྣང་དང་རྒྱན་སྣང་དུ་ཕྱིར་མི་ལྡོག་འཁོར་ལོའི་མདོ་ལ་ཞལ་འཕངས་སོ། །དགོངས་ཏེ་གསུངས་པའི་དགོས་པ་ནི། ཟླ་འོད་དུ་ཉན་ཐོས་ཀྱི་གང་ཟག་དང་མིང་འདྲ་བ་ནི་དགེ་འདུན་ཉིད་དུ་ཡིད་ཆེས་པའི་དོན་དུའོ། ཞེས་པ་ལྟར་དགེ་འདུན་ནི་ཉན་ཐོས་ཀྱི་སྐྱེས་བུ་ཟུང་བཞི་ཁོ་ནའོ་སྙམ་ནས་བྱང་སེམས་ལ་དགེ་འདུན་དུ་མི་མོས་པ་ཡོད་པ་དེ་བཟློག་པའི་ཕྱིར་དུ་སྐྱེས་བུ་ཟུང་བཞིའི་བརྡ་མཛད་དོ། །དངོས་ལ་གནོད་བྱེད་ནི། ཐེག་པ་གསུམ་འཆོལ་བར་ཐལ་བ་ལ་སོགས་པ་སྔར་
བརྗོད་ཟིན་ལ། ཀུན་བཏུས་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ན་རྒྱུན་དུ་ཞུགས་པར་མི་འགྱུར་ཞེ་ན། རྒྱུན་ལ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ལན་ཅིག་ཕྱིར་འོང་བར་མི་འགྱུར་ཞེ་ན། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཅིའི་ཕྱིར་ཕྱིར་མི་འོང་བར་མི་འགྱུར་ཞེ་ན། བསམ་གཏན་རྣམས་ཀྱིས་གནས་ཤིང་འདོད་པའི་ཁམས་སུ་སྐྱེ་བའི་ཕྱིར་རོ། ཞེས་བསྟན་པ་ལྟར་རོ། །གསུམ་པ་ལ་ལྔའི། དང་པོ་རྒྱུན་ཞུགས་ལ་གསུམ་སྟེ། ཞུགས་པ་དང༌། འབྲས་གནས་ཙམ་དང༌། འབྲས་གནས་ཁྱད་པར་ཅན་ནོ། །དང་པོ་ནི་བདེན་དང་བདེན་ལ་བཟོད་པ་དང༌། ཞེས་སོགས་ཀྱི་སྐབས་ནས་འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱིས་བསྡུས་པའི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་སྟེ་བཅོ་ལྔ་ལ་བརྟེན་ནས་རྒྱུན་ཞུགས་ཀྱི་སྤངས་རྟོགས་སྒྲུབ་ཕྱིར་དུ་བརྩོན་པའི་དབང་རྟུལ་དད་པ་དང་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བ་གཉིས་ཡོད་པའི་བྱེ་བྲག་གིས་འབྲས་བུ་དང་པོ་རྒྱུན་ཞུགས་ལ་ཞུགས་པའི་མིང་ཅན་རྣམ་པ་གཉིས་སོ། །དབང་པོ་རྣོ་རྟུལ་ནི། ཡུན་རིང་པོར་ཤེས་པ་དང་མྱུར་བར་ཤེས་པའམ། སྔོན་ལེགས་པར་སྦྱངས་པ་དང་མ་སྦྱངས་པ་ལས་འདིར་འོངས་པའོ། །གཉིས་པ་ནི། ཞུགས་པ་བཤད་ཟིན་པ་དེའི་འོག་ཏུ་རྒྱུན་ཞུགས་འབྲས་གནས་ཙམ་པོའི་མིང་ཅན་འཆད་དོ། །དེ་ཡང་གང་ན། འདོད་པའི་སྒོམ་སྤངས་གཅིག་ཀྱང་མ་སྤངས་པ་བཅུ་དྲུག་པ་ལ་གནས་པའོ། །དེ་ལྟར་དེའི་འོག་ཏུ་
ཞེས་པའི་འབྲུ་གནོན་དང་དྲི་བ་དེ་དང་དེའི་མིང་ཅན་ཞེས་པ་རྣམས་འདི་ལ་བཤད་པ་བཞིན་དུ་འོག་མ་ཐམས་ཅད་ལ་བསྒྲེའོ། །གསུམ་པ་ནི། རྒྱུན་ཞུགས་འབྲས་གནས་དེ་ཉིད་ལྷའི་རིགས་དང་མིའི་རིགས་ནས་རིགས་སུ་སྐྱེ་བ་ཉིད་ཀྱིས་འབྲས་གནས་ཙམ་ལས་གཞན་ཁྱད་པར་ཅན་རྣམ་པ་གཉིས་ཏེ། སྤངས་པ་རྩ་བ་ལྟར་ཡིན་ལ་དེ་ཡང་གཉེན་པོ་སྒོམ་ལམ་གྱིས་སྤངས་པའོ། །གཉིས་པ་ཕྱིར་འོང་ལ་གསུམ་ལས་དང་པོ་ཞུགས་པ་ནི། སྒོམ་ལམ་གྱིས་འདོད་ཉོན་ལྔ་པ་སྤངས་ནས་ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་བརྩོན་པའི་དབང་རྟུལ་དད་མོས་དང༌། དབང་རྣོན་མཐོང་ཐོབ་འབྲས་བུ་གཉིས་པ་ཕྱིར་འོང་ལ་ཞུགས་པ་གཉིས་ནི་ཉི་ཤུར་བྱེད་པ་ན་གྲངས་གཅིག་ཏུ་འདྲེན་པ་ཁོ་ནའོ། །གཉིས་པ་འབྲས་གནས་ཙམ་ནི། འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །གསུམ་པ་འབྲས་གནས་ཁྱད་པར་ཅན་ནི། ཕྱིར་འོང་དེ་ཉིད་སྤངས་པ་རྩ་བ་ལྟར་ལ་སྐྱེ་བ་ལྷར་སྐྱེ་བ་གཅིག་ལུས་པའི་ཕྱིར་འབྲས་གནས་ཙམ་ལས་གཞན་ཁྱད་པར་ཅན་བར་ཆད་གཅིག་པ་ཡིན་ནོ། །གསུམ་པ་ཕྱིར་མི་འོང་ལ་ཞུགས་གནས་གཉིས་ལས། དང་པོ་ནི། འདོད་ཉོན་བདུན་ནམ་བརྒྱད་སྤངས་ཤིང་དགུ་པ་སྤོང་ཕྱིར་བརྩོན་པའི་དབང་པོ་རྣོ་རྟུལ་གཉིས་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ནོ། །སྔ་མ་བཞི་ནི་གྲངས་གཅིག་ཏུ་འདྲེན་པའོ། །འོ་ན་ཞུགས་པ་དང་པོའི་དབང་པོ་རྣོ་རྟུལ་གཉིས་སོ་སོར་བགྲངས་ནས་བར་པ་
གཉིས་ལ་ཞུགས་པ་གཅིག་ཏུ་འདྲེན་པ་ཅི་ཞེ་ན། ཁ་ཅིག་མཐོང་ལམ་བཅོ་ལྔའི་ཚེ་གཉེན་པོའི་བྱེད་པ་དང་བཅས་ལ་དེ་ཡང་དབང་པོ་གཉིས་ཀྱི་ནུས་པ་ཐ་དད་དུ་ཡོད་པས་གཉིས་སུ་འཇོག་ལ། འབྲས་བུ་ལ་གནས་པ་ན་གཉེན་པོའི་བྱེད་པ་ཆད་པས་གཅིག་ཏུ་བྱེད་གསུང་བ་ནི་འབྲས་གནས་ཀྱི་ཚེ་མཐོང་སྤང་སྤོང་པའི་བྱེད་པ་མེད་ཀྱང་སྒོམ་སྤང་སྤོང་བའི་བྱེད་པ་ཡོད་དོ། །བྱང་ཡེ་ནི་མཐོང་ལམ་བར་མ་ཆད་དུ་སྐྱེ་བས་དབང་པོ་འཕོ་ལོང་མེད་པས་སོ་སོར་ངེས་པའི་ཕྱིར་གཉིས་སུ་བགྲངས་ལ། སྒོམ་ལམ་གྱི་ཚེ་དབང་པོ་འཕོ་ཞིང་སོ་སོར་མ་ངེས་པས་གཅིག་ཏུ་བགྲངས་གསུང་བ་ཉིད་འཐད་དོ། །གཉིས་པ་ནི། འདོད་ཉོན་དགུ་པ་སྤངས་པའི་ཕྱིར་མི་འོང་བ་སྟེ་དེ་ལ་ལྔ་ལས། དང་པོ་བར་དོར་འདའ་བ་ནི། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་དངོས་ནི་སྤངས་ལ་དེའི་བར་དོ་འགྲུབ་པའི་ཀུན་སྦྱོར་ནི་མ་སྤངས་པས་བར་དོའི་སྲིད་པ་འགྲུབ་པར་བྱེད་པ་དང༌། གྲུབ་པ་ན་ཡང་རུང་སྟེ། བར་དོར་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་ཐོབ་པའོ། །འདི་ཚིག་གསལ་ལས། ཚངས་པའི་འཇིག་རྟེན་དུ་སྐྱེས་ནས་ལུས་དེ་ཉིད་ཀྱིས་ཚོགས་བསགས་ནས་འཚང་རྒྱ་བར་བཤད་ལ། དག་ལྡན་དུ་དེ་ཉིད་དུ་ཞེས་བྱ་བ་ནི་འདིར་འོག་མིན་ཉིད་དུ་སྟེ་འཛམ་བུའི་གླིང་དུ་མ་ཡིན་པའོ། ཞེས་སོ། །གཉིས་པ་སྐྱེས་ནས་འདའ་བ་ནི། ཀུན་སྦྱོར་གཉིས་ཀ་མ་སྤངས་པས་གཟུགས་ཁམས་སུ་སྐྱེས་ནས་སྡུག་བསྔལ་གྱི་ཐ་མ་འཐོབ་པའོ། །འདི་སྲིད་པ་ཐ་མ་པ་དང་ཚེ་ཆད་མེད་པར་བྱས་ནས་ཚེ་གཅིག་པོ་དེ་ལ་འཚང་རྒྱ་བའོ། །གསུམ་པ་བྱེད་བཅས་དང༌།
བཞི་པ་བྱེད་མེད་ཀྱིས་འདའ་བ་ནི། རིམ་པ་ལྟར་གཟུགས་སུ་སྐྱེས་ནས་འབད་རྩོལ་གྱིས་ལམ་མངོན་དུ་བྱས་ནས་དང༌། དེ་ལས་བཟློག་པས་འདའ་བ་སྟེ་མྱ་ངན་ལས་འདའ་བ་བཞིའོ། །ལྔ་པ་གོང་དུ་འཕོ་བ་ལ་གཉིས་ལས། དང་པོ་ཕྱིར་མི་འོང་དེ་ཉིད་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་ལ་ནི། ཚངས་རིས་ནས་གནས་བར་པ་རྣམས་དོར་ཏེ་འོག་མིན་དུ་འཕར་བ་དང་ཚངས་རིས་ནས་གནས་གཙང་རྣམས་སུ་སྐྱེས་བར་ནས་གནས་འགའ་རྒལ་ཏེ་འོག་མིན་དུ་འཇུག་པའི་ཕྱེད་དུ་འཕར་བ་དང་གནས་ཐམས་ཅད་དུ་ བརྒྱུད་ནས་འོག་མིན་དུ་འཇུག་པའི་གནས་ཐམས་ཅད་དུ་འཆི་འཕོ་བ་གསུམ ་ཡོད་པ་ཉིད་ཀྱིས་གོང་འཕོ་སྲིད་རྩེར་འགྲོ་ལས་གཞན་རྣམ་པ་གསུམ་མོ། །གཉིས་པ་ཕྱིར་མི་འོང་དེ་ཉིད་སྲིད་རྩེར་འགྲོ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་སྟེ་གཟུགས་ཀྱི་ཆགས་བཅོམ་ཡིན་ལ། དེ་ལ་དབྱེ་ན། མཐོང་ཆོས་ཞི་ཚེ་འདི་ལ་མྱང་འདས་འཐོབ་པ་དང་འགོག་སྙོམས་ལུས་ཀྱིས་མངོན་སུམ་དུ་བྱེད་པ་འོག་མིན་འགྲོ་ལས་གཞན་རྣམ་པ་གཉིས་སོ། །འདི་དང་སྔ་མ་གཉིས་སུ་དེ་ཉིད་ཅེས་པ་གོང་འཕོ་དེ་ཉིད་ཅེས་རིགས་བྱིན་འཆད་དོ། །འདིར་རྒྱན་སྣང་འགྱུར་རྙིང་ལས། སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་དང་མཐོང་བའི་ཆོས་ལ་ཞི་བ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་སྟེ་གཞན་རྣམ་པ་གཉིས་སོ། ཞེས་པ་ལྟར་ཚིག་གསལ་ལས་ཀྱང་བཤད་ལ། དེ་གཉིས་ཀྱང་རིམ་པ་ལྟར་
འདོད་པའི་རྟེན་ལ་གཟུགས་ཁམས་ཀྱི་མཐོང་སྤང་དང་སྒོམ་སྤང་སྤངས་ཏེ་གཟུགས་མེད་བཞི་ཐོབ་པར་བྱས་ནས། འདི་ནས་ཤི་ནས་གཟུགས་ཁམས་བོར་ཏེ་གཟུགས་མེད་དུ་སྐྱེ་བ་དང༌། རྒྱལ་སྲིད་སྣ་བདུན་དང་ལྡན་ཞིང་ལུས་གཞན་མི་ལེན་པར་ཚེ་གཅིག་ལ་འཚང་རྒྱ་བ་ཡིན་ལ། དེ་ཡང་ཕྱི་མ་འདི་བྱང་སེམས་མཆོག་ཏུ་བཤད་དོ། །བཤད་པའི་ཚུལ་འདི་ནི་འབུམ་པ་གསུང་བ་ལྟར་བྱ་སྟེ། དེ་ཡང་སྲིད་རྩེར་འགྲོས་བསྟན་ནས་གཟུགས་ཀྱི་ཆགས་བཅོམ་གྱིས་བཤད་དེ། དེའི་དབྱེ་བར་མཐོང་ཆོས་ཞི་ཁམས་གོང་མ་གཉིས་སུ་འགྲོ་མི་སྲིད་པ་དང༌། ལུས་མངོན་བྱེད་དེ་གཉིས་སུ་འགྲོ་བའི་ངེས་པ་མེད་པ་གཉིས་སུ་བྱེད་པ་ནི་དཔེར་ན་རྟ་ཞེས་བྱ་བ་ནི་གླང་པོ་ཆེ་ཡིན་ལ་དེ་དབྱེ་ན་ར་དང་ལུག་གོ །ཞེས་པ་ལྟར་མ་འབྲེལ་ལོ་བྱས་པ་ལ། ཉན་ཐོས་ཀྱི་དབང་དུ་བྱས་ན་བདེན་པ་བྱང་སེམས་ནི་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་ནི་བརྒྱད་ཀ་སྒོམ་པས་སྲིད་རྩེའི་མཐར་ཐུག་འགྲོ་ཞེས་བྱ་ལ། གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་འཇུག་ནུས་པས་གཟུགས་ཀྱི་ཆགས་བཅོམ་ཞེས་ཀྱང་བྱའོ་ཞེས་འབུམ་ཕྲག་གསུམ་པས་གསུངས་པར་བྱང་ཡེ་འཆད་པ་ལྟར་འཐད་དོ། །དེའི་ཕྱིར་སློབ་དཔོན་གྱིས་བཤད་པ་ནོར་བར་སྨྲ་བ་ནི་མི་རིགས་ཏེ། དོན་རགས་པ་དེ་ལྟ་བུ་ལ་ཡོངས་སུ་རྫོགས་པའི་པཎ་ཆེན་འདི་འཁྲུལ་བ་ག་ལ་སྲིད། བཞི་པ་དགྲ་བཅོམ་ཞུགས་པ་ནི། སྲིད་རྩེའི་སྒོམ་སྤང་བརྒྱད་པ་སྤངས་ལ་དགུ་པ་སྤོང་བ་ལ་བརྩོན་པ་ནི་དགྲ་བཅོམ་པའི་འབྲས་བུ་
