ཤོག་ལྷེབ་ ༤༠༡ ནས་ ༥༠༠ བར།
ཕར་ཕྱིན་རེ་རེ་ལ་གནས་པས་གཞན་ལྔ་ལྔ་འཛིན་པར་གསུངས་སོ། །སྐབས་གཞན་ཐམས་ཅད་དུ་མཐོང་ལམ་སྐད་ཅིག་བཅུ་དྲུག་ཏུ་བཤད་ནས་འདིར་སྐད་ཅིག་གཅིག་དང་དེ་ཡང་བཟོད་པར་བཤད་པ་ནི་མི་འགལ་ཏེ། བཅུ་དྲུག་ཏུ་བཤད་པ་རྗེས་ཀྱི་ངེས་པ་འདྲེན་ཚུལ་དང་གཅིག་ཏུ་བཤད་པ་མཉམ་གཞག་ན་བདེན་བཞིའི་རང་བཞིན་མཐོང་བ་ལ་ཁྱད་པར་མེད་པ་ལ་དགོངས་ཤིང༌། བཟོད་པ་སྤོང་གཉེན་དངོས་ཡིན་ཞིང་མཐོང་ལམ་འདི་ཡང་རྟོག་པའི་གཉེན་པོར་སྟོན་པའི་སྐབས་ཡིན་པས་སོ། །གསུམ་པ་ལ་གཉིས། མཐོང་རྩེ་དངོས་དང༌། དེའི་བྱེད་པའོ། །དང་པོ་ནི། མཐོང་བའི་ལམ་གྱི་རྩེ་མོ་ཡིན་ནོ། །གང་དུ་ན། རྩེ་མོའི་མངོན་པར་རྟོགས་པའི་སྐབས་འདིར་རོ། །གང་ན་མཐོང་ལམ་གྱི་སྐད་ཅིག་མ་གཅིག་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་བསྡུས་པ་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་སྟེ་ཁྱད་པར་དུ་བྱས་པ་སུམ་ཅུ་དྲུག་གི་རྣམ་པ་ཅན་དུ་སྐྱེས་པ་གང་ཡིན་པ་དེ་ནིའོ། །སོ་དྲུག་ཏུ་ཇི་ལྟར་འགྱུར་ན། བསྡུ་བྱ་སྦྱིན་སོགས་དྲུག་པོ་དེ་དག་སོ་སོར་སྡུད་བྱེད་སྤྱིན་སོགས་ཕྱིན་དྲུག་རེ་རེར་སྔ་མ་གོ་སྒྲུབ་ཏུ་བསྟན་པ་བཞིན་དུ་ཕན་ཚུན་དུ་དྲུག་དྲུག་བསྡུས་པས་ནའོ། །འདི་རྗེས་ཐོབ་ཡིན་པས་དེས་མཚོན་ནས་མཐོང་རྩེ་བསྟན་པར་བཞེད་ཀྱང་ཕྱིན་དྲུག་སྤྲོས་པ་མི་དམིགས་པའི་རྣམ་པ་ཅན་ཡིན་པས་ངོ་བོར་བྱས་པས་ཆོག་གོ། འདིར་ཞེས་པ་ནི་སྐབས་དང་པོ་རྣམས་ཀྱི་མཐོང་
ལམ་གྱིས་རྣམ་རྟོག་དུ་མ་བདེ་བླག་ཏུ་སྤོང་མི་ནུས་ལ། སྐབས་འོག་མ་རྣམས་སུ་དེ་དག་འབད་མི་དགོས་པར་སྤོང་བས་དེ་དགར་བའི་ཆེད་དུ་ཚིག་གསལ་ལས་འཆད་པ་ནི་འདི་དག་མཐོང་ལམ་བཏགས་པ་བར་འདོད་པའི་ལུགས་སོ། །བཟོད་པ་འདི་ལ་ཉི་སྣང་དུ་གསལ་ཁ་མེད་ལ། སློབ་དཔོན་གྱིས་འགྲེལ་པ་གཉིས་སུ་སྡུག་བསྔལ་ལ་ཆོས་བཟོད་ལ་མཛད་ཅིང་གྲགས་ཆར་ཡང་དེ་ལ་བྱས་སོ། །ཚིག་གསལ་ལས། སྡུག་བསྔལ་ལ་ཆོས་བཟོད་ཤས་ཆེ་བ་ལ་དགོངས་པར་བཞེད་དོ། །ཤེར་སྒྲོན་དུ་བདེན་པ་བཞི་ཀའི་ཆོས་བཟོད་ལ་བྱེད་ཅིང་ཤཱནྟིས་ཀྱང་བཟོད་པར་བཞེད་ཀྱང་གསལ་ཁ་མེད་དོ། །ཨ་བྷྱས་འདིར་ཕྱིན་དྲུག་མཐོང་ལམ་དུ་བསྟན་ལ་དེ་དྲུག་ཀྱང་ལམ་བདེན་གྱིས་བསྡུས་ཀྱི་སྡུག་བདེན་གྱིས་མིན་པས་ལམ་ལ་རྗེས་བཟོད་ཡིན་ཞིང་ཆོས་བཟོད་ཀྱི་སྐབས་མིན་ཏེ། དེ་འདོད་ཁམས་ཀྱི་ཉོན་མོངས་སྤོང་བྱེད་ཡིན་ལ། སྤང་བྱ་དེ་ཡང་སྔར་སྤངས་ཟིན་པས་སོ། །དེས་ན་སེང་གེ་བཟང་པོས་སྡུག་བསྔལ་ལ་ཆོས་བཟོད་ལ་བཞག་པ་འཁྲུལ་པ་ཆེའོ་ཞེས་སྨྲ་སྟེ། འདིས་རྩེ་མོའི་སྐབས་ཀྱི་ལམ་རྣམས་ཁམས་གོང་གི་གཉེན་པོ་ཁོ་ནར་འདོད་པས་དེ་རྒྱུ་མཚན་དུ་བྱས་པའོ། །འདི་ནི་ཆེས་མི་རིགས་ཏེ། རྩ་བར་ཕྱིན་དྲུག་མཐོང་ལམ་གྱིས་རྟོགས་བྱའི་ལམ་བདེན་དུ་བཤད་ནས་བཟོད་པ་དེའི་ཡུལ་ཅན་གྱི་སྐད་ཅིག་ཏུ་བཤད་ན་ལམ་བདེན་གྱི་བཟོད་པ་གཉིས་གང་རུང་གཅིག་ཏུ་རིགས་སུ་ཆུག་ཀྱང་དེ་མེད་དེ། ཕྱིན་
དྲུག་མཐོང་རྩེའི་ངོ་བོར་སོན་པའི་སྐབས་ཡིན་པས་སོ། །གལ་ཏེ་ཕྱིན་དྲུག་ལམ་བདེན་ཡིན་པས་དེའི་ངོ་བོར་བསྟན་པའི་མཐོང་ལམ་གྱི་བཟོད་པ་ཡང་ལམ་ལ་རྗེས་བཟོད་ཡིན་ན། སྡུག་བསྔལ་ལ་ཆོས་བཟོད་ཀྱང་དེར་འགྱུར་རོ། །གཞན་ཡང་མཐོང་ལམ་འདིས་འདོད་པའི་སྤང་བྱ་མི་སྤོང་ན་འཕགས་པས་སྐབས་འདིར་འདིས་ཁམས་གསུམ་གའི་རྟོག་པ་སྤོང་བར་བཤད་པ་དང་འགལ་ཞིང༌། མཐོང་ལམ་འདི་གཟུགས་ཁམས་ཁོ་ནའི་རྟོག་པའི་གཉེན་པོ་ཡིན་པ་ལ་ཡང་རང་ཉིད་ཀྱི་འདོད་པ་ཁོ་ན་རྒྱུ་མཚན་ཡིན་པས་གཞན་མེད་དེ། རྒྱས་པར་སྔར་བཤད་ཟིན་ཏོ། །གཉིས་པ་ནི། མཐོང་ལམ་རྩེ་མོ་དེ་རྫོགས་པར་སྐྱེས་པ་ན་མཐོང་སྤང་གི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པས་དེ་དང་དུས་མཉམ་དུ་དེ་དག་གིས་བསྡུས་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའི་བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་རྟེན་འབྲེལ་གྱི་ཆོས་ཉིད་གྱིས་འཐོབ་བོ། །བརྒྱ་རྩ་བརྒྱད་དུ་ཇི་ལྟར་འགྱུར་བ་ནི། རྟོག་པ་བཞི་པོ་རེ་རེ་ལ་དགུ་བཞི་སོ་དྲུག་ཡོད་པ་དེ་འདོད་པ་སོགས་ཀྱི་ཁམས་གསུམ་ལ་སྦྱར་བས་དེར་འགྱུར་རོ། །གལ་ཏེ་མངོན་གྱུར་སྤངས་པས་བག་ལ་ཉལ་སྤངས་ན་ཧ་ཅང་ཐལ་ཞེ་ན། སྤྱི་ཙམ་ནས་དེ་བདེན་ཀྱང་འདིར་ནི་འདས་ལམ་གྱིས་སྤངས་པའི་སྐབས་ཡིན་ལ་དེས་ཀྱང་ས་བོན་དང་བཅས་པ་འཇོམས་པས་སྐྱོན་མེད་དོ། །འོ་ན་རྟོག་
པ་འདི་དག་གཉེན་པོ་ཇི་ལྟ་བུ་ཞིག་ཡིད་ལ་བྱས་པས་སྤོང་ཞེ་ན། འདི་དག་ནི་དངོས་པོ་ལ་མངོན་པར་ཞེན་པའི་བློས་ཀུན་ནས་བསླང་བ་ཡིན་པས་དེའི་གཉེན་པོར་ནི་དངོས་པོ་ཐམས་ཅད་རང་བཞིན་མེད་པར་རྟོགས་ཏེ། གོམས་པར་བྱས་པ་ཉིད་ཀྱིས་རྒྱུ་དེ་བཟློག་པ་ན་འབྲས་བུ་རྟོག་པ་དེ་དག་རང་གི་ངང་གིས་ལྡོག་པར་འགྱུར་རོ། །སྒོམ་སྤང་གི་རྟོག་པ་ལ་ཡང་སྤོང་ཚུལ་འདི་བཞིན་དུ་བལྟའོ། །དེས་ན་རྟོག་པ་རྣམས་ཀྱི་དམིགས་རྣམས་གསལ་བའི་དབྱེ་བ་མཐའ་ཡས་ཀྱང་འདི་དག་གི་རྩ་བ་བདེན་འཛིན་ཡིན་པས། དེའི་གཉེན་པོར་བདེན་མེད་རྟོགས་པ་ཉིད་སྒོམ་པ་ནི་གནད་ཀྱི་དོན་ནོ། །གཉིས་པ་ནི་མཐོང་རྩེའི་ངོ་བོ་བཤད་པའི་གཉིས་པ་ཇི་ལྟར་སྒོམ་ཚུལ་བཤད་པ་སྟེ། འདི་དེང་སང་གི་འདི་ཕྱོགས་ཀྱི་དཔེ་ཐམས་ཅད་ནང་དུ། གཉིས་པ་ལ་གཉིས་ལས་ཤེས་གསུངས་ཀྱང་དཔེ་མ་དག་པ་སྟེ། འདི་ལ་མཚམས་སྦྱར་བ། རྩ་བ། འགྲེལ་བ་གསུམ་ཡོད་པས། གཉིས་པ་ལ་གསུམ་ཞེས་འདོན་དགོས་ཏེ་གཞན་དུ་ན་འོག་གི་གསུམ་པ་ཞེས་པའི་གསུམ་པའི་ཁུངས་ཞིབ་མོའི་བློས་དཔྱད་ཀྱང་མི་རྙེད། གཉིས་པ་ལ་གསུམ་ལས། དང་པོ་ནི། མཐོང་རྩེའི་ངོ་བོ་མཐོང་རྩེ་དེ་ཉིད་ཡང་དང་ཡང་དུ་སྒོམ་པར་བྱེད་དོ་ཞེས་བར་ཚིགས་ཀྱིས་གསུངས་པའི་དགོས་པ་ནི། མཐོང་རྩེ་དེ་ལ་རྟོགས་པ་རང་དབང་དུ་བྱ་བའི་ཕྱིར་དུའོ། །རྟོགས་དཀའ་དང་ཤེར་འབྱུང་གིས་རྒྱན་སྣང་ལྟར་དེ་སྐྱེས་པ་ན་ཞེས་སོགས་འདིའི་མཚམས་སྦྱོར་ལ་མཛད་ཀྱང་གཞུང་འདི་ལ་མི་འགྲིག་གོ །གཉིས་པ་ནི། སེང་གེ་རྣམ་བར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་ནས་ཏེ་དེའི་འོག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལ་ལུགས་མཐུན་དང་ལུགས་མི་མཐུན་དུ་རྟོག་པར་བྱེད་དོ། །འདི་མདོ་ནས་བསྟན་པའི་ཚུལ་ནི། ཕྱིན་དྲུག་རེ་རེ་ལ་གནས་ནས་གཞན་ལྔ་ལྔ་འཛིན་པར་གསུངས་པའི་ཡུམ་ལ་གནས་ནས་བསམ་གཏན་འཛིན་
པའི་སྐབས་སུ། དེ་རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པ་འཇུག་གོ །ཏིང་ངེ་འཛིན་དེ་ལ་གནས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་ལ་སོ་སོར་རྟོག་གོ་ཞེས་པ་འདི་ཁོ་ནས་བསྟན་པར་ཁ་ཅིག་འདོད་དོ། །འོན་ཀྱང་འཕགས་པ་དང་ལེ་བརྒྱད་མ་རྣམ་འགྲེལ་རྣམས་ཀྱི་བཞེད་པ་ནི། དྲུག་ཚན་དྲུག་གི་མདོ་མ་གཏོགས་པའི་འདི་ལ་མདོ་སྦྱར་བ་མེད་པས་དྲུག་ཚན་དྲུག་གི་མཐོང་རྩེ་དེ་ཉིད་འདིའི་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ནི་ཡིན་ནོ། །དག་ལྡན་ལས་ནི་དྲུག་ཚན་དྲུག་གི་ཐ་མ་ལ་གནས་ནས་བསམ་གཏན་གྱི་བར་ལྔ་འཛིན་པར་མདོ་ལས་གསུངས་པ་དེ་ཚིགས་བཅད་འདིས་བསྡུས་པ་དང༌། སེང་གེ་རྣམ་བསྒྱིངས་ནི་དྲུག་ཚན་དྲུག་གི་མདོ་རྫོགས་པའི་འོག་ཏུ་ཐོད་རྒལ་གྱི་སྦྱོར་བ་ལ་བཤད་པའི་སེང་གེ་རྣམ་བསྒྱིངས་དེ་ཡིན་པར་འཆད་དོ། དེ་ནི་མི་འཐད་དེ། དྲུག་ཚན་དྲུག་པའི་སྐབས་སུ་མདོ་ལས་གསུངས་པ་ལྟར་སྔར་དྲངས་པ་དེ་ཉིད་ཚིགས་བཅད་འདི་དང་ཚིགས་བཅད་དང་ལྷུག་པའི་ཁྱད་པར་ཙམ་མ་གཏོགས་པ་ཇི་ལྟ་བ་བཞིན་འབྱུང་ཞིང༌། དྲུག་ཚན་དྲུག་རྫོགས་རྗེས་སུ་གསུངས་པའི་སེང་གེ་རྣམ་བསྒྱིངས་ཀྱི་སྐབས་སུ་རྟེན་འབྲེལ་ལ་རྟོག་ཚུལ་མདོ་ལ་མེད་པས་སོ། །དེས་ན་སེང་གེ་རྣམ་
བསྒྱིངས་གཉིས་གསུངས་པའི་དང་པོ་ནི་མཐོང་རྩེ་ལ་དབང་བྱ་བའི་ཕྱིར་དང༌། གཉིས་པ་ནི་ཐོད་རྒལ་ལ་འཇུག་པའི་ཆེད་དུ་འཕགས་པ་དང་སློབ་དཔོན་རྣམས་བཞེད་པ་ཉིད་མདོ་བསྟན་བཅོས་ཀྱི་དགོངས་པའོ། །དེ་ལྟར་ན་འདི་གང་གི་བཞེད་པ་ནི། དེ་ཉིད་ཡང་དང་ཡང་དུ་ཞེས་འབྱུང་བས་མཐོང་རྩེ་ཉིད་ལ་སྙོམས་པར་འཇུག་པ་ལ་སེང་གེ་རྣམ་བསྒྱིངས་ལ་འཇུག་པའི་མིང་བཏགས་པར་བཞེད་དོ། །བརྒྱད་སྟོང་པར་ཡུམ་ལ་གནས་ནས་དང་པོ་ལྔའི་སྒོམ་པ་རྫོགས་པར་གསུངས་པ་དེས་གཞན་ལྔ་ལ་གནས་པ་ཡང་མཚོན་པར་བྱས་ནས་མཐོང་རྩེའི་མདོར་སྦྱར་ཞིང་དེའི་འོག་ཏུ་ཐབས་མཁས་པ་ཐམས་ཅད་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ་ཞེས་འབྱུང་བ་འདིའི་མདོ་ལ་རྒྱན་སྣང་དུ་མཛད་དོ། །གསུམ་པ་ནི། སྙོམས་པར་ཞུགས་སོ། །གང་ན། མཐོང་ལམ་རྩེ་མོ་ཐོབ་པའི་རྣལ་འབྱོར་པ་མཐོང་ལམ་པ་དེའོ། །གང་ལ་ན། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལའོ། །དེའི་ངེས་ཚིག་ནི་མཐོང་སྤང་གི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་དང་བག་ཚ་བ་མེད་པའི་ཕྱིར་ཏེ། དཔེར་ན་སེང་གེ་རི་དྭགས་རྣམས་ལ་བག་མི་ཚ་བ་ལྟར་རོ། །ནས་ཞེས་པ་ལྷག་མ་ཅན་ཡིན་པས་ཡང་དག་པར་རྟོག་གོ་ཞེས་པ་འདྲེན་པའོ། །གང་ལ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ལའོ། །གང་གི་ཚེ་ན། མཉམ་བཞག་ཏུ་སེང་གེ་རྣམ་བསྒྱིངས་ལ་ཞུགས་པའི་དུས་ཕྱིས་རྗེས་ཐོབ་ཏུའོ། །འདིའི་རྗེས་ཐོབ་སྒོམ་ལམ་དུ་ཤེར་སྒྲོན་ལས་བཤད་
པ་གཞུང་གཞན་རྣམས་དང་མཐུན་ནོ། །ཇི་ལྟར་ན། ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་རོ། །དེ་གཉིས་གང་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་དང་སོགས་པས་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དང་རྒ་ཤིའི་རྐྱེན་གྱིས་མྱ་ངན་སྨྲེ་སྔགས་འདོན་པ་སྡུག་བསྔལ་བ། ཡིད་མི་བདེ་བ། འཁྲུག་པ་རྣམས་འབྱུང་བ་ལ་སོ་སོར་རྟོག་ཅིང་འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་བ་འདི་འབྱུང་ངོ་ཞེས་རྟོག་པ་དང༌། རྒ་ཤི་འགགས་པས་མྱ་ངན་སོགས་འགག་ལ་སྐྱེ་བ་འགགས་པས་རྒ་ཤི་འགག་གོ །ཞེས་བྱ་བ་དང༌། སོགས་པས་མ་རིག་པ་འགགས་པས་འདུ་བྱེད་འགག་གོ་ཞེས་པའི་བར་ལ་སོ་སོར་རྟོག་ཅིང་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འགག་གོ་ཞེས་རྟོག་པ་གཉིས་སོ། །ཚུལ་དེས་མདོ་ལས་ཀུན་ཉོན་གྱི་ལུགས་མཐུན་དང་རྣམ་བྱང་གི་ལུགས་བཟློག་གཉིས་གསུངས་པ་ལྟར་དེ་གཉིས་ཀྱི་ལུགས་བཟློག་དང་ལུགས་མཐུན་ཡང་མཚོན་པར་བལྟའོ། །ཨ་བྷྱས། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་སོགས་ལུགས་བཟློག་ཏུ་འཆད་པ་ནི། སྐབས་འདིའི་མདོ་དང་མི་མཐུན་ཞིང་ཀུན་བྱང་གང་གི་ཡང་ལུགས་བཟློག་ཏུ་མི་རུང་བས་དོར་བར་བྱའོ། །དེས་ན་དེ་ནི་རྣམ་བྱང་ལུགས་མཐུན་ཡིན་ལ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་སོགས་ནི་ཀུན་ཉོན་ལུགས་བཟློག་གོ །ཅིའི་ཕྱིར་ལུགས་
བཟློག་དང་ལུགས་མཐུན་ཡིན་ཞེ་ན། དང་པོར་སྐྱེ་བ་ཕྱིས་དང༌། ཕྱིས་སྐྱེ་བ་དང་པོར་དང་དེ་ལས་བཟློག་ནས་དཔྱད་པས་སོ། །ཀུན་བཏུས་ཀྱི་འགྲེལ་བར་ནི་རྒ་ཤི་རྒ་ཤི་ཀུན་འབྱུང་རྒ་ཤི་འགོག་པ། རྒ་ཤི་འགོག་པ་དེར་འགྲོ་བའི་ལམ་ཞེས་སོགས་སུ་སྦྱར་པ་རྣམས་བདེན་པ་རྣམ་གཞག་གི་ཀུན་ཉོན་ལུགས་བཟློག་ཏུ་བཤད་དེ། སའི་དངོས་གཞིར་ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་རྒ་ཤི་ནས་བཟུང་སྟེ་ལུགས་ལས་བཟློག་པའི་གོ་རིམས་སུ་བསྟན་ཅེ་ན། བདེན་པའི་ཚུལ་བསྟན་པའི་དབང་དུ་བྱས་པ་ཡིན་ཏེ། འདི་ལྟར་སྐྱེ་བ་དང་རྒ་ཤི་ནི་སྡུག་བསྔལ་གྱི་བདེན་པས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་པའི་དོན་དུ་བསམས་པར་མངོན་ནོ། །ལུང་འདིའི་དོན་ནི། སྐྱེ་རྒ་གཉིས་ལས་ཉོན་གྱི་རྣམ་སྨིན་མཐར་ཐུག་པ་ཡིན་པས་སྡུག་བདེན་ཡིན་པའི་ཕྱིར། རྒ་ཤི་ནས་འབྱུང་བ་དང༌། དེ་ནས་འགག་པར་རྟོག་པ་ནི། སྡུག་བདེན་དང་དེ་འགགས་པའི་འགོག་བདེན་ལ་མཁས་པ་བྱ་བའི་ཕྱིར་ཡིན་ལ། མ་རིག་པ་ནས་འབྱུང་བ་དང་དེ་ནས་འགོག་པར་རྟོག་པ་ནི་ཀུན་འབྱུང་དང་ལམ་ལ་མཁས་པའི་ཕྱིར་ཡིན་ཏེ། མ་རིག་པ་དང་འདུ་བྱེད་གཉིས་ནི་ཀུན་འབྱུང་གི་བདེན་པ་ཡིན་ལ། དེ་འགོག་བྱེད་ནི་ལམ་ཡིན་པས་འགྲེལ་པའི་བཤད་པས་སའི་དངོས་གཞིའི་དགོངས་པ་མ་ལོངས་པའོ་ཞེས་ཆོས་ཀྱི་སྤྱན་ལྡན་བླ་མ་གསུང་ངོ༌།།འདིར་འགྲེལ་བས་ཇི་ལྟར་སྒོམ་ཚུལ་བཤད་པ་ལས་འཕྲོས་ཏེ་ས་བཅད་བརྒྱད་ཀྱི་སྒོ་ནས་རྟེན་འབྲེལ་གྱི་མཐའ་དཔྱད་པ། འདིར་རྟེན་འབྲེལ་གྱི་མཐའ་ཅུང་ཟད་དཔྱད་པ་ལ་བརྒྱད། སྤྱིའི་མཚན་ཉིད། སོ་སོའི་དབྱེ་བསྡུ། རྐྱེན་དུ་འགྱུར་ཚུལ།
རང་རང་གི་བྱེད་ལས། ཚེ་དུ་ལ་རྫོགས་པ། ས་མཚུངས་པའི་རྣམ་གཞག །ཇི་ལྟར་སྒོམ་པའི་ཚུལ། དེ་ལྟར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི། རྣམ་པར་འབྱེད་པའི་མདོ་ལས། འདི་ཡོད་པས་འདི་འབྱུང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོགས་བཀའ་སྩལ་བའི་དོན་ནི། ཀུན་བཏུས་ལས། མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་དང༌། མི་རྟག་པའི་རྐྱེན་ལས་བྱུང་བ་དང༌། ནུས་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །ཞེས་པ་དེ་གསུམ་གྱིས་མདོ་ཚིག་གསུམ་བཀྲལ་ཏེ། དེ་ཡང་དང་པོ་ནི། ཕྱི་ནང་གི་དངོས་པོ་རྣམས་སྐྱེ་བ་ན། སུས་ཀྱང་བློ་སྔོན་དུ་བཏང་ནས་མ་བྱས་པར་སྤྱིར་རྒྱུ་རྐྱེན་ཡོད་ན་འབྲས་བུ་དེ་འབྱུང་བ་དང༌། གཉིས་པ་ནི་རྒྱུ་ཡོད་ཀྱང་རྐྱེན་རྟག་པ་ལས་མི་སྐྱེའི་མི་རྟག་པ་ལས་སྐྱེ་བའོ། །གསུམ་པ་ནི་རྐྱེན་ལས་སྐྱེ་ཞིང་མི་རྟག་ཀྱང་རྒྱུ་ཐམས་ཅད་ལས་འབྲས་བུ་ཐམས་ཅད་མི་འབྱུང་གི་རང་རང་གི་སྐྱེད་པའི་ནུས་པ་དང་ལྡན་པའི་རྗེས་སུ་མཐུན་པའི་རྒྱུ་ལས་སྐྱེ་བའོ། །འདིས་ནི་རྒྱུད་དུ་གཏོགས་མ་གཏོགས་གཉིས་ཀའི་རྟེན་འབྲེལ་ལ་བརྩམས་ནས་ཁྱད་པར་གསུམ་ལྡན་དུ་བསྟན་ཏོ། །གཉིས་པ་ལ་གཉིས། དབྱེ་བ་དང༌། བསྡུ་བའོ། །དང་པོ་ནི། མ་རིག་པ་ནས་རྒ་ཤིའི་བར་བཅུ་གཉིས་ཏེ་དེ་ཡང་ནང་གི་རྟེན་འབྲེལ་ལས་བརྩམས་པའོ། །འདི་དག་གི་རང་བཞིན་ཀྱང་ཇི་ལྟ་བུ་ཞེ་ན། དེ་ལ་སྤྱིར་མ་རིག་པ་ལ་ཉོན་
མོངས་ཅན་ཡིན་མིན་གཉིས་ཡོད་ཀྱང་གཉིས་པ་ནི་དགྲ་བཅོམ་པ་རྣམས་ལ་ཡང་མངོན་གྱུར་དུ་ལྡན་པས་སྲིད་པར་སྐྱེ་བ་ལེན་པའི་རྩ་བར་མི་འཐད་པས་དང་པོ་ཡིན་ལ། འདི་ལ་ཡང་ལས་རྒྱུ་འབྲས་དང་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པ་གཉིས་ཏེ་དེ་ཡང་འདུ་བྱེད་གསུམ་ཀུན་ནས་སློང་བའི་རྒྱུར་གྱུར་པའོ། །འདི་འདུ་བྱེད་ཀུན་ནས་སློང་པའི་རྒྱུར་ཇི་ལྟར་འགྱུར་བ་ནི། རྟེན་འབྲེལ་ཙམ་གྱི་ཕུང་པོ་འདིའི་རང་བཞིན་མ་ཤེས་པས་རྨོངས་པ་ན་བདག་ཏུ་འཛིན་ལ་དེ་ལས་ཀྱང་བདག་ལ་ཆགས་པར་འགྱུར་བས། གང་གི་ཚེ་བདག་ལ་ལྷག་པར་ཆགས་པ་དེའི་ཚེ་བདག་བདེ་བར་འདོད་ཅིང་སྡུག་བསྔལ་བར་མི་འདོད་དོ། །དེ་ལ་ཡང་བདག་ཚེ་འདི་ཙམ་ལ་བདེ་བར་འདོད་པས་ནི། མི་དགེ་བ་ལ་འཇུག་པས་ངན་འགྲོའི་རྒྱུ་བསོད་ནམས་མ་ཡིན་པ་དང༌། ཚེ་ཕྱི་མ་ལ་བདེ་བར་འདོད་པས་ནི། དགེ་བ་བཅུ་ལ་འཇུག་པས་ལྷ་མིའིི་རྒྱུ་བསོད་ནམས་དང༌། བདེ་སྡུག་གི་འགྱུར་བའི་སྡུག་བསྔལ་དང་བྲལ་བ་གཙོ་བོར་བཏང་སྙོམས་ཀྱི་བདེ་བ་ལ་སྲེད་པས་ནི། བསམ་གཏན་དང་གཟུགས་མེད་པ་ལ་འཇུག་པས་ཁམས་གོང་མའི་རྒྱུ་མི་གཡོ་བའི་ལས་མངོན་པར་འདུ་བྱེད་དེ། དེ་ལྟར་ན་ལས་གསུམ་འདུ་བྱེད་པའི་རྩ་བ་ནི་མ་རིག་པའོ། །དེ་ལྟར་མ་རིག་པ་གང་གིས་ལས་གང་སློང་བ་ནི། ཀུན་བཏུས་ལས། རྨོངས་པ་ནི་གཉིས་ཏེ། འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་དང༌། དེ་ཁོ་ནའི་དོན་ལ་རྨོངས་པའོ། །འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་ནི་མི་
དགེ་བའི་འདུ་བྱེད་རྣམས་འབྱུང་ངོ༌། །དེ་ཁོ་ནའི་དོན་ལ་རྨོངས་པའི་ནི་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་རྣམས་སོ་ཞེས་སོ། །དེ་ལྟར་གསུངས་པ་ཡང་དུས་ཀྱི་ཀུན་སློང་ལ་དགོངས་ཀྱི་རྒྱུའི་ཀུན་སློང་ནི་དེ་ཁོ་ན་ཉིད་ལ་རྨོངས་པ་གཅིག་པུ་སྟེ་སྔར་བཤད་པ་ལྟར་རོ། །དེའི་ཕྱིར་ཡན་ལག་བཅུ་གཉིས་ཀྱི་དང་པོ་ཡང་དེ་ཁོ་ནའོ། འདི་ཡང་སྲིད་འཕེན་བྱེད་ཡིན་ཞིང་བདེན་པ་མཐོང་བ་ལ་འཕེན་བྱེད་མེད་པར་རྟེན་འབྲེལ་མདོ་འགྲེལ་ལས་གསུངས་པས་མཐོང་སྤང་གི་མ་རིག་པར་དོན་གསང་བཞེད་དོ། །འོན་ཀྱང་འཐད་པར་ནི་མི་སྣང་སྟེ། མཐོང་སྤང་ནི་གྲུབ་མཐས་བློ་བསྒྱུར་བ་ལས་བྱུང་པའི་ཀུན་བརྟགས་ལ་ཐོགས་མེད་ཀྱིས་བཤད་ལ། །བྱ་དང་རི་དྭགས་སོགས་གྲུབ་མཐས་བློ་ཡེ་མ་བསླད་པས་ཀྱང་མ་རིག་པས་བསླད་པའི་ལས་གསོག་པ་དང༌། མ་རིག་པ་འདི་ནི་སྲིད་པའི་ཉེས་པ་རྣམས་ཀྱི་རྩ་བ་ཡིན་ལ། དེ་ཡང་ཐོགས་མེད་སྐུ་མཆེད་ཀྱིས་ཉོན་ཡིད་འཁོར་གྱི་མ་རིག་པ་ཉིད་ལ་བཞེད་པའི་ཕྱིར་རོ། །དེས་ན་སྒོམ་སྤང་དུ་རིགས་སོ། །འོ་ན་འཕགས་པ་ལ་འཕེན་བྱེད་ཀྱི་མ་རིག་པ་ཡོད་པར་ཐལ་ཞེ་ན། འཕེན་བྱེད་ཀྱི་མ་རིག་པ་ཉོན་ཡིད་ཀྱི་འཁོར་ཡིན་པར་འདོད་ཀྱི་དེ་ལ་སྔ་མས་ཁྱབ་པར་མ་སྨྲས་ན་ཅིའི་ཕྱིར་ཀླན་ཀར་འགྱུར། གལ་ཏེ་སྒོམ་སྤང་ཡིན་ན་འཕགས་པ་ལ་ཡོད་དོ་ཞེ་ན། སྒོམ་སྤང་ཡིན་ཀྱང་འཕགས་པ་ལ་མེད་པར་ནི་དུ་མ་ཞིག་བཤད་དེ། དཔེར་ན་ཡུལ་ལ་
དམིགས་པའི་ཞེ་སྡང་དྲག་པོ་བཞིན་ནོ། །གཉིས་པ་ནི་མ་རིག་པས་བསླང་པའི་ལས་ཏེ་འདི་ལ་གསུམ་མོ། །གསུམ་པ་ནི་ལས་དེས་བསླང་པའི་སེམས་རྒྱུད་དེ་འདི་ལ་ཡང་ལས་བསགས་དུས་ཀྱི་དེ་རྒྱུ་དུས་དང་སྐྱེ་གནས་སུ་ཉིང་མཚམས་སྦྱར་བ་དེ་འབྲས་དུས་ཀྱི་རྣམ་ཤེས་སོ། །དེ་ཡང་ཀུན་གཞི་བཞེད་པ་རྣམས་ཀྱི་ལུགས་ཀྱིས་དེ་ཡིན་ལ་དེ་ལས་གཞན་པ་རྣམས་ལྟར་ན་ཡིད་ཤེས་སོ། །བཞི་པ་ནི། ཚོར་སོགས་བཞིའི་མིང་དང་ནུར་ནུར་པོ་སོགས་ཀྱི་གཟུགས་སོ། །ལྔ་པ་ནི་མིང་གཟུགས་འཕེལ་བས་མིག་ནས་ཡིད་ཀྱི་བར་རྫོགས་པ་སྟེ་མིང་གཟུགས་ཀྱི་ཚེ་དབང་པོ་དང་པོ་བཞི་མེད་དོ། །དྲུག་པ་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལས་བྱུང་བ་ཡུལ་ཡིད་དུ་འོང་བ་སོགས་གསུམ་གཅོད་པ་སྟེ་རྟེན་གྱི་སྒོ་ནས་དྲུག་གོ །བདུན་པ་ནི་རེག་པས་ཡུལ་གསུམ་བཅད་པ་ལས་སིམ་གདུང་སོགས་ཀྱི་ངོ་བོར་སྐྱེས་པའི་མྱོང་བ་སྟེ་སྔར་ལྟར་དྲུག་གོ །བརྒྱད་པ་ནི་ཚོར་བ་གསུམ་ཉམས་སུ་མྱོང་བ་ན་དེའི་རྐྱེན་ཅན་གྱི་སྲེད་པ་སྟེ་སྡུག་བསྔལ་གྱི་གཟིར་བ་ན་བདེ་བ་ལ་འདུན་པ་འདོད་སྲེད། བསམ་གཏན་དང་པོ་གསུམ་ན་བདེ་བ་དང་བཞི་པ་ན་བཏང་སྙོམས་ལ་འདུན་པ་གཟུགས་སྲེད། གཟུགས་མེད་བཞི་ན་བཏང་སྙོམས་ལ་འདུན་པ་གཟུགས་མེད་ཀྱི་སྲེད་པ་གསུམ་མོ། །དགུ་པ་ནི་སྲེད་པ་དེ་ཉིད་ཤས་ཆེར་འཕེལ་པའོ། །དེ་ཡང་ཡུལ་གྱི་སྒོ་ནས་བཞི་སྟེ། དེ་ལ་འདོད་པ་ཉེ་བར་ལེན་པ་ནི་འདོད་ཡོན་ལྔ་དང་ལྟ་བ་ཉེ་བར་ལེན་པ་ནི་ལྟ་ངན་
