Nitartha Digital Library
Tibetan
 
previousརྫོགས་རིམ་གྱི་སྤྱི་དོན་དཔྱིད་ཀྱི་ཐིག་ལེའི་དམིགས་རྣམ་སྐྱོང་བའི་ཟིན་བྲིས།no next

རྫོགས་རིམ་གྱི་སྤྱི་དོན་དཔྱིད་ཀྱི་ཐིག་ལེའི་དམིགས་རྣམ་སྐྱོང་བའི་ཟིན་བྲིས།


JLD019_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་གྱི་སྤྱི་དོན་དཔྱིད་ཀྱི་ཐིག་ལེའི་དམིགས་རྣམ་སྐྱོང་བའི་ཟིན་བྲིས་བཞུགས་སོ། །


JLD019_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཕྲོག་པའི་མཁྱེན་རབ་དང་བརྩེ་བའི་ཐུགས་རྗེ་ལྡན་པའི་རྗེ་བཙུན་བླ་མ་དམ་པ་རྣམས་དང་། གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ལ་འདིར། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བཤད་པ་ལྟར། བསྐྱེད་པའི་རིམ་པ་ལ་ཐུན་བཞིར་བསླབས་ཤིང་། བསྐྱེད་རིམ་བསྒོམ་པ་ལ། ལྷའི་སྐུ་མདོག་སོགས་སྣང་བ་གསལ་ཞིང་བརྟན་པ་དང་། རང་ཉིད་ལྷ་དེ་ཡིན་ནོ་སྙམ་པའི་ང་རྒྱལ་བརྟན་པ་བསྒྲུབ་པ་གཉིས་ཡོད་མོད་ཀྱང་། གཙོ་བོ་ནི་རང་ལྷ་དེའོ་སྙམ་དུ་བསམས་པ་ན་བཅོས་ནས་བྱས་པ་མིན་པར་འཛིན་སྟངས་བཅོས་མ་མིན་པར་བསྒྱུར་ཐུབ་པའི་ང་རྒྱལ་བསྐྱེད་པ་འདི་ཡིན་པས། འདིར་ཡང་ང་རྒྱལ་


JLD019_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ཉིད་ཡིན་གསུང་ངོ་། །རྫོགས་པའི་རིམ་པ་འདོད་པ་རྣམས་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། དེ་ལ་འདིར་རྫོགས་རིམ་དུ་འཇོག་པར་བྱེད་པ་ལ་སྟོང་ཉིད་རྟོགས་པ་ཙམ་གྱིས་འཇོག་མི་ནུས་ཏེ། སྟོང་ཉིད་རྟོགས་པ་ཐེག་དམན་ལ་ཡང་ཡོད་པའི་ཕྱིར་རོ། །དེའི་སྟེང་དུ་ལྷའི་རྣལ་འབྱོར་ཡོད་པ་ཙམ་གྱིས་ཀྱང་འཇོག་མི་ནུས་ཏེ། སྟོང་ཉིད་དང་ལྷའི་རྣལ་འབྱོར་བྱ་སྤྱོད་པ་ལ་ཡང་ཡོད་པའི་ཕྱིར་རོ། །དེའི་སྟེང་དུ་རླུང་གི་རྣལ་འབྱོར་གྱིས་ཀྱང་འཇོག་མི་ནུས་ཏེ། སྟོང་པ་དང་ལྷའི་རྣལ་འབྱོར་དང་རླུང་གི་རྣལ་འབྱོར་རྒྱུད་སྡེ་འོག་མ་གསུམ་ལ་ཡང་ཡོད་པའི་ཕྱིར་རོ། །འོ་ན་གང་ཡིན་ན། འདིར་ལུས་ལ་གནད་དུ་བསྣུན་ནས་སེམས་ལ་བོགས་བཏོན་པའི་སྟོང་ཉིད་ཀྱི་རྟོགས་པ་ལ་རྫོགས་རིམ་དུ་འདོད་པ་ཡིན་ཏེ། དེ་ལྟ་བུའི་རྫོགས་


JLD019_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་སྟོན་པའི་གཞུང་དེ་ཇི་ལྟ་བུ་ཞེ་ན། དེ་ལ་སྤྱིར་རྫོགས་རིམ་ནི། སློབ་དཔོན་ནག་པོ་སྤྱོད་པས། དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ་དང་། རིམ་པ་བཞི་པ་དང་། དཔྱིད་ཀྱི་ཐིག་ལེ་རྣམས་མཛད་དེ། དང་པོས་ནི་ཕ་རྒྱུད་དང་མ་རྒྱུད་རྣམས་ཀྱི་གླེང་གཞིའི་ཡི་གེ་བཞི་བཅུའི་བཤད་པ་མཛད་ནས། རྒྱུད་གཉིས་ཀས་མཐར་ལྷན་ཅིག་སྐྱེས་པའི་བདེ་བ་བསྒྲུབ་པ་ལ་ཁྱད་པར་མེད་པར་བསྒྲུབ་བོ། །རིམ་པ་གཉིས་པའི་རྒྱུད་ཀྱི་རིམ་པ་ལས་ལུས་ཀྱི་འཆགས་ཚུལ་གཏན་ལ་འབེབས་ལ། སྔགས་ཀྱི་རིམ་པས་ནི། གཏུམ་མོ་ཇི་ལྟར་སྦྱོར་བའི་ཚུལ་སྟོན། ཡེ་ཤེས་ཀྱི་རིམ་པས་ནི། ཡས་བབས་དང་མས་བརྟན་གྱི་དགའ་བཞིའི་སྐྱེ་བའི་རིམ་པ་སྟོན་ནོ། །གསང་བའི་རིམ་པས་ནི། དེ་ལྟར་གོམས་པའི་རིམ་པ་སྟོན་ནོ། །སམྦུ་ཊའི་རྗེས་སུ་འབྲངས་ནས། རིམ་པ་བཞི་པོ་དེ་དག་རྒྱས་པར་སྟོན་པ་ནི་དཔྱིད་ཀྱི་ཐིག་ལེ་ཡིན་ནོ། །དེ་བཞིན་དུ་ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། སློབ་དཔོན་དྲིལ་བུ་པས་རིམ་པ་ལྔ་པ་མཛད་དེ། རང་བྱིན་གྱིས་བརླབས་པའི་རིམ་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེངས་པའི་རིམ་པ། ཛ་ལན་དྷ་རའི་རིམ་པ་སྟེ་བཞི་ནི། རླུང་དང་ཐིག་ལེ་དང་གཏུམ་མོའི་རྣལ་འབྱོར་གྱིས་རྩ་རླུང་ཐིག་ལེ་རྣམས་ཤིན་ཏུ་དུལ་བར་བྱས་ནས་འོད་གསལ་དུ་འཇུག་པའི་ཐབས་སོ། །དེ་ལྟར་ལྡང་བ་ན་སེམས་གསུམ་དང་བཅས་པ་གྲུབ་པའི་ལྷའི་སྐུ་སྐྱེད་པ་སྟེ། ལྡང་འཇུག་དེ་ནི་བསམ་གྱིས་མི་ཁྱབ་པའི་རིམ་པ་ཡིན་པའི་ཕྱིར་རོ། །དེས་ན་དགོངས་འགྲེལ་མཁན་པོས་མཛད་པའི་བསྟན་བཅོས་


JLD019_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། དེ་དག་གང་ནས་བཏུས་པའི་རྒྱུད་རྣམས་ལ། ཁ་ཅིག་ཏུ་ལྷན་སྐྱེས་ཀྱི་བདེ་བའི་རིམ་པ་ཙམ་ཞིག་བཤད་ནས་གཞན་མ་བཤད་པ་དང་། ཁ་ཅིག་ཏུ་རྩ་དང་རླུང་དང་ཡི་གེའི་བཤད་པ་དང་། ཁ་ཅིག་ཏུ་ལུས་ཀྱི་འཆགས་ལུགས་དང་། ཁ་ཅིག་ཏུ་དེ་དག་བསྒོམ་པའི་རྣལ་འབྱོར་གཏུམ་མོ་ཇི་ལྟར་སྦྱོར་བའི་ཚུལ་སྟོན་ཅིང་། དེ་ལས་ཀྱང་རླུང་ལ་དམིགས་པ་དང་། མེ་ལ་དམིགས་པ་དང་། ཡི་གེ་དང་ཐིག་ལེ་ལ་དམིགས་པ་ཙམ་ཞིག་བཤད་ནས། དེ་དག་བསྒོམས་ནས་ལྷན་སྐྱེས་སྐྱེ་བའི་རྒྱུ་འབྲས་ཀྱི་རིམ་པ་རྒྱས་པར་མ་བསྟན་པ་མང་ལ། དེ་དག་ཕལ་ཆེར་རྒྱས་པར་སྟོན་པ་ནི། སམྦུ་ཊའི་རྒྱུད་དོ། །དེ་ཡང་མདོར་ན་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་གྱི་གདམས་ངག་གི་གཙོ་བོ་ནི། སྤྱི་བོའི་བྱང་སེམས་ཞུ་བ་ལས་བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་དང་། སྟོང་ཉིད་དབྱེར་མེད་པའི་ཏིང་ངེ་འཛིན་ཡིན་པར་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་སོགས་པའི་རྒྱ་གར་གྱི་མཁས་གྲུབ་ཁུངས་མ་ཐམས་ཅད་ཞལ་མཐུན་ལ། སྤྱི་བོའི་བྱང་སེམས་བཞུ་བའི་ཐབས་སུ་རླུང་སྦྱོར་དང་། མེ་དམིགས་སོགས་མང་པོ་ཞིག་གསུངས་ཀྱང་དེ་ཐམས་ཅད་གཏུམ་མོར་འདུ་བ་ཡིན་ནོ། །དེ་དག་གི་དོན་དུ་བསམས་པའི་བོད་ཀྱི་ཡི་གེའི་རིས་ལས་ཀྱང་། གཏུམ་མོའི་དམིགས་སྐོར་ཕྱོགས་རེ་ཙམ་བཤད་ནས། རྒྱུ་འབྲས་ཀྱི་རིམ་པ་རྫོགས་པར་མ་བསྟན་པས། དེ་དག་མཐའ་དག་པར་མ་ཤེས་ན་ལམ་སྒོམ་པའི་རིམ་པ་མཁས་པ་མགུ་བ་བསྐྱེད་པ་མི་ཤེས་སོ། །དེ་ལ་ཕ་རྒྱུད་མ་རྒྱུད་གཉིས་


JLD019_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཀས་ཀྱང་ལམ་གྱི་གཙོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་སྟོན་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ལ། དེ་སྒྲུབ་པའི་ཐབས་ཀྱང་གཏུམ་མོ་སྦྱོར་བ་ཉིད་ཡིན་པས། དེ་སྦྱོར་བའི་ཚུལ་ལ་རྡོ་རྗེའི་བཟླས་པ་ལ་སོགས་པའི་རླུང་གི་རྣལ་འབྱོར་དང་། ཡི་གེ་ལ་དམིགས་པ་དང་། ཐིག་ལེའི་རྣལ་འབྱོར་སོགས་དུ་མ་ཞིག་ཡོད་ལ། དེ་ཡང་ལུས་ཀྱི་གནད་གང་ཞིག་ཏུ་རླུང་ལ་སོགས་པའི་དམིགས་པ་བཟུང་ནས། ཚུལ་ཇི་ལྟར་བསྒོམས་པས་གཏུམ་མོ་འབར་བ་ལ། ཐོག་མར་གནད་དུ་བསྣུན་པའི་རྡོ་རྗེ་ལུས་ཀྱི་འཆགས་ཚུལ་ཤེས་དགོས་པས། དེ་བཤད་པ་ལ་བཞི། འཆགས་ཚུལ་རྒྱས་པར་བཤད་པ་དང་། དེ་ལ་གནད་དུ་བསྣུན་པའི་རྣལ་འབྱོར་དང་། དེ་ལ་བརྟེན་ནས་བདག་མེད་པའི་རྣལ་འབྱོར་དང་། རྫོགས་རིམ་གྱི་གསུང་འགྲོས་བརྟེན་པའོ། དང་པོ་ལ་གསུམ། རྟེན་རྩ་བཤད་པ་དང་། བརྟེན་པ་ཐིག་ལེ་དང་རླུང་བཤད་པ་དང་། རྩ་རླུང་ཐིག་ལེ་གཏན་ལ་ཕབ་པའི་དགོས་པའོ། །དང་པོ་ལ་ལྔ། གྲངས་ངེས་པ་དང་། སྐྱེ་བའི་གོ་རིམ་ངེས་པ་དང་། གནས་པའི་ངོ་བོ་ངེས་པ་དང་། དོགས་པ་གཅད་པ་དང་། རྩ་དེ་རྣམས་ལྷ་དང་སྦྱར་བའོ། །དང་པོ་ལ་གཉིས། དབྱེ་བ་དང་། གྲངས་ངེས་པའི་རྒྱུ་མཚན་ནོ། །དང་པོ་ནི། ཕྱི་མཚན་ཉིད་ཐེག་པའི་དགའ་བོ་མངལ་འཇུག་གི་མདོར། ལུས་ཀྱི་གཡས་གཡོན་གཉིས་མདུན་རྒྱབ་གཉིས་ཏེ་དེ་བཞིར་རྩ་ཉི་ཁྲི་ཉི་ཁྲི་སྟེ་ལུས་ལ་རྩ་བརྒྱད་ཁྲི་ཡོད་པ་འདིར་མི་འཆད་ཅིང་། ཞག་བདུན་ཕྲག་བཅོ་ལྔ་པ་ལ་ལུས་ཀྱི་མདུན་རྒྱབ་དང་། གཡས་གཡོན་བཞིར་ལྔ་ལྔ་སྟེ་ཉི་ཤུ་སྐྱེ་ལ། དེ་རེ་རེ་ལ་རྩའི་འཁོར་ལོ་བཞི་བཅུ་རེ་ཡོད་


JLD019_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པས་བརྒྱད་བརྒྱ་སྟེ། སྔར་གྱི་གནས་བཞིར་ཉིས་བརྒྱ་རེའོ། །དེ་རེ་རེ་ལ་ཡང་རྩའི་འཁོར་བརྒྱ་བརྒྱ་ཡོད་པས་བརྒྱད་ཁྲི་སྟེ། མདུན་ལ་སོགས་པ་བཞིར་ཉི་ཁྲི་རེ་ཆགས་ཤིང་། ཁ་དོག་ནི་སྔོན་པོ་ལ་སོགས་པ་སྣ་ཚོགས་དང་། མིང་ཡང་སྣ་ཚོགས་ཡོད་ཅིང་། ཁ་ཅིག་ལ་བུ་ག་གཅིག་པ་དང་། ཁ་ཅིག་ལ་གཉིས་པ་ནས་བདུན་པའི་བར་ཡོད་པར་གསུངས་སོ། །ནང་དུ་གསང་སྔགས་ནས་ལུས་ལ་རྩ་བདུན་ཁྲི་ཉིས་སྟོང་ཡོད་པར་གསུངས་པས་དེ་འཆད་དོ། །སྡོམ་འབྱུང་གི་བདུན་པས། བདུན་ཅུ་གཉིས་ཀྱི་སྟོང་ཕྲག་རྣམས། །ལུས་ཀྱི་རྗེས་འབྲངས་རྩ་རུ་འགྱུར། །རྩ་དང་ཉེ་བའི་རྩ་རྣམས་ཏེ། །དེ་རྣམས་གནས་ན་བརྟེན་པའོ། །ཉི་ཤུས་ལྷག་པའི་བརྒྱ་ཡིས་ནི། །རྩ་ཡི་འཁོར་ལོ་བརྗོད་པར་བྱ། །རྩ་ཡི་གནས་དང་ཡུལ་རྣམས་ནི། །ཉི་ཤུ་རྩ་བཞིའི་གྲངས་ཡིན་ཏེ། །དེ་རྣམས་དབུས་ན་རྩ་གསུམ་ནི། །རྟེན་དང་ཀུན་ཏུ་འགྲོ་བའོ། །ལ་ལཱ་ན་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ། །དེ་ཉིད་ཕྱིར་ན་གཞན་གྱི་རྟེན། །གངྒཱ་སིན་དྷུར་གཞན་འཇུག་བཞིན། །ཞེས་གསུངས་པའི་བདུན་ཁྲི་ཉིས་སྟོང་གི་ནང་ནས་ཀྱང་བརྒྱ་ཉི་ཤུ་གཙོ་བོ་ཡིན་ཏེ། རླུང་དང་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཕྱིར་རོ། །དེའི་ནང་ནས་ཀྱང་ཉི་ཤུ་རྩ་བཞི་གཙོ་བོ་ཡིན་ཏེ། གནས་དང་ཡུལ་གྱིས་ཕྱེ་བའམ། སྐྲ་དང་སེན་མོ་དང་སོ་ལ་སོགས་པའི་རྒྱུ་བྱེད་པའི་ཕྱིར་རོ། །དེ་ལས་ཀྱང་རོ་རྐྱང་དབུ་མ་གསུམ་རྩའི་གཙོ་བོ་ཡིན་ཏེ། རྩ་གཞན་ཐམས་ཅད་དེ་ལས་སྐྱེ་དགོས་པའི་ཕྱིར་རོ། །དེ་ལས་བརྒྱ་ཉི་ཤུ་དབྱེ་བ་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །


JLD019_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁ་ཆོས་ཀྱི་འཁོར་ལོ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་དྲུག་ཅུ་རེ་བཞི་རྣམས་ཡིན་ནོ། །ཉེར་བཞིའི་དབྱེ་བ་ནི་སྙིང་གའི་འདབ་མ་བརྒྱད་ཀྱི་རྒྱུད་ཕྱོགས་བཞིའི་རྩ་ལ་རྩེ་མོ་གཉིས་གཉིས་སུ་གྱེས་པས་ཕྱོགས་མཚམས་ཀྱི་རྩ་བརྒྱད་དོ། །བརྒྱད་པོ་རེ་རེ་ལ་གསུམ་གསུམ་དུ་གྱེས་པས། མི་ཕྱེད་མ་དང་། ཕྲ་གཟུགས་མ་དང་། རྩེ་བ་མ་དང་། གཡོན་པ་མ་དང་། ཐུང་ངུ་མ་དང་། རུས་སྦལ་སྐྱེས་མ་དང་། སྒོམ་མ་དང་། དབང་བསྐུར་མ་སྟེ་བརྒྱད་ཐུགས་སོ། །སྐྱོན་ལྡན་མ་དང་། འཇུག་མ་དང་། མ་མོ་དང་། མཚན་མོ་དང་། བསིལ་སྦྱིན་མ་དང་། ཚ་བ་མ་དང་། གཞོལ་མ་དང་། རངས་མ་སྟེ་བརྒྱད་གསུང་ངོ་། །གཟུགས་ཅན་མ་དང་། སྤྱི་མ་དང་། རྒྱུ་སྦྱིན་མ་དང་། སྦྱོར་བྲལ་མ་དང་། སྡུག་གུ་མ་དང་། གྲུབ་མ་དང་། འཚེད་མ་དང་། ཡིད་བཟང་མ་སྟེ་བརྒྱད་སྐུའོ། ཉི་ཤུ་རྩ་བཞི་པོ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་བདུན་ཅུ་རྩ་གཉིས་སོ། །རེ་རེ་ལའང་སྟོང་ཕྲག་རེ་གྱེས་པས་རྩ་བདུན་ཁྲི་ཉིས་སྟོང་ཡོད། དེ་རྣམས་ལ་གསུམ་དུ་བྱས་པའི་སྟོང་ཕྲག་ཉི་ཤུ་རྩ་བཞི་ལ་བྱང་སེམས་དཀར་པོ་འབབ་པའི་ཕྱིར་སྙིང་སྟོབས་དང་། སྐུ་དང་། ཐབས་དང་། བདག་པོའི་རྩ་དང་ལམ་ཞེས་བྱའོ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ལ་བྱང་སེམས་དམར་པོ་འབབ་པས་རྡུལ་དང་། གསུང་དང་། ཤེས་རབ་དང་། ལོངས་སྤྱོད་པའི་རྩ་དང་ལམ་ཞེས་བྱའོ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ལ་རླུང་འབབ་པའི་ཕྱིར་མུན་པ་དང་། ཐུགས་དང་། མ་ནིང་དང་། ཐིག་ལེ་འབབ་པའི་རྩ་དང་ལམ་ཞེས་བྱ་སྟེ། ཕྲེང་བར། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཟླ་བ་འབབ་སྟེ་རྐྱང་མའི་རིགས། །ཞེས་སོགས་སོ། །སྤྱི་བོ་ལ་སོགས་པའི་གནས་ཉེར་བཞིར་གནས་པའི་དབང་གིས་ཡིན་ལ། དེ་ཡང་སྐུ་གསུང་ཐུགས་ཀྱི་དབྱེ་བ་གསུམ་སྟེ་དེ་ལ་སྤྱི་བོར་རྩ་མི་ཕྱེད་མ་ནས་སོ་སེན་འབབ་ཅིང་། སྤྱི་གཙུག་རྩ་ཕྲ་གཟུགས་མ་ནས་སྐྲ་དང་སྤུ། རྣ་བ་གཡས་རྩ་རྩེ་བ་མ་ནས་པགས་


JLD019_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དྲི་མ། ལྟག་པར་རྩ་གཡོན་པ་མ་ནས་ཤ །རྣ་བ་གཡོན་པ་རྩ་ཐུང་ངུ་མ་ནས་རུས་པ། སྨིན་མཚམས་རྩ་རུས་སྦལ་སྐྱེས་མ་ནས་རྒྱུས་པ། མིག་གཉིས་རྩ་སྒོམ་མ་ནས་མཆིན་པ། ཕྲག་པ་གཉིས་རྩ་དབང་མ་ནས་སྙིང་འབབ་སྟེ་ཐུགས་ཀྱི་བརྒྱད་དོ། །མཆན་ཁུང་གཉིས་སྐྱོན་ལྡན་མ་ནས་མིག་འབབ། ནུ་མ་གཉིས་རྩ་འཇུག་མ་ནས་མཁྲིས་པ། ལྟེ་བར་རྩ་མ་མོ་ནས་གློ་བ་འབབ། སྣ་རྩེར་རྩ་མཚན་མོ་ནས་རྒྱུ་མ། ཁ་རྩ་བསིལ་བྱེད་མ་ནས་སྟ་ཟུར་གྱི་རྒྱུས་པ། མགྲིན་པ་རྩ་ཚ་བ་མ་ནས་ལྟོ་བ། སྙིང་གར་རྩ་མཚན་] མ་ནས་བཤང་བ།གསང་རྩའི་སྒོ་ང་གཉིས་རྩ་རངས་མ་ནས་མཆོག་མའི་མཚམས་མཐའ་འབབ་སྟེ་གསུང་གི་བརྒྱད་དོ། །མཚན་མར་གཟུགས་ཅན་མ་ནས་བད་ཀན་འབབ་བོ། །བཤང་ལམ་རྩ་སྤྱི་མ་ནས་རྣག་འབབ་བོ། །བརླ་གཉིས་རྩ་རྒྱུ་སྦྱིན་མ་ནས་ཁྲག །བྱིན་པ་གཉིས་རྩ་སྦྱོར་བྲལ་མ་ནས་རྡུལ། རྐང་སོར་བརྒྱད་རྩ་སྡུག་གུ་མ་ནས་ཚིལ། བོལ་གོང་གཉིས་རྩ་གྲུབ་མ་ནས་མཆི་མ། རྐང་མཐེབ་གཉིས་རྩ་འཚེར་མ་ནས་མཆིལ་མ། པུས་མོ་གཉིས་རྩ་ཡིད་བཟང་མ་ནས་སྣབས་འབབ་སྟེ་སྐུའི་རྩ་བརྒྱད་དོ། །དེ་སྐད་དུ་ཡང་། སམྦུ་ཊ་ལས། པུ་ལི་རར་ནི་མི་ཕྱེད་མ། །སོ་དང་སེན་མོ་འབབ་པར་བརྗོད། །འབར་བ་འཛིན་མར་ཕྲ་གཟུགས་མ། །དེ་བཞིན་སྐྲ་དང་བ་སྤུ་འབབ། ༈ །དབུ་རྒྱན་གནས་ནི་ཆེན་པོ་ལ། །རྩེ་བ་མ་ནི་རྣམ་པར་གནས། །རྣ་བ་གཡས་པར་གནས་པ་ནི། །པགས་པ་དྲི་མ་འབབ་པར་གནས། །


JLD019_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཨར་བུ་ཏར་ནི་གཡོན་པ་མ། །མཁའ་འགྲོ་མ་ནི་ཤ་འབབ་མ། །གང་ཞིག་ཆུ་རྒྱུས་འབབ་པའི་རྩ། །བ་ཡི་མཆོག་སྦྱིན་རྣམ་པར་གནས། །དེ་ནི་ཕྲ་བའི་ཚུལ་གྱིས་གནས། །ཐུང་ངུ་མ་ནི་རྣམ་པར་བཤད། །གང་ཞིག་དགའ་བའི་དབང་ཕྱུག་གནས། །དེ་བཞིན་རུས་སྦལ་སྐྱེ་མར་གྲགས། །སྲ་བའི་དངོས་པོ་གནས་པའི་ཕྱིར། །རུས་པ་འཕྲེང་བ་འཁྲུག་པར་གནས། །ལྷ་མོའི་མཁར་དུ་ཐ་གང་ཞིག་རྩ། །འཇམ་པ་སྒོམ་པ་མ་རུ་བརྗོད། །དེ་ནི་རྟག་ཏུ་མཆིན་པ་འབབ། །ཐམས་ཅད་ལུས་ལ་ལྷག་པར་གནས། །ལ་ལ་ཝར་ནི་དབང་ལ་ཉིད། །རྒྱལ་བའི་དབང་ཕྱུག་ཉིད་ལ་གནས། །རྩ་ནི་གང་ཞིག་མིག་འབབ་མ། །འདོད་པའི་གཟུགས་སུ་རྣམ་པར་གནས། །གཟུགས་ནི་མཐོང་བར་འདོད་པ་སྟེ། །སྐྱོན་ལྡན་མ་ཞེས་རྣམ་པར་བཤད། །ཨོ་ཊེར་མཁྲིས་པ་འབབ་པའི་རྩ། །གང་ཞིག་འཇུག་ནི་མཚན་མོ་ཉིད། །རྒྱུ་མའི་འཕྲེང་ བཟང་ཁྱབ་ཅིང་འབབ། །ཀ་ལིང་ཀར་ནི་བསིལ་སྦྱིན་མ། །ངོས་ཀྱི་ཆུ ་རྒྱུས་ཡང་དག་བཤད། །ཚ་བ་མ་ནི་ལྟོ་གནས་ངེས། །ལམ་པ་ཀར་ནི་རབ་ཏུ་གྲགས། །མཚན་མོ་ཉིད་ནི་ཀིར་གནས།། ཐམས་ཅད་དུ་ནི་བཤང་བ་འབབ། །མཚམས་ཀྱི་མཐའ་ནི་ནང་དུ་ཡང་། ཁ་བའི་གནས་སུ་རངས་པའི་གདོང་། །ཤིན་ཏུ་གཟུགས་ཅན་བད་ཀན་ལྡན། །ཡི་དྭགས་ལྷག་གནས་ཡང་དག་གནས། །གང་ཞིག་རྟག་ཏུ་རྣག་འབབ་མ། །ཁྱིམ་གྱི་ལྷར་ནི་ཡང་དག་གནས། །མཁའ་འགྲོ་དམ་པའི་དབང་ཕྱུག་མ། །དབྱི་མ་ཉིད་དུ་རྣམ་པར་བཤད། །སོ་རཉྫ་ནི་གང་ཞིག་རྩ། །རྒྱུ་སྦྱིན་མ་དེ་དམར་མོར་འབབ། །རྡུལ་ནི་འབབ་པར་


JLD019_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས་ནི། །གསེར་གླིང་དུ་ནི་ཡང་དག་བཤད།། ཡན་ལག་གཟི་བརྗིད་ཀུན་ཁྱབ་མ། །བརྗོད་བྲལ་མར་ནི་རབ་ཏུ་གྲགས། །ན་ག་རར་ནི་སྡུག་གུ་མ། །ཆིལ་ཅན་སྦོམ་ཞིང་མྱོས་བྱེད་འབབ། །སིན་དྷུར་ཤིན་ཏུ་གྲུབ་མ་ཉིད། །མྱ་ངན་མཆི་མ་འབབ་པར་བརྗོད། །མ་ཧུར་གནས་མ་ལུད་སྐམ་འབབ། །འཚེད་པ་མ་ཞེས་རྣམ་པར་བསྟན། །ཀུ་ལུ་ཏར་ནི་ཡིད་བཟང་མ། །བྱིས་པའི་སྣབས་ནི་འབབ་པ་མོ། །ཞེས་གསུངས་སོ། །གཉིས་པ་རྩ་དེ་དག་ཏུ་གྲངས་ངེས་པའི་རྒྱུ་མཚན་ནི། རྩའི་གཙོ་བོ་གསུམ་དང་། ཉེར་བཞི་དང་། བདུན་ཅུ་རྩ་གཉིས་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ། སྐུ་གསུང་ཐུགས་སམ་ཐིམ་པ་དང་། ལོངས་སྤྱོད་པ་དང་། བདག་པོ་གསུམ་གྱི་སྒོ་ནས་གསུམ་གསུམ་དུ་འབྱེད་པ་དང་། གསུམ་དུ་གྲངས་ངེས་པ་ནི་རྩ་དེ་དག་གི་ནང་ནས་འབབ་པའི་རྫས་ལ། བྱང་སེམས་དཀར་དམར་གཉིས་དང་རླུང་གསུམ་དུ་ངེས་པའི་གནད་དེ་ཡིན་ནོ་གསུང་ངོ་། །གཉིས་པ་སྐྱེ་བའི་གོ་རིམ་ངེས་པ་ནི། མན་སྙེ་ལས། འདི་ལྟ་བུ་ཨ་ཝ་དྷུ་ཏཱི་དང་ལྷན་ཅིག་རྩ་ལྔ་རྣམས་དང་པོ་སྟེ། དེའི་རྗེས་སུ་དང་། དེ་ནས་ཉི་ཤུ་རྩ་བཞི་ཞེས་པའོ། །ཞེས་པའི་དོན། མངལ་དུ་དང་པོར་རྩ་འཆགས་པའི་ཚེ། སྙིང་གར་ལྟེ་བ་ལ་རོ་རྐྱང་དབུ་མ་གསུམ། ཤར་དང་ལྷའི་འདབ་མ་གཉིས་ལ་རིམ་པ་ལྟར་སུམ་སྐོར་མ་དང་འདོད་མ་གཉིས་ཏེ་ལྔ་དུས་མཉམ་དུ་འཆགས་སོ། །དེ་ནས་ནུབ་ཏུ་ཁྱིམ་མ་དང་། བྱང་དུ་གཏུམ་མོ། དབུ་མ་དང་ལྷན་ཅིག་བདུད་བྲལ་མ་སྟེ་གསུམ་འཆགས་སོ། །སྙིང་གར་དང་