ལ་ཞུགས་པའོ། །དེ་དག་ནི་རྒྱན་སྣང་དུ་བཤད་པ་ལྟར་གསེར་གླིང་པས་ཀྱང་བྲིས་པའི་དགོངས་པའོ། །ཤེར་འབྱུང་གིས་གོང་འཕོའི་སྐབས་སུ་ཉོན་མོངས་སྤངས་པ་རྣམས་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤངས་པར་བཤད་པ་ནི་འཕགས་པ་དང་སློབ་དཔོན་གཉིས་ཀའི་དགོངས་པ་མིན་ནོ། །འོན་ཀྱང་གྲངས་འདྲེན་ལུགས་འགྲེལ་པ་འདིའི་དགོངས་པར་སྣང་ངོ༌། །ལྔ་པ་རང་རྒྱལ་ནི། ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་རང་ལམ་མངོན་དུ་བྱེད་པའི་ཕྱིར་སངས་རྒྱས་མི་འབྱུང་བ་ན་རང་རྒྱལ་དུ་འགྱུར་བའོ། །རྒྱན་སྣང་ལས། རང་སངས་རྒྱས་སུ་འགྱུར་བ་སྟེ་ཞེས་པས་དགྲ་བཅོམ་མི་འདྲེན་པ་དགོངས་པར་གོ་སྟེ། འདྲེན་ན་ཉན་ཐོས་དགྲ་བཅོམ་གྱི་མིང་ཅན་མི་འདྲེན་པ་མི་འཐད་དེ་རྒྱུ་མཚན་མཚུངས་པས་སོ། །ཚིག་གསལ་དུ་ཐ་མ་འདི་གསུམ་རིམ་པ་ལྟར་རང་དང་གཞན་དང་གཉིས་ཀའི་དོན་བྱེད་པའི་སེམས་དཔའ་མཆོག་གོ་ཞེས་འཆད་དོ། །དེ་ལྟར་ན་རྒྱུན་ཞུགས་ལ་ལྔ། ཕྱིར་འོང་ལ་གསུམ། ཕྱིར་མི་འོང་བཅུ། དགྲ་བཅོམ་འབྲས་ཞུགས་རང་རྒྱལ་ཏེ་ཉི་ཤུའོ། །དེས་ན་རྩ་བར་བསྟན་པ་ལ་བཅུ་བདུན་ཁ་བསྐང་བ་ལ་གསུམ་བྱེད་པ། འདི་དང་རྒྱན་སྣང་གི་དགོངས་པ་སྟེ། དེ་ཉིད་ལས། འབྲས་བུ་དང་པོ་དང་གཉིས་པ་ལ་གནས་པ་དང་འབྲས་བུ་བཞི་པ་ལ་ཞུགས་པའི་གང་ཟག་ནི་གོ་སླ་བ་ཉིད་ཀྱིས་ན་བསྡུས་པར་མ་བཤད་དོ། ཞེས་སོ། །གསུམ་པ་ལ་གཉིས། སྤྱི་དང༌། ཡན་ལག་གི་དོན། དང་པོ་ལ་གཉིས། སྦྱོར་ལམ་སྐྱེ་བའི་རྟེན། བརྟེན་པ་སྦྱོར་
བའི་ལམ་མོ། །དང་པོ་ལ་གཉིས་ལས། དང་པོ་ལུས་རྟེན་ནི་རང་འགྲེལ་ལས། གསུམ་ནི་མི་དག་གི་ནང་ཁོ་ན་དང་གླིང་གསུམ་དུ་སྐྱེད་པར་བྱེད་དོ། །སྔོན་སྐྱེད་པ་རྣམས་ནི་ལྷ་དག་གི་ནང་དུ་ཡང་མངོན་སུམ་དུ་བྱེད་དོ། །བཞི་པ་ནི། ལྷ་དག་གི་ནང་དུ་ཡང་སྐྱེད་པར་བྱེད་དོ་ཞེས་བཤད་དོ། །དེས་ན་མཐོང་ལམ་སྐྱེ་བའི་རྟེན་ལ་སྐྱེ་དགོས་སོ། །གཉིས་པ་སེམས་རྟེན་ནི་མཛོད་ལས། མི་ལྕོགས་མེད་པ་དང༌། །ཁྱད་པར་བསམ་གཏན་ས་པའོ། ཞེས་བསམ་གཏན་ས་དྲུག་དང༌། གཉིས་ནི་འོག་ནའང་ཡོད་པའམ། ཞེས་བཙུན་པ་དབྱངས་སྒྲོག་དྲོད་རྩེ་གཉིས་འདོད་པའི་ས་ལ་ཡང་བརྟེན་པར་འདོད་དོ། །བྱེ་བྲག་ཏུ་བྱང་སེམས་ཀྱི་སྦྱོར་ལམ་ནི། ཁ་ཅིག་ན་རེ། ཐེག་པ་ཆེ་ཆུང་གཉིས་ཀའི་ལུགས་ལའང་བསམ་གཏན་བཞི་པ་ལ་བརྟེན་ཏེ། ཚོགས་ལམ་ཆེན་པོ་ནས་ཆོས་རྒྱུན་ཏིང་ངེ་འཛིན་ཐོབ་པ་དང༌། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། ཞེས་པས་སོ་ཞེས་ཟེར་རོ། །འདིའི་ལྟར་ན་སྦྱོར་ལམ་དུ་མ་ཟད་ཆོས་རྒྱུན་ཏིང་ངེ་འཛིན་ཐོབ་ཕྱིན་ཆད་ཀྱི་ཐེག་ཆེན་གྱི་ལམ་གྱི་ཡོན་ཏན་ཐམས་ཅད་བསམ་གཏན་བཞི་པ་ལ་བརྟེན་པར་ཧ་ཅང་ཐལ་བ་དང༌། ཁྱད་པར་དུ་གཟུགས་མེད་ཀྱི་རྣམ་ཐར་ཟད་པར་འགོག་སྙོམས་རྣམས་ཀྱང་དེ་ལྟར་འགྱུར་བས་གཙོ་བོར་བསམ་གཏན་ས་དྲུག་གང་ཡང་རུང་བ་ལ་བརྟེན་ནོ། །གཉིས་པ་ལ་གསུམ། ངོ་བོ། དབྱེ་བ། ཕྱེ་བའི་བློ་གང་ཡིན་བརྟག་པའོ། །དང་པོ་ལ་གཉིས། ཐུན་མོང་དང༌། སོ་སོའི་ངོ་བོའོ། །དང་པོ་ནི། སྒོམ་བྱུང་
ཞེས་པའི་མཛོད་འགྲེལ་ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རྣམ་པ་འདི་བཞི་ཆར་ཡང་སྒོམ་བྱུང་ཐོས་པ་དང་བསམ་པ་ལས་བྱུང་བ་ནི་མ་ཡིན་ནོ། ཞེས་བཤད་དོ། །འོན་ཀྱང་སྦྱོར་ལམ་ལ་སྒོམ་བྱུང་གིས་ཁྱབ་པར་བཤད་པ་ནི་དེ་གཙོ་ཆེ་བས་ཡིན་གྱི་ཐོས་བསམ་ཡང་མེད་པ་མིན་ཏེ། ཀུན་བཏུས་ལས། སྦྱོར་བའི་ལམ་གང་ཞེ་ན། ཚོགས་ཀྱི་གང་ཡིན་པ་སྦྱོར་བའི་ཡང་དེ་ཡིན་ནོ་ཞེས་ཚོགས་ལམ་ལ་བཤད་པའི་སོ་སྐྱེའི་ཚུལ་ཁྲིམས་ལ་སོགས་པ་རྣམས་སྦྱོར་ལམ་ལ་ཡང་ཡོད་པར་གསུངས་ལ་ཚོགས་ལམ་དུ་ཐོས་བསམ་གྱི་ཡོན་ཏན་ཡང་བཤད་པས་སོ། །ཆོས་ཆོས་ཉིད་འགྲེལ་པར་ཡང་དེ་ལ་ངེས་པར་རྟོག་པ་ནི་ཐེག་པ་ཆེན་པོའི་མདོ་ལ་བརྟེན་པའི་ཚུལ་བཞིན་དུ་ཡིད་ལ་བྱེད་པས་བསྡུས་པ་སྦྱོར་བའི་ལམ་ཐམས་ཅད་དོ། ཞེས་བྱ་བ་ལ་ཐམས་ཅན་ནི་ཐོས་པ་དང་བསམ་པ་དང་བསྒོམས་པས་རབ་ཏུ་ཕྱེ་བ་སྟེ་དེས་དེ་ངེས་པར་རྟོག་པའི་ཕྱིར་རོ། ཞེས་སོ། །དེ་ལྟ་མ་ཡིན་ན་སྦྱོར་ལམ་པའི་རྒྱུད་ཀྱི་ཐོས་བསམ་ཀྱི་ཤེས་རབ་ཁྱད་པར་ཅན་དེ་རྣམས་ཐར་ལམ་གཏན་མིན་པར་ཐལ་ལོ། །གཉིས་པ་ནི། མདོ་རྒྱན་ཀུན་བཏུས་གཉིས་སུ་བཤད་པའི་རྗེས་སུ་འབྲངས་ནས་རྒྱན་སྣང་དུ་ཡང་དྲོད་སོགས་བཞིའི་སོ་སོའི་ངོས་འཛིན་གསུངས་པས་འདིར་ཡང་དེ་བཞིན་དུ་བཤད་དོ། །དེ་ལ་བཞི་ལས་དང་པོ་དྲོད་ནི། བྱང་སེམས་མཉམ་པར་བཞག་པས་ཡིད་ཀྱི་བརྗོད་པ་ལས་མ་གཏོགས་པར་གཟུགས་ལ་སོགས་
པའི་དོན་རྣམས་མ་མཐོང་གི་ཡིད་ཀྱི་བརྗོད་པ་ཁོ་ན་རང་སྤྱིའི་མཚན་ཉིད་དུ་སྣང་བར་མཐོང་སྟེ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཏོ། །ཆོས་ལ་ངེས་རྟོག་གི་བཟོད་པ་དང་པོ་ཡང་ཡིན་ནོ། །དེ་ལྟར་ཡང༌། དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། ཞེས་སོ། །གཉིས་པ་རྩེ་མོ་ནི། དྲོད་དུ་ཐོབ་པའི་ཆོས་ཀྱི་སྣང་བ་དེ་ཉིད་ཇེ་ཆེ་ཇེ་ཆེར་འཕེལ་བར་བྱ་བའི་ཕྱིར་མི་གནས་པའི་བྱེད་པས་བརྩོན་འགྲུས་བརྟན་པོ་རྩོམ་པ་སྟེ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཏོ། །དེ་ལྟར་ཡང༌། ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར། །བརྩོན་འགྲུས་བརྟན་པོ་ཀུན་ཏུ་རྩོམ། ཞེས་སོ། །འདི་ལ་འགྲེལ་པར་བརྩོན་འགྲུས་བརྟན་པོ་ལ་འབྲུ་མནན་ལ། འགྲེལ་ཆེན་ལས་བརྟན་པའི་བརྩོན་འགྲུས་ཞེས་བརྟན་པའི་འབྲུ་གནོན་བྱང་སེམས་ལ་མཛད་དོ། །གསུམ་པ་བཟོད་པ་ནི། དེ་ལྟར་བརྩོན་འགྲུས་བརྩམས་པས་ཆོས་ཀྱི་སྣང་བ་ཤས་ཆེར་འཕེལ་ནས་སེམས་ཙམ་ལ་གནས་ཏེ་ཡུལ་དུ་སྣང་བ་འདི་ནི་ནང་གི་སེམས་ཁོ་ནར་ཟད་དོ་ཞེས་རྟོགས་པའོ། །དེ་ནས་དོན་དུ་སྣང་བ་རྣམས་ནི་སེམས་ཁོ་ནར་ཟད་ཀྱི་སེམས་ལས་གཞན་མིན་ནོ་ཞེས་མཐོང་སྟེ་དེའི་ཚེ་ནི་གཟུང་བའི་གཡེང་བ་སྤངས་ལ་འཛིན་པའི་གཡེང་བ་འབའ་ཞིག་ལུས་སོ། །འདི་གཟུང་མེད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་དང་འཛིན་པ་མེད་པའི་རྗེས་སུ་སོང་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཏོ། །དེ་ལྟར་
ཡང་། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་དུ་སྣང་བ་ནི། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་འདི་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། ཞེས་སོ། །བཞི་པ་ཆོས་མཆོག་ནི། དེ་ལྟར་གཟུང་བའི་གཡེང་བ་སྤངས་ནས་འཛིན་པའི་གཡེང་བ་ཙམ་ལ་གནས་པ་དེ་ཡང་འདི་སྙམ་དུ་དེ་ལྟར་གཟུང་བ་མེད་ན་འཛིན་པ་ཡང་ཡོད་པར་མི་རིགས་སོ། ཞེས་འཛིན་པའི་གཡེང་བ་ལ་ཆགས་པ་ཡང་དེ་མ་ཐག་ཏུ་སྤངས་ནས་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་རེག་པར་བྱེད་དེ་འདི་ནི་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཅིའི་ཕྱིར་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། གཟུང་བའི་གཡེང་བ་སྤངས་པའི་དེ་མ་ཐག་ཏུ་འཛིན་པའི་གཡེང་བ་སྤོང་བ་དང༌། འཛིན་པའི་གཡེང་བ་སྤངས་པའི་དེ་མ་ཐག་ཏུ་ས་དང་པོར་འཇུག་པས་སོ། །དེ་ལྟར་ཡང༌། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང༌། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། ཞེས་སོ། །རྒྱན་སྣང་ལས། དང་པོ་གསུམ་ཡེ་ཤེས་ཀྱི་སྣང་བ་ཆུང་འབྲིང་ཆེ་གསུམ་དུ་གསལ་བ་དང་བཞི་པ་སྣང་མེད་ཀྱི་ཡེ་ཤེས་ཀྱི་སྣང་བ་རྫོགས་པ་ལ་བཤད་དོ། །དེ་ལྟར་ན་དང་པོ་གསུམ་གྱིས་ནི་གཟུང་མེད་ལ་སྒོམ་བྱུང་གི་
ངེས་པ་རྙེད་ཀྱང་སེམས་ཙམ་དུ་ཞེན་པས་འཛིན་པའི་གཡེང་བ་མ་ཞི་ལ། བཞི་པས་ནི་སེམས་ཙམ་དུ་ཡང་མི་འཛིན་པས་འཛིན་མེད་ལ་སྒོམ་བྱུང་གི་ངེས་པ་རྙེད་དོ། །དོན་འདི་ལ་རིགས་རལ་ན་རེ། དེ་ནི་མ་ཡིན་ཏེ། འདི་ལྟར་དེའི་མཇུག་ཐོགས་ཞེས་ཆོས་མཆོག་གི་རྗེས་སུ་འཛིན་པའི་གཡེང་བ་སྤོང་པར་གསུངས་པས་སོ་ཟེར་བ་ནི་དོན་མིན་ཏེ། འགྲེལ་ཆེན་ལས་དེའི་མཇུག་ཐོགས་ཀྱི་དོན་གཟུང་བའི་གཡེང་བ་སྤངས་པའི་དེ་མ་ཐག་ལ་བཤད་པ་དང༌། རྒྱན་སྣང་དུ་ཡང་ཆོས་མཆོག་ཏུ་འཛིན་པའི་གཡེང་བ་མེད་པར་གསུངས་པ་དང༌། ཀུན་བཏུས་སུ་མདོ་དྲངས་པར་ཡང༌། བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་གཟུགས་བརྙན་མཐོང་དེ་ནས། །རང་གི་འདུ་ཤེས་ངེས་པར་བཟུང༌། །དེ་ལྟར་ནང་གི་སེམས་གནས་ནས། །གཟུང་བ་མེད་པར་རྟོགས་པར་བྱ། །དེ་ཡི་འོག་ཏུ་འཛིན་མེད་པར། །དེ་ནས་མི་དམིགས་རེག་པར་བྱ། ཞེས་འཛིན་པ་མེད་པའི་འོག་ཏུ་མཐོང་ལམ་བཀའ་སྩལ་བའི་ཕྱིར་རོ། །དེ་ལྟར་བཞི་པོ་འདི་དག་ནི་བདག་མེད་པའི་དོན་ལ་ལྷག་པར་མོས་པ་བརྟན་པའི་ཕྱིར་མོས་སྤྱོད་ཀྱི་ས་ཞེས་ཀྱང་བྱའོ། །དཀོན་མཆོག་སྤྲིན་ལས་ཀྱང༌། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོ་སྐྱེ་བོ་ཡིན་ན་ཡང་བྱིས་པའི་རྒུད་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྲངས་མེད་པ་དང་ཡང་ལྡན་ནོ། ཞེས་ཡོན་
ཏན་དུ་མ་དང་ལྡན་པར་ཡང་གསུངས་སོ། །གཉིས་པ་ནི། ངོ་བོས་ཕྱེ་ན་དྲོད་རྩེ་བཟོད་མཆོག་བཞི་ཡོད་ལ། ཆེ་འབྲིང་གིས་ཕྱེ་ན་བཅུ་གཉིས་ཏེ་རེ་རེ་ལ་གསུམ་གསུམ་དུ་ཡོད་པས་སོ། །གཞན་ཡང་དྲོད་རྩེ་གཉིས་དང་བཟོད་པ་དང་ཆོས་མཆོག་ལ་ཆོས་ལ་ངེས་སེམས་ཀྱི་བཟོད་པ་ཆུང་འབྲིང་ཆེ་གསུམ་དུ་ཡང་བཤད་དོ། །ཆོས་མཆོག་ལ་ཕར་ཕྱིན་གྱི་འགྲེལ་པ་རྣམས་སུ་ཆེ་འབྲིང་གི་དབྱེ་བ་བཤད་ལ། མངོན་པ་གོང་འོག་གཉིས་ཀར་སྐད་ཅིག་གཅིག་ཏུ་བཤད་ཅིང༌། མདོ་རྒྱན་ལས་ཀྱང་དེ་མ་ཐག་པའམ་བར་ཆད་མེད་པའི་ཏིང་ངེ་འཛིན་དུ་བཤད་པས་སྐད་ཅིག་ཏུ་བཞེད་པ་འདྲའོ། །གསུམ་པ་ནི། ཁ་ཅིག་ན་རེ། སྦྱོར་ལམ་མཉམ་བཞག་ནི་རྣལ་འབྱོར་མངོན་སུམ་ཡིན་གྱི་རྟོག་པ་གང་ཡང་མེད་དོ་ཞེས་ཟེར་ལ། གཞན་དག་ནི་དྲན་པ་བཅད་ཤེས་སོ། ཞེས་འདོད་དོ། །དེ་ལ་མཁས་པ་དག་གི་ཞལ་སྔ་ནས་དང་པོ་མི་འཐད་དེ། གཞན་དུ་ན་སྦྱོར་ལམ་མཉམ་གཞག་དེ་ཆོས་ཉིད་མངོན་སུམ་དུ་རྟོགས་པ་དང༌། མཐོང་སྤང་གི་ས་བོན་འགའ་སྤངས་པ་དང༌། རྟོག་བཅས་དང་ཚུར་མཐོང་གི་ཤེས་པ་མ་ཡིན་པར་འགྱུར་ཏེ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་རོ། །དང་པོ་གསུམ་འདོད་ན་ཀུན་བཏུས་ལས། བདེན་པ་རྣམས་ལ་རྣམ་པ་བཅུ་དྲུག་ནི་འཇིག་རྟེན་པ་ཡང་ཡོད་འཇིག་རྟེན་ལས་འདས་པ་ཡང་ཡོད་དོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཤེས་