རེ་གཉིས་དང༌། ཚུལ་ཞུགས་ཉེ་བར་ལེན་པ་ནི་འཆལ་ཁྲིམས་སྤོང་བ་དང་ཁྱི་དང་བ་ལང་སོགས་ཀྱི་བརྟུལ་ཞུགས་དང༌། བདག་སྨྲ་ཡོད་པས་བདག་སྨྲ་སྟེ་ལུས་སམ་འདིས་བདག་གོ་ཞེས་སྨྲ་བས་བདག་སྨྲ་སྟེ་བདག་ལྟ་དང༌། ངའོ་སྙམ་པའི་ང་རྒྱལ་ལ་འདུན་ཞིང་ཆགས་པའོ། །བཅུ་པ་ནི་ལེན་པའི་མཐུས་ཡང་སྲིད་ཀྱི་སྐྱེ་བ་འགྲུབ་ནུས་སུ་རྟས་པར་བྱས་པའི་ལས་སོ། །འདི་ལ་འགྲོ་བ་ལྔ་དང་བར་དོ་ལས་ཀྱི་སྲིད་པ་བཤད་ཀྱང་དང་པོ་དྲུག་ཞར་བྱུང་ཙམ་མོ། །བཅུ་གཅིག་པ་ནི་ལས་དེའི་མཐུས་སྐྱེ་གནས་སུ་ཉིད་མཚམས་སྦྱར་བའི་ཕུང་པོ་ལྔ་སྟེ་སྐྱེ་གནས་བཞིར་དབྱེའོ། །བཅུ་གཉིས་པ་ནི་སྐྱེས་པ་ནས་བཟུང་སྟེ་ན་ཚོད་གཞན་དུ་འགྱུར་བ་དང་རིས་མཐུན་འདོར་བ་སྟེ་ལུས་འགྱུར་བ་སོགས་དང་དུས་དུས་མིན་དུ་འཆི་བར་དབྱེའོ། །རྒ་ཤི་གཉིས་གཅིག་ཏུ་བཞག་པ་ནི། རྒ་བ་མེད་པར་ཡང་འཆི་བ་འབྱུང་བས་ཡན་ལག་རིམ་ཅན་དུ་མ་ངེས་པའི་རྒྱུ་མཚན་གྱིས་ཡིན་ལ། མྱ་ངན་དང་སྨྲ་སྔགས་འདོན་པ་སྡུག་བསྔལ་བ་ཡིད་མི་བདེ། འཁྲུག་པ་རྣམས་ཀྱང་གོ་རིམ་མ་ངེས་ཤིང་འགའ་ཞིག་ཡིད་བདེ་བཞིན་དུ་ཡང་འཆི་བས་ཡན་ལག་ཏུ་མ་བཞག་ཅིང་ཞར་བྱུང་དུ་གསུངས་པ་ནི། གཞན་ལ་ཉེས་དམིགས་བསྟན་ནས་སྐྱོ་བ་སྐྱེད་པའི་ཆེད་དོ། །གཉིས་པ་ལ་གཉིས། ཡན་ལག་མདོ་དང༌། ཀུན་ནས་ཉོན་མོངས་པར་བསྡུ་བའོ། །དང་པོ་ནི། འཕེན་བྱེད་དང༌། འཕངས་པ་དང༌། མངོན་པར་གྲུབ་བྱེད་དང༌། མངོན་
པར་འགྲུབ་པའི་ཡན་ལག་སྟེ་བཞིའོ། །དེ་ལ་དང་པོ་ནི། ཡན་ལག་དང་པོ་གསུམ་སྟེ་གང་གིས་ན་མ་རིག་པའི་རྐྱེན་གྱི་འདུ་བྱེད་ཀྱིས་སོ། །ཇི་ལྟར་ན། རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པའི་ཚུལ་གྱིས་སོ། །གཉིས་པ་ནི། གང་འཕངས་ན། མིང་གཟུགས་ནས་ཚོར་བའི་བར་བཞིའོ། །གསུམ་པ་ནི། ཡན་ལག་གསུམ་སྟེ། གང་གིས་ན་སྲེད་པའི་རྐྱེན་ཅན་གྱི་ལེན་པས་སོ། །ཇི་ལྟར་ན་རྣམ་ཤེས་ལ་ལས་ཀྱི་བག་ཆགས་ཡོད་པ་རྣམས་སྲིད་པར་བྱས་པའི་ཚུལ་གྱིས་སོ། །གང་མངོན་པར་འགྲུབ་ན། སྐྱེ་བ་དང་རྒ་ཤི་སྟེ། རྟེན་འབྲེལ་མདོ་འགྲེལ་ལས། གང་གིས་འཕེན་དང་ཇི་ལྟར་གང༌། །དེ་སྒྲུབ་བྱེད་དང་དེ་ལ་ཡང༌། །ཉེས་པ་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །གཉིས་ཀྱི་ཡན་ལག་གཅིག་གིས་དང༌། །རྣམ་པ་བཞིས་དང་གཉིས་ཀྱིས་དང༌། །གཅིག་གིས་གཅིག་གིས་གཅིག་གིས་ནི། །དོན་བདུན་དག་ཏུ་རབ་ཏུ་བསྟན། །བདེན་པ་ཇི་བཞིན་མི་ཤེས་ཕྱིར། །ལས་ཀྱིས་སེམས་ལ་བསྒོས་ཕྱིར་དང༌། །ཡན་ལག་བཞི་ནི་རིམ་གྱིས་འཕེན། །དེ་ཡི་ས་བོན་ཡོངས་རྟས་ཕྱིར། །འཕངས་པ་བཞིན་དུ་སྐྱེས་པ་ཡིས། །ཚོར་བས་སྐྱེད་པས་སྲེད་པ་ལས། །ལེན་པ་བྱུང་བས་དེ་ཡིས་ལས། །བསྒོས་པ་མངོན་དུ་གྱུར་པ་ཡིན། །གྲུབ་པ་སྐྱེ་ཡིན་དེ་ལ་ཡང༌། །རྒ་སོགས་ཉེས་དམིགས་གང་གི་ཕྱིར། །བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ན་འབྱུང་བ་མེད། ཅེས་གསུངས་
ཏེ་འོན་ཀྱང་འདི་ལས་རྒ་ཤི་གྲུབ་པའི་ཡན་ལག་ཏུ་མ་མཛད་པར་ཉེས་དམིགས་ཀྱི་ཡན་ལག་ཏུ་བཞག་ལ། །ཀུན་བཏུས་སུ་སྔར་ལྟར་རོ། །གལ་ཏེ་ཡན་ལག་བཅུ་གཉིས་རྒྱུ་འབྲས་སྐོར་གཉིས་སུ་འཆད་པ་འདི་སྐྱེ་བ་ལེན་ཚུལ་གཅིག་ལའམ་གཉིས་ལ་འཇོག །དང་པོ་ལྟར་ན། འདི་གཉིས་ཀ་སྐྱེ་བ་ལེན་པའི་རྒྱུ་འབྲས་ཡིན་པས་གཅིག་ལ་ཇི་ལྟར་རིགས། གཉིས་པ་ལྟར་ན། བཅུ་གཉིས་པོ་ཐམས་ཅད་རྒྱུ་རྣམས་ལས་ཉོན་དང་འབྲས་བུ་རྣམས་སྡུག་བསྔལ་དུ་བསྡུས་ནས་གང་ཟག་གཅིག་འཁོར་བར་སྐྱེ་ཚུལ་དང༌། སྐྱེས་ནས་མཐར་འཆི་བ་ལ་ཐུག་པའི་རྣམ་གཞག་བྱས་པ་དང་ཇི་ལྟར་མི་འགལ་ཞེ་ན། རྟོག་པ་དང་ལྡན་པ་རྣམས་ལ་འདི་ལྟ་བུའི་དོགས་པ་སྐྱེ་བ་ནི་བདེན་མོད་ཀྱི་འོན་ཀྱང་དེ་རྣམ་དག་གི་ལན་གྱིས་སེལ་བ་ནི་ཚུལ་འདི་ལྟར་ཤེས་དགོས་སོ། །ཇི་ལྟར་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཕྱོགས་གཉིས་པ་ནི་ཁས་མི་ལེན་པས་དང་པོ་ལྟར་རོ། །དེ་ལ་ཡང་ཉེས་པ་མ་བརྗོད་དམ་ཞེ་ན། བརྗོད་མོད་ཀྱི་ཉེས་པ་ནི་མེད་དེ། འཕངས་པའི་དོན་སྲེད་ལེན་གྱི་གསོས་འདེབས་ཡོད་ན་མ་རིག་པས་ཀུན་ནས་བསླང་བའི་ལས་ཀྱིས་མིང་གཟུགས་སོགས་འགྲུབ་རུང་དུ་བྱས་པ་ཡིན་ལ། གང་གི་ཚེ་སྲེད་ལེན་གྱིས་ལས་ཀྱི་བག་ཆགས་གསོས་པས་སྔར་གྱི་ལས་དེ་ཉིད་ནུས་པ་རྟས་ཏེ་སྲིད་པར་སོང་བ་དེའི་ཚེ་ཡང་སྲིད་པར་སྐྱེ་བ་ལ་མངོན་དུ་ཕྱོགས་པས་མངོན་པར་འགྲུབ་བྱེད་དང༌། གང་གི་ཚེ་ཕྱི་མ་ལ་འབྲས་དུས་ཀྱི་རྣམ་ཤེས་སྐྱེས་
པ་ནི་སྐྱེ་བ་དང༌། མིང་གཟུགས་ནས་ཚོར་བའི་བར་དུ་འགྱུར་བ་ནི་རྒ་ཤི་ཡིན་ཏེ་དེའི་ཕྱིར་དེ་གཉིས་སྔར་འཕངས་པ་དེ་ཉིད་གྲུབ་པའི་སྐབས་སོ། །དཔེར་ན་དཔྱིད་ཀྱི་དུས་སུ་ས་བོན་བཏབ་པ་ན་མཐུན་རྐྱེན་ཚོགས་ཤིང་འགལ་རྐྱེན་གྱིས་གེགས་མ་བྱས་ན་མྱུ་གུ་འགྲུབ་རུང་དུ་བྱས་པ་དེ་ཉིད་ཆུ་ལུད་ཀྱི་ལྷན་ཅིག་བྱེད་པས་རྟས་པར་བྱས་པ་ན་མྱུ་གུ་དེ་ཉིད་ཇི་ལྟར་འཕངས་པ་ལྟར་འགྲུབ་པ་བཞིན་ནོ། །དེ་ལྟར་འཕངས་པ་དེ་ཉིད་འགྲུབ་བྱེད་ཀྱིས་སྒྲུབ་དགོས་པ་དང་གྲུབ་པའི་འབྲས་བུ་ཡང་འཕངས་པ་དེ་ཉིད་གྲུབ་པ་ལ་འཆད་མ་ཤེས་པས་ཀུན་བཏུས་ཀྱི་ཊིཀ་བྱེད་དུ་མས་ཀྱང་ནོར་པ་བྱས་སྣང་ངོ༌། །སློབ་དཔོན་ཐོགས་མེད་ཀྱི་བཞེད་པ་དེ་ནི་དེ་ཁོ་ན་ལྟར་ཡིན་ཏེ། གཞན་དུ་སྒྲ་ཇི་བཞིན་པར་བཟུང་ན་འགྲུབ་བྱེད་ཀྱི་རྒྱུ་ལ་མ་རིག་པ་དང་རྣམ་ཤེས་དང་དེའི་འབྲས་བུ་ལ་མིང་གཟུགས་སོགས་དང་འཕེན་བྱེད་ཀྱི་རྒྱུ་ལ་སྲེད་ལེན་དང༌། དེའི་འབྲས་བུ་ལ་སྐྱེ་རྒ་མེད་དགོས་ལ། དེ་འདོད་ན་ནི། རྒྱུ་འབྲས་དེ་དག་མེད་པའི་སྐྱེ་བ་ལེན་ཚུལ་འཇོག་པ་ཁྱོད་ནི་འཁོར་བའི་རྟེན་འབྲེལ་འཇུག་རིམ་ལ་མཁས་པ་ཞིག་གོ །གལ་ཏེ་སྲེད་ལེན་སྲིད་གསུམ་མིང་གཟུགས་ཀྱི་སྔོན་ལ་འོང་ན་ཚོར་བའི་རྐྱེན་གྱིས་སྲེད་པ་སོགས་འཇུག་པར་བཤད་པ་དང་འགལ་ཞེ་ན། མི་འགལ་ཏེ། ཡང་སྲིད་ཀྱི་སྐྱེ་བ་འདྲེན་པ་ལ་སྲེད་ལེན་སྲིད་གསུམ་མེད་པའི་འཕེན་བྱེད་གསུམ་ཙམ་གྱིས་མི་ཆོག་པས་དེ་གསུམ་རྒྱུའི་སྐབས་སུ་ཡར་བླང་དགོས་ལ། འབྲས་དུས་ཀྱི་རྣམ་ཤེས་དང་མིང་གཟུགས་སོགས་གྲུབ་པའི་སྐབས་དེ་ཉིད་ན་སྐྱེ་
བ་དང་རྒ་ཤི་ཡང་ཡོད་པས་སོ། །དེ་ལྟར་ན་སླར་ཡང་མངོན་པར་འགྲུབ་བྱེད་མེད་ན་འཕངས་པ་ཙམ་གྱིས་མི་ཆོག་པས་སྲེད་ལེན་སྲིད་གསུམ་དགོས་ཤིང་དེ་ཙམ་གྱི་སྐྱེ་བ་འདྲེན་པའི་ཕྱིར་རྒྱུ་ལ་དྲུག་ཏུ་གྲངས་ངེས་སོ། །འབྲས་བུ་ལ་ཡང་རྣམ་ཤེས་ཀྱིས་ཉིང་མཚམས་སྦྱར་ཏེ་མིང་གཟུགས་གྲུབ་པ་དང་སྐྱེ་མཆེད་དྲུག་དོད་པ་ན། ལོངས་སྤྱོད་པ་པོའི་སེམས་ཅན་གྱི་ངོ་བོ་དང་ཁྱད་པར་དང་རེག་པ་ཚོར་བ་གྲུབ་ པ་ན་ཡུལ་དང་རྣམ་སྨིན་གྱི་ལོངས་སྤྱོད་གཉིས་རྫོགས ་པས་བཞི་འམ་ལྔར་ངེས་སོ། །དེ་ལྟར་ན་མདོ་ལས་ཡན་ལག་བཅུ་གཉིས་སྔ་མ་སྔ་མ་ལས་ཕྱི་མ་འཇུག་པར་བསྟན་པ་ནི། སྤྱི་ཙམ་ནས་འཁོར་བར་འཇུག་པ་ན་སྔོན་གྱི་མ་རིག་པས་ལས་བསགས་པ་ལས་མིང་གཟུགས་ལ་སོགས་པའི་ལུས་གྲུབ་ཅིང༌། དེ་ལས་ཡང་སྲེད་སོགས་ཀྱི་ལས་ཉོན་སྐྱེས་ནས་ཡང་སྲིད་པར་སྐྱེ་བ་སོགས་སུ་འགྱུར་བར་བསྟན་གྱི། སེམས་ཅན་བྱེ་བྲག་པ་གཅིག་གི་མ་རིག་པ་ནས་རྒ་ཤིའི་བར་གྱི་སྐྱེ་བ་ལེན་ཚུལ་ལ་མི་བཞེད་པས། སློབ་དཔོན་ཐོགས་མེད་ཀྱིས་སེམས་ཅན་བྱེ་བྲག་པའི་སྐྱེ་བ་ལེན་ཚུལ་སྟོན་པ་ན། སྲེད་སོགས་མིང་གཟུགས་ཀྱི་གོང་དུ་དྲངས་ནས་མདོའི་དགོངས་པ་ལེན་པས་ཇི་ཞིག་འགལ། མདོའི་དགོངས་པ་སློབ་དཔོན་གྱིས་བླངས་པ་འདི་ལྟ་བུའི་གནད་མ་ཤེས་པར་བྱེ་བྲག་ཏུ་སྨྲ་བ་དང་གངས་ཅན་པ་རྣམས་ཀྱིས་སྒྲ་ཇི་བཞིན་པར་བྱས་པས་མདོ་དང་དེའི་དགོངས་པ་སློབ་དཔོན་གྱིས་བཀྲལ་བ་གསལ་བར་མ་ནུས་སོ། །གཉིས་
པ་ནི། དབུ་མ་རྟེན་འབྲེལ་སྙིང་པོ་ལས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་པ་ལྟར་གསུམ་ཉོན་མོངས་པ་དང་གཉིས་ལས་དང་བདུན་སྐྱེ་བའི་ཀུན་ཉོན་ནོ། ཀུན་བཏུས་ལས། རྣམ་ཤེས་ལས་ཀྱི་ཀུན་ཉོན་དུ་གསུངས་པ་ནི་རྒྱུ་དུས་ཀྱི་རྣམ་ཤེས་ཀྱིས་ལས་ཀྱི་བག་ཆགས་བཟུང་བ་ཙམ་ལ་དགོངས་སོ། །གསུམ་པ་ནི། ཀུན་བཏུས་ལས་ཡན་ལག་སྔ་མ་རྣམས་ཀྱིས་ཕྱི་མ་ལ་ཅི་རིགས་པར་རྐྱེན་བཞི་བྱེད་པར་གསུངས་ཏེ། དེ་ཡང་རིག་པས་རིག་པ་ལ་བྱ་བ་བྱེད་པའི་དབང་དུ་བྱས་ཀྱི་ངེས་པ་ནི་མིན་ཏེ། དེས་གཟུགས་ཅན་སྐྱེད་ན་བདག་རྐྱེན་གཅིག་པུ་དང་གཟུགས་ཅན་གྱིས་རིག་པ་ལ་ནི་དེ་དང་དམིགས་རྐྱེན་གཉིས་དང༌། གཟུགས་ཅན་ལ་ནི་རྒྱུ་དང་བདག་རྐྱེན་གཉིས་བྱེད་དོ། །དང་པོ་ལ་ཡང་མ་རིག་པས་འདུ་བྱེད་སེམས་པའི་རྐྱེན་བྱེད་ཚུལ་ལ་མཚོན་ན་མ་རིག་པའི་བག་ཆགས་ལས་འདུ་བྱེད་སྐྱེ་བ་དང༌། དེའི་འཕེན་པའི་ཤུགས་ཀྱིས་དེ་རྒྱུན་ཆགས་པར་འཇུག་པ་དང༌། རྨོངས་དུས་ན་མཆོག་མ་ཡིན་པ་ལ་དེར་ཡིད་ལ་བྱེད་པར་དམིགས་པ་འཇུག་པ་དང༌། དེའི་དབང་གིས་དེ་དང་མཚུངས་ལྡན་དུ་བྱུང་བ་རྣམས་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་བྱེད་པས། རིམ་པ་ལྟར་རྒྱུའི་ནས་བདག་རྐྱེན་གྱི་བར་བྱེད་དེ་གཞན་ལ་ཡང་དེ་ལྟར་སྦྱར་རོ། །ཐེག་བསྡུས་ལས་བདག་རྐྱེན་གཅིག་པུ་བྱེད་པར་གསུངས་པ་དང་མི་འགལ་ཏེ། དེ་ནི་ངེས་པ་ལ་དགོངས་ལ་ཀུན་བཏུས་ཀྱི་ནི་སྲིད་པ་ལ་དགོངས་པས་སོ། །ས་ལས་རྒྱུ་རྐྱེན་མ་གཏོགས་
པ་གསུམ་བྱེད་པར་གསུངས་པ་དང་ཡང་མི་འགལ་ཏེ། དེ་ནི་དོན་དམ་པའི་རྒྱུ་རྐྱེན་ཀུན་གཞི་ཉིད་ཡིན་པ་ལ་དགོངས་ལ། ཀུན་བཏུས་སུ་ཐ་སྙད་པའི་རྒྱུ་རྐྱེན་གྱི་དབང་དུ་མཛད་པས་སོ། །བཞི་པ་ལ་འདྲ་བ་དང་མི་འདྲ་བའི་བྱེད་ལས་གཉིས། དང་པོ་ནི། སྔ་མ་སྔ་མས་ཕྱི་མ་ཕྱི་མ་སྐྱེད་པའོ། །གཉིས་པ་ནི། དབུས་མཐའ་ལས། སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །འཁྲིད་པའི་ཕྱིར་དང་ཀུན་འཛིན་ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེ་བར་སྤྱོད་ཕྱིར་སྡུད་པའི་ཕྱིར། །སྦྱོར་བའི་ཕྱིར་དང་མངོན་དུའི་ཕྱིར། །དུ་ཁ་ཕྱིར་ནི་འགྲོ་ཉོན་མོངས། ཞེས་གསུངས་པས་དེ་དང་དེའི་ཕྱིར་འགྲོ་བ་རྣམས་ཉོན་མོངས་པར་བྱེད་ཅེས་ཀུན་ལ་སྦྱར་ཞིང་ཐ་མ་གཉིས་སྐྱོ་བའི་རྒྱུར་བསྡུས་ནས་གཞན་རྣམས་རེ་རེ་ཞིང་སྦྱར་རོ། །ལྔ་པ་ནི། སྤྱིར་སྐྱེ་གནས་བཞི་ལས་རྫུས་སྐྱེས་ནི། དབང་པོ་དང་ཡན་ལག་ཉིང་ལག་རྣམས་སྐྱེ་ན་ཡང་ཅིག་ཅར་འགྲུབ་ཅིང་འཆི་བ་ན་ཡང་དབང་པོ་རྣམས་ཅིག་ཅར་འགག་ལ། གཞན་གསུམ་ནི་གཉིས་ཀ་ཡང་རིམ་གྱིས་སོ། །དེས་ན་མིང་གཟུགས་སོགས་རིམ་གྱིས་འགྲུབ་པ་རྫུས་སྐྱེས་ལ་དོར་རོ། །འདོད་གཟུགས་ན་ནི་ཡན་ལག་བཅུ་གཉིས་ཚང་བ་ཡོད་དེ། གཟུགས་ན་འདུ་བྱེད་རྙིངས་པ་དང་དེངས་པའི་རྒ་བ་ཡོད་ཅིང་གཞན་ཡང་ཡོད་པས་སོ། །གཟུགས་མེད་ན་ཡན་ལག་བཞི་པའི་ཕྱེད་དང་ལྔ་པའི་སྐྱེ་མཆེད་ལྔ་མེད་ལ་གཞན་ཡོད་དུ་རུང་ངོ༌། །དེ་ལ་མྱུར་ན་ཚེ་གཉིས་ལ་བཅུ་གཉིས་རྫོགས་
སྲིད་དེ། དཔེར་ན་འདོད་པའི་མི་ཞིག་འདོད་ལྟར་སྐྱེ་བའི་ལས་མ་རིག་པའི་སྟོབས་ཀྱིས་རྣམ་ཤེས་ལ་བསགས་ནས་འཆི་ཁ་ཚུན་ལ་སྲེད་ལེན་གྱིས་གསོས་པས་སྲིད་པ་ལས་ནུས་ལྡན་དུ་བྱས་ན་ཚེ་དེ་ལ་དྲུག་དང༌། ཕྱི་མ་ལ་འབྲས་དུས་ཀྱི་རྣམ་ཤེས་དང་བཅས་པའི་ཡན་ལག་བདུན་འགྲུབ་པས་སོ། །བར་དོའི་ཚེ་ཟུར་དུ་མ་བརྩིས་སོ། །བུལ་ཡང་ཚེ་གསུམ་ལས་རིང་བ་མི་སྲིད་དེ། འཕེན་བྱེད་གསུམ་ཚེ་གཅིག་དང༌། འགྲུབ་བྱེད་གསུམ་ཡང་ཚེ་གཅིག་ལ་ཚང་བར་འོང་ཞིང་དེ་དང་སྐྱེ་རྒ་གཉིས་བར་མ་ཆད་དུ་འོང་ལ་འཕེན་བྱེད་དང་འགྲུབ་བྱེད་ཀྱི་བར་དུ་ཚེ་དུ་མས་ཆོད་པ་སྲིད་པས་སོ། །དེའི་ཕྱིར་བུལ་བའི་ཚེ་མ་ངེས་ཤེ་ན། འཕེན་འགྲུབ་ཀྱི་བར་ཚེ་དུ་མས་ཆོད་ཀྱང་རྟེན་འབྲེལ་གཞན་གྱི་ཚེ་ཡིན་ལ། འཕེན་བྱེད་དེའི་རྟེན་འབྲེལ་གྱི་ཚེ་མིན་པས་ཉེས་པ་མེད་དོ། །ཀུན་བཏུས་ལས་འཕེན་འགྲུབ་ཀྱི་རྒྱུ་གཉིས་ལ་རིང་བ་དང་ཉེ་བའི་རྒྱུར་གསུངས་པས། འཕེན་བྱེད་དང་འཕངས་པ་འགྲུབ་པའི་བར་དུ་སྐྱེ་བ་དུ་མས་ཆོད་པ་འོང་ལ་འགྲུབ་བྱེད་དང་བར་དུ་མ་ཆོད་པར་འཐད་དོ། །དེ་ལྟར་ན་བུལ་པའི་གྲངས་མ་ངེས་ཏེ། ལས་འགའ་ཞིག་བསྐལ་པ་དུ་མ་ཞིག་ན་སྨིན་པར་གསུངས་པས་སོ། ཞེས་ཟེར་བས་ནི་ལེགས་པར་མ་བརྟགས་སོ། །དྲུག་པ་ནི་རྒྱུ་འབྲས་ཡན་ལག་འདི་དག་ས་གཅིག་པའམ་ཐ་དད་པ་གང་ཞེ་ན། གཉིས་ཀ་མ་ངེས་སོ། །འདི་ཇི་ལྟར་ཞེ་ན། ས་ནི་གསུམ་སྟེ་འཆི་ས་སྐྱེ་ས་དེ་ལས་གཞན་པའི་སའོ། །དེ་ལ་ས་འོག་མའི་རྟེན་ལ་ནི་ས་དེ་དང་གོང་སར་སྐྱེ་བའི་ལས་གསོག་
པ་ཡོད་ལ་གོང་སའི་རྟེན་ལ་འོག་མར་སྐྱེ་བའི་ལས་གསོག་པ་མེད་དོ། །རང་སའི་རྟེན་ལ་ས་དེར་སྐྱེ་བའི་ལས་གསོག་པ་ཡང་ཡོད་དོ། །ཡན་ལག་དང་པོ་དང་རྒྱུ་དུས་ཀྱི་རྣམ་ཤེས་ནི་ལས་གང་དུ་བསགས་པའི་ས་དེར་གཏོགས་ཏེ། མ་རིག་པ་ནི་ཉོན་ཡིད་ཀྱི་འཁོར་དང་རྣམ་ཤེས་ཀུན་གཞི་ཡིན་ལ་རྟེན་དེའི་རྣམ་ཤེས་དེ་གཉིས་ཀྱང་ས་དེ་པ་ཡིན་པས་སོ། །གལ་ཏེ་འདོད་པ་ལ་ཆགས་བྲལ་གྱི་བྱིས་པ་ཁམས་གོང་དུ་སྐྱེ་བའི་ལས་གསོག་པ་ན་འདོད་པའི་ཉོན་མོངས་མེད་པས་དེའི་མ་རིག་པ་འདོད་པར་མི་གཏོགས་ཤེ་ན། འདི་ལ་མཛོད་པ་རྣམས་དེའི་རྒྱུད་ལ་གོང་མའི་ཉོན་མོངས་ཡོད་པས་ས་གོང་མའི་ཉོན་མོངས་གང་ཡོད་དེས་ཀུན་ནས་བསླང་བའི་ལས་གསོག་པར་འདོད་ཀྱང༌། འདིར་ནི་ཉོན་ཡིད་ཁས་ལེན་ལ་དེ་བྱིས་ལམ་གྱིས་གཞོམ་མི་ནུས་ཤིང་འདོད་པར་གཏོགས་པས་སྐྱོན་མེད་དོ། །གལ་ཏེ་ས་གཞན་གྱི་མ་རིག་པས་ས་གཞན་གྱི་ལས་ཀུན་ནས་སློང་ན་གོང་སའི་རྟེན་ལའང་འོག་སར་སྐྱེ་བའི་ལས་ཅི་སྟེ་མི་གསོག་ཅེ་ན། རྟེན་དེ་ལས་འོག་མར་སྐྱེ་བའི་ཉོན་མོངས་ཐམས་ཅད་མེད་པ་དང་ས་ཐ་དད་ཀྱིས་བཅད་པའི་རྟེན་ཁྱད་པར་ཅན་ཐོབ་པས་འོག་སའི་དམན་ལས་གསོག་པ་ལ་མི་གུས་པས་སོ། །འདུ་བྱེད་ནི་སྐྱེ་སར་གཏོགས་ཏེ་ས་གཞན་གྱི་ལས་ཀྱི་ས་གཞན་གྱི་ཕུང་པོ་འཕེན་མི་ནུས་པས་སོ། །འབྲས་དུས་ཀྱི་རྣམ་ཤེས་དང་བཅས་པ་བདུན་ཡང་སྐྱེ་ས་ཁོ་ནར་གཏོགས་སོ། །སྲེད་ལེན་ལ་དོན་གསང་ལས་
སྐྱེ་བའི་ས་པ་གང་ཡིན་པ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་ཡང་ངེས་པར་དེའི་ས་པའོ་ཞེས་གསུངས་པ་ནི། འོག་ས་ནས་གོང་སར་སྐྱེ་བ་ལ་ས་གོང་མའི་ཉོན་མོངས་མངོན་དུ་རྒྱུ་ཡོད་པས་རིགས་སུ་ཆུག་ཀྱང་གོང་སའི་སྐྱེ་སྲིད་ཀྱི་རྟེན་ལ་འོག་སའི་ཉོན་མོངས་མངོན་གྱུར་ཡོད་པ་ཆོས་མངོན་པ་བ་སྤྱི་ལུགས་དང་མི་མཐུན་ཞིང་རིགས་པས་མི་ཐོབ་པས་གོང་མ་ནས་འོག་མར་སྐྱེ་བ་ལ་མི་འགྲིག་གོ །འོན་ཀྱང་སྲིད་པ་ནི་ཁམས་གོང་མ་ནས་འདོད་པའི་བདེ་འགྲོ་ངན་འགྲོ་གཉིས་ཀར་སྐྱེ་ཡང་སྐྱེ་སར་གཏོགས་སོ། །ངན་འགྲོར་སྐྱེ་བ་ལ་ནི་དེའི་ཚེ་མི་དགེ་བའི་བག་ལ་ཉལ་ཙམ་མོ། །གལ་ཏེ་བདེན་པ་མཐོང་བ་ལ་འཕེན་པ་མེད་ན་ཕྱིར་མི་འོང་སྤེལ་མ་སྒོམ་པ་དེས་གནས་གཙང་མར་སྐྱེ་བ་མི་རིགས་ཏེ། དེར་སྐྱེ་བ་ལ་བསམ་གཏན་ཟག་མེད་ཀྱང་སྐྱེ་དགོས་ལ་སོ་སྐྱེའི་དུས་སུ་ཟག་མེད་མ་ཐོབ་ཅིང་འཕགས་པའི་ཚེ་ལས་མ་བསགས་པའི་ཕྱིར་ཞེ་ན། དེ་ལ་འབྲས་བུ་ཆེར་སྐྱེ་བའི་ལས་ཐོག་མེད་ནས་ཡོད་ལ་དེ་སྤེལ་མས་གནས་གཙང་དུ་སྐྱེ་བའི་རྒྱུར་བསྒྱུར་བས་ཉེས་པ་མེད་ཅེས་དོན་གསང་ལས་འཆད་པ་ལྟར་ཁས་བླང་ ངོ༌། །འཕགས་པ་ཆགས་བཅས་གཉིས་འདོད་པར་སྐྱེ་བ་ལ་ཡང་ལས་བསགས་པ་ནི་སོ་སྐྱེའི་དུས་སུ་ཡིན་པར་རིག་པར་བྱའོ། །མཛོད་པ་ལྟར་ན་ས་དེ་དང་དེར་སྐྱེ་བའི་ཉོན་མོངས་མ་སྤངས་ན་འཕགས་པས་ཀྱང་དེས་ཀུན་ནས་བསླང་བའི་ལས་འཕེན་པར་འདོད་པ་འདྲའོ། །ས་མཚུངས་ཚུལ་འདི་ནི་རྒྱ་འགྲེལ་དག་ལས་ཞིབ་པར་མི་སྣང་ཞིང་སྤྱིའི་ཁོག་ན་གནས་
པས་དེའི་ཕྱིར་བློས་ལེགས་པར་བརྟགས་ཏེ་མཁས་པ་རྣམས་ཀྱི་བཞེད་པ་མཐའ་ཆོད་པར་བཀོད་པའོ། །བདུན་པ་ནི་ལུགས་འབྱུང་ལུགས་ཟློག་སྒོམ་པ་སྟེ་བཤད་ཟིན་ཏོ། །བརྒྱད་པ་ནི། འཁོར་བར་འཇུག་ལྡོག་ལ་མཁས་ཤིང་དེ་ལ་འདོར་ལེན་བྱས་པས་ལེན་པ་མེད་པར་མྱ་ངན་ལས་འདའ་བའོ། །དེ་ལྟ་བུའི་ཡན་ལག་བཅུ་གཉིས་ནི་སྐྱེ་འགག་གི་རྫས་སུ་གྲུབ་པའི་བདག་ཉིད་དུ་དངོས་པོར་སྨྲ་བ་རྣམས་འདོད་ལ། འདིའི་ངང་ཚུལ་སྤྲོས་པའི་མཐའ་བརྒྱད་ཀྱིས་དབེན་པར་འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་འོངས་པ་ནི་འདིར་མ་བཀོད་དེ། མིང་ཙམ་ལས་ཀྱང་སྐྲག་པ་སྐྱེ་བར་སྣང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་བུ་གཞན་ཡང་འདིར་རེ་ཞིག་མ་སྨྲས་སོ། །གསུམ་པ་ནི་རྩེ་སྦྱོར་གྱི་ཆོས་རྒྱས་པར་བཤདཔའི་གསུམ་པ་སྒོམ་ལམ་རྩེ་སྦྱོར་བཤད་པ་སྟེ། འདིའི་ས་བཅད་སྤྲོ་ཞིང་དང་པོར་རྟེན་སྒོམ་ལམ་སྟེ་ཐོད་རྒལ་གྱི་སྙོམས་འཇུག་སོགས་བཤད་པ། གསུམ་པ་ལ་གསུམ། རྟེན་སྒོམ་ལམ། སྤང་བྱ་རྣམ་རྟོག །བརྟེན་པ་ཡོན་ཏན་ནོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེ་ལྟར་མཐོང་ལམ་རྩེ་མོ་བརྗོད་ཟིན་ནས་དེའི་འོག་ཏུ་རྟེན་བསྒོམ་པའི་ལམ་གསུངས་ཏེ། དགོས་པ་ནི། སྒོམ་ལམ་གྱི་མི་མཐུན་ཕྱོགས་སྤོང་བ་དང་སོགས་པས་ཡོན་ཏན་སྐྱེད་པ་ནི་དེ་དག་གི་རྟེན་སྒོམ་ལམ་གྲུབ་པ་སྟེ་རྟོགས་པ་སྔོན་དུ་འགྲོ་བ་སྟེ་བཏང་བ་ཡིན་ན་གོ་སླ་བས་སོ། །མདོ་འབྲེལ་ནི། །སྔར་ཡུམ་ལ་གནས་ནས་བསམ་གཏན་གྱི་ཕར་ཕྱིན་འཛིན་པར་གསུངས་པའི་སྐབས་སུ་སེང་གེ་རྣམ་བསྒྱིངས་བཤད་པས་དེ་ལ་འཕྲོས་ནས་གསུངས་ཏེ། འདིའི་མདོ་ཡང་ཡུམ་ལ་གནས་ནས་བསམ་གཏན་འཛིན་པའི་ཚུལ་གཉིས་
པ་ཞིག་ཡིན་ནོ། །གཉིས་པ་ལ་གཉིས། ཐོད་རྒལ་དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ། མདོ་ལས་ཇི་ལྟར་གསུངས་པ་དང༌། བསྟན་བཅོས་ཀྱིས་བསྡུས་པའི་ཚུལ། མཐའ་བཅད་པའོ། །དང་པོ་ནི། བྱང་ཆེན་གྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆེན་འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །དེ་བཞིན་དུ་སྦྱར་ནས་འགོག་པའི་བར་དང་ལུགས་མི་མཐུན་ལ་ཡང་གསུངས་སོ། །དེ་ནས་དེ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་རྣམ་པར་དབྱེ་བ་བྱས་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །རབ་འབྱོར་བྱང་ཆེན་གྱི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། རབ་འབྱོར་འདི་ལ་ཞེས་སྔར་ལྟར་སྦྱར་ནས་འགོག་པའི་བར་དང༌། དེ་ལས་ལངས་ནས་བསམ་གཏན་དང་པོ་ནས་བརྩམས་ཏེ་སྲིད་རྩེའི་བར་ལ་འགོག་པ་སྤེལ་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པ་དང༌། དེ་ལས་ལངས་ནས་འགོག་པ་ནས་བརྩམས་ཏེ་བསམ་གཏན་དང་པོའི་བར་དགུ་ལ་མཉམ་པར་མ་བཞག་པའི་སེམས་སྤེལ་བ་གསུངས་སོ། །འདི་ལ་ལེ་བརྒྱད་མར་སྦྱོར་དངོས་དང་ཐོད་རྒལ་ཉིད་ལ་ཡང་ཡར་སོང་མར་འོང་གི་མཚམས་བཅད་པ་
མེད་ལ། ཉི་སྣང་དུ་མདོ་དྲངས་པ་ལ་ནི་སྲིད་རྩེ་དང་སྤེལ་བའི་འགོག་པ་ལས་ལངས་ནས་སྲིད་རྩེ་ལ་འཇུག་པར་བཤད་པ་མ་གཏོགས་ལེ་བརྒྱད་མ་དང་ཁྱད་མེད་དོ། འདིར་ཡང་མདོ་མཚམས་གསལ་བར་མ་བཅད་དོ། །འདི་གཉིས་ཀྱི་མདོ་མི་མཐུན་པ་ནི་སློབ་དཔོན་གྱིས་ཉི་ཁྲི་དང་འཕགས་པས་ཁྲི་བརྒྱད་སྟོང་པ་དྲངས་པར་འཆད་དོ། །གཉིས་པ་ལ་གཉིས། སྦྱོར་བ་དང༌། དངོས་གཞིའོ། །དང་པོ་ནི། འགོག་དང་ནས་སོང་འོངས་ཞེས་པས་ནི། སྙོམས་འཇུག་དགུ་ལ་ལུགས་མཐུན་དུ་ཡར་སོང་ཞིང་ལུགས་མི་མཐུན་དུ་མར་འོངས་པའི་སེང་གེ་རྣམ་བསྒྱིངས་ཕྲུགས་གཉིས་བསྡུས་ཏེ། འདི་ལ་འགོག་པ་ལ་ཞུགས་ཐེབས་གཅིག་ལས་མེད་པས་གནས་བཅུ་བདུན་ནོ། །འདིར་རྣམ་པ་གཉིས་ཞེས་པ་ལུགས་དང་མཐུན་མི་མཐུན་གཉིས་ལ་ཉི་སྣང་དང་རྣམ་འགྲེལ་གྱིས་བཤད་ལ། སློབ་དཔོན་གྱིས་རྣམ་པ་དེ་གཉིས་ཀྱིས་ཞེས་བྱེད་པ་པོའི་ཚིག་ཏུ་མཛད་དོ། །དེའི་ཕྱིར་རྣམ་གཉིས་ཞེས་པ་ཐོད་རྒལ་དངོས་གཞིའི་སོང་བ་གཉིས་ལ་བྱེད་པ་དང་འགོག་པ་དང་བཅས་པའི་སྙོམས་འཇུག་དགུ་ཡར་བཅད་ནས་དེས་སེང་གེ་རྣམ་བསྒྱིངས་བསྟན་པ་འཕགས་པ་དང་ཤཱནྟི་པའི་ལུགས་སུ་འཆད་པ་ནི་ལུགས་གཉིས་ཀ་དང་མི་མཐུན་ནོ། །གཉིས་པ་ལ་གཉིས། སོང་བ་དང༌། འོངས་པའོ། །དང་པོ་ལ་གཉིས། འགོག་པ་དང་མ་སྤེལ་བ་དང༌། སྤེལ་བའི་སོང་བའོ། །དང་པོ་ནི། བསམ་གཏན་དང་པོ་ལས་ལངས་