JLD019_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཆགས་པའི་རྩ་བརྒྱད་ནི་དེ་རྣམས་ཡིན་ནོ། །ཕྱོགས་ཀྱི་རྩ་བཞི་ནི་རོ་རྐྱང་དབུ་མ་གསུམ་ལ་ནང་དུ་བུག་པ་རྡོལ་བའི་ཚུལ་གྱིས་རྩ་བ་ཟུག་ཡོད་ལ། དེ་ཡང་མཚམས་ཀྱི་རྩ་བཞི་ནི། ཕྱོགས་ཀྱི་རྩ་བཞི་ལས་གྱེས་པ་ཡིན་ལ། དེ་ཡང་བརྗོད་ན་ཤར་གྱི་སུམ་སྐོར་མ་ལས་ཤར་ལྷོ་མཚམས་ཀྱི་རྩ་དེ་གྱེས་པ་ཡིན་ལ། མཚམས་ཀྱི་རྩ་གཞན་གསུམ་ནི། རིམ་པ་ལྟར་ལྷོའི་འདོད་མ། ནུབ་ཀྱི་ཁྱིམ་མ། བྱང་གི་གཏུམ་མོ་གསུམ་ལས་གྱེས་པ་ཡིན་ནོ། །བདུད་བྲལ་མ་ནི་དབུ་མ་ལ་འཁྲིས་ནས་ལྟེ་བ་ནས་ལྕེ་རྩེའི་བར་དུ་གནས་ཤིང་། རྩ་གཞན་དུ་ཁམས་དང་རླུང་རྒྱུ་བ་ལ་འདིས་གེགས་བྱེད་ཅིང་། རང་གི་ནང་དུ་འཆི་བའི་ཚེ་མ་གཏོགས་མི་རྒྱུ་བས་དུས་ཀྱི་རྩ་དང་། རྣལ་འབྱོར་མ་རྣམས་ཀྱི་འགོག་པ་ཞེས་གསུངས་སོ། །བདུད་ཟེར་བའི་རྒྱུ་མཚན་ཡང་། རང་གཞན་གཉིས་ཀར་བྱང་སེམས་འགོག་པ་དེ་ཀ་ལ་ཟེར་རོ། །རྩ་འདབ་བརྒྱུད་པོ་དེ་ལས་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་བརྒྱད་གྱེས་པས་བརྒྱུད་གསུམ་ནི་ཉི་ཤུ་རྩ་བཞི་ཡིན་ནོ། །དེ་སྐད་དུ་ཁ་སྦྱོར་གྱི་བརྟག་པ་དྲུག་པར། སྙིང་གའི་ནང་སོན་པདྨོ་ནི། །འདབ་མ་བརྒྱད་པོ་སྙིང་པོར་བཅས། །ཞེས་དང་། འདབ་མ་རྣམས་ཀྱི་བཞི་ལ་ཡང་། འབྱུང་བ་བཞི་ཡི་རྩ་རྣམས་ནི། །མར་མེའི་རང་བཞིན་ལྟ་བུ་ནི། །ཕྱོགས་བཞི་ནི་རྣམ་པར་གནས། །རྩ་རྣམས་བཞི་ཡང་མཚམས་རྣམས་སུ། །རྣམ་པར་གནས་ཤིང་དེར་སོན་པ། །བདུད་རྩི་ལྔ་ནི་འབབ་པ་སྟེ། །བདུད་རྩི་ལྔ་ནི་བ ཤང་གཅི་གཉིས་དང་བྱང་སེམས་དཀར་དམར་བཞི་མཐུན་ལ། དེའི་ལྷག་མ་ལྔ་པ་ལ་རྡོ་རྗེ་ཕྲེང་བ་དང་། ཕྱག་ཆེན་


JLD019_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེར་ཤ་ཆེན་དང་། སྡོམ་འབྱུང་ལས། མགོ་སྐྱེས་དེ་བཞིན་སྦུབས་ལས་སྐྱེས། །ཤ་ལས་སྐྱེས་དང་གསུམ་དུ་འགྱུར། །ཞེས་ཀླད་པ་དང་། རྐང་མར་དང་། ཚིལ་བུ་གསུམ་ལ་བཤད་དོ། །སམྦུ་ཊར། བ ཤང་དང་གཅི་བ་བད་ཀན་དང་། །ཁྲག་དང་ལྔ་པ་ཁུ་བ་ཉིད། །ཅེས་བད་ཀན་ལ་བཤད་དོ། །དེ་ལྔ་དེ་བཞིན་གཤེགས་པ་ལྔར་འཇོག་ཚུལ་ནི། རྡོ་རྗེ་ཕྲེང་བ་དང་། ཕྱག་ཆེན་ཐིག་ལེར། དྲི་ཆུ་མི་བསྐྱོད་པ། །དྲི་ཆེན་རྣམ་སྣང་། ཁམས་དམར་པོ་རིན་འབྱུང་། དཀར་པོ་འོད་དཔག་མེད། ཤ་ཆེན་དོན་གྲུབ་ཏུ་བཤད་གསུང་ངོ་། །དེ་མཆོད་རང་གི་གཟུགས་གནས་པས། །དེ་ཡི་དངོས་པོའི་ངོ་བོ་ལས། །མཆོད་པ་བཞིར་ནི་རྣམ་པར་བཤད། །ལུས་ཀྱི་སྙིང་གའི་ནང་དུ་ནི། །རྩ་རྣམས་ལྔ་ནི་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཉི་ཤུ་རྩ་བཞིར་ཉེར་བརྗོད་དོ། །ཞེས་སོ། །ཉི་ཤུ་རྩ་བཞི་པོ་དེའི་སྟེང་དུ་སྙིང་གར་དང་པོར་འཆགས་པའི་རྩ་བརྒྱད་བསྣན་པས། དེ་ལ་བྱང་སེམས་འབབ་པའི་རྩ་སོ་གཉིས་ཞེས་སྤྱིར་བཏང་དུ་ཐ་སྙད་བྱེད་ཅིང་། བྱེ་བྲག་ཏུ་སོ་དང་སེན་མོ་རྣམས་འབབ་སྟེ། ཁ་སྦྱོར་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་རྩ། །སུམ་ཅུ་རྩ་གཉིས་དམ་པ་ཡིན། །གནས་སོགས་དབྱེ་བ་ལ་གནས་ནས། །གནས་དང་གནས་ལ་རྣམ་པར་གནས། །སྤྱི་བོར་ཡན་ལག་འབྱུང་བའི་རྩ། །རྩ་ནི་སྤྱི་བོར་སྐྱེས་ཞེས་བརྗོད། །ཅེས་སོ། །ཉེར་བཞི་པོ་དེ་ལ་གསུམ་གསུམ་དུ་གྱེས་པས་བདུན་ཅུ་རྩ་གཉིས་སུ་འགྲོ་བ་ཡིན་ནོ། །དེ་ཡང་རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཐིམ་དང་ལོངས་སྤྱོད་བདག་པོ་འོ། །ཞེས་གསུངས་པས་འབྱེད་ཅིང་། བདུན་ཅུ་རྩ་གཉིས་


JLD019_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ལ་ཡང་རེ་རེ་ལ་སྟོང་དུ་གྱེས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པ་ཡིན་ནོ། །གསུམ་པ་ངོ་བོ་ངེས་པ་ལ་གསུམ། རོ་རྐྱང་དབུ་མ་གསུམ་གང་དུ་གནས་པ་དང་། ཇི་ཙམ་དུ་གནས་པ་དང་། ཇི་ལྟར་གནས་པའི་ཚུལ་ལོ། །དང་པོ་ནི། ཁ་ཅིག་ཚོགས་པའི་ནང་ན་གཞུངས་པ་དང་ལྷན་ཅིག་གནས་པར་འཆད་པ་ནི་མི་འཐད་པས། ཚིགས་པའི་མདུན་གྱི་ཕྱོགས་ན་གནས་སོ། །གཉིས་པ་སྐུད་པ་ལྟ་བུར་བཤད་པ་ནི། གང་ཞིག་སྲད་བུའི་རྣམ་པར་གནས། །ཞེས་པས། སྐུད་པ་བརྐྱངས་པ་ལྟར་གནས་པའི་དོན་ཡིན་གྱི། སྦོམ་ཕྲའི་ཚད་མ་ཡིན་ཏེ། དེ་ལས་སྦོམ་པར་གནས་པས་སོ། །གསུམ་པ་ལ་གཉིས། རྩའི་གཙོ་བོ་གསུམ་སྤྱིར་བཤད་པ་དང་། བྱེ་བྲག་ཏུ་རོ་རྐྱང་གཉིས་བཤད་པའོ། །དང་པོ་ནི། སྙིང་གའི་རྩ་ཞེས་པ་ནི་སྲོག་པ་རྩའི་སྙིང་ཁ་ཡིན་ལ། དེ་ཡང་སྲོག་པ་རྩ་ནི་སྒལ་ཚིགས་ཀྱི་ནང་ཙམ་ལ་སྒལ་ཚིགས་ལ་བརྟེན་ནས་གནས་པ་ཡིན་ནོ། །སྲོག་པ་རྩ་དེ་ལ་རོ་རྐྱང་དབུ་མ་གསུམ་བརྟེན་ནས་གནས་ཡོད་དོ། །སྲོག་པ་རྩ་དེའི་མགོ་བོ་ནི་གྲུ་གསུམ་དུ་ཡོད་ལ། མགྲིན་པ་གཞོན་ནུ་མའི་ནུ་མ་འདྲ་བ་དང་། སྙིང་ཁ་བའི་མིག་འདྲ་བ་དང་། ལྟེ་བ་པདྨ་འདྲ་བ་དང་། གསང་གནས་ན་རྡོ་རྗེ་འདྲ་བ་དང་། ནོར་བུའི་རྩེ་ན་ཟར་མའི་མེ་ཏོག་དང་དབྱིབས་འདྲ་བའོ། །དེ་ཡང་རོ་རྐྱང་དབུ་མ་གསུམ་གྱི་གནས་ཚུལ་ཅུང་ཟད་བརྗོད་ན། རོ་རྐྱང་གཉིས་ཀྱིས་དབུ་མ་ལ་འཁྱུད་ནས་ཡོད་ལ། དེ་ཡང་དབུ་མ་དབུས་ན་ཡོད་ཅིང་། དེའི་ནང་ནས་མུན་པ་དང་། ཁུ་ཁྲག་དང་། རླུང་འབྱུང་བས་ན། སྙིང་


JLD019_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྡུལ་མུན་གསུམ་གྱི་ནང་ནས་མུན་པ་རྩ་དང་། སྐྱེས་པ་བུད་མེད་མ་ནིང་གསུམ་གྱི་ནང་ནས་མ་ནིང་རྩ་དང་། ཟླ་བ་ཉི་མ་སྒྲ་གཅན་གསུམ་གྱི་ནང་ནས་སྒྲ་གཅན་གྱི་རྩ་ཞེས་བྱའོ། །དེ་ལ་རོ་རྐྱང་དབུ་མ་གསུམ་ནི་སྤྱི་བོ་ནས་སུམ་མདོའི་བར་དུ་ཡོད་པ། དེ་ནས་གཉིས་སུ་གྱེས་ཏེ། རོ་རྐྱང་དབུ་མ་གསུམ་གྱི་ཚན་གཅིག་རྐང་མཐིལ་གྱི་བར་དུ་འགྲོ་ལ། ཚན་གཅིག་ནོར་བུའི་རྩེ་མོའི་བར་དུ་འགྲོ་བས། རྐང་པ་གཉིས་དང་ནོར་བུ་གསུམ་ག་ལ་རྩ་གསུམ་ག་ཡོད་པ་འདྲ་བ་ཡིན་ནོ། །དེ་ཡང་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་ལུ་གུ་རྒྱུད་ཀྱི་ཚུལ་གྱིས་འཁྱུད་ནས་གནས་ཤིང་། འཁོར་ལོ་རྣམས་ཀྱི་ལྟེ་བར་མདུད་པ་རེ་ཡོད་ལ། དེའང་ཕྱག་ཆེན་ཐིག་ལེ་ལས་འཁོར་ལོ་སོ་གཉིས་བཤད་པ་ནི། རོ་རྐྱང་གི་མདུད་པ་སོ་སོར་བགྲངས་པའི་དབང་གིས་ཡིན་གྱི། འཁོར་ལོ་བཅུ་དྲུག་ལས་མང་བ་མེད་དོ། །དེ་ནི་རིམ་པ་ལྟར་ཟླ་བ་གཅིག་ལ་ཚེས་པ་སུམ་ཅུ་འཕོ་འཚམས་གཉིས་དང་བཅས་པས་ཡར་ངོ་མར་ངོ་རེ་རེ་ལ་བཅུ་བཤད་པ་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་དྲུག་ཏུ་བཤད་པ་ཡོད་ལ། གཙོ་བོ་ནི་ཡོངས་སུ་གྲགས་པ་བཞིའོ། །དེ་སྐད་དུ་ཡང་མན་ངག་སྙེ་མ་ལས། རྩ་ནི་ཨ་ཝ་དྷཱུ་ཏཱི་སྟེ། གཙུག་ཏོར་ནས་ནོར་བུའི་མཐའ་དང་རྐང་མཐིལ་གྱི་མཐའ་ཇི་སྲིད་པར་གནས་པའོ། །འོན་ཀྱང་གཙུག་ཏོར་དང་། སྤྱི་བོ་དང་། མགྲིན་པ་དང་། སྙིང་ཁ་དང་། ལྟེ་བ་དང་། གསང་བ་དང་། ནོར་བུའི་དབུས་སུ་ཆུད་པའི་རིམ་པ་ཇི་ལྟ་བར་བཞི་དང་།


JLD019_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གཉིས་དང་། བཅུ་དྲུག་དང་། བརྒྱད་པ་དང་། དྲུག་ཅུ་རྩ་བཞི་དང་། སུམ་ཅུ་རྩ་གཉིས་དང་། བརྒྱད་ཀྱི་གྲངས་ཅན་པདྨ་ཉིད་དང་། བྷ་ག་ཉིད་དང་། འཁོར་ལོ་ཉིད་དུ་བསྟན་པར་བྱ་བ་ཉིད་རྣམས་ཀྱི་དབུས་སུ་མདུད་པའི་གཟུགས་སོ། །ཞེས་དང་། ལ་ལ་ནཱ་དང་། ར་ས་ནཱའི་རྩ་དག་ནི། མགོ་བོ་བསྐོར་ནས་གསང་བའི་འཁོར་ལོ་ཇི་སྲིད་པར་མདུད་པ་རྣམས་ཀྱིས་ལྕགས་སྒྲོག་གི་རྣམ་པར་ལྟེ་བར་ཨ་ཝ་དྷུ་ཏཱི་ལ་འཁྱུད་ནས་གནས་པ་དག་གོ །ཞེས་འཁོར་ལོ་དྲུག་གི་ལྟེ་བར་ཨ་ཝ་དྷུ་ཏཱི་ལ་འཁྱུད་པའི་མདུད་པ་དང་བཅས་ཤིང་དེའི་ནང་ནས་ཀྱང་གཙོ་བོ་སྙིང་གའི་རྩ་མདུད་འགྲོལ་རྒྱུ་ཡིན་ཏེ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དེ་ཡང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །ཞེས་གསུངས་སོ། །གཡོན་ནས་སྙིང་སྟོབས་ཁུ་བ་འབབ་པ་ནི་སྐུ། གཡས་ནས་རྡུལ་ཁྲག་འབབ་པ་ནི་གསུང་དང་། དབུས་ནས་མུན་པ་སེམས་གནས་པ་ནི་ཐུགས་ཏེ། སམྦུ་ཊིར། སྐྱེ་གནས་དབུས་ནས་རྩ་གཉིས་ཏེ། །གཡོན་དང་དེ་བཞིན་གཡས་ནའོ། །གཡོན་ན་ཁུ་བ་ཞེས་བྱ་སྟེ། །གཡས་ནའང་དེ་བཞིན་ཁྲག་ཉིད་དོ། །དེ་དག་ཕན་ཚུན་འདུས་པ་ནི། །ཆོས་ཀྱི་དབྱིངས་སུ་འདུས་པ་ཡིན། །སྙིང་སྟོབས་ལུས་ཏེ་རྡུལ་ནི་ངག །མུན་པ་སེམས་ཀྱི་རང་བཞིན་ཏེ། །སྙིང་སྟོབས་ཁུ་བ་རྡུལ་ཁྲག་སྟེ། །དེ་ལས་སྐྱེས་པ་མུན་པ་ཡིད། །ཅེས་སོ། །གཉིས་པ་རོ་རྐྱང་གཉིས་བྱེ་བྲག་ཏུ་བཤད་པ་ནི། དབུ་མའི་གཡས་ན་རོ་མ་གནས་ཤིང་། དེའི་ནང་ནས་ཁུ་བ་དང་ཅུང་ཟད་འདྲེས་པའི་ཁྲག་ཕལ་ཆེར་འབབ་བོ། །དེའི་ཁ་ནི་སྟེང་གི་ཕྱོགས་ན་ཡོད་དེ། སྟེང་འོག་གཉིས་ཀ་ལ་བུག་པ་ཡོད་པ་ལ་སྟེང་གི་ཕྱོགས་ཁོ་ན་ལ་ཁ་ཡོད་ཟེར་བའི་རྒྱུ་མཚན་ནི་


JLD019_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཕྱིར་འཕེན་པ་དང་ནང་དུ་སྡུད་པའི་བྱ་བ་དེ་ཕྱོགས་ཀྱི་མགྲིན་པ་ནས་བྱེད་ཀྱི། འོག་གི་བུ་ག་ནས་མི་བྱེད་པས་དེའི་དོན་གྱིས་ཡིན་ནོ། །རོ་མ་དེ་ལ་ཉི་མ་དང་བུད་མེད་དང་རྡུལ་དང་ཤེས་རབ་ཀྱི་རྩ་ཞེས་བྱ་སྟེ། ཁྲག་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། །རྐྱང་མ་ནི་དབུ་མའི་གཡོན་ན་ཡོད་ཀྱང་ཁྲག་དང་ཅུང་ཟད་འདྲེས་པའི་ཁུ་བ་ཕལ་ཆེར་འབབ། རྐྱང་མ་ལ་སྟེང་འོག་གཉིས་ཀ་ལ་བུ་ག་ཡོད་པར་འདྲ་བ་ལ་ལྟེ་བ་ཁོ་ན་ལ་ཁ་ཡོད་པ་ཞེས་པ་ནི། ཁུ་བ་ཕྱིར་འཕེན་པ་དང་ནང་དུ་སྡུད་པ་གཉིས་ཀ་ལྟེ་བ་ནས་བྱེད་པས་དེའི་ཆ་ནས་ཡིན་ནོ། །དེ་ལ་ཟླ་བ་དང་། སྐྱེས་པ་དང་། སྙིང་སྟོབས་དང་། ཐབས་ཀྱི་རྩ་ཞེས་བྱ་སྟེ་ཁུ་བ་གཙོ་བོར་འབབ་པའི་ཆ་ནས་ཡིན་པ་འདྲའོ། །དེ་སྐད་དུ་ཡང་ཁ་སྦྱོར་ལས། མགྲིན་པ་ནས་བརྩམས་གཡོན་པའི་རྩ། །ལོངས་སྤྱོད་རྫོགས་པའི་སྐུ་ཅན་མ། །ལྟེ་བའི་ནང་དུ་ངལ་བསོས་ཤིང་། །ཁ་ནི་འོག་ཏུ་མྱོས་བྱེད་འབབ། །གང་ཞིག་ལྟེ་བ་ལ་སྟེ་རྩ། །དེ་བཞིན་ཁ་ནི་སྟེང་དུ་འབབ། །མགྲིན་པའི་ནང་དུ་ངལ་བསོས་ཤིང་། །ཁྲག་འབབ་པར་ནི་རབ་ཏུ་གྲགས། །མྱོས་བྱེད་ཟླ་བ་ཞེས་བྱར་བཤད། །ཁྲག་ནི་ཉི་མ་ཞེས་སུ་གསུངས། །ཞེས་དང་། སྡོམ་འབྱུང་འགྲེལ་པ་ལས། འོག་གི་ཁ་ཞེས་པ་གལ་ཏེ་དེ་ཡང་འདིའི་བུ་ག་གཉིས་ཀ་ཡང་ཁ་ཡིན་པ་དེ་ལྟ་ན་ཡང་བླང་བ་དང་། དོར་བར་བྱེད་པ་ཉིད་ཀྱིས་འོག་གི་ལྟེ་བའི་རྩ་ནི་ཁ་བཞིན་དུ་འདིའི་ཁའོ། །ཞེས་པ་འོག་གི་ཁའོ། །དེ་བཞིན་དུ་སྟེང་དུ་ཁ་ཡང་ངོ་། །ཞེས་གསུངས་སོ། །དེ་ཡང་ལྟེ་བ་ཡན་གྱི་དབང་དུ་བྱས་པ་ཡིན་ལ། ལྟེ་བ་


JLD019_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མན་ནི་རྐྱང་མ་དབུས་སུ་ཡོད་ཅིང་དྲི་ཆེན་འབབ་ལ། དབུ་མ་གཡས་ན་ཡོད་ཅིང་ཁུ་བ་འབབ། རོ་མ་གཡོན་ན་ཡོད་ཅིང་གཅི་བ་འབབ་བོ། །རོ་མ་འབྱུང་བའི་ལམ་དུ་བཤད། རྐྱང་མ་འཇུག་པའི་ལམ་དུ་བཤད་པ་ནི། ཤེས་པས་ཡུལ་འཛིན་པའི་དུས་སུ་རོ་མའི་ནང་ནས་རླུང་བསྡོམས་ནས་ཕྱིར་ཐོན་ཏེ་ཡུལ་འཛིན་ཅིང་། ཡུལ་བཟུང་ཟིན་ནས་རླུང་དང་ལྷན་ཅིག་ཏུ་རྐྱང་མའི་ནང་དུ་འཇུག་པ་ཡིན་ཏེ། སྡོམ་འབྱུང་ལས། རབ་ཏུ་འཇུག་པ་རྩ་གཡོན་ནས། །གཡས་པ་འབྱུང་བའི་ལམ་ཡིན་ནོ། །ཞེས་པའི་འགྲེལ་པར། རབ་ཏུ་འཇུག་པ་ཞེས་པ་གཡས་ནས་ཐོན་ཏེ་ཡུལ་བཟུང་ནས་དེ་མ་ཐག་ཏུ་རླུང་ལ་ཞོན་པའི་རྣམ་པར་ཤེས་པ་གཡོན་དུ་འཇུག་པའི་ཕྱིར་རོ། །ཞེས་གསུངས་སོ། །བཞི་པ་དོགས་པ་བཅད་པ་ནི། ཁ་ཅིག་སྔར་བཤད་པའི་བྱང་སེམས་འབབ་པའི་རྩ་སོ་གཉིས་པོ་དེ་སྤྱི་བོའི་རྩ་འདབ་སོ་གཉིས་ཡིན་པར་འདོད་པ་ནི་མི་རིགས་ཏེ། དེའི་གཙོ་བོ་སོ་གཉིས་ཀྱི་ནང་ན་སྙིང་གའི་རྩ་བརྒྱད་འདུག་པའི་ཕྱིར་རོ། །ཡང་ཁ་ཅིག་རྩ་ཉེར་བཞིའི་སྟེང་དུ་སྙིང་གའི་རྩ་འདབ་བརྒྱད་བསྣན་པས་སོ་གཉིས་སོ་ཟེར་བའང་མི་འཐད་དེ། སྙིང་གར་མན་སྙེ་ལས། མངལ་གྱི་གནས་སྐབས་སུ། དང་པོར་སྙིང་གའི་རྩ་ལྔ་རྣམས་སྐྱེའོ། །དེའི་རྗེས་སུ་སྐྱེས་པ་གསུམ་རྣམས་སོ། །ཞེས་པ་བརྒྱད་རྣམས་སོ། །སུམ་སྐོར་མ་ལ་སོགས་པ་ལྔ་དང་པོར་ཆགས་ནས། གཙོ་མོ་གསུམ་རྗེས་སུ་སྐྱེས་པར་སྟོན་པ་མིན་ནོ། །སྡོམ་འབྱུང་ལས། དེ་གསུམ་རྩ་ཐམས་ཅད་ཀྱི་རྟེན་དུ་གསུངས་པའི་ཕྱིར་རོ། །དེ་ནི་ནག་པོ་ཊིཀ་


JLD019_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་དུ་བཤད་དོ། །དང་པོར་ཆགས་པའི་རྩ་བརྒྱད་ཡིན་པའི་ཕྱིར་རོ། །ལྔ་པ་རྩ་དེ་རྣམས་ལྷ་དང་སྦྱར་ཏེ་བཤད་པ་ནི། རྩ་སོ་གཉིས་པོ་དེ་བདེ་མཆོག་གི་ལྷ་མོ་དང་སྦྱར་ན། རོ་རྐྱང་དབུ་མ་གསུམ་ནི་རྡོ་རྗེ་ཕག་མོ་དང་། སུམ་སྐོར་མ་སོགས་ཕྱོགས་ཀྱི་རྩ་བཞི་ནི་ས་ཆུ་མེ་རླུང་འབྱུང་བའི་རྩ་ཡིན་པས་བདེ་ཆེན་འཁོར་ལོའི་ལྷ་མོ་བཞི་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞི་ནི། འཁོར་ལོ་གསུམ་གྱི་ལྷ་མོ་ཉེར་བཞི་དང་སྦྱོར་བ་ཡིན་ལ། སྒོ་མཚམས་མ་བརྒྱད་ལ་རྩ་སྦྱར་རྒྱུ་མེད་པ་འདྲ་གསུང་། སྙིང་གའི་རྩ་དབུ་མའི་ནང་གི་ཧཱུྃ་རིང་པོ་ནི་བདེ་མཆོག་དང་། སྐུ་གསུང་ཐུགས་ཀྱི་རྩ་ཉེར་བཞིའི་ནང་གི་ཁམས་ཉེར་བཞི་ནི་འཁོར་ལོ་གསུམ་གྱི་དཔའ་བོ་ཉེར་བཞི་དང་སྦྱོར་གསུང་ངོ་། །ཡང་ཀྱི་རྡོ་རྗེར། འབད་པ་ཀུན་གྱི་ལྷག་མ་ཡང་། །ཞེས་བཤད་པའི་དོན་སློབ་དཔོན་མི་ཐུབ་ཟླ་བ་དང་། ཨ་བྱ་ལ་སོགས་པ་ནི། འཆི་བའི་དུས་དང་། རྣལ་འབྱོར་པས་ལམ་སྒོམ་པའི་སྐབས་སུ་མ་གཏོགས་བདུད་བྲལ་མར་ཁམས་མི་འབབ་པས་ལྷ་དང་མི་སྦྱོར་ཏེ། རྩ་སོ་གཉིས་དང་ཨཱ་ལི་བཅུ་དྲུག་བདག་མེད་ལྷ་མོ་བཅོ་ལྔའི་ངོ་བོར་འཆད་པའི་ཚེ། བདག་མེད་མ་ལ་གཙོ་མོ་གསུམ། དེ་རྗེས་མཁའ་སྤྱོད་མའི་བར་རྩ་བཅུ་བཞི་ལ་རྩ་གཉིས་གཉིས་ཡི་གེ་རེ་རེ་རིམ་པ་ལྟར་སྦྱར་ཏེ། རྩ་ཀུན་གྱི་ཐ་མ་བདུད་བྲལ་མ་དང་ཡི་གེ་བཅུ་དྲུག་པོ་ཀུན་གྱི་ཐ་མ་འབབ་ཅིང་རྩ་སོ་གཉིས་བདག་མེད་ལྷ་མོ་བཅོ་ལྔ་དང་སྦྱོར་བ་ལ། ལྷ་མོ་ཐོག་མ་ལ་རྩ་གསུམ་སྦྱོར་བ་དངོས་སུ་བསྟན་པས་ཐ་མ་ལའང་རྩ་


JLD019_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྦྱོར་བ་ཤུགས་ཀྱིས་འཐོབ་པས། རྩ་ཐ་མ་བདུད་བྲལ་མ་ལ་སོགས་པ་གསུམ་མཁའ་སྤྱོད་མ་ལ་སྦྱོར་ཞིང་། ཀུན་གྱི་ལྷག་མ་ཡང་ཞེས་པ་ནི་ཡི་གེ་ཨཞེས་ཚེག་དྲག་ཅན་ཁོ་ན་ལ་འཆད་དོ། །གཉིས་པ་བརྟེན་པ་ལ་གཉིས་ཏེ། ཐིག་ལེ་དང་། རླུང་བཤད་པའོ། །དང་པོ་ནི། སྤྱིར་དཀྱིལ་འཁོར་གསུམ་དུ་གསུངས་པའི་ལུས་ཀྱི་དཀྱིལ་འཁོར་ནི་རྩའི་འཁོར་ལོ་རྣམས་དང་ལུས་ཀྱི་འབྱུང་བ་བཞིའོ། །བྷ་གའི་དཀྱིལ་འཁོར་ནི་ཡི་གེ་སྟེ། བརྒྱ་ཉི་ཤུ་དང་། སུམ་ཅུ་རྩ་བདུན་དང་། ཡི་གེ་གཉིས་ཏེ་ཨེ་ཝཾ་དང་། གཅིག་སྟེ་ཨ་ཐུང་དང་། གླེང་གཞིའི་སྐབས་ཏེ་ཡི་གེ་བཅུ་བཞི་དང་། དེ་ཡང་ཚུར་བསྡུས་པས་ཐོག་མར་ར་དང་། ཐ་མ་ཏའི་བར་བཅུ་དྲུག་གོ །དེ་ལ་ར་ནི་ཁྲག་སྟེ་བྱང་སེམས་དམར་པོ། ཏ་ནི་ཁུ་བ་སྟེ་བྱང་སེམས་དཀར་པོ། དེ་གཉིས་ཀྱི་བར་གྱི་ཡི་གེ་བཅུ་བཞི་ནི། ལུས་ཟུངས་གཞན་བཅུ་བཞི་དང་སྦྱར་རོ། །བྱང་སེམས་དཀར་དམར་ལུས་ཟུངས་བཅུ་དྲུག་གི་ཐོག་མཐར་གསུངས་པའི་དགོས་པ་ནི། དེ་གཉིས་ལུས་ཟུངས་ཀྱི་གཙོ་བོའི་རང་བཞིན་ཡིན་ལ། གཞན་རྣམས་དེ་གཉིས་ཀྱི་རྣམ་འགྱུར་ཡིན་ཞེས་པའི་དོན་ནོ། །གཙོ་བོར་འགྲོ་ཚུལ་ཡང་མངལ་དུ་ཉིང་མཚམས་སྦྱར་བའི་ཚེ། བྱང་སེམས་དཀར་དམར་གྱིས་ཕར་ཁྱབ་པའི་འབྱུང་བ་བཞིའི་སས་མི་ལྟུང་བར་འཛིན། ཆུས་སྡུད། མེས་སྨིན། རླུང་གིས་འཕེལ་ཞིང་རྒྱས་པར་བྱས་ནས་ཁུ་ཁྲག་གཉིས་ཡོངས་སུ་གྱུར་པ་ལས། ལུས་འདི་གྲུབ་པས་ན་རང་བཞིན་ཡིན་ལ། བད་ཀན་ལ་སོགས་པ་ལུས་ཟུངས་གཞན་


