དཔལ་རྒྱལ་བ་ཀཿཐོག་པའི་གདན་རབས་བརྒྱུད་འཛིན་དང་བཅས་པའི་བྱུང་བ་བརྗོད་པ་རིན་པོ་ཆེའི་ཕྲེང་བ།
དཔལ་རྒྱལ་བ་ཀཿཐོག་པའི་གདན་རབས་བརྒྱུད་འཛིན་དང་བཅས་པའི་བྱུང་བ་བརྗོད་པ་རིན་པོ་ཆེའི་ཕྲེང་བ་ལྟ་བུའི་གཏམ་ཞེས་བྱ་བ་བཞུགས་སོ། །
དཔལ་རྒྱལ་བ་ཀཿཐོག་པའི་གདན་རབས་བརྒྱུད་འཛིན་དང་བཅས་པའི་བྱུང་བ་བརྗོད་པ་རིན་པོ་ཆེའི་ཕྲེང་བ་ལྟ་བུའི་གཏམ་ཞེས་བྱ་བ། བླ་མ་རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །འགྲོ་རྒྱུད་ཞིང་སར་བདེན་གཉིས་ཆོས་ཆར་གྱིས། །ཚོགས་གཉིས་ཟུང་འཇུག་སྙེ་མ་གཡུར་ཟ་ཞིང་། །སྐུ་བཞིའི་འབྲས་བུར་སྦྱོར་མཛད་ཐོག་པ། །ཡབ་སྲས་བརྒྱུད་པར་བཅས་ལ་གུས་ཕྱག་བརྩེགས། །ངོ་མཚར་བརྒྱུད་པའི་རྣམ་ཐར་རིན་ཆེན་ཕྲེང་། །གོ་བདེའི་ཚིག་གི་སྲད་བུ་ལ་བརྒྱུས་ཏེ། །ཕྱོགས་ཀྱི་དོན་གཉེར་སྐྱེ་བོའི་མགུལ་རྒྱན་དུ། །བརྩེ་བས་སྦྱིན་ནོ་དགའ་ཞིང་དང་བས་ལོངས། །དེ་ཡང་ཀློང་གསལ་ལས། སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །
ཞེས་གསུངས་ཤིང་། ཇི་ལྟར་འཆད་ན། མདོ་སྔགས་སྔ་འགྱུར་བསྟན་པའི་ཆུ་མགོ་གཅིག་པོར་གྱུར་པ་དབུས་འགྱུར་མ་ག་དྷ་བཛྲ་ཨཱ་ས་ན་དང་མཚན་དོན་མཚུངས་པ་ཤར་ཀཿཐོག་རྡོ་རྗེ་གདན་གྱི་གདན་རབས་བརྒྱུད་འཛིན་ཡན་ལག་དང་བཅས་པའི་བྱུང་བ་བརྗོད་པའི་གཏམ་འདི་ལ་གཉིས། །རྟེན་གནས་ཀྱི་ཆེ་བ་བརྗོད་པ་དང་། བརྟེན་པ་གདན་རབས་ཀྱི་རིམ་པ་དངོས་བཤད་པའོ། །དང་པོ་ནི། ཐུབ་པས་ལུང་བསྟན་པའི་བྱང་ཕྱོགས་ཁ་བའི་ཡུལ་ལྗོངས་འཕགས་མཆོག་རིགས་གསུམ་མགོན་པོའི་གདུལ་ཞིང་གངས་རིའི་ཕྲེང་བས་བསྐོར་བའི་བྷོ་ཊའི་ཡུལ་ཁམས་འདི་ལ། སྟོད་མངའ་རིས། པུ་རངས། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག །ལི། བྲུ་ཤ། སྦལ་ཏེ་གསུམ་སྐོར་གཅིག །ཞང་ཞུང་། ཁྲི་སྡེ་སྟོད་སྨད་གསུམ་སྐོར་གཅིག་སྟེ། སྐོར་
གསུམ། དབུས་ན་དབུ་རུ་དང་། གཡོ་རུ། གཙང་ན་གཡས་རུ་དང་། རུ་ལག་གཉིས་ཏེ་བར་དབུས་གཙང་རུ་བཞི། མདོ་སྨད་ཁམས་ལ། སྨད་ཁམས་བཏགས་པ་ཁམས་གཅིག །མདོ་སྨད་ལ་གཡར་མོ་ཐང་བཏགས་པ་ཁམས་གཅིག །བཙོང་ཁ་གྱིང་ཐང་བཏགས་པ་ཁམས་གཅིག་སྟེ་ཁམས་གསུམ། འབྲི་ཟླ་ཟལ་མོ་སྒང་། སྨར་ཁམས་གཟིག་སྒང་། ཚ་བ་མཛོ་སྒང་། བུ་འབོར་སྟག་སྒང་། ནག་སོག་དམར་རྫ་ཆུ་རྒྱུད་སྒང་། མི་ཉག་བ་ལྷ་སྒང་སྟེ་སྒང་དྲུག ། ཟླ་ཆུའམ་རྔུལ་ཆུ། འབྲི་ཆུ། རྫ་ཆུ། རྨ་ཆུ་སྟེ་ཆུ་བཞི། སྟོད་མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། དེ་ནས་རྨ་ཆུའི་ཁུག་པ་ཡན་མདོ་སྟོད་མགོ་ནག་མིའི་ཆོལ་ཁ། དེ་ནས་མཆོད་རྟེན་དཀར་པོ་ཡན་མདོ་སྨད་གྱི་ལིང་རྟའི་ཆོལ་ཁ་གསུམ་དང་། དེ་ཡང་ཡུལ་གྲུ་རྒྱ་ཆེ་ཆུང་
ལ་དཔེ་བཀོད་པ། སྟོད་མངའ་རིས་སྐོར་གསུམ་རྫིང་བུ་ལྟ་བུ། བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུ་ཞེས་ཡོངས་སུ་གྲགས་པའི་བོད་དང་བོད་ཆེན་པོའི་ཡུལ་རྟ་རྨིག་ཙམ་ཡང་མ་ལུས་པར་བཀའ་དྲིན་མཚུངས་མེད་མ་ཧཱ་གུ་རུ་སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝས་ཞབས་ཀྱིས་བཅགས་ཤིང་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། ས་གཞི་བྱིན་བརླབས་ནས། ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་རི་བྲག་མཚོ་གསུམ་དང་། གཙུག་ལག་ཁང་རྣམས་སུ་ཆོས་ནོར་དམ་རྫས་ཀྱི་གཏེར་ཁ་དཔག་ཏུ་མེད་པ་སྦ་བར་མཛད་ཅིང་། འབྲེལ་ཚད་རྣམ་པར་གྲོལ་བའི་སྒྲུབ་གནས་ཁྱད་པར་ཅན་དུ་བསྒྲུབས་པའི་ཚུལ་ཟབ་བདུན་བཀའ་ཐང་ལེའུ་དགུ་པ་ལས། ལྷ་ས་བསམ་ཡས་གཡོ་རུ་ཁྲ་འབྲུག་དང་༔ མཐའ་འདུལ་ཡང་འདུལ་
གཙུག་ལག་ཁང་རྣམས་དང་༔ ཡར་ལུང་ཤེལ་བྲག་ལྷོ་བྲག་མཁར་ཆུ་དང་༔ སྒྲགས་ཀྱི་ཡང་རྫོང་ཡེར་པ་ཟླ་བ་ཕུག༔ གཡའ་མ་ལུང་དང་གཙང་གི་ཟབ་བུ་ལུང་༔ རི་བོ་བཀྲ་བཟང་གཙང་གི་རི་བོ་ཆེ༔ གངས་རི་ལ་ཕྱི་ཡོལ་མོ་གངས་ར་དང་༔ གནམ་སྐས་ཅན་དང་མོན་གྱི་གནས་བརྒྱད་དང་༔ ཙཱ་རི་རྒྱ་ལ་སེང་འདམ་སྤུ་བོའི་གནས༔ ཁྱད་པར་ཅན་གྱི་ཏི་སྒྲོ་བྲག་དཀར་དང་༔ སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལཿ ཕྲིན་ལས་ལྔ་སོགས་ཉི་ཤུ་རྩ་ལྔ་ཡི༔ གནས་མཆོག་ཁམས་ཀྱི་སྟོད་སྨད་ལ་གནས་པར༔ གནས་ལ་བྱིན་རླབས་ཕྱིར་དུ་སྒྲུབ་པ་དང་༔ གཏེར་ཁ་ཆེ་ཕྲ་དཔག་ཏུ་མེད་པ་སྦས༔ ཞེས་བོད་ཁམས་སྤྱི་ཡི་ཆོས་འཁོར་གཙུག་ལག་སྒྲུབ་གནས་ཆེ་རིམ་ཙམ་བསྟན་ནས༔ པད་གླིང་བཀའ་ཐང་དོན་གསལ་མེ་ལོང་ལྷ་སྲས་ཞུས་ལན་ལས། མདོ་ཁམས་སྨད་ཀྱི་ཀཿཐོག
ཐོག་ཅེས་པའི་དབུས༔ དམ་པ་དགའ་ཞེས་མདོ་སྔགས་ཀུན་གྱི་བདག རྡོ་རྗེ་གདན་ཞེས་གནས་གཞིས་ཐོག་དྲངས་པའི༔ མདོ་ཁམས་ཡུལ་དུ་བསྟན་པའི་སྲོག་ཤིང་འཛུག༔ ཅེས་གསུངས་སོ། །ཁྱད་པར་དུ་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་ཀཿཐོག་ཤམ་པོ་རོང་། སྒོས་ཀྱི་གནས་དང་གང་ཟག་ཆོས་ཚུལ་བསྟན་པའི་དར་རྒུད་ཇི་ལྟར་འབྱུང་ཚུལ་དང་བཅས་ཤིན་ཏུ་གསལ་བར་བསྔགས་པའི་ལུང་བསྟན་རྡོ་རྗེའི་ཚིག་འདི་ལྟར། སྤྲུལ་པའི་གཏེར་ཆེན་རིག་འཛིན་སྟག་ཤམ་བསམ་གཏན་གླིང་པའི་གཏེར་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་རྣམ་ཐར་ལས། ཁྱད་པར་མ་འོངས་ལྔ་བརྒྱ་སྙིགས་མའི་དུསཿ འདི་ནས་ཤར་ཕྱོགས་ཀཿཐོག་ཅེས་བྱ་བ༔ གུ་རུ་སེང་གེ་སྒྲ་སྒྲོགས་བསྟན་པའི་གཞི༔ པདྨ་འབྱུང་གནས་རབ་གནས་བཅུ་གསུམ་མཛདཿ རི་
བོ་སེང་ཆེན་འགྱིང་འདྲའི་མགུལ་པ་རུ༔ ཡང་ཟབ་གཏེར་སྦས་མ་འོངས་རྟེན་འབྲེལ་བསྒྲིགས༔ པད་འབྱུང་ཡབ་ཡུམ་འགྲོ་དོན་དེ་ཕྱོགས་དར༔ དམ་པ་བདེ་གཤེགས་མཚོ་རྒྱལ་ང་ཉིད་སྤྲུལ༔ གསང་སྔགས་ཨ་ཏིའི་བསྟན་པ་མཐའ་རུ་གནས༔ སྐབས་སྐབས་འཇིག་ཀྱང་ལས་ཅན་རིམ་བཞིན་འབྱུང་༔ མཚོ་རྒྱལ་གདུལ་བྱའི་ཐ་མ་དེ་རུ་བབས༔ ཞེས་དང་། མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་བྱོན་མདོ་ཁམས་གནས་ཆེན་ཉེར་ལྔའི་མདོ་བྱང་ཆེན་མོ་ལས། ཕྲིན་ལྔ ལས་གནས་གཙོ་ཀཿཐོག་རྡོ་རྗེའི་གདན༔ ཞེས་མདོ་ཁམས་ཀྱི་ཕྲིན་ལས་གནས་ལྔའི་གཙོ་བོར་གསུངས་པ་ལྟར། ཤར་ན་ཡང་ལེ་ཤོད། ལྷོ་ན་རག་ཅོག་གནས། ནུབ་ན་རྨུགས་སང་གནས། བྱང་ན་ཟབ་ལུང་གཉིས་པ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་རྣམས་ཕྱོགས་བཞིར་བསྐོར་བའི་དབུས་སུ་ཆགས་
པའི་འོག་མིན་དཔལ་གྱི་ཀཿཐོག་རྡོ་རྗེ་གདན་འདི་ཉིད་ཀྱི་ཆགས་ཚུལ་ཅུང་ཟད་བཤད་ན། གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་༧ པདྨ་འདབ་བརྒྱད། ལོགས་ལ་བཀྲ་ཤིས་རྟགས་བརྒྱད་བཅས་ཚང་ཞིང་། རྒྱབ་རི་མཐོ་ལ་རབ་ཏུ་བརྗིད་པ་དང་། གཡས་རི་རྒྱ་སྟག་ཁྲ་བོ་རྔམ་འདྲ། གཡོན་༡༢ རི་གླང་ཆེན་བྲེས་ན་ཉལ་འདྲ། མདུན་རི་ཕྱག་རྒྱ་བསྣོལ་མ་འདྲ་བ། སྟེང་ན་རྨ་བྱའི་གདུགས། འོག་ན་རཀྟའི་མཚོ་སོགས་ཀྱིས་བརྒྱན་པའི་དབུས་ཀྱི་ལྟེ་བ་ལ། བྲག་རི་སེང་ཆེན་འགྱིང་བ་ལྟ་བུའི་འགྱུར་མེད་རྡོ་རྗེའི་བྲག་སྟེང་ན་རང་བྱོན་དུ་འཁྲུངས་པའི་སྣ་ཚོགས་རྡོ་རྗེ་དང་། དབྱངས་ཡིག་དང་པོ་ཨ། གསལ་བྱེད་ཐོག་མ་ཀ་ཡིག་བཅས་གསལ་བར་བཞུགས་པ་ལས་གནས་ཀྱི་མཚན་དེ་སྐད་དུ་ཐོགས་པ་ཡིན་ནོ། །གཞན་ཡང་ཨོ་རྒྱན་གསང་སྔགས་གླིང་པའི་གཏེར་བྱོན་
ཀཿཐོག་གནས་ཡིག་ཅིག་བཞུགས་ཀྱང་དཔེ་མ་འབྱོར་བས་འདིར་འགོད་མ་ནུས་པས་དོན་གཉེར་ཅན་མཆིས་ན་དེར་གཟིགས་པར་བྱའོ། །དེ་ལྟར་ཕུན་སུམ་ཚོགས་པའི་རང་བཞིན་གནས་ཀྱི་ཆེ་བ་མདོ་ཙམ་བསྟན་ནས། གཉིས་པ་བརྟེན་པ་གདན་རབས་ཀྱི་རིམ་པ་དངོས་ལ་གཉིས། རྒྱལ་བ་ཀཿཐོག་པའི་ཆོས་ཀྱི་ཁུངས་སྨོས་པ་དང་། དེ་ལྡན་གདན་རབས་དངོས་ཀྱི་ལོ་རྒྱུས་འཆད་པའོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པ་མཚུངས་པའི་ཟླ་མ་མཆིས་པ་པདྨ་དཀར་པོ་ལྟར་བསྔགས་པའི་ཤཱཀྱ་ཐུབ་པ་ཆེན་པོ་གང་དགའ་ལྡན་ལྷ་གནས་ནས་འཛམ་བུ་གླིང་པའི་མི་རྣམས་རྩོད་ལྡན་ཚེ་ལོ་བརྒྱ་པ་ལ་སྤྱོད་པའི་དུས་སུ་གཟིགས་པ་ལྔས་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་པར་མཛད་པ་སྟེ། དེ་ལ་སྟོན་པའི་འཁྲུངས་གཤེགས་སོགས་ཀྱི་ལོ་ཁམས་དང་ཟླ་ཚེས་འཕགས་བོད་ཀྱི་མཁས་གྲུབ་
རྣམས་བཞེད་པ་མི་མཐུན་པ་ཆེས་མང་བས་མཐའ་གཅིག་ཏུ་བཟུང་དཀའ་མོད། འདིར་རང་ལུགས་ཀཿཐོག་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་བསྟན་རྩིས་ལྟར་འཆད་པ་ལ། ཟིལ་གནོན་ཞེས་པ་མེ་ཕོ་རྟ་ཡི་ལོ་ས་ག་ཟླ་བའི་ཚེས་བརྒྱད་ཀྱི་སྔ་དྲོ་ལ་ལུམྦིའི་ཚལ་དུ་སྐུ་བལྟམས་ནས། སངས་རྒྱས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་མཛད་པ་བཅུ་གཅིག་པ་རྫོགས་ནས། བཅུ་གཉིས་པ་ཁྲོ་བོ་ཤིང་གླང་ས་ག་ཟླ་བའི་ཚེས་བཅོ་ལྔའི་ནམ་གུང་ལ་གྱད་ཡུལ་རྩྭ་ཅན་དུ་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་གཤེགས་ཚུལ་བསྟན། དེ་ནས་ལོ་བརྒྱད་འདས་པ་ཆུ་ཕོ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉི་ཤར་ལ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ངོ་མཚར་པདྨའི་སྦུབས་ལས་སྐུ་འཁྲུངས། ཐུབ་པ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ལ་སྐལ་ལྡན་རྒྱལ་པོ་ཛའི་ཁང་སྟེང་དུ་
རིག་འཛིན་གྱི་སྡེ་སྣོད་ཏནྡའི་གླེགས་བམ་བབས། ཐུབ་དབང་འདས་ནས་ལོ་སུམ་བརྒྱ་དང་དྲུག་ཅུ་ཤིང་མོ་གླང་ལ་རྫོགས་ཆེན་སྟོན་པ་དགའ་རབ་དགྱེས་པ་རྡོ་རྗེ་ནུབ་ཕྱོགས་དྷ་ན་ཀོ་ཥར་སྐུ་འཁྲུངས། སྟོན་པ་འདས་ནས་ལོ་བཞི་བརྒྱ་ན་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་འཕགས་པ་ཐོགས་མེད་ཞབས་འཁྲུངས། གཞན་ཡང་རིག་འཛིན་གྲུབ་ཐོབ་བརྒྱད་དང་། ས་ར་ཧ་པ་ལ་སོགས་རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞི། འཛམ་གླིང་རྒྱན་དྲུག་རྨད་བྱུང་སློབ་དཔོན་གཉིས། མཁས་པ་སྒོ་དྲུག་སོགས་བྱོན་ནས་རྒྱ་གར་དབུས་དང་ཕྱོགས་བཞི་ཐམས་ཅད་དུ། སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའམ་དྲུག །གསང་སྔགས་ནང་པ་བསྐྱེད་རྫོགས་གསུམ་བཅས་ཀྱི་བསྟན་པ་བཤད་སྒྲུབ་ལས་ཀྱི་འཁོར་ལོས་ཉིན་མོ་ལྟར་གསལ་བར་མཛད་པའི་ལོ་རྒྱུས་
རྒྱས་བཤད་འདིར་ཉུང་ངུའི་ངག་གིས་འདོམས་པའི་སྐབས་བྲི་བར་མ་ལོང་། དེ་ནས་བོད་ཡུལ་དུ་རྒྱལ་བས་ལུང་བསྟན་པ་བཞིན་དམ་ཟཔའི་ཆོས་ཇི་ལྟར་དར་ཚུལ་ནི། འཕགས་མཆོག་རིགས་གསུམ་མགོན་པོའི་རྣམ་རོལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཐུགས་བསྐྱེད་དུས་སུ་སྨིན་པའི་༧ བཀའ་དྲིན་ལས་ཆོས་འཁོར་དཔལ་གྱི་བསམ་ཡས་སུ་མཁན་སློབ་པཎ་གྲུབ་མང་པོ་སྤྱན་དྲངས། སྤྲུལ་པའི་ལོ་ཙཱ་བ་མང་པོས་མདོ་སྔགས་བཀའ་དང་དགོངས་འགྲེལ་དཔག་ཏུ་མེད་པ་བསྒྱུར་བཤད་ཉན་བསམ་སྒོམ་སྒྲུབ་ཀྱི་སྒོ་ནས་གཏན་ལ་ཕབ་སྟེ་མཐའ་འཁོབ་མུན་པའི་གླིང་དུ་རྒྱལ་བསྟན་གསལ་བའི་སྒྲོན་ས་བཀའ་དང་བསྟན་བཅོས་འགའ་ཙམ་མ་གཏོགས་ཡོད་དོ་ཅོག་མཁན་སློབ་དང་ཆོས་
རྒྱལ་རལ་པ་ཅན་ཡན་ལ་བསྒྱུར་བ་ཡིན། བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་སློབ་དཔོན་པདྨས་ལས་ཅན་རྗེ་འབངས་ཉེར་ལྔ་ལ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་དབང་བསྐུར་བའི་ཚེ་དེ་དག་མཆོག་གི་གདུལ་བྱ་ཡིན་པས་དབང་དུས་སུ་རྟོགས་པ་བརྙེས། བཀའ་བབ་སོ་སོར་བསྒྲུབས་པས་ས་སོས་བཀའ་རེ་ལ་གྲུབ་པ་རེ་ཐོབ་པའི་གྲུབ་བརྙེས་མངའ་བདག་རྒྱལ་པོ་སོགས་རྗེ་འབངས་ཉི་ཤུ་རྩ་ལྔ་ཞེས་ཡོངས་སུ་གྲགས་པ་རྣམས་དང་། གཞན་ཡང་ཡེར་པའི་བྲག་ལ་འོད་ལུས་གྲུབ་པའི་གྲུབ་ཆེན་བརྒྱ་རྩ་བརྒྱད་འཕོ་བ་ཆེན་པོའི་སྐུར་བཞུགས་སོ། །དེ་དུས་གངས་ཅན་འདིར་ཉང་ཏིང་འཛིན་བཟང་པོ་ལ་སོགས་པ་འཇའ་ལུས་མངོན་དུ་གྱུར་པའི་གྲུབ་ཆེན་ཁྲི་ཕྲག་གཅིག །བཻ་རོ་ཙཱ་ན་ལ་སོགས་སྒྱུ་ལུས་ལ་བརྟན་པ་ཐོབ་ཅིང་གསུང་རབ་ཐམས་ཅད་མི་བརྗེད་པའི་གཟུངས་
ཐོབ་ནས། སོ་སོའི་སྐད་དུ་སྒྲ་བསྒྱུར་ཅིང་ཆོས་སྟོན་པའི་ལོ་ཙཱ་བ་བརྒྱ་དང་རྩ་བརྒྱད། སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་སོགས་པ་གར་ཐིག་དབྱངས་གསུམ་ལ་མཁས་ཤིང་བསྐྱེད་རྫོགས་ཟུང་དུ་འབྲེལ་བའི་སྔགས་འཆང་འབུམ་ཚོ་བཅོ་བརྒྱད། སྦ་ཡེ་ཤེས་དབང་པོ་ལ་སོགས་སྡེ་སྣོད་གསུམ་ལ་མཁས་ཤིང་བསླབ་པ་ལ་གནས་པ། སངས་རྒྱས་བསྟན་པའི་སྲོག་ཤིང་ལྷ་དང་མིའི་མཆོད་གནས་བྱེ་བ་ཐེར་འབུམ་གཅིག །མཁར་ཆེན་བཟའ་དང་རྡོ་རྗེ་སྒྲོལ་མ་ལ་སོགས་ལམ་རྩ་ཐིག་རླུང་གསུམ་གནད་དུ་བསྣུན་ནས་འཇའ་ལུས་མཁའ་སྤྱོད་གྲུབ་པའི་རིགས་ལྡན་མ་ཉི་ཤུ་རྩ་ལྔ། ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་སོགས་དྲག་པོ་མངོན་སྤྱོད་ཀྱིས་བསྟན་པ་བསྲུངས་ཤིང་བྲག་ཕུག་ཞྭ་ལྟར་གོན་པའི་གྲུབ་ཆེན་བརྒྱད་ཅུ་རྩ་ལྔ། འདན་མ་རྩེ་མང་དང་ལེགས་སྦྱིན་ཉི་མ་ལ་
སོགས་པའི་སྒྲ་དང་ཡི་གེ་ལ་མཁས་པ་གྲངས་ལས་འདས་པ་བཞུགས་པ་ཡིན་ལ། གཞན་ཡང་པཎྜི་ཏ་སྨིཾཏི་ཛྙཱ་ན་ཡན་ལ་བསྒྱུར་བ་རྣམས་སྔ་འགྱུར་རྙིང་མའི་ཆོས་དང་། དེ་ཕྱིན་ཆད་བསྒྱུར་བ་ལ་ཕྱི་འགྱུར་གསར་མའི་ཆོས་ཞེས་རྣམ་པར་བཞག་པ་ཡིན། དེ་ཡང་ཟབ་མོ་ནང་རྒྱུད་བསྐྱེད་རྫོགས་ཡོ་ག་གསུམ་མ་གཏོགས་མདོ་དང་བྱ་སྤྱོད་རྣལ་འབྱོར་གྱི་སྐོར་ལ་རྩོད་པ་མེད་ཅིང་། རྡོ་རྗེ་ཐེག་པ་བླ་མེད་ཀྱི་ཕྱོགས་ལ་གསར་མའི་ལོ་ཙཱ་བ་དང་མཁས་པར་གྲགས་པ་ཁ་ཅིག་༤ གིས་གསར་རྙིང་གྲུབ་མཐའི་ཆགས་སྡང་དང་ཕྱོགས་རིས་ཀྱི་ཡི་གེ་དུ་མ་སྤེལ་བས་བསོད་ནམས་དམན་པའི་སྐྱེ་བོ་མང་པོ་ངན་སོང་གི་གཡང་ལ་སྐྱུར་བ་ནི་སྙིང་རྗེ་སྐྱེད་འོས་སུ་སྣང་། ད་ནི་གསར་མ་ལས་ཁྱད་ཆོས་དྲུག་གིས་འཕགས་པའི་གསང་ཆེན་སྔ་འགྱུར་རྙིང་བསྟན་གྱི་ཆེ་བ་ཅུང་ཟད་བརྗོད་པའི་སྐབས་སུ་
བབ་པ་སྟེ། སྨྲ་བའི་དབང་པོ་མི་ཕམ་འཇམ་པའི་དབྱངས་ཀྱིས། མ་འོངས་སྔ་འགྱུར་བསྟན་ཞབས་སྐྱེས་རྣམས་ཀྱང་། །བརྒྱུད་པའི་མན་ངག་ལྡན་བྱས་རང་ལུགས་ཀྱི། །ཁས་ལེན་རྣམས་ལས་ཅུང་ཟད་མི་འདའ་བར། །དད་ཅིང་སྤྲོ་བའི་སེམས་ཀྱིས་བཟུང་བྱས་ན། །དམ་པ་རྣམས་ཀྱི་ཐུགས་རྗེས་ཡོངས་འཛིན་ཞིང་། །ཚེ་རབས་ཀུན་ཏུ་ཐེག་མཆོག་ཆོས་ཀྱིས་འབྱོར། །ཞེས་བརྩེ་བས་གདམས་པ་འདི་དགོས་གནད་ཤིན་ཏུ་ཆེ་བར་མཐོང་། དེ་ཡང་སྔ་འགྱུར་རང་ལུགས་ལ། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་སྟེ་ བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ ་དུ་རྣམ་བཞག་མཛད་པ་དང་། བསྟན་པ་སྔ་དར་སྐབས་བསྒྱུར་བའི་ཆོས་རྣམས་སྤྱན་འདྲེན་པ་པོ་ཡོན་བདག་གི་ཆེ་བ། གང་དུ་བསྒྱུར་བའི་གནས་ཕྱག་བཞེས་གཙུག་ལག་ཁང་གི་ཆེ་བ། སྒྲ་
སྒྱུར་ལོ་ཙཱ་བའི་ཆེ་བ། གྲུབ་ཐོབ་པཎྜི་ཏའི་ཆེ་བ། ཕྱག་རྟེན་མེ་ཏོག་གི་ཆེ་བ། བསྒྱུར་བྱ་ཆོས་ཀྱི་ཆེ་བ་སྟེ་དེ་ལྟར་ཆེ་བ་དྲུག་དང་གསང་སྔགས་བབ་བདུན་དུ་ཀུན་མཁྱེན་རོང་ཟོམ་ཆོས་བཟང་བཞེད་པ་དང་། ཡང་སྔ་འགྱུར་བཀའ་གཏེར་ཇི་སྙེད་པ་བབ་དྲུག་ཏུ་འདུས་པར་རྒྱལ་བས་ལུང་བསྟན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་དགོངས་པ་ལྟར་ན། བབ་དང་པོ་སངས་རྒྱས་གཉིས་པ་པདྨ་ཀཱ་རས་གདུལ་བྱ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་མན་ངག་ལྟ་བའི་ཕྲེང་བ་ཙམ་ཞིག་གསུངས། ཐུན་མོང་མ་ཡིན་པའི་སྐལ་ལྡན་རྣམས་ལ་ཡོ་ག་རྣམ་པ་ གསུམ་གྱི་སྨིན་གྲོལ་ཟབ་ཅིང་རྒྱ་ཆེ་བ་སྩལ་བའི་བཀའ་བརྒྱུད ་ཀྱང་ཉང་སྤང་འཁོན་གནུབས་རྨ་རོང་ཟོམ་སོགས་བརྒྱུད་དེ་གྲུབ་ཐོབ་རིག་འཛིན་བར་མ་ཆད་པར་བྱོན་པ་དང་། གདམས་སྐོར་ཕལ་མོ་ཆེ་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་རྒྱས་
བཏབ་པར་མཛད། གཉིས་པ་ལོ་ཆེན་བཻ་རོ་ཙཱ་ནས་མཁས་པ་ཉེར་ལྔ་སོགས་བསྟེན་ཅིང་ཁྱད་པར་རིག་འཛིན་ཤྲཱི་སིངྷ་ལས་རྫོགས་པ་ཆེན་པོའི་ཟབ་ཆོས་རྒྱ་ཆེར་གསན་ཅིང་བོད་དུ་སྤེལ་བ་ལས་སེམས་སྡེ་རིམ་པ་ལྔ་དང་། ཀློང་སྡེ་རྣ་ བརྒྱུད་ཟམ་མ་ཆད་པ་དང་། གསུམ ་པ་པཎ་ཆེན་བི་མ་ལ་བོད་དུ་ བྱོན་ནས་ཉང་བན་ཆེན་པོ་སོགས་ལ་རྫོགས་ཆེན་མན་ངག་སྡེའི་ཆོས་སྐོར་གནང་བ་རྣམས་བཀའ་བརྒྱུད་དང་གཏེར་བརྒྱུད་གཉིས་སུ་བྱོན། བཞི་པ་གནུབས་༧ ཆེན་སངས་རྒྱས་ཡེ་ཤེས་ཀྱིས་རྒྱ་གར་བལ་པོ་བྲུ་ཤའི་སློབ་དཔོན་རྣམ་པ་བཞི་ལས་ལུང་ཆེན་འདུས་པ་མདོ་དང་གཤེད་སྐོར་སོགས་གདམས་པ་མཐའ་ཡས་པཏྟཾ པ་གསན་ཅིང་འདུས་མདོའི་བཀའ་བརྒྱུད་ཀྱང་ད་ལྟའི་བར་བཞུགས། ལྔ་པ་གནུབས་ནམ་མཁའི་སྙིང་པོས་སློབ་དཔོན་ཧཱུྃ་ཀ་ར་ལས་དཔལ་ཡང་དག་གི་ཆོས་
སྐོར་གསན་ཅིང་སྤེལ་བ་དང་། རྡོ་རྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབས། བར་དུ་གནུབས་ལ་བབས། ཐ་མ་ཟུར་ལ་བབས་ཞེས་གྲགས་པ་ལྟར་དེ་དག་གི་ཆོས་བརྒྱུད་སློབ་བརྒྱུད་མཐའ་ཡས་པ་བྱུང་ཚུལ། གཉགས་ཛྙཱ་ན་ཀུ་མཱ་ར་ལ་སློབ་མ་དཔལ་གྱི་མིང་ཅན་བརྒྱད་སོགས་གྲུབ་བརྙེས་མང་དུ་བྱུང་། ། གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ། ཐུགས་ཟིན་གྱི་སློབ་མ་བཞི་དང་། སྲས་ཀྱི་ཐུ་བོ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་དང་ལྔ་སོགས་མང་པོ་བྱུང་། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ། སློབ་མ་རྩེ་མོ་བཞི་དང་། རྩེ་ལྐོག་བརྒྱད། སྒོམ་ཆེན་བརྒྱ་དང་བརྒྱད་སོགས་མང་པོ་བྱུང་། ཟུར་ཆུང་ཤེས་རབ་གྲགས་པ་ལ་།སློབ་མ་ཀ་བ་བཞི། གདུང་མ་བརྒྱད། ཕྱམ་བཅུ་དྲུག །གྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས་སོགས་བྱུང་། ཟུར་སྒྲོ་ཕུག་པ་ཤཱཀྱ་སེང་གེ་ལ་སློབ་