ནས་དེ་ཉིད་ལ་ཞུགས་ཏེ་འགོག་པའི་བར་དུ་མཐར་ཆགས་སུ་སོང་བ་སྟེ། འདི་རྩ་ཚིག་གིས་མ་ཟིན་ཀྱང་སྦྱོར་བ་ལུགས་མཐུན་དང་རིགས་གཅིག་པ་ལ་དགོངས་ཏེ། འདི་ལ་གནས་དགུའོ། །ཁ་ཅིག་འདི་ཐོད་རྒལ་མཚན་ཉིད་པ་མིན་ཏེ། སྤེལ་བ་དང་བོར་བ་གང་ཡང་མེད་པས་སོ་ཞེས་ཟེར་ཡང་མདོ་འགྲེལ་དུ་མ་ཞིག་གིས་ཐོད་རྒལ་དུ་བཤད་པས་མི་འཐད་དོ། །གཉིས་པ་ནི། གཅིག་དང་ནས་མི་འདྲར་འགྲོ་ཞེས་པས་སྙོམས་འཇུག་བརྒྱད་དང་འགོག་པ་བརྒྱད་སྤེལ་ནས་ལུགས་མཐུན་དུ་འགྲོ་བའི་ཐོད་རྒལ་བསྡུས་ལ། འདོད་པར་ཞེས་པའི་རྐང་པ་གཉིས་ཀྱིས་འགོག་པ་ལས་ལངས་ནས་སླར་ཡང་སྲིད་རྩེ་ལ་ཞུགས་དེ་ལས་ལངས་ནས་འདོད་སེམས་ལ་གནས་པའི་ནུད་ཆུང་བསྡུས་ཏེ། འདི་ལ་ལེ་བརྒྱད་མ་ལྟར་ན་བཅུ་བདུན་དང་ཁྲི་བརྒྱད་སྟོང་པ་ལྟར་ན་བཅོ་བརྒྱད་དོ། །གཉིས་པ་ནི། འདོད་པར་ཞེས་པའི་རྐང་པ་གཉིས་དང༌། གཅིག་དང་ཞེས་པའི་རྐང་པ་གཉིས་དང༌། མི་འདྲར་བ་འོངས་ཞེས་པས་སྙོམས་འཇུག་དགུ་དང་འདོད་སེམས་དགུ་སྤེལ་ནས་ལུགས་མི་མཐུན་དུ་འགྲོ་བའི་ཐོད་རྒལ་བསྡུས་ཏེ་འདི་ལ་གནས་བཅོ་བརྒྱད་དོ། །ནས་གཉིས་དང་སྟེ་ཞེས་པས་ནི་ཐོད་རྒལ་དུ་ནི་སྙོམས་འཇུག་ཅེས་འདྲེན་ལ་རྐང་པ་དང་པོ་སྦྱོར་དངོས་ཐམས་ཅད་ལ་སྦྱར་ན་དོན་ལ་འབྲེལ་ལོ། །དེ་ལྟར་ཡང་ཉི་སྣང་ལས་ཇི་སྐད་དུ་དེ་ནས་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོ་སོར་རྟོག་པའི་རྗེས་ལ་མཐར་གྱིས་གནས་པའི་སྙོམས་
པར་འཇུག་པ་དགུ་དང༌། མཉམ་པར་མ་བཞག་པའི་སེམས་ཀྱིས་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་དང་བརྒྱད་དང་དགུར་ཐོད་རྒལ་དུ་སྙོམས་པར་འཇུག་པ་མངོན་དུ་བྱེད་པས་ཇི་ལྟར་འདོད་པ་བཞིན་མང་དུ་དབང་ཐོབ་པར་གསུངས་པ་ཡིན་ནོ། །ཞེས་སོ། །འདིར་རྗེས་ལ་ཡན་ནི་སྔར་མཐོང་རྩེའི་སྒོམ་དུ་བསྟན་པའོ། །སྙོམས་འཇུག་དགུ་ལ་ལུགས་དང་མཐུན་མི་མཐུན་སྦྱར་བས་ནི་སྦྱོར་བ་དང་སོང་བ་དང་པོ་དང༌། གཅིག་རྒལ་སོགས་ཀྱི་དོན་དེ་དག་ལ་འཇུག་པ་ལ་མཛད་ཅིང་དེ་ལ་ལུགས་དང་མཐུན་མི་མཐུན་གཉིས་སྦྱར་བས་ནི་སོང་བ་གཉིས་པ་དང་འོངས་པ་གཅིག་བསྟན་ཏོ། །མཉམ་པར་མ་བཞག་པའི་སེམས་ཀྱིས་ཞེས་དེ་གཉིས་ཀའི་ཐོག་མར་སྨོས་པས་ཡར་འགྲོ་ལ་མཐའི་མཚམས་དང་མར་འོངས་ལ་སྙོམས་འཇུག་རེ་རེའི་མཚམས་སུ་བྱེད་པ་བསྟན་ཏོ། །གསུམ་པ་ལ་གསུམ། གང་ལ་སྤེལ་བར་བྱ་བའི་གཞི། གང་ཞིག་སྤེལ་བར་བྱ་བའི་ཆོས། ཇི་ལྟར་སྤེལ་བའི་ཚུལ་ལོ། །དང་པོ་ནི། ཡར་ལ་སྙོམས་འཇུག་བརྒྱད་དང་མར་ལ་དགུའོ། །གཉིས་པ་ནི། འགོག་པ་དང་འདོད་སེམས་ཏེ་ཞི་བ་དང་མ་ཞི་བའི་མཐར་ཐུག་ཡིན་པས་འདི་གཉིས་དང་སྤེལ་ནུས་ན་གཞན་དང་སྤེལ་སླ་བ་ལ་དགོངས་སོ། །གསུམ་པ་ནི། ཡར་ལ་འགོག་པ་དང་ཕྱིར་ལ་འདོད་སེམས་སྤེལ་ལོ། །དེའི་ཕྱིར་ཡང་གནས་ཉི་
ཤུར་བྱེད་པ་མི་རིགས་ཏེ། གཞན་དུ་ན་ཡར་ལ་འགོག་པ་དང་འགོག་པ་སྤེལ་པར་མི་རུང་བ་སྤེལ་བ་དང་མར་ལ་དེ་དང་འདོད་སེམས་སྤེལ་རུང་བ་ཆད་པས་སོ། །དེ་འཕགས་པའི་བཞེད་པར་འདོད་ན་ཡང་མི་རིགས་ཏེ། དངོས་གཞིའི་སོང་འོང་གཉིས་ཀ་ལ་སྙོམས་འཇུག་དགུ་ལ་འཇུག་པར་གསུངས་པས་སོ། །གལ་ཏེ་ཡར་ལ་མཐའི་འགོག་པ་ལ་འཇུག་དགོས་ཏེ། སྲིད་རྩེ་དང་སྤེལ་བའི་འགོག་པ་ལས་ཕྱིར་སྲིད་རྩེ་ལ་ནུད་ཆུང་བྱས་པ་དེ། འགོག་པ་ལས་འགོག་པར་ལྡང་མ་ནུས་པས་མཐའི་འགོག་པར་འཇུག་པའི་ཆེད་ཡིན་པས་ཤེ་ན། འོ་ན་སྲིད་རྩེར་ནུད་པས་ཅི་མ་ཆོག་གང་གིས་ན་སྲིད་རྩེའི་རྗེས་སུ་ཡང་འདོད་སེམས་མངོན་དུ་བྱེད་དགོས། དེས་ན་བྱང་བའི་ཚེའམ་གང་ཟག་ཁ་ཅིག་ལ་ལེ་བརྒྱད་མར་དྲངས་པ་ལྟར་འགོག་པ་ལས་འདོད་སེམས་ཀྱིས་ཀྱང་ལྡང་ནུས་མོད། འོན་ཀྱང་གང་ཟག་གི་ཁྱད་པར་འགའ་ཞིག་གམ་སྔར་མ་སྐྱེད་པ་དང་པོར་སྐྱེད་པའི་ཚེ་འགོག་པ་ཆེས་ཞི་བ་དེ་ལས་འདོད་སེམས་ཧ་ཅང་མ་ཞི་བ་དེས་ལྡང་མ་ནུས་པས་སྲིད་རྩེ་ལ་ནུད་པར་གསལ་བས་མདོ་གཉིས་ཀྱི་དགོངས་པ་དེ་ལྟར་རོ། །འོ་ན་ཡར་ལ་འགོག་པ་དང་མར་ལ་འདོད་སེམས་ཁོ་ན་སྤེལ་བ་ཅི་ཞེ་ན། དབང་ཐོབ་པ་རྣམས་ཀྱིས་དགའ་མགུར་ཞུགས་པས་ཆོག་པའི་ཕྱིར་འདི་ནི་མཚོན་པ་ཙམ་དུ་སེམས་སོ། །དེ་ལྟར་ན་སེང་གེ་རྣམ་བསྒྱིངས་ཕྲུགས་གཉིས་གཞུང་འདིའི་རྐང་པ་དང་པོ་གཉིས་ཀྱིས་བསྡུས་པར་འཕགས་པས་བཀྲལ་བ་ལྟར་རྣམ་འགྲེལ་སློབ་དཔོན་
ཤེར་སྒྲོན་རྣམས་ཀྱང་དེའི་རྗེས་སུ་འབྲང་ངོ༌། །ཟླ་འོད་དང་ཐུབ་དགོངས་ནི་འཕགས་པའི་རྗེས་སུ་འབྲང་བར་འདོད་ཀྱང་དག་སྙིང་གཉིས་ལྟར་སྦྱོར་བ་ཕྲུགས་གཉིས་གཞུང་སྔ་མས་བསྡུས་པར་སྨྲ་བས་འཕགས་པའི་དགོངས་པ་མ་ལོངས་སོ། །དེའི་ཕྱིར་དེ་ལས་སོང་བ་དང་པོ་ལ་གནས་དགུ་སོང་བ་གཉིས་པ་ལ་བཅུ་བདུན། འོངས་པ་ལ་བཅོ་བརྒྱད་འཕགས་པའི་དགོངས་པ་དེ་ལས་གཞན་དུ་སེང་གེ་བཟང་པོས་རྣམ་པར་བཞག་པ་མི་རིགས་ཞེས་སྨྲ་བ་ནི། ཉི་སྣང་དུ་དྲངས་པའི་མདོ་ཚིག་ཙམ་ཡང་མ་མཐོང་ཡང་ཕྲག་དོག་དབང་གིས་རང་གི་དེ་ཁོ་ན་ཉིད་བསྟན་པའོ་ཞེས་སྒྲོགས་པ་ལྟར་སྣང་ངོ༌། །གཞན་ཡང་འདིས་རྐང་པ་དང་པོ་གཉིས་ཤཱནྟི་པ་དང་མཐུན་པར་བཤད་པ་ཡང་འཕགས་པའི་དགོངས་པར་མི་གནས་སོ། །ཤཱནྟིས་ནི་འགོག་པ་དང་བཅས་པའི་སྙོམས་འཇུག་དགུར་རྣམ་པ་གཉིས་སུ་སོང་བ་གཉིས་དང་འོངས་པ་གཅིག་གོ །དང་པོ་ནི། འགོག་པའི་བར་དུ་ཞེས་འགོག་པ་མཐར་བྱས་པ་སྟེ་དགུ་ལ་མཐར་ཆགས་སུ་སོང་བའོ། །གཉིས་པ་ནི། འགོག་པ་དང་བཅས་པའི་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་གཅིག་ནས་བརྒྱད་ཀྱི་བར་རྒལ་ནས་འདོད་པར་གཏོགས་པའི་རྣམ་ཤེས་མཉམ་གཞག་མིན་པས་མཚམས་བཟུང་བ་སྟེ་དེས་མཐར་ཐུག་པར་འགྲོ་པའོ། །དེ་ཡང་སྲིད་རྩེ་དང་སྤེལ་བའི་འགོག་པ་ལས་ལངས་ནས་སྲིད་རྩེ་ལ་དེ་ལས་ལངས་ནས་འགོག་པ་
ལ་དེ་ནས་མཉམ་པར་མ་བཞག་པའི་སེམས་སུ་གནས་པ་སྟེ་འདི་ལ་གནས་བཅུ་དགུའོ། །འདིར་སྲིད་རྩེ་ལ་ནུད་པ་ཅི་ཞེ་ན། །ཡར་འགྲོ་འདིའི་ཚེ་མཐའི་འགོག་པ་ལ་འཇུག་ནི་དགོས་ལ་སེམས་གཞན་མངོན་དུ་མ་བྱས་ན་སྙོམས་འཇུག་བརྒྱད་པོ་རེ་རེའི་རྗེས་ལ་འགོག་པ་ལ་ཞུགས་ཡོད་པས་འགོག་པ་ལས་འགོག་པ་ལ་ལྡང་བར་འགྱུར་ལ། དེ་ནི་མི་རིགས་ཏེ། འགོག་པའི་ངོ་བོ་སེམས་མེད་ཡིན་པས་ལྡང་སེམས་མི་རུང་བའི་ཕྱིར་རོ། །དེས་ན་འགོག་པ་ལ་འཇུག་མ་ནུས་པའི་ཤུགས་སམ་རྒྱུ་མཚན་དང་སྲིད་རྩེ་དེ་ཐག་ཉེ་བས་སྲིད་རྩེ་ལ་ནུད་ཆུང་བྱས་སོ། །སྙིང་མཆོག་ཏུ་ནི་ཨ་བྷྱ་དང་ཁྱད་པར་མེད་དོ། །གསུམ་པ་ནི། འགོག་པ་དང་བཅས་པའི་སྙོམས་འཇུག་དགུ་དང་འདོད་སེམས་དགུ་སྤེལ་ནས་འོང་བ་སྟེ། འདོད་གཏོགས་ཞེས་པའི་རྐང་པ་གཉིས་དང་མི་འདྲར་འགྲོ། ཞེས་པ་གཉིས་འདི་ལ་ཡང་སྦྱར་རོ། །མི་འདྲ་བའི་དོན་མཉམ་གཞག་དང་དེ་མིན་སྤེལ་བའོ་ཞེས་འཆད་དོ། །འདི་ལྟར་ན་སྲིད་རྩེ་ལ་ནུད་པ་དང་མཐའི་འདོད་སེམས་ཀྱི་བར་དུ་འགོག་པ་ལ་ཞུགས་པའི་མདོ་ཡོད་དོ། །སྦྱོར་བ་ཕྲུགས་གཉིས་ནི་གཞུང་འདིས་མ་བསྡུས་པར་འདོད་དོ། །འདིས་འགྲོ་འོང་གཉིས་ཀ་ལ་མཐའི་འགོག་པ་ཡོད་པའི་མདོ་བྲིས་པ་ལ་ཐེ་ཚོམ་ཟ་ལ་རྣམ་པ་གཉིས་སུ་ཞེས་པའི་འབྲུ་གནོན་མི་འགྲིག་པས་འཕགས་པ་དང་སློབ་དཔོན་གཉིས་ཀྱི་རྗེས་སུ་འབྲང་ང་ོ། །གཉིས་པ་ནི། མཛོད་ལས། ས་བརྒྱད་རྣམ་གཉིས་འབྲེལ་པ་དང༌། །གཅིག་རྒལ་སོང་ཞིང་
འོངས་ནས་ནི། །རིས་མི་མཐུན་པ་གསུམ་པར་འགྲོ། ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་བསམ་གཏན་དང་གཟུགས་མེད་ཀྱི་ས་བརྒྱད་ལ་ཟག་བཅས་བརྒྱད་ཟག་མེད་བདུན་ཏེ་གཉིས་སུ་བྱས་ནས་དེ་གཉིས་ལ་སོ་སོར་ལུགས་དང་མཐུན་མི་མཐུན་དུ་མཐར་ཆགས་སུ་འགྲོ་འོང་བྱེད་པ་གཉིས་ནི་རིང་སྦྱོར་ཏེ། འབྲེལ་བ་ནི། རིམ་བཞིན་དུ་འགྲོ་འོང་བྱེད་པའོ། །དེ་ནས་སྲིད་རྩེ་དོར་བའི་ཟག་བཅས་བདུན་དང་ཟག་མེད་བདུན་ལ་སོ་སོར་རེ་རེ་བར་དུ་བོར་བའི་སོང་འོང་གཉིས་ནི་ཉེ་སྦྱོར་རོ། །དེ་ནས་ཟག་བཅས་བསམ་གཏན་དང་པོ་ནས་ཟག་མེད་གསུམ་པ་དང་དེ་ནས་ཟག་བཅས་ནམ་མཁའ་དང་དེ་ནས་ཟག་མེད་ཅི་ཡང་དུ་སོང་བ་དང༌། རྣམ་པ་དེ་ལྟ་བུས་སླར་འོང་བ་ནི་ཟག་པ་ཡོད་མེད་རིགས་མི་མཐུན་སྤེལ་ནས་གསུམ་པར་འགྲོ་བས་དངོས་གཞི་སྟེ། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཀྱི་རྟེན་ཅན་གྱི་དགྲ་བཅོམ་དུས་མི་སྦྱོར་གྱིས་འཇུག་པར་བྱ་བ་དེ་ལྟ་བུ་ལ་ཐོད་རྒལ་དུ་བཤད་པ་མིན་ནམ་ཇི་ལྟར་ན་ཐོད་རྒལ་འདི་ལྟ་བུ་རུང་ཞེ་ན། དེ་གཉིས་ནི་ཐོད་རྒལ་གྱི་མིང་མཚུངས་ཀྱང་དོན་མི་འདྲ་སྟེ། ཝཱ་ཡ་ས་དང་པོའི་ཡ་ས་སྒྲ་མཚུངས་ཀྱང་བྱ་རོག་དང་འོ་ཐུག་གི་དོན་སོ་སོ་ལ་འཇུག་པ་ལྟར་རོ། །གསུམ་པ་ལ་གསུམ། སྦྱོར་བ། དངོས་གཞི། དོན་བསྡུས་པའོ། །དང་པོ་ནི། སོང་ཞིང་འོངས་སོ། །གང་ལ་ན། བསམ་གཏན་བཞི་དང་གཟུགས་མེད་པ་བཞི་དང་འགོག་པའི་མཚན་ཉིད་ཀྱི་
སྙོམས་འཇུག་དགུ་ལའོ། །རྟེན་གང་གིས་ན་བྱང་སེམས་སྒོམ་ལམ་པ་རྣམས་ཀྱིས་ནིའོ། །ཚུལ་ཇི་ལྟ་བུས་ན། ལུགས་དང་མཐུན་མི་མཐུན་རྣམ་པ་གཉིས་ཀྱིས་སོ། །དེ་གང་ན་བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་སོང་ནས་དེའི་འོག་ཏུ་འགོག་པ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་དུ་འོངས་ཏེ་དེ་ལྟར་རོ། །འདི་རྐང་པ་དང་པོ་གཉིས་ཀྱི་འགྲེལ་པའོ། །གཉིས་པ་ལ་གཉིས། སོང་བ་དང་འོངས་པའོ། །དང་པོ་ལ་གཉིས། འགོག་པ་མ་སྤེལ་བ་དང༌། སྤེལ་བའི་སོང་བའོ། །དང་པོ་ནི། སྦྱོར་བ་ལུགས་མཐུན་གྱིས་བསྟན་པས་ཟུར་དུ་མ་སྨྲོས་ཏེ། དེ་ལས་རིགས་གཞན་མེད་པས་སོ། །ཆེན་པོ་དག་ལུགས་དང་མཐུན་མི་མཐུན་རྣམ་གཉིས་ཀྱིས་སོང་ཞིང་འོངས་ཞེས་ཕྱིར་ལ་བཅད་ནས་འདི་བསྟན་པར་བཞེད་པ་ནི། མདོ་ལས་མ་བཤད་ཅིང་དོན་ཐོབ་ལ་མི་རུང་ལ་འགྲེལ་བའི་བཞད་པ་ཡང་མིན་ཏེ། །དེ་ཐམས་ཅད་ཀྱིས་སོང་འོངས་ཕྲུགས་གཉིས་བསྟན་པའི་ཕྱིར་རོ། །གཉིས་པ་ནི། ནས་ཞེས་པ་ལྷག་མ་ཅན་ཡིན་པས་དེ་ནས་ཅི་བྱ་ཞེ་ན། སྔར་ཞུགས་པ་དེ་ཙམ་དུ་མ་ཟད་སླར་ཡང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ཏེ་དེ་ལས་ལངས་ནས་འགོག་པ་ལ་འཇུག་གོ །དེ་བཞིན་དུ་སྙོམས་འཇུག་རེ་རེ་དང་འགོག་པ་རེ་སྤེལ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་ལ་འཇུག་གོ །དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་ཞུགས་ཏེ་དེ་ལས་ལངས་ནས་སྔར་དེ་མ་ཐག་ཏུ་
ཞུགས་པའི་སྙོམས་འཇུག་སྲིད་རྩེ་ལ་དམིགས་ཏེ་འཇུག་གོ། དེ་ལས་ལངས་ཏེ་འདོད་པ་ན་སྤྱོད་པ་སྟེ་ས་དེར་གཏོགས་པའི་རྣམ་ཤེས་སོང་འོང་གཉིས་ཀྱི་མཚམས་ཀྱི་ངོ་བོར་བཞག་ནས་སྐྱོན་ལྡན་མངོན་དུ་བྱས་ཀྱང་དེའི་སྐྱོན་གྱིས་མི་རྫི་བའི་ཐབས་ལ་མཁས་པའི་སྟོབས་ཀྱིས་རྣམ་ཤེས་མཉམ་པར་མ་བཞག་པ་དེ་ལྟ་བུ་དེ་མངོན་དུ་བྱས་ཏེ་གནས་སོ། །འདི་ཡི་འདོད་སེམས་ནི་དག་སྙིང་ཟླ་ཐུབ་ཏུ་སྙོམས་པར་འཇུག་པ་པོ་སྙོམས་འཇུག་ལས་འཕོ་བའི་སྐབས་དང༌། ཚིག་གསལ་ལས་འདོད་པ་ཡུལ་དུ་བྱེད་པའི་སེམས་ལ་བཤད་དེ། དེ་ཡང་འདོད་ཁམས་དེ་རགས་པ་ཐ་བ་ངན་པ་རྩིག་པ་སྟུག་པོ་ལ་སོགས་པའི་རྣམ་པར་སྒྱུ་མ་ཙམ་དུ་ལྟ་བའམ། ཡང་ན་དམྱལ་བ་ལ་སོགས་པ་ཇི་ལྟར་གནས་པ་རྣམས་སྒྱུ་མ་ཙམ་དུ་དྲན་པའོ། །རྟོགས་དཀར་འདོད་པ་དེར་གཏོགས་པ་ནི་སྐྱེ་བས་ཐོབ་བའོ། །རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་ནི་རྣམ་པར་རྟོག་པའི་ཤེས་པའོ་ཞེས་བཤད་པའི་སྔ་ཕྱི་གཉིས་དགོངས་པའོ། །འདི་ནི་འདོད་གཏོགས་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏོ། །དོན་ཐོབ་ལ་རྐང་པ་དང་པོ་འདི་ཡང་དྲང་སྟེ་འོག་མར་ཡང་ངོ༌། །གཉིས་པ་ནི། འདོད་སེམས་མངོན་དུ་བྱས་ནས་ཅི་ཞིག་བྱེད་ན། །དེ་ལས་ལངས་པའི་འོག་ཏུ་འགོག་པ་ལ་འཇུག་གོ དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ལས་ལངས་པའི་འོག་ཏུ་འདོད་སེམས་སླར་ཡང་སྤེལ་དགོས་
ཤིང་འགོག་པ་མ་གཏོགས་པའི་སྙོམས་འཇུག་གཞན་མེད་པས་འགོག་པ་གཅིག་ཏུ་བོར་ལ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་ནས་འགོག་པ་བོར་བའི་སྟེང་དུ་སྲིད་རྩེ་ཡང་བོར་བས་གཉིས་བོར་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ལའོ། །དེ་ནས་མཉམ་པར་མ་བཞག་པ་ལའོ། །དེ་བཞིན་དུ་བསམ་གཏན་གཉིས་པ་དང་འདོད་སེམས་སྤེལ་བའི་འོག་ཏུ་བརྒྱད་ཀྱི་བར་དུ་བོར་ནས་བསམ་གཏན་དང་པོ་ལ་འཇུག་གོ །དེ་ནས་མཉམ་པར་མ་བཞག་པ་འདོད་སེམས་ལ་གནས་སོ། །འདི་ནི་གཅིག་དང་ཞེས་སོགས་རྐང་པ་གཉིས་དང་འདོད་པར་ཞེས་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྒལ་བའི་དོན་ཞུགས་ནས་བོར་བ་ལ་མཛད་དོ། །གསུམ་པ་ནི། ཐོད་རྒལ་གྱི་སྙོམས་འཇུག་ལ་དབང་ཐོབ་པ་ཉིད་ཀྱི་སྒོ་ནས་སྙོམས་འཇུག་དེ་དག་གི་མཚན་ཉིད་མངོན་སུམ་དུ་བྱེད་པས་ན་སྒོམ་ལམ་རྩེ་མོ་ཡིན་ནོ། །ཐོད་རྒལ་གྱི་དོན་གང་ན། མི་འདྲ་བར་འགྲོ་བ་སྟེ་དེ་ཡང་དེ་ལྟར་གཅིག་ལ་སོགས་པ་བོར་ནས་མི་འདྲ་བའི་སྒོ་ནས་འགྲོ་བས་ན་ཞེས་སྦྱར་བས་མར་འོང་གི་དོན་བསྡུས་ལ། དེ་ལྟར་འགོག་སྙོམས་ལ་ཐུག་གི་བར་དུ་མི་འདྲ་བའི་སྒོ་ནས་འགྲོ་བས་ཞེས་སྦྲེལ་བས་ཡར་འགྲོའི་དོན་བསྡུས་ཏེ་འགོག་པའི་བར་དུ་མི་འདྲར་འགྲོ་ཞེས་དང༌། ཐོད་རྒལ་དུ་ནི་སྙོམས་འཇུག་པ་ཞེས་པ་གཉིས་ཀྱི་འགྲེལ་པའོ། །དོན་འདི་ལ་དང་པོའི་བར་དུ་མི་
འདྲར་འོངས་ཞེས་རིགས་པ་ལ་འགོག་པའི་བར་དུ་མི་འདྲར་འགྲོ་ཞེས་པ་མི་རིགས་ཞེས་བྱས་པ་ན། སུ་ག་ཏ་ཤྲཱི་ན་རེ་འདོད་སེམས་སྤེལ་པའི་ཡར་འགྲོ་བ་གཅིག་ཀྱང་ཡོད་པ་ཡིན་ཟེར་ལ། འབྲེས་འགྲོ་བ་སྤྱི་དང་སོང་འོང་གཉིས་བྱེ་བྲག་གི་སྒྲ་ཡིན་པས་འགོག་པའི་བར་དུ་ཞེས་པ་ནི་སྤྱིར་དེར་འགྲོ་བ་ཙམ་མོ་ཞེས་གསུངས་པར་གྲགས་ཀྱང་སྔར་ལྟར་གཞུང་སྦྲེལ་བས་རྩོད་པ་རང་གྲོལ་དུ་འགྱུར་རོ། །འདི་ས་བརྒྱད་པ་ཡན་ཆད་ལ་བཞེད་ཀྱང་དང་པོར་ཐོབ་པའི་མཚམས་ས་གཉིས་པ་ནས་བཟུང་སྟེ་སྒོམ་སྤང་རྟོག་པ་སྤོང་བའི་རྟེན་དུ་གསུངས་པས་སོ། །དབང་དུ་གྱུར་པ་ནི་སྔར་ལྟར་བྱེད་ཀྱང་ཆོག་གོ །གཉིས་པ་ནི་སྒོམ་ལམ་རྩེ་སྦྱོར་བཤད་པའི་གཉིས་པ་སྟེ། སྤང་བྱ་རྣམ་རྟོག་བཤད་པ། གཉིས་པ་ལ་གསུམ། མཚམས་སྦྱར། དོན་བཤད། གཉེན་པོ་མཚོན་ཚུལ་ལོ། །དང་པོ་ནི། དེ་ལྟ་སྒོམ་ལམ་རྩེ་མོ་བརྗོད་ཟིན་ནས་སྒོམ་སྤང་རྟོག་པ་སྟོན་ཏེ། སྒོམ་ལམ་དེ་ལ་སྤང་བྱ་སྤོང་བའི་ཕྱིར་མི་མཐུན་ཕྱོགས་རྟོག་པ་རྣམ་པ་བཞི་བརྗོད་དགོས་པས་སོ། །གཉིས་པ་ལ་གཉིས། གཟུང་རྟོག་དང་འཛིན་རྟོག་གོ །དང་པོ་ལ་གཉིས། འཇུག་པ་དང༌། ལྡོག་པ་གཟུང་རྟོག་གོ །དང་པོ་ལ་གསུམ་ལས། དང་པོ་ནི་རེ་ཞིག་གཟུང་རྟོག་དང་པོ་དགུ་གསུངས་སོ། །གཉིས་པ་ལ་གསུམ། ཡུལ། ངོ་བོ། གཉེན་པོའོ། དང་པོ་ནི། མདོར་བསྡུས་ཞེས་སོགས་ཏེ་ཐམས་ཅད་ཀྱི་མཐར་ལ་ཞེས་སྦྱར་བས་ཡུལ་དུ་འགྱུར་རོ། །འདི་
ཡང་གསུམ་དུ་འདུ་སྟེ། ཤེས་བྱ་ཤེས་པ་པོ་ཤེས་བྱེད་ཀྱི་ལམ་སྟེ་གཉིས་དང་གཅིག་དང་དྲུག་དང་རིམ་བཞིན་ནོ། །རྩ་བའི་ཚིག་ཟིན་ལ་གསུམ་པ་ནས་དྲུག་པའི་བར་བཞི་ལྡོག་ཡུལ་དང་གཞན་ལྔ་འཇུག་ཡུལ་ལྟ་བུར་གསུངས་པ་ནི་ཐེག་ཆེན་གྱི་བླང་བྱ་དང་དེ་ལས་བཟློག་པ་གང་ལ་རྟོག་ཀྱང་སྤང་བྱར་བསྟན་པའི་ཕྱིར་ཕན་ཚུན་མཚོན་པའོ། །གཉིས་པ་ནི། བྱང་སེམས་ཀྱི་འཇུག་ལྡོག་གཉིས་ཀ་ཡུལ་དུ་བྱེད་ན་གང་ལ་བླང་བྱར་སོང་བ་དེ་དང་དེའི་འཇུག་བྱའོ། །ཞེས་དང༌། བྱང་སེམས་ཀྱི་འཇུག་ཡུལ་འབའ་ཞིག་ཡིན་ན་འདི་ནི་བདག་གི་འཇུག་བྱའོ་ཞེས་གཟུང་བའི་རྣམ་རྟོག་འདི་གཅིག་གམ་དང་པོའོ། །གསུམ་པ་ནི། སྦྱོར་བ་ཞེས་ཏེ་སྤྱོད་ཡུལ་ཅན་ནི་དེའི་ཡུལ་དུ་སྤང་བྱར་གནས་པའོ། །གཉིས་པ་ལ་གཉིས། རྟོག་པའི་ངོ་བོ་དང༌། གཉེན་པོའོ། །དང་པོ་ནི། གཟུང་རྟོག་དང་པོ་དབྱེ་གཞི། དབྱེ་ངོ་ནི་རྣམ་པ་དགུའོ། །འབྱེད་པའི་རྒྱུ་མཚན་ནི་ཡུལ་དགུ་ཡོད་པས་སོ། །དེ་དག་གང་ན། ཆོས་མདོར་བསྡུས་པ་ནི། ཚིག་མདོར་བསྡུས་པ་ལ་དགའ་པའི་སེམས་ཅན་རྗེས་སུ་འཛིན་པའི་དོན་དུ་གསུངས་པའོ། །ཆོས་རྒྱས་པ་ནི་ཚིག་རྒྱས་པ་ལ་དགའ་བའི་སེམས་ཅན་དབང་རྟུལ་རྗེས་སུ་འཛིན་པའི་ཕྱིར་དུ་གསུངས་པ་སྟེ། །དེ་བཞིན་གཤེགས་པས་ཆོས་དེ་དག་མདོ་དང་རྒྱས་པར་བསྟན་ན་དེ་ལ་བྱང་ཆེན་བླ་མེད་རྫོགས་བྱང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཕར་
ཕྱིན་དྲུག་པོ་འདི་དག་མདོ་དང་རྒྱས་པར་ཀུན་ཆུབ་པར་བགྱིའོ་ཞེས་སོ། །སངས་རྒྱས་ཀྱིས་བསྟངས་སྟེ་ཡོངས་སུ་མ་བཟུང་བ་ནི་ཇི་སྐད་བཤད་པ་མདོ་རྒྱས་གཉིས་སམ་སྦྱིན་སོགས་ཀྱི་དོན་ལ་ནན་ཏན་གྱིས་སྒྲུབ་པར་མི་བྱེད་པ་སྟེ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང༌། འཚོ་སྐྱོང་བ་དང་ཆོས་སྟོན་པ་དེ་དག་ཀྱང་བྱང་ཆེན་ཡུམ་ལ་སྤྱོད་པ་དེ་དག་ལ་དགོངས་པ་མཛད་དོ་ཞེས་སོ། །གཞུང་འདི་ལས་བསྟངས་ཞེས་པ་ནི་མགོན་གྱི་དོན་ཡིན་ཏེ། རྒྱན་སྣང་ལས། ཇི་སྐད་བཤད་པའི་དོན་ལ་ནན་ཏན་མི་བྱེད་པས་སངས་རྒྱས་ཀྱི་མགོན་དང་བཅས་པར་ཡོངས་སུ་མ་བཟུང་བ་དང་ཞེས་པ་དང༌། རྟོགས་དཀར་སངས་རྒྱས་ཀྱིས་བསྟངས་པ་ནི་མགོན་དུ་བྱ་བ་གང་ཡིན་པ་སྟེ། ཞེས་དང༌། རྣམ་འགྲེལ་དུ་འབྲོ་སེང་དཀར་ཤཱཀྱ་འོད་ཀྱིས། སངས་རྒྱས་ཀྱི་མགོན་དང་བཅས་པ་མེད་ཉིད་དང་ཞེས་བསྒྱུར་བས་སོ། །དེ་ལྟར་ན་སངས་རྒྱས་ཀྱིས་མགོན་མ་མཛད་ཅེས་པའི་དོན་ཏོ། །དེའི་ཕྱིར་བསྟངས་པ་དང་བཏང་བ་གཉིས་གཅིག་ཏུ་བོད་རྣམས་ཀྱིས་བྱས་པ་ནི་བརྡ་མ་གོ་བ་ཡིན་ནོ། །དུས་གསུམ་ཡོན་ཏན་མེད་པ་ལ་དུས་གསུམ་ནི་སྦྱོར་མཐོང་སྒོམ་གསུམ་སྟེ་འདས་ད་ལྟར་མ་འོངས་པ་གསུམ་དང་གྲངས་བཞིན་ནོ། །ཡོན་ཏན་མེད་པ་ནི་མཐོང་ལམ་གཞིར་བྱས་པའི་ཚེ་སྦྱོར་ལམ་གྱི་ཡོན་ཏན་མེད་དེ། དེའི་ཚེ་དེ་འདས་ལ་དེ་ཡང་
བྱུང་ཞིང་འགགས་ནས་མེད་པ་ཉིད་ཀྱིས་ཏེ། བྱང་ཆེན་གང་དེ་ལྟར་བསྟན་པའི་ཡུལ་ལ་གནས་པ་འདི་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་སོ། དེའི་ཚེ་དཔྱད་ན་མཐོང་ལམ་གྱི་ཡོན་ཏན་མེད་དེ་ཡང་དག་པར་ན་གང་ཡང་སྐྱེ་བའི་རྒྱུ་དང་མི་ལྡན་པས་ཏེ། ཡུམ་མངོན་པར་སྒྲུབ་པ་དང༌། །ཞེས་སོ། །དེའི་ཚེ་སྒོམ་ལམ་གྱི་ཡོན་ཏན་མེད་དེ། དེའི་ཚེ་དེ་མ་འོངས་པ་ཡིན་ལ་མ་འོངས་པ་ཡང་མ་སྐྱེས་ནས་མེད་པ་ཉིད་ཀྱིས་ཏེ། ཡུལ་སྒོམ་པར་བྱེད་པ་སྟེ་དེ་ལ་ཕན་ཡོན་འདི་དག་ཡོད་པར་རིག་པར་བྱའོ། །ཞེས་སོ། །རྟོགས་དཀར་དུས་གསུམ་སྤང་བྱ་དུས་གསུམ་པ་ལ་བྱས་ནས་སྦྱོར་མཐོང་སྒོམ་གསུམ་གྱི་ཡོན་ཏན་གསུམ་སྤང་བྱ་དེ་དག་དང་རིམ་པ་ལྟར་བྲལ་བ་ལ་བཤད་ཀྱང་སློབ་དཔོན་གྱི་དགོངས་པ་སྔ་མའོ། འདི་གསུམ་དང་གསུམ་པ་རྟོག་པའི་འཇུག་ཡུལ་དུ་ཇི་ལྟར་རུང་ཞེ་ན། དངོས་བསྟན་མི་རུང་ཡང་དེ་བཞི་ལས་བཟློག་པ་བཞི་ཡིན་ཞེས་འབུམ་པ་གསུང་ངོ༌། །ཉི་སྣང་ལས་ནི་དུས་གསུམ་གྲགས་པའི་དུས་ལ་མ་མཛད་པར་སྤྱིར་ལམ་དེ་གསུམ་གྱི་དུས་ལ་མཛད་དོ། །ལེགས་པ་ནི་མྱང་འདས་ཡིན་ལ་དེར་བགྲོད་པར་བྱེད་པའི་ལམ་ནི་ལེགས་ལམ་སྟེ་འདི་ལ་གསུམ་ལས། མྱ་ངན་ལས་འདས་པར་སྦྱོར་བའི་ལམ་ནི་ཡུལ་ལ་ཕྱིན་ཅི་ལོག་གི་དངོས་པོ་འགོག་པས་ཞི་བ་དང་སོགས་པས་རྐྱེན་དབང་ཡིན་པས་ཡ་མ་བརླ་རང་བཞིན་སྟོང་པས་གསོག་དཔྱད་མི་བཟོད་པས་སྙིང་པོ་མེད་པར་རྟོགས་པ་སྟེ། གཟུགས་ཞི་བ་
དང་གཟུགས་རག་ལས་པ་དང་གཟུགས་གསོག་དང་གཟུགས་སྙིང་པོ་མེད་པས་ཡུམ་ལ་སྤྱད་པར་བྱའོ། །ཞེས་སོ། མཐོང་ལམ་ནི་ནམ་མཁའ་ལྟར་སྟོང་ཉིད་རྟོགས་ཏེ་ཡུལ་ལ་མངོན་པར་སྒྲུབ་པ་ཉིད་ཀྱིས་ཏེ། ནམ་མཁའ་སྟོང་པ་ཉིད་མངོན་པར་བསྒྲུབས་པར་བྱའོ། ཞེས་སོ། །སྒོམ་ལམ་ནི་རང་བཞིན་མེད་པར་མཐོང་བ་གོམས་པར་བྱེད་པ་ཉིད་ཀྱིས་ཏེ། ནམ་མཁའ་སྟོང་པ་ཉིད་དུ་སྒོམ་པས་ཡུམ་ལ་བསྒོམ་པར་བྱའོ། །ཞེས་སོ། །ཡུལ་དགུ་པོ་དེ་ལ་རྟོག་ཚུལ་ནི་རྒྱན་སྣང་ལས་སྒྱུ་མ་ལྟ་བུར་བདག་གིས་འཇུག་པར་བྱའོ་ཞེས་དེ་ལྟ་འཇུག་པའི་ཕྱོགས་ལ་བརྟེན་པའི་གཟུང་བའི་རྣམ་པར་རྟོག་པ་ཞེས་པ་ལྟར་རོ། །སྒྱུ་མ་ལྟར་འཇུག་བྱར་ཞེན་ནའང་ཐེག་ཆེན་ལ་སྐྱོན་ཡིན་པས་རྟོག་པར་འཐད་དོ། །ཉི་སྣང་དང་ལེ་བརྒྱད་མར་མདོ་རྒྱས་མི་ཤེས་པའི་དང་སངས་རྒྱས་ཀྱིས་བསྟངས་པ་མེད་པའི་དང་ལམ་གསུམ་གྱི་ཡོན་ཏན་མེད་པའི་དང་དེ་གསུམ་མི་ཤེས་པའི་རྟོག་པ་ཞེས་བཤད་དེ་མདོ་ནས་གསུངས་པ་རྣམས་ནི་འདི་དག་གི་གཉེན་པོར་ལྟའོ། །གཉིས་པ་ནི། །སྒོམ་ལམ་རྩེ་མོ་ཐོབ་ལ་ཡོངས་སུ་མ་རྫོགས་པ་ཉེར་བསྡོགས་ཀྱི་གནས་སྐབས་འདིར་སྤང་བར་བྱ་བ་ཉིད་ཀྱིས་ན་སྒོམ་ལམ་གྱི་སྦྱོར་པའི་གནས་སྐབས་ཀྱི་ཡུལ་དུ་སྤང་བྱར་ཡོད་པ་ཅན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། དེ་ལྟར་གཟུང་རྟོག་དང་པོ་བསྟན་ཟིན་ནས་གཟུང་རྟོག་གཉིས་པ་ལྡོག་པ་གཟུང་རྟོགས་གསུངས་
སོ། །གཉིས་པ་གསུམ་ལས། ཡུལ་ནི། སེམས་མི་སྐྱེ་སོགས་རེ་རེའི་མཐར་ལ་སྦྱར་བ་དགུའོ། །འདི་དག་ཀྱང་ཐེག་དམན་གྱི་ཚོགས་ལམ་སྦྱོར་ལམ་མཐོང་ལམ་སྒོམ་ལམ་མི་སློབ་ལམ་དེ་དག་ལས་བཟློག་པ་དང་ཡུལ་ལ་ཕྱིན་ཅི་ལོག་ཏུ་གོལ་བ་བདུན་དུ་འདུ་སྟེ་དང་པོ་གཉིས་ལ་གཉིས་གཉིས་དང་གཞན་རྣམས་ལ་རེ་རེའོ། །ངོ་བོ་ནི། དེ་དག་ལ་བདག་གི་ལྡོག་བྱའོ་སྙམ་དུ་ཞེན་པའི་གཟུང་རྟོག་གཉིས་པའོ། །གཉེན་པོ་ནི། སྒོམ་ལམ་ལ་ཡོད་པའི་སེམས་སེམས་བྱུང་འཇུག་པའི་གནས་སྐབས་ཀྱི་ཡུལ་དུ་སྤང་བྱར་ཡོད་པ་ཅན་ནོ། །གསུམ་པ་ལ་གཉིས། །རྟོག་པའི་ངོ་བོ་དང༌། གཉེན་པོའོ། །དང་པོ་ནི། གཟུང་རྟོག་གཉིས་པ་ལྡོག་པའི་རྟེན་ཅན་དབྱེ་གཞི་དབྱེ་ངོ་ནི་རྣམ་པ་དགུའོ། །བྱེད་བའི་རྒྱུ་མཚན་ནི། །ཡུལ་དགུ་ཡོད་པས་སོ། །དེ་དག་གང་ན་བླ་མེད་བྱང་ཆུབ་ཀྱི་ཕྱིར་དུ་སྐྱེད་པའི་སེམས་མི་སྐྱེ་བ་ནི། རང་ལ་ཡང་དག་པའི་གདམས་ངག་སྟོན་པའི་དགེ་བའི་བཤེས་གཉེན་དང་སོགས་པས་སེམས་བསྐྱེད་ཀྱི་རྒྱུའི་དད་པ་སོགས་དང་བྲལ་བ་སྟེ། ཡུམ་ལ་ཡུན་རིང་པོ་ཇི་སྲིད་གཅིག་ཏུ་སྤྱད་ན་ཡུམ་ལ་སྤྱད་པར་འགྱུར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས། ཞེས་སོ། །བྱང་ཆུབ་ཀྱི་སྙིང་པོ་ཐོབ་བྱར་ཡིད་ལ་མི་བྱེད་པ་ནི། སངས་རྒྱས་ལ་ཐོབ་བྱར་དམིགས་པའི་འཁོར་གསུམ་རྣམ་དག་གི་བསོད་ནམས་ཁྱད་པར་དུ་འཕགས་པ་མེད་པས་ཏེ། སྙིང་
པོ་བྱང་ཆུབ་ལ་འདུག་གི་བར་དུ་ཡུམ་སྤྱད་པར་བྱའོ། །ཞེས་སོ། དེ་གཉིས་ནི་ཚོགས་ལམ་རྣམ་བཅད་ཀྱིས་བསྟན་པའོ། །ཐེག་དམན་ཡིད་བྱེད་ལ་གཉིས་ལས་ཉན་ཐོས་དེའི་ཐེག་པ་ཐོབ་བྱར་ཡིད་ལ་བྱེད་པ་ནི། སྦྱོར་ལམ་ནས་ཉན་ཐོས་ཀྱི་རིགས་ཅན་དུ་ཕལ་ཆེར་ངེས་པ་ཉིད་ཀྱི་ཕྱིར་རོ། རང་རྒྱལ་དེའི་འབྲས་བུ་ཡི་ཐེག་པ་ཐོབ་བྱར་ཡིད་ལ་བྱེད་པ་ནི། སྦྱོར་ལམ་ནས་རང་སངས་ཀྱི་རིགས་ཅན་དུ་ངེས་པ་ཉིད་ཀྱི་ཕྱིར་ཏེ། ཡིད་ལ་བྱ་བ་གཞན་གྱི་གོ་སྐབས་མི་དབྱེ་བས་ཡུམ་ལ་སྤྱད་པར་བྱའོ། །ཞེས་མདོ་གཅིག་པུ་འདིས་སྦྱོར་ལམ་གཉིས་ཡོངས་གཅོད་ཀྱིས་བསྟན་ཏོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བྱར་ཡིད་ལ་མི་བྱེད་པ་ནི། གཞན་དོན་དུ་ཤེར་ཕྱིན་སྒྲུབ་པ་སྟེ་ཉམས་སུ་ལེན་པ་མེད་པས་ཏེ། རྣམ་མཁྱེན་ཡིད་ལ་བྱ་བ་མི་འདོར་བས་ཇི་ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་འཇུག་པ་དེ་ལྟ་ཡུམ་ལ་སྤྱད་པ་བྱའོ། ཞེས་སོ། །འདིས་མཐོང་ལམ་རྣམ་བཅད་ཀྱིས་བསྟན་ཏོ། །སྒོམ་པ་ནི། ཐེ་དམན་གྱི་སྒོམ་ལམ་དུ་རང་གི་མྱང་འདས་ཐོབ་དོན་དུ་གཟུགས་སོགས་ལ་མི་རྟག་སོགས་སུ་དམིགས་པ་དང་བཅས་པ་ཉིད་ཀྱིས་སྒོམ་པ་སྟེ། སྒོམ་པར་བྱེད་པས་རྣམ་མཁྱེན་འཐོབ་བམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་དེ་ནི་མ་ཡིན་ནོ། །ཞེས་སོ། །སྒོམ་པ་མེད་པ་ནི། ཐེག་དམན་གྱི་མི་སློབ་ལམ་དུ་སླར་བཤད་
པའི་དོན་དུ་དེ་ལྟར་དམིགས་པ་མེད་པ་ཉིད་ཀྱིས་དེ་ལྟར་མི་སྒོམ་པ་སྟེ། འོ་ན་ཅི་ལགས་མ་བསྒོམས་པས་རྣམ་མཁྱེན་འཐོབ་བམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ནི་མ་ཡིན་ནོ། །ཞེས་སོ། །སྒོམ་མི་སྒོམ་དེ་དག་ལས་བཟློག་པ་སྒོམ་པ་ཡང་མེད་མི་སྒོམ་པ་ཡང་མེད་པ་ནི་མྱང་འདས་ཐོབ་དོན་དུ་མི་རྟག་སོགས་སུ་དམིགས་པ་ཡང་མེད། དེར་མ་ཟད་དེའི་དོན་དུ་དེ་ལྟ་མི་དམིགས་པ་ཡང་མེད་པའི་ཕྱིར་ཏེ། འོ་ན་ཅི་ལགས་བསྒོམས་ཀྱང་བསྒོམས་ལ་མ་བསྒོམས་ཀྱང་མ་བསྒོམས་པས་རྣམ་མཁྱེན་འཐོབ་བམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ནི་མ་ཡིན་ནོ། །གསོལ་པ་འོ་ན་ཅི་ལགས་བསྒོམས་པ་ཡང་མ་ལགས་མ་བསྒོམས་པ་ཡང་མ་ལགས་པས་རྣམ་མཁྱེན་འཐོབ་བམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ་ཞེས་སོ། །འདི་ནི་མཐའ་འགེགས་ཙམ་དུ་ཟད་ཀྱི་ལམ་དང་སྦྱར་དུ་མེད་ཅེས་བྱང་ཡེ་འཆད་ཀྱང་བཅོམ་རལ་གྱིས་སྔ་མ་གཉིས་ཀ་ཚོགས་པ་ལ་བྱ་གསུང་པ་ལྟར་འཐད་པར་སེམས་སོ། །འདིར་རྩ་བ་དང་འགྲེལ་ཆེན་གཉིས་ཀྱི་ཚིགས་ཟིན་ལ་སྒོམ་མི་སྒོམ་གཉིས་ལས་བཟློག་པ་གཉིས་མ་ཡིན་གཅིག་པུ་ལྟར་སྣང་ཡང་གཉིས་ཡིན་ཀྱང་གཟུང་སྟེ་མདོ་ལས་གསལ་ལོ། །ཡང་ན་སློབ་ལམ་དུ་མཉམ་གཞག་རྒྱུན་ཆགས་པར་སྒོམ་པ་ཁོ་ནས་རྣམ་མཁྱེན་འཐོབ་པར་འདོད་པ་དང༌། མི་སློབ་ལམ་དུ་ལམ་སྒོམ་པ་མེད་པ་ཁོ་ནས་དེ་ཐོབ་པར་འདོད་པ་དང༌། །དེ་གཉིས་
ཀ་ཚོགས་པ་དང་ཚོགས་པ་དེ་བཀག་པས་རྣམ་མཁྱེན་ཐོབ་འདོད་པ་གསུམ་རྟོག་པའི་ཡུལ་དུ་བྱས་ཏེ། སྐབས་འདིར་མདོ་ནས་འཐད་ཕྱོགས་སུ་མཛད་པའི་བཟློག་ཕྱོགས་རྣམས་རྟོག་པའི་ཡུལ་དུ་སྟོན་ལ། མདོ་ལས་ཀྱང་མུ་བཞི་པོ་དེས་རྣམ་མཁྱེན་འཐོབ་པ་བཀག་ནས། ཤུགས་ལ་མཉམ་རྗེས་བར་ཆད་ཡོད་མེད་འདྲེས་མར་སྒོམ་པ་རྣམ་མཁྱེན་གྱི་རྒྱུར་བསྟན་པའི་ཕྱིར་ཏེ། འདི་ཉི་སྣང་གི་དགོངས་པ་ཡང་འགྱུར་ཞིང་འདོད་པ་གསུམ་ཡུལ་དུ་བྱས་ན་སློབ་དཔོན་གྱི་བཞེད་པ་ལ་ཡང་མི་རུང་བ་མི་སྣང་ངོ༌། །ཤེར་སྒྲོན་ལས། ཡུལ་བསྒོམས་པས་རྣམ་མཁྱེན་ཉིད་ཐོབ་པར་འདོད་པས་སྒོམ་པ་དང་དེ་ཉིད་མ་བསྒོམས་པས་ཐོབ་པར་འདོད་པས་སྒོམ་པ་མེད་པ་དང་བསྒོམས་པ་དང་མ་བསྒོམས་པ་གཉིས་ཀ་དང༌། བསྒོམས་པས་མ་ཡིན་མ་བསྒོམས་པས་ཀྱང་མ་ཡིན་པས་ཐོབ་པར་འདོད་པས་གཉིས་ཀ་མ་ཡིན་པ་དང་ཞེས་དེ་དག་ལས་བཟློག་པ་ལ་གཉིས་དང་ཐེག་དམན་ཡིད་བྱེད་གཅིག་ཏུ་བྱས་པ་ནི། སྤྱིར་འཆད་ལུགས་མདོ་དང་མཐུན་ཀྱང་གྲངས་དེ་མི་ལེགས་པས་ཆེན་པོ་གཉིས་ཀྱི་རྗེས་སུ་འབྲང་ངོ༌། །དོན་ཇི་བཞིན་མ་ཡིན་པ་ནི། ཕུང་པོ་ལ་མི་རྟག་སོགས་སུ་བདེན་པར་འཛིན་པའི་སྒོ་ནས་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཏེ། འོ་ན་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་ཐོབ་པར་བགྱི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་བ། དེ་བཞིན་ཉིད་ཇི་ལྟ་བ་བཞིན་
ནོ་ཞེས་སོ། །ཉི་སྣང་ལས་གང་གིས་རྣམ་པ་གཞན་དུ་མྱ་ངན་ལས་འདའ་བ་ལ་རྣམ་པ་གཞན་དུ་ཐོབ་པར་སེམས་པ་སྟེ་ཞེས་དམན་པའི་མྱང་འདས་ཙམ་ཐོབ་པ་ལ་མྱང་འདས་མཆོག་ཏུ་བཟུང་བ་ལ་གསུངས་སོ། །ཡུལ་དགུ་པོ་དེ་ལ་རྟོག་ཚུལ་ནི་དངོས་པོར་ཞེན་པས་མ་རུངས་པར་བྱས་པའི་ཕྱིར་བདག་གི་ལྡོག་བྱའོ་སྙམ་དུ་འཁྲུལ་བའོ། ཉི་སྣང་དང་ལེ་བརྒྱད་མར་སེམས་མི་སྐྱེ་བའི་རྣམ་རྟོག་ནས། དོན་ཇི་བཞིན་མིན་པའི་རྣམ་རྟོག་ཅེས་བརྡ་བྱས་ལ་མདོ་ནས་དངོས་སུ་གསུངས་པ་དེ་དག་ནི་འདི་དག་གི་གཉེན་པོའོ། །གཉིས་པ་ནི། སྒོམ་རྩེ་ཐོབ་པ་ཡོངས་སུ་རྫོགས་པའི་གནས་སྐབས་དེ་ན་སྤང་བར་བྱ་བ་ཉིད་ཀྱིས་ན་སྒོམ་ལམ་གྱིས་ཟག་མེད་ཀྱི་སེམས་དང་སེམས་ལས་བྱུང་བ་འཇུག་པ་སྟེ་མཇུག་གི་གནས་སྐབས་ཀྱི་ཡུལ་དུ་སྤང་བྱར་ཡོད་པ་ཅན་ནོ། །སྔ་མར་འདིར་ཞེས་དང་འདིར་དེ་ན་ཞེས་པ་ནི་སྔ་མའི་རྩ་ཚིག་ཏུ་གཉེན་པོ་མཇུག་ཏུ་དང༌། འདིའི་རྩ་ཚིག་ཏུ་གཉེན་པོ་སྔོན་ལ་བྱུང་བས་ཕྱི་འགྲེལ་གཉེན་པོ་ལ་བསྙེག་ས་ཉེ་རིང་གིས་ཡིན་ནམ་སྙམ་མོ། །གཉིས་པ་ལ་གཉིས། རྫས་འཛིན་དང༌། བཏགས་འཛིན་རྟོག་པའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེ་ལྟར་གཟུང་རྟོག་གཉིས་པ་བསྟན་ཟིན་ནས་འཛིན་རྟོག་དང་པོ་རྫས་འཛིན་རྟོག་པ་གསུངས་སོ། །གཉིས་པ་ལ་གཉིས་ལས། ཡུལ་ནི་སེམས་ཅན་བཏགས་ཞེས་སོགས་དགུའི་མཐར་ལ་སྦྱར་བའོ། །སྤྱོད་ཡུལ་ཞེས་པ་ནི་རྟོག་པའི་ཡུལ་དུ་
སྟོན་པ་སྟེ་ཐམས་ཅད་ལའོ། །འདི་དག་ཀྱང་ཡུལ་དང་ཡུལ་ཅན་དང་ལམ་གསུམ་དུ་འདུ་སྟེ། དང་པོ་ལ་ཇི་ལྟ་བ་བདག་མེད་གཉིས་གཉིས་པ་ལ་གཅིག་གསུམ་པ་ལ་འཕགས་ལམ་དང་བྱིས་ལམ་གཉིས་ལས། དང་པོ་ལ་ཐེག་པ་ཆེ་ཆུང་གི་ཤེས་རབ་ཀྱི་དབང་དུ་བྱས་པ་གཉིས་ཐབས་ཀྱི་དབང་དུ་བྱས་པ་གཉིས་སོ། །གཉིས་པ་ལ་ལྟ་བ་དང་སྤྱོད་པ་མ་དག་པ་གཉིས་སོ། །ངོ་བོ་ནི་དེ་དག་ལ་འདི་ནི་རྫས་ཀྱི་བདག་ཉིད་ཀྱི་འཛིན་པར་བྱེད་པ་པོ་ཞེས་རྟོག་པ་འཛིན་རྟོག་དང་པོར་ཤེས་པར་བྱའོ། །ཞེས་མདོ་ནས་གཉེན་པོ་དངོས་སུ་བསྟན་པ་དེ་ལས་བཟློག་ནས་ཤུགས་ཀྱིས་བསྟན་པ་ཡིན་ནོ། །བསྟན་ཚུལ་འདི་བཞི་ག་ལ་འདྲའོ། །གསུམ་པ་ལ་གསུམ། རྟོག་པའི་ངོ་བོ། འཛིན་སྟངས། གཉེན་པོའོ། །དང་པོ་ནི། འཛིན་རྟོག་དང་པོ་དབྱེ་གཞི། དབྱེ་ངོ་ནི་རྣམ་པ་དགུའོ། །འབྱེད་པའི་རྒྱུ་མཚན་ཡུལ་དགུ་ཡོད་པས་སོ། །དེ་དག་གང་ན་ལྷ་དང་མི་ཞེས་སོགས་སེམས་ཅན་དང་གང་ཟག་ཏུ་ཐ་སྙད་བྱས་པ་རྣམས་ཕུང་པོ་ལ་བཏགས་པ་ཙམ་སྟེ་སེམས་ཅན་དང་གང་ཟག་རྫས་སུ་ཡོད་པ་འཁོར་བར་མི་སྐྱེ་བས་ཏེ། བདག་གམ་སེམས་ཅན་ནམ་སྲོག་གམ་གང་ཟག་མི་དམིགས་ན་ཇི་ལྟར་བདག་གི་ཁམས་དང་སེམས་ཅན་གྱི་ཁམས་དང་གང་ཟག་གི་ཁམས་གདགས་པར་བྱ། ཞེས་སོ། མིག་གཟུགས་ཞེས་སོགས་ཡུལ་ཡུལ་ཅན་གྱི་ཆོས་སུ་ཐ་སྙད་བྱས་པ་ནི་བཏགས་པ་ཙམ་སྟེ་སེམས་
ལས་གཞན་པའི་དོན་མེད་པས་དེའི་སྣང་བ་ཙམ་དུ་ཟད་པའི་ཕྱིར་ཏེ། བྱང་ཆེན་ཡུམ་ལ་སྤྱོད་པས་གཟུགས་ལ་བསླབ་པར་མི་བགྱིའམ་ཞེས་ཆོས་སུ་ཉེ་བར་དམིགས་ཏེ་སློབ་པ་ཐམས་ཅད་བཀག་པས་གསུངས་སོ། །རྣམ་མཁྱེན་ལ་སོགས་པའི་ཆོས་ཐ་སྙད་དུ་ངོ་བོས་སྟོང་པ་མ་ཡིན་པ་ནི་ཡུལ་ཡུལ་ཅན་ཐམས་ཅད་དུ་འགྲོ་བ་སྟེ་ཁྱབ་པའི་ཕྱིར་ཏེ། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མཐོང་བས་མངོན་པར་འདུ་བྱ་བ་མེད་པ་ལ་བསླབ་པར་བྱའོ། །ཞེས་སོ། །ཉི་སྣང་དང་ལེ་བརྒྱད་མས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མི་སྟོང་པར་རྟོགས་པའི་རྣམ་རྟོག་ཅེས་འཛིན་སྟངས་ལ་སྟོང་མིན་དུ་འཆད་དོ། །རྣམ་མཁྱེན་ལ་སོགས་པའི་ཆོས་ནི་རྟོགས་དཀར་མཁྱེན་གསུམ་གྱི་ཆོས་སེམས་བསྐྱེད་སོགས་ལ་བཤད་ཀྱང་མདོར་གཟུགས་ནས་རྣམ་མཁྱེན་གྱི་བར་རྣམས་སྟོང་པར་གསུངས་པས་འགྲེས་ཀྱི་མཇུག་བཟུང་བའོ། །གཟུགས་སོགས་ཀྱི་ཆོས་ལ་ཆགས་པ་སྟེ་ཞེན་པ་ནི་ལམ་གྱི་གནས་སྐབས་ཏེ་རྣམ་པ་ཐམས་ཅད་དུ་གཟུང་བ་སོགས་སུ་མངོན་པར་ཞེན་པ་མ་སྤངས་པས་ཏེ། བྱང་ཚེ་དམིགས་པ་ལ་མི་ཆགས་མི་དམིགས་པ་ལ་ཡང་མི་ཆགས་པ་ལགས་ན། འོ་ན་ཇི་ལྟར་བྱང་ཆེན་ཡུམ་ལ་སྤྱོད་པས་ས་ནས་ས་ཡོངས་སུ་རྫོགས་པར་བགྱི། ཞེས་སོ། ཆོས་རྣམས་མི་དམིགས་པར་རབ་ཏུ་རྣམ་པར་འབྱེད་པ་ནི། གཟུགས་སོགས་ངོ་བོ་ཉིད་མེད་པར་རྟོགས་པས་ཏེ། བླ་མེད་རྫོགས་བྱང་
གི་བར་དུ་དམིགས་པར་འགྱུར་བ་དེ་ལྟར་ཆོས་རྣམས་རབ་ཏུ་རྣམ་པར་དབྱེ་བར་མི་བྱའོ་ཞེས་སོ། །འདི་མངོན་ཞེན་གྱི་ཚུལ་གྱིས་འབྱེད་པ་དང་དང་པོ་གཉིས་ཀྱང་རྫས་ཡོད་ཀྱི་དབང་དུ་བྱས་ན་མདོ་ལས་བཟློག་པའི་དོན་དུ་འགྲོ་བས་འགྲིག་ཀྱང་སློབ་དཔོན་གྱིས་གཞན་དུ་བཤད་པ་ནི་སྤང་གཉེན་གང་ལ་ཞེན་ཀྱང་རྟོག་པར་བསྟན་པའི་ཕྱིར་ཡིན་ཏེ། ཚུལ་འདི་ནི་འདི་ལྟ་བུ་ཐམས་ཅད་ལ་རིག་པར་བྱའོ། །ཕུང་པོ་ལ་དངོས་པོར་དམིགས་པའི་སྒོ་ནས་ཆེད་དུ་བྱ་བ་སྒྲུབ་པར་བྱེད་པ་ནི། ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་ཕྱིར་སྒྱུ་མ་ལྟར་ལམ་སྒྲུབ་པར་མི་བྱེད་པས་ཏེ། གང་གི་ཕྱིར་ཡང་བྱང་ཆེན་ཡུམ་ལ་མི་སྤྱོད་དོ། །ཞེས་སོ། །ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་འབྱུང་ས་མཐར་ཐུག་པར་འབྱིན་ཚུལ་ནི། གཟུགས་སོགས་ལ་མཚན་མར་མི་དམིགས་པའི་སྒོ་ནས་ཏེ། འོ་ན་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ་དང་ཐེག་པ་ཆེན་པོ་དང་ཐེག་པ་གསུམ་པོ་འདི་དག་རྣམ་པར་དགོད་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར་མ་བྱས་མངོན་པར་འདུས་མ་བྱས་པའི་ཆོས་རྣམས་ལ་ནི་རྣམ་པར་དགོད་པ་གང་ཡང་དམིགས་སུ་མེད་དེ། །ཞེས་སོ། བསོད་ནམས་ཀྱི་ཞིང་མིན་པས་ཡོན་མ་དག་པ་ནི། །གཟུགས་འཛིན་གྱི་སྤྲོས་པ་མེད་པར་མངོན་སུམ་དུ་རྟོགས་པའི་སྒོ་ནས་ཡང་དག་པར་རབ་ཏུ་མ་ཞུགས་པ་ཉིད་ཀྱིས་ཏེ། དེ་བཞིན་གཤེགས་པ་ལ་ཡོན་
བསྟབས་པ་དང་དེའི་སྤྲུལ་པ་ལ་ཡོན་བསྟབས་པ་ནི་དེ་ལྟར་དོན་ཆེ་ཞིང་དེ་ལྟར་ཕན་ཡོན་ཆེའོ། །རབ་འབྱོར་རྣམ་གྲངས་དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་བཙན་པར་བྱས་པ་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་བྱེ་བྲག་གང་ཡང་མེད་པར་རིག་པར་བྱའོ། །ཞེས་སོ། ཡུམ་ལ་སྤྱོད་པ་རྣམ་པར་འཁྲུགས་པ་སྟེ་ཐ་དད་དུ་ཞེན་ནས་འབྱེད་པ་ནི། སྦྱིན་སོགས་ལ་ཆོས་ཅན་དང་ཆོས་ཉིད་སོ་སོར་དམིགས་ཏེ་བསྒྲུབས་ཏེ། འདི་ནི་ཡུམ་མོ་འདི་ནི་ཡུམ་གྱི་ཆོས་ཉིད་ཞེས་རྣམ་པར་དཀྲུག་པར་མི་བྱའོ། ཞེས་ལྷག་མ་རྣམས་ལ་ཡང་དེ་ལྟར་གསུངས་སོ། །གཉིས་པ་ནི། ཡུལ་དགུ་པོ་དེ་ལ་འཛིན་ཚུལ་ཇི་ལྟ་བུ་ཞེ་ན། སྔ་མ་མཐོང་རྩེའི་སྐབས་སུ་བསྟན་པ་བཞིན་ཏེ། དེ་ཡང་ཡུལ་དེ་དག་དང་ལྡན་པའི་ཆོས་ལ་རྫས་ཡོད་ཀྱིས་འཛིན་པ་པོའི་བདག་གོ་སྙམ་དུ་ཞེན་པ་ལ་ཡང་གང་ཟག་དང་ཆོས་སུ་ཞེན་ཚུལ་གཉིས་ཤེས་དགོས་སོ། །ཉི་སྣང་དང་ལེ་བརྒྱད་མར་རྩ་ཚིག་གི་མིང་རེ་རེའི་མཐར་དེ་དང་དེའི་རྟོག་པ་ཞེས་བརྡ་མཛད་ལ་མདོ་ནས་གསུངས་པ་ནི་འདི་དག་གི་གཉེན་པོའོ། །གསུམ་པ་ནི། སྒོམ་ལམ་གྱི་སོགས་སོ། །བམ་པོ་ལྔ་པ་ནི་འཆད་འགྱུར་རོ། །གཉིས་པ་ལ་གཉིས། མཚམས་སྦྱར། དོན་བཤད་པའོ། །དང་པོ་ནི། དེ་ལྟར་སོགས་སོ། གཉིས་པ་ལ་གཉིས། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་ལ་གསུམ་ལས། དབྱེ་བ་ནི་རྫས་འཛིན་ལས་
གཞན་སྒོམ་རྩེའི་མི་མཐུན་ཕྱོགས་བཏགས་འཛིན་རྟོག་པ་དབྱེ་གཞི། །དབྱེ་ངོ་ནི། རྣམ་པ་དགུ་སྟེ་ཡུལ་དགུ་ཡོད་པས་སོ། །མི་མཐུན་ཕྱོགས་སུ་བསྟན་པ་ནི། རྟོག་པ་དེ་ནི་སྒོམ་ལམ་རྩེ་མོ་དང་སྤང་གཉེན་དུ་འབྲེལ་ཏེ་སྒོམ་ལམ་རྩེ་མོ་དེ་ཡི་རྣམ་པར་འཇོམས་པས་སོ། །ཡུལ་ནི། སེམས་ཅན་དུ་ཐ་སྙད་བཏགས་པ་དང་བཏགས་པ་དེར་རྣམ་པར་འཇོག་པའི་རྒྱུ་མཚན་གཉིས་ཀྱི་ཡུལ་ཅན་ནོ། །དེ་ཡང་གང་ན། དག་ལྡན་ལས། སེམས་ཅན་དུ་བཏགས་པ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་བཏགས་པའོ། །དེའི་རྒྱུ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའོ། །ཞེས་ཏེ་སོགས་སྔ་མས་ཉན་རང་དང་ཕྱིས་མས་མཁྱེན་པ་གཞན་གཉིས་གདོན་ལ་སངས་རྒྱས་དང་བྱང་སེམས་སུ་གདགས་པའི་རྒྱུ་མཚན་རྣམ་མཁྱེན་དང་ལམ་ཤེས་དང༌། ཉན་རང་དུ་གདགས་པའི་རྒྱུ་མཚན་གཞི་ཤེས་ལ་བྱ་སྟེ། འདི་ཡང་མཚོན་པ་ཙམ་ཡིན་པས་སེམས་ཅན་གཞན་གྱིའང་ཐ་སྙད་ཀྱི་རྒྱུ་མཚན་རྣམས་ཡུལ་ཡིན་ནོ། །ཤེར་སྒྲོན་ལས་ཀྱང་སོ་སོ་སྐྱེ་བོ་དང་འཕགས་པའི་གང་ཟག་ཏུ་བཏགས་པ་དང་དེར་རྣམ་པར་བཞག་པ་ནི་རྒྱུ་མ་རིག་པ་དང་ཡེ་ཤེས་ཀྱིས་བསྡུས་པའི་ཕུང་པོའི་རྒྱུན་ལ་མངོན་པར་ཞེན་པའི་ཡུལ་ཅན་ཞེས་བཤད་དེ། །མཐོང་སྤང་དང་ཟག་མེད་ཀྱིས་བསྡུས་པའི་ཕུང་རྒྱུན་ནོ། །འདི་ལ་མདོ་ཡོད་ཀྱང་མ་དྲངས་སོ། །གཉིས་པ་ནི། སྒོམ་
རྩེའི་མི་མཐུན་ཕྱོགས་འཛིན་པའི་རྣམ་རྟོག་གཉིས་པ་སྒོམ་ལམ་དེ་དང་སྤང་གཉེན་དུ་འབྲེལ་བ་དེ་ལ་ནི་རྣམ་པར་དགུའོ། །དེར་འབྲེལ་བའི་རྒྱུ་མཚན་ནི། །སྒོམ་ལམ་གྱིས་ཡང་དག་པར་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །འདིའི་ཡུལ་གང་ལ་སྐྱེ་འཕགས་ཀྱི་སེམས་ཅན་དུ་ཐ་སྙད་བཏགས་པ་དང་བཏགས་པ་དེར་རྣམ་པར་བཞག་པའི་རྒྱུ་མཚན་ཕྱིའི་དོན་མེད་པས་སེམས་ཀྱི་སྣང་བ་ཙམ་གྱི་ཕུང་པོའི་ཡུལ་ཅན་ནོ། །གཉིས་པ་ལ་གསུམ་ལས། །དང་པོ་ནི། རྟོག་པ་དེ་ཇི་ལྟར་རྣམ་པ་དགུ་ཡིན་ཞེ་ན། དེའི་ལན་དུ་བར་ཚིགས་གཉིས་ཀྱིས་གསུངས་པ་ནིའོ། །གཉིས་པ་ལ་གཉིས་ལས། ཡུལ་ནི་ཀུན་མཁྱེན་གསུམ་ལ་སོགས་པ་དགུ་པོ་རེ་རེའི་མཐར་ལ་སྦྱར་བའོ། །བདག་ཉིད་ཇི་བཞིན་ནི་ཀུན་མཁྱེན་གསུམ་རང་རང་དང་འབྲེལ་བའི་སྒྲིབ་པ་གསུམ་སོ་སོར་སྟོན་པའོ། །ཉི་སྣང་དང་དག་ལྡན་ལས་སྒྲིབ་པ་གསུམ་པོ་འདི་ཀུན་རྨོངས་སུ་དགོངས་ཤིང་ཀུན་རྨོངས་རྟོག་པའི་ངོ་བོར་བཞེད་དོ། །ཡུལ་དགུ་པོ་དེ་ཡང་དྲུག་ཏུ་འདུ་སྟེ། བྱང་སེམས་ལམ་གྱི་སྒྲིབ་པ་དང་དེའི་ངོ་བོ་དང་དམིགས་པ་དང་ཁྱད་པར་དང་སྤང་བྱ་དང་ལམ་གྱི་རྣམ་པའི་དབང་དུ་བྱས་ནས་རིམ་པ་ལྟར་དང་པོ་གསུམ་དང་བཞི་པ་དང་ལྔ་བདུན་གཉིས་དང་དྲུག་པ་དང་བརྒྱད་པ་དང་དགུ་པའོ། །ངོ་བོ་ནི། ཉི་སྣང་དང་དག་ལྡན་གྱིས་དང་པོ་གསུམ་མ་གཏོགས་པ་གཉིས་མེད་ཡན་ཡུལ་ཅན་དང་ཀུན་རྨོངས་རྟོག་པའི་ངོ་བོར་བཞེད་ལ་ལེ་བརྒྱད་མས་ཀྱང་ཀུན་རྨོངས་རྟོགས་པའི་ངོ་
བོར་བཤད་དོ། །འགྲེལ་པ་ཆེ་ཆུང་གཉིས་ཀྱིས་ཀུན་རྨོངས་ཀྱི་མཐར་ལ་སྦྱར་ནས་དེ་ལ་རྟོག་པར་རྩ་བར་གསུངས་པ་ལ་དགོངས་ནས་ཀུན་རྨོངས་དགུ་རྟོག་པའི་ཡུལ་དུ་བཞེད་དོ། །རྨོངས་པའི་ཡུལ་ལ་དེའི་མིང་གིས་བཏགས་པར་བཞེད་པས་འཕགས་པ་དང་མཐུན་ནོ། །ཞེས་སྨྲ་བ་ལྟར་ཡང་རུང་ངོ༌། །དེ་ལྟར་ཡུལ་དེ་དག་ལ་རྣམ་པར་རྟོག་པ་ནི་ཐ་མ་བཏགས་འཛིན་རྟོག་པར་བཞེད་དོ། །གསུམ་པ་ལ་གསུམ། རྟོག་པའི་ངོ་བོ། །འཛིན་སྟངས། གཉེན་པོའོ། །དང་པོ་ནི། འཛིན་རྟོག་ཐ་མ་བཏགས་འཛིན་རྟོག་པ་དབྱེ་གཞི། དབྱེ་ངོ་རྣམ་པ་དགུར་བཞེད་པ་ཡིན་ཏེ། འབྱེད་པའི་རྒྱུ་མཚན་ཡུལ་དགུ་ཡོད་པས་སོ། །དེ་དག་གང་ན། རྣམ་མཁྱེན་སྐྱེད་པའི་སྒྲིབ་པ་སེལ་བའི་ཐབས་ལ་ཀུན་ཏུ་རྨོངས་པ་ནི། གཞི་ལམ་གྱི་རྣམ་པ་ཐམས་ཅད་ཇི་ལྟར་བར་ཡོངས་སུ་མ་ཤེས་པའོ། །དེ་བཞིན་དུ་འོག་མ་གཉིས་ལ་ཡང་ངོ༌། ལམ་ཤེས་ཀྱི་སོགས་ནི། ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཇི་ལྟ་བར་ཡོངས་སུ་མ་ཤེས་པའོ། །ཐམས་ཅད་ཤེས་པ་ཉིད་ཀྱི་སོགས་ནི། ཕུང་ཁམས་སྐྱེ་མཆེད་ཀྱི་གཞི་ཐམས་ཅད་ཇི་ལྟ་བར་ཡོངས་སུ་མ་ཤེས་པ་སྟེ། འདི་གསུམ་གྱི་མདོ་ནི་མཆོད་བརྗོད་དུ་བཤད་ཟིན་ནོ། །སྒྲིབ་པ་ཐམས་ཅད་ཞི་བར་བྱེད་པའི་ལམ་ལ་ནི་ཐབས་མཁས་པ་དང་མ་བྲལ་བའི་ཤེར་ཕྱིན་ཡང་དག་པར་མ་ཤེས་པས་ཏེ། ཡུལ་འདིས་ཆོས་ཐམས་ཅད་