བྱ་ལ་ལེགས་པར་མ་ཞུགས་པ་དང་ལེགས་པར་ཞུགས་པ་དང༌། སྒྲིབ་པ་དང་བཅས་པ་དང་སྒྲིབ་པ་མེད་པ་དང༌། རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་ཕྱིར་ཏེ། འདི་ནི་བྱེ་བྲག་གོ་ཞེས་པ་དང་འགལ་ལོ། །བཞི་པ་ཁྱབ་པ་མེད་ན་ཨ་བྷྱས་དེ་ལ་གང་ཅིག་ཤོས་རྣམས་ཀྱི་མངོན་སུམ་དེ་ནི་དོན་དམ་པའི་དབང་དུ་བྱས་ནས་མ་འཁྲུལ་བར་མི་བརྗོད་དོ། །གཞན་དུ་ན་ཐམས་ཅད་རྣལ་འབྱོར་པ་ཁོ་ནར་འགྱུར་གྱི་ཚུ་རོལ་མཐོང་བར་མི་འགྱུར་རོ་ཞེས་པ་དང་འགལ་ལོ། །གཉིས་པ་ཡང་མི་འཐད་དེ། ཡེ་ཤེས་ཀྱི་གསལ་སྣང་མེད་པར་ཐལ་ཏེ་དྲན་པ་བཅད་ཤེས་ཡིན་པས་སོ། །ཁྱབ་པ་ཡོད་དེ། དྲན་པ་བཅད་ཤེས་སྒྲ་རྟོག་ཡིན་ལ་དེ་ལ་གསལ་སྣང་འགལ་བས་སོ། །འདོད་ན་ཨ་བྷྱས་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བ་སྐྱེ་བ་དེའི་ཚེ་བཟོད་པའི་གནས་སྐབས་ཏེ་ཞེས་པ་དང་འགལ་ལོ་ཞེས་གཞན་ལུགས་འགོག་པར་བཤད་དོ། །དེ་ལ་ཡེ་ཤེས་ཀྱི་གསལ་སྣང་ཡོད་པར་བཤད་པ་ཡང་ཚོགས་ལམ་དུ་རྣམ་གཡེང་ཤས་ཆེ་བ་སྦྱོར་ལམ་དུ་སྒོམ་བྱུང་གིས་འདྲིས་པར་བྱས་ཏེ་ཤས་ཆུང་བ་ལ་བཞེད་ན་རུང་ལ། དེ་ལྟ་མིན་པར་ཆོས་ཉིད་ལ་ཡེ་ཤེས་ཀྱི་གསལ་སྣང་ཡོད་པར་འདོད་ན་དེ་ལ་མངོན་སུམ་དུ་ཐལ་བ་གང་གིས་བཟློགས། སྤྱིར་མཉམ་གཞག་དགག་རྟོག་གི་ངོ་བོར་བཞེད་པ་དང་སྒྲ་རྟོག་མེད་པར་འདོད་པ་ཡང་འགལ་ཏེ་དེ་ཡང་འཆད་པར་འགྱུར་རོ། །འོ་ན་རང་གི་ལུགས་གང་ཞེ་ན། སྦྱོར་ལམ་མཉམ་གཞག་བདག་མེད་པའི་དོན་ལ་
མངོན་སུམ་དུ་མི་འདོད་དེ། སོ་སྐྱེའི་རྒྱུད་ལ་ཉོན་ཡིད་མངོན་གྱུར་དུ་མི་འཇུག་པའི་སྐབས་སྲིད་པར་ཐལ་བའི་ཕྱིར་ཏེ། བདག་མེད་མངོན་སུམ་གྱིས་རྟོགས་པའི་བློ་མངོན་དུ་གྱུར་པའི་ཚེ་བདག་ལྟ་མངོན་དུ་གྱུར་པ་འགལ་བས་སོ། །དེས་ན་སྦྱོར་ལམ་བདག་མེད་ལ་དམིགས་པ་ནི་བདག་མེད་ཀྱི་དོན་སྤྱི་རང་ལ་སྣང་བ་ལ་དེར་མོས་ནས་འཛིན་པའི་དོན་སྤྱི་འཇལ་བའི་བློ་ཡིན་པའི་ཕྱིར་སྒྲ་དོན་སྣང་བའི་རྟོག་པ་ཡིན་ལ། ཚོགས་ལམ་དུ་བདེན་བཞིའི་དོན་རིགས་པས་ངེས་པའི་འདུ་བྱེད་མ་ཉམས་པ་ལ། དེ་ལྟར་དྲན་པའི་བཅད་ཤེས་ཀྱང་ཡོད་ཅིང་བདག་མེད་ཀྱི་ཁྱད་པར་འགའ་ཞིག་ལ་རྗེས་དཔག་ཀྱང་ཡོད་དོ། །དེ་ལྟར་ན་སྦྱོར་ལམ་རང་གི་ངོ་བོ་འཁྲུལ་ཤེས་ཡིན་ཀྱང་ཐ་མལ་པའི་བློ་ལྟར་རྣམ་པ་ཐམས་ཅད་དུ་འཁྲུལ་པ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་རྟས་པས་སྐྱེད་པའི་ཕྱིར་རོ། །དོན་གྱི་དབང་འདི་གཟིགས་ནས། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །རྗེས་སུ་འབྲེལ་བཅས་བཟློག་པ་དང༌། །ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག །རྗེས་སུ་འབྲེལ་མེད་སྒོམ་པའོ། ཞེས་རྗེ་བཙུན་གྱིས་གསུངས་པའི་དོན་འགྲེལ་པ་ན་མཁས་མཆོག་དབྱིག་གཉེན་གྱིས་མ་འཁྲུལ་བའི་རྗེས་སུ་མཐུན་པའི་འཁྲུལ་ཤེས་ནི་སོ་སྐྱེ་རྣམས་ཀྱི་སྒོམ་ལམ་དང༌། ཕྱིན་ཅི་ལོག་གི་སྒོམ་སྤང་དང་འབྲེལ་ལ་རང་གི་ངོ་བོ་མ་འཁྲུལ་བ་ནི་འཕགས་པ་སློབ་པའི་སྒོམ་ལམ་དང༌། ཕྱིན་ཅི་ལོག་དང་རྗེས་འབྲེལ་གཉིས་ཀ་མེད་པ་ནི་མི་སློབ་པའི་སྒོམ་
ལམ་ལ་གསུངས་ཤིང༌། འགྲེལ་བཤད་དུའང་དང་པོ་ནི་དྲན་ཉེ་ནས་སྟོབས་སྒོམ་པའི་བར་དང༌། གཉིས་པ་བྱང་ཆུབ་ཡན་ལག་བདུན་དང་ལམ་ཀྱི་ཡན་ལག་སྒོམ་པའི་བར་ལ་གསུངས་སོ། །མདོར་ན་གང་དག་ཚུར་མཐོང་གིས་ཆོས་ཉིད་མངོན་སུམ་གྱིས་རྟོགས་པ་ཡོད་པར་འདོད་ཅིང་མཚན་ཉིད་ཀྱི་ཐེག་པ་ནས་མི་མཐོང་བར་བཤད་པའི་འགལ་སྤོང་ལ་སྔགས་དང་མཚན་ཉིད་ཀྱི་ལམ་ཉེ་རིང་གི་དབང་གིས་ཡིན་ནོ་ཞེས་པའི་སྒྱུས་འདྲིད་པ་ནི་ཁོ་བོའི་མ་མོ་གཤམ་མོ་ཞེས་པ་དང་འདྲ་ཞིང༌། ཁྱད་པར་དུ་མཚན་ཉིད་ཐེག་པར་འཕགས་པ་ཁོ་ན་ལ་ཡོད་པར་གསུངས་པའི་ཟབ་མོའི་དོན་དུ་གྱུར་པ་དེ་སྔགས་ཀྱི་ཐེག་པར་ཚུར་མཐོང་གིས་ཀྱང་རྟོགས་པའི་ཉེ་རིང་གི་ཁྱད་པར་ཡོད་པ་དང༌། མཚན་ཉིད་ཐེག་པར་ཚུར་མཐོང་གིས་ཐོབ་སླ་བར་གསུངས་པའི་མངོན་ཤེས་སྤྱན་རྫུ་འཕྲུལ་ལ་སོགས་པ་རྣམས་ཆོས་ཉིད་མངོན་དུ་གྱུར་ཀྱང་མི་ཐོབ་པར་འདོད་པ་ནི། བླུན་པོ་ཚིག་ཙམ་ཞིག་ལ་ཡིད་ཆེས་པ་རྣམས་མ་གཏོགས་པ་མཁས་པ་རིགས་པའི་རྗེས་སུ་འབྲང་བ་སུ་ཞིག་ཡིད་ཆེས་ཏེ། མཐོང་སྤང་དང་སྒོམ་སྤང་གི་བདག་ལྟ་ཅུང་ཟད་ཀྱང་ཁ་མ་བྲི་བར་བདག་མེད་མངོན་སུམ་གྱིས་རྟོགས་པར་འདོད་པའི་ཕྱིར་རོ། །གཞན་ཡང་ཐབས་མཆོག་དང་ལྡན་པའི་ལམ་མཐར་ཐུག་གིས་བསྒྲུབས་པའི་རྟོགས་པ་ནི་ལྡོག་ལ་ཐབས་མཆོག་དང་མི་ལྡན་པའི་དམན་པ་ཉི་ཚེ་བས་བསྒྲུབས་པའི་རྟོགས་པ་མི་ལྡོག་པར་འདོད་པ་འདི་ཡང་བློ་གྲོས་ནམ་མཁའ་དང་མཉམ་པ་ཁྱེད་ལས་
གཞན་སུ་ཞིག་གིས་རྙེད། དེས་ན་འདི་དག་ནི་མཁས་པ་རྣམས་ཀྱིས་མཉན་པ་ཙམ་ཡང་སྤང་སྟེ། ཐམས་ཅད་མཁྱེན་པ་ཞི་བ་འཚོས། ཚུ་རོལ་མཐོང་བ་ཐམས་ཅད་ཀྱི། །སེམས་ནི་དེ་ལ་ནོར་བའི་ཕྱིར། །ཡང་དག་དངོས་པོ་ཅུང་ཟད་ཀྱང༌། །མངོན་སུམ་དག་གིས་གྲུབ་པ་མེད། ཅེས་དང༌། རྒྱལ་བའི་རྒྱལ་ཚབ་ཀྱིས། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཕྱིར། །དོན་དམ་ཡིན་ཕྱིར་བསམ་བྱ་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང༌། ཞེས་པ་ལྟར་ཁས་བླང་ངོ༌། །གཉིས་པ་ལ་གཉིས། སྤྱིའི་མཚམས་སྦྱར། དོན་དངོས་བཤད་པའོ། །དང་པོ་ནི། གདམས་ངག་གི་རྗེས་སུ་ངེས་འབྱེད་ཡན་ལག་སྟོན་པའི་འབྲེལ་ཅི་ཞེ་ན། ལམ་དང་ས་ལ་འཇུག་པའི་ལས་དང་པོ་པ་གཉིས་ལས་དང་པོ་ནི། སྔར་བཤད་པ་དེ་ལྟར་གདམས་ངག་ཐོབ་པ་སྟེ་དེའི་དོན་ཉམས་སུ་བླངས་པ་ལ་ངེས་པར་འབྱེད་པ་སྟེ་མི་རྟོག་པའི་ངོ་བོ་མཐོང་ལམ་དེའི་དབྱེ་བ་ནི་ཆ་ཤས་ཐོབ་པ་ཡིན་ལ། ཡན་ལག་ནི་དེའི་རྒྱུ་སྟེ་དེ་འབྱུང་བས་སོ། །གཉིས་པ་ལ་གཉིས། ངོ་བོ་མདོར་བསྟན། ཁྱད་ཆོས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཁྱད་པར་དུ་འཕགས་སོ། །གང་ན། བྱང་སེམས་ཡིན་ལ་སྐྱོབ་པའི་བསམ་པ་ཡོད་པས་སྐྱོབ་པའི་དྲོད་སོགས་ཀྱི་བདག་ཉིད་ཆུང་འབྲིང་ཆེན་པོ་རྣམས་ནིའོ། །གང་
ལས་ན། ཉན་ཐོས་སོགས་སོ། །གང་གིས་ན། རྒྱུ་དང་སོགས་སོ། །ཉི་སྣང་ལས། ཉན་ཐོས་ལ་སོགས་པ་ལས་ཁྱད་པར་རྣམ་པ་བཞི་བརྗོད་པར་བྱ་བ་ཡིན་ཏེ་ཞེས་རྟོག་པ་མ་གཏོགས་པ་བཞི་ཁྱད་ཆོས་སུ་བཞེད་ལ་སང་ཡེས་ཀྱང་ངོ༌། །ཟློས་སྤོང་གི་སྐབས་སུ་དྲུག་གསུངས་པ་ནི་ཁྱད་པར་འཕགས་ཆོས་མིན་པར་བསྟན་ཟིན་ཏོ། །འགྲེལ་པ་འདིས་སྦྱོར་ལམ་གྱི་གྲངས་ཇི་ལྟ་བ་བཞིན་ལྡན་ཞིང་རྟེན་པའི་རྣམ་རྟོག་བཞི་དང་བཅས་པའི་ཁྱད་པར་ལྔར་བཞེད་དེ། དག་སྙིང་ཟླ་འོད་བུདྡྷ་ཤྲཱི་རྣམས་ཀྱང་ངོ༌། །རྒྱན་སྣང་དུ་ཁྱད་པར་དང་པོ་བཞིས་འཕགས་པར་བསྟན་ནས། དེའི་འོག་ཏུ་རྟོག་པ་བཞིས་གྲངས་བཞིན་དུ་སྦྱོར་ལམ་འདི་དག་ཀུན་ནས་ཉོན་མོངས་པ་ལ་བརྟེན་པར་བརྗོད་པར་བྱའོ་ཞེས་གསུངས་ཤིང་དེ་ནས་དེ་བཞིན་དུ་ཇི་སྐད་བཤད་པའི་རྟོག་པ་དང་ལྡན་པ་ལ་བརྟེན་པ་འདི་དག་རེ་རེ་ཞིང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཁྱད་པར་དུ་འཕགས་པར་ཡང་བརྗོད་པར་བྱ་བ་ཡིན་པས་ཁྱད་པར་རྣམ་པ་ལྔའོ་ཞེས་འཆད་དོ། །འདིའི་དོན་ལ་ཁ་ཅིག་རྟོག་པ་དོར་བའི་ཁྱད་ཆོས་ལྔའོ་ཞེས་འདོད་ཀྱང༌། ཉན་རང་གི་སྦྱོར་ལམ་ཁྱད་པར་དང་བྲལ་བར་སྟོན་པ་ན་རྟོག་པའི་ཁྱད་ཆོས་མེད་པར་བསྟན་གྱི་ཆུང་འབྲིང་གི་དབྱེ་བ་མེད་པར་མ་བསྟན་པས་དེ་མི་འཐད་དོ། །དེས་ན་གཞུང་འདི་ལྟར་སྦྱར་ཏེ། འདི་དག་རེ་རེ་ཞིང་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་ཇི་སྐད་བཤད་པའི་རྟོག་པ་དང་ལྡན་པ་ལ་བརྟེན་པས་ཁྱད་པར་དུ་འཕགས་པར་ཡང་བརྗོད་པར་བྱ་བ་
ཡང་ཡིན་པས་ཞེས་འགྲེལ་པ་འདི་ལྟར་དུ་དབྱེ་བ་འཕགས་གཞི་རུ་བྱའོ། །ཅིའི་ཕྱིར་ཁྱད་ཆོས་ལྔར་བསྟན་ན། ཁ་ཅིག་འདི་སྙམ་དུ་ཐེག་པ་ཆེ་ཆུང་གི་སྦྱོར་ལམ་འདི་གཉིས་དམིགས་པ་བདེན་བཞིར་མཚུངས་པ་དང༌། བྱེད་ལས་རང་རང་གི་མཐར་ཐུག་པའི་སྤངས་རྟོགས་ཙམ་སྒྲུབ་པ་དང༌། ཡོངས་འཛིན་སངས་རྒྱས་སུ་ཁྱད་མེད་པའི་ཕྱིར་རྟོགས་པ་དང༌། བྱེད་ལས་དང་ཡོངས་འཛིན་ལ་ཁྱད་མེད་དོ་སྙམ་པའི་དོགས་པ་སྐྱེ་བས་དེ་བསལ་བའི་ཕྱིར་ལྔ་བསྟན་ཏེ། དེ་ལ་དམིགས་རྣམ་གྱིས་ནི་རྟོགས་པའི་ཁྱད་པར་བསྟན་ཏེ། ཉན་རང་གིས་ནི་བདེན་བཞི་ཙམ་ཞིག་གཏན་ལ་དབབ་པའི་གཞི་དམིགས་པར་བྱས་ནས་མི་རྟག་སོགས་ཀྱི་སྒོ་ནས་ཤེས་པར་བྱེད་པས་གང་ཟག་ལ་བདག་མེད་པའི་དམིགས་རྣམ་ཅན་ཡིན་ལ། ཐེག་ཆེན་གྱིས་ནི་མི་རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདེན་བཞི་གཏན་ལ་དབབ་བྱ་རུ་བྱས་ནས་མི་རྟག་སོགས་སུ་ཞེན་བྱར་མི་བདེན་པར་གཅོད་པའི་ཕྱིར་ཆོས་ཀྱི་བདག་མེད་པའི་དམིགས་རྣམ་ཅན་ནོ། །འདི་ནི་རྩ་འགྲེལ་གྱི་བཞེད་པ་སྟེ་ཁ་ཅིག་ཉན་རང་གིས་རང་རྒྱུད་ཀྱི་བདེན་པ་དང་ཐེག་ཆེན་གྱིས་རང་གཞན་གཉིས་ཀའི་རྒྱུད་ཀྱི་བདེན་པ་ལ་དམིགས་པའི་ཕྱིར་དམིགས་པའི་ཁྱད་པར་འདོད་པ་དང༌། གཞན་དག་བདེན་བཞི་སྒྱུ་མ་ལྟ་བུ་ལ་དམིགས་པས་ཞེས་འདོད་པ་ནི་དོན་མིན་ནོ། །རྒྱུ་དང་ལྡན་ཆོས་ཀྱིས་ནི་བྱེད་ལས་བསྟན་ཏེ། འབྲས་བུའི་ཐེག་པ་གསུམ་གའི་རྟོགས་