མ། ནག་པོ་བཞི། སྟོན་པ་བཞི། མེས་པོ་བཞི་དང་བཅུ་གཉིས་ལ་སོགས་གདུགས་ཐོགས་སྟོང་ཙམ་བྱོན་པ་སྟེ། དེ་ལྟར་ཟུར་པ་མེས་དབོན་རྣམ་གསུམ་ཞེས་ས་གསུམ་ན་སྙན་གྲགས་ཀྱི་བ་དན་དཀར་པོ་གཡོ་བ་དེ་དག་གིས་སྔ་འགྱུར་བསྟན་པ་ཕྱི་དར་གྱི་རྩ་བ་བཙུགས། ཡལ་ག་བརྐྱངས། ལོ་འབྲས་རྒྱས་པར་མཛད་སྐབས་བོད་ལ་གསང་སྔགས་ཀྱི་བསྟན་པ་དར་ཚུལ་ཨོ་ཌི་ཡ་ན་དང་མཚུངས་པར་གྲགས། དྲུག་པ་ཕྱི་རབས་ཀྱི་དུས་སུ་རྗེ་འབངས་༧ ཉེར་ལྔའི་རྣམ་པར་འཕྲུལ་པ་སྐལ་ལྡན་གྱི་སྐྱེས་བུ་རིམ་པར་བྱོན་པ་རྣམས་ཀྱིས། གཏེར་དུ་སྦས་པའི་ཟབ་ཆོས་རྣམས་དུས་དང་མཚུངས་པར་སྤྱན་དྲངས་ཏེ་བོད་ཁམས་མཐའ་དབུས་ཀྱི་སྐྱེ་རྒུ་ཡོངས་ལ་འཕྲལ་དང་ཡུན་གྱི་ཕན་བདེ་བླ་ན་མེད་པ་སྟེར་བཞིན་པར་སྣང་ངོ་ཞེས་གསུངས་ཤིང་། རྒྱུད་མ་ཧཱ་ཡོ་ག་ལ་རྩ་བ་
རྒྱུད་སྡེ་དང་། ཟབ་པ་སྒྲུབ་སྡེ་གཉིས། ལུང་ཨ་ནུ་ཡོ་ག་ལ། རྩ་བ་ཀུན་འདུས་རིག་པ། སྤྱི་མདོ་དགོངས་པ་འདུས་པ་སོགས་འོག་མིན་ཚོགས་ཆེན་འདུས་པ་ཡན་ལག་དང་བཅས་པ། མན་ངག་ཨ་ཏི་ཡོ་ག་ལ། སེམས་སྡེ་ཨ་དོན་བཅོ་བརྒྱད། ཀློང་སྡེ་རྡོ་རྗེ་ཟམ་པ། མན་ངག་སྡེ་རྒྱུད་བཅུ་བདུན། ལྡང་མ་ལྷུན་རྒྱལ་གྱི་བི་མ་སྙིང་ཐིག་དང་། ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག །ཀློང་ཆེན་པའི་ཡང་ཏིག་རྣམ་གསུམ། མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ་སོགས་དང་། དུང་མཚོ་རས་པའི་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག །བྱང་གཏེར་དགོངས་པ་ཟང་ཐལ་སོགས་དང་། གཞན་ཡང་གཏེར་ཁ་གོང་འོག ། ཨོ་རྒྱན་གླིང་པ། རཏྣ་གླིང་པ། སངས་རྒྱས་གླིང་པ། པདྨ་གླིང་པ། ཞིག་པོ་གླིང་པ། འཇའ་ཚོན་སྙིང་པོ། བདུད་འདུལ་རྡོ་རྗེ། ཀློང་གསལ་སྙིང་པོ། སྟག་
ཤམ་རྡོ་རྗེ། འཇིགས་མེད་གླིང་པ་ལ་སོགས་ཚད་ཐུབ་ཡོངས་གྲགས་མང་པོ་སྔ་ཕྱིར་བྱོན་པ་རྣམས་ཀྱི་གཏེར་ཆོས་བླ་རྫོགས་ཐུགས་གསུམ། བཀའ་དགོངས་ཕུར་གསུམ། བཀའ་འདུས་སྔ་ཕྱི་ལ་སོགས་ས་གཏེར་དང་དགོངས་གཏེར། གཡུ་ཐོག་སྙིང་ཐིག །རིག་འཛིན་སྲོག་སྒྲུབ། གསང་བ་རྒྱ་ཅན་སོགས་ཟབ་མོ་དག་སྣང་གི་ཆོས་སྐོར་ཟབ་ལ་རྒྱ་ཆེ་བའི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལས་རགས་པ་ཙམ་བརྗོད་པ་དེ་རྣམས་ནི་དཔལ་ཀཿཐོག་པ་ཆེན་པོ་ཡབ་སྲས་བརྒྱུད་པ་དང་བཅས་པའི་ཆོས་ཀྱི་ཁུངས་སྨོས་པ་ཡིན་ནོ། །ད་ནི་གཉིས་པ་ཁུངས་དེ་ལྡན་གྱི་གདན་རབས་དངོས་བཤད་པ་ལ་གཉིས། ཀཿཐོག་པ། སྔ་རབས་ཀྱི་བྱུང་བ་བརྗོད་པས་ཁོག་དབུབ་པ་དང་། ཕྱི་རབས་ཀྱི་ལོ་རྒྱུས་བཤད་པས་མཇུག་བསྡུ་བའོ། །དང་པོ་ལ་བརྒྱད། དམ་གཙང་བྱམས་གསུམ། བླ་
རབས་བཅུ་གསུམ། ལུང་བསྟན་བུ་བཞི། ཐོས་ཆོག་རྣམ་གསུམ། འཆད་ཉན་མཁན་རབས། དྲུང་རབས་བཅུ་གསུམ། རྨོག་རབས་བཅུ་གསུམ། མན་ངག་ བརྒྱུད་པ་བཅས་ཀྱིས་འཁོར་ལོ་གསུམ ་གྱི་སྒོ་ནས་ཀཿཐོག་བསྟན་པ་འཛིན་སྐྱོང་སྤེལ་ཚུལ་བཤད་པའོ། །དང་པོ་ནི། དེ་ལ་བོད་ཆེན་པོའི་ལྗོངས་སུ་སྔ་འགྱུར་བསྟན་པ་ཕྱི་དར་ལ་ཡོངས་གྲགས་སུ་བྱུང་བའི་རྙིང་དགོན་གྱི་ཐོག་མ་ནི་ཀཿཐོག་ཡིན་ཞིང་། དེ་ཆགས་བཏབ་པ་པོ་ཀཿདམ་པ་བདེ་གཤེགས་སམ་ཤར་བླ་མ་སྤོབས་པ་མཐའ་ཡས་ཉིད་ཡིན་པས། ཐོག་མར་དམ་གཙང་བྱམས་གསུམ་ཞེས་འཕགས་མཆོག་རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རྩོད་པ་དང་བྲལ་བ་དཔོན་སློབ་གསུམ་གྱི་སྐྱེས་རབས་རྣམ་ཐར་ཅུང་ཟད་འཆད་པ་ལ། མཁས་མཆོག་དཔལ་དགེ་སྤྲུལ་སྐུས། མཉམ་མེད་གཙུག་གི་རྒྱན་གྱུར་ཀཿདམ་པ། །
ཀུན་ཏུ་འོད་ཀྱི་སར་བཞུགས་གཙང་སྟོན་རྗེ། །ཐམས་ཅད་མཁྱེན་དངོས་དཔལ་ལྡན་བྱམས་པ་འབུམ། །བསྟན་པའི་འབྱུང་གནས་གསུམ་ལ་གསོལ་བ་འདེབས། །ཞེས་རྒྱུ་མཚན་དང་ལྡན་པའི་དོན་གྱི་རྣམ་ཐར་ལ་ཆེད་དུ་བསྔགས་པ་སྟེ་བསྟན་པའི་འབྱུང་གནས་མཉམ་མེད་ཆོས་རྗེ་ཀཿཐོག་དམ་པ་བདེ་གཤེགས་སམ། ཤེས་རབ་སེང་གེ་ཞེས་ཀྱང་གྲགས་པའི་བདག་ཉིད་ཆེན་པོ་དེ་ནི་བསྐལ་པ་ཐོག་མ་མེད་པའི་དུས་ནས་བྱང་ཆུབ་མཆོག་གི་གོ་འཕང་མངོན་དུ་བརྙེས་ཟིན་ན་ཡང་། སྙིང་པོ་མཆོག་གི་བསྟན་པ་དང་། གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད་པའི་ཕྱིར་ཐབས་ལ་མཁས་པའི་གནད་གསང་གིས་སྐུ་ཚེ་སྔོན་མའི་འཁྲུངས་རབས་ཡོངས་གྲགས་འགའ་ཞིག་བརྗོད་པ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱི་སྲས་མོ་དང་། འོད་སྲུང་གི་དུས་སུ་རྒྱལ་པོ་ཀྲི་ཀྲིའི་སྲས་
མོ་བདུན་གྱི་ཆེ་བར་སྐྱེ་བ་བཞེས་དུས། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དུ་མས་རབ་ཏུ་མཉེས་པར་བྱས། དེའི་འོག་ཏུ་བདག་ཅག་གི་སྟོན་པའི་དྲུང་དུ་གནས་བརྟན་ཆེན་པོ་བྷ་ར་ངྷ་ཛ་དང་། དེའི་རྗེས་སུ་ཐོག་མར་མུ་སྟེགས་ཀྱི་པཎྜི་ཏ་ཕྱིས་སངས་རྒྱས་པར་གྱུར་པ་ཞིག་དང་། དེ་ནས་སོ་རར། རྒྱལ་པོའི་སྲས་ཞི་བ་ལྷར་འཁྲུངས་ནས་ནཱ་ལནྡྲའི་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་ཞིང་། དུས་སྐབས་དེར་མུ་སྟེགས་ཞི་བ་པའི་ལུགས་དར་ཏེ་ནང་པའི་བསྟན་པ་ལ་གནོད་པ་ཆེར་བྱས་པ་ལ། སློབ་དཔོན་གྱིས་ཐོག་མར་གྲུབ་མཐའ་དེ་ལ་བསླབ་ནས་ཉམས་འོག་ཏུ་ཆུད་པ་དང་། གཟོད་རྩོད་པས་ཚར་བཅད་ནས་ནང་པའི་བསྟན་ལ་བཅུག །ཡང་མུ་སྟེགས་ཀྱི་མཁས་པ་འགའ་དང་བརྩད་པའི་ཚེ་འཕགས་པ་འཇམ་དཔལ་དབྱངས་མདུན་གྱི་ནམ་མཁར་བྱོན་ནས་ཕ་རོལ་པོ་རྩོད་པའི་
སྤོབས་པ་བཅོམ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྟན་བཅོས་བརྩམས་ནས་ནམ་མཁར་འཕུར་ཞིང་རྒྱ་གར་ལྷོ་ཕྱོགས་སུ་གཤེགས། སློབ་དཔོན་དགའ་རབ་རྡོ་རྗེའི་སློབ་མ་ཏོག་རྩེ་པར་གྱུར་ནས་བསམ་གྱིས་མི་ཁྱབ་པའི་གཞུང་མཛད་པ་དང་། བོད་ཡུལ་དུ་སད་མི་མི་བདུན་གྱི་ནང་ནས་ལོ་ཙཱ་ཆེན་པོ་རྨ་རིན་ཆེན་མཆོག་ཏུ་གྱུར་ཚེ་གསང་བ་སྙིང་པོ་ལ་སོགས་མདོ་རྒྱུད་མང་པོ་བསྒྱུར་ནས་འཆད་ཉན་མཛད་པ་དང་། ཡང་རྒྱ་གར་ནུབ་ཕྱོགས་ཝཱ་ར་ཎཱ་སིའི་རྒྱལ་པོར་གྱུར་ཚེ། བླ་མཆོད་པཎྜི་ཏ་དང་། བར་ལ་ཕྲ་མ་བཅུག་མཁན་བློན་པོའི་ལྕེ་བཅད་པའི་རྣམ་སྨིན་གྱིས་ད་ལྟ་ལྗགས་མི་བདེ་བ་ཡིན་ཞེས་གསུངས། ཡང་རི་དྭགས་ཀྲྀཥྛས་ར་དང་། དྲང་སྲོང་ག་གཱཏིའི་དྲུང་དུ་བྱ་ནེ་ཙོ་ཞིག་ཏུ་གྱུར་སྐབས། དྲང་སྲོང་ཞིག་གིས་དེ་ལ་རིག་སྔགས་བསླབས་
ནས་ལོབས་ཏེ་ནུས་པའང་ཐོབ། དུས་གཞན་ཞིག་ཏུ་རི་དེའི་ཤར་ཕྱོགས་ཀྱི་མཚོ་ཞིག་ལ་གནས་པའི་ཀླུ་བྱམས་པའི་སེམས་དང་ལྡན་པ་ཞིག་ཡོད། རི་དེའི་ལྷོ་ཕྱོགས་སུ་ཀླུ་ནག་ཕྱོགས་གདུག་པ་ཅན་ཞིག་ཀྱང་ཡོད་པ་དེས་སེམས་ཅན་ལ་གནོད་པ་བརྩམ་པའི་སྔ་རོལ་དུ། ཀླུ་དཀར་པོའི་སྟེང་དུ་དམག་དྲངས་ནས་། འཇིགས་པའི་ཆོ་འཕྲུལ་ནམ་མཁའ་ལ་ཐོག་སེར་དང་སྤྲིན་ནག་གིས་ཁྱབ་ཅིང་། ས་གཞི་ལ་སྦལ་པ་དང་སྡིག་པ་སོགས་སྲོག་ཆགས་སྣ་ཚོགས་དང་བཅས་པ་འོངས་པ་ན། ཀླུ་དཀར་པོས་ནེ་ཙོ་ལ་སྐྱབས་སུ་སོང་བས། དེས་གདུག་པའི་ཀླུའི་ཕྱོགས་སུ་བལྟས་ཏེ་རིག་སྔགས་བཟླས་ཤིང་གཤོག་པ་བརྡབ་པས་ནག་པོའི་ཀླུ་བྲོས་ཤིང་སྤྲིན་རྣམས་ཡལ། སྲོག་ཆགས་རྣམས་ཀྱང་མེད་པར་གྱུར་ཏེ་དཀར་པོའི་ཀླུ་སྟོབས་རྒྱས་པས། རྒྱལ་ཁམས་ཐམས་ཅད་དུ་ལོ་ལེགས་བདེ་
བ་དང་ལྡན་པར་བྱས་པ་དང་དེའི་འོག་ཏུ་རྒྱ་གར་ནུབ་ཕྱོགས་སུ་རྒྱལ་རིགས་ཀྱི་པཎྜི་ཏ་རྟེན་རབ་བྱུང་ལ་སྔགས་ཀྱི་ནུས་པ་ཐོབ་པས་ཌཱ་ཀི་ཟ་རྣམས་ལ་དབང་བསྒྱུར་རཏྣ་ཤཱི་ལ་ཞེས་པ་དང་། ལྷོ་ཕྱོགས་ཀྱི་རྒྱུད་དུ་རྗེ་རིགས་ཀྱི་པཎྜི་ཏ་གཞོན་ནུ་སེང་གེ་ཞེས་སྔགས་ལ་མཁྱེན་པ་ཆེ་བ་ཞིག་དང་། དེའི་འོག་ཏུ་པཎྜི་ཏ་ཆེན་པོ་སུ་མ་ཏི་ཀཱིརྟིའམ་མཚན་གཞན་བལ་པོ་བྷ་དནྟ་བྱ་བ་དཔལ་ནཱ་རོ་པའི་དངོས་ཀྱི་སློབ་མར་གྱུར་ཅིང་། བཀའ་བབ་དང་པོ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་རང་དབང་བརྙེས་ཤིང་རྒྱུད་སྡེ་ཐམས་ཅད་ལ་མཁྱེན་པ་ཆེ་ཞིང་ཁྱད་པར་བདེ་མཆོག་སྒོ་ནས་གྲུབ་པ་ཐོབ། ལྷོ་བྲག་མར་པ་ལོ་ཙཱས་ཀྱང་ནཱ་རོ་པའི་འོག་ཏུ་བཀའ་དྲིན་ཆེ་བའི་བླ་མར་མཛད། སྐུ་ཚེའི་སྨད་ལ་མི་ཉག་རྒྱལ་པོས་སྤྱན་དྲངས་ཏེ་རྒྱལ་ཁམས་དེར་ཕེབས་ནས་རྒྱལ་པོ་ལ་དབང་བསྐུར་བ་སོགས་
ཕན་པ་རྒྱ་ཆེན་པོ་མཛད། དེ་ནས་ཀྱི་ཏན་གྱི་རྒྱལ་པོས་ཀྱང་སྤྱན་དྲངས་ཏེ་སྔོན་དུ་ཆོས་མ་དར་བའི་རྒྱལ་ཁམས་མང་པོ་ཆོས་ལ་བཅུག་ནས་རྒྱལ་སྲིད་ཆོས་དང་མཐུན་པར་བསྐྱང་དུ་བཅུག །རྒྱལ་པོའི་གཙོས་པའི་དྲྭ་མ་རྣམས་ལ་བདེ་མཆོག་གི་དབང་བསྐུར་ཞིང་ཡི་དམ་དུ་ཕོག་པས་ཐམས་ཅད་ཀྱིས་བསྒོམས་པས་དངོས་གྲུབ་སྣ་རེ་མ་ཐོབ་པ་མེད་པར་གྲགས། དེ་ནས་རྒྱ་མཚོའི་གླིང་ཞིག་ཏུ་བྱོན་པ་ན་སྒྲ་དང་འོད་ལ་སོགས་པའི་ལྟས་ཆེན་པོ་དང་བཅས་གཤེགས་པའི་ཚུལ་ཊ མཛད་ནས་བར་དོ་གཞན་མ་བརྒྱུད་པར་ཡབ་ཀྱི་སྤྱི་བོ་ནས་བབས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས་པ་ཡིན་ཞེས་གསུངས་པ་སྟེ་དེ་ལྟར་སྐུ་ཚེ་སྔོན་མའི་འཁྲུངས་། རབས་འགའ་ཞིག་བཤད་ནས། ད་ནི་བདག་ཉིད་ཆེན་པོ་འདིའི་སྐུ་སྐྱེ་བ་བཞེས་ཚུལ་ནི། དེ་ཡང་མདོ་ཁམས་བུ་འབོར་སྒང་དུ་གཏོགས་པ་འབྲི་ཆུའི་རྒྱུད་དུ་རྗེ་
ཕག་མོ་གྲུ་པ་དང་ཡུམ་སྤུན་གྱི་མཆེད་དུ་གྱུར་པ་སྟེ། ཕག་གྲུ་རྨེ་ཤོད་འབལ་མོ་ད་ལྟ་གསེར་ཁང་དུ་འབོད་པ་དེར་འཁྲུངས། རྗེ་འདི་ཡང་དེ་དང་མི་རིང་བ་དཔེ་ཝར་འབིས་མོ་ནང་ཞེས་པར་གདུང་རུས་སྒ། ཡབ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་གཙང་པ་དཔལ་གྲགས་དང་། ཡུམ་གཙང་མོ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་ཕོ་སྟག་༡༡༣༤ལ་འཁྲུངས་པ་ཡིན་ཏེ། དམ་པ་རིན་པོ་ཆེའི་དགུང་སྙིང་ལ་ཆོས་འབྱུང་འགའ་ཞིག་ཏུ་ཆུ་སྟག་ཅེས་བཀོད་འདུག་ནའང་རང་ལུགས་ཀཿཐོག་པ་ཚེ་དབང་ནོར་བུའི་དུས་ཀྱི་ངེས་པ་དྲན་པའི་ལེགས་བཤད་རིན་པོ་ཆེའི་སྒྲོན་མེ་ལས། རབ་བྱུང་གསུམ་པ་ཤར་བ་ན། ཕག་མོ་གྲུ་པ་དང་། ཀརྨ་པ་དུས་གསུམ་མཁྱེན་པ་ལྕགས་སྟག་སོ་བརྒྱད། ཀཿཐོག་དམ་པ་བདེ་གཤེགས་ཤིང་སྟག་བཅུ་བཞི་ཞེས་
གསུངས་པ་འཐད་ལྡན་དུ་བཟུང་ངོ་། །ལྷུམས་སུ་ཞུགས་ཚེ་ཡུམ་གྱི་མནལ་ལམ་དུ་མེ་ཏོག་པདྨ་སེར་པོ་འདབ་མ་ཤིན་ཏུ་མང་པོ་ཡོད་པ་ཞིག་ཁོང་དུ་སོང་བ་དང་། ལྟེ་བར་ཉི་མ་ཤར་བ་རྨིས། འཁྲུངས་མ་ཐག་དགུན་ཁ་ཡིན་ཀྱང་མེ་ཏོག་མང་པོ་སྐྱེས་པ་དང་། བྱ་རོག་གིས་བསྐོར་བ་སོགས་ལྟས་ཡ་མཚན་པ་དུ་མ་བྱུང་། ཡབ་ཀྱིས་དགེ་བ་འཕེལ་དུ་བཏགས། དགུང་ལོ་དྲུག་པར་འབྲི་ཀློག་བསླབ་པས་ཚེགས་མེད་དུ་མཁྱེན། བླ་མ་དཔལ་འཛིན་ཞུ་བ་ལས་དགེ་བསྙེན་གྱི་སྡོམ་པ་ཞུས། དགུང་ལོ་བདུན་བརྒྱད་དུས་ཐུན་མོང་གི་རིག་གནས་བཟོ་དང་གསོ་བ་སྤོར་ཐང་རྩིས་ཀྱི་གབ་རྩེ་། ཐོན་མིའི་སུམ་རྟགས་དང་། སྨིཾ་ཏིའི་སྨྲ་སྒོ། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་སོགས་ལ་མཁས་པར་སྦྱངས། འཕགས་པ་བརྒྱད་སྟོང་པ་ཐུགས་ལ་བཟུང་། དགུང་ལོ་བཅུ་དྲུག་པར་ཀཾ་པོ་གནས་སུ་
ཕེབས། དགེ་བཤེས་བྱང་སྟོན་བྱམས་པ་རྣམ་དག་ལས། འདུལ་བ་ཕྲན་ཚེགས། ཕའི་རྣམ་འབྱེད་ཀྱི་བཤད་པ། དབུ་མ་རྒྱན། ཆོས་མངོན་པ་མཛོད། མངོན་པ་ཀུན་བཏུས། ཀ་མ་ལ་ཤཱི་ལའི་སྒོམ་རིམ། ཐུབ་པའི་སྐྱེས་རབས་སོ་བཞི་པ། བཤེས་སྤྲིངས། དབུ་མ་རིན་ཆེན་ཕྲེང་བ། སློབ་སྤྲིངས། ཤེར་ཕྱིན་སྐོར་དགེ་བ་རབ་གསལ་ལས་བརྒྱུད་པའི་ཐོགས་མེད་ལུགས་དང་རྣམ་གྲོལ་སྡེའི་ལུགས། སེང་བཟང་ལུགས་བཅས་པའི་མངོན་རྟོགས་ང་༧ རྒྱན་མདོ་དང་སྦྱར་བའི་བཤད་པ། སྤྱི་ཏི་ནས་བརྒྱུད་པའི་གསང་འདུས་ལུགས་བཞི་མཚན་བརྗོད་བཅས་ཀྱི་སྨིན་ཁྲིད་རྒྱས་པ། སེམས་སྡེ་སྔ་ཕྱིའི་འགྱུར་ཀུན་ཏྟི གྱི་བཤད་པ། གསང་བ་སྙིང་པོའི་དབང་དང་། ཉི་འོད་སེང་གེའི་འགྲེལ་པ། རིག་པ་སྤྱི་བླུགས་ཀྱི་དབང་། དགའ་རབ་རྡོ་རྗེའི་ཉམས་སྒྲོན་སོགས་འགྲེལ་པ་
ཉི་ཤུ་ཙམ་དང་། རོང་ཟོམ་གསུང་འབུམ་པོད་ཉི་ཤུ་ཙམ་བཅས་ལོ་གཅིག་གསན་སྦྱངས་གནང་། དགུང་གྲངས་བཅུ་བདུན་པར་དབུས་སུ་བྱོན། རྡོ་ཐོག་ཐེལ་པ་རྡོ་རྗེ་རྒྱལ་མཚན་ལས་བྱམས་ཆོས་སྡེ་ལྔ་ཚར་གཉིས་དང་། པྲ་ཀཱ་ར་ཎ་སྡེ་བརྒྱད་སོགས་བསྟན་བཅོས་བོད་དུ་འགྱུར་བ་པོད་བརྒྱ་ཙམ་གྱི་བཤད་པ་དང་ལུང་ལེགས་པར་ནོས། སྟོད་ལུང་རྒྱ་དམར་བ་ལས། དབུ་མ་བདེན་གཉིས། བྱམས་ཆོས། སྤྱོད་འཇུག །བསླབ་བཏུས་དང་མདོ་བཏུས་རྣམས་ཀྱི་བཤད་པ་དང་། དུས་འཁོར་རྩ་རྒྱུད་དང་དབང་མདོར་བསྟན་བཅས་ཀྱི་དབང་དང་བཤད་ཁྲིད། དབུ་མ་རྟོག་གེ་འབར་བ་སོགས་གསན། སྟོད་ལུང་པ་ལས་ཀྱང་མཚན་བརྗོད་ལུགས་གསུམ་དང་། འཇམ་དཔལ་སྒྱུ་དྲྭ། སམྦུ་ཊི། དཔལ་མཆོད་དང་པོ། རྟ་མཆོག་རོལ་པ། ཕྱག་རྡོར་དབང་བསྐུར་བ། རྡོ་རྗེ་རྣམ་འཇོམས་སོགས་རྒྱ་
འགྲེལ་དང་གཏུགས་ཏེ་གསན། དགུང་གྲངས་ཉེར་གཅིག་པར། རྭ་སྒྲེང་དུ་མཁས་པ་སེང་བཟང་པ་ལས། དབུ་མ་རིགས་ཚོགས་དྲུག །བུདྡྷ་པཱ་ལི་ཏ། ཚད་མ་རྣམ་ངེས་དང་ཀུན་ལས་བཏུས། བཀའ་གདམས་ལམ་སྒྲོན་དང་། བློ་སྦྱོང་སྐོར་དུ་མ་གསན་ཅིང་ལྷ་ས། བསམ་ཡས། ཁྲ་འབྲུག །གསང་ཕུ་རྣམས་སུ་གྲ་སྐོར་མཛད་པས་མཁས་པའི་གྲགས་པ་བྱུང་། དགེ་བཤེས་ངག་དབང་བརྩོན་འགྲུས། རྗེ་བཙུན་བསོད་ནམས་རྩེ་མོ། ཀུན་དགའ་ལེགས་པ་དཔལ་འབྱོར་རྣམས་ལས། ས་སྐྱའི་ཡང་ཕུར། རྡོ་རྗེ་གུར། བརྟག་གཉིས་བཅས་ཀྱི་དབང་དང་ཁྲི་དང་། ཀཾ་ཆོས་ཀྱི་ཡེ་ཤེས་ལས་སླར་ཡང་དགྱེས་རྡོར་ལམ་འབྲས་ཀྱི་སྐོར་ནོས། ལྡོང་སྟོན་རྡོ་རྗེ་སྙིང་པོ་དང་། བོ་དྷི་ཞང་སྟོན་ལས་འདུས་པ། དེ་གཉིས་ཀའི་སློབ་མ་ལ་སྟོད་དཔལ་གྱི་དབང་ཕྱུག་
ལས་སྒྲོན་གསལ་གྱི་བཤད་པ་དང་། གཤིན་རྗེ་དགྲ་གདོང་འཇིགས་གསུམ་གསན། སྐྱོར་ལུང་པ་ལས་གནུབས་ཀྱི་ཐུགས་དམ་གཤིན་རྗེའི་རྒྱུད་བདུན་གྱི་བཤད་པ་དང་། རྔོག་ལུགས་ཡོངས་རྫོགས་ཀྱི་དབང་ལུང་ནོས། ཡང་ཀཾ་ཆོས་ཡེ་ལས་ཇོ་བོ་རྗེ་ནས་བརྒྱུད་པའི་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་གསན་ཅིང་། ལོ་དེར་དགའ་ལྡན་དུ་བྱམས་པའི་དྲུང་དུ་ཞག་ཉེར་གསུམ་བར་རྒྱལ་ཚབ་མ་ཕམ་ལས་ཆོས་གསན་པས་ཐེག་པའི་སྒྲོ་འདོགས་མ་ལུས་པ་ཡོངས་སུ་ཆོད་པ་དེ་ལྟ་བུའི་དག་སྣང་བྱུང་། སྐྱི་འདུལ་འཛིན་ལས་སུམ་བརྒྱ་པ་དང་འོད་ལྡན་མདོ་རྩ་རྣམས་གསན། རྭ་ལོའི་སློབ་མ་ཀཾ་ལོ་ཙཱ་ལས། བདེ་མཆོག་གི་དབང་དང་གདམས་ངག །སེམས་བསྐྱེད་དབུ་མ་ལུགས་བཅས་གསན། ཅོག་རོ་ལོ་ཙཱ་ལས། ཕག་མོ་དང་སྡོམ་འབྱུང་གསན། དགུང་གྲངས་ཉེར་གཉིས་
པར། སློབ་དཔོན་རཏྣ་སེངྒེ་ལས། བདེ་མཆོག་མཁའ་འགྲོ་ཞུས་ནས་ཟླ་བ་དྲུག་བསྒྲུབས་པས་ཞལ་གཟིགས། གདན་བཞིའི་བཤད་པ་ཡང་གསན། དགུང་གྲངས་ཉེར་བཞི་པར་འཕན་ཡུལ་དུ་བླ་མ་བྱང་ཆུབ་སེང་གེ་ལས་རབ་ཏུ་བྱུང་། མཚན་ཤེས་རབ་སེང་གེར་གསོལ། དེ་ནས་དབུས་སུ་ནགས་ཀྱི་མཁན་ཆེན་ལས་དཔལ་ལྡན་སྣར་ཐང་པའི་སྨད་འདུལ་བ་ཀླུ་མེས་ཀྱི་བརྒྱུད་པ་ལ་བརྟེན་ནས་བསྙེན་རྫོགས་བཞེས་ཤིང་འདུལ་བའི་ཕྱོགས་ལ་མཁས་པར་སྦྱངས། མི་ལའི་སློབ་མ་ཟླ་བ་ལྟ་བུ་རས་ཆུང་རྡོར་གྲགས་ལས་ནཱ་རོ་ཆོས་དྲུག་དང་། ལུས་མེད་མཁའ་འགྲོའི་སྙན་བརྒྱུད། གྲུབ་རྒྱལ་ཚེ་དབང་བཅས་པཙིཏྟཾ གསན། རས་པ་ཞི་བ་འོད་ལས་གཏུམ་མོའི་མན་ངག་དང་འཇིགས་བྱེད་ལྷ་ལྔའི་ལུང་ནོས། འཛམ་སྟོན་འགྲོ་བའི་མགོན་པོ་དང་། ལྕེ་རྟ་ནག་པ། སྤྲང་ཕུར་
མགོ། བླ་མ་ཞང་འབུམ་རྣམས་ལས་སྒྱུ་འཕྲུལ་སྡེ་བརྒྱད། སེམས་སྡེ་བཅོ་བརྒྱད། སངས་རྒྱས་མཉམ་སྦྱོར། ཧེ་རུ་ཀ་གལ་པོ། དམ་ཚིག་གསུམ་བཀོད། ། གླང་ཆེན་རབ་འབོགས། ལང་ལབ་ནས་བྱུང་བ་རྡོ་རྗེ་ཕུར་པའི་བཤད་སྐོར། མདོ་དགོངས་འདུས། རྡོ་རྗེ་བཀོད་པ། ཀུན་འདུས་རིག་པའི་མདོ་ལ་སོགས་པ་དབང་གི་ཆུ་བོ་ཆེན་པོ་ཟླ་བ་བདུན་དུ་བྱས་པའི་སྒྲུབ་དབང་སོགས་དགུང་གྲངས་ཉེར་བརྒྱད་ལ་ཐུག་བར་ལོ་བཞིའི་རིང་བུམ་པ་གང་བྱོར་གསན། ཟངས་རི་མཁར་དམར། མ་གཅིག་གི་སྲས་ཐོད་སྨྱོན་བསམ་འགྲུབ་ལས། དམ་པའི་ཞི་བྱེད་སྐོར་མང་པོ་ནོས་ཤིང་བསྒོམས་པས་ཚར་ཚད་དང་ཆོད་ཚད་མཐར་ཕྱིན། དྭགས་པོ་སྒོམ་པ་ཚུལ་ཁྲིམས་སྙིང་པོ་ལས་སྒྲོལ་དཀར་དབང་དང་ཆོས་དྲུག་ཁྲིད། རྣལ་འབྱོར་མའི་སྐོར་ཞུས། མཉམ་མེད་དྭགས་པོ་རིན་པོ་ཆེ་མཇལ་ཏེ་
གསེར་སྲང་བཅུའི་མཎྜལ་ཕུལ། ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཟླ་བ་གཅིག་ཞུས། ཙཱ་རིའི་གནས་ལ་བསྒོམ་དུ་སོང་གསུངས་པ་བཞིན་དེར་ཕྱིན་ནས་བསྒོམས་པས་ཉམས་སྣ་ཚོགས་བྱུང་བའི་མཐར། སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་ཞལ་གཟིགས། ཉམས་ཀྱི་ཤུན་པ་དང་བྲལ་བའི་རྟོགས་པ་འཁྲུངས། སླར་ཡང་བླ་མ་ལྷ་རྗེ་བའི་དྲུང་དུ་རྟོགས་པ་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ཏེ་ལས་ཅན་གྱི་སློབ་མར་བཟུང་། རྗེ་དུས་གསུམ་མཁྱེན་པ་ལས་འཁོར་ལོ་བདེ་མཆོག་གི་དབང་བསྐུར་གྱི་རིམ་པ་དང་། ཕྱག་ཆེན་ཆོས་དྲུག་སོགས་གསན་པས་རྗེ་དབུ་སེའི་སློབ་མ་གདུགས་ཐོགས་སྟོང་གི་ཐུ་བོར་གྱུར། སྤྱིར་ཡང་བདག་ཉིད་ཆེན་པོ་འདི་ཡི་སྐྱེ་བ་དུ་མར་འཇམ་དཔལ་དབྱངས་ཀྱིས་དགེ་བའི་བཤེས་གཉེན་མཛད་པས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་སྤངས་