ཀྱི་མཆོག་གི་ཚུལ་ཕྱེད་དེ་ཆོས་དེ་དག་འཁོར་བ་མ་དམིགས་པས་དེའི་ཕྱིར་ཡུམ་ཞེས་བྱའོ། །ཞེས་སོ། །རྟོགས་དཀར་སྲས་བཞི་ཐམས་ཅད་ཀྱི་ལམ་མ་ཤེས་པ་ལ་བཤད་དོ། །གཟུགས་སོགས་དང་དེའི་རང་བཞིན་དེ་བཞིན་ཉིད་དང་སོགས་པས་ཡང་དག་མཐའ་སོགས་མཚུངས་པར་ལྡན་པ་སྟེ་གཅིག་དང་མི་ལྡན་པ་སྟེ་ཐ་དད་པ་ལ་ནི། ཤེས་བྱ་གཟུགས་སོགས་དང་དེའི་དེ་བཞིན་ཉིད་དག་གི་རང་བཞིན་ཇི་བཞིན་དུ་ཡོངས་སུ་མ་ཤེས་པས་ཏེ། ཡུམ་འདི་ནི་ཆོས་གང་གིས་ཀྱང་ལྡན་པའམ་མི་ལྡན་པའམ་བསྟན་དུ་ཡོད་པའམ་བསྟན་དུ་མེད་པའམ་ཐོགས་པ་དང་བཅས་པའམ་ཐོགས་པ་མེད་པ་མ་ཡིན་ཏེ། ཞེས་སོ། །འདི་ནི་བདེན་པ་རྣམ་པར་མ་བཞག་པའི་དམིགས་པའོ། །ལམ་གཞན་དང་མི་མཉམ་ཞིང་ཐུན་མོང་མ་ཡིན་པ་ལ་ནི། བདུད་དང་སོགས་པས་མུ་སྟེགས་དང་ཉན་རང་གི་ཐེག་པ་རྣམས་ཀྱི་རང་གི་ངོ་བོ་ལམ་ཟབ་མོ་ལ་བར་དུ་གཅོད་བྱེད་དུ་མ་ཤེས་པས་ཏེ། ཡུམ་འདི་ནི་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་གང་ཟག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནས་མུ་སྟེགས་ཅན་གཞན་གྱི་བར་དང་སྡིག་པའི་གྲོགས་པོ་རྣམས་ཀྱིས་མི་ཆོད་མི་འཕྲོགས་པ་སྟེ། ཞེས་སོ། སྡུག་བསྔལ་སོགས་བདེན་པ་བཞི་ལ་ནི། སྤྲོས་བྲལ་དུ་མ་ཤེས་པར་མི་རྟག་སོགས་ཀྱི་སྒྲ་ཇི་བཞིན་དུ་དོན་ལ་ཡང་དེ་ལྟར་འཛིན་པ་ཉིད་ཀྱིས་ཏེ། བྱང་ཆེན་ཡུམ་ཟབ་མོ་འདིའི་དོན་ལ་དཔྱད་པས་མི་རྟག་པའི་
དོན་ལ་སྤྱད་པར་བྱའོ་དེ་བཞིན་དུ་སྡུག་བསྔལ་དང་བདག་མེད་དང་སྡུག་བསྔལ་ཤེས་པའི་དོན་ལ་སྤྱད་པར་བྱའོ་ཞེས་པ་སྟེ་འདི་བདེན་པ་རྣམ་པར་བཞག་པའི་དམིགས་པའོ། །ཉོན་མོངས་ཀྱི་རང་བཞིན་ལ་ནི་འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་མི་བདེན་པ་ལ་སྒྲོ་འདོགས་པའི་ཕྱིན་ཅི་ལོག་གིས་བསླང་བའི་གློ་བུར་བ་ཙམ་དུ་ཡོངས་སུ་མ་ཤེས་པས་ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་བདག་གི་དོན་ཞེའམ་དོན་མ་ཡིན་ཞེས་དཔྱད་པར་མི་བྱའོ་ཞེས་སོ། །གཟུགས་འཛིན་གཉིས་སུ་མེད་པ་ལ་ནི་གཟུགས་འཛིན་གྱི་མཚན་ཉིད་བློས་བཏགས་པ་ཙམ་དུ་ཡོངས་སུ་མ་ཤེས་པས་ཏེ། གཉིས་སུ་མ་མཆིས་པའི་ཆོས་ཐོབ་པར་བགྱིད་དམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཡིན་ནོ། ཞེས་སོ། །གཉིས་པ་ནི། སྔ་མ་མཐོང་རྩེར་བསྟན་པ་བཞིན་ཏེ་དེ་ཡང་ཡུལ་དགུ་པོ་དེ་སེམས་ཅན་དུ་བཏགས་པ་དང་དེར་འཇོག་པའི་རྒྱུ་མཚན་དུ་འདུས་པས་དེ་ལ་བཏགས་ཡོད་ཀྱི་བདག་འཛིན་པར་བྱེད་པ་པོའོ་ཞེས་བཏགས་པ་ཙམ་དུ་འཁྲུལ་པ་སྟེ། འདི་ལའང་སྔར་ལྟར་གཉིས་སོ། །གསུམ་པ་ནི། སྒོམ་ལམ་ཞེས་སོགས་སྔར་ལྟར་བསྙད་དོ། །གསུམ་པ་ནི། སྒོམ་ལམ་རྩེ་མོའི་མི་མཐུན་ཕྱོགས་སྒོམ་སྤང་རྣམ་པ་བཞི་པོ་དེ་དག་སྤང་བར་བྱ་བ་ཉིད་དུ་དངོས་སུ་བསྟན་པས་སྤང་བྱ་དེའི་དབྱེ་བས་གཉེན་པོ་སྒོམ་རྩེ་རྣམ་པ་བཞིར་ཐ་དད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །གསུམ་པ་ནི་སྒོམ་ལམ་རྩེ་སྦྱོར་བཤད་པའི་གསུམ་པ་སྟེ། བརྟེན་པ་ཡོན་ཏན་བཤད་པ། གསུམ་
པ་ལ་གསུམ་ལས། དང་པོ་ནི། སྔ་མ་མཐོང་རྩེར་བསྟན་པ་བཞིན་དུ་སྒོམ་སྤང་གི་རྣམ་རྟོག་མངོན་དུ་རྒྱུ་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་པ་ཁོ་ནར་རྟོག་པ་དེ་དག་གིས་རྒྱུར་བསྡུས་པའི་ཉོན་མོངས་པའི་བག་ལ་ཉལ་བརྒྱ་རྩ་བརྒྱད་སྤངས་པའི་མཐུས་ཐེག་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པའི་རིགས་ཐམས་ཅད་བྱང་སེམས་སྒོམ་ལམ་ལ་གནས་པ་ལ་རྟེན་ཏོ་ཞེས་བྱ་བར་བར་ཚིགས་གཉིས་དག་གིས་གསུངས་པ་ནིའོ། །གཉིས་པ་ནི། འབྲས་བུ་ཞེས་རྐང་པ་གཉིས་ཀྱིས་གང་ལ་དང༌། རྣམ་པ་ཀུན་ཞེས་སོགས་རྐང་པ་གཉིས་ཀྱིས་གང་རྟེན་པ་དང༌། རྒྱ་མཚོ་ཞེས་པས་དེའི་དཔེ་དང༌། རྐང་པ་དང་པོས་རྟེན་ནུས་པའི་རྒྱུ་མཚན་དང་གཉིས་པས་རྒྱུ་མཚན་གྱི་དཔེ་བསྟན་ཏོ། །དཔེར་ན་སྐྱེས་བུ་ལ་ལ་ཞིག་ལྗང་བུ་སྐྱེད་པར་འདོད་པ་ལ་སྐྱེས་བུ་དེས་ལྗང་བུ་དེའི་རྩ་བ་མ་དམིགས་ཡལ་ག་དང་སྡོང་པོ་དང་ལོ་མ་དང་མེ་རྟོག་དང་འབྲས་བུ་མ་དམིགས་པར་ལྗང་བུ་དེའི་སྡོང་བུ་སྐྱེད་དེ་དུས་དུས་སུ་ཆུ་བྲན་ཞིང་དེའི་སྡོང་བུ་དེ་རིམ་གྱིས་ཡལ་ག་ཕུན་སུམ་ཚོགས་པར་འགྱུར། །དེ་བཞིན་དུ་ལོ་མ་མེ་ཏོག་འབྲས་བུ་ལ་སྦྱར་བ་དང༌། དེ་ལྗང་བུ་དེའི་འདམ་མ་དང་མེ་ཏོག་དང་འབྲས་བུ་ལ་སྤྱོད་པ་དེ་བཞིན་དུ་བྱང་ཆེན་རྣམས་ཀྱང་སེམས་ཅན་རྣམས་ཀྱི་ཕྱིར་བླ་མེད་རྫོགས་བྱང་དུ་ཡང་དག་པར་འཇུག་སྟེ། དེ་དག་རིམ་གྱིས་ཕར་ཕྱིན་དྲུག་ལ་སྤྱོད་ཅིང་རྣམ་མཁྱེན་ཐོབ་པར་བྱེད་དེ་དེ་དག་ལོ་མ་དང་མེ་ཏོག་དང་
འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །ཞེས་སོ། །དེ་ཡང་ལོ་མ་ནི་སེམས་ཅན་ངན་སོང་ལས་འགྲོལ་བ་དང་མེ་ཏོག་ནི་ལྷ་མིར་སྐྱེ་བ་དང་འབྲས་བུ་ནི་འབྲས་བུ་ལྔ་དང་རྣམ་མཁྱེན་ཐོབ་པར་འགྱུར་བ་ལ་མདོ་ལས་སོ། །གསུམ་པ་ནི། རྟེན་པར་བྱེད་དོ། །གང་ལ་ན་བྱང་སེམས་སྒོམ་ལམ་ལ་གནས་པ་འབྲས་བུ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་དེ་དག་གིས་མཛེས་པར་གྱུར་པ་དེ་ལའོ། །འབྲས་བུ་དེ་གང་ན། །ཤེར་སྒྲོན་ལས། སྒོམ་པའི་ལམ་རབ་ཀྱི་མཐར་སོན་པའི་འབྲས་བུ་ཡང་དག་པར་མཛེས་པར་གྱུར་པ་ཞེས་སྒོམ་ལམ་ཆེན་པོའི་ཆེན་པོ་ལ་བཤད་དོ། །ཉི་སྣང་ལས་འབྲས་བུ་དུད་པ་ཉིད་ཀྱིས་དེའི་འབྲས་བུ་མཆོག་གིས་སྤ་བ་ཉིད་དང་ཞེས་པ་ལྟར་ན་ཤིང་ལྗོན་པ་གཞན་གྱིས་སྤྱད་བྱའི་འབྲས་བུའི་ཁུར་གྱིས་ནན་པ་ལྟར་བྱང་སེམས་དེ་སེམས་ཅན་རྣམས་ཀྱི་ཉེར་འཚོའི་རྒྱུ་འབྲས་བུ་ལྔ་གཞན་ལ་སྟེར་བའི་མཐུས་སྤ་བ་ལ་བྱའོ། །གང་ན་དུས་ཀྱི་རྣམ་པ་ཐམས་ཅད་དུ་འགྲོ་བའི་བདེ་བ་མངོན་མཐོ་ངེས་ལེགས་སྐྱེད་པར་མཁས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱིས་བསྡུས་པ་ཐམས་ཅད་དོ། །འགྲོ་བ་ལ་བདེ་བ་སྐྱེད་པའི་རྒྱུ་གང་ན་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོའི་གཞན་གྱི་དབང་དུ་གྱུར་པས་སོ། །ཇི་ལྟར་ན་ཡོན་ཏན་གྱི་རྣམ་པ་ཐམས་ཅད་འབད་རྩོལ་ཆེན་པོ་ལ་མ་ལྟོས་པར་མངོན་དུ་འོང་བའི་རྣམ་པས་སོ། །དཔེ་ཇི་ལྟ་བུ་ཞེ་ན། བ་ཚ་ཅན་
གྱི་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞི་འཁོར་བཅས་འབབ་པ་བཞིན་དུའོ། །དེ་ལྟར་རྟེན་ནུས་པའི་རྒྱུ་མཚན་ནི། སྒོམ་ལམ་རྩེ་མོ་ལ་རིང་དུ་གོམས་པར་བྱས་པས་སྒོམ་སྤང་རྣམ་རྟོག་གི་རིགས་བཞི་པོ་རྒྱུད་ལ་འཚེ་བར་བྱེད་པ་ཉིད་ཀྱིས་ན་ཡམས་ནད་དང་འདྲ་བར་གྱུར་པ་འདི་རྣམས་ཟད་པར་སྤངས་ནས་ཡོན་ཏན་དེ་དག་རྟེན་པ་ལ་གེགས་མེད་པས་སོ། །དེའི་དཔེ་ནི་ནད་པ་ཡུན་རིངས་ནད་ཀྱིས་གཟིར་བ་དེ་ལས་གྲོལ་བ་ན་དགའ་བས་དབུགས་ཕྱིན་ཏེ་ངལ་སོས་པ་ཐོབ་པ་བཞིན་དུའོ། །དེ་ལྟར་རྟེན་སྒོམ་ལམ་དང་རྣམ་རྟོག་སྤོང་བ་དང་ཡོན་ཏན་རྟེན་པའི་སྒོམ་ལམ་གསུམ་ལས་ཐ་མ་ནི་ས་བཅུ་པ་ལ་བཞག་སྟེ། སྒོམ་སྤང་རྟོག་པ་རྣམས་ཟད་པ་དང་ཐེག་པ་གསུམ་གྱི་ཡོན་ཏན་མཐའ་དག་རྟེན་པར་གསུངས་པ་དང་ས་དེར་འདའ་བྱ་ས་དགུ་ལས་འདས་པ་དང་སྒོམ་ལམ་ཆེན་པོའི་ཆེན་པོ་ཐོབ་པར་གསུངས་པའི་ཕྱིར་རོ། །ས་འདིར་སྒོམ་སྤང་གི་རྟོག་པ་བཞི་ཟད་པར་བསྟན་པ་ནི་རགས་པ་ལ་དགོངས་སོ། །བཞི་པ་ནི་རྩེ་སྦྱོར་གྱི་ཆོས་རྒྱས་པར་བཤད་པའི་བཞི་པ་བར་ཆད་མེད་པའི་རྩེ་སྦྱོར་བཤད་པ་སྟེ། འདིའི་ས་བཅད་སྤྲོ་ཞིང་དང་པོར་བར་ཆད་མེད་རྩེའི་ངོ་བོ་དང་རྒྱུ་བཤད་པ། བཞི་པ་ལ་གསུམ། བར་ཆད་མེད་རྩེའི་ངོ་བོ། རྒྱུ། སྤང་བྱའོ། །དང་པོ་ལ་གསུམ་ལས། དང་པོ་ནི། སྒོམ་རྩེའི་འོག་ཏུ་བར་ཆད་མེད་པའི་ཏིང་ངེ་འཛིན་གསུངས་ཏེ། །སྒོམ་ལམ་རྩེ་མོའི་རྗེས་ལ་བར་ཆད་མེད་པའི་ལམ་གྱི་རྩེ་མོ་སྐྱེ་བ་ཡིན་པས་སོ། །འདི་ནི་གཙོ་ཆེ་བས་ཡིན་ཏེ། གཞན་དུ་ན་བར་ཆད་མེད་རྩེ་སྒོམ་རྩེ་མ་ཡིན་པར་འགྱུར་རོ། །མདོ་འབྲེལ་ནི་ཡོན་ཏན་སྟོན་པའི་སྐབས་སུ་རང་གིས་སེམས་བསྐྱེད་ཅིང་གཞན་
ཡང་དེ་ལྟར་བྱེད་དུ་གཞུག་གོ་ཞེས་གསུངས་པ་ལ་འཕྲོས་ནས་སེམས་དང་པོ་བསྐྱེད་པའི་བསོད་ནམས་ཇི་ཙམ་འཕེལ་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ནི། བར་ཆད་མེད་པའི་ཏིང་ངེ་འཛིན་ནི་སངས་རྒྱས་ཉིད་འཐོབ་པ་ལ་ཆོས་གཞན་གྱིས་བར་ཆད་པ་མེད་པའི་ཏིང་ངེ་འཛིན་དེའོ། །ཏིང་ངེ་འཛིན་འདི་འབྲས་བུ་གང་གི་དེ་མ་ཐག་རྐྱེན་དུ་གྱུར་པའི་སངས་རྒྱས་དེ་གང་ན་སངས་རྒྱས་དེ་ནི་རྣམ་པ་ཀུན་མཁྱེན་ཉིད་དོ། །བྱང་སེམས་སེམས་དང་པོ་བསྐྱེད་པས་ཅི་ཡིད་ལ་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་མཁྱེན་ཉིད་ཡིད་ལ་བྱའོ་ཞེས་སྐབས་དེར་རྣམ་མཁྱེན་ཡིད་ལ་བྱ་བར་གསུངས་སོ། །ཏིང་ངེ་འཛིན་འདི་མདོ་ནས་ཇི་ལྟར་གསུངས་ན་བསོད་ནམས་མང་པོ་ཉིད་ཀྱིས་སོ། །དེ་ཡང་ཇི་ལྟར་གསུངས་ན་སྟོང་གསུམ་གྱི་སྐྱེ་བོ་ཐམས་ཅད་ཉན་ཐོས་དང་བསེ་རུ་རང་རྒྱལ་གྱི་རྟོགས་པ་ཕུན་ཚོགས་ཏེ་དེ་གཉིས་ཀྱི་ས་ལ་བཀོད་པའི་དགེ་བ་སྟེ་བསོད་ནམས་དཔེར་མཛད་ནས་དེ་ལས་སེམས་དང་པོ་བསྐྱེད་པ་བསོད་ནམས་མང་ཞིང༌། སྟོང་གསུམ་གྱི་སྐྱེ་བོ་ཐམས་ཅད་དཀར་པོ་རྣམ་མཐོང་རིགས་བརྒྱད་པ་མཐོང་བ་བསྲབས་པ་འདོད་ཆགས་དང་བྲལ་བ་བྱས་པ་རྟོགས་པ་རང་རྒྱལ་གྱི་ས་དང་བྱང་སེམས་ཀྱི་སྐྱོན་མེད་པ་ལ་བཀོད་པའི་དགེ་བ་དཔེར་མཛོད་ནས་དེ་བས་བྱང་ཆུབ་ཏུ་ཞུགས་པའི་བསོད་ནམས་མང་བར་བསྟན་པའི་སྒོ་ནས་མཚོན་ཏེ་གསུངས་
སོ། །བྱང་ཆུབ་ཏུ་ཞུགས་པ་གང་ཡིན་པ་ནི་ཉི་སྣང་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཞུགས་པ་ནི་འབྲས་བུ་བཞི་པ་ལ་ཞུགས་པའི་དོད་ཡིན་གྱི་བརྒྱད་པའི་དོད་ནི་མ་ཡིན་ནོ། །འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཞུགས་པ་རྣམས་དེ་བཞིན་གཤེགས་པའི་བསོད་ནམས་ཆེས་མང་བ་ཉིད་དུ་སྐྱེ་བ་ཉིད། བསྡུས་པ་ཞེས་བྱ་བས་དེ་མ་ཐག་ཏུ་དེ་བཞིན་གཤེགས་པ་ཁྱད་པར་དུ་བྱེད་པར་འགྱུར་རོ། །ཞེས་ཐེག་དམན་གྱི་དགྲ་བཅོམ་ཞུགས་པའི་དོད་ཡིན་གྱི་རྒྱུན་ཞུགས་ཞུགས་པའི་དོད་མིན་ཞེས་པ་ས་བཅུ་པ་ལ་དགོངས་པ་བླངས་ཤིང་དེའི་རྒྱུ་མཚན་དུ་མདོ་ལས་བྱང་སེམས་ཞུགས་པ་དེ་ལས་དེ་བཞིན་གཤེགས་པ་ཙམ་ཞིག་བསོད་ནམས་མང་བར་གསུངས་པ་ཤེས་བྱེད་དུ་འདྲེན་ཏེ། ས་དགུ་པ་མན་ཆད་ཡིན་ན་དེ་ལས་ཁྱད་པར་དུ་འཕགས་པའི་སེམས་དཔའ་ཡང་ཡོད་པས་སོ་སྙམ་དུ་དགོངས་སོ། །སེམས་དང་པོ་བསྐྱེད་པ་ནི། ཚོགས་ལམ་པ་དང་སྐྱོན་མེད་པ་ས་དང་པོ་ནས་བདུན་པའི་བར་ལ་བོད་རྣམས་འཆད་ཅིང་ཕྱི་མ་ནི་རྟོགས་དཀར་ས་དང་པོ་ལ་བཤད་དོ། །གསུམ་པ་ནི། གང་ཟག་འགའ་ཞིག་གིས་ནས་བསོད་ནམས་མང་བ་ཉིད་དུ་བསྟན་པའི་སྒོ་ནས་སངས་རྒྱས་ཉིད་འཐོབ་པའི་བར་ཆད་མེད་པའི་རྒྱུར་དོན་གྱིས་བསྟན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་རྩེ་མོ་འདིར་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །སངས་རྒྱས་དེ་གང་ན། རྣམ་མཁྱེན་གང་ཡིན་པ་དེ་སངས་རྒྱས་ཡིན་པས་ས་
བཅུ་པ་ལ་དེར་བཏགས་པ་ལྟ་བུ་ནི་མིན་ནོ། །རྟོགས་དཀར་ཏིང་ངེ་འཛིན་དེ་རྣམ་མཁྱེན་གྱི་ཉེར་ལེན་ཡིན་པས་དེ་ལ་དེས་བཏགས་པར་འཆད་པ་ནི་འཁྲུལ་པའོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། ཏིང་ངེ་འཛིན་དེའི་དམིགས་པའི་ཡུལ་དང་སོགས་པས་བདག་པོ་དང་རྣམ་པ་རྣམས་ཇི་ལྟ་བུ་ཡིན་ཞེ་ན་བར་ཚིགས་གཅིག་གིས་དམིགས་པ་སོགས་གསུངས་པ་ནིའོ། །གཉིས་པ་ནི། བདེན་དངོས་མེད་པའི་མ་ཡིན་དགག་རྟེན་འབྲེལ་རྒྱུ་མ་ལྟ་བུ་དེ་རྣམ་མཁྱེན་འདིའི་དམིགས་པའི་རྐྱེན་ཏེ་དེ་ལ་དམིགས་པས་འདི་སྐྱེ་བས་སོ། །གདོད་མ་ནས་སྤྲོས་པ་ཉེ་བར་ཞི་བ་ཉིད་ནི་རྣམ་མཁྱེན་འདིའི་རྣམ་པ་སྟེ་དེས་ཡུལ་དེ་རྟོགས་ཚུལ་ཡིན་པས་སོ། །ས་དགུ་པ་ཕྱིན་ཆད་དུ་སྤྲོས་བྲལ་གྱི་སྟོང་ཉིད་གཞན་དོན་དུ་རྣམ་མཁྱེན་ཡིད་བྱེད་ཀྱི་དམིགས་རྣམ་མ་བརྗེད་པར་ཡིད་ལ་བྱས་པའི་དྲན་པའི་རྒྱུན་ནི་རྣམ་མཁྱེན་འདིའི་བདག་རྐྱེན་ཏེ། དམིགས་པ་དེ་ལ་བློའི་རྣམ་པ་དེ་ཉེ་བར་གཏོད་བྱེད་ཡིན་པའི་ཕྱིར་ཏེ། རབ་འབྱོར་རྣམ་མཁྱེན་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པ་བདག་པོ་ནི་དྲན་པ་རྣམ་པ་ནི་ཞི་བ་མཚན་ཉིད་ནི་མཚན་ཉིད་མེད་པ་ཡིན་ཏེ། ཞེས་སོ། །མདོ་ཚིག་ཕྱི་མ་འདིས་ཞི་བ་ལ་རྣམ་པར་བཤད་པ་གཉེན་པོས་གསར་དུ་བཀག་པ་ཡིན་ནམ་སྙམ་པ་བཟློག་ནས་གདོད་མ་ནས་ཞི་བར་བསྟན་པའི་ཕྱིར་ཡིན་པར་ཉི་སྣང་ལས་སོ། །དེ་ལྟར་ཉི་སྣང་དང་ལེ་བརྒྱད་མ་དག་ལྡན་རྣམས་སུ་རྣམ་མཁྱེན་དང་འགྲེལ་པ་ཆེ་ཆུང་གཉིས་དང་
སྙིང་མཆོག་སོགས་སུ་བར་རྩེའི་དམིགས་པ་སོགས་ཡིན་པར་གསུངས་པ་ནི་མི་འགལ་ཏེ། དེ་གཉིས་ཀ་ཡང་དམིགས་རྣམ་རྗེས་སུ་མཐུན་པས་ཕན་ཚུན་མཚོན་པའི་ཆེད་དོ། །འདིར་དམིགས་རྣམ་དང་བདག་རྐྱེན་བཤད་པའི་རྒྱུ་མཚན་སྤྱིར་སེམས་སེམས་བྱུང་རྣམས་རྐྱེན་བཞི་ལས་སྐྱེ་ལ་བར་རྩེ་ཡང་དེའི་རང་བཞིན་ཡིན་པས་རྐྱེན་གསུངས་སོ་ཞེས་བྱང་ཡེ་འཆད་པ་ནི་མི་འཐད་དེ། དེ་ལྟར་ན་ལམ་ཐམས་ཅད་ལ་དེ་ལྟར་ཐལ་བའི་ཕྱིར་རོ། །དེས་ན་གོང་དུ་བར་རྩེ་རྣམ་མཁྱེན་གྱི་བར་ཆད་མེད་པའི་རྒྱུར་བཤད་པ་ན་དེའི་དེ་མ་ཐག་རྐྱེན་དུ་བསྟན་པ་དེ་ལ་འཕྲོས་ནས་དེའི་དམིགས་རྐྱེན་སོགས་ཀྱང་བསྟན་པ་སྟེ། འདིས་ནི་རྣམ་མཁྱེན་གྱི་མཐུན་རྐྱེན་ཚང་བ་དང་ལོག་རྟོག་གིས་ནི་བར་རྩེའི་སྐབས་སུ་འགལ་རྐྱེན་ཐམས་ཅད་དང་བྲལ་བར་བསྟན་པས་བར་རྩེ་རྣམ་མཁྱེན་གྱི་བར་ཆད་མེད་པའི་རྒྱུ་ཉིད་དུ་སྒྲུབ་པའི་ཕྱིར་ཡིན་ནོ། །འདི་ནི་ཆོས་ཀྱི་རྒྱལ་པོ་རྔོག་གི་ཡང་བཞེད་པར་འགྱུར་རོ། །གསུམ་པ་ནི། བར་ཆད་མེད་པའི་ཏིང་ངེ་འཛིན་འདིའི་དམིགས་པའི་རྐྱེན་འདིས་ཆོས་ཐམས་ཅད་དངོས་པོ་མེད་པར་དམིགས་པ་ཡིན་ལ་དེའི་ཕྱིར་དངོས་པོ་མེད་པ་དེ་ཉིད་ཡིན་ནོ། །ཅི་དངོས་པོ་མེད་པ་ཞེས་པ་རི་བོང་གི་རྭ་ལྟར་གཏན་མེད་དམ། འོན་ཏེ་རང་བཞིན་གྱིས་འོད་གསལ་བ་ཡིན། དང་པོ་ལྟར་ན། མེད་པ་ནི་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་དམིགས་རྐྱེན་དུ་ཇི་ལྟར་རུང༌། གཉིས་པ་ལྟར་ན། དེ་ཉིད་དངོས་པོ་མ་ཡིན་ནམ་ཇི་ལྟར་ན་དངོས་པོ་མེད་པར་དམིགས་ཤེ་
ན། ཕྱོགས་གཉིས་པ་ལྟར་ཡིན་ལ་འོན་ཀྱང་དངོས་པོར་ནི་མི་འགྱུར་ཏེ། བྱིས་པ་རྣམས་ལ་ཐ་སྙད་དུ་རང་བཞིན་གྱིས་འོད་གསལ་བ་ཞེས་བརྗོད་པ་ཙམ་དུ་བས་ཀྱི་འདིའི་རང་བཞིན་དངོས་པོ་ཡོད་མེད་སོགས་གང་དུ་ཡང་བརྗོད་པར་མི་ནུས་པས་འཕགས་པའི་རང་རིག་གི་སྤྱོད་ཡུལ་ལོ་ཞེས་བསྒྲགས་པའོ། །འདི་ལ་དམིགས་པས་མི་རྟོག་ཡེ་ཤེས་སྐྱེ་བས་དམིགས་རྐྱེན་དུ་བཞག་གོ །དེའི་བདག་པོའི་རྐྱེན་ནི་ས་རབ་ཏུ་དགའ་བར་བདེན་གཉིས་དབྱེར་མེད་པར་རྟོགས་པའི་ཡེ་ཤེས་ཡང་ཡང་དུ་འདྲིས་པར་བྱས་པའི་དངོས་པོ་མ་བརྗེད་པའི་དྲན་པ་ཡིན་ཏེ། འདི་དེ་ལ་ལྷག་པར་དབང་སྒྱུར་བའི་སྒོ་ནས་སྐྱེད་པས་སོ། །དེའི་རྣམ་པ་ནི་ཁ་ཅིག་ཏུ་རང་བཞིན་གཅིག་ཉིད་ཐ་དད་པར་སྣང་བ་ལ་བྱ་སྟེ་དཔེར་ན་མེའི་རྣམ་པ་གང་ཞེ་ན། ཟླུམ་པོ་དང་གྲུ་བཞི་དང་འཕྲོ་བ་དང་འཁྱིལ་བ་ལ་སོགས་པའོ་ཞེས་པ་ལྟ་བུའོ། །ཁ་ཅིག་ཏུ་ནི་རང་གི་རང་བཞིན་ལ་ཟེར་ཏེ་རྣམ་པ་དམན་པ་ལ་སོགས་པའོ། །དེ་དག་ལས་འདིར་ནི་རང་བཞིན་ལ་གཟུང་སྟེ་རང་བཞིན་གྱིས་ངོ་བོ་དང་རྗེས་སུ་དྲན་པ་དང་ངེས་རྟོག་གི་རྣམ་རྟོག་རྣམས་ཞི་བ་ཉིད་ཡིན་ནོ་ཞེས་ཚིག་གསལ་ལས་འཆད་དོ། །རྒྱུའི་རྐྱེན་ནི་ཀུན་གཞི་ལ་ཡོད་པའི་རྣམ་བྱང་གི་ས་བོན་དང༌། དེ་མ་ཐག་རྐྱེན་ནི་སྔ་ལོགས་ཀྱི་རིག་པའོ། །གསུམ་པ་ནི་བར་ཆད་མེད་རྩེ་བཤད་པའི་གསུམ་པ་སྤང་བྱ་སྟེ། འདིར་བསྟན་བསལ་བྱ་ལོག་སྒྲིབ་ཤད་པའི་ས་བཅད་སྤྲོ་ཞིང་དང་པོར་མདོར་བསྟན་གྱི་སྐོར་བཤད་པ། གསུམ་པ་ལ་གཉིས། མདོར་བསྟན། རྒྱས་པར་བཤད་པའོ། དང་པོ་ལ་གཉིས་ལས། དང་པོ་ནི། རྒོལ་ལོ། །གང་ལ་ན། དག་སྙིང་ཟླ་
འོད་རྣམས་སུ་རྣམ་མཁྱེན་འདི་ལ་ཞེས་ཟེར་ཡང་སྔར་བཤད་པའི་དམིགས་རྣམ་འདི་ལ་ནིའོ། །གང་གིས་ན། ཀླན་ཀ་རབ་ཏུ་སྨྲ་བ་རྣམས་ཀྱིས་སོ། །ཇི་ལྟར་ན་གཅིག་ནས་གཅིག་ཏུ་བརྒྱུད་མར་ངག་གི་བརྗོད་པའི་ལམ་མཐའ་ཐུག་པ་མེད་པར་རོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན། དེས་ཟབ་པར་འཕངས་པའོ། །དང་པོ་ནི། གསལ་བར་བྱའོ། །གང་ན། རྒོལ་བ་དེ་དག་གོ། ཇི་ལྟ་བུ་ན། རྩོད་པ་རབ་ཏུ་སྨྲ་བ་བདེན་གཉིས་མི་འགལ་བའི་ཐབས་མཁས་པ་བློས་མ་རྟོགས་པ་རྣམས་ཀྱི་ཀླན་ཀའི་རྒོལ་བའམ་རྩོད་པ་བརྒྱུད་མར་འབྱུང་བའོ། །གང་གིས་ན། བདེན་གཉིས་དབྱེར་མེད་རྟོགས་ཤིང་འཇིག་རྟེན་སྒྲོལ་བའི་ཐབས་ལ་མཁས་པས་སོ། །གང་ལ་འབྱུང་ན། བར་རྩེའི་དམིགས་རྣམ་གྱི་གནས་འདི་ལ་ནིའོ། །འབྱུང་བའི་རྒྱུ་མཚན་ནི། རྒོལ་བ་དེ་དག་གིས་དམིགས་རྣམ་དེའི་གཏིང་དཔག་པར་དཀའ་བའི་ཕྱིར་ཏེ། འདི་ལྟར་གལ་ཏེ་རྟོག་པ་ཐམས་ཅད་ཞི་ན་སྣང་མེད་ཀྱི་ཡེ་ཤེས་ཙམ་དུ་འགྱུར་ཞིང་དེ་ལྟ་ན་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །འོན་ཏེ་མ་ཞི་ན་དངོས་པོར་འཛིན་པ་དང་མ་བྲལ་བས་འདིས་དེ་མ་ཐག་ཏུ་སངས་རྒྱས་ག་ལ་སྐྱེད་སྙམ་ནས་བདེན་གཉིས་བློ་ངོར་འགལ་བར་འགྱུར་བས་སོ། །གཉིས་པ་ནི། དམིགས་རྣམ་གྱི་ཚུལ་དེ་ལ་ཀླན་ཀ་བརྒྱུད་མར་འབྱུང་ངོ་ཞེས་བསྟན་པ་འདིས་ནི་བར་རྩེའི་དམིགས་རྣམ་འདིའི་སྐྱོན་བརྗོད་པ་མིན་གྱི་རྟོགས་དཀའ་བའི་རྒྱུ་མཚན་གྱིས་རྩོད་པ་དེ་དག་བྱུང་ངོ་ཞེས་དེའི་ཟབ་པ་ཉིད་ཟུར་
གྱིས་བསྙད་པར་བྱའོ་སྙམ་དུ་རྗེ་བཙུན་ཀྱིས་དགོངས་པ་སྟེ་ཐུགས་ལ་བཞག་ནས་འདིས་ནི་ཞེས་སོགས་གསུངས་པ་ཡིན་ནོ། །མདོ་ལས་རབ་འབྱོར་གྱི་ཚིག་གིས་ཀླན་ཀ་དང་སྟོན་པའི་ཚིག་གིས་ལན་བསྟན་པ་འདིས་ནི་ཞེས་གསུངས་ཡང་མི་འབྲེལ་ལོ། །རྩ་བ་འདི་ལོག་རྟོག་མདོར་བསྟན་དུ་འཕགས་པ་དང་ཤཱནྟི་པ་འཆད་པ་ལྟར་སློབ་དཔོན་འདིས་ཀྱང་དགོངས་མོད་འོན་ཀྱང་ཚིག་ཚོགས་སྐྱུང་བའི་དོན་དུ་དམིགས་རྣམ་གྱི་གཞུང་དང་འཇུག་པ་གཅིག་ཏུ་མཛད་དོ། །གཉིས་པ་ནི་སྤང་བྱ་བཤད་པའི་གཉིས་པ་རྒྱས་བཤད་དེ། འདིའི་ས་བཅད་སྤྲོ་ཞིང་དང་པོར་མཚམས་སྦྱར་དང་རྩ་བའི་དོན་བཤད་པ། གཉིས་པ་ལ་གསུམ་ལས། དང་པོ་ནི། བར་རྩེའི་ཏིང་ངེ་འཛིན་གྱི་འོག་ཏུ་ལོག་པར་རྟོག་པ་གསུངས་ཏེ། བཤེས་སྤྲིངས་ལས། དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང༌། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད།། ཅེས་པ་ལྟར་བདེན་གཉིས་ཚུལ་བཞིན་འབྱེད་པའི་བློ་ཤེས་རབ་ཀྱི་ནོར་ཅན་བྱང་སེམས་རྣམས་ཀྱི་ལོག་པར་རྟོག་པ་ཇི་ལྟ་བུ་ཞིག་བསལ་བས་ཏིང་ངེ་འཛིན་དེ་བསྐྱེད་བར་བྱ་ཞེ་ན་དེའི་ལན་དུ་བསྟན་དགོས་པས་སོ། །གཉིས་པ་ནི། ཟབ་མོའི་དོན་ལ་རྩོད་པ་རབ་ཏུ་སྨྲ་བ་རྣམས་ཀྱི་ལོག་པར་རྟོག་པ་རྣམ་མཁྱེན་གྱི་རྟེན་ཅན་ཏེ་ཡུལ་ཅན་དེ་ལ་ནི་གྲངས་རྣམ་པ་བཅུ་དྲུག་ཏུ་མདོ་ལས་བཞེད་དོ། །དམིགས་པ་འཐད་པ་སོགས་བཅུ་དྲུག་ཡུལ་མ་ཡིན་ནམ་ཇི་ལྟར་རྣམ་མཁྱེན་ཡུལ་ཡིན་ཞེ་ན། སྙིང་མཆོག་ཏུ་