JLD019_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ནི། དེ་དག་གི་གནས་སྐབས་ཅི་རིགས་པར་འབྱུང་བའི་རྣམ་འགྱུར་ཡིན་པའི་ཕྱིར། སྔར་བཤད་པའི་ལུས་ཀྱི་ཟུངས་ཀྱི་ངོ་བོ་ཕ་ལས་ཐོབ་པའི་རུས་པ་དང་། རྐང་དང་། ཁུ་བ་གསུམ་དང་། མ་ལས་ཐོབ་པའི་ཤ་དང་། པགས་པ་དང་། ཁྲག་གསུམ་སྟེ་དྲུག་འདུས་པའི་ལུས་ཀྱི་གནས་རྣམས་ཤེས་པར་བྱ་བ་ཡིན་ནོ། །དེ་ཡང་དང་པོར་མངལ་དུ་འཆགས་དུས་ཁུ་ཁྲག་གཉིས་སྙིང་ཁ་ན་ཡོད་ལ། དེ་ནས་ཁུ་བ་ཁྲག་གི་ཕྱོགས་སུ་སོང་སྟེ་གཙོ་ཆེར་སྤྱི་བོ་ན་གནས་ལ། དེ་ཡང་ནམ་དགོས་པ་ན་སྐྱེ་བ་ཡིན་གྱི། སྒྲུབ་ཐབས་རྣམ་གཞག་ཏུ། ཆུ་ཡི་ཁམས་ནི་ཕ་ལས་སྐྱེས། །མེ་ཡི་ཁམས་ནི་མ་ལས་སྐྱེས། །པགས་དང་ཤ་དང་ཁྲག་རྣམས་ནི། །མ་ལས་སྐྱེས་ཞེས་བསྟན་པ་ཡིན། །རུས་པ་རྐང་དང་ཁུ་བ་རྣམས། །ཕ་ལས་སྐྱེས་ཞེས་བསྟན་པ་ཡིན། །དེ་ཙམ་ཞིག་ཏུ་བསྟན་པ་ནི། །ལུས་ཀྱི་གོང་བུར་བསྡུས་པའོ། །གཟུགས་དང་ཚོར་དང་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ཉིད། །ཕུང་པོ་ལ་སོགས་སངས་རྒྱས་ལྔའི། །གང་ཞིག་མངོན་སྐྱེས་བསྟན་པ་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་ལྷ་མོ་བཞིས་ཞུས་པའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་སོ། །སྣོད་དུ་བླུགས་པའི་ཚུལ་གྱིས་ནི་ཡོད་པ་མ་ཡིན་ནོ། །ཁྲག་འོག་ཏུ་སོང་སྟེ་གཙོ་ཆེར་ལྟེ་བ་ན་གནས་ལ། གཏུམ་མོ་འབར་བ་དང་ཐིག་ལེ་འཛག་པའི་དམིགས་པ་ལྟེ་བ་སོགས་ལ་གཏོད་པའི་རྒྱུ་མཚན་དེ་ཡིན་ནོ། །དེ་སྐད་དུ་ཡང་། མན་ངག་སྙེ་མར། འོན་ཀྱང་བར་གྱི་གནས་སྐབས་སུ་མགོ་བོའི་ཆུ་སྐྱེས་སུ་ཁུ་བ་ཤས་ཆེ། རྡུལ་ཤས་ཆུང་བས་ཏེ། གསང་བའི་ཆུ་སྐྱེས་བཟློག་པའོ། །ཞེས་གསུངས་སོ། །རྩ་དེ་དག་ཏུ་བྱང་སེམས་


JLD019_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་དང་། རླུང་ཇི་ལྟར་རྒྱུ་ཚུལ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁུ་བ་འབབ་པར་ཤེས་པར་བྱ། །རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབ་པར་ནི་ཤེས་པར་བྱ། །རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་འབབ་པར་ནི་ཤེས་པར་བྱ། །ཞེས་གསུངས་པས། རྩ་བདུན་ཁྲི་ཉིས་སྟོང་ལ་སྟོང་ཕྲག་ཉེར་བཞི་པ་ཚན་པ་གསུམ་ཡོད་ལ། དེའི་ཚན་གཅིག་ནས་ཁུ་བ། ཚན་གཅིག་ནས་ཁྲག །ཚན་གཅིག་ནས་རླུང་འབབ་བོ། །རྩ་བདུན་ཅུ་རྩ་གཉིས་ལ་ཡང་། རྩ་ཉེར་བཞི་པ་ཚན་པ་གསུམ་གསུམ་ཡོད་པས། ཁུ་ཁྲག་རླུང་གསུམ་འབབ་ཚུལ་འདྲའོ། །དེའི་གྱེས་གཞི་ཉེར་བཞི་པོ་དེ་ལ་ཡང་བརྒྱད་ཚན་གསུམ་ཡོད་པས། ཁུ་ཁྲག་རླུང་གསུམ་འབབ་ཚུལ་འདྲའོ། །དེའི་གྱེས་གཞི་སྙིང་གའི་རྩ་འདབ་བརྒྱད་ལ་ནི། ཕྱོགས་བཞིའི་རྩ་ལ་འབྱུང་བ་བཞི་ཤས་ཆེར་འབབ་པས་འབྱུང་བའི་རྩ་དང་། མཚམས་ཀྱི་རྩ་ལས་གཟུགས་དྲི་ལ་སོགས་པ་འབབ་པས་མཆོད་པའི་རྩ་ཞེས་བྱའོ། །མཆོད་པ་དང་། འབྱུང་བ་རྩ་བརྒྱད་ཀ་ནས་འབབ་ཀྱང་ཤས་ཆེ་ཆུང་གི་དབང་གིས་མིང་གྲགས་པ་ཡིན་ཏེ། མན་སྙེར། དེ་ལ་འདབ་མ་རྣམས་ཀྱི་བཞིས་འབྱུང་བའི་རྩ་རྣམས་རྣམ་པར་བཞག་གོ །ཕྱོགས་རྣམས་སུ་བཞི་རྣམས་ནི་འབྱུང་བ་བཞི་རྣམས་དང་། དེའི་རང་བཞིན་རྣམས་འབབ་བོ་ཞེས་བྱས་ནས་སོ། །མཚམས་བཞི་རྣམས་ནི་སོ་སོར་བཤང་བ་དང་། གཅི་བ་དང་། བད་ཀན་དང་། ཁྲག་དང་། ཁུ་བ་རྣམས་འབབ་པ་འབྱུང་བའི་


JLD019_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྣམས་ཀྱི་ལྷན་ཅིག་བྱེད་པ་གཟུགས་དང་། དྲི་དང་། རོ་དང་། རེག་བྱ་རྣམས་འབབ་པའི་ཕྱིར་མཆོད་པའི་རང་བཞིན་ཏེ། དེའི་རང་བཞིན་དངོས་པོར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐ་དད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེའི་གྱེས་གཞི་རོ་རྐྱང་དབུ་མ་གསུམ་ནས་འབབ་ཚུལ་སྔར་བཤད་ཅིང་། ནག་པོ་པས་ཀྱང་། དེ་ཡི་ནང་ནས་འདྲེན་པ་ནི། རྡུལ་དང་སྙིང་སྟོབས་མུན་པའི་ཚུལ། །ཞེས་གསུངས་པའང་གསལ་བར་སམྦུ་ཊའི་དྲུག་པའི་རབ་བྱེད་དང་པོར། སྐྱེ་གནས་དབུས་ན་རྩ་གཉིས་ཏེ། །གཡོན་དང་དེ་བཞིན་གཡས་ནའོ། །གཡོན་ན་ཁུ་བ་ཞེས་བྱ་སྟེ། །གཡས་ན་དེ་བཞིན་ཁྲག་ཉིད་དོ། །དེ་དག་ཕན་ཚུན་འདུས་པ་ནི། །ཆོས་ཀྱི་ཨ་ཝ་དྷུ་ཏཱིར་དབྱིངས་སུ་འདུས་པ་ཡིན། །སྙིང་སྟོབས་ལུས་ཏེ་རྡུལ་ནི་ངག །མུན་པ་སེམས་ཀྱི་རང་བཞིན་ཏེ། །སྙིང་སྟོབས་ཁུ་བ་རྡུལ་ཁྲག་སྟེ། །དེ་ལས་སྐྱེས་པ་མུན་པ་ཡིན། །ཞེས་གསུངས་སོ། །དེ་ཡང་དབུ་མའི་འཁོར་ལོ་རྣམས་ཀྱི་ལྟེ་བ་ལ། རོ་རྐྱང་གཉིས་གང་རུང་གཅིག་གིས་སྟེང་དང་གཅིག་གིས་འོག་ནས་དབུ་མ་ལ་འཁྱུད་ཡོད་ཅིང་། དེ་ཡང་དེ་གཉིས་ཀྱིས་མ་སླེབས་པའི་བར་སྟོང་ཅུང་ཟད་ཡོད་དོ། །སྙིང་གའི་འཁོར་ལོའི་དབུ་མའི་ནང་ན་རྣམ་ཤེས་དང་ལྷན་ཅིག་སྐྱེས་པའི་རླུང་ཡོད་ལ། དེ་ལ་ཡེ་ཤེས་ཀྱི་རླུང་དང་མི་ཤིགས་པའི་ཐིག་ལེ་ཞེས་ཀྱང་ཟེར་རོ། །ཁུ་ཁྲག་གཉིས་ཀྱང་ཡོད་ཅིང་། དེ་ཡང་རྩ་མདུད་ཀྱི་དབུ་མའི་ནང་ན་ཡོད་དོ། །དེ་ལ་རླུང་དང་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས། ལྟེ་བའི་ཁྲག་དང་སྤྱི་བོའི་བྱང་


JLD019_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཡར་མར་ལ་འཁོར་ལོ་རྣམས་སུ་འདུ་འཕྲོད་བྱེད་པ་ཡོད་ཀྱི། སྙིང་གའི་རྩ་མདུད་ཀྱི་དབུ་མའི་ནང་གི་བྱང་སེམས་དཀར་དམར་གཉིས་དང་། ལྷན་སྐྱེས་ཀྱི་རླུང་རྣམས་འཆི་བའི་ཚེ་མ་གཏོགས་པ་འཕོ་འཇུག་མི་བྱེད་པ་ཡིན་ནོ་གསུངས་སོ། །གཉིས་པ་རླུང་བཤད་པ་ལ། ཐུན་མོང་བའི་རྒྱུད་ནས་བསྟན་ཚུལ་དང་། ཐུན་མོང་མ་ཡིན་པའི་རྒྱུད་ནས་བསྟན་ཚུལ་ལོ། །དང་པོ་ནི། རྡོ་རྗེ་ཕྲེང་བ་ལས་བཏང་བཟུང་ལ་སོགས་པའི་རླུང་བརྒྱ་དང་བརྒྱད་དེ། དེ་ནི་རྣམ་རྟོག་མི་འདྲ་བ་བརྒྱ་དང་བརྒྱད་བསྐྱེད་པའི་སྒོ་ནས་ཀྱང་ཕྱེ་ལ། འཁོར་ལོ་དྲུག་ཏུ་རྒྱུ་བའི་ཚུལ་གྱིས་ཀྱང་དབྱེའོ། །ཕྱི་མ་ནི་འཁོར་ལོ་ཡོངས་སུ་གྲགས་པ་བཞི་དང་། སྨིན་མཚམས་ན་རླུང་གི་འཁོར་ལོ་འདབ་མ་དྲུག་པ་དང་། སྙིང་གའི་གོང་མགྲིན་པའི་འོག་ན་མེའི་འཁོར་ལོ་འདབ་མ་གསུམ་ཡོད་པ་རྣམས་སོ། །དེ་ལ་ཐོག་མར་སྙིང་ཁ་ནས་བཟུང་སྟེ་མཚན་ཕྱེད་ཀྱི་དུས་ནས་ཉིན་ཕྱེད་ཀྱི་བར་དུ་འཁོར་ལོ་རེར་རླུང་དགུ་དགུ་བརྒྱུས་པས་ལྔ་བཅུ་རྩ་བཞི་དང་། དེ་ནས་བཟུང་སྟེ་མཚན་ཕྱེད་ཀྱི་བར་དུ་ཡང་དེ་ལྟར་བརྒྱུས་པས་བརྒྱ་དང་བརྒྱད་དོ། །གཉིས་པ་ལ་ཕ་རྒྱུད་ནས་བཤད་པ་དང་། མ་རྒྱུད་ནས་བཤད་པ་གཉིས་སོ། །དེ་ལ་དང་པོ་དགོངས་པ་ལུང་སྟོན་ནས་རླུང་བཅུར་གསུངས་ཏེ། དེ་ལ་དབྱེ་བ་དང་། གནས་དང་། འཆགས་པའི་རིམ་པ་དང་། བྱེད་ལས་དང་། རྒྱུ་བའི་ཚུལ་ཏེ་ལྔའོ། །དང་པོ་ནི། སྲོག་རླུང་སོགས་རྩ་བའི་རླུང་ལྔ་དང་། ཀླུ་ལ་སོགས་པ་ཡན་ལག་གི་རླུང་ལྔའོ། །རྡོ་རྗེའི་སྒོའི་རྒྱུད་ནས་ནི་ཡན་ལག་གི་རླུང་ལྔ་ལ་རྒྱུ་བ་ལ་


JLD019_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་མིང་གིས་བསྟན་ཏོ། །ཡན་ལག་གི་རླུང་ལ་ཐ་སྙད་སྔ་མ་ལྟར་འདོགས་པའི་རྒྱུ་མཚན་ནི། རྗེ་འགོས་ཀྱི་གསུང་ནས་དེ་ལྔ་ནི་རིམ་པ་བཞིན་དུ། གཉེ་མ་སྦྲུལ་འདྲ་བ་དང་། མཆིན་པ་རུས་སྦལ་དང་། གློ་བ་རྩངས་པ་དང་། སྙིང་ལྷ་སྦྱིན་གྱི་བུ་མོ་ཟུག་གུ་དཀར་པོ་གྱོན་པ་དང་། མཁལ་མ་གཞུའི་དབྱིབས་དང་འདྲ་བ་ལས་བྱུང་བས་དེ་ལྟར་བཏགས་གསུང་ངོ་། །དེ་སྐད་དུ་དགོངས་པ་ལུང་སྟོན་ལས། སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་དང་མཉམ་གནས་ཞེས་བཤད་དང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་གསུངས་སོ། །གཉིས་པ་གནས་པ་ནི། སྲོག་རླུང་སྙིང་ཁ་དང་། ཐུར་སེལ་འདོམས་དང་། མེ་མཉམ་ལྟེ་བ་དང་། གྱེན་རྒྱུ་མགྲིན་པ་དང་། ཁྱབ་བྱེད་ཚིགས་ཀུན་ལ་གནས་ཤིང་། ཡན་ལག་གི་རླུང་ལྔ་རིམ་པ་བཞིན་དུ་མིག་ལ་སོགས་པའི་དབང་པོའི་སྒོ་ལྔ་ལ་གནས་སོ། །སྤྱོད་བསྡུས་ལས། རླུང་ལྔ་ནི། ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་རྣམས་བྱེད་དོ། །རླུང་ལྔ་ནི། མིག་ལ་སོགས་པའི་སྐྱེ་མཆེད་ལ་གནས་ནས་དབང་པོ་རྣམས་ཀྱི་བྱ་བ་རྣམས་བྱེད་དོ། །དེ་ལ་སྲོག་ཅེས་བྱ་བའི་རླུང་སྙིང་ཁར་གནས་པ་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པའོ། །ཐུར་དུ་སེལ་བ་འདོམས་ན་གནས་པ་ནི་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ནོ། །གྱེན་དུ་རྒྱུ་བ་ལྐོག་མར་གནས་པ་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའོ། །མེ་དང་མཉམ་དུ་གནས་པ་ལྟེ་བར་


JLD019_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ནི་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའོ། །ཁྱབ་བྱེད་ཚིགས་ཀུན་ལ་གནས་པ་ནི་དེ་བཞིན་གཤེགས་རྣམ་པར་སྣང་མཛད་དོ། །རྒྱུ་བའི་རླུང་ནི་གཟུགས་སོ། །རྣམ་པར་རྒྱུ་བ་ནི་སྒྲའོ། །ཡང་དག་པར་རྒྱུ་བ་ནི་དྲིའོ། །རབ་ཏུ་རྒྱུ་བ་ནི་རོའོ། །ངེས་པར་རྒྱུ་བ་ནི་རེག་བྱའོ། །ཞེས་གསུངས་སོ། །གསུམ་པ་རླུང་འཆགས་པའི་རིམ་པ་ནི། ཟླ་བ་ངོ་བཅུ་ལ་དང་པོའི་དུས་སུ་རྣམ་ཤེས་ཁུ་ཁྲག་གི་དབུས་སུ་སྙིང་གའི་རྩ་མདུད་འཆགས་པའི་ནང་གི་ལྷན་སྐྱེས་ཀྱི་རླུང་ལས་སྣ་སྒོར་རྒྱུ་བའི་སྲོག་འཛིན་གྱི་རླུང་སྐྱེས་ཏེ། དེ་གཉིས་ཀྱང་སྲོག་འཛིན་གྱི་རླུང་ཡིན་ནོ། །སེམས་ཅན་དེའི་ལུས་ཉའི་རྣམ་པ་ལྟ་བུར་འགྱུར་རོ། །སྲོག་རླུང་ལས་ཟླ་བ་གཉིས་པའི་དུས་སུ་ཐུར་སེལ་སྐྱེ་ཞིང་། རྐང་ལག་བཞི་མགོ་བོ་དང་བཅས་པའི་འབུར་པོ་ལྔ་དོད་པས་ལུས་རུས་སྦལ་གྱི་རྣམ་པར་འགྱུར་རོ། །དེ་ལས་གསུམ་པའི་དུས་སུ་མེ་མཉམ་སྐྱེ་ཞིང་། ཡན་ལག་ལྔ་ཚང་བ་ལ་ཅུང་ཟད་སྒྱུར་པོར་ཡོད་པས་ཕག་རྒོད་ཀྱི་རྣམ་པར་འགྱུར་རོ། །དེ་ལས་བཞི་པར་གྱེན་རྒྱུའི་རླུང་སྐྱེ་ཞིང་། སྟོད་ཅུང་ཟད་རྒྱས་པས་སེང་གེའི་རྣམ་པར་འགྱུར་རོ། །དེ་ལས་ལྔ་པར་ཁྱབ་བྱེད་སྐྱེ་བར་བྱེད་དོ། །ཟླ་བ་དྲུག་པ་ལ་མིག་གི་སྒོ་ལ་རྒྱུ་བའི་རླུང་ཀླུ་དང་འབྱུང་བ་ས་སྐྱེ། བདུན་པ་ལ་རྣ་བར་རྒྱུ་བའི་རླུང་རུས་སྦལ་དང་ཆུ་སྐྱེ། བརྒྱད་པ་ལ་སྣ་ལ་རྒྱུ་བའི་རླུང་རྩངས་པ་དང་མེ་སྐྱེ། དགུ་པ་ལ་ལྕེ་ལ་རྒྱུ་བའི་རླུང་ལྷ་སྦྱིན་དང་རླུང་སྐྱེ། བཅུ་པ་ལ་ལུས་ཀྱི་དབང་པོ་ཡོངས་སུ་རྫོགས་པ་ནས་རྒྱུ་བའི་རླུང་གཞུ་ལས་རྒྱལ་བ་དང་ནམ་མཁའི་ཁམས་ཏེ།


JLD019_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་སྦུབས་རྣམས་འབྱུང་ཞིང་ཡུལ་རྣམས་ཅི་རིགས་པར་འཛིན་གསུངས་སོ། །བཞི་པ་རླུང་གི་བྱེད་ལས་ནི། སྲོག་འཛིན་གྱིས་ཚེ་གནས་པ་དང་སྣ་ལ་རྒྱུ་བའི་རླུང་ལས་བྱེད། ཐུར་སེལ་གྱིས་བཤང་གཅི་ཐུར་དུ་འགྲོ་བའི་བྱ་བ་བྱེད། མཉམ་གནས་ཀྱིས་དྭངས་མ་ལུས་ལ་འགྲེམས་པའི་བྱ་བ་བྱེད་ཅིང་། དྭངས་སྙིགས་འབྱེད་མཁན་ནི་ལྟེ་བའི་གཏུམ་མོའི་མེས་བྱེད། གྱེན་རྒྱུས་ཟས་མྱང་བ་དང་། སྨྲ་བ་སོགས་དང་། རླུང་གཞན་རྣམས་གྱེན་དུ་འགྲོ་བའི་ལས་ཀྱང་བྱེད་དོ། །ཁྱབ་བྱེད་ཀྱིས་ལུས་ཀྱི་ནང་གི་རླུང་གཞན་ལ་ཁྱབ་པ་དང་འགྲོ་བ་སོགས་ཀྱི་བྱ་བ་བྱེད་དོ། །ཡན་ལག་གི་རླུང་ལྔ་མིག་གི་སྒོ་ནས་རྒྱུ་བའི་རླུང་གིས་རྣམ་ཤེས་ཀྱི་བཞོན་པ་བྱས་ནས་གཟུགས་འཛིན་པའི་འབྲས་བུ་བྱེད་དོ། །དེ་བཞིན་དུ་རྣམ་པར་རྒྱུ་བས་སྒྲ་འཛིན་པ་དང་། ཡང་དག་པར་རྒྱུ་བས་དྲི་འཛིན་པ་དང་། རབ་ཏུ་རྒྱུ་བས་རོ་འཛིན་པ་དང་། ངེས་པར་རྒྱུ་བས་རེག་བྱ་འཛིན་ཅིང་། རང་རང་གི་རྣམ་ཤེས་ཀྱི་བཞོན་པ་བྱས་ནས་ཡུལ་སོ་སོར་འབྲས་བུ་བྱེད་དོ། །ཡན་ལག་གི་རླུང་ལྔ་ནི་རྩ་བའི་རླུང་གི་གནས་སྐབས་ཡིན་ཏེ། སྲོག་རླུང་སྒོ་དེ་དག་གང་དུ་རྒྱུ་བ་ལ་མིང་དེ་ལྟར་དུ་བཏགས་སོ། །དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུ་བ་དང་། །རྟག་པའི་དུས་སུ་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །རླུང་དང་གཅིན་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་རྣམས། །འོག་འདྲེན་འདི་ནི་ཐུར་སེལ་བ། །རྟག་ཏུ་རྣལ་འབྱོར་པས་ཤེས་


JLD019_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །མྱང་དང་བཟའ་དང་ལྡག་པ་དང་། །ཀུན་ཏུ་འཐུང་དང་འཇིབ་པ་ནི། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་ཞེས་བྱ་བ་ཡིན། །གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་སོགས་ཟ་བ་ནི། །ཤེས་དང་ལྷན་ཅིག་འབྱོར་པ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། །ཁྱབ་དང་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་ལྡོག་པ་དང་། །ཚིགས་རྣམས་ཀུན་ཏུ་ཁྱབ་པ་ན། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། །ཅེས་དང་། ཡན་ལག་གི་རླུང་གི་བྱེད་ལས་རིམ་ལྔར། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །ཅེས་དང་། སྤྱི་ཡི་བྱེད་ལས་ཡང་དེར། སེམས་ཅན་ཀུན་གྱི་སྲོག་གྱུར་པ། །རླུང་ཞེས་བྱ་བའི་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ལྔ་ཡི་བདག་ཉིད་བཅུ་ཡང་ཡིན། །ཞེས་སོ། །ལྔ་པ་རྒྱུ་ཚུལ་ནི། ཁྱབ་བྱེད་འཆི་བའི་ཚེ་མ་གཏོགས་སྣའི་སྒོ་ནས་མི་རྒྱུ་ལ། གཞན་བཞི་ལ་གཡས་པ་ནས་རྒྱུ་བ་དང་། གཡོན་པ་ནས་རྒྱུ་བ་དང་། གཉིས་ཀ་ནས་དྲག་པ་དང་། དལ་བར་རྒྱུ་བ་སྟེ། མེ་མཉམ་དང་། ཐུར་སེལ་དང་། གྱེན་རྒྱུ་དང་། སྲོག་རླུང་རྣམས་སོ། །དེ་དག་གསང་བའི་སྣ་རྩེ་ནས་བྱུང་ནས་ཀུན་རྫོབ་ཀྱི་སྣར་རྒྱུ་བ་ཡིན་ནོ། །རིགས་ལྔ་དང་སྦྱར་ནས་རྒྱུ་བའི་ཚུལ་ནི། ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་ལ། དེ་ལ་ཐབས་མགོན་པོ་རེའི་རླུང་དགུ་བརྒྱ་པ་ཕྲག་རེ་རྒྱུ་བའི་ཚེ། ཤེས་རབ་ལྷ་མོ་བཞིའི་རླུང་ཉིས་སྟོང་ཉེར་ལྔ་རེ་རྒྱུ་བ་ཡིན་ལ།


JLD019_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གཡས་ནས་གྱེན་རྒྱུ་ཁ་དོག་ལྔའི་རླུང་རྒྱུ་ལ། དེ་ཡང་དམར་པོས་གཞན་བཞི་ལ་ཁྱབ་པར་དགུ་བརྒྱ་པ་ཕྲག་གཅིག་རྒྱུ་བ་ནི་པད་མ་མགོན་པོའི་རྒྱུ་བ་ཡིན་ལ། དེ་ལ་མེའི་མེ་གོས་དཀར་མོ་དང་། མེའི་རླུང་སྒྲོལ་མ་དང་། མེའི་ས་སྤྱན་མ་དང་། མེའི་ཆུ་མཱ་མ་ཀིའི་རླུང་རྣམས་རྒྱུའོ། །དེ་ཡང་མེའི་མེ་གོས་དཀར་མོ་རྒྱུ་བའི་ཚེ་ནི་སྣ་བུག་གཡས་ཀྱི་དབང་དུ་བྱས་ན་དམར་པོ་དབུས། གཡོན་པ་ལྗང་གུ། འོག་མ་དཀར་པོ་དང་། སེར་པོ་གཡས་དང་། སྟེང་ལ་སྔོན་པོ་རྒྱུ་བ་ཡིན་ནོ། །དེས་མཚོན་ནས་མེའི་རླུང་རྒྱུ་བའི་ཚེ་ལྗང་གུ་དབུས་སུ་རྒྱུ། མེའི་ས་རྒྱུ་བའི་ཚེ་སེར་པོ་དབུས་དང་། མེའི་ཆུ་རྒྱུ་བའི་ཚེ་དཀར་པོ་དབུས་སུ་རྒྱུའོ། །གཡོན་པ་ནས་རྒྱུ་བ་མེ་མཉམ་ལྗང་སེར་ཁ་དོག་ནག་འོད་ཟེར་ནག་པོའི་ངོ་བོ་ཅན་དུ་བཤད་དོ། །སྔར་འབྱུང་བ་ལྔ་པ་ནམ་མཁའི་ཁམས་ཀྱི་རླུང་ནི་དཀྱིལ་འཁོར་བཞི་པོ་རྒྱུ་བའི་ཚེ་ན་རྒྱུ་བས་རྒྱུད་དུ་ལོགས་སུ་མ་གསུངས་པ་དང་། དེ་ཡང་བདེ་བ་བསྐྱེད་པའི་རླུང་ལ་བཞེད་ཅིང་། དབུ་མ་ནས་རྒྱུ་བའི་རླུང་ཡང་དཀྱིལ་འཁོར་བཞིའི་རླུང་ལས་ལོགས་སུ་མེད་པར་མན་སྙེར་བཤད་པས། སྟེང་ལ་སྔོན་པོ་རྒྱུ་བ་ཞེས་བཤད་པ་འདི་དེ་ཨེ་ཡིན་དཔྱད་པར་རིགས་སོ། །པོ་ལས་ཀྱི་མགོན་པོ་དང་། དེ་གཉིས་ཀ་ནས་དྲག་ཏུ་རྒྱུ་བ་ཐུར་སེལ་ཁ་དོག་སེར་པོ་རིན་ཆེན་མགོན་པོའི་དང་། ཞན་པར་རྒྱུ་བ་སྲོག་རླུང་ཁ་དོག་ཤེལ་ལྟར་སྣང་བ་རྡོ་རྗེ་མགོན་པོའི་རྒྱུ་བ་དགུ་བརྒྱ་པ་ཕྲག་རེ་རེའི་ཚེ་ཡང་རང་རང་གི་ཁ་དོག་གཙོ་ཆེ་ཞིང་གཞན་ཕལ་བའི་ཚུལ་གྱིས་རྒྱུ་ཞིང་། ཤེས་རབ་ལྷ་མོ་རྣམས་ལ་སྔར་བཞིན་སྦྱར་རོ། །དེ་དག་ནི་དགུ་བརྒྱ་པ་རེ་རེ་ལ་འཕོ་བ་རེར་


JLD019_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་སྟེ། དུས་འཁོར་ནས་དེ་ཉིས་འགྱུར་རེ་ལ་འཕོ་བ་རེར་བྱས་ནས་འཕོ་བ་བཅུ་གཉིས་སུ་གསུངས་སོ། །པདྨ་མགོན་པོའི་རྒྱུ་བ་དང་པོར་སྨོས་པའི་དགོས་པ་ནི། རྡོར་བཟླས་གསུང་རྡོ་རྗེའི་བཟླས་པ་ཡིན་པས་དང་པོའི་འགོ་དེ་ནས་བཙུགས་ནས་སྒོམ་དགོས་པར་ཤེས་པའི་ཆེད་ཡིན་ནོ། །དེ་སྐད་དུ་ཡང་། རྡོ་རྗེ་ཕྲེང་བར། སངས་རྒྱས་ལྔ་ཡི་རིགས་གནས་པ། །སྣ་རྩེ་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་འགྲོ། །ལུས་ལ་རྟག་ཏུ་སྤྱོད་པར་འགྱུར། །ཀུན་རྫོབ་སྣར་ནི་སྤྱོད་པ་ཡི། །སྒོ་དེ་ལས་ནི་རྣམ་པར་འབྱུང་། །གཡོན་དང་གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་དང་རྣམ་པ་བཞི། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་བའི་མཆོག་འདི་ནི།། པདྨ་མགོན་པོའི་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་འབྱུང་བ་དག །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོའི་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའི་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེ་ཡི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །སྐད་ཅིག་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །ཁམས་ཀུན་ཡང་དག་འབྱུང་བ་ནི། །རྟེན་དང་བརྟེན་པར་བཟུང་བ་ནི། །རྣམ་སྣང་མཛད་ཆེན་སྐུ་ཡིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་བཞག་པས་རྟག་ཏུ་ཟློས། །སྔགས་པས་བཟླས་པས་གྲངས་ཀྱིས་ནི། །ཉིན་


JLD019_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མཚན་དུ་རྟག་པར་ཟློས། །ཞེས་གསུངས་སོ། །ཁྱབ་བྱེད་ཀྱི་རླུང་ནི་འབྱུང་བ་ནམ་མཁའི་རླུང་ཡིན་ལ། ས་དང་། ཆུ་དང་། མེ་དང་། རླུང་གི་རླུང་རྣམས་རྒྱུ་བའི་ཚུལ་ནི་རིམ་པ་ལྟར། ཐད་ཀ་དང་། འོག་དང་། སྟེང་དང་། གྱེན་གསེགས་ལ་རྒྱུ་སྟེ། ཁ་སྦྱོར་ལས། མེ་ཉིད་གང་དང་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུ། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་པ། །སྟེང་དང་ངོས་དང་བྲང་འོག་འགྲོ། །ཞེས་གསུངས་སོ། །གསང་བ་འདུས་པའི་ལུགས་ཀྱིས། ཉིན་ཞག་ཕྲུགས་གཅིག་ལ་སྐོར་དྲུག །ཐུན་བཅུ་གཉིས། ཐུན་ཕྱེད་པ་ཉེར་བཞི། ཐུན་ཕྱེད་པ་རེ་ལ་མགོན་པོ་རེའི་རླུང་དགུ་བརྒྱ་པ་རེ་རྒྱུ་ལ། དགུ་བརྒྱ་པ་རེ་རེ་ལ་ལྷ་མོ་བཞི་བཞིའི་རླུང་རྒྱུ་བས་དེས་འབྱུང་ཆེན་གྱི་དཀྱིལ་འཁོར་ཉེར་བཞི། དེ་རེ་རེ་ལ་འབྱུང་ཆུང་གི་དཀྱིལ་འཁོར་བཞི་བཞིར་ཕྱེ་བས། འབྱུང་ཆུང་གི་དཀྱིལ་འཁོར་དགུ་བཅུ་རྩ་དྲུག་རྒྱུ་བ་ཡིན་ནོ། །རིམ་ལྔར། ཨ་ཡིས་བཤད་པའི་ཡེ་ཤེས་ནི། །སངས་རྒྱས་ཀྱི་ནི་སྙིང་པོར་འགྱུར། །ཧཱུྃ་གིས་སེམས་ཅན་ཡང་དག་སྤྲོ། །སངས་རྒྱས་ཐུགས་སུ་རབ་ཏུ་བརྟག །ཨོཾ་གྱིས་སེམས་ཅན་ཡང་དག་སྡུད། །སངས་རྒྱས་སྐུ་འདིར་རབ་ཏུ་བརྟགས། །ཨཱས་ནི་གནས་པར་གྱུར་པའོ། །འཇུག་པ་ཉིད་དང་གནས་པ་དང་། །ལྡང་བ་ཡིས་ནི་རིམ་གྱིས་ཀྱང་། །ཤེས་རབ་ཐབས་ཀྱི་གཞིར་གནས་ཏེ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་སྐྱེས་ནས་ནི། །སྦྱོར་བཞི་བསྡུས་པས་བརྒྱ་ཕྲག་དགུ། །


JLD019_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་བརྒྱ་དག་ཏུ་གང་བསྟེན་པ། །ཉི་ཤུ་རྩ་བཞི་རིམ་གྱིས་ནི། །དེ་ཡི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་གསུངས་སོ། །འདི་པ་འདུས་པའི་ལུགས་ཀྱི་འཕོ་བ་ཉེར་བཞིར་བྱེད་པ་ཡིན་ཏེ། འཕོ་བའི་དོན་ནི་སྣ་བུག་གཡས་ནས་གཡོན་དུ་འཕོ་བ་ལྟ་བུ་ཡིན་ལ། འདིར་ནི་དགུ་བརྒྱ་པོ་རེ་སོང་ནས་འཕོ་འཇུག་བྱེད་པའི་ཕྱིར་རོ། །གསུངས། སྡོམ་འབྱུང་ལས། གཞན་ཡང་གཉིས་བདག་རྡོ་རྗེ་ཅན། །ཐེ་ཚོམ་འགྱུར་བར་ཤེས་བྱ་སྟེ། །དགེ་དང་མི་དགེ་ངེས་མེད་པར། །རླུང་རིག་ལས་ནི་འདིར་མཚོན་བྱ། །མགོན་པོ་ཇི་ལྟར་ཨཱ་ལིར་རྒྱུ། །འགའ་ཞིག་ཀཱ་ལིར་གནས་འབྲིའམ། །ཀཱ་ལིར་རྒྱུ་ལ་ཨཱ་ལིར་གནས། །དེ་ཡི་འདོད་དོན་ཉམས་པར་འགྱུར། །གང་ནས་མགོན་པོ་དེ་རྒྱུ་བ། །དེར་གནས་འགའ་ཞིག་འདྲི་བྱེད་ན། །དེ་ཡི་དོན་ཀུན་ཡང་དག་འགྲུབ། །གཉིས་ཀར་གནས་ལ་ཐེ་ཚོམ་འགྱུར། །དབང་ཆེན་གྱིས་ནི་རྒྱལ་སྲིད་དོ། །ཆུས་ནི་དོན་རྣམས་ཡང་དག་འབྱུང་། །མེ་ཡི་རླུང་ནི་རྣམ་རྒྱུ་བས། །བཀྲེས་སྐོམ་དུག་དང་སྡུག་བསྔལ་ན། །བྱ་བ་ཐམས་ཅད་ཉམས་པར་འགྱུར། །རླུང་གིས་རྩོད་དང་སྐྱོ་དང་སྲོས་པ་རྣམས། །རླུང་གི་བདག་ཉིད་ཀྱི་ནི་མགོན་པོ་ཡི། །སྐུ་གསུམ་པོར་ཡང་ཤེས་པར་བྱ། །འཇུག་པ་ཆོས་ཀྱི་སྐུ་ཡིན་ཏེ། །གནས་པ་ལོངས་སྤྱོད་རྫོགས་པའི་སྐུ། །འབྱུང་བ་སྤྲུལ་པའི་སྐུ་ཞེས་བཤད། །འདྲི་བ་པོ་ཡི་རང་གི་རུང་། །ཆོས་སྐུ་ཐམས་ཅད་དགེ་བ་སྟེ། །ལོངས་སྤྱོད་རྫོགས་པས་ཐེ་ཚོམ་འགྱུར། །སྤྲུལ་པས་འཐབ་མོ་སྲོག་པའོ། །ཞེས་གཡོན་ཨཱ་ལི། གཡས་ཀཱ་ལི་རྒྱུ་བས་དེ་དང་མཐུན་པར་འདྲི་ན་འགྲུབ། ཟློག་ན་ཉམས། གཉིས་ཀ་ནས་རྒྱུ་ན་ཐེ་ཚོམ། ས་ཆུའི་རླུང་རྒྱུ་དུས་བཟང་། མེ་དང་རླུང་རྒྱུ་དུས་ངན། འཇུག་དུས་བཟང་། གནས་


JLD019_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཐེ་ཚོམ། འབྱུང་དུས་ངན་ནོ། །འབྱུང་བ་རྣམས་ཀྱི་དགྲ་ངན་གྲོགས་བཟང་ངོ་། །ལམ་འབྲས་བུ་གཡོན་རྒྱུ་བཟང་བར་བཞེད་དོ། །ལུང་འདི་མ་དག་འདུག་གོ །གཉིས་པ་ཐུན་མོང་མ་ཡིན་པའི་རྒྱུད་ནས་བཤད་པའི་རྩ་འདབ་ནས་རླུང་རྒྱུ་ཚུལ་ནི། ཕྱིའི་དབང་དུ་བྱས་ན། ཉིན་ཞག་གཅིག་ལ་དབྱུ་གུ་རེ་བཞི་ཡོད་ལ། དེ་དང་མཐུན་པར་གང་ཟག་གཅིག་ལ་ཉིན་ཞག་གཅིག་ལ་ལྟེ་བའི་དབུ་མ་ནས་དབྱུ་གུ་རེ་བཞིའི་རླུང་རྒྱུ་ལ། ཆུ་ཚོད་རེའི་རླུང་ལ་རླུང་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་ཡོད་དོ། ཡང་ཉིན་ཞག་གཅིག་ལ་ཆུ་ཚོད་སོ་གཉིས་ཡོད་ལ། དེ་དང་མཐུན་པར་ཆུ་ཚོད་སོ་གཉིས་ཀྱི་རླུང་སྤྱི་བོའི་འདབ་མ་ནས་རྒྱུ་ལ། ཆུ་ཚོད་རེའི་རླུང་ལ་རླུང་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་ཡོད་དོ། །ཡང་ཉིན་ཞག་གཅིག་ལ་འཕོ་བ་བཅུ་དྲུག་ཡོད་པ་དང་མཐུན་པར། འཕོ་བ་བཅུ་དྲུག་གི་རླུང་མགྲིན་པ་ནས་རྒྱུ་ལ། འཕོ་བ་རེའི་རླུང་ལ་སྟོང་དང་ཕྱེད་དང་བཞི་པར། སྙིང་གའི་རྩ་འདབ་ནས་ཐུན་ཚོད་བརྒྱད་ཀྱི་རླུང་རྒྱུ་ལ། ཐུན་ཚོད་རེའི་རླུང་ལ་ཉིས་སྟོང་བདུན་བརྒྱ་ཡོད་དོ། །འདི་དག་ཀྱང་གང་ཟག་གཅིག་ལ་ཉིན་ཞག་གཅིག་གི་དུས་སུ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའི་ཚུལ་ཡིན་ཞིང་། དེ་ཡང་འཁོར་ལོ་བཞི་པོ་རེ་རེ་ནས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་སྔ་ཕྱི་མ་ཡིན་པར་དུས་མཉམ་དུ་རྒྱུ་བ་ཡིན་ནོ། །དེ་ཡང་ལྟེ་བའི་འདབ་མ་གཉིས་ནས་རྒྱུ་བ་རྫོགས་པའི་ཚེ། སྤྱི་བོའི་འདབ་མ་གཅིག་ནས་འདབ་མ་གཉིས་པ་ལ་འཕོ་ལ། སྤྱི་བོའི་འདབ་མ་གཉིས་ནས་རླུང་རྒྱུ་བ་རྫོགས་པའི་ཚེ། མགྲིན་པའི་འདབ་མ་གཅིག་ནས་གཉིས་པར་འཕོ་ལ། མགྲིན་པའི་འདབ་མ་གཉིས་ནས་རྒྱུ་བ་རྫོགས་པའི་


JLD019_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ། སྙིང་གའི་འདབ་མ་གཅིག་ནས་གཉིས་པར་རླུང་འཕོ་བ་ཡིན་ནོ། །དེ་ལྟར་ཡང་། སྡོམ་འབྱུང་ལས། མེལ་ཚེ་ཐུན་དུ་བརྗོད་པར་བྱ། །ཐུན་གཅིག་ཉིན་མོར་རིག་བྱ་སྟེ། །དེ་བཞིན་མཚན་མོའི་ཐུན་བཞིའོ། །འཕོ་བའི་ཡན་ལག་བཅུ་དྲུག་གི །རླུང་ནི་ཉིན་ཞག་གཅིག་གིས་འགྱུར། །སྣ་ཡི་བུ་ག་ལ་རྟག་ཏུ། །ཐུན་ནི་ཕྱེད་ཕྱེད་ཡང་དག་རྒྱུ། །ཞེས་དང་། རྩ་ནི་སུམ་ཅུ་གཉིས་ཞེས་བྱ། །ཐུན་གཅིག་གི་ནི་བཞི་ཆ་རྣམས། །རྩ་དང་ཆུ་ཚོད་ཅེས་ཀྱང་བརྗོད། །ཉིན་དང་མཚན་མོ་དབྱུ་གུའི་ཚད། །དྲུག་ཅུ་རྩ་བཞི་དག་ཏུ་འགྱུར། །རྩ་ཕྱེད་ཐུན་ཚད་ཕྱེད་དབྱུ་གུ །ཐུན་ནི་བརྒྱད་ཆ་ཞེས་པར་གྲགས། །རླུང་གི་སྣ་སྒོར་འབྱུང་འཇུག་ལ། །དབུགས་སུ་ཡོངས་སུ་གྲགས་པ་སྟེ། །ཞེས་གསུངས་སོ། །འདི་ཀྱི་རྡོ་རྗེའི་ལུགས་དང་འདྲ་བར། སྡོམ་འབྱུང་འགྲེལ་པ་ལས་བཤད་དེ། འཕོ་བ་བཅུ་དྲུག་གི་ལུགས་སོ། །མན་སྙེ་ལས། ཐམས་ཅད་འདོད་པ་ནི་རྩ་གསུམ་རྣམས་སུ་ཉིན་མཚན་གྱི་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་རྣམས་སུ་འགྱུར། ཞེས་པའོ། །གསུམ་པ་རྩ་རླུང་ཐིག་ལེ་གཏན་ལ་ཕབ་པའི་དགོས་པ་ནི། འཆི་བའི་ཚེ་ས་ཆུ་ལ་ཐིམ་པ་ནས་མཐར་རྣམ་པར་ཤེས་པ་ཤི་བའི་འོད་གསལ་དུ་ཐིམ་པ་དེ་དག་དང་མཐུན་པར་རྫོགས་རིམ་སྒོམ་དགོས་པ་ཤེས་པའི་ཕྱིར་དུ། རྩ་རླུང་ཐིག་ལེ་རྣམས་དང་པོར་གང་དུ་འཆགས་པ་དང་། བར་དུ་རྒྱུ་བའི་ཚུལ་དང་། མཐར་གང་དུ་ཐིམ་པ་དང་། ཇི་ལྟར་ཐིམ་པའི་རིམ་པ་རྣམས་ཤེས་པར་བྱ་བ་ཡིན་ནོ། །འབྱུང་བ་སྡུད་རིམ་ཡང་། འཕགས་པ་ལྷས། ས་ལ་སོགས་པ་བཞི་རྣམས་དང་། །


JLD019_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་སྟོང་པ་རྣམ་པ་བཞི། །དངོས་པོ་བརྒྱད་དུ་ཤེས་པར་བྱ། །འཇིག་དང་སྐྱེ་བའི་རྒྱུ་རྣམས་སོ། །འོད་གསལ་བ་ལས་སྟོང་པ་ཆེ། །སྟོང་པ་ལས་ཀྱང་ཐབས་བྱུང་ཞིང་། །དེ་ལས་ཤེས་རབ་སྐྱེ་བར་བྱེད། །དེ་ལས་རླུང་ནི་ཡང་དག་འབྱུང་།། རླུང་ལས་མེ་ནི་ཡང་དག་འབྱུང་། །ཆུ་ལས་ཀྱང་ནི་ས་སྐྱེ་སྟེ། །སེམས་ཅན་རྣམས་ཀྱི་འབྱུང་བ་འདིའོ། །ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པའོ།། མེ་ཡང་ཕྲ་བའི་ཁམས་ལའོ། །རླུང་ནི་སེམས་ལ་རྣམ་པར་ཐིམ། །སེམས་ནི་སེམས་ལས་བྱུང་ལ་ཐིམ། །མ་རིག་པ་ལས་སེམས་བྱུང་ངོ་། །དེ་ཡང་འོད་གསལ་བ་ལ་འགྲོ། །འདི་ནི་སྲིད་གསུམ་འགོག་པའོ། །ཐོག་མ་མེད་པའི་དུས་ཅན་གྱི། །སྲིད་པའི་འཁོར་ལོ་འདི་འཇུག་སྟེ། །ཇི་སྲིད་སྒྱུ་འདྲའི་ཏིང་འཛིན་གྱིས། །བདག་ཉིད་མ་མཐོང་བར་དུའོ། །ཞེས་པ་ལུགས་ལྡོག་ལས་རིམ་གཉིས་ཀྱི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པར་བཤད་པས། རྫོགས་རིམ་གྱི་རྟོགས་པ་རྣལ་མ་གཅིག་རྒྱུད་ལ་བསྐྱེད་འདོད་ན། དེ་ལ་འཆི་བའི་དུས་ཀྱི་ཐ་འབྱུང་བ་སྡུད་རིམ་ཤེས་དགོས། དེ་ལ་བསྐྱེད་རིམ་ཤེས་དགོས་པས། བསྐྱེད་རིམ་ནི་དང་པོར་རྣམ་པར་ཤེས་པ་ལྷན་ཅིག་ཏུ་ཁུ་ཁྲག་གི་དབུས་སུ་གང་དུ་གཞུག་པ་དེ་ཉིད་སྙིང་ཁ་ཡིན་ལ། འཆི་བའི་ཚེ་ཡང་འབྱུང་བ་རིམ་གྱིས་བསྡུས་ནས་སྙིང་ཁ་ནས་འཆི་འཕོ་བ་ཡིན་ནོ། །དེ་ཡང་འཆགས་དུས། རྩ་ཐམས་ཅད་ཀྱི་གཙོ་བོ་གསུམ་དང་པོའི་འཆགས་ས་ནི་སྙིང་ཁ་ཡིན་ལ། རྩ་འཆགས་པའི་འོག་ཏུ་རྣམ་ཤེས་དེར་ཞུགས་ཀྱང་ཕྱི་ནས་སྙིང་གའི་རྩ་མདུད་ཀྱི་དབུས་སུ་རྣམ་ཤེས་


JLD019_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡིན་ནོ། །སྙིང་ཁ་ཡང་འཇིག་རྟེན་ན་གྲགས་པའི་སྙིང་དང་བྱང་ཁོག་གི་དབུས་ལ་མི་བྱེད་ཀྱི། ཚིགས་པའི་ནང་ངོས་ན་སྲོག་རྩ་དང་ལྷན་ཅིག་ཏུ་རྩ་དབུ་མ་གནས་པའི་ཆོས་འཁོར་གྱི་མདུད་པའི་དབུས་ནུ་མ་གཉིས་ཀྱི་བར་རོ། །དེ་ཡང་དང་པོར་ཐམས་ཅད་སྟོང་པ་སྟེ་འཆི་བ་འོད་གསལ་ལས། སྟོང་ཆེན་ཉེར་ཐོབ་སྟེ་དྲི་ཟ་བར་སྲིད་དུ་སྐྱེ་བའི་སེམས་སོ། །དེ་ལ་ཐབས་སྣང་བ་མཆེད་པ་སྟེ་བར་དོར་དྲི་དང་གནས་ལ་འདོད་པའི་སེམས་སོ། །དེ་ལ་ཤེས་རབ་སྣང་བ་སྟེ་མངལ་དུ་སྐྱེ་བ་འཛིན་པའི་སེམས་སོ། །དེ་ནས་མངལ་དུ་ཉིང་མཚམས་སྦྱར་མ་ཐག་ཏུ་འབྱུང་བ་བཞི་ག་ཡོད་མོད། འོན་ཀྱང་འབྱུང་བ་རགས་པ་སྐྱེ་བའི་དབང་དུ་བྱས་ནས། དང་པོར་རླུང་མེ་ཆུ་ས་རྣམས་རིམ་པ་ལྟར་འབྱུང་ཞིང་། དེ་རྗེས་གཟུགས་སོགས་ཕུང་པོ་རྣམས་དང་། མིག་སོགས་སྐྱེ་མཆེད་རྣམས་འབྱུང་ལ། དེ་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་འབྱུང་སྟེ་ཉིན་མཚན་གཉིས་ཀྱིས་ཕྱེ་བས་བརྒྱ་དྲུག་ཅུ་ཡིན་ནོ། །སྡུད་པའི་དུས་སུ་ས་ཆུ་ལ་ཐིམ། ཆུ་མེ་ལ། མེ་རླུང་ལ། རླུང་སེམས་སྣང་བ་ལ། དེ་མཆེད་པ་ལ། དེ་ཉེར་ཐོབ་ལ། དེ་ཐམས་ཅད་སྟོང་པ་སྟེ་འོད་གསལ་ལ་ཐིམ་པ་སྟེ། དེ་ནི་འཆི་བ་འོད་གསལ་ལམ་འཆི་བ་དངོས་སོ། །དེ་ཡང་ས་ཆུ་ལ་ཐིམ་ཞེས་བརྗོད་ཀྱང་། ས་ཁམས་ཡེ་མེད་དུ་སོང་བ་མིན་ལ། སས་ཤེས་པའི་རྟེན་མི་བྱེད་པ་ལ་ས་ཆུ་ལ་ཐིམ་ཞེས་སོ། །ཆུ་མེ་ལ་ཐིམ་ཚུལ་སོགས་ཀྱང་དེ་དང་འདྲ། རླུང་རྣམ་ཤེས་ལ་ཐིམ་ཞེས་སོགས་ནི། སྣ་སྒོར་རྒྱུ་བའི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའམ། ཡང་ན་རླུང་རགས་པ་དེ་


JLD019_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་རྩ་མདུད་ནང་གི་ལྷན་སྐྱེས་ཀྱི་རླུང་ཕྲ་བ་ལ་ཐིམ་པའོ། །དེ་དུས་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་ཀྱང་། ལྷན་སྐྱེས་ཀྱི་རླུང་ཕྲ་མོས་ཤེས་པའི་རྟེན་བྱེད་པ་ཡིན་ནོ། །ལྷན་སྐྱེས་ཀྱི་རླུང་ཕྲ་མོ་གཅིག་པུས་ཤེས་པའི་རྟེན་བྱེད་ཀྱི། རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའི་དུས་ནི། རླུང་རྣམ་ཤེས་ལ་ཐིམ་ནས་སེམས་དབེན་གྱི་རྟོགས་པ་སྐྱེ་བ་ཡིན་ཏེ། དེ་ཡང་རང་བཞིན་བརྒྱད་ཅུ་གཡོ་བྱེད་ཀྱི་རླུང་རགས་རིམ་གྱིས་འགགས་པས། དེ་དང་དེའི་རྟོག་པ་རིམ་གྱིས་འགགས་ནས། སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་རིམ་གྱིས་སྐྱེ་བ་ཡིན་པས། རླུང་རྣམ་ཤེས་ལ་ཐིམ་པའི་དོན་དེ་ལྟར་ཡིན་གྱི་ལྷན་སྐྱེས་ཀྱི་རླུང་ཐིམ་པ་ནི་མ་ཡིན་ནོ། །དེ་ཡང་དང་པོར་རླུང་རྣམ་ཤེས་ལ་ཐིམ་དུས་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་གཡོ་བྱེད་ཀྱི་རླུང་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་འགགས་ནས་སྣང་བའི་ཡེ་ཤེས་སྐྱེ་ལ། དེས་ནི་སྟོན་དུས་ཀྱི་མཚན་མོ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཟེར་སྣང་བ་དང་འདྲ་བའི་སྟོང་ཉིད་རྟོགས་སོ། །འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་གཡོ་བའི་རླུང་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་འགགས་ནས་སྣང་བ་མཆེད་པའི་ཡེ་ཤེས་སྐྱེ་བས། དེས་ནི་ཉིན་པར་གྱི་ནམ་མཁའ་དྭངས་པ་ལ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་དང་འདྲ་བའི་སྟོང་ཉིད་རྟོགས་སོ། །གཏི་མུག་ལས་གྱུར་པའི་རྟོག་པ་བདུན་གཡོ་བའི་རླུང་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་དག་འགགས་པ་ན་ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེ་ལ། དེས་ནི་ཉི་ཟླའི་སྣང་བ་མེད་པའི་མཚམས་ཀྱི་མུན་པ་དང་འདྲ་བའི་སྟོང་ཉིད་རྟོགས་སོ། །རང་བཞིན་བརྒྱད་ཅུ་སྣང་བ་ལ་ཐིམ་ཞིང་སྣང་བ་གསུམ་ཡང་རིམ་གྱིས་ཐིམ་པའི་རྟགས་ཏེ། རྟག་ཏུ་སྣང་བ་འོད་གསལ་དུ་གྱུར་པ་ཞེས་བཤད་ཀྱང་། འོད་གསལ་འཆར་བའི་རྟགས་ཡིན་གྱི་དངོས་མིན་ནོ། །བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའ་ཁྱབ་པར་སྤྲོ་བར་བྱ། །ཞེས་


JLD019_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ཁྱབ་པ་ནི་དངོས་པོ་མཐའ་དག་གི་ཆོས་ཉིད་ལ་ཆུ་ལ་ཆུ་བཞག་པའི་ཚུལ་དུ་རིས་སུ་མ་ཆད་པར་ཁྱབ་པའོ། །རང་དབང་རིན་ཆེན་དགག་པ་ཡི། །གཟུང་དང་འཛིན་པ་ཡིན་པར་བཤད། །རང་ནི་གཟུགས་སྒྲ་ལ་སོགས་པའི་ཡུལ་དང་། དབང་པོ་ནི་མིག་ལ་སོགས་པ་དང་། རིན་པོ་ཆེ་ནི་ལུས་ངག་གི་རྟེན་རླུང་སེམས་ཏེ་དེ་དག་དོན་དམ་པའི་བདེན་པ་དང་། ཆུ་ལ་ཆུ་བཞག་པའི་ཚུལ་དུ་ཐིམ་པ་ནི་དགག་པའོ། །འབྱུང་བ་སྡུད་པའི་ཚེ་རླུང་སེམས་སྣང་བ་ལ་ཐིམ་པ་དང་། དེ་མཆེད་པ་ལ་ཐིམ་དུས་དང་། དེ་ཉེར་ཐོབ་ལ་ཐིམ་དུས་དང་། དེ་སྟོང་པ་འོད་གསལ་ལ་ཐིམ་པའི་དུས་རྣམས་ཡིན་ལ། དེའི་ཚེ་ལྷན་སྐྱེས་ཀྱི་རླུང་དེ་ནི་འཆི་དུས་ལས་གཞན་དུ་མི་འཕོ་ལ་མི་ཤིགས་པའི་ཐིག་ལེའམ། ཡེ་ཤེས་ཀྱི་རླུང་ཞེས་ཀྱང་ཟེར་རོ། །རླུང་དེ་དང་ལྷན་ཅིག་གནས་པའི་དང་པོའི་ཤེས་པ་རང་བཞིན་བརྒྱད་ཅུའི་རྣམ་རྟོག་རགས་རིམ་ནས་འགགས་པ་དེ་ལ། འོད་གསལ་གྱི་མ་ཞེས་པ་དང་། དོ་ཧ་ནས། མ་བཅོས་པ་དང་། བརྟག་གཉིས་ནས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་པའང་དོན་དེ་ལ་དགོངས་སོ། །གཞིའི་འོད་གསལ་དེ་དང་འདྲ་བར་ལམ་དུས་སུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བྱང་སེམས་དཀར་དམར་གྱི་འདུ་འཕྲོད་ལ་བརྟེན་ནས་རང་བཞིན་བརྒྱད་ཅུའི་རྟོག་པ་རགས་པ་རྣམས་བཀག་ནས་བདག་མེད་སྒོམ་པ་ནི། ལམ་གྱི་འོད་གསལ་ལམ་འོད་གསལ་བུ་ཞེས་ཀྱང་ཟེར་རོ། །ཡང་རྩ་རླུང་ཐིག་ལེ་མང་དུ་གསུངས་པའི་དགོས་པ་ནི། འཆི་བའི་ཚེ་ལྟེ་བའི་དམར་ཆ་ཡར་ལ་འགྲོ། སྤྱི་བོའི་དཀར་ཆ་མར་འོང་བའི་འདུ་འཕྲོད་ལ་བརྟེན་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་མངོན་དུ་འགྱུར་ལ། དེ་


JLD019_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཉིས་སྣང་འགགས་པ་ཙམ་ལ་འོད་གསལ་དུ་བཏགས་པ་ཡིན་གྱི་མཚན་ཉིད་པ་ནི་མ་ཡིན་ནོ། དེ་དང་འདྲ་བར་ལམ་དུས་སུ་རླུང་དང་གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་དམར་པོ་དང་དཀར་པོའི་འདུ་འཕྲོད་བྱས་པ་ཡོད་ཅིང་། འདུ་འཕྲོད་བྱུང་དུས་སུ་གཉིས་སྣང་རགས་པ་འགགས་པས། དེ་དུས་སུ་སྟོང་ཉིད་ཀྱི་ངེས་ཤེས་གསལ་བཏབ་ན་གཞན་དང་མི་འདྲ་བའི་སྟོང་ཉིད་རྟོགས་པ་ལ་བོགས་འོང་བས་དེ་ལ་དགོངས་ནས་བཤད་པ་ཡིན་ནོ་ཞེས་ཀྱང་གསུངས། རྫོགས་རིམ་གྱི་སྐབས་སུ་དཀར་དམར་འདུ་འཕྲོད་བྱེད་པའི་གནས་ཀྱང་སྙིང་ཁ་ཡིན་ལ། བསྐྱེད་རིམ་གྱི་སྐབས་སུ་ལྷ་གཙོ་བོ་ལས་འཁོར་རྣམས་སྤྲོ་བསྡུ་བྱེད་པ་ཡང་སྙིང་གའི་རྩ་དང་རླུང་ལས། ཕྱོགས་ཀྱི་རྩ་དང་རླུང་གཞན་རྣམས་སྤྲོ་བསྡུ་བྱེད་པ་དེ་ལ་དཔེ་བྱས་ནས་སྒོམ་ཞིང་། དེའང་བསྐྱེད་རིམ་གྱི་དུས་སུ་སྦྱང་གཞི་འབྱུང་བ་ཐིམ་པའི་རིམ་པ་དང་མཐུན་པར་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་དེ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ་པ་ནས། ནཱ་ད་འོད་གསལ་ལ་ཞུགས་པའི་བར་ཡང་སྙིང་གའི་གནས་དེར་དམིགས་པ་གཏོད་ཅིང་། རྫོགས་རིམ་གྱི་སྐབས་སུ་འབྱུང་བ་ཐིམ་པའི་རིམ་པ་དང་མཐུན་པར་ཏིང་ངེ་འཛིན་སྒོམ་པ་ཡང་ངོ་། །མཐར་སྙིང་གའི་རྣམ་ཤེས་འོད་གསལ་དུ་ཞུགས་པའི་བར་དུ་བྱེད་ཅིང་དེ་ལས་ཀྱང་རླུང་ལུགས་ལྡོག་ཏུ་ལྷའི་རྣམ་པ་འཆར་བར་བྱེད་པ་ཡིན་ནོ། །ཡང་གཞི་དུས་སུ་རྩ་དང་རླུང་འཆགས་པའི་རིམ་པའམ། སེམས་ཅན་སྐྱེ་བའི་རིམ་པ་དང་མཐུན་པར་ལམ་བསྐྱེད་རིམ་གྱི་སྐབས་སུ་ལྷ་སྐུ་


JLD019_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ནས། སྙིང་ཁའི་ཏིང་ངེ་འཛིན་སེམས་དཔའ་ལ་སྤྲོ་བསྡུ་མང་དུ་བྱས་ནས་བསྒོམས་ཀྱང་། མོས་པ་ཡིད་བྱེད་ཙམ་ལས་སྣོད་བཅུད་འོད་གསལ་དུ་འཇུག་མི་ཐུབ་ལ། རྫོགས་རིམ་གྱི་སྐབས་སུ་རླུང་དང་ཐིག་ལེའི་རྣལ་འབྱོར་ལ་ནུས་པ་ཐོན་ནས་ཏིང་ངེ་འཛིན་གྱི་མཐུས། འཆི་དུས་ཀྱི་འབྱུང་བ་སྡུད་པ་ལ་སྒུག་མི་དགོས་པར། འབྱུང་བ་རྣམས་རིམ་གྱིས་བསྡུས་ནས་གཉིས་སྣང་དང་བྲལ་བའི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་སུ། དེ་ལས་ལངས་མ་ཐག་ཁོ་ནར་འཇའ་ལུས་ལས་གྲུབ་པའི་ལྷ་སྐུར་ལྡང་བ་ཡིན་ལ། དེས་འབྲས་དུས་ཀྱི་གཟུགས་སྐུ་གཉིས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་དོ། །དེས་ན་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ནས་བསྐྱེད་རིམ་གྱི་སྐབས་སུ། གཞི་དུས་ཀྱི་སྐྱེ་ཤི་བར་དོ་གསུམ་དང་སྦྱར་ནས་སྒོམ་དགོས་པར་མང་དུ་གསུངས་པའི་དགོས་པ་ཡང་། རྫོགས་རིམ་གྱི་སྐབས་སུ་བོགས་འདོན་ཚུལ་ཡང་གཞན་དང་མི་འདྲ་བ་དེ་ལྟ་བུ་ལ་དགོངས་པ་ཡིན་གསུང་། གཉིས་པ་དེ་ལ་གནད་དུ་བསྣུན་པའི་རྣལ་འབྱོར་ལ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་དགོས་པ་དང་། རྣལ་འབྱོར་དངོས་སོ། །དང་པོ་ནི། རྫོགས་པའི་རིམ་པ་མི་ཐ་མལ་པའི་འབྱུང་བ་ཐིམ་རིམ་དང་། ཐོག་མའི་རླུང་གི་རྣལ་འབྱོར་སོགས་ལ་བཤད་པ་ཡོད་ཀྱང་། བཏགས་ནས་བསྟན་པ་ཡིན་གྱི་རྫོགས་རིམ་མཚན་ཉིད་པ་ནི། བསྐྱེད་རིམ་མན་ཆད་དང་ཐུན་མོང་མ་ཡིན་པའི་དགའ་བཞིའི་རྟོགས་པ་བསྐྱེད་ནས་སྒྲུབ་དགོས་པའི་ཕྱིར་རོ། །དེ་ལ་མ་རྒྱུད་ནས། འབྱུང་བ་ཐིམ་པའི་རིམ་པས་འོད་གསལ་ལ་ཞུགས་པའི་སྟོང་ཉིད་


JLD019_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཤེས་རབ་ཀྱི་ཆ་ནས་རྒྱས་པར་གསུངས་ཀྱང་། ཤེས་རབ་དེ་ཉིད་ལྷའི་སྐུར་འཆར་བའི་ཐབས་ཀྱི་ཆ་རྣམས་རྫོགས་པར་མ་གསུངས་ཤིང་། དེ་ཉིད་དཔལ་གསང་བ་འདུས་པ་སོགས་ཕ་རྒྱུད་རྣམས་ལས་གསུངས་པ་ཡིན་ནོ། །ཕ་རྒྱུད་མ་རྒྱུད་ཀྱི་དབྱེ་བ་ཡང་ཇི་སྐད་བཤད་པའི་ཐབས་དང་། ཤེས་རབ་གཉིས་བརྗོད་བྱའི་གཙོ་བོར་སྟོན་མི་སྟོན་གྱི་སྒོ་ནས་དབྱེ་བས་གཉིས་ཀས་ཀྱང་མ་བསྟན་པ་ནི་མ་ཡིན་ནོ། །མདོར་ན་ཐ་མལ་པ་ཤི་བའི་ཚེ། བར་དོ་གྲུབ་ནས་འཁོར་བའི་རྒྱུར་འགྱུར་བ་དེ་ཉིད། རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྒྱུ་མ་ལྟ་བུའི་ལྷ་སྐུར་འཆར་ནུས་པ་ཡིན་ནོ། །དེ་ཡང་མདོར་ན་ལུགས་ལྡོག་གི་སྟོང་པ་གསུམ་གྱི་མཐར་སྒྱུ་ལུས་དང་ལུགས་ལྡོག་གི་སྟོང་པ་བཞིའི་མཐར་ཟུང་འཇུག་འགྲུབ་ཚུལ། ཕ་རྒྱུད་གསལ་ཞིང་རྒྱས་པས་དེ་དག་མ་རྒྱུད་པ་ལ་ཡང་གོ་དགོས་ལ། ཡི་གེ་ཐིག་ལེ་སོགས་གཏུམ་མོའི་རྣལ་འབྱོར་གྱིས་བདེ་བ་ཆེན་པོ་བསྐྱེད་པ་མ་རྒྱུད་རྣམས་གསལ་ཞིང་རྒྱས་པས་དེ་དག་ཕ་རྒྱུད་ལ་ཡང་གོ་དགོས་སོ། །འདི་ལ་གཉིས། སྣང་ཕྱོགས་ཀྱི་རྫོགས་རིམ་དང་། སྟོང་ཕྱོགས་ཀྱི་རྫོགས་རིམ་མོ། །དང་པོ་ནི། རླུང་འོད་ཟེར་ལྔ་དང་བཅས་པ་ཉེ་བར་ལེན་པའི་རྒྱུ་དང་སྟོང་པ་གསུམ་གྱི་ཡེ་ཤེས་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་ལ་བརྟེན་ནས། རླུང་སེམས་ཙམ་ལས་གྲུབ་པ་སྒྱུ་མ་ལྟ་བུའི་ལྷའི་སྐུ་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་པ་ཡིན་ནོ།། བྱེ་བྲག་གིས། སྔགས་ཀྱི་སྐུ་དང་ཡེ་ཤེས་སྐུ། །ཡེ་ཤེས་སྐུ་ལས་ཡེ་ཤེས་དང་། །རྣམ་པར་དག་


JLD019_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་གཉིས་སོ། །ཞེས་གསུངས་སོ། །གཉིས་པ་སྟོང་ཕྱོགས་ལ། བདེ་བ་ངོས་བཟུང་བ་དང་། སྟོང་པ་དང་། བདེ་སྟོང་དབྱེར་མེད་དུ་བྱེད་པའི་ཚུལ་དང་། དེ་གཉིས་བསྒྲུབ་པའི་རིམ་པའོ། །དང་པོ་ནི། བདེ་བ་ཙམ་གྱིས་མི་ཆོག་སྟེ། སེམས་གནས་ཀྱིས་བསྒྲུབས་པའི་ཤིན་སྦྱངས་ཀྱི་བདེ་བ་ཕྱི་རོལ་པ་ལ་ཡང་ཡོད་པའི་ཕྱིར་དང་། ཕར་ཕྱིན་ཐེག་པ་ནས་བསྟན་པའི་རླུང་འབྱུང་འཇུག་བགྲངས་པ་ལས་བྱུང་བའི་བདེ་བ་དང་། བྱ་སྤྱོད་ནས་བཤད་པའི་སྟོང་པ་དང་། ལྷའི་རྣལ་འབྱོར་སྒོམ་པ་གཞིར་བྱས་ནས་སྲོག་རྩོལ་བསྡམས་པ་ལས་བྱུང་བའི་བདེ་བ་སོགས་ལས་ཀྱང་ཆེས་མི་འདྲ་བ་ཞིག་དགོས་ལ། ཟག་པ་མེད་པའི་བདེ་བས་ཀྱང་མི་ཆོག་སྟེ་དེ་ནི་ཉན་རང་ལ་ཡང་ཡོད་པའི་ཕྱིར་རོ། །འོ་ན་གང་ཡིན་ཞེ་ན། ཞུ་བའི་བདེ་བའོ། །གཉིས་པ་ནི། སྟོང་པ་ཕར་ཕྱིན་ཐེག་པ་ནས་བསྟན་པ་ལས་ལོགས་སུ་གཏན་ལ་དབབ་རྒྱུ་ཅུང་ཟད་ཀྱང་མེད་པས་དེ་ཉིད་གཞིར་འཇོག་ལ། སྟོང་པ་དེའང་ཡུལ་ལ་བྱེད་པ་དང་། ཡུལ་ཅན་ལ་བྱེད་པ་གཉིས་ལས། འདིར་ནི་ཤཱནྟི་པས་བཞེད་པ་ལྟར་ཡུལ་བདག་མེད་པ་ལྟ་བུ་ཡིན་ནོ། །གསུམ་པ་ནི། རྒྱུད་སྡེ་འོག་མ་གསུམ་དང་ཕར་ཕྱིན་ཐེག་པར་སྟོང་པ་གཏན་ལ་ཕབས་ནས་དེ་གོ་བའི་བློ་དེ་ཉིད་ཐབས་དང་བཅས་ནས་སྒོམ་པ་ཡིན་གྱི། སྟོང་པའི་ཡུལ་ཅན་གྱི་བློ་ལོགས་སུ་བསྒྲུབ་མི་དགོས་ལ། འདིར་ནི་སྟོང་པ་སྒོམ་པའི་ཡུལ་ཅན་གྱི་བདེ་བ་ཐབས་མཐའ་ཡས་པས་ལོགས་སུ་བསྒྲུབ་དགོས་ལ། དེ་ཡང་རྡོ་རྗེ་བཟླས་པའམ། གཏུམ་མོའི་རྣལ་འབྱོར་གྱི་སྟོབས་ཀྱིས་ལྟེ་བའི་དམར་ཆ་འཕེལ་


JLD019_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤྱི་བོའི་བྱང་སེམས་བཞུ་སྟེ་ལུས་ཤེས་ཀྱི་འཁོར་དུ་ཚོར་བ་བདེ་བ་སྐྱེ་ལ། དེས་དེ་མ་ཐག་རྐྱེན་བྱས་ནས་ཡིད་ལ་དགའ་བའམ་བདེ་བ་སྐྱེ་ལ། དགའ་བ་དེས་ཡུལ་སྟོང་ཉིད་བཟུང་ནས། དེ་དང་སྟོང་ཉིད་གཉིས་ནི་ནམ་མཁའ་དང་ནམ་མཁའ་སྦྱོར་བ་ལྟ་བུ་སྦྱོར་བ་སྟེ། ཁ་སྦྱོར་ལས། དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟའོ། །ཞེས་གསུངས་ལ། བདེ་སྟོང་དབྱེར་མེད་པའི་ཟུང་དུ་འཇུག་པའི་རྫོགས་རིམ་ཞེས་ཀྱང་བྱའོ། །ཡང་སྔགས་ཀྱི་སྐབས་སུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་ཅེས་བཤད་པའི་སྟོང་པ་ནི། ཆོས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་ལ། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་ན་སྙམ་པའི་སྙིང་རྗེ་ཁོ་ན་ལ་མི་བྱེད་ཀྱི། གཟུགས་སྐུའི་ཉེར་ལེན་གྱི་རྒྱུར་གྱུར་པའི་ཐབས་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །དེས་ན་སེམས་ཀྱི་རྟེན་ཐིག་ལེ་ཡིན་ལ། རྗེ་མར་པ་ནས་བརྒྱུད་པ་རྣམས་ཀྱི་ལུགས་ལ་ཉིན་ཞག་གཅིག་ལ་གཉིད་དུ་སོང་མ་སོང་གཉིས་སུ་ངེས་ལ། གཉིད་དུ་སོང་བ་ལ་རྨི་ལམ་ཡོད་མེད་གཉིས་ལས། རྨི་ལམ་མེད་པའི་གཉིད་འཐུག་གི་དུས་སུ་སེམས་ཀྱི་རྟེན་བྱང་སེམས་དཀར་དམར་སྙིང་ཁ་ན་གནས་པས་དེར་སེམས་འཛིན་ལ། རྨི་ལམ་རྨི་བའི་དུས་དེར་མགྲིན་པ་ན་གནས་པས་དེར་སེམས་འཛིན། གཉིད་དུ་མ་སོང་བའི་ཚེ་གཙོ་ཆེར་ལྟེ་བ་ན་གནས་པས་དེར་སེམས་འཛིན་ལ། ཕོ་མོ་སྦྱོར་བའི་དུས་དེར་སྤྱི་བོ་ན་གནས་ཞེས་བཤད་དོ། །དུས་འཁོར་ལས་སྙིང་ཁ་དང་མགྲིན་པར་ཐིག་ལེ་གནས་པའི་དུས་ནི་སྔ་མ་དང་འདྲ་ལ། གཞན་གཉིས་ལྡོག་ནས་གཉིད་དུ་མ་སོང་དུས་སྤྱི་བོ་དང་། ཕོ་མོ་སྦྱོར་


JLD019_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་ལྟེ་བར་གནས་པར་བཤད་དོ། །བཞི་པ་དེ་གཉིས་སྒྲུབ་པའི་རིམ་པ་ནི། ཐོག་མར་སྟོང་པ་རྟོགས་དགོས་ཏེ། བསྐྱེད་རིམ་གྱི་ཡང་ཐོག་མ་ནས་སྭ་བྷཱ་ཝའི་སྔགས་དོན་སེམས་པ་ན། ཤུ་ནྱ་ཏཱ་ནི་སྟོང་ཉིད་དང། ཛྙཱ་ན་ནི་ཡེ་ཤེས་དང་། བཛྲ་ནི་རྡོ་རྗེ་དང་། སྭ་བྷཱ་ཝ་ནི་རང་བཞིན་དང་། ཨཱཏྨ་ཀ་ནི་བདག་ཉིད་དང་། ཨ་ཧཾ་ནི་ངའོ། །ཞེས་པའི་དོན་ཡིན་པས། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ངའོ་ཞེས་པ་སྟེ། རྣལ་འབྱོར་པ་དེའི་བདག་ཏུ་ཐ་སྙད་གདགས་པའི་གཞིའི་གཙོ་བོ་སེམས་དེ་བཞིན་ཉིད་དང་དབྱེར་མེད་པར་སོང་བའི་ཕྱིར་རོ། །དེ་ལ་དབུ་མའི་ལྟ་བ་རྙེད་པ་ཞིག་དགོས་སོ། །སྔགས་དོན་སེམས་པར་གསུངས་པའི་ཕྱིར་རོ། །ཞུ་བའི་བདེ་བ་ཡང་། གང་ཞུ་བ་དང་། གང་གིས་ཞུ་བ་དང་། འཇུ་བར་བྱེད་པའི་རྐྱེན་ནོ། །དང་པོ་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ལྟེ་བ་དབུ་མའི་ནང་ན་གནས་པའི་ཁམས་དཀར་པོ་ཧཾ་གིས་མཚོན་པའི་དོན་ནོ། །གཉིས་པ་ནི། ལྟེ་བའི་འཁོར་ལོའི་དབུ་མའི་ནང་ན་གནས་པའི་ཐིག་ལེ་དམར་པོ་འབར་བ་ལས་སོ། །མེ་སྦྱོར་བའི་རྐྱེན་ཁ་སྦྱོར་ལས། ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །ཞེས་གསུངས་པའི་རླུང་གི་རྣལ་འབྱོར་སོགས་སྒོམ་པ་དང་དབང་པོ་གཉིས་སྦྱོར་གྱིས་བསྐུལ་བའི་རླུང་ངོ་། །རླུང་དེ་ཡང་ཐུར་སེལ་ཡིན་ཞིང་དེ་གང་ན་གནས་པ་ནི། རྡོ་རྗེ་ཕྲེང་བའི་རྒྱུད་ལས། གཡོན་པ་ཟླ་བ་བྱང་སེམས་


JLD019_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འབབ། །གཡས་པ་ཁྲག་དང་ཉི་མ་འབབ། །ཤེས་བྱ་དབུས་སུ་རྒྱུ་བའི་རླུང་། །མེ་སད་བྱེད་པར་ཤེས་པར་བྱ། །ཞེས་གསུངས་པས། དབུ་མའི་ནང་ལྟེ་བའི་འོག་གི་སུམ་མདོ་ན་གནས་པ་དེ་ཡིན་ནོ། །འོ་ན་དེར་རྒྱུ་བའི་རླུང་དེ་ཐུར་སེལ་སོ་མ་ཞིག་གམ་རྙིང་པ་ཞིག་ཡིན་སྙམ་ན། རྣལ་འབྱོར་པའི་སྒོམ་སྟོབས་ཀྱིས་སྣ་བུག་ལ་རྒྱུ་བའི་ལས་རླུང་འགག་ཅིང་། དེའི་སྟོབས་ཀྱིས་ནང་དུ་ཁེངས་པ་ལྟར་གྱུར་པ་ནི་རླུང་ཡང་རང་བཞིན་གྱིས་འགགས་ཏེ། དེ་ཡང་རེས་འགའ་མ་ཡིན་པར་བརྟན་པོར་སོང་བ་ན་དེའི་མཐུས། སྔར་ཨ་ཝ་དྷཱུ་ཏཱི་ལྟེབས་པ་ལྟར་གྱུར་པ་དེ། ལས་རླུང་གིས་ལེགས་པར་རྒྱས་ནས། དེའི་ནང་དུ་ཐུར་སེལ་དུ་མ་ཞིག་སྐྱེ་བ་དེས་མེ་སྦྱོར་བ་ཡིན་ཏེ། རྒྱུད་རྡོ་རྗེ་ཕྲེང་བའི་བཞི་པར། དཔའ་བོ་རྣལ་འབྱོར་མ་སྦྱོར་བ། །གང་ཚེ་གསང་བའི་རྩ་གཉིས་ནི། །ཡང་དག་སྦྱོར་བས་རེག་གྱུར་པ། །དེ་ཚེ་ནམ་མཁའ་རྣམ་རྒྱས་ཉིད། །ནམ་མཁའ་ལས་ནི་སྐྱེས་པའི་རླུང་། །དེ་ཡིས་མེ་ནི་རབ་ཏུ་འབར། །རྩ་ནི་སྟོང་ཕྲག་བདུན་ཅུ་གཉིས། །རྩ་རྣམས་རབ་སད་མེ་དེ་ཡིས། །བདེ་བ་ཀུན་གྱི་གོ་འཕང་མཆོག །བདེ་བ་ཆེན་པོ་བྱང་ཆུབ་སེམས། །རྣམ་པར་ཞུ་ནས་རྩེར་གནས་པ། །ཞེས་རླུང་དེ་གཡོས་པས་ལྟེ་བའི་མེ་འབར་ནས། སྤྱི་བོའི་ཧཾ་ཡིག་ཞུ་སྟེ་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་གཡོ་བར་བྱེད་པ་ལ་གཡས་གཡོན་གྱི་རྒྱུ་བ་བཅད་དགོས་ཏེ། དེའི་རྒྱུ་མཚན་གཡས་གཡོན་རྒྱུ་བའི་ཚེ་རྟོག་པ་རགས་པ་བཅད་མི་ཐུབ་ལ། དེ་ནམ་གཡོས་པ་


JLD019_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཞུ་བདེ་སྐྱེས་ནས་རྟོག་པ་རགས་པ་གཅོད་པའི་ཕྱིར་དང་། གཡས་གཡོན་གྱི་རླུང་རྒྱུ་བ་འགགས་པ་དེ་དེའི་རྐྱེན་ཡིན་པའི་ཕྱིར་རོ། །གཉིས་པ་གཡས་གཡོན་གྱི་རྒྱུ་བ་འགོག་པའི་རྣལ་འབྱོར་དངོས་ལ། རླུང་གི་རྣལ་འབྱོར་དང་། ཐིག་ལེའི་རྣལ་འབྱོར་དང་། གཏུམ་མོའི་རྣལ་འབྱོར་རོ། །དེ་ཡང་གཏུམ་མོ་བྱེ་བྲག་པ་མེ་དམིགས་ལ་བཟུང་བ་ཡིན་གྱི། སློབ་དཔོན་ཨ་བྱས། ལྷན་སྐྱེས་ཀྱི་གཏུམ་མོ་དང་། རྣལ་འབྱོར་གྱི་གཏུམ་མོ་དང་། ལས་ཀྱི་གཏུམ་མོ་གསུམ་དུ་ཕྱེ་བ་ལྟར་ན། རྫོགས་རིམ་མཐའ་དག་གཏུམ་མོར་འདུས་པའི་ཕྱིར་རོ། །རླུང་གི་རྣལ་འབྱོར་ལ་ཡང་། དུས་འཁོར་ནས། སྲོག་ཐུར་བསྲེ་བའི་བུམ་པ་ཅན་ལ་རྩལ་དུ་འདོན་པར་བཤད་ཅིང་། བུམ་པ་ཅན་ཆེ་ཆུང་གསུམ་གྱི་དབྱེ་བ་ཡང་སྡོམ་འབྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་བ། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །བདག་ཉིད་རིག་པས་རྐང་མཐིལ་བར། །ཐམས་ཅད་རླུང་གིས་ཀུན་བཀང་སྟེ། །བུམ་པ་ཅན་ལ་བརྟན་བྱས་ནས། །དབྱེ་བ་གསུམ་གྱིས་བཞག་པར་བཤད། །ཐ་མ་སུམ་ཅུ་རྩ་དྲུག་ཙམ། །དེ་ལས་ཉིས་འགྱུར་འབྲིང་ཡིན་ཏེ། །སུམ་འགྱུར་མཆོག་ཏུ་ཤེས་པར་བྱ། །བུམ་པ་ཅན་དེ་རྒྱལ་བར་འགྱུར། །བུམ་པ་ཅན་སྔར་ཤེས་བྱས་ནས། །བདག་ཉིད་སྐྱིལ་མོ་ཀྲུང་བཅས་ཏེ། །ལག་པ་ལན་གསུམ་མཉེས་ནས་ནི། །དེ་ནས་ལན་དྲུག་སེ་གོལ་གདབ། །ཇི་སྲིད་སུམ་ཅུ་རྩ་དྲུག་ཙམ། །དེ་སྲིད་བུམ་པ་ཅན་བྱས་ཏེ། །སུམ་འགྱུར་མཆོག་གིས་གཞལ་བར་ནི། །བརྒྱད་ལྷག་པ་ཡི་བརྒྱ་ཙམ་མོ། །ཞེས་གསུངས་སོ། །གསང་འདུས་འཕགས་ལུགས་པས། ངག་དབེན་རླུང་གི་རྡོར་བཟླས་ཀྱིས་སྙིང་གའི་


JLD019_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་མདུད་བཤིག་ནས། སྤྱི་བོའི་བྱང་སེམས་ཞུ་བས་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་ལ། དེས་ཡུལ་སྟོང་ཉིད་བཟུང་བའི་བདེ་སྟོང་དབྱེར་མེད་ལས། བདེ་བ་དང་སྟོང་པ་གཉིས་གཅིག་གིས་གཅིག་ཕན་ཚུན་རྒྱས་འདེབས་པ་ནི་དབྱེར་མེད་ཀྱི་དོན་ཡིན་ནོ། །རླུང་སྔགས་དབྱེར་མེད་ཀྱི་རྡོར་བཟླས་དེ་ཡང་། སྤྱོད་བསྡུས་ལས། འདི་ཉིད་ཀྱིས་རྫོགས་པའི་རིམ་པ་བཤད་པ་ནི། ཨཱ་ལི་ཀཱ་ལི་རྣམས་ཀྱིས་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ཚུལ་གྱིས་ཡི་གེ་གསུམ་བསྐྱེད་ལ། ཡི་གེ་གསུམ་ཡང་འཇུག་པ་དང་། གནས་པ་དང་། ལྡང་བ་ངེས་པར་སྦྱར་ལ་དཀྱིལ་འཁོར་བཞིའི་རིམ་གྱིས་སྲོག་དང་རྩོལ་བའི་བདག་ཉིད་ཅན་གྱི་རྡོ་རྗེ་བཟླས་པ་བྱའོ། །ཞེས་སོ། །ཐིག་ལེའི་རྣལ་འབྱོར་ནི། སློབ་དཔོན་ཡེ་ཤེས་ཞབས་ཀྱིས། ཀུན་རྫོབ་པའི་སྣ་རྩེ་དང་། སྙིང་ཁ་དང་། གསང་བའི་རྩེར། སྤྲུལ་པའི་ཐིག་ལེ་དང་། མི་ཤིགས་པའི་ཐིག་ལེ་དང་། གསང་བའི་ཐིག་ལེ་བསྒོམས་ནས། མེ་སྦྱོར་བ་ཐིག་ལེའི་རྣལ་འབྱོར་སོགས་གསུངས་སོ། །གཏུམ་མོའི་རྣལ་འབྱོར་ནི། ཌོ་བྷི་ཧེ་རུ་ཀ་དཔོན་སློབ་སོགས་དང་། ནག་པོ་སྤྱོད་པ་སོགས་ཀྱིས་གཏུམ་མོ་ལ་རྩལ་དུ་འདོན་པ་སོགས་དུ་མ་ཡོད་ཀྱང་། གྲུབ་ཆེན་རྣམས་ཀྱིས་མཛད་པའི་ལམ་གྱི་གནད་མ་འཕྱུགས་པར་ཤེས་ན། གང་ཉམས་སུ་བླངས་ཀྱང་ལྷན་སྐྱེས་ཀྱི་བདེ་བ་སྒྲུབ་ནུས་པ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །དེའི་ནང་ནས་ཀྱང་། ཁ་སྦྱོར་ལས། དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །


JLD019_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་ཞིང་ཁ་ནི་འོག་ཏུ་འོང་། །དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུྃ་གི་ས་བོན་ནི། ཁ་བ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །བདག་མེད་པ་ནི་ཡི་གེར་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡི། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོག་པ་ཡི་མཆོག་ཤེས་པས། །སྙོམས་པར་འཇུག་པས་རྣམ་པར་གནས། །དཔའ་བོ་ཤཱི་ནི་ཧེ་རུ་ཀ། འདི་ནི་དཔྱིད་དང་ཐིག་ལེར་བརྗོད། །ཅེས་གསུངས། དེའང་རྐང་པ་དང་པོ་བཞིས་དབུ་མ་སྟོན་ནོ། །སྤྱིར་དབུ་མ་ནི་མི་བསྐྱོད་པའི་རྩ་ཡིན་པས་ཁ་དོག་སྔོན་པོ་དང་། རོ་མ་འོད་དཔག་མེད་ཀྱི་རྩ་ཡིན་པས་དམར་པོ་དང་། རྐྱང་མ་རྣམ་སྣང་གི་རྩ་ཡིན་པས་དཀར་པོར་ཡོད། དེ་ཡང་སྤྱིར་བཏང་ཡིན་ལ། དམིགས་བསལ་ལ་གཏུམ་མོ་འབར་བའི་ཚེ་ན། གང་འབར་བའི་རྩ་རྣམས་ཏིལ་མར་གྱི་མར་མེའི་མདོག་ལྟ་བུར་ཡོད་དོ། །དེ་ཡང་སྙིང་གའི་རྩ་མདུད་ཀྱི་ནང་གི་རྩ་དབུ་མའི་འོག་ཕྱོགས་ཀྱི་བུ་ག་ནི་ཅུང་ཁ་ཕྱེ་བ་ཆུ་ཤིང་གི་མེ་ཏོག་ལྟ་བུ་གཅིག་ཡོད་དོ། །དེ་ནས་རྐང་པ་བཞིས་རྩ་མདུད་ནང་གི་དབུ་མའི་ནང་གི་ཡི་གེ་སྟོན་ཏེ། ཁྱད་པར་ལྔ་དང་ལྡན་པའི་ཧཱུཾ་ཡིན་ཏེ། མི་མཐུན་པའི་རྟོག་པ་འཇོམས་པས་དཔའ་བོ་དང་། འདོད་པ་བསྒྲུབ་པ་ལ་གཞན་གྱིས་གཞོམ་དུ་མེད་པས་མི་ཤིགས་པ་དང་། གཏུམ་མོ་ལ་བརྟེན་ནས་བདེ་བ་སྐྱེད་པས་ས་བོན་དང་། བྱང་སེམས་འཛག་པ་དང་། ཚད་ཡུངས་འབྲུ་ཙམ་ཡོད་པ་ཡིན་ནོ། །གཉིས་ཀྱིས་མིང་དང་། དེ་ནས་བཞིས་ཐིག་ལེ་


JLD019_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ནོ། །བདག་མེད་མ་སྟེ་ཨ་ཐུང་ནི་རྒོད་མ་ཁའི་མེ་ཞེས་བརྗོད་ཀྱང་། གླིང་བཞི་པོ་རང་རང་གི་ལྷོ་ཕྱོགས་ཀྱི་ལྕགས་རི་ནག་པོའི་འོག་གི་མེས་ཆུ་སྐེམས་པ་དང་འདྲ་བར། ལྟེ་བའི་དམར་ཆ་འབར་ནས་སྤྱི་བོའི་བྱང་སེམས་ཞུ་བས། ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ། གཟུང་འཛིན་གྱི་རྟོག་པ་གཅོད་པའོ། །དེའང་གཞུང་དེས་དཔྱིད་ཀྱི་ཐིག་ལེ་མདོར་བསྟན་པ་དང་། རྒྱས་པར་བཤད་པའི་དོན་རྣམས། སློབ་དཔོན་ནག་པོ་པས་དཔྱིད་ཀྱི་ཐིག་ལེ་མཛད་པའི་རྗེས་སུ་འབྲངས་ནས་ཡི་གེ་རིང་ཐུང་གི་ཚད་ལ་སོགས་པ་དང་། སློབ་དཔོན་ཨ་བྷུས་ཡི་གེ་བཀོད་པའི་ཚུལ་གསུངས་པ་རྣམས་ཀྱི་དོན་བརྗོད་ན། སྙིང་གའི་རྩ་མདུད་ཀྱིས་བཅིངས་པའི་དབུ་མའི་ནང་གི་བུ་ག་ཅུང་ཟད་ཙམ་དེའི་ནང་ན་གནས་པའི་ཧཱུཾ་ཡིག་སྔོན་པོ་ཡུངས་ཀར་གྱི་ཚད་ཙམ་འོད་དཀར་པོ་ཁ་བ་ལྟ་བུ་འཛག་པ་གནས་པ་ནི། གཏུམ་མོ་འབར་བ་ན་བདེ་བ་སྐྱེད་པའི་ཕྱིར་དཔྱིད་ཅེས་བྱ་ལ། དེའི་ཕྱིར་བདེ་བ་བསྐྱེད་པ་ལ་སུས་ཀྱང་གེགས་བྱར་མེད་པའི་ཕྱིར་མི་ཤིགས་པ་ཞེས་བྱའོ། །ལྟེ་བའི་མདུད་པས་བཅིངས་པའི་དབུ་མའི་ནང་གི་ཨ་ཐུང་ནི་ཐིག་ལེ་ཞེས་བྱའོ། །དེ་ཉིད་གཡས་གཡོན་གྱི་རྒྱུ་བ་འགགས་ནས་སུམ་མདོ་གྲུ་གསུམ་གྱི་དབུ་མའི་ནང་ན་གནས་པའི་མེ་སད་བྱེད་ཀྱི་རླུང་གཡོས་ཏེ་སྦྱར་བ་ནི། སྤྱི་བོའི་ཧཾ་ཡིག་ཞུ་ནས་ལྟེ་བར་འདུ་འཕྲོད་བྱས་པའི་ཚེ་དཔྱིད་དང་ཐིག་ལེ་གཉིས་ཀར་འགྱུར་ལ། དེ་བཞིན་དུ་སྙིང་གར་འདུ་འཕྲོད་བྱས་པའི་ཚེ་ཡང་འགྱུར་རོ། །ལྟེ་བ་དང་། སྙིང་ཁ་དང་། མགྲིན་


JLD019_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་པའི་ཡི་གེ་གསུམ་པོ་འོག་མ་ཐུང་ངུ་དང་། བར་པ་ཐུང་ངུ་གཉིས་ཀྱི་ཚད་དང་། གོང་མ་ཐུང་ངུ་གསུམ་གྱི་ཚད་དོ། ཁ་སྦྱོར་ལས། ལྟེ་བར་ཨ་ཡི་གཟུགས་ཀྱིས་ནི། །ཐུང་ངུ་རུ་ནི་རབ་ཏུ་གྲགས། །སྙིང་ཁ་ལ་ཡང་ཧཱུཾ་གི་ནི། །རིང་པོ་མ་མོ་གཉིས་དང་གནས། །མགྲིན་པར་ཨོཾ་གྱི་གཟུགས་ཀྱིས་ནི། །མ་མོ་གསུམ་བརྗོད་པ་ལུ་ཏ། །དཔྲལ་པར་ཧཾ་གི་རྣམ་པ་འདི། །སྒྲ་དང་ཐིག་ལེ་མི་ཤིགས་པ། །ཞེས་བཤད་པ་ལ་བླ་མ་ནཱ་རོ་པཎ་ཆེན་གྱི་སློབ་མ་ཁ་ཅིག །སྤྱི་བོའི་བྱང་སེམས་འབབ་པའི་ཚེ། དེ་ནས་འབབ་པའི་བྱང་སེམས་ལ་ཆ་བཞིར་བགོས་པའི་ཆ་གཅིག་མགྲིན་པར་བབ་པའི་ཚེ་བསྐམས་ཤིང་། མགྲིན་པ་ན་ཆ་གསུམ་ཡོད་པས་དེ་དང་བསྟུན་ནས་མགྲིན་པའི་ཨོ་ལ་རིང་ཆ་གསུམ་འགྱུར་དང་ལྡན་པ་དང་། སྙིང་གར་བབ་པའི་ཚེ་ཆ་གསུམ་དུ་བགོས་པའི་ཆ་གཅིག་བསྐམས་པས། སྙིང་གའི་ཧཱུྃ་རིང་ཆ་གཉིས་དང་ལྡན་པ་དང་། ལྟེ་བར་སླེབ་པའི་ཚེ་ཆ་གཉིས་པོའི་ཆ་གཅིག་བསྐམས་པས། ལྟེ་བའི་ཨ་ལ་རིང་ཆ་མི་ཡོང་བའི་རྒྱུ་མཚན་དེ་ཡིན་ནོ་གསུངས། སློབ་དཔོན་ཨ་བྱུས་ནང་གི་སྒྲ་འདོན་ལུགས་ལ་བརྟགས་ནས་བྱེད་དེ། གསང་གནས་ནས་སྟེང་ལ་རླུང་སོང་བའི་ཚེ། ལྟེ་བར་སླེབ་པ་ན་ཨ་ཐུང་ངུའི་སྒྲ་སྒྲོགས་པ་དང་། སྙིང་གར་ཧཱུྃ་རིང་ཆ་གཉིས་ཀྱི་སྒྲ་སྒྲོགས་པ་དང་། མགྲིན་པར་སླེབ་པའི་ཚེ་ཨོ་རིང་ཆ་གསུམ་དང་ལྡན་པའི་སྒྲ་སྒྲོགས་པས། དེའི་ཆ་ནས་ལྟེ་བར་ཨ་ཐུང་། སྙིང་གར་ཧཱུྃ་རིང་པོ། མགྲིན་པར་ཨོ་རིང་ཆ་དང་ལྡན་པ་བསྒོམ་པའི་རྒྱུ་མཚན་དེ་ཡིན་ནོ། །མདོར་བསྡུ་ན་སྨད་ནས་སོང་བའི་


JLD019_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལྟེ་བར་ཨ་ཐུང་གི་ཡུན་དང་། སྙིང་གའི་ཧཱུྃ་གི་སྒྲ་སྒྲོགས་པའི་ཚེ། ཨ་ཐུང་ཉིས་འགྱུར་གྱི་ཡུན་དང་། མགྲིན་པའི་ཨོ་གྱི་སྒྲ་སྒྲོགས་དུས་ཨ་ཐུང་སུམ་འགྱུར་གྱི་ཡུན་ཡོད་པས། ཧཱུྃ་རིང་ཆ་གསུམ་དང་། ཨོ་ལ་རིང་ཆ་གསུམ་ཡོད་དོ་གསུངས། ཡི་གེ་བཞི་པོས་མཚོན་པའི་དོན་ནི། ལྟེ་བ་དང་། སྤྱི་བོའི་གཉིས་ཀྱིས་ལུས་མཚོན་ལ། མགྲིན་པའི་ཨོ་གྱིས་ངོག་མཚོན་ཞིང་། སྙིང་གའི་ཧཱུྃ་གིས་སེམས་མཚོན་པའི་རྣལ་འབྱོར་པའི་སྒོ་གསུམ་མཚོན་པ་ཡིན་ནོ། །༈ སྐབས་སུ་བབ་པའི་དམིགས་པ་ངོས་བཟུང་བ་ནི། དང་པོར་ལམ་ཐུན་མོང་བས་རྒྱུད་སྦྱངས། བསྐྱེད་རིམ་མཐར་ཕྱིན་ནས་རྫོགས་རིམ་བསྒོམ་པ་དང་། ཐུན་བཞིའི་ཚེ་ན་གསུམ་ལ་བསྐྱེད་རིམ། གཅིག་ལ་རྫོགས་རིམ་བསྒོམ་པ་དང་། བསྐྱེད་རིམ་ཐུན་བཞིར་བསྒོམ་པའི་ཐུན་རེའི་རྗེས་སུ་རྫོགས་རིམ་བསྒོམ་པའི་ལུགས་གསུམ་ལས། འདིར་ནི་ཐ་མའི་ལུགས་ཡིན་ལ། དེ་ཡང་དང་པོར་ལྷ་གང་ཡིན་གྱི་མངོན་རྟོགས་བསྒོམས། དེའི་རྗེས་བླ་མའི་རྣལ་འབྱོར་བསྒོམ་ཞིང་། བླ་མ་ལ་གསོལ་བ་བཞི་བརྒྱ་ཙམ་རེ་འདེབས་ལ། དེ་ནས་རྩ་གསུམ་གསལ་བཏབ་སྟེ། ལུས་ཀྱི་ནང་གི་དབུས་དྲང་པོ་ལས། ཚིགས་པའི་ཕྱོགས་ལ་སྲོག་རྩ་ཡོད་ཅིང་། དེའི་མདུན་ཕྱོགས་ལ་བརྟེན་ནས་དབུ་མ་ཁ་དོག་སྔོན་པོ། གཡས་ན་རོ་མ་དམར་པོ། གཡོན་ན་རྐྱང་མ་དཀར་པོ་སྦོམ་ཕྲ་གྲོ་སོག་ཙམ། གསུམ་གའང་ཕྱི་གྲི་སྤུངས་ལྟར་ལ་ནང་ཁོང་གཅིག་ཏུ་འབྲེལ་བའི་བར་མཚམས་ཅུང་ཟད་དང་བཅས་པ་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་གནས་ཤིང་། ལྟེ་བའི་ཐད་དང་།


JLD019_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་མ་གཉིས་ཀྱི་དབུས་དང་། མགྲིན་པ་དང་། སྐྲ་མཚམས་ཀྱི་ཐད་རྣམས་སུ་རོ་རྐྱང་གིས་དབུ་མ་ལ་བཅིངས་པའི་མདུད་པ་ཡོད་པ་དབུ་མའི་མར་སྣ་ནོར་བུ་དང་། རོ་རྐྱང་གི་མར་སྣ་གསང་བར་ཟུག་པར་བསམ་པར་བྱའོ། །དེ་ཡང་ལྟེ་བ་སྤྲུལ་པའི་འཁོར་ལོ་ཁ་དོག་དམར་པོ་རྩ་འདབ་མ་བརྒྱད་པ། གདུགས་ཀྱི་རྩིབས་མ་ལྟར་ཁ་གྱེན་དུ་བསྟན་ཅིང་དབྱིབས་ཨེའི་རྣམ་པ་གྲུ་གསུམ་དུ་གནས་པ། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་ཁ་དོག་དཀར་པོ་གདུགས་ཁ་ཐུར་བསྟན་ལྟ་བུ་དབྱིབས་ཝཾ་གྱི་རྣམ་པ་ཟླུམ་པོར་གནས་པ་དེ་གཉིས་ཁ་སྦྱོར། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཁ་དོག་དམར་པོ་གདུགས་ཀྱི་རྩིབས་མ་ལྟར་ཁ་གྱེན་དུ་བསྟན་ཅིང་དབྱིབས་ཨེའི་རྣམ་པ་གྲུ་གསུམ་དུ་གནས་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཁ་དོག་སྣ་ཚོགས་པ་རྩ་འདབ་སོ་གཉིས་པ་གདུགས་ཁ་ཐུར་བསྟན་ལྟ་བུ་དབྱིབས་ཝཾ་གྱི་རྣམ་པ་ཟླུམ་པོར་གནས་པ། ལྟེ་བར་རྩ་མདུད་ནང་དུ་ཉི་གདན་ལ། ཨོ་དམར་པོ་མགོ་གྱེན་བསྟན་ཡུངས་འབྲུ་ཙམ། སྙིང་གར་རྩ་མདུད་ནང་དུ་ཟླ་གདན་ལ་ཧཱུྃ་སྔོན་པོ་མགོ་ཐུར་བསྟན། མགྲིན་པར་རྩ་མདུད་ནང་དུ་ཟླ་གདན་ལ་ཨོ་དམར་པོ་མགོ་གྱེན་བསྟན། སྤྱི་བོར་རྩ་མདུད་ནང་དུ་ཟླ་གདན་ལ་ཧཾ་དཀར་པོ་མགོ་ཐུར་བསྟན་བསྒོམས་ལ། གཙོ་ཆེར་ནི་ལྟེ་བའི་ཨོ་ལ་སེམས་འཛིན་ལ། ཡི་གེ་གཞན་གསུམ་ལའང་ཅུང་ཟད་རེ་སེམས་འཛིན་ནོ། །གོང་གི་རྩའི་ཁ་དོག་དེ་རྣམས་ནི་འདབ་མ་རྣམས་ཀྱི་ཁ་དོག་ཡིན་ནོ། །དེ་ཡང་བསྒོམ་པའི་དུས་སུ་རྩ་མདུད་དེ་དག་ཅུང་ཟད་གྲོལ་བའི་ལྷོད་དེ་སོང་བར་བསམས་


JLD019_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྩ་མདུད་དེ་དག་གི་ནང་དུ་ཡི་གེ་དེ་དག་བསྒོམ་མོ། །རྩ་འཁོར་དེ་དག་བསྡུ་ན་ཨེ་ཝཾ་གྱི་རྩ་གཉིས་སུ་འདུ་ལ། དེ་ཡང་ཨེ་ལ་གཉིས་ལས། ཐབས་ཀྱི་རྩ་ནི་སྤྱི་བོའི་རྩ། ཤེས་རབ་ཀྱི་རྩ་ནི་ལྟེ་བའི་རྩ་འཁོར་ཡིན་ཞིང་། དེ་གཉིས་ཀྱང་དབྱིབས་གྲུ་གསུམ་གྱི་རྣམ་པར་ཡོད་དོ། །ཝཾ་གྱི་རྩ་ལ་གཉིས་ལས། ཐབས་ཀྱི་རྩ་ནི་མགྲིན་པའི་རྩ། ཤེས་རབ་གྱི་རྩ་ནི་སྙིང་གའི་རྩ་འཁོར་ཡིན་ལ། དེ་གཉིས་ཀྱི་དབྱིབས་གདུགས་ལྟར་ཟླུམ་པོར་ཡོད་དོ། །རྩ་དེ་དག་ལ་ཡི་གེ་འགོད་ཚུལ་ནི་རྒྱས་པར་བློས་མི་ལྕོགས་ན། གོང་དུ་བཤད་པ་ལྟར་རྩ་འཁོར་བཞི་པོ་དེའི་ལྟེ་བ་ལ་ཡི་གེ་བཞི་འགོད་དེ། །དེ་དམིགས་སྐོར་གཅིག་གོ །རྒྱས་པ་བློ་ཡིས་ལྕོགས་ན། ལྟེ་བའི་རྩ་འདབ་བརྒྱད་ལ་སྡེ་ཚན་བརྒྱད་ཀྱི་ཡི་གེ་རྣམས་འགོད་པ་ནི། སྤྱིར་ལྟེ་བ་ལ་རྩ་མདུད་ཀྱི་ཕྱི་རོལ་ཏུ་རྩ་འདབ་བཞི། དེའི་ཕྱི་རོལ་ཏུ་རྩ་འདབ་བརྒྱད། དེའི་ཕྱི་རོལ་ཏུ་དུས་འཁོར་པས་རྩ་འདབ་བཅུ་གཉིས། རྒྱུད་གཞན་གྱི་ལུགས་ཀྱིས་འདབ་མ་བཅུ་དྲུག །དེའི་ཕྱི་རོལ་ཏུ་འདབ་མ་རེ་བཞི་རྣམས་ཡོད་པ་ལས། འདབ་མ་གཞན་རྣམས་དང་རོ་རྐྱང་གཉིས་ཀྱང་བཏང་སྙོམས་སུ་བཞག་ལ། ལྟེ་བའི་རྩ་འདབ་བརྒྱད་བྱས་ལ། བརྒྱད་པོ་དེ་དག་ཀྱང་རྩ་ཐམས་ཅད་དབུ་མ་ལ་ཐལ་མར་བུག་པ་ཟུག་པར་བསྒོམས་ལ། དེ་ཡང་འཁོར་ལོ་བཞི་ལ་ཡི་གེ་བཀོད་པའི་སྐབས་ཐམས་ཅད་དུ། ཕྱོགས་ཀྱི་དང་པོ་ཤར་དང་། མཚམས་ཀྱི་དང་པོ་བྱང་ཤར་ནས་གཡས་


JLD019_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་དུ་འགོད་དོ། །དེ་ཡང་ལྟེ་བའི་མདུན་ངོས་ཤར་དུ་བྱས་པའི་རྩ་སྦུབས་ཀྱི་ནང་དུ་ཡི་གེ་ཐམས་ཅད་ལངས་པ་ཕྱི་ངོས་ནས་བརྩམས་ཏེ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱི། ལི་ལཱི ཨེ་ཨཻ། ཨོ་ཨཽ། ཨཾ་ཨསྟེ་ལྟེ་བ་ལ་དབྱངས་ཐ་མའི་ཚེག་དྲག་ཐུག་གི་བར་དུ་དབྱངས་བཅུ་དྲུག་དགོད། དེ་བཞིན་དུ་ལྷོའི་རྩ་འདབ་ལ་ཀ་ཁ་ག་གྷ་ང་། ནུབ་འདབ་ལ་ཙ་ཚ་ཛ་ཛྷ་ཉ། བྱང་འདབ་ལ་ཊ་ཋ་ཌ་ཌྷ་ཎ། བྱང་ཤར་དུ་ཏ་ཐ་ད་དྷ་ན། ཤར་ལྷོར་པ་ཕ་བ་བྷ་མ། ལྷོ་ནུབ་ཏུ་ཡ་ར་ལ་ཝ། ནུབ་བྱང་དུ་ཤ་ཥ་ས་ཧ། དེ་ཙམ་དགོད་མི་ནུས་ན་ལྟེ་བའི་འཁོར་ལོའི་ཤར་འདབ་ལ་ཨ། ལྷོར་ཀ །ནུབ་ཏུ་ཙ། བྱང་དུ་ཊ། བྱང་ཤར་དུ་ཏ། ཤར་ལྷོར་པ། ལྷོ་ནུབ་ཏུ་ཡ། ནུབ་བྱང་དུ་ཤ་དགོད་དོ། །སྙིང་གའི་རྩ་འདབ་བརྒྱད་ལ། ཤར་དུ་ཨ། ལྷོར་ཨི། ནུབ་ཏུ་ཨུ། བྱང་དུ་ཨེ། བྱང་ཤར་དུ་ཡ། ཤར་ལྷོར་ར། ལྷོ་ནུབ་ཏུ་ལ། ནུབ་བྱང་དུ་ཝ། མགྲིན་པར་རྩ་འདབ་བཅུ་དྲུག་ལ་བར་དུ་རེ་རེ་བོར་བའི་ཕྱོགས་བཞི་དང་མཚམས་བཞིར་རིམ་པ་བཞིན། ཨཱ། ཨཱི། ཨུ། ཨེ། ཡཱ། རཱ། ལཱ། ཝཱ། རིང་པོ་རྣམས་འགོད་དོ། །སྤྱི་བོར་རྩ་འདབ་སོ་གཉིས་ལ། ཤར་འདབ་ནས་གཡས་སྐོར་དུ་ཨ་ནས་བརྩམས་ཏེ། འདབ་མ་རེ་རེའི་བར་དོར་བར་དབྱངས་བཅུ་དྲུག་དགོད་དོ། །འདབ་མའི་རྩ་རྣམས་ཀྱི་ཡི་གེའི་ཁ་དོག་ནི་རང་རང་གི་ལྟེ་བའི་ཡི་གེའི་ཁ་དོག་དང་འདྲ་ཞིང་། ཇི་ལྟར་ཡི་གེ་འགོད་པ་མང་བ་དང་དམིགས་པ་རྒྱ་ཆེན་པོ་ལས་ནི་བདེ་བའི་སྟོབས་ཆེའོ། །ཡི་གེ་ཐམས་ཅད་ཀྱང་ཟླ་ཕྱེད་ཐིག་ལེ་ནཱ་ད་དང་བཅས་


JLD019_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། དེ་དག་ལས་ཀྱང་འོད་ཅུང་ཟད་འཕྲོ་ཞིང་། བྱང་ཆུབ་ཀྱི་སེམས་ཕྲ་མོའམ་བདུད་རྩི་འཛག་པའི་རྣམ་པ་ཅན་སྒོམ་དགོས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་གཏུམ་མོ་འབར་བའི་རྒྱུ་མཚན། ཡི་གེས་མཚོན་པའི་དོན་བྱང་ཆུབ་ཀྱི་སེམས་དང་རླུང་ཡིན་ལ། རྩའི་ཡལ་གའི་ཟད་མཚམས་ཐུག་པ་བདུན་ཁྲི་ཉིས་སྟོང་པོ་རྣམས་ནས། རླུང་དང་བྱང་ཆུབ་ཀྱི་སེམས་འདབ་མ་སྔར་བཤད་པ་རྣམས་ཀྱི་ནང་དུ་འདུ་ཞིང་། རྟོག་པ་གར་བཞག་པའི་རྗེས་སུ་རླུང་འགྲོ་བས། རླུང་བཟུང་བའི་ཕུལ་གཞན་དང་མི་འདྲ་བའི་དགོས་པ་ཡོད་ལ། ཐོག་མ་ནས་མེ་འབར་བ་ལ་དམིགས་པ་ནི་གཏུམ་མོའི་ཕྱོགས་གཅིག་ཙམ་ཡིན་ནོ། །རྩ་མདུད་ནང་གི་ཡི་གེ་སྒོམ་པའི་དགོས་པ་ནི། རྩ་མདུད་འགྲོལ་བའི་ཆེད་ཡིན་ཞིང་། འདབ་མའི་ཡི་གེ་སྒོམ་པའི་དགོས་པ་ནི། འདབ་མའི་རླུང་རྣམས་དབུ་མར་འདུ་བའི་དགོས་པ་ཡོད་དོ། གསལ་བྱེད་རྣམས་འགོད་པའི་དུས་སུ་ཀྵ་མི་དགོད། མགོ་ཕྲེང་ལྔ་བཅུའི་དག་པ་སྦྱོར་བའི་ཚེ་ཀྱུ་དང་བཅས་པའི་གསལ་བྱེད་སོ་བཞི་དབྱངས་བཅུ་དྲུག་སྦྱོར་བ་ཡིན་ནོ། །རྩ་ནང་ན་དབྱངས་རྣམས་ཁ་གྱེན་ལྟ། གསལ་བྱེད་རྣམས་ཁ་ཐུར་ལྟར་བཤད་པ་ནི་རོ་རྐྱང་དབུ་མ་གསུམ་གྱི་ནང་གི་ཡིན་གྱི་འདབ་མའི་ཡི་གེ་མིན་ནོ། །འདབ་མ་རྣམས་ལ་ཡི་གེ་རྣམས་ཡོད་ཚུལ་ནི། ཤར་གྱི་འདབ་མ་ལྟ་བུའི་དབང་དུ་བྱས་ནས། ཤར་གྱི་འདབ་མའི་ཕྱི་ཕྱོགས་ནས་རིམ་པ་ལྟར་ཡོད་དོ། །དེ་ཡང་ཕྱིའི་མཐའ་མ་ན་ཨ་ཡོད་ལ། དེའི་མདུན་ན་ཨཱ་རིང་ཆ་ཅན་ཡོད་ཅིང་། དེས་དབྱངས་


JLD019_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་གཞན་རྣམས་ཡོད་ཚུལ་རིགས་འགྲེ་ལ། འདབ་མ་གཞན་རྣམས་ལ་ཀ་སྡེ་སོགས་སྡེ་ཚན་གཞན་གྱི་ཡི་གེ་རྣམས་དང་། ཕྱི་ནས་ནང་ཕྱོགས་ལ་རིམ་པ་ལྟར་འགོད་པ་ཡིན་ནོ། །དེ་ཡང་ཡི་གེ་ལངས་པའི་རྣམ་པ་ཅན་གདོང་ལྟེ་བའི་ཡི་གེ་ལ་བསྟན་པའི་ཚུལ་གྱིས་འགོད་དགོས་སོ། །འདབ་མའི་ཡི་གེ་རྣམས་ལ་ཟླ་གདན་མ་བཤད་པས་མི་དགོས་ཤིང་། ཡི་གེ་རྣམས་གཙོ་ཆེ་ཆུང་མ་གཏོགས་དབྱངས་གསལ་འདྲེས་མ་ཡིན་ལ། དབྱངས་རྣམས་ཀྱི་ཟླ་ཕྱེད་ནཱ་ད་རྣམས་གསལ་བྱེད་ཡིན་ནོ། །དེ་ཡང་ལྟེ་བའི་ཡི་གེ་རྣམས་ཀྱི་དབང་དུ་བྱས་ནས། དབུས་ཀྱི་ཨོཾ་ནི་དབྱངས་ཤས་ཆེ། གསལ་བྱེད་ཤས་ཆུང་། ཤར་གྱི་འདབ་མ་མ་གཏོགས་ཕྱོགས་ཀྱི་འདབ་མ་རྣམས་ལ་དབྱངས་ཡིག་མེད་པས་འདབ་མ་རྣམས་ཀྱང་དབྱངས་ཤས་ཆུང་། གསལ་བྱེད་ཤས་ཆེའོ། །སྙིང་གའི་རྩ་འདབ་ཀྱི་དབུས་ཀྱི་ཧཱུཾ་ནི་གསལ་བྱེད་ཤས་ཆེ་ལ། མགྲིན་པའི་རྩ་འདབ་ཀྱི་དབུས་ཀྱི་ཨོ་ནི་དབྱངས་ཤས་ཆེ་ཞིང་། དེ་གཉིས་ཀྱི་འདབ་མའི་ཡི་གེ་རྣམས་ནི་དབྱངས་གསལ་ཆ་མཉམ་པའོ། །སྤྱི་བོའི་རྩ་འདབ་ཀྱི་དབུས་ཀྱི་ཧཾ་ནི་གསལ་བྱེད་ཤས་ཆེ། དེའི་འདབ་མའི་ཡི་གེ་རྣམས་ནི་དབྱངས་ཤས་ཆེ་བ་ཡིན་ནོ། །དེ་ཡང་དབྱངས་རྣམས་ཀྱིས་ནི་བྱང་སེམས་དམར་པོ་དང་། གསལ་བྱེད་རྣམས་ཀྱིས་ནི་བྱང་སེམས་དཀར་པོ་མཚོན་ནོ། །འདབ་མའི་ཡི་གེ་རྣམས་གསལ་ན་དེ་ལ་སེམས་འཛིན། ལེགས་པར་མ་ཟིན་ཀྱང་འཁོར་ལོ་བཞིའི་དབུས་ཀྱི་ཡི་གེ་བཞི་པོ་ཤིན་ཏུ་ཕྲ་བ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་


JLD019_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཟིན་ནས་གནས་ཆ་ཅུང་ཟད་རྙེད་ན་དེས་ཆོག་པས་དེ་རྙེད་རྙེད་སྒོམ། དེ་རྙེད་ནས་ཐིག་ལེ་ལ་དམིགས་པ་སྤོ་དགོས་པ་ཡིན་ཏེ། ཡི་གེ་ཕྲ་མོ་བསྒོམ་པ་ནི་ཐིག་ལེའི་དམིགས་རྟེན་རྙེད་པའི་ཆེད་ཡིན་པའི་ཕྱིར་རོ། །དམིགས་སྐོར་གཅིག །དེ་ལྟར་བསྒོམས་པས་མཐར་ཡི་གེ་རྣམས་ལ་དམིགས་པའི་གསལ་སྣང་སྐྱེས་པ་ན། སྔར་གྱི་དམིགས་པ་རྣམས་རིམ་པ་ལྟར་གསལ་བཏབ་ལ། དེ་ནས་སུམ་མདོ་ནས་ལས་ཀྱི་རླུང་གཡོས་པས་སྤྲུལ་པའི་འཁོར་ལོའི་ལྟེ་བའི་ཨ་ཐུང་ལ་གཏུམ་མོའི་མེ་འབར་བ། དར་སྐུད་དམར་པོ་བརྐྱངས་པ་ལྟར་དབུ་མའི་ནང་ན་ཡར་སོང་བས། སྤྱི་བོའི་ཧཾ་ཡིག་ཞུ་བར་དམིགས་ཤིང་། དེ་ལས་མེ་འབར་བས་འདབ་མའི་ནང་དུ་སོང་སྟེ། སྔར་བཀོད་པའི་དབྱངས་ཡིག་བཅུ་དྲུག་ཞུ་ནས་ཧཾ་ཞུ་བ་དང་གོང་བུ་གཅིག་ཏུ་འདྲེས་ཏེ་འོག་ཏུ་སོང་ནས། མགྲིན་པའི་ཨོ་ཡིག་དང་གཅིག་ཏུ་འདྲེས། དེ་ལས་མེ་འབར་འདབ་མའི་ནང་དུ་སོང་སྟེ་ཡི་གེ་བརྒྱད་ཞུ་ནས་ཨོ་ཞུ་བ་དང་གཅིག་ཏུ་འདྲེས་ཏེ་གོང་བུ་དེ་ཉིད་འོག་ཏུ་སོང་སྟེ། སྙིང་གའི་ཧཱུྃ་དང་འདྲེས། དེ་ལས་མེ་འབར་བས་འདབ་མའི་ནང་གི་ཡི་གེ་རྣམས་ཞུ་ནས་ཧཱུྃ་ཡིག་དང་འདྲེས། དེ་ཞུ་ནས་ལྟེ་བའི་ཨོཾ་ལ་ཐིམ། དེ་ལས་ཀྱང་མེ་འབར་བས་འདབ་མའི་ནང་གི་སྡེ་ཚན་བརྒྱད་ཀྱི་ཡི་གེ་ཞུ་ནས་ཨོཾ་ལ་ཐིམ། དེ་ཉིད་ཞུ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་ཉིད་དང་། སེམས་དང་རླུང་གསུམ་འདུས་པ་ཡིན་སྙམ་པའི་མོས་པ་སྔོན་དུ་བཏང་ཞིང་བདེ་སྟོང་དབྱེར་མེད་པའི་ངོ་བོ་ཡིན་སྙམ་དུ་བསམས་ནས།


JLD019_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བའི་རྩ་མདུད་ནང་དུ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་ཡུངས་ཀར་འབྲིང་པོའི་ཚད་ཙམ་ལ་སེམས་འཛིན་ནོ། །དམིགས་རྟེན་འཆར་ཕྱིན་ཆད་ཡུངས་ཀར་འབྲིང་པོ་ཙམ་ཁོ་ན་ལ་སེམས་འཛིན་གྱི། དེ་ལས་ཆེ་བ་དང་ཆུང་བ་གང་ལ་ཡང་སེམས་མི་འཛིན་ནོ། །དམིགས་རྟེན་ཕྲ་མོ་འཆར་མ་ཐུབ་ན་གང་ཐུབ་ཐུབ་ལ་སེམས་འཛིན་ནོ། །དམིགས་སྐོར་གཅིག །ཡང་ཨོཾ་གི་ཡི་གེས་འཁོར་ལོ་བཞིའི་ཡི་གེ་ཞུ་བ་སོགས་སྔོན་དུ་འགྲོ་བས། དམིགས་རྟེན་ཕྲ་མོ་ཤར་ནས་དེ་ལ་སེམས་ཅུང་ཟད་ཟིན་པའི་ཚེ་དམིགས་པ་འདི་བསྣན་ནས་བསྒོམ་པ་ཡིན་ཏེ། དེ་ཡང་རང་གི་སེམས་ཐིག་ལེ་ཕྲ་མོ་དེའི་ནང་དུ་ཐིམ་པའི་མོས་པ་བྱས་ནས་ཐིག་ལེ་དེ་ལ་སེམས་འཛིན་ནོ། །དེ་ལྟར་གོམས་པས་རང་གི་སེམས་དང་ཐིག་ལེ་གཉིས་ཀྱི་བར་ན་གཉིས་སྣང་མེད་པར་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་ཤར་བའི་ཚེ། ཐིག་ལེ་ལ་དམིགས་པའི་དགོས་པ་གྲུབ་པས་དམིགས་པ་སྤོ་རན་པ་ཡིན་ནོ། །དམིགས་སྐོར་གཅིག །ཡང་དེའི་རྗེས་སུ་དམིགས་པ་གོང་མ་བསྒོམས་པས་སེམས་ཐིག་ལེ་ལ་ཐིམ་པའི་ཉམས་མ་ཤར་ཡང་གོང་གི་དམིགས་པ་རྣམས་བསྒོམས་པའི་རྗེས་སུ་ཐིག་ལེ་ལ་སེམས་འཛིན་པའི་དུས་ཀྱི་སུམ་གཉིས་སམ་ཕྱེད་ཙམ་དུ། ཐུན་རེ་རེ་ལྟར་རླུང་ལ་དམིགས་ནས་སྒོམ་པ་ཡིན་ཏེ། དེའི་སྒོམ་ཚུལ་ནི། རང་གི་ལུས་ཀྱི་སྟོད་ནས་བརྩམས་ཏེ་རླུང་ཐམས་ཅད་རྩ་སོ་སོ་ནས་རོ་རྐྱང་གཉིས་ནས་རིམ་པ་ལྟར་ལྟེ་བའི་རྩ་འཁོར་


JLD019_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐད་ཀར་འདུས་ཏེ་མེ་ལོང་ལ་ཧས་བཏབ་པའམ། བྱེ་མ་ལ་ཆུ་བཏབ་པ་བཞིན་དུ་ཐིམ་པ་ལ་སེམས་བཟུང་། དེ་ལྟར་བསྒོམས་པའི་དགོས་པ་ནི་རྩ་ལམ་སྦྱོང་བ་དང་། རླུང་ལ་བརྟེན་པའི་གེགས་རྣམས་མི་འབྱུང་ཞིང་། མཉམ་པར་བཞག་པའི་དུས་སུ་སྣ་བུག་ཏུ་རྒྱུ་བའི་རླུང་འདི་འགགས་ནས་འགྲོ་ཞིང་། དེའི་འགགས་ཚུལ་དང་པོར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ། དབུགས་གཉིས་གསུམ་རྒྱུ་བའི་ཡུན་ཙམ་དུ་རླུང་སྣ་སྒོར་མི་རྒྱུ་བ་ཡིན་ལ། དེ་ལ་གོམས་པ་ཇེ་ཆེར་སོང་ནས། རླུང་སྣ་སྒོར་མི་རྒྱུ་བའི་ཡུན་དེ་རིང་དུ་འགྲོ་བས་ད་གཟོད་སྔ་དྲོ་རེ་ཙམ་རླུང་སྣ་སྒོར་མི་རྒྱུ་བ་འབྱུང་བ་ཡིན་ནོ། །དེ་ཡང་དང་པོར་རླུང་འགགས་པའི་ཚེ་སྣ་བུག་གི་རླུང་ལོག་ནས། རླུང་གིས་གྲོད་པ་གང་བའི་སྣང་བ་འབྱུང་ལ། དེ་ནས་གྲོད་པ་གང་བའི་སྣང་བ་ལོག་ནས་སྣ་སྒོར་རླུང་བརྒྱུས་བྱུང་ན། རླུང་འགགས་ཚུལ་རྣལ་མ་མིན་ལ། གྲོད་པའི་ནང་གི་རླུང་དེ་མེ་ལོང་ལ་ཧས་བཏབ་པ་བཞིན་ཡལ་ཡང་། ད་དུང་སྣ་སྒོར་རླུང་མི་རྒྱུ་ན་རླུང་དབུ་མར་ཚུད་པ་ཡིན་ནོ། །རླུང་དེ་ཡང་རྩ་བའི་རླུང་ལྔའི་ནང་ནས་ཐུར་སེལ་གྱི་རླུང་ཡིན་ལ། དེ་ལ་གསར་རྙིང་གཉིས་ཡོད་པ་ལས་རྙིང་པ་རྣམས་ཡལ་ནས་འགྲོ་བས་རྩ་དབུ་མའི་ནང་དུ་མི་འགྲོ་ཞིང་། རླུང་སྣ་སྒོར་རྒྱུ་བ་ལོག་པ་དང་དུས་མཉམ་དུ་ལྟེ་བའི་འོག་གི་རྩ་དབུ་མའི་སྦུབས་ཁ་ཕྱེ་བ་དུས་གཅིག་ཏུ་འོང་ཞིང་། རྩ་ཁ་ཕྱེ་བ་དེའི་ནང་ནས་ཐུར་སེལ་གྱི་རླུང་གསར་པ་སྐྱེས་པ་དེ་ཡིན་ཏེ། སྔར་གྱི་རྒྱུད་རྡོ་རྗེ་


JLD019_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བའི་ལུང་། གང་ཚེ་གསང་བའི་རྩ་གཉིས་ནི། །ཡང་དག་སྦྱོར་བས་རེག་གྱུར་པ། །དེ་ཚེ་ནམ་རྩ་སྒྲུབས་ཀྱི་བུ་ག་མཁའ་རྣམ་རྒྱས་ཉིད། །ནམ་དབུ་མའི་རྩ་སྦུབས་སྟོང་པ། མཁའ་ལས་ནི་སྐྱེས་པའི་རླུང་། །དེ་ཡིས་མེ་ནི་རབ་ཏུ་འབར། །ཞེས་པས། དེས་ལྟེ་བའི་མེ་འབར་ནས། མེ་དེས་སྤྱི་བོའི་བྱང་སེམས་ཞུ་བ་ཡིན་ནོ། །རླུང་དེའི་དབྱིབས་ནི་གཞུའི་དབྱིབས་ལྟ་བུར་ཡོད་དེ། དེ་ལྟར་རྩ་དང་རླུང་དང་ཐིག་ལེའི་བཤད་པ་མང་དུ་ཡོད་ཀྱང་། མཐར་གཏུགས་ན་ཏིང་ངེ་འཛིན་གྱི་མཐུས་སྟེང་གི་སྣ་སྒོར་རླུང་རྒྱུ་བ་ལོག་ནས། དེ་མ་ཐག་ཏུ་ལྟེ་བའི་འོག་གི་རྩ་དབུ་མའི་ཁ་ཕྱེ་ནས། དེའི་ནང་དུ་རླུང་གསར་པ་སྐྱེས་ཏེ། རྩ་དབུ་མའི་ནང་གི་རླུང་དེས། རྩ་དབུ་མའི་ནང་གི་ལྟེ་བའི་མེ་སྦྱོར་བའམ། ལྟེ་བའི་ཁྲག་འཕེལ་ནས་སྤྱི་གཙུག་བར་དུ་སོང་བས། རྩ་དབུ་མའི་ནང་གི་སྤྱི་བོའི་བྱང་སེམས་ཞུ་ནས་འཁོར་ལོའི་གནས་རྣམས་སུ་བབས་པའི་རིམ་པ་ལྟར་དགའ་བཞིའི་རྟོགས་པ་རྒྱུད་ནས་བཤད་པ་བཞིན་སྐྱེ་བ་ཡིན་པས། རྩ་གཞན་གྱི་ནང་གི་ཁྲག་འཕེལ་བས། རྩ་གཞན་གྱི་བྱང་སེམས་ཞུ་བའི་ཞུ་བདེ་སྐྱེ་བ་ཡོད་ན། འདིར་གཙོ་བོར་རྩ་དབུ་མའི་ནང་གི་རླུང་གིས་མེ་སྦར། དེས་སྤྱི་བོའི་བྱང་སེམས་ཞུ་བ་དགོས་པ་ཡིན་ནོ། །དེས་ན་རྩ་རྒྱུད་ཕལ་ཆེ་བར་སྣ་སྒོའི་རླུང་རྒྱུ་བ་ལོག་མ་ཐག་ཏུ་རྩ་དབུ་མའི་ནང་དུ་རླུང་སོང་ནས། དེས་མེ་སྦྱོར་བ་ཡན་མཐུན་ལ་མེ་དམིགས་འཛིན་རན་པའི་དུས་ཀྱང་འདི་ཡིན་གསུངས། སྣ་སྒོའི་རླུང་རྒྱུ་བ་ལོག་པའི་ཐབས་སུ། སྔར་གྱི་རླུང་དང་།


JLD019_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དང་། གཏུམ་མོའི་རྣལ་འབྱོར་གང་དུ་བཤད་པ་འདི་རྣམས་བྱེད་དོ། །སྣ་སྒོར་རླུང་རྒྱུ་བ་ལོག་པ་ནི་རྩ་དབུ་མའི་ནང་དུ་རླུང་སོང་ནས། ལྟེ་བའི་མེ་འབར་བའི་རྟགས་ཡིན་ལ། སྣ་སྒོར་རླུང་རྒྱུ་བའི་ཚེ་ལྟེ་བའི་མེ་འབར་བའི་འཕྲོ་ཆད་པའི་རྟགས་ཡིན་གསུངས། དམིགས་སྐོར་གཅིག །དེ་ནས་དམིགས་པ་སྔ་མ་རྣམས་བརྟན་པ་ན་འདི་ལྟར་བསྒོམས་པར་བྱ་སྟེ། གོང་གི་དམིགས་པ་རྣམས་ཐུན་རེ་རེ་མ་ཆག་པར་བསྐྱངས་པའི་ངང་ནས། དམིགས་པ་དེ་དག་གི་མཐུས་སྟེང་གི་སྣ་སྒོར་རྒྱུ་བ་འགགས་པའི་མོས་པ་བྱས་ལ། སུམ་མདོ་ནས་རྩ་དབུ་མའི་ནང་གི་རླུང་གཡོས་པའི་མཐུས། ཤེལ་གྱི་གོང་བུའི་ནང་ནས་མར་མེ་ཕྲ་མོ་འབར་བ་ལྟར་ཐིག་ལེ་ལས་མེའམ་འོད་ཀྱི་རེ་ཁ་ཕྲ་མོ་ཁ་དོག་དམར་སེར་རེག་བྱ་ཤིན་ཏུ་ཚ་བ་ཚད་སོར་གཉིས་ནས་སོར་བཞིའི་བར་གང་མོས་པ་བྱས་ལ་མེ་ཁྱད་པར་དེ་ལྟ་བུ་དང་ལྡན་པ་སྐྱེས་པའི་དམིགས་པ་བྱས་ཏེ། སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་པ་ཡིན་ནོ། །དེ་ཅུང་ཟད་བརྟན་པ་ན། ལྟེ་བའི་མེ་ཕྲ་མོ་དེ་སྤྱི་བོའི་བར་སོང་བའི་དམིགས་པ་བྱས་ལ། མེ་དེས་སྤྱི་བོའི་བྱང་སེམས་ཞུ་ནས། རྩ་དབུ་མའི་ནང་དང་འཁོར་ལོ་རྣམས་ཀྱི་ལྟེ་བར་རིམ་པར་བབས་ནས། ལྟེ་བའི་རྩ་འཁོར་གྱི་དབུས་ཀྱི་སྔར་གྱི་ཐིག་ལེ་ལ་ཐིམ་པའི་མོས་པ་བྱས་ལ། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །དེ་ཅུང་ཟད་བརྟན་པ་ན་ཡར་འགྲོ་བའི་མེ་དེ་ཅུང་ཟད་རེས་སྦོམ་དུ་གཏོང་ཞིང་། མར་ལ་འོང་བའི་ཐིག་ལེ་དེ་ཡང་ཅུང་ཟད་རེས་སྦོམ་དུ་སོང་


JLD019_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དམིགས་པ་བྱེད་དོ། །ཡང་དེའི་སྐབས་སུ་མར་མེ་གཅིག་གིས་མཛོད་དུ་མ་སྣང་བར་བྱེད་པ་ལྟར། ལྟེ་བའི་མེ་དེ་རྩ་འཁོར་རྣམས་ཀྱི་ལྟེ་བར་སོང་བའི་ཚེ། དེའི་འོད་ཀྱིས་རྩ་འདབ་ཀྱི་ནང་གསལ་བའི་དམིགས་པ་བྱེད་ཅིང་། བློས་ལྕོགས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་མེའི་འོད་ཀྱིས་གསལ་བར་བྱས་པའི་དམིགས་པ་ཡང་དང་ཡང་དུ་བསྒོམ་མོ། །དེ་ལྟར་བསྒོམས་ན་ཉམས་སྣང་ལ་བརྟེན་ནས་ལྐོག་གྱུར་ཅི་རིགས་ལུང་བསྟན་ཐུབ་པ་འབྱུང་ལ། འོན་ཀྱང་མངོན་ཤེས་ནི་མིན་གསུངས། དམིགས་སྐོར་གཅིག །དེ་ནས་དམིགས་པ་དེ་བརྟན་པ་ན། འདི་ལྟར་དུ་སྤྲོ་བསྡུ་ལ་བསླབ་པར་བྱ་སྟེ། ཁ་སྦྱོར་ལས། དེ་ཡི་ཤེས་རབ་ལྷན་ཅིག་སྐྱེས། །དེ་ཕྱིར་གནས་པའི་གཟུགས་ཅན་ལ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །བདག་མེད་མ་ཞེས་རྣམ་པར་བཤད། །དཔྱིད་ཀྱི་ཐིག་ལེ་ཉིད་དུ་བརྗོད། །སྐུ་ཡི་རྩེ་མོ་བརྒྱ་སྟོང་ལུས། །གློག་གི་ཟེར་མ་མཉམ་པའི་འོད། །ཅེས་པའི་དོན། ལྟེ་བའི་ཐིག་ལེས་གཏུམ་མོའི་མེ་དེ། དར་སྐུད་ཕྲ་མོ་དམར་པོ་བརྐྱངས་པ་ལྟ་བུ་སྤྱི་བོའི་བར་དུ་སོང་སྟེ། དེ་ནས་སྨིན་མཚམས་སུ་འོངས་ནས་ཅུང་ཟད་ངལ་བསོ། འབྱུང་བའི་ལམ་རང་གི་སྣ་བུག་གཡས་ནས་ཐོན་ཏེ། འཇིག་རྟེན་ཁམས་ཀྱི་སོ་སྐྱེ། འཕགས་པ། ཉན་ཐོས། རང་སངས་རྒྱས། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕོག་པས། དེ་ཐམས་ཅད་ཀྱང་སངས་རྒྱས་སུ་གྱུར་པའི་མོས་པ་བྱས་ལ། དེ་རྣམས་དང་སྔར་སངས་


JLD019_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཟིན་པའི་སངས་རྒྱས་རྣམས་ཀྱི་སྣ་བུག་གཡོན་པ་ནས་མེ་དེ་སོང་བས་སྨིན་མཚམས་ནས་སྤྱི་བོའི་བར་དུ་སོང་། དེ་རྣམས་ཀྱིས་བདེ་ཆེན་འཁོར་ལོའི་རྩ་སྦྱངས་ཤིང་། ལྟེ་བ་ནས་ཐིག་ལེ་དཀར་པོ་དྲངས་ནས་སྤྱི་བོའི་བར་དུ་ཡར་བྱུང་། དེ་ནས་མར་སྨིན་མཚམས་བར་དུ་འོངས་ནས་སྣ་བུག་གཡས་ནས་ཐོན་ཏེ། རང་གི་འཇུག་པའི་ལམ་སྣ་བུག་གཡོན་ནས་ཞུགས་ཏེ། སྨིན་མཚམས་ནས་སྤྱི་བོའི་བར་དུ་སོང་སྟེ། དེ་ནས་མར་ལྟེ་བའི་བར་དུ་བབས་པས། སྔར་མེས་གདུངས་པ་རྣམས་གསོས་ནས། རང་གི་རྩ་མདུད་ཀྱི་ཐིག་ལེ་ལ་ཐིམ་པའི་མོས་པ་ཡང་ཡང་དུ་བྱས་ལ། ཡང་སྔར་གྱི་ཐིག་ལེ་མེ་དང་བཅས་པ་ལ་སེམས་འཛིན་ནོ། །མདོར་ན་གོང་དུ་བཤད་པའི་དམིགས་པ་དེ་ཟིན་པའི་རྟགས་དེ་དག་བྱུང་ན་རབ་ལ། མ་བྱུང་ན་ཡང་དམིགས་པ་སྔ་མ་སྔ་མ་ཅུང་ཟད་བརྟན་པ་ན། དམིགས་པ་རྟིང་མ་ཕོག་ལ། དམིགས་པ་རྣམས་འདྲིལ་བའི་ཚེ། རང་རང་གི་རྟགས་མ་རྫོགས་པའི་བར་དུ་རྒྱུན་བསྲིངས་ནས། ཉི་མ་རེ་རེ་ཞིང་བསྐྱེད་རིམ་ཐུན་བཞིའི་མཐའ་ལ་བསྒོམ་པ་ཡིན་ནོ། །དམིགས་སྐོར་གཅིག །དེ་ལྟར་བསྒོམས་པས་ལྟེ་བའི་མེ་འབར་ཏེ། སྤྱི་བོའི་བྱང་སེམས་ཞུ་བའི་གོམས་པ་རབ་ཏུ་གྱུར་པའི་ཚེ། སྤྱི་བོའི་བྱང་སེམས་ཞུ་བ་དེ་ཉིད་ཀྱིས་ལྟེ་བའི་མེ་འབར་བའི་རྐྱེན་བྱེད་པས། དེ་ནས་མེ་དམིགས་སོགས་ལ་ལྟོས་མི་དགོས་པར་འབར་འཛག་འཁོར་མར་འབྱུང་བ་ཡིན་ནོ། །སྤྱི་བོའི་བྱང་སེམས་ཆུ་ཁམས་ཡིན་པས། ལྟེ་བའི་མེ་དང་


JLD019_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་གཅིག་འཕེལ་བའི་གྲོགས་བྱེད་པ་མི་འཐད་སྙམ་ན། ལྟེ་བའི་མེ་ཟེར་ཀྱང་ངོ་བོ་ཁྲག་ཡིན་པས་ལྟེ་བའི་དམར་ཆ་དང་། སྤྱི་བོའི་དཀར་ཆ་གཉིས་ཀ་ཆུ་ཁམས་ཡིན་ལ། ལྟེ་བའི་དམར་ཆས་གཙོ་བོར་དྲོད་བསྐྱེད། སྤྱི་བོའི་དཀར་ཆས་གཙོ་བོར་བདེ་བ་བསྐྱེད་ཅིང་། ཆུ་ཁམས་གཅིག་གིས་གཅིག་གི་གྲོགས་བྱེད་པ་ལ་འགལ་བ་མེད་དོ། །དེ་ནས་སྤྱི་བོའི་བྱང་སེམས་ལྟེ་བར་སླེབ་པའི་ཚེ་བསིལ་བར་འགྱུར་ཞེས་བཤད་ཀྱང་། བསིལ་བའི་དོན་དྲོད་ཆུང་དུ་སོང་བ་ལ་བྱེད་ན་དོན་འགངས་ཅན་འཕྱུགས་པས་དེ་ལ་མི་བྱ་བར་བསིལ་བའི་དོན་སྤྱི་བོའི་བྱང་སེམས་ཀྱིས་ལྟེ་བའི་མེ་ཚིམ་པ་ལ་བྱའོ། །དེ་སྐད་དུ་ཡང་། འོད་ཟེར་གྱི་རེ་ཁ་ཤིན་ཏུ་ཕྲ་བ་དེ་ཡང་བསིལ་བར་འགྱུར་ཏེ། ཞེས་གསུངས་པའི་དོན་ནི། སློབ་དཔོན་ཨ་བྷ་དང་། ཤཱཀྱ་བསྲུང་བ་དང་། ཨུ་མ་པ་ཏི་སོགས་ཀྱིས་བསིལ་བའི་དོན་བདེ་བ་བསྐྱེད་པ་ལ་བཤད་པས། སྔར་རེག་བྱ་ཚ་བ་ཕྱིས་གྲང་བར་སོང་བ་ནི་མ་ཡིན་ཏེ། དཔྱིད་ཐོག་པ་ཡི་ཆོག་ཤེས་པས། །སྙོམས་པར་འཇུག་པས་རྣམ་པར་གནས། །ཞེས་གསུངས་པ་ལྟར། དེ་ལྟ་བུའི་གནས་སྐབས་སུ་བདེ་བ་སྐྱེས་པ་ཙམ་ལྷན་སྐྱེས་སྐྱེ་བདེ་བར་མི་འཇོག་སྟེ། དེ་ལ་ཡང་བསྐྱེད་རྫོགས་གཉིས་ཀྱིས་བསྡུས་པ་ཡོད་པའམ། རྫོགས་རིམ་གྱི་ལྷན་སྐྱེས་དང་པོ་སྐྱེ་བའི་ཚད་ནི་སྔར་བཤད་པའི་གཏུམ་མོ་བསྒོམས་པའི་སྟོབས་ཀྱིས། གཡས་གཡོན་གྱི་རྒྱུ་བ་འགགས་ཤིང་། དེ་འགགས་པའི་སྟོབས་ཀྱིས་ལྟེ་འོག་ན་ཡོད་པའི་མེ་སད་བྱེད་ཀྱི་རླུང་གཡོས་པས་སྦྱར་བའི་འབར་


JLD019_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འཛག་གི་བདེ་བ་སྐྱེས་པ་ནས་འཛིན་པ་ཡིན་ནོ། །སྤྱིར་རླུང་གི་སྟོབས་ཀྱིས་ཁམས་ཕྱིར་འཕོ་བར་བྱེད་ཀྱང་། རླུང་དེས་སྦར་བའི་མེས་ཞུ་བའི་ཁམས་ནི་ཕྱིར་མི་འཕོ་བ་ཡིན་ནོ། །དེ་ལྟ་བུའི་དགའ་བཞིའི་རྟོགས་པ་སྐྱེ་ཚུལ་ནི། ཁ་སྦྱོར་ལས། འབོར་ལ་བཞིར་ནི་རབ་ཕྱེ་བས། །ས་སོགས་འབྱུང་བ་ཆེན་པོ་དང་། །ཐུན་བཞིར་བྱིན་གྱིས་བརླབ་པ་དང་། །པདྨ་བཞིར་ནི་ཡང་དག་འབྱུང་། །དགའ་བ་བཞི་ཡི་ངོ་བོ་ཡིས། །སྦྱོར་བ་བཞི་ནི་མངོན་དུ་འོ། །མཆོག་ཏུ་དགའ་བའི་ངོ་བོ་ཡིས། །བྱ་དང་བྱེད་པའི་དངོས་པོ་ལས། །དཔལ་ལྡན་རྡོ་རྗེ་སེམས་གཟུགས་ཀྱིས། །འདིར་ནི་ཇི་ལྟར་བདེ་བར་རོལ། །ཞེས་གསུངས་པའི་དོན། མན་ངག་སྙེ་མར་ཕྱག་ཆེན་ཐིག་ལེ་དྲངས་ནས་རྒྱས་པར་བཤད་ལ། མདོར་བསྡུ་ན། དེ་ལ་གང་རོལ་པ་ནི། རྡོ་རྗེ་སེམས་དཔའི་གཟུགས་ཏེ། རྟེན་ཁམས་དང་བརྟེན་པ་དེ་ལས་སྐྱེས་པའི་བདེ་བ་ནིའོ། །གང་དུ་ན། །སྤྱིར་ལུས་དང་ཁྱད་པར་འཁོར་ལོ་བཞིའོ། །ཚུལ་ཇི་ལྟར་ན། ཇི་ལྟར་རིགས་པར་ཏེ། ཡས་བབས་དང་མས་བརྟན་གྱི་ཚུལ་གྱིས་སོ། །དེ་གཉིས་ནི་འོག་ཏུ་འཆད་པར་འགྱུར་རོ། །དེ་ཡང་དགའ་བཞིའི་ངོས་འཛིན་ལ། དགག་བྱའི་སྒོ་ནས་དང་། གནས་ཀྱི་སྒོ་ནས་སོ། །དང་པོ་ནི། རང་བཞིན་བརྒྱད་ཅུ་འགགས་པའི་རིམ་པ་ལ་ལྟོས་ནས་འཇོག་སྟེ། དང་པོར་ཞེ་སྡང་ལས་གྱུར་པ་སུམ་ཅུ་རྩ་གསུམ་འགགས་པས། གཟུང་འཛིན་གྱི་རྟོག་པ་རགས་པས་སྟོང་པས་སྟོང་པའམ་དགའ་བ།


JLD019_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འདོད་ཆགས་ལས་གྱུར་པའི་རང་བཞིན་བཞི་བཅུ་འགགས་པས། གཟུང་འཛིན་གྱི་རྟོག་པས་ཆེས་སྟོང་པས་ན་ཤིན་ཏུ་སྟོང་པའམ་མཆོག་དགའ། དེ་ནས་བཏང་སྙོམས་ལ་སོགས་པའི་རང་བཞིན་བདུན་འགགས་པས། གཟུང་འཛིན་གྱི་རྟོག་པས་ཤིན་ཏུ་སྟོང་པས་ན་སྟོང་པ་ཆེན་པོའི་ཁྱད་པར་གྱི་དགའ་བ། མ་རིག་པ་འོད་གསལ་ལ་ཐིམ་པས་ཐམས་ཅད་སྟོང་པ་འོད་གསལ་ལམ་ལྷན་སྐྱེས་ཀྱི་དགའ་བ་སྟེ། རྫོགས་རིམ་གྱིའང་རེ་མཐོར་སླེབ་པའི་གསང་འདུས་པའི་ལུགས་ཀྱི་དགའ་བཞི་ངོས་འཛིན་ལུགས་ཏེ། འདིར་ཞིབ་པར་མི་འཆད། དེས་ན་འདིར་ནི་གནས་ཀྱི་སྒོ་ནས་དགའ་བཞི་ངོས་འཛིན་པ་ཡིན་ཏེ། དེ་ཡང་བུམ་པ་ཅན་ནམ། རྡོར་བཟླས་སོགས་གང་རུང་གཅིག་གི་མཐུས་རླུང་ཕྱིར་སྣ་སྒོ་ལ་རྒྱུ་བ་ལོག་ཅིང་། ལུས་ཀྱི་ནང་གང་བ་ལྟ་བུར་སྣང་བའི་ནང་གི་རླུང་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་ཡལ་ཏེ། འགགས་པའི་མཐུས་སུམ་མདོའི་རླུང་གིས་ལྟེ་བའི་མེ་སྦར་ཞེས་སྤྱིར་བཏང་ལ་རགས་པ་ཙམ་བརྗོད་ཀྱང་། ཞིབ་ཏུ་བཤད་ན། གོང་དུ་བཤད་པའི་རླུང་དེ་འགགས་པའི་མཐུས་རྡོ་རྗེའི་ནང་གི་རྩ་དབུ་མ་ཞར་བ་དེ་ཕྱེ་ནས་སྦུབས་ཅན་དུ་བྱས་ལ་དེའི་ནང་ནས་སྐྱེས་པའི་ཐུར་སེལ་གྱི་རླུང་གསར་པ་སུམ་མདོར་སོང་སྟེ། ཀླུ་ཡིག་གིས་མཚོན་པའི་མེ་སྦར་ཏེ། དེ་དུས་སུ་རླུང་དེ་དང་མེ་དེ་འདྲེས་པ་ལ་ཐིམ་ཞེས་བཤད་དོ། །དེ་ནས་སུམ་མདོའི་མེ་དེས་ལྟེ་བའི་ཨོཾ་གིས་མཚོན་པའི་མེ་སྦར་ནས་མེ་ལྕེ་སྤྱི་བོའི་བར་དུ་སོང་ནས་


JLD019_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་ཞུ་ནས། དཀར་ཆས་མགྲིན་པའི་འཁོར་ལོའི་དབུས་སུ་སླེབ་པའི་དགའ་བ་ནི། དགའ་བཞིའི་ནང་ནས་དགའ་བ་སྐྱེས་པ་ཡིན་ནོ། དེ་ནས་མགྲིན་པའི་རྩ་འཁོར་གྱི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་སྟེ། སྙིང་གའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ནི་མཆོག་དགའ་སྐྱེས་པའི་དུས། སྙིང་གའི་འཁོར་ལོའི་དབུས་ཀྱི་ལྟེ་བའི་འོག་ཙམ་ནས་བཟུང་ནས། ལྟེ་བའི་འཁོར་ལོའི་དབུས་སུ་དཀར་ཆས་སླེབ་པའི་བར་ལ་ཁྱད་པར་གྱི་དགའ་བ་སྐྱེའོ། །ལྟེ་བའི་འཁོར་ལོའི་དབུས་ཀྱི་འོག་ཙམ་ནས་བཟུང་ནས། རྡོ་རྗེ་ནོར་བུའི་དབུས་སུ་སླེབ་སྟེ་ཕྱིར་མ་འཕོས་པའི་བར་ལ་ལྷན་སྐྱེས་ཀྱི་དགའ་བ་སྐྱེའོ། །ཟླ་བ་དཀར་ཆ་འཕེལ་བའི་ཆ་བཅོ་ལྔ། དཀར་ཆ་རྫོགས་ནས་ནག་ཆ་ལ་མ་སླེབ་པའི་བར་ལ་ཆ་གཅིག་དང་བཅས་པས་ཆ་བཅུ་དྲུག་ཡོད་པ་དང་མཐུན་པར། སྤྱི་བོ་ནས་ནོར་བུའི་རྩེ་མོའི་བར་གྱི་བྱང་སེམས་དཀར་པོ་ཆ་བཅུ་དྲུག་ཡོད་པ། བཅུ་དྲུག་པོ་དེ་ལ་བརྟེན་པའི་བདེ་བའམ་དགའ་བ་ཡང་བཅུ་དྲུག་ཡོད་དོ། །ཆ་བཅུ་དྲུག་ཡོད་ཚུལ་ནི། སྤྱི་བོ་ནས་མགྲིན་པའི་བར་ཆ་མཉམ་པ་བཞི་བཞིར་བགོས་ནས། སྟེང་ནས་རིམ་པ་ལྟར་བཞི་ཆ་རེ་རེའི་དུས་སུ་དགའ་བའི་དགའ་བ་སྐྱེ་ལ། འོག་མ་རྣམས་ལ་ཡང་ཆ་བགོད་ཚུལ་དགའ་བ་གཞན་གསུམ་གྱི་སྐྱེ་ཚུལ་ཡང་དེས་རིགས་འགྲེའོ། །དེ་ཡང་ཉི་མས་ཁྱིམ་བཅུ་གཉིས་བགྲོད་པ་དང་མཐུན་པར། སྤྱི་བོ་ནས་


JLD019_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་བར་དང་། མགྲིན་པ་ནས་སྙིང་གའི་བར་དང་། སྙིང་ཁ་ནས་ལྟེ་བའི་བར་དང་། ལྟེ་བ་ནས་ནོར་བུའི་རྩེའི་བར་དེ་དག་ལ་ཆ་གསུམ་གསུམ་དུ་བགོས་ནས་གནས་བཅུ་གཉིས་པོ་དེ་དག་ཏུ་རིམ་པ་ལྟར་དམར་ཆས་སླེབ་ནས། དམར་ཆ་ཆ་བཅུ་གཉིས་ལ་བརྟེན་པའི་བདེ་བའམ་དགའ་བ་བཅུ་གཉིས་སྐྱེའོ། །དགའ་བ་བཅུ་དྲུག་དང་། དགའ་བ་བཅུ་གཉིས་ཀྱི་ཁྱད་པར་ཉམས་མྱོང་གི་སྟེང་ནས་ཕྱེད་པ་དགོས་གསུངས། འོ་ན་ལས་དང་པོ་པའི་ཚེ་ནི། འབར་འཛག་ཀྱང་རེས་འགའ་ཡིན་གྱི་རྒྱུན་མི་འཆད་ནི་མེད་ལ། དབུ་མའི་ལམ་གཅིག་ནས་ཁམས་འབབ་པ་འདྲ་བ་ལ། དགའ་བ་སྔ་མ་ལས་ཕྱི་མ་རྣམས་བདེ་བ་ཆེ་བ་ཡིན་སྙམ་ན། དེ་ལ་ཡས་བརྟན་གྱི་སྐབས་སུ། སྤྱི་བོར་འདུས་པ་ཙམ་གྱི་བདེ་བ་ལས་ཀྱང་མགྲིན་པར་བབས་པ་དང་འདུས་པ་ན་རྩ་མང་དུ་སོང་ཞིང་། དེའི་དབང་གིས་ཁམས་དཀར་དམར་ཡང་འདུ་རྒྱུ་མང་བས་སྔ་མ་བས་ཆེ་ཞིང་། དེ་བཞིན་དུ་དེ་བས་ཀྱང་དེ་མན་ལུས་ཀྱི་ཕོན་ཆེ། དེ་ཆེ་བས་རྩ་འདབ་མང་། དེ་མང་བས་ཁམས་འདུས་པ་མང་། དེ་བས་ན་སྙིང་གར་འདུས་པའི་ཚེ་སྔ་མ་བས་ཀྱང་བདེ་བ་ཤུགས་ཆེ། དེ་ནས་གྲམ་སྟེ་ལྟེ་བར་འདུས་པའི་ཚེ་དང་། དེ་ནས་གྲམ་སྟེ་གསང་གནས་སུ་རྐང་མཐིལ་ཡན་ཆད་ཀྱི་ཁམས་རྣམས་འདུ་ཕུལ་ཆེར་འགྲོ་བས་བདེ་བའང་དེ་བཞིན་ནོ། །ཡང་མས་བརྟན་གྱི་དགའ་བའི་སྐབས་སུ། གནས་གོང་མ་གོང་མར་སླེབ་ཀྱིན་དགའ་བདེ་ཆེར་འགྲོ་


JLD019_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ལ། དེ་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་ལ། དགའ་བ་བཞིར་ཕྱེ་བའི་དགའ་བཞི་ནི། འོག་ནས་རིམ་པ་ལྟར། ནོར་བུའི་རྩེ་མོ་ནས་ཡར་འོངས་ནས། ལྟེ་བར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་དགའ་བ་དང་། དེ་ནས་སྙིང་གར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་མཆོག་དགའ་དང་། དེ་ནས་མགྲིན་པར་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་དགའ་བའི་ཁྱད་པར་དགའ་བ་དང་། དེ་ནས་སྤྱི་བོའི་འཁོར་ལོའི་དབུས་སུ་སླེབ་པའི་ཚེ་ལྷན་སྐྱེས་ཀྱི་ལྷན་ཅིག་སྐྱེས་དགའ་སྐྱེ། འདིར་ལེགས་པར་འཛིན་ཐུབ་ན། སྔ་མ་ནོར་བུ་ནས་ཆེས་བརྟན་པས་མས་བརྟན་ཞེས་པ་སྟེ། དེ་ནས་མས་བརྟན་ལ་ལྷན་སྐྱེས་ལས་མ་གཏོགས་པའི་དགའ་བ་མི་སྲིད་ཅིང་། ཡས་བབས་ལས་གཞན་པའི་དམིགས་པ་ཟུར་པ་གཅིག་གིས་མས་བརྟན་གྱི་དགའ་བ་བསྐྱེད་དགོས་སོ། །དེས་ན་སྔོན་གྱི་མཁས་པ་རྣམས་ཀྱིས་ཡས་བབས་དང་མས་བརྟན་ཞེས་པའི་ཐ་སྙད་ནི་ལེགས་པ་ཡིན་གསུངས། ཡང་ཁ་ཅིག་ན་རེ། ཕྱིར་མ་འཕོས་ན་ཡར་ལྡོག་པ་ཆོས་ཉིད་ཡིན་ཟེར་བ་དེའི་ངེས་པ་མེད་དེ། ཕྱིར་མ་འཕོས་ཀྱང་ལུས་ཀྱི་གནས་རྣམས་སུ་བྱེ་མ་ལ་ཆུ་བཞིན་དུ་ཐིམ་པ་ཡང་སྲིད་དོ།། འོ་ན་སྟོང་པ་དང་གང་ནས་སྦྱོར་སྙམ་ན། སྔ་མ་གསུམ་གའི་སྐབས་སུ་མི་བྱེད་པར་ལྷན་སྐྱེས་ཁོ་ནའི་བདེ་སྟོང་སྦྱོར་རོ་གསུངས། འོ་ན་རྣལ་འབྱོར་འདི་བསྒོམས་ཀྱང་། སྔོན་དུ་རླུང་གི་རྣལ་འབྱོར་མ་སོང་ན་རྩ་སྦྱར་བ། ཐིག་ལེ་དབབ། བཟློག །འགྲེམས།


JLD019_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད། འཛིན་པ་སོགས་ཇི་ལྟར་རུང་སྙམ་ན། དེ་ནི་མི་རུང་སྟེ། དཔེར་ན་བུ་ག་གནད་ཆེ་བ་གཅིག་ཏུ་སྒྲོན་མེ་བཟུང་ན་བུ་ག་ཇི་སྙེད་པ་ཐམས་ཅད་གསལ་བ་ལྟར། གཏུམ་མོའི་མེ་གང་གིས་འཁོར་ལོ་རེའི་ལྟེ་བར་སླེབ་དུས་འཁོར་ལོ་དེ་ལ་གཏོགས་པའི་རྩ་འདབ་ཇི་སྙེད་པ་ཐམས་ཅད་གསལ་ཞིང་སྦྱངས་པས། དེ་རྣམས་ལ་གནས་པའི་ཁམས་ཇི་སྙེད་པ་ཐམས་ཅད་རྒྱས་པར་བྱེད་ཅིང་། དེ་བཞིན་དུ་ཐུར་དུ་འབེབས་པ་དང་། ཐད་ཀར་འགྲེམ་པ་དང་། ལྟེ་བ་དེར་སེམས་བཟུང་བའི་ཚེ་ཡང་ལྡོག་པ་དང་ཚུར་འདུ་བར་འགྱུར་རོ། །ལྟེ་བའི་འཁོར་ལོ་ལྟ་བུར་རླུང་སེམས་འདུས་པའི་སྟོབས་ཀྱིས་ཕྱི་ནང་གི་ལས་རླུང་ཤུགས་ཀྱིས་འགགས་ནས་དབུ་མར་སྐྱེས་པའི་རླུང་གི་མཐུ་དང་། དང་པོའི་དུས་ཕཊ་ཡིག་གིས་འགོག་པ་སོགས་གོམས་པའི་དབང་གིས་འཛིན་པ་ཡང་ཆོས་གཞན་ལ་མི་ལྟོས་གསུངས། མདོར་ན་གོང་གི་དམིགས་པ་དེ་རྣམས། བདེ་མཆོག་དང་། ཀྱི་རྡོ་རྗེའི་མངོན་རྟོགས་དང་སྦྲེལ་ནས་བསྒོམས་ན་བོགས་ཆེ་བ་ཡིན་ནོ། །དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་དགའ་བ་སྐྱེས་པའི་ཚེ། དེ་དང་སྟོང་ཉིད་སྦྲེལ་ནས་སྒོམ་པ་ཡིན་ཞིང་། ལྷན་སྐྱེས་དེ་ཡང་ཡས་བབས་ཀྱི་སྐབས་སུ་གནས་དམའ་བ་ཙམ་དུ་དགའ་བདེ་ཆེ་ཞིང་། མས་བརྟན་གྱི་སྐབས་སུ་གནས་མཐོ་བ་ཙམ་གྱིས་དགའ་བདེ་ཆེར་འགྲོ་བས་སྟོང་ཉིད་སྒོམ་དུས་དེ་དང་། ལྷན་སྐྱེས་སྐྱེས་དུས་གོ་བས་དམིགས་ཕྱེད་པོ་བྱས་ནས་སྐྱོང་དགོས་པ་ཡིན་ནོ། །དྲིས་ལན་གྱི་སྐབས་སུ། བུ་ཁྱོད་ཅི་ལ་


JLD019_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། ཞེས་པའི་ལན་དུ། བདག་བདེ་བ་ཆེན་པོ་ལའོ། །བླ་མ་ཡབ་ཡུམ་གྱི་གསང་རྫས་ལྕེ་ལ་མྱངས་པས་ལུས་ངག་ཡིད་གསུམ་ལ་བདེ་བ་ཆེན་པོ་སྐྱེས་པ་རང་ལུས་ལ་བརྟེན་པ་དང་། ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་ཕྱག་རྒྱ་ལ་བརྟེན་ནས་སྐྱེས་པའི་བདེ་བ་ཆེན་པོ་ནི་གཞན་ལུས་ལ་བརྟེན་པ་སྟེ། དབང་གི་དུས་སུ་དེ་ལྟར་བྱིན་གྱིས་བརླབས་ཏེ། རྫོགས་རིམ་འདི་དག་གི་སྣོད་དུ་བསྒྲུབས་པས་དབང་གི་དོན་ལམ་གྱི་རིམ་པར་འཆར་བ་ལའང་ངེས་པ་རྙེད་པར་འགྱུར་རོ། །ཡང་རླུང་འགགས་དུས་སུ་དབུ་མར་འདུ་བའི་བཤད་པ་ཡང་གྲུབ་ཆེན་འགའ་རེས་བྱས་ཡོད་པས་འདབ་མའི་ནང་གི་ལས་རླུང་རྣམས་དབུ་མའི་ནང་དུ་སོང་བའི་ཚེ། དབུ་མའི་ནང་དུ་སླེབ་ཙམ་ནས་ཡལ་བའི་དམིགས་པ་བྱས་ཀྱང་འགལ་བ་མེད་ཅིང་། ཡང་དབུ་མའི་ཕྱི་རོལ་ཙམ་དུ་འགག་པ་བྱས་པའི་ལུགས་ཀྱང་ཡོད་པས། དེ་གཉིས་གང་མོས་ཀྱིས་ཆོག་གསུངས་སོ། །སྡོམ་འབྱུང་ལས། རླུང་གི་རྣལ་འབྱོར་མི་ཤེས་དང་། །གང་ཞིག་ཤེས་ཀྱང་མི་བྱེད་པ། །དེ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས། །འཚེ་དང་འཁོར་བའི་སྲིན་བུར་འགྱུར། །ཞེས་གསུངས་པས་རྣལ་འབྱོར་ཡང་དེ་ཉིད་ལས། མཉམ་པར་བཞག་པའི་རྣལ་འབྱོར་པས། །ཇི་སྲིད་འབུམ་ལ་སོགས་པའི་གྲངས། །འདི་ནི་སྒྲ་མེད་རྟག་ཏུ་བཟླས། །སྒྲ་མེད་བཟླས་པ་འབུམ་ཕྲག་ནི། །ཡོངས་སུ་རྫོགས་པས་སྒྲུབ་པའོ། །ཚེ་ཟད་པ་ཡང་ལོ་ལྔ་རུ། །འཚོ་བ་


JLD019_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཐེ་ཚོམ་མེད། །རྟག་ཏུ་ཐོ་རངས་ལངས་ནས་རླུང་། །སྲོག་རྩོལ་གཅིག་ནི་བགྲང་བྱ་སྟེ། །དེ་ཕྱིར་རླུང་གི་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་བཞག་གནས་པར་བྱ། །ཞེས་གསུངས་སོ། །གསུམ་པ་དེ་ལ་བརྟེན་ནས་བདག་མེད་ཀྱི་རྣལ་འབྱོར་ནི། དེ་ལྟར་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱི་གནད་ཤེས་ནས། །དེ་ལ་གནད་དུ་བསྣུན་པའི་རྣལ་འབྱོར་གྱིས་རླུང་དང་ཐིག་ལེ་ལས་རུང་དུ་བྱ་བར་ནུས་པ་ན། ཁམས་དབབ་བཟློག་ལ་བརྟེན་པའི་དགའ་བཞིའི་ཏིང་ངེ་འཛིན་བདེ་གསལ་མི་རྟོག་པས་བརྒྱན་པ་སྐྱེ་ནུས་མོད་ཀྱང་། བདག་མེད་པའི་དོན་གཏན་ལ་ཕབ་པའི་ལྟ་བའི་ཐབས་དེ་ལ་བརྟེན་ནས་སྐྱོང་དགོས་ཀྱི། གཞན་དུ་དེ་འདྲ་བའི་ཏིང་ངེ་འཛིན་གྱིས་སྲིད་པ་ལས་བརྒལ་བར་མི་ནུས་པའི་ཕྱིར་ཏེ། དེ་སྐད་དུ། བྱང་ཆུབ་སེམས་འགྲེལ་ལས། གང་དག་སྟོང་ཉིད་མི་ཤེས་པས། །དེ་དག་ཐར་པ་རྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་དང་། ཁ་སྦྱོར་ལས། དེ་ནས་བསམ་གཏན་གནས་འདུག་ན། །ཆོས་རྣམས་ཐམས་ཅད་བདག་མེད་པ། །ཡང་དག་རྗེས་སུ་བལྟ་བར་བྱ། །ཞེས་སོ། །དེའི་ཕྱིར་རྡོ་རྗེ་ཐེག་པ་བས་བདག་མེད་པའི་ལྟ་བའི་གོ་བ་རྒྱུད་ལ་བསྐྱེད་པ་ནི། མཚན་ཉིད་ཀྱི་ཐེག་པ་བཞིན་དུ་བྱ་དགོས་སོ། །ལྟ་བ་དེས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་ཀྱང་། ཐོག་མ་མེད་པ་ནས་བདག་ཏུ་འཛིན་པ་གཉིས་ཀྱིས་བསླད་པས། ཡུལ་དེ་ལ་ཡུལ་ཅན་དེ་ཆུ་


JLD019_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆུ་བཞག་པ་བཞིན་དུ་རོ་མཉམ་དུ་འཇུག་མི་ནུས་པར། གཉིས་སྣང་གི་སོ་སོ་བར་རིང་དུ་རྒྱང་ཆད་པར་བྱེད་པས། དེས་ན་གཏུམ་མོའི་མེས་བྱང་སེམས་བཞུས་པ་ཕྱིར་མ་འཕོས་པར་བཟུང་བ་ན། དེའི་མཐུས་གཉིས་སྣང་གི་རགས་པ་བསྡུས་ནས་ཞི་བར་འགྱུར་ལ། དེའི་ཚེ་ལྟ་བ་དྲན་པར་བྱས་ནས་ལྟ་ཐོག་ཏུ་བཞག་ནས་བསྐྱངས་པ་ན། ཤེས་རབ་དེ་དེ་ཁོ་ན་ཉིད་ལ་ཇེ་ཉེར་སོང་ནས་ཡུལ་དང་ཡུལ་ཅན་རོ་གཅིག་ཏུ་འགྱུར་བ་ཡིན་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། རྣལ་འབྱོར་གཅིག་གཅིག་ཤེས་བྱས་ནས། །སྡིག་དག་ཚེ་འདིར་སངས་རྒྱས་འགྲུབ། །ཆོས་བདག་མེད་པ་རབ་བསྒོམས་པས། །ཐམས་ཅད་མཁྱེན་པ་ཁོང་དུ་ཆུད། །ཅེས་དང་། གསང་འདུས་སུ། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སེམས་ཀྱིས་རྡུལ་ཕྲན་ཆ་དྲུག་རྣམས། །ཕྱོགས་སུ་དག་ཏུ་ཕྱེ་ནས་སུ། །ཆོས་ཀྱི་དོན་རྣམས་ངེས་གསལ་ནས། །ཤིན་ཏུ་དྲི་མེད་སེམས་དག་པ། །འདས་དང་མ་འོངས་པ་ཡི་སེམས། །ད་ལྟར་ཡང་ནི་དམིགས་སུ་མེད། །གཉིས་མེད་དེ་ལ་གཉིས་མེད་མེད། །ནམ་མཁའ་ཞེས་པའང་གནས་པ་མེད། །དེ་ལྟར་ཀུན་ཏུ་བརྟགས་ནས་སུ། །འགྲོ་བ་ཐམས་ཅད་ཤིན་ཏུ་སྟོང་། །


JLD019_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་རྣལ་འབྱོར་ཉིད་ཀྱི་ཡིན། །དངོས་པོ་མེད་པར་རང་སེམས་བསམ། །ཞེས་དང་། གྲུབ་ཐོབ་དཔལ་འཛིན་གྱིས། དངོས་པོ་ཐམས་ཅད་བདེན་པ་ཡིན། །ཐོག་མ་བར་དང་མཐར་སྤངས་པ། །འདི་ལྟར་དཔྱད་ནས་འཁོར་ལོ་ལ། །དམ་པ་ཡང་དག་རྟོག་པ་སྤངས། །ཕུང་པོ་ཁམས་ནི་བདག་མེད་པ། །བསྒོམ་བྱ་བདེ་བ་དམ་པ་གཟུགས། །ཞེས་གསུངས་སོ། །དེ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྤྲོས་པའི་དོན་ཅི་ཡང་མ་རྙེད་པའི་དོན་ལ་འཇོག་པ་དགོས་ཀྱི། ཡིད་བྱེད་བསྡུས་པའི་མི་རྟོག་པ་ཙམ་དེ་ཁོ་ན་ཉིད་སྒོམ་པ་མིན་པ་དང་། བློའི་སྐྱོན་ལྡོག་པ་ནི། ཕྱིའི་ཚེར་མ་འདོན་པ་བཞིན་བྱར་མེད་ཀྱི། འཛིན་སྟངས་ཀྱི་ལོག་ཕྱོགས་གཟུང་བས་སྒྲོ་འདོགས་དང་ཐེ་ཚོམ་ལྡོག་དགོས་ཏེ། མན་སྙེ་ལས། གང་ཤེས་རབ་ཀྱི་མིག་གིས་ངེས་པར་དཔྱད་པ་ལས། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་སྐྱེས་པ་ན། ཆོས་རྣམས་ཐམས་ཅད་མ་མཐོང་བའོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་སྤྱོད་ལམ་ཐམས་ཅད་ལ་གནས་པ་རྣམས་ཀྱིས་ཆོས་རྣམས་ཐམས་ཅད་མཐོང་ཡང་མཐོང་བ་མེད་པའོ། །འདི་འདྲ་བ་ཁོ་ན་མཐོང་བ་མེད་པར་མངོན་པར་དགོངས་ཀྱང་། གཉིད་ལོག་པ་དང་མིག་བཙུམ་པ་དག་གིས་བཞིན་དུ་ཡིད་ལ་མི་བྱེད་པས་ནི་མིན་ནོ། །ཐེ་ཚོམ་གྱི་སྐྱོན་དང་བྲལ་བ་ཁོ་ན་ལས་གཟུགས་ལ་སོགས་པར་མངོན་པར་ཞེན་པ་གསལ་བར་བྱ་ཡི། །ཚེར་མ་འདོན་པ་བཞིན་དུ་ནི་མ་ཡིན་ནོ། །ཞེས་ངེས་པའོ། །ཞེས་གསུངས་སོ། །བཞི་པ་རྫོགས་རིམ་


JLD019_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གསུང་བགྲོས་ལ། མར་འགོས་འབྲོག་གསུམ་གྱི་བཞེད་པ་ལྟར་ན། མྱུ་གུ་ལུང་པ་འབྲོག་མི་ནས་བརྒྱུད་པ་རྣམས། སེམས་ཟིན་པ་ལ་ཐིག་ལེ་བརྟན་དགོས། དེ་ལ་རླུང་འབྱོངས་དགོས། དེ་ལ་རྩ་དག་པ་དགོས། དེ་ལ་ལུས་སྦྱང་དགོས་པས། ལུས་གནད་དང་ལྟ་སྟངས་ལ་གནད་དུ་བསྣུན་པས་རྩ་དག་པ་འབྱུང་། དེ་ལ་བརྟེན་ནས་རླུང་འབྱོངས། དེས་ཐིག་ལེ་བརྟན་པས་ཏིང་ངེ་འཛིན་འདོད་པ་བཞིན་བསྐྱེད་གསུངས། དེ་ལ་སྲོག་རྩོལ་གྱི་སྔོན་དུ་དབུ་མ་སྦྱོང་བ་ཡང་། སྦྱོར་དྲུག་པ་སོར་བསམ་གཉིས་ཀྱིས་བྱེད། དེ་ལ་དབུ་མ་གསལ་འདེབས་པ་སོགས་མེད་ཀྱང་དོན་གཅིག་ཏུའོ། །རིམ་པ་ལ་རླུང་རྡོར་བཟླས་ཀྱིས་དང་། མ་རྒྱུད་པ་ལ་རྩ་ཐིག་ལེ་ཡི་གེ་རླུང་སྦྱོར་སོགས་མང་ཡང་དབུ་མ་སྦྱང་ཐུབ་པ་གཅིག་གོ །སྦྱོར་དྲུག་པས་སོར་བསམ་གཉིས་ཀྱི་ཉིན་མཚན་གྱི་རྟགས་བཅུ་རྫོགས་པ་དང་། རྟགས་བཅུ་གཅིག་པ་བརྟན་པ་མ་བྱུང་ན་གཞན་ཞི་གནས་ཅི་བྱུང་ཡང་སྲོག་རྩོལ་མི་བྱེད་ལ། དེ་བྱུང་ནས་ད་དུང་དེ་ཀ་བསྒོམ་པ་ནི་ས་ཚིགས་མ་ཟིན་པ་ཡིན་པས། དེ་ནས་སྲོག་རྩོལ་བྱེད་དེ། བཅུ་གཅིག་པ་ནི། ཤ་བ་རི་དབང་ཕྱུག་གིས། རྟགས་བཅུ་རྫོགས་པར་གྱུར་པ་ན། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང་། །སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁ་ནག་པོའི་རི་མོ་འབྱུང་། །དེ་ཡང་འགྲོ་དྲུག་ལ་སོགས་པ། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང་། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་


JLD019_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་འོད་གསལ་བ། །དེ་ལ་སེམས་ནི་ཐིམ་པ་ནི། །ཏིང་འཛིན་ཡན་ལག་མཐར་གྱུར་པའོ། །ཞེས་གསུངས་སོ། །དེ་བས་ན་སྦྱོར་དྲུག་པའི་ལུགས་ཀྱིས་ནི། སོར་བསམ་གཉིས་ཀྱིས་རྩ་དབུ་མའི་ལམ་སྦྱངས་ནས། སྲོག་རྩོལ་གྱིས་དབུ་མའི་ནང་དུ་རླུང་འཇུག་ཅིང་། འཛིན་པས་ཚུད་པ་དེ་རྣམས་བརྟན་པར་བྱེད་ལ། རྗེས་དྲན་གྱི་དུས་སུ་རླུང་གི་མཐུས་སྤྱི་བོའི་བྱང་སེམས་ཞུ་ནས་མི་འགྱུར་བའི་བདེ་བ་སྐྱེ་ལ། དེ་ནམ་སྐྱེས་པ་ན་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པ་ཡིན་ལ། མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་རྫོགས་མ་ཐག་སངས་རྒྱས་པ་ཡིན་ནོ་གསུངས། རྗེ་བཙུན་མར་པ་ལྷོ་བྲག་པ་ནས་བརྒྱུད་པ་རྣམས་རྟེན་ཐིག་ལེ་གནས་པ་ལ། བརྟེན་པ་སེམས་ཉིད་གནས་པར་འདོད་དེ། དེ་ཡང་ཕྱི་རོལ་ན་ཉི་ཟླ་གཉིས་གླིང་བཞིར་འཕོ་བ་ལྟར། ནང་ལུས་ལ་བྱང་སེམས་དཀར་དམར་གཉིས་རྩ་འཁོར་བཞིར་མཆི་ཞིང་གནས་ཏེ། དེ་ཡང་རོ་རྐྱང་གཉིས་ཀྱི་རླུང་ལྟེ་བ་སྤྲུལ་པའི་འཁོར་ལོར་སོང་ནས། ཉིན་པར་ཐིག་ལེ་ལྟེ་བ་ན་གནས་པ་བསྐྱེད་རིམ་དང་གཏུམ་མོ་བསྒོམ་པའི་དུས་གནད་ཡིན། དེ་བསྐྱེད་རིམ་སྣང་ལ་རང་བཞིན་མེད་པ་སྒྱུ་ལུས་སུ་འདོད་པ་འདྲ་ཞིང་། ཐུན་མཇུག་ཏུ་གཏུམ་མོ་ཐུན་རེ་ངེས་པར་བསྒོམ་པར་གདའ། གཉིད་འཐུག་གི་དུས་སུ་ཐིག་ལེ་སྙིང་གར་གནས་པས་འོད་གསལ་བསྒོམ་པའི་དུས་གནད་ཡིན། རྨི་ལམ་གྱི་དུས་ན་མགྲིན་པར་གནས་པས་རྨི་ལམ་སྦྱོང་བའི་དུས་གནད་ཡིན། སྙོམས་འཇུག་གི་དུས་ན་སྤྱི་བོར་གནས་པས་འོད་གསལ་བསྒོམ་པའི་དུས་གནད་ཡིན་ནོ་


JLD019_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། དེ་ལྟ་བུའི་ལུགས་ལ་བསྐྱེད་རིམ་བརྟན་པ་གཞིར་བཞག་ནས། རླུང་དང་གཏུམ་མོ་དང་སྤྱོད་པ་གསུམ་མཐར་ཕྱིན་ན། ཚེ་འདི་ལ་འཚང་རྒྱ། དེ་གསུམ་མཐར་མ་ཕྱིན་པར་ཚེ་འདི་ལ་འཚང་རྒྱ་མ་ནུས་ན། ད་གཟོད་འཆི་བ་འོད་གསལ་ཟིན་པའི་དོན་དུ། ད་ལྟ་གཉིད་འཐུག་དང་སྟོང་ཉིད་བསྲེས་ནས་བསྒོམ། དེ་ལེགས་པོ་ཞིག་བྱུང་ན། ད་གཟོད་འཆི་ཙ་ན། ཐ་མལ་གྱི་འཆི་བ་རང་དགའ་བར་མི་འགྲོ་བར་འོད་གསལ་བཟུང་བ་ནས་འཆི་བ་ཆོས་སྐུར་འཁྱེར་ཐུབ་པ་ཞིག་འོང་བ་ཡིན་ནོ། །ད་གཟོད་བར་དོ་ཟིན་པའི་དོན་དུ། ད་ལྟ་དང་པོར་རྨི་ལམ་གྱི་མན་ངག་ལ་སྦྱངས་ཏེ་རྨི་ལམ་བཟུང་ལ། དེ་ཟིན་པའི་ཚེ་བར་དོའི་མན་ངག་དང་བསྲེས་ནས་བསྒོམས་པས། ད་གཟོད་བར་དོ་ཟིན་ཏེ། ཐ་མལ་གྱི་བར་དོ་རང་དགའ་བར་མི་འཆར་བར། ལོངས་སྐུར་འཁྱེར་ཤེས་པའམ། དེ་དུས་སུ་ཕན་ཐོགས་པ་ཡིན་ནོ། །ད་ལྟ་བསྐྱེད་རིམ་ལ་སྦྱངས་པས་བར་དོར་སྣང་བ་ཐམས་ཅད་ལྷ་སྐུར་ཤར་ནས། དེའི་གནད་ཀྱིས་ཆགས་སྡང་ཁེགས་ཏེ། མངལ་སྐྱེས་ལྟ་བུའི་སྐྱེ་སྒོ་ཁེགས་ནས་སྐྱེ་གནས་སུ་སྐྱེ་བ་མི་ལེན་པར། བར་དོའི་རྟེན་དེ་ལ་ལམ་ལྷག་མ་བསྒོམས་ཏེ་སྤྲུལ་སྐུར་འཚང་རྒྱ་བ་ཡིན་ནོ་གསུངས། བར་དོར་འཚང་རྒྱ་མི་ནུས་པར། སྐྱེ་གནས་གང་རུང་གཅིག་ཏུ་སྐྱེ་བ་བརྒྱུད་ནས་འཚང་རྒྱ་དགོས་པ་དེས་ནི། འཕོ་བ་དང་གྲོང་འཇུག་གི་གདམས་ངག་སྒོམ་པ་ཡིན་ལ། འདི་ནི་རྒྱུད་ཀྱི་རྡོ་རྗེ་སོགས་ཀྱི་དགོངས་པ་ཡིན་ཞེས་མར་པ་ནས་


JLD019_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་རྣམས་གསུངས་སོ། །འདི་ནི་གདམས་ངག་ལེགས་པ་ཆེ་བ་ཞིག་སྣང་ལ། འོན་ཀྱང་བར་དོར་སྣང་བ་ལྷ་སྐུར་ཤར་བས་མངལ་སྐྱེས་ཁེགས་སུ་ཆུག་ཀྱང་། སྐྱེ་གནས་གཞན་གསུམ་ཨེ་ཁེགས་ཡིན་ནོ་གསུངས་སོ། །རྗེ་འགོས་ཁུག་པ་ལྷས་བཙས་ནས་བརྒྱུད་པའི་ལུགས་ལ། དེ་ཡང་འཁོར་འདས་ཀྱི་ལས་ཐམས་ཅད་རླུང་གིས་བྱས་པར་འདོད་ལ། དེ་ཡང་བར་སྲིད་རླུང་ལ་ཞོན་ནས་གནས་སྐབས་ལྔས་ལུས་གྲུབ་པ་སོགས་སེམས་ཅན་ཐ་མལ་པ་འཁོར་བར་འཇུག་པ་ཡང་རླུང་གིས་བྱེད་ཅིང་། རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་རྣལ་འབྱོར་པས་དེ་ཁོ་ན་ཉིད་རྟོགས་པས་འཁོར་བ་ལས་ལྡོག་པ་ཡང་རླུང་གིས་བྱེད་པ་ཡིན་ནོ། །སྤྱིར་སྔགས་ཀྱི་ལུགས་ཀྱིས། རབ་ཚེ་འདི་ལ་འཚང་རྒྱ་བ་དང་། འབྲིང་བར་དོར་འཚང་རྒྱ་བ་དང་། ཐ་མ་སྐྱེ་བ་གཞན་དུ་འཚང་རྒྱ་བ་དང་གསུམ་ལས། དང་པོ་ནི། གསང་འདུས་འཕགས་ལུགས་པ་དང་བསྟུན་ན། དང་པོར་སེམས་བསྐྱེད་དེ་བྱང་སེམས་ཀྱི་སྡོམ་པ་བཟུང་ནས། སྤྱོད་པ་ཕྱིན་དྲུག་ལ་སློབ་པ་མན་ཆད་ཀྱི་ལམ་ཐུན་མོང་བ་རྣམས་ཀྱིས་རྒྱུད་ལེགས་པར་སྦྱངས་ནས། དེ་རྗེས་གསང་འདུས་ལྟ་བུའི་དཀྱིལ་འཁོར་དུ་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཞུས། རྩ་ལྟུང་དང་སྦོམ་པོ་སོགས་ཀྱིས་མ་གོས་ཤིང་དམ་ཚིག་དང་སྡོམ་པ་དག་པས་རྒྱུད་ཡོངས་སུ་དག་པར་བྱས། དེ་རྗེས་ཕྲ་ཐིག་གི་བར་གྱི་བསྐྱེད་རིམ་བརྟན་པར་བྱས། དེ་ནས་རྫོགས་རིམ་ལུས་དབེན་སྐུ་རྡོ་རྗེ་དང་། ངག་དབེན་གསུང་རྡོ་རྗེ། སེམས་དབེན་ཐུགས་རྡོ་རྗེ་རྣམས་རྒྱུད་


JLD019_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤད་པ་བཞིན་དུ་ཐོབ་པར་བྱས་ལ། དེ་ནས་རླུང་སེམས་ལས་སུ་རུང་བ་ལ་བརྟེན་ནས་འཇའ་ལུས་སམ་སྒྱུ་ལུས་རྡོ་རྗེ་འཆང་གི་སྐུ་ཐོབ་སྟེ། དེ་ཉིད་བསམ་གཏན་གཉིས་ཀྱིས་འོད་གསལ་མངོན་དུ་བྱས་ཏེ། དེ་ལས་ལུགས་ལྡོག་གི་རྣམ་པར་སྣང་བ་གསུམ་རླུང་དང་བཅས་པ་ལས་སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱས་ཏེ་འཚང་རྒྱ་བ་ཡིན་ནོ། །གཉིས་པ་ནི། སེམས་ལ་གསུམ་ལས། སེམས་སྣང་བའི་ཡེ་ཤེས་མན་གྱི་བསྐྱེད་རྫོགས་ཀྱི་ཡོན་ཏན་རྣམས་མཚན་ཉིད་དང་ལྡན་པ་ཐོབ་དགོས་ལ། སྣང་བ་ཉེར་ཐོབ་མ་ཐོབ་དགོས་ཤིང་། སྣང་བ་མཆེད་པ་ཐོབ་པ་ཡང་སྲིད་ལ། མ་ཐོབ་པ་ཡང་སྲིད་ལ། གང་ལྟར་ཡང་དེའི་དུས་སུ་སྤྱོད་པ་བྱེད་པའི་མཐུན་རྐྱེན་མ་འཛོམས་པའམ། ཡང་ན་ཞིང་ལས་སོགས་ཀྱིས་བྲེལ་བའི་དབང་གིས་སྤྱོད་པ་བྱེད་རྒྱུ་མ་བྱུང་བ་ན། དེའི་གནད་ཀྱིས་འཆི་བའི་གོང་དུ་ཏིང་ངེ་འཛིན་གྱི་མཐུས་འབྱུང་བ་སྡུད་མི་ཐུབ་ལ། དེ་མ་ཐུབ་ན་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་མངོན་དུ་མི་འགྱུར་བས། དེ་འཆི་ཁར་མངོན་དུ་འགྱུར་བའི་ཆེད་དུ། འཆི་ཁར་འབྱུང་བ་སྡུད་པའི་ཚེ། མན་ངག་ནས་བཤད་པའི་འབྱུང་བ་སྡུད་ལུགས་ཀྱི་དམིགས་པ་རྣམས་བསྐྱངས་པས། ཤི་ཟིན་པའི་ཚོད་ཙམ་དུ་སྣང་བ་ཉེར་ཐོབ་མངོན་དུ་བྱེད་ཅིང་། བར་དོར་སྐྱེས་པའི་ཚོད་ཙམ་ན་སྒྱུ་ལུས་ཐོབ་ཅིང་། དེས་ན་རྟེན་དེ་ལ་འོད་གསལ་དང་ཟུང་འཇུག་མངོན་དུ་བྱེད་དོ། །གསུམ་པ། སྐྱེ་བ་བརྒྱུད་ནས་འཚང་རྒྱ་བ་ནི། ཚེ་འདི་ལ་བླ་མེད་ཀྱི་དཀྱིལ་འཁོར་གང་རུང་


JLD019_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དབང་བསྐུར་བ་མཚན་ཉིད་དང་ལྡན་པ་ཐོབ། དམ་ཚིག་དང་སྡོམ་པ་དག་པར་བྱས་པ་ཞིག་ངེས་པར་ཡན་ལག་ཏུ་དགོས་ལ། བསྐྱེད་རིམ་དང་། ལུས་དབེན་དང་། ངག་དབེན་རྣམས་རྒྱུད་ལ་སྐྱེས་མ་སྐྱེས་གང་ཡིན་ཡང་རུང་སྟེ། སྐྱེ་བ་བཅུ་དྲུག་ཚུན་ལ་སངས་རྒྱའོ། །འདི་ལ་ཚེ་དེ་ལ་སེམས་དབེན་གྱི་རྟོགས་པ་སྣང་མཆེད་ཐོབ་གསུམ་པོ་གང་ཡང་མ་སྐྱེས་པ་དགོས་ཏེ། དེ་སྐྱེས་ན་ཚེ་འདི་ལ་འཚང་རྒྱ་བའམ། ཡང་ན་བར་དོར་འཚང་ངེས་པར་རྒྱ་བའི་ཕྱིར་རོ་གསུངས་སོ། །འདི་ནི་དགོན་གནས་གཉིས་སུ། བླ་མ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྔ་ནས། རྡོ་རྗེ་ལུས་ཀྱི་འཆགས་ཚུལ་གྱི་བཤད་པ་སྔོན་དུ་གཏོང་བའི་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ཁྲིད་དུ་གནང་དུས། མཁས་པ་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་ཀྱིས་ཟིན་བྲིས་སུ་མཛད་པ་ལུང་དང་སྦྱར་བ་ཤིན་ཏུ་དམ་པ་སྙིང་གི་དཀྱིལ་དུ་སྦེད་པར་མཛད་པ་ལགས་སོ། །ཕ་མ་འགྲོ་དྲུག་ཐར་པའི་ལམ་བཟང་ནུབ་བདེ་བ་ཅན་དང་པོ་ཏ་ལར་སྐྱེ་བར་གྱུར་ཅིག །སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་གསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཅོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousརྫོགས་རིམ་གྱི་སྤྱི་དོན་དཔྱིད་ཀྱི་ཐིག་ལེའི་དམིགས་རྣམ་སྐྱོང་བའི་ཟིན་བྲིས།no next