པའི་ཐམས་ཅད་མཁྱེན་པ་ཆེན་པོར་བཞུགས། ཁམས་དབུས་ཀྱི་བླ་མ་བརྒྱ་རྩ་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་དང་། རྡོ་རྗེ་ཐེག་པ་བོད་དུ་སྔ་ཕྱིར་འགྱུར་བ་ལ་གསན་བསམ་མ་མཛད་པ་མེད། དབུས་གཙང་དུ་ལོ་བཅུ་གཅིག་ཙམ་བཞུགས་ནས་ཁམས་སུ་ཕེབས་ཁར། བླ་མ་འཛམ་སྟོན་རིན་པོ་ཆེས། བུ་ཁྱོད་ཀཾ་པོའི་གནས་ནང་དུ་བསྒོམ་ན་ཕུང་པོ་འོད་སྐུར་དེངས་པ་ཞིག་འོང་། ཨོ་རྒྱན་ཆེན་པོ་ཞག་ཉེར་ལྔ་བཞུགས་ནས་བྱིན་གྱིས་བརླབས་པ་དང་། བེ་རོ་ཙ་ནའི་སྒྲུབ་གནས་ཁྱད་པར་ཅན་ཡིན་པས་ཤར་ཀཿཐོག་ཏུ་གདན་ས་མཛད་ན་བསྟན་པ་ལོ་སྟོང་དུ་གནས་པ་ཞིག་འབྱུང་ཞེས་ལུང་བསྟན་དང་བསླབ་བྱ་མཛད་པས། བསྟན་པ་ཁོ་ན་ཐུགས་ལ་བཅང་ནས་རང་གི་འཁྲུངས་ཡུལ་དུ་བྱོན་པ་ཡིན། གོང་དུ་སྨོས་པ་ལྟར། ཟུར་སྒྲོ་ཕུག་པའི་སློབ་མ་འཛོམ་སྟོན་འགྲོ་བའི་མགོན་པོ་བྱ་བ་དེ་
ནི་གསང་བདག་སྒྲོ་ཕུག་པ་དང་། ཀཿཐོག་པའི་བར་ལ་བླ་མ་གཅིག་བཞུགས་པ་དེ་ཡིན། ལྔ་པ་ཆེན་པོའི་གསན་ཡིག་ཏུ་ཀཿཐོག་པ་རང་གིས་སྒྲོ་ཕུག་པ་ལ་ཐུག་པར་གསུངས། འཛམ་སྟོན་ཞེས་པ་ཡུལ་གྱི་མིང་ནས་བཏགས་པ་སྟེ། རྗེ་ཀརྨ་པ་དུས་མཁྱེན་གྱི་རྣམ་ཐར་ལ་བརྟག་ན་སྒམ་པོ་དང་ཉེ་བ་ཞིག་ཡིན་པར་གྲུབ་ཅིང་། དེར་ཉིད་ཀྱི་སློབ་མ་རྟོགས་ལྡན་ཞིག་གི་སྐྱེ་བ་ངོས་བཟུང་བ་ལ་རྗེ་སྐྱེ་བ་གསུམ་པ་ཞེས་གྲགས་པ་དང་། གཞན་ཡང་འཛམ་སྟོན་༡ སངས་རྒྱས་བྱ་བ་དང་། འཛམ་གྱི་སྤང་ཕུག་ཏུ་བཞུགས་པའི་བཙུན་མ་ཞིག་གིས་རྗེ་དུས་མཁྱེན་སྤྱན་རས་གཟིགས་སུ་མཐོང་བས་འཛམ་ཡུལ་ན་སྒོམ་བཟང་། བར་གྲགས་པ་སོགས་ཀྱི་ལོ་རྒྱུས་བྱུང་བ་དེ་དང་མཐུན་པར་དཔའ་བོ་གཙུག་ལག་ཕྲེང་བས། སྒྲོ་ཕུག་པ་ཆེན་པོའི་སློབ་མ་འཛོམ་སྟོན་འགྲོ་བའི་མགོན་པོ་ཞེས་
བྱ་བ་མཁས་གྲུབ་ཆེན་པོ་ཞིག་བྱོནཏེ། འདི་ནི་རྗེ་དུས་མཁྱེན་གྱི་སྔ་སློབ་ཅིག་གི་སྐྱེ་བར་སྔོན་དུ་ལུང་བསྟན་ཅིང་ཕྱིས་ངོས་འཛིན་མཛད་པ། འཛམ་སྐྱེ་བ་གསུམ་པ་ཞེས་འཛམ་ཡུལ་ཙམ་ན་སྒོམ་བཟང་བ་བྱུང་ཞེས་པ་དེ་ཡིན་པར་སྙམ་ཞེས་གསུངས་པས། ད་ལྟ་འདམ་སྤང་ཕུག་ཅེས་བརྗོད་པའི་ཡུལ་དེ་ཡིན། བི་མ་ལ་དང་ལྷ་རྗེ་ཧོར་པོ་སྟེ་སྒྲོ་ཕུག་པའི་བར་ལ་བླ་མ་གསུམ་བཞུགས་པ་ནི། རོང་ཆུ་ཚན་ཁའི་དགེ་སློང་མ། དེའི་སློབ་མ་ལྷོ་བྲག་བྱ་ཟེའི་མར་པ་ཤེས་རབ་འོད། དེའི་སློབ་མ་ཤངས་ལྷ་བུའི་ལྡང་སྟོན་དར་མ་བསོད་ནམས་དང་གསུམ་ཡིན། རྗེ་ཀཿཐོག་པ་ཁམས་སུ་ཕེབས་ནས། མི་ཉག་དང་། འཇང་། གླིང་ཡུལ་རྣམས་སུ་བྱོན་ནས་རྒྱལ་པོ་རྣམས་དང་ཡོན་མཆོད་དུ་གྱུར། སྐལ་ལྡན་རྣམས་ལ་ཆོས་དཔག་ཏུ་མེད་པ་གསུངས་ཤིང་རབ་བྱུང་དང་། བསྙེན་རྫོགས་སྟོང་ཕྲག་ཙམ་
བསྒྲུབས། དགུང་གྲངས་སོ་དྲུག་པར་ཡབ་ཡུལ་དུ་སྒྲུབ་པ་མཛད། སོ་བདུན་པར་ཉེ་གནས་ཚུལ་རིན་དང་རྡོར་རྒྱལ་གཉིས་ཁྲིད་ནས་བླ་མས་ལུང་བསྟན་པའི་གནས་ཀཐོག་འཚོལ་དུ་བྱོན་པའི་ལམ་དུ་བོན་དགོན་པདྨ་གཡུང་དྲུང་དུ། དཔལ་ལྡན་ལྷ་མོ་ཡུད་ཙམ་ཁྲོས་པའི་རྣམ་པས་ལུང་པ་འདིའི་ཕུ་ནས་རྙེད་འོང་ཟེར་ནས་རླུང་འཚུབ་ཏུ་གྱུར་ནས་ཡལ། དེ་ནས་ཡར་འཛེགས་ཏེ་ཐོག་མར་ཀཿཐིལ་དུ་སླེབས། དེར་ཕྱུགས་འཚོ་བའི་བྱིས་པ་རྣམས་ལ་ཀཿཐོག་གང་ན་ཡོད་དྲིས་པས་ཕུ་ཡ་ཀི་ཡིན་ཞུས་པས། ཕྱུགས་རྣམས་གདུལ་བྱ་དང་། བྱིས་པ་རྣམས་སློབ་མའི་རྟེན་འབྲེལ་དུ་གཟིགས། དེ་ནས་ས་ཡུལ་ཡི་གེ་ཀ་འདྲ་བ་རྙེད་ནས་བཻ་རོའི་ཕུག་ཏུ་སྒྲུབ་པ་བདུན་ཕྲག་གཅིག་མཛད་པས་གུ་རུ་པདྨའི་ཞལ་གཟིགས། སྒྲུབ་རྫས་བདུད་རྩི་ཁོལ། དེ་ནས་ཚེ་སྒྲུབ་མཛད་
པས་ཚེ་དཔག་མེད་ཞལ་གཟིགས། ཡང་ཁྲོད་ནས་ཚེ་ཆུ་གསར་པ་བརྡོལ། ཧོར་པོའི་དཔོན་དགེ་ལུ་བྱ་བ་རྫུ་འཕྲུལ་གྱིས་དད་པའི་གནས་ལ་རང་དབང་མེད་པར་བཀོད་ནས་དགོན་གནས་འདེབས་པའི་སྦྱིན་བདག་བྱས། རི་བྲག་གི་དབྱིབས་སེང་གེ་གནམ་མཆོང་འདྲ་བའི་ཐོག་ཏུ་ཡི་གེ་ཨདང་ཀདང་རྡོ་རྗེ་རྒྱ་གྲམ་གྱི་རང་བྱོན་གསལ་བ་རྣམས་ངོ་མཚར་ཅན་གཟིགས་ནས་གཡུ་མཚོ་བྲག་སྟེང་དེར་ལྟོ་འཕྱེ་བརྟག་པ་སོགས་ས་ཡི་ཆོ་ག་རྣམས་ལེགས་པར་གྲུབ་ནས་རབ་བྱུང་གསུམ་པའི་ལྕགས་ཡོས། སྤྱི་ལོ་ཆིག་སྟོང་ཆིག་བརྒྱ་བདུན་ཅུ་དོན་གཅིག་ལོར། དམ་པ་རིན་པོ་ཆེ་དགུང་གྲངས་སོ་བརྒྱད་བཞེས་དུས་ནང་སོ་དང་གཙུག་ལག་ཁང་གི་རྨངས་ཐོག་མར་བཏིང་། དེའི་ཚེ་བོན་གྱི་ཐ་ཚིག་ལ་གནས་པའི་རྡོ་གཉན་རྨ་བུས་གཟུགས་དངོས་སུ་བསྟན་ནས་བར་ཆད་སྣ་ཚོགས་བརྩམས་པ་
ལ། རྗེ་དམ་པ་ཡབ་སྲས་གསུམ་གྱིས་རྗེས་འདེད་དུ་ཕྱིན་པ་ན་ཕ་ཝཾ་ཞིག་ལ་ཐིམ་སོང་བ་དེ་ཆོས་རྗེ་གཙང་སྟོན་པས་ཆོས་གོས་ཀྱིས་བཅིང་ནས་ཁྲིད། དམ་པས་ཕྱག་ལྕག་གིས་བྲབ་ནས་དེད་དེ། ལུང་གཤོང་ཆུ་ཁར་བསྐྱལ་བ་དེང་སང་མཇལ་དུ་ཡོད་པ་དང་། ཡང་བོན་པོ་བརྒྱད་ཀྱིས་ངན་སྔགས་བསྒྲུབ་པ་ན་དཔལ་ལྡན་ལྷ་མོས་སྒྲུབ་ཁང་གི་བྲག་བརྡིབས་ནས་གླེབ་པ་དེའི་སྟེང་དུ་རྗེ་དམ་པ་རིན་པོ་ཆེའི་ཕྱག་གིས་རྡོ་རྗེ་རྒྱ་གྲམ་བྲིས་པ་དེ་ལ་དེང་སང་བརྒྱད་གླེབ་ཕ་ཝཾ་ཟེར། དེ་ལ་སོགས་པའི་རྫུ་འཕྲུལ་དང་གྲུབ་རྟགས་བསམ་གྱིས་མི་ཁྱབ་པ་དང་བཅས་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གཞི་བཏབ་ནས་བཞུགས་ཚེ། འདུས་པ་སུམ་སྟོང་ཙམ་འཚོགས་པ་ལ་གྲོགས་བཅོལ་ནས་དྲི་གཙང་ཁང་དང་། ཁྱམས་སྒོ་ཁང་ཀུན་དགའ་ར་བ་བཅས་པ། རྟེན་གཙོ་དུས་གསུམ་
སངས་རྒྱས་ཉེ་སྲས་བརྒྱད་དང་བཅས་པ་དམ་པའི་ཕྱག་བཟོ་མའི་ནང་གཟུངས་སུ། དཔལ་བསམ་ཡས་ནས་བྱུང་བའི་པདྨ་དང་བི་མ་ལའི་ཕྱག་དཔེ་སྒྱུ་འཕྲུལ་སྡེ་ལྔའི་རྒྱ་དཔེ་ཚང་མ། སྒྲོ་ཕུག་པའི་ཆོས་གོས། ཟུར་ཆེན་གྱི་ཚེམས། ཇོ་བོ་རྗེའི་པཎ་ཞུ། གནུབས་སངས་རྒྱས་ཡེ་ཤེས་ཀྱི་མགུལ་ཕུར། རྫོགས་པའི་སངས་རྒྱས་ཀྱི་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕོན་ཆེ་སོགས་བཅུག །གསུང་རྟེན་དུ་བཀའ་འགྱུར་གསེར་བྲིས་པོད་དགུ་བཅུ་དང་། གསེར་འབུམ་ཆ་ལྔ། དངུལ་འབུམ་ཆ་བཅུ། མདོ་སྡུད་པ་གསེར་བྲིས་ཚར་བརྒྱ། རྒྱུད་འབུམ་གསེར་བྲིས་ཆ་བཞི་ལ་པོད་བརྒྱ་དང་ཉི་ཤུ། བསྟན་འགྱུར་སྐྱ་པོད་སྟོང་རྣམས་བཞེངས་པར་མཛད་ནས། རབ་ཏུ་གནས་པའི་སྐབས། མེ་ཏོག་འདབ་མ་ལྔ་པའི་ཆར་བབས། རྒྱལ་བ་ཤཱཀ་ཐུབ་དང་། འོད་དཔག་མེད་ཀྱི་ཞིང་བཀོད་
མངོན་དུ་གཟིགས། གླིང་ཚེ་རྒྱལ་གྱི་སྲས་པོ་དགྲ་ལྷ་རྩེ་རྒྱལ་གྲོངས་པའི་ལམ་སྟོན་ལ་གདན་དྲངས་ཏེ་གནས་སྐོར་གནང་བས་འབུལ་ཚན་ལ་རྒྱ་ཚའི་གྲི་ཡ་ཟི་དང་ཁྲབ་རྨོག་འཁོར་གསུམ་རྣམས་ཕུལ། མགོན་པོ་ལེགས་ལྡན་ནག་པོ་དང་དཔལ་ལྡན་ལྷ་མོ་གཉིས་བྲན་དུ་བཀོལ་ཏེ་བསྟན་པ་བསྲུང་བར་ཁས་བླངས་བྲོ་བོར། དེ་ནས་བཟུང་སྟེ་ད་ལྟའི་བར་དུ་ཀཿཐོག་གི་བརྒྱུད་འཛིན་ཐམས་ཅད་ཀྱིས་མ་མགོན་གཉིས་ཆོས་སྐྱོང་གི་གཙོ་བོར་བསྟེན། དགུང་གྲངས་བཞི་བཅུ་པར་ཀཐོག་ཏུ། འདུལ་མངོན་ཚད་མ་བྱམས་ཆོས་སྡེ་ལྔ་གཙོ་བོར་གྱུར་པའི་མདོ་ཆོས་མང་པོ་གསུངས་པ་དང་། འདུས་པ་མདོའི་སྒྲུབ་ཆེན་བཙུགས། འདི་དུས་ཙམ་ནས་བཤད་གྲྭ་སྲིབ་རི་དང་། སྒྲུབ་གྲྭ་ཉིན་རི་ལ་མཛད་ཅིང་། ཡེ་རྡོར། རྡོར་རྒྱལ། གྲགས་ཡེ་དང་གསུམ་ལ་ཆོས་
འཆད་མཁན་པོར་བསྐོ་བ་མཛད་ནས། རབ་བྱུང་དང་བསྙེན་རྫོགས་སྟོང་དུ་ཉེ་བ་བསྒྲུབས། དབྱར་གནས་དུས་སུ་ཚུལ་ཤིང་ལེན་པ་བརྒྱ་ཕྲག་དགུར་ལོངས་པ་འདུས་པ་ལ། དབུ་ཚད། སྤྱོད་འཇུག །བདེ་གསང་སོགས་རྒྱུད་ཀྱི་བཤད་པའང་གནང་། དགུན་ཆོས་སུ་སྒྲུབ་གྲྭ་བ་རྣམས་ལ། སྒྱུ་འཕྲུལ། འདུས་མདོ། རྫོགས་ཆེན་མན་ངག་རྣམས་བསྟར་ཆགས་སུ་གསུངས། དགུང་གྲངས་ཞེ་གསུམ་པར། རྒྱུད་རྒྱལ་ཨ་ནུ་ཡོ་གའི་དབང་གི་ཆུ་བོ་ཆེན་པོ་བཞི་རྫོགས་ཟླ་བ་བདུན་དུ་གནང་། དེ་ནས་ཀུན་འདུས་རིག་པའི་མདོ་དང་། དགོངས་པ་འདུས་པའི་རྒྱུད་ཀྱི་བཤད་པ་ཞིབ་མོ་མཛད་ཚེ། དཔལ་ལྡན་ལྷ་མོ་དང་། ཨེ་ཀ་ཛཱ་ཊི། འཁོར་སྐྱེས་བུ་གིང་དང་བཅས་པས་གནས་དང་བསྟན་པ་སྲུང་ཞིང་སྐྱོང་བའི་ཕྲིན་ལས་དངོས་སུ་བསྒྲུབས་པ་བྱུང་། ཉིན་གཅིག་བླ་མ་འབུམ་སྟོན་བྱ་བས་དམ་
པ་རིན་པོ་ཆེར་གྲོང་འཇུག་མཛད་པར་ཞུས་པས་ཞལ་གྱིས་བཞེས་ཏེ། སྒོ་རྩར་བྱེའུའི་རོ་ཞིག་འདུག་པ་མདུན་དུ་ཁྱེར་ཤོག་གསུངས། ངའི་ཕུང་པོ་ལ་ཐུག་རེག་མ་བྱེད་གསུངས་ནས་བྱེའུའི་རོ་ལ་གྲོང་འཇུག་མཛད་ནས་འཕུར། བླ་མ་གྲོངས་པ་ལྟར་གྱུར་ཚེ་སླར་སྐུ་ལུས་ལ་འཇུག་པར་གསོལ་བ་བཏབ་པས་བླ་མ་བཞེངས་ནས་ཞལ་འཛུམ་པ་དང་། བྱེའུ་རོ་རུ་སོང་བ་ལ་གནས་སྤོར་གནང་། དགུང་གྲངས་ཞེ་བཞི་ལ་བབས་ཚེ། དག་སྣང་དུ་དྭགས་པོ་ལྷ་རྗེ་སྐུ་ཆེ་བ་རི་རབ་ཙམ་པ་ཞིག་ཞལ་གཟིགས་ཤིང་བུ་འགྲོ་བའི་དོན་མཛོད། བདེ་ཆེན་ཞིང་དུ་མཇལ་ཏེ་འོང་གསུངས་པས། བླ་མ་ཞིང་བརྗེ་བར་མཁྱེན་ནས་ཨ དུས་མཆོད་ཀྱང་འཛུགས་པར་མཛད། དགུང་གྲངས་ཞེ་ལྔ་པར། རྡོ་རྗེ་ཕུར་པ་བསྒྲུབས་པས་རྟ་མགྲིན་དང་ཁྱུང་གི་ཞལ་གཟིགས། དེ་ནས་སྒྱུ་འཕྲུལ་སྡེ་
བརྒྱད་ལ་བཤད་པ་ཤིན་ཏུ་རྒྱས་པ་ཟླ་བ་བརྒྱད་བར་གནང་། གསང་བདག་སྙིང་ཐིག་གི་ཊི་ཀ་བརྩམས། དེ་དུས་ཐུགས་སྲས་བླ་མ་འབུམ་སྟོན་འོད་ལུས་སུ་དེངས། རྗེ་བཙུན་ཕག་མོ་རིགས་ལྔ་ཞལ་གཟིགས་བྱུང་སྐབས་ཐུགས་ཉམས་འུར་ཞིང་མགུར་བླངས་པ་དང་ཞབས་བྲོ་འཁྲབ། ཡང་ས་ར་ཧ་ལ་གྲུབ་ཐོབ་བརྒྱད་ཅུས་བསྐོར་བ་ཞལ་གཟིགས་ཤིང་ངོ་སྤྲོད་མཛད་པས་སྒྲོ་འདོགས་ལེགས་པར་ཆོད། དགུང་གྲངས་ཞེ་དགུ་ནས་ང་ལྔའི་བར་ལོ་བདུན་རིང་། མདོ་དང་ར་སྒྱུ་འཕྲུལ་སེམས་ཕྱོགས་རྫོགས་ཆེན་གྱི་ཆོས་བཀའ་ཆད་མེད་གསུངས། དབུས་གཙང་ཕྱོགས་ནས་ཆོས་ཞུ་བ་མང་པོ་བྱུང་སྟེ། ལོ་འདིར་དགེ་འདུན་ཁྲི་ཕྲག་བརྒྱད་ཙམ་འདུས། མི་ཉག་ཏཱ་ཀྱིན། གླིང་དགྲ་ལྷ་དར་རྒྱས། ཀོང་པོ་ཀ་ལེབ་གསུམ་གྱིས་སྦྱིན་བདག་ཞུས་ཏེ་དབྱར་ཆོས་གྲོལ་བ་དང་། སྐྱ་སེར་གྱི་ཆོས་ཞུ་
བ་ཁྲི་ཚོ་དགུ་ཙམ་བྱུང་བ་ལ་སེམས་བསྐྱེད་ཁོ་ན་ལན་གྲངས་སུམ་ཅུ་ཙམ་གནང་། དུས་འདི་ཙམ་ལ་བླ་མ་འཛམ་སྟོན་ཆེན་པོ་དགུང་གྲངས་བརྒྱ་ཕྲག་གཅིག་བཞེས་ནས་འཇའ་ལུས་སུ་དེངས་པ་མངོན་ཤེས་ཟག་པ་མེད་པས་གཟིགས་ནས་དུས་མཆོག་རྒྱས་པ་བཙུགས། འདི་ནས་གཙང་སྟོན་ཡ པ་ལ་གདན་སའི་འགན་ཁུར་བ་བསྐོས་ཏེ། དམ་པ་རིན་པོ་ཆེ་ཉིད་སྒྲུབ་པ་ལོ་ལྔ་མཛད་མཐར། དགུང་གྲངས་དྲུག་ཅུ་པར་བཅད་རྒྱ་གྲོལ་ཞིང་དག་པའི་ས་བརྒྱད་པ་ནོན་པའི་མངོན་རྟོགས་བརྙེས། གཉན་ཆེན་ཐང་ལྷ་དང་། རྨ་རྒྱལ་སྤོམ་ར་སོགས་རྗེ་ཡི་མགུར་ལྷ་བཅུ་ གསུམ་གྱིས་བརྒྱུད ་འཛིན་སྐྱོང་བའི་གཉེར་ཁ་བླངས། འཁོར་ཚོམ་བུ་བརྒྱ་ཕྲག་གིས་ཚོགས་ཆེན་འདུས་པ་ལོ་སྒྲུབ་མཛད་པས་བར་ཆད་མེད་པར་མཐར་ཕྱིན། དགུང་གྲངས་རེ་གསུམ་པར། སྒྱུ་འཕྲུལ་
སྡེ་བརྒྱད་དང་། རྫོགས་ཆེན་སེམས་སྡེའི་ཁྲིད་གནང་བར། ཤར་རྒྱལ་མོ་རོང་གི་གྲུབ་ཐོབ་ཐོས་ཆོག་རྣམ་གསུམ་ཡང་བྱུང་། ལོ་འདིར་ཉིན་རེར་ཆོས་ཐུན་བཅུ་གསུམ་རེ་མ་ཆག་པར་གསུངས། དགུང་གྲངས་རེ་ལྔ་པར་གདན་སའི་ལྷོ་ཕྱོགས་ཀྱི་ནགས་ཁྲོད་དུ་དཔལ་ཆེན་ཡང་དག་གི་སྒྲུབ་པ་ལོ་གཅིག་བར་མཛད་པ་དེ་གྲོལ་ནས། སྐལ་ལྡན་གྱི་སློབ་མ་འགའ་ལ། རྣ་བརྒྱུད་རྡོ་རྗེ་ཟམ་པ་དང་། ཀློང་ཆེན་རྒྱལ་པོའི་རྒྱུད་སོགས་ཟབ་ཁྲིད་ཟླ་བ་བཞིའི་བར་གསུངས། དེ་ནས་༢ དགུང་གྲངས་བདུན་ཅུ་པར་ཤར་ཨ་མདོ་དང་ལྷོ་ཚ་བ་རོང་ལྷོ་མོན་ཚུན་གྱི་དགེ་འདུན་པ་ཁྲི་ཚོ་བརྒྱད་འདུས་པ་རྣམས་ལ། གཙོ་བོ་རྫོགས་ཆེན་དང་། སྒྱུ་འཕྲུལ་གསང་བ་སྙིང་པོའི་བཤད་བཀའ་སྒྲུབ་པ་སོགས། རྒྱ་བོད་ཀྱི་གཞུང་འགྲེལ་ཆེ་ཆུང་ཐམས་ཅད་ལ། དཔལ་ལྡན་ཟུར་ལུགས་ཀྱི་བཀའ་སྲོལ་རྒྱུན་མ་
ཉམས་པ་དང་། སྤྱི་མདོ་དགོངས་འདུས་སོགས་རྩལ་དུ་བཏོན་ནས་རང་རྐང་ཚུགས་པར་མཛད། གཞན་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་སོགས་དང་། མདོའི་ཕྱོགས་ལ་རྒྱལ་ཚབ་མ་ཕམ་པའི་གཞུང་སྡེ་ལྔ་དང་། སྤྱོད་འཇུག་ལ་སོགས་མང་པོ་གསུངས་ནས་མདོ་ཁམས་ཀྱི་ལྗོངས་འདིར་མདོ་སྔགས་ཀྱི་བསྟན་པ་གཞིར་བཞེངས་སུ་བཏིངས་པ་ཡིན། དབྱར་གནས་པའི་ཚེ་དགེ་འདུན་ཚུལ་ཤིང་ལེན་པ་སྟོང་ཕྲག་བརྒྱད་ལོངས་པ་བྱུང་། མདོར་ན་ང་༧ སྐྱེས་བུ་ཆེན་པོ་འདི་ཉིད་ལ་རྗེ་བཙུན་འཇམ་པའི་དབྱངས་ནི་གཤེགས་བཞུད་མི་མངའ་བར་དུས་ཐམས་ཅད་དུ་མི་དང་མི་ལབ་པ་བཞིན་བཞུགས་ཤིང་མཛད་པ་ཏི ཐམས་ཅད་ལུང་དུ་སྟོན་པ་དང་། སངས་རྒྱས་མི་བསྐྱོད་པའི་ཞིང་ཁམས་དང་། བདེ་བ་ཅན་དང་། སྨན་བླའི་ཞིང་སོགས་རྟག་པར་གཟིགས། སྒྱུ་འཕྲུལ་གྱི་
ལྷ་ཞི་བ་དང་ཁྲོ་བོ། བདེ་མཆོག་གི་ལྷ་དྲུག་ཅུ་རྩ་གཉིས། དཔལ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱང་ནམ་བཞེད་ལ་གཟིགས་ཤིང་། དེ་བཞིན་གཤེགས་པ་རིགས་ལྔ་ལས་ཆོས་གསན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་དང་ཆོས་ཀྱི་བགྲོ་བ་མཛད་ཅིང་སྐུའི་སྐྱེ་བ་འདི་ཉིད་ཀྱི་འོག་ཏུ་བདེ་བ་ཅན་དུ་བྱང་སེམས་བློ་གྲོས་སྙིང་པོ་ཞེས་བྱ་བའི་ཚུལ་གྱིས་བཞུགས་ནས། མ་འོངས་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་ལ་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་པ་ཐོབ་བོ། །རྗེ་དམ་པའི་གསུང་རྩོམ་བསྟན་བཅོས་ཀྱང་། མདོ་དང་སྦྱར་བའི་ཕར་ཕྱིན་སེང་བཟང་ལུགས་ལྟར་གྱི་འགྲེལ་པ་དོན་གསལ་རྣམ་འབྱེད། འདུལ་བ་དགེ་སློང་ཕའི་སོ་ཐར་མདོའི་འགྲེལ་ཆེན་དངུལ་དཀར་མེ་ལོང་། མཛོད་ཀྱི་སྤྱི་དཔྱོད་ནོར་བུའི་མཛོད་ཁང་།
དབུ་མ་རྩ་ཤེས་མཆན་ཊིཀ སྤྱོད་འཇུག་ཁོག་དབུབ་རིན་ཆེན་སྒྲོན་མེ་དང་། དེའི་བསྡུས་དོན། སེམས་བསྐྱེད་ཀྱི་ཆོ་ག་དང་། བསླབ་བྱའི་སྟོང་ཐུན། ལམ་རིམ་འགྲེལ་ཊཱིཀ མཚན་བརྗོད་མཆན། ཕྱག་ཆེན་ཁྲིད་ཀྱི་སྟོང་ཐུན་གསེར་གྱི་མྱུ་གུ་གསང་སྙིང་འགྲེལ་པ་སྤར་ཁབ་མཆན། ལམ་རིམ་མཆན་དང་བསྡུས་དོན། སྒྱུ་འཕྲུལ་རྒྱ་མཚོའི་མཆན། ཐབས་ཞགས་མན་ངག་སྟོང་ཐུན། སྒྲུབ་གཞུང་། མདོའི་འགྲེལ་ཆེན་ལེའུ་ཚན་ཉེར་ལྔ་པ། སྤྱི་དོན། ༧ བསྡུས་དོན། ཁོག་ཕུབ། ཀུན་འདུས་རིག་པ་རྡོ་རྗེ་བཀོད་པའི་མཆན་ཀུན་བཟང་དགོངས་པའི་སྤར་ཁབ། རྫོགས་པ་ཆེན་པོའི་ལམ་གྱི་ཁོག་ཕུབ། བསམ་ཏྟི གཏན་མིག་སྒྲོན་སྤྱི་འགྲེལ་རྒྱས་འབྲིང་བསྡུས་གསུམ། ས་ལམ་གྱི་སྟོང་ཐུན། དུག་སྦྲུལ་གྱི་སྟོང་ཐུན། རལ་གྲིའི་སྟོང་ཐུན། རྒྱུད་ཀྱི་དབྱེ་བ་རྒྱས་འབྲིང་
བསྡུས་གསུམ། དབང་གི་སྟོང་ཐུན། ཀུན་བྱེད་རྒྱལ་པོའི་རྒྱུད་འགྲེལ་ཆེན་མོ། རང་རིག་ལ་བཟླ་བ་རྡོ་རྗེའི་ཐ་རམ། སྤྱི་གཅོད་རྒྱན་གྱི་མེ་ཏོག །ཐེག་པའི་སྤྱི་ཆིངས་ལ་སོགས་གསུང་འབུམ་པོད་ཆེན་བཅུ་དགུ་ཙམ་བཞུགས་པ་ལས་འདིར་མདོ་ཙམ་ཞིག་སྨྲས་པའོ། །གསུང་ལས་སྐྱེས་པའི་སློབ་མ་ཡང་། སྐུ་ཟག་མེད་འོད་ཕུང་དུ་དེངས་པ་ལྔ་ནི། འོད་གསལ་བེ་རིའི་ཕུག་ཏུ་བླ་མ་འབུམ་སྟོན། ལྷོ་ཕྱོགས་སཱ་ལའི་ཚལ་དུ་བླ་མ་མགོན་རྒྱལ། ཙཱ་རིའི་གནས་སུ་དབུས་པ་སྟོན་འབུམ། ཤར་རོང་བཙན་དུ་མི་ཉག་འཇང་སྟོན། གླིང་གི་དགེ་སློང་ཤེས་རབ་རྣམས་དང་། ཐོས་པས་ཆོག་པའི་མི་གསུམ་ནི་ས་བཅད་ལྟར་འོག་ཏུ་འཆད་ལ། གཞན་ཡང་མཆོག་དང་ཉེ་བ་བཅུ་ནི། ཤེས་རབ་སེང་གེ། བློ་བཟང་དཔལ་གྲགས། རྡོ་རྗེ་རིན་ཆེན། ཚུལ་ཁྲིམས་འབྱུང་གནས། པདྨ་དཔལ་བ།
སངས་རྒྱས་དཔལ་བ། ཤཱཀྱ་འཕེལ་རྒྱས། དབང་ཆེན་དཔལ་བ། ཡེ་ཤེས་རྒྱལ་མཚན། ཚུལ་ཁྲིམས་རིན་ཆེན་རྣམས་ཡིན། བཟོད་པ་ཐོབ་པ་རྣམ་གསུམ་ནི། གཙུག་ཏོར་དཔལ་བ། འདུལ་འཛིན་གྲགས་ཡེ། བུ་ཆུ་རྟོགས་ལྡན་རྣམས་ཏེ། གཞན་ནི་བགྲངས་ཀྱིས་མི་ལོངས་པ་བཞུགས་ཀྱང་། ནང་ཐུགས་ཀྱི་སྲས་གཅིག་པུ་ནི་གཙང་སྟོན་ཉིད་ཡིན་ཏེ། སྐུ་མྱ་ངན་ལས་འདའ་ཁར། བེར་ཐུར་དང་པཎ་ཞུ་གཉིས་གཙང་སྟོན་པར་གནང་སྟེ། ང བཤད་གྲྭ་མཁན་པོ་ཡེ་རྒྱལ་བས་སྐྱོངས། སྒྲུབ་གྲྭ་བུ་ཆུ་རྟོགས་ལྡན་པས་སྐྱོངས། གཉིས་ཀ་ལ་རྡོ་རྗེ་རྒྱལ་མཚན་པས་ཆོས་སྟོན་དགོས་ཞེས་རྒྱལ་ཚབ་ཏུ་མངའ་གསོལ་བ་དང་། ཞལ་ཆེམས་འདི་ལྟར་གནང་སྟེ། ད་ནི་དངོས་དོན་ཟིན་གྱི་བདེ་ཆེན་ཞིང་། །འོད་སྣང་མཐའ་ཡས་རྒྱལ་བའི་དྲུང་དུ་འགྲོ། །གྲོགས་
དག་ཟབ་མོ་རྫོགས་པ་ཆེན་པོའི་ལམ། །འདི་ལ་རུས་གཏིང་སྙིང་གི་བུར་གྱིས་ཤིག །རྣལ་འབྱོར་འཆི་མེད་རྒྱུན་དུ་སྡོད་པ་ཡིན། །མི་རྟག་སྙིང་པོ་མེད་པའི་ངང་ཚུལ་འདིར། །ཀུན་གྱིས་སྐྱོ་བར་མཛོད་ཅིག་ངའི་ཁ་ཏ། །བྱར་མེད་བདེ་ཆེན་རང་བྱུང་འོད་གསལ་དབྱིངས། །བལྟར་མེད་ནམ་མཁའི་རྣལ་འབྱོར་མཁའ་སྤྱོད་དུ། །འགྲོ་ལ་འཆི་བ་ཞེས་བྱ་མ་ཡིན་ནམ། །ཁྱེད་ཅག་རྣམས་ཀྱང་ང་ལ་མོས་དད་གུས། །མཐོང་བ་ཙམ་ཡང་འོད་མཚན་སྟོང་འབར་བའི། །ཞིང་དེར་འདི་ནས་སྒྲ་ལུས་བརྟུལ་བ་དང་། །དེ་རུ་འཛོམ་པར་འགྱུར་ངེས་འགྱོད་མི་འཚལ། །སྟོན་པའི་བསྟན་པ་ཡུན་རིང་གནས་གྱུར་ཅིག །ཐེག་པའི་རྒྱལ་པོ་ཤིན་ཏུ་དར་གྱུར་ཅིག །བསྟན་ལ་གནོད་རྣམས་མིང་ཙམ་སྟོངས་གྱུར་ཅིག །འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་གྱུར་ཅིག །ཅེས་གསུངསཏེ། དགུང་ལོ་དོན་