དམིགས་པ་ལ་སོགས་པ་ནི་དེ་དག་གི་ཡུལ་ལོ། །ཡུལ་དང་འབྲེལ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡུལ་དུ་ཉེ་བར་གདགས་ཏེ། དཔེར་ན་རྒྱལ་པོའི་བུས་ཉེས་པ་བྱས་ན་རྒྱལ་པོས་ཉེས་པ་བྱས་པར་འགྱུར་བ་ལྟ་བུའོ་ཞེས་པ་ལྟར་ཡིན་ནོ། །ཡུལ་གང་ལ་ལོག་པར་རྟོག་ན་དམིགས་པ་སོགས་ཐམས་ཅད་ཀྱི་མཐར་ལ་སྦྱར་བ་བཅུ་དྲུག་ལའོ། །བཅུ་དྲུག་ཏུ་ཇི་ལྟར་བྱེད་ན་འགྲེལ་པ་གཞན་རྣམས་སུ་གྲངས་གསལ་བར་བྱས་པ་མེད་ལ་གྲགས་ཆར་བདེན་གཉིས་སོ་སོར་བྱས་ནས་བཅུ་དྲུག་བྱེད་ཀྱང་རྒྱན་སྣང་དུ་སྤང་གཉེན་གཉིས་སོ་སོར་མཛད་པ་ཉིད་རྩ་བའི་དགོངས་པའོ། །གསུམ་པ་ནི་རྒྱས་བཤད་ཀྱི་གསུམ་པ་འགྲེེལ་བས་བཤད་པ་སྟེ། འདིའི་ས་བཅད་སྤྲོ་ཞིང་དང་པོར་བསལ་བྱ་རྣམ་རྟོག་བཤད་པ། གསུམ་པ་ལ་གསུམ། བསལ་བྱ་རྣམ་རྟོག། སེལ་བྱེད་ཀྱི་ལན། བསལ་ནས་ཏིང་ངེ་འཛིན་སྐྱེད་ཚུལ་ལོ། །དང་པོ་ནི། རྣམ་མཁྱེན་དངོས་སམ་དེའི་རྒྱུ་བར་རྩེའི་རྟེན་ཅན་དེ་ཡུལ་ཅན་གྱི་ལོག་པར་རྟོག་པ་ནི་དབྱེ་གཞི། དབྱེ་ངོ་ནི་རྣམ་པ་བཅུ་དྲུག་གོ །འབྱེད་པའི་རྒྱུ་མཚན་ནི་སྔར་ཇི་སྐད་བཤད་པའི་ཡུལ་བཅུ་དྲུག་གི་ཡུལ་ཅན་ཉིད་ཀྱིས་ནའོ། །བཅུ་དྲུག་པོ་དེ་གང་ན། དང་པོ་ལ་བཞི། ཡུལ་གང་ལ་རྟོག་པ། ཚུལ་ཇི་ལྟར་རྟོག་པ། དེ་ལྟར་རྟོག་པའི་རྒྱུ་མཚན། ལོག་པར་རྟོག་མཁན་གྱི་གང་ཟག་གོ། དང་པོ་ནི། བར་རྩེའི་དམིགས་པ་འཐད་པ་སྟེ་དེའི་རྣམ་གཞག་བྱས་པ་ལའོ། །གཉིས་པ་ནི་དམིགས་པ་རྣམ་པར་བཞག་པ་དེ་མི་འཐད་པ་ཉིད་དོ་ཞེས་སེམས་པ་སྟེ་ངོ་བོ་ནི་ཐེ་ཚོམ་མོ། །འོ་ན་ལོག་ཤེས་སུ་འགལ་སྙམ་ན་གཞན་གྱི་ཁས་བླངས་འགལ་བས་མི་འཐད་སྙམ་པ་ཙམ་མ་
གཏོགས་པ་རང་གིས་མཐའ་གཅིག་ཏུ་མ་ངེས་པ་ཉིད་ཀྱིས་ན་ཐེ་ཚོམ་སྟེ་བལྟོས་ས་ཐ་དད་ལ་ལྟོས་ནས་བློ་གཉིས་སུ་འགྱུར་རོ། །ཡང་ན་ཚད་མའི་སྟོབས་ཀྱིས་ངེས་པ་མ་རྙེད་པས་ཕུགས་ཐེ་ཚོམ་ལས་མི་འདའ་བ་ལ་དགོངས་སོ། །གསུམ་པ་ནི་ཡུལ་ཡིན་ན་དེ་གཉིས་སུ་གྲུབ་དགོས་ན་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱང་དངོས་པོ་མེད་པའོ་ཞེས་འདུས་མ་བྱས་ཀྱི་ཁམས་དག་དངོས་པོ་མེད་པར་བཤད་པ་ཉིད་ཀྱིས་ན་དམིགས་པ་འཐད་པ་མི་རུང་ལ་དེ་འཐད་ན་ཡུལ་མེད་པ་མི་རུང་ངོ་ཞེས་ཕན་ཚུན་འགལ་བའི་དོན་སྒྲུབ་པ་སྟེ་འགལ་བ་ཁས་བླངས་པ་ལྟར་བློ་ངོར་སྣང་བ་རྒྱུ་མཚན་དུ་བྱས་ནས་སོ། །བཞི་པ་ནི། བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་བདེན་གཉིས་སུ་ཡོད་མེད་མི་འགལ་བའི་ཚུལ་མི་ཤེས་པའི་སྒོ་ནས་རྩོད་པ་རབ་ཏུ་སྨྲ་བ་ཉིད་ཀྱི་སྐྱེ་བོ་ཐམས་ཅད་ཀྱིས་ལོག་པར་རྟོགས་སོ། །འདི་མི་འགལ་བ་ནི། ཡུལ་གཉིས་མེད་པར་བསྟན་པ་དོན་དམ་དང་དམིགས་པ་འཐད་པ་ཀུན་རྫོབ་ཏུ་ཡིན་པས་ན་དོན་དམ་དུ་དམིགས་པ་འཐད་པ་དང་ཀུན་རྫོབ་ཏུ་ཡུལ་མེད་པར་མི་འཐད་པའི་ཕྱིར་རོ། །མི་འགལ་ཚུལ་ནི། དམིགས་བསལ་མེད་པ་ཐམས་ཅད་དུ་ཤེས་པར་བྱའོ། །རྟོགས་དཀར་མངོན་རྟོགས་བརྒྱད་སེམས་མི་འགོང་བ་སོགས་ཀྱི་ཐབས་མི་ཤེས་པའི་རབ་ཏུ་སྨྲ་བ་སྟེ། བསྟན་བཅོས་ཤེས་པ་དང་དེ་ལས་གཞན་པའི་རྒོལ་བ་བྱེད་འདོད་ཀྱི་མཁས་པ་ཆེན་པོ་རྣམས་དང་ལྷ་ཆེན་པོ་དང་ཁྱབ་
འཇུག་ལ་སོགས་པ་དང་དེ་ལས་གཞན་པ་ཐམས་ཅད་ཀྱི་ཞེས་འཆད་དེ་མི་འགྲིག་གོ །དེ་བཞིན་དུ་ཚིག་གསལ་ལས་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཐ་དད་པའི་དངོས་པོ་མེད་པ་ཉིད་ཀྱིས་བདེན་པ་གཉིས་ཅིག་ཅར་དམིགས་པ་འཐད་པ་དང་ཞེས་ཚིག་རྣམ་པར་སྦྱར་ཏེ་དེ་ལ་སོགས་པས་ནི་བདེན་པ་རེ་རེ་ཞིང་གཟུང་བས་འགལ་བར་འདོད་པ་རྣམས་སེལ་ཏེ་གོ་སླའོ་ཞེས་འཆད་པ་ཡང་དོན་མ་ཡིན་ཏེ། འགྲེལ་པར་བཀོད་པ་འདི་དག་ལོག་རྟོག་གི་ཡུལ་བཅུ་དྲུག་དང་རྒྱུ་མཚན་བཅུ་དྲུག་ཡིན་པས་སོ། །ལོག་པར་རྟོག་མཁན་དང་རྟོག་ཚུལ་དང་རྒྱུ་མཚན་གྱི་མཇུག་ནི་སྐབས་དང་བསྟུན་ནས་འདི་ཁོ་ན་བཞིན་ཐམས་ཅད་ལ་སྦྱར་རོ། །གཉིས་པ་ནི། གང་ལ་ན། བར་རྩེའི་དམིགས་པ་དེའི་ནི་ངོ་བོ་ཉིད་ངེས་པར་གཟུང་བ་སྟེ་དེ་རྟོགས་པའི་ཚུལ་ལའོ། །རྒྱུ་མཚན་ནི། རྟོགས་ཚུལ་ཡོད་ན་རྟོགས་བྱའི་རང་བཞིན་ཡོད་དགོས་ན་ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རིག་པར་བྱའོ། །ཞེས་ཆོས་ཀྱི་རྣམ་པ་ཐམས་ཅད་དུ་སྟེ་ཐམས་ཅད་ལ་རང་བཞིན་མེད་པར་བཤད་པའི་ཕྱིར་ན་སོགས་སོ། །གསུམ་པ་ནི། གང་ལ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལའོ། །རྒྱུ་མཚན་ནི། ཀུན་མཁྱེན་ཡོད་ན་ཡུལ་གཉིས་ཡོད་དགོས་ན་དེས་སངས་རྒྱས་ཀྱི་སྤྱན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་རྣམ་པར་བལྟས་པ་ན་དངོས་པོ་མེད་པར་ཡང་མི་དམིགས་ན་དངོས་པོ་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་དངོས་པོ་དངོས་མེད་མི་དམིགས་པར་བཤད་པའི་ཕྱིར་ན་
སོགས་སོ། །བཞི་པ་ནི། གང་ལ་ན། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་ཕྱེ་བ་ལའོ། །རྒྱུ་མཚན་ནི། གཉིས་སུ་ཡོད་ན་དབྱེར་ཡོད་དགོས་ན། འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཡིན་ཞེས་དེ་བཞིན་ཉིད་དང་སྤྲོས་བྲལ་གྱི་ངོ་བོར་དབྱེར་མེད་པ་ཉིད་ཀྱིས་ན། སོགས་སོ། །འདིར་བསལ་བྱ་རྣམ་རྟོག་གམ་ལོག་སྒྲིབ་བཞི་བ་ལས་འཕྲོས་ཏེ་བདེན་གཉིས་ཀྱི་སྐོར་ལ་མཐའ་དཔྱད་པ། འདིར་བདེན་གཉིས་ཀྱི་མཐའ་ཅུང་ཟད་དཔྱད་པ་ལ་གཉིས། བདེན་གཉིས་གཏན་ལ་དབབ་དགོས་པ་དང༌། གཏན་ལ་དབབ་བྱ་བདེན་གཉིས་ཀྱི་རང་བཞིན་ནོ། དང་པོ་ནི། རྒྱལ་བ་རྣམས་ཀྱིས་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་ནི་བདེན་གཉིས་ལས་བརྩམས་པ་འབའ་ཞིག་ཡིན་ཏེ། ཡབ་སྲས་མཇལ་བ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་བར། །བདེན་པ་འདི་གཉིས་ཉིད་ཀྱིས་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་དང༌། དབུ་མའི་རྩ་བ་ལས་ཀྱང༌། སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པ། །བདེན་པ་གཉིས་ལ་ཡང་དག་བསྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་དང༌། བདེན་གཉིས་ལས། །བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བར་འགྱུར། །ཞེས་སོ།། གདུལ་བྱ་མྱང་འདས་སུ་བཀྲི་བའི་ཐབས་ཀྱང་འདི་ཉིད་དེ། དབུ་མའི་རྩ་བ་
ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་དང་དབུ་མ་སྙིང་པོར། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འཛེག་པར་འགྱུར་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་སོ། །དེའི་ཕྱིར་རྟོགས་པ་དང་ལྡན་པ་རྣམས་ཀྱིས་འདི་གཉིས་ནི་བསམ་པར་བྱ་བ་ཁོ་ནའོ། །གཉིས་པ་ལ་གཉིས། བདེན་གཉིས་སྤྱིར་དང༌། སོ་སོར་བསྟན་པའོ། །དང་པོ་ནི། བདེན་གཉིས་ལ་རང་གི་ངོ་བོས་བྱས་པའི་དབྱེ་བ་ནི་མེད་དེ། གཞན་དུ་ངོ་བོ་གཅིག་ཏུ་གྲུབ་ན་དོན་དམ་པ་ཡང་རྟོག་པས་ཀུན་བཏགས་པའི་བཅོས་མ་ཙམ་དུ་དང༌། དོན་དམ་པ་བཞིན་དུ་ཀུན་རྫོབ་ཀྱང་བློས་མ་བརྟགས་པའི་གཤིས་མ་བཅོས་པར་འགྱུར་བ་དང༌། ལུས་ཅན་ཐམས་ཅད་ཀྱང་དོན་དམ་པར་རྟོགས་པའི་ཕྱིར་འབད་མེད་དུ་གྲོལ་བར་འགྱུར་རོ། །དེ་ལྟར་ཡང་དབུ་མའི་རྩ་བ་ལས། རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང་འཕགས་པ་དེ་ཁོ་ན་ཉིད་བསྟན་པའི་ཏིང་ངེ་འཛིན་ལས། ཀུན་རྫོབ་དེ་ལ་དོན་དམ་དུ་སྨྲ་བ། །དེ་དག་ནོར་བའི་བློ་ལྡན་ཤེས་པར་བྱ། །ཞེས་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་
ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་སོ། །ངོ་བོ་ཐ་དད་དུ་གྲུབ་ན་སྣང་མུན་བཞིན་ཀུན་རྫོབ་ཀྱི་རང་བཞིན་མ་ཡིན་པ་དང༌། ཐག་པ་ལ་སྦྲུལ་དུ་འཁྲུལ་པས་སྐྲག་པ་ལ་གླང་པོ་མེད་པར་མཐོང་བ་གཉེན་པོར་འདོད་པ་ལྟར་དོན་དམ་རྟོགས་པས་ཀུན་རྫོབ་ལ་ཞེན་པའི་དྲི་མ་མི་སེལ་བར་ཐལ་བ་སོགས་མཐའ་ཡས་སོ། །རྒྱལ་བའི་ཡུམ་ལས་ཀྱང༌། འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ལ་དོན་དམ་པ་ཡང་གཞན་ཞེས་བྱ་བ་ནི་མེད་ཀྱི། ཞེས་དང་ཀུན་བྱང་གི་འགྲེས་རྣམས་སུ་ཆོས་དེ་དག་དེ་བཞིན་ཉིད་དེ་དག་ལས་གཞན་དང་དེ་ཉིད་ལན་ཅིག་མ་ཡིན་པར་བཀའ་སྩལ་པ་རྣམས་སོ། །གལ་ཏེ་གཅིག་ཐ་དད་དུ་མ་གྲུབ་ན་བདེན་གཉིས་མེད་པར་ཐལ་ཞེ་ན། བདེན་གཉིས་ཀྱི་ངོ་བོ་གཅིག་ཐ་དད་གཉིས་མ་གྲུབ་པར་ཐལ་བ་ནི་འདོད་པ་ཡིན་ནོ། །འོན་ཀྱང་གཅིག་པ་བཀག་པའི་ཐ་དད་པ་ཙམ་དུ་འདོད་དེ་དངོས་པོ་དང་དངོས་མེད་བཞིན་ནོ། །བདེན་གཉིས་ཀྱི་རྣམ་གཞག་ཐ་དད་པར་མི་བྱེད་པར་ཐལ་བ་ལ་ནི་ཁྱབ་པ་མེད་དེ། སྤྲོས་བྲལ་གྱི་རྣམ་པ་ལ་དོན་དམ་དུ་བཏགས་ནས་རྣམ་གཞག་བྱེད་དེ། རྟོག་པས་སྣང་བ་དང་བརྟག་པར་བྱ་བའི་དོན་གཉིས་གཅིག་ཏུ་བསྲེས་ནས་རང་མཚན་ལ་བརྡ་བྱེད་པ་བཞིན་ནོ། །མདོ་ལས་ཀྱང༌། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང༌། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །དེ་ཉིད་ཉན་ཅིང་སྟོན་པར་འདོད། །ཅེས་སོ། །གཞན་ཡང་ལུང་
ལས་ནི་བདེན་གཉིས་གཅིག་ཐ་དད་གང་ཡང་མ་ཡིན་པར་དུ་མ་ཞིག་གསུངས་པས་ལུང་གི་གནོད་པ་ནི་མེད་ལ། ངོ་བོ་གཅིག་ཐ་དད་གཉིས་ཀ་ལ་རིགས་པས་གནོད་པ་དང་བདེན་པ་གཉིས་ཀ་ངོ་བོ་གྲུབ་པར་ཡང་འདོད་པས་ཁྱེད་ཁོ་ན་ལ་ཁྱེད་རང་གིས་བཀོད་པའི་སྐྱོན་དེར་འགྱུར་རོ། །དེས་ན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའོ་ཞེས་ཟེར་བ་ཡང་མི་འཐད་ཅིང༌། སེམས་འགྲེལ་ལས། བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །སྟོང་པ་ཉིད་ཀྱང་ཀུན་རྫོབ་སྟེ། །ཀུན་རྫོབ་ཀྱང་ནི་སྟོང་པར་བཤད། ཅེས་པ་ཡང་དེའི་ཁུངས་མ་ཡིན་ཏེ་དེས་བདེན་པ་གཅིག་མེད་པར་ཅིག་ཤོས་མེད་པའི་དཔེར་བྱས་མི་རྟག་བླངས་པས་འདི་ཡང་དེ་ཉིད་དང་གཞན་དུ་མེད་པའི་རིགས་པའོ། །དེ་ལྟར་ན་བདག་ལེགས་སུ་འདོད་པ་དག་གིས་ནི་དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ནི། །གཅིག་དང་དུ་མ་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་བཅོམ་ལྡན་འདས་ཉིད་ཀྱིས་སྨད་པའི་གཅིག་ཐ་དད་ཀྱི་ལྟ་ངན་དོར་བར་བྱའོ། །འོ་ན་བདེན་པ་གཉིས་སུ་ཇི་ལྟར་འབྱེད་ན་སྐྱེ་འགག་ཀུན་བྱང་དགག་སྒྲུབ་སོགས་མཚན་ཉིད་མི་འདྲ་བ་དུ་མར་བློ་ལ་སྣང་ཞིང་ཐ་སྙད་པའི་བློ་ངོ་དེར་རིགས་པའི་གནོད་པ་མེད་པའི་སྣང་བའི་ཆ་ཇི་སྙེད་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ་ཀུན་རྫོབ་དེ་ཉིད་དཔྱད་ན་སྣང་མི་སྣང་སྐྱེ་མི་སྐྱེ་བདག་ཡོད་མེད་ལ་སོགས་པའི་སྤྲོས་པའི་དྲ་བ་མ་ལུས་
པས་དབེན་པ་ལ་དོན་དམ་པ་ཞེས་གཞན་ཡང་དག་པའི་ལམ་ལ་བཀྲི་བའི་ཕྱིར་དུ་དགོས་པའི་དབང་གིས་ཁས་བླངས་པ་ཙམ་སྟེ། སྤྲོས་བྲལ་ཞེས་པའང་གཞན་ངོར་མིང་བཏགས་པ་ཙམ་ཡིན་གྱི་སྤྲོས་བྲལ་གྱི་ཆོས་ཤིག་ཏུ་གྲུབ་པར་འདོད་པ་ནི་མ་ཡིན་ནོ། །དེ་ལྟར་ཡང་བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་དང༌། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། །འདི་ལྟར་བསྙད་པ་ན་དོན་དམ་དེ་རྟེན་འབྲེལ་སྒྱུ་མ་ལྟ་བུ་འདི་ཉིད་མ་ཡིན་ཞིང་འདི་ལས་གཞན་དུ་ཡང་མེད་ན་འོ་ན་དེ་ཅི་ཞིག་ཡིན། དེས་ན་འདི་ལ་ནི་བློ་རྩེ་གཏད་སོ་མེད་པས་ཆད་པའི་ལྟ་བ་མི་བཟོད་པའོ་ཞེས་སྨྲ་བ་ནི་ཤིན་ཏུ་བདེན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པ་ནས་སྤང་བླང་དང་དགག་སྒྲུབ་ཀྱི་མཐར་འཛིན་གྱི་ལྟ་བ་ལ་ཤིན་ཏུ་གོམས་པར་བྱས་པའི་བག་ཆགས་རྟས་པས་རྟོག་པས་མཐའ་གཅིག་ཏུ་འདིའོ་ཞེས་གཟུང་དུ་མ་རྙེད་པ་ན་སྟོང་པ་ཉིད་འཛིན་པ་མཐའ་དག་ལྡོག་བྱེད་ལ་མི་མོས་པ་དང་སྐྲག་པ་སྐྱེ་བ་ནི་ཆོས་ཉིད་ཡིན་པས་སོ། །དེས་ན་ལྟ་བ་སྙིགས་མ་བདོ་བ་དིང་སང་གི་དུས་འདིར་ནི་སེམས་ཅན་ཤིན་ཏུ་སྐལ་བ་དམན་པས་དེ་དག་ལ་འདི་ཙམ་ཞིག་ནི་ངོ་བོས་སྟོང་པས་ཅི་ཡང་མེད་པའོ། འདི་ཙམ་ཞིག་ནི་དོན་ལ་ཡོད་པས་མི་སྟོང་བའོ་ཞེས་འགའ་ཞིག་བསལ་ཞིང་འགའ་ཞིག་འཇོག་པ་ལྟར་བྱས་པ་ན། རྟོག་པ་ཡི་རང་ནས་ད་ནི་བདག་
གི་དམིགས་པའི་གནས་རྙེད་དོ་སྙམ་ནས་ཚུལ་དེ་སྨྲ་བ་དང་དེའི་ཆོས་ལ་གུས་པ་ཆེན་པོ་བཞག་ནས་སྙན་པའི་སྒྲ་སྒྲོག་རྙེད་བཀུར་གྱིས་མཆོད་པར་བྱེད་པ་ཤིན་ཏུ་མང་བར་སྣང་ན་ཡང་སྟོང་པ་ཉིད་ལ་མོས་པ་རྟས་ཤིང་ལུང་ཙམ་ལ་སྐྱབས་སུ་མི་འཆེལ་བ་རིགས་པའི་རྗེས་སུ་འབྲང་བའི་བློ་ལྡན་རྣམས་ཀྱིས་མཐར་འཛིན་གྱི་རྟོག་པ་གང་མཉེས་སྒྲུབ་པའི་གཞུང་བཟང་པོ་དོར་ལ། ཀུན་རྫོབ་པའི་རྟེན་འབྲེལ་སྣང་དུས་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་དེའི་ངོར་མེད་དོ་ཞེས་སྐུར་པ་མི་གདབ་ཅིང་དོན་དམ་པ་སྤྲོས་པ་ཡིན་ནོ་ཅོག་དང་བྲལ་བ་ལ་ཡོད་དོ་རྟག་གོ་ཞེས་སྒྲོ་མི་འདོགས་པའི་མཐའ་བྲལ་གྱི་ཚུལ་ལ་བསླབ་པར་རིགས་སོ། །གཉིས་པ་ནི། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་བྱེད་དོ། །དོན་དམ་ལ་ཡང་སྤྲོས་པ་མཐའ་དག་དང་བྲལ་བ་རྣམ་གྲངས་མ་ཡིན་པ་དང་སྤྲོས་པ་ཕྱོགས་རེ་ཙམ་བཀག་པ་རྣམ་གྲངས་པའི་དོན་དམ་གཉིས་སུ་བྱེད་དེ། དེ་ཉིད་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །ཡང་དག་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། །ཅེས་སོ། །འདི་ནི་གཅིག་དུ་བྲལ་སོགས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གི་ཡུལ་རྣམས་ལ་བྱེད་པས་རྟོག་པའི་བཟོ་ལས་མ་འདས་པའི་ཕྱིར་དོན་དམ་བཏགས་པ་བའོ། །ཡང་ན་འཕགས་ཆེན་རྣམས་ཀྱི་རྗེས་ཐོབ་ཀྱི་
སྣང་བ་ལ་ཡང་དག་དང༌། ཉན་རང་དང་ཚུར་མཐོང་རང་སྣང་ལ་ལོག་པའི་ཀུན་རྫོབ་ཅེས་བྱ་སྟེ་གཟུང་འཛིན་དུ་སྣང་ལ་སྣང་བ་ལྟར་དུ་ཞེན་པ་མེད་པ་དང་ཡོད་པའི་ཕྱིར་ཞེས་བྱས་ན་སློབ་དཔོན་འདིའི་བཞེད་པར་འགྱུར་རོ། །དེ་ལྟར་ཆེ་ལོང་ཙམ་འདི་ནི་སློབ་དཔོན་འདི་ལ་སོགས་པའི་རང་རྒྱུད་པ་རྣམས་ཀྱི་བཞེད་པ་ལྟར་བཀོད་ཅིང་དེ་ཡང་རྒྱས་པར་དང་ཐལ་འགྱུར་བའི་རྣམ་གཞག་ནི་རེ་ཞིག་མ་བྲིས་ཏེ་ཚིགས་མངས་སུ་དོགས་པས་སོ། །ལྔ་པ་ནི། གང་ལ་ན། སྦྱོར་བ་སྟེ་སྦྱིན་སོགས་ཉམས་སུ་ལེན་པ་ལའོ། །རྒྱུ་མཚན་ནི། ཡུལ་དེ་ཡོད་ན་དེ་གསུམ་ཡོད་དགོས་ན། གཟུགས་སྟོང་པ་ཞེས་བྱ་བར་སྤྱོད་དེ་ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བ་དེ་ལྟར་སྤྱོད་དོ་ཞེས་སྦྱིན་སོགས་ལ་ཡང་གསུངས་པས་སྦྱིན་པ་དང༌། སོགས་པས་སྦྱིན་པ་པོ་ལེན་པ་པོ་རྣམས་སོ་སོར་མི་དམིགས་པར་བཤད་པས་ན་སོགས་སོ། །དྲུག་པ་ནི། གང་ལ་ན། དེ་ཁོ་ན་ཉིད་རྟོགས་པའི་བློའི་ཁྱད་པར་དང་ལྡན་པས་སངས་རྒྱས་གདུལ་བྱའི་རྒྱུད་ལ་དགའ་བ་སྐྱེད་པས་དཀོན་མཆོག་ལའོ། །རྒྱུ་མཚན་ནི། ཡང་དག་པའི་དོན་དུ་རྟོགས་པས་དེའི་ཕྱིར་སངས་རྒྱས་ཞེས་བྱའོ་ཞེས་སངས་རྒྱས་ཀྱི་སྒྲ་དོན་དྲིས་པའི་ལན་དུ་གསུངས་པ་ལྟར་རྟོགས་པ་པོ་སངས་རྒྱས་ཡོད་ན་དེའི་རྟོགས་བྱ་ཡང་ཡོད་དགོས་ན་རྟོགས་པར་བྱ་བའི་ཡུལ་མེད་པར་བཤད་པས་ན་སོགས་སོ། །བདུན་པ་ནི། གང་ལ་ན། འགོག་ལམ་གྱི་
ཆོས་དཀོན་མཆོག་ལའོ། །རྒྱུ་མཚན་ནི། ཡུལ་དེ་ཡོད་ན་འགོག་ལམ་གྱི་དོན་ཡོད་དགོས་ན་བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་དང་མཚན་མ་ཙམ་སྟེ་དེའི་ཕྱིར་བྱང་ཆུབ་ཅེས་བྱའོ་ཞེས་བྱང་ཆུབ་དྲི་བྲལ་གྱི་འགོག་པ་དང༌། དེས་མཚོན་པའི་ལམ་མིང་དུ་བཏགས་པ་ཙམ་དུ་ཟད་པར་བཤད་པས་ན་སོགས་སོ། །བརྒྱད་པ་ནི། གང་ལ་ན། ཡུམ་ལ་སྤྱོད་པའི་བྱང་སེམས་ཀྱི་དགེ་འདུན་དཀོན་མཆོག་ལའོ། །རྒྱུ་མཚན་ནི། ཡུལ་དེ་ཡོད་ན་གཟུགས་སོགས་ལ་འཕེལ་འགྲིབ་སོགས་སུ་མཐོང་དགོས་ན། རབ་འབྱོར་བྱང་ཆེན་ཡུམ་ལ་སྤྱོད་པའི་བྱང་ཆུབ་ནི་ཆོས་གང་ཡང་ཚོགས་སུ་འགྱུར་བའམ་འགྲིབ་པར་བྱ་བའམ་འགོང་པར་བྱ་བའམ་འཕེལ་བར་བྱ་བའམ་སྐྱེ་བར་བྱ་བའམ་འགག་པར་བྱ་བའམ་ཀུན་ནས་ཉོན་མོངས་པར་བྱ་བའམ་རྣམ་པར་བྱང་བར་འགྱུར་བའི་ཕྱིར་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ཡིན་ནོ་ཞེས་གཟུགས་ཕུང་ལ་སོགས་པར་དམིགས་པ་བཀག་པ་སྟེ་མཐོང་བ་མིན་པར་བཤད་པས་ན་སོགས་སོ། །དགུ་པ་ནི། གང་ལ་ན། སེམས་མི་འགོང་པ་སོགས་ཀྱི་ཐབས་ལ་མཁས་པ་ལའོ། །རྩ་བར་ཐབས་བཅས་ཞེས་པས་ཡུལ་གྱི་ཡུལ་ཅན་བསྟན་ཏོ། །རྒྱུ་མཚན་ནི། ཐབས་མཁས་ཡོད་ན་སྦྱིན་བྱ་སོགས་སུ་དམིགས་དགོས་ན། དེ་རྣམ་མཁྱེན་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དེ་དང་ལྡན་པས་སྦྱིན་པ་ལ་ཡང་སྦྱིན་པའི་འདུ་ཤེས་སུ་མི་འགྱུར་ལེན་པ་ལ་ཡང་ལེན་པའི་འདུ་ཤེས་སུ་མི་འགྱུར་གཏོང་བ་ལའང་གཏོང་བའི་འདུ་
ཤེས་སུ་མི་འགྱུར་རོ་ཞེས་སྦྱིན་པ་ལ་སོགས་པར་འཁོར་གསུམ་དུ་མི་དམིགས་པར་གསུངས་པས་ན་སོགས་སོ། །འདི་དང་ལྔ་པའི་ཁྱད་པར་ནི་ཡུལ་མེད་པ་དང་ཡུལ་ཅན་གྱིས་དེར་མི་དམིགས་པའོ། །འདི་མི་འགལ་བ་ནི་སྦྱིན་སོགས་སུ་མི་དམིགས་པ་ཉིད་འཁོར་གསུམ་གྱི་ཞེན་མེད་ཡིན་པས་དེའི་སྒོ་ནས་སྦྱིན་སོགས་སྒྲུབ་པ་ཐབས་མཁས་ཡིན་པའི་ཕྱིར་ཏེ། འཁོར་གསུམ་དུ་ཞེན་པ་ལ་ཐབས་མཁས་དང་དེ་ལ་འཁོར་གསུམ་ཞེན་པ་ཁས་མ་བླངས་པས་སོ། །འདིའི་རྩོད་ལན་གཉིས་ཀ་ཀུན་རྫོབ་སྒོ་ཅན་ནོ། །བཅུ་པ་ནི། གང་ལ་ན། དེ་བཞིན་གཤེགས་པའི་མངོན་རྟོགས་ལའོ། །རྒྱུ་མཚན་ནི། ཡུལ་དེ་ཡོད་ན་མུ་བཞིར་རྟོགས་པ་དེ་ཡོད་དགོས་ན་དངོས་པོའི་དང་དངོས་པོ་མེད་པའི་དང་གཉིས་ཀའི་དང་གཉིས་མིན་གྱི་ངོ་བོ་སྟེ་མཐའ་བཞིར་རྟོགས་པ་ཐུབ་བའི་རྟོགས་པ་ཡིན་པ་བཀག་པར་བཤད་པས་ན་སོགས་སོ། །དེ་ལྟར་དངོས་པོ་མ་མཆིས་པས་དེ་མངོན་པར་རྟོགས་པར་མི་འགྱུར་དངོས་པོས་ཀྱང་དེ་མངོན་པར་རྟོགས་པར་མི་འགྱུར་དངོས་པོས་ཀྱང་དེ་མ་མཆིས་པ་མངོན་པར་རྟོགས་པར་མི་འགྱུར་དངོས་པོ་མ་མཆིས་པས་ཀྱང་དངོས་པོ་མངོན་པར་རྟོགས་པ་མི་འགྱུར་ན། བཅོམ་ལྡན་འདས་ཅིའི་སླད་དུ་ཐོབ་པ་མ་མཆིས་ཤིང་མངོན་པར་རྟོགས་པ་མ་མཆིས་པ་གཅིག་ཏུ་མི་འགྱུར་རམ་ཞེས་ཏེ་ན་ཡན་ཆད་དོགས་པའི་རྒྱུ་མཚན་དང་དེ་ཕྱིན་ཆད་དོགས་པའི་ངོ་བོའོ། །འདིའི་ལན་ནི་མངོན་པར་རྟོགས་པ་
ཡོད་མེད་ཀྱི་རྣམ་པ་བཞིར་མངོན་པར་སྒྲུབ་པ་དེ་ལྟ་བུས་ནི་མ་ཡིན་ནོ། །ཞེས་པ་སྟེ་མཐའ་བཞི་དང་བྲལ་བར་མཁྱེན་པ་དེའི་རྟོགས་པ་ཡིན་གྱི་དེ་བཞིར་དམིགས་པ་མིན་པའོ། །འདི་ཡང་རྩོད་ལན་གཉིས་ཀུན་རྫོབ་སྒོ་ཅན་ནོ། །འདི་དང་གསུམ་པའི་ཁྱད་པར་ཡང་ཡུལ་དང་ཡུལ་ཅན་གྱི་སྒོ་ནས་སོ། །བཅུ་གཅིག་པ་ནི། གང་ལ་ན། ཉེར་ལེན་གྱི་ཕུང་པོ་སོགས་ལ་རྟག་པ་དང་སོགས་པས་གཙང་བདེ་ལ་སོགས་པར་འཛིན་པ་ཕྱིན་ཅི་ལོག་ཡིན་པ་ལའོ། །རྒྱུ་མཚན་ནི། རྟག་སོགས་སུ་འཛིན་པ་ཕྱིན་ཅི་ལོག་ཡིན་ན་མི་རྟག་སོགས་དོན་ལ་གནས་དགོས་ན། གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བ་ནི་བྱང་ཆེན་གྱི་སྤྲོས་པའོ་ཞེས་མི་རྟག་པ་དང་སོགས་པས་རྟག་པ་བདེ་སྡུག་བདག་ཡོད་མེད་ཞི་མ་ཞི་རྣམས་སྤྲོས་པ་སྟེ་བློས་བཏགས་པ་ཙམ་དུ་རྣམ་པར་བཞག་པ་ཉིད་ཀྱིས་ན་སོགས་སོ། །འདི་མི་འགལ་བ་ནི་སྤྲོས་བྲལ་ལ་ལྟོས་ཏེ་རྟག་མི་རྟག་དོན་ལ་མི་གནས་པར་མཚུངས་ཀྱང་ཀུན་རྫོབ་ཏུ་ཕུང་སོགས་མི་རྟག་སོགས་སུ་གནས་པས་རྟག་མི་རྟག་ཏུ་འཛིན་པ་ལ་ཕྱིན་ཅི་ལོག་ཡིན་མིན་འཐད་དོ། །རྟོགས་དཀར་སྤྲོས་པ་རྣམ་པར་བཞག་པ་སྟེ་གདུལ་བྱའི་ངོར་སྣ་ཚོགས་སུ་སྟོན་པ་ཉིད་ཀྱིས་མི་རྟག་སོགས་སུ་བཞག་པ་ཡིན་པའི་ཕྱིར་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་པ་སྟེ་རྟག་སོགས་ལས་གོ་བཟློག་པ་མི་རྟག་སོགས་དང་རྟག་སོགས་རྣམས་ཡང་དག་མིན་པར་འདྲ་བའི་ཕྱིར་སྔ་མ་གནོད་བྱེད་དང་ཕྱི་མ་གནོད་བྱར་ཇི་ལྟར་རུང་སྙམ་པའོ་ཞེས་