རིགས་ཐམས་ཅད་ཚང་བར་སྐྱེད་པ་དང༌། རང་འབྲས་མཐོང་སྒོམ་གྱི་ལམ་རྣམས་རང་རྒྱུད་ཀྱི་ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཟད་བྱེད་དུ་སྐྱེས་པས་སོ། །དེས་ན་རྟོག་པ་སྤང་བྱར་ལྡན་པ་ཁྱད་ཆོས་ཡིན་པའི་ཕྱིར། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་ཕྱིར། ཞེས་གསུངས་སོ། །ཡོངས་འཛིན་གྱི་ཁྱད་པར་ནི་འཆད་པར་འགྱུར་རོ། །གཉིས་པ་ལ་བཞི། ཐེག་ཆེན་གྱི་སྦྱོར་ལམ་ཁྱད་པར་ལྔ་ལྡན། ཉན་རང་གི་སྦྱོར་ལམ་ཁྱད་པར་ལྔ་བྲལ། བྱང་སེམས་ཀྱི་དམིགས་ཚུལ་སྣ་ཚོགས་སུ་བསྟན་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཁྱད་པར་དུ་འཕགས་པ་ཡིན་ནོ། །གང་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ནིའོ། །ངེས་འབྱེད་ཆ་མཐུན་ཇི་འདྲ་བ་ཞེ་ན། འདི་ལ་གསུམ་ལས། རྒྱུའི་ཁྱད་པར་ནི་ཐོས་པ་དང་སོགས་པས་བསམ་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་ཐར་པའི་ཆ་མཐུན་གྱི་དད་པ་ལ་སོགས་པའི་མཚན་ཉིད་དེ་ངོ་བོ་ཉིད་དུ་གྱུར་པའི་དགེ་བའི་རྩ་བ་དེའི་འོག་ཏུ་སྟེ་རྗེས་སུ་སྐྱེས་པའོ། །དམིགས་རྣམ་གྱི་ཁྱད་པར་ནི། རང་འབྲས་བདེན་བཞི་མངོན་སུམ་གྱིས་རྟོགས་པའི་མཐོང་ལམ་དང་དམིགས་རྣམ་རྗེས་སུ་མཐུན་པའོ། །ངོ་བོའི་ཁྱད་པར་ནི། ཆོས་མཆོག་མན་ཆད་ཀྱི་གང་ཟག་འཇིག་རྟེན་པ་དང་འཕགས་པའི་རྗེས་ཐོབ་ལྟ་བུ་བློ་འཇིག་རྟེན་པ་གཉིས་ཀའི་དབང་དུ་བྱས་པའི་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བའོ། །བཞི་པོ་གང་ཞེ་ན། དྲོ་བར་གྱུར་པ་དང་
ཞེས་སོགས་སོ། །དེ་ཡང་དྲོ་བ་རྣམས་ཞེས་སོགས་རྣམ་དབྱེ་དང་པོའི་ཚིག་གིས་གསལ་བའི་དབྱེ་བ་བསྟན་ལ། དྲོ་བར་གྱུར་པ་ཞེས་སོགས་གྱུར་པའི་སྒྲས་སྤྱིའི་ཚིག་ཏུ་བརྗོད་པའོ། །ཆུང་འབྲིང་ཆེན་པོའི་ཁྱད་པར་གང་ན། ཆུང་ངུ་ལ་སོགས་པ་གསུམ་ནི་ཐོག་མ་བར་དང་ཐ་མར་རིམ་གྱིས་སྐྱེ་བས་བཞག་ལ། སམ་གྱི་དོན་ཡང་ན་བྱང་སེམས་དབང་པོ་རྟུལ་འབྲིང་རྣོ་གསུམ་དང་འབྲེལ་བའི་བྱེ་བྲག་གིས་ཏེ་སྒོ་ནས་འཇོག་གོ །གང་ལས་ན། ཉན་ཐོས་དང་སོགས་པས་རང་རྒྱལ་སོགས་སོ། །གང་གིས་ན། ལྔ་ལས་དང་པོ་དམིགས་པའི་ཁྱད་པར་གྱི་ངོ་བོ་ཉིད་ནི། རྒྱས་བཤད་ནས་འཆད་པར་འགྱུར་བའི་བདེན་བཞིའི་དངོས་པོ་སྟེ་ཁྱད་ཆོས་མི་རྟག་སོགས་ལ་དམིགས་པ་དང་རྣམ་པའི་ཁྱད་པར་ནི། མངོན་པར་ཞེན་པ་མེད་པ་ལ་སོགས་པ་སྟེ་སྒྱུ་མ་ལྟ་བུའི་རྣམ་པར་ཞུགས་པའོ། །དེའི་རྒྱུ་མཚན་ཡང་གཟུགས་སོགས་ལ་བདེན་པར་འཛིན་པའི་ཆོས་བདག་ཏུ་ལྟ་བའི་གཉེན་པོ་བྱེད་པ་ཉིད་ཀྱིས་སོ། །རྒྱུའི་ཁྱད་པར་ནི། འབྲས་བུ་ཡི་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་རྟོགས་པ་སྟེ། ཐོབ་པའི་རྒྱུའི་ངོ་བོ་དང༌། ཡོངས་འཛིན་གྱི་ཁྱད་པར་ནི། དགེ་བའི་བཤེས་གཉེན་འཚང་རྒྱ་བའི་ཐབས་ལ་མཁས་པའི་མཚན་ཉིད་ཀྱིས་སངས་མ་རྒྱས་ཀྱི་བར་དུ་སྲིད་ཞིར་ལྟུང་བ་ལས་ཡོངས་སུ་འཛིན་པ་དང༌། ལྡན་ཆོས་ཀྱི་ཁྱད་པར་ནི། རྩེ་སྦྱོར་གྱི་སྐབས་ནས་བསྟན་པའི་རང་འབྲས་མཐོང་སྒོམ་གྱི་ལམ་གྱིས་སྤང་
བར་བྱ་བའི་གཟུང་འཛིན་གྱི་རྟོག་པ་བཞི་པོ་རྒྱས་བཤད་ནས་འཆད་པར་འགྱུར་པའི་ཚུལ་དང་རྒྱུད་འབྲེལ་བར་འབྱུང་བའོ། །གཉིས་པ་ནི། ཉན་རང་གི་སྦྱོར་ལམ་དེ་ཁྱད་པར་ལྔ་དང་བྲལ་བར་ཅིས་ཤེས་ཤེ་ན། འབྱུང་ངོ་གང་ལས་ན། ལུགས་ལས་ཏེ་ཉན་ཐོས་ཀྱི་ལུང་ངམ་སྡེ་སྣོད་ལས་སོ། །གང་ན། ཉན་རང་དེ་དག་གི་དྲོ་བ་སོགས་ཀྱི་དགེ་རྩའི་དམིགས་རྣམ་ལ་སོགས་པའི་རྣམ་གཞག་ནིའོ། །ཇི་ལྟར་ན། གཟུགས་སུ་རུང་བ་དང་སོགས་པས་ཉམས་སུ་མྱོང་བ། མཚན་མར་འཛིན་པ། སེམས་ཡུལ་ལ་འདུ་བྱེད་པ། ཡུལ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ཀྱིས་མཚོན་པའི་ཕུང་པོ་ལྔའི་དངོས་པོའི་བདག་ཉིད་བདེན་བཞི་དག་པ་བ་ལ་དམིགས་པ་དང་གང་ཟག་གི་བདག་ཏུ་ལྟ་བའི་གཉེན་པོ་བྱེད་པ་ཉིད་ཀྱིས་མི་རྟག་སོགས་བཅུ་དྲུག་ཙམ་གྱིས་རྣམ་པར་ཞུགས་པ་དང༌། ཉན་རང་གི་ཐེག་པ་རེ་རེ་བ་རྟོགས་པ་སྟེ་ཐོབ་པ་ཁོ་ནའི་ཆེད་དུ་གྱུར་པའི་རྒྱུ་དང༌། ཐབས་མཁས་ཀྱི་དགེ་བཤེས་ཀྱིས་དམན་ལམ་ལས་ཡོངས་སུ་འཛིན་པ་དང་བྲལ་བ་དང༌། རང་གི་བྱང་ཆུབ་ཀྱི་གེགས་སུ་གྱུར་པའི་རྟོག་པ་བཞི་རྒྱུད་ལ་མི་ལྡན་པར་འབྱུང་ངོ་ཞེས་དེ་ལྟར་རོ། །དེའི་ཕྱིར་ཐེག་ཆེན་ལས་དམན་པར་གྲུབ་བོ། །འོ་ན་ཐེག་དམན་གྱི་ལུང་ལས་རང་གི་སྦྱོར་ལམ་ཁྱད་པར་དེ་དག་དང་བྲལ་པའི་དམན་པར་སྟོན་པ་མི་འཐད་ཅེ་ན། ཐེག་དམན་གྱི་ལུང་ལས་ཁྱད་པར་དེ་དག་མེད་པའི་སྒོ་ནས་དམན་པར་མ་གསུངས་ཀྱང༌། ཉན་རང་གི་དམིགས་རྣམ་ལ་སོགས་པ་འདི་ལྟ་
བུའོ་ཞེས་བཤད་པ་ཉིད་ཀྱིས་ཐེག་ཆེན་ལས་དམན་པར་གྲུབ་པ་ལ་དགོངས་ནས་ཁྱད་པར་ལྔ་བྲལ་དུ་བསྟན་པར་གསུངས་སོ། །གསུམ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱིས་ནི་ཁ་ཅིག་ཏུ་ནི་རྒྱུའི་སྒོ་ནས་ཇི་ལྟར་སྲིད་པའམ་རིགས་པ་བཞིན་དུ་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཡིན་ལ་ཞེས་རྣམ་པར་སྦྱར་ཏེ་ལྷག་མ་ལ་ཡང་དེ་བཞིན་ནོ། །དེ་ཡང་བཟོད་པ་འབྲིང་གི་སྐབས་ཁ་ཅིག་ཏུ་ནི་རྒྱུའི་སྒོ་ནས་དམིགས་ཏེ། སྐྱེ་བ་དང་ངེས་འབྱུང་མེད་པ་རྟོགས་པ་འདི་ནི་ལུས་སོགས་དག་པ་ལྔའི་རྒྱུ་བྱེད་པ་ཡིན་ནོ་ཞེས་འཛིན་པའི་ཕྱིར་རོ། །ཆོས་མཆོག་ཆུང་ངུའི་སྐབས་ཁ་ཅིག་ཏུ་ནི་འབྲས་བུའི་སྒོ་ནས་དམིགས་ཏེ། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་འདི་ནི་སེམས་ཅན་ལ་ཕན་པའི་འབྲས་བུ་དང་ལྡན་ནོ་ཞེས་རྟོགས་པའི་ཕྱིར་རོ། །སྔ་མས་ནི་འབྲས་བུ་སྔོན་དུ་མ་རྟོགས་པར་སྐྱེད་པའི་ནུས་པ་རྣམ་པར་བྱེད་ལ། ཕྱི་མས་ནི་འབྲས་བུ་ཉིད་ལ་དམིགས་ནས་དེ་ལ་དངོས་སུ་ཡོད་པར་རྟོགས་ནས་རྣམ་པར་བྱེད་དོ། །བཟོད་པ་ཆུང་ངུའི་སྐབས་ཁ་ཅིག་ཏུ་ནི་ངོ་བོ་ཉིད་ཀྱི་སྒོ་ནས་དམིགས་ཏེ། དོན་དམ་པར་ངོ་བོ་ཉིད་མེད་པ་འདི་ཉིད་ཀུན་རྫོབ་ཏུ་ངོ་བོ་ཡོད་པ་ཡིན་ནོ་ཞེས་འཛིན་པས་སོ། །རྣམ་པ་ལྷག་མ་དགུའི་སྐབས་ཁ་ཅིག་ཏུ་ནི་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་ཏེ། བདེན་བཞི་སྤྲོས་བྲལ་དོན་དམ་པ་དེ་རྣམ་པར་བྱེད་པས་སོ། །དེ་ལྟར་ན་ཀུན་
རྫོབ་དང་དོན་དམ་གྱི་རྣམ་པ་གཉིས་ལས་དང་པོ་ལ་རྒྱུ་འབྲས་བུ་ངོ་བོ་ཉིད་དང་གསུམ་རྣམ་པར་བྱེད་ལ། དོན་དམ་པ་ནི་ཆོས་ཉིད་ཀྱི་རྣམ་པ་ཁོ་ནར་ཟད་དོ། །དེ་ལྟར་རྣམ་པ་དུ་མས་དམིགས་པ་དེ་ཡང་ཞེན་པ་མེད་པའི་ཐབས་ལ་མཁས་པའི་སྟོབས་ཀྱིས་སོ། །འདི་དག་གི་སྐབས་རྣམས་ནི་རྒྱན་སྣང་གི་བཞེད་པ་བདག་ཉིད་ཆེན་པོས་བཀོད་པ་ལྟར་བདག་གིས་ཀྱང་བྲིས་སོ། །འདི་ལས་གཞན་དུ་ཀུན་འབྱུང་ལ་སྡུག་བསྔལ་གྱི་རྒྱུ་བྱེད་པ་དང༌། སྡུག་བསྔལ་ལ་ཀུན་འབྱུང་གི་འབྲས་བུ་དང༌། འགོག་པ་ལ་ཆོས་ཐམས་ཅད་དེའི་ངོ་བོ་ཉིད་ཡིན་པས་ངོ་བོ་ཉིད་དང༌། ལམ་ལ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་ཞེས་རིགས་བྱིན་འཆད་པ་དང༌། ཤེར་འབྱུང་གིས་ཀུན་འབྱུང་ལ་སོགས་པའི་བདེན་པ་བཞི་པོ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་ཀྱི་རྒྱུ་དང༌། རྟོགས་བཞིན་པའི་འབྲས་བུ་དང༌། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ངོ་བོ་དང༌། ཐ་མི་དད་པའི་བདག་ཉིད་ཆོས་ཉིད་དེ་བཞི་པོ་རྣམས་ཀྱིས་སམ། མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་རྣམས་ཀྱིས་དམིགས་པ་རྣམས་ལ་སྒྲུབ་པ་རྣམ་པ་བཅུ་གཉིས་སྐྱེ་བ་ཞེས་བྱ་བ་ཡིན་ནོ། ཞེས་དང༌། ཚིག་གསལ་དུ། རྒྱུའི་སྒོ་ནི་ཐེག་པ་མ་ལུས་པའིའོ། །འབྲས་བུ་ནི་སངས་རྒྱས་ཉིད་ཀྱི་མངོན་སུམ་པའི་རྒྱུར་གྱུར་པས་སོ། །ངོ་བོ་ཉིད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་ངེས་པར་གནས་པ་སྟེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། ཞེས་འབྱུང་བའི་ཚུལ་ལས་སོ། །ཆོས་
ཉིད་ཀྱི་རྣམ་པའི་སྒོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ཡང་ཀུན་རྫོབ་པའི་དམིགས་པ་དང་རྣམ་པ་ལ་སོགས་པའི་བྱེ་བྲག་དུ་མར་རྟེན་ཅིང་འབྲེལ་པར་འབྱུང་བའི་མཐུའི་ཆེ་བས་གནས་ཞེས་བྱ་བའི་དོན་ཏོ། །དེས་ན་ཐེག་པ་ཆེན་པོ་འདིར་ནི་རང་བཞིན་གཅིག་ཉིད་ལས་སྣ་ཚོགས་པར་འགྱུར་བའི་ཐབས་ལ་མཁས་པའི་མཐུའི་ཆེ་བ་ཡིན་ལ། སྣ་ཚོགས་ཀྱང་གཅིག་ཁོ་ན་འདི་ལྟར་སྤྲོས་པ་མེད་པར་འགྱུར་བ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་ཆེ་བའོ་ཞེས་འཆད་པ་རྣམས་ནི་སློབ་དཔོན་གྱི་དགོངས་པ་མིན་ནོ། །རྣམ་པ་བཞི་པོ་དེའི་སྒོ་ནས་དམིགས་པར་མ་ཟད་རྣམ་པ་གཞན་གྱིས་ཀྱང་བདེན་པ་བཞི་ལ་ཀུན་ཏུ་དམིགས་སོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ཡང་ཇི་འདྲ་བ་ཞེ་ན། སྔ་མ་ཉན་རང་གི་རྣམ་པའི་སྐབས་སུ་བསྟན་པ་བཞིན་དུ་མི་རྟག་པ་ལ་སོགས་པ། བཅུ་དྲུག་གི་སྒོ་ནས་ཀྱང་དམིགས་སོ་ཞེས་བཤད་ན་འགྲིག་ལ། རིགས་བྱིན་ལྟར་མངོན་ཞེན་མེད་པ་ལ་སོགས་པའི་རྣམ་པ་གཞན་གྱིས་ཀྱང་ཞེས་འཆད་པ་ནི་མི་འཐད་དེ། མངོན་ཞེན་མེད་པའི་རྣམ་པ་ནི་ཆོས་ཉིད་ཀྱི་རྣམ་པ་ཡིན་པས་དེ་ལས་གཞན་དུ་མི་རིགས་པས་སོ། །འོ་ན་རྣམ་པ་དེ་དག་ཚང་བར་འདིར་སྟོན་ཅིག་ཅེ་ན། མདོར་བསྡུས་ཏེ་སོགས་སོ། །བཞི་པ་ནི། གལ་ཏེ་རྣམ་པ་བཅུ་དྲུག་ལས་མང་བའི་རྣམ་བཞག་དེ་དག་མི་འཐད་དེ། མཛོད་ལས། དྲི་མེད་བཅུ་དྲུག་གཞན་རྣམ་མེད། ཅེས་གསུངས་པས་ཤེ་ན། ཐེག་ཆེན་གྱི་རྣམ་གཞག་འདི་ལ་ནི་ཐེག་པ་