གཅིག་བཞེས་པ་ཤིང་༡༠༤ ཕོ་བྱི་བའི་ཐ་སྐར་ཟླ་བའི་ཚེས་བཅོ་ལྔའི་སྔ་དྲོ་ལ་ཞལ་ནུབ་ཕྱོགས་སུ་གཟིགས་ཏེ་སེམས་ཉིད་ངལ་གསོའི་བཞུགས་སྟངས་ཀྱི་ངང་ནས་བདེ་ལྡན་ཞིང་དུ་གཤེགས། དེའི་ཚེ་ངོ་མཚར་བའི་ལྟས་འདི་ལྟར། ས་གཡོ་བ་དང་། ནུབ་ཕྱོགས་ནས་སྒྲ་ཆེན་པོ་ལན་དགུ་གྲགས། ནམ་མཁའ་གཡའ་དག་ཅིང་རླུང་བསིར་བུའི་ངད་མི་ལྡང་བ་དང་། ནུབ་རྡོ་གཉན་རི་རྩེ་ནས་འཇའ་ཚོན་ཁ་དོག་ལྔ་ལྡན་ཞིག་སྐུ་གདུང་རིན་པོ་ཆེའི་མདུན་དུ་ཟུག །ནམ་མཁའ་སྤྲིན་བྲལ་གྱི་དབྱིངས་ནས་མེ་ཏོག་འདབ་བཞི་ཅན་གྱི་ཆར་བབས། རིའི་ཟུར་ནས་པི་ཝཾ་དང་། གླིང་བུ་ལས་སྙན་པའི་སྒྲ་རྒྱུན་རིང་དུ་གྲགས། ཞག་བདུན་ཕྲག་གསུམ་གྱི་བར་དུ་གདུང་མཆོད་ཤིན་ཏུ་རྒྱས་པ་ཕུལ་ཞིང་། སྐྱེ་བོའི་ཚོགས་ལ་གདུང་མཇལ་ཞུ་བཅུག །དེ་ནས་རྒྱལ་ཚབ་གཙང་
སྟོན་པ་དབུར་བཞུགས་པའི་དགེ་སློང་བརྒྱ་ཕྲག་ཕྱེད་དང་གསུམ་གྱིས་སྤུར་སྦྱངས་ཀྱི་ཆོ་ག་རྒྱུད་སྡེའི་དགོངས་པ་བཞིན་ཕྱག་ལེན་མཛད་ཚེ། ཐབ་ཀྱི་གཡས་ཕྱོགས་སུ་མེ་ཏོག་ཁ་དོག་སེར་པོའི་སྡོང་པོ་ཆེན་པོ་ཞིག་རང་འཁྲུངས་སུ་བྱུང་བས། དེར་འཚོགས་པ་ཐམས་ཅད་ངོ་མཚར་བའི་ལྟས་ཀྱིས་དད་པའི་མཆི་མ་དབང་མེད་དུ་འབྱིན་པར་གྱུར། སླར་གདུང་ཁང་ཞལ་ཕྱེ་བ་ན། དབུ་ཐོད་ཀྱི་མདུན་ངོས་སུ་བཅུ་གཅིག་ཞལ་དང་། དབུས་སུ་དོན་ཡོད་ཞགས་པ་ལྷ་ལྔ། ཙ གཡས་ཕྱོགས་སུ་རིགས་ལྔའི་རྒྱལ་བ་ཚོམ་བུའི་ཚུལ། གཡོན་ཕྱོགས་སུ་འཇམ་དཔལ་དབྱངས་དང་། ཁྲག་འཐུང་རིགས་ལྔ། རྡོ་རྗེ་ཕུར་པ། ཀུན་བཟང་ཡབ་ཡུམ་ལ་སོགས་ཞི་ཁྲོའི བྲུ་མང་པོ་རང་བྱོན་དང་། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སྟོང་ལྷག་ཙམ་གདུལ་བྱའི་དད་པའི་རྟེན་དུ་བྱུང་བ་
རྣམས་ནང་གཟུངས་སུ་བྱས་པའི་སོ་ཕག་གི་གདུང་རྟེན་ཐོག་སོ་གཉིས་ཙམ་གྱི་དཔང་ཚད་ཡོད་པ་དང་། དྲི་གཙང་ཁང་། ཀུན་དགའ་ར་བ་དང་བཅས་པ་རྩྭ་ར་ནང་ཉིད་དུ་ལེགས་པར་བཞེངས་པ་འདི་ལ་དེང་སང་སྐུ་འབུམ་ཐར་པ་གླིང་ཞེས་འཇིག་རྟེན་ན་གྲགས་པ་ཡིན་ནོ། །ད་ནི་དེ་ཉིད་ཀྱི་རྒྱལ་ཚབ་དམ་པ་རྗེ་གཙང་སྟོན་པ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་མི་བསྐྱོད་པའི་རྣམ་པར་འཕྲུལ་པ་སྟེ། དེ་ཡང་འཕགས་པའི་ཡུལ་དུ་མངའ་བདག་མེ་ཏྲི་པའི་སློབ་མ་རྒྱ་གར་ཕྱག་ན་ཞེས་བྱ་བར་གྱུར་ཅིང་། སློབ་དཔོན་དེ་ལས་དབང་བཞི་རྟེན་ཅན་དུ་ཞུས་ནས་བསྒོམས་པས་ཕྱག་རྒྱ་ཆེན་པོའི་བཀའ་བབ་ཅིང་རྟོགས་པ་མངོན་དུ་གྱུར་ནུས་པ་ཐོབ་ནས་གླང་ཆེན་སྨྱོན་པ་སྡིག་མཛུབ་བསྟན་པ་ཙམ་གྱིས་བཟློག་པར་མཛད། མཐར་སྐུ་ལུས་དེ་ཉིད་ཀྱིས་
ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། དེའི་འོག་ཏུ་ཀོ་ལོ་ཙཱ་བ་ཡེ་ཤེས་མཆོག་ཅེས་བྱ་བ་སྔགས་རྒྱུད་ཐམས་ཅད་ལ་མཁས་ཤིང་། ཁྱད་པར་ཙཀྲ་སམྦྷ་ར་ལ་བརྟེན་ནས་གྲུབ་པ་བརྙེས། དེའི་འོག་ཏུ་གཙང་ཁའི་ཕྱོགས་སུ་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོ་ཞིག་དང་། དེ་ནས་ཆོས་ཀྱི་རྗེ་ཉིད་ཡིན་པར་གསུངས་ཤིང་སྐུ་འཁྲུངས་པའི་ཡུལ་ནི། མདོ་ཁམས་བུ་འབོར་སྒང་གི་བྱེ་བྲག་གཙང་ཞལ་ཞེས་པ་དེ་ཡིན་ཏེ། རབ་བྱུང་གསུམ་པའི་མེ་ཕོ་༡༡༨༦ རྟ་ལ་སྐུ་བལྟམས། ཡུལ་ལས་མཚན་དུ་ཆགས་པར་གཙང་སྟོན་ཞེས་བརྗོད་པའི་ཕྱིར་དང་། རྗེ་ཉིད་ཀྱི་གསུང་ལས། བན་ལྡོམ་རྡོ་རྗེ་རྒྱལ་མཚན་ང་། །བུ་འབོར་སྒང་དུ་སྐྱེས་པ་ཡིན། །བླ་མ་དམ་པ་བསྟེན་པ་ཡིན། །གདམས་ངག་བདུད་རྩི་འཐུངས་པ་ཡིན། །སྒྲུབ་ལ་བརྩོན་འགྲུས་ཆེ་བ་ཡིན། །དཀར་པོའི་གྲོགས་ཀྱིས་བཏགས་པ་
ཡིན། །མི་ངོ་བསྲུང་ལ་གཡེལ་བ་ཡིན། །སྦས་ཡུལ་མཐིལ་དུ་རྒྱས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དགུང་ལོ་བཅུ་བདུན་པ་ལ་བླ་མ་དམ་པ་བདེ་གཤེགས་མཇལ་ཞིང་ཆོས་གསན། དཔོན་སློབ་ལྷན་ཅིག་པར་མི་ཉག་ཡུལ་དུ་བྱོན། དེར་མན་ངག་ཐམས་ཅད་གནང་། ཉི་ཤུ་རྩ་གཅིག་པར་འབྲི་ཏི་ར་མདོའི་དགོན་དུ་བྱོན་ནས་བཞུགས། ཉེར་གསུམ་པ་ལ་ཀཿཐོག་ཏུ་བྱོན་ནས་བསྒོམས་པས། དུས་གཞན་ཞིག་ཏུ་བླ་མ་བདེ་བར་གཤེགས་པའི་བྱ་གཟིགས་སྣང་ལ། ལུང་མདོ་ཆེན་པོ་ཞིག་ཆུས་གང་བའི་ནང་དུ་འོད་ཆེན་པོ་བལྟ་བར་མི་བཟོད་པ་ཞིག་འདུག་པ་ལ་འདི་ཅི་ཡིན་གསུངས་པས། སྐྱེས་བུ་ཆེན་པོ་ཁྱོད་ཀྱི་སློབ་མ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་གནས་པའི་གདན་ཡིན་ཟེར་བ་བྱུང་། དེ་ཁྱོད་ཡིན་གསུངས། དེ་ཙམ་ན་དཔལ་ཧེ་རུ་ཀ་དང་ཞི་བའི་ལྷ་
ཚོགས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ཞལ་གཟིགས། ནག་པོ་ཆེན་པོ་དང་། དཔལ་ལྡན་ལྷ་མོ་ཡང་རྟག་པར་གཟིགས། དགུང་ལོ་ང་དྲུག་པ་ལ་ཀཿ ཐོག་གི་གདན་སར་ཕེབས། མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་བླ་མའི་བཀའ་སྲོལ་བཞིན་བསྐྱངས། འདི་སྐབས་སུ་སེམས་དཔའ་ཆེན་པོ་སྤོམ་བྲག་པས་ཀཿཐོག་གི་བླ་མ་གཙང་སྟོན་པ་དེ་སྙན་པ་ཤིན་ཏུ་ཆེ་བས་ཅི་འདྲ་ཞིག་ཡིན་ནམ་སྙམ་དུ་དགོངས་པ་བཏང་བས་སྤྲིན་མེད་པའི་ནམ་མཁའ་ལྟ་བུའི་འོད་སྔོན་པོའི་གཞལ་ཡས་ཁང་ཆེན་པོ་ཞིག་གི་ནང་ན་ལོངས་སྤྱོད་རྫོགས་པའི་ལྷ་ཚོགས་མང་པོ་བཞུགས་པ་གསལ་བ་དང་། རིན་པོ་ཆེ་གཙང་སྟོན་པ་བཞུགས་པའི་རི་བོའི་ཐད་ནས་འཇའ་འོད་ཁ་དོག་སྣ་ཚོགས་པའི་ཕུང་པོ་བསམ་གྱིས་མི་ཁྱབ་པ་གཟིགས་པས་འདི་སངས་རྒྱས་དངོས་ཡིན་པར་འདུག་དགོངས་ནས་དེ་ནུབ་ཚོགས་
འཁོར་ཞིག་མཛད་པར་གསང་སྔགས་རྙིང་མའི་ཧེ་རུ་ཀ་མང་པོ་ཞལ་གཟིགས། མནལ་ལམ་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་ཆེན་པོ་དཔག་པར་དཀའ་བ་ཞིག་གི་ངོས་སུ་སྨན་སྣ་ཚོགས་སྐྱེས་པ་ལ་མི་མང་པོ་སྨན་འཐུ་ཞིང་འདུག །རི་དེའི་རྩེ་མོ་ན་འོད་སྔོན་པོའི་གཞལ་ཡས་ཁང་ཆེན་པོ་ཞིག་གི་དབུས་ན་བླ་མ་ཀཿཐོག་པ་དེ་ཉིད་འོད་ཀྱི་རང་བཞིན་དུ་བཞུགས་འདུག་པ་དང་། དུང་དཀར་ཆེན་པོ་ཞིག་འབུད་མི་མེད་པར་རང་གྲགས་སུ་གྲགས་པ་ལས། དུང་དཔག་ཏུ་མེད་པ་འཕྲོས་ཏེ་ཐམས་ཅད་ཀྱང་རང་གྲགས་སུ་ཕྱོགས་ཀུན་ཁྱབ་པར་དི་རི་རི་འགྲོ་བ་གཟིགས། ཁོང་གི་སྙན་པ་ཕྱོགས་བཅུར་ཁྱབ་པར་འདུག་གསུངས་ཀཿཐོག་ཏུ་ཆེད་ཀྱིས་བྱོན་ནས་རིན་པོ་ཆེ་གཙང་སྟོན་ལས་སྒྱུ་འཕྲུལ་གྱི་དབང་ཞུས་ནས་མཁྱེན་པའི་ཡེ་ཤེས་ཕྱོགས་མེད་དུ་སད་པར་གྱུར།
ཀཿཐོག་པ་ཐུགས་དམ་རྫོགས་པ་ཆེན་པོ་ལ་མཉམ་པར་བཞག་པའི་ཚེ་ནམ་མཁའ་ལྟར་ཅི་ཡང་མི་སྣང་བ་དང་། ནུབ་གསུམ་ལ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་གཟིགས་པ་སོགས་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར་གསུངས། སྤོམ་བྲག་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་རྣམས་གཙང་སྟོན་ཆེན་པོའི་བྱིན་རླབས་ཀྱིས་སད་པར་མཛད་ལ། ཀཿཐོག་པའི་གསང་བ་གསུམ་གྱི་ཆེ་ཡོན་རྣམས་སྤོམ་བྲག་པས་གཟིགས་པས་ཁོང་དཔོན་སློབ་ཀྱི་དགོངས་སྤྱོད་དག་པའི་གཏིང་ཚུལ་མཐོང་གིས་ག་ལ་དཔོགས། ལན་གཅིག་མི་བསྐྱོད་པའི་ཞིང་ཁམས་གཟིགས་པ་ཞིག་ལ་འཁོར་གྱི་སེམས་དཔའ་རྣམས་ཀྱིས་ཆོས་རྗེ་འདི་ལ་བྱང་ཆུབ་སེམས་དཔའ་ནོར་བུའི་སྙིང་པོ་ཞེས་པའི་སྒྲ་དི་རི་རི་སྒྲོགས། སྐུ་སྐྱེ་བ་དེའི་འོག་ཏུ་བདེ་བ་ཅན་དུ་དེ་ལྟར་འགྱུར་བ་ཡིན་གསུངས། ཡང་ཞིང་ཁམས་
མངོན་པར་དགའ་བ་ལན་གཅིག་གཟིགས་ཚེ་སྟོན་པ་རྡོ་རྗེ་མི་བསྐྱོད་པའི་ཞལ་ནས། རིགས་ཀྱི་བུ་ནོར་བུའི་སྙིང་པོ་ཁྱོད་མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་གསན། འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཀྱང་གསང་བ་སྙིང་པོའི་རྒྱུད་འགྲེལ་བཀའ་མཆིམས་ཕུ་མ་ཞེས་དེང་སང་ཡང་བཞུགས་པ་འདི་སོགས་རྒྱ་ཆེར་ཡོད། དེ་ལྟར་ལོ་སུམ་ཅུ་སོ་བཞི་ཙམ་དཔལ་ཀཿཐོག་གི་གདན་ས་བཤད་སྒྲུབ་ཕྲིན་ལས་བཟང་པོས་བསྐྱངས་པའི་མཐར་དགུང་གྲངས་དགུ་བཅུ་བཞེས་པ་མེ་ཕོ་བྱི་བའི་ལོར་སྤྲུལ་པ་བསྡུས་སོ། །དེ་ཉིད་ཀྱི་རྒྱལ་ཚབ་བྱམས་པ་འབུམ་ནི། སྐྱེ་བ་སྔ་མ་འཕགས་པའི་ཡུལ་དུ་གྲུབ་ཆེན་ཛ་ལནྡྷ་རི་པའི་ཐུགས་སྲས་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་ནག་པོ་པའམ་
སྤྱོད་འཆང་དབང་པོ་ཡིན་ཏེ། རྗེ་བཙུན་མི་ཏྲ་ཛོ་ཀིས། སློབ་མ་སོ་མ་ཛོ་ཀི་ཞེས་བྱ་བའི་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཞིག་ལ་ཁྱོད་བོད་དུ་འགྲོ་ན་སྔོན་བྱོན་གྱི་སློབ་དཔོན་ཞི་བ་ལྷ་དང་རྒྱ་གར་ཕྱག་ན་གཉིས་བོད་དུ་སྐྱེ་བ་བཟུང་བའི་གདན་ས་ཀཿཐོག་བྱ་བ་ན་ཀསྣ་པ་ཆེན་པོ་ད་ལྟ་བཞུགས་པ་དེ་ལ་ཕྱག་གྱིས། ཀཾ་པོ་གནས་ནང་དང་། འཇང་ཡུལ་དུ་ཡང་ལན་རེ་སོང་ཞིག་ཅེས་ལུང་བསྟན་ཏེ་བོད་དུ་འོངས་ནས་ཆོས་རྗེ་བྱམས་པ་འབུམ་གྱི་ཞབས་ལ་གཏུགས་ལུང་བསྟན་པར་བཤད། གཞན་ཡང་ཀཎ་རི་པའི་སློབ་མ་ཨ་ནནྟ་ཤྲིར་གྱུར་ཏེ་རྡོ་རྗེ་གདན་དུ་གནས་བརྟན་བྱས། ས་ར་ཧའི་སློབ་མ་དཱ་ན་ཀིརྟིར་གྱུར་ཏེ། པཎྜི་ཏ་ཐམས་ཅད་ཀྱི་བླ་མར་གྱུར། རྒྱ་གར་ལྷོ་ཕྱོགས་ཀྱི་ཆོས་རྒྱལ་དྷརྨ་པཱ་ལར་གྱུར་ཏེ་གྲུབ་ཐོབ་བརྒྱད་ཅུ་ཕལ་ཆེར་མཆོད་གནས་སུ་རྟག་པར་བཞུགས་པ་ལ་ལོ་བརྒྱད་ཅུ་རྩ་བཞིར་མཆོད་
ཅིང་། སོ་མ་པུ་རི། ཛ་ག་ཏ་པ་ལ། ཀོ་ཊ་ལ། ཨོ་རྒྱན་ལ་སོགས་པའི་གཙུག་ལག་ཁང་ཆེན་པོ་བདུན་བཞེངས་པ་སོགས་ཀྱི་སྔོན་ཟགནས་དྲན་གསུངས། ལོ་རྒྱུས་ཁ་ཅིག་ཏུ་གོང་གི་རྒྱལ་པོ་དྷརྨ་པཱ་ལའི་ཚབ་ཏུ་དེའི་སྲས་མ་ཏི་པ་ལ་ཞེས་བྲིས་སྣང་བས་དཔྱད། དེ་རྣམས་ཀྱི་འོག་ཏུ་རྗེ་བྱམས་པ་ཆེན་པོའི་སྐུ་སྐྱེ་བ་བཞེས་པ་ཡིན་ཏེ་ས་མོ་༡༢༣༩ཕག་ལ་མདོ་ཁམས་ལྡན་རྡུ་པ་ཞེས་པར་སྐུ་མངལ་གྱི་པདྨོ་ལས་གྲོལ། དམ་པ་རིན་པོ་ཆེ་དང་ཆོས་རྗེ་གཙང་སྟོན་པ་གཉིས་ཆར་ལས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན་བསམ་བསྒོམ་གསུམ་མཛད་དེ་མཐར་ཕྱིན་པ་ནི་ཆོས་ཀྱི་རྗེ་ལས་མཛད་པ་སྟེ། དམ་པའི་ཞལ་ནས། བུ་ཁྱོད་ལས་བྱུང་བའི་བྱམས་པ་འབུམ། །ཞེས་གསུངས་པའི་ཕྱིར་རོ། །ཆོས་ཀྱི་རྗེ་སྐུ་མ་བཞུགས་པའི་འོག་ཏུ་རྗེ་འདི་དགུང་ལོ་ཞེ་བརྒྱད་
པར་གདན་སར་བཞུགས་ཤིང་སྒྱུ་འཕྲུལ་དང་རྫོགས་ཆེན་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་དགའ་སྟོན་སྤེལ། མཆོག་གི་སྤྲུལ་སྐུ་ཀརྨ་པ་ཆེན་པོ་འབྲི་རྒྱལ་དམ་པ་ཆོས་ཕྱུག་ཏུ་སྐུ་འཁྲུངས་པ་བྱང་སེམས་སྤོམ་བྲག་པ་དང་ཤ་འབམ་དུ་ཐོག་མར་མཇལ་བ་ཞིག་ལ་ཁོང་གི་བཀའ་བཞིན་ཀ་ཐོག་ཏུ་ཕེབས་ནས། བྱམས་པ་རིན་པོ་ཆེས་མཁན་པོ་དང་། སྤྱན་སྔ་མང་ཕུ་བ་བསོད་ནམས་འབུམ་པས་ལས་སློབ་མཛད་དེ་ཀརྨ་པ་བསྙེན་པར་རྫོགས་པ་རྒྱ དགེ་སློང་གི་དངོས་པོར་བསྒྲུབས་ཏེ་ཐུབ་པའི་རྒྱལ་ཚབ་ཏུ་མངའ་གསོལ། མཚན་ཆོས་ཀྱི་བླ་མར་གསོལ་ཞིང་སྒྱུ་འཕྲུལ་དང་རྫོགས་ཆེན་མ་གཤིན་ཕུར་པ་སོགས་ཀྱི་དབང་དང་གདམས་པ་མང་པོ་ཡང་གསན་པར་གསལ་ཏེ། ཀརྨ་པཀིའི་རྣམ་ཐར་བསམ་ཡས་ལྷ་ཡི་རྔ་ཆེན་ལས། དེ་ནས་ཀཿཐོག་བྱམས་པ་
འབུམ་དང་སྤྱན་སྔ་མང་ཕུ་བ་བསོད་ནམས་འབུམ་པ་ལས་སོ་སོ་ཐར་པའི་གདམས་པ་རྫོགས་པར་ནོས་སོ། །ཞེས་གསུངས་པ་དང་། བར་ཁམས་རྒྱ་ར་ཀློང་ཆེན་པས། ཀརྨ་པཀྱིས་རྙིང་མའི་བླ་མ་ཁམས་ཀྱི་ཀཐོག་པ་བྱམས་པ་འབུམ་ལས་བསྙེན་རྫོགས་དང་། རྫོགས་ཆེན་དང་རྙིང་མའི་མ་ཕུར་སོགས་ཞུས་ནས་ཐུགས་ཉམས་སུ་བཞེས། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཀཿཐོག་གི་གདན་ས་ལོ་ཉི་ཤུ་རྩ་དྲུག་བསྐྱངས་པ་སོགས་བསྟན་པ་ལྟ་དང་འགྲོ་བའི་དོན་དུ་རྒྱ་ཆེན་པོ་མཛད་ནས། དགུང་གྲངས་དོན་བཞིར་ཕེབས་པ་ཆུ་བྱི་སྨིན་དྲུག་ཟླ་བའི་ཚེས་བཅུ་ལ་གཟུགས་སྐུའི་བཀོད་པ་བསྡུས་ཤིང་། དེའི་འོག་ཏུ་དཔལ་ལྡན་འབྲས་སྤུངས་སུ་བྱང་ཆུབ་སེམས་དཔའ་ཀ་མ་ལ་ཤཱི་ལ་ཞེས་པར་གྱུར་ནས་འགྲོ་དོན་མཛད། དེའི་རྗེས་སུ་བདེ་བ་ཅན་དུ་བྱང་ཆུབ་
སེམས་དཔའ་ཟླ་བའི་སྙིང་པོའམ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ཚུལ་གྱིས་ཕྱི་མཐའི་བར་བཞུགས་ནས་གདུལ་བྱ་མཐའ་ཡས་པའི་དོན་མཛད། མ་འོངས་པར་དེ་བཞིན་གཤེགས་པ་སེང་གེ་གཞོན་ནུ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཐོབ་པ་ཡིན་ནོ། །དེ་ལྟར་རིགས་གསུམ་སེམས་དཔའི་རྣམ་འཕྲུལ་མཚུངས་མེད་བསྟན་པའི་འབྱུང་གནས་རྣམ་གསུམ་གྱི་འཁྲུངས་རབས་དང་འབྲེལ་བའི་རྟོགས་བརྗོད་མདོར་བསྡུས་ཙམ་བཤད་ནས། གཉིས་པ་བླ་རབས་བཅུ་གསུམ་གྱི་བྱུང་བ་བརྗོད་པ་ནི། དེ་ལ་སྔར་གྱི་ཆོས་འབྱུང་ཕལ་ཆེར་དུ། དམ་གཙང་བྱམས་གསུམ་བླ་རབས་བཅུ་གསུམ་གྱི་གྲངས་སུ་བསྒྲངས་འདུག་ན་ཡང་། ཀཿཐོག་སི་ཏུ་པཎྜི་ཏ་ཆོས་ཀྱི་རྒྱ་མཚོའི་མཚན་བསྡོམས་གསོལ་འདེབས་ཀྱི་དགོངས་པ་ལྟར་དམ་གཙང་བྱམས་གསུམ་མི་ཐེ་བའི་བླ་རབས་བཅུ་
གསུམ་འདྲེན་པའི་དབང་དུ་བྱས་ན། རྗེ་བྱམས་པ་འབུམ་གྱི་རྒྱལ་ཚབ་སྤྱན་སྔ་བ་བསོད་ནམས་འབུམ་ནི། རབ་བྱུང་བཞི་པའི་ཆུ་ཕོ་རྟ༡༢༢༢ ལ་མང་ཕུ་ཞེས་པའི་ས་ཆར་སྐུ་འཁྲུངས། རྗེ་བྱམས་པ་འབུམ་ལས་མདོ་སྔགས་ཀྱི་ཆོས་རྣམས་བུམ་པ་གང་བྱོར་གསན། དགུང་གྲངས་སུམ་ཅུ་པ་ལ་གདན་སར་བཞུགས། ཀརྨ་པཀི་བསྙེན་པར་རྫོགས་པའི་ལས་སློབ་མཛད་ཅིང་། ཧོར་སེ་ཆེན་རྒྱལ་པོ་ཡན་ཆད་དབང་དུ་འདུས། ལོ་སུམ་ཅུ་གདན་ས་བ་མཛད་ནས་མདོ་སྒྱུ་དང་རྫོགས་ཆེན་གཙོ་བོར་མཛད་དེ་བསྟན་པ་བསྐྱངས་མཐར་དགུང་གྲངས་རེ་གཅིག་བཞེས་པ་ཆུ་རྟ་དགུན་ཟླ་ར་བའི་ཡར་ཚེས་ལྔ་ལ་དག་ཞིང་དུ་གཤེགས་པ་ཡིན། དེའི་རྒྱལ་ཚབ་རྩྭ་སྡེ་ཞྭ་ནག་པ་ནམ་མཁའ་རྡོ་རྗེ་ནི། རྫོགས་ཆེན་སེམས་ཕྱོགས་ཀྱི་བསྟན་པའི་བདག་པོར་གྱུར་ཅིང་གོ་འཇོའི་
ཕྱོགས་སུ་རྩྭ་སྡེ་དགོན་ཆགས་བཏབ། འདི་ཉིད་འཁྲུངས་གཤེགས་ལོ་ཁམས་སོགས་རྣམ་ཐར་རྒྱས་པ་མི་གསལ། དེ་ཉིད་ཀྱི་རྒྱལ་ཚབ་དབུ་འོད་ཡེ་ཤེས་འབུམ་ནི། རབ་བྱུང་བཞི་པའི་ཤིང་ཕོ་སྟག་༡༢༥༤ལ་གཡན་པ་ཞེས་པར་སྐུ་འཁྲུངས། ཉེར་དགུ་ལ་གདན་སར་ཕེབས། མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་མདོ་དང་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་གསུངས། དུས་སྐབས་དེར་ཆོས་རྗེ་ས་སྐྱ་པཎྜི་ཏ་དང་འཕགས་པ་རིན་པོ་ཆེ་ཁུ་དབོན་ཧོར་རྒྱལ་པོས་གདན་༤ དྲངས་ཏེ་ཕེབས། ལམ་བར་འཛིང་དུ་རྣམ་རྒྱལ་ལྷ་ཁང་བཞེངས། ཀཿཐོག་པ་དབུ་འོད་ཡེ་ཤེས་འབུམ་པའང་དེར་ཕེབས་ཏེ། ལྷ་ཁང་ལ་གསར་རྙིང་གཉིས་ཀྱིས་རབ་གནས་དུས་གཅིག་མཛད་རྒྱུར། ཀཿཐོག་པའི་ཞལ་ནས་རབ་གནས་ཀྱི་ཐོག་མའི་བགེགས་སྐྲོད་དེ་ངེད་རྙིང་མ་བས་བྱེད། ཡེ་ཤེས་གཞུག་པ་
སོགས་རབ་གནས་དངོས་གཞི་དེ་ཁྱེད་གསར་མ་བས་མཛད་པར་ཞུ་གསུངས། དེར་ཀཿཐོག་པས་བགེགས་སྐྱོད་པའི་སྤྱན་དམིགས་གནང་བས་ལྷ་ཁང་ཕྱི་ནང་བསྒྱུར། ས་སྐྱ་བས་ཡེ་ཤེས་དབབས་པས་སླར་རང་མལ་དུ་གནས་པར་མཛད་པའི་ངོ་མཚར་བའི་གྲུབ་རྟགས་བསྟན་རེས་མཛད། ཀཿཐོག་པས་འགྲོ་མགོན་ཆོས་འཕགས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་བསྐུར་བ་མཛད་ཅིང་ཧོར་ཡུལ་དུ་ཐེགས། ཆོས་རྗེ་ས་པཎ་ཧོར་ཡུལ་དུ་གཟུགས་སྐུ་བསྡུས། འཕགས་པས་བོད་དུ་ཕྱིར་བྱོན་སྐབས་མཆོད་རྟེན་ལི་མཐོག་ཚད་གསུམ་པ་དང་། ཏིང་ཆེན་པོ་བདུན་ཚར་སོགས་ཀཿཐོག་ཏུ་དབུལ་བར་མཛད་པ་ད་ལྟའང་ཡོད། རྗེ་འདིས་ལོ་གྲངས་ཞེ་བཞིར་འཚོགས་པ་བསྐྱངས་ཏེ་དགུང་གྲངས་དོན་བཞི་པ་མེ་ཡོས་རྒྱལ་ཟླའི་ཉེར་གཉིས་ལ་གཟུགས་སྐུ་བསྡུས་སོ། །དེ་
ཉིད་ཀྱི་རྒྱལ་ཚབ་བྱང་ཆུབ་དཔལ་བ་ནི་རབ་བྱུང་ལྔ་པའི་ཤིང་ཕོ་སྤྲེལ་༡༨༤ ལ་ཁྲོམ་ཁྲི་དཔོན་རྒྱལ་པོ་ནམ་མཁའ་རྒྱལ་མཚན་ཞེས་གྲགས་པ་ཆེ་བ་དེའི་སྲས་སུ་འཁྲུངས་ཤིང་དགུང་ལོ་ཞེ་བཞི་པར་ཀཿཐོག་གི་གདན་སར་བྱོན། འདིའི་དུས་བར་ཁྲོད། ཡང་ཁྲོད། དམ་ཕུག་རྣམས་སུ་ཕུང་པོ་འོད་སྐུར་དེངས་པ་མང་དུ་བྱུང་། ལྷ་ཁང་བཞེངས་སྐབས་སུ་ལས་བྱེད་རྣམས་ཕྱུགས་ལུག་མང་པོ་བསད་ནས་ཤ་ལྤགས་སོ་སོར་ཕྲལ་བ་ལ་དྲུང་ནས་སེ་གོལ་ཞིག་གཏོགས་པར་ཚ མཛད་པས་ཐམས་ཅད་ཅོ་དིར་གྱིས་མཁའ་སྤྱོད་དུ་སོང་བར་གྲགས་ཏེ། འདི་རྣམས་ཀྱི་སྐབས་སུ་ཀཿཐོག་གི་བསྟན་པ་དར་རྒྱས་ཤིན་ཏུ་ཆེ་ཞིང་ཕྱོགས་སུ་བཀྱེས་པའི་སློབ་བརྒྱུད་རྣམས་ཀྱིས། ཉང་ཀོང་ལྷོ་མོན་སོགས་སུ་ཀཿཐོག་གི་མཚན་ཐོགས་པའི་དགོན་པ་མང་པོ་བྱུང་། རྗེ་བྱང་དཔལ་བས་ཁྲོམ་གྱི་ཡེ་ཚེ་ལྷ་
ཁང་སོགས་གཙུག་ལག་ཁང་བརྒྱ་རྩ་ཙམ་བཞེངས། དེ་ལྟར་བསྟན་པའི་ཁུར་ཆེན་ལོ་ཉི་ཤུ་ཙམ་བཞེས་མཐར་དགུང་གྲངས་རེ་བཞི་པ་མེ་ཕག་མཆུ་ཟླའི་ཚེས་བཅུ་ལ་གཤེགས། དེ་དག་ལ་བསྟན་པ་གསལ་བར་བྱེད་པའི་སྒྲོན་མེ་རྣམ་པ་གསུམ་ཞེས་མཁས་གྲུབ་དཔལ་དགེ་སྤྲུལ་སྐུས་དོན་གྱི་ཀྱི་རྣམ་ཐར་ལ་བསྔགས་པ། ཡོངས་རྫོགས་བསྟན་པའི་མངའ་བདག་བསོད་ནམས་འབུམ། །བསྐྱེད་རྫོགས་དགོངས་པ་མཐར་ཕྱིན་ཡེ་ཤེས་འབུམ། །བསད་གསོ་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་དཔལ། །བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་འདེབས། །ཞེས་ཆེད་དུ་བརྗོད་པ་འདི་མཛད་དོ། །དེ་ཉིད་ཀྱི་རྒྱལ་ཚབ་བསོད་ནམས་བཟང་པོ་ནི། རབ་བྱུང་ལྔ་པའི་ཤིང་ལུག་༡༢༩༥ ལ་སྐུ་འཁྲུངས། དགུང་གྲངས་ང་གསུམ་བཞེས་དུས་གདན་སར་ཕེབས། སྒྱུ་འཕྲུལ་