བཤད་ནས། འདི་ལ་ལན་ཡང་རྟག་སོགས་ལོག་པ་དང་མི་རྟག་སོགས་ཡང་དག་ཀུན་རྫོབ་ཡིན་པས་དེ་འཛིན་གྱི་བློ་གཉིས་ཀྱང་ཕྱིན་ཅི་ལོག་ཡིན་མིན་དུ་འཐད་པར་འཆད་དོ། །ཡང་ན་མདོར་བཤད་པའི་སྤྲོས་པ་དང་བསྟན་བཅོས་ཀྱི་ཕྱིན་ཅི་ལོག་གཉིས་དོན་གཅིག་ལ་མདོ་ལས་ཀྱང་རྟག་མི་རྟག་སོགས་བཟློག་ཟླ་དང་བཅས་པ་གཉིས་ཀ་སྤྲོས་པར་གསུངས་ལ། དེ་ལྟར་གསུངས་པ་ན་རྟག་མི་རྟག་སོགས་སུ་འཛིན་པ་དང་བྲལ་བ་ཕྱིན་ཅི་མ་ལོག་པར་དོན་གྱིས་བཤད་པས་ཁྱད་པར་དེ་གཉིས་མི་འཐད་པར་ཐལ། རྟག་མི་རྟག་སོགས་བཟློག་ཟླ་དང་བཅས་པ་ཕྱིན་ཅི་ལོག་ཡིན་ན་རྒྱུ་མཚན་མཚུངས་པའི་ཕྱིར་སྤྲོས་པར་འཛིན་པ་བཟློག་ཟླ་དང་བཅས་པ་ཡང་ཕྱིན་ཅི་ལོག་ཏུ་འགྱུར་དགོས་པས་སོ་ཞེས་བཤད་ན་མདོ་ལ་ཤིན་ཏུ་འགྲིག་ཅིང་འགྲེལ་པ་ལ་ཡང་དེ་ལྟར་བཤད་པས་ཆོག་གོ །བཅུ་གཉིས་པ་ནི། གང་ལ་ན། བྱང་སེམས་ཀྱི་ལམ་གསུམ་བསྒོམ་པར་བྱེད་པ་ལའོ། །རྒྱུ་མཚན་ནི། ལམ་སྒོམ་པའི་དགོས་པ་ནི་དེ་དང་དེའི་འབྲས་བུ་མངོན་དུ་བྱེད་པ་ཡིན་ན། བྱང་ཆེན་བརྒྱད་པར་འགྱུར་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པའམ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པའམ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པའམ་དགྲ་བཅོམ་པ་ཉིད་ཐོབ་པའམ་རང་བྱང་ཆུབ་ཐོབ་པར་གྱུར་ནས་བྱང་སེམས་ཀྱི་སྐྱོན་མེད་པར་འཇུག་པའི་གནས་དང་སྐབས་མེད་དེ་དེ་ནི་གནས་མ་ཡིན་ནོ། །ཞེས་བྱང་སེམས་ཀྱིས་ལམ་གསུམ་
རྣམ་པར་བསྒོམས་པའི་འབྲས་བུ་ཉན་རང་གི་མྱང་འདས་མངོན་དུ་མི་བྱེད་པས་ན་སོགས་སོ། །འདི་མི་འགལ་བ་ནི་ལམ་གསུམ་བསྒོམ་པ་ནི་དེའི་རིགས་ཅན་གཞན་གདུལ་བའི་དོན་དུ་མཁས་པར་བྱེད་པ་ཙམ་ཡིན་གྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་མ་ཡིན་པས་སོ། །འདི་ཡང་རྩོད་ལན་གཉིས་ཀ་ཀུན་རྫོབ་སྒོ་ཅན་ནོ། །བཅུ་གསུམ་པ་ནི། གང་ལ་ན། གཉེན་པོའི་ཕྱོགས་ལའོ། །རྒྱུ་མཚན་ནི། །ཡུལ་དེ་ཡོད་ན་བླང་བྱ་ཡོད་དགོས་ན། ཇི་ཙམ་གྱིས་ན་འཕགས་པའི་ཆོས་དང་འདུལ་བ་ཞེས་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་དང་བྱང་ཆེན་རྣམས་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འདོད་ཆགས་དང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ཞེས་བླང་བྱ་མེད་པར་བཤད་པ་ཉིད་ཀྱིས་ན་སོགས་སོ། །བཅུ་བཞི་པ་ནི། གང་ལ་ན། མི་མཐུན་པའི་ཕྱོགས་ལའོ། །རྒྱུ་མཚན་ནི། །ཡུལ་དེ་ཡོད་ན་དོར་བྱ་ཡོད་དགོས་ན་དོར་བར་བྱ་བ་མེད་པ་ཉིད་ཀྱིས་ན་སོགས་ཏེ་མདོ་སྔར་དྲངས་པ་དེའོ། །བཅོ་ལྔ་པ་ནི། གང་ལ་ན། ཆོས་རྣམས་ཀྱི་ཐུན་མོང་དང་དེ་མིན་པའི་མཚན་ཉིད་ལའོ། །རྒྱུ་མཚན་ནི། མཚན་ཉིད་ཡོད་ན་དེ་འཇུག་པའི་རྟེན་མཚན་གཞི་ཡོད་དགོས་ན། ཆོས་འདི་དག་ནི་སྔོན་ཆད་ཀྱང་མཚན་ཉིད་མེད་ལ་ད་ལྟར་ཡང་མཚན་ཉིད་མེད་པས་ན་དེའི་ཕྱིར་བྱང་ཆེན་གྱིས་མཚན་ཉིད་ལ་ཡང་བསླབ་པར་མི་བྱ་མཚན་ཉིད་མེད་པ་ལ་ཡང་བསླབ་པར་མི་བྱའོ་ཞེས་མཚན་
ཉིད་མེད་པར་གསུངས་པའི་ཕྱིར་དེ་འཇུག་པའི་ཆོས་མཚན་གཞི་ཡང་མེད་པས་ན་སོགས་སོ། །བཅུ་དྲུག་པ་ནི། གང་ལ་ན། རྣམ་མཁྱེན་ཐོབ་ཆེད་དུ་ལམ་སྒོམ་པ་ལའོ། །རྒྱུ་མཚན་ནི། སྒོམ་པ་ཡོད་ན་བསྒོམ་བྱ་རང་སྤྱིའི་མཚན་ཉིད་ཡོད་དགོས་ན་དེ་ལྟར་ཆོས་ཐམས་ཅད་ལ་མཚན་ཉིད་མ་མཆིས་ཤིང་མཚན་ཉིད་ཐ་དད་པ་ཡང་མ་ལགས་མཚན་ཉིད་གཅིག་པའང་མ་ལགས་ན་དེ་ཇི་ལྟར་བྱང་ཆེན་གྱིས་ཡུམ་སྒོམ་པ་མཆིས་པར་འགྱུར་ཞེས་དོན་བྱེད་ནུས་མི་ནུས་ཀྱི་རང་དང་སྤྱིའི་མཚན་ཉིད་མི་འཐད་པས་ན་སོགས་སོ། །གཉིས་པ་ནི་འགྲེལ་བས་བཤད་པའི་གཉིས་པ་སྟེ། སེལ་བྱེད་ཀྱི་ལན་བཤད་པ། གཉིས་པ་ནི། ཀུན་རྫོབ་ཀྱི་སྒོ་ནས་ཏེ་དེ་རྒྱུ་མཚན་དུ་བྱས་པ་ཅན་གྱི་ཀླན་ཀ་ལ་དོན་དམ་པ་དང༌། དོན་དམ་པའི་སྒོ་ནས་ཏེ་དེ་རྒྱུ་མཚན་དུ་བྱས་པ་ཅན་གྱི་ཀླན་ཀ་ལ་ཀུན་རྫོབ་ཀྱི་སྒོ་ནས་ལན་གདབ་དགོས་ཏེ། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ནི་ཀུན་རྫོབ་ཚད་མར་བྱས་ནས་དོན་དམ་དང༌། དོན་དམ་སྒོ་ཅན་གྱི་ཀླན་ཀ་ནི་དོན་དམ་ཚད་མར་བྱས་ནས་ཀུན་རྫོབ་སུན་འབྱིན་པ་དེ་བས་ནའོ། །འདི་དག་དཔེར་བརྗོད་ན་ཇི་ལྟ་བུ་ཞེ་ན། འདི་ལ་གཉིས། ཀླན་ཀ་དང༌། ལན་གྱི་མཐའ་བཅད་པའོ། །དང་པོ་ནི། སྤྱིར་ཀླན་ཀ་གཉིས་ལ་ཐལ་རྟགས་རིགས་མཐུན་མི་མཐུན་གཉིས་གཉིས་ཡོད་པས་བཞིར་ངེས་སོ། །དེ་ལ་རིགས་མཐུན་ནི་ཀུན་རྫོབ་རྟགས་སུ་བཀོད་ནས་ཀུན་རྫོབ་དང་དོན་དམ་རྟགས་སུ་བཀོད་ནས་དོན་དམ་དུ་ཐལ་བ་འཕེན་པའོ། །རིགས་མི་མཐུན་ནི་ཀུན་རྫོབ་རྟགས་སུ་བཀོད་ནས་དོན་དམ་དང་དོན་དམ་རྟགས་སུ་བཀོད་ནས་ཀུན་རྫོབ་ཏུ་ཐལ་
བ་འཕེན་པའོ། འོ་ན་གཉིས་སུ་གསུངས་པ་ཅི་ཞེ་ན། །འགལ་བ་མེད་དེ། །ཀུན་རྫོབ་རྟགས་སུ་བཀོད་པ་གཉིས་ཀུན་རྫོབ་དང་དོན་དམ་རྟགས་སུ་བཀོད་པ་གཉིས་དོན་དམ་སྒོ་ཅན་ཡིན་པས་སོ། །དེ་ལ་ཀུན་རྫོབ་ཀྱི་ཐལ་རྟགས་རིགས་མཐུན་ནི་ལམ་གསུམ་བསྒོམས་པ་ལ་དགོས་པ་མེད་པར་ཐལ། ལམ་གཉིས་ཀྱི་འབྲས་བུ་ཉན་རང་གི་མྱང་འདས་མངོན་དུ་མི་བྱེད་པའི་ཕྱིར་ཞེས་པ་ལྟ་བུའོ། །དོན་དམ་གྱི་རིགས་མི་མཐུན་ནི་ལམ་སྒོམ་པ་མེད་པར་ཐལ། །བསྒོམ་བྱ་མེད་པའ་ིཕྱིར་ཞེས་པ་ལྟ་བུ་དེ་རྟགས་འདི་ནི་དོན་དམ་དུ་ཁས་བླངས་ལ་ཐལ་བ་དེས་ཀུན་རྫོབ་ཏུ་མི་འདོད་པ་སྒྲུབ་པས་སོ། །ཀུན་རྫོབ་ཀྱི་རིགས་མི་མཐུན་འདིའི་ལྡོག་ཁྱབ་ཀྱི་ཐལ་བ་ལྟ་བུ་དེ་ཀུན་རྫོབ་ཏུ་ལམ་སྒོམ་པ་ཡོད་པས་དོན་དམ་དུ་རང་སྤྱིའི་མཚན་ཉིད་ཡོད་པར་ཐལ་བའོ། །དོན་དམ་གྱི་རིགས་མཐུན་ནི་དོན་དམ་དུ་བར་རྩེའི་དམིགས་པ་མི་འཐད་པར་ཐལ། །དོན་དམ་དུ་ཡུལ་གཉིས་མེད་པའི་ཕྱིར་ཞེས་པ་ལྟ་བུའོ། །དེ་ལྟར་ན་འགྲེལ་པར་བཤད་པ་རྣམས་ལ་དགུ་པ་དང་བཅུ་པ་དང་བཅུ་གཉིས་པ་གསུམ་ནི་ཀུན་རྫོབ་ཀྱི་རིགས་མཐུན་ཡིན་ལ་གཞན་རྣམས་དོན་དམ་དང་ཀུན་རྫོབ་ཀྱི་རིགས་མི་མཐུན་གཉིས་ཀ་སྟེ་ཐལ་བའི་རྗེས་འགྲོ་དང་ལྡོག་པ་གཉིས་དང་རིམ་བཞིན་ནོ། །དོན་དམ་གྱི་རིགས་མཐུན་ནི་མ་ཟིན་ཀྱང་མཐའ་འགེགས་ལ་བཀོད་པའོ། །ཚིག་གསལ་ལས། དེ་བས་ན་ཀུན་རྫོབ་དང་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ལ་ཞེས་བྱ་བ་ལ་སོགས་པ་ནི་གང་དག་
བདེན་པ་རེ་རེ་ཞིག་ཚད་མར་བྱས་པས་ཅིག་ཤོས་སུན་ཕྱུང་ནས་ཡང་དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པར་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པས་ཀླན་ཀ་ཚོལ་བ་རྣམས་སོ་ཞེས་པ་ནི་བདེན་གཉིས་ཀྱི་རིགས་མི་མཐུན་གྱི་ཀླན་ཀ་གཉིས་སོ། །གཉིས་པ་ནི། རྟོགས་དཀར་དགུ་པ་ལ་བདེན་པ་གཉིས་ཀ་དང་བཅུ་གཅིག་པ་ལ་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་ཕྱེ་བ་དང་གཞན་ཐམས་ཅད་ལ་ཀུན་རྫོབ་ཀྱི་ལན་འདེབས་པར་བཞེད་པ་ཡང་ལེགས་པ་མ་ཡིན་ཏེ། དགུ་པ་ལ་བདེན་གཉིས་ཀྱིས་ལན་འདེབས་ཚུལ་དེ་གཞན་རྣམས་ལ་མཚུངས་པར་སྣང་བས་སོ། །བཅུ་པ་ལ་བདེན་པ་གཉིས་ཀ་དང་བཅུ་གཉིས་པ་ལ་ཡང་ལོག་གི་ཀུན་རྫོབ་དང་དང་པོ་གསུམ་པ་བཞི་པ་ལྔ་པ་དྲུག་པ་མ་གཏོགས་པ་རྣམས་ལ་ཀུན་རྫོབ་ཀྱི་ལན་འདེབས་པ་རྟོགས་དཀའི་དགོངས་པར་འཆད་པ་ནི་དོན་མ་ཡིན་ནོ། །དེས་ན་ཀུན་རྫོབ་དང་དོན་དམ་སྒོ་ཅན་གྱི་རིགས་མི་མཐུན་གཉིས་ལ་གཞུང་ནས་འབྱུང་བ་ལྟར་དང་རིགས་མཐུན་གཉིས་ནི་ཀུན་རྫོབ་ལ་དེ་ཉིད་དང་དོན་དམ་ལ་ཡང་དོན་དམ་གྱི་སྒོ་ནས་ལན་གདབ་དགོས་སོ། །འགྲེལ་པར་གསུངས་པ་དང་མི་འགལ་ཏེ། བདེན་གཉིས་ཀྱི་རིགས་མི་མཐུན་དེ་ཀླན་ཀ་ལ་གཙོ་ཆེ་བ་ལ་དགོངས་སོ། །གསུམ་པ་ནི་འགྲེལ་བས་བཤད་པའི་གསུམ་པ་སྟེ། བསལ་ནས་ཏིང་ངེས་འཛིན་སྐྱེད་ཚུལ་བཤད་པ། གསུམ་པ་ནི། བསྐྱེད་པར་བྱའོ། །གང་ན། བར་རྩེའི་ཏིང་ངེ་འཛིན་ནོ། །གང་གིས་ན། བྱང་ཆུབ་སེམས་དཔའ་གཞན་དོན་དུ་རྫོགས་བྱང་གི་དགེ་བ་
འདོད་པ་རྣམས་ཀྱིས་སོ། །ཇི་ཞིག་བྱས་ནས་ཤེ་ན། བདེན་གཉིས་ལ་ལོག་པར་རྟོག་པ་རྣམ་པ་སྟོང་དུ་སྟེ་ཚོགས་ལམ་ནས་བཟུང་སྟེ་ཡང་དང་ཡང་དུ་བསལ་བ་སྔོན་དུ་འགྲོ་བ་སྟེ་བཏང་བའི་སྒོ་ནས་བར་རྩེའི་དམིགས་རྣམས་ཀྱི་དོན་ལ་འདི་ནི་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་དང་བྲལ་བའི་ཚད་མའི་ངེས་པ་རྣམ་པ་ཐམས་ཅད་དུ་ཡང་དག་པར་སྐྱེས་ནས་སོ། །རྣམ་པ་སྟོང་དུ་ཞེས་པ་བདེན་གཉིས་ཀྱི་ཐབས་དེ་ལ་བརྟེན་པ་ལས་ལན་མི་ཟད་པར་མཚོན་པར་ཚིག་གསལ་ལས་དང༌། འབུམ་ཕྲག་གསུམ་པས་བསལ་བྱའི་རྟོག་པ་འདི་དག་གི་རིགས་ཅན་མང་པོ་བསལ་ཞེས་དང༌། རྟོགས་དཀར་ལྷ་ཆེན་པོ་དང་ཁྱབ་འཇུག་ལ་སོགས་པའི་རྒོལ་བ་དུ་མ་ཞེས་བཤད་ཀྱང༌། འབྲེས་སྔར་བཤད་པ་ལྟར་བཞེད་པ་ལེགས་ཏེ། དུ་ཞེས་པའི་ཡི་གེའི་དོན་ལ་ཞུགས་པས་སོ། །ལོག་རྟོག་དེ་དག་ཐབས་གང་གིས་བསལ་ན་བདེན་གཉིས་གཅིག་ཁོ་ན་འདིའི་ཡུལ་ཡིན་ནོ་ཞེས་མི་སྨྲ་བའི་བདེན་པ་གཉིས་ཀ་ལ་བརྟེན་པའི་ཐབས་ལ་མཁས་པས་སོ། །དེས་དེ་སེལ་དགོས་པའི་རྒྱུ་མཚན་ནི་དོན་དམ་དང་ཀུན་རྫོབ་སྒོ་ཅན་ལ་རིམ་པ་ལྟར་ཀུན་རྫོབ་དང་དོན་དམ་གྱི་སྒོ་ནས་ལན་གདབ་དགོས་པས་སོ། །ལོག་རྟོག་མཐའ་ཡས་ཀྱང་བཅུ་དྲུག་ཏུ་བཤད་པ་ནི་གདུལ་བྱ་ཉེ་བ་ལ་ཕན་གདགས་པའི་ཕྱིར་ཡིན་ནོ། །གསུམ་པ་ནི། ཤེས་རབ་སོགས་སོ། །ཤེར་ཕྱིན་གྱི་མན་ངག་
གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་མང་དུ་ཐོས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་ལས་སྐབས་ལྔ་པའི་འགྲེལ་བཤད་དོ། །སྐབས་དྲུག་པའི་འགྲེལ་བཤད་བཞུགས།གཉིས་པ་ནི་འཇུག་པ་སྦྱོར་བཞིའི་ཡན་ལག་རྒྱས་པར་བཤད་པའི་གཉིས་པ་བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པ་སྟེ། འདིའི་ས་བཅད་སྤྲོ་ཞིང་དང་པོར་མཚམས་སྦྱོར་གྱི་སྐོར་བཤད་པ། གཉིས་པ་བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། བརྟན་པའི་རྒྱུ་མཐར་གྱིས་པ་དང༌། བརྟན་པའི་འབྲས་བུ་སྐད་ཅིག་མའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། འབྲེལ་བརྗོད་པས་མཚམས་སྦྱར། །མཐར་གྱིས་པའི་ཆོས་རྒྱས་པར་བཤད། སྐབས་བསྡུ་བའོ། །དང་པོ་ནི། རྩེ་མོའི་འོག་ཏུ་མཐར་གྱིས་པའི་མངོན་རྟོགས་གསུངས་ཏེ། རྩེ་མོའི་མངོན་རྟོགས་ཐོབ་པས་དེ་རྣམ་པར་སྒོམ་པར་བྱེད་དགོས་པས་སོ། །གང་སྒོམ་ན་སོ་སོ་བ་ཉིད་དང་བསྡུས་པ་ཉིད་དུ་རྟོགས་པ་སྟེ་ཤེས་པར་བྱས་པའི་དོན་རྣམས་སོ། །འདི་ལ་ཚིག་གསལ་ལས། །སྐབས་རེ་རེས་བསྟན་པ་དང་ཚོགས་ལམ་ལ་སོགས་པའི་སྐབས་རེ་རེ་ན་རྗེས་ཐོབ་ཀྱི་རྟོགས་བྱ་ཇི་སྙེད་པ་ནི་སོ་སོ་བ་དང་མཉམ་གཞག་གི་རྟོགས་བྱ་སྙིང་པོའི་དོན་ཆོས་དབྱིངས་ནི་བསྡུས་པ་དང༌། རྟོགས་དཀར་ལུགས་བཟློག་དང་ལུགས་འབྱུང་གི་རྟོགས་པ་སྟེ་བསྒོམས་པས་ཡུལ་དུ་བྱས་པ་ལ་དེ་གཉིས་སུ་བཤད་པ་དང༌། འབུམ་པས་མཁྱེན་གསུམ་དང་རྣམ་ཀུན་གྱི་རྣམ་པ་ལ་རིམ་པ་ལྟར་
བཤད་དོ། །འོན་ཀྱང་དོན་གནས་ནི་ཉི་སྣང་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་ག་ཡང་མངོན་པར་རྟོགས་པའི་སྒོ་ནས་བསྡུས་ཏེ་བསྟན་ཅིང་ཡང་མངོན་པར་རྟོགས་པ་རེ་རེའི་སྒོ་ནས་སོ་སོར་བསྟན་པ་རྣམས་དེ་ལྟར་རྩེ་མོའི་མངོན་པར་རྟོགས་པ་ལ་བསྡུས་པ་དང་སོ་སོ་བ་རྣམས་ཀྱི་ལམ་ཉེ་བར་བཀོད་པས་ཞེས་གསུངས་པས། །མཁྱེན་གསུམ་མངོན་རྟོགས་གསུམ་ཙམ་དུ་བསྡུས་པ་ནི་བསྡུས་པ་དང་རྣམ་ཀུན་སོགས་སེམས་བསྐྱེད་སོགས་རེ་རེའི་སྒོ་ནས་རྒྱས་པར་བཤད་པའི་ལམ་རྣམས་ནི་སོ་སོ་བ་སྟེ། མདོར་ན་མངོན་རྟོགས་མཐའ་དག་མཁྱེན་གསུམ་དུ་འདུས་པས་དེ་གསུམ་མདོར་བསྡུས་པ་དང་རྒྱས་པར་གཏན་ལ་ཕབ་པའི་དོན་རྣམས་སླར་ཡང་སྒོམ་པ་ཡིན་ཏེ། སྦྱོར་བ་འདི་མཁྱེན་གསུམ་རིམ་སྒོམ་དུ་གསུངས་པས་ཇི་ལྟར་ན་གོ་རིམ་བཞིན་དུ་ཡིད་ཀྱིས་བླགས་ཤིང་དེ་ལ་བཀོད་ནས་སོ། །གང་གི་དོན་དུ་ན། བརྟན་པོར་ཏེ་འབད་མི་དགོས་པར་ལྷུན་གྲུབ་ཏུ་འཇུག་པར་བྱ་བའི་ཕྱིར་དུའོ། །རྣམ་པར་ནི་སྔར་བསྒོམས་པ་ལས་ཕུལ་དུ་བྱུང་བ་དང་སྒོམ་པ་ནི་ཡིད་དེའི་སྐལ་པ་ཅན་ནམ་དེའི་དངོས་པོར་བྱེད་པའོ། །ཞེས་ཚིག་གསལ་ལས་སོ། །མདོའི་འབྲེལ་ནི། ལོག་རྟོག་བཅུ་དྲུག་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས་ནས་འཚང་རྒྱ་བར་གསུངས་པ་ལ་འཕྲོས་ནས་དེ་ལྟར་ཡིན་ན་བྱང་ཆེན་འཚང་རྒྱ་བའི་མཐར་གྱིས་སྤྱོད་པ་དང་སློབ་པ་དང་ནན་ཏན་བགྱི་བ་མཆིས་པར་ཇི་ལྟར་འགྱུར་དྲིས་པའི་ལན་དུ་གསུངས་སོ། །གཉིས་
པ་ལ་གཉིས། བསྟན་པ་དང༌། བཤད་པའོ། །དང་པོ་ལ་གསུམ་ལས། ལམ་གྱི་མཐར་གྱིས་པ་ནི། སྦྱིན་པ་ཤེས་རབ་བར་དག་དེ་མཐར་གྱིས་པའི་བྱ་བར་བཞེད་ཅེས་པ་སྟེ་བར་གྱི་སྒྲས་ཕར་ཕྱིན་བར་པ་བཞི་བསྡུས་པར་གཟུང་གི །ཀུ་ལན་ཏ་ལྟར་དྲན་ཉེ་སོགས་བསྡུས་པར་ནི་མི་བྱའོ། །བྱང་ཆེན་སྦྱིན་པས་མཐར་གྱིས་པའི་བྱ་བ་རབ་ཏུ་འདོགས་མཐར་གྱིས་པའི་བསླབ་པ་དང༌། མཐར་གྱིས་པའི་སྒྲུབ་པ་རབ་ཏུ་འདོགས་ཏེ། དེ་ཐམས་ཅད་ཀྱང་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ལ་ངོ་བོ་ཉིད་མེད་དོ་ཞེས་གཞན་ལྔ་ལ་ཡང་དེ་ཁོ་ན་ལྟར་སྦྱར་ནས་ཕྱིན་དྲུག་ལ་རང་ཉིད་གནས་ནས་གཞན་དེ་ལ་འགོད་པར་གསུངས་སོ། །ལམ་ཁྱད་པར་དུ་བྱེད་པའི་མཐར་གྱིས་པ་ནི་སངས་རྒྱས་དང་སོགས་པས་ཆོས་དགེ་ཚུལ་གཏོང་ལྷ་རྗེས་སུ་དྲན་པ་དེ་སྔར་ལྟར་རོ། །འདིར་སངས་རྒྱས་རྗེས་སུ་དྲན་པ་ལ་དེ་བཞིན་གཤེགས་པ་ལ་གཟུགས་སོགས་སུ་དང་མཚན་དཔེ་སོགས་སུ་དང་ཟག་མེད་ཀྱི་ཕུང་པོ་ལྔར་དང་སྟོབས་སོགས་སུ་དང་རྟེན་འབྲེལ་དུ་ཡིད་ལ་མི་བྱེད་པའི་ཚུལ་གྱིས་སངས་རྒྱས་རྗེས་སུ་དྲན་པ་རྣམ་པ་ལྔ་ཉི་སྣང་དང་ལེ་བརྒྱད་མར་གསུངས་ཏེ། དང་པོ་ཚོགས་ལམ་དང་ལྷག་མ་བཞི་སྦྱོར་ལམ་བཞི་དང༌། དེ་ནས་དྲན་ཉེ་སོགས་བྱང་ཕྱོགས་རྫོགས་པར་གསུངས་པས་མཐོང་ལམ་དང་རྣམ་མཁྱེན་གྱི་ཡེ་ཤེས་ཀྱི་བར་རྫོགས་པར་གསུངས་པའི་བར་གྱིས་སྒོམ་ལམ་བསྟན་པར་ཉི་སྣང་ལས་སོ། །དེ་བཞིན་
དུ་དགེ་མི་དགེ་ལུང་མ་བསྟན་འཇིག་རྟེན་ལས་འདས་མ་འདས་ལ་སོགས་པའི་ཆོས་ལ་མཚན་མར་ཡིད་ལ་མི་བྱེད་པས་ཆོས་དྲན་པ་དང༌། སྐྱེས་བུ་ཟུང་བཞི་དངོས་པོ་མེད་པ་ཉིད་དུ་ཡིད་ལ་བྱེད་པས་དགེ་འདུན་དྲན་པར་གསུངས་ཏེ་འདིས་ཐེག་ཆེན་གྱི་དགེ་འདུན་ཡང་མཚོན་ནོ། །མཁས་པས་བསྔགས་པའི་ཚུལ་ཁྲིམས་དང་ཆོས་དང་ཟང་ཟིང་གི་སྦྱིན་པ་སྔར་ལྟར་ཡིད་ལ་བྱས་པས་དེ་གཉིས་དྲན་པ་དང༌། འདོད་ལྷ་དྲུག་ཏུ་སྐྱེས་པའི་རྒྱུན་ཞུགས་དང་ཁམས་གོང་མ་གཉིས་སུ་སྐྱེས་པའི་ཕྱིར་མི་འོང་སྔར་ལྟར་དྲན་པར་གསུངས་པས་འདོད་པར་སྐྱེས་པའི་ཕྱིར་འོང་དང་གོང་མར་སྐྱེས་པའི་དགྲ་བཅོམ་ཡང་མཚོན་ནོ། །འདི་དྲུག་ལའང་སྔར་ལྟར་མཐར་གྱིས་བྱ་བ་སོགས་གསུམ་གསུམ་གསུངས་སོ། །དོན་འདི་ལ་བསམས་ནས་སྔ་མ་རྣམས་བྱ་བར་བཞེད་ཅེས་པས་གཞན་གཉིས་ཀྱང་མཚོན་པར་འཆད་ཀྱང་གསུམ་ག་ཚིག་དེས་བསྡུས་པར་བཤད་ན་ལེགས་སོ། །ལམ་དག་བྱེད་ཀྱི་མཐར་གྱིས་པ་ནི། ཀུན་བྱང་གི་ཆོས་ཐམས་ཅད་བདེན་དངོས་མེད་པའི་ངོ་བོ་ཉིད་ཀྱི་སྒོ་ནས་ཤེས་པར་བྱེད་པ་དེ་ལྟར་རོ། །གཉིས་པ་ནི་མཐར་གྱིས་པའི་ཆོས་རྒྱས་པར་བཤད་པའི་གཉིས་པ་རྒྱས་བཤད་དེ། ལམ་གྱི་ངོ་བོ་ཕྱིན་དྲུག་ཏུ་ཕར་ཕྱིན་བཅུ་འདུས་མིན་དང༌། ལམ་གྱི་ཁྱད་པར་རྗེས་དྲན་དྲུག་གི་བཤད་ཚུལ་དང༌། ལམ་དག་བྱེད་དངོས་མེད་ངོ་བོ་ཉིད་སོགས་བཤད་པ། གཉིས་པ་ནི། བཞེད་དོ། །ཅི་ཞིག་ཡིན་པར་ན་མཐར་གྱིས་པའི་བྱ་བར་རོ། །གང་དུ་ན། དེའི་སྐབས་འདིར་རོ། །གང་གིས་ན། སངས་རྒྱས་ཀྱིས་སོ། །གང་ན། འདི་ལ་སྔར་ལྟར་གསུམ་ལས། དང་པོ་ནི། གང་ཟག་གི་རྣམ་པ་ཐམས་ཅད་དུ་སྟེ་ཆ་ཐམས་ཅད་ནས་ཡོངས་སུ་རྫོགས་པས་ས་བཅུ་ཡང་དག་པར་སྒྲུབ་པར་བྱེད་པ་གང་
ཡིན་པ་དེ་ནི་འོ། །གང་ན། སྦྱིན་པའི་ཕར་ཕྱིན་སོགས་དྲུག་གོ །ཁྱད་པར་ཇི་ལྟ་བུ་ན། འཁོར་གསུམ་གྱི་དྲི་མ་རྣམ་པར་དག་པས་རབ་ཏུ་ཕྱེ་བ་སྟེ་ཁྱད་དུ་བྱས་པའོ། །ས་བཅུ་ཡོངས་སུ་རྫོགས་པ་ལ་ཕར་ཕྱིན་བཅུ་མི་དགོས་སམ་ཅིའི་ཕྱིར་དྲུག་ཅེས་སྨོས་ཤེ་ན། ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི་ཕར་ཕྱིན་བཞི་ནི་ཤེར་ཕྱིན་གྱི་ནང་དུ་འདུས་པའི་ཕྱིར་ན་སྐྱོན་མེད་དོ། །ཇི་ལྟར་ན་རྒྱན་སྣང་ལས། དེ་ལ་རྫས་སུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བཞི་པོ་ནི་ཤེར་ཕྱིན་གྱི་རབ་ཏུ་དབྱེ་བས་མིང་དུ་ནི་བཅུར་འགྱུར་རོ། །འདི་ལྟར་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རིམ་གྱིས་སྒྲིབ་པ་ཐམས་ཅད་སྤོང་བར་བྱེད་པ་ནི་ཤེར་ཕྱིན་ཡིན་ལ། འཇིག་རྟེན་ལས་འདས་པའི་ལམ་གྱིས་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་བསྡུས་པ་ནི་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །ཞེས་མཉམ་གཞག་ཤེར་ཕྱིན་དངོས་དང་རྗེས་ཐོབ་ཀྱི་བཞི་དེས་དྲངས་པའི་ཤེར་ཕྱིན་དུ་བཞེད་དོ། །ཚིག་གསལ་ལས། སྦྱིན་སོགས་ཡོངས་སུ་བསྔོས་པའི་མཐུས་ཅུང་ཟད་ཙམ་ཡང་འཁོར་བ་ཇི་སྲིད་པར་མི་ཟད་པར་བྱེད་པ་དང༌། སྦྱིན་སོགས་དམན་ཞིང་ཉུང་ཡང་མང་ཞིང་ཁྱད་པར་ཅན་དུ་སྤྲུལ་པ་དང༌། དགེ་བ་ཅུང་ཟད་ཙམ་ཡང་ཁྱད་དུ་མི་གསོད་པར་བློས་བསྡོམས་ཏེ་སྨོན་ལམ་སྣ་ཚོགས་འདེབས་པ་དང༌། དེ་ལྟར་སྨོན་པའི་འབྲས་བུ་
ཡིད་འོང་སྣ་ཚོགས་ལ་སྤྱོད་པ་ན་དེ་དག་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུར་འདོད་ཀྱི་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བར་མི་འདོད་པ་ནི་ཐབས་སྟོབས་སྨོན་ལམ་ཡེ་ཤེས་བཞི་ཡིན་ཞིང་དེ་བཞི་ཀ་ཡང་ཤེས་རབ་ཀྱི་ཁྱད་པར་གྱིས་སྒྲུབ་པའི་ཕྱིར་དེར་འདུས་སོ་ཞེས་འཆད་དོ། །འདི་ལ་ཡེ་ཤེས་ཞབས་ཀྱིས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིམ་པ་ནི་མ་བཤད་དེ། དེ་དག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདི་དག་ཁོ་ནའི་ནང་དུ་འདུས་པའི་ཕྱིར་རོ། །འདི་ལ་རྗེས་སུ་ཡི་རང་བ་ལ་སོགས་པས་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་ཐབས་ཡིན་ནོ། །དེ་ལྟར་བསགས་པ་རྣམས་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་སྨོན་ལམ་ཡིན་ནོ། །རང་གི་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་ནི་སྟོབས་ཡིན་ནོ། །ཐམས་ཅད་དུ་རྣམ་པ་ལ་མཁས་པ་ནི་ཡེ་ཤེས་ཡིན་ནོ་ཞེས་ཕྱིན་དྲུག་རེ་རེའི་ནང་དུ་བཞི་བཞི་འདུས་པར་འཆད་དོ། །གཉིས་པ་ནི། སངས་རྒྱས་རྗེས་སུ་དྲན་པ་གང་ཡིན་པ་སོགས་སྔར་ལྟར་ཏེ། འོག་ཏུ་ཡང་ངོ། །དེ་དུ་ཞེ་ན། རྣམ་པ་གསུམ་མོ། །གནས་སྐབས་གང་དུ་ཇི་ལྟར་དྲན་པར་བྱེད་ན། དྲན་པ་ཉེ་བར་བཞག་པ་དང་སོགས་པས་སྟོབས་ལྔའི་བར་གྱིས་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་སྐབས་སུ་དོན་དམ་པར་དྲན་པ་དང་ཡིད་ལ་བྱ་བ་མེད་ཅིང་ཐ་སྙད་དུ་སྒྱུ་མ་ལྟ་བུར་རྗེས་སུ་དྲན་པའི་མཚན་ཉིད་འདི་རྫོགས་པར་བྱེད་པ་དང༌། བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པས་ནི་མཐོང་ལམ་དུ་སྔར་
ལྟར་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པས་ནི་སྒོམ་པའི་ལམ་དུ་སྔར་ལྟར་རོ། །དེ་ལྟར་ན་འགྲེལ་པ་ཆེ་ཆུང་གཉིས་སུ་ནི་སངས་རྒྱས་རྗེས་དྲན་གསུམ་དང་དེ་ཡང་མདོ་ལས་དྲན་པ་ཉེ་བར་བཞག་པ་ཙམ་བཤད་ཀྱང་དེས་ཕྱོགས་མཐུན་ལྷག་མ་མཚོན་པར་བྱས་ནས་མདོའི་ཆོས་སོ་བདུན་པོ་དེ་ཚན་པ་གསུམ་དུ་བཅད་ནས་ལམ་གསུམ་དུ་སངས་རྒྱས་དྲན་ཚུལ་དེས་བསྟན་པར་བཞེད་དོ། །ཚིག་གསལ་ལས་ནི། དྲན་ཉེ་སོགས་ཚན་པ་གསུམ་པོ་དེ་དྲན་པ་སངས་རྒྱས་རྗེས་དྲན་དུ་བཤད་ནས་ལམ་དྲན་པས་སངས་རྒྱས་དྲན་པར་ཇི་ལྟར་འགྱུར་ཞེས་པའི་ལན་དུ། ལམ་ཐམས་ཅད་ཆོས་སྐུའི་ཕྲིན་ལས་སུ་འཆད་པས་ལས་ཀྱིས་བྱེད་པ་པོ་དྲན་པ་དང་ལམ་ཇི་ལྟ་བུ་བརྙེས་པས་སངས་རྒྱས་དེ་བྱང་ཆུབ་ཐོབ་པར་འགྱུར་བ་རྒྱུའི་ལམ་དང་བཅས་པར་དྲན་པ་ནི་གཅིག་ཏུ་དང་བའི་རྒྱུ་ཡིན་པས་སོ་ཞེས་འཆད་པ་ནི་དགོངས་པར་མི་སྣང་ངོ༌། །སངས་རྒྱས་དྲན་ཚུལ་ནི་རིག་པ་དང་ཞབས་སུ་ལྡན་པ་སོགས་སུ་དྲན་པ་ལ་བྱེད་དོ། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་འདི་དག་ཇི་བཞིན་དུ་རྟོགས་པས་ངན་སོང་དུ་ལྟུང་བ་ལས་འཛིན་པས་སམ། རང་གི་མཚན་ཉིད་འཛིན་པས་ཆོས་དེ་དག་རྗེས་སུ་དྲན་པའི་གནས་སྐབས་དང་ཚུལ་ནི་སྔར་བཤད་པ་དེ་བཞིན་དུའོ། །འདི་གསུམ་ཆོས་དཀོན་མཆོག་མིན་ཀྱང་དེ་ཡིད་ལ་བྱེད་པ་ན་འདུས་བྱས་མ་བྱས་དང་ཟག་པ་དང་བཅས་མ་བཅས་ཀྱི་ཆོས་སུ་གྲགས་པ་
རྣམས་ཞར་ལ་ཡིད་ལ་བྱེད་པས་བསྟན་ཏོ། །ཚིག་གསལ་ལས་ནི་དགེ་བ་བླང་བྱ། མི་དགེ་བ་དོར་བྱ་ལུང་མ་བསྟན་ལ་མི་འཇུག་པར་དགེ་བ་ལ་འཇུག་པར་དྲན་པའམ་ཡང་ན་འདི་གསུམ་དུ་ཕྱེ་བའི་བློས་བཏགས་པ་ཙམ་ཡིན་གྱི་རང་གི་ངོ་བོས་གྲུབ་པ་མེད་དོ་ཞེས་དྲན་པ་ལ་འཆད་དོ། །བྱང་ཆུབ་སེམས་དཔའ་འཕགས་པ་སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྗེས་སུ་དྲན་པའི་གནས་སྐབས་དང་ཚུལ་ཡང་སྔ་མ་སངས་རྒྱས་ལ་བཤད་པ་དེ་བཞིན་དུའོ། །ཚིག་གསལ་ལས་སྔར་ལྟར་ནི་དྲན་ཚུལ་དང་དྲན་བྱ་གཉིས་ལ་སྙེག་སྟེ་དེ་ཡང་དགེ་འདུན་ཉི་ཤུའི་སྐབས་ལ་འཆད་པའང་དགོས་པར་མི་སྣང་ངོ༌། །དྲན་ཚུལ་ལ་ཡང་ཐུན་མོང་གི་ཡོན་ཏན་ལེགས་པར་ཞུགས་སོགས་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་ཕྱིར་མི་ལྡོག་གི་ས་རབ་ཏུ་བརྙེས་པ་ཞེས་སོགས་དྲན་པ་ལ་འདོད་དོ། །སྡོམ་པ་གསུམ་གྱི་ཚུལ་ཁྲིམས་དང་སེར་སྣ་སྤངས་པས་འཛིན་པ་མེད་ཅིང་རང་གི་ལུས་དང་སྲོག་སོགས་འགྱེད་པའི་གཏོང་བ་དང༌། ཁམས་གསུམ་གྱི་ལྷ་འཕགས་པ་རྣམས་རྗེས་སུ་དྲན་པའི་གནས་སྐབས་དང་ཚུལ་ནི་སངས་རྒྱས་ལ་བཤད་པ་དེ་བཞིན་དུ་དོན་དམ་པར་དྲན་པ་མེད་ཅིང་ཐ་སྙད་དུ་དེ་དག་གི་ཡོན་ཏན་སྒྱུ་མ་ལྟར་དྲན་པ་སྟེ། དེ་ཡང་ཚུལ་ཁྲིམས་ནི་འགྱོད་པ་མེད་པས་རྒྱུད་བསིལ་བར་བྱེད་པ་དང་མཐོ་རིས་ཀྱི་ལམ་དང་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པ་དང་འགྱོད་པ་མེད་པས་ཏིང་ངེ་འཛིན་སྐྱེས་པ་ལྷ་མིའི་ཡོན་ཏན་སྦྱང་བའོ། །གཏོང་བ་ནི་མཛའ་བཤེས་
འཕེལ་བ་དང་ཚེ་རབས་རྣམས་བདེ་བའི་རྒྱུ་དང་ཕ་མ་དང་བླ་མ་ལ་མཆོད་པའི་ཡན་ལག་གོ་ཞེས་དྲན་པ་དང༌། རྒྱལ་ཆེན་རིགས་བཞི་སོགས་ཀྱི་ལྷ་ཕལ་པ་ལ་ནི་འདི་དག་ཡིད་དུ་འོང་བའི་ལས་ཁྱད་པར་ཅན་ལས་གྲུབ་པའོ་སྙམ་པ་དང༌། འཇིག་རྟེན་དབང་ཕྱུག་དང་རྗེ་བཙུན་མ་སྒྲོལ་མ་སོགས་ཀྱི་ཡོན་ཏན་དྲན་པའོ་ཞེས་ཚིག་གསལ་ལས་སོ། །སྔར་གྱི་སྦྱིན་ཚུལ་གཉིས་དང་འདི་གཉིས་མི་ཟློས་པ་ནི་འདི་ཕན་ཡོན་དྲན་པ་ཡིན་ལ་སྔར་གྱི་དེ་ཉམས་ལེན་གྱི་ལྡོག་པ་ནས་བསྟན་པས་སོ། །སློབ་དཔོན་འདིས་དེ་ལྟར་དྲན་པའི་གནས་སྐབས་གསུམ་དུ་མཛད་པ་ནི། མདོ་ནས་བཅུ་གཉིས་པོ་ཐམས་ཅད་ལ་མཐར་གྱིས་བྱ་བ་སོགས་གསུམ་མཛད་པ་དེའི་ཚིག་དང་བསྟུན་པར་སྣང་ཡང་འཕགས་པ་དང་མི་འགལ་བར་ཚོགས་ལམ་ནས་ཀྱང་འདི་བཞག་གོ །གསུམ་པ་ནི། གཟུགས་སོགས་ཀྱི་ཆོས་ཐམས་ཅད་བདེན་པའི་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ངེས་པ་རྙེད་པའི་ཚུལ་གྱིས་ཁོང་དུ་ཆུད་པས་རྟོགས་པ་གང་སོགས་སོ། །མོས་པ་དང་དེ་ཁོ་ན་ཉིད་ཡིད་བྱེད་དམ་མངོན་རྟོགས་དང་སྙིང་པོའི་དོན་ནམ་རྣམ་གྲངས་ཀྱིས་ཚིག་གཉིས་བསྟན་པར་ཚིག་གསལ་ལས་སོ། །འདི་དག་ཀྱང་མཐར་གྱིས་པར་མ་ཟད་ཐེག་ཆེན་གྱི་ལམ་ཐམས་ཅད་ལ་དགོས་ཤིང་མཐར་གྱིས་པའང་རེ་རེ་ལའང་ཚང་ཚུལ་ནི་སྔར་བཤད་ཟིན་ཏོ། །གསུམ་པ་ནི། ཤེས་རབ་སོགས་སོ། །ཤེར་ཕྱིན་གྱི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་
ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་མང་དུ་ཐོས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་ལས་སྐབས་དྲུག་པའི་འགྲེལ་བཤད་དོ།། །།ལས་སྐབས་བདུན་པའི་འགྲེལ་བཤད།གཉིས་པ་ནི་བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་བཤད་ཀྱི་གཉིས་པ། བརྟན་པའི་འབྲས་བུ་སྐད་ཅིག་མའི་ཡན་ལག་བཤད་ཀྱི་ས་བཅད་སྤྲོ་ཞིང་དང་པོར་མཚམས་སྦྱོར་གྱི་དོན་བཤད་པ། གཉིས་པ་ལ་གསུམ། འབྲེལ་བརྗོད་པས་མཚམས་སྦྱར། སྐད་ཅིག་མའི་ཆོས་རྒྱས་པར་བཤད། སྐབས་བསྡུ་བའོ། །དང་པོ་ནི། མཐར་གྱིས་པའི་འོག་ཏུ་སྐད་ཅིག་མ་གཅིག་པའི་ཚེ་མངོན་དུ་གྱུར་པར་རྫོགས་པར་ཏེ་ཆོས་ཐམས་ཅད་བྱང་ཆུབ་པ་རྟོགས་པའི་སྦྱོར་བ་གསུངས་ཏེ། མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་བསམས་པས་ནི་སྦྱིན་སོགས་དེ་དག་ཉིད་དུས་སྐད་ཅིག་མ་གཅིག་གིས་སྒོམ་པའམ་རྟོགས་པར་བྱེད་པས་སོ། །དེ་ལྟར་ནུས་པའི་རྒྱུ་མཚན་ནི། གྲངས་མེད་གསུམ་དུ་རིམ་སྒོམ་ཤིན་ཏུ་གོམས་པར་བྱས་པའི་ཕྱིར་རོ། །མདོའི་འབྲེལ་ནི། མཐར་གྱིས་པ་བཅུ་གསུམ་པར་བྱང་ཚེ་ཕྱིན་དྲུག་མི་དམིགས་པར་སྒོམ་པར་གསུངས་པ་ལ་འཕྲོས་ནས་བྱང་ཚེ་ཇི་ལྟར་སེམས་བསྐྱེད་གཅིག་གིས་ཕྱིན་དྲུག་འཛིན་པ་ལགས་ཞེས་དྲིས་པའི་ལན་དུ་གསུངས་སོ། །གཉིས་པ་ནི། སྐད་ཅིག་སྦྱོར་དེ་ལ་ཡང་མཚན་ཉིད་ཀྱིས་ཏེ་ལྡོག་པས་ཕྱེ་ན་རྣམ་པ་བཞི་ཡོད་པས་དེ་དག་སྟོན་པ་ལ་གཉིས། ཡོན་ཏན་མངོན་དུ་བྱེད་པ་དང༌། ཡུལ་གྱི་རང་བཞིན་རྟོགས་ཚུལ་གྱི་དབང་དུ་བྱས་པའི་སྐད་ཅིག་མའོ། །དང་པོ་ལ་གཉིས། རྣམ་སྨིན་མ་ཡིན་པ་དང༌། རྣམ་སྨིན་གྱི་སྐད་ཅིག་མའོ། །དང་པོ་ལ་གཉིས། མཚམས་སྦྱར་བ་དང༌། དོན་བཤད་པའོ། །དང་པོ་ནི།
སྐད་ཅིག་མ་བཞིའི་དང་པོ་རྣམ་པར་སྨིན་པ་མ་ཡིན་པ་ཟག་པ་མེད་པའི་ཆོས་ཐམས་ཅད་སྐད་ཅིག་པའི་མཚན་ཉིད་ཀྱི་སྒོ་ནས་རྟོགས་པའི་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་གསུངས་སོ། །འདིར་རྣམ་སྨིན་མ་ཡིན་པ་དང་ཡིན་པ་གང་ན། རྣམ་པར་སྨིན་པ་ནི་གསུམ་སྟེ། ས་དང་པོ་ལ་འཇིག་རྟེན་ལས་འདས་པ་དང་ས་བརྒྱད་པ་ལ་མཚན་མ་མེད་པ་དང་སངས་རྒྱས་ཀྱི་ས་ལ་བསམ་གྱིས་མི་ཁྱབ་ཅིང་ལྷུན་གྱིས་གྲུབ་པར་རྣམ་པར་སྨིན་པའོ། །རྣམ་པར་སྨིན་པ་མ་ཡིན་པ་ནི་མཐོང་ལམ་མ་སྐྱེས་པའི་རྒྱུད་ཀྱི་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཇི་སྙེད་པའོ། །ཟག་མེད་ནི་དེ་དག་ཟག་མེད་མ་ཡིན་ཀྱང་དེ་དག་གི་རང་བཞིན་ཟག་མེད་ཡིན་ཏེ། བྱིས་པས་བྱང་ཆུབ་མི་ཤེས་ཀྱང༌། །དེ་ཉིད་དེ་ལས་རབ་ཏུ་གནས།། ཞེས་པ་ལྟར་རོ་ཞེས་ཚིག་གསལ་ལས་སོ། །རྟོགས་དཀར་ནི་ཕྱི་རོལ་གྱི་རྒྱུ་རྐྱེན་གྱིས་མངོན་པར་འདུ་མ་བྱས་པ་དང་པོ་དང་འཚང་རྒྱ་བའི་འབྲས་བུ་སྟེར་བ་ལ་མངོན་དུ་ཕྱོགས་ཤིང་རབ་ཏུ་གྱུར་པ་ནི་གཉིས་པའི་དོན་དུ་འཆད་དོ། །སྔ་མ་རྣམས་ས་དང་པོ་ནས་བདུན་པའི་བར་ནི་འབད་རྩོལ་ལ་ལྟོས་པས་མ་སྨིན་པ་དང་བརྒྱད་པ་ཡན་ཆད་ནི་དེ་ལ་མི་ལྟོས་པར་འབྱུང་བས་རྣམ་སྨིན་ནོ་ཞེས་འཆད་པ་རྣམས་ནི་མི་འཐད་དེ། དང་པོ་ལྟར་ན། ཆོས་ཉིད་ལ་བྱེད་ན་ཆོས་ཉིད་ལ་དབྱེར་མེད་པས་ས་དང་པོ་བཞག་དགོས་ལ་ཆོས་ཅན་ལ་བྱེད་ན་རྣམ་པར་མ་སྨིན་པ་ལ་ཟག་མེད་མི་འཐད་
དོ། །གཉིས་པ་ལྟར་ན། དང་པོའི་ཟག་མེད་རྣམས་ལ་རྣམ་སྨིན་གྱི་དོན་མེད་པའི་རྒྱུ་མཚན་སྨྲ་དགོས་སོ། །གསུམ་པ་ལྟར་ན། མདོ་འགྲེལ་ལས་མཚན་དཔེ་དང་སྟོབས་མ་འདྲེས་པ་རྣམས་འཆད་པས་བདུན་པ་མན་ཆད་ལ་ཇི་ལྟར་འགྲིག །དེས་ན་སྐད་ཅིག་མ་འདི་དག་ལྡོག་པ་ཐ་དད་པ་ཙམ་ཡིན་པས། ཡུལ་ཅན་ལ་རྣམ་སྨིན་ཡིན་མིན་མི་རུང་བས་ཡུལ་ལ་བྱ་ཞིང༌། དེ་ཡང་གཅིག་གི་ཡུལ་གཉིས་ཀའིའང་ཡིན་པའི་ཕྱིར་མདོ་བསྟན་བཅོས་ནས་བསྟན་ཚོད་ཀྱི་ཡུལ་ལ་རྣམ་སྨིན་དང་དེ་མིན་གཉིས་སུ་དབྱེ་སྟེ། དང་པོའི་ཡུལ་ནི་རང་གི་རྒྱུད་ལ་ནུས་པ་མཐར་ཐུག་པ་མ་སྨིན་པ་དང༌། ཕྱི་མ་ནི་རང་གི་རྒྱུད་ལ་དེ་ལྟར་སྐྱེས་པའི་གནས་སྐབས་ཀྱི་དབང་དུ་བྱས་ནས་གཞག་གོ །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། དེ་མཚོན་པའི་དཔེའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཐུབ་པ་རྒྱུན་མཐའ་བའི་རྟོགས་པ་འདི་ནི་རྣམ་སྨིན་མ་ཡིན་པའི་སྐད་ཅིག་མ་གཅིག་པའི་སྦྱོར་བར་ཤེས་པར་བྱ་སྟེ། སྦྱིན་སོགས་རེ་རེའི་ཡུལ་དུ་བྱས་པས་དེ་དང་རིགས་མཐུན་གྱི་ཟག་མེད་ཀྱི་ཆོས་ཀུན་ཡུལ་དུ་བསྡུས་པའི་ཕྱིར་ཏེ། བྱང་ཆེན་ཡུམ་ལ་དེ་ལྟར་སྤྱོད་པ་ནི་སེམས་བསྐྱེད་པ་གཅིག་གིས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་མ་འདྲེས་པ་དང་མཚན་དཔེའི་བར་ལ་གསུངས་ཏེ། སེམས་བསྐྱེད་གཅིག་ནི་སྐད་ཅིག་སྦྱོར་ཡིན་ནོ། །གཉིས་བ་ནི། ཐུབ་པ་སྟེ་སྒོ་གསུམ་མཉམ་པར་བཞག་པའི་བྱང་སེམས་རྒྱུན་མཐའ་བའི་རྟོགས་པ་ནི་རྣམ་སྨིན་མ་ཡིན་པའི་སྐད་
ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའོ་ཞེས་ཤེས་པར་བྱའོ། །རྒྱུ་མཚན་ནི། སྦྱིན་པ་ལ་སོགས་པའི་ངོ་བོར་གྱུར་པའི་ཡེ་ཤེས་དམིགས་པར་བྱ་བའི་སྐད་ཅིག་མ་གཅིག་པོ་སྟེ་རེ་རེའི་ངོ་བོ་ཡུལ་དུ་བྱས་པས་ཀྱང་སྦྱིན་སོགས་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་མཚན་ཉིད་ཀྱི་ཟག་མེད་ཀྱི་ཆོས་རྣམས་སྐད་ཅིག་མ་གཅིག་ལ་ཡུལ་དུ་བསྡུས་པའི་སྦྱོར་བ་ཡིན་པའི་ཕྱིར་རོ། །རྩ་བར་ཀྱང་ཞེས་པ་ནི་མང་པོ་ཡུལ་དུ་བྱས་པའི་བློས་གཅིག་ཡུལ་དུ་བསྡུས་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་གཅིག་ཡུལ་དུ་བསྡུས་པའི་བློས་ཀྱང་མང་པོ་ཡུལ་དུ་བསྡུས་པ་ཡོད་ཅེས་པའོ། །རྟགས་སྒྲུབ་པ་ལ་གཉིས་ལས། རིགས་པས་སྒྲུབ་པ་ནི། སྦྱིན་སོགས་ཀྱི་དངོས་པོ་རྣམས་གཅིག་ཡུལ་དུ་བྱས་པ་ནི་གཞན་ཡུལ་དུ་བྱེད་མི་ནུས་པའི་དངོས་པོ་སོ་སོར་ངེས་པར་འཛིན་པའི་ཕྱི་ཅི་ལོག་དང་བྲལ་བའི་ངོ་བོས་ཏེ་དེའི་ཕྱིར་རོ། །འདིས་ནི་དེ་ལྟར་མངོན་དུ་བྱེད་ནུས་པའི་འགལ་རྐྱེན་བྲལ་བར་བསྟན་ཏོ། །ལུང་གིས་སྒྲུབ་པ་ནི། དབུ་མའི་ལུགས་ལས་བློ་གང་གིས་དངོས་པོ་གཅིག་གི་དེ་བཞིན་ཉིད་མཐོང་བ་དེ་ཡིས་དངོས་པོ་ཀུན་གྱི་རང་བཞིན་ཀྱང་དེ་བཞིན་ཉིད་དུ་མཐོང་ཞེས་འབྱུང་བའི་ཕྱིར་ཏེ། ཆོས་དབྱིངས་ཀྱི་རང་གི་ངོ་བོར་དབྱེར་མེད་པའི་དབང་དུ་བྱས་ན་དངོས་པོ་གཅིག་གི་རང་བཞིན་དེ་དངོས་པོ་ཀུན་གྱི་ངོ་བོ་ཉིད་དང་དངོས་པོ་ཀུན་གྱི་རང་བཞིན་དེ་དངོས་པོ་གཅིག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་
མཚན་འདི་ལྟར་ན་ཟག་མེད་ཐམས་ཅད་ཀྱི་ཡིན་ལུགས་རྟོགས་པ་ལ་མཛད་པ་ལྟར་སྣང་ཡང་དེ་ཙམ་ནི་ས་དང་པོ་ནས་ཡོད་པས་ཆོས་ཅན་ཟག་མེད་ཀྱི་ལྡོག་པ་རྟོགས་པ་ཡང་གཟུང་ངོ༌། །གཉིས་པ་ལ་གསུམ་ལས། དང་པོ་ནི། ཇི་ལྟར་ན་ཟག་པ་མེད་པའི་ཡེ་ཤེས་གཅིག་དམིགས་པ་ན་དེ་དང་རིས་མཐུན་པའི་ཟག་མེད་ཐམས་ཅད་ཡུལ་དུ་བསྡུས་པ་ཡིན་ཞེ་ན། དེའི་ལན་དུ་འཇིག་རྟེན་ལ་གྲགས་པའི་དཔེ་སྟོན་ཏོ། །ཡང་ནི་སྔར་དོན་དེ་ལུང་རིགས་ཀྱིས་བསྒྲུབས་པར་མ་ཟད་པའོ། །གཉིས་པ་ནི། ཇི་ལྟར་སོགས་ཏེ་གོ་བར་ཟད་དོ། །གསུམ་པ་ནི། སྔོན་གྱི་སྨོན་ལམ་གྱི་འཕེན་པ་ནི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་རྟོགས་པར་གྱུར་ཅིག་ཅེས་པ་དང་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ཀུན་ཏུ་སྟོན་པའི་དབང་གིས་སོ། །ཆོས་དབྱིངས་ཀྱི་མཐུ་ནི་ཆོས་ཐམས་ཅད་ཆོས་དབྱིངས་ཀྱི་རང་བཞིན་ཡིན་ལ་དེ་ལ་གཅིག་པ་དང་ཐ་དད་པ་མེད་པ་སྟེ་མདོར་ན་དེ་ལྟར་རྟོགས་པའི་སྨོན་ལམ་གྲུབ་ཅིང་ཆོས་ཐམས་ཅད་ཆོས་དབྱིངས་སུ་ཐ་མི་དད་པས་སོ་ཞེས་པའོ། །ཚིག་གསལ་ལས་གོང་གི་ལུང་དེ་འོག་མ་གསུམ་ལའང་སྦྱོར་བར་གསུངས་པ་ལྟར་དཔེ་འདི་ཡང་ཐམས་ཅད་ལའོ། །གཉིས་པ་ནི་ཡོན་ཏན་མངོན་དུ་བྱེད་པའི་གཉིས་པ་སྟེ། རྣམ་པར་སྨིན་པའི་སྐད་ཅིག་མ་བཤད་པ། གཉིས་པ་ལ་གསུམ་ལས་དང་པོ་ནི། དེ་ལྟར་སོགས་སོ། །གཉིས་པ་ནི། འགྲེལ་པ་ལྟར་ན། གང་ཚེ་རྣམ་སྨིན་ཆོས་ཉིད་ཀྱི། །གནས་སྐབས་ཆོས་དཀར་སྐྱེས་གྱུར་པ། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཤེས་རབ་ཕ་རོལ་ཕྱིན་རང་བཞིན།། ཞེས་འདོན་དགོས་སོ། །གང་ཚེ་
རྣམ་བྱང་གི་རིགས་ཐམས་ཅད་རྣམ་པར་སྨིན་པ་སྟེ་རང་རྒྱུད་ལ་ཐོབ་པའི་ཆོས་ཉིད་ཀྱི་གནས་སྐབས་སུ་དྲི་མ་དང་བྲལ་བས་ཆོས་དེ་དག་དཀར་བའི་བདག་ཉིད་དུ་སྐྱེས་པར་གྱུར་པ་དེའི་ཚེ་ན་སྐད་ཅིག་གཅིག་ལ་ཟག་མེད་དེ་དག་རྟོགས་པའི་རྒྱུན་མཐའི་ཡེ་ཤེས་ནི། ཤེར་ཕྱིན་སྐད་ཅིག་མ་གཉིས་པའི་སྦྱོར་བའི་རང་བཞིན་ཡིན་ཏེ། དེ་བྱང་སེམས་ཀྱི་ལམ་རྣམ་པར་སྨིན་པའི་ཆོས་ཅན་ལ་གནས་པས་ཕར་ཕྱིན་དྲུག་པོ་ཡོངས་སུ་རྫོགས་པ་དང་སྟོང་པ་ཉིད་ཐམས་ཅད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་ཡོངས་སུ་རྫོགས་པ་དང༌། ཞེས་སོ། །གསུམ་པ་ནི། རྒྱུན་མཐའ་བའི་རྟོགས་པ་ནི། ཤེར་ཕྱིན་རྣམ་པར་སྨིན་པའི་སྐད་ཅིག་སོགས་སོ། །རྒྱུ་མཚན་ནི། སྐད་ཅིག་མ་གཅིག་ཁོ་ན་ལ་རང་རྒྱུད་ལ་རྣམ་པར་སྨིན་པའི་གནས་སྐབས་སུ་གྱུར་པའི་ཟག་པ་མེད་པའི་ཆོས་རྣམས་རྟོགས་པའི་ཡེ་ཤེས་ཡིན་པས་སོ། །གང་གི་ཚེ་རྟོགས་ན། རྣམ་པར་བྱང་བའི་ཕྱོགས་སྦྱིན་སོགས་རང་རྒྱུད་ལ་རྣམ་པར་སྨིན་པའི་ཆོས་ཉིད་དམ་བདག་ཉིད་ཀྱི་གནས་སྐབས་རྣམས་དཀར་བའི་ངོ་བོ་ཉིད་དུ་སྐྱེས་པ་དེའི་ཚེའོ། །དཀར་བའི་དཔེ་ནི། སྟོན་ཟླའི་འོད་བཞིན་དུའོ། །དཔེ་དཀར་བའི་རྒྱུ་མཚན་ནི། ཆར་གྱིས་རྡུལ་གྱི་ཚོགས་མནན་པས་ཁུག་རྣ་སོགས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བས་སོ། །རྟོགས་དཀར་འདི་ལ་གཟུང་བ་ལ་སོགས་པར་ལྟ་བའི་དྲི་མ་སྤངས་པས་ཞེས་ཟེར་བ་ནི་མི་ལེགས་ཏེ། ཟློས་པར་འགྱུར་ཞིང་རྒྱན་སྣང་དང་འགལ་བས་སོ། །དོན་དཀར་
བའི་རྒྱུ་མཚན་ནི། བྱང་སེམས་ཀྱིས་གཉེན་པོ་བདག་མེད་རྟོགས་པ་བསྐལ་པ་གྲངས་མེད་དུ་བསྒོམས་པའི་མཐུས་མཐོང་སྒོམ་གྱི་ལམ་གྱི་མི་མཐུན་ཕྱོགས་ཕལ་ཆེ་བ་ཐམས་ཅད་དང་བྲལ་བས་ནའོ། །གཉིས་པ་ནི་སྐད་ཅིག་མའི་ཆོས་རྒྱས་བཤད་ཀྱི་གཉིས་པ། ཡུལ་གྱི་རང་བཞིན་རྟོགས་ཚུལ་གྱི་དབང་དུ་བྱས་པའི་སྐད་ཅིག་མ་སྟེ། འདིའི་ས་བཅད་སྤྲོ་ཞིང་དང་པོར་མཚན་ཉིད་མེད་པའི་སྐད་ཅིག་མ་བཤད་པ། གཉིས་པ་ལ་གཉིས། མཚན་ཉིད་མེད་པ་དང༌། གཉིས་སུ་མེད་པའི་སྐད་ཅིག་མའོ། །དང་པོ་ལ་གསུམ་ལས། དང་པོ་ནི། དེ་ལྟར་གཉིས་པ་སོགས་སོ། །གཉིས་པ་ནི། རྒྱུན་མཐའ་རྟོགས་པ་ནི། ཀུན་བྱང་གི་ཆོས་རྣམས་མཚན་ཉིད་དམ་ངོ་བོ་མེད་པ་ཉིད་དུ་སྐད་ཅིག་མ་ནི་གཅིག་གིས་རྟོགས་པའི་སྦྱོར་བ་ཡིན་ཏེ། རྨི་ལམ་དང་འདྲ་བའི་ཕུང་པོ་ལྔ་ལ་གནས་ནས་སྦྱིན་སོགས་ལ་ཞེན་མེད་དུ་སྤྱོད་པ་ཡིས་ཏེ། བྱང་ཚེ་རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་སྦྱིན་པ་ཡོངས་སུ་གཏོང་ངོ་ཚུལ་ཁྲིམས་སྲུང་ངོ༌། །བཟོད་པ་སྒོམ་མོ་བརྩོན་འགྲུས་རྩོམ་མོ་ཏིང་ངེ་འཛིན་སྒོམ་མོ་ཤེས་རབ་སྒོམ་མོ་ཞེས་སོ། །གསུམ་པ་ནི། སྦྱིན་སོགས་ཀྱི་ངོ་བོ་ཉིད་ངེས་པར་རྟོགས་པའི་རྣམ་པ་ཅན་གྱི་སློབ་ལམ་མཐར་ཕྱིན་པ་ནི། མཚན་ཉིད་མེད་པའི་སྐད་ཅིག་མ་སོགས་སོ། །རྒྱུ་མཚན་ནི། དུས་སྐད་ཅིག་མ་གཅིག་ཁོ་ནས་ཆོས་ཐམས་ཅད་ནི་བདེན་པའི་མཚན་ཉིད་མེད་པའོ་ཞེས་ཀུན་བྱང་གི་ངོ་བོའི་ཆོས་རྣམས་དོན་དམ་པར་མཚན་ཉིད་མེད་པ་ཉིད་དུ་ཤེས་པས་ནའོ། །གནས་སྐབས་གང་དུ་ཤེས་ན། སྔོན་ས་དགུ་པ་མན་ཆད་དུ་ཆོས་ཐམས་ཅད་བདེན་མེད་རྨི་ལམ་ལྟ་བུར་གོམས་པར་བྱས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཉམས་སུ་མྱོང་བར་བྱས་ནས་རྟོགས་པ་སྟེ་ཐོབ་པའི་གནས་སྐབས་
ནའོ། །ཐབས་གང་གིས་ཤེས་ན། ཉེར་ལེན་གྱི་ཕུང་པོ་ལ་སོགས་པའི་བདེན་མེད་རྨི་ལམ་གྱི་ངོ་བོ་ཉིད་དང་མཚུངས་པའི་ཆོས་ཐམས་ཅད་ལ་དེ་ལྟར་གནས་པ་སྟེ་རྟོགས་ནས་སྦྱིན་སོགས་ཕར་ཕྱིན་དྲུག་འཁོར་གསུམ་མི་དམིགས་པར་བསྒྲུབས་པས་སོ། །གཉིས་པ་ནི་ཡུལ་གྱི་རང་བཞིན་རྟོགས་ཚུལ་གྱི་དབང་དུ་བྱས་པའི་གཉིས་པ་སྟེ། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བཤད་པ། གཉིས་པ་ལ་གསུམ་ལས། དང་པོ་ནི། དེ་ལྟར་གསུམ་པ་སོགས་སོ། །གཉིས་པ་ནི། རྒྱུན་མཐའ་བའི་ཡེ་ཤེས་ནི། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་ཡིན་ཏེ། ཆོས་རྣམས་ཀྱི་གཟུང་འཛིན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་སྐད་ཅིག་མ་གཅིག་གིས་མཐོང་བའི་ཕྱིར། དཔེར་ན་རྨི་ལམ་དང་དེ་མཐོང་གཉིས་སད་པ་ན་གཉིས་ཀྱི་ཚུལ་དུ་མི་མཐོང་བ་ལྟར་ཏེ། བྱང་ཚེ་རྨི་ལམ་མི་མཐོང༌། རྨི་ལམ་མཐོང་བ་མི་མཐོང་ངོ་ཞེས་སོ། །གསུམ་པ་ནི། བྱང་སེམས་རྒྱུན་མཐའ་བའི་རྟོགས་པ་ནི་གཉིས་སུ་མེད་པའི་སྐད་ཅིག་མ་སོགས་སོ། །རྒྱུ་མཚན་ནི། གང་གི་ཚེ་སད་དུས་སུ་གཟུང་འཛིན་ཐ་དད་པའི་ཚུལ་དུ་རྨི་ལམ་ལ་གཟུང་བ་དང་རྨི་ལམ་མཐོང་བ་ལ་འཛིན་པར་མི་མཐོང་བ་དེའི་ཚེ་ཆོས་ཐམས་ཅད་ཀྱང་རྨི་ལམ་གྱི་གཟུང་འཛིན་ཐ་དད་མེད་པ་དེ་ལྟ་བུའི་ཆོས་ཉིད་ཡིན་ནོ་ཞེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་གཟུང་འཛིན་གཉིས་སུ་མེད་པ་སྐད་ཅིག་མ་གཅིག་ཁོ་ནས་རྟོགས་པས་ནའོ། །དེ་གྲུབ་སྟེ། གཟུང་འཛིན་གཉིས་མེད་བཞིན་དུ་གཉིས་སུ་སྣང་བའི་བག་ཆགས་དྲུངས་ཕྱུང་ཞིང་རྩད་ནས་སྤངས་པའི་ཕྱིར་ཏེ། ཡུན་རིང་མོ་བསྐལ་པ་གྲངས་མེད་པ་དུ་མ་ཞིག་ནས་བར་ཆད་མེད་
པར་གཟུང་འཛིན་གཉིས་སུ་སྣང་བ་སྤོང་པ་ལ་གོམས་པ་ངང་དུ་གྱུར་པར་བྱས་པས་སོ། །གསུམ་པ་ནི། ཤེས་རབ་སོགས་སོ། །ཤེར་ཕྱིན་གྱི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་པ་དང་བཅས་པའི་རྒྱ་ཆེར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བ་ཞེས་བྱ་བ་མང་དུ་ཐོས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བ་ལས། སྐབས་བདུན་པའི་འགྲེལ་བཤད་དོ།། །།སྐབས་བརྒྱད་པའི་འགྲེལ་བཤད།གསུམ་པ་ནི་ཚིག་ལེའུར་བྱས་པ་ཉིད་གྱི་དོན་བཤད་པའི་གསུམ་པ་སྟེ། ཞུགས་འབྲས་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པའི་ས་བཅད་སྤྲོ་ཞིང༌། དང་པོར་མཚམས་སྦྱོར་གྱི་སྐོར་བཤད་པ། གསུམ་པ་ཞུགས་འབྲས་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པ་ལ་གསུམ། འབྲེལ་བརྗོད་པས་མཚམས་སྦྱར། ཆོས་སྐུའི་ཆོས་རྒྱས་པར་བཤད། སྐབས་བསྡུ་བའོ། །དང་པོ་ནི། སྐད་ཅིག་སྦྱོར་གྱི་འོག་ཏུ་ཆོས་སྐུ་གསུངས་ཏེ། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་རྣམ་པར་བསྒོམས་པའི་སྐད་ཅིག་མ་གཉིས་པ་ལ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ཏེ་དེའི་ཕྱིར་རོ། །མདོའི་འབྲེལ་ནི། སྐད་ཅིག་མ་བཞི་པར་བྱང་ཆེན་གྱིས་མཚན་མེད་ཀྱི་ཚུལ་གྱིས་ཡུམ་ལ་བསླབ་པར་བྱ་བར་གསུངས་ནས་གཞན་ཡང་ཟག་མེད་ཀྱི་ཆོས་རྨི་ལམ་ལྟ་བུ་མཚན་ཉིད་ཀྱིས་སྟོང་པ་ལ་བསླབ་པར་གསུངས་པས་ངོ་བོ་ཉིད་ཀྱི་སྐུ་གསུངས་སོ། །གཉིས་པ་ཆོས་སྐུའི་ཆོས་རྒྱས་པར་བཤད་པའི་ས་བཅད་སྤྲོ་ཞིང༌། དང་པོར་གཞུང་དང་མ་སྦྱར་བར་ཆོས་སྐུ་སྤྱིར་བཤད་པ། གཉིས་པ་ལ་གཉིས། སྤྱི་དང༌། ཡན་ལག་གི་དོན་ནོ། །དང་པོ་ལ་གཉིས། བྱེད་པ་པོ་སྐུ་དང༌། བྱ་བ་ཕྲིན་ལས་ཀྱི་རང་བཞིན་ནོ། །དང་པོ་ལ་གཉིས། སྐུའི་གྲངས། ངོ་བོའོ། །དང་པོ་ལ་བཞི། གཉིས་སུ་དང༌། གསུམ་དུ་དང༌། ལྔར་དང༌། བཞིར་དབྱེ་བའོ། །དང་པོ་ནི་