གཞན་ཐེག་དམན་གྱི་ལུགས་ལ་བརྟེན་ནས་གནས་སྐབས་གང་དུ་ཡང་སུན་འབྱིན་པ་བརྗོད་པར་མི་བྱ་སྟེ། གང་གི་ཕྱིར་ཐེག་ཆེན་གྱི་ལུགས་འདི་ནི་ཐེག་དམན་གྱི་རྣམ་བཞག་ལས་གཞན་མི་མཚུངས་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལྟར་སྤྱི་ཁྱབ་བསྒྲུབས་པ་ན་བྱེ་བྲག་སྦྱོར་ལམ་གྱི་དམིགས་རྣམ་ལ་ཡང་གོ་བར་འགྱུར་རོ། །རིགས་བྱིན་མང་པོས་བཀུར་བ་དག་བདག་ཅག་གི་སྡེ་སྣོད་ལ་ཐེག་ཆེན་མི་སྣང་བས་དེ་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ལ་དེའི་ཕྱིར་དེ་ལ་ཁྱད་པར་དུ་འཕགས་པའི་ཆོས་ཀྱང་ག་ལ་ཡོད་ཅེས་པའི་ལན་དུ་གཞུང་འདི་བཏོན་ནས་ཐེག་ཆེན་བཀའ་སྒྲུབ་པར་བྱེད་ཀྱང༌། ཨར་གྱིས་རྩོད་པ་སློང་ཚུལ་སྔར་བཤད་པ་དེ་ཡང་མཛད་དེ་དེ་ཉིད་འགྲིག་པར་མཐོང་ངོ༌། །གཉིས་པ་ལ་གསུམ། དམིགས་རྣམ་རྒྱུ་གསུམ་དང༌། མཚུངས་ལྡན་རྟོག་པ་དང༌། ཡོངས་འཛིན་དགེ་བཤེས་ཀྱི་ཁྱད་པར་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། སྤྱིའི་མཚམས་སྦྱར་བ། སོ་སོའི་དབྱེ་བ་བཤད་པ། བརྗོད་ཚུལ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དམིགས་པ་དང་ཞེས་སོགས་སོ། །སྒོམ་ལམ་ལ་གདམས་པའི་སྐབས་སུ། བྱང་སེམས་རྩེ་མོའི་སྐྱོན་དུ་མི་ལྟུང་བ་དེ་ལྟ་བུའི་དགེ་རྩ་རྫོགས་པར་བགྱི་བར་འཚལ་བའི་བྱང་སེམས་ཀྱིས་ཡུམ་ལ་བསླབ་པར་བྱའོ། ཞེས་གསུངས་པ་དང༌། ཤཱ་རིའི་བུས་རབ་འབྱོར་ལ་སྐྱོན་དེ་དྲིས་ཤིང་རབ་འབྱོར་གྱིས་ཐབས་མི་མཁས་པས་ཕྱིན་དྲུག་དང་རྣམ་ཐར་སྒོ་གསུམ་ལ་བརྟེན་ཏེ་ཉན་རང་གི་སར་ཡང་མི་ལྟུང་ལ་བྱང་སེམས་ཀྱིི་སྐྱོན་མེད་པར་མི་འཇུག་པའོ།
ཞེས་སྨྲས་པ་དང༌། ཤཱ་རིའི་བུས་རབ་འབྱོར་ལ་དེ་ལྟར་བུ་དེ་ཅིའི་ཕྱིར་བྱང་སེམས་ཀྱི་སྐྱོན་དུ་འགྱུར་ཞེས་དྲིས་པས་ན། བྱང་ཆེན་གྱི་སྐྱོན་ནི་ཆོས་ལ་སྲེད་པའོ། ཞེས་སྨྲས་པ་དང༌། ཤཱ་རིའི་བུས་རབ་འབྱོར་ལ་ཆོས་ལ་སྲེད་པ་གང་ཡིན་དྲིས་པའི་ལན་དུ་དམིགས་རྣམ་གྱི་མདོ་འདི་གསུངས་ཏེ་འདི་ནི་གདམས་ངག་དང་སྦྱོར་ལམ་གཉིས་ཀྱི་མདོ་ཡི་འབྲེལ་ལོ། །གཉིས་པ་ལ་བཞི། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་གི་དམིགས་རྣམ་མོ། །དང་པོ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །དང་པོ་ལ་གསུམ། ཆུང་ངུ་འབྲིང་ཆེན་པོའི་དམིགས་རྣམ་མོ། །དང་པོ་ལ་གཉིས་ལས། དམིགས་པ་ནི། མི་རྟག་སོགས་བཅུ་དྲུག་བདེན་པ་བཞིའི་རྟེན་ཆོས་སུ་ཡོད་པ་ཅན་ཡིན་ལ་དམིགས་པ་དེའི་རྣམ་པ་ནི། མི་རྟག་སོགས་སུ་མངོན་ཞེན་སོགས་གསུམ་དགོག་པ་སྟེ།85 བྱང་ཚེ་གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ཀུན་ཤེས་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པ་དང༌། སྟོང་པ་དང༌། སྨོན་པ་མེད་ཅེས་བྱ་བར་སྔར་ལྟར་སྦྱར་ཏེ། མཐར་མངོན་པར་ཞེན་པ་དང་ལྷག་པར་གནས་པ་དང་ཀུན་ཤེས་པ་འདི་ནི་ཤཱ་རིའི་བུ་བྱང་ཆེན་གྱི་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ཡིན་ནོ། ཞེས་ཏེ། འདིས་སྡུག་བདེན་དུ་རྟོགས་པའི་དམིགས་རྣམ་བསྟན་ལ་སྐབས་འདིར་དྲོད་ཆུང་ངུ་ལ་བདེན་པ་བཞི་ཀའི་དབང་དུ་བྱས་པའི་དམིགས་རྣམ་སྟོན་པའི་མདོ་ལེ་བརྒྱད་མ་ཉི་སྣང་
དག་སྙིང་རྣམས་སུ་སྦྱར་རོ། །དེ་ཡང་འདིར་ཕུང་པོ་ལྔ་ལ་མི་རྟག་པ་ནས་བདག་མེད་ཀྱི་བར་བསྟན་པས་ནི་དམིགས་པ་བསྟན་ལ་རྣམ་པ་ནི་བཟློག་པའི་སྒོ་ནས་སོ། །ཞེན་པ་གསུམ་ནི་དག་ལྡན་དུ་མངོན་ཞེན་ཆེ་འབྲིང་ཆུང་གསུམ་ལ་བཤད་ལ་ཡུམ་གསུམ་གནོད་འཇོམས་སུ། ཆེ་འབྲིང་དུ་འཇོག་ཚུལ་དག་ལྡན་དང་འདྲ་ཞིང་དེ་གསུམ་རིམ་པ་ལྟར་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ལ་བཤད་དོ། །མཐུན་པའི་ཆོས་ལ་སྲེད་པ་ཡང་དེ་ཉིད་ལས། ཕྱིན་ཅི་ལོག་སྤོང་བའི་རྒྱུར་གྱུར་པའི་ཕྱིར་མཐུན་པ་ཞེས་བྱའོ། །ཆོས་སུ་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་ཆོས་ལ་སྲེད་པ་ཞེས་བྱའོ། ཞེས་སོ། །དྲོད་སོགས་བཞི་པོ་ཐམས་ཅད་ཀྱིས་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བ་འཐོབ་པའི་རྒྱུ་བྱེད་པ་ནི། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཡུམ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱའོ། །དེ་བཞིན་དུ་རང་སངས་རྒྱས་ཀྱི་ས་དང༌། བྱང་སེམས་ཀྱི་ས་དང༌། སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང༌། ཞེས་སྔར་ལྟར་གསུངས་ནས། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡུམ་འདི་ལས་བྱང་ཆེན་རྣམས་ཀྱིས་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སའམ་བྱང་སེམས་ཀྱི་སའམ་སངས་རྒྱས་ཀྱི་ས་གང་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་རྣམས་རྒྱ་ཆེར་བསྟན་ཏེ། ཞེས་སོ། །འདི་ལ་དག་ལྡན་དུ། ཐེག་པ་གསུམ་སྟེ་བྱང་ཆུབ་པ་རྣམ་གསུམ་ཐོབ་པའི་རྒྱུར་གང་
དག་རིགས་ལ་སོགས་པའི་སྟོབས་ཀྱིས་བྱང་ཆུབ་དམན་པ་ཡང་འཐོབ་པའི་ཕྱིར། ཞེས་བཤད་ཀྱང༌། ཀུ་ལན་ཏས་མྱང་འདས་གསུམ་གྱི་རྒྱུ་ལ་བཤད་པའི་དོན་འབྲས་བུའི་ཐེག་པའི་ཡོན་ཏན་ཡར་ལྡན་དུ་འདུས་པའི་རྒྱུ་ལ་བྱའོ། །གཉིས་པ་ལ་གཉིས་ལས། དམིགས་པ་ནི། འདུ་འགོད་སྐྱེ་འཇིག་དང་བྲལ་བའི་གཟུགས་སོགས་ཡིན་ལ། རྣམ་པ་ནི། གནས་བྲལ་རྒྱུན་མི་འདྲ་བར་འཇུག་པ་དང༌གནས་པ་དེ་ལས་བཟློག་པར་འཇུག་པ་གཉིས་ཀྱིས་སྟོང་པ་སྟེ། བཅོམ་ལྡན་འདས་བདག་གིས་གཟུགས་ཀྱི་འདུ་བ་དང་འགོད་པ་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ངོ༌། ཞེས་དང༌། མིང་དེ་གནས་པ་ཡང་མ་ལགས། མི་གནས་པ་ཡང་མ་ལགས། གནས་པ་དང་བྲལ་བ་ཡང་མ་ལགས། གནས་པ་དང་བྲལ་བ་མ་ལགས་པ་ཡང་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། མིང་དེ་མ་མཆིས་པ་སྟེ། ཞེས་སོ། །འདུ་བ་སྐྱེ་བ་འགོད་པ་འཇིག་པ་དང༌། མ་དམིགས་མ་མཐོང་ཞེས་ཚིག་གཉིས་སྨོས་པ་ཡིད་བྱེད་གཉིས་ཀྱི་དབང་དུ་བྱས་ནས་ཡིན་ནོ། །ཤཱནྟིས་གཟུགས་སོགས་སྐྱེ་འཇིག་ཅེས་བཏོན་ནས། སྐྱེ་བ་ནི། མིང་གིས་གཞན་ལས་གོ་བ་དང༌། འཇིག་པ་ནི་མིང་གིས་གཞན་ལ་སྟོན་པ་དང་། གནས་བྲལ་སོགས་ལ་བཞི་ཡོད་པའི་གཉིས་ལས་མ་སྨོས་པ་ནི། འདིར་སྨོས་པ་གཉིས་གཙོ་བོ་ཡིན་པས་སོ། ཞེས་འཆད་དོ། །གསུམ་པ་ལ་གཉིས་ལས། དམིགས་པ་ནི། མིང་དུ་བརྟགས་
ཙམ་གྱི་ཆོས་ཡིན་ལ། རྣམ་པ་ནི། དེ་མིང་གང་གིས་ཀྱང་བརྗོད་དུ་མེད་པ་སྟེ། བཅོམ་ལྡན་འདས་བརྡ་དང་ལྡན་པའི་ཆོས་གདགས་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་གང་ལགས་པ་དེ་ཡང་ཕུང་པོའམ་ཁམས་སམ་སྐྱེ་མཆེད་དམ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གང་གིས་ཀྱང་བརྗོད་པར་བགྱི་བ་མ་ལགས་ཏེ། ཆོས་སུ་བཏགས་པ་ཙམ་དུ་བས་སོ། ཞེས་དང༌། བྱང་སེམས་ཀྱི་ཆོས་དང་དེ་བཞིན་གཤེགས་པ་དང་རང་སངས་རྒྱས་དང་དེ་བཞིན་ཉིད་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་མིང་ནི། དགེ་མི་དགེ་ཁ་ན་མ་ཐོ་བ་དང་བཅས་མ་བཅས། བདེ་སྡུག །བདག་ཡོད་མེད། ཞི་མ་ཞི། དབེན་མི་དབེན། མཚན་མ་ཡོད་མེད། དངོས་པོ་ཡོད་མེད་གང་གིས་ཀྱང་བརྗོད་དུ་མ་མཆིས་པའོ། ཞེས་སོ། །གཉིས་པ་ནི། འདིར་དེ་ལ་ཞེས་དང༌། འོག་རྣམས་སུ་ཞེས་བྱ་བ་ལ་ཞེས་པ་ནི་རྩ་བ་དེ་དང་དེས་བསྟན་པའི་སྦྱོར་ལམ་ལ་ཆེ་འབྲིང་གི་དབྱེ་བ་བསྟན་པའི་ཕྱིར་དུ་གནས་གཞིའི་སྒྲ་སྨོས་སོ། །འདི་ལ་གཉིས། དབྱེ་བ་བཤད་པ་དང་དོན་བསྡུ་བའོ། །དང་པོ་ལ་གསུམ་ལས། དང་པོ་དྲོ་བ་ཆུང་ངུའི་གང་དམིགས་བྱའི་དམིགས་པ་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ལ་བརྟེན་པ་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ནི་ཡིན་ཏེ། ཤེས་ནས་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་པས་སོ། །གང་གིས་དམིགས་བྱེད་དམིགས་པ་དེའི་རྣམ་པ་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་མི་རྟག་པ་སོགས་སུ་མངོན་པར་ཞེན་པ་དང་
ལྷག་པར་གནས་པ་དང་ཀུན་ཤེས་པ་རྣམས་འགོག་པ་སྟེ། དེ་དག་ཏུ་ཞེན་བྱས་སྟོང་པར་གཅོད་པས་སོ། །གང་དམིགས་བྱ་དང་གང་གིས་དམིགས་བྱེད་ཅེས་ལྷག་མའི་དམིགས་རྣམ་ཐམས་ཅད་ལ་ཡང་སྦྱར་རོ། །དེ་ལྟར་ན་དམིགས་རྣམ་ལ་འདོད་ལུགས་དུ་མ་ཡོད་ཀྱང་འདིར་བཤད་པའི་དོན་ནི། ཡོངས་སུ་ཤེས་པར་བྱ་བའི་གཞི་ནི་དམིགས་པ་དང༌། དེའི་སྟེང་དུ་ཡོངས་སུ་ཤེས་པར་བྱ་རྒྱུའི་དོན་གཅིག་ལ་རྣམ་པར་འདོད་པར་བྱ་ཞིང་དེ་གཉིས་ཀྱིས་ཁྱད་པར་དུ་འཕགས་པར་བཤད་པ་ནི་དེ་གཉིས་ཡུལ་དུ་བྱེད་པའི་བློས་ཁྱད་པར་དུ་བྱས་པ་ལ་ཡུལ་དེས་བྱས་པར་བཏགས་པ་ཡིན་ཏེ། དམིགས་རྣམ་གྱི་ཁྱད་པར་འཆད་པ་ན་བདེན་པ་བཞིའི་དངོས་པོ་ལ་དམིགས་པ། ཞེས་དང༌། མངོན་པར་ཞེན་པ་ལ་སོགས་པ་འགོག་པ་ཞེས་བཤད་པས་སོ། །དེ་ལྟར་ན་དམིགས་རྣམ་གཉིས་ཀ་དམིགས་བྱེད་དུ་མཚུངས་པས་ཁྱད་མེད་དུ་ཡང་མི་འགྱུར་ཏེ། ཁྱད་གཞི་དང་ཁྱད་ཆོས་ལ་དམིགས་པའི་ཁྱད་པར་ཡོད་པས་སོ། །རྒྱུའི་ཁྱད་པར་ནི། དྲོ་བ་ལ་སོགས་པ་ཞེས་པ་སྟེ་གོ་བར་ཟད་དོ། །གཉིས་པ་དྲོད་འབྲིང་གི་དམིགས་པ་ནི། མོས་པ་ཡིད་བྱེད་བྱིས་པས་སྒྲུབ་པ་དང་དགག་པ་དག་མ་དམིགས་ཤིང་དེ་ཁོ་ན་ཉིད་ཡིད་བྱེད་འཕགས་པས་དེ་གཉིས་མ་མཐོང་བ་ཞེས་བྱ་བ་སྟེ། མདོར་ན་དེ་ཁོ་ནར་དགག་སྒྲུབ་གཉིས་དང་བྲལ་བས་ཁྱད་པར་དུ་བྱས་པའི་གཟུགས་ལ་སོགས་པ་ཡིན་ནོ། རྣམ་པ་ནི། དམིགས་པ་དེ་ལ་དེ་ཁོ་ནར་མིང་གི་རྒྱུན་འདྲ་བ་དང༌། རྒྱུན་མི་འདྲ་བར་འཇུག་
པའི་མཚན་ཉིད་དག་མེད་པ་སྟེ་དེ་གཉིས་གང་ཡང་རྗོད་བྱེད་དུ་འཇུག་པ་མེད་དོ་ཞེས་རྟོགས་པ་སྟེ། རྒྱུ་མཚན་ནི་མིང་ཐམས་ཅད་མེད་པར་རྟོགས་པ་ཉིད་ཀྱིས་སོ། །དེ་ལ་ཉི་སྣང་དུ་གནས་པ་ནི་རྒྱུན་འདྲ་བའོ། །གནས་པ་དང་བྲལ་བ་ནི་རྒྱུན་མི་འདྲ་བའོ། ཞེས་པ་ལྟར་སློབ་དཔོན་གྱིས་ཀྱང་བཀོད་ལ་དེའི་དོན་ལ་ཀུ་ལན་ཏས་རང་རིས་གསལ་བ་ཀུན་ལ་ཁྱབ་པའི་སྤྱི་ལ་རྒྱུན་འདྲ་བ་དང༌། གསལ་བ་བྱེ་བྲག་རྣམས་ལ་རྒྱུན་མི་འདྲ་བ་འདོད་པ་ནི། གཞུང་གཞན་དུ་སྤྱི་ལ་འདྲ་བ་དང་བྱེ་བྲག་ལ་མི་འདྲ་བར་བཤད་པ་ཡོད་ཀྱང་དགོངས་པ་མིན་ཏེ། རྒྱུན་འདྲ་མི་འདྲ་ནི་མིང་ལ་རྩི་དགོས་པས་སོ། །སྔ་མ་རྣམས་བུམ་པ་མི་རྟག་པ་ཀ་བ་ནི་བྱས་ཞེས་པ་ལྟ་བུ་མི་འདྲ་བ་དང༌། བུམ་པ་མི་རྟག་པ་བུམ་པ་བྱས་ཞེས་པ་ལྟ་བུ་འདྲ་བར་འདོད་མོད་ཀྱང༌། འདིར་ནི་མིང་གི་རིགས་འདྲ་སྔ་ཕྱི་བརྒྱུད་མར་འབྱུང་བ་ལ་རྒྱུན་འདྲ་བ་དང༌། དེ་ལྟར་མེད་པ་ལ་རྒྱུན་མི་འདྲ་བར་བྱ་སྟེ། གནས་པ་རྒྱུན་འདྲ་བར་གསུངས་ལ་གནས་པ་ནི་རྒྱུན་མིན་པ་ལ་མེད་པས་སོ། །མདོར་ན་རྒྱུན་དང་སྐད་ཅིག་མིང་གང་ཡང་མེད་ཅེས་པའི་དོན་ཏོ། །གསུམ་པ་དྲོད་ཆེན་པོའི་དམིགས་པ་ནི། བརྡར་བརྟགས་པའི་ཆོས་ཐ་སྙད་པ་སྟེ་མིང་ཙམ་གྱིས་ཁྱད་པར་དུ་བྱས་པ་ཡིན་ནོ་ཞེས་བྱ་བར་རྟོགས་པའི་གཟུགས་ནས་སངས་རྒྱས་ཞེས་བྱ་བའི་བར་གྱི་ཆོས་ཐམས་ཅད་ཡིན་ནོ། །རྣམ་པ་ནི་དམིགས་པ་དེ་དོན་དམ་པར་དགེ་སོགས་ཀྱི་ཆོས་གང་དུ་ཡང་བརྗོད་དུ་མེད་དོ་ཞེས་རྟོགས་པའོ། །གཉིས་པ་ནི། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་དང་འདྲ་བ་སྐྱེ་བའི་སྔ་ལྟས་ཡིན་པའི་ཕྱིར་དྲོ་བ་
ཞེས་བརྡ་སྦྱར་བའི་ལམ་འདི་ལ་ནི་དམིགས་རྣམ་ཟུང་ལྡན་གསུམ་དུ་ཡོད་དེ། ཁྱོད་ཆུང་འབྲིང་ཆེ་གསུམ་ལ་དམིགས་རྣམ་ཟུང་རེ་རེ་སྔར་བཤད་པ་དེ་ལྟར་ནའོ། །གཉིས་པ་ལ་གཉིས། རྩ་བ་དང༌། འགྲེལ་པའོ། །དང་པོ་ལ་གསུམ་ལས། དང་པོ་རྩེ་མོ་ཆུང་ངུའི་དམིགས་རྣམ་ལ། བདེན་པ་རྣམ་པར་མ་བཞག་པ་དང༌། བཞག་པ་གཉིས་ལས། དང་པོའི་དམིགས་པ་ནི། གཟུགས་སོགས་དེའི་ངོ་བོར་རང་བཞིན་མེད་པས་ཞེན་ནས་མི་གནས་པ་སྟེ་གནས་བྱར་མེད་པའི་གཟུགས་སོགས་ཡིན་ལ། རྣམ་པ་ནི། གཟུགས་སོགས་དེ་དག་གཅིག་གཅིག་གི་རང་བཞིན་དང་རང་བཞིན་ཅན་གཅིག་པ་ཐ་དད་མེད་པ་སྟེ། བྱང་ཆེན་ཡུམ་ལ་སྤྱོད་པས་གཟུགས་ལ་གནས་པར་མི་བགྱིའོ། ཞེས་དང༌། གཟུགས་གཟུགས་ཀྱིས་སྟོང༌། ཞེས་དང༌། བཅོམ་ལྡན་འདས་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་མ་མཆིས་ཏེ། གཟུགས་ཉིད་སྟོང་པ་ཉིད་སྟོང་པ་ཉིད་གཟུགས་སོ། ཞེས་སོ། །གཟུགས་ཉིད་སྟོང་པས་ནི་རྟག་པ་དང་སྟོང་པ་ཉིད་གཟུགས་ཀྱིས་ནི་ཆད་པའི་མཐའ་བཀག་གོ །གཉིས་པ་ནི་དེ་མི་རྟག་ནས་ངོ་བོས་སྟོང་གི་བར་དང༌། དེ་དག་ཅེས་པའི་རྐང་པ་གཅིག་གོ །འདི་ལ་བདེན་པ་བཞིའི་དབང་དུ་བྱས་པའི་དམིགས་རྣམ་གཉིས་གཉིས་ལས། སྡུག་བདེན་གྱི་དམིགས་རྣམ་ནི། བྱང་ཆེན་ཡུམ་ལ་སྤྱོད་པས་གཟུགས་མི་རྟག་གོ་ཞེས་གནས་པར་མི་བགྱི་སྟེ་ཞེས་པ་དང༌། དེ་བཞིན་དུ་གཟུགས་སྡུག་བསྔལ་བ་དང་ཞི་བ་ལ་
སྦྱར་ནས་གཟུགས་མི་རྟག་པ་ཉིད་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་སྟེ། གཟུགས་མི་རྟག་པ་ཉིད་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མི་རྟག་པ་ཉིད་མ་ལགས། སྟོང་པ་ཉིད་ལས་གཞན་ན་ཡང་གཟུགས་མི་རྟག་པ་ཉིད་མ་མཆིས་ཏེ། གཟུགས་མི་རྟག་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་གཟུགས་མི་རྟག་པ་ཉིད་དོ་ཞེས་ལྷག་མ་གསུམ་ལ་ཡང་སྦྱར་ནས་སོ། །སྐབས་འདིར་ཀུན་འབྱུང་གི་རྣམ་པ་བཞི་ལ་ཡང་དམིགས་རྣམ་སྦྱར་རོ་ཞེས་ཉི་སྣང་ལས་གསུངས་པའི་དགོངས་པ་བདག་ཉིད་ཆེན་པོས་མདོ་ལས་སྟོང་ཉིད་མཚན་མེད་སྨོན་མེད་དབེན་པ་བཞི་ལ་སྔར་ལྟར་གསུངས་པ་རྣམས་ཀྱིས་རྒྱུ་སོགས་བཞི་བཀག་པ་སྦྱོར་རོ། །འགོག་བདེན་གྱི་དམིགས་རྣམ་ནི། དེ་བཞིན་ཉིད་ཆོས་ཉིད་ཆོས་ཀྱི་དབྱིངས་ཆོས་ངེས་པ་ཉིད་ཡང་དག་མཐའ་ལ་དེ་ལྟར་གསུངས་པ་རྣམས་སོ། །དེ་ལྟར་བདེན་པ་དང་པོ་གསུམ་གྱི་དམིགས་རྣམ་ལ་ནི་དེ་མི་རྟག་སོགས་ནས། དེ་དག་གཅིག་གི་རང་བཞིན་གཅིག །ཅེས་པའི་དོན་སྣང་བས་རྐང་པ་གསུམ་པོ་དེས་བསྟན་ཏོ། །ལམ་བདེན་གྱི་དམིགས་རྣམ་ནི། ཆོས་རྣམས་མི་འཛིན་གང་ཡིན་དང་། ཞེས་པས་བསྟན་ཏེ། དེ་ཡང་གཞུང་འདིས་མཚན་མར་གཟུང་བྱས་སྟོང་པའི་ཆོས་རྣམས་དམིགས་པར་ཤུགས་ལ་བསྟན་ནས་དེ་ལྟར་མི་འཛིན་པའི་རྣམ་པ་དངོས་སུ་བསྟན་པ་ཡིན་ཏེ། བྱང་ཚེ་ཐབས་མི་མཁས་པས་བདག་ཏུ་བགྱི་བ་དང་བདག་གིར་བགྱི་བ་ལ་གནས་པའི་ཡིད་ཀྱིས་གཟུགས་ལ་གནས་ན་དེ་གཟུགས་མངོན་པར་འདུ་བགྱི་བ་ལ་
སྤྱོད་ཀྱི་ཡུམ་ལ་མི་སྤྱོད་དོ། ཞེས་དངོས་སུ་ཕུང་པོ་ལྔ་ལ་བདག་དང་བདག་གིར་བཟུང་བའི་ཉེས་པ་བསྟན་པའི་སྒོ་ནས་ཤུགས་ལ་འཛིན་པ་དེ་གཉིས་དང་བྲལ་བར་རྟོགས་པར་བྱ་ཞེས་དམིགས་པ་བསྟན་ཏོ། །དེ་ནས་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་ནི་ཡོངས་སུ་གཟུང་བ་མ་མཆིས་པ་སྟེ། ཞེས་པ་ནས་ཅི་ནས་ཀྱང་ཆོས་གང་ལ་ཡང་ཡིད་རྣམ་པར་མི་རྒྱུ་བ་དེ་ལྟར་ཡོངས་སུ་བརྟག་པར་བྱའོ། ཞེས་ཡོངས་སུ་མི་འཛིན་པར་གསུངས་སོ། །བདག་ཉིད་ཆེན་པོས་ནི་ཆོས་རྣམས་མི་འཛིན་ཞེས་པའི་རྐང་པ་གཅིག་པོ་འདིས་ལམ་བདེན་དང༌། རྩེ་མོ་འབྲིང་གི་རྣམ་པ་ཐུན་མོང་དུ་བསྟན་པར་བྱས་ནས་རྩེ་མོ་ཆུང་ངུའི་ལམ་བདེན་གྱི་དམིགས་པ་བདེན་པ་དང་པོ་གསུམ་གྱི་དམིགས་པ་སྟོན་པའི་གཞུང་གིས་བསྟན་ཅིང༌། དེ་དག་མཚན་མར་ཞེས་པའི་རྐང་པས་འབྲིང་གི་དམིགས་པ་བསྟན་པ་འཕགས་པའི་དགོངས་པར་འཆད་པ་ནི། མདོ་ཚིག་ལ་ཕལ་ཆེར་འགྲིག་པ་སྙམ་བྱེད་ཀྱང་དགོངས་པར་ཅུང་ཟད་མ་སོང་སྟེ། ཉི་སྣང་ལས། ལམ་བདེན་གྱི་དམིགས་རྣམ་གྱི་མདོ་སྦྱོར་ཚུལ་སྔར་ལྟར་མཛད་པའི་མཇུག་ཏུ་འདི་ནི་རྩེ་མོ་ཆུང་ངུ་ཡིན་ནོ། ཞེས་གསུངས་ཤིང༌། དེ་ནས་འབྲིང་པོ་ནི་ཞེས་མཚམས་སྦྱར་ནས་དམིགས་རྣམ་རིམ་བཞིན་སྦྱར་བ་དང་གོ་རིམ་མི་མཐུན་པས་སོ།།གང་དག་རྐང་པ་དང་པོ་གསུམ་གྱིས་བདེན་པ་མ་བཞག་པའི་དམིགས་རྣམ་དང་དེའི་འོག་མ་གསུམ་གྱིས་བདེན་པ་བཞག་པའི་དམིགས་རྣམ། དེ་ནས་གཉིས་ཀྱིས་འབྲིང་དང༌། དེ་
ནས་གཉིས་ཀྱིས་ཆེན་པོའི་དམིགས་རྣམ་བསྟན་པ་འཕགས་པའི་དགོངས་པར་འཆད་པ་ནི། དག་ལྡན་གྱི་བཤད་པ་མཐོང་ནས་ཉི་སྣང་གི་བཤད་པ་མ་ངེས་བཞིན་དུ་སྦྱར་བས་ཆེར་རྩིངས་སོ། །དེས་ན་འཕགས་པའི་བཞེད་པ་ནི་ཁོ་བོས་བཀོད་པ་ཇི་ལྟ་བ་བཞིན་ཡིན་ལ། དེ་ཡང་བདེན་བཞིའི་དམིགས་རྣམ་གྱིས་ནི་གཟུགས་སོགས་ལ་མི་གནས་པའི་དམིགས་རྣམ་དང་པོ་དེ་ཉིད་ཁྱད་པར་དུ་བྱས་ནས་བསྟན་པར་བཞེད་དོ། །ལམ་བདེན་གྱི་དམིགས་པ་དེ་མི་རྟག་སོགས་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་པར་བྱས་ན། མདོ་ལ་དེའི་ངོ་བོས་སྟོང་དང་མི་རྟག་སོགས་ཀྱི་དོན་མི་སྣང་བས་མདོ་དང་མི་འགྲིག་གོ །མདོ་མཚམས་འབྱེད་ཚུལ་འདི་ནི་ཉི་སྣང་ཇི་བཞིན་དུ་ལེ་བརྒྱད་མར་ཕྱེ་ལ། འོན་ཀྱང་དེར་རྩེ་མོ་ཆུང་ངུ་ལ་བདེན་པ་བཞག་མ་བཞག་གི་དམིགས་རྣམ་གཉིས་བྱས་ནས་མདོ་མ་དྲངས་སོ། །ཚུལ་འདི་ལ་ནི་ཕྱིས་ཀྱི་ཊཱིཀ་བྱེད་ཕལ་མོ་ཆེ་ལ་དཀའ་མི་དཀའི་ཐེ་ཚོམ་མི་སྣང་ཞིང༌། འགའ་ཞིག་ལ་ཐེ་ཚོམ་བྱུང་ཡང་མ་གོ་སྣང་བས་བདག་གིས་འབད་དོ། །གཉིས་པ་རྩེ་མོ་འབྲིང་གི་དམིགས་རྣམ་ནི། དེ་དག་མཚན་མར་མི་མཐོང་ཕྱིར་ཞེས་པས་བསྟན་ཏེ། དེ་ཡང་མཚན་མར་གཟུང་བྱས་སྟོང་པ་ཤུགས་ལ་དམིགས་པར་བསྟན་ནས་དེ་ལྟར་མི་འཛིན་པའི་རྣམ་པ་དངོས་སུ་གསུངས་ཏེ། རྣམ་མཁྱེན་ནི་མཚན་མར་གཟུང་བར་བགྱི་བ་མ་ལགས་ཏེ་མཚན་མ་ནི་ཉོན་མོངས་པ་ལགས་སོ། །མཚན་མ་ཡང་གང་ཞེ་ན། ཞེས་པའི་ལན་དུ་གཟུགས་ནས་ཡང་དག་མཐའི་བར་རྣམས་མཚན་མར་གསུངས་པས་དམིགས་པ་
བསྟན་ཏོ། །སྐབས་འདིར་མདོ་ལས་ཡུམ་མཚན་མར་བཟུང་བ་ཞིག་ལགས་ན་ནི་ཀུན་ཏུ་རྒྱུ་ཕྲེང་བ་ཅན་ཡང་བསྟན་པ་འདི་ལ་མི་མོས་པ་དང༌། མཚན་མ་མེད་པའི་ཕྱིར་ཕྲེང་བ་ཅན་དད་པའི་རྗེས་སུ་འབྲང་ཞིང་ལྷག་པར་མོས་ནས་ཕྱོགས་གཅིག་པའི་ཤེས་པས་ཞུགས་ནས་ཆོས་གང་ཡང་མི་འཛིན་པར་གསུངས་པའི་འགྲེལ་བར། རྒྱན་སྣང་ལས། དེ་ལ་ཀུན་ཏུ་རྒྱུ་ཕྲེང་བ་ཅན་དཔེར་བྱས་པ་ནི་མུ་སྟེགས་པ་དང་འབྲེལ་བས་ཏིང་ངེ་འཛིན་ལས་ལངས་པ་ནི་དེ་ལྷག་པར་མོས་པའི་སྟོབས་ཀྱིས་དོན་དེ་མངོན་དུ་བྱ་བའི་དབང་པོ་ཉིད་དུ་ཤེས་པར་བྱ་བའི་དོན་ཡིན་ནོ། ཞེས་འཆད་དོ། །རྣམ་པ་ནི། ཤེས་པ་དེ་ལ་ནང་གི་ཐོབ་པ་དང་མངོན་པར་རྟོགས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཤེས་པ་དེ་ལ་ཕྱི་རོལ་གྱི་ཐོབ་པ་དང་སོགས་སྔར་ལྟར་རོ། །གསུམ་པ་རྩེ་མོ་ཆེན་པོའི་དམིགས་པ་ནི། ཡིན་ལུགས་རྟོགས་པའི་ཤེས་རབ་ཀྱིས་ནི་ཚུལ་བཞིན་དུ་ཡོངས་སུ་རྟོགས་པ་སྟེ་བརྟག་པའི་གཞི་རྣམས་ཡིན་ལ། རྣམ་པ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པར་རྟོགས་པ་སྟེ། བྱང་ཆེན་ཡུམ་ལ་སྤྱོད་པ་ན་ཡུམ་ནི་གང༌། ཡུམ་འདི་ནི་གང་གི་ཡུམ་འདི་ནི་ཅི་ཞིག་ཅིའི་ཕྱིར་ན་འདི་ལ་ཡུམ་ཞེས་བྱ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བགྱིའོ། ཞེས་སོ། །དེ་ལ་དང་པོ་ནི་རྫས་སམ་ཡོན་ཏན་ནམ་བྱ་བའམ་རིགས་གང་ཞེས་པའོ། །གཉིས་པ་ནི་བདག་གམ་ཆོས་གང་གི་ཡིན་ཞེས་པའོ། །གསུམ་པ་ནི། ཕུང་ཁམས་སྐྱེ་མཆེད་རྣམས་ཀྱི་ཅི་ཞིག་ཅེས་རྟོག་
པའོ། །ནང་སྟོང་པ་ཉིད་ཀྱི་ཕྱིར་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་སྟོང་པ་ཉིད་བཅུ་དགུ་དང་སྦྱར་བ་དང་ཕྱིན་དྲུག་མེད་ཅིང་མི་དམིགས་པ་ལ་སོགས་པས་རྣམ་པ་བསྟན་ཏོ། །དེ་དག་ནི་འཕགས་པའི་ཡིན་ལ། ཤཱནྟིས་རྐང་པ་དང་པོ་གསུམ་དང་དེ་ནས་གསུམ་ཚན་པ་གཉིས་སུ་བྱས་ནས་རྩེ་མོ་ཆུང་ངུའི་དམིགས་རྣམ་དང༌། དེ་ནས་རྐང་པ་གཉིས་གཉིས་ཀྱིས་རིམ་པ་ལྟར་འབྲིང་དང་ཆེན་པོའི་དམིགས་རྣམ་བསྟན་པར་སྦྱར་རོ། །གཉིས་པ་ལ་གཉིས། བཤད་པ་དང༌། བསྡུ་བའོ། །དང་པོ་ལ་གསུམ་ལས། དང་པོ་རྩེ་མོ་ཆུང་ངུའི་དམིགས་པ་ནི། དངོས་པོར་དམིགས་པའི་སེམས་ཀྱིས་མི་གནས་པ་སྟེ་རྟེན་བྱར་མེད་པས་ཁྱད་པར་དུ་བྱས་པའི་གཟུགས་སོགས་ཡིན་ནོ། །དེ་ལྟར་མེད་པའི་རྒྱུ་མཚན་ནི། གཟུགས་སོགས་དེ་ཁོ་ནར་རང་གི་ངོ་བོ་དང་བྲལ་བ་བདེན་མེད་ཀྱི་ངོ་བོ་ཉིད་ཡིན་པས་རང་རང་གི་ངོ་བོས་སྟོང་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ནི། དམིགས་པ་གཟུགས་ལ་སོགས་པ་དེ་དག་ལ་རྟག་མི་རྟག་བདེ་སྡུག་བདག་ཡོད་མེད་ལ་སོགས་པ་ཉིད་དུ་བདེན་པར་མི་གནས་པ་ཡིན་ནོ་ཞེས་བྱ་བར་རྟོགས་པའོ། །དེ་ལྟར་མི་གནས་པའི་རྒྱུ་མཚན་ནི། གཟུགས་སོགས་ཀྱི་ཆོས་ཐམས་ཅད་དེ་དག་རང་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་དག་དོན་དམ་པར་ཕན་ཚུན་ངོ་བོ་གཅིག་པ་སྟེ་ཐ་དད་མེད་པ་ཡིན་པས་སོ། །ཁྱབ་སྟེ། སྟོང་པ་ཉིད་ལ་མི་རྟག་པ་དང་སོགས་པས་རྟག་པ་སོགས་མེད་པ་ཉིད་ཀྱིས་ཏེ་དེ་དག་གི་སྤྲོས་པ་དང་བྲལ་བས་སོ། །དེ་ལྟར་ན་རྐང་
པ་དང་པོ་གཉིས་དམིགས་པ་དང༌། དེ་ནས་གཉིས་རྣམ་པའོ། །གཉིས་པ་རྩེ་མོ་འབྲིང་གི་དམིགས་པ་ནི། དེ་ཁོ་ནར་མི་རྟག་པ་སོགས་དང་དེ་དག་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་དག་ཕན་ཚུན་བདག་ཉིད་གཅིག་པ་སྟེ་ཐ་དད་མེད་པ་ཞེས་བྱ་བས་ཁྱད་པར་དུ་བྱས་པའི་གཟུགས་སོགས་སོ། །ཐ་དད་མེད་པའི་རྒྱུ་མཚན་ནི། ཆོས་ཀྱི་དབྱིངས་སྤྲོས་བྲལ་གྱི་ངོ་བོ་ཉིད་ཡིན་པས་མི་རྟག་སོགས་དང་སྟོང་ཉིད་དག་ལ་རང་གི་ངོ་བོ་ཉིད་མེད་པས་སོ། །རྣམ་པ་ནི། དམིགས་པ་གཟུགས་སོགས་ལ་རང་གིར་མི་བྱེད་པ་སྟེ། བདག་དང་བདག་གིར་གཟུང་བྱས་སྟོང་པ་ཞེས་བྱ་བ་གང་ཡིན་པ་དེ་རྟོགས་པའོ། །རྒྱུ་མཚན་ནི། བདག་དང་བདག་གིར་གཟུང་བྱའི་ངོ་བོ་ཉིད་བཀག་པ་སྟེ་མ་གྲུབ་པས་སོ། །འདི་ལ་རྐང་པ་གཉིས་དམིགས་པ་དང་གཅིག་རྣམ་པའོ། །རྩེ་མོ་ཆེན་པོའི་དམིགས་པ་ནི། དེ་ཁོ་ནར་སྔོན་པོ་དང་སོགས་པས་སེར་པོ་ལ་སོགས་པའི་མཚན་མར་མི་མཐོང་བ་སྟེ་མཚན་མ་དེ་དག་དང་བྲལ་བ་ཞེས་བྱ་བས་ཁྱད་པར་དུ་བྱས་པའི་གཟུགས་སོགས་ཡིན་ནོ། །རྒྱུ་མཚན་ནི། ངོ་བོ་ཉིད་མེད་པས་སོ། །རྣམ་པ་ནི། དམིགས་པ་གཟུགས་སོགས་ཀྱི་དངོས་པོ་ཐམས་ཅད་བདེན་པར་མི་དམིགས་པར་ངེས་པར་རྟོགས་པ་ཞེས་བྱ་བ་ཡིན་ནོ། །རྒྱུ་མཚན་ནི། གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཡང་དག་པ་ཕྱིན་ཅི་མ་ལོག་པར་རབ་ཏུ་རྣམ་པར་འབྱེད་པས་སོ། །འདི་ལ་རྐང་པ་གཅིག་དམིགས་པ་དང་གཉིས་རྣམ་
པའོ། །འདི་ནི་རྒྱན་གྱི་སྣང་བ་དང་འདི་གཉིས་ཀའི་ཡིན་ལ། གྲགས་ཆ་དང་བུད་དྷ་ཤྲཱི་གཉིས་ཀྱང་འདི་ཡི་རྗེས་སུ་འབྲང་ངོ༌། །གཉིས་པ་ནི། དྲོད་མན་ཆད་ཀྱི་དགེ་བའི་རྩ་བ་གཡོ་བ་རྣམས་ཀྱི་རྩེ་མོར་སོན་པའི་ཕྱིར་རྩེ་མོ་ཞེས་བརྡ་སྦྱར་བའི་ལམ་འདི་ལ་ནི་སོགས་སོ། །གསུམ་པ་ལ་གཉིས་ལས། དང་པོ་ལ་གསུམ་ལས། བཟོད་པ་ཆུང་ངུའི་དམིགས་པ་ནི། བདེན་པའི་ངོ་བོ་ཉིད་མེད་པའི་གཟུགས་སོགས་ཡིན་ལ་རྣམ་པ་ནི། ངོ་བོ་དེ་མེད་པ་ཉིད་སྣང་ཚོད་པའི་ངོ་བོ་ཉིད་དེ། གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བའོ་ཞེས་པ་ནས་ཡང་དག་མཐའི་བར་ལ་དེ་བཞིན་དུ་གསུངས་པ་དང་གཟུགས་ཀྱི་རང་བཞིན་ཇི་ལྟ་བུ་དྲིས་པའི་ལན་དུ་གཟུགས་ཀྱི་རང་བཞིན་དངོས་པོ་མེད་པའོ་ཞེས་པ་ལ་སོགས་པས་དམིགས་པ་དང༌། མཚན་ཉིད་ཀྱང་མཚན་ཉིད་ཀྱི་ངོ་བོ་ཉིད་དང་བྲལ་བའོ། །ངོ་བོ་ཡང་ངོ་བོའི་མཚན་ཉིད་དང་བྲལ་བའོ་ཞེས་པས་རྣམ་པ་བསྟན་པར་ཉི་སྣང་ལས་སོ། །སློབ་དཔོན་གྱི་བཞེད་པ་ནི། གཟུགས་ནས་ཡང་དག་མཐའི་བར་རྣམས་རང་རང་གི་རང་བཞིན་དང་བྲལ་བ་དང༌། རྣམ་པའི་འོག་ཏུ་ཆོས་དེ་རྣམས་ལ་མཚན་ཉིད་དང་བྲལ་བར་གསུངས་པ་དང༌། འཕགས་པས་རྣམ་པ་ལ་དྲངས་པའི་མདོ་རྣམས་ཀྱིས་དམིགས་པ་དང༌། གཟུགས་ནས་ཡང་དག་མཐའི་བར་ལ་རང་བཞིན་དང་བྲལ་བར་བསྟན་པའི་མཇུག་ཏུ་དེ་དག་གི་རང་བཞིན་དྲིས་པའི་ལན་དུ་དེ་དག་གི་རང་བཞིན་དངོས་པོ་མེད་པར་གསུངས་པས་རྣམ་པ་བསྟན་པ་ཡིན་ལ་འདི་མདོ་དང་མཐུན་པའི་བཤད་པ་ཡིན་ཞིང༌། རྩེ་མོའི་དམིགས་
རྣམ་ནི། མངོན་རྟོགས་རྒྱན་དང་མི་མཐུན་པས་དཔྱད་དགོས་སོ་ཞེས་བདག་ཉིད་ཆེན་པོས་གསུངས་སོ། །དེ་ལ་ལེ་བརྒྱད་མར་དམིགས་རྣམ་འདི་གཉིས་སོ་སོའི་མདོ་མཚམས་བཟུང་བ་མི་སྣང་ཡང༌། འགྲེལ་པ་གཉིས་ཀྱི་དམིགས་རྣམ་གྱི་བཤད་པའི་ཚིག་རིས་རྣམས་མདོ་ཚིག་དང་བསྟུན་ན་བདག་ཉིད་ཆེན་པོས་གསུང་པ་སློབ་དཔོན་གྱི་བཞེད་པའོ། །མདོ་ལས་ནི་གཟུགས་སོགས་ཀྱི་རང་བཞིན་དངོས་པོ་མེད་པ་རྒྱུ་མཚན་དུ་བྱས་ནས་སྔར་གཟུགས་སོགས་རང་བཞིན་དང་བྲལ་བར་གསུངས་པ་བསྒྲུབས་ནས། དེའི་འོག་ཏུ་གཟུགས་སོགས་མཚན་ཉིད་དང་བྲལ་བ་སོགས་གསུངས་པས་དམིགས་རྣམ་རིམ་པ་བཞིན་མདོ་དང་སྦྱར་ན་འཕགས་པའི་དེ་འགྲིག་ལ་ཁྱད་པར་དུ་སློབ་དཔོན་གྱིས་གཟུགས་སོགས་ངོ་བོ་ཉིད་མེད་པའི་རྒྱུ་མཚན་དུ་མཚན་ཉིད་དང་མཚན་གཞི་སྟོང་ཉིད་དུ་གཅིག་པ་བཀོད་པ་ནི་མདོ་ལ་མི་གསལ་ལོ། །འདི་སྐད་དུ་མདོ་ལས་རང་བཞིན་དང་མཚན་ཉིད་གཉིས་དང་བྲལ་བ་དང་དེ་དག་གི་རང་བཞིན་དངོས་པོ་མེད་པར་གསུངས་པས་དམིགས་པ་དངོས་སུ་གསུངས་ལ། དོན་དམ་པར་ངོ་བོ་ཉིད་མེད་པ་དེ་ཉིད་ཀུན་རྫོབ་པའི་ངོ་བོ་ཉིད་ཡིན་པའི་རྣམ་པ་མདོ་ནས་ཤུགས་ལ་གསུངས་པ་བསྟན་བཅོས་ལས་དངོས་སུ་གསུངས་སོ་ཞེས་སྨྲས་ན་ཡང་ལེགས་བཤད་དུ་འགྱུར་རོ། །བཟོད་པ་འབྲིང་གི་དམིགས་པ་ནི། སྐྱེ་བ་འཁོར་བ་དང་ངེས་འབྱུང་མྱང་འདས་བདེན་པར་མེད་པའི་གཟུགས་སོགས་དེ་དག་ཡིན་ལ། རྣམ་པ་ནི། དེ་ལྟར་རྟོགས་པ་ལུས་སོགས་དག་པའི་རྒྱུར་
རྟོགས་པ་སྟེ། གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་སྟེ་དེ་ལ་སྐྱེ་བའམ་ངེས་པར་འབྱུང་བ་ཡང་མི་དམིགས་སོ། ཞེས་དང༌། དེ་ལྟར་ཡུམ་ལ་སྤྱོད་པ་ནི་རྣམ་མཁྱེན་དང་ཉེ་བ་ཡིན་ཏེ། དེ་ཇི་ལྟ་ཇི་ལྟར་རྣམ་མཁྱེན་དུ་ཉེ་བར་གྱུར་པ་དེ་ལྟར་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང༌། སེམས་ཡོངས་སུ་དག་པ་དང༌། མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། ཞེས་ཕན་ཡོན་དང་བཅས་པ་གསུངས་སོ། །ཆེན་པོའི་དམིགས་པ་ནི། མཚན་མར་གཟུང་བྱ་མེད་པའི་གཟུགས་སོགས་དེ་དག་ཡིན་ལ། རྣམ་པ་ནི། གཟུགས་སོགས་དེ་དག་མཚན་མར་མི་རྟེན་པ་སྟེ་གནས་བྱར་མེད་པར་རྟོགས་པས་མཚན་མར་མོས་བྱ་མིན་པ་དང༌། དེར་འདུ་ཤེས་པར་བྱར་མེད་པ་ཡིན་པར་རྟོགས་པ་སྟེ། ཐབས་མི་མཁས་པས་གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དེ་ཡུམ་ལ་མི་སྤྱོད་དོ། ཞེས་དང༌། བྱང་ཆེན་ཡུལ་ལ་སྤྱོད་པ་ན་གཟུགས་ལ་གནས་པ་མེད་པ་དང་ལྷག་པར་མོས་པ་མེད་པ་དང་ཀུན་ཤེས་པ་མེད་པ་དང༌། ཞེས་སོ། །གཉིས་པ་ལ་གཉིས། བཤད་པ་དང༌། བསྡུ་བའོ། །དང་པོ་ལ་གསུམ་ལས། བཟོད་པ་ཆུང་ངུའི་དམིགས་པ་ནི། བདེན་པའི་ངོ་བོ་ཉིད་མེད་པ་ཞེས་བྱ་བས་ཁྱད་པར་དུ་བྱས་པའི་གཟུགས་སོགས་ཡིན་ནོ། །རྒྱུ་མཚན་ནི། མཚན་ཉིད་ཀྱི་ངོ་བོ་ཉིད་དང་ངོ་བོ་ཉིད་ཀྱི་མཚན་ཉིད་མཚན་གཞི་དག་སྟོང་པ་ཉིད་སྤྲོས་བྲལ་དུ་གཅིག་པ་སྟེ་ཐ་དད་མེད་པ་ཉིད་ཀྱིས་སོ། །རྣམ་པ་ནི། དམིགས་པ་གཟུགས་སོགས་དེ་དེ་ཁོ་ནར་དངོས་པོ་མེད་པ་ཉིད་སྐྱེ་བོ་དམིགས་པ་སྟེ་
མངོན་ཞེན་ཅན་གྱི་ངོ་བོར་བདེན་པ་ལྟ་བུའི་ངོ་བོ་ཉིད་དུ་སྣང་ངོ༌། ཞེས་རྟོགས་པའོ། །བཟོད་པ་འབྲིང་གི་དམིགས་པ་ནི། སྐྱེ་བ་འཁོར་བ་དང་ངེས་འབྱུང་མྱང་འདས་ཀྱི་ཆོས་གང་དུ་ཡང་བདེན་པ་མེད་ཅེས་བྱ་བས་ཁྱད་པར་དུ་བྱས་པའི་གཟུགས་སོགས་ཡིན་ནོ། །རྒྱུ་མཚན་ནི། རང་བཞིན་གྱིས་སམ་གདོད་པ་མ་ནས་མ་སྐྱེས་པས་སོ། །རྣམ་པ་ནི། ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་སྟོང་ཉིད་རྟོགས་པ་ཁོ་ནས་ལུས་སོགས་རྣམ་པ་ཐམས་ཅད་དུ་རྣམ་པར་དག་པའི་རྒྱུ་བྱེད་པ་ཡིན་ནོ། ཞེས་རྟོགས་པའོ། །དེ་ཡང་རྒྱན་སྣང་ལས། རྣམ་པར་དག་པའི་རྣམ་པ་རྒྱུའི་སྒོ་ནས་བསླབས་པ་ལས་ལུས་ཀྱི་ལས་རྣམ་པ་གསུམ་ཡོངས་སུ་དག་པས་ལུས་ཡོངས་སུ་དག་པར་འགྱུར་རོ། །སེམས་རྣམ་པར་དག་པ་ནི་ཡིད་ཀྱི་ལས་རྣམ་པ་གསུམ་ཡོངས་སུ་དག་པའོ། །མཚན་ཡོངས་སུ་དག་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གནས་ན་གནས་པ་དང་། གསལ་བ་དང༌། ཡོངས་སུ་རྫོགས་པ་ཉིད་ཀྱིས་སོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཡོངས་སུ་དག་པ་ཉིད་དོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་འདི་དག་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་ན་ཅུང་ཟད་ཙམ་གྱིས་ཡིན་ནོ། ཞེས་སོ། །ལེ་བརྒྱད་མ་འབུམ་ཁྲི་བརྒྱད་སྟོང་པ་ཉི་སྣང་རྣམས་སུ་ཞིང་དག་པ་མེད་པར་བཞི་སྣང་ཞིང༌། འདིའི་ཕན་ཡོན་དུ་ཞིང་དག་པར་བྱེད་པ་ཡང་བཤད་དོ། །ཆེན་པོའི་དམིགས་པ་ནི། མཚན་མའི་ཆོས་གང་དུ་ཡང་གཟུང་བྱས་སྟོང་
པ་ཉིད་དོ་ཞེས་བྱ་བས་ཁྱད་པར་དུ་བྱས་པའི་ཆོས་ཐམས་ཅད་ཡིན་ནོ། །རྒྱུ་མཚན་ནི། དེ་ཁོ་ནར་རང་དང་སྤྱིའི་མཚན་ཉིད་གྲུབ་པར་མི་འཐད་པས་སོ། །རྣམ་པ་ནི། དམིགས་པ་གཟུགས་སོགས་དེ་མོས་པ་ཡིད་བྱེད་ཀྱིས་མཚན་མར་མི་མོས་པ་སྟེ་མོས་བྱར་མེད་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་མཚན་མར་ཡོངས་སུ་ཤེས་པར་བྱར་མེད་པའོ་ཞེས་རྟོགས་པའོ། །རྒྱུ་མཚན་ནི། རང་བཞིན་ཁོ་ནས་ཏེ་དེ་ཁོ་ནར་མཚན་མ་རྣམས་ཀྱི་རྟེན་དུ་གྱུར་པའི་ཆོས་རྣམས་དང་བྲལ་བས་སོ། །གཉིས་པ་ནི། འདི་ཐོབ་པ་ན་ངན་འགྲོར་འགྲོ་བ་མེད་པས་ཆོས་ཆེན་པོ་སྐྱེ་མེད་ལ་བཟོད་པའི་ཕྱིར་བཟོད་པར་གྱུར་པ་ཞེས་བརྡ་སྦྱར་བའི་ལམ་འདི་ལ་ནི་སོགས་སོ། །བཞི་པ་ལ་གཉིས་ལས། དང་པོ་ལ་གསུམ་ལས། ཆོས་མཆོག་ཆུང་ངུའི་དམིགས་པ་ནི། ཏིང་ངེ་འཛིན་གྱི་སྟོང་ཉིད་དང༌། ཐ་དད་མེད་པའི་གཟུགས་སོགས་ཡིན་ལ། རྣམ་པ་ནི། ཏིང་ངེ་འཛིན་དེའི་བྱེད་ལས་གཞན་དོན་སྒྲུབ་པར་རྟོགས་པ་སྟེ། བྱང་ཆེན་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བ་སྟེ་ཡངས་པ་མདུན་དུ་བྱས་པ་ཚད་མེད་པར་ངེས་པ་ཉན་རང་ཐམས་ཅད་ཀྱིས་མི་འཕྲོགས་པའོ། ཞེས་པ་ནས་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ཏིང་ངེ་འཛིན་བརྒྱ་ལྷག་དང་བཅས་པ་དང་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་གང་གིས་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་འགྱུར་བ་སྟེ། ཞེས་སོ། །འབྲིང་
གི་དམིགས་པ་ནི། གང་གི་རང་བཞིན་རྟོགས་ན་ལུང་སྟོན་པའི་གཟུགས་སོགས་ཡིན་ལ། རྣམ་པ་ནི། འཁོར་གསུམ་དུ་རློམ་པ་ཟད་པ་སྟེ། བྱང་ཆེན་གང་ཏིང་ངེ་འཛིན་དེ་དག་གིས་གནས་པ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་ཏེ། ཞེས་དང༌། དེས་ནི་ཏིང་ངེ་འཛིན་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་སྟེ་བདག་ནི་མཉམ་པར་གཞོག་གོ་བདག་ནི་མཉམ་པར་བཞག་པར་བྱའོ། །བདག་ནི་མཉམ་པར་བཞག་པར་གྱུར་ཏོ་ཞེས་རློམ་སེམས་སུ་འགྱུར་བ་མེད་དེ་དེ་ལ་རྣམ་པར་རྟོག་པ་དེ་དག་མེད་ཅིང་མི་རྒྱུའོ། ཞེས་སོ། །ཆེན་པོའི་དམིགས་པ་ནི། ཡུམ་ཏིང་ངེ་འཛིན་སྒོམ་པ་པོ་གསུམ་པོ་ཕན་ཚུན་ངོ་བོ་སྤྲོས་བྲལ་དུ་གཅིག་པའི་གཟུགས་སོགས་ཡིན་ལ། རྣམ་པ་ནི། ཏིང་ངེ་འཛིན་སོགས་ལ་དེར་མི་རྟོག་པ་སྟེ། ཡུམ་ཡང་གཞན་ལ་ཏིང་ངེ་འཛིན་ཀྱང་གཞན་བྱང་སེམས་ཀྱང་གཞན་ཞེས་བྱ་བ་མེད་ཀྱི། ཡུམ་ཉིད་ཀྱང་ཏིང་ངེ་འཛིན། ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའོ། །བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཏོ། ཞེས་དང༌། ཆོས་ཐམས་ཅད་མེད་པའི་ཕྱིར་རྟོག་པ་མེད་དེ་དེ་ལྟར་ན་ཏིང་ངེ་འཛིན་དེ་ལ་རྟོག་པ་མེད་དོ། ཞེས་སོ། །གཉིས་པ་ལ་བཤད་བསྡུ་གཉིས་ལས། དང་པོ་ལ་གསུམ་ལས། ཆོས་མཆོག་ཆུང་ངུའི་དམིགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཏིང་ངེ་འཛིན་དང་དཔའ་བར་འགྲོ་བ་ལ་སོགས་པའི་
ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་དེ་དག་དམིགས་པར་བསྟན་པས་དེས་མཚོན་ནས་དེ་ཁོ་ནར་ཏིང་ངེ་འཛིན་རྣམས་དང་སྟོང་པ་ཉིད་ཐ་དད་མེད་པས་ཁྱད་པར་དུ་བྱས་པའི་གཟུགས་སོགས་སོ། །སྔ་མ་དག་ཏིང་ངེ་འཛིན་གྱི་རྐྱེན་བཞི་དང་གཙོ་བོ་གང་དང་མཚུངས་པར་ལྡན་པ་ལ་སོགས་པ་འཁོར་དང་བཅས་པ་ཡིན་པས་དེས་ཕུང་པོ་ལྔ་དང་དེས་ཀྱང་བདེན་པ་བཞི་བསྡུས་པས་བདེན་པ་དམིགས་པ་ཡིན་ནོ་གསུང་ཡང་རྒྱན་སྣང་གི་དགོངས་པ་སྔ་མའོ། །རྣམ་པ་ནི། དམིགས་པ་ཏིང་ངེ་འཛིན་དེའི་བྱེད་པ་སྟེ་འབྲས་བུ་གདུལ་བྱ་ཡོད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རང་རང་གི་སྐལ་པ་ཇི་ལྟ་བ་བཞིན་དུ་འབད་རྩོལ་ལ་མི་ལྟོས་པར་ལྷུན་གྱིས་གྲུབ་པར་ཕྲིན་ལས་འཇུག་པའོ་ཞེས་འབྲས་བུའི་སྒོ་ནས་དམིགས་སོ། །རྒྱུ་གང་གིས་འཇུག་ན་སྔོན་གྱི་རང་གི་སྨོན་ལམ་དང་ཚོགས་གཉིས་དང་ཆོས་རྣམས་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་པའི་ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སོ། །དེ་ཡང་དབུ་མའི་རྩ་བ་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། ཞེས་པ་ལྟར་རོ། །ཁ་ཅིག་འདིའི་འབྲས་བུ་ཆོས་མཆོག་ལ་མི་འགྲིག་གོ་ཞེས་འདོད་ཀྱང༌། འབྲས་བུའི་སྒོ་ནས་དམིགས་མཁན་དེ་ཆོས་མཆོག་ཡིན་པས་དམིགས་ཡུལ་གྱི་འབྲས་བུ་ཆོས་མཆོག་གི་ཏིང་ངེ་འཛིན་གྱི་འབྲས་བུར་བཤད་དགོས་རྒྱུ་མེད་དོ། །འབྲིང་གི་དམིགས་པ་ནི། ཤེར་ཕྱིན་རྣལ་འབྱོར་ལ་ཡང་དག་པར་ཞུགས་པའི་ཏིང་ངེ་འཛིན་
དང་ལྡན་པའི་རྣལ་འབྱོར་པ་ཆོས་མཆོག་ལ་གནས་པ་ལ་སངས་རྒྱས་རྣམས་ཀྱིས་གསུངས་ཏེ་ལུང་སྟོན་པ་ཞེས་བྱ་བའི་རྒྱུའི་གཟུགས་སོགས་ནི་དམིགས་པ་ཡིན་ཏེ། དེ་ཡང་གང་ཟག་གི་རྟོགས་ན་ཡོན་ཏན་ཁྱད་པར་ཅན་སྐྱེ་བར་བྱེད་པ་སྟེ་བདེན་པ་བཞིའོ། །ལུང་སྟོན་པའི་རྒྱུ་མཚན་ནི་རྟེན་འབྲེལ་གྱི་ཆོས་ཉིད་དམ་ཆེ་བ་ཡིན་ནོ། །རྣམ་པ་ནི། དམིགས་པ་དེ་དེ་ཁོ་ནར་མཉམ་པར་བཞག་འཇོག་གིས་སྟོང་པའི་སྤྲོས་བྲལ་དུ་བསླབས་པས་བྱང་སེམས་ཏིང་ངེ་འཛིན་གྱི་རང་གི་ངོ་བོ་རྟོགས་པ་སྟེ་དེ་ལ་མཉམ་པར་བཞག་པ་ལ་བདག་ནི་སྔར་མཉམ་པར་བཞག་པའོ་སོགས་པས་མ་འོངས་པ་ན་འཇོག་པར་འགྱུར་རོ། །ད་ལྟ་མཉམ་པར་བཞག་བཞིན་པའོ་སྙམ་པའི་ཤེས་པ་མངོན་གྱུར་མི་འབྱུང་བར་རྟོགས་པའོ། །རྒྱུ་མཚན་ནི་བྱང་སེམས་ཀྱི་མཉམ་གཞག་ན་དེ་ལྟ་བུའི་རྟོག་པ་མངོན་གྱུར་ཕལ་ཆེ་བ་ཐམས་ཅད་མི་འཐད་པས་སོ། །ཆེན་པོའི་དམིགས་པ་ནི། ཆོས་ཉིད་ཀྱིས་ཏེ་སྤྲོས་བྲལ་གྱི་ངོར་སྒོམ་ཏིང་ངེ་འཛིན་དང་སྒོམ་པ་པོ་བྱང་སེམས་དང་བསྒོམ་བྱ་ཡུམ་གྱི་དོན་གསུམ་པོ་ཕན་ཚུན་ངོ་བོ་གཅིག་པ་ཞེས་བྱ་བ་སྟེ་ཐ་དད་མེད་པས་ཁྱད་པར་དུ་བྱས་པའི་གཟུགས་སོགས་སོ། །རྣམ་པ་ནི། དམིགས་ཡུལ་ལ་བརྟག་པར་བྱ་བའི་ཆོས་ཐམས་ཅད་དོན་ལ་ཡོད་པ་མིན་པ་ཉིད་ཀྱིས་ཡུལ་ཅན་ཏིང་ངེ་འཛིན་དུ་ཡང་རྣམ་པར་མི་རྟོག་པའི་ལམ་ནི་མཐོང་ལམ་མམ་བྱང་ཆུབ་སྒྲུབ་པའི་ཐབས་དམ་པའོ་ཞེས་རྟོགས་པའོ། །དེ་ལྟར་དམིགས་ཡུལ་བརྟག་
པར་བྱ་བས་སྟོང་པ་དེ་ཆོས་ཉིད་ཀྱི་རྣམ་པ་ཡིན་ལ་དེ་བཞིན་དུ་ཆོས་ཉིད་ཀྱི་རྣམ་པ་གཞན་བརྒྱད་ལ་ཡང་རིག་པར་བྱའོ། །ཁ་ཅིག་ཆོས་ཉིད་དོན་རྣམ་དང་དེ་རྟོགས་ཤེས་རྣམ་ཞེས་གཉིས་གཉིས་བྱེད་དོ། །གཉིས་པ་ནི། འཇིག་རྟེན་པའི་ཆོས་ཟག་བཅས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་ཞིང་ཟག་མེད་ཀྱི་དང་པོ་རང་གི་རྩལ་གྱིས་འདྲེན་པས་ཆོས་ཀྱི་མཆོག་ཅེས་བརྡ་སྦྱར་བའི་ལམ་འདི་ལ་ནི་སོགས་སོ། །གསུམ་པ་ལ་གཉིས། རྩོད་པ་དང༌། ལན་ནོ། །དང་པོ་ནི། ཀུན་ལན་ཏ་འདི་ལྟར་འཆད་དེ། དམིགས་པ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་དུ་ཆོས་ཅན་ཡང་བསྟན་པར་རིགས་པ་མ་ཡིན་ནམ། དེ་ཆོས་ཙམ་དུ་རྟེན་མེད་པ་ཉིད་ཀྱིས་སྒོམ་པ་ནི་མི་རིགས་ཤེ་ན། ཞེས་པའི་རྩོད་པ་བཀོད་ནས། ལན་ལ་གཉིས་ལས། དང་པོ་ནི། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་ཞེས་བྱ་བ་ལ་ཆོས་དང་ཆོས་ཅན་བརྗོད་པས་དེ་མ་གཏོགས་པའི་དམིགས་རྣམ་ལྷག་མ་གཞན་དག་ལ་སྒྲའི་དབྱེ་བ་བརྗོད་ཚུལ་ཐ་དད་པ་ཙམ་གྱིས་དོན་སྟོན་པའི་ཁྱད་པར་དུ་བྱས་པའི་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་དེས་དམིགས་པ་ཚིག་ཏུ་བརྗོད་པར་བྱ་བ་ཡིན་ན་ཡང་ཞེས་པ་འདིར་དམིགས་པ་བརྗོད་པར་བྱ་བ་ཞེས་པ་ནི་མཚོན་པ་ཙམ་སྟེ་དེས་ན་རྣམ་པ་བརྗོད་པ་ཡང་ཁྱད་པར་དུ་བྱས་པའི་ཚིག་གིས་བརྗོད་དགོས་སོ། །དེ་ལྟར་བརྗོད་དགོས་ཀྱང་སོ་སོར་མ་བརྗོད་པར་ཆོས་བརྗོད་ཀྱིས་ཐམས་ཅད་བརྗོད་པ་ལ་ནི་ཆོས་ཅན་མ་བརྗོད་པར་ཐལ་བའི་ཉེས་པ་མེད་དོ། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་པ་ལ་སོགས་པའི་