།རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་འཁོར་འདས་གཞི་ཆོས་ཉིད་ལས་མ་འདས་པར་བསྟན་པའི་ལེའུ་སྟེ་དང་པོའོ།། །།
༄༅། །རྒྱ་གར་སྐད་དུ། མ་ཧཱ་སིནྟ་མཉྫུ་ཤྲཱི་ཙིཏྟ་ཏི་ཀ་ལ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ཅེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གདོད་ནས་ལྷན་སྐྱེས་གཉུག་མའི་ཡེ་ཤེས་དཔལ། །ཡོད་མེད་རྟག་ཆད་སྤྲོས་པའི་ཡུལ་ལས་འདས། །བླང་དོར་དམིགས་མེད་སེམས་ཉིད་འདུས་མ་བྱས། །འཇམ་དཔལ་གཞོན་ནུར་འདུ་འབྲལ་མེད་ཕྱག་འཚལ། །མཁྱེན་བརྩེའི་ཡོན་ཏན་གདོད་ནས་ལྷུན་གྲུབ་པའི། །བརྟན་གཡོ་ཀུན་ཁྱབ་འཇམ་དཔལ་ཡེ་ཤེས་སེམས། །དེང་འདིར་བདག་གིས་གསོལ་ལོ་སྐལ་བཟང་རྣམས། །རྩེ་གཅིག་རྣ་བ་བླགས་ཏེ་གུས་པས་ཉོན། །སེམས་ཉིད་ངོ་བོ་དག་པ་ཆོས་ཀྱི་སྐུ། །རང་བཞིན་གསལ་ལ་མ་འགགས་ལོངས་སྤྱོད་རྫོགས། །ཐུགས་རྗེ་མ་འགགས་སྣ་ཚོགས་སྤྲུལ་པའི་སྐུ། །ཡེ་ནས་མ་བཙལ་ལྷུན་གྲུབ་འཇམ་དཔལ་དབྱངས། །འོད་གསལ་གཞི་ཡི་དཀྱིལ་འཁོར་ཆེན་པོ་སྟེ། །ཐོག་མའི་སྤྱི་གཞི་བདེ་གཤེགས་སྙིང་པོ་དང༌། །རིགས་དང་ཁམས་དང་རང་བྱུང་ཡེ་ཤེས་དང༌། །གཉུག་སེམས་གཞི་ཡི་འོད་གསལ་རྣམ་གྲངས་སོ། །སྣོད་བཅུད་སྣ་ཚོགས་སྣང་བའི་རོལ་བ་ཀུན། །སྐྱེ་མེད་ངང་ལས་འགགས་མེད་ཆོ་འཕྲུལ་ཏེ། །སྣང་བ་ཅི་ཤར་ཆོས་དབྱིངས་རོལ་བ་ལས། །གཞན་དུ་མེད་དེ་རྨི་ལམ་ཇི་བཞིན་ནོ། །གཟུགས་སྣང་རང་བྱུང་སྐུ་ཡི་དཀྱིལ་འཁོར་དང༌། །སྒྲ་གྲག་གསུང་དང་དྲན་རིག་མི་རྟོག་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་རང་ཤར་བ། །ཡེ་ཤེས་དཀྱིལ་འཁོར་གཅིག་ལས་གཞན་དུ་བྲལ། །གང་སྣང་རིག་པའི་ཆོ་འཕྲུལ་གསལ་སྣང་ཙམ། །མེད་ཀྱང་སྟོང་བའི་རང་གཟུགས་སྒྱུ་མ་དང༌། །རྨི་ལམ་ཇི་བཞིན་གཞན་ན་མེད་པ་འོ། །དག་པའི་མེ་ལོང་ཇི་བཞིན་རིག་པའི་རྩལ། །གང་ལྟར་ཤར་ཡང་ངོ་བོར་གོས་པ་མེད། །གློ་བུར་དྲི་མའི་རྣམ་པ་ཡོངས་དག་ཚེ། །སྐུ་དང་ཞིང་ཁམས་འཆར་རུང་མ་རྟོགས་པར། །གྲངས་ཅན་ལུགས་འདོད་དེ་ལ་སྨོད་པའང་འཁྲུལ། །འོད་དང་ཉི་མ་ཇི་བཞིན་སྐུ་གསུམ་ནི། །རང་བྱུང་རིག་པའི་ངོ་བོ་ལྷུན་གྱིས་རྫོགས། །ཐོག་མའི་གཞི་ལ་མངོན་པར་བྱང་ཆུབ་ཚེ། །ཆོས་ལོངས་སྤྲུལ་སྐུའི་སྣང་བ་ཐམས་ཅད་ཀྱང༌། །རྣམ་ཀུན་མཁྱེན་པའི་ཀློང་ལས་གཞན་དུ་མེད། །བསོད་ནམས་ཡེ་ཤེས་ཚོགས་ཀྱང་ལྷུན་གྲུབ་བོ། །གང་དུ་མ་གྲུབ་རོལ་རྩལ་མ་འགགས་པ། །སྒྱུ་མ་རྨི་ལམ་ ཆུ་ཟླ་གཟུགས་བརྙན་དང༌། །སྤྲུལ་པ་ལྟ་བུ་སྣང་ལ་རང་བཞིན་མེད། །གཞི་བྲལ་ཀུན་བཟང ་ཡབ་ཡུམ་དགོངས་པ་འོ། །དེ་ལྟར་སོ་སོར་རང་རིག་ཆོས་སྐུ་ལ། །དངོས་པོ་མཚན་མར་གྲུབ་པ་མ་དམིགས་ཀྱང༌། །ལྷན་སྐྱེས་ཀུན་བཏགས་བག་ཆགས་འཁྲུལ་བའི་རྒྱུས། །མ་དག་སྣོད་བཅུད་མེད་སྣང་སྟོང་གཟུགས་ཤར། །འོན་ཀྱང་རྨི་ལམ་རྟ་གླང་ཇི་བཞིན་དུ། །སྣང་དུས་ཞེན་ཡང་དོན་ལ་ཡོད་མ་མྱོང༌། །འཁྲུལ་དང་མ་འཁྲུལ་སྣང་བ་ཅི་ཤར་ཡང༌། །རིག་པའི་ངང་ལས་མ་གཡོས་འཁྲུལ་མི་སྲིད། །རང་བྱུང་ཡེ་ཤེས་སྒྲིབ་བྱེད་རང་སྣང་གི །ལྷུན་གྲུབ་སྒོ་ལས་རང་ཤར་གང་དུའང་མེད། །ཡེ་ཤེས་སྣང་ཙམ་སྣང་སྲིད་རིག་པའི་ངང༌། །ཉག་གཅིག་རང་མལ་ཀ་དག་ཆོས་སྐུར་བཞུགས། །འཁྲུལ་བ་མི་སྲིད་མ་འཁྲུལ་ཆོས་ཀྱང་བྲལ། །ལྟོས་གཞི་ལོག་པས་ལྟོས་ཆོས་ག་ལ་སྲིད། །དོན་ལ་མ་གྲུབ་ལྷུན་གྲུབ་ཅི་ཡང་སྣང༌། །རྫོགས་པ་ཆེན་པོ་འཇམ་དཔལ་ཐུགས་ཏིག་ལས་འཁོར་འདས་གཞི་ཆོས་ཉིད་ལས་མ་འདས་པར་བསྟན་པའི་ལེའུ་སྟེ་དང་པོའོ།། །།