དང་རྫོགས་ཆེན་གྱིས་གཞུང་བསྲངས་ཤིང་འདི་ཙམ་ནས་ཉང་དང་གུ་རུ་ཆོས་དབང་སོགས་གཏེར་ཆོས་སྔ་མ་རྣམས་ཅུང་ཟད་རེས་ཟུར་བརྒྱན་པ་བྱུང་། དགུང་ལོ་དྲུག་ཅུ་རེ་གསུམ་གྱི་བར་བསྟན་པ་བཤད་དང་སྒྲུབ་པ་གཉིས་ཀྱིས་བཟུང་ནས་ལོ་དེའི་མཆུ་ཟླའི་ཚེས་བཅུའི་དུས་བཟང་ལ་གཤེགས། དེའི་རྒྱལ་ཚབ་ཀུན་དགའ་འབུམ་པ་ནི། རབ་བྱུང་དྲུག་པའི་ཆུ་ཕོ་སྤྲེལ་༡༣༩༢ ལོ་ལ་སྐུ་འཁྲུངས། དགུང་ལོ་སོ་བརྒྱད་ནས་ལྔ་བཅུའི་བར་ལོ་བཅུ་གསུམ་གདན་ས་བསྐྱངས། སྐྱེ འདི་ཀུན་མཁྱེན་ཀློང་ཆེན་པ་དང་ཐོག་མཉམ། ལྷག་པར་གཅོད་ཀྱི་བཀའ་བབས་པས་འདིའི་གཅོད་ཡུལ་ཀུན་དགའ་འབུམ་པ་ཞེས་པའི་དབང་ལུང་གི་རྒྱུད་དེང་སང་བར་བཞུགས། ཞལ་སློབ་ཀྱང་རག་ཆབ། གྲེ་དྷ། གཙང་ཆེན། བྲག་ཁ་ཆུ་སོགས་སུ་གྲུབ་པ་ཐོབ་པའི་སྐྱེས་བུ་མང་པོ་བྱུང་། མཐར་དགུང་ལོ་ལྔ་
བཅུ་བཞེས་པ་ལྕགས་མོ་བྱ་ལོའི་སྣོན་ཟླའི་ཚེས་བཅུ་གསུམ་ལ་ཞིང་ཁམས་སུ་གཤེགས། དེའི་རྒྱལ་ཚབ་དབང་ཕྱུག་དཔལ་བ་ཞེས་པ་ནི། རབ་བྱུང་དྲུག་པའི་ཆུ་སྤྲེལ་ལ་འཁྲུངས། ཀཿཐོག་ཏུ་ཕེབས་ནས་ལོ་གྲངས་མང་པོའི་རིང་ཕྱོགས་ཀྱི་འདུས་པ་རྣམས་ལ་སྨིན་གྲོལ་གདམས་པ་སྩལ། དེ་༧ ནས་བཤད་པ་བག་ཙམ་རེ་ལས་གཙོ་བོ་སྒྲུབ་པ་ཁོ་ན་མཛད་ཅིང་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ལ་དུས་གཞན་ཞིག་ཏུ་འཇང་རྒྱལ་པོའི་དམག་གི་དཔུང་ཆེན་པོ་བྱུང་བར་ཉེ་གནས་ཀྱིས་དམག་བྱུང་བས་ཅི་ཙུག་དྲག་ཞུས་པར། ཁོང་ཉིད་ཀྱི་ཐོག་ཏུ་རྩམ་པ་མང་པོ་བླུགས་ལ་ཞོག་གསུངས། དེ་བཞིན་དུ་བྱས་པས་ཁ་བ་ཆེན་པོ་བབས་ནས་དམག་རྣམས་ཕྱིར་ལོག །སླར་དད་ནས་ཞབས་སུ་བཏུད་དེ། གསེར་གྱི་ཐུབ་པའི་སྐུ་དང་། བ་སོ་ལས་བཅོས་པའི་གནྡྷོ་ལའི་བཀོད་
པ་སོགས་རྒྱའི་ལས་ཟོག་མང་པོ་དང་། ཀཿཐོག་ལྷ་ཁང་གི་རྩེའི་གཉྫི་ར་ཆེ་བ་རྣམས་དུས་དེར་རྒྱ་ནག་ནས་དྲངས་ཏེ་ཕུལ་བ་ཡིན། མཐུ་ནུས་ཀྱི་དབང་ཕྱུག་དེ་ཉིད་དགུང་གྲངས་ང་གསུམ་བཞེས་པ་ཤིང་བྱི་མགོ་ཟླའི་ཚེས་གཅིག་གི་ཉིན་མོར་གཟུགས་སྐུའི་བཀོད་པ་བསྡུས་སོ། །དེའི་རྒྱལ་ཚབ་བློ་གྲོས་འབུམ་པ་ནི། རབ་བྱུང་དྲུག་པའི་ཆུ་ཕོ་རྟ་ལ་འཁྲུངས། ཞེ་གསུམ་པར་གདན་ས་མཛད། འདིའི་སློབ་མ་ཆུ་གསོལ་བ་ནམ་མཁའ་འབུམ་སོགས་གྲུབ་བརྙེས་མང་པོ་བྱུང་། དུས་སྐབས་འདིར་ཟུར་འུག་པ་ལུང་དང་གསང་སྔགས་གླིང་སོགས་དབུས་གཙང་ཕྱོགས་སུ་བསྟན་པ་ཉག་ཕྲ་བར་གྱུར་པ་ལ། བཞག་བླ་ཡེ་ཤེས་འབུམ་པ་དབུས་སུ་བརྫངས་ནས་མདོ་དང་སྒྱུ་འཕྲུལ་སོགས་བཀའ་མ་དང་གཏེར་མའི་སྐོར་ཡང་དར་བར་མཛད་པས་དབུས་གཙང་ཁམས་གསུམ་དུ་བསྟན་ལ་ཕྱག་
རྗེས་ཆེ། དགུང་གྲངས་རེ་ལྔ་པ་མེ་ཁྱི་ལ་གཤེགས། དེའི་རྒྱལ་ཚབ་བློ་གྲོས་སེང་གེ་ནི། རབ་བྱུང་དྲུག་པའི་ལྕགས་མོ་ཕག་༡༣༧༡ ལ་འཁྲུངས། དགུང་གྲངས་སོ་དྲུག་པར་གདན་ས་མཛད། བཀའ་མའི་མདོ་སྒྱུ་སེམས་གསུམ་སྔ་དར་རྣམས་ཀྱི་སྟེང་དུ་གཏེར་མའི་སྐོར་ཡང་འདི་སྐབས་སུ་དར་རྒྱས་བཏང་བ་ཡིན། དགུང་ལོ་དྲུག་ཅུ་བཞེས་པ་ལྕགས་ཁྱི་ལ་གཤེགས། དེའི་རྒྱལ་ཚབ་བྱང་ཆུབ་བློ་གྲོས་ནི། འཁྲུངས་ལོ་གསལ་ཁ་མ་མཆིས་མོད། བསྟན་རྒྱུན་སྔོན་གྱི་དེ་ཀ་དང་། ཁྱད་པར་སྒྱུ་འཕྲུལ་སྡེ་བཞི་དང་ལམ་རྣམ་བཀོད་ལ་འགྲེལ་པ་བརྩམས་ནས་འཆད་སྤེལ་མཛད་པས་བཤད་སྒྲུབ་གཉིས་ཀ་དར་རྒྱས་ཆེ་བ་བྱུང་སྟེ། རི་རྩིབས་དང་བར་ཁྲོད་སོགས་སུ་སྤོང་བ་བསམ་གཏན་གྱི་སྡེའང་ཤིན་ཏུ་རྒྱས་པ་བྱུང་། དགུང་གྲངས་དྲུག་ཅུ་པ་ལ་གཤེགས། དེའི་
རྒྱལ་ཚབ་བྱང་ཆུབ་སེང་གེ་ནི། རབ་བྱུང་དྲུག་པའི་མེ་མོ་སྦྲུལ་༡༣༧༧ ལ་སྐུ་འཁྲུངས། བྱང་ཆུབ་བློ་གྲོས་ལས་སྒྱུ་འཕྲུལ་དང་རྫོགས་ཆེན་ཕྱོགས་ལ་གསན་བསམ་བསྒོམ་པ་རྒྱ་ཆེན་པོ་མཛད་པས་མཁས་གྲུབ་ཏུ་གྱུར། ཞལ་སློབ་མང་པོ་གཙང་ཕྱོགས་འུག་པ་ལུང་དང་གསང་སྔགས་གླིང་དུ་རྫོང་བདའ་མཛད་པ་དང་། དམ་ཅན་བྲན་དུ་ཁོལ། རྒྱ་གར་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་རིན་པོ་ཆེའི་སྐུ་ཀཿཐོག་ཏུ་གདན་དྲངས་པ་སོགས་ངོ་མཚར་ཆེ་བའི་མཛད་པ་མང་ངོ་། །དེའི་རྒྱལ་ཚབ་བྱང་ཆུབ་རྒྱལ་མཚན་ནི། འཁྲུངས་ལོ་མི་གསལ་ནའང་སྐུ་འཁྲུངས་ཡུལ་བུ་འབོར་བ་སྟེ་ལི་ཐང་སྣ་གྲོང་པ་ཡིན། བཀའ་གཏེར་གཉིས་ཀའི་ཟབ་ཆོས་རྣམས་ལ་འཆད་ཉན་བསྒོམ་པ་གོང་མ་རྣམས་དང་མཉམ་པ་མཛད་དོ། དེ་ཉིད་ཀྱི་རྒྱལ་ཚབ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་
ནི། དེ་ཡང་རཏྟའི་ལྡང་ལྷའི་ལུང་བསྟན་ལས། ཆུ་བོ་འབྲི་ཀླུང་ཞེས་བྱའི་གཡོན་ཕྱོགས་སུ༔ ཡེ་ཤེས་རྒྱལ་མཚན་ཞེས་གྲགས་དཔུང་སྨེ་ཅན༔ རང་གི་བསྟན་པ་སླར་ཡང་གསོ་བའི་དུས༔ ཞེས་གསུངས་པ་ལྟར་གཉགས་ཛྙཱ་ན་ཀུ་མཱ་རའི་རྣམ་འཕྲུལ་གང་ཉིད་བུ་འབོར་སྒང་དུ་རབ་བྱུང་བདུན་པའི་ཤིང་མོ་ཕག་ལ་༡༤༥༥ སྐུ་བལྟམས། བྱང་ཆུབ་རྒྱལ་མཚན་ལ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་མདོ་སྔགས་སྤྱིའི་ལམ་རིམ་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྱུར། ཁྱད་པར་དུ་མཁས་གྲུབ་ཆེན་པོ་བྲ་བོ་ཆོས་འབུམ་ལས་འདུས་པ་མདོ་དང་སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོའི་དབང་དང་བཤད་པ་སྒྲུབ་ཐབས་སོགས་མ་ལུས་པ་བུམ་པ་གང་བྱོར་གསན། བླ་མ་དེ་ལ་རྨོག་སྟོན་རྡོ་རྗེ་དཔལ་བཟང་གིས་འདུས་པ་མདོ་ཞུས་ཤིང་། དེ་ལ་སེམས་དཔའ་ཆེན་པོ་དར་
ལུང་པ་རྡོ་རྗེ་རྣམ་རྒྱལ་གྱིས་ཞུས། རྒྱུན་དེ་ལས་འདུས་པ་མདོ་ཁམས་ལུགས་སུ་གྲགས་པ་དེ་ཡུལ་དབུས་སུ་བབས་པ་ཡིན། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བསྟན་བཅོས་ཀྱང་ཞི་ཁྲོའི་སྔོན་འགྲོའི་འགྲེལ་པ་རིན་ཆེན་ཕྲེང་མཛེས། ཞི་ཁྲོ་དང་། ཕུར་པ་བཀའ་མའི་འགྲེལ་པ། ལམ་རིམ་འགྲེལ་པ་མུ་ཏིག་ཕྲེང་བ། གསང་བ་སྙིང་པོའི་འགྲེལ་པ་དང་ས་བཅད་བསྡུས་དོན། ལམ་རྣམ་བཀོད་ཀྱི་ཊི་ཀ་དང་མཆན་བུ། སྤར་ཁབ་དང་། ཐུགས་ཐིག་ལ་མཆན་འགྲེལ། དམ་ཚིག་གསལ་བཀྲའི་འགྲེལ་བཤད་གསལ་བའི་མེ་ལོང་། དམ་པ་རིན་པོ་ཆེའི་ཐེག་པ་སྤྱི་ཆིངས་འགྲེལ་པ་ཉི་མའི་འོད་ཟེར། ཞི་ཁྲོའི་ཕྱག་རྒྱ་འཆིང་ཐབས་ཀྱི་ཡི་གེ། ཚོགས་ཀྱི་འཁོར་ལོའི་རྣམ་བཤད་སོགས་དང་། གཞན་ཡང་ཕྱིས་སུ་ཙཱ་རི་བ་འགྲོ་མགོན་ཤིང་འགོ་བ་ལས། སྨར་ཚང་ཕྱག་ཆེན་
གསན་ནས། ཕྱག་རྒྱ་ཆེན་པོའི་ཁྲིད་གཞུང་སྙིང་པོ་དོན་གྱི་མན་ངག་རྒྱ་མཚོའི་གཏེར་མཛོད་སོགས་ཤིན་ཏུ་མང་པོ་བརྩམས་ཤིང་། བཀའ་རྙིང་སྐོར་གསང་བ་སྙིང་པོ་རྩ་འགྲེལ་རྣམས་དང་། མདོ་དགོངས་འདུས། རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་སྡེ་གསུམ། སོ་སོའི་བཀའ་སྲོལ་གྱི་རྩ་བ་རྣམས་སླར་ཡང་ཉི་མ་ལྟར་གསལ་བར་མཛད་ཅིང་བཤད་སྒྲུབ་ཀྱི་བསྟན་པ་ཁྱབ་གདལ་དུ་སྤེལ། བླ་མ་ཡི་དམ་ཌཱ་ཀི་སངས་རྒྱས་བྱང་སེམས། ཉན་རང་གི་ཚོགས་དཔག་ཏུ་མེད་པའི་ཞལ་གཟིགས། ཆོས་སྐྱོང་བྲན་དུ་ཁོལ། ཐུན་མོང་གི་སྤྱོད་ཡུལ་དུའང་བླ་གོས་ཉི་ཟེར་ལ་བཀལ་བ་སོགས་མཁས་པ་དང་གྲུབ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ། སྐུ་ཚེའི་སྨད་དུ་འཕགས་མཚོ་རི་ཁྲོད་དུ་སྒྲུབ་པ་ཁོ་ན་ལ་གཞོལ་ཞིང་བཞུགས། བུ་འབོར་དང་། ཁ་བ་དཀར་པོ། འཇང་
ཡན་ཆད་ཀྱི་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་ཁྱོད་དྲུག་ཅུ་རེ་བཞིའི་དུས་འདི་ནས་ཚེ་འཕོས་ཏེ། །བྱང་གི་ཕྱོགས་སུ་འགྲོ་དོན་རྒྱ་ཆེར་མཛད། དེ་ནས་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་བདེ་བའི་མྱུ་གུར་གྱུར་ནས་སངས་རྒྱས་ཀྱི་ཞིང་སྦྱངས་ཤིང་། དེ་ནས་དག་པའི་བསྐལ་པ་ཡོན་ཏན་བཀོད་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་བདེ་བའི་སྙིང་པོ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པའང་ཐོབ། བྱང་ཕྱོགས་ལྕང་ལོ་ཅན་ནས་མཁའ་འགྲོ་མ་ཞེ་གཉིས་བསུ་མ་བྱུང་གསུངས་ནས་སྐུ་ལ་བསྙུན་མེད་པར་གཤེགས་པའི་ཚུལ་བསྟན་རྗེས་སྐུ་གདུང་ཞུགས་ལ་སྦྱངས་པས། དབུ་ཐོད་ལ་རྡོ་རྗེ་གསུམ་དང་། ཚིགས་པ་ལ། འོད་དཔག་མེད་དང་། ཐུགས་རྗེ་ཆེན་པོ། མི་གཡོ་བ་རྣམས་ཀྱི་སྐུ་དང་། ལྗགས་ལ་ཡིག་འབྲུ་རང་
བྱོན། ཐུགས་ལས་རིང་བསྲེལ་ཁ་དོག་ལྔ་པ་གྲངས་མེད་པ་བྱོན་ནས་ཐམས་ཅད་དད་པའི་གནས་ལ་བཀོད་པར་མཛད་དོ། །འདི་ཡན་ཆད་ཀཿཐོག་བླ་རབས་བཅུ་གསུམ་ཞེས་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཟམ་མ་ཆད་དུ་བྱོན་ཅིང་། སྔ་འགྱུར་གྱི་བསྟན་པ་བཤད་སྒྲུབ་གཉིས་ལྡན་གྱིས་བསྐྱངས་པ་ཡིན་ནོ། །ད་ནི་གསུམ་པ། དམ་པའི་སློབ་མའི་མཆོག་ལུང་བསྟན་བུ་བཞི་ཞེས་གྲགས་པ་ནི། འབྲུ་ཚ་སྒང་པས། བུ་རོང་བཞག་གསུམ་དང་། ང གནས་ཆེན་ཁ་བ་དཀར་པོ་ཡན་ཆད་དུ་ཕེབས་ནས་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་རྒྱ་ཆེར་སྤེལ་ཞིང་དགོན་གནས་གསར་བཏབ་ཀྱང་། འབྲོག་ཁང་དགོན། ལྕགས་མདུད་དགོན། ཞི་དར་དགོན། ཁོལ་རི་དགོན། རི་ཤེལ་དགོན་སོགས་དགོན་པ་བརྒྱ་རྩ་བརྒྱད་ཆགས་བཏབ་པར་མཛད་པ་སོགས་བསྟན་པ་ཁྱབ་
གདལ་དུ་སྤེལ་བར་མཛད་པའི་ཕྱག་རྗེས་ཆེའོ། །ཙཱ་སྡེ་སྤྱན་སྔ་བ་ནམ་མཁའ་རྡོ་རྗེ་ནི་གོང་དུ་བླ་རབས་བཅུ་གསུམ་གྲངས་དང་འདིར་ལུང་བསྟན་བུ་བཞིའི་གྲངས་སུའང་འདྲེན་མཛད་པ་དེས་ན་དམ་པ་ཡབ་སྲས་ཀྱི་སློབ་མ་སྙན་གྲགས་ཅན་ཞིག་ཡིན་ཀྱང་རྣམ་ཐར་རྒྱས་པ་མ་མཐོང་སྟེ། ཁོང་གི་ཞལ་སློབ་དྲུང་ཐུགས་རྗེ་ཡེ་ཤེས་དང་། སྟོན་པ་དབང་འབྱོར་སོགས་ལས་སྒྲ་འཕྲུལ་དང་རྫོགས་ཆེན་སྐོར་རྣམས་དབུས་གཙང་ཕྱོགས་སུ་ཡར་བབས་པ་ལས་སྒྱུ་འཕྲུལ་ཁམས་སྨྲ ལུགས་ཞེས་པ་དེ་བྱུང་བ་ཡིན། རྨོག་སྟོན་འཇམ་དཔལ་སེང་གེ་ནི། མཁས་གྲུབ་ཀྱི་སྙན་པས་སྐྱེ་རྒུའི་ཡིད་དབང་འཕྲོག་པ་བྱུང་ཞིང་། འབྲི་ཆུའི་རྒྱུད་དུ་རྨོག་ཚ་དགོན་འདེབས་པར་མཛད་པ་སོགས་བསྟན་པ་དང་འགྲོ་བའི་དོན་རླབས་པོ་ཆེ་བསྒྲུབས། ཁོང་ལས་གྲུབ་ཐོབ་རྨོག་རབས་བཅུ་གསུམ་གྱི་རྒྱུན་བྱུང་ཚུལ་
འོག་ཏུ་འཆད་དོ། །གླིང་གྲུབ་ཐོབ་མ་ཎི་རིན་ཆེན་ནི་ཉང་གི་སྲས་འགྲོ་མགོན་ནམ་མཁའ་དཔལ་གྱི་སློབ་མ་ཡང་ཡིན། མཆན། རྗེ་བྱམས་པ་འབུམ་གྱིས་ལུང་བསྟན་ནས་དབུས་ཕྱོགས་སུ་བྱོན། གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་དང་མཇལ་ཏེ། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྩ་བའི་ཆོས་༡ ཀྱི་བདག་པོར་ངོས་བཟུང་ཞིང་། ཁོང་ཉིད་ཀྱི་སྲས་མོ་ཀུན་གྲོལ་འབུམ་མ་དང་ལྷན་ཅིག་ཀཿཐོག་ཏུ་སྔགས་ཀྱི་ལུང་བསྟན་མཛད་ཀྱང་མ་ཎི་རིན་ཆེན་རབ་བྱུང་གི་བརྟུལ་ཞུགས་ལས་མི་འདའ་བར་མཛད་པས་རྟེན་འབྲེལ་ཅུང་ཟད་འཕྱུགས་པ་བྱུང་ནའང་། ཐུགས་ཆེན་ཡང་སྙིང་འདུས་པ་དང་། བླ་མ་གསང་འདུས། བཀའ་བརྒྱད་གསང་རྫོགས་རྣམས་འཁྲུལ་ཞིག་རྒྱལ་མཚན་སེང་གེ་སོགས་ལ་སྤེལ་བའི་ཆོས་རྒྱུན་དེང་སང་བར་ཁམས་སུ་དར་བར་མཛད་པའི་བདག་རྐྱེན་དུ་
གྱུར། དམ་གཙང་བྱམས་གསུམ་གྱི་གདུང་འབུམ་ཆེན་མོ་བཞེངས་པའི་ཞབས་ཏོག་མཛད་པའི་ལས་ཟིན་མ་ཐག །ཆོས་གོས་ཀྱིས་གཤོག་པ་ལྟར་མཛད་དེ་ནམ་མཁའ་ལ་བྱ་ལྟར་འཕུར་ནས་ཕར་ཀའི་རི་རྩེར་བབས་པ་དེར་རྡོ་ལ་ཞབས་རྗེས་ཀྱང་བྱུང་། དེ་ནས་བསེ་རག་ཅོག་གནས་སུ་བཞུགས་ཤིང་། རིང་པོ་མ་ཐོགས་པར་སྐུ་འོད་ཕུང་དུ་ཡལ། ཀུན་གྲོལ་འབུམ་མའི་དབུ་སྐྲ་འཐོར་བས་འཁྲུངས་པར་བཤད་པའི་བར་ཁྲོད་རི་གཤམ་དུ་བེ་ཤིང་གི་སྡོང་པོ་རྣམས་དེང་སང་རྒྱ བར་ཡོད་དོ། །ད་ནི་བཞི་པ་རོང་པོ་ཐོས་ཆོག་རྣམ་གསུམ་ནི། ཚ་ཁོ་བ་སྡོང་ཤེས་རབ་རྒྱལ་མཚན་དང་། རྫོང་འགགས་དང་དམ་པའི་མཚམས་སུ་འཁྲུངས་པ་སྒོ་ཤེས་རབ་དཔལ་བ། ཁྲོ་སྐྱབས་པ་སྦྲ་ཤེས་རབ་རྡོ་རྗེ་སྟེ། ཁོང་གསུམ་ཀ་ཅོག་བི་རོ་གསུམ་གྱི་རྣམ་འཕྲུལ་དུ་ལུང་གིས་ཟིན་ཅིང་དབང་རྣོན་ཅིག་ཆར་གྱི་
གདུལ་བྱ་སྒྲ་ཇི་བཞིན་པར་ངེས་པས། དམ་པ་རིན་པོ་ཆེས་སྐུ་འབུམ་དུ་ཆོས་གསུངས་པའི་ཚེ་ཐོས་པ་ཙམ་གྱིས་ཆོས་ཐམས་ཅད་ཀྱི་གཏིང་སླེབས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་གསུམ་དུས་གཅིག་ཏུ་བྱུང་། ཁོང་གསུམ་རང་ཡུལ་ཤར་རྒྱལ་མོ་རོང་དུ་བྱོན་ནས་བསྟན་པ་སྤེལ་བ་ལས་ད་ལྟའི་བར་བསྟན་པ་རིན་པོ་ཆེ་མ་ཉམས་ཤིང་དར་བ་འདི་ཀ་བྱུང་བ་ཡིན་ནོ། །དེ་ལྟར་གོང་དུ་སྨོས་མ་ཐག་པའི་ཀཿཐོག་གི་བླ་རབས་རྣམས་ཀྱི་སྐུ་དུས་སུ་དགེ་འདུན་ཁྲི་ཕྲག་བཅོ་བརྒྱད་དུ་ལོངས་པའི་བསྟན་པ་དར་རྒྱས་བྱུང་ཞིང་། རྒྱུ་མཚན་ཉིད་ཐེག་པའི་འཆད་ཉན་གྱི་བཤད་གྲྭ་ཡང་ཡོད་ཅིང་། སློབ་གྲྭ་དང་སྒོམ་གྲྭ་སོ་སོར་བྱུང་བ་ཡིན། མདོར་ན་ཤར་རྒྱལ་མོ་རོང་། ལྷོ་ཚ་བ་རོང་དང་། མོན། ནུབ་ཀོང་པོ་སོགས་དང་། དབུས་གཙང་མན་ཆད་དུ་སྔ་འགྱུར་གྱི་བསྟན་པ་
བཤད་སྒྲུབ་གཉིས་ཀའི་ཕྱོགས་ནས་དར་ཁྱབ་ཆེ་བས། གོང་དུ་སྨོས་པ་ལྟར་དབུས་གཙང་དུ་བར་སྐབས་མདོ་སྒྱུ་སེམས་ཕྱོགས་ཀྱི་བསྟན་པ་ཉག་ཕྲ་བར་གྱུར་པའང་ཤར་རྒྱལ་བ་ཀཿཐོག་གི་བསྟན་རྒྱུན་གྱིས་གསོས་པ་ཡིན་པས། དེང་སང་གི་བར་དུ་དབང་གི་ཆུ་བོ་དང་། བཤད་པའི་སྲོལ། མན་ངག་གི་རྒྱུན། ལུང་གི་བརྒྱུད་པ་རྣམས་ཁམས་དབུས་གཉིས་ཀར་མ་ནུབ་པར་ཡོད་པ་འདི་ཀ་ཡིན་ནོ། །ཡང་འདུས་པ་མདོ་དང་སྒྱུ་འཕྲུལ་གཉིས་ཀྱི་དབང་ལུང་མན་ངག་གི་ བརྒྱུད་པའི་ཆུ་བོ་བབ་ལུགས་ཕྱོགས་གཅིག་ནི། དམ་གཙང་བྱམས་གསུམ ་ནས་དྲོ་སྡེ་སྤྱན་སྔ་བ། དྲུང་ཐུགས་རྗེ་ཡེ་ཤེས། སྟོན་པ་དབང་འབྱོར། རྗེ་བཙུན་དཔལ་འབར་བ་ནམ་མཁའ་རྡོ་རྗེ། ཡང་ཁྲོད་པ་སྟོན་པ་མགོན་རྒྱལ་དང་། ཚུལ་ཁྲིམས་རྒྱལ་མཚན། བྲ་བོ་ཆོས་ཀྱི་འབུམ་པ། བུ་འབོར་བ་མཁས་གྲུབ་ཡེ་
ཤེས་རྒྱལ་མཚན། བཞག་བླ་ཡེ་ཤེས་འབུམ་པ་དེ་ལས་མོན་ཀཿཐོག་པ་ཆེན་པོ་བསོད་ནམས་རྒྱལ་མཚན། ཀཿཐོག་པ་རྣམ་གྲོལ་བཟང་པོ། ཀཿཐོག་པ་ཆོས་ཀྱི་སེང་གེ། ལྷ་བྲོ་བ་ཆོས་ཀྱི་དབང་པོ་དེ་ནས་རིམ་པར་རྗེ་སྨན་ལུང་པ་བློ་མཆོག་རྡོ་རྗེ། རྡོ་རྗེ་བྲག་རིག་འཛིན་པདྨ་ཕྲིན་ལས་ལ་བརྒྱུད་དེ་ཟུར་ལུགས་དང་ཆུ་བོ་གཅིག་འདྲེས་སུ་གྱུར་པའི་རྒྱུན་དེང་སང་བར་མ་ཆད་པར་བྱུང་བ་ཡིན་ནོ། །ཡང་མདོ་དབང་ཁམས་ལུགས་ཞེས་གྲགས་པ་ནི། བར་སྐབས་དེར་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་ལས། ཟུར་ཡང་དབེན་པ་ཤཱཀྱ་འབྱུང་གནས་ལྕམ་དྲལ་གཉིས་ཀྱིས་གསན་པ་ལས། ཟུར་མོ་དགེ་འདུན་འབུམ་ལས་བརྒྱུད་པ་སྟེ། ཟུར་མོ་འདི་དོན་ལ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་མོད། རྣམ་པ་སྐུ་གཞོན་ནུའི་དུས་ནས་འཁོར་བའི་སྐྱོན་གྱིས་མ་གོས་པས་བཙུན་
ཞིང་། བསྐྱེད་རྫོགས་ལ་སྦྱངས་པ་མཐར་ཐོན། གནས་ལུགས་ཀྱི་རྟོགས་པ་ཀློང་དུ་གྱུར་པ་དང་། ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དབང་འབྱོར་བས། མཁས་ཤིང་གྲུབ་པ་མོ་དེ་ཉིད་ཉང་སྨད་རྩེ་རྒྱལ་གྱི་སྒོམ་ཁང་དུ་བཞུགས་ནས་འགྲོ་བའི་དོན་རྒྱ་ཆེན་པོ་མཛད། དེས་ཡང་དབེན་གསང་སྔགས་གླིང་པ་ཟུར་སྟོན་ཤཱཀྱ་བཤེས་གཉེན་ལ་དབང་བསྐུར། དེས་དཔལ་ཀཿཐོག་གི་མཁས་གྲུབ་བྲ་བོ་ཆོས་འབུམ་ལ། དེས་བཤེས་གཉེན་དཀོན་མཆོག་བཟང་པོ་ལ། དེས་ཀཿཐོག་པ་རྨོག་སྟོན་རྡོ་རྗེ་དཔལ་བཟང་ལ་དབང་བསྐུར། འདི་གླན་ལུགས་ཀྱི་དབང་ཆོག་དུམ་དུམ་ཁྲིགས་ཉིད་གཞིར་བྱས་པ་ལ་འགོས་རྩི་ལུང་པའི་ཕྱག་བཞེས་གྲོ་སྟོན་དཔལ་ལྡན་གྲགས་ཀྱི་ཆོག་ཁྲིགས་ཀྱིས་ཀྱང་བརྒྱན། སྒྱུ་འཕྲུལ་ཞི་ཁྲོ་དང་། སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་སྒོས་བཀའ་ཡང་སྦྱར་ཏེ་དབང་ཆོག་སྦྲང་རྩིའི་
ཆུ་རྒྱུན་ཞེས་བྱ་བ་མཛད།མཛད་པ་པོ་འཆི་མེད་ཀྱིས་བརྙེས་པའི་རིག་འཛིན་གྲུབ་པར་གྲགས་ཤིང་སྐྱེས་མཆོག་དམ་པ་ཡིན་ངེས་སུ་མ་ཟད། བསྐུལ་བ་པོ་ཡང་བཤེས་གཉེན་འགྲན་ཟླ་དང་བྲལ་བ་མང་པོས་མཛད་པས་འགངས་ཆེ་ཞིང་། སྒྲུབ་རྫས་ཐུན་མོང་བཅོ་ལྔའི་དབང་གཉལ་བའི་ཆོག་ཁྲིགས་སུ་ཆད་པ་འདིར་འབྱུང་བ་དང་། སྒྱུ་འཕྲུལ་ཞི་བའི་ཟབ་དབང་གསུམ་གྱི་བཀའ་དབུས་གཙང་དུ་ཆད་པ་ཀཿཐོག་ལུགས་འདིར་བཞུགས་པས་གསོས་ཤིང་། སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་རྒྱུན་འདིས་བཟུང་བ་ཡིན་པས་བསྟན་རྒྱུན་ལ་ཤིན་ཏུ་ཕན་པ་ཆེན་པོའི་སྒོར་གྱུར་པ་ཡིན་ནོ། །རྨོག་སྟོན་གྱིས་སེམས་དཔའ་ཆེན་པོ་དར་ལུང་པ་རྡོ་རྗེ་རྣམ་རྒྱལ། དེས་ཁྱུང་ཚང་པ་འཁྲུལ་ཞིག་བློ་གྲོས་དཔལ་ལྡན་ལ། དེས་དཔང་སྟོན་ཀརྨ་གུ་རུ་ལ། དེས་སྔགས་འཆང་
ཀུན་བཟང་དཔལ་འབྱོར་ལ། དེས་གསང་བདག་ཕྲིན་ལས་ལྷུན་གྲུབ་ལ། དེས་དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལ། དེ་ལས་སྨིན་གླིང་གཏེར་ཆེན་གྱིས་གསན་པས་དབུས་ལུགས་དང་ཁམས་ལུགས་ཀྱི་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་བབ་པ་ཡིན་ཅིང་། བརྒྱུད་པའི་ཁྱད་པར་གཞན་ཡང་བཤད་དུ་ཡོད་མོད་འདིར་རང་ལུགས་ཀཿཐོག་པའི་བརྒྱུད་པ་གཙོ་བོར་བཏོན་པའོ། །ལྔ་པ་འཆད་ཉན་མཁན་རབས་འགའ་ཞིག་སྨྲས་པ་ནི། ཧོར་པོ་ཤཱཀྱ་རྡོ་རྗེ། ནམ་མཁའ་རྡོ་རྗེ་རྗེ རྣམ་གཉིས། གནམ་སྡིངས་པ་རྡོ་རྗེ་དཔལ་བ། སྒྲོ་འདོགས་པ་ནམ་མཁའ་དཔལ་བ། ཡང་ཁྲོད་པ་སྟོན་པ་མགོན་རྒྱལ། དེའི་དབོན་པོ་ཡང་ཁྲོད་པ་ཚུལ་ཁྲིམས་རྒྱལ་མཚན། རྨོག་སྟོན་རྡོ་རྗེ་དཔལ་བཟང་། མོན་ཀཐོག་པ་དཀོན་མཆོག་བཟང་པོ། ཡང་ཁྲོད་པའི་དབོན་པོ་མངྒ་ལ། རྨེ་ཤོད་པ་སངས་རྒྱས་རྡོ་རྗེ།
བྲ་བོ་ཆོས་ཀྱི་འབུམ་པ། ཉང་བན་སྐྱེ་བ་ལབ་སྟོན་ནམ་མཁའ་རིན་ཆེན། ཁ་བ་དཀར་པོ་ནམ་མཁའ་རྒྱ་མཚོའི་བར་བྱུང་ཞིང་། འདིས་ཁ་བ་དཀར་པོའི་གནས་སྒོ་ཕྱེས་ཤིང་། གསང་སྙིང་སྤྱི་དོན་དང་། ས་བཅད། བསྡུས་དོན། ལམ་རྣམ་བཀོད་ལ་ཊི་ཀ་སོགས་བསྟན་བཅོས་མང་པོ་མཛད་པ་ཡིན། དེ་ལས་ཧོར་པོ་ཤཱཀྱ་རྡོ་རྗེ་ནི། མངའ་རིས་པཎ་ཆེན་གྱིས། བོད་ཡུལ་ཁ་བ་ཅན་ལྗོངས་འདིར། །ཐེག་པ་རིམ་དགུའི་རྣམ་བཤད་དང་། །ཁྱད་པར་ཨ་ཏི་ཡོ་ག་ཡི། །ལམ་སྲོལ་ཟབ་ཁྱད་འབྱེད་པ་ལ། །མཁས་གྲུབ་མང་དུ་བྱོན་གྱུར་ཀྱང་། །འགྲན་ཟླ་ཀུན་དང་བྲལ་བ་ཡི། །སྤྲུལ་སྐུ་ཀློང་ཆེན་རབ་འབྱམས་དང་། །ཀཿཐོག་ཤཱཀྱ་རྡོ་རྗེ་ཞེས། །ཉི་ཟླ་ལྟ་བུར་གྲགས་པ་ཡིན། །ཞེས་བསྔགས་བརྗོད་ཆེན་པོ་མཛད་པ་ཙམ་དུ་མ་ཟད། ཀུན་མཁྱེན་འཇིགས་མེད་གླིང་པས་
ཀྱང་། ཀུན་མཁྱེན་ཀློང་ཆེན་པའི་བཀའ་འབུམ་རྒྱ་མཚོ་ལྟ་བུ་དང་། ཀཿཐོག་ཤཱཀྱ་རྡོ་རྗེ། མངའ་རིས་རིག་འཛིན་ཆེན་པོ་སོགས་ཀྱི་ཡིག་ཆ་ཇི་སྙེད་ཡོད་པས་བདག་ཅག་སེམས་ཁྲལ་བསྐྱངས་ཏེ་ཉལ་ནས་འདུག་པ་གཅིག་པུས་ཆོག་པ་ལགས་སོ། །ཞེས་མཁས་གྲུབ་ཀྱི་ཁྱུ་མཆོག་ཏུ་གྱུར་པ་དེ་དག་གིས་མགྲིན་དབྱངས་གཅིག་གིས་ཆེད་དུ་བསྔགས་པ་དེ་ལྟར་ལགས་ཤིང་། འདིས་མཛད་པའི་བསྟན་བཅོས་ཐེག་དགུའི་རྣམ་བཤད་ཀུན་འདུས་རིག་པའི་སྒྲོན་མེ་སོགས་མང་པོ་རྣམས་ནི་ཀཿཐོག་སྔ་རབས་པའི་བཀའ་སྲོལ་འཛིན་པ་ལ་དཔྱད་གསུམ་དག་པའི་ཚད་མ་ཡང་དག་པ་ཡིན་པས་མཁས་པ་རྣམས་མགྲིན་པ་བཏེགས་ཏེ་སྔ་འགྱུར་རྙིང་མའི་གྲུབ་མཐའི་རང་རྐང་བཟུང་ནུས་པ་རོང་ཀློང་ཤཱཀ་གསུམ་མོ་ཞེས་སྒྲོགས་པར་མཛད་པ་ཡིན་ལ། རྨེ་ཤོད་པ་སངས་རྒྱས་རྡོ་རྗེ་ནི། མདོ་
དང་སྒྱུ་འཕྲུལ། ཁྱད་པར་དུ་རྫོགས་པ་ཆེན་པོ་བླ་མ་ཡང་ཏིག་ལ་ཉམས་ལེན་མཐར་ཕྱིན་པ་མཛད་ཅིང་ཁྲིད་ཡིག་ཀྱང་ཡོད་པ་དང་། འདིའི་སློབ་མ་ཡང་ཁྲོད་པ་ཚུལ་ཁྲིམས་འབུམ་སོགས་བཟང་ལ་མང་བ་བྱུང་ངོ། །ལབ་སྟོན་ནམ་མཁའ་རིན་ཆེན་གྱིས་མགོན་པོ་ཚོགས་བདག་བྲན་དུ་བཀོལ་བ་དང་། གཞན་ཡང་ཀུན་དགའ་ཟླ་བ་དང་ཕྱོགས་མེད་བྱང་སེམས་སོགས་ཀྱང་བྱོན་པ་ཡིན་ནོ། །དྲུག་པ་གྲུབ་བརྙེས་དྲུང་རབས་བཅུ་གསུམ་ནི། གཏེར་ཆེན་རཏྣ་གླིང་པས་ཀཿཐོག་གདན་སར་བླ་རབས་བཅུ་གསུམ་འབྱུང་བར་ལུང་བསྟན་པ་ཡང་དྲུང་རབས་བཅུ་གསུམ་ལ་ངོས་འཛིན་དགོས་པས། དྲུང་རབས་དང་པོ་ནམ་མཁའ་སེང་གེ་ཡིན་ཏེ། འདི་བསོད་ནམས་འབུམ་གྱི་དབོན་རྒྱུད་དུ་འཁྲུངས་ནས་གཏེར་ཆེན་རཏ་གླིང་མཇལ་བར་ལྷོ་བྲག་ཏུ་ཕེབས། བླ་མས་ཆོས་ཀྱི་
བདག་པོར་ངོས་བཟུང་ཞིང་བསླབ་བྱ་དང་ལུང་བསྟན་གནང་། རྟེན་སྔགས་ཀྱི་ཆ་ལུགས་འཆང་བ་དགོས་ཚུལ་གསུངས་ན་ཡང་ཚུལ་འཆོས་དབང་དུ་སོང་བ་དེས་རྟེན་འབྲེལ་ཅུང་ཟད་འཛུགས། རྐྱེན་དེས་ཕྱིས་ཀཿཐོག་ཏུ་གཞན་རྐྱེན་གྱི་འཚེ་བ་འདྲ་ཡང་བྱུང་། དེ་ལྟ་ནའང་བསྟན་པ་དར་རྒྱས་ཆེ་ཞིང་། འདི་སྐབས་སུ་ཕྱོགས་སོ་སོ་ནས་འདུས་པའི་གྲྭ་རྒྱུན་ཧ་ཅང་མང་སྟབས། རོང་པོ་གསེར་པས་དགོན་ཉིན་དུ་གསེར་ཁང་དང་། རྡོ་པས་རི་རྩིབས་སུ་རྡོ་ཁང་གོང་འོག་བར་རྒྱུ གསུམ་བརྩིགས། བུ་རོང་བཞག་གསུམ་གྱིས་རྐེ་ཐག་ཕུར་ཁང་ཚན་རེ་རེ་བཞེངས། བནྡྷེ་ཁ་འཐོར་བ་རྣམས་ཀྱིས་ཟུར་བན་གདོང་དུ་ཁང་ཚན་ཞིག་བཅས་བསྐྲུན།རྫོགས་ཆེན་སེམས་ཀློང་དང་རཏྣའི་གཏེར་ཆོས་འདུས་པ་སྐོར་བཞི་སོགས་དར་ཆ་ཆེ་བ་བྱུང་། ལྷ་མོ་དང་མགོན་པོ་ཁང་ཉམས་གསོ་དང་། རྟེན་
བཞེངས་ཀྱང་མང་པོ་མཛད། འདི་རྗེ་ཙོང་ཁ་པས་རི་བོ་དགའ་ལྡན་ཆགས་བཏབ་དུས་དང་ཐོག་ཧ་ལམ་མཉམ། འདི་མན་དྲུང་རབས་རྣམས་ཀྱི་དུས་གདན་ས་འཛིན་པ་རེ་དང་། འཆད་ཉན་པ་རེ་ཟུར་དུ་བཞུགས་པའི་སྲོལ་འཇགས། དེ་ནས་གདན་ས་བ་དྲུང་རྡོ་རྗེ་བློ་གྲོས་དང་། འཆད་ཉན་པ་ཨ་གཟི་བསོད་ནམས་འབུམ་སྟེ། འདི་བུ་འབོར་སྒང་གི་དཔལ་ཝ་ཞེས་པར་འཁྲུངས་ཤིང་། འདིའང་རཏྣ་གླིང་པའི་ཆོས་བདག་དཀྱིལ་འཁོར་འཛིན་པའི་བུམ་འཛིན་བརྒྱད་ཀྱི་ཡ་གྱལ་དུ་ལུང་གིས་ཟིན་པ་ལྟར་རྫོགས་ཆེན་དང་གསང་ཁྲིད་རིམ་ལྔ་སོགས་ཀྱི་སྨིན་གྲོལ་རྒྱ་ཆེར་སྤེལ་བར་མཛད། འདི་སྐབས་ལྔ་ཚོ་བ་ཀུན་དགའ་འབུམ་པས་ལྔ་ཚོ་ཕུའི་དགོན་དང་། བསོད་ནམས་འབུམ་པས་གྱང་ངོས་དགོན་སོགས་བཏབ་ནས་རཏ་གླིང་ཆོས་བཀའ་རྣམས་དར་བ་བྱུང་ངོ་། །
དེ་ནས་གདན་ས་བ་དྲུང་རྒྱལ་མཚན་རྡོ་རྗེ་དང་། འཆད་ཉན་པ་རག་ཆབ་སྣ་ཚ་དགེ་འདུན་འབུམ་ཡིན། འདིས་ཀྱང་སྡེ་གསུམ་རྫོགས་པ་ཆེན་པོ་གཞིར་བཞག །རཏྣ་གླིང་པ་སོགས་གཏེར་ཆོས་སྔ་མ་མང་པོ་དར་བར་མཛད་དོ། །དེ་ནས་གདན་ས་བ་དྲུང་མགོན་པོ་རྡོ་རྗེ་དང་། འཆད་ཉན་པ་སྒྲོ་འདོགས་ནམ་མཁའ་དཔལ་བ་སྟེ། འདིས་ལམ་ཆུང་ལ་འགྲེལ་པ་མཛད་ཅིང་། སློབ་མ་ཁ་བ་དཀར་པོ་བ་ཀུན་དགའ་ཟླ་བ་དང་། སྣ་ཚ་བསོད་ནམས་རྒྱལ་མཚན་སོགས་མང་དུ་བྱུང་། དེ་ནས་གདན་ས་བ་དྲུང་ལྷ་དབང་རྡོ་རྗེ་དང་། འཆད་ཉན་པ་རོང་པོ་དཀོན་མཆོག་རྡོ་རྗེ་ཡིན། འདི་ལ་ཧོར་པོ་ཤཱཀྱ་རྒྱལ་མཚན་གྱི་དགོངས་པ་ཟང་ཐལ་ཁྲིད་ཞུས་ནས་ཁྲིད་ཡིག་ཀྱང་མཛད། དེ་ནས་དྲུང་རབས་དྲུག་པ་རྡོ་རྗེ་འོད་ཟེར་དང་། བདུན་པ་ཨོ་རྒྱན་རྣམ་རྒྱལ། བརྒྱད་པ་གསང་སྔགས་བསྟན་འཛིན། །
དགུ་པ་རྟ་མགྲིན་འབུམ་མེ། བཅུ་པ་སྟག་གི་མཚན་ཅན། བཅུ་གཅིག་པ་དཔལ་འབར་ནམ་མཁའ་རྒྱལ་མཚན། བཅུ་གཉིས་པ་གྲུབ་དབང་མཚན་ལྡན་དམ་པ། བཅུ་གསུམ་པ་ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོ་བཅས་བྱོན་པའི་དྲུང་རབས་ཕྱི་མ་རྣམས་ཀྱི་རྣམ་ཐར་ཡི་གེ་ཕྱོགས་འདིར་མི་བཞུགས་པས་ཞིབ་པར་བཀོད་མ་སྤོབས་སོ། །དེའང་བླ་རབས་བཅུ་གསུམ་དུ་གྲགས་པ་རྣམས་ཀྱི་དུས་སུ་བཀའ་མ་མདོ་དང་སྒྱུ་འཕྲུལ་སོགས་ཀྱི་བཤད་༧ སྒྲུབ་ཤིན་ཏུ་དར་རྒྱས་ཆེ་བ་བྱུང་ཡང་བར་སྐབས་ཤིག་ནས་བཀའ་གཏེར་ཟུང་དུ་འཇུག་པ་དང་། ཕྱིས་དྲུང་རབས་བཅུ་གསུམ་གྱི་དུས་ཙམ་ནས་གཏེར་ཆོས་ཨཞི ཤེས་ཆེར་དར་བའི་མགོ་ཚུགས་པ་བྱུང་འདུག །དེ་ནས་བདུན་པ་གྲུབ་ཐོབ་རྨོག་རབས་བཅུ་གསུམ་ནི། འབིར་བའི་མཚན་ཅན། ༡ ཨ་ཝ་དྷུ་ཏིའི་འདུན་པ་།
ཅན། ༢ ཕྱག་དགྱེས་པ། ༣ རེ་ཤམ་རྨོག་ནག་པ། ༤ རྨོག་སྨོན་སྟོན་པ། །ཨོ་རྒྱན་བིརླ་པ། ༦ དཀོན་མཆོག་མགོན་པོ། ༧ ཆོས་ཀྱི་གྲགས་པ། ༨ ཆོས་ཀྱི་བཟང་པོ། ༩ སྦྱིན་པ་རྒྱ་མཚོ། ༡༠ ཨོ་རྒྱན་ཀླུ་འཕེལ། ༡༡ ཕྲིན་ལས་ལྷུན་གྲུབ། ༡༢ཨོ་རྒྱན་བསམ་འཕེལ་ཏེ། ༡༣ དེ་ལྟར་རྨོག་རབས་བཅུ་གསུམ་དེ་རྣམས་རང་བཞིན་གྱི་དབང་རྣོན་རིམ་གཉིས་ལམ་ལས་དངོས་གྲུབ་རྣམ་གཉིས་མངོན་དུ་བརྙེས་ཤིང་སྤྱན་དང་མངོན་ཤེས་རྫུ་འཕྲུལ་ལ་ཐོགས་པ་མི་མངའ་ཡང་། རྣམ་པ་ཙམ་དུ་སྤྲོས་མེད་སྦས་པའི་རྣལ་འབྱོར་གྱི་ཚུལ་ལ་དགྱེས་པ་ཤ་སྟག་བྱུང་བར་གྲགས། གོང་དུ་བཤད་པ་ལྟར་མཁས་གྲུབ་ཛྷཱ་ན་ཀེ་ཏུའི་སློབ་མ་ཉག་རོང་བཞག་བླ་ཡེ་ཤེས་འབུམ་པ་ཞེས་མཁས་བཙུན་གྲུབ་པའི་ཡོན་ཏན་རྒྱ་མཚོའི་མངའ་བདག་དེ་ཉིད་དབུས་གཙང་ཕྱོགས་སུ་བསྟན་རྒྱུན་
གསོ་བ་དང་། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནས་འཚོལ་ཕྱིར་དབུས་གཙང་ཕྱོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་རྨད་དུ་བྱུང་བ་མཛད་ནས་མཐར་གཙང་གི་སྒྲུབ་གནས་སུ་སྐུ་གཤེགས། དེ་ཉིད་ཀྱི་སློབ་མ་མོན་ཀཿཐོག་པ་བསོད་ནམས་རྒྱལ་མཚན་ནི། རཏྣ་གླིང་པའི་ལུང་ཟིན་ཡིན་ཅིང་། ཉག་རོང་བཞག་ཡུལ་དུ་སྐུ་འཁྲུངས། ཀཿཐོག་ཏུ་བྱོན་ནས་བླ་མ་མཁས་གྲུབ་མང་པོ་ལས་མདོ་སྔགས་བཀའ་གཏེར་བསྟན་བཅོས་མང་པོར་གསན་བསམ་བསྒོམས་པས་ཉམས་རྟོགས་ཀྱི་རྩལ་ཁ་ཡོངས་སུ་རྫོགས་པར་མཛད། སྐུ་ཚེའི་སྨད་ཙམ་ལ་བླ་མའི་བཀའ་བཞིན་དབུས་གཙང་བརྒྱུད་ལྷོ་མོན་སྦས་གནས་ལ་ཕེབས་སྐབས་ཐོག་མར་ཆོས་འཁོར་དཔལ་གྱི་བསམ་ཡས་དང་། དེ་ནས་རིམ་གྱིས་མོན་གྱི་སྤ་གྲོ་སྟག་ཚང་དུ་ཕེབས་ཏེ་གནས་ཀྱི་དབུ་རྩེར་གདན་ས་བཏབ་པ་
ལ་དེང་སང་ཨོ་རྒྱན་རྩེ་མོ་ཞེས་གྲགས། སྒྲུབ་པ་ཁོ་ན་གཙོ་བོར་མཛད་དེ་ཞར་ལ་སྐལ་ལྡན་གྱི་སློབ་མའི་ཚོགས་ལ་སྨིན་གྲོལ་གདམས་པའི་ཆོས་འཁོར་རྒྱ་ཆེན་པོ་བསྐོར། འདིས་མཛད་པའི་བསྟན་བཅོས་ཀྱང་ཀཿཐོག་སྔ་རབས་པའི་བཞེད་པ་གཙོ་བོར་བཏོན་པའི་གཞུང་གི་མཚན་ལ། བཀའ་ཐམས་ཅད་གསལ་བར་སྟོན་པར་བྱེད་པ། བསྟན་པ་ཐམས་ཅད་ཀྱི་སྤྱི་འགྲེལ། ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད། མན་ངག་ཐམས་ཅད་ཀྱི་དགོངས་དོན། སེམས་ཀྱི་ཆོས་ཉིད་མངོན་དུ་རྟོགས་པའི་མེ་ལོང་། ཉི་འོད་རབ་གསལ་ཞེས་བྱ་བ་ཞེས་པའི་བསྟན་བཅོས་ལེའུ་བཅུ་བདུན་པ་སོགས་ཚིག་དོན་ཕུན་སུམ་ཚོགས་པ་མང་པོ་མཛད་ནས་མཐར་སྒྲུབ་གནས་སྟག་ཚང་རང་དུ་ངོ་མཚར་བའི་ལྟས་དང་བཅས་གཤེགས། འདི་ལ་སློབ་མ་མང་དུ་མཆིས་པའི་ནང་ནས་ཀཿཐོག་པ་རྣམ་གྲོལ་བཟང་
པོ་ཉིད་མཚན་སྙན་དང་འགྲོ་དོན་ཕྲིན་ལས་ཆེ་ཤོས་བྱུང་། གཞན་ཡང་བླ་རབས་གོང་མ་རྣམས་བྱོན་པའི་སྐབས་སུ་སྟོན་པ་དབང་འབྱོར་གྱི་སློབ་མ་མཚུངས་མེད་གནམ་སྡིངས་པ་རྡོ་རྗེ་དཔལ་ཞེས་མདོ་དབང་གིས་བརྒྱུད་པར་བཞུགས་པ་དེ་དང་། བྲ་བོ་ཆོས་འབུམ་སློབ་མ་ཀུ་སུ་ལུ་པ་རིན་ཆེན་དཔལ་ཞེས་ཁྲོམ་གྱི་རྟ་ཆེན་སུམ་རར་བཞུགས་པའི་མཁས་གྲུབ་རྩོད་མེད་དེ་དང་བློ་གྲོས་བཟང་པོ་སོགས་བྱོན། བྱང་ཆུབ་སེང་གེའི་སློབ་མ་བཀྲ་ཤིས་རྒྱ་མཚོ་སྟེ། འདི་ནི་བུ་འབོར་ཤོག་དྲུག་ལས་སྟོད་སྲོང་ཆུང་ཞེས་པར་སྐུ་འཁྲུངས། དེ་ཉིད་ཀཿཐོག་བྲག་མགོར་རྫོགས་ཆེན་དགོངས་པ་ཟང་ཐལ་སོགས་ཀྱི་འཆད་ཉན་ཉམས་ལེན་གནང་བཞིན་བཞུགས་པའི་སྐབས་དེར། ཁྲི་སྲོང་རྣམ་འཕྲུལ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དབང་པོའི་སྡེ་ཉིད་ཀཿཐོག་ཏུ་ཆགས་ཕེབས་
ཏེ། ཚག་རག་སྒང་དུ་སྒར་བཏབ། དེ་དུས་གདན་ས་འདིར་བླ་ཆེན་མང་པོ་བཞུགས་པར་མངོན་ཏེ། བྱང་བདག་རང་གི་རྣམ་ཐར་ལས། ཁམས་ཀཿཐོག་ཞབས་དྲུང་སོགས་གཙོར་གྱུར་གྱི་བླ་འགོ་ཆེ་བ་བརྒྱད་ཅུ་རྩ་གྲངས། བླ་ཕྲན་མང་པོ་བཅས་པའི་དགེ་འདུན་བརྒྱ་ཚོ་བཅོ་ལྔ་སྐོར་ལ་ཆོས་བཀའ་འགྲོ་གང་ཆེ་མཛད་ཅེས་གསུངས་པའི་ཞབས་དྲུང་ནི་བཀྲ་ཤིས་རྒྱ་མཚོ་སྟེ། ཆོས་བཀའ་བྱང་གཏེར་སྒྲུབ་སྐོར་གསུམ། ཕུར་པ་སྤུ་གྲི། བཀའ་བརྒྱད་རང་ཤར། དགོངས་པ་ཟང་ཐལ་བཅས་གནང་བ་ཡིན་ནོ། །ད་ནི་བརྒྱད་པ་མན་ངག་བརྒྱུད་པའི་རིམ་པ་འགའ་ཞིག་འཆད་པ་ལ། རག་ཆབ་སྣ་ཚ་དགེ་འདུན་འབུམ། ཉག་རོང་ཨ་གཟི་བསོད་ནམས་འབུམ། སྡེ་དགེ་གྲུབ་ཐོབ་རྡུ་ཆོས་ཀྱི་རྡོ་རྗེ། འདི་ནི་མཁས་གྲུབ་བྲ་བོ་ཆོས་འབུམ་དང་། ཡེ་ཤེས་རྒྱལ་མཚན་གཉིས་ལས་
སྨིན་གྲོལ་གདམས་པ་གསན་ནས་བསྒྲུབས་པས་གྲུབ་ཐོབ་ཏུ་གྱུར་ཏེ་གནས་ཆེན་བྲོ་བརྡུང་དུ་བཞུགས་པ་དེ་ཉིད་དཔལ་ཀཿཐོག་ཏུ་ཟབཞུགས་དུས་ཤིག་ལ་ཁོང་དང་གདུང་རུས་གཅིག་པ། འོད་གསལ་ལྷ་ལས་བབས་པའི་མགར་གནམ་ཚ་འབྲུག་གི་གདུང་རབས་སོ་བཞི་པ་བདེ་ཆེན་བསོད་ཏཏྟཾ ནམས་བཟང་པོ་ཉིད་ཡུམ་གཤེགས་པའི་དགོངས་རྫོགས་མཆོད་འབུལ་དུ་གདན་ས་འདིར་ཕེབས་ནས་ཁུ་བོ་དང་མཇལ་བའི་ཚེ། ཚ་བོ་ལ་ཁྱོད་འདི་ནས་ཡར་ཕྱིན་ཏེ་དངུལ་མདར་བཞུགས་ན་རྟེན་འབྲེལ་ལེགས་ཚུལ་ལུང་བསྟན་བསྩལ་བ་ལྟར། ལྕགས་ར་བསམ་འགྲུབ་རྩེར་ཕེབས། སྲས་བོ་ཐར་བཀྲ་ཤིས་སེང་གེས། གླིང་དགྲ་ལྷའི་གདུང་བརྒྱུད་ཀྱི་མཚན་ལྡན་མ་ཞིག་ཁབ་ཏུ་བསུས་ཏེ། གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོ་བླ་ཡི་མཆོད་གནས་སུ་བཀུར།
དངུལ་མདའི་སྲིབ་དགོན་ཐོག་མར་བཏབ་སྟེ་སྡེ་དགེ་ལྷུན་གྲུབ་སྟེང་ཞེས་པའི་མཚན་གསར་དུ་ཆགས་པ་ནས་རིམ་པར་དར་ཏེ། ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཞེས་སྔོན་གྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་འགྲན་བཟོད་པའི་རྒྱལ་བསྟན་ཡོངས་རྫོགས་ཀྱི་བསྟན་པའི་སྦྱིན་བདག་ཆེན་པོ་འདི་བྱུང་བ་ཡིན། ཡང་བློ་གྲོས་བཟང་པོའི་སློབ་མ་རྒྱལ་མོ་རོང་པ་དཀོན་མཆོག་རྡོ་རྗེ་དང་། སྡོང་བྱ་བྲལ་བ་བསོད་ནམས་དོན་གྲུབ་ཅེས་པ་དེས་ཀྱང་སྒྱུ་འཕྲུལ་གསང་བ་སྙིང་པོའི་གྲོལ་རྒྱུ ལམ། རྫོགས་ཆེན་བྲམ་ཟེའི་ལུགས་ཀྱི་མན་ངག་སེམས་སྡེའི་པྲ་ཁྲིད་ཟབ་དོན་གསལ་བའི་མེ་ལོང་ཞེས་མན་ངག་གི་བསྟན་བཅོས་ཟབ་མོ་སོགས་མཛད། ཡང་བཀྲ་ཤིས་རྡོ་རྗེ་དང་། རིན་ཆེན་དཔལ་བ་གཉིས་བྱོན། ལྕགས་མདུད་ཤེས་རབ་རྒྱལ་མཚན་ནི། རབ་བྱུང་བརྒྱད་པའི་ས་མོ་ཡོས་༡༤༥༨ ལ་ཉག་རོང་
དུ་སྐུ་འཁྲུངས་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱི་སྤྲུལ་སྐུ་དེ་མ་ཐག་པ་ཡིན། ཀཿཐོག་ཏུ་བྱོན་ནས་དྲུང་ནམ་མཁའ་སེང་གེ་དང་། ཕྱོགས་མེད་བྱང་སེམས་ཆོས་རྗེ་སོགས་ལས་སྨིན་གྲོལ་གདམས་པའི་བཅུད་མང་དུ་གསོལ་ཞིང་བསྒོམས་པས་མཁས་གྲུབ་ཀྱི་གྲགས་པ་ཐོབ། ལྕགས་ཕག་ཡ ལོར་ཉག་རོང་ལྕགས་མདུད་དགོན་པ་ཉམས་གསོ་རྒྱ་ཆེན་པོ་མཛད། ཛི་ཐང་རྒྱལ་བ་སེང་གེ་ཞེས་རྒྱ་ནག་གོང་མའི་ཏི་ཤིར་བཀུར་བ་དེའང་ལྕགས་མདུད་ཤེར་རྒྱན་གྱི་སློབ་མ་ཡིན། འདི་དང་བུམ་ཐང་གཏེར་སྟོན་པདྨ་གླིང་པ་དུས་མཉམ། འཁྲུལ་ཞིག་དབང་དྲག་རྒྱ་མཚོ་ནི་ས་ངན་བསོ་པར་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ཀཿཐོག་ཏུ་གྲྭ་སར་བཞུགས་ནས་གསན་བསམ་མཛད། ཕྱིས་ནས་སྣང་རྩེ་ཞིག་པོ་གླིང་པའི་གཏེར་མ་ཟབ་ཆོས་རྫོགས་ཆེན་སྐོར་དགུ་ལ་
ཉམས་བཞེས་མཛད་པས་རྟོགས་པ་ནམ་མཁའ་དང་མཉམ་པའི་གྲུབ་ཐོབ་ཏུ་གྱུར། བླ་མ་ཚེ་མདོ་རྒྱལ་གྱིས་གཙང་པ་པདྨ་རྒྱལ་མཚན་ལས་དུང་མཚོ་རས་པའི་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་དབང་ཁྲིད་དང་། རི་རྩིབས་སུ་རྒྱལ་ཐང་པ་ལས་བྱང་གཏེར་དགོངས་པ་ཟང་ཐལ་གྱི་ཁྲིད་བཅས་གསན། བླ་མ་གཉིས་ཀར་གཟིམས་ཁང་རེ་ཡང་བཞེངས། དྲུང་རྟ་མགྲིན་གྲེ་དྷ་ན་བཞུགས་ཚེ། ཀཿཐོག་ནང་སོའི་ནང་དུ་མ་མོ་བླ་མ་ཞེས་གྲུབ་པ་ཐོབ་པ་ཞིག་ཀྱང་བཞུགས། སྐབས་འདིར་ཀྲི་པ་རྟོགས་ལྡན་གྱི་སློབ་མ་སྔོ་ཁད་སངས་རྒྱས་རིན་ཆེན་དང་། དེ་ཉིད་ཀྱི་སློབ་མ་དཔལ་འབར་བ་ནམ་མཁའ་རྒྱ་མཚོ། དེའི་སློབ་མ་འཁྲུལ་ཞིག་དབང་དྲག་པ་དང་། ནམ་མཁའ་གྲགས་པ། དེའི་དབོན་དམ་པ་མགོན་རྒྱལ་སོགས་བྱོན། ཡང་རྒྱལ་ཐང་པའི་སློབ་མ་ཨ་རྡོ་དཀོན་མཆོག་
རྒྱལ་མཚན། གསེར་ལོ་སྟོན་པ་རྒྱལ་མཚན། མེ་ཚ་བླ་མ་དགེ་འདུན་སེང་གེ། ཨ་གྲོ་ནམ་མཁའ་རྡོ་རྗེ། ཆོས་ཉིད་རྒྱ་མཚོ། རྒྱལ་རོང་པའི་སློབ་མ་སྟག་ཕུ་བླ་མ་རྡོ་རྗེ་རྒྱལ་མཚན་རྣམས་བྱོན་པ་ཡིན། སྟག་ཕུ་རྡོར་རྒྱན་པའི་སློབ་མ། ཉིན་དགོན་སངས་རྒྱས་བཀྲ་ཤིས། རྒྱལ་རོང་པ་དང་། རྒྱལ་ཐང་པའི་སློབ་མ་བཀྲ་ཤིས་དབང་ཕྱུག །ཡང་ཁྲོད་པའི་དབོན་བརྒྱུད། རྒྱ་བླ་བཀྲ་ཤིས་རིན་ཆེན། དེའི་སློབ་མ་བླ་མ་ཚེ་རྒྱལ་དང་། མཚམས་པ་བ་ཡིན། རྗེས་མའི་སློབ་མ་སྒ་རྗེ་ཆོས་སྐྱོང་རྒྱ་མཚོ། སྟོན་པ་རྒྱལ་མཚན་དང་། དྲུང་ཆོས་ཉིད་རྒྱ་མཚོ་གཉིས་ཀའི་སློབ་མ་རིག་འཛིན་ཀུན་བཟང་ཤེས་རབ་ཡིན་ལ། འདི་དང་པོ་ཀཿཐོག་གི་སློབ་བརྒྱུད་ཡིན་ཀྱང་ཕྱིས་སུ་གནམ་ཆོས་དང་ཆགས་མེད་ཀྱི་ཆོས་བརྒྱུད་བཟུང་བས་དཔལ་ཡུལ་བ་ཞེས་བྱུང་བ་ཡིན། ཡང་
ཆོས་ཉིད་རྒྱ་མཚོའི་སློབ་མ། བླ་མ་ཨ་སླ་ཞེས་པ་ཞིག་ཀྱང་བྱོན། ཧོར་པོ་བ་ཤཱཀྱ་རྒྱལ་མཚན་དང་རོང་པོ་ས་མང་བ་རིན་ཆེན་རྡོ་རྗེ་གཉིས་བྱོན་པའི་སྔ་མ་ནི། རིག་འཛིན་པདྨ་གླིང་པ་དང་ཞིག་པོ་གླིང་པ་གར་གྱི་དབང་ཕྱུག་སོགས་ཁམས་དབུས་ཀྱི་བླ་མ་མང་པོ་བསྟེན་ནས་བྱིན་རླབས་དང་ནུས་སྟོབས་མཆོག་ཏུ་ཆེ་བ་དེ་ཉིད་ཀོང་ཡུལ་ཕྱོགས་ཀྱི་རྟེན་རྩ་རི་ཁྲོད་ཅེས་པར་དང་པོ་ལོ་གསུམ་སྐུ་མཚམས་མཛད་རྗེས་གཙང་པོ་མགོ་དགུའི་གནས་སུ་ཕེབས། དེར་གྲོང་གསར་བའི་ཡོན་བདག་ཚེ་དབང་དར་རྒྱས་ཞེས་པས་ཞིང་དང་ཐེར་ཆེན་སོགས་ཕུལ་བ་ལ་རྟེན་གཞི་མཛད་ནས་མཚོ་རྫོང་ནོར་བུ་རིའི་སྟེང་དུ་བླ་བྲང་ལྟེ་བ་ཐོག་གཅིག་མ་དེ་བཏབ་པས་གྲྭ་པ་ཕོ་མོ་ཁ་ཡར་འདུས་པ་རྣམས་ས་ཅོག་དང་བྲག་ཕུག་ལ་བརྟེན་ནས་ཡོད་པ། སྨོན་ལམ་དང་རྟེན་འབྲེལ་ཤུགས་ཀྱིས་བླ་མ་ཀཿཐོག་པ་ཡོན་
མཆོད་མཐུན་པར་ཐང་འབྲོག་པ་མཚུངས་མེད་བསྟན་འཛིན་རྡོ་རྗེ་ཞེས་རྩེ་ལེ་སྣ་ཚོགས་རང་གྲོལ་སྐུ་གོང་མ་དེ་ཉིད་སྤྱན་དྲངས་ཏེ་དགོན་མཆོད་གཞིས་ཡོ་བྱད་དང་བཅས་པ་ཕུལ་བར་མཛད་པ་པོ་དེ་ཡིན། རྒྱུ་དེ་ལས་ཕྱོགས་དེར་རྙིང་བསྟན་གྱི་རྩ་བ་ཚུགས་པའི་གཞི་མར་བྱུང་། ཨ་རྡོ་དཀོན་མཆོག་རྒྱལ་མཚན་ནི་རིག་འཛིན་རྒོད་ལྡེམ་པའི་ཆོས་བདག་ཏུ་ལུང་གིས་ཟིན་པ་ལྟར་གཏེར་སྟོན་དངོས་ཀྱི་ཞལ་སློབ་ཀུན་སྤངས་དོན་ཡོད་རྒྱལ་མཚན་ལས་གཙང་ཕྱོགས་ཟབ་བུ་ལུང་གི་སྒྲུབ་གནས་སུ་རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་དབང་ཁྲིད་རྒྱས་པར་གསན་བཞེས་མཛད། ཕྱིས་ཀཿཐོག་ཕྱོགས་སུ་སྤེལ་བ་ལས་བར་སྐབས་སུ་དར་རྒྱས་ཆེ་བ་བྱུང་། ཡང་དཀོན་རྒྱན་པས་ཀརྨ་གླིང་པའི་ཆོས་བདག་ བརྒྱུད་པ་གསུམ ་པ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ལས་ཞི་ཁྲོ་
དགོངས་པ་རང་གྲོལ་གྱི་ཆོས་སྐོར་ཚང་བར་གསན། དེ་ལ་བཀྲ་ཤིས་རྒྱ་མཚོའི་སློབ་མ། རྨོག་ཚ་བ་ཧེ་པ་ཆོས་འབྱུང་གིས་དགོངས་པ་རང་གྲོལ་སྨིན་གྲོལ་བསྐྱེད་རྫོགས་ཆ་ཚང་གསན་ནས། ཁ་སྐོང་ཆོག་ཁྲིགས་ཟུར་རྒྱན་སོགས་ཡིག་ཆ་མང་པོ་མཛད་པ་འདི་ལ་ཀཿཐོག་ལུགས་ཞེས་གྲགས་པའམ་ཆོས་འབྱུང་ལུགས་སུའང་གྲགས་པ་ཀཿཐོག་པ་རྣམས་དེང་སང་ཕྱག་ལེན་དུ་མཛད་པ་འདི་བྱུང་། འདི་སྐབས་ཙམ་ལ་བྱང་པ་རིག་འཛིན་ངག་གི་དབང་པོ་དེ་ཉིད་ཀཿཐོག་རྡོ་རྗེ་གདན་དུ་ཕེབས་པ་ཡིན་ཏེ། སྟག་མོ་སྒང་པ་ངག་བློའི་ཆོས་འབྱུང་དུ་གསལ་བ་འདི་ལྟར།རིག་འཛིན་ངག་གི་དབང་པོ་མདོ་ཁམས་ཀྱི་གསང་སྔགས་རྙིང་མའི་བསྟན་པའི་འབྱུང་གནས་ལྟ་བུ་ཀཿཐོག་དགོན་པར་ཕེབས། ཕྱོགས་དེའི་སྐྱ་སེར་ཀུན་གྱིས་གསེར་དངུལ། གཡུ། རྟ་ཁྲབ་ཇ་སོགས་ཟང་ཟིང་གི་འབུལ་
བ་དང་བསྙེན་བཀུར་བསྟབས། ཞེས་གསུངས། དེ་ལྟར་མན་ངག་བརྒྱུད་པ་རྣམས་དང་བཅས་ཀཿཐོག་སྔ་རབས་ཀྱི་བྱུང་བ་བརྗོད་པས་ཁོག་དབུབ་པ་བཤད་ཟིན་ནས། ད་ནི་རྩ་བའི་གཉིས་པ་ཕྱི་རབས་ཀྱི་ལོ་རྒྱུས་བཤད་པས་མཇུག་བསྡུ་བ་ལ་གསུམ་སྟེ། བསྟན་ལ་ཕྱག་རྗེས་ཆེ་བའི་སྟག་བླ་རིམ་བྱོན་གྱི་ལོ་རྒྱུས། རིག་འཛིན་གཏེར་ཆེན་ཡབ་སྲས་བརྒྱུད་པ་དང་བཅས་པ་བྱོན་ཚུལ། ཀཿཐོག་གདན་རབས་ཀྱི་ཕྲེང་བ་ཕྱི་མ་རྣམས་ཀྱི་རྣམ་ཐར་མདོ་ཙམ་བཤད་པའོ། །དང་པོ་ནི། དེ་ནས་འདིར་བྲག་དམར་དབང་ཆེན་གླིང་དང་། གནས་ནང་ངམ་ཇོ་མོ་ནང་། སྒ་རྗེ་ཁམས་གོང་དགོན་རྣམས་ཀྱང་རྒྱལ་བ་ཀཿཐོག་པའི་དགོན་ལག་དང་ཆོས་བརྒྱུད་དུ་གཏོགས་པས་དེ་དང་དེའི་གདན་རབས་ཅུང་ཟད་གླེང་ན། མདོ་ཁམས་ཀྱི་གཙང་གཤིས་སུ་འཁྲུངས་པའི་བླ་མ་
པདྨ་རྒྱལ་མཚན་ཞེས་པ་དེ་ཉིད་དབུས་གཙང་ཕྱོགས་སུ་བྱོན་ནས་གཏེར་ཆེན་གར་དབང་ཞིག་གླིང་དང་མཇལ་ནས་ཆོས་བདག་ཏུ་ངོས་བཟུང་ཞིང་དེ་དང་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གཉིས་བླ་མར་བསྟེན་ནས་ཆོས་མང་དུ་གསན། མཁས་ཤིང་གྲུབ་པའི་དབང་པོར་གྱུར་ཏེ་བླ་མའི་དྲུང་དུ་བཞུགས་པའི་སྐབས་སུ། ཀཿཐོག་ནས་བུ་འབོར་བ་བཀྲ་ཤིས་རྒྱ་མཚོས་ཞིག་གླིང་དྲུང་དུ་ཞུ་ཡིག་ཅིག་ཕུལ་བའི་ནང་དུ། གདན་ས་ཆེན་པོ་འདིར་ཆོས་འཆད་སྤེལ་མཛད་པའི་བླ་མ་མཁས་པ་མུན་ཁང་དུ་སྒྲོན་མེ་བཀྱག་པ་ལྟ་བུ་ཞིག་གཏོང་གནང་ཡོད་པ་ཞེས་གསལ་བ་ལྟར། བླ་མ་པདྨ་རྒྱལ་མཚན་ཀཿཐོག་ཏུ་རྫོང་བདའ་མཛད་པ་ཡིན། དེ་དུས་ཁོང་གི་ཕྱག་དཔེ་རྣམས་བྱ་རྒོད་ཀྱིས་གདན་དྲངས་ནས་བྱོན་པའི་ལོ་རྒྱུས་ཀྱང་སྣང་། ཀཿཐོག་ཏུ་ཕེབས་ནས་རྫོགས་ཆེན་ཡང་ཏི་ནག་པོ་སོགས་སྨིན་གྲོལ་
མན་ངག་རྒྱ་མཚོ་ལྟ་བུ་འཆད་ཅིང་སྤེལ་བས། བར་ཁྲོད་དང་ཡང་ཁྲོད་རྣམས་སུ་སྒོམ་གྲྭ་བ་མང་དུ་འཕེལ། ལྷག་པར་རྫོགས་ཆེན་ཡང་ཏིའི་བསྟན་པ་ཕྱོགས་འདིར་དར་ཞིང་སྨིན་པར་མཛད། དེ་ནས་བྲག་དམར་དབང་ཆེན་གླིང་དུ་ཕེབས་ཏེ་ཆོས་འཁོར་བསྐོར་བས། སློབ་མའི་གཙོ་བོ་ནི། ཀུན་མཁྱེན་ཀློང་ཆེན་པའི་རྣམ་འཕྲུལ་ཁམས་དབུས་གཉིས་ཀའི་བསྟན་པའི་སྣང་བྱེད་ཆེན་པོར་གྱུར་པ་སྟག་བླ་པདྨ་མ་ཏི་ཡིན། དེ་ནི་སྟག་ཕུ་ཞེས་པའི་སར་སྟག་བླ་རིམ་བྱོན་ནང་ནས་མཁྱེན་རབ་ཆེ་བས་གྲྭ་འཁོར་སྒར་གཞིས་དང་བཅས་དབུས་གཙང་དུ་ཕེབས་ནས། ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལས་གསང་སྙིང་འགྲེལ་པ་ཕྱོགས་བཅུའི་མུན་སེལ་གསན། ཕར་བླ་མ་དགོངས་འདུས་དབང་ལུང་གནང་། གཞན་ཡང་གོང་ར་ལོ་ཆེན། པད་གླིང་གསུང་སྤྲུལ་ཚུལ་
ཁྲིམས་རྡོ་རྗེ། རིག་འཛིན་འཇའ་ཚོན་སྙིང་པོ། རྩེ་ལེ་སྣ་ཚོགས་རང་གྲོལ། སངས་གླིང་གདུང་བརྒྱུད་སྙི་ཕུ་རིག་འཛིན་སྙིང་པོ་སོགས། དུས་སྐབས་དེར་ཞལ་འཚོ་བཞུགས་ཀྱི་རྙིང་མའི་བླ་སྤྲུལ་གཏེར་སྟོན་མཁས་གྲུབ་གྲགས་ཆེ་བ་ཐམས་ཅད་དང་མཇལ་ཞིང་ཆོས་ཕར་ཕུལ་བ་དང་ཚུར་ཡང་རྒྱ་ཆེར་གསན་པ་གྲུབ་ནས་སླར་ཁམས་སུ་ཕེབས། གསང་ཆེན་སྔ་འགྱུར་བཀའ་གཏེར་གྱི་རྒྱུན་བཟང་པོ་ཕྱོགས་འདིར་དར་བའི་མཛད་ཕྲིན་བསྐྱངས། གསུང་བརྩམས་ཀྱང་རྗོ ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་ཁྲིད་ཡིག་རྒྱས་པ་དང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་གའི་ཟུར་རྒྱན་ཁ་སྐོང་། རྫོགས་རིམ་བར་དོ་དྲུག་ཁྲིད་སོགས་ད་ལྟའི་བར་དར་རྒྱས་ཤིན་ཏུ་ཆེ་བ་འདི་བྱུང་བ་ཡིན། པདྨ་མ་ཏིའི་སློབ་མ་ཚེ་རིང་རྡོ་རྗེ་དང་། པདྨ་རིག་འཛིན་གཉིས་ཡིན། ཕྱི་མ་འདིས་བསྟན་བཅོས་
རྣམ་གྲངས་རྒྱ་མཚོ་ཞེས་བློ་གསར་རྣམས་ལ་ཕན་ཐོགས་ཆེ་བ་འདི་སོགས་མཛད། ཚེ་རིང་རྡོ་རྗེའི་དབོན་པོ། ཀུན་བཟང་ཡེ་ཤེས་མཐོང་གྲོལ་དང་། ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་གཉིས་ཀྱི་ཕྱི་མ་འདི་བདུད་འདུལ་རྡོ་རྗེའི་ཆོས་བདག་ཡིན། དེའི་དབོན་ཀུན་བཟང་ཡེ་ཤེས་དང་། ཀུན་བཟང་རྣམ་རྒྱལ་ཏེ་སྐུ་མཆེད་འདི་གཉིས་ཨོ་རྒྱན་སྨིན་གྲོལ་གླིང་དུ་བྱོན་ནས། ཆོས་རྒྱལ་གཏེར་བདག་གླིང་པའི་རིགས་སྲས། གཅུང་ཡིད་བཞིན་ལེགས་གྲུབ་ལས་རྙིང་མ་རྒྱུད་འབུམ་གྱི་ལུང་རྒྱུན་གསན་ཅིང་། དཔེ་ཆ་ཡང་བྲིས་ནས་ཁམས་སུ་བྱོན། རྙིང་རྒྱུད་དཔེ་ལུང་གཉིས་ཀའི་རྒྱུན་སྤེལ་བར་མཛད་པས་ཕྱག་རྗེས་ཆེ། ༧ཁྱབ་གདལ་ལྷུན་གྲུབ་སྤྲུལ་སྐུ་རིག་འཛིན་བསོད་ནམས་རྣམ་རྒྱལ་ལམ་མཆོག་སྤྲུལ་རྡོ་རྗེ་དཔའ་བོ་ཞེས་མཁས་བཙུན་བཟང་གསུམ་འཛོམས་པ་དེ་དང་། དེའི་
སྤྲུལ་སྐུ་བྲག་དམར་ཡིད་བཞིན་དབང་རྒྱལ་ཏེ། འདི་སི་ཏུ་དྷརྨ་སཱ་ར་དང་ཡབ་གཅིག་པ་དེའི་སྤྲུལ་སྐུ་འགྱུར་མེད་རིག་འཛིན་ནི་མཁྱེན་ཡོན་ཆེ་ཡང་ཀུན་སྤྱོད་རྩུབ་པས་རྐྱེན་ལམ་དུ་གཤེགས་ཤོར། དེའི་སྤྲུལ་སྐུ་རྒྱལ་རོང་གཏེར་སྨྱོན་སྲས་བྲག་དམར་པདྨ་རྒྱལ་མཚན། དེའི་སྤྲུལ་སྐུ་པདྨ་དབང་ཆེན་བར་བྱོན་པ་དང་། པདྨ་རིག་འཛིན་དབོན་བརྒྱུད། པདྨ་བློ་ལྡན་དང་། པདྨ་ནོར་བུ། དེའི་དབོན་བླ་མ་སྐལ་བཟང་། པདྨ་ནོར་བུའི་སྐུ་སྐྱེ་རིག་འཛིན་ཚེ་དབང་ནོར་བུ་སྟེ། འདིའི་ཧྲེ རྣམ་ཐར་འོག་ཏུ་འཆད་དོ། །ཡང་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སློབ་མ་སྒ་རྗེ་ཆོས་སྐྱོང་རྒྱ་མཚོ་ནི་རིག་འཛིན་ཀློང་གསལ་སྙིང་པོའི་བླ་མ་སྟེ། གྲུབ་པའི་དབང་ཕྱུག་ཆེན་པོ་དེའི་དབོན་བརྒྱུད་ཀྱང་། དེང་སང་བར་ཁམས་གོང་དགོན་དུ་རྡོ་རྗེ་འཛིན་པ་རིམ་པར་བྱོན་པ་རྣམས་ཡིན་ནོ། །གཉིས་པ་རིག་འཛིན་གཏེར་
ཆེན་ཡབ་སྲས་བརྒྱུད་པ་དང་བཅས་པ་ཇི་ལྟར་བྱོན་ཚུལ་ནི། སྔ་འགྱུར་བཀའ་གཏེར་མ་ལུས་པའི་འབྱུང་གནས་བཤད་སྒྲུབ་ཀྱི་ཆུ་གཏེར་ཆེན་པོ་འོག་མིན་དཔལ་གྱི་ཀཿཐོག་རྡོ་རྗེ་གདན་གྱི་བསྟན་པ་སྔ་དར་གྱི་མཇུག་ཏུ་སླེབས་པ་ལྟ་བུས། དུས་དབང་གིས་ཅུང་ཟད་ཉམས་རྒུད་དུ་གྱུར་སྐབས་ཨོ་རྒྱན་ཡབ་ཡུམ་གྱི་ཚད་མེད་པའི་ཐུགས་རྗེ་ལས་བསྟན་པའི་མེ་རོ་རྨངས་ནས་གསོས་ཏེ། ཕྱི་དར་གྱི་ཉིན་བྱེད་འདྲེན་པའི་ཤིང་རྟ་ཆེན་པོ་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་དུས་སུ་སྨིན་པ་ནི་རིག་འཛིན་སྤྲུལ་པའི་གཏེར་ཆེན་བདུད་འདུལ་ནུས་ལྡན་རྡོ་རྗེ་དང་། པདྨ་མདོ་སྔགས་པའམ་རིག་འཛིན་ཀློང་གསལ་སྙིང་པོ་སྟེ་པཏྟི གཏེར་ཆེན་ཡབ་སྲས་གཉིས་ཡིན་པས། ཁོང་རྣམ་གཉིས་ཀྱི་རྣམ་ཐར་གཏེར་འབྱུང་ཅུང་ཟད་འཆད་པ་ལ། དེ་ཡང་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེ་
ནི་ཐོག་མར་བསྐལ་བཟང་རྣམ་འདྲེན་སྟོང་རྩ་ལ་དབང་བསྐུར་ལུང་བསྟན་མཛད་པ་པོ་སངས་རྒྱས་ནུས་ལྡན་རྡོ་རྗེ། ཐུབ་པའི་སྤྱན་སྔར་དགྲ་བཅོམ་ཤཱ་རིའི་བུ། ཨོ་རྒྱན་རྒྱལ་པོའི་ཆོས་བློན་ཀྲྀཥྛ་འཛིན། རྒྱ་གར་གྲུབ་ཆེན་ཧཱུཾ་ཀ་ར། པད་འབྱུང་སློབ་མ་འབྲོག་བན་ཁྱེའུ་ཆུང་ལོ་ཙཱ། པཎ་ཆེན་སྤྱི་ཏི་ཛྙཱ་ན། གླིང་རས་པདྨ་རྡོ་རྗེ། རྩྭ་སྡེ་སྤྱན་སྔ་བ་ནམ་མཁའ་རྡོ་རྗེ། འགྲོ་མགོན་ཆོས་རྒྱལ་འཕགས་པ། རཏ་གླིང་སློབ་མ་གྲུམ་གྱི་མཁར་ནག་པ། ཀཿཐོག་པ་ཧེ་པ་ཆོས་འབྱུང་སོགས་སྐུའི་འཁྲུངས་རབས་རིམ་པར་བརྒྱུད་པའི་མཐར། གཏེར་སྟོན་གྲུ་གུ་ཡང་དབང་གི་གཏེར་ལུང་ལས། དུས་ངན་ཐ་མ་བསྟན་པ་མར་འགྲིབ་དུས༔ བོད་ཁམས་བདེ་བ་མཐའ་མིའི་དཔུང་གིས་འཇོམས༔ རི་བོ་རེ་ལ་སྔར་མེད་བཙན་རྫོང་བརྩེགས༔ དེ་ཚེ་སངས་རྒྱས་ནུས་ལྡན་རྡོ་རྗེ་ནི༔ ཤར་གྱི་ཕྱོགས་ནས་
ནུས་ལྡན་རྡོ་རྗེ་ཡིས༔ གངས་ཅན་བདེ་བའི་བྱ་ལས་སྣ་ཚོགས་བསྒྲུབས༔ ཞེས་དང་། གཏེར་སྟོན་མ་ཏི་རཏྣའི་གཏེར་ལུང་ལས། མདོ་ཁམས་ཨོ་རྒྱན་རྫུ་འཕྲུལ་གསང་ཕུག་རྣམས༔ ཁྱེའུ་ཆུང་ལོ་ཙཱའི་སྤྲུལ་པས་འབྱེད་པས་འགྱུར༔ ཞེས་དང་། གཏེར་སྟོན་མི་འགྱུར་རྡོ་རྗེའི་གནམ་ཆོས་ལས། གཏེར་སྟོན་བདུད་འདུལ་རྡོ་རྗེ་འདི༔ རྗེ་འབངས་ཁྱེའུ་ཆུང་ལོ་ཙཱ་ཡིན༔ ཞེས་དང་། གཏེར་སྟོན་རིན་ཆེན་གླིང་པའི་ཟབ་ཆོས་ནོར་བུ་སྐོར་གསུམ་ལུང་བྱང་ལས། དེ་ཚེ་སངས་རྒྱས་ནུས་ལྡན་རྡོ་རྗེ་ནི༔ ཁམས་ཀྱི་ཕྱོགས་ནས་ནུས་ལྡན་རྡོ་རྗེ་ཞེས༔ སྦས་ཡུལ་པདྨ་བཀོད་པའི་གནས་སྒོ་འབྱེད༔ ཅེས་སོགས་རྒྱ་ཆེར་གསུངས་ཤིང་སོག་ཟློག་པ་བློ་གྲོས་བཟང་པོའི་ཨོ་རྒྱན་རྣམ་ཐར་དུ། གཏེར་སྟོན་ནུས་ལྡན་རྡོ་རྗེ་ཞེས་ཁམས་ཀྱི་གཏེར་གནས་བརྒྱ་རྩ་འབྱེད་པ་
ཞིག་འོང་བར་ཐང་ཡིག་རྙིང་པ་འགའ་ཞིག་ལས་འབྱུང་བ། དེ་ནས་དུས་རྟགས་ལ་སོགས་དེང་སང་གི་སྐབས་ཡིན་པར་འདུག་ཀྱང་དེ་སྔོན་མ་བྱོན་པ་ཅི། འགྲོ་བའི་བསོད་ནམས་ཀྱིས་མ་ཐེབས་པ་ཡིན་ནམ། ཞེས་གསུངས་པ་དང་། དེ་བཞིན་དུ་དཔའ་བོ་གཙུག་ལག་ཕྲེང་བས་རྙིང་མ་ཆོས་འབྱུང་དུ། རྣལ་འབྱོར་ནུས་ལྡན་རྡོ་རྗེ་ཞེས་ཁམས་ཀྱི་གཏེར་སྒོ་འབྱེད་པ་ཞིག་འོང་བར་ཐང་ཡིག་གཅིག་ན་འདུག་པ་ནི་ད་ལྟའི་དུས་ཡིན་པར་སྙམ་མོ། །ཞེས་གསུངས་པ་ལྟར་སྔོན་གྱི་ཧྲེ གཏེར་ཁ་བཅུ་གསུམ་ཙམ་ནས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། མདོ་ཁམས་སྡེ་དགེ་ལྷུན་གྲུབ་སྟེང་དང་ཉེ་བ་དངུལ་ཕུ་ནང་གི་སྲིབ་ཕྱོགས་སུ། ཡབ་གླིང་གི་རིགས་འཚོ་བྱེད་མཁས་པ་ཀླུ་སྐྱབས་དང་། ཡུམ་བོ་ལུ་མ་ཞེས་པའི་སྲས་སུ་རབ་བྱུང་བཅུ་པའི་ཤིང་ཡོས་༡༤༡༥ལོར་སྐུ་འཁྲུངས། ཡབ་ལས་ཡི་གེ་འབྲི་
ཀློག་དང་གསོ་དཔྱད་སྦྱོང་བདར་མཛད། དགུང་ལོ་དྲུག་པ་ནས་དག་པའི་སྣང་བ་མང་པོ་ཤར། ཆུང་ངུའི་དུས་ནས་དཔལ་ལྷུན་གྲུབ་སྟེང་གི་ཆོས་སྒོར་ཞུགས། རིག་འཛིན་རྒོད་ལྡེམ་ཅན་གྱི་རྣམ་འཕྲུལ་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ལ་གཙུག་ཕུད་ཕུལ་བས། མཚན་ཀུན་དགའ་བསོད་ནམས་ཆོས་འཕགས་ཞེས་སུ་གསོལ། ཕ་ཝང་ཞིག་ལ་ཞབས་རྗེས་བྱོན་པ་ད་ལྟའང་འདུ་ཁང་ཆེན་མོའི་ཤར་སྒོའི་རྒྱབ་ཏུ་ཡོད། དེ་སྐབས་རྣམས་སུ་གསུང་རབ་ཀློག་པར་བྱོན་པ་ན་སེམས་ཉིད་ཀྱི་དོན་མ་རྟོགས་ན་པཎྜི་ཏ་ཡང་འཁྲུལ་བྱ་བ་འདུག་པས་སྙིང་པོ་ཡེ་ཤེས་ཀྱི་དོན་འཚོལ་བ་ལ་སྐོམ་པ་ཆུ་འདོད་པ་ལྟར་གྱུར་ནས་རྨུགས་སངས་སྒྲུབ་གནས་སུ་བྱོན། རྒྱལ་བ་ཀཿཐོག་པའི་སློབ་བརྒྱུད་འདྲེན་པ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་རྫོགས་པ་ཆེན་པོ་སོགས་ཟབ་ཆོས་
མང་དུ་གསན་ནས་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་ཀློང་བརྡོལ། དེ་ནས་དབུས་ཕྱོགས་སུ་ཕེབས་པས་ཉང་པོར་གྲུབ་ཆེན་བཀྲ་ཤིས་ཚེ་བརྟན་དང་མཇལ་ཏེ་སྨིན་གྲོལ་གྱི་གདམས་པ་མང་དུ་གསན། བྲག་དཀར་ལྷ་ཆུར་ཁམས་ཟས་སྤངས་ཏེ་བཅུད་ལེན་ཁོ་ནས་ཟབ་ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་མཐར་ཕྱིན་པ་མཛད། དང་པོ་ཆོས་སྒོར་ཞུགས་པའི་རྟེན་འབྲེལ་གྱིས་གཙང་ས་ངོར་མན་དུ་བྱོན་ནས་གསུང་ངག་ལམ་འབྲས་སོགས་ཀྱང་གསན། སླར་ཀོང་པོ་བང་རིང་རིག་འཛིན་འཇའ་ཚོན་སྙིང་པོའི་དྲུང་དུ་དེ་ཉིད་ཀྱི་ཟབ་གཏེར་གཙོ་བོར་གྱུར་པའི་དབང་ཁྲིད་མན་ངག་མང་པོ་རྫོགས་པར་གསན་ཅིང་། ཁྱད་པར་དུ་ཉིད་ཀྱི་དགོངས་པ་ཡོངས་འདུས་ཀྱི་རྒྱལ་ཚབ་སྐྱེ་བརྒྱུད་ལས། ཁྱད་པར་སྨོན་ལམ་མཐུ་བཙན་གྱིས༔ ལས་འཕྲོ་གླིང་དང་འཕྲད་པར་འགྱུར༔ དེ་འཕྲད་ཉམས་
རྟོགས་གོང་དུ་འཕེལ༔ ལུང་བསྟན་བརྡ་ཟུར་འཕྲོད་པར་འགྱུར༔ ཞེས་གསུངས་པ་བཞིན་དུ་རིག་འཛིན་འཇའ་ཚོན་སྙིང་པོའི་ཞལ་ནས། ཁྱོད་རང་སྤྲོ་བོར་སོང་ལ་རྩེ་གཅིག་ཏུ་སྒྲུབ་པ་ལ་འབུངས་ཤིག་དང་། དེའི་དུས་སུ་ཁྱོད་ལ་ལུང་བསྟན་འོང་ཞིང་ཟབ་གཏེར་གྱི་སྐལ་བ་ཡོད་དོ་ཞེས་ལུང་བསྟན་པ་ལྟར་སྤོ་བོར་བྱོན་ཏེ། ཕོ་བྲང་གཡུ་མཚོར་རཏ་གླིང་ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་པ་ལ་བརྩོན་པའི་ཚེ་མནལ་ལམ་དུ་ཟངས་མདོག་དཔལ་རིར་མཁའ་འགྲོ་རྣམས་ཀྱིས་གདན་དྲངས་ནས་ཞག་ཉེར་བརྒྱད་བཞུགས་པའི་དག་སྣང་དང་། གུ་རུ་རིན་པོ་ཆེ་ལས་སྨིན་གྲོལ་རྫོགས་པར་གསན་ཅིང་གཏེར་གྱི་ལུང་བསྟན་སྩལ་བ་སོགས་རྗེ་རང་གི་གསུང་དག་སྣང་དབང་གི་རྒྱལ་པོར་གསལ། དེ་ནས་སྤོ་བོ་ཡེ་གོང་སྨན་ཆུ་དགོན་པར། མཆན། དཔལ་ཨོ་རྒྱན་བསྟན་
འཛིན་མཇལ་དུ་བྱོན་པས། རྗེ་དེའི་མཚན་ལམ་དུ་གུ་རུ་རིན་པོ་ཆེས། ངེད་ཀྱི་བུ་འདི་ལ་རིམ་གྲོ་གྱིས་ཤིག་གསུངས་པའི་ལུང་བསྟན་བྱུང་བས། ཐུགས་ཤིན་ཏུ་དགྱེས་པའི་གསུང་དང་། བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད་ཅིང་བླ་ཆས་ཡོངས་རྫོགས་སོགས་འབུལ་ནོད་དང་བཅས་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་གནང་། དེ་ནས་གཡུ་མཚོ་རིན་ཆེན་བྲག་ནས་གཏེར་གྱི་ཁ་བྱང་ཕྱག་ཏུ་བྱུང་སྟེ་དགུང་ལོ་ཉེར་དགུ་པ་ལ་རིགས་ལྡན་པདྨ་སྐྱིད་ལས་རྒྱར་བཞེས་རྒྱུ ཏེ། གནས་དེ་ཉིད་ནས་བྱུང་བའི་ཁ་བྱང་ལྟར། སྤུ་བོ་མདོང་ཆུ་བདེ་ཆེན་གསང་བ་ཕུག་ནས་དམ་ཆོས་དགོངས་པ་ཡོངས་འདུས་སྐོར་སྤྱན་དྲངས་པ་ནི་ཟབ་གཏེར་གྱི་གཙོ་བོ་ཡིན་ལ། ཕྱིས་སུ་བཞེས་པ་རྣམས་ཡན་ལག་ལྟ་བུ་ཡིན་གསུངས། དེ་ནས་རིམ་བཞིན་རིགས་ལྡན་པུཎྱའི་མིང་ཅན་དང་བཅས་ཚ་བ་སྒོ་
བྲག་ནས་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་བཀའ་སྲུང་ཞིང་སྐྱོང་དང་བཅས་པ། སྤུ་རི་དྭགས་རྫོང་ནས་ཟབ་དོན་གསང་བ་སྙིང་ཐིག །དཔལ་ཟ བདེ་མཆོག་འཁོར་ལོ། བཀའ་སྲུང་ཕྱག་བཞི་པའི་སྐོར། སྤུ་རི་ཤེལ་གྱི་ཡང་སྒྲོམ་ནས་སྙིང་ཐིག་ཚེ་ཡང་ཕུར་གསུམ་དང་། སྲུང་མ་ཨེ་ཀ་ཛཱ་ཊི་དང་རང་བྱུང་རྒྱལ་མོའི་སྐོར། སྤུ་བོ་མདོང་ཆུའི་བྱང་ངོས་ཀྱི་བྲག་ནས་སྦས་ཡུལ་པདྨོ་བཀོད་པའི་གནས་ཡིག །མདོ་ཁམས་སྡེ་དགེའི་གནས་ཁྲོ་ཟིལ་ཁྲོམ་དཀར་ཡག་བྲག་ནས་ཡི་དམ་དམར་ནག་འཇིགས་གསུམ་གྱི་སྐོར་རྣམས་སྤྱན་དྲངས་པ་ལས་འཇམ་དཔལ་ཞི་སྒྲུབ་ཀྱི་སྐོར་རྣམས་མ་གཏོགས་གཞན་གཏན་ལ་ཕབ་པ་མི་སྣང་། བྱ་ཕུ་ལྕགས་ཕུར་ཅན་ནས་དཔལ་མགོན་གདོང་བཞི་པ་དང་ལྷ་ཆེན་སྒྲུབ་སྐོར། བསམ་ཡས་དབུ་རྩེའི་སྟེང་ཁང་ནས་བླ་མ་རིག་འཛིན་འདུས་པ། ཚེ་
སྒྲུབ་ཚ་བ་དམར་ཐག །བཀའ་སྲུང་ཞང་བློན་དང་རྨ་སྤོམ་རའི་སྐོར། ར་ས་འཕྲུལ་སྣང་གློ་འབུར་ནུབ་ཀྱི་སྟེང་ཁང་ནས་སྙན་བརྒྱུད་གཙུག་རྒྱན་ནོར་བུའི་སྐོར་རྣམས་སྤྱན་དྲངས་ནའང་གཏན་ལ་འབེབས་པར་མ་མཛད་པར་མངོན། སྤུ་བོའི་བདུད་རི་གནམ་ལྕགས་འབར་བ་ནས་སྒྱུ་འཕྲུལ་ཞི་ཁྲོ་དང་བཀའ་བརྒྱད་སྐོར་བཀའ་སྲུང་བཅས། སྟོད་ལུང་ར་ཙག་རྡོའི་མཆོད་རྟེན་ནས་དཔལ་མགོན་སྟག་ཞོན་སྐོར་རྣལ་འབྱོར་པ་དུང་ཕྲེང་ཅན་གྱིས་བཏོན་ནས་ཕྱག་ཏུ་ཕུལ་བ་དང་། གཞན་ཡང་གཡུ་མཚོ་གཤིན་རྗེའི་དོང་ཁ། རིག་འཛིན་གསང་ཕུག །རག་ཆབ་བསེ་རག་ཅོག །ན་བུན་རྫོང་། རྟ་ཤོད་དཀྱིལ་འཁོར་ཐང་སོགས་ནས་སྔ་ཕྱིར་ཟབ་གཏེར་མང་དུ་སྤྱན་དྲངས་ཚུལ་གཏེར་འབྱུང་ལས་གསལ། སྦས་ཡུལ་པདྨ་བཀོད་ཀྱི་གཙོས་མཐའ་དབུས་ཀྱི་གནས་ཆེན་མང་པོའི་ཞལ་ཕྱེས། གོང་གི་
གཏེར་ཁ་རྣམས་དང་ལྷན་དུ་སྐུ་ཚབ་དང་ཕྱག་མཚན་དམ་རྫས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། མདོར་ན་གནས་གཏེར་བརྒྱ་རྩ། མྱང་གྲོལ་སྟོང་རྩ་སོགས་ཀྱི་བཀའ་བབ་ཏུ་གསུངས་པ་ལྟར་ཕལ་ཆེར་མངོན་དུ་གྱུར། དགུང་ལོ་ཞེ་གཉིས་པ་ལ་སྡེ་དགེ་བླ་མ་བྱམས་པ་ཕུན་ཚོགས་ཁུ་དབོན་གྱིས་གདན་དྲངས་པ་བཞིན་ཕེབས། སྡེ་དགེ་ཆོས་ཀྱི་རྒྱལ་པོས་བསྙེན་བཀུར་གྱིས་མཆོད་ནས་ལྷུན་གྲུབ་སྟེང་དུ་བདུད་འདུལ་ལྷ་ཁང་སོགས་བཞེངས་ནས་བསྟན་སྲིད་ལ་ཕན་པའི་ལུང་དོན་སྒྲུབ་པ་སོགས་མཛད་ཀྱང་བདུད་རིགས་ཀྱི་བློན་པོ་འགའ་ཞིག་གིས་མཚམས་སྦྱོར་གྱི་རྟེན་འབྲེལ་ལོག་པས་ཐུགས་སྐྱོ་ནས་སྨྱོ་གླུ་ཐོལ་བྱུང་མ་མགུར་དུ་གནང་བ་བཞིན་གཏེར་སྟོན་དཔོན་སློབ་རྣམས་བྲོས་སྟབས་སུ་གླིང་ཚང་དུ་ཕེབས། སྡེ་དགེར་བཞུགས་སྐབས་ཀཿཐོག་རྡོ་རྗེ་
གཏེར་ཁ་རྣམས་དང་ལྷན་དུ་སྐུ་ཚབ་དང་ཕྱག་མཚན་དམ་རྫས་ཀྱི་རིགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས། མདོར་ན་གནས་གཏེར་བརྒྱ་རྩ། མྱང་གྲོལ་སྟོང་རྩ་སོགས་ཀྱི་བཀའ་བབ་ཏུ་གསུངས་པ་ལྟར་ཕལ་ཆེར་མངོན་དུ་གྱུར། དགུང་ལོ་ཞེ་གཉིས་པ་ལ་སྡེ་དགེ་བླ་མ་བྱམས་པ་ཕུན་ཚོགས་ཁུ་དབོན་གྱིས་གདན་དྲངས་པ་བཞིན་ཕེབས། སྡེ་དགེ་ཆོས་ཀྱི་རྒྱལ་པོས་བསྙེན་བཀུར་གྱིས་མཆོད་ནས་ལྷུན་གྲུབ་སྟེང་དུ་བདུད་འདུལ་ལྷ་ཁང་སོགས་བཞེངས་ནས་བསྟན་སྲིད་ལ་ཕན་པའི་ལུང་དོན་སྒྲུབ་པ་སོགས་མཛད་ཀྱང་བདུད་རིགས་ཀྱི་བློན་པོ་འགའ་ཞིག་གིས་མཚམས་སྦྱོར་གྱི་རྟེན་འབྲེལ་ལོག་པས་ཐུགས་སྐྱོ་ནས་སྨྱོ་གླུ་ཐོལ་བྱུང་མ་མགུར་དུ་གནང་བ་བཞིན་གཏེར་སྟོན་དཔོན་སློབ་རྣམས་བྲོས་སྟབས་སུ་གླིང་ཚང་དུ་ཕེབས། སྡེ་དགེར་བཞུགས་སྐབས་ཀཿཐོག་རྡོ་རྗེ་
སྲི་མིའི་འཕྲུལ་ཅན་རྣམས་སྤ་བཀོང་བའི་གསུང་། ཐོག་མཐའ་བར་དུ་སྤྲུལ་བསྒྱུར་མཛད་ཚུལ་ཐོགས་མེད་མཁའ་ལྡིང་རྒྱལ་པོ་ཞེས་པའི་གསུང་རྩོམ་གནང་། རུ་དམ་དང་སྙ་བྲག་དཀར་པོ་སོགས་གནས་ཀྱི་ངོས་འཛིན་ཞི་བ་ཆ་མཛད། དེ་ནས་བར་ཁམས་སྒ་སྟོད་ལྡན་ཡུལ། ཀརྨ་ལྷ་སྟེང་། བ་རི་བོ་ཆེ་རྣམས་སུ་གདན་འདྲེན་བྱུང་བ་ལྟར་ཕེབས། སྤྲོ་ནེ་བྲག་ཏུ་གནམ་ཆོས་མི་འགྱུར་རྡོ་རྗེ་དང་མཇལ་འཕྲད་མཛད་ཅིང་དབང་ཆོས་གསན་རེས་མཛད་དེ་རྟེན་འབྲེལ་ལེགས་པར་འགྲིགས། དེ་དག་གི་མཚམས་སྦྱོར་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། འདི་སྐབས་ཚ་བ་སྒང་དང་ཁྱུང་པོ་གླ་བ་སྐེ་སོགས་སུ་ཕེབས་དུས་ལྷོ་ཡེ་ཕུག་ཏུ་ཕེབས་ཚེ་གཏེར་སྟོན་ཉི་མ་གྲགས་པ་དགུང་ལོ་བཅུ་གཅིག་གི་དུས་སུ་མཇལ་བས། ཕྱི་མཐའ་
གཟིགས་པའི་ལུང་བསྟན་ཀྱང་བསྩལ། གཞན་ཡང་མདོ་ཁམས་སྟོད་སྨད་ཐམས་ཅད་དུ་གནས་སྒོ་གསར་དུ་ཕྱེ་བ་མང་པོ་དང་། གཏེར་ཁ་གྲངས་མེད་སྤྱན་དྲངས། ཁྱད་པར་ཆོས་འཁོར་བསམ་ཡས་དང་། ལྷ་ལྡན་གཙུག་ལག་ཁང་སོགས་ནས་ཟབ་གཏེར་བཞེས་པའི་ཚེ། ཡུལ་དེ་རྣམས་སུ་ཞབས་བསྐྱོད་པ་མེད་པར་སྤོ་བོ་རང་དུ་བཞུགས་བཞིན་པ་ལ་རྫུ་འཕྲུལ་གྱིས་གཏེར་རྫས་ཕྱག་ཏུ་སོན་པ་ཡིན་ཏེ། བསམ་ཡས་དབུ་རྩེ་ནས་གཏེར་བཞེས་འཕྲལ་དེ་མ་ཐག་ཆོས་སྐྱོང་སྦེ ཆེན་པོ་ཁོག་ཞུགས་ཀྱིས། ད་ནང་འདི་ནས་ཁམས་པ་གཏེར་སྟོན་བདུད་འདུལ་རྡོ་རྗེས་གཏེར་བཏོན་སོང་ཞེས་ཁྲོམ་བསྒྲགས་སུ་གསུངས་ནས་གཏེར་བླངས་པའི་ཤུལ་ཀུན་ལ་སྟོན་པར་མཛད་སོང་བ་དང་། དེ་སྐབས་གཏེར་སྟོན་ནི་སྤོ་བོར་བཞུགས་པ་ལ་ཀུན་གྱིས་ཡ་མཚན་ཆེ་བར་འཛིན་པ་བྱུང་། རྫོགས་ཆེན་པདྨ་
རིག་འཛིན་དགུང་ལོ་ཉེར་དགུ་ལ་བདུད་འདུལ་དང་མཇལ་ནས་དམ་ཆོས་སྤྲུལ་སྐུ་སྙིང་ཐིག་སྐོར་གསན་ཅིང་ཆོས་བདག་ཏུ་ངོས་འཛིན་མཛད། གཞན་ཡང་སྐལ་བ་དང་ལྡན་པ་རྣམས་ལ་རང་གཏེར་གཙོ་བོར་གྱུར་པའི་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་ཏེ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དགའ་སྟོན་གྱིས་དུས་འདའ་བར་མཛད། དེ་སྐབས་གཞུང་ས་ཆེན་མོ་ནས། ཀུན་མཁྱེན་ལྔ་པ་རིན་པོ་ཆེ་དང་། ས་སྐྱ་ཞབས་དྲུང་། སྟག་རྩེ་སྡེ་པ་སོགས་ཀྱིས་གདན་ཞུའི་ཆབ་ཤོག་ཕུལ་བ་དང་། ཁྱད་པར་བསམ་ཡས་ཆོས་སྐྱོང་ཆེན་པོས་མྱུར་ཕེབས་དགོས་པའི་ལུང་དང་། ལམ་སྲུང་རལ་གྲི་དང་ཞགས་པ་སོགས་ཕུལ་ནས་བསྐུལ་མ་ཡང་ཡང་ཞུས་འདུག་ཀྱང་། སེམས་ཅན་བསོད་ནམས་ཆུང་བས་གཏེར་ཆེན་ཉིད་སྤྱན་བསྙུང་བ་དང་། རྟེན་འབྲེལ་འགའ་ཞིག་གི་
བབས་ལས་ཕེབས་པ་མ་ཤར་བས་ཀུན་མཁྱེན་ལྔ་པ་རིན་པོ་ཆེ་ཐུགས་ཅུང་ཟད་མ་རངས་པའི་གསུང་སྒྲོས་རྣམ་ཐར་དུ་ཡོད་མོད། འོན་ཀྱང་བསམ་ཡས་ཆོས་སྐྱོང་ལུང་བཞིན་བསམ་ཡས་སུ་ཕུར་པ་དབུ་དགུ་ཕྱག་བཅོ་བརྒྱད་པ་ཞིག་བཞེངས་དགོས་པའི་ལུང་དོན་བཞིན་བདུད་འདུལ་གཏེར་བྱོན་ལྟར་སྟག་རྩེ་སྡེ་པས་། བཞེངས་པར་མཛད། སྤུ་སྟོད་བདེ་ཆེན་ཐང་དང་། གཡུ་རི་སྒང་འགོ་རུ་གདན་ས་མཛད་དེ་རྒྱུན་རིང་བཞུགས། དེ་ནས་པདྨ་བཀོད་ཀྱི་ལམ་ཡིག་ལྟར་རིགས་ལྡན་མ་གནས་མཚོ་ཞེས་པ་གཟུངས་མར་བཞེས་ནས་གྲྭ་འཁོར་མང་པོ་དང་བཅས་པདྨ་བཀོད་དུ་ཕེབས་ནས། གནས་སྒོ་རགས་རིམ་ཙམ་གསལ་བར་མཛད་དེ་སླར་སྤོ་བོར་ཕེབས་ཏེ་སྔར་གྱི་མཛད་ཕྲིན་གྱི་འཕྲོ་རྣམས་བརྟུལ་ནས་ལུང་བསྟན་རྗེས་སུ་གནང་བ་དུ་མ་དང་བཅས། དངོས་ཀྱི་མཛད་པ་མཐར་ཕྱིན་ནས་
དགུང་ལོ་ང་བརྒྱད་པ་ཆུ་ཕོ་བྱི་བའི་ལོར་པདྨ་འོད་དུ་གཤེགས་པའི་སྐབས་སྒྲ་དང་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ཆོ་འཕྲུལ་མཐའ་ཡས་ཤིང་། སྐུ་གདུང་ཡང་ཕལ་ཆེ་བ་འོད་དུ་ཡལ་བའི་ལྷག་མ་ཁྲུ་གང་ཙམ་ལུས་པ་ཕྱི་མོ་ཞིག་གི་དུས་ཞུགས་ལ་ཕུལ་བས་གདུང་ཆེན་ལྔ་དང་རིང་བསྲེལ་དུ་མའི་ཕུང་པོར་གྱུར་ཏོ། །རྗེ་འདིའི་ཞལ་སློབ་ཆོས་བདག་གི་གཙོ་བོ་ནི་རིག་འཛིན་ཀློང་གསལ་སྙིང་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། རྦ་ཁ་རིག་འཛིན་ཆོས་ཀྱི་རྒྱ་མཚོ། རྫོགས་ཆེན་པདྨ་རིག་འཛིན། རིག་འཛིན་ཀུན་བཟང་ཤེས་རབ། རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ། ཀུན་བཟང་ཁྱབ་གདལ་ལྷུན་གྲུབ། གྲུབ་ཆེན་པདྨ་ནོར་བུ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། འདི་སྐབས་གཏེར་སྟོན་ཀྱང་མང་དུ་བྱོན་པར་སྣང་སྟེ་ཕལ་ཆེར་འདིའི་གཏེར་
གཡོག་ཏུ་བཞེད། གཏེར་གཡོག་གཏེར་སྟོན་རྐྱང་པ་བཅུ་གསུམ་ཡོད་པར་གསུངས། གདུང་འཛིན་གྱི་སྲས་ཀྱང་ལྷ་གཅིག་པདྨ་སྐྱིད་ལ་རྒྱལ་སྲས་ནོར་བུ་ཡོངས་གྲགས་བལྟམས། བསོད་ནམས་སྐྱིད་ལ། མཐུ་སྟོབས་རྡོ་རྗེ། འཆི་མེད་རྡོ་རྗེ། སྲས་མོ་ཚེ་དབང་རྒྱལ་མོ་སོགས་འཁྲུངས་ཏེ། དེང་སང་ཡང་སྤོ་བོ་དང་། མདོ་སྨད་ས་ངན་སོགས་སུ་གདུང་བརྒྱུད་དར་ཆེ་བར་ཡོད་ལ། སྤོ་བོ་ནས་གཏེར་ཆེན་དེའི་གདུང་བརྒྱུད་ལས་བླ་མ་ཏིང་འཛིན་ཞུ་བ་ཞིག་རྨ་ཀུང་ལུང་༔ གི་གནས་སྒོར་སྐུ་མཚམས་ལ་ཡུན་རིང་དུ་བཞུགས་པའི་ཚེ། ཀཿཐོག་རྒྱལ་སྲས་བསྟན་འཕེལ་གྱིས་མོན་རྫ་ཡུལ་དུ་ལྷ་ཁང་གསར་བཞེངས་མཛད་པའི་རབ་གནས་ལ་གདན་དྲངས་ཀྱང་མ་བྱོན་པར་དུས་ཚེས་བསྒྲིགས་ཏེ་མཚམས་མལ་ནས་ཕྱག་ནས་འཐོར་བ་ཞག་པོ་མང་པོའི་ལམ་ལ་མེ་ཏོག་གི་འབྲུ་དངོས་སུ་
ཕེབས་པ་བྱུང་ཞིང་དེ་ལྟ་བུའི་གྲུབ་ཆེན་ཞིག་དང་། མདོ་སྨད་འདིར་གདུང་བརྒྱུད་ལྔ་པ་བླ་མ་པདྨ་རྣམ་རྒྱལ་ཉིད་འགྲོ་དོན་དང་གདུལ་བྱ་རྒྱ་ཆེ་ཞིང་དག་སྣང་ལུང་བསྟན་སྐོར་མང་པོ་དང་། ཟབ་གཏེར་ཀྱང་གཉིས་ཙམ་བཞེས་འདུག །དུས་ཕྱིས་བདུད་འདུལ་གདུང་བརྒྱུད་ཨ་མདོ་གསེར་གྱི་བྱ་བྲལ་ཞེས་པའི་སྲས། གསེར་པ་གཏེར་སྲས་ཚེ་དབང་རྒྱ་མཚོ་དང་དེའི་སྲས་འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་སྐུ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང་གཅུང་པོ་༧ འཆི་མེད་རྡོ་རྗེ་དང་ནུས་ལྡན་རྣམ་གཉིས་བཅས་བྱོན་པའི་བརྒྱུད་པ་སོགས་དེང་སང་བར་ཡོད་དོ། །རིག་འཛིན་བདུད་འདུལ་རྡོ་རྗེའི་སློབ་མ་ལང་གྲོ་ལོ་ཙཱ་བ་པཏྟཾ དཀོན་མཆོག་འབྱུང་གནས་ཀྱི་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་རིག་འཛིན་ཀློང་གསང་སྙིང་པོ་ནི། ཨོ་རྒྱན་གཏེར་བདག་གླིང་པའི་ཤ་འུག་གཏེར་བྱོན་གར་
དབང་ཐུགས་རྗེ་ཆེན་པོའི་ལུང་བྱང་ལས། ལང་གྲོའི་སྤྲུལ་པ་པདྨ་དྲག་པོའི་མིང་༔ རྣལ་འབྱོར་འཛིན་པ་མདོ་ཁམས་ཕྱོགས་ནས་འབྱུང་༔ ཞེས་དང་། གཏེར་ཁ་གཞན་འགའ་ནས་ཚིག་མཐུན་པར། བུ་འབོར་ཕྱོགས་ནས་པདྨ་མདོ་གླིང་ཞེས༔ རྣལ་འབྱོར་ཐབས་ལྡན་གུར་དྲག་བསྟན་པ་སྤེལ༔ ཅེས་དང་། བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས། གནས་ཆེན་ཀཾ་རི་ཉེ་བ་ན༔ བྷོ་དྷིའི་མིང་ཅན་མཆན་གཡས་སྨེ་བས་བརྒྱན༔ སྐལ་ལྡན་དེ་ལ་ཆོས་འདི་གཏད་རྒྱ་གྱིས༔ ཞེས་སོགས་ལུང་གིས་བསྟན་པ་ལྟར་གནས་མཆོག་ཀཾ་པོ་དང་ཉེ་བའི་ཡུལ་དབྲ་པ་ཞེས་སུ་གྲགས་པའི་ནང་གི་བྱིས་པ་ཞེས་པར། ཡབ་རིག་སྔགས་འཆང་བ་ཀུན་དགའ་དོན་གྲུབ་དང་། ཡུམ་སྒྲོལ་དཀར་གྱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་མ་དཀོན་མཆོག་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་
གཅིག་པའི་ཤིང་མོ་གླང་༡༦༨༥གི་ལོ་ལ་སྐུ་འཁྲུངས། དེར་འཇམ་དབྱངས་བསོད་ནམས་རྒྱལ་མཚན་ཟེར་བའི་ས་ལུགས་ཀྱི་བླ་མ་ཞིག་གིས་སྐྱེས་བུ་དམ་པ་ཁྱད་འཕགས་ཞིག་འོང་བར་ལུང་བསྟན། གྲུབ་དབང་བསྟན་པ་རྒྱ་མཚོ་ལས་གུར་དྲག་གི་དབང་ཞུས་པས་མཚན་དབང་དྲག་རྒྱ་མཚོར་གསོལ། དགུང་ལོ་བདུན་པ་ལ་ཡི་གེ་བསླབ་པ་ན་བརྡ་བསྟན་པ་ཙམ་གྱིས་མཁྱེན། སྐུ་ན་ཆུང་ངུའི་དུས་ནས་ངེས་འབྱུང་བཅོས་མིན་ཐུགས་ལ་འཁྲུངས་ནས་རབ་ཏུ་བྱུང་བར་སྤྲོ་ཡང་ཡབ་ཀྱིས་མ་གནང་། དགུང་ལོ་ཉེར་གཉིས་བཞེས་དུས་ཀཿཐོག་ཏུ་ཆོས་བྲོས་ལ་བྱོན་ལམ་དུ་སྒ་རྗེ་ཁམས་གོང་དགོན་དུ་རྗེ་ཆོས་སྐྱོང་རྒྱ་མཚོ་ལས་དབང་དང་གདམས་པ་མང་དུ་གསན། དེ་ནས་ཀཿཐོག་ཏུ་ཕེབས་ནས་འདྲེན་པ་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས་རྫོགས་ཆེན་དགོངས་པ་
ཟང་ཐལ་སོགས་སྨིན་ཁྲིད་ཟབ་གནད་དུ་མ་གསན་ནས་གནས་ལུགས་ཀྱི་རང་ངོ་འཕྲོད་པར་མཛད། ཀཿཐོག་ཏུ་ལོ་གསུམ་ལྷག་བཞུགས་ནས་སླར་ཡབ་ཡུལ་ཕྱོགས་སུ་ཕེབས་ཏེ་རི་ཁྲོད་དབེན་པར་སྒྲུབ་པའི་དམ་བཅའ་བཟུང་ནས། ཆོས་ལུང་རི་ཁྲོད། ཁོལ་རི། ཀཾ་པོ་གནས། ཁྲོམ་གྱི་རྫོང་ནག་སོགས་སུ་རྗེ་མི་ལའི་རྣམ་ཐར་ལ་འགྲན་བཟོད་པའི་དཀའ་སྤྱད་དྲག་པོ་བསམ་གྱིས་མི་ཁྱབ་པ་མཛད། དེའི་སྐབས་སུ་རྩ་གསུམ་ལྷ་ཚོགས་མང་པོའི་ཞལ་གཟིགས། ཡེ་ཤེས་དང་༔ ལས་ལས་གྲུབ་པའི་རྡོ་རྗེའི་ཆོས་སྐྱོང་རྣམས་ཀྱིས་བྲན་དུ་ཁས་བླངས་ཤིང་ཕྲིན་ལས་ཚུལ་བཞིན་བསྒྲུབས་པ་དང་། གནས་སྲུང་གཞི་བདག་མང་པོས་ཏིང་ངེ་འཛིན་གྱི་དྲོད་ཉུལ་བ་བྱུང་ཚེ་སྲོག་སྙིང་འཕྲོག་སྟེ་དམ་ལ་བཏགས་པའི་ཚུལ་མཐའ་ཡས་པ་ཡོད། དེ་ནས་དགུང་ལོ་ཉེར་བརྒྱད་ཙམ་གྱི་དུས་རང་ཡུལ་དུ་
གཉན་ས་བཅད་པ་སོགས་མཛད་སྐབས་གཏེར་གྱི་ལུང་བསྟན་མང་དུ་བྱུང་ཡང་ཇི་མི་སྙམ་དུ་བཞག་ཀྱང་། སླར་ཡང་གཏེར་སྟོན་བདུད་འདུལ་རྡོ་རྗེའི་དྲུང་དུ་སོང་ཞིག་པའི་ལུང་བསྟན་ཡང་བྱུང་བསྟན་རིག་འཛིན་བདུད་འདུལ་རྡོ་རྗེའི་དྲུང་དུ་བྱོན་པས། རིག་འཛིན་ཆེན་པོ་དེ་ཉིད་ཀྱིས་ཕ་བུ་འཕྲད་པ་ལྟ་བུའི་དགྱེས་ཚུལ་བཅས་ཐུགས་ལ་བཏགས་ཤིང་ཟབ་གཏེར་གསར་བཞེས་ཀྱིས་མཚོན་དབང་དང་གདམས་ཁྲིད་མང་དུ་སྩལ། །དངོས་གྲུབ་གཏེར་གྱི་བཀའ་བབ་ཡོད་ཚུལ་གྱི་ལུང་བསྟན་དང་བསླབ་བྱ་མཛད། དེ་ནས་མི་རིང་བར་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་བཀས་བསྐུལ་ཏེ་རང་ཡུལ་དུ་ཕྱིར་ཕེབས་ནས་པཏྟཾ གཏེར་གནས་དང་ཉེ་བའི་མཁའ་ཀློང་རི་ཁྲོད་ཅེས་པར་བསྙེན་སྒྲུབ་ལ་བཞུགས། དགུང་ལོ་སོ་གཉིས་པ་མེ་ཕོ་སྤྲེའུའི་ལོ་ལ་རྣལ་འབྱོར་པ་སྐུ་མདོག་དམར་
སྨུག་རུས་པའི་རྒྱན་ཅན་ཞིག་གིས་ཁ་བྱང་དངོས་སུ་ཕུལ་བ་གུ་རུའི་སྤྲུལ་པར་ངེས་ཤེས་རྙེད་ནས། སྤྲེལ་བྱ་གཉིས་ཀྱི་ལོ་ལ་གཏེར་སྒྲུབ་ཚགས་སུ་ཚུད་པར་མཛད་དེ་ས་ཁྱི་ཧོར་ཟླ་དང་པོའི་ཚེས་བཅུ་ལ་ཟབ་གཏེར་གྱི་ཐོག་མ་ཁེ་མི་འགྱུར་རྡོ་རྗེའི་བྲག་ནས་སྐུ་གསུམ་རྡོ་རྗེ་སྙིང་པོ་དང་། རྩ་གསུམ་རྡོ་རྗེ་སྙིང་པོའི་སྐོར་རྣམས་གསང་སྟབས་སུ་བཞེས་ནས་བསྙེན་སྒྲུབ་མཐར་ཕྱིན་པ་མཛད། རིམ་པར་གཏེར་ཁ་གཉིས་པ་ལེ་ཐང་གནམ་ཆེན་བྲག་དཀར་ནས་གུར་དྲག་ཡེ་ཤེས་རབ་འབར། གསུམ་པ་སྒྲོལ་མ་བྲག་གི་མགུལ་ནས་སྲོང་བཙན་སྒམ་པོས་སྦས་པའི་ཐུགས་རྗེ་ཆེན་པོ་སྙན་བརྒྱུད ་གཙུག་རྒྱན་ནོར་བུ། བཞི་པ་རི་དབར་གྱི་བྲག་ནས་རྫོགས་ཆེན་ཡང་སྙིང་ཀུན་ཟབ། ལྔ་པ་ཁེ་ནང་གཏེར་གནས་གསུམ་ནས་བི་མ་ལའི་ཆོས་གཏེར་མན་ངག་ཟབ་པ་སྐོར་གསུམ། དྲུག་པ་རོལ་པ་བདེ་
ཆེན་ཁང་ནས་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས། བདུན་པ་སྔོ་རྒྱ་གནས་ནས་གནམ་ལྕགས་ཀྱི་རྡོ་རྗེ་ངོ་མཚར་ཅན་སོགས་དང་། བརྒྱད་པ་སྣ་བྲག་དཀར་རྡོ་རྗེའི་ཡང་རྫོང་ནས་ཚེ་སྒྲུབ་ཡང་གསང་བླ་མེད། དགུ་པ་ཤར་ཤིང་སྒོ་གངས་ཀྱི་ར་བ་ནས་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། བཅུ་པ་གནས་དེའི་གཡུ་མཚོ་སྔོན་མོ་ནས་མཁའ་འགྲོ་ཡང་གསང་བླ་མེད། བཅུ་གཅིག་པ་དེའི་བོན་གནས་ནས་བོན་གཏེར། བཅུ་གཉིས་པ་རྫོགས་པ་ཆེན་པོ་༣ སྒྱུ་འཕྲུལ་གསང་བ་ཡང་ཁོལ། བཅུ་གསུམ་པ་རྟ་ཁོག་ཕ་ཝང་བོན་མོ་ནས་ལུང་བསྟན་ཕྱི་ནང་གསང་བ་དང་། བསྟན་སྲུང་དྲག་སྔགས་ཀྱི་སྐོར། བཅུ་བཞི་པ་ངོ་ཐི་གཡུང་དྲུང་ནས་ཟབ་གཏེར་གཅིག །བཅོ་ལྔ་པ་ཀཿཐོག་དམ་ཕུག་དང་ཉེ་བ་ནས་དམ་པ་བདེ་གཤེགས་ཀྱིས་སྦས་པའི་སྒྱུ་འཕྲུལ་གླེགས་བམ་ཞིག་ཡང་
གཏེར་དུ་སྤྱན་དྲངས་པ་རྣམས་ལས་ངོ་ཐིའི་གཏེར་ཁ་ད་ལྟ་མི་གསལ་བས་མི་བགྲང་བི་མ་ལའི་ཟབ་པ་སྐོར་གསུམ་གཏེར་གནས་ཐ་དད་པས་སོ་སོར་བགྲངས་ཏེ་བཅུ་བདུན་དུ་གྲགས་ཤིང་། དེ་རྣམས་དང་ལྷན་ཅིག་སྐུ་རྟེན་རིགས་དང་། ཐུགས་རྟེན་ཕྱག་མཚན་ཁྱད་འཕགས།དམ་རྫས་མྱང་གྲོལ་ཤིན་ཏུ་མང་པོ་ཡང་སྤྱན་དྲངས། གཏེར་ཁ་འགའ་ཞིག་སྐུ་ཚེ་ཕྱི་མའི་རྟེན་འབྲེལ་དུ་དགོངས་ཏེ་མ་བཞེས་པར་བཞག་པའང་ཡོད་པར་གྲགས། གུར་དྲག་གི་གཏེར་རྡུར་གྱི་རྣམ་པས་དབྲ་ནང་དུ་གཅོད་པ་ཟླ་བ་ཞེས་པ་ལྷ་མིན་ལྷར་བརྫུ་བ་བྱུང་བ། གུ་རུ་དྲག་པོའི་ཏིང་ངེ་འཛིན་གྱིས་དམ་ལ་བཏགས། འབམ་ཉག་ཕྱོགས་སུ་ཕེབས་ལམ་དུ་གུར་དྲག་གཏུམ་དྲག་དམར་ནག་དཔའ་བོ་གཅིག་པའི་སྐུ་གནམ་ས་གང་བ་ཞིག་ཞལ་གཟིགས་མཐར་འོད་དུ་ཞུ་ནས་རྗེ་རང་ལ་ཐིམ་པའི་གཟིགས་སྣང་བྱུང་
རྗེས། སྒ་སྟོད་རྒྱལ་པོ། རྒྱ་ཆིང་སྨྲ་ར་ཅན། ཕག་རི་བོན་པོ་སེང་གེ་བཟང་པོ། དགའ་ལྡན་ཇེ་སང་སོགས་ལྷ་འདྲེ་མང་པོས་དངོས་སུ་བཟོད་པར་དཀའ་བའི་འདྲེ་དམག་འཚུབ་བྱུང་ཚེ། རླུང་དམར་དྲག་པོ་དང་ཁྲག་གི་སྡིག་པ་རྭ་ཙའི་གཟུགས་སོགས་ཉེ་འཁོར་གྲྭ་པ་རྣམས་ཀྱིས་ཀྱང་མཐོང་བ་བྱུང་བ་ན། སྡིག་གཟུགས་ཕྱག་གིས་གཅུར་ཞིང་ཨར་ལ་གཏད་པས་ཀུན་གྱིས་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས་པར་མཛད། རོང་ཤོག་དྲུག །ལ་ཁུས་དགོན། ཡང་རེ་དགོན། གདེང་པོ་པདྨ་བྲག་དཀར། སྔོ་རྒྱ་དབེན་རི། སྔོ་ར་བྲག་སོགས་དང་། གཙང་གཤིས་རྡོ་རྗེ་གྲོ་ལོད། རི་དབར་རྣམས་སུ་ཞབས་ཀྱིས་བཅག་སྟེ་ཨོ་རྒྱན་རིན་པོ་ཆེའི་སྐུ་རྟེན་སོགས་ཕྱག་བཟོ་དང་། ས་བཅོས་སོགས་ཀྱང་མང་དུ་མཛད། གཏེར་ཆོས་པོད་བཅུ་ཕྲག་ལྷག་བྱུང་བ་རྣམས་ལ་
གཏེར་སྒྲུབ་རྟགས་ཐོན་མཛད་ཅིང་འགའ་ཞིག་ཡང་གཏེར་དུ་སྦ་བ་གནང་འདུག །ཐུགས་བསྐྱེད་དང་སྨོན་ལམ་རྒྱ་ཆེ་ཞིང་བསྐྱེད་རྫོགས་ཉམས་བཞེས་མཐར་ཕྱིན་པའི་དབང་གིས་རྗེ་འདི་ཉིད་གཏེར་ཕྲན་གྱི་དབང་སྐལ་ལ། གཏེར་ཆེན་གྱི་དངོས་གྲུབ་བརྙེས་ཤིང་འགྲོ་དོན་ཤིན་ཏུ་རླབས་ཆེ་བར་གྱུར་ཞེས་མཁྱེན་ཀོང་རྣམ་གཉིས་སོགས་མཁས་གྲུབ་དམ་པ་མང་པོས་བསྔགས་པའི་མེ་ཏོག་འཐོར་བས་རྩོད་མེད་ཡོངས་གྲགས་ཡིན། མཚན་གྱི་རྣམ་གྲངས་ཀྱང་། པདྨ་མདོ་རྒྱུ སྔགས་གླིང་པ། ཧཱུྃ་ནག་ནམ་མཁའི་རྡོ་རྗེ་སོགས་མང་དུ་གྲགས། ཤར་ཕྱོགས་སྤུངས་རི་དང་ཉེ་བའི་གྲོང་ཞིག་ནས་ལུང་མཐུན་རིགས་ལྡན་མ་ལྷ་སྐྱིད་ཅེས་པ་ཕྱག་རྒྱར་བཞེས་པ་ལ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་མིང་ལྕམ་གཉིས་འཁྲུངས། གཞན་ཡང་གསང་ཡུམ་གཉིས་ཙམ་བཞེས་པར་གྲགས། འབྱུང་པོ་
མ་རུང་པའི་འདྲེ་རྒོད་མང་པོས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་པ་དང་། གནས་ནས་བསྐྲད་ཅིང་གཟིར་མནན་ཨར་ལ་གཏད་པ་དང་བསྒྲལ་འདྲེན་མཛད་ཚུལ་གྱི་ལོ་རྒྱུས་མཐའ་ཡས་པ་ཡོད་ཀྱང་རེ་རེ་ནས་བརྗོད་པར་མ་ནུས་ལ་གཞན་མངོན་ཤེས་ལ་ཆགས་ཐོགས་མེད་པ་དང་། སོག་པོའི་རྒྱལ་པོ་མཁའ་འགྲོ་ཟེར་བའང་རྫུ་འཕྲུལ་གྱིས་དད་པའི་གནས་ལ་བཀོད་ཅིང་ཁོལ་རི་དགོན་གནས་ཕུལ་བ་དང་བསྙེན་བཀུར་རྒྱ་ཆེར་བསྟབས། མི་དབང་ཐའི་ཇི་བསོད་ནམས་སྟོབས་རྒྱལ་དང་། སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་སོགས་ཆེ་རྒུ་དུ་མའི་ཏི་ཤྲིར་གྱུར། བྲག་གཡང་བལྟ་བར་མི་བཟོད་པ་དང་ཆུ་མཚོ་ཆེན་པོའི་དཀྱིལ་དུའང་ཆིབས་དང་བཅས་ཏེ་ཕེབས་ཤིང་། མཚོའི་ནང་ནས་གཏེར་བཞེས་ཏེ་ཚུར་ཕེབས་པ་དང་། ཆིབས་རྟས་རྡོ་ལ་ཞབས་རྗེས་མང་དུ་
བཞག །ཁྲོམ་ཁོག་ཕྱོགས་སུ་ཕེབས་དུས་ཤིག་ཕྱོགས་དེའི་སྦྱིན་བདག་ཅིག་གིས་ཟངས་དཀར་ཕུལ་བར་ཆུང་མ་དེས་སེར་སྣ་ཤོར་ཏེ་བཟའ་འཁོན་བྱུང་བ་མཁྱེན་ནས། དབུ་སྐྲ་ཉག་མ་གཅིག་གིས་ཟངས་སྣོད་དེ་དུམ་བུ་གཉིས་སུ་གཤགས་ནས། ཕྱེད་ཀ་དེ་མོ་རང་གི་སྐལ་བ་མཛོད་གསུངས་ནས་ཕྱིར་བསྩལ། ཕྱེད་ཀ་ང་ལ་སྦྱིན་བདག་གིས་ཕུལ་བ་ཡིན་པས་ཁྱེར་འགྲོ་དགོས་གསུངས་པས་ཐམས་ཅད་ངོ་མཚར་བསམ་གྱིས་མི་ཁྱབ་པའི་གནས་ལ་བཀོད་པ་སོགས་མང་དུ་མཆིས། ཆིབས་པ་འབྲོང་ནག་ཅེས་པ་ཞབས་རྗེས་འཇོག་པ་དེ་ཤི་དུས་ཐོད་རུས་ལ་རིང་བསྲེལ་འཁྲུངས་པ་དང་། མེ་ཤིང་བཀལ་སའི་ཁལ་མ་ཤི་དུས་རུས་པ་ལ་ཨ་རང་བྱོན་བྱུང་བ་ཡིན། གཞན་ཡང་ལེ་བྲག་དཀར་དང་། སྔོ་རྒྱ་གནས་འབྲོང་བཏུལ་གནས་ལ་སོགས་པའི་གནས་སྒོ་འབྱེད་པ་དང་ཟབ་གཏེར་
བཞེས་པ། སྐལ་ལྡན་རྣམས་ལ་ཆོས་འཆད་སྤེལ་གྱི་ཆེད་དུ་མདོ་སྨད་བུ་འབོར་ཤོག་དྲུག །བཞག་གསར་རྙིང་། ཉག་རོང་། སྡེ་དགེའི་ཡུལ་གྲུ་ལས་སྟོད་འབྲོག་སྡེ་རྫ་ཆུའི་རྒྱུད་ཚུན་ཞབས་ཀྱིས་བཅགས་པ་དང་། གཙང་གཤིས་རྡོ་རྗེ་གྲོ་ལོད། ཤིང་སྒོ་གངས་ར། དབྲ་ཁོལ་རི་རྣམས་སུ་སྐུ་གསུང་ཐུགས་རྟེན་རིགས་བསམ་གྱིས་མི་ཁྱབ་པ་བཞེངས་པར་མཛད། སྐུ་ཚེའི་སྨད་ལ་ཀཿཐོག་རྡོ་རྗེ་གདན་དུ་བཞུགས་ནས་བསྟན་པ་གཞིར་བཞེངས་སུ་བསླངས་པའི་ཚུལ་ནི། དེའི་སྔོན་དུ་སྡེ་དགེ་ས་དབང་ཆེན་པོ་དང་། རིག་འཛིན་བདུད་འདུལ་རྡོ་རྗེ་རྣམ་གཉིས་བར། བླ་མ་སངས་རