Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

37 occurrences of དོགས་པ་
[Clear Hits]


  
22  collapse section
 
ཤོག་ལྷེབ་ ༩ ནས་ ༡༠༠ བར།
 
14   
 
expand section
 
 
  
 
 
  
 
  
 


37 occurrences of དོགས་པ་
[Clear Hits]

 
previousཤོག་ལྷེབ་ ༩ ནས་ ༡༠༠ བར།next

ཤོག་ལྷེབ་ ༩ ནས་ ༡༠༠ བར།


JLD018_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་འཕྲེང་བ་ལས་རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་གྱི་འགྲེལ་བ་བཞུགས་སོ།


JLD018_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འཇུག་པ་སྦྱོར་བཞིའི་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། དབང་དུ་བྱ་བ་དང༌། བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དབང་དུ་བྱེད་པའི་རྒྱུ་རྣམ་ཀུན་དང༌། དབང་དུ་བྱ་བའི་འབྲས་བུ་རྩེ་མོའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། འབྲེལ་བརྗོད་པས་མཚམས་སྦྱར། རྣམ་ཀུན་གྱི་ཆོས་རྒྱས་པར་བཤད། སྐབས་བསྡུ་བའོ། །དང་པོ་ནི། མཁྱེན་གསུམ་གྱི་འོག་ཏུ་མཁྱེན་གསུམ་གྱི་རྣམ་པ་ཀུན་མངོན་པར་ཏེ་མངོན་དུ་ཕྱོགས་པ་རྫོགས་པར་ཏེ་ཡང་དག་པར་རྟོགས་པའི་རྣམ་ཀུན་གསུངས་སོ། །རྒྱུ་མཚན་ནི། སྐྱེ་མེད་གསུམ་ཐོས་བསམ་གྱིས་ཤེས་པའི་མཁྱེན་གསུམ་


JLD018_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པར་བྱེད་དགོས་པས་སོ། །འདིར་མཁྱེན་གསུམ་བླང་དོར་དུ་ཐོས་བསམ་གྱིས་ཤེས་པ་ལ་བརྟན་པ་ཐོབ་པའི་དོན་དུ་མི་སྒོམ་གྱི་སྐྱེ་མེད་གསུམ་དེས་ཤེས་པའི་རྟོགས་པ་བརྟན་པའི་ཕྱིར་ཡིན་པ་སྐབས་ཀྱི་དོན་ནོ། །གང་གིས་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་སྟེ་དེའི་ཡུལ་སྐྱེ་མེད་གསུམ་ཡོངས་སུ་ཤེས་པས་ནིའོ། །གང་གི་དོན་དུ་ན། ཐོས་བསམ་གྱི་ཤེས་རབ་ཡོན་ཏན་རང་དབང་ཅན་མ་ཡིན་པས་སྒོམ་བྱུང་གིས་རང་དབང་དུ་བྱ་བའི་ཕྱིར་དུའོ། །ཇི་ལྟར་ན། རྣམ་པ་དང་ལམ་དང་གཞི་ཤེས་པའི་མཁྱེན་པ་གསུམ་ཐམས་ཅད་བསྡུ་བའི་སྒོ་ནས་སོ། །བསྡུ་ཚུལ་ནི། ཚིག་གསལ་ལས། ཐོས་བྱུང་མིང་རྐྱང་ལ་དམིགས་པ་དང༌། བསམ་བྱུང་ཡང་མིང་


JLD018_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་ཀ་ལ་དམིགས་པས་སྤྲོས་པ་མ་བསྡུས་པས་སྒོམ་བྱུང་ཉིད་སྤྲོས་པ་བསྡུས་པ་སྟེ་དོན་རྐྱང་ལ་དམིགས་པས་སོ། །ཞེས་འཆད་པ་ནི་ཤེས་རབ་གསུམ་གྱི་ངོས་འཛིན་དུ་བཀག་ཟིན་ཏོ། །དེས་ན་ཐོས་བསམ་གྱིས་གཏན་ལ་འབེབས་པ་ན་དེ་གསུམ་སོ་སོའི་མཚན་ཉིད་རེ་རེ་ནས་མ་འདས་པར་དཔྱོད་པ་དེ་ལྟ་བུ་མིན་པར་སྒོམ་པའི་ཚེ། གཞི་ལམ་རྣམ་པ་གསུམ་སྐྱེ་བ་མེད་པར་རྟོགས་པའི་རྟོགས་པ་གསུམ་པོ་དེ་དུས་གཅིག་ཏུ་རྒྱུད་ལ་བསྐྱེད་པའོ། །ཡང་ནི་སྔར་དེ་གསུམ་ཐོས་བསམ་གྱིས་ཤེས་པར་བྱས་པ་ཙམ་དུ་མ་ཟད་པའོ། །མདོའི་འབྲེལ་ནི། གཞི་ཤེས་རྫོགས་པ་དང་རབ་འབྱོར་གྱིས་ཡུམ་མ་མཆིས་པའི་ཕར་ཕྱིན་དུ་བསྟན་པའི་སྒོ་ནས་གསུངས་སོ། །གཉིས་པ་རྣམ་ཀུན་གྱི་ཆོས་རྒྱས་པར་བཤད་པའི་ས་བཅད་སྤྲོ་སྟེ་སྦྱར་ས་རྣམ་པའི་མདོ་བསྟན་རྩ་འགྲེལ་གྱིས་ཇི་ལྟར་བཤད་པའི་ཚུལ། གཉིས་པ་ལ་གཉིས། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པ་དང༌། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྒོམ་རིམ་མོ། །དང་པོ་ལ་བཞི། སྦྱར་ས་རྣམ་པ། སྦྱོར་བ་པོ་གང་ཟག །སྦྱོར་བ་རང་གི་ངོ་བོ། སྦྱོར་བའི་སྔོན་འགྲོའི་ཆོས་སོ། །དང་པོ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་གཉིས། རྩ་བས་བསྟན། འགྲེལ་པས་བཤད་པའོ། །དང་པོ་ལ་གཉིས། ངོ་བོ་དང༌། དབྱེ་བ་མདོར་བསྟན་པའོ། །དང་པོ་ནི། རྣམ་པ་སྦྱོར་བ། ཞེས་པའི་རྣམ་པ་དེ་གང་ན། གཞི་བདེན་བཞིའི་དངོས་པོ་ཤེས་པ་སྟེ་དེ་ལ་དམིགས་པའི་བྱེ་བྲག་གམ་ཁྱད་པར་རྣམས་ལ་རྣམ་པ་ཞེས་བྱའོ། །བྱེ་བྲག་དེ་ཡང་སྤང་བྱ་གང་གི་གཉེན་པོའི་མཚན་ཉིད་གང་ཡིན་པ་དེ། དཔེར་ན་རྟག་པར་འཛིན་པའི་


JLD018_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོར་མི་རྟག་པ་རྟོགས་པ་ལྟ་བུའོ། །མཚན་ཉིད་ཅེས་པ་ནི་རྣམ་པའི་རང་བཞིན་དུ་སྟོན་པའོ། །ཤཱནྟི་པས་གཞི་ནི་དམིགས་པ་སྟེ་བདེན་བཞི་སོགས་སོ། །དེའི་ཡེ་ཤེས་ཀྱི་བྱེ་བྲག་ནི་རྣམ་པ་གང་གིས་བདེན་བཞི་དེ་ཡོངས་སུ་ཤེས་པར་བྱ་བ་དེ་དག་ལ་རྣམ་པ་ཞེས་བྱའོ། །མཚན་ཉིད་ནི་མིང་ངོ་ཞེས་དོན་རྣམ་ལ་ངོས་གཟུང་ངོ༌། །རིགས་བྱིན་ནི། སྐབས་གསུམ་དུ་གསུངས་པའི་གཉེན་པོ་མ་ལུས་པ་ནི་གཞི་དེའི་ཡེ་ཤེས་ནི་སྐྱེ་མེད་གསུམ་མཁྱེན་པའོ། །ཡེ་ཤེས་ཀྱི་རྣམ་པ་ནི་གཉེན་པོ་མ་ལུས་པ་ལ་དམིགས་པར་བྱེད་པའི་སེམས་ཀྱི་ཁྱད་པར་རོ། །དེ་རྣམས་ཀྱི་རྣམ་པ་ནི་བློ་དེ་ལ་སྣང་བའོ། །མཚན་ཉིད་ནི་རྣམ་ཀུན་མངོན་རྫོགས་སྤྱིའི་མཚན་ཉིད་ཅེས་འདོད་དེ་འདི་ནི་འཕགས་སེང་གི་དགོངས་པར་མི་སྣང་ངོ༌། །གཉིས་པ་ནི། རྣམ་པ་དེ་ནི་དབྱེ་གཞིའོ། དབྱེ་ངོ་ནི་རྣམ་པ་གསུམ་དུ་འདོད་དོ། །རྒྱུ་མཚན་ནི། ཀུན་མཁྱེན་ཞེས་སོགས་སོ། །དོན་རྣམ་མདོར་བསྟན་ཚུལ་གྱི་འདོན་པ་ནི། ཤེས་བྱ་གཞི་ཡི་བྱེ་བྲག་རྣམས། །རྣམ་པ་ཤེས་བྱ་མཚན་ཉིད་དེ། །བདེན་པ་དག་ནི་རྣམ་བཞིའི་ཕྱིར། །དེ་ནི་རྣམ་པ་བཞི་རུ་འདོད། །ཅེས་པའོ། །དེ་ལྟར་ན་ཡུལ་བདེན་པ་དང་ཡུལ་ཅན་མཁྱེན་པའི་ཆོས་ཀྱི་བྱེ་བྲག་ནི་རྣམ་པ་སྟེ། དོན་དང་ཤེས་པའི་རྣམ་པའི་བདག་ཉིད་ཡིན་ཞིང་བདེན་པ་བཞི་དང་མཁྱེན་གསུམ་ལ་བརྟེན་པའོ། །འདིར་མཁྱེན་གསུམ་གཞི་ཤེས་སུ་གསུངས་པ་ནི་གཞི་ཤེས་ཀྱིས་གཞིའི་ངོ་བོ་དང་ལམ་ཤེས་ཀྱིས་


JLD018_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཅན་དང་རྣམ་མཁྱེན་གྱིས་དེའི་ཁྱད་པར་གྱི་སྒོ་ནས་མཁྱེན་པ་ལ་དགོངས་སོ། །གཉིས་པ་ལ་གཉིས་ལས་ངོ་བོ་མདོར་བསྟན་པ་ནི། ཇི་ལྟ་བུ་ཞིག་ལ་རྣམ་པར་བཞག་ན་བདེན་བཞིའི་ཆོས་མི་རྟག་པ་དང་སོགས་པས་སྡུག་བསྔལ་ལ་སོགས་པ་ལ་དམིགས་པའི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་ལ་ནི། རྣམ་པ་ཉིད་དུ་རྣམ་པར་བཞག་གོ །རྣམ་པ་དེ་དག་ནི་རྣམ་པ་སྤྱིའི་མཚན་ཉིད་དམ་རང་བཞིན་ཡིན་པར་ཤེས་པར་བྱ་སྟེ། འདི་དག་ཁྱད་གཞི་མཁྱེན་གསུམ་གྱི་ཡེ་ཤེས་ཀྱི་ཁྱད་པར་ཡིན་པས་གཞི་མེད་ཀྱི་རྣམ་པའི་ཉེས་པ་མེད་དོ། །བྱེ་བྲག་གང་ན་རྟག་པ་དང་སོགས་པས་སྡུག་བསྔལ་མ་ཡིན་པ་སོགས་སུ་འཛིན་པའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་མི་རྟག་པ་དང་སྡུག་བསྔལ་བ་སོགས་སུ་དམིགས་པ་རྣམས་སོ། །དེ་དག་ནི་གཞི་ཤེས་པའི་བྱེ་བྲག་ཅེས་པའི་འགྱུར་དང་བསྟུན་པའི་བཤད་པ་ཡིན་ནོ། །གཞུང་གཞན་དག་ལས་རྩ་བར། གཞི་དང་ཡེ་ཤེས་རྣམ་པ་རྣམས། །ཞེས་དང༌། འགྲེལ་པར་ཡང་དམིགས་པ་དང་ཡེ་ཤེས་དང་རྣམ་པ་རྣམས་ཞེས་འབྱུང་བའི་སྟེང་ནས་ཚིག་གསལ་ལས་བཤད་དོ། །ཇི་ལྟར་ཞེ་ན། རྣམ་པ་ལ་གྲངས་ནི་དུ་ཞིག །རང་བཞིན་ནི་གང་ཞིག །དེ་གང་གིས་བཞག་ཅེས་རྟོག་པ་ལ། རྟག་པ་དང་སོགས་པས་བདེ་བ་དང་གཙང་བ་སོགས་སུ་འཛིན་པ་ཉིད་མི་མཐུན་པའི་ཕྱོགས་ཏེ། བྱིས་པ་སྲིད་པར་འཁྱམ་པའི་རྒྱུའི་གཙོ་བོ་ཡིན་པས་འཁོར་བའི་གཞི་འམ་རྒྱུའོ། །གཞི་དེ་ཇི་ལྟར་གཟུང་པ་ལྟར་


JLD018_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

༼མ་ནོག་འདུག་༽མེད་པར་ཤེས་པ་གཉེན་པོའི་ཆོས་ཉིད་ཀྱི་ངོ་བོ་ཉིད་མི་རྟག་སོགས་སུ་དམིགས་པ་ནི་གཞི་ཤེས་ཀྱི་དབང་དུ་བྱས་པ་དང༌། བྱང་སེམས་ཀྱི་ལམ་འབྲས་བུ་དང་བཅས་པ་ནི་ཡུལ་ཡེ་ཤེས་རྟོགས་པའི་གནས་སྐབས་ལ་བརྗོད་པ་ཙམ་དུ་ཟད་པས་ཡེ་ཤེས་ཞེས་བྱ་བ་ལམ་ཤེས་དང༌། དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཡོན་ཏན་སྨོས་པའི་སྒོ་ནས་རྣམ་མཁྱེན་ཞེས་བྱ་བས་ན་འདིར་ཡང་རྣམ་པ་ཞེས་སྨོས་ཏེ་རྣམ་མཁྱེན་གྱི་རྣམ་པའོ། །རྣམས་ནི་དྲུག་པའི་མང་ཚིག་སྟེ་དེ་ལྟར་གསུམ་མོ། །གཉིས་པ་ནི། སྔར་རྣམ་པ་རྣམས་ནི་བྱེ་བྲག་དུ་མ་ལ་བྱ་བར་བསྟན་པས་དེའི་འོག་ཏུ་བྱེ་བྲག་དེ་དག་སོ་སོ་བའམ་སྙམ་པ་དགག་པའི་ཕྱིར། རྣམ་པ་ཉིད་དུ་རྣམ་པར་བཞག་པ་ནི་མཚན་ཉིད་དེ་ཞེས་སྨོས་ཏེ། ཆོས་ཅན་མཚན་གཞི་གཅིག་གི་མཚན་ཉིད་དོ་ཞེས་བསྟན་པས་ཐ་དད་པ་སྤོང་བར་བྱེད་དོ། །དེ་ལ་རྣམ་པ་ཉེར་བདུན་ནི་ཉན་རང་གིས་གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་དང༌། རྣམ་པ་སོ་དྲུག་ནི་བྱང་སེམས་ཀྱིས་བདག་མེད་གཉིས་ཀ་རྟོགས་པའི་ཡེ་ཤེས་དང༌། རྣམ་པ་བརྒྱ་རྩ་བཅུ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་སྐད་ཅིག་གཅིག་ལ་མཁྱེན་པའི་མཚན་གཞི་དེ་ལ་བརྟེན་པའི་མཚན་ཉིད་དེ། སངས་རྒྱས་ཀྱི་རྒྱུད་ལ་འཕགས་པའི་སྐྱེ་བོ་མ་ལུས་པའི་ཡོན་ཏན་ལྷུན་གྱིས་གྲུབ་པར་འཇུག་ཅིང་བརྟེན་པས་སོ། །གསུམ་པ་ནི། རྣམ་པ་དེ་དག་ཀྱང་རྒྱུ་མཚན་གཞན་གྱིས་ཕྱེ་བ་མ་


JLD018_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་ཇི་ལྟར་ཕྱེ་བའི་ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོད་པའི་བྱེ་བྲག་གིས་བཞག་པས་གསུམ་ཁོ་ནར་གྲངས་ངེས་པར་བཞེད་དོ་ཞེས་འཆད་དེ་གཞིའི་དོན་མ་མཁྱེན་ཞིང་དབྱེ་བ་ལོགས་སུ་གསུངས་པ་དང་ཟློས་པར་ དོགས་སོ། །གཉིས་ next hit་ནི། རྣམ་པ་དེ་དག་ཅེས་སོགས་སོ། །ཀྱང་ནི་རྣམ་པའི་ངོ་བོ་མཁྱེན་གསུམ་གྱི་སྒོ་ནས་བསྟན་པར་མ་ཟད་པའོ། །གཉིས་པ་སྦྱར་ས་རྣམ་པའི་རྒྱས་བཤད་ཀྱི་ས་བཅད་སྤྲོ་སྟེ་རྣམ་པའི་སྤྱི་དོན་བཞི་རིམ་གྱིས་བཤད་པ། གཉིས་པ་ལ་གཉིས། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་ལ་བཞི། རྣམ་པའི་ངོས་འཛིན། མདོ་ནས་གསུངས་ཚུལ། བསྟན་བཅོས་སུ་བསྡུས་ཚུལ། ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། ཚིག་གསལ་ལས། རྣམ་པ་ནི་བྱེ་བྲག་སྟེ་སངས་རྒྱས་ཀྱི་ས་ལ་སོགས་པ་ལ་ཆོས་ཀྱི་བྱེ་བྲག་ཇི་སྙེད་ཅིག་ཡོད་པ་སྟོན་པའོ། །ཞེས་པ་ལྟར་ཀུན་ནས་ཉོན་མོངས་དང་ནམ་བྱང་གི་ཆོས་ཀྱི་ཁྱད་པར་རམ་གསལ་བའི་དབྱེ་བ་རྣམས་སོ། །དེ་ལ་ཡང་རྟོགས་བྱ་བདེན་བཞི་དང་རྟོགས་པ་པོ་མཁྱེན་གསུམ་ལ་ཡོད་པའི་ཆོས་ཀྱི་ཁྱད་པར་གཉིས་ཏེ། ལས་དང་བྱེད་པའི་རྣམ་པའོ། །དེ་གཉིས་ལ་དོན་རྣམ་དང་ཤེས་རྣམ་གྱི་ཐ་སྙད་ཀྱང་མཛད་དོ། །གཉིས་པ་ནི་མདོ་ལས། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་མཁའ་མེད་པའི་ཕྱིར་རོ། །ཞེས་པ་ནས་ཡུམ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་བར་དུ་རབ་འབྱོར་གྱིས་ཡུམ་འདི་འདི་


JLD018_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདིའི་ཕ་རོལ་ཏུ་ཕྱིན་ཏོ། །ཞེས་དམ་བཅའ་རྣམས་བཞག་ཅིང་དེ་བཞིན་གཤེགས་པས་དེའི་འཐད་པ་རྣམས་བཀའ་སྩལ་ཏོ། །དེ་ཡང་རྣམ་པ་ཉེར་བདུན་དང་སོ་དྲུག་ལ་དམ་བཅའ་དང་འཐད་པའི་མདོ་དེ་དག་དང་གྲངས་མཉམ་ཡོད་ལ། རྣམ་མཁྱེན་གྱི་རྣམ་པ་སོ་བདུན་ལ་སྡེ་ཚན་བདུན་པོ་རེ་རེ་ལ་རེ་རེ་སྟེ་མདོ་བདུན་དང༌། སོ་བཞི་ལ་རྣམ་ཐར་བརྒྱད་ལ་གཅིག །སྙོམས་འཇུག་དགུ་ལ་གཅིག །སྤོང་ལམ་ལ་གཅིག །གཞན་བཅུ་གསུམ་ལ་རེ་རེ་སྟེ་བཅུ་དྲུག་དང༌། སོ་དགུ་ལ་ཐ་མ་གསུམ་ལ་རེ་རེ་གཞན་སྡེ་ཚན་བཞི་ལ་རེ་རེ་སྟེ་མདོ་བདུན་ཡོད་དོ། །དེ་ལ་རབ་འབྱོར་གྱིས་ཤེས་རྣམ་དང་དེ་བཞིན་གཤེགས་པས་དོན་རྣམ་གསུངས་པར་ཁ་ཅིག་འཆད་ལ་ཁ་ཅིག་དེ་ལས་བཟློག་སྟེ་འཆད་ཀྱང༌། རབ་འབྱོར་དང་དེ་བཞིན་གཤེགས་པ་གཉིས་ཀས་དོན་རྣམ་དང་ཤེས་རྣམ་གཉིས་ཀ་ཅི་རིགས་པར་གསུངས་ཏེ། དཔེར་ན་མ་མཆིས་པས་དོན་རྣམ་དང་དེའི་ཕར་ཕྱིན་གྱིས་ཤེས་རྣམ་གཉིས་སྒྲས་ཟིན་པར་བསྟན་ལ་ནམ་མཁའ་མེད་པའི་ཕྱིར་ཞེས་པས་དངོས་སུ་རྟག་པ་མེད་པའི་དོན་རྣམ་དང༌། ཤུགས་ལ་དེ་མེད་པར་རྟོགས་པའི་ཤེས་རྣམ་བསྟན་པ་བཞིན་ནོ། །གསུམ་པ་ནི། མདོ་དེ་དག་ལ་རྗེ་བཙུན་གྱིས། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་སོགས་ཀྱིས་འདི་ནས་འདིའི་བར་གྱིས་གཞི་ཤེས་དང་ལམ་ཤེས་དང་རྣམ་མཁྱེན་གྱི་རྣམ་པ་བསྟན་ཏོ་ཞེས་ས་གཅོད་མཛད་དོ། །དེ་ཡང་ལམ་ཤེས་ཀྱི་རྣམ་པ་ལ་ས་གཅོད་དངོས་སུ་མ་མཛད་ཀྱང་གཞི་ཤེས་དང་རྣམ་


JLD018_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ལ་ཐོག་མཐའ་བཟུང་བས་བར་གྱི་དེ་ལམ་ཤེས་ཀྱི་རྣམ་པ་ཡིན་པ་གོ་སླ་བར་དགོངས་པ་ཡིན་ནོ། །གཞན་ཡང་རྣམ་པ་བརྒྱ་དང་བཅུ་མདོར་གསུངས་པ་ལ། སོ་བདུན་དང་སོ་བཞི་དང་སོ་དགུ་རྣམས་མཁྱེན་གསུམ་གྱི་རྣམ་པ་ཡིན་པར་རྗེ་བཙུན་གྱིས་མཚམས་ཕྱེའོ། །དེ་ནི་མདོ་མཚམས་ཕྱེ་ཚུལ་ཡིན་ལ་འདིར་བསྟན་པའི་ཚུལ་ནི་མདོར་བསྟན་དུ་ཤེས་པའི་རྣམ་པ་དང་རྒྱས་བཤད་དུ་དོན་གྱི་རྣམ་པ་གཙོ་བོར་བསྟན་ཏེ། ཉི་སྣང་ལས། དེ་ལ་འཕགས་པའི་བདེན་པ་བཞི་རྟེན་དུ་བྱས་ཏེ། ཐམས་ཅད་ཤེས་པ་ཉིད་གསུམ་གྱི་སྐབས་ཀྱི་བདེན་པ་གང་ལ་རྣམ་པ་ཇི་སྙེད་ཡོད་པ་དེ་སྟོན་པས་སོ། །ཞེས་རྒྱས་བཤད་ཀྱི་མཚམས་སྦྱར་དུ་གསུངས་པས་སོ། །དེ་ཡང་མཁྱེན་པ་དང་པོ་གཉིས་ལ་བདེན་པ་བཞི་ག་དང་ཐ་མ་ལ་ལམ་བདེན་གྱི་རྣམ་པ་ཉི་ཚེ་གསུངས་ཏེ། ལམ་བདེན་ཉི་ཚེ་བཤད་པའི་རྒྱུ་མཚན་དང་དེའི་རྣམ་པ་རྣམས་རྣམ་མཁྱེན་གྱི་དོན་རྣམ་དང་ཤེས་པའི་རྣམ་པ་གང་ཡིན་པ་ནི་སྐབས་དེ་ཉིད་དུ་འཆད་པར་འགྱུར་རོ། །བཞི་པ་ནི། འོ་ན་རྣམ་པ་འདི་དག་ལས་བསྒོམ་པར་བྱ་བ་ནི་གང་ཞེ་ན། སྔ་མ་དག་ཤེས་རྣམ་བརྒྱ་དོན་གསུམ་གྱིས་དོན་རྣམ་བརྒྱ་དོན་གསུམ་ལ་སྒྲོ་འདོགས་བཅད་ནས་བསྒོམ་པར་བྱ་བ་ཡིན་པས་དོན་རྣམ་ཉིད་བསྒོམ་བྱའོ་ཞེས་འཆད་དོ། །འོན་ཀྱང་གཞུང་ནས་སྦྱོར་བས་རྣམ་པ་སྒོམ་པར་གསུངས་པའི་དགོངས་པ་ནི་གཙོ་བོར་ཤེས་པའི་རྣམ་པ་ཉིད་སྒོམ་པར་སྣང་སྟེ། ཡུལ་ཅན་མཁྱེན་གསུམ་གྱི་ཡེ་ཤེས་ཀྱི་བྱེ་བྲག་གིས་ཡུལ་བདེན་བཞིའི་ཆོས་ཀྱི་ཁྱད་པར་ཚུལ་འདི་ལྟར་རྟོགས་པའི་དམིགས་རྣམ་ཅན་གྱི་ལམ་རྣམས་


JLD018_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་པའི་སྦྱོར་བ་དང་མི་སྦྱོར་བའི་སྦྱོར་བ་གཉིས་ཀྱིས་ཐབས་ཤེས་ཟུང་འབྲེལ་དུ་སྐྱེད་པར་བྱེད་པ་ཉིད་སྦྱོར་བས་རྣམ་པ་སྒོམ་པའི་དོན་ཡིན་པས་སོ། །དེ་ལ་ཡང་སངས་རྒྱས་ཀྱི་ས་འབའ་ཞིག་དང་ཉན་རང་གི་རྒྱུད་ལ་ཡོད་པ་རྣམས་ལ་ནི་དེ་དང་རིགས་མཚུངས་པའི་ལམ་དེ་དང་དེ་དག་སྐྱེད་པ་ལ་དེ་སྒོམ་པ་དང་སྐྱེད་པར་བཏགས་ཏེ། དཔེར་ན་བྱང་སེམས་ཀྱིས་ཉན་རང་གི་ལམ་སྐྱེད་པར་གསུངས་པ་བཞིན་ནོ། །དེས་ན་སྐབས་འདིར་རྣམ་པ་རྣམས་ཐེག་པ་ཆེ་ཆུང་དང་སངས་རྒྱས་བྱང་སེམས་ཀྱི་རྟེན་ཐ་དད་པའམ། ཡུལ་ལམ་ཡུལ་ཅན་གང་གི་སྒོ་ནས་བསྟན་ཀྱང་བྱང་སེམས་ཀྱི་རྒྱུད་ལ་བསྐྱེད་བྱའི་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་ཀྱི་ཁྱད་པར་ཞིག་གི་དམིགས་རྣམ་མཚོན་པར་བཞེད་ནས་མཁྱེན་གསུམ་གྱི་ཡེ་ཤེས་ཀྱི་བྱེད་བྲག་རྣམས་ཀྱི་དམིགས་པ་དང་རྣམ་པ་འདི་དང་འདི་ལྟ་བུའོ་ཞེས་གསུངས་པ་ཡིན་ནོ། །བསྐྱེད་བྱའི་དམིགས་རྣམ་ཤེས་པ་ན་སྦྱོར་བས་སྔར་ལྟར་རྒྱུད་ལ་སྐྱེད་པ་ལ་དགོངས་ནས་རྣམ་པ་ཡུལ་དུ་གསུངས་སོ། །དེ་ལྟར་ན་བདག་མེད་པ་དང་སྙིང་རྗེ་སྒོམ་ཞེས་པ་ལྟར་ཡུལ་སྒོམ་པ་དང་ཡུལ་ཅན་དེའི་བདག་ཉིད་དུ་བློ་གོམས་པར་བྱེད་པ་གཉིས་ལས་འདིར་ཕྱི་མ་གཙོ་བོར་གཟུང་ངོ༌། །གཉིས་པ་ནི་རྣམ་པའི་ཡན་ལག་གི་དོན་ཏེ་གཞུང་དང་སྦྱར་བའི་རྣམ་པའི་ས་བཅད་སྤྲོ་ཞིང་གཞི་ཤེས་ཀྱི་རྣམ་པ་བཤད་པ། གཉིས་པ་ལ་གཉིས། མཚམས་སྦྱར་བ་དང༌། དོན་བཤད་པའོ། །དང་པོ་ནི། རྣམ་པ་རྣམས་སྤྱིར་ཏེ་མཁྱེན་གསུམ་སོ་སོ་ལ་མ་ཕྱེ་བར་བསྟན་ནས་ད་ནི་ཕྱེ་ནས་ཁྱད་པར་དུ་འཆད་དོ། །གཉིས་པ་ལ་གསུམ། གཞི་ཤེས་དང༌། ལམ་ཤེས་


JLD018_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རྣམ་མཁྱེན་གྱི་རྣམ་པ་རྒྱས་པར་བཤད་པའོ། །དང་པོ་ལ་བཞི། སྦྱར་བསྟན་བཤད་དོན་བསྡུ་བའོ། །དང་པོ་ནི། མཁྱེན་གསུམ་གྱི་རྣམ་པ་བསྟན་པ་དེ་ལ་རེ་ཞིག་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པའི་དབང་དུ་བྱས་ནས་གསུངས་སོ། །འདི་ཕྱི་འགྲེལ་ན་ཡོད་ཀྱང་མཚམས་སྦྱར་ལ་བླང་སྟེ། ཉི་སྣང་དུ་འདི་འདིའི་མཚམས་སྦྱོར་དུ་མཛད་ཅིང་དེ་ཉིད་སློབ་དཔོན་གྱིས་ཀྱང་བཀོད་པ་དང༌། རྒྱན་སྣང་དུ་ཡང་མཚམས་སྦྱོར་དུ་མཛད་པས་སོ། །གཉིས་པ་ནི། གཞི་ཤེས་ཀྱིས་རྟོགས་པར་བྱ་བའི་རྣམ་པ་དེ་གང་ན། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བའི་རྣམ་པའི་བར་ཉེར་བདུན་མདོ་ལས་བཤད་པོའོ། །ཚིག་གང་གིས་ན། ཡུལ་འདི་ནི་མ་མཆིས་པའི་ཕར་ཕྱིན་ནོ། །ཞེས་པ་ནས། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། འདི་ལྟ་བུ་སྟེ། ཡུམ་འདི་ནི་མི་གཡོ་བའི་ཕར་ཕྱིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱི་ཕྱིར་རོ། །ཞེས་པའི་བར་གྱིས་སོ། །རྣམ་པ་དེ་དག་བདེན་པ་གང་དང་འབྲེལ་པ་ནི། བདེན་པ་གསུམ་པོ་སོ་སོ་སྟེ་རེ་རེ་ལ་རྣམ་པ་དེ་ནི་བཞི་བཞི་སྟེ་བཅུ་གཉིས་དང༌། ལམ་བདེན་ལ་རྣམ་པ་དེ་ནི་བཅོ་ལྔར་ཤེས་པར་བྱའོ། །མདོ་ནས་བདེན་བཞིའི་ཆོས་སུ་དོན་གྱིས་གསུངས་པས་ཕྱི་མ་འདི་བཤད་ཅེས་པ་དང༌། འབྲེལ་བར་བྱར་རུང་མོད། འོན་ཀྱང་མདོའི་རྣམ་པ་དེ་དག་ལ་རྗེ་བཙུན་གྱིས་བདེན་པ་འདི་ལ་འདི་ཞེས་ཆོས་ཆོས་ཅན་སྦྱར་བས་བཤད་པ་འདི་བདེའོ། །རྣམ་པ་འོག་མ་གཉིས་ལ་ཡང་རྒྱུ་མཚན་འདི་རིག་པར་བྱའོ། །རྣམ་པ་འདི་དག་ལ་


JLD018_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མདོའི་དྲིས་ལན་རྣམས་སྤྱིའི་འོང་ཚུལ་མཐུན་པར་སྣང་ཞིང་ཐུན་མོང་མ་ཡིན་པའི་ངོ་བོ་རྣམས་འགྲེལ་པར་ཕལ་ཆེར་མདོ་ཚིག་དྲངས་སྣང་བས་རེ་རེ་ཞིང་མདོ་མི་དྲང་ངོ༌། །གསུམ་པ་ནི་གཞི་ཤེས་ཀྱི་རྣམ་པའི་རྒྱས་བཤད་ཀྱི་ས་བཅད་སྤྲོ་སྟེ་བདེན་པ་དང་པོ་གསུམ་གྱི་རྣམ་པ་བཤད་པ། གསུམ་པ་ལ་གཉིས། བདེན་པ་དང་པོ་གསུམ་དང༌། ལམ་གྱི་བདེན་པའི་རྣམ་པའོ། །དང་པོ་ནི། མཚན་ཉིད་དམ་བདག་ཉིད་དག་ཡིན་ནོ། །གང་ན། མདོ་ནས་གསུངས་པའི་མེད་པའི་རྣམ་པ་ནས་སྐྱེ་བ་མེད་པའི་རྣམ་པའི་བར་ཏེ་རྣམ་པ་བཅུ་གཉིས་ནིའོ། །གང་གི་ན། སྡུག་བསྔལ་དང་སོགས་པས་ཀུན་འབྱུང་དང་འགོག་པའི་བདེན་པ་གསུམ་གྱི་མི་རྟག་པ་དང་སོགས་པས་ངེས་འབྱུང་གི་བར་གྱིའོ། །མི་རྟག་སོགས་བཅུ་གཉིས་ལ་མེད་པའི་རྣམ་པ་སོགས་བཅུ་གཉིས་ཀྱི་ཐ་སྙད་ཀྱིས་གསུངས་པའི་རྒྱུ་མཚན་གང་ན། མི་རྟག་སོགས་བཞི་ནི་རིམ་པ་ལྟར་རྟག་པ་མེད་པ་དང༌། ཐ་སྙད་དུ་སྡུག་བསྔལ་སྐྱེ་ཡང་དེ་ཁོ་ནར་དེར་མི་སྐྱེ་བའང་སྐད་ཅིག་གཅིག་ལས་ལྷག་པར་མི་སྐྱེ་བ་དང༌། བྱེད་པ་པོའི་བདག་གིས་དབེན་བ་དང༌། བདག་མེད་པས་བདག་ཏུ་རྟོག་པའི་སྐྱོན་གྱིས་མི་རྫི་བའི་ཕྱིར་དང༌། རྒྱུ་སོགས་བཞི་ནི་རིམ་པ་ལྟར་ཐ་སྙད་དུ་མིང་གཟུགས་སྐྱེད་པའི་རྒྱུ་ཡིན་ཀྱང་དེ་ཁོ་ནར་དེ་སྐྱེད་པའི་གནས་མེད་པ་དང༌། ཐ་སྙད་དུ་འགྲོ་འོང་གི་བྱ་བ་དང་ལྡན་ཀྱང་དེ་ཁོ་ནར་དེ་གཉིས་མེད་པས་ནམ་མཁའ་དང་མཚུངས་པ་དང༌། ཐ་སྙད་དུ་ནང་གི་བརྗོད་པ་རྟོག་དཔྱོད་ཡོད་ཀྱང་དེ་ཁོ་ནར་དེ་འབྲས་བུ་དང་བཅས་པས་བརྗོད་དུ་མེད་པ་དང༌། ཐ་སྙད་དུ་མིང་བཞིའི་ནང་ཚན་ཚོར་བ་ལས་སྐྱེས་པའི་ཡང་སྲིད་ཀྱི་རྐྱེན་སྲེད་པ་ཡོད་


JLD018_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་ཁོ་ནར་མིང་དེ་མེད་པའི་ཕྱིར་དང༌། འགོག་པ་སོགས་བཞི་ནི་ཤེས་རབ་ཀྱི་ལུས་ཀྱིས་མངོན་དུ་བྱ་བ་ཡིན་གྱི་རྒྱུད་གཅིག་ནས་གཅིག་ཏུ་འགྲོ་ཞིང་སོང་ནས་ཐོབ་པར་བྱར་མེད་པ་དང༌། གཟོད་མ་ནས་ཉེ་བར་ཞི་བས་མི་འཕྲོགས་པ་སྟེ་བློས་ཡོངས་སྤྱོད་ཀྱི་ཡུལ་དུ་གཟུང་དུ་མེད་བ་དང༌། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་མི་ཟད་པ་དང༌། གཅིག་དང་དུ་མའི་སྐྱེད་བྱེད་ཀྱི་སྐྱེ་བའི་རྒྱུ་མེད་པའི་ཕྱིར་དེ་དག་གིས་བསྟན་ཏོ། །མི་འཕྲོགས་པ་ཞེས་པ་ལ་དག་སྙིང་དུ་གཟུང་དུ་མེད་པར་སྒྱུར་བ་བདེའོ། །གཉིས་པ་ནི་གཞི་ཤེས་ཀྱི་རྣམ་པའི་རྒྱས་བཤད་ཀྱི་གཉིས་པ་སྟེ་ལམ་བདེན་ལ་བརྟེན་པའི་རྣམ་པ་བཅོ་ལྔའི་སྐོར་བཤད་པ། གཉིས་པ་ལ་གསུམ། རྟེན་ལམ་དང༌། བརྟེན་པ་རྣམ་པའི་རབ་དབྱེ། གྲངས་ཀྱིས་དོན་བསྡུ་པོའོ། །དང་པོ་ལ་གཉིས་དབྱེ་བ་དངོས་དང༌། མཐའ་དཔྱོད་པའོ། །དང་པོ་ནི། གཞི་ཤེས་ཀྱི་ལམ་བདེན་ནི་དབྱེ་གཞི། དབྱེ་ངོ་ནི། རྣམ་པ་གསུམ་མོ། །འབྱེད་པའི་རྒྱུ་མཚན་ནི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཉིད་དུ་ཐེག་དམན་གྱི་ཟག་པ་མེད་པའི་ལམ་གཅིག་དང༌། ཤེས་སྒྲིབ་ཀྱི་གཉེན་པོར་སྒོམ་པའི་ལམ་ཟག་པ་དང་བཅས་པ་དང་མཐོང་བའི་ལམ་ཟག་པ་མེད་པ་གཉིས་སུ་དབྱེར་ཡོད་པ་ཡིན་པས་སོ། །གལ་ཏེ་གཞི་ཤེས་ཀྱི་རྣམ་པ་སྟོན་པ་ན། ཤེས་སྒྲིབ་ཀྱི་གཉེན་པོ་སྟོན་པ་མ་འབྲེལ་ཏེ། ཉན་ཐོས་ལ་ཆོས་སྤྲོས་བྲལ་དུ་རྟོགས་པ་མེད་པས་ཤེ་ན། ཐམས་ཅད་ཤེས་པ་ཉིད་ཀྱིས་ཉན་ཐོས་སུ་མ་ཟད་རང་སངས་རྒྱས་རྣམས་ཀྱི་མངོན་རྟོགས་ཀྱང་བསྡུས་པ་དེའི་ཕྱིར། རང་རྒྱལ་དེ་དག་གི་སྤང་བྱ་ཤེས་བྱའི་སྒྲིབ་པ་གཟུང་བའི་རྣམ་པར་རྟོག་པའི་གཉེན་པོ་ཉིད་དུ་སྟོན་པས་ཉེས་པ་མེད་དོ། །གཉིས་པ་ནི། དང་པོ་བཞི་ཉོན་


JLD018_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་དང་ལྷག་མ་བཅུ་གཅིག་ཤེས་སྒྲིབ་ཀྱི་གཉེན་པོར་འཇོག་པ་དང༌། ཤེས་སྒྲིབ་ཀྱི་གཉེན་པོ་ལ་དང་པོ་ལྔ་ཟག་བཅས་དང་ཐ་མ་དྲུག་ཟག་མེད་དུ་འཇོག་པ་དང༌། དེ་ཡང་རིམ་པ་ལྟར་སྒོམ་ལམ་དང་མཐོང་ལམ་ལ་འཇོག་པ་དང༌། ཉོན་སྒྲིབ་ཀྱི་གཉེན་པོ་ལ་མ་ཕྱེ་བར་ཤེས་སྒྲིབ་ཀྱི་གཉེན་པོ་ལ་གཉིས་སུ་ཕྱེ་བའི་རྒྱུ་མཚན་དང༌། ལམ་གསུམ་པོ་དེའི་རྟེན་དང་རང་གི་ངོ་བོ་དཔྱོད་པ་སྟེ་ལྔས་རིག་པར་བྱའོ། །དེ་ལ་དང་པོ་ནི། མདོ་ནས་བྱེད་པ་པོ་མེད་པ་ནས་མི་གཡོ་པའི་བར་བཅོ་ལྔ་གསུངས་པ་དེ་བསྟན་བཅོས་སུ་གཞི་ཤེས་ཀྱི་ལམ་བདེན་གྱི་རྣམ་པ་ཡིན་པར་བཤད་པ་ལ། འཕགས་པས་དང་པོ་བཞི་ཉོན་སྒྲིབ་ཀྱི་གཉེན་པོ་ཟག་མེད་དང༌། ལྷག་མ་རྣམས་ཤེས་སྒྲིབ་ཀྱི་གཉེན་པོ་ཡིན་པའི་ས་གཅོད་མཛད་ཅིང་དེའི་རྗེས་སུ་འབྲངས་ནས་རྣམ་འགྲེལ་དང་སློབ་དཔོན་རྗེས་འབྲང་དང་བཅས་པས་ཀྱང་དེ་ལྟར་མཛད་དོ། །དེ་ཡང་ཚོགས་སྦྱོར་ལམ་བདེན་མིན་པ་དང་མི་སློབ་ལམ་སྒྲིབ་པའི་སྤོང་གཉེན་མིན་པ་ལ་དགོངས་ནས་དེ་དག་གི་རྣམ་གཞག་མ་མཛད་དོ། །སྒྲིབ་གཉིས་ཀྱི་གཉེན་པོར་དེ་ལྟར་སྟོན་པ་ཡང་བྱེད་པ་པོ་མེད་པ་སོགས་བཞི་ནི་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དུ་སྣང་བ་དང༌། དེ་བཞི་ལམ་རིགས་པ་སྒྲུབ་པ་ངེས་འབྱིན་བཞི་ཡིན་ལ་གང་ཟག་གི་བདག་འཛིན་ཉོན་སྒྲིབ་ཀྱི་རྒྱུ་ཡིན་པ་དང༌། མི་རྟག་སོགས་བཅུ་དྲུག་ཀྱང་ཉོན་སྒྲིབ་ཀྱི་གཉེན་པོར་ཕྱེ་བའི་ཕྱིར་ན་དང་པོ་བཞི་ཉོན་སྒྲིབ་ཀྱི་གཉེན་པོའོ། །ལྷག་མ་ཤེས་སྒྲིབ་ཀྱི་གཉེན་པོར་བསྟན་པ་ནི། ལམ་གྱི་


JLD018_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་འདི་རྣམས་སྒྲིབ་པའི་གཉེན་པོར་ནི་བསྟན་དགོས་ལ་ཉོན་སྒྲིབ་ཀྱི་གཉེན་པོ་བསྟན་ཟིན་པས་འོས་མེད་ཀྱི་རིགས་པའོ། །གཉིས་པ་ནི། སྙིང་མཆོག་ཏུ་རྨི་ལམ་ལ་སོགས་པ་དང་འདྲ་བའི་ཕྱིར་རྨི་ལམ་ལ་སོགས་པའོ། །ཞེས་པ་ལྟར་རྨི་ལམ་ལ་སོགས་པ་ལྔས་ནི་ཡུལ་མེད་བཞིན་དུ་སྣང་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་རྟོགས་པ་མཚོན་ལ། དེའི་ཕྱིར་དེ་ཟག་བཅས་དང་ཀུན་ནས་ཉོན་མོངས་པ་མེད་པ་ལ་སོགས་པ་དྲུག་གི་སྤང་གཉེན་ལ་སོགས་པའི་སྣང་བ་དེ་དག་མེད་པའི་མཉམ་གཞག་གི་རྟོགས་པ་མཚོན་པས་དེ་ཟག་མེད་དུ་གཞག་གོ །གསུམ་པ་ནི། མཐོང་ལམ་མཉམ་གཞག་བར་མ་ཆད་དུ་དང༌། སྒོམ་ལམ་དུས་རིང་བས་རྗེས་ཐོབ་མངོན་གྱུར་དང་སྤེལ་ནས་ཀྱང་སྐྱེ་བས་ཟག་མེད་དང་པོ་དང་ཟག་བཅས་གཉིས་པ་ལ་བཞག་གོ །བཞི་པ་ནི་ཤེས་སྒྲིབ་སྤང་དཀའ་ཞིང་ཉོན་སྒྲིབ་དེ་ལྟར་མ་ཡིན་པས་ཟག་བཅས་ཟག་མེད་གཉིས་ཀ་དང་ཟག་མེད་གཅིག་ཏུ་བཞག་གོ །ལྔ་པ་ནི། འཕགས་པས་གང་ཟག་ལ་གསལ་ཁ་བཏོད་པ་མེད་ཀྱང་སློབ་དཔོན་གྱིས་མཁྱེན་གསུམ་ལས་གཞི་ཤེས་ཀྱི་རྣམ་པའི་ལམ་བདེན་སྟོན་པའི་སྐབས་ཡིན་པ་ལ་དགོངས་ནས་ཉན་རང་གཉིས་དང་འབྲེལ་བར་གསུངས་སོ། །ལམ་གྱི་ངོ་བོ་ལ་ཉི་སྣང་རྣམ་འགྲེལ་རྒྱན་སྣང་རྣམས་སུ་ལམ་དང་པོ་ལ་གསལ་ཁ་མེད་ལ་ཕྱི་མ་གཉིས་མཐོང་སྒོམ་ལ་བཤད་དོ། །ཚིག་གསལ་ལས། །སྒོམ་ལམ་གཅིག་པུ་ལ་ཕྱི་མ་གཉིས་བཞག་པ་ནི་འགྲེལ་པ་འདིའི་འགྱུར་ལ་མངོན་པ་ལྟར་སྣང་ཡང་ཆེ་བ་གཉིས་དང་མི་མཐུན་པས་


JLD018_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོམ་འགྱུར་དང་ཤེར་འབྱུང་གིས་མཐོང་སྒོམ་ལ་བྱས་པ་ལྟར་གཟུང་ངོ༌། ལམ་དང་པོ་ལ་རྟོགས་དཀའ་ལས། ཉན་ཐོས་རྣམས་ཀྱི་ཟག་པ་མེད་པའི་ལམ་ལ་ཞེས་ཉན་ཐོས་ལ་སྦྱར་བ་དང༌། ཚིག་གསལ་ལས། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་ཉན་ཐོས་རྣམས་ཀྱི་རྣམ་པ་བཅུ་དྲུག་སྨོས་པ་ནི་དེ་དག་གི་མཐོང་བ་དང་སྒོམ་པའི་ལམ་གྱི་མཚན་ཉིད་དོ། །རང་སངས་རྒྱས་ཀྱི་རྣམ་པ་བཅོ་ལྔ་སྨོས་པ་ནི་དེ་དག་གི་སྒོམ་པའི་ལམ་གྱི་མཚན་ཉིད་དོ། །ཞེས་བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་དང༌། ལམ་བདེན་གྱི་དང་པོ་བཞི་ལ་ཉན་ཐོས་ཀྱི་མཐོང་སྒོམ་གཉིས་ཆར་ལ་བཞེད་པ་ལེགས་ཀྱང་དང་པོ་བཅུ་གཉིས་ཉན་ཐོས་ཉི་ཚེ་ལ་སྦྱོར་བ་མི་འཐད་དོ། དེས་ན་ཤེར་འབྱུང་གིས་ཉན་ཐོས་དང་རང་རྒྱལ་དེ་དག་གི་ཉོན་མོངས་པའི་སྒྲིབ་པ་སྤང་བྱ་ཉིད་དུ་མཚུངས་པའི་ཕྱིར། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་གནས་པ་མི་རྟག་པ་ལ་སོགས་པའི་མཚན་ཉིད་ཅན་མེད་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་མཚུངས་པ་ཁོ་ནའོ་ཞེས་པ་ལྟར་ལེགས་པས་རང་རྒྱལ་གྱི་ཡང་དེའི་གཉེན་པོ་མཐོང་སྒོམ་གཟུང་ངོ༌། །སློབ་དཔོན་གྱི་བཞེད་པ་དེ་ལ་རྔོག་ཆེན་པོ་ནི་ལམ་གསུམ་གྱི་རྣམ་པ་འདི་དག་གཞི་ཤེས་ཀྱི་ཤེས་རྣམ་ཡིན་ནམ། དེས་རྟོགས་བྱ་དོན་རྣམ་ཡིན། དང་པོ་ལྟར་ན། ལམ་འདི་དག་གིས་རྟོགས་པར་བྱ་བའི་རྣམ་པ་མ་བསྟན་པས་སྐབས་དང་འགལ་ཏེ། འདིར་ནི་གཞི་ཤེས་ཀྱི་དམིགས་པ་ལ་སོགས་པ་འཆད་པའི་སྐབས་ཡིན་པས་སོ། །གཉིས་པ་ལྟར་ན།


JLD018_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ལམ་བདེན་ཉན་རང་དང་འབྲེལ་བའི་གཞི་ཤེས་སུ་འཆད་མི་རིགས་ཏེ། གཞི་ཤེས་ཀྱི་དམིགས་པ་ལ་དེར་འདུ་བས་མ་ཁྱབ་བའི་ཕྱིར་ཏེ་བདེན་པ་དང་པོ་གསུམ་བཞིན་ནོ། །དེས་ན་སློབ་དཔོན་འདི་ནོར་བ་ཡིན་པས་འཕགས་པའི་དགོངས་པ་ནི། ཤེས་སྒྲིབ་ཀྱི་གཉེན་པོ་གཉིས་ཀྱིས་རང་རྒྱལ་བྱང་སེམས་སངས་རྒྱས་གསུམ་གའི་རྒྱུད་ཀྱི་དེའི་གཉེན་པོ་ཟག་བཅས་དང་ཟག་མེད་ཐམས་ཅད་བསྟན་པ་ཡིན་ཏེ། འཕགས་པས་གང་ཟག་འདིའི་འོ་ཞེས་པའི་ཁྱད་པར་གྱི་ཚིག་མེད་ལ་སྤྱིའི་སྒྲ་ཡང་རིགས་པས་འཐད་པའི་དོན་ལ་འཇུག་པས་སོ་ཞེས་འཆད་དོ། །འོན་ཀྱང་སྤྱིར་གཞི་ཤེས་ཀྱི་དམིགས་པ་ལ་དེར་འདུ་བས་མ་ཁྱབ་ཀྱང་ལམ་བདེན་གྱི་སྐབས་སུ་འདུ་དགོས་ཏེ། འདི་མཁྱེན་གསུམ་གྱི་ནང་ནས་གཞི་ཤེས་འབའ་ཞིག་གི་སྐབས་ཡིན་པ་དང༌། ཉན་རང་གིས་རང་རྒྱུད་ཀྱི་ལུས་ཚོར་སེམས་ཆོས་ཉི་ཚེ་ལ་དམིགས་པས་ཐེག་ཆེན་ལས་དམིགས་པ་དམན་པར་དབུས་མཐའི་འགྲེལ་པར་གསུངས་པའི་ཕྱིར་རོ། །དེས་ན་འཕགས་པའི་དགོངས་པ་ཡང་སློབ་དཔོན་གྱི་འདི་ངེས་པར་ཡིན་ཏེ། གཞན་དུ་ན་ཐེག་གྱི་ལམ་བདེན་ཉན་རང་གིས་མངོན་སུམ་དུ་རྟོགས་པར་འགྱུར་རོ། །འཕགས་པས་མཐོང་སྒོམ་གྱི་ལམ་ཉིད་གསུངས་པས་ཀྱང་སངས་རྒྱས་ལ་ཇི་ལྟར་སྦྱར། མཁྱེན་པ་གསུམ་རྟེན་སོ་སོར་ངེས་པས་སངས་རྒྱས་བྱང་སེམས་ལ་གཞི་ཤེས་ཀྱི་ཤེས་རྣམ་ཡོད་པར་མི་འཐད་དོ། །གཉིས་པ་ལ་གསུམ། བཞི་དང༌། ལྔ་དང༌། དྲུག་ཏུ་དབྱེ་བའོ། །དང་པོ་ལམ་གསུམ་ཡོད་པ་དེ་ལ་སྟེ་


JLD018_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ནང་ནས་ལམ་དང་པོ་ཟག་མེད་ལ་ཡོད་པའི་རྣམ་པ་སྟོན་པ་ནི། མཚན་ཉིད་དམ་བདག་ཉིད་དག་ཡིན་ནོ། །གང་ན། མདོ་ལས་གསུངས་པའི་བྱེད་པ་པོ་མེད་པའི་རྣམ་པ་ནས། འདུལ་བ་མེད་པའི་རྣམ་པའི་བར་ཏེ་བཞི་ནིའོ། །གང་གིས་ན། ལམ་དང་སོགས་པས་ངེས་པར་འབྱིན་པའི་བར་གྱིའོ། །ལམ་སོགས་བཞི་ལ་བྱེད་པ་པོ་མེད་པ་སོགས་བཞིས་སྟོན་པ་ཅི་ཞེ་ན། ལམ་ལ་སོགས་པ་བཞི་ནི་རིམ་པ་ལྟར་བྱེད་པ་པོའི་གང་ཟག་མེད་པར་རྟོགས་པས་དེར་འཛིན་པའི་གཉེན་པོ་བྱེད་པ་དང༌། ཤེས་པ་པོའི་གང་ཟག་མེད་པར་རྟོགས་པས་དེར་འཛིན་པའི་གཉེན་པོ་བྱེད་པ་དང༌། ཐ་སྙད་དུ་དམན་པའི་ས་དོར་ནས་ཁྱད་པར་དུ་འཕགས་པའི་གནས་སྐབས་ལེན་པའི་སྒོ་ནས་འཕོ་བ་ཡོད་ཀྱང་དེ་ཁོ་ནར་འཕོ་བ་མེད་པ་དང༌། ཐ་སྙད་དུ་ཉོན་མོངས་བཏུལ་ནས་མྱང་འདས་སུ་འགྲོ་ཡང་དེ་ཁོ་ནར་འདུལ་བ་མེད་པས་དེ་དག་གིས་དེ་བཞིན་བསྟན་ཏོ། །གཉིས་པ་ལམ་གཉིས་པ་ཟག་བཅས་ལ་ཡོད་པའི་རྣམ་པ་སྟོན་པ་ནི། གཉེན་པོ་གྱུར་པ་དག་ཡིན་ནོ། །གང་གིས་ན། ཤེས་བྱའི་སྒྲིབ་པར་གཟུང་བར་རྣམ་པར་རྟོག་པའི་འོ། །གང་ན། ཕྱིའི་གཟུང་བ་ངོ་བོ་ཉིད་མེད་པ་སོགས་ཀྱི་མཚན་ཉིད་དམ་རང་བཞིན་རྣམ་པ་ལྔའི་ཐ་སྙད་ཀྱིས་ནི་མཚོན་པའི་སྒོམ་ལམ་རྗེས་ཐོབ་ཀྱི་རྟོགས་པ་ལྔའོ། །ལྔ་གང་ན། གཟུང་བ་རྨི་ལམ་ལྟ་བུའི་རྣམ་པ་ནས་སྒྱུ་མ་ལྟ་བུའི་རྣམ་པའི་བར་ཏེའོ། །ཇི་ལྟར་མཚོན་ན་རྨི་ལམ་སོགས་ལྔས་གཟུང་བ་ངོ་བོ་མེད་པ་སོགས་སུ་


JLD018_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཞིང་དེས་ཀྱང་རང་གི་ཡུལ་ཅན་གྱི་རྟོགས་པ་འཕེན་པའི་ཚུལ་གྱིས་ཏེ། འདི་ལྟར་ཕྱིའི་གཟུང་བ་རྨི་ལམ་ལྟར་ཡུལ་དུ་སྣང་ཡང་བདེན་པའི་ངོ་བོ་ཉིད་མེད་པ་དང༌། སྒྲ་བརྙན་ཏེ་བྲག་ཆ་ལྟར་བདེན་པའི་རྒྱུ་ལས་མ་སྐྱེས་པ་དང༌། མིག་ཡོར་ཏེ་གཟུགས་བརྙན་ནམ་ཟླ་བ་གཉིས་སྣང་ལྟར་རྣམ་པ་ཙམ་མ་འགགས་པ་དང༌། སྨིག་རྒྱུའི་ཆུ་ལྟར་གཟོད་མ་ནས་སྤྲོས་པ་ཉེ་བར་ཞི་བ་དང༌། སྒྱུ་མའི་རྟ་གླང་ལྟར་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྟེ་རྣམ་པར་དག་པ་ཡིན་པས་སོ། །གཉེན་པོ་བྱེད་ཚུལ་ནི། སྤྱིར་ཏེ་གཟུང་བ་རྨི་ལམ་ལྟར་རྟོགས་པ་ལ་སོགས་པ་རེ་རེ་བསྒོམས་པས་ཀྱང་དེ་ལ་བདེན་འཛིན་ཐམས་ཅད་སྤོང་བར་ནུས་པའོ། །གསུམ་པ་ལམ་གསུམ་པ་ཟག་མེད་ལ་ཡོད་པའི་རྣམ་པ་ནི། གཉེན་པོར་གྱུར་པ་དག་ཡིན་ནོ། །གང་ན་མཐོང་ལམ་ཟག་མེད་ཀྱི་རྣམ་པ་དྲུག་ནིའོ། །དྲུག་གང་ན། ཕྱིའི་གཟུང་བ་དོར་བྱ་ཀུན་ནས་ཉོན་མོངས་པའི་དངོས་པོ་མེད་པ་དང༌། དེ་བླང་བྱ་རྣམ་པར་བྱང་པའི་དངོས་པོར་མེད་པ་དང༌། དེའི་རང་བཞིན་གོས་པ་མེད་པ་འོད་གསལ་བ་དང༌། དེ་གཟུཊ་སྒྲ་ལ་སོགས་པའི་དབྱེ་བའི་སྤྲོས་པ་མེད་པ་དང༌། དེ་རང་བཞིན་གྱིས་སྟོང་པར་རྟོགས་པའི་རྟོགས་པ་ལ་རློམ་པ་སྟེ་རློམ་པར་བྱར་མེད་པ་ཉིད་དང་དེ་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་མི་གཡོ་བ་སྟེ་སྲིད་པ་ཇི་སྲིད་ཀྱི་བར་དུ་གནས་པར་རྟོགས་པའི་རྣམ་པའོ། །གང་གི་ན། རྣམ་པར་རྟོག་པ་ཤེས་སྒྲིབ་དྲུག་རྣམས་ཀྱིའོ། །དྲུག་གང་ན། ཕྱིའི་གཟུང་བ་ལ་ཀུན་ནས་ཉོན་མོངས་པ་དོར་བྱར་རྟོག་པའི་ཤེས་སྒྲིབ་


JLD018_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེ་བཞིན་དུ་སྦྱར་ནས་དེ་ལ་རྣམ་པར་བྱང་བ་བླང་བྱ་དང༌། དེའི་རང་བཞིན་ལ་ཉོན་མོངས་པའི་བག་ཆགས་ཀྱིས་གོས་པའི་དྲི་མ་ཅན་དང༌། དེ་ལ་གཟུགས་དང་སོགས་པས་རེག་བྱའི་བར་གྱི་སྤྲོས་པ་སྟེ་དབྱེ་བ་དང་ལྡན་པ་དང༌། དེ་ངོ་བོས་སྟོང་པར་རྟོགས་པའི་རང་གི་རྟོགས་པ་ལ་གཟུང་བ་བདེན་པ་སྔར་ཡོད་ཕྱིས་མེད་པར་རྟོགས་པའོ་ཞེས་དང༌། དེ་ངོ་བོས་སྟོང་པའི་རང་བཞིན་ལ་རེ་ཞིག་སྟོང་ཡང་ཕྱིས་དེ་ལོག་ནས་མི་སྟོང་བར་འཛིན་པས་ཡོངས་སུ་ཉམས་པར་རྣམ་པར་རྟོག་པའོ། །གཉེན་པོ་དྲུག་པོ་དེས་སྤྱི་ཙམ་ནས་གཟུང་རྟོག་སྤོང་ཚུལ་ནི། སོ་སོར་ངེས་པ་སྟེ་ཁྱད་པར་རེ་རེ་བའི་གཉེན་པོ་ཡིན་ཏེ། དམིགས་རྣམ་རིས་སུ་ཆད་པས་སོ། །བྱེ་བྲག་ཏུ་ཕྱི་མ་དྲུག་སྤོང་ཚུལ་ནི། སྤང་གཉེན་གྱི་གྲངས་གོ་རིམས་བཞིན་དུའོ། །གསུམ་པ་ནི། དེ་ལྟར་སོགས་སོ། །བཞི་པ་ནི། སྤྱིར་ན་སོགས་སོ། །གཉིས་པ་ནི་དོན་བཤད་པའི་གཉིས་པ་སྟེ་ལམ་ཤེས་ཀྱི་རྣམ་པའི་ས་བཅད་སྤྲོ་ཞིང་དང་པོར་མཚམས་སྦྱར་དང་མདོར་བསྟན་ཀྱི་སྐོར། གཉིས་པ་ལ་བཞི་ལས། སྦྱར་བ་ནི། གཞི་ཤེས་ཀྱི་རྣམ་པ་དེའི་འོག་ཏུ་ལམ་ཤེས་ཀྱི་རྣམ་པ་གསུངས་སོ། །བསྟན་པ་ནི། ལམ་ཤེས་ཀྱི་རྟོགས་བྱའི་རྣམ་པ་གང་ན། འདོད་ཆགས་དང་བྲལ་བའི་རྣམ་པ་ནས་བཟུང་སྟེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པའི་བར་སོ་དྲུག་མདོ་ལས་བསྒྲགས་པའོ། །ཚིག་གང་གིས་ན་ཡུམ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆགས་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་པ་ནས་


JLD018_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་ཞེས་པའི་བར་གྱིས་སོ། །དེས་ན་འདིར། འདོད་ཆགས་བྲལ་བ་ནས་བཟུང་སྟེ། །དངོས་མེད་ངོ་བོ་ཉིད་ཀྱི་བར། །ཞེས་པ་དོན་ལ་འཐོབ་བོ། །རྣམ་པ་དེ་རྣམས་བདེན་བཞིའི་ཆོས་སུ་སྦྱར་ན་རྒྱུ་ཀུན་འབྱུང་ལ་རྣམ་པ་དེ་དག་བརྒྱད་དང༌། ལམ་ལ་དེ་དག་བདུན་དང༌། སྡུག་བསྔལ་ལ་དེ་དག་ལྔ་དང༌། འགོག་པ་ལ་དེ་དག་བཅུ་དྲུག་ཅེས་ཁོང་དུ་ཆུད་པར་བྱའོ། །བཤད་པ་ནི་གསུམ་པ་རྒྱས་བཤད་དེ་ལམ་ཤེས་ཀྱི་རྣམ་པ་རྒྱས་པར་བཤད་པའི་ས་བཅད་སྤྲོ་སྟེ་གོ་རིམ་ལ་རྩོད་སྤང་བཤད་པ། བཤད་པ་ལ་གཉིས། གོ་རིམ་ལ་རྩོད་སྤང༌། གོ་རིམ་ཅན་གྱི་རྣམ་པའོ། །དང་པོ་ནི། གསུང་རབ་གཞན་ལས། སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཞེས་པ་ལྟར་འབྲས་བུ་སྔོན་ལ་དང་རྒྱུ་གཉིས་རྗེས་སུ་འཆད་པ་དང༌། འདིར་དེ་ལས་བཟློག་སྟེ་འཆད་པ་གཉིས་མི་མཐུན་པས་གོ་རིམས་ལ་སྐྱོན་ཆགས་ཤེ་ན། དེ་ལྟར་ན་གཞན་གྱི་གོ་རིམས་ཡང་འདི་དང་མི་མཐུན་པའི་ཕྱིར། སྐྱོན་ཆགས་པར་ཐལ་བས་བརྒལ་བརྟག་མཚུངས་སོ། །འོ་ན་གཉིས་འོང་བ་ཅི་ཞེ་ན། གཞན་ནས་བཤད་པ་ནི། དེ་དག་ཤེས་པར་བྱེད་པའི་མངོན་རྟོགས་བསྐྱེད་རིམ་གྱི་དབང་དུ་བྱས་ལ། འདིར་བཤད་པ་ནི། རྒྱུ་ལས་འབྲས་བུ་འགྲུབ་ཚུལ་གྱི་རྒྱུ་འབྲས་དོན་གྱི་རིམ་པའི་སྒོ་ནས་བསྟན་པའི་ཕྱིར་རོ། །རྒྱུ་འབྲས་ཀྱི་རིམ་པ་ཇི་ལྟར་ཡིན་ཞེ་ན། སྤང་བྱ་ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་བརྟེན་ནས་དེའི་དབང་དུ་བྱས་ནས་


JLD018_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་བའི་བདེན་པ་ནི་རྒྱུ་ཡིན་ལ་སྡུག་བསྔལ་གྱི་བདེན་པ་ནི་འབྲས་བུ་དང༌། ཀུན་ཉོན་གྱི་ཅིག་ཤོས་བླང་བྱ་རྣམ་པར་བྱང་བའི་ཕྱོགས་ལ་བརྟེན་ནས་ལམ་གྱི་བདེན་པ་ནི་རྒྱུ་ཡིན་ལ་འགོག་པའི་བདེན་པ་ནི་འབྲས་བུ་ཡིན་པར་བསྟན་ཏོ། །གཉིས་པ་ལམ་ཤེས་ཀྱི་རྣམ་པ་རྒྱས་པ་བཤད་པའི་གཉིས་པ་སྟེ་གོ་རིམ་ཅན་གྱི་རྣམ་པའི་ས་བཅད་སྤྲོ་ཞིང་ཀུན་བདེན་སྤང་གཉེན་གྱི་སྒོ་ནས་བཤད་པ། གཉིས་པ་ལ་གཉིས། གྲངས་ཀྱི་སྒོ་ནས་ཡོད་ས་མདོར་བསྟན། ངོ་བོའི་སྒོ་ནས་ཡོད་ཆོས་རྒྱས་པར་བཤད་པའོ། །དང་པོ་ནི། ཀུན་འབྱུང་བ་སོགས་ཏེ་རྩ་བ་ལྟར་རོ། །གཉིས་པ་ལ་བཞི། ཀུན་བདེན་སྤང་གཉེན་དང༌། ལམ་བདེན་དམ་བཅའ་དང་འཐད་པ་དང༌། སྡུག་བདེན་རང་སྤྱིའི་མཚན་ཉིད་དང༌། འགོག་བདེན་སྟོང་ཉིད་ཀྱི་སྒོ་ནས་བསྟན་པའོ། །དང་པོ་ནི། བདེན་བཞིའི་རྣམ་པ་དེ་ལ་སྟེ་དེའི་ནང་ནས་ཀུན་འབྱུང་གི་རྣམ་པ་འཆད་པ་ནི། རྒྱུའི་བདེན་པ་ཀུན་འབྱུང་ལ་ནི་དེའི་རྣམ་པ་སྤང་བྱ་བརྒྱད་ཡིན་ནོ། །རྒྱུ་མཚན་ནི། རྒྱུ་དང་ཀུན་འབྱུང་དང་རབ་སྐྱེ་དང་རྐྱེན་རྣམས་ཀྱི་གཉེན་པོར་གྱུར་པ་གསུམ་དང་གསུམ་དང་གཅིག་དང་གཅིག་སྟེ་གཉེན་པོའི་རྣམ་པ་བརྒྱད་མདོར་དངོས་སུ་གསུངས་པས་སྤང་བྱ་བརྒྱད་ཤུགས་ལ་འཕངས་པ་དེ་ལྟར་ནའོ། །གང་ཞིག་གང་གི་གཉེན་པོ་ཡིན་ན་གཉེན་པོར་གྱུར་པ་ཡིན་ནོ། །གང་ན། འདོད་ཆགས་དང་བྲལ་བའི་རྣམ་པ་ནས་སེམས་ཅན་མེད་པའི་རྣམ་པའི་བར་བརྒྱད་དག་ནིའོ། །གང་གི་ན། འདུན་པ་ནས། སེམས་ཅན་དུ་མངོན་པར་ཞེན་པའི་བར་བརྒྱད་པོ་དེ་རྣམས་ཀྱིའོ། །ཚུལ་ནི། སྤང་བྱ་བརྒྱད་དང་གཉེན་པོ་བརྒྱད་ཀྱི་སྔ་ཕྱིའི་གྲངས་ཀྱི་གོ་རིམ་ཇི་ལྟ་བ་བཞིན་སྦྱར་ཏེ། འདི་


JLD018_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པའི་འདོད་ཆགས་དང་བྲལ་བའི་ལམ་ཤེས་ཀྱི་རྣམ་པ་ནི། ཡུལ་ལ་ལྟ་བ་སོགས་སུ་བྱེད་འདོད་པའི་འདུན་པའི་གཉེན་པོ་དང་ལམ་ཤེས་ཀྱི་རྣམ་པ་ཞེས་འོག་མ་རྣམས་ལ་ཡང་སྦྱར་རོ། །ཡུལ་ལ་མངོན་པར་ཞེན་པས་མི་གནས་པའི་རྣམ་པ་ནི། ཡུལ་འདོད་པ་སྔོན་དུ་འགྲོ་བ་ཅན་གྱི་མངོན་པར་ཞེན་པ་འདོད་ཆགས་ཀྱི་གཉེན་པོ་སྟེ། རྒྱུ་མཚན་ནི། རིམ་པ་ལྟར་ལམ་ཤེས་ཀྱི་ཤེས་རྣམ་དེ་གཉིས་རྒྱུད་ལ་སྐྱེས་སྟོབས་ཀྱིས་སྤང་བྱ་དེ་གཉིས་ལྡོག་པས་སོ། །དེ་ཡང་འདུན་པའི་སྐབས་སུ་འདོད་ཆགས་གཙོ་བོ་ཡིན་པས་འདོད་ཆགས་མེད་ན་འདུན་པ་ཡང་ལྡོག་པའོ། །ཡང་ན་དངོས་འབྲས་འདོད་ཆགས་མེད་པས་དེའི་དངོས་རྒྱུ་འདུན་པ་མེད་པར་སྟོན་པ་སྟེ། དངོས་རྒྱུ་ཡོད་ན་དངོས་འབྲས་མི་སྐྱེ་བ་མི་སྲིད་པས་སོ། །འདོད་ཆགས་ཡུལ་ལ་དངོས་སུ་འཇུག་པའི་སྐབས་སུ་འདུན་པ་ནི་དེའི་རྒྱུ་ཡིན་པས་འདུན་པ་མེད་ན་འདོད་ཆགས་ཀྱང་ལྡོག་པས་སོ། །དེ་ལྟར་ན། མདོ་ལས། ཀུན་འབྱུང་གི་རྣམ་པ་རྣམས་གཉེན་པོའི་སྒོ་ནས་བསྟན་པས་དེར་གསུངས་པའི་འདོད་ཆགས་དང་བྲལ་བ་དང་འདུན་པ་དང་བྲལ་བའི་རྣམ་པ་གཉིས། རིམ་པ་ལྟར་འདུན་པ་དང་འདོད་ཆགས་ཀྱི་གཉེན་པོར་བཤད་དགོས་པས་དེ་དག་སྤང་གཉེན་ཡིན་པའི་རྒྱུ་མཚན་དུ་འགྲེལ་མཛད་རྣམས་ཀྱིས་དེ་གཉིས་གཅིག་དང་བྲལ་བ་ནི་ཅིག་ཤོས་དང་ཡང་བྲལ་བ་ཙམ་ཞིག་སྦྱར་བ་ཡིན་ཏེ། ཉི་སྣང་ལས། འདི་དག་ནི་དངོས་པོ་ཕན་ཚུན་རྗེས་སུ་བྱེད་པ་ཡིན་ཏེ། མཚུངས་པར་ལྡན་པ་ཡིན་པའི་ཕྱིར་རོ། །ཞེས་འདོད་


JLD018_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གཉིས་ལ་གསུངས་པ་ལྟར་རོ། །འདུན་པ་དང་འདོད་ཆགས་གཉིས་མཚུངས་ལྡན་དུ་ཁས་ལེན་ན་གཉིས་ཀ་སྲེད་པར་མི་བྱ་སྟེ། དེ་ནི་སེམས་བྱུང་རྫས་ཡོད་ཡིན་ལ་རྫས་ཡོད་གཉིས་མཚུངས་ལྡན་མི་སྲིད་པས་སོ། །དེས་ན་ཡུལ་ངེས་ཀྱི་འདུན་པ་ལ་བྱའོ། །མཚན་མ་དང་ཉེས་པ་ཉེ་བར་ཞི་བའི་རྣམ་པ་ནི་མ་འོངས་པའི་ལྷ་མིའི་ལུས་ལ་མངོན་པར་དགའ་བའི་སྲིད་པའི་གཉེན་པོ་སྟེ། སྤང་བྱ་དེ་གསུམ་ནི་ཀུན་འབྱུང་གི་ངོ་བོའི་རྣམ་པ་རྒྱུ་གང་ཡིན་པ་སྟེ་དེ་ཡིན་ནོ། །འདོད་ཆགས་ལ་སོགས་པ་གསུམ་མེད་པའི་རྣམ་པ་ནི། འདོད་ཆགས་ལ་སོགས་པ་གསུམ་གྱི་གཉེན་པོ་སྟེ་དེ་གསུམ་ནི་ཀུན་འབྱུང་གི་ངོ་བོའི་རྣམ་པ་ཀུན་འབྱུང་བ་གང་ཡིན་པ་སྟེ་དེ་ཡིན་ནོ། །ཉོན་མོངས་ཀྱི་རྒྱུ་ཚུལ་མིན་ཡིད་བྱེད་དང་བྲལ་བས་དེ་མེད་པའི་རྣམ་པ་ནི་གཙང་བདེ་སོགས་སུ་ཀུན་ཏུ་རྟོག་པའི་གཉེན་པོ་སྟེ་དེ་ནི་ཀུན་འབྱུང་གི་ངོ་བོའི་རྣམ་པ་རབ་ཏུ་སྐྱེ་བ་གང་ཡིན་པ་དེ་ཡིན་ནོ། །སེམས་ཅན་ནམ་བདག་མེད་པར་ཤེས་པའི་རྣམ་པ་ནི། སེམས་ཅན་དུ་མངོན་པར་ཞེན་པ་འཇིག་ལྟའི་གཉེན་པོ་སྟེ་དེ་ནི་ཀུན་འབྱུང་གི་ངོ་བོའི་རྣམ་པ་རྐྱེན་གང་ཡིན་པ་སྟེ་དེ་ཡིན་ནོ། །འགྲེལ་པ་རྣམས་ཀྱི་ཚིག་ལ་གཉེན་པོ་བརྒྱད་པོ་དེ་ཉིད་ཀུན་འབྱུང་གི་རྣམ་པ་བརྒྱད་ལ་འདྲེན་པ་ལྟར་སྣང་ཡང་དོན་རྣམ་གྱི་སྐབས་ཡིན་པས་སྔར་བཤད་པ་ཉིད་འཐད་དོ། །དེ་ལྟར་མདོ་ལས་ཀུན་འབྱུང་གི་རྣམ་པ་དངོས་མ་བསྟན་པར་གཉེན་པོ་གསུངས་པ་ནི་ཀུན་འབྱུང་དེ་སྤང་བྱར་བསྟན་པའི་ཕྱིར་རོ། །


JLD018_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི་ངོ་བོའི་སྒོ་ནས་ཡོད་ཆོས་རྒྱས་པར་བཤད་པའི་གཉིས་པ་སྟེ་ལམ་བདེན་གྱི་རྣམ་པ་དམ་བཅའ་དང་འཐད་པའི་སྒོ་ནས་བཤད་པ། གཉིས་པ་ནི་ལམ་གྱི་བདེན་པ་ལ་དེའི་རྣམ་པ་བདུན་ཡིན་ནོ། །རྒྱུ་མཚན་ནི། ལམ་གྱི་རྣམ་པ་གཉིས་དང་རིགས་པའི་གཉིས་དང༌། སྒྲུབ་པའི་གཉིས་དང་ངེས་འབྱིན་གྱི་རྣམ་པ་གཅིག་སྟེ། བདུན་གསུངས་པ་དེ་ལྟར་ནའོ། །བདུན་ཇི་ལྟ་བུ་ཞེ་ན། ངོ་བོ་ཉིད་ཡིན་ནོ། །གང་ན་མདོར་གསུངས་པའི་ཚད་མེད་པའི་རྣམ་པ་ནས་ཆགས་པ་མེད་པའི་རྣམ་པའི་བར་བདུན་དག་ནིའོ། །གང་གི་ན། སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ལམ་ནས་ངེས་པར་འབྱིན་པ་གང་ཡིན་པ་བདུན་པོ་དེ་རྣམས་ཀྱིའོ། །ཇི་ལྟར་ན་བདུན་ཚན་གཉིས་ཀྱི་གྲངས་ཀྱི་གོ་རིམས་ཇི་བཞིན་དུའོ། །ཅིའི་ཕྱིར་བདུན་པོ་དེས་གསུངས་ཤེ་ན། ཚད་མེད་པས་ནི། སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པར་བྱེད་པའི་ཐེག་ཆེན་ལམ་གྱི་ངོ་བོ་བསྟན་ལ། མཐའ་གཉིས་དང་མ་འབྲེལ་བས་ནི། དེས་ཇི་ལྟར་སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་རྒྱུ་མཚན་བསྟན་ཏེ། སྲིད་ཞིའི་མཐའ་གཉིས་སུ་འཛིན་པ་དང་བྲལ་བའི་སྒོ་ནས་གཞན་གྱི་དོན་བྱེད་པས་སོ། །དེ་ཡང་སྲིད་ཞི་གང་རུང་ལ་ཞེན་ན་ཚད་མེད་པའི་དོན་བྱེད་པ་མི་འབྱུང་བས་སོ། །ཐ་མི་དད་པས་ནི། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐ་མི་དད་པར་མ་ལུས་པར་རྟོགས་པ་རིགས་པ་གང་ཡིན་པའི་ངོ་བོ་བསྟན་ལ། མཆོག་ཏུ་འཛིན་པ་མེད་པས་ནི། ཐེག་ཆེན་གྱི་རིགས་པ་དེ་ཇི་ལྟར་མ་ལུས་པ་རྟོགས་པ་ཡིན་པའི་རྒྱུ་མཚན་བསྟན་ཏེ། ཉན་རང་གི་ས་ཙམ་གྱིས་ཆོག་མི་ཤེས་པར་ཐེག་ཆེན་གྱི་ཡོན་ཏན་མཐའ་དག་སྒྲུབ་པས་སོ། །དེ་ཡང་ཉན་རང་གི་ས་ལ་མཆོག་ཏུ་


JLD018_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ན་ཕྱོགས་གཅིག་པའི་རིགས་པར་འགྱུར་བས་སོ། །རྣམ་པར་མི་རྟོག་པས་ནི་བདག་གཉིས་སུ་མི་རྟོག་པར་ཡུལ་རྟོགས་པར་བྱེད་པའི་སྒྲུབ་པ་གང་ཡིན་པའི་ངོ་བོ་བསྟན་ལ། གཞལ་དུ་མེད་པས་ནི་ཐེག་ཆེན་སྒྲུབ་པ་དེ་ཇི་ལྟར་མི་རྟོག་པ་ཡིན་པའི་རྒྱུ་མཚན་བསྟན་ཏེ། ཐོབ་ཟིན་ཉམས་པ་ལ་དམན་པ་དང་མ་ཐོབ་པ་ཐོབ་པ་ལ་གྱ་ནོམ་པར་འཛིན་པའི་རྟོག་པ་དང་བྲལ་བ་སྔོན་དུ་བཏང་ནས་ཆོས་ཉིད་ལ་ཤེས་བྱའི་ཡུལ་དུ་མི་འཛིན་པས་སོ། །ཆགས་པ་མེད་པའི་རྣམ་པས་ནི། ཆོས་ཐམས་ཅད་ལ་ནམ་མཁའ་ལྟར་ཆགས་པ་དང་བྲལ་བའི་ངེས་པར་འབྱིན་པ་གང་ཡིན་པའི་ངོ་བོ་བསྟན་ལ། དེ་ལ་འཐད་པ་མ་གསུངས་པ་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་ལྟོས་པས་སོ། །དེ་ལྟར་མདོར་ལམ་བདེན་དམ་བཅའ་དང་རྒྱུ་མཚན་གཉིས་གཉིས་ཀྱི་སྒོ་ནས་ཁྱད་པར་དུ་གྱུར་པར་གསུངས་པ་ནི་རྒྱུད་ལ་བརྟེན་པའི་ཕྱིར་རོ། །གསུམ་པ་ནི་ཡོད་ཆོས་རྒྱས་བཤད་ཀྱི་གསུམ་པ་སྟེ་སྡུག་བདེན་གྱི་རྣམ་པ་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་བཤད་པ། གསུམ་པ་ནི་སྡུག་བསྔལ་གྱི་བདེན་པ་ལ་དེའི་རྣམ་པ་ལྔ་ཡིན་ནོ། །རྒྱུ་མཚན་ནི། སྐྱེ་འཇིག་གི་ངོ་བོར་གནས་པས་མི་རྟག་པ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁྱབ་པས་སྡུག་བསྔལ་བ་དང༌། རྟེན་པར་བྱེད་པའི་བདག་དང་འབྲེལ་པ་མེད་པས་སྟོང་པ་དང༌། རང་ཉིད་བདག་མ་ཡིན་པས་བདག་མེད་པ་དང༌། གྲངས་ལྔ་པ་དེ་ཁོ་ནར་ཆོས་ཐམས་ཅད་མངོན་པར་མ་གྲུབ་པས་མཚན་ཉིད་དམ་རང་བཞིན་མེད་པའི་རྣམ་པའི་ངོ་བོ་ཉིད་རྣམས་ཏེ་དེ་ལྟར་ནའོ། །སྔ་མ་བཞི་རང་རང་གི་ངོ་བོ་དང་ཐ་མ་ནི་བཞི་གའི་ངོ་བོ་ཡིན་ཞིང་ཐམས་ཅད་ལ་ཁྱབ་པས་རང་དང་སྤྱི་


JLD018_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ནོ། །བཞི་བ་ནི་ཡོད་ཆོས་རྒྱས་བཤད་ཀྱི་བཞི་བ་སྟེ་འགོག་བདེན་གྱི་རྣམ་པ་སྟོང་ཉིད་ཀྱི་སྒོ་ནས་བཤད་པ། བཞི་པ་ནི། འགོག་བདེན་ལ་དེའི་རྣམ་པ་ནི་བཅུ་དྲུག་ཡིན་ནོ། །རྒྱུ་མཚན་ནི། ནང་སྟོང་པ་ཉིད་ཀྱི་རྣམ་པ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པའི་བར་བཅུ་དྲུག་གསུངས་པ་དེ་ལྟར་ནའོ། །ཇི་ལྟར་ན་དེས་འགོག་པའི་རྣམ་པ་བསྟན་ཅེ་ན། འདི་ལ་ལྔ། དངོས་པོ། བཏགས་པ། བྱེད་པ་པོ། ཡུལ་དུ་འཁྲུལ་བ། ངོ་བོ་ཉིད་འགོག་པའོ། །དང་པོ་ནི་ནང་དང་ཕྱི་དང་གཉིས་ཀའི་སྟོང་པ་ཉིད་ཀྱི་རྣམ་པ་གསུམ་གྱིས་ནི་འགོག་བདེན་གྱི་ངོ་བོའི་རྣམ་པ་འགོག་པའི་ངོ་བོ་ཉིད་བསྟན་ཏེ། དེ་ནི་མིག་སོགས་ནང་དང་གཟུགས་སོགས་ཕྱི་དང་དབང་པོའི་རྟེན་ནང་ཕྱི་གཉིས་ཀའི་ཟག་བཅས་ཀྱི་དངོས་པོ་རྣམས་དགག་པ་སྟེ་འགགས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གཉིས་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ནས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྣམ་པའི་བར་བརྒྱད་ཀྱིས་ནི་འགོག་བདེན་གྱི་ངོ་བོའི་རྣམ་པ་ཞི་བའི་རྣམ་པའི་ངོ་བོ་ཉིད་བསྟན་ཏེ། དེ་ནི་སྟོང་ཉིད་དུ་ལྟ་བའི་གཉེན་པོ་དང༌། དབྱིབས་སུ་བཀོད་པ་ཙམ་གྱི་སྣོད་ཀྱི་འཇིག་རྟེན་དང༌། དོན་དམ་པར་མ་གྲུབ་པའི་གཉེན་པོའི་ཕྱོགས་དོན་དམ་པ་དང༌། འདུས་མ་བྱས་ཀྱི་མཚན་ཉིད་ལ་ལྟོས་པ་ཙམ་གྱི་འདུས་བྱས་དང༌། དེ་ལས་བཟློག་པའི་འདུས་མ་བྱས་དང་མཐར་འཇོག་བྱེད་ཀྱི་དབུས་མ་གྲུབ་པས་རྟག་པ་དང་ཆད་པའི་མཐའ་མེད་པ་དང༌། ཐོག་མཐའ་མེད་པ་དང་འདྲ་བར་དབུས་ཀྱང་ཆོས་ཉིད་ལྟར་གྱུར་པའི་འཁོར་བ་ཐོག་མ་དང་ཐ་མ་མེད་པ་དང༌། གཟིངས་དང་འདྲ་བར་འབྲས་བུའི་ཚེ་སྤང་བར་བྱ་བ་ཡིན་པའི་ཕྱིར་ལམ་དུས་སུ་དོར་བར་བྱ་བ་མེད་པའི་རྟོགས་པའི་ཆོས་ཕྱོགས་མཐུན་ཏེ།


JLD018_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བརྒྱད་ལ་སྒྲོ་བཏགས་པའི་བདག་ཉིད་ཅན་གྱི་མངོན་པར་ཞེན་པ་བརྒྱད་དགག་པ་སྟེ་དེ་བརྒྱད་ཞི་བའི་ཕྱིར་རོ། །རྒྱན་སྣང་དུ་བཏགས་པའི་བདག་ཉིད་ཅན་གྱི་མངོན་པར་ཞེན་པ་རྣམ་པ་བརྒྱད་འགོག་པས་ཞེས་བསྒྱུར་པ་ལྟར་འདིར་ཡང་གོ་བར་བྱའོ། །སྔ་མ་ལ་དངོས་པོ་དང་འདི་ལ་བཏགས་པ་འགོག་པ་ཞེས་གསུངས་པའི་དོན་ཡང༌། སྔ་མར་ཡུལ་ཟག་བཅས་ཀྱི་སྡུག་བསྔལ་དང་འདིར་ཡུལ་ལ་ཡུལ་ཅན་གྱིས་སྒྲོ་བཏགས་པའི་ཞེན་པ་འགོག་པའི་དོན་ཡིན་ནོ། །གསུམ་པ་ནི་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པས་ནི་འགོག་བདེན་གྱི་ངོ་བོའི་རྣམ་པ་གྱ་ནོམ་པའི་རྣམ་པ་བསྟན་ཏེ། དེ་ནི་མུ་སྟེགས་སོགས་གཞན་གྱིས་ཀུན་བཏགས་པའི་གཙོ་བོ་དང་དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་དགག་པ་སྟེ་དེ་དག་གིས་མ་བྱས་པར་རང་བཞིན་གྱིས་སྐྱོན་དང་བྲལ་བའི་དག་པ་ཡིན་པས་སོ། །ཉི་སྣང་ལས། རང་བཞིན་འཕགས་པ་རྣམས་ཀྱིས་མ་མཛད་པའི་ཕྱིར་རོ། །ཞེས་གསུངས་ལ། རྟོག་དཀར། གཞན་གྱིས་ཞེས་བྱ་བ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་རྣམས་ཀྱིས་ཀུན་བཏགས་པའི་བྱེད་པ་པོ་གང་ཡིན་པ་དེ་དགག་པས་རང་བཞིན་སྟོང་པ་ཉིད་ཀྱི་རྣམ་པ་སྟེ། ཡང་དག་པར་ན་བྱ་བ་མེད་པས་ལྷས་བྱིན་ལ་སོགས་པ་ལ་བྱེད་པ་པོ་ནང་ན་མ་དམིགས་པའི་ཕྱིར་དང༌། མ་མཐོང་བར་བཏགས་པ་ནི་ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །ཞེས་སོ། །བཞི་པ་ནི་ཆོས་ཐམས་ཅད་དང༌། རང་གི་མཚན་ཉིད་དང་མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་གསུམ་གྱིས་ནི་འགོག་བདེན་གྱི་ངོ་བོའི་རྣམ་པ་ཇི་ལྟར་ངེས་པར་འབྱུང་བའི་རྣམ་པ་བསྟན་ཏེ་


JLD018_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བཏགས་པ་ཙམ་དུ་དང༌། མཚན་ཉིད་དུ་དང༌། དུས་སུ་འཁྲུལ་པ་གསུམ་དགག་པས་ནིའོ། །གསུམ་ནི་ཆོས་ཐམས་ཅད་དང༌། གཟུགས་སུ་རུང་བ་སོགས་དང་འདས་སོགས་ལ་ཡུལ་དུ་འཁྲུལ་པའི་བདག་ཉིད་དོ། །ངེས་འབྱུང་ནི་ཐོབ་བྱ་ཡིན་པའི་ཕྱིར་ཇི་ལྟར་ངེས་འབྱུང་གིས་འཁྲུལ་པ་གསུམ་བསལ་བས་དེ་ཇི་ལྟར་འཐོབ་ཚུལ་བསྟན་ཏོ། །རྟོགས་དཀར། དཔྱིད་ལ་སོགས་ཞེས་དུས་དེ་ལ་འདོད་པ་ནི་མདོ་མ་གཟིགས་སྣང་ངོ༌། །ལྔ་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་གིས་ནི་འགོག་བདེན་གྱི་ངོ་བོའི་རྣམ་པ་གང་ངེས་པར་འབྱུང་བའི་རྣམ་པ་བསྟན་ཏེ། དེ་ནི་དངོས་པོ་དངོས་མེད་དང་རང་གཞན་གྱི་ངོ་བོ་ཉིད་བཞི་དགག་པས་སོ། །ཁོ་ནའི་རྣམ་བཅད་ནི་རྒྱན་སྣང་ལས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ཁོ་ན་ངེས་པར་འབྱུང་བའི་བདག་ཉིད་ཡིན་ཏེ། ཞེས་སྟོང་ཉིད་ལ་ངེས་བཟུང་སྦྱར་བ་རྟོགས་དཀར་ངེས་པར་འབྱུང་བའི་རྣམ་པ་ཁོ་ན་ཞེས་བྱ་བ་མྱ་ངན་ལས་འདས་པའི་རྣམ་པ་ཉིད་ཡིན་ལ་ཞེས་ངེས་འབྱུང་མྱང་འདས་ལ་བྱས་ནས་སྟོང་ཉིད་ཐ་མ་འདི་མྱང་འདས་ཀྱི་རྣམ་པ་ཁོ་ནའོ་ཞེས་འཆད་ཀྱང༌། དེ་ལྟར་ན་ཐ་མ་ཁོ་ན་གང་ངེས་འབྱུང་གི་རྣམ་པའོ་ཞེས་པའམ། འདི་ལྟར་ན་གང་ངེས་འབྱུང་གི་རྣམ་པ་ཁོ་ན་སྟོང་ཉིད་ཐ་མ་དང་སྦྱོར་ཞེས་པས་རིམ་པ་ལྟར་སྟོང་ཉིད་གཞན་རྣམས་དང་འགོག་པ་ཞི་བ་སོགས་ཀྱི་ལྡོག་པ་གཅོད་དོ། །འདིར་གང་ངེས་འབྱུང་གིས་ནི་ཐོབ་བྱའི་ངོ་བོར་བདེན་པ་བཀག་སྟེ། ངོ་བོ་བཞི་མེད་པར་བསྟན་པས་སོ། །སྔ་མ་རྣམས་ཀྱིས་གློ་བུར་དྲི་བྲལ་དང་ཕྱི་མ་རྣམས་ཀྱིས་རང་བཞིན་རྣམ་


JLD018_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དག་བསྟན་པར་ཤེས་སྒྲོན་དུ་འཆད་དོ། །དངོས་པོ་འགོག་པ་ལ་སོགས་པའི་འགོག་པ་ལྔ་པོ་འདི་དག་ནི་མདོར་དེ་བཞིན་གཤེགས་པའི་ཚིག་གིས་བསྟན་པར་འཕགས་པ་བཞེད་དོ། །དེ་ལྟར་འགོག་བདེན་སྒྲིབ་པ་འགགས་པས་བསྟན་པ་ནི་མངོན་དུ་བྱ་རྒྱུར་བསྟན་པའི་ཕྱིར་རོ། །དོན་བསྡུ་བ་ནི། སྤྱིར་སོགས་སོ། །གསུམ་པ་ནི་དོན་བཤད་པའི་གསུམ་པ་སྟེ་རྣམ་མཁྱེན་གྱི་རྣམ་པ་བཤད་པའི་ས་བཅད་སྤྲོ་ཞིང་དང་པོ་མཚམས་སྦྱོར་དང་རྩ་བ་དངོས་དང་རྩོད་སྤང་སོགས། གསུམ་པ་ལ་གསུམ་ལས། དང་པོ་ནི། ལམ་ཤེས་ཀྱི་རྣམ་པ་དེའི་འོག་ཏུ་རྣམ་མཁྱེན་གྱི་རྣམ་པ་གསུངས་སོ། །གཉིས་པ་ལ་གཉིས། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། རྣམ་མཁྱེན་གྱིས་རྟོགས་བྱའི་རྣམ་པ་གང་ན། ཡུམ་འདི་ནི་དྲན་པ་ཉེ་བར་བཞག་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་དང་ཚོར་བ་དང་སེམས་དང་ཆོས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་དྲན་པ་ཉེར་གཞག་གི་རྣམ་པ་ནས་བཟུང་སྟེ་ཡུམ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཉིད་ཀྱི་ཕྱིར་རོ། །ཞེས་སངས་རྒྱས་ཉིད་ཀྱི་རྣམ་པའི་མཐར་ཐུག་པ་སྟེ་བར་བརྒྱ་དང་བཅུ་བཞེད་པ་སྟེ་མདོ་ལས་བཤད་པ་རྣམས་སོ། །དེ་ནི་མདོ་ལས་གསུངས་པ་ལ་ཐོག་མཐའ་བཟུང་ནས་བཤད་བྱ་བཀོད་པའོ། །དེ་བསྟན་བཅོས་ཀྱིས་བཤད་པའི་ཚུལ་ནི་དེ་ལྟར་གསུངས་པའི་རྣམ་པ་ལ་སློབ་མ་ཉན་ཐོས་རྣམས་ལ་ལུས་དྲན་ཉེ་ནས་འཕགས་ལམ་ཡན་ལག་བརྒྱད་པའི་བར་རྣམ་པ་དེ་སུམ་ཅུ་རྩ་བདུན་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་ཐར་གྱི་སྒོ་དང་པོ་


JLD018_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡེ་ཤེས་ཀྱི་ཕར་ཕྱིན་གྱི་བར་རྣམ་པ་དེ་སུམ་ཅུ་རྩ་བཞི་དང༌། སངས་རྒྱས་རྣམས་ལ་སྟོབས་དང་པོ་ནས་སངས་རྒྱས་ཀྱི་རྣམ་པའི་བར་རྣམ་པ་དེ་སུམ་ཅུ་རྩ་དགུ་དག་ཏུ་ཤེས་པར་བྱའོ། །བརྒྱ་དང་བཅུ་པོ་དེ་ལ་གང་ཟག་གསུམ་གྱི་རྣམ་པ་དེ་དག་ཏུ་དབྱེར་ཡོད་པའི་རྒྱུ་མཚན་གང་ཞེ་ན། ཀུན་མཁྱེན་གསུམ་གྱིས་བསྡུས་པའི་ལམ་གྱི་བདེན་པའི་རྗེས་སུ་མཐུན་པར་ཏེ་ལམ་གསུམ་དུ་ཕྱེ་བས་ནའོ། །གཉིས་པ་ལ་གཉིས་ལས། རྩོད་པ་ནི། གལ་ཏེ་རྣམ་མཁྱེན་གྱི་རྣམ་པ་ནི་གང་ཟག་གསུམ་གྱི་ནང་ནས་སངས་རྒྱས་ཁོ་ན་ལ་ཡོད་པ་དང༌། མཁྱེན་གསུམ་གྱི་ནང་ནས་རྣམ་མཁྱེན་ཁོ་ན་མ་ཡིན་ནམ་ཅིའི་ཕྱིར་གང་ཟག་གསུམ་ལ་ཡོད་པ་དང་མཁྱེན་གསུམ་དུ་དབྱེར་ཡོད་ཅེ་ན། འདིའི་ལན་ལ་གཉིས་ལས། གཞན་ལན་ནི། རྣམ་པ་འདི་དག་དངོས་སུ་ན་སངས་རྒྱས་ཁོ་ན་ལ་ཡོད་ཅིང་རྣམ་མཁྱེན་ཁོ་ན་ཡིན་མོད། རྟེན་གསུམ་ལ་ཡོད་པ་དང་མཁྱེན་གསུམ་དུ་ཕྱེ་བ་ནི་རྣམ་མཁྱེན་གྱིས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཡོན་ཏན་ཡར་ལྡན་དུ་བསྡུས་པས་ཉན་ཐོས་དང་བྱང་སེམས་ཀྱི་རྒྱུད་ལ་སྐྱེས་པའི་སོ་བདུན་དང་སོ་བཞི་དང་རྗེས་སུ་མཐུན་པ་རྣམ་མཁྱེན་ལ་ཡོད་པ་དེ་དག་ལ་དེ་དག་གི་མིང་གིས་བཏགས་ནས་བསྟན་པ་ཙམ་མོ་ཞེས་སྔ་མ་དག་འཆད་དེ། ལམ་གྱི་བདེན་པའི་རྗེས་མཐུན་པར། །ཞེས་པའི་དོན་དུ་སེམས་སོ། །རྟོགས་དཀའ་ལས་ཀྱང་འདིར་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་རྣམ་པ་བརྒྱ་རྩ་བཅུ་ཡང་དག་པར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་པར་བཤད་ལ། དེ་ཡང་ཉན་ཐོས་ལ་སོགས་པའི་


JLD018_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གསུམ་གྱི་བྱེ་བྲག་གིས་གསུམ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཞེས་དང༌། ཚིག་གསལ་ལས་ཀྱང༌། རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་བརྒྱ་རྩ་བཅུ་པོ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་སྐད་ཅིག་མ་གཅིག་གིས་མཁྱེན་པའི་མཚན་གཞི་དེ་ལ་བརྟེན་པའི་མཚན་ཉིད་དེ། སངས་རྒྱས་ཀྱི་རྒྱུད་ལ་ནི་འཕགས་པའི་སྐྱེ་བོ་མ་ལུས་པའི་ཡོན་ཏན་ལྷུན་གྱིས་གྲུབ་ཅིང་འཇུག་པ་ཞི་བས་རྟེན་པའི་ཕྱིར་རོ། །གཞན་དག་ནི་རྣམ་པ་ཐམས་ཅད་མཁྱེན་པའི་རྣམ་པ་ལ་ཐམས་ཅད་ཤེས་པ་དང་ལམ་ཤེས་པས་བསྡུས་པའི་རྣམ་པ་སུམ་ཅུ་རྩ་བདུན་དང༌། རྣམ་པ་སུམ་ཅུ་རྩ་བཞི་པོ་རྣམས་ནི་ཐེག་པ་ཐམས་ཅད་ནི་སངས་རྒྱས་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུའི་རྣམ་པར་བཞག་གི། དངོས་སུ་ན་ཐམས་ཅད་ཤེས་པ་དང་ལམ་ཤེས་པའི་རྣམ་པར་གོང་དུ་དྲང་ཏེ་བརྩིའོ་ཞེས་ཟེར་ཏེ། ཞེས་བཀོད་པའི་རང་ལུགས་ནི་སྔ་མ་དང་མཐུན་ལ། གཞན་ལུགས་ནི་སོ་བདུན་དང་སོ་བཞི་ཉེར་བདུན་དང་སོ་དྲུག་རྣམས་སུ་བཤད་པར་བྱ་ལ་རྣམ་མཁྱེན་གྱི་ནི་རྒྱུའི་རྣམ་པའོ་ཞེས་འདོད་པའོ། །ཡང་དེ་ཉིད་ལས། ཡང་སྐབས་དེར་བསྟན་པའི་ཐམས་ཅད་ཤེས་པའི་རྣམ་པ་སུམ་ཅུ་རྩ་བདུན་ནི་ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་དང་མཐོང་བའི་ལམ་གྱི་མཚན་གཞི་རྣམས་ཀྱི་མཚན་ཉིད་དོ། །ལམ་ཤེས་པའི་རྣམ་པ་སུམ་ཅུ་རྩ་བཞི་ནི་རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་


JLD018_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགུ་ནི་མཐོང་བ་དང་སྒོམ་པའི་ལམ་གྱི་མཚན་ཉིད་དོ། །ཞེས་དང༌། སྤོང་བའི་ལམ་གྱི་རྣམ་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །སངས་རྒྱས་ཀྱི་ལམ་ནི་འབྲས་བུའི་མཚན་ཉིད་དོ། །ཞེས་བཤད་པ་ལྟར་ན་སྔར་སངས་རྒྱས་སར་བཤད་པ་དང་གཉིས་རིམ་པ་ལྟར་དོན་རྣམ་དང་ཤེས་རྣམ་མམ། རྗེས་སུ་མཐུན་པ་དང་མཚན་ཉིད་པ་ལ་དགོངས་པར་བྱ་དགོས་ལ། སྤྱིར་ཕྱོགས་མཐུན་སོ་བདུན་ལ་སྒོམ་ལམ་མ་སྨོས་ཀྱང་དོན་གྱིས་གོ་བ་ལ་དགོངས་པ་ཡིན་ཀྱང༌། སོ་བཞི་པའི་རྣམ་ཐར་བདུན་སོ་སྐྱེ་ལ་ཡང་ཡོད་པས་འཕགས་པ་ཁོ་ན་ལ་འཆད་པ་ལ་ཤེས་བྱེད་མེད་ལ། ལམ་ལྔ་པ་དང་དྲུག་པ་རྒྱུན་མཐའ་དང་སངས་རྒྱས་སར་བཞེད་པ་ནི་ནོར་བ་ཁོ་ནའོ། །རང་གི་ལན་ནི། སོ་བདུན་དང་སོ་བཞིའི་རྣམ་པ་འདི་དག་རྣམ་མཁྱེན་གྱི་ཤེས་པའི་རྣམ་པ་མིན་ལ་རྒྱུའི་རྣམ་པ་ཙམ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔར་འགྲེལ་ཆེན་གཉིས་ཀྱི་ལུང་དྲངས་པ་ལྟར་རྣམ་པ་རྒྱས་བཤད་དུ་མཁྱེན་གསུམ་གྱིས་རྟོགས་པར་བྱ་བའི་ཡུལ་གྱི་ཁྱད་པར་དོན་གྱི་རྣམ་པ་གཙོ་བོར་བསྟན་པས། འདིར་ཡང་རྣམ་མཁྱེན་གྱིས་རྟོགས་པར་བྱ་བའི་རྣམ་པ་བསྟན་ཅིང་དེ་ལ་སྤྱིར་བདེན་པ་བཞི་ཡོད་མོད་འོན་ཀྱང༌། འདིར་ལམ་བདེན་དང་དེ་ཡང་མཁྱེན་གསུམ་དུ་ཕྱེ་བས་མཁྱེན་གསུམ་གྱི་ལམ་གསུམ་ལ་བརྟེན་པའི་རྣམ་པ་བརྒྱ་དང་བཅུ་སྟེ། ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་གྱི་རྣམ་པ་སུམ་ཅུ་རྩ་བདུན་ཞེས་སོགས་འབྱུང་བས་སོ། །གལ་ཏེ་རྣམ་པ་འདི་དག་ཡུལ་བདེན་བཞིའི་སྒོ་ནས་མ་བསྟན་པར་ཡུལ་ཅན་མཁྱེན་གསུམ་


JLD018_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒོ་ནས་བསྟན་པས་རྣམ་མཁྱེན་གྱི་ཤེས་རྣམ་ཁོ་ནར་འཆད་པ་རིགས་ཏེ། གཞན་དུ་ན་མཁྱེན་པའི་སྒོ་ནས་བཤད་པ་མ་འབྲེལ་ཞེ་ན། རྣམ་མཁྱེན་ནི་ཡུལ་གཞི་ལམ་རྣམ་གསུམ་དང་ཡུལ་ཅན་མཁྱེན་གསུམ་ལ་བརྟེན་པའི་རྣམ་པ་མཐའ་དག་གི་ཡུལ་ཅན་ཡིན་པས་འདིའི་རྣམ་པ་སྟོན་པ་ན་གཞི་ཤེས་དང་ལམ་ཤེས་གཉིས་ཀྱི་རྣམ་པ་ཡང་སྟོན་དགོས་ལ། སྔར་མཚན་ཉིད་ཀྱི་སྒོ་ནས་བསྟན་པས་འདིར་ནི་དེ་གཉིས་མཚན་གཞིའི་སྒོ་ནས་བསྟན་ཏོ། །སྔར་གྱི་ཉེར་བདུན་དང་སོ་དྲུག་གི་དོན་རྣམ་དེ་གཉིས་རྟོགས་པར་བྱེད་པ་པོ་ནི་འདིའི་སོ་བདུན་དང་སོ་བཞི་ཡིན་པའི་ཕྱིར། ཡུལ་ཅན་འདི་དག་དམིགས་པར་བཤད་པ་ན་དེ་དག་གི་ཡུལ་བདེན་བཞི་ཡང་འདིའི་དམིགས་པར་འགྱུར་ཏེ། ལམ་དེའི་དམིགས་ཡུལ་དང་རྣམ་པ་འདི་ལྟ་བུའོ་ཞེས་མ་གཟུང་བར་དེ་ཤེས་པར་བྱེད་མི་ནུས་པས་སོ། །དོན་གྱི་དབང་འདི་གཟིགས་ནས་བསྟན་བཅོས་སུ་དངོས་སུ་ལམ་བདེན་ལ་བརྟེན་པའི་རྣམ་པ་ཉི་ཚེ་བཤད་དོ། །རྣམ་མཁྱེན་ནི་རྣམ་པ་མཐའ་དག་གི་ཡུལ་ཅན་ཡིན་པའི་ཕྱིར་མཁྱེན་པ་དང་པོ་གཉིས་ལ་བརྟེན་པའི་རྣམ་པ་ཡང་དེའི་ཡུལ་དུ་བསྟན་དགོས་པས། འདིར་དེ་གཉིས་བསྟན་པ་དང༌། སྔར་དེ་གཉིས་ཀྱི་རྣམ་པ་བཤད་པ་ལ་ཟློས་པ་ཡང་མེད་དེ། །སྔར་ནི་དེ་གཉིས་རང་གི་རྟོགས་བྱ་བསྟན་ལ་འདིར་ནི་རྣམ་མཁྱེན་གྱི་རྟོགས་བྱར་བསྟན་པས་སོ། །ཤེར་འབྱུང་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་རྣམས་ཁོ་ནས་ཐམས་ཅད་ཤེས་པ་ཉིད་གཉིས་ཀྱི་རྣམ་པ་རྣམས་བསྡུས་པའི་


JLD018_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དེ་གཉིས་ལོགས་སུ་བསྟན་པས་ཅི་བྱ། འོན་ཏེ་ཐ་དད་པར་བསྟན་པ་ཡིན་ཡང་ཕྱིས་བསྡུས་པ་ཡིན་ནོ།། དེ་ལྟ་ན་འོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འབའ་ཞིག་བསྟན་པར་ཐལ་ལོ་ཞེ་ན། བརྗོད་པ་དངོས་པོ་དང་ལམ་ཤེས་པའི་རྣམ་པ་ཐམས་ཅད་རྟོགས་ཀྱང་རྣམ་པ་ཐམས་ཅད་རྟོགས་པ་མེད་པའི་ཕྱིར་དང༌། རྣམ་པ་ཐམས་ཅད་རྟོགས་པ་མེད་ན་མེད་པ་ཉིད་ཀྱིས་དེ་རྟོགས་པ་ཡང་ཡོད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དེ་གཉིས་ཀྱང་བསྡུས་པ་ཡིན་ནོ། །རྣམ་པ་རྣམས་ནི་དེ་བཞིན་དུ་ཕན་ཚུན་བསྡུས་པ་མ་ཡིན་ཏེ། འདིར་དེ་རྣམས་ཉིད་དམིགས་པར་འདོད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཙམ་ལོགས་སུ་བསྟན་པ་ཡང་མ་ཡིན་ཏེ། དངོས་པོ་དང་ལམ་གྱི་རྣམ་པ་ལ་གནས་པའི་རྣམ་པ་རྣམས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ཡིན་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་ཐམས་ཅད་ཤེས་པ་ཉིད་ཀྱིས་དངོས་པོ་ཐམས་ཅད་རྟོགས་པ་སྔོན་དུ་འགྲོ་བ་ཅན་གྱི་ལམ་ཤེས་པ་ཉིད་ཀྱིས་ལམ་ཐམས་ཅད་རྟོགས་པ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀུན་མཁྱེན་པ་གསུམ་གྱི་རྣམ་པ་རྟོགས་པའི་ཕྱིར་ན་ཐམས་ཅད་ཤེས་པ་ཉིད་གཉིས་ལན་གཉིས་བཟླས་པ་ཡིན་ནོ་ཞེས་འབད་པས་ཤེས་པར་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པ་དེ་རྣམས་ཡུལ་ཉིད་ཀྱིས་དེའི་རྟེན་ཀུན་མཁྱེན་གསུམ་པོ་རྣམས་ཀྱང་ཡུལ་ཡིན་ནོ་ཞེས་རྣམ་མཁྱེན་གྱི་རྣམ་པར་གཞན་གཉིས་ཀྱང་བསྟན་པས་དེ་གཉིས་


JLD018_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བསྟན་པ་དང་ཟློས་ལ། འོན་ཏེ་སྔར་སོ་སོ་དང་ཕྱིས་བསྡོམས་ཏེ་བཤད་ན་རྣམ་མཁྱེན་ཀྱང་དེ་གཉིས་ལས་ལོགས་སུ་བསྟན་དགོས་སོ་ཞེས་པའི་ལན་དུ། གཞི་ལམ་གྱི་རྣམ་པའི་ལྡོག་པ་ཙམ་མཁྱེན་པས་རྣམ་པ་ཐམས་ཅད་མི་རྟོགས་ཤིང༌། ཐམས་ཅད་རྟོགས་པ་དེ་མེད་ན་རྣམ་མཁྱེན་ཀྱང་མེད་པས་དེའི་རྣམ་པས་གཞན་གཉིས་ཀྱང་བསྡུས་ཏེ་དེ་གཉིས་ཀྱི་རྣམ་པ་རྟོགས་པ་ཡང་རྣམ་མཁྱེན་ལ་ཡོད་པས་སོ་ཞེས་རྣམ་མཁྱེན་གྱི་རྣམ་པ་ལ་གཉིས་ཀྱི་རྣམ་པ་སྟོན་དགོས་པའི་རྒྱུ་མཚན་དང༌། གཞི་ལམ་གྱི་རྣམ་པས་རྣམ་མཁྱེན་བཞིན་རྣམ་པ་ཐམས་ཅད་མ་བསྡུས་པ་དང༌། རྣམ་མཁྱེན་རྣམ་པ་སྤྱིའི་ཡུལ་ཅན་ཡིན་པས་དེའི་རྣམ་པ་ཙམ་ལོགས་སུ་སྟོན་པར་མི་རིགས་པ་དང༌། མཁྱེན་གསུམ་གྱི་རྣམ་པ་ཡུལ་ཡིན་པས་དེ་དང་དབྱེར་མེད་པའི་ཀུན་མཁྱེན་གསུམ་ཡང་རྣམ་མཁྱེན་གྱི་ཡུལ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་འདིར་མཁྱེན་གསུམ་གྱི་རྣམ་པ་གང་ཟག་དང་མཁྱེན་པ་སོ་སོ་ལ་ངེས་པར་བཤད་པ་དང༌། ལུས་རྣམ་གཞག་གི་མཁྱེན་གསུམ་གྱི་རྟེན་གསུངས་པ་རྣམས་འབྲེལ་བའི་ཕྱིར་སྒྲས་ཟིན་གང་ཟག་གསུམ་སོ་སོ་ལ་བྱས་ནས་སངས་རྒྱས་སར་དེ་ཡུལ་དུ་བྱེད་པའི་དེ་དང་རིགས་མཐུན་གྱི་རྣམ་པ་གཟུང་ངོ༌། །གསུམ་པ་ནི་རྣམ་མཁྱེན་གྱི་རྣམ་པ་བཤད་པའི་གསུམ་པ་སྟེ་འགྲེལ་བས་བཤད་པའི་ས་བཅད་སྤྲོ་ཞིང་དང་པོར་མདོར་བསྟན་གྱི་སྐོར། གསུམ་པ་ལ་གཉིས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། བཞེད་དོ། །གང་ལ་ན། རྣམ་མཁྱེན་གྱི་རྣམ་པ་ལའོ། །ཇི་ལྟར་ན། ཉན་ཐོས་ལ་ཡོད་པའི་སོ་བདུན་དང༌། བྱང་སེམས་རྣམས་ལ་ཡོད་པའི་སོ་བཞི་དང༌།


JLD018_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ལ་ཡོད་པའི་སོ་དགུར་རོ། །རྒྱུ་མཚན་ནི། དྲན་པ་ཉེ་བར་བཞག་པ་ནས་བཟུང་སྟེ་འཕགས་ལམ་བརྒྱད་པའི་བར་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ནང་ནས་གཞི་ཤེས་ཀྱིས་བསྡུས་པའི་ལམ་ཡིན་པའི་སྒོ་ནས་ཏེ་རྒྱུ་མཚན་གྱིས་སོ། །དེ་བཞིན་དུ་གཞན་གཉིས་ལ་ཡང་སྦྱར་རོ། །ཁ་ཅིག་གང་ཟག་དང་ཆོས་ཀྱི་གྲངས་འགྲེལ་པར་སྦྱར་བའི་ཕྱིར་གྲངས་བཞིན་ཞེས་པ་འགྱུར་ལྷད་དོ། །ཞེས་ཟེར་བ་མི་འཐད་དེ། དྲན་ཉེ་ནས་རྣམ་པ་རྣམས་ནི་ཞེས་པ་དང་པོ་བདུན་སོགས་གྲངས་བཞིན་དུ་སྦྱར་དགོས་པའམ། གྲངས་བཞིན་དུ་སྦྱར་ན་འོག་ནས་འབྱུང་བ་འདི་ཞེས་པའི་དོན་ཡིན་པས་སོ། །དེ་ལྟར་དབྱེར་རུང་བ་ཅི་ཞེ་ན། རྣམ་མཁྱེན་གྱིས་འཕགས་པའི་གང་ཟག་ཉན་རང་དང་བྱང་སེམས་སངས་རྒྱས་ཐམས་ཅད་ཀྱི་དབང་དུ་མཛད་ནས་མཁྱེན་གསུམ་གྱི་རྣམ་པ་རྣམས་ཡུལ་དུ་བསྡུས་པའི་ཕྱིར་རོ། །འདི་ནི་ཉི་སྣང་ལས། དེ་ལ་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་བསྡུས་པར་འགྱུར་བ་ཡིན་ཏེ་ཞེས་པ་ལྟར་རྣམ་འགྲེལ་དང་རྒྱན་སྣང་དུ་བཀོད་པའི་དོན་ནོ། །ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་ལམ་ཡིན་ཞེས་པ་འདི་ལམ་གྱི་བདེན་པའི་རྗེས་མཐུན་པ་ཞེས་པའི་འགྲེལ་པ་ཡིན་ལ། ཉི་སྣང་ལས་ཀྱང་དེ་ལ་ལམ་གྱི་བདེན་པ་དང་རྗེས་སུ་མཐུན་པ་ནི་འདི་ཡིན་ནོ་ལམ་ནི་གསུམ་སྟེ། ཐམས་ཅད་ཤེས་པ་ཉིད་ཀྱི་ལམ་དང་ལམ་ཤེས་པ་ཉིད་ཀྱི་ལམ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མོ། །ཞེས་དེ་དང་མཐུན་


JLD018_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱུང་བས་རྗེས་མཐུན་པའི་དོན་ནི་ཡིན་པ་ལ་བྱེད་ཀྱི་བཏགས་པ་བ་ལ་འདོད་པ་ནི་མི་འཐད་དེ། གཞན་དུ་ན་ལམ་གསུམ་ག་ལ་འབྱུང་བའི་ཕྱིར་སོ་དགུ་ལ་ཡང་ཐལ་བར་འགྱུར་རོ། །གཉིས་པ་ནི་འགྲེལ་བའི་རྒྱས་བཤད་དེ། དང་པོར་ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སྤྱིར་བཤད་པ། གཉིས་པ་ལ་གསུམ། གཞི་ཤེས་དང༌། ལམ་ཤེས་དང༌། རྣམ་མཁྱེན་གྱི་རྣམ་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། སྤྱི་དང་ཡན་ལག་གི་དོན་ནོ། །དང་པོ་ལ་གསུམ། ལམ་གང་དུ་བསྒོམ་པ། རྫས་བཏགས་ཀྱི་ཁྱད་པར། སྒྲ་བཤད་པའོ། །དང་པོ་ནི། འཇུག་ཊཱིཀ་ཏུ། དེ་ལ་སེམས་བསྐྱེད་པ་དང་པོ་ན་དྲན་པ་ཉེ་བར་བཞག་པ་སྒོམ་ལ་གཉིས་པ་ན་ཡང་དག་པར་སྤོང་བའོ་གསུམ་པ་ན་རྫུ་འཕྲུལ་གྱི་རྐང་པའོ། །ཞེས་དང༌། དབུས་མཐའ་ལས། དབང་པོ་རྣམས་དང་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་དང༌། རྒྱན་ལས། རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ། །རྣམ་པ་སྣ་ཚོགས་ཐམས་ཅད་ནི། །རྟག་ཏུ་མཐོང་བའི་ལམ་དེ་དང༌། །ལྷན་ཅིག་ཏུ་ནི་ཐོབ་པར་འདོད། །ཅེས་པ་ལྟར་ཏེ། དེ་ཡང་མཐོང་ལམ་ན་བྱང་ལག་དང་སྒོམ་ལམ་ན་ལམ་གྱི་ཡན་ལག་འཇོག་པ་ནི། གཙོ་ཆེ་བ་ཡིན་གྱི་དང་པོ་ན་ཡང་ལམ་གྱི་ཡན་ལག་ཡོད་དེ། །མཛོད་ལས་ནི། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང༌། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །སྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་ཚོགས་ལམ་ན་དྲན་ཉེ་སྦྱོར་ལམ་ན་ཡང་དག་སྤོང་བ་ནས་སྟོབས་ཀྱི་བར་སྒོམ་ལམ་ནི་མཐོང་ལམ་ལས་བྱང་ཆུབ་ལ་ཉེ་བའི་ཕྱིར་དེ་ལ་བྱང་ལག་གོ །འཇིག་རྟེན་


JLD018_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལམ་ནི་འགྲོ་བས་ཕྱེ་ལ་མཐོང་ལམ་ནི་སྒོམ་ལམ་ལས་ཆེས་མྱུར་བར་འགྲོ་བའི་ཕྱིར་དེ་ལ་ནི་ལམ་གྱི་ཡན་ལག་གོ་ཞེས་འཆད་དོ། །ཁ་ཅིག་དེ་དང་འདིར་བཤད་པའི་གོ་རིམ་མ་མཐུན་པས་དངོས་བསྟན་ཉན་ཐོས་ལ་མི་འགྲིག་སྟེ། ཉན་ཐོས་ཀྱིས་ནི་མཛོད་ནས་ཇི་ལྟར་བཤད་པ་ལྟར་བསྒོམ་པས་ཞེས་འདོད་དོ། །འདི་ནི་འཕགས་པ་རྣམས་ཀྱི་རྒྱུད་ལ་མངོན་རྟོགས་སྐྱེ་བའི་ཚུལ་དང༌། གྲུབ་མཐའ་སྨྲ་བ་རྣམས་ཀྱིས་སྒྲོ་བཏགས་པའི་ཚུལ་མ་ཕྱེད་པའི་རྨོངས་པའི་ཁུར་གྱིས་ནོན་པའི་ང་རོ་ཡིན་ཏེ། གོ་རིམ་འདི་ནི་བྱེ་སྨྲ་རྣམས་ཀྱིས་སྒྲོ་བཏགས་པས་དེ་སློབ་དཔོན་གྱིས་ཀྱང་རང་འགྲེལ་དུ་བཀག་ནས་མཐོང་ལམ་ན་ལམ་གྱི་ཡན་ལག་ཡོད་པར་མདོ་དྲངས་ནས་བསྒྲུབས་པས་སོ། །སྤྱིར་བྱེ་སྨྲ་གོ་རིམ་དེ་ལྟར་འཆད་པ་ནི་ཉན་ཐོས་གཅིག་པུའི་རྒྱུད་ལ་དེ་ལྟར་སྐྱེ་བར་མི་འདོད་ཀྱི་ཆོས་སོ་བདུན་གང་གི་རྒྱུད་ལ་སྐྱེ་བ་ཐམས་ཅད་ལ་དེ་ལྟར་སྐྱེ་བར་འདོད་དེ། གཞུང་དེ་ལས་ཁྱད་པར་མེད་པར་བཤད་པས་སོ། །སློབ་དཔོན་གྱིས་བཀག་པ་ཡང་ཐེག་ཆེན་པའི་རྒྱུད་ལ་སྐྱེ་བ་ཁོ་ན་མ་བཀག་གི། །སྤྱིའི་དབང་དུ་བྱས་ནས་བཀག་པའོ། །གལ་ཏེ་ཉན་ཐོས་ཀྱི་རྣམ་གཞག་རྣམས་མཛོད་ནས་བཤད་པ་འཁྲུལ་མེད་ཡིན་ན། ཉན་ཐོས་དགྲ་བཅོམ་རྣམས་ཀྱི་སྤངས་པ་ལྡོག་པ་དང་བཟོད་ཆེན་ཐོབ་པའི་ཉན་ཐོས་ཡིན་ན་ཐེག་ཆེན་དུ་ལྡོག་མི་སྲིད་པར་ཁས་བླང་དགོས་སོ། །དེས་ན་བྱེ་སྨྲ་དང་མདོ་སྡེ་པའི་གྲུབ་མཐའ་རྣམས་ཀྱིས་ཉན་ཐོས་ཀྱི་སྤངས་རྟོགས་ཀྱི་རྣམ་གཞག་བྱས་པ་ལ་མདོ་དང་མི་མཐུན་པའི་འགའ་བ་དུ་མ་ཡོད་པ་ཡིན་ནོ། །དེ་ལྟར་ན་ཚོགས་ལམ་ན་


JLD018_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་ཚན་དང་པོ་གསུམ་དང༌། དྲོད་རྩེ་ན་དབང་པོ། བཟོད་མཆོག་ན་སྟོབས་སྒོམ་པར་ཀུན་བཏུས་སོགས་ནས་གསུངས་པ་འདི་ནི་སྤྱིའི་རྣམ་གཞག་ཡིན་གྱི་ཐེག་ཆེན་ཁོ་ནའི་མ་ཡིན་ནོ།། དེས་ན་བྱེ་སྨྲའི་གྲུབ་མཐའ་ནས་བཤད་ཚད་ཉན་རང་ལ་དེ་ལྟར་འོང་བའི་ངེས་པ་ག་ལ་ཡོད་དེ། གཞན་དུ་ན་ཉན་རང་གི་བློ་ལ་རང་རིག་མེད་པ་དང་དེ་ལ་ཀུན་གཞི་མི་སྲིད་པ་དང༌། དེའི་ཕུང་སོགས་དོན་དམ་པ་རང་གིས་མི་སྟོང་པར་ཡང་འདོད་དགོས་ཏེ་མཐའ་ཡས་སོ། །གཉིས་པ་ནི། མཛོད་ལས། མིང་གི་སྒོ་ནས་རྫས་སུ་བཅུ། །དད་དང་བརྩོན་འགྲུས་དྲན་པ་དང༌། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །ཞེས་ངག་ལས་མཐའ་འཚོ་བ་གསུམ་གཅིག་ཏུ་བསྡུས་ནས་རྫས་བཅུར་བཤད་དོ། །རང་འགྲེལ་ལས། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ལུས་དང་ངག་གི་ལས་དག་ཐ་དད་ཅིང་རིགས་མི་མཐུན་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་རྫས་གཉིས་ཡིན་པས་རྫས་བཅུ་གཅིག་ཡིན་ནོ།། ཞེས་ཀྱང་འབྱུང་ངོ༌། །གསུམ་པ་ནི། མཛོད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་ཉིད་ཕྱིར། །སུམ་ཅུ་རྩ་བདུན་དེ་ཕྱོགས་མཐུན། །ཞེས་པ་ལྟར་རོ། །གཉིས་པ་ནི་ཡན་ལག་གི་དོན་ཏེ་གཞུང་དང་སྦྱར་བའི་ཉན་ཐོས་ལ་ ཡོད་པ་དང་རྗེས་མཐུན་གྱི་དང་པོར་དྲན་པ་ཉེར་བཞག་གི་རྣམ་པ། གཉིས་པ་ལ་གཉིས། སོ་སོར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ནི། མཁྱེན་གསུམ་གྱི་རྣམ་པ་དེ་ལ་སྟེ་དེའི་ནང་ནས་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་སྟོན་པ་ལ་བདུན། །དངོས་པོ་ལ་རྟོག་པ་དང༌། རྩོལ་བ་ལས་བྱུང་བ་དང༌། ཏིང་ངེ་


JLD018_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྦྱོང་བ་དང༌། མངོན་པར་རྟོགས་པར་སྦྱོར་བ་དང༌། མངོན་པར་རྟོགས་པ་དང་འབྲེལ་བ་དང༌། མངོན་པར་རྟོགས་པ་དང༌། རྣམ་པར་ངེས་པར་འབྱིན་པའི་ལམ་མོ། །དང་པོ་ནི། སྡེ་ཚན་བདུན་གྱི་དང་པོར་ལུས་སོགས་ཀྱི་དངོས་པོ་སྟེ་ཡུལ་ལ་ཡོངས་སུ་རྟོག་པའི་ལམ་འཆད་དེ། དེ་ལ་དྲན་པ་ཉེ་བར་བཞག་པའི་རྣམ་པ་བཞིའོ། །འོ་ན་ཡུལ་གང་ལ། ཚུལ་ཇི་ལྟ་བུས། ངོ་བོ་གང་གིས། དགོས་པ་གང་གི་ཕྱིར་རྟོག་ཅེ་ན། དང་པོ་ནི། ལུས་ནས་ཆོས་ཀྱི་བར་རོ། །དེ་ལ་ལུས་ནི་གསུམ་ལས་ནང་གི་ལུས་ནི་ནང་གི་དབང་པོ་གཟུགས་ཅན་ལྔའོ། །གནོད་འཇོམས་ཆེ་བ་དང་ཤཱནྟི་པས་དབང་པོ་དྲུག་ལ་བྱས་པ་ཀུན་བཏུས་དང་མི་མཐུན་ནོ། །ཕྱིའི་ལུས་ནི་དབང་པོའི་རྟེན་མ་ཡིན་པའི་གཟུགས་སྒྲ་སོགས་ཡུལ་ལྔའོ། །ཕྱི་ནང་གཉིས་ཀའི་ལུས་ནི་རང་གི་དབང་པོའི་རྟེན་བྱེད་པའི་ཕྱིའི་སྐྱེ་མཆེད་གཟུགས་ཅན་དང་གཞན་རྒྱུད་ཀྱི་དབང་པོ་ལྔའོ། །ཚོར་བ་ནི་བདེ་སྡུག་བཏང་སྙོམས་སོ། །སེམས་ནི་རྣམ་པར་ཤེས་པའི་ཕུང་པོའོ། །ཆོས་ནི་ཚོར་བ་མ་གཏོགས་པའི་སེམས་བྱུང་ཐམས་ཅད་དང་ལྡན་མིན་དང་འདུས་མ་བྱས་སོ། །ཐ་མ་གསུམ་གྱི་ནང་ལ་སོགས་པ་གསུམ་ནི་རིམ་པ་ལྟར་ལུས་གསུམ་པོ་ལ་བརྟེན་པའམ་དེ་གསུམ་ལ་དམིགས་ནས་བྱུང་བའོ། །དེ་བཞི་ཡང་རིམ་པ་ལྟར་བྱིས་པ་རྣམས་ཀྱིས་བདག་གི་རྟེན་དུ་དང༌། བདག་གི་ལོངས་སྤྱོད་ཀྱི་གཞི་དང་བདག་གི་ངོ་བོར་དང་བདག་ཀུན་བྱང་དུ་འགྱུར་བའི་གཞིར་རྟོག་པའི་ཡུལ་ལོ། །གཉིས་པ་ནི། ལུས་སོགས་བཞིའི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱིས་ཏེ་དེའི་སྒོ་ནས་ཡོངས་


JLD018_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བརྟགས་པའོ། །དེ་ཡང་རིགས་བྱིན་མཚན་ཉིད་དེ་གཉིས་དོན་བྱེད་ནུས་མི་ནུས་ལ་འདོད་པ་ནི་རྟོག་གེ་ནས་བཤད་ཀྱང་སྐབས་མིན་པས། མཛོད་ལས། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ཞེས་པའི་རང་འགྲེལ་དུ། དེ་དག་གི་རང་གི་མཚན་ཉིད་ནི་རང་གི་ངོ་བོའོ། །སྤྱིའི་མཚན་ཉིད་ནི་འདུས་བྱས་རྣམས་མི་རྟག་པ་ཉིད་དང་ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་བ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་དང་བདག་མེད་པ་ཉིད་དོ་ཞེས་པ་དང་བསྟུན་ལ། དེའི་རང་མཚན་ཡང་ལུས་འབྱུང་བ་འབྱུང་འགྱུར་གྱི་དང༌། ཚོར་བ་མྱོང་བའི་དང་སེམས་དམིགས་བྱེད་ཀྱི་དང་ཆོས་ལ་ནི་སེམས་བྱུང་ལ་སོགས་པ་རང་རང་གི་ངོ་བོ་གང་ཡིན་པ་སྟེ་དེར་ལྟ་བ་ལ་བཤད་དོ། །གཞན་ཡང་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ནས་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་བར་དུ་གསུངས་པ་ནི། ལུས་སོགས་ལ་རྗེས་སུ་ལྟ་བ་ལ་ལུས་སོགས་ཀྱི་རྗེས་སུ་ལྟ་བ་ཞེས་བདུན་པའི་ཚིག་གི་བསྡུ་བ་ཡིན་ལ་རྗེས་སུ་ལྟ་ཚུལ་ཡང་རྣམ་རྟོག་གི་གཟུགས་བརྙན་རོ་བམ་པ་དང་འབུས་གཞིག་པ་སོགས་སུ་ཡིད་ལ་སྣང་བ་དང༌། རང་བཞིན་གྱི་ལུས་མ་ཤི་བའི་རང་གི་ལུས་ལ་དེ་ལྟ་བུའི་ཆོས་ཅན་དེ་ལྟ་བུའི་རང་བཞིན་ཅན་མཚན་ཉིད་དེ་ལས་མ་འདས་པའོ་ཞེས་མི་གཙང་བར་མཉམ་པ་ཉིད་དུ་ལྟ་བ་སྟེ་ཚིག་གསུམ་ནི་འདས་མ་འོངས་དང་ད་ལྟར་གྱི་ལུས་གསུམ་ལ་སྦྱོར་རོ། །ཚོར་བ་རྣམས་སྡུག་བསྔལ་བ་དང༌། སེམས་རྣམས་རྟེན་དང༌། དམིགས་པ་ཐ་


JLD018_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དད་ལས་གཞན་དང་གཞན་དུ་སྐྱེ་བས་མི་རྟག་པ་དང༌། ཆོས་རྣམས་བདག་དང་བྲལ་བའི་ཀུན་བྱང་ཙམ་མོ་ཞེས་སྒོམ་པའོ། །དེ་ནི་ཐུན་མོང་གི་སྒོམ་ཡིན་ལ། ཐུན་མོང་མ་ཡིན་པ་ནི་ཁྱད་པར་གསུམ་སྟེ། དམིགས་པ་དང༌། ཡིད་བྱེད་དང༌། འཐོབ་བའོ། །དང་པོ་ནི། ཉན་རང་རྣམས་རང་གི་ལུས་སོགས་ཁོ་ན་དང་བྱང་སེམས་རྣམས་རང་གཞན་གཉིས་ཀའི་དེ་ལ་དམིགས་པའོ། །གཉིས་པ་ནི། ཉན་རང་རྣམས་མི་རྟག་སོགས་སུ་ཡིད་ལ་བྱེད་ལ་བྱང་སེམས་རྣམས་ཆོས་ཀྱི་མཚན་མ་དེར་མི་དམིགས་པར་སྒོམ་པའོ། །གསུམ་པ་ནི། ཉན་རང་རྣམས་ཟག་བཅས་ཀྱི་ལུས་སོགས་དང་བྲལ་བ་ཁོ་ནའི་ཕྱིར་སྒོམ་ལ། བྱང་སེམས་རྣམས་དེ་དང་འབྲལ་མི་འབྲལ་གཉིས་ཀའི་ཕྱིར་མིན་གྱི་མི་གནས་པའི་མྱང་འདས་སྒྲུབ་པའི་ཕྱིར་དུའོ། །གསུམ་པ་ནི། ཀུན་བཏུས་ལས་ངོ་བོ་ཉིད་གང་ཞེ་ན། ཤེས་རབ་དང་དྲན་པའོ་ཞེས་པ་ལྟར་ལུས་སོགས་ཀྱི་རང་སྤྱི་སོ་སོར་འབྱེད་པ་དང་ཕྱེ་བ་ལྟར་མ་བརྗེད་པར་འཛིན་པའོ། །མཛོད་ལས། དྲན་པ་ཉེར་གཞག་ཤེས་རབ་སྟེ།། ཞེས་པ་ཡང་གཙོ་བོ་སྨོས་པ་ཡིན་པར་དེ་ཉིད་ལས་སོ། །བཞི་པ་ནི། བདེན་པ་བཞི་ཤེས་སྤོང་མངོན་དུ་བྱེད་སྒོམ་པ་ལ་འཇུག་པར་བྱ་བའི་ཕྱིར་དུ་སྒོམ་སྟེ། འདི་ལྟར་ལུས་དྲན་ཉེས་ཟག་བཅས་ཀྱི་ལུས་གནས་ངན་ལེན་གྱི་སྡུག་བསྔལ་གྱི་ངོ་བོ་ཤེས་པ་དང༌། ཚོར་བ་དྲན་ཉེས་ཚོར་བ་བདེ་སྡུག་ནི་མི་འབྲལ་བ་དང་འབྲལ་བར་སྲེད་པའི་རྒྱུ་ཡིན་པར་འབྲས་བུའི་སྒོ་ནས་རྟོག་ལ་སྲེད་པ་ཀུན་འབྱུང་གི་གཙོ་བོ་ཡིན་པས་དེ་སྤོང་བར་བྱེད་པ་དང༌། སེམས་དྲན་ཉེས་བདག་ཏུ་འཛིན་པའི་གཞི་སེམས་


JLD018_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་རྟག་སོགས་སུ་དཔྱད་པས་དེར་ཞེན་པ་ལྡོག་ལ། དེས་ན་བདག་ཆད་པར་previous hit དོགས next hit་མེད་པས་འགོག་པ་མངོན་དུ་བྱེད་པ་ལ་མི་སྐྲག་པ་དང༌། ཆོས་དྲན་ཉེས་ཀུན་ཉོན་གྱི་ཆོས་ཐམས་ཅད་མི་མཐུན་པ་དང་རྣམ་བྱང་གི་ཆོས་རྣམས་དེའི་གཉེན་པོར་ཤེས་པ་ན་དེ་ཉིད་ཉེར་འཚེ་ལྡོག་པའི་ཐབས་སུ་ཤེས་ནས་སྐྱེད་པར་བྱེད་པའི་ཚུལ་དེས་བདེན་བཞི་ལ་འཇུག་སྟེ། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་བཞག་པ་སྒོམ། །ཞེས་དང༌། གཞན་ཡང་མཛོད་ལས། ཕྱིན་ཅི་ལོག་གི་གཉེན་པོ་བཞི། །ཞེས་པ་ལྟར་གཙང་བདེ་རྟག་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་སྤོང་བ་དང༌། ཟག་བཅས་ཀྱི་ལུས་སོགས་བཞི་ལ་ཞེན་པའམ་དེ་བཞི་དང་བྲལ་བ་འཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་བཞི་པོ་དེ་ལ་དྲན་ཉེ་ཞེས་བྱ་ཞེ་ན། བྱེ་སྨྲ་རྣམས་ཤིང་གཤགས་པ་ཁྱི་འུས་འཛིན་པ་ལྟར་དྲན་པས་དམིགས་རྣམ་མ་བརྗེད་པའི་སྟོབས་ཀྱིས་ཤེས་རབ་ཡུལ་ལ་འཇོག་པས་སོ་ཞེས་འདོད་ཀྱང༌། སློབ་དཔོན་གྱིས་ཤེས་རབ་ཀྱིས་དང་པོར་དམིགས་ཡུལ་སོ་སོར་ཕྱེ་བ་དེའི་རྗེས་སུ་དྲན་པས་དེ་འཛིན་པས་ཤེས་རབ་ཀྱིས་ཡུལ་ལ་དྲན་པ་ཉེ་བར་བཞག་པས་ནའོ། །ཞེས་གསུངས་པ་ཉིད་ལེགས་སོ། །གཉིས་པ་ནི་སོ་སོར་བཤདཔའི་གཉིས་པ་སྟེ་ཡང་དག་སྤོང་བཞིའི་རྣམ་པ་བཤད་པ། གཉིས་པ་ནི། དངོས་པོ་ལ་རྟོག་པའི་ལམ་དེའི་འོག་ཏུ་རྩོལ་བ་ལས་བྱུང་བའི་ལམ་འཆད་དེ། ལུས་སོགས་ཀྱི་དངོས་པོ་ལ་རང་སྤྱིའི་སྒོ་ནས་བརྟགས་ཏེ། ཞུགས་པ་ལ་སྤང་གཉེན་ལ་འདོར་ལེན་བྱེད་པའི་བརྩོན་འགྲུས་འབྱུང་བས་སོ། །


JLD018_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལམ་དེ་ལ་ཡང་དག་པར་སྤོང་བའི་རྣམ་པ་བཞིའོ། །འོ་ན་ཡུལ་གང་ལ་དམིགས་ནས། ཚུལ་ཇི་ལྟར་དུ། ངོ་བོ་གང་གིས། དགོས་པ་གང་གི་ཕྱིར་སྤོང་ཞེ་ན། དང་པོ་ནི། དགེ་བ་རྣམ་བྱང་དང་མི་དགེ་བ་ཀུན་ཉོན་སྐྱེས་པ་དང་མ་སྐྱེས་པ་བཞིའོ། །གཉིས་པ་ནི། ཀུན་ཉོན་སྐྱེས་པ་དག་རྒྱུན་འཐུད་དུ་མི་འཇུག་པའི་སྒོ་ནས་ཡང་དག་པར་སྤོང་བ་དང་དེ་སྔར་རྒྱུད་ལ་མ་སྐྱེས་པ་དག་མི་སྐྱེད་པ་དང༌། རྣམ་བྱང་སྐྱེས་པ་དག་འཕེལ་བར་བྱེད་པ་དང༌། དེ་སྔར་རྒྱུད་ལ་མ་སྐྱེས་པ་དག་སྐྱེད་པ་སྟེ་བཞི་པོ་དེའི་རྒྱུར་གྱུར་པའི་བརྩོན་འགྲུས་རྩོམ་པའོ། །དེ་ཡང་མདོ་ལས་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །རབ་ཏུ་འཇོག་གོ །ཞེས་བཞི་པོ་དེ་རེ་རེ་ལ་སྦྱར་ནས་གསུངས་སོ། །མདོ་འདིས་བརྩོན་འགྲུས་སྒོམ་པ་གནས་དང་བཅས་པ་བསྟན་ཏེ། འདི་ལྟར་འདུན་པ་ནི་གནས་ཏེ། དེ་ནི་བརྩོན་འགྲུས་ཀྱི་སྔོན་དུ་འགྲོ་བས་སོ། །འབད་པ་ནི་ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་སྟེ། དེ་གསུམ་གྱི་མཚན་མ་ཡིད་ལ་བྱེད་པས་གཉེན་པོ་སྐྱོན་མེད་སྒོམ་པའི་དུས་སོ། །དེ་ཡང་ལྷག་མཐོང་ཤས་ཆེ་ཞིང་ཞི་གནས་ཤས་ཆུང་བ་ན་རླུང་གི་ནང་གི་མར་མེ་བཞིན་དུ་སེམས་རབ་ཏུ་གཡོ་བས་དེ་ཁོ་ན་ཉིད་གསལ་བར་མ་མཐོང་བ་དེའི་ཚེ་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་དོ། །སྔ་མ་ལས་བཟློག་པའི་ཚེ་གཉིད་ལོག་པ་བཞིན་དུ་དེ་ཁོ་ན་ཉིད་གསལ་བར་མ་མཐོང་བ་དེའི་ཚེ་རབ་ཏུ་འཛིན་པའི་མཚན་མ་ཡིད་ལ་བྱེད་དོ། །གང་གི་ཚེ་ཞི་ལྷག་གཉིས་ཆ་མཉམ་དུ་རང་གི་ངང་གིས་འཇུག་


JLD018_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་ཚེ་བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་སྟེ་འདི་ནི་འབད་པའོ། །བརྩོན་འགྲུས་རྩོམ་པ་ནི་བྱིང་རྒོད་སེལ་བའི་དོན་དུ་སྟེ་དེའི་འོག་ཏུ་རབ་འཛིན་སོགས་སྨོས་པས་སོ། །དེ་ཡང་ནང་དུ་བྱིང་བ་ན་སངས་རྒྱས་ཀྱི་སྐུ་གཟུགས་སོགས་ཡིད་ལ་བྱེད་པས་སེམས་གཟེངས་བསྟོད་པའི་སེམས་རབ་ཏུ་འཛིན་པ་དང༌། ཕྱི་རོལ་ཏུ་རྒོད་པ་ན་འཁོར་བ་ལ་ཡིད་འབྱུང་བའི་དངོས་པོ་ཡིད་ལ་བྱེད་པའི་སེམས་རབ་ཏུ་འཇོག་པ་གཉིས་ཀྱིས་བྱིང་རྒོད་སེལ་ལོ། །གསུམ་པ་ནི། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན། བརྩོན་འགྲུས་སོ། །ཞེས་སོ། །བཞི་པ་ནི། དང་པོ་གཉིས་ཀྱིས་མི་མཐུན་ཕྱོགས་མ་ལུས་པར་ཉམས་པ་དང༌། ཐ་མ་གཉིས་ཀྱིས་གཉེན་པོའི་ཕྱོགས་མ་ལུས་པར་འཕེལ་བ་འཐོབ་པའོ། །བཞི་པོ་དེ་ལ་ཅིའི་ཕྱིར་ཡང་དག་པར་སྤོང་བ་ཞེས་བྱ་ཞེ་ན། སྤང་བྱ་སྐྱེས་མ་སྐྱེས་གཉིས་སྤོང་བས་ཡང་དག་པར་སྤོང་བ་ཞེས་ཕྱོགས་གཅིག་གི་མིང་གིས་བཏགས་པའམ། ཡང་ན་མཛོད་འགྲེལ་ལས། ཅིའི་ཕྱིར་བརྩོན་འགྲུས་ལ་ཡང་དག་པར་རབ་ཏུ་འཇོག་པར་བཤད་ཅེ་ན། དེས་ལུས་དང་ངག་དང་ཡིད་ཡང་དག་པར་རབ་ཏུ་འཇོག་པའི་ཕྱིར་རོ། །ཞེས་ཡང་དག་པར་འཇོག་པ་ཞེས་འབྱུང་ཞིང་གནོད་འཇོམས་ཆེ་བར་ཡང་དེ་ལྟར་རོ། །གསུམ་པ་ནི་སོ་སོར་བཤད་པའི་གསུམ་པ་སྟེ་རྫུ་འཕྲུལ་གྱི་རྐང་པ་བཞིའི་རྣམ་པ་བཤད་པ། གསུམ་པ་ནི། རྩོལ་བྱུང་གི་ལམ་གྱི་འོག་ཏུ་ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་འཆད་དེ། སྤང་གཉེན་ལ་འདོར་ལེན་བྱེད་པའི་བརྩོན་འགྲུས་དང་ལྡན་པ་ནི་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བ་སྟེ། ཡོན་ཏན་ཁྱད་པར་ཅན་སྐྱེ་བའི་གཞིར་བྱེད་པས་སོ། །དེ་ལྟར་ལམ་དེ་ལ་རྫུ་འཕྲུལ་གྱི་རྐང་


JLD018_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པ་བཞིའོ། །འོ་ན་ཡུལ་གང་ལ་དམིགས་ནས། ཚུལ་ཇི་ལྟར་དུ། ངོ་བོ་གང་གིས། །དགོས་པ་གང་གི་ཕྱིར་སེམས་ཡོངས་སུ་སྦྱོང་ཞེ་ན། དང་པོ་ནི། ལུས་གཅིག་ལ་དུ་མ་དང་དུ་མ་ལ་གཅིག་ཏུ་བསྒྱུར་བ་ལ་སོགས་པའི་རྫུ་འཕྲུལ་གྱི་བྱ་བའོ། །གཉིས་པ་ནི། དབུས་མཐའ་ལས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་པ་ལྟར་སྤོང་བའི་འདུ་བྱེད་བརྒྱད་སྒོམ་པ་སྟེ། བརྒྱད་ནི། འདུན་པ། རྩོལ་བ། དད་པ། ཤིན་ཏུ་སྤྱངས་པ། དྲན་པ། ཤེས་བཞིན། སེམས་པ། བཏང་སྙོམས་ཏེ། སྤོང་བའི་ཕྱིར་མངོན་པར་འདུ་བྱེད་པས་ན་དེ་སྐད་དོ། །དེ་དང་ལྡན་པ་ནི་རྒྱུར་རོ། །དེ་ལ་དང་པོ་བཞི་ནི་མངོན་པར་འདོད་པ་དང༌། བརྩོན་འགྲུས་དང༌། མངོན་པར་ཡིད་ཆེས་པ་དང༌། ལུས་སེམས་ལས་སུ་རུང་བའོ། །དེ་བཞི་ཡང་རིམ་པ་ལྟར་རྟེན་དང་བརྟེན་པ་དང༌། རྒྱུ་དང་འབྲས་བུར་བཞག་སྟེ། མངོན་པར་འདོད་པ་ནི་རྩོལ་བའི་སྔོན་དུ་འགྲོ་བས་དེའི་རྟེན་དང་དེའི་ཕྱིར་རྩོལ་བ་ནི་བརྟེན་པའོ། །རྟེན་འདུན་པའི་རྒྱུ་ནི་དད་པ་སྟེ། རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་ཡོད་ན་མཉམ་པར་འཇོག་པའི་བྱ་བ་འདོད་པས་སོ། །བརྟེན་པ་རྩོལ་བའི་འབྲས་བུ་ནི་ཤིན་སྦྱངས་ཏེ། བརྩོན་འགྲུས་བརྩམས་པས་ལུས་སེམས་ལས་རུང་གི་ཤིན་སྦྱངས་སྐྱེ་བས་སོ། །འདི་དག་གང་སྤོང་བའི་ཕྱིར་དུ་འདུ་བྱེད་ཅེ་ན། སྤང་བྱ་ལྔ་སྟེ། དབུས་མཐའ་ལས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པ་ལྟར་བྱིང་རྒོད་གཉིས་གཅིག་ཏུ་བྱས་


JLD018_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྔའོ། །དེ་ལ་དང་པོ་ནི་སྦྱོར་བའི་དང༌། གཉིས་པ་ནི་སྦྱོར་བར་བྱེད་པའི་དང༌། གསུམ་པ་ནི་མཉམ་པར་གཞག་པའི་དང༌། བཞི་པ་ནི་བྱིང་རྒོད་བྱུང་བའི་དང༌། ལྔ་བ་ནི་བྱིང་རྒོད་ཞི་བའི་དུས་སུ་སྐྱོན་ཡིན་ཏེ། རིམ་པ་ལྟར་སྦྱོར་བ་མི་བྱེད་པ་དང༌། སེམས་མཉམ་པར་འཇོག་པར་མི་འགྱུར་བ་དང༌། སེམས་ལས་སུ་རུང་བར་མི་འགྱུར་བ་དང༌། དགོས་པའི་ཚེ་བྱིང་རྒོད་གྱི་གཉེན་པོ་ཡིད་ལ་མི་བྱེད་པ་དང༌། མི་དགོས་པའི་ཚེ་ཡིད་ལ་བྱེད་པས་སོ། །དེ་དག་ཇི་ལྟར་སྤོང་བའི་ཚུལ་ནི། དང་པོ་བཞི་ནི་ལེ་ལོའི་གཉེན་པོ་སྟེ། དེ་ཡང་བརྩོན་འགྲུས་ཡིན་ཡང་རྒྱུ་འབྲས་དང་བཅས་པའི་དབང་དུ་བྱས་པའོ། །ཕྱི་མ་བཞི་ནི་དབུས་མཐའ་ལས། དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇོག་པའོ། །ཞེས་པ་ལྟར་ཡིན་པས་སྤང་བྱ་ཕྱི་མ་བཞི་སྤོང་ངོ༌། །གསུམ་པ་ལ་གཉིས་ལས། སྤྱིའི་ངོ་བོ་ནི། ཀུན་བཏུས་ལས། ངོ་བོ་ཉིད་གང་ཞེ་ན། ཏིང་ངེ་འཛིན་ཏོ་ཞེས་འབྱུང་ལ། མཛོད་ལས་ནི། གཙོ་བོ་སྨྲོས་པ་དེ་དག་ནི། །སྦྱོར་འབྱུང་ཡོན་ཏན་རྣམས་ཀྱང་ཡིན། །ཞེས་སྡེ་ཚན་དང་པོ་གསུམ་ལ་ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་དུ་བཤད་པ་ནི་གཙོ་ཆེ་བ་ལ་བཤད་དོ། །བྱེ་བྲག་གི་ངོ་བོ་ནི་དགེ་བ་ལ་འདུན་པ་དྲག་པོའི་གུས་སྦྱོར་དང༌། བརྩོན་འགྲུས་རྒྱུན་ལྡན་གྱི་རྟག་སྦྱོར་དང༌། སྔོན་ཏིང་ངེ་འཛིན་བསྒོམས་པའི་སེམས་ཀྱི་ས་བོན་རྒྱས་པ་དང༌། གཞན་གྱི་གདམས་ངག་ལས་དཔྱོད་པ་ལ་བརྟེན་ནས་སེམས་རྩེ་གཅིག་པར་གནས་


JLD018_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་ནོ། །བཞི་པ་ནི། རྫུ་འཕྲུལ་སོགས་གང་དང་གང་མངོན་དུ་བྱ་འདོད་པ་དེ་དང་དེ་ལ་ཡིད་གཏད་པས་མངོན་དུ་འགྱུར་བའོ། །བཞི་པོ་དེ་ལ་ཅིའི་ཕྱིར་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ཞེ་ན། མཛོད་འགྲེལ་ལས། ཅིའི་ཕྱིར་ཏིང་ངེ་འཛིན་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བཤད་ཅེ་ན། དེ་ནི་ཡོན་ཏན་ཐམས་ཅད་འབྱོར་པའི་རྟེན་ཡིན་པའི་ཕྱིར་རོ། །ཞེས་གསུངས་ལ། གནོད་འཇོམས་ཆེ་བར་རྫུ་འཕྲུལ་འཇིག་རྟེན་ལས་འདས་པའི་ཆོས་ལ་བྱས་ནས་དེའི་གཞི་དང་གནས་ཡིན་པའི་ཕྱིར་རྐང་པའོ་ཞེས་འདོད་དོ། །བཞི་བ་ནི་སོ་སོར་བཤད་པའི་བཞི་བ་སྟེ་དབང་པོ་ལྔའི་རྣམ་པ་བཤད་པ། བཞི་པ་ནི། ཏིང་ངེ་འཛིན་སྦྱོང་བའི་ལམ་གྱི་འོག་ཏུ་མངོན་པར་རྟོགས་པའི་སྦྱོར་བའི་ལམ་འཆད་དེ། འདུན་པ་སོགས་བརྒྱད་ཀྱིས་སེམས་ཡོངས་སུ་སྦྱང་བ་བྱས་པ་ལ་བདེན་པ་མངོན་པར་རྟོགས་བྱེད་དྲོ་བ་དང་རྩེ་མོའི་སྦྱོར་བ་འབྱུང་བས་སོ། །དེ་ལྟར་ལམ་དེ་ལ་དབང་པོའི་རྣམ་པ་ལྔའོ། །འདི་དག་གི་ཡུལ་དང༌། ཇི་ལྟར་སྒོམ་པ་དང༌། ངོ་བོ་དང༌། འབྲས་བུ་རྣམས་གང་ཞེ་ན། དང་པོ་ནི། བདེན་བཞི་སྟེ། འདི་དག་འཕགས་ལམ་གྱི་སྦྱོར་བས་བསྡུས་པས་བདེན་པའི་རྣམ་པ་ཅན་ཡིན་པས་སོ། །གཉིས་པ་ནི། སྔ་མ་སྔ་མ་རྒྱུར་ཡོད་པ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རྣམས་འཇུག་པའོ། །གསུམ་པ་ནི་དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་ཏེ། རིམ་པ་ལྟར་བདེན་བཞི་ལ་མངོན་པར་ཡིད་ཆེས་པ་དང༌། དེ་རྟོགས་པར་བྱ་བ་ལ་སྤྲོ་བ་དང༌། དེའི་དབང་དུ་བྱས་པའི་དམིགས་རྣམ་མི་བརྗེད་པ་དང༌། དེའི་དོན་ལ་སེམས་རྩེ་གཅིག་པའི་ཆ་དང་དེ་དག་སོ་སོར་རབ་ཏུ་རྣམ་པར་འབྱེད་པའོ། །འདི་དག་ལམ་གྱི་གནས་སྐབས་གང་ལ་ཡིན་ཞེ་ན། དྲོ་བ་དང་རྩེ་མོའི་ངོ་བོ་ཉིད་


JLD018_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་གཉིས་ནས་སོ། །བཞི་པ་ནི། མཐོང་ལམ་མྱུར་དུ་འཐོབ་པ་དང་སྦྱོར་ལམ་བཞི་འགྲུབ་པའོ། །ལྔ་པོ་དེ་ལ་ཅིའི་ཕྱིར་དབང་པོ་ཞེས་བྱ་ཞེ་ན། མཛོད་འགྲེལ་ལས། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་བདག་པོར་གྱུར་པའི་དད་པ་ལ་སོགས་པ་ནི་དབང་པོ་རྣམས་སོ། །ཞེས་གསུངས་ཤིང༌། རྒྱན་སྣང་དུ་ཡང༌། འཕགས་ལམ་འགྲུབ་པའི་བདག་པོར་གྱུར་པས་ཞེས་སོ། །ལྔ་བ་ནི་སོ་སོར་བཤད་པའི་ལྔ་བ་སྟེ་སྟོབས་ལྔའི་རྣམ་པ་བཤད་པ། ལྔ་པ་ནི། མངོན་རྟོགས་ལ་སྦྱོར་བའི་ལམ་གྱི་འོག་ཏུ་མངོན་རྟོགས་དང་འབྲེལ་བའི་ལམ་འཆད་དེ། དྲོ་བ་དང་སོགས་པས་རྩེ་མོའི་ངོ་བོ་མངོན་རྟོགས་དང་སྦྱོར་བའི་ལམ་དབང་པོ་ལྔ་ཐོབ་པ་ལ་བཟོད་མཆོག་གི་ངོ་བོ་སྟོབས་ལྔ་འབྱུང་བས་སོ། །དེ་ལྟར་ལམ་དེ་ལ་སྟོབས་ཀྱི་རྣམ་པ་ལྔའོ། །འདིའི་དམིགས་པ་དང་སྒོམ་ཚུལ་ནི་དབང་པོ་དང་འདྲ་ཞིང༌། ངོ་བོ་ནི་དད་པའི་སྟོབས་ནས་ཤེས་རབ་ཀྱི་སྟོབས་ཀྱི་བར་ཡིན་ལ། ལམ་གྱི་གནས་སྐབས་ནི་བཟོད་མཆོག་གི་ངོ་བོ་ཉིད་དེ་དེ་གཉིས་ནས་ཡོད་དེ། །དབང་པོ་དང་འདི་གཉིས་ཀྱི་ཁྱད་པར་ནི་མཛོད་འགྲེལ་ལས། ཅིའི་ཕྱིར་དབང་པོ་རྣམས་ཁོ་ན་ཡང་སྟོབས་སུ་བཤད་ཅེ་ན། ཆུང་ངུ་དང་ཆེན་པོའི་བྱེ་བྲག་གིས་རྫི་བ་དང་རྫི་བ་མེད་པའི་ཕྱིར་རོ། ཞེས་དང༌། འགྲེལ་ཆེན་ནས། དབང་པོ་ལྔ་དང་སྟོབས་ལྔ་ལ་ཁྱད་པར་ཅི་ཡོད་ཅེ་ན། མ་དད་པ་ལ་སོགས་མི་མཐུན་པའི་ཕྱོགས་དང༌། དད་པ་ལ་སོགས་གཉེན་པོ་གཉིས་སུ་འདྲེས་པར་འབྱུང་བ་ནི་དབང་པོ་ཞེས་བྱའོ། །མི་མཐུན་པའི་ཕྱོགས་ཀྱིས་མ་འདྲེས་པར་གཉེན་པོ་འབའ་ཞིག་འབྱུང་བ་ནི་སྟོབས་ཞེས་བྱའོ། །


JLD018_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པར་ལྟར་རོ། །རྒྱུ་མཚན་དེ་ཉིད་བཤད་སྦྱར་དུ་ཡང་འབྱུང་ངོ༌། །འབྲས་བུ་ནི་ཕྱི་མ་གཉིས་དང་མཐོང་ལམ་འགྲུབ་པའོ། །ལམ་སྔ་ཕྱི་འདི་གཉིས་ལ་མངོན་རྟོགས་ལ་སྦྱོར་བ་དང་འབྲེལ་བར་གསུངས་པ་ནི་གཉིས་ཀ་ཡང་གཉིས་ཀ་ཡིན་མོད་ཀྱི། འོན་ཀྱང་བདེན་པ་མངོན་རྟོགས་མཐོང་ལམ་ལ་རིང་བར་སྦྱོར་བ་དང་ཉེ་བར་འབྲེལ་བ་ལ་དགོངས་སོ། །རྒྱན་སྣང་དུ་ནི། ལྔ་ཚན་འདི་གཉིས་ཀ་ཡང་སྦྱོར་ལམ་གཉིས་གཉིས་ལ་སྦྱོར་བའི་ཕྱིར་ཞེས་རྒྱུ་མཚན་དུ་བྱས་ནས་ལམ་གཉིས་སུ་བསྒྲུབས་སོ། །དྲུག་པ་ནི་སོ་སོར་བཤད་པའི་དྲུག་པ་སྟེ་བྱང་ཆུབ་ཡན་ལག་བདུན་གྱི་རྣམ་པ་བཤད་པ། དྲུག་པ་ནི། མངོན་རྟོགས་དང་འབྲེལ་བའི་ལམ་གྱི་འོག་ཏུ་མངོན་པར་རྟོགས་པའི་ལམ་འཆད་དེ། མངོན་རྟོགས་ལ་སྦྱོར་བ་དང་དེ་དང་འབྲེལ་བའི་ལམ་གྱི་ངོ་བོ་དྲོ་བ་ལ་སོགས་པ་བཞི་རྟོགས་པ་སྟེ། ཐོབ་པ་ལ་མངོན་པར་རྟོགས་པའི་ལམ་གྱི་ངོ་བོར་གྱུར་པའི་བདེན་པ་གསར་དུ་མཐོང་བའི་ལམ་འབྱུང་བས་སོ། །དེ་ལྟར་ལམ་དེ་ལ་བྱང་ཆུབ་ཡན་ལག་རྣམ་བདུན་ནོ། །འདིའི་དམིགས་པ་དང༌། སྒོམ་ཚུལ་དང༌། ངོ་བོ་དང༌། ཡན་ལག་ཏུ་འགྱུར་ཚུལ་དང༌། འབྲས་བུ་རྣམས་གང་ཞེ་ན། དང་པོ་ནི། བདེན་བཞིའི་དེ་ཁོ་ནའོ། །གཉིས་པ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་སྡུག་བསྔལ་ལ་དམིགས་ནས་དེས་དབེན་པ་ཚོལ་ཞིང་གནས། ཀུན་འབྱུང་ལ་དམིགས་ནས་དེའི་འདོད་ཆགས་དང་བྲལ་བ་ཚོལ་ཞིང་གནས། སྡུག་བསྔལ་འགགས་པ་ལ་དམིགས་ནས་དེ་མངོན་དུ་བྱེད་པ་ཚོལ་ཞིང་གནས། སྡུག་བསྔལ་འགོག་པར་འགྲོ་བ་བསྒྲུབ་པའི་སྒོ་ནས་སྡུག་བསྔལ་སྤོང་བར་འགྱུར་བ་ལ་དམིགས་ནས་དེའི་སྒོམ་པ་ཚོལ་བ་སྟེ་


JLD018_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་དྲུག་ལ་ཡང་དེ་ལྟར་རོ། །དེ་ཡང་མདོ་ལས། དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པའོ། །ཞེས་པའི་ཚིག་གིས་བསྟན་ཏོ། །གསུམ་པ་ནི། གང་གི་སྟོབས་ཀྱིས་ཡན་ལག་གཞན་རྣམས་དམིགས་རྣམ་ལས་མི་གཡེང་བར་བྱེད་པས་གནས་ཀྱི་ཡན་ལག་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པ་དང༌། ཡང་དག་བྱང་ཆུབ་ཡན་ལག་གི་རྣམ་པ་ཞེས་འོག་མ་རྣམས་ལ་ཡང་སྦྱར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་རང་བཞིན་གྱི་ཡན་ལག་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང༌། སོ་སྐྱེའི་ས་ལས་རིང་དུ་འདའ་བར་བྱས་པས་ངེས་པར་འབྱུང་པའི་ཡན་ལག་བརྩོན་འགྲུས་དང༌། ལུས་སེམས་ལ་ཕན་འདོགས་པས་ཕན་ཡོན་གྱི་ཡན་ལག་དགའ་བ་དང༌། ཉོན་མོངས་པ་མེད་པའི་གཞི་དང་དེ་མེད་པའི་གནས་དང༌། དེ་མེད་པའི་ངོ་བོ་ཡིན་པའི་ཕྱིར་ཉོན་མོངས་པ་མེད་པའི་ཡན་ལག་ནི་ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང་བཏང་སྙོམས་ཏེ། དེ་ཡང་དང་པོས་ནི་ལུས་སེམས་ལས་སུ་རུང་བར་བྱས་པས་ལུས་སེམས་ལས་སུ་མི་རུང་པའི་གནས་ངན་ལེན་སྤངས་པ་དང༌། གཉིས་པས་ནི་མཉམ་པར་བཞག་སྟོབས་ཀྱིས་ཡང་དག་པའི་ཤེས་རབ་སྐྱེད་དེ་ཉོན་མོངས་རྣམས་སྤོང་བ་དང༌། གསུམ་པས་ནི་སེམས་ཉོན་མོངས་དང་མཐུན་པར་གནས་པའི་མི་མཉམ་པ་དང་རྣལ་དུ་མི་འདུག་པ་དང་རྩོལ་བ་དང་བཅས་པའི་ཉོན་མོངས་ཀྱི་གཉེན་པོ་བྱེད་


JLD018_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །དེ་ལྟར་ཡང་དབུས་མཐའ་ལས། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །ཞེས་སོ། །གཞི་དང་གནས་ཀྱི་ཁྱད་པར་ནི་བྱ་བའི་གཞི་དང་བྱེད་པའོ། །བཞི་པ་ནི། དབུས་མཐའི་འགྲེལ་བཤད་ལས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལ་དྲན་པ་ལ་སོགས་པ་བདུན་ནི་བྱང་ཆུབ་དང་མཐུན་པའི་ཕྱིར་དེའི་ཡན་ལག་རྣམས་སོ། །ཆོས་རབ་ཏུ་འབྱེད་པ་ནི་རྟོགས་པའི་བདག་ཉིད་ཡིན་པས་ན་བྱང་ཆུབ་སྟེ་དེ་དག་གི་གྲོགས་སུ་གྱུར་པས་ན་ཡན་ལག་གོ །ཞེས་གསུངས་ཤིང་ཛ་ཡ་ཨ་ནན་ཏས་ཀྱང་ལུགས་དེ་བཀོད་དོ། །དོན་གསང་ལས་དྲན་པ་སྔར་མྱོང་བའི་ཡུལ་ཅན་ཡིན་ལ་མཐོང་ལམ་གྱི་སྔོན་དུ་ཟག་མེད་མེད་པས་དེའི་སྐད་ཅིག་དང་པོ་ལ་དྲན་པ་མེད་པའི་ལུགས་དང༌། ཡོད་པའི་བཤད་ཡམས་བྱས་ཀྱང་ཡོད་པ་ལེགས་སོ། །ལྔ་ནི། མཐོང་སྤང་རྣམས་མ་ལུས་པར་སྤངས་པའོ། །བདུན་པ་ནི་སོ་སོར་བཤད་པའི་བདུན་པ་སྟེ་འཕགས་ལམ་ཡན་ལག་བརྒྱད་ཀྱི་རྣམ་པ་བཤད་པ། བདུན་པ་ནི་མངོན་རྟོགས་ཀྱི་ལམ་གྱི་འོག་ཏུ་རྣམ་དག་ངེས་འབྱིན་གྱི་ལམ་འཆད་དེ། བདེན་པ་སྔར་མ་མཐོང་མངོན་སུམ་དུ་མཐོང་བའི་མངོན་རྟོགས་ཀྱི་ལམ་ཡོངས་སུ་ཤེས་པ་སྟེ་ཐོབ་པ་ལ་སྒོམ་ལམ་གྱི་ངོ་བོ་རྣམ་དག་ངེས་འབྱིན་གྱི་ལམ་འབྱུང་བས་སོ། །དེ་ལྟ་བུའི་ལམ་དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་རྣམ་པ་བརྒྱད་དེ། འདི་དག་དམིགས་པ་དང་སྒོམ་ཚུལ་ནི་སྔར་བཞིན་ནོ། །ངོ་


JLD018_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ནི། མཐོང་ལམ་དུ་གང་ཟག་གམ་ཆོས་ཀྱི་བདག་མེད་ཇི་ལྟར་རྟོགས་པ་དེ་སྒོམ་ལམ་དུ་བདག་གིས་འདི་ལྟར་རྟོགས་སོ་ཞེས་སྔར་གྱི་རྟོགས་པའི་རྗེས་སུ་འཇུག་པ་ཡང་དག་པའི་ལྟ་བ་ཡང་དག་འཕགས་པའི་ལམ་ཡན་ལག་གི་རྣམ་པ་དང༌། ཡང་དག་འཕགས་པའི་ཞེས་སོགས་ལྷག་མ་ལ་ཡང་སྦྱར་རོ། །གལ་ཏེ་འདི་སྒོམ་ལམ་དུ་ཡིན་ན་མཐོང་ལམ་དུ་ལམ་གྱི་ཡན་ལག་བརྒྱད་བཞག་པ་ཇི་ལྟར་མི་འགལ་ཞེ་ན། འདི་སྒོམ་ལམ་དུ་ནི་སྦྱར་དགོས་ཏེ། དབུས་མཐའི་འགྲེལ་པ་ལས་ཡང་དག་པའི་ལྟ་བ་ནི་སྒོམ་པའི་ལམ་གྱི་ཚ་ེན་མཐོང་པའི་ལམ་ལ་ཡོངས་སུ་གཅོད་པའི་ཡན་ལག་སྟེ། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་དེས་རང་གི་རྟོགས་པ་ཡོངས་སུ་གཅོད་པའོ་ཞེས་སོ། །དེ་ལྟ་ན་ཡང་མཐོང་ལམ་དུ་བཞག་པ་མི་འགལ་ཏེ། དེའི་འགྲེལ་ཊིཀ་ལས། དེ་འབྱུང་པའི་མཐུ་རྙེད་པས་ལམ་ལ་མཉམ་པར་བཞག་པ་ན་ཡང་དེ་མཉམ་པར་བཞག་གོ །ཞེས་མཐོང་ལམ་མཉམ་གཞག་ཏུ་ཡང་དག་ལྟ་བ་དངོས་མ་སྐྱེས་ཀྱང་དེ་སྐྱེད་པའི་ནུས་པ་མཐུ་ལྡན་ཐོབ་པ་ལ་དེ་ཐོབ་པར་བཞག་གོ། ཞེས་གསུངས་པའོ། །ཡང་དག་ལྟ་བས་རྟོགས་པའི་རྟོགས་པ་དེའི་རྣམ་གཞག་ཇི་བཞིན་དུ་ཡོངས་སུ་གཅོད་པ་དང༌། རྣམ་པར་བཞག་པའི་མདོ་སྡེ་ལ་སོགས་པ་གསུང་རབ་ཀྱི་དོན་ལ་འཇུག་པའི་ཡང་དག་པའི་རྟོག་པ་དང༌། རྫུན་དུ་སྨྲ་བ་སོགས་ངག་གི་ལས་རྣམ་པར་དག་པའི་ཡང་དག་པའི་ངག་དང༌། སྲོག་གཅོད་པ་སོགས་ལུས་ཀྱི་ལས་རྣམ་པར་


JLD018_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཡང་དག་པའི་ལས་ཀྱི་མཐའ་དང༌། ཚུལ་འཆོས་བ་ལ་སོགས་པ་ལུས་ངག་གཉིས་ཀའི་ལས་རྣམ་པར་དག་པའི་ཡང་དག་པའི་འཚོ་བ་སྟེ་འདིར་ཡང་རྟོག་པ་དང་ངག་གཉིས་ལ་དབུས་མཐའི་འགྲེལ་ཊཱིཀ་ཏུ། དེ་འབྱུང་པའི་མཐུ་རྙེད་པས་ལམ་ལ་མཉམ་པར་བཞག་པ་ན་ཡང་དེ་གཉིས་དང་ལྡན་པར་རིག་པར་བྱའི་མཉམ་པར་བཞག་པ་ན་ཡང་དག་རྟོག་པར་བྱེད་པའང་སྨྲ་བ་མ་ཡིན་ནོ་ཞེས་སྔར་ལྟར་གསུངས་སོ། །ཐུབ་དགོངས་ལས། ཡན་ལག་འདི་རྣམས་ལངས་པའི་ཡང་སྟེ་ལམ་ལ་མཉམ་པར་གཞག་པ་ལ་ནི་ཡང་དག་པའི་རྟོག་པ་དང་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང་དྲན་པ་རྣམས་མི་སྲིད་དོ། །འོ་ན་ལམ་ལ་སྙོམས་པར་ཞུགས་བ་དེའི་ཚེ་ཡན་ལག་བརྒྱད་སྒྲུབ་པའི་ཆོས་སུ་ཇི་ལྟར་འགྱུར་ཞེ་ན། འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པས་དེའི་རང་བཞིན་ཟག་པ་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་འཐོབ་སྟེ། གང་ཐོབ་པས་ལངས་ཀྱང་སླར་ཡང་ལོག་པའི་ངག་ལ་སོགས་པ་ལ་མི་འཇུག་ཅིང་ཡང་དག་པའི་ངག་ལ་སོགས་པ་ལ་ཡང་འཇུག་གོ །དེའི་ཕྱིར་རྒྱུ་མཚན་ལ་རྒྱུ་མཚན་ཅན་ཉེ་པར་བཏགས་པ་ལས་ཡན་ལག་བརྒྱད་ཉིད་དེ་གཞན་དུ་ན་ལམ་ལ་མཉམ་པར་བཞག་པ་ལ་འགལ་ལོ། །ཞེས་འཆད་པ་ནི་མཛོད་འགྲེལ་ལས། བྱེ་སྨྲ་རྣམས་ཀྱིས་མཉམ་གཞག་ན་ལམ་གྱི་ཡན་ལག་བརྒྱད་ཡོད་ཚུལ་སྨྲས་པ་བྲིས་པར་སྣང་ལ། འོན་ཀྱང་དེ་ལས་ནི་རྟོག་པ་དང་དྲན་པ་མི་འབྱུང་ངོ༌། །བྱེ་སྨྲའི་འདིའི་མགོ་མཚུངས་ཀྱི་ལན་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ལུགས་ལ་ཡང་མཉམ་གཞག་ཏུ་ལོག་པའི་ངག་


JLD018_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་མི་འཇུག་པའི་རྒྱུ་མཚན་ཐོབ་པ་ལ་རྒྱུ་མཚན་ཅན་ཐོབ་པར་ཅིའི་ཕྱིར་མི་བཞག་ཅེས་འཆད་དོ། །དེས་ན་རྟོག་པ་དང་ལུས་ངག་གི་གསུམ་སྟེ་བཞི་དང་ལྟ་བ་ནི་མཉམ་གཞག་གི་དུས་ན་མངོན་གྱུར་དུ་མེད་དོ།། ཡུན་རིང་པོར་མི་སྐྱོ་བར་ཤེས་སྒྲིབ་བམ་སྒོམ་སྤང་གི་གཉེན་པོར་སྒོམ་པའི་ཡང་དག་པའི་རྩོལ་བ་དང༌། ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་ཀྱི་རྒྱུ་མཚན་རྣམས་མ་བརྗེད་པས་བྱིང་རྒོད་མེད་པའི་ཕྱིར་ཞི་ལྷག་གི་ལམ་མངོན་དུ་བྱ་བའི་སྒྲིབ་པའི་གཉེན་པོར་སྒོམ་པའི་ཡང་དག་པའི་དྲན་པ་དང༌། མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་ལ་གེགས་བྱེད་པའི་སྒྲིབ་པའི་གཉེན་པོར་སྒོམ་པའི་ཡང་དག་པའི་ཏིང་ངེ་འཛིན་ཏེ། རྒྱན་ལས། དེའི་འོག་ཏུ་ཇི་ལྟ་བུར། །རྟོགས་པའི་རྗེས་སུ་འཇུག་པ་སྐྱེ། །རྣམ་གཞག་ཇི་བཞིན་རྟོགས་པ་དང༌། །རྣམ་པར་བཞག་ལ་འཇུག་པ་དང༌། །ལས་གསུམ་རྣམ་པར་དག་པ་དང༌། །ཤེས་བྱ་དག་དང་ལམ་དག་ནི། ཡོན་ཏན་ཁྱད་པར་ཅན་གྱི་ནི། །སྒྲིབ་པའི་གཉེན་པོར་སྒོམ་པའོ། །ཞེས་སོ། འདིར་ལས་གསུམ་རྣམ་པར་དག་པ་ཞེས་པ་ངག་ལས་མཐའ་འཚོ་བ་གསུམ་ལུས་ངག་གི་ལས་སྨད་པ་རྣམས་དང་བྲལ་བའི་ལུས་ངག་གི་ལས་ལ་བཞེད་ལ། དེ་གཉིས་ཀྱང་བྱེ་སྨྲ་གཟུགས་ཅན་མཚན་ཉིད་པར་འདོད་པ་ལ་སངས་རྒྱས་གཉིས་པས་མཛོད་འགྲེལ་དང༌། ལས་གྲུབ་པའི་རབ་ཏུ་བྱེད་པར་བཀག་ནས་སེམས་པ་ལ་བཞག་པས་འདི་དག་ཤེས་པ་ལ་བྱའི་བེམས་པོ་ལ་ནི་མི་བྱའོ། །འོ་ན་མཉམ་གཞག་


JLD018_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་དག་མི་འབྱུང་པ་འགལ་ཞེ་ན། དེ་ནི་འདི་དག་ཕྱིའི་ལུས་ངག་གི་ཀུན་སྤྱོད་དངོས་སུ་སློབ་པའི་ལས་ཡིན་ལ་དེ་ཡང་མཉམ་གཞག་མེད་པ་ལ་དགོངས་སོ། །གང་དག་ལུས་ངག་གི་ལས་བེམས་པོ་མཚན་ཉིད་པར་འདོད་པ་ནི་བྱེ་སྨྲའི་གྲུབ་མཐས་བཅིངས་པ་ཡིན་ལ། ཁ་ཅིག་ཐེག་དམན་གྱི་ལུས་ངག་གི་ལས་ཞེས་དམིགས་ཀྱིས་བཀར་ནས་སྨྲ་བ་ནི་གྲུབ་མཐའི་སྒྲོ་བཏགས་པ་དང་དོན་ལ་གནས་པའི་ཆ་མ་ཕྱེད་པ་སྟེ་འདི་ནི་སྔར་བརྗོད་ཟིན་ཏོ། །འདི་དག་ལ་ཞིབ་ཏུ་དཔྱད་པ་ཡོད་ཀྱང་ཡི་གེ་མངས་བས་འཇིགས་ནས་མ་བྲིས་སོ། །འབྲས་བུ་ནི་སྒོམ་སྤང་སྤངས་པའོ། །ཡན་ལག་བརྒྱད་པོ་དེ་དག་ཀྱང་ཡན་ལག་བཞིར་འགྱུར་ཏེ། ལྟ་བ་ནི་མཉམ་གཞག་གི་རྟོག་པ་ཡོངས་སུ་གཅོད་པའི་ཡན་ལག་དང་རྟོག་པས་ཀུན་ནས་བསླང་ནས་ངག་གིས་གོ་བར་བྱེད་པས་དེ་ནི་གོ་བར་བྱེད་པའི་ཡན་ལག་དང༌། ངག་གིས་བསྙད་པ་དང་འབེལ་བའི་གཏམ་གྱིས་ལྟ་བ་རྣམ་དག་ཏུ་དང༌། ལས་ཀྱི་མཐས་བྱ་བ་མ་ཡིན་པ་མི་བྱེད་པས་ཚུལ་ཁྲིམས་རྣམ་དག་ཏུ་དང༌། འཚོ་བས་ཆོས་གོས་སོགས་ཇི་ལྟར་གནང་བ་བཞིན་ལོངས་སྤྱད་པས་ཡོ་བྱད་བསྙུངས་པ་ལ་ཡིད་ཆེས་པས་དེ་གསུམ་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་གོ །རྩོལ་བས་སྒོམ་སྤང་གི་ཉོན་མོངས་དང༌། དྲན་པས་ཉེ་ཉོན་གྱི་བྱིང་རྒོད་དང༌། ཏིང་ངེ་འཛིན་གྱིས་མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་བསྒྲུབས་པས་དབང་གིས་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པས་དེ་གསུམ་གཉེན་པོའི་ཡན་ལག་སྟེ། དབུས་མཐའ་ལས། ཡོངས་སུ་གཅོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་


JLD018_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་ཀྱི་ལམ་ལག་དེ་བརྒྱད་དེ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་སོ། །རྒྱན་སྣང་དུ། དྲན་ཉེར་བཞི་ནས་ཡན་ལག་བརྒྱད་ཀྱི་བར་འདི་དག་ལམ་བདུན་ཡིན་པར་སྒྲུབ་པའི་ཚུལ་དུ་བཤད་དོ། །གཉིས་པ་ནི། ལམ་བདུན་ལ་རྣམ་པ་བཞི་ནས་བརྒྱད་ཀྱི་བར་དུ་ཡོད་པ་དེ་ལྟར་ན་སློབ་མ་ཉན་ཐོས་རྣམས་ལ་ཡོད་པའི་ཀུན་ཤེས་པ་ཉིད་ཀྱི་ལམ་གྱི་རྟེན་ཅན་ཏེ་དེ་ལ་བརྟེན་པའི་སོགས་སོ། །རྣམ་མཁྱེན་གྱི་རྣམ་པ་འགྲེལ་བའི་རྒྱས་བཤད་ཀྱི་གཉིས་པ་སྟེ་བྱང་སེམས་ལ་ཡོད་པ་དང་རྗེེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པའི་ས་བཅད་སྤྲོ་ཞིང་དང་པོར་གཉེན་པོའི་ལམ་གསུམ་གྱི་རྣམ་བཤད། གཉིས་པ་ལམ་ཤེས་པ་ཉིད་ཀྱི་རྣམ་པ་སྟོན་པ་ལ་གཉིས། སོ་སོར་བཤད་པ་དང་དོན་བསྡུ་བའོ། །དང་པོ་ལ་དྲུག །གཉེན་པོ་དང༌། སྤྲུལ་པ་དང༌། མཐོང་ཆོས་ལ་བདེར་གནས་དང༌། འཇིག་རྟེན་ལས་འདས་པ་དང༌། སྤོང་བ་དང༌། སངས་རྒྱས་ཀྱི་ལམ་མོ། །དང་པོ་ནི། གཉེན་པོའི་ལམ་ལ་རྣམ་པར་ཐར་པའི་སྒོ་གསུམ་གྱི་རྣམ་པ་གསུམ་མོ། །རྒྱུ་མཚན་ནི། རྣམ་ཐར་གྱི་སྒོ་དང་པོ་དང་གཉིས་པ་དང་གསུམ་པ་གསུམ་དུ་ཕྱེ་བ་དེ་ལྟར་ནའོ། །དེ་གསུམ་གང་ན། དེ་ལ་སྡུག་བདེན་གྱི་སྟོང་པ་དང་བདག་མེད་པའི་ཤེས་པའི་རྣམ་པའི་ངོ་བོ་ཉིད་གཉིས་ནི་རྣམ་པར་ཐར་པའི་སྒོ་དང་པོ་སྟོང་པ་ཉིད་དེ། དོན་གཞན་དང་ངོ་བོའི་བདག་གིས་སྟོང་པར་རྟོགས་པས་སོ། །འགོག་པ་དང་ལམ་གྱི་བདེན་པའི་ཤེས་པའི་རྣམ་པའི་ངོ་བོ་ཉིད་བརྒྱད་ནི་རྣམ་པར་ཐར་པའི་སྒོ་གཉིས་པ་མཚན་མེད་དེ། མཚན་མའི་རྣམ་རྟོག་བྲལ་བ་དང་


JLD018_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བྱེད་ཡིན་པར་རྟོགས་པས་སོ། སྡུག་བདེན་གྱི་མི་རྟག་པ་དང་སྡུག་བསྔལ་བ་དང༌། ཀུན་འབྱུང་པའི་བདེན་པའི་ཤེས་པའི་རྣམ་པའི་ངོ་བོ་ཉིད་བཞི་སྟེ་དྲུག་ནི་རྣམ་པར་ཐར་པའི་སྒོ་གསུམ་པ་སྨོན་མེད་དེ། ཡིད་འབྱུང་བའི་གཞིར་རྟོགས་པས་སོ། །དེ་དག་གཉེན་པོའི་ལམ་དུ་ཇི་ལྟར་འགྱུར་ན་བདག་དང་བདག་གིར་ལྟ་བས་བྱས་པ་སྟེ་ཞེན་པའི་གཉེན་པོ་ཞེས་བྱ་བ་དེ་ལྟ་བུ་དང༌། འཇིག་ལྟ་དེའི་རྒྱུ་མཚན་ཅན་འབྲས་བུ་མཚན་མའི་རྣམ་པར་རྟོག་པའི་གཉེན་པོ་ཞེས་བྱ་བ་དེ་ལྟ་བུ་དང༌། ཁམས་གསུམ་པ་ལ་སྨོན་པ་སྟེ་སྲེད་པའི་གཉེན་པོ་ཞེས་བྱ་བ་དེ་ལྟ་བུའི་ངོ་བོ་ཉིད་ལ་སྟེ་ངོ་བོ་ཉིད་དུ་རྣམ་ཐར་གསུམ་གོ་རིམ་བཞིན་དུ་བཞག་གོ །གཞུང་ཁ་ཅིག་དང་ཤེར་སྒྲོན་རྟོགས་དཀའ་གསུམ་དུ། རྒྱུ་མཚན་ཞེས་འབྱུང་ཡང་འགྲེལ་ཆེན་གཉིས་སུ་རྒྱུ་མཚན་ཅན་ཞེས་པ་ལྟར་འབྲས་བུར་བཤད་ན་འགྲིག་སྟེ། འཇིག་ལྟའི་རྒྱུའི་རྣམ་རྟོག་ལ་བྱས་ན་དེ་ཤེས་སྒྲིབ་ཡིན་པས་མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱིས་སྤོང་མི་ནུས་པས་སོ། །རྣམ་ཐར་གྱི་སྒོ་གསུམ་ལ་འཇོག་ཚུལ་དུ་མ་ཞིག་བཤད་ཀྱང་ཚུལ་འདི་ནི་ཀུན་བཏུས་ལས་གསུངས་པའི་རྗེས་སུ་འབྲངས་ནས་ཉི་སྣང་དུ་བཤད་པ་ལྟར་སློབ་དཔོན་གྱིས་ཀྱང་བཀོད་པའོ། །ཐུབ་དགོངས་སུ་མངོན་པར་འདུ་བྱ་བ་མེད་པ་བགྲངས་ནས་རྣམ་ཐར་གྱི་སྒོ་བཞིར་ཡང་བཤད་དོ། །མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང༌། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་དང༌། །ཞེས་འགོག་པའི་རྣམ་པ་བཞི་དོན་ལྔ་དང༌། ཕོ་མོ་དང་འདུས་བྱས་ཀྱི་མཚན་ཉིད་


JLD018_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ་མཚན་མ་བཅུ་བཞི་ཞི་བས་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མེད་དུ་བཤད་ནས། ལམ་གྱི་བཞི་དེར་མ་བཤད་པ་ནི། གཟུགས་ལ་སོགས་པའི་དངོས་པོའང་ཡུལ་གྱི་མཚན་མ་བཅུ་ལ་མཚན་མར་བྱས་ནས་དེ་འགོག་པའི་ཉན་ཐོས་ཀྱི་་ལམ་གྱི་དབང་དུ་བྱས་པས། འདིར་ཡུལ་ཅན་མཚན་མའི་རྣམ་རྟོག་འབྲལ་བྱེད་དང་བྲལ་པའི་དབང་དུ་བྱས་པས་མི་འགལ་ལོ།། སྟོང་ཉིད་སོགས་གསུམ་དང༌། དེའི་ཏིང་ངེ་འཛིན་སོགས་གསུམ་དང་རྣམ་ཐར་གྱི་སྒོའི་སྒྲས་བསྟན་པ་གསུམ་གྱི་ཁྱད་པར་ནི། བསྡུ་བ་ལས། གང་དུ་སྟོང་པ་ཉིད་དང་སྨོན་པ་མེད་པ་དང༌། མཚན་མ་མེད་པ་བྱེད་བྲག་མེད་པར་གསུངས་པ་དེར་ནི་དེ་དག་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བ་ཉིད་ཡིན་པར་བལྟ་བར་བྱའོ། །གང་དུ་དེ་དག་ཏིང་ངེ་འཛིན་གྱི་སྒྲ་ཁོ་ནར་གསུངས་པ་དེར་ནི་དེ་དག་བསྒོམས་པ་ལས་བྱུང་བ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ། །གང་དུ་དེ་དག་རྣམ་པར་ཐར་པའི་སྒོའི་སྒྲར་གསུངས་པ་དེར་ནི་དེ་དག་འཇིག་རྟེན་ལས་འདས་པ་ཉིད་ཡིན་པར་བལྟ་བར་བྱའོ། །ཞེས་པ་ལྟར་རོ། །གཉིས་པ་ནི་སོ་སོར་བཤད་པའི་གཉིས་པ་སྟེ་སྤྲུལ་པའི་ལམ་གསུམ་གྱི་རྣམ་པ་བཤད་པ། གཉིས་པ་ནི། སྤྲུལ་པ་སྒྲུབ་པའི་ལམ་ལ་རྣམ་པར་ཐར་པ་རྣམ་པ་གསུམ་མོ། །འདིར་སྒོ་ཞེས་པ་མ་དག་སྟེ་གཞན་དུ་ན་རྣམ་ཐར་གྱི་སྒོ་བརྒྱད་དུ་འགྱུར་བས་སོ། །རྒྱུ་མཚན་ནི་གཟུགས་ཅན་གཟུགས་ལ་ལྟ་བ་དང༌། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བ་ཞེས་བྱ་བའི་རྣམ་པར་ཐར་པ་འདི་གཉིས་དང་སྡུག་པའི་རྣམ་པར་ཐར་པ་ཞེས་


JLD018_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གཅིག་སྟེ་དེ་ལྟར་ནའོ། །འདི་དག་གི་རང་བཞིན་ཀྱང་གང་ཞེ་ན། འདི་ལ་གསུམ་ལས་དང་པོ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ནི་ལྟའོ། །འདི་ལ་དྲུག །རྟེན་གང་གིས། ས་གང་ལ་བརྟེན་ནས། ཡུལ་གང་ལ། ཚུལ་ཇི་ལྟར། ངེས་ཚིག །དགོས་པ་གང་གི་ཕྱིར་ལྟ་བའོ། །དང་པོ་ནི། ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་པ་ཡན་ཆད་དང༌། ཐེག་དམན་གྱི་ཕྱིར་མི་འོང་ལུས་མངོན་བྱེད་དང༌། དགྲ་བཅོམ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་སོ། །དེ་ཡང་མཛོད་ལས། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །ཞེས་གཟུགས་མེད་ཀྱི་རྣམ་ཐར་བཞི་ཁམས་གསུམ་ག་དང༌། དང་པོ་གསུམ་མིའི་རྟེན་ལ་སྐྱེ་བར་གསུངས་སོ། །སའི་དངོས་གཞིར་ཡང་འདི་གཉིས་འདོད་པར་སྐྱེས་བའི་རྟེན་གྱིས་སྒོམ་པར་བཤད་ཅིང༌། དང་པོ་འདི་ལ་འདོད་པ་ལ་ཆགས་པ་དང་བྲལ་ཞིང་གཟུགས་ལ་འདོད་ཆགས་དང་མ་བྲལ་བ་གསུངས་པ་ནི་སྔ་མ་ངེས་ཀྱང༌། ཕྱི་མ་འདི་ངེས་པར་མི་བཞེད་ཀྱི་མ་བྲལ་བས་ཀྱང་སྒོམ་ནུས་ཞེས་པའི་དོན་ནོ། །བྱང་སེམས་ཀྱིས་ནི་གཟུགས་དང་འདོད་ལྷའི་རྟེན་ལ་ཡང་སྒོམ་ནུས་སམ་སྙམ་མོ། །གཉིས་པ་ནི། མཛོད་ལས། མི་སྡུག་བསམ་གཏན་གཉིས་ན་ཡོད། །ཅེས་རྣམ་ཐར་འདི་གཉིས་རིམ་པ་ལྟར་འདོད་སའི་ཁ་དོག་གི་འདོད་ཆགས་དང་བསམ་གཏན་དང་པོའི་སའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོར་སྒོམ་ལ་ས་ཡང་བསམ་གཏན་དང་པོ་གཉིས་ལ་བརྟེན་པར་འདོད་དེ། དེའི་ལུགས་ཀྱིས་འདི་གཉིས་མི་སྡུག་པ་སྒོམ་པར་འདོད་པས་དེ་འདིར་མི་གཟུང་ངོ༌། །འོ་ན་གང་ཞེ་ན། ཀུན་


JLD018_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བཏུས་སུ་ཡོན་ཏན་ལྷག་མ་རྣམས་ནི་ཉན་ཐོས་སམ་བྱང་ཆུབ་སེམས་དཔའ་འམ་དེ་བཞིན་གཤེགས་པ་ཡང་རུང་སྟེ་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་མངོན་པར་སྒྲུབ་པོ། །ཞེས་ཚད་མེད་བཞི་དང་མངོན་ཤེས་ལྔའི་ལྷག་མའི་ཡོན་ཏན་རྣམས་ཀྱི་རྟེན་དེ་ལྟར་གསུངས་ཤིང༌། འདི་དག་བསམ་གཏན་ལ་བརྟེན་དུ་རུང་བ་ཡང་ཡིན་པས་བསམ་གཏན་བཞི་པའི་དངོས་གཞི་རབ་མཐའ་ལ་བརྟེན་ནོ། །ལུང་འདིས་ཉན་ཐོས་ཡིན་ན་བསམ་གཏན་དང་པོ་གཉིས་ཁོ་ན་ལ་བརྟེན་པར་འདོད་པ་ཡང་བཀག་གོ །འདི་གཉིས་ཀྱི་རྟེན་ལ་ཉི་སྣང་ལས། བསམ་གཏན་དང་གཟུགས་མེད་གདམ་ཁ་ཅན་དུ་མཛད་པ་རྒྱན་སྣང་དུ་ཡང་བཀོད་པའི་དགོངས་པ་ནི་སྔ་མ་ལ་གཟུགས་མེད་ཐོབ་པས་ཀྱང་སྒོམ་པ་ཡོད་པ་དང༌། ཕྱི་མ་ལ་གཟུགས་མེད་ཐོབ་ན་གཟུགས་ཀྱི་འདུ་ཤེས་གཞིག་སླ་བ་ལ་དགོངས་ནས་གཟུགས་མེད་ལ་བརྟེན་པར་གསུངས་ཀྱི་དེ་ལ་བརྟེན་དགོས་པ་ནི་མིན་ཏེ། འདི་གཉིས་བསམ་གཏན་གྱི་ས་པ་ཡིན་པས་གཟུགས་མེད་ཀྱི་སར་འགལ་བའི་ཕྱིར་ཏེ། གཟུགས་མེད་ཀྱི་དངོས་གཞི་ལ་གཟུགས་ཡུལ་དུ་མི་བྱེད་པར་དུ་མ་ཞིག་གསུངས་པའི་ཕྱིར་རོ། །དེས་ན་ཀུན་བཏུས་སུ། དང་པོ་ལ་གཟུགས་ལ་འདོད་ཆགས་དང་མ་བྲལ་བའམ་བཞག་པས་ཀྱང་རུང་སྟེ། ཞེས་པ་དང༌། གཉིས་པ་ལ་གཟུགས་ལ་འདོད་ཆགས་དང་བྲལ་བའམ་བཞག་པས་ཀྱང་རུང་སྟེ། ཞེས་སྔ་མའི་ཚེ་རང་ལ་གཟུགས་ཀྱི་འདུ་ཤེས་བཞག་དགོས་པས་མ་བྲལ་ན་


JLD018_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སླ་ལ། གལ་ཏེ་གཟུགས་མེད་ཐོབ་པས་བྲལ་ཡང་མངོན་དུ་མི་བྱེད་པར་གཟུགས་ཀྱི་འདུ་ཤེས་གཞག་དགོས་པ་དང༌། ཕྱི་མའི་ཚེ་རང་ལ་གཟུགས་ཀྱི་འདུ་ཤེས་གཞིག་དགོས་པས་གཟུགས་མེད་ཐོབ་ན་དེ་སླ་ལ་མ་ཐོབ་ཀྱང་གཟུགས་ཅན་མ་ཡིན་པའི་བློ་གཞག་དགོས་ཞེས་པ་ལྟར། སྔ་མ་གཟུགས་མེད་ཐོབ་པ་དང་ཕྱི་མ་དེ་མ་ཐོབ་བས་ཀྱང་སྒོམ་པ་འོང་བས་སྒོམ་མཁན་གྱིས་གཟུགས་མེད་ཐོབ་པ་སྲིད་ཀྱི་འདི་གཉིས་ཀྱི་རྟེན་གཟུགས་མེད་ནི་མ་ཡིན་ནོ། །གཉིས་པ་ལ་སའི་དངོས་གཞིར་ཡང༌། གཟུགས་ཀྱི་འདོད་ཆགས་དང་ནི་བྲལ་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་མངོན་དུ་མི་བྱེད་ལ་དེའི་འདུ་ཤེས་དང་ནི་ལྡན་ཏེ། ཞེས་རང་ལ་གཟུགས་ཅན་གྱི་འདུ་ཤེས་འཇིག་པ་ན་གཟུགས་མེད་ཀྱི་བློ་ཙམ་འཇོག་གི་དེའི་སྙོམས་འཇུག་དངོས་མི་སྐྱེ་བར་གསུངས་པའི་ཕྱིར་རོ། །འདིར་གཟུགས་ལ་ཆགས་པ་དང་བྲལ་བར་གསུངས་པའི་དགོངས་པ་ནི་ཀུན་བཏུས་ལྟར་བཤད་ཀྱི་ངེས་པར་མི་གཟུང་ངོ༌། །ཚུལ་འདི་ལ་མངོན་པ་བ་ཆེན་པོ་ཁ་ཅིག་ཀྱང་འཁྲུལ་སྣང་བས་ཞིབ་པར་བཤད་དོ། །གསུམ་པ་ནི། ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་བ་དང་ཁ་དོག་ངན་པ་དང་ངན་པ་དང་བཟང་པོ་རྣམས་དང་ཆེན་པོ་ལ་དེ་བཞིན་དུ་སྦྱར་བ་རྣམས་ལའོ། །དེ་ལ་ཁ་དོག་བཟང་བ་ནི་གཅིག་ཏུ་མཛེས་པར་སྣང་བའོ། །ཁ་དོག་ངན་པ་ནི་དེ་ལས་བཟློག་པའོ། །ངན་པ་ནི་སྒྲ་ནས་རེག་བྱའི་བར་ཡིད་དུ་མི་འོང་བའོ། །བཟང་བ་ནི་དེ་ལས་བཟློག་པའོ། །ཆུང་ངུ་ནི་སེམས་ཅན་དང་ཡོ་བྱད་ཀྱི་གཟུགས་སོ། །ཆེན་པོ་ནི་ཁྱིམ་


JLD018_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནས་ཁང་ངོ༌། །བཞི་པ་ནི། ནང་ལྟ་བ་པོ་རང་ལ་གཟུགས་ཅན་ཡིན་པར་འདུ་ཤེས་ནས་ཆེ་ཆུང་བཟང་ངན་རྣམས་ལ་དེ་ལས་ཆེ་བའམ་ཆུང་བ་སོགས་སུ་མཐའ་གཅིག་ཏུ་མ་ངེས་པར་བལྟ་བའོ། །འདི་ལྟར་ལྟ་བའི་ཡུལ་ནི་རང་ཉིད་དེ་ལ་ཆགས་པ་དང་བྲལ་བ་ཅིག་དགོས་ལ་དེ་ལ་ཆགས་པ་དང་བྲལ་ཡང་ཇི་ལྟར་འདོད་པའི་མོས་པའི་དབང་མ་ཐོབ་པས་དེ་ཐོབ་པར་འདོད་ནས་སོ། །ལྔ་པ་ནི། འོ་ན་འདི་ལ་གཟུགས་ཅན་ཞེས་པ་ཅི་ཞེ་ན། རང་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པ་སྟེ་དེ་བཞག་པའི་ཕྱིར་རོ། །དྲུག་པ་ནི། ཕྱི་རོལ་གྱི་དངོས་པོ་ལ་ཇི་ལྟར་འདོད་འདོད་དུ་སྦྲུལ་པའི་སྒྲིབ་པ་སྟེ་དེ་ལ་གེགས་བྱེད་པའི་གཉེན་པོར་རོ། །འདི་ནི་མཚོན་པ་སྟེ་ས་ལས་ཅིའི་ཕྱིར་ཞེ་ན། ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་ཕྱིར་སྦྱོར་བ་ལ་ཡོངས་སུ་སྦྱང་བར་བྱ་བའི་དོན་དུ་སྟེ། འདི་ལྟ་སྟེ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། ཟད་པར་གྱི་སྐྱེ་མཆེད་དང༌། འཕགས་པའི་རྫུ་འཕྲུལ་དང༌། ཉོན་མོངས་པ་མེད་པ་དང༌། སྨོན་གནས་ཤེས་པ་དང༌། སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་སྒྲུབ་པའི་ཕྱིར་རོ་ཞེས་པ་ལྟར་རོ། །གཉིས་པ་གཟུགས་མེད་གཟུགས་ལ་བལྟ་བའི་རྣམ་ཐར་ལ་ཡང་སྔར་ལྟར་ལས། གཞན་ཐམས་ཅད་སྔར་དང་འདྲ་ལ་རྟེན་གྱི་ཁྱད་པར་ནི་རྣམ་ཐར་དང་པོ་ཐོབ་པའོ། །ལྟ་བའི་ཚུལ་ནི་རང་ལ་གཟུགས་ཅན་མ་ཡིན་པ་ནམ་མཁའི་མིང་བཞིར་འདུ་ཤེས་ནས་ལྟའོ། །ཅིའི་ཕྱིར་གཟུགས་


JLD018_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མ་ཡིན་པ་ཞེས་བྱ་ན་རང་ལ་མིང་བཞིའམ་ནམ་མཁར་འདུ་ཤེས་ཏེ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་ཕྱིར་རོ། །འོ་ན་འདི་གཉིས་ལ་རང་ལ་གཟུགས་ཀྱི་འདུ་ཤེས་འཇོག་པ་དང་མི་འཇོག་པ་གཉིས་བྱུང་བ་ཅི་ཞེ་ན། སྤྲུལ་པ་བྱེད་པའི་ཚེ་སྤྲུལ་པ་པོ་སྣང་བ་དང༌། དེ་ཡང་མི་སྣང་བར་བྱས་ནས་སྤྲུལ་བ་ཉིད་ཀྱི་ཕྱིར་ཡིན་ནམ་སྙམ་མོ། །གསུམ་པ་ནི། སྒོ་ཞེས་པ་ནི་ལྷག་མའོ། །འདི་ལ་བཞི་ལས་གང་ཟག་ནི་སྔར་ལྟར་ལ་ཁྱད་པར་དུ་རྣམ་ཐར་དང་པོ་གཉིས་ཐོབ་པའོ། །ས་ནི་སྔར་ལྟར་ཏེ་དེ་ཡང་ས་ལས་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་ཇི་ལྟར་གནས་ཤེ་ན། འདི་ལྟར་འདི་ན་ཁ་ཅིག་བཏང་སྙོམས་དང་དྲན་པ་ཡོངས་སུ་བྱང་བ་ཐོབ་པར་གྱུར་ལ། དེས་དེ་ལ་བརྟེན་ནས་སྡུག་པ་བསྒོམས་ཏེ། ཞེས་དང༌། མཛོད་ལས། གསུམ་པ་མཐའ་ན་ཞེས་པ་གཉིས་དོན་གཅིག་གོ། དགོས་པ་ནི། གཟུགས་སྡུག་པ་སྤྲུལ་པ་ལ་དགའ་བ་སྟེ་འབད་པའི་བློ་སྐྱེ་བ་དང༌། གཟུགས་མི་སྡུག་པ་སྤྲུལ་པ་ལ་མི་དགའ་བ་སྟེ། མི་འབད་པའི་བློ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་དེ་དག་གི་གཉེན་པོར་རོ། །འདིའི་དགའ་མི་དགའ་ནི་བཤད་པ་ལྟར་གཟུང་གི་དེ་གཉིས་སྒྲ་ཇི་བཞིན་དུ་མི་བཟུང་སྟེ་འདིར་བསམ་གཏན་བཞི་པ་ཐོབ་པས་སོ། །ཇི་ལྟར་ན་ཕན་ཚུན་ལྟོས་པ་དང་ཕན་ཚུན་རྗེས་སུ་འབྲེལ་བ་དང༌། ཕན་ཚུན་རོ་གཅིག་པའི་འདུ་ཤེས་གསུམ་ལ་བརྟེན་ནས་སོ། །དེ་ལ་དང་པོ་ནི། གསེར་དངུལ་ཟངས་གསུམ་གྱི་བུམ་པ་ལྟ་


JLD018_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གཟུགས་སྡུག་མི་སྡུག་བར་མ་གསུམ་ལ་དངུལ་བུམ་དེ་ཟངས་བུམ་ལ་ལྟོས་ཏེ་སྡུག་གསེར་བུམ་ལ་ལྟོས་ཏེ་མི་སྡུག་པར་བསྒོམས་པས་ལྟོས་མེད་དུ་སྡུག་མི་སྡུག་གི་ཞེན་པ་ལྡོག་གོ །གཉིས་པ་ནི། གསེར་བུམ་ལ་ལྟོས་ཏེ་མི་སྡུག་པ་དང་ཟངས་བུམ་ལ་ལྟོས་ཏེ་སྡུག་པ་གཉིས་དངུལ་བུམ་གཅིག་ལ་རྗེས་སུ་འབྲེལ་བར་བསྒོམས་པས་སྡུག་མི་སྡུག་ཐ་དད་དུ་ཞེན་པ་ལྡོག་གོ །གསུམ་པ་ནི། སྔ་མ་གཉིས་ལྟར་བསྒོམས་པ་ལ་བརྟེན་ནས་སྡུག་མི་སྡུག་ཐམས་ཅད་ལ་མཐར་གཅིག་ཏུ་སོ་སོར་འཛིན་པ་མེད་པར་ཐམས་ཅད་ཀྱང་སྡུག་པའམ་སྤྲུལ་འདོད་པའི་རྣམ་པར་རོ་གཅིག་པའི་འདུ་ཤེས་འཐོབ་སྟེ། འདི་ནི་གྲུབ་པའི་དུས་སོ། །དེ་ལྟ་བུའི་སྡུག་པའི་རྣམ་པར་ཐར་པ་ཡང་ཡིན་ལ་སྒོ་ཡང་ཡིན་པས་དེའི་སྒོ་སྟེ་སྤྲུལ་པ་བྱེད་པའི་ཐབས་ཏེ་ཤེས་རབ་ཀྱི་ལུས་ཀྱིས་མངོན་སུམ་དུ་བྱས་པ་སྟེ་རྒྱུད་ལ་སྐྱེས་ནས་རྫོགས་པར་བྱས་ནས་ཏེ་དེས་ལན་མང་དུ་འཕགས་པ་རྣམས་གནས་སོ་ཞེས་བྱ་བའོ། །འདི་དང་འགོག་པའི་རྣམ་ཐར་ལ་མངོན་དུ་བྱས་ཏེ་གནས་ཞེས་འབྱུང་ལ་གཞན་ལ་མི་འབྱུང་བ་ཅི་ཞེ་ན། འདི་གཉིས་ཀྱིས་གཟུགས་ཅན་དང་གཟུགས་མེད་ཀྱི་སྒྲིབ་པ་སྤངས་པའི་གནས་གྱུར་རྫོགས་པར་མངོན་དུ་བྱེད་པས་སོ། །གཙོ་བོ་ཡིན་པ་དང༌། ཁམས་དང་སའི་མཐའ་ན་གནས་པའི་ཕྱིར་ཞེས་ཀྱང་འཆད་དོ། །ཅིའི་ཕྱིར་སྤྲུལ་ལམ་ལ་རྣམ་ཐར་གསུམ་བཞག་ཅེ་ན། ཆེ་ཆུང་དང་བཟང་ངན་ལ་ངེས་མེད་དུ་མ་ལྟས་ན་དེ་ལས་གཞན་དུ་སྤྲུལ་མི་ནུས་པས་དེའི་


JLD018_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་པོ་གཉིས་དང༌། དེ་དག་ལ་ངེས་མེད་ཀྱི་མོས་པ་ཐོབ་ཀྱང་སྡུག་མི་སྡུག་མཐའ་གཅིག་ཏུ་འཛིན་པ་མི་བཟློག་ན་མི་སྡུག་པ་སྤྲུལ་མི་འདོད་ལ་དེ་མ་སྤྲུལ་ན་སྤྲུལ་པ་མི་རྫོགས་པས་དེའི་ཕྱིར་དུ་གསུམ་པ་སྒོམ་དགོས་སོ། གསུམ་པ་ནི་སོ་སོར་བཤད་པའི་གསུམ་པ་སྟེ་མཐོང་ཆོས་ལ་བདེ་བ་གནས་པའི་ལམ་ལྔའི་རྣམ་པ་བཤད་པ། གསུམ་པ་གང་ལ་སྙོམས་པར་ཞུགས་ན། མཐོང་བའི་ཆོས་ཚེ་འདི་ལ་བདེ་བར་གནས་པ་སྟེ་ལུས་སེམས་ལ་ཕན་འདོགས་པའི་ལམ་ལ་རྣམ་པ་ལྔའོ། །རྒྱུན་མཚན་ནི། གཟུགས་མེད་ཀྱི་རྣམ་ཐར་རྣམ་པ་བཞི་དང་འགོག་པའི་རྣམ་པར་ཐར་པ་གཅིག་སྟེ་དེ་ལྟར་ནའོ། །དེ་དག་ཀྱང་གང་ཞེ་ན། འདི་ལ་གཉིས་ལས། དང་པོ་ཐར་པ་མྱང་འདས་དང༌། ཀུན་དཀྲིས་མངོན་གྱུར་བ་བྲལ་བར་མཐུན་པར་གནས་པའི་ལམ་གྱི་རང་བཞིན་ལ་གཟུགས་མེད་པའི་སྙོམས་པར་འཇུག་པའི་དངོས་གཞི་བཞི་ཡོད་དེ། དེ་ནི་གཟུགས་མེད་ཀྱི་རྣམ་ཐར་ཡིན་ལ། དེ་ཡང་གཟུགས་མེད་ཀྱི་ས་ལ་རོ་མྱང་བའི་སྲེད་པ་ཐག་བསྲིངས་ནས་དེ་དང་མི་འདྲེ་བར་བྱ་བའི་ཕྱིར་དུ་སྒོམ་པའོ། །གཉིས་པ་ཆགས་སོགས་སམ་སེམས་སེམས་བྱུང་ཉེ་བར་ཞི་བར་གནས་པའི་ལམ་གྱི་རང་བཞིན་ལ་དགག་བྱའི་གཙོ་བོ་ཡིན་པས་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་པར་ཐར་པ་གཅིག་ཡོད་ལ། དེ་ནི་འདུ་ཤེས་ཚོར་འགོག་གི་སྒྲིབ་པ་ལས་གྲོལ་བའི་ཕྱིར་དུ་མངོན་དུ་བྱེད་དོ། །གཟུགས་མེད་བཞི་དང་འགོག་པའི་སྙོམས་འཇུག་དང་རྣམ་ཐར་གྱི་ཁྱད་པར་གང་ཞེ་ན། ལུས་ཀྱི་འབྱུང་བ་ཆེན་པོའམ་སེམས་སེམས་བྱུང་དམིགས་པ་ལ་ཆ་མཉམ་དུ་བྱེད་པས་སྙོམས་འཇུག་དང༌། རང་སའི་ཀུན་དཀྲིས་ལས་


JLD018_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ཞིང་དེ་དང་མི་འདྲེ་བའི་ཆ་ནས་རྣམ་ཐར་དུ་འཇོག་གོ །མཛོད་པ་ནི། རྣམ་ཐར་གྱི་དོན་ས་འོག་མ་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན་པས་ཉེར་བསྡོགས་ཀྱི་བར་ཆད་མེད་ལམ་རྣམས་རྣམ་ཐར་མིན་ལ། རྣམ་གྲོལ་ལམ་རྣམས་ཡིན་ཞེས་ཉེར་བསྡོགས་ལ་ཡང་འདོད་དོ། །དེ་ལྟར་ན་དང་པོ་གསུམ་ནི་གཞན་དོན་གྱི་ཆེད་དུ་འབྱུང་བ་དང་དེ་ནས་ལྔ་ནི་གཞན་གྱི་དོན་གྱི་ཆེད་དུ་བྱ་བ་ཅན་རང་གི་དོན་མཐོང་པའི་དོན་ལ་བདེར་གནས་ཀྱི་དབང་དུ་བྱས་པའི་རྣམ་ཐར་ཏེ་བརྒྱད་དོ། །བཞི་པ་ནི་སོ་སོར་བཤད་པའི་བཞི་བ་སྟེ་འཇིག་རྟེན་ལས་འདས་པའི་ལམ་དགུའི་རྣམ་པ་བཤད་པ། བཞི་པ་འཇིག་རྟེན་ལས་འདས་པའི་ལམ་ལ་དགུའོ། །གང་ན་བསམ་གཏན་བཞི་ནས་འགོག་པའི་སྙོམས་པར་འཇུག་པ་དག་སྟེ་དེ་དགུའོ། །དེ་ཡང་ལམ་ཤེས་ལ་བརྟེན་པའི་རྣམ་པ་ཡིན་པས་བྱང་སེམས་ཀྱི་རྒྱུད་ཀྱི་དེ་དག་ལ་གཟུང་ངོ༌། །འདི་ལ་ཉི་སྣང་དུ། འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པའི་ཕྱིར་རོ། །ཞེས་གསུངས་ནས་གཞན་རྣམས་ལ་འཇིག་རྟེན་ལས་འདས་པར་འཇོག་པའི་རྒྱུ་མཚན་མ་གསུངས་སོ། །དེ་ལ་ཁ་ཅིག་བརྒྱད་པོ་དེ་འགའ་ཞིག་འདས་ལམ་གྱི་ངོ་བོར་གནས་འགའ་ཞིག་དེའི་རྟེན་བྱེད་པས་དེ་སྐད་ཅེས་བྱའོ་ཞེས་འཆད་དོ། །ཤེར་སྒྲོན་དུ་བསམ་གཏན་བཞི་ནི་མཐོང་སྒོམ་གཉིས་ཀ་དང༌། གཟུགས་མེད་བཞི་སྒོམ་ལམ་གྱི་རྟེན་དང༌། འགོག་པ་ནི་འདས་པའི་སེམས་ཉིད་ཀྱིས་འཇུག་ཅིང་ལངས་ནས་ཀྱང་དེ་མངོན་དུ་བྱེད་པས་འདས་ལམ་དུ་འཆད་པ་ནི་བྱང་ཡེ་ལ་སོགས་པའི་བཤད་པའོ། །རྟོགས་དཀར། འཇིག་རྟེན་ལས་འདས་པའི་ལམ་སྟེ་ཐབས་རྣམ་པ་དགུ་


JLD018_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །ཞེས་སོ། །དེ་ལྟར་བཤད་ཀྱང་དགོངས་པ་ནི། སྲིད་རྩེ་ལ་ཟག་མེད་མེད་པར་མངོན་པ་བ་རྣམས་འདོད་ཀྱང༌། སློབ་དཔོན་འདི་ཟག་མེད་བཞེད་པས་དེ་བརྒྱད་ཀྱི་ཟག་མེད་ཀྱི་ཆ་ནི་འདས་ལམ་གྱི་ངོ་བོ་ཡིན་པས་དེར་འཇོག་ལ། འགོག་པ་ནི་འདས་ལམ་གྱིས་ངེས་པར་འཐོབ་དགོས་པས་དེའོ་སྙམ་དུ་དགོངས་སོ། །འདིར་འཇིག་རྟེན་ལས་འདས་པའི་ལམ་དགུ་བ་འགོག་སྙོམས་དེ་ཉིད་ལམ་ཡིན་མིན་བཤད་པ་ལས་འཕྲོས་ཏེ་འགོག་སྙོམས་ཀྱི་སྐོར་ལ་མཐའ་བཅད་པ། འདིར་འགོག་སྙོམས་ཀྱི་མཐའ་བཅད་པ་ལ་བདུན། གང་ཟག་གང་གིས་དང༌། སེམས་གང་ལ་བརྟེན་ནས་དང༌། ཡིད་ལ་བྱེད་པ་གང་གིས་དང༌། དགག་བྱ་གང་འགོག་པ་དང༌། ངོ་བོ་དང༌། དུས་དང༌། ཁམས་གང་དུ་སྙོམས་པར་འཇུག་པའོ། །དང་པོ་ནི། ཐེག་དམན་ལྟར་ན་བསྡུ་བ་ལས། དེ་ལ་ནི་སློབ་པ་ཕྱིར་མི་འོང་བ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང༌། མི་སློབ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡང་སྙོམས་པར་འཇུག་གོ །ཞེས་པ་ལྟར་ཡིན་ལ་ཐེག་ཆེན་ནི་མཐོང་ལམ་ནས་འཇུག་ནུས་སོ། །སོ་སྐྱེ་དང་རྒྱུན་ཞུགས་ཤེས་རབ་ཀྱིས་རྣམ་གྲོལ་རྣམས་ཀྱིས་འཇུག་མི་ནུས་ཏེ། འདི་ལ་འཇུག་པ་ལ་ཉོན་ཡིད་དགག་དགོས་ཤིང་སྲིད་རྩེའི་སེམས་ཐོབ་དགོས་ན། དང་པོ་ལ་དང་པོ་མེད་ལ་ལྷག་མ་རྣམས་ལ་ཕྱི་མ་མེད་པས་སོ། །འོ་ན་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་ས་དྲུག་པ་ཡན་ཆད་བྱང་ཆུབ་སེམས་དཔའི་འགོག་པ་ལ་སྙོམས་པར་འཇུག་སྟེ། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་སྐད་ཅིག་ལ་ཡང་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ་འགོག་པ་མངོན་སུམ་དུ་བྱས་སོ་ཞེས་ནི་མི་བྱའོ་ཞེས་པ་དང་འགལ་ཞེ་ན་སྐྱོན་མེད་


JLD018_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དེ། དེ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་ལ་འགོག་པར་བཞེད་པས་མིང་མཚུངས་ཀྱང་དོན་མི་འདྲའོ། །གཉིས་པ་ནི། སྲིད་རྩེའི་སེམས་དེ་ཤིན་ཏུ་ཕྲ་བས་དེ་ལ་བརྟན་ན་སེམས་སེམས་བྱུང་གི་རྒྱུ་བ་དགག་སླ་བས་དེ་ལ་བརྟེན་པར་མངོན་པ་བ་རྣམས་འདོད་དོ། །མཛོད་ལས། ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །ཞེས་སོ། །འོན་ཀྱང་ཡུམ་གྱི་མདོར་ས་དགུ་གའི་སེམས་ལ་བརྟེན་པར་བཤད་པས་སྔ་མ་ནི་རྩོམ་པ་དང་པོའི་ཚེ་ལ་འདོད་དགོས་སོ། །གསུམ་པ་ནི། ཚོར་འདུ་སོགས་ཀྱི་རྒྱུ་བ་རགས་པ་མི་དབེན་པར་མཐོང་ནས་དེས་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སོ། །བྱང་སེམས་ནི་གཞན་དོན་དུ་ཏིང་ངེ་འཛིན་གྱི་རྩལ་སྦྱང་བར་བྱ་བའི་ཕྱིར་དུའོ། །བཞི་པ་ནི། ཚོགས་དྲུག་དང་ཉོན་ཡིད་དེ་བདུན་འཁོར་དང་བཅས་པ་འགོག་སྟེ་འདི་ལ་ཉོན་ཡིད་མ་བཀག་ན་འདུ་ཤེས་མེད་པའི་སྙོམས་འཇུག་དང་འདི་གཉིས་ལ་ཞི་མ་ཞིའི་ཁྱད་པར་མེད་པར་འགྱུར་བས་སོ། །དེ་ཡང་འདོད་ཁམས་སུ་ཡིན་གྱི་ཁམས་གོང་མ་གཉིས་སུ་ནི་རིམ་པ་ལྟར་སྣ་ལྕེའི་རྣམ་ཤེས་དང་ཚོགས་ལྔ་མེད་པས་ལྔ་དང་གཉིས་འགོག་གོ །ཉན་ཐོས་ཀྱིས་ཚོགས་དྲུག་ལས་མི་འགོག་གསུང་བ་ནི་མི་འཐད་དེ། བསྡུ་བ་ལས། འཇུག་པ་པོའི་རྟེན་སྔར་ལྟར་བཤད་ནས་ཉོན་ཡིད་དང་བཅས་པ་འགོག་པར་གསུངས་པའི་ཕྱིར་རོ། །དེས་ན་ཉན་ཐོས་སྡེ་གཉིས་ཀྱིས་ཚོགས་དྲུག་ལས་མི་འདོད་པས་དེ་ཙམ་ཞིག་འགོག་པར་འདོད་ཀྱི་ཉན་ཐོས་འཕགས་པས་འདི་ལ་འཇུག་པའི་ཚེ་ཉོན་


JLD018_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་མི་འགོག་པ་ནི་མ་ཡིན་ནོ། །འདི་ཡང་དངོས་པོ་ལ་གནས་ཚུལ་དང་འདོད་པས་བཏགས་པའི་ཁྱད་མ་ཕྱེད་པའོ། །གནས་སྐབས་དེ་ཡང་ཀུན་གཞི་ཡོད་པས་སེམས་ལྡན་ཡིན་ཏེ། བསྡུ་བ་ལས། འཇུག་པའི་རྣམ་པར་ཤེས་པ་ཙམ་ཉེ་བར་ཞི་བར་ཟད་ཀྱི་ཀུན་གཞི་རྣམ་པར་ཤེས་པ་ཉེ་བར་ཞི་བ་ནི་མ་ཡིན་ནོ། །ཞེས་སོ། །ལྔ་པ་ལ་གཉིས། འདོད་པ་དགོད། རྩོད་པ་སྤང་བའོ། །དང་པོ་ནི། དོན་སྨྲ་དང་ཐེག་ཆེན་པ་གཉིས་ཀས་ཀྱང་ལྡན་མིན་འདུ་བྱེད་དུ་འདོད་དོ། །འོན་ཀྱང་བྱེ་སྨྲས་རྫས་སུ་གྲུབ་པར་འདོད་ལ་མདོ་སྡེ་པ་ཡན་ཆད་ཀྱིས་བསྡུ་བ་ལས། དེ་ཡང་བཏགས་པའི་ཡོད་པ་ཡིན་གྱི་རྫས་སུ་ནི་མ་ཡིན་པར་རིག་པར་བྱའོ། །ཞེས་པ་ལྟར་འདོད་པ་ནི་ཁྱད་པར་རོ། །གཉིས་པ་ལ་གཉིས། ཁས་བླངས་བརྗོད། དེ་དགག་པའོ། །དང་པོ་ནི། ཁ་ཅིག་ན་རེ་འདི་ལྡན་མིན་དུ་བཤད་པ་ནི་ཉན་ཐོས་སྡེ་པ་དང་སྒོ་བསྟུན་པ་ཡིན་གྱི་ཐེག་ཆེན་པ་རང་ལུགས་ལ་ཏིང་ངེ་འཛིན་ཁྱད་པར་ཅན་དུ་འདོད་དེ། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། བྱང་སེམས་རྣམས་འགོག་པའི་ཏིང་ངེ་འཛིན་ལ་གནས་ནས་ཚོར་བ་གསུམ་དང་འདུ་ཤེས་གསུམ་ཡོངས་སུ་གཅོད་དེ། མངོན་པར་འདུ་བྱེད་པ་དང་གཡོ་བའི་སེམས་ཀྱི་སྤྱོད་པ་མེད་པར་ཚོར་བ་དང་འདུ་ཤེས་དང་སེམས་པ་དང་རེག་པ་དང་ཡིད་ལ་བྱེད་པ་ཀུན་གཅོད་པར་འགྱུར་རོ། །ཞེས་དང༌། ཡུམ་གྱི་མདོ་ལས་ཀྱང་ཐོད་རྒལ་གྱི་ཏིང་ངེ་འཛིན་དུ་བཤད་པ་དང་སྙོམས་འཇུག་ཏུ་གསུངས་པ་དང་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུར་བཤད་པའི་ཕྱིར་རོ། །དེས་ན་ཐེག་ཆེན་འཕགས་པའི་


JLD018_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་ཡེ་ཤེས་ཡིན། ཞེས་ཟེར་རོ། །གཉིས་པ་ལ་གཉིས། སྐུ་མཆེད་ཀྱི་དགོངས་པ་མིན་པར་བསྟན། དེ་ལས་ལོགས་སུ་འདོད་པ་མི་འཐད་པའོ། །དང་པོ་ནི། འཕགས་པ་སྐུ་མཆེད་ཀྱིས་འདིའི་ངོ་བོ་ཤེས་པ་ཡིན་པ་ལྟ་ཞོག །བྱེ་སྨྲའི་བཙུན་པ་དབྱིག་བཤེས་ཀྱིས་འདིའི་གནས་སྐབས་ན་ཡིད་ཤེས་མི་གསལ་བ་ཡོད་དོ་ཞེས་འདོད་པ་ལ། ཐེག་བསྡུས་སུ་བཀག་ཅིང་ལས་གྲུབ་པ་ལས་ཀྱང༌། ཁ་ཅིག་ནི་སེམས་དང་བཅས་པའི་གནས་སྐབས་སུ་འདོད་དེ། དཔེར་ན་བཙུན་པ་དབྱིག་བཤེས་ཀྱིས་ཡོངས་སུ་དྲི་བ་ལས་གང་གི་ལྟར་ན། འགོག་པའི་སྙོམས་པར་འཇུག་པ་སེམས་མེད་པ་ཡིན་པ་དེ་ལ་སྐྱོན་དེ་ཡོད་ཀྱི་ཁོ་བོའི་ལྟར་ན། འགོག་པའི་སྙོམས་པར་འཇུག་པ་སེམས་དང་བཅས་པ་ཉིད་དོ་ཞེས་སྨྲ་པ་ལྟ་བུའོ། །འདིར་མདོའི་ཁུངས་ཀྱང་འགོག་པ་ལ་སྙོམས་པར་འཇུག་པའི་ལུས་ཀྱི་འདུ་བྱེད་དག་མ་འགགས་པ་ནས་དབང་པོ་དག་མ་འགྱུར་པ་ཡིན་ཞིང༌། རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ནོ་ཞེས་བྱ་བ་ཁྱེར་ཏེ་འོང་བར་བྱེད་དོ། །དེ་དག་དེའི་ཚེ་རྣམ་པར་ཤེས་པ་གང་ཡིན་པར་འདོད། ཁ་ཅིག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས། ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་དང་གསུམ་ཡང་དག་པར་འདུས་པའི་རེག་པ་དང་ལྷན་ཅིག་སྐྱེས་པའི་ཚོར་བ་དང་འདུས་ཤེས་དང་སེམས་པ་སྐྱེའོ་ཞེས་མ་གསུངས་སམ། ཇི་ལྟར་ན་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ཀྱང་གསུམ་ཡང་དག་པར་འདུས་པ་མ་ཡིན།


JLD018_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འདུས་ན་ཡང་རེག་པ་ཇི་ལྟར་མེད། རེག་པ་ཡོད་ན་ཡང་གང་གིས་ན་འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་ཚོར་བ་དང་འདུ་ཤེས་མེད་པ་ཡིན་ཞེས་བྱ། ཞེས་སོགས་ཀྱིས་འདི་ལ་ཞུགས་པའི་ཚེ་ཡིད་ཤེས་དགེ་མི་དགེ་ལུང་མ་བསྟན་ཡོད་པ་རྒྱས་པར་བཀག་ནས། མཇུག་བསྡུ་བར་དེ་བས་ན་རྟོག་གེ་བ་ཁྱོད་ཀྱིས་ལུང་གི་དོན་ཇི་ལྟ་བ་བཞིན་དུ་མ་རྟོགས་པས་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་ན་ཡིད་ཀྱི་རྣམ་པར་ཤེས་པའི་སེམས་དང་བཅས་པར་རྟོག་པ་ནི་གཟུ་ལུམ་དུ་སེམས་པ་ཡིན་ནོ་ཞེས་སོ། །གཞན་ཡང་འདི་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ན་ཡིད་ཤེས་ཡིན་དགོས་ལ། དེ་ལྟ་ན་སུམ་བཅུ་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་ཞེས་འབྱུང་དུས་སྤྱིར་བཏང་ནས། འདུ་ཤེས་མེད་པ་པོ། །སྙོམས་པར་འཇུག་པ་རྣམ་གཉིས་དང༌། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་གནས་སྐབས་དེ་ལྔར་མི་འབྱུང་བར་དམིགས་ཀྱིས་བསལ་པའི་ཕྱིར་ཡིད་ཤེས་སུ་མི་རུང་ངོ༌། །གཞན་ཡང་ཚོགས་དྲུག་ལས་མི་འདོད་པའི་ཉན་ཐོས་སྡེ་པ་ལ་ཀུན་གཞི་ཡོད་པར་སྒྲུབ་པ་ན། བསྡུ་བ་ལས། ཅིའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མེད་ན་སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་ཅེ་ན། འདི་ལྟར་འདུ་ཤེས་མེད་པ་ལ་སྙོམས་པར་འཇུག་པའམ། འགོག་པ་ལ་སྙོམས་པར་འཇུག་པའི་རྣམ་པར་ཤེས་པ་ལུས་དང་བྲལ་བ་ཁོ་ནར་འགྱུར་ཞིང་མ་བྲལ་བར་མི་འགྱུར་བས་དེའི་ཕྱིར་ཤི་བ་ཁོ་ནར་འགྱུར་བ་ཞིག་ན། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་དེའི་རྣམ་པར་ཤེས་པ་ནི་ལུས་དང་


JLD018_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ་ཞེས་ཀུན་གཞི་མེད་ན་ཉོན་ཡིད་ཀྱང་མེད་པས་སྙོམས་འཇུག་གཉིས་ལ་ཞུགས་པ་ན་ཤི་བར་འགྱུར་ལ་ཞེས་གསུངས་པ་མི་རིགས་པར་འགྱུར་ཏེ། འགོག་སྙོམས་ཉིད་ཡིད་ཤེས་ཡིན་པས་སེམས་ཡོད་ཡིན་ཞེས་ལན་བཏབ་པས་ཆོག་པས་སོ། །དེས་ན་སྐུ་མཆེད་ཀྱིས་འགོག་སྙོམས་ལ་ཞུགས་པ་ན་ཀུན་གཞིས་སེམས་ཡོད་དུ་བཤད་ཀྱི་ཤེས་པ་གཞན་གྱིས་སེམས་ཡོད་དུ་བཤད་པའི་ཚིག་གཅིག་ཀྱང་མེད་དོ། །དེ་ལྟར་ན་འགོག་སྙོམས་ལ་ཐེག་ཆེན་གྱི་སློབ་དཔོན་གྱིས་རྣམ་གཞག་མཛད་པ་ནི་ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྗེས་འབྲང་དང་བཅས་པ་འབའ་ཞིག་ཏུ་སྣང་ལ་དེར་ནི་འགོག་སྙོམས་མི་རྟོག་པའི་སྟེང་དུ་བཀྲལ་བ་མི་སྣང་ངོ༌། །ཐེག་བསྡུས་དང་ཀུན་བཏུས་ཀྱི་འགྲེལ་བར་རྟོག་དཔྱོད་ཉེ་བར་ཞི་བས་མི་རྟོག་ཡེ་ཤེས་སུ་འཇོག་ན་འདུ་ཤེས་ཚོར་འགོག་ཀྱང་དེར་འགྱུར་རོ་ཞེས་བསལ་བ་བྱས་པ་དང༌། བསྡུ་པ་ལས་ཀྱང༌། འགོག་པའི་སྙོམས་པར་འཇུག་པ་ནི་ཟག་པ་མེད་པར་བརྗོད་པར་བྱ་སྟེ། ཉོན་མོངས་པ་དང་བྲལ་བའི་ཕྱིར་དང༌། མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་དང༌། དམིགས་པ་མེད་པའི་ཕྱིར་དང༌། ཉོན་མོངས་པ་རྣམས་ཀྱིས་མ་སྐྱེད་པའི་ཕྱིར་རོ། །ཞེས་ཡུལ་ལ་མི་དམིགས་པ་དང༌། སེམས་སེམས་བྱུང་དང་མཚུངས་པར་མི་ལྡན་པར་གསུངས་སོ། །དེ་ལས་རྗེས་ལས་ཐོབ་པར་ཞེས་པ་ནི་མཉམ་རྗེས་གཉིས་ཀྱི་རྗེས་ཐོབ་ཡེ་ཤེས་མ་ཡིན་གྱི། འདས་ལམ་སྔོན་དུ་བཏང་བས་འདི་ལ་འཇུག་པ་ལ་དགོངས་སོ། །ཡང་ལུང་དེའི་


JLD018_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཉིད་ནས། འཇིག་རྟེན་ལས་འདས་པ་ནི་ས་མཐོན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་མ་གཏོགས་པར་སོ་སོ་སྐྱེ་བོ་ཐམས་ཅད་ཀྱིས་སྤྱད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་མངོན་དུ་བྱེད་ཀྱང་ཐབས་ལ་མཁས་པས་བྱེད་ཀྱི་ཉོན་མོངས་པ་སྤོང་བར་ནི་མི་བྱེད་དོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པར་བརྗོད་པར་བྱ་བ་ནི་རྒྱུ་བ་མེད་པ་དང་མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་རོ་ཞེས་ཏེ། བྱང་སེམས་ཀྱི་སེམས་ཅན་གྱི་དོན་དུ་མངོན་དུ་བྱེད་ཀྱི་ཉོན་མོངས་པ་སྤོང་པའི་ཕྱིར་ནི་མ་ཡིན་པ་དང༌། སློབ་པ་དང་མི་སློབ་པའི་མཚུངས་ལྡན་གྱི་ལམ་མིན་པར་གསུངས་པས་ལྡན་མིན་ཟག་མེད་དོ། །གཉིས་པ་ནི། དེ་ལྟར་སྐུ་མཆེད་ཀྱི་ལུགས་དེ་ལ་མི་རྟེན་ན་ཐེག་ཆེན་གྱི་གཞུང་ལུགས་ཆེན་པོ་གཞན་དུ་ཡང་དེ་དང་མི་མཐུན་པ་མ་བཀྲལ་ལ། ཤིང་རྟ་ཆེན་པོའི་བཤད་སྲོལ་གང་ལ་མ་བརྟེན་པར་རང་ཉིད་ཀྱིས་མདོ་དང་བྱམས་པའི་དགོངས་པ་ཡང་འཆད་མི་ནུས་ཏེ། ལོང་ཁྲིད་ཀྱིས་སྤངས་པའི་ལོང་བ་བཞིན་ནོ། །དེས་ན་འདིའང༌། ལམ་གྱི་སྟོབས་གྱིས་འཐོབ་པ་དང༌། སངས་རྒྱས་ཀྱིས་ཀྱང་དེ་མངོན་དུ་བྱེད་པའི་ནུས་པ་ཡོད་པ་ལ་དགོངས་ནས་ཡེ་ཤེས་ཆོས་སྐུར་བཤད་ཀྱི་འདིའི་རྫས་ཤིག་སངས་རྒྱས་ཀྱི་རྒྱུད་ལ་སྐྱེད་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱིས་འདི་ལ་འཇུག་པར་གསུངས་པ་ནི་ནུས་པ་ཐོབ་པ་ལ་དགོངས་སོ། །ཐོད་རྒལ་དུ་བཤད་པས་ཀྱང་མི་གནོད་དེ། མཉམ་པར་མ་བཞག་པའི་སེམས་བཞིན་ནོ། །སྙོམས་འཇུག་ཏུ་གསུངས་པའི་དགོངས་པ་ནི། འདིའི་


JLD018_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་སེམས་དེ་སྙོམས་འཇུག་ཡིན་ཞིང་དེའི་འབྲས་བུ་ཡིན་པས་རྒྱུའི་མིང་གིས་བཏགས་པའམ་ཡང་ན་འདི་ལ་ཞུགས་པའི་ཚེ་ལུས་ཀྱི་འབྱུང་བ་རྣམས་ཆ་སྙོམས་པར་འཇོག་པ་ལ་དགོངས་སོ། །དེ་ཡང་ཚོགས་བདུན་མ་བཀག་པའི་སྔོན་དུ་མེད་ལ་བཀག་པ་ན་ཡང་ཡོད་པས་འདུས་བྱས་ཀྱི་ཐ་སྙད་བྱས་སོ། །དེ་ལྟར་ཡང་མཛོད་འགྲེལ་ལས། ཇི་ལྟར་ན་སེམས་མེད་པ་སྙོམས་པར་འཇུག་པ་ཉིད་ཡིན་ཞེ་ན། འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་སྒྲུབ་པའི་ཕྱིར་རམ། ཡང་ན་སྙོམས་པར་འཇུག་པའི་སེམས་ཀྱིས་དེ་ལ་སྙོམས་པར་འཇུག་ཅིང་ཐོབ་པར་འགྱུར་བས་ན་སྙོམས་པར་འཇུག་པ་ཡིན་ནོ། །ཡང་ཅི་སྙོམས་པར་འཇུག་པ་འདི་དག་རྫས་སུ་ཡོད་དམ་འོན་ཏེ་བཏགས་པར་ཡོད་ཅེ་ན། སེམས་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རྫས་སུ་ཡོད་དོ་ཞེས་ཟེར་རོ། །མ་ཡིན་ཏེ། སྙོམས་པར་འཇུག་པའི་སེམས་དེ་ཁོ་ན་དེ་ལ་གེགས་བྱེད་པའི་ཕྱིར་རོ། །སྙོམས་པར་འཇུག་པའི་སེམས་ཁོ་ནས་དེ་དང་འགལ་བའི་རྟེན་སྐྱེད་པའི་ཕྱིར་གང་གིས་ན་དུས་གཞན་ཀྱི་བར་དུ་སེམས་མི་འཇུག་པ་ཙམ་དུ་འགྱུར་བ་དེ་ལས་གཞན་པའི་སེམས་དང་འགལ་བར་སྐྱེ་སྟེ་དེ་ལ་སྙོམས་པར་འཇུག་པ་ཞེས་གདགས་སོ། །མི་འཇུག་པ་ཙམ་དེ་ཡང་སྔོན་མ་བྱུང་བ་དང་ཕྱིས་ལངས་པ་ལ་མེད་པ་ཡིན་པས་སྙོམས་པར་འཇུག་པ་འདི་ནི་འདུས་བྱས་སུ་གདགས་སོ། །ཞེས་སོ། །དྲུག་པ་ནི། ཁ་ཅིག་ཞག་བདུན་ལས་ལྷག་པ་མི་འཇུག་སྟེ། གཞན་དོན་དོར་བར་འགྱུར་བས་སོ་ཞེས་འདོད་པ་ལ་མི་རིགས་ཏེ། སྙོམས་པར་འཇུག་


JLD018_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་གཞན་དོན་ཡིན་པས་དང༌། སྙིང་རྗེ་པད་དཀར་ལས། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་འགོག་པ་ལ་སྙོམས་པར་ཞུགས་པའི་སེམས་ཀྱིས་བར་གྱི་བསྐལ་བ་བཅུ་པོ་འདི་དག་འདའ་བར་བྱེད་དོ། །ཞེས་གསུངས་པས་སོ། །ཞེས་གསུང་བ་ནི་རྒྱུ་མཚན་སྔ་མ་དེ་ལྟར་ཡིན་ལ། ལུང་འདིས་བཤད་པའི་འགོག་སྙོམས་ས་བཅུ་པ་ནས་བཤད་པ་ཡིན་མིན་བརྟག་ལ་མིན་ན་དེ་སྒྲུབ་བྱེད་དུ་རུང་ངོ༌། །བདུན་པ་ནི། མཛོད་ལས། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོ་མི་ནང་དུ། །ཞེས་དང་པོར་མིའི་རྟེན་ལ་སྐྱེད་ནས་ཕྱིས་གཟུགས་སུ་སྐྱེད་པར་བཤད་པ་ལྟར་བསྡུ་བར་ཡང་གསུངས་ལ། འོན་ཀྱང་བསྡུ་བ་ལས། ཀུན་གཞི་ཁས་མ་བླངས་ན་རྣམ་གཞག་དེ་དགོས་པ་དང༌། ཁས་བླངས་ན་ཁམས་གསུམ་གར་མངོན་དུ་བྱེད་པར་བཤད་དེ། དགག་གཞི་ཡོད་མེད་ཀྱི་ཁྱད་པར་རོ། །ཀུན་བཏུས་སུ། གཟུགས་མེད་ཆེས་ཞི་བ་ཡིན་ལ་འདི་ལ་འཇུག་ན་མ་ཞི་བ་ཞི་བར་བྱ་བའི་ཕྱིར་འཇུག་དགོས་པས་དེ་ན་འདི་མངོན་དུ་མི་བྱེད་པར་གསུངས་པ་ནི་རགས་པ་ཙམ་གྱི་རྣམ་གཞག་ཡིན་ལ། ཞིབ་པར་དཔྱད་ན་དེར་ཡང་སེམས་ཀྱི་རྒྱུ་བ་རགས་པ་ཡོད་པས་དེར་འཇུག་པ་རང་ལུགས་སོ། །ལྔ་བ་ནི་སོ་སོར་བཤད་པའི་ལྔ་བ་སྟེ་སྤང་ལམ་གྱི་རྣམ་པ་བཤད་པ། ལྔ་པ་སྤོང་བའི་ལམ་ལ། ཆོས་བཟོད་ཀྱི་བར་ཆད་མེད་པའི་ལམ་གྱི་རྣམ་པ་བདེན་པ་བཞིས་ཡུལ་ཅན་དུ་བསྡུས་པ་མཐོང་སྤང་གི་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་ཆོས་བཟོད་བཞིའོ། །འདི་ཆོས་ཤེས་རྒྱུན་མཐར་བཞག་ཀྱང་ཐུབ་དགོངས་སུ་མཐོང་བའི་ལམ་ལ་བར་ཆད་མེད་པའི་ལམ་བཞི་དང་ཞེས་པ་ལྟར་འཕགས་སེང་གི་དགོངས་པའོ། །དྲུག་པ་ནི་སོ་སོར་བཤད་པའི་དྲུག་པ་སྟེ་སངས་རྒྱས་ཉིད་ཀྱི་ལམ་གྱི་རྣམ་པ་བཤད་པ། དྲུག་པ་སངས་རྒྱས་ཉིད་ཀྱི་སྟེ་དེ་ཁོ་ནར་


JLD018_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པའི་ལམ་ལ་སེར་སྣ་ནས་ཤེས་འཆལ་གྱི་བར་དྲུག་དང་ཐབས་དང་སྨོན་ལམ་མ་ཡིན་པ་གཉིས་དང་སྟོབས་ཆུང་བ་དང་མི་ཤེས་པ་གཉིས་ཏེ་མི་མཐུན་ཕྱོགས་བཅུ་མི་སྤྱོད་པའི་སྦྱིན་པ་ཞེས་སོགས་སོ། །གཉིས་པ་ནི། ལམ་དྲུག་ལ་རྣམ་པ་གསུམ་ནས་བཅུའི་བར་དུ་ཡོད་པ་དེ་ལྟར་ན་སོགས་སོ། །གལ་ཏེ་སོ་བདུན་བྱང་སེམས་ཀྱིས་ཀྱང་སྒོམ་ལ། རྣམ་ཐར་སྒོ་གསུམ་ནས་སྤོང་ལམ་གྱི་བར་རྣམས་ཉན་ཐོས་ལ་ཡང་ཡོད་ན། ཅིའི་ཕྱིར་དེ་གཉིས་གང་ཟག་ཉན་ཐོས་དང་བྱང་སེམས་ལ་ཡོད་པ་དང༌། མཁྱེན་པ་གཞི་ཤེས་དང་ལམ་ཤེས་གཉིས་ཀྱི་རྣམ་པར་བཤད་ཅེ་ན། འདི་ལ་འབུམ་པས་བྱང་སེམས་ཀྱི་རྣམ་ཐར་སྒོ་གསུམ་ནི་བདག་གཉིས་ཀས་སྟོང་བར་སྒོམ་ལ་དེ་འདྲ་བ་ཉན་ཐོས་ལ་མེད་པས་སོ་ཞེས་ཟེར་བ་ལ། འོ་ན་བྱང་སེམས་ཀྱི་དྲན་ཉེ་སོགས་ལ་ཡང་དེ་ལྟར་སྒོམ་པ་ཡོད་པས་མཚུངས་སོ། །དེས་ན་འདི་མི་ཤེས་པར་སྣང་ངོ་ཞེས་འབྲེ་གསུང་བར་གྲགས་སོ། །འོན་ཀྱང་འདི་ཙམ་ཞིག་དགོངས་པར་སྣང་སྟེ། སོ་བདུན་ཉན་ཐོས་དང་སོ་བཞི་བྱང་སེམས་ལ་གཙོ་ཆེ་བས་བཤད་དོ། །ཇི་ལྟར་གཙོ་ན་ཉན་ཐོས་ཀྱི་ཐུན་མོང་མ་ཡིན་པའི་བཞེད་དོན་ནི། ཉོན་མོངས་ལས་གྲོལ་བའི་མྱང་འདས་ཙམ་ཞིག་ཡིན་ལ་དེ་སྒྲུབ་པ་ལ་ནི་སོ་བདུན་མེད་མི་རུང་གི་ཡན་ལག་ཡིན་ཏེ། སོ་བདུན་འདི་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་ཀྱང་གཙོ་བོར་གང་ཟག་གི་བདག་མེད་པའི་དམིགས་རྣམ་རྫོགས་པ་ཅན་དུ་གསུངས་ལ་ཉོན་མོངས་པ་རྣམས་ཀྱང་གང་ཟག་གི་བདག་ཏུ་ལྟ་བ་ལས་བྱུང་བས་སོ། །རྣམ་ཐར་བརྒྱད་དང་སྙོམས་འཇུག་དགུ་དང་ཕར་ཕྱིན་བཅུ་ནི་


JLD018_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྒྲིབ་ཀྱི་གཉེན་པོར་སྒོམ་ལ་བྱང་སེམས་ཀྱི་བཞེད་པ་མཐར་ཐུག་པ་ཡང་ཤེས་སྒྲིབ་སྤངས་པའི་ཀུན་མཁྱེན་ཡིན་པས་སོ། །ཡང་ན་སོ་བདུན་གྱི་ལྡོག་པ་ནས་ཆོས་ཀྱི་བདག་མེད་རྟོགས་པར་མི་འཇོག་ལ། དེས་ན་བདག་མེད་རྟོགས་པ་ཐུན་མོང་མ་ཡིན་པའི་ལམ་གཞན་གྱིས་ཟིན་པའི་མཐུས་ཡིན་པས་སོ་བདུན་གང་ཟག་གི་བདག་མེད་ཀྱི་དམིགས་རྣམ་ཅན་ཡིན་པའི་ཕྱིར་གཞི་ཤེས་ཀྱི་རྣམ་པ་དང༌། སོ་བཞིའི་སྐབས་སུ་ལམ་དང་པོ་དང་ལྔ་པ་གཉིས་ཉོན་སྒྲིབ་ཀྱི་གཉེན་པོ་དང༌། ལྷག་མ་རྣམས་ལས་རྣམ་ཐར་དང་སྙོམས་འཇུག་ཐེག་དམན་དང་ཐུན་མོང་བའི་ཤེས་སྒྲིབ་དང་ཕར་ཕྱིན་བཅུ་ཐུན་མོང་མ་ཡིན་པའི་ཤེས་སྒྲིབ་ཀྱི་གཉེན་པོ་སྟེ། མདོར་ན་སྒྲིབ་གཉིས་མ་ལུས་པའི་གཉེན་པོའི་རྣམ་པ་བསྟན་པས་འདི་བྱང་སེམས་ཀྱི་ལམ་ཤེས་ཀྱི་རྣམ་པར་བཞག་གོ་ཞེས་བྱའོ། །གསུམ་པ་ནི་རྣམ་མཁྱེན་གྱི་རྣམ་པ་འགྲེལ་བའི་རྒྱས་བཤད་ཀྱི་གསུམ་པ་ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པ་བཤད་པ་སྟེ་འདིའི་ས་བཅད་སྤྲོ་ཞིང་དང་པོར་སྟོབས་བཅུའི་རྣམ་བཤད། གསུམ་པ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། རྣམ་མཁྱེན་གྱི་རྣམ་པ་སོ་དགུ་ནི་ཤིན་ཏུ་ཕུལ་དུ་བྱུང་བ་སྟེ། སྤངས་རྟོགས་བོགས་དབྱུང་དུ་མེད་པའི་ཕྱིར་གང་ཟག་གཞན་དང་ཐུན་མོང་མ་ཡིན་པའི་ལམ་སངས་རྒྱས་ཁོ་ན་ལ་ཡོད་པས་གཅིག་པུ་ཁོ་ན་ཡིན་ནོ། །གཅིག་པུ་དང་ཁོ་ན་ཞེས་ངེས་གཟུང་གཉིས་སྨོས་པ་ནི་བསྣན་པའི་ཆེད་དོ། །གཉིས་པ་ནི། གལ་ཏེ་རྣམ་མཁྱེན་དེ་གཅིག་པུ་ཡིན་ན་དབྱེ་བ་མི་འཐད་སྙམ་ན། རྒྱུད་ཐུན་མོང་བའི་དབྱེ་བ་བྱས་ན་དེ་ལྟར་ཡིན་ཀྱང་ཁྱད་པར་གྱི་ལམ་དེ་ལ་ནི་ཐུན་མོང་མ་ཡིན་པའི་སྟོབས་སོགས་སུ་འབྱེད་དེ། འདི་ལ་བཞི། ཡོན་ཏན་གྱི་རབ་དབྱེ། དེ་དག་གི་རང་བཞིན། དེ་གང་གི་ཡིན་


JLD018_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེ་གང་གི་ཆེད་དུ་ཡིན་པའོ། །དང་པོ་ལ་བཞི་ལས། དང་པོ་ནི། སྟོབས་ཀྱི་རྣམ་པ་བཅུའོ། །དེ་གང་ན། སྦྱིན་པས་ལོངས་སྤྱོད་ཆེན་པོ་ནི་གནས་དབུལ་བ་ནི་གནས་མིན་པ་དང༌། སེར་སྣས་དེ་ལས་བཟློག་པ་དང༌། འཆལ་ཁྲིམས་ཀྱིས་ངན་འགྲོར་སྐྱེ་བ་གནས་བདེ་འགྲོར་སྐྱེ་བ་ནི་གནས་མ་ཡིན་པ་དང༌། ཚུལ་ཁྲིམས་ཀྱིས་དེ་ལས་བཟློག་པ་དང་གནོད་སེམས་ཀྱིས་གཟུགས་མི་སྡུག་པར་འགྱུར་བ་ནི་གནས་དང༌། སྡུག་པ་ནི་གནས་མ་ཡིན་པ་དང༌། བཟོད་པས་དེ་ལས་བཟློག་པ་ལ་སོགས་པ་དང༌། དགེ་སྡིག་གི་ལས་རྣམས་འབྱེད་པའི་ལས་དང༌། ཀུན་སློང་དང༌། ལས་དེའི་རྣམ་པར་སྨིན་པ་དམན་པ་དང་ཁྱད་པར་བ་རྣམས་དང༌། འདོད་ཆགས་ལ་གནས་ཤིང་ཞེ་སྡང་ལ་མོས་པ་དང༌། དེ་ལས་བཟློག་པ་དང༌། ཉན་ཐོས་རང་རྒྱལ་སོགས་སུ་མོས་པའི་མོས་པའམ་འདོད་པ་སྣ་ཚོགས་པ་དང༌། བསོད་ནམས་བསོད་ནམས་མ་ཡིན་པ་མི་གཡོ་བའི་ལས་མངོན་པར་འདུ་བྱེད་པ་ལ་སོགས་པ་དང༌། མིག་གི་ཁམས་ལ་སོགས་པ་བཅོ་བརྒྱད་དང་སའི་ཁམས་ལ་སོགས་པ་ཁམས་དྲུག་ལ་སོགས་པའི་འཇིག་རྟེན་གྱི་ཁམས་དུ་མ་དང༌། མདོ་ལས་དེ་གཉིས་གོ་བཟློག་ནས་འབྱུང་བ་བཞིན་དུ་ཉི་སྣང་གནོད་འཇོམས་ཆེ་བ་དག་ལྡན་རྣམས་སུ་ཡང་འབྱུང་ངོ༌། །དད་པ་ལ་སོགས་པའི་དབང་པོ་མཆོག་སྟེ་རྣོ་བ་དང༌། མཆོག་མ་ཡིན་པ་སྟེ་བརྟུལ་འབྲིང་མེད་པ་སོགས་དང༌། སྲིད་ཞི་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཉིད་དུ་ངེས་པ་དང་མ་ངེས་པ་རྣམས་དང་མཐུན་པའི་ལམ་དང༌། ལོག་པ་ཉིད་དུ་ངེས་པའི་ལམ་དང༌། བསམ་


JLD018_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་བཞི་རྣམ་ཐར་བརྒྱད་རྟོག་བཅས་སོགས་ཀྱི་ཏིང་ངེ་འཛིན་གསུམ་གཟུགས་མེད་བཞི་མཐར་གནས་དགུའི་རོ་མྱང་བའི་ཀུན་ནས་ཉོན་མོངས་དང༌། དེ་མི་དམིགས་པའི་རྣམ་པར་བྱང་བ་སེང་གེ་རྣམ་བསྒྱིངས་སམ་ཐོད་རྒལ་དུ་འཇུག་པའམ་ལྡང་བ་དང༌། བདག་གཞན་གྱི་སྔོན་གྱི་སྐྱེས་གནས་དུ་མ་རྗེས་སུ་དྲན་པ་དང༌། ལྷའི་མིག་གིས་སེམས་ཅན་རྣམས་ཀྱི་ད་ལྟར་དང་མ་འོངས་པའི་འཆི་འཕོ་བ་དང་སྐྱེ་བ་དང༌། ཉན་ཐོས་ནས་སངས་རྒྱས་ཀྱི་བར་དུ་ཕྱོགས་གཅིག་དང་མཐའ་དག་གི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རྣམ་པའོ། མཁྱེན་པའི་སྟོབས་ཀྱི་རྣམ་པ་ཞེས་ཀུན་གྱི་མཐར་རོ། །དེ་དག་ཀྱང་མི་མཐུན་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་དེ་དག་གིས་མི་རྫི་བས་སྟོབས་སོ། །གཉིས་པ་ནི་ཡོན་ཏན་གྱི་རབ་དབྱེའི་གཉིས་པ་སྟེ་མི་འཇིགས་པ་བཞིའི་རྣམ་པ་བཤད་པ། གཉིས་པ་ནི། མི་འཇིགས་པའི་རྣམ་པ་བཞིའོ། །དེ་གང་ན་འདི་ལ་བཞི་ལས། རྟོགས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་མི་འཇིགས་པ་ནི། འཁོར་གྱི་དབུས་སུ་ང་ནི་སངས་རྒྱས་པ་སྟེ་ཤེས་བྱ་མ་ལུས་པ་ཤེས་པའོ་ཞེས་སངས་རྒྱས་བདག་ཉིད་ཀྱིས་ཞལ་གྱིས་འཆེས་པ་སྟེ། ཁས་བླངས་པ་དང༌། སྤངས་པ་ཕུན་ཚོགས་ལ་མི་འཇིགས་པ་ནི། སངས་རྒྱས་བདག་ཉིད་ཀྱིས་ཟག་པ་སྟེ་སྒྲིབ་པ་མ་ལུས་པ་ཟད་པ་ཉིད་དུ་ཞལ་གྱིས་བཞེས་པ་སྟེ་དེ་གཉིས་ནི་རང་དོན་ལས་བརྩམས་པའོ། །བར་དུ་གཅོད་པའི་ཆོས་ལ་མི་འཇིགས་པ་ནི། འདོད་ཆགས་ལ་སོགས་པའི་སྒྲིབ་པ་འདི་དག་ཐེག་པ་གསུམ་གྱི་བར་ཆད་བྱེད་པ་ཉིད་དུ་བརྗོད་པ་དང༌། ངེས་པར་འབྱུང་བའི་ལམ་ལ་མི་འཇིགས་པ་ནི། ཐམས་ཅད་ཤེས་པ་ཉིད་དང་སོགས་པས་ལམ་ཤེས་ཀྱི་ལམ་གྱིས་འཁོར་བ་དང་ཐེག་དམན་ལས་ངེས་པར་འབྱུང་བ་ཉིད་


JLD018_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རབ་ཏུ་བསྟན་པ་ལ་འཁོར་དེར་ཆོས་མཐུན་གྱི་རྒོལ་བ་པོ་མེད་པས་མི་འཇིགས་པའི་རྣམ་པ་གཅིག་སྟེ་འདི་གཉིས་ནི་གཞན་དོན་ལས་བརྩམས་པའོ། །རྒོལ་བ་པོ་མེད་ཅེས་པ་མན་ཆད་སྔ་མ་གསུམ་གྱི་མཐར་ཡང་ངོ༌། །དེ་བཞིན་ནི་ཞུམ་པ་མེད་པའི་ཕྱིར་མི་འཇིགས་པའོ། །མདོ་ལས་དེ་བཞིའི་རིམ་པ་དེ་ལྟར་འབྱུང་ཡང་སློབ་དཔོན་གྱིས་གཉིས་པ་བཞི་པར་མཛད་དོ། །དེ་དག་ཀྱང་མདོ་ལས་ཀྱེ་མ་བདག་གིས་ཆོས་འདི་དག་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་དམ་བཅས་ན་འདིར་ང་ལ་ཆོས་འདི་རྣམས་མངོན་པར་སངས་མ་རྒྱས་སོ་ཞེས་བྱ་བར་དགེ་སྦྱོང་ངམ་བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་འཇིག་རྟེན་ན་ཆོས་དང་ལྡན་པར་རྒོལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདིར་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདག་བདེ་བ་ཐོབ་པ་དང༌། བག་ཚ་བ་མེད་པ་ཐོབ་པ་དང་མི་འཇིགས་པ་ཐོབ་པས་གནས་ཏེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲག་གོ །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ་བདུད་དམ་ཚངས་པའམ་གཞན་སུ་ཡང་རུང་བས་ཆོས་དང་ལྡན་པར་འཇིག་རྟེན་དུ་བསྐོར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱ། ཞེས་གསུངས་པ་ནི་དང་པོའི་མདོའོ། །གཉིས་པ་ནི། ཀྱེ་མ་བདག་ཟག་པ་ཟད་དོ་ཞེས་དམ་བཅས་ན་དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ། །ཞེས་བདག་ལ་དགེ་སྦྱོང་སོགས་སོ། །གསུམ་པ་ནི་གང་ཡང་ངས་བར་ཆད་ཀྱི་ཆོས་སུ་བསྟན་པ་དེ་དག་བརྟེན་


JLD018_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ན་བར་ཆད་ཀྱི་ཆོས་སུ་མི་འགྱུར་བ་དེ་ལྟ་བུའི་གནས་མེད་དེ་འདིར་ང་ལ་དགེ་སྦྱོང་སོགས་སོ། །བཞི་པ་ནི། ངས་འཕགས་པ་ངེས་པར་འབྱིན་པའི་ལམ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་ཟད་པའི་དོན་དུ་ངེས་པར་འབྱིན་པ་བསྟན་པ་གང་ཡིན་པ་དེ་བསྒྲུབས་ན་སྡུག་བསྔལ་ཡང་དག་པར་ཟད་པའི་དོན་དུ་ངེས་པར་འབྱིན་པར་མི་འགྱུར་བ་དེ་ལྟ་བུའི་གནས་མེད་དེ། འདིར་ཡང་ང་ལ་དེ་ཡང་དག་པར་བསྒྲུབས་ཀྱང་སྡུག་བསྔལ་ཡང་དག་པར་ཟད་པར་མི་འགྱུར་རོ་ཞེས་བྱ་བར་དགེ་སྦྱོང་སོགས་སོ། །དེ་ལ་དགེ་སྦྱོང་དང་བྲམ་ཟེ་ནི་ཤེས་རབ་ཀྱིས་རློམ་པའོ། །ལྷ་དང་བདུད་ནི་ལྷའི་མིག་གི་དང་ཕ་རོལ་གྱི་སེམས་ཤེས་པ་སོགས་ཀྱིས་ཕུན་སུམ་ཚོགས་པའོ། །ཚངས་པ་ནི་མཐུ་དང་རྫུ་འཕྲུལ་ཆེ་བའོ། །དེའི་ཕྱིར་དེ་དག་རློམ་པ་ཆེ་བས་སྨོས་སོ། །ལུས་ཀྱི་སྤུ་ཟིང་བྱེད་པ་དང༌། བག་འཁུམས་པ་སོགས་མེད་པའི་བདེ་བ་ཐོབ་པའི་མཐུས་ཅང་ཤེས་ཁྱུ་མཆོག་གི་གནས་སུ་དམ་འཆའ་སྟེ། སྐུའི་འཕྲིན་ལས་དག་པས་སོ། །གསུང་ལ་ཞུམ་པ་དང་དམན་པ་སོགས་མེད་པའི་བག་ཚ་བ་མེད་པ་ཐོབ་པའི་མཐུས་སེང་གེ་བཞིན་དུ་སྒྲོག་སྟེ། གསུང་གི་འཕྲིན་ལས་དག་པས་སོ། །ཐུགས་ལ་previous hit དོགས next hit་དང་ཞུམ་པ་སོགས་མེད་པའི་མི་འཇིགས་པ་ཐོབ་པའི་མཐུས་ཚངས་པ་བཞིན་དུ་འཁོར་ལོ་བསྐོར་ཏེ་ཐུགས་ཀྱི་འཕྲིན་ལས་དག་པས་སོ། །ཡང་ན་ཚངས་པ་ནི་ཐམས་ཅད་ལས་འཕགས་པས་དེ་བཞིན་གཤེགས་པའོ། །གསུམ་པ་ནི་ཡོན་ཏན་གྱི་རབ་དབྱེའི་གསུམ་པ་སྟེ་སོ་སོ་ཡང་དག་རིག་པ་བཞིའི་རྣམ་པ་བཤད་པ། གསུམ་པ་ནི། སོ་སོ་ཡང་དག་པར་རིག་པའི་རྣམ་པ་བཞིའོ། །དེ་གང་ན་གསུང་རབ་ཡན་ལག་བཅུ་གཉིས་སམ། འོད་དཀར་ཅན་དང་རི་བོང་ཅན་ཞེས་སོགས་རྗོད་བྱེད་ཀྱི་མིང་གི་རྣམ་གྲངས་ཀྱི་ཡུལ་ལ་རོ་མྱང་བའི་ཆགས་པ་དང་


JLD018_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྒྲིབ་ཀྱི་ཐོགས་པ་མི་མངའ་བར་འཇུག་པ་ནི། ཆོས་སོ་སོ་ཡང་དག་པར་རིག་པའི་རྣམ་པ་དང༌། ཡན་ལག་བཅུ་གཉིས་ཀྱི་བརྗོད་བྱའམ་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཡུལ་ལ་སྔར་བཞིན་ནི་དོན་དང༌། འགྲོ་བ་དྲུག་ཏུ་གཏོགས་པའི་སྐད་དམ་ཡུལ་སོ་སོའི་སྐད་ཀྱི་ཡུལ་སྔར་བཞིན་ནི་ངེས་པའི་ཚིག་སོགས་དང༌། གཞན་ལ་བསྟན་པའི་ཕྱིར་ཆོས་ལ་སོགས་པ་གསུམ་མངོན་དུ་གྱུར་པའམ་ཆོས་རྣམས་ཀྱི་རྫས་ཡོད་བཏགས་ཡོད་སོགས་ཀྱི་ངོ་བོ་དང་རྣམ་པའི་རབ་ཏུ་དབྱེ་བའི་ཡུལ་ལ་སྔར་བཞིན་ནི་སྤོབས་པ་སོགས་སོ། །དེ་དག་ཀྱང་ཡུལ་བཞི་ལ་ཆགས་ཐོགས་མེད་པའི་ཕྱིར་སོ་སོ་ཡང་དག་པར་རིག་པའོ། །བཞི་པ་ནི་ཡོན་ཏན་གྱི་རབ་དབྱེའི་བཞི་པ་སྟེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་རྣམ་པ་བཤད་པ། བཞི་པ་ནི། སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་བརྒྱད་གཞན་དང་མ་འདྲེས་པ་བཅོ་བརྒྱད་ཀྱི་རྣམ་པ་དག་ཡོད་དོ། །རྒྱུ་མཚན་ནི། སྤྱོད་པས་བསྡུས་པ་དྲུག། རྟོགས་པས་བསྡུས་པ་དྲུག །འཕྲིན་ལས་ཀྱིས་བསྡུས་པ་གསུམ། ཡེ་ཤེས་ཀྱིས་བསྡུས་པ་གསུམ་སྟེ་དེ་ལྟར་ནའོ། །དེ་ལ་དང་པོ་ནི། ཐེག་དམན་དགྲ་བཅོམ་པ་རྣམས་ལ་འཆད་པའི་སྐྱོན་དྲུག་སྲིད་མོད་ཀྱང་དེ་བཞིན་གཤེགས་པ་ལ་ནི་གླང་པོ་ཆེ་དང་བ་ལང་དང་ཁྱི་གཏུམ་པོ་སོགས་ཀྱི་གནོད་པ་འབྱུང་བ་དང༌། སྦྲུལ་ནག་པོ་རྐང་པས་རྫི་བ་སོགས་ཀྱི་འཁྲུལ་པ་མི་མངའ་བའི་ལུས་ཀྱི་ལས་དག་པ་དང༌། ལམ་སྟོར་ནས་ཅ་ཅོའི་སྒྲ་འབྱིན་པ་དང་བག་ཆགས་ཀྱི་དབང་གིས་ལྟ་བ་རྒད་ཆེན་པོ་འབྱིན་པ་སོགས་ཀྱི་ཅ་ཅོ་མི་མངའ་བའི་ངག་གི་ལས་དག་པ་དང༌། བརྗེད་ནས་བྱ་བ་ཤོར་བ་དང་དུས་ལས་ཡོལ་བའི་དྲན་པ་ཉམས་པ་མི་མངའ་བ་དང༌། སྙོམས་པར་ཞུགས་རུང་མ་


JLD018_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་རུང་དུས་ཐམས་ཅད་དུ་ཐུགས་མཉམ་པར་མ་བཞག་པ་མི་མངའ་བ་དང༌། སྲིད་པ་དང་མྱང་འདས་ལ་མི་མཐུན་པ་དང་ཞི་བར་འཛིན་པའི་སྒོ་ནས་ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ་དང༌། སེམས་ཅན་འདུལ་བའི་དུས་ལ་སོགས་པ་སོ་སོར་མ་བརྟགས་པར་དེའི་དོན་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བའི་རྣམ་པ་སྟེ་བཞི་ནི་ཡིད་ཀྱི་ལས་དག་པ་སྟེ་དེ་ལྟར་དྲུག་གོ །རྣམ་པ་ཞེས་སྔ་མ་རྣམས་ཀྱི་མཐར་ཡང་སྟེ། འོག་མ་རྣམས་ལ་ཡང་དེ་ལྟར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པ་རྣམས་ནི་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་པ་དང༌། བྱམས་པ་དང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཆོས་ལ་རྒྱུན་མི་འཆད་པར་འདོད་པ་འབྱུང་བའི་འདུན་པ་ཉམས་པ་མི་མངའ་བ་དང༌། སེམས་ཅན་རེ་རེའི་ཕྱིར་ཡང་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པར་དེའི་གནས་སུ་གཤེགས་པའི་བརྩོན་འགྲུས་ཉམས་པ་མི་མངའ་བ་དང༌། སངས་རྒྱས་ནས་དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་དེ་འདུལ་བའི་ཐབས་ལ་སོགས་པ་དྲན་པའི་ལམ་དུ་བཞག་པས་ཕྱིས་དེ་ལ་བསམ་མི་དགོས་པའི་དྲན་པ་ཉམས་པ་མི་མངའ་བ་དང༌། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་མཉམ་པར་འཇོག་པའི་ཏིང་ངེ་འཛིན་ཉམས་པ་མི་མངའ་བ་དང༌། སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་ཆོས་སྟོན་པ་མཁྱེན་པ་མི་ཟད་པའི་ཤེས་རབ་ཉམས་པ་མི་མངའ་བ་དང༌། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་ལ་མི་ཟད་པའི་རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བའི་རྣམ་པ་སྟེ་དེ་ལྟར་དྲུག་གོ །དེ་དྲུག་ལས་འདུན་པ་ནི་རྟེན་བར་པ་


JLD018_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དབང་པོ་ཐ་མ་ནི་འབྲས་བུ་ཡིན་ལ་འདི་དག་ཐེག་དམན་རྣམས་ལ་ཐོབ་ནས་ཉམས་པ་མེད་ཀྱང་མ་ཐོབ་པའི་ཉམས་པ་ཡོད་ལ། དེ་བཞིན་གཤེགས་པ་ལ་ནི་གཉིས་ཀ་མེད་དོ། །གསུམ་པ་ནི། འོད་འགྱེད་པ་དང་གོམས་པ་འདོར་བ་སྤྱན་འབྱེད་པ་སོགས་ཀྱིས་སེམས་ཅན་འདུལ་བའི་སྐུའི་ཕྲིན་ལས། སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་དང་མཐུན་པར་འདོམས་པའི་གསུང་གི་ཕྲིན་ལས། བག་ཆགས་མ་ལུས་པ་སྤངས་ཤིང་བྱམས་པ་ཆེན་པོ་དང་ལྡན་པའི་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔར་བྱུང་གི་རྒྱུ་ལས་བྱུང་བས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་དང་ལྷན་ཅིག་ཏུ་རྒྱུ་བས་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའི་རྣམ་པ་སྟེ་གསུམ་མོ། །བཞི་པ་ནི། འདས་པ་ནས་ད་ལྟར་བྱུང་བ་ནི་བར་གྱི་ཤེས་བྱ་ཐམས་ཅད་ལ་བཞེད་པ་ཙམ་གྱིས་མཁྱེན་པས་མ་ཆགས་ཤིང༌། ཐམས་ཅད་མཁྱེན་པས་མ་ཐོགས་བའི་ཡེ་ཤེས་ཀྱི་རྣམ་པ་སྟེ་གསུམ་མོ། །དེ་དག་ཀྱང་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པས་མ་འདྲེས་པའོ། །གཉིས་པ་ནི། སངས་རྒྱས་འབྱུང་བ་རྣམས་གདུལ་བྱའི་ཁྱད་པར་གྱིས་ཐེག་པ་གཅིག་དང་གསུམ་དུ་སྟོན་པ་ཙམ་མ་གཏོགས་པ་དེ་བཞིན་ཉིད་མི་སྟོན་པ་མི་སྲིད་པས་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དྲི་མ་མ་ལུས་པས་དག་པའི་མྱ་ངན་ལས་འདས་པའོ། །གསུམ་པ་ནི། འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་སྤང་བ་མངོན་དུ་བྱ་བ་བསྟན་པ༌། གསང་བ་བསྐྱེད་པ། དགག་པ། བསྐལ་པ་སྐད་ཅིག་ཏུ་བྱ་བ་སྐད་ཅིག་བསྐལ་པར་བྱ་བ་སོགས་ལ་མངའ་བསྒྱུར་


JLD018_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རང་བྱུང་གི་མཐུས་ཏེ་རང་བྱུང་ནི་དེའི་ཡེ་ཤེས་སོ། །རང་བྱུང་ཡང་གཉིས་ཏེ་ཆོས་ཀྱི་དབྱིངས་དང༌། སྲིད་པ་ཐ་མ་པས་ཤེས་བྱ་ཐམས་ཅད་མངོན་དུ་བྱས་པའི་ཡེ་ཤེས་སོ། །དང་པོའི་དབང་དུ་མཛད་ནས་སྡོང་པོ་བཀོད་པ་ལས། འཇིག་རྟེན་ཁམས་རྣམས་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང༌། །ནམ་མཁའ་འཇིག་པར་འགྱུར་བ་མེད། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་པ་ལྟ་བུའོ། །གཉིས་པ་ནི། བྱང་སེམས་དུས་རིང་མོར་དགེ་བའི་བཤེས་གཉེན་གྱི་གདམས་ངག་གོམས་པར་བྱས་པའི་མཐུས་སློབ་དཔོན་ལ་མ་ལྟོས་པར་ཡེ་ཤེས་བརྙེས་པས་རང་བྱུང་སྟེ། ཇི་སྐད་དུ། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་སུ་ཡང་མེད། །ཅེས་པ་ལྟ་བུའོ། །དེ་ལ་དང་པོ་ནི་སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་ཡིན་པས་འདིར་གཉིས་པ་གཟུང་ངོ༌། །བཞི་པ་ནི། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཀུན་མངོན་པར་ཏེ་མངོན་དུ་ཕྱོགས་པར་རྫོགས་པར་ཏེ་ཡང་དག་པར་བྱང་ཆུབ་པ་སྟེ་རྟོགས་པའི་སངས་རྒྱས་ཉིད་ཀྱི་རྣམ་པ་སྟེ་གསུམ་མོ། །དེ་ཡང་དེ་བཞིན་ཉིད་ལ་དམིགས་ཏེ་རྣམ་མཁྱེན་གྱི་ཡེ་ཤེས་ཐོབ་པ་ན་དངོས་པོ་རྣམས་ལ་དབང་བསྒྱུར་བའི་མཐུ་དང་ལྡན་པའི་སྒོ་ནས་རང་བྱུང་དུ་དང་ཤེས་བྱ་སྣ་ཚོགས་མ་འདྲེས་པར་མཁྱེན་པའི་སྒོ་ནས་ཐ་མར་བཞག་སྟེ་ཁྱད་པར་འདི་ལས་མེད་དོ། །དེ་ལྟར་ན་ཡོན་ཏན་སོ་དྲུག་གི་རང་བཞིན་གང་ཡིན་པ་དེ་བཞིན་ཉིད་དང༌། ཡོན་ཏན་གྱི་ཆོས་དེ་ལ་མངའ་བསྒྱུར་པའམ་དེ་དག་གང་ཟག་གང་གི་ཡིན་པར་རང་བྱུང་དང༌། དེ་གང་གི་ཆེད་དུ་ཡིན་པ་ཐ་མ་སྟེ་དེ་ལྟར་རྣམ་པ་གསུམ་མོ། །གསུམ་པ་ནི། སྟོབས་ཀྱི་རྣམ་པ་བཅུ་ནས་རྣམ་པ་ཐ་མ་


JLD018_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བར་དུ་ཡོད་པ་དེ་ལྟར་ན་སོགས་སོ། །གསུམ་པ་ལ་གཉིས། ངོ་བོ་དང༌། གྲངས་ཀྱི་དོན་བསྡུ་བའོ། །དང་པོ་ནི། མཁྱེན་གསུམ་གྱི་རྣམ་པ་དེ་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་དོན་རྣམ་ཉེར་བདུན་རྟོགས་པའི་ཤེས་རྣམ་ནི། ཟག་པ་མེད་པ་དང༌། དེར་མ་ཟད་ཟག་པ་དང་བཅས་པ་དག་ཀྱང་ཡིན་ནོ། །རྒྱུ་མཚན་ནི། དེ་ཉན་ཐོས་དང་རང་རྒྱལ་དང་བྱང་སེམས་ཀྱིས་སྒོམ་པའི་བྱེ་བྲག་གིས་སོ། །ལམ་ཐམས་ཅད་བྱང་སེམས་ཀྱིས་བསྒོམ་པར་བྱ་བ་ཡིན་ནོ་ཞེས་སྔར་བསྟན་པས་ཐམས་ཅད་ཤེས་པ་ཉིད་བྱང་སེམས་ཀྱིས་འདྲིས་པར་བྱ་བའི་ཕྱིར་སྒོམ་པ་ན་ཉོན་མོངས་པ་ཆེད་དུ་གཉེར་ནས་མི་སྤོང་གི་ཟིལ་གྱིས་གནོན་པ་ཙམ་བྱེད་པས་ཟག་པ་དང་བཅས་པའོ། །དེ་ཉན་རང་རྣམས་ཀྱིས་སྒོམ་པའི་ཚེ་ནི་ཉོན་མོངས་རྣམས་མདའ་དྲུག་དང་འདྲ་བར་སྤང་བའི་ཕྱིར་ཟག་མེད་དོ་ཞེས་འཆད་དོ། །ཉན་རང་དང་བྱང་སེམས་ཀྱིས་སྒོམ་པ་ན་ཟག་མེད་དང་ཟག་བཅས་སུ་འགྱུར་བའི་རྒྱུ་མཚན་ཡང་དག་ནི། ལམ་ཤེས་ཀྱི་ཡན་ལག་ཏུ་བཤད་པ་ལྟར་སྲིད་པར་སྐྱེ་བ་འགོག་པ་དང་དེར་སྐྱེ་བ་འཛིན་པ་ལྷུར་ལེན་པས་ཡིན་གྱི་ཉོན་མོངས་མཚན་ཉིད་པ་ཆེད་དུ་གཉེར་ནས་སྤོང་མི་སྤོང་གིས་མ་ཡིན་ནོ། །དེ་ལྟར་ན་གཞི་ཤེས་ཀྱི་རྣམ་པ་ལ་གཉིས་སུ་ཕྱེ་པ་ནི་བདེན་བཞི་མི་རྟག་སོགས་སུ་སྒོམ་པ་ཉན་རང་དང་བྱང་སེམས་གཉིས་ཀའི་ཐུན་མོང་ཡིན་པས་སོ། །ལམ་ཤེས་ཀྱི་དོན་རྣམ་སོ་དྲུག་རྟོགས་པའི་ཤེས་རྣམ་ནི། བྱང་སེམས་རྣམས་ཀྱིས་ཉོན་མོངས་ཀྱི་འབྲས་བུ་ཡིན་པས་ཉོན་མོངས་ཏེ་སྲིད་པར་སྐྱེ་བ་ཤིན་ཏུ་མ་སྤངས་


JLD018_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རྣམ་གྲངས་ཀྱི་ཟག་པ་དང་བཅས་པའོ། །ཁོ་ན་ཞེས་པ་ནི་ཟག་བཅས་སུ་འཇོག་ཚུལ་དེས་ཟག་མེད་མེད་པར་སྟོན་པའོ། །འདི་ལ་ཉི་སྣང་དུ་རྣམ་གྲངས་ཀྱིས་ཟག་བཅས་སུ་གསུངས་པ་ཟག་བཅས་བཏགས་པ་བ་ཡིན་ལ་ཉོན་མོངས་མཚན་ཉིད་པ་ཡིན་ན་ཟག་བཅས་ཀྱང་མཚན་ཉིད་པར་འགྱུར་རོ། །རྣམ་མཁྱེན་གྱི་དོན་རྣམ་བརྒྱ་དང་བཅུ་རྟོགས་པའི་ཤེས་རྣམ་ནི་ཡང་དག་པར་སོགས་སོ། །དོན་བསྡུ་འདི་ཉི་སྣང་དང་རྣམ་འགྲེལ་དུ་རྣམ་པ་སྤྱིའི་གྲངས་ཀྱི་དོན་བསྡུའི་འོག་ཏུ་འབྱུང་ལ། རྟོགས་དཀར་ཡང་རྣམ་པ་ཐམས་ཅད་བསྡུས་པའི་རང་བཞིན་དང་གྲངས་དེ་ལ་ཞེས་འདི་དང་འོག་གི་སྤྱི་གྲངས་གཉིས་རྣམ་པ་ཐམས་ཅད་ཀྱི་རང་བཞིན་དང་གྲངས་ཀྱི་དོན་བསྡུར་བཤད་པས་རྣམ་པ་སྤྱིའི་དོན་བསྡུར་འཐད་དོ། །དེ་ཡང་མཁྱེན་གསུམ་གྱི་དོན་རྣམ་གྱི་དོན་བསྡུར་བྱས་ན་ཟག་མེད་ཁོ་ན་དང་གཉིས་ཀ་སོགས་སུ་བཤད་པའི་ཚུལ་མ་འགྲིགས་པས་རང་རང་གི་ཤེས་རྣམ་ལ་གཟུང་དགོས་ལ། འོན་ཀྱང་དོན་རྣམ་ཉེར་བདུན་དང་སོ་དྲུག་རྟོགས་པའི་ཤེས་རྣམ་ནི་རྣམ་མཁྱེན་གྱི་དོན་རྣམ་སོ་བདུན་དང་སོ་བཞིར་འགྱུར་བས་དེ་གཉིས་ཀྱི་ཡང་ཟག་པ་ཡོད་མེད་ཀྱི་དོན་བསྡུར་འགྱུར་རོ། །གཞི་ཤེས་ཀྱི་དོན་རྣམ་ཉེར་བདུན་རྟོགས་པའི་ཤེས་རྣམ་ཉན་རང་དང་བྱང་སེམས་གཉིས་ཀའི་ཡིན་ན། དེའི་ལམ་བདེན་གྱི་རྣམ་པའི་སྐབས་སུ་ཤེས་སྒྲིབ་ཀྱི་གཉེན་པོ་སྟོན་པ་ལ་མི་རིགས་པ་མེད་པའི་རྒྱུ་མཚན་དུ་རང་རྒྱལ་དེས་བསྡུས་པ་ཙམ་ཞིག་གསུང་ཅི་དགོས་ཤེ་ན། བདེན་ཏེ་འོན་ཀྱང་དེ་ནི་གཞི་ཤེས་ཀྱི་རྫས་ཀྱི་དབང་དུ་བྱས་ལ། བྱང་སེམས་ལ་ནི་རིགས་ཀྱི་དབང་དུ་བྱས་


JLD018_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །གཉིས་པ་ནི། རྣམ་པ་རྣམས་སོགས་སོ། །རྣམ་འགྲེལ་དུ་རྩ་བར། ལྔ་དང་བཅོ་ལྔ་ཞེས་བསྒྲགས་སོ། །ཞེས་བཏོན་ནས་ལམ་ཤེས་ཀྱི་འགོག་པའི་རྣམ་པ་ལ་དུས་སུ་འཁྲུལ་བ་འགོག་པའི་དབང་དུ་བྱས་པའི་མི་དམིགས་པ་སྟོང་པ་ཉིད་མ་བགྲངས་པར་རྣམ་པ་བརྒྱ་དོན་གཉིས་སུ་འཆད་པ་ནི། མདོ་དང་ཉི་སྣང་གི་ཚིག་ཙམ་ཡང་མ་ངེས་པས་བསྟན་བཅོས་ཀྱི་ཚིག་རང་དགར་ཕྲི་བ་འོ། །གཉིས་པ་ནི་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པའི་གཉིས་པ་སྟེ་སྦྱོར་བ་པོ་གང་ཟག་བཤད་པ། གཉིས་པ་ལ་གསུམ་ལས། དང་པོ་ནི། རྣམ་པའི་འོག་ཏུ་ཡུམ་མཉན་པ་ལ་སོགས་པའི་སྣོད་སྦྱོར་བ་སྒོམ་པ་པོ་གསུངས་ཏེ། མཁྱེན་གསུམ་དུ་བསྟན་པའི་སྦྱོར་བ་རྣམས་ཐོས་བསམ་གྱི་ཡུལ་དུ་གྱུར་པས་མཆོག་མ་ཡིན་ལ། འདིར་བསྟན་པ་ནི་བསྒོམས་པས་བྱང་བར་བྱ་བས་སྦྱོར་བ་ཁྱད་པར་ཅན་དག་གིས་རྣམ་པ་རྣམས་སྒོམ་དགོས་ན་སྦྱོར་བ་དེ་དག་སྦྱོར་བ་སྒོམ་པ་པོ་མེད་པར་བརྗོད་མི་ནུས་པས་སོ། །ཀྱང་ནི་སྦྱོར་བ་མེད་པར་རྣམ་པ་སྒོམ་མི་ནུས་པར་མ་ཟད་སྦྱོར་བ་པོ་མེད་ན་ཡང་སྦྱོར་བ་བརྗོད་མི་ནུས་པའོ། །མདོའི་འབྲེལ་ནི། རྣམ་པ་གསུངས་པ་དང་བརྒྱ་བྱིན་ལ་ཡུམ་ཟབ་མོ་འདི་གང་གིས་ཐོས་པ་དེ་དག་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་པའོ་སྙམ་པ་ལ་སོགས་པའི་རྟོགས་པ་སྐྱེས་པའོ། །གཉིས་པ་ལ་བཞི། ཉན་པ། ལེན་པ། འཛིན་པ། ཚུལ་བཞིན་ཡིད་ལ་བྱེད་པའོ། །དང་པོ་ནི། ཡུམ་འདི་གཙོ་ཆེར་མཉན་པའི་སྣོད་ཡིན་ནོ། །གང་ན། དེ་བཞིན་གཤེགས་པ་ལ་དམིགས་ཏེ་གཙུག་ལག་ཁང་བྱེད་པ་ལ་སོགས་པས་སངས་རྒྱས་རྣམས་ལ་ལྷག་པར་བྱ་བ་བྱས་པ་དང༌། བསོད་སྙོམས་འབུལ་བ་ལ་སོགས་པས་སངས་རྒྱས་དེ་ལ་དགེ་


JLD018_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩ་བ་བསྐྲུན་པ་སྟེ་བསྐྱེད་པ་དང༌། ཐེག་ཆེན་དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པ་དེས་ཡོངས་སུ་ཟིན་པའི་ཁྱད་པར་གསུམ་དང་ལྡན་པ་སྟེ། ཡུམ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གི་རྣ་ལམ་དུ་གྲག་པར་གྱུར་པ་དེ་དག་ཀྱང་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའོ། །གང་གི་རྣ་ལམ་དུ་གྲག་པར་གྱུར་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའོ། །དེ་བཞིན་དུ་སྦྱར་ནས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། སངས་རྒྱས་མང་པོ་བསྟེན་ཏེ་བསྙེན་བཀུར་བ་ནི་ཚིག་བློ་ལ་ལེན་པའི་སྣོད་དུ་དམ་པ་རྣམས་བཞེད་དོ། །དེ་བཞིན་དུ་ལྷག་མ་ལ་ཡང་སྦྱར་རོ། །བཟུང་བཅངས་བཀླགས་ཀུན་ཆུབ་པར་བྱས་ནས་ཀྱང་དེ་ཁོ་ན་ཉིད་དུ་སྒྲུབ་པར་བྱེད་པ་འབྱུང་བར་འགྱུར་ཏེ། དེ་དག་ནི་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པའོ། །ཞེས་སོ། །གསུམ་པ་ནི། སངས་རྒྱས་རྣམས་བསྙེན་བཀུར་ནས་ཐེ་ཚོམ་གྱི་དོན་ཀུན་འདྲི་བ་ནི་དོན་མི་བརྗེད་པར་འཛིན་པའི་སྣོད་དེ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རྣམས་ལ་ཡོངས་སུ་དྲིས་ཡོངས་སུ་ཞུས་བསྟེན་ཅིང་བསྙེན་བཀུར་བའོ། །ཞེས་སོ། །བཞི་བ་ནི། སངས་རྒྱས་སོགས་ཀྱི་དྲུང་དུ་བསྟེན་ནས་སྦྱིན་པ་ཚུལ་ཁྲིམས་སོགས་པས་ཤེས་རབ་ཀྱི་བར་ལ་སྤྱོད་པ་ནི་སོགས་པས་མཚན་ཉིད་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་དེ། སྔོན་གྱི་སངས་རྒྱས་བྱེ་བ་མང་པོ་ལས་སྦྱིན་པ་ནས་བསམ་གཏན་གྱི་ཕར་ཕྱིན་གྱི་བར་ལ་སྤྱད་པའོ། །དེ་དག་གིས་སངས་རྒྱས་བྱེ་བ་མང་པོ་ལས་ཡུམ་ལ་སྦྱར་བའོ། །ཞེས་སོ། །གསུམ་པ་ནི།


previousཤོག་ལྷེབ་ ༩ ནས་ ༡༠༠ བར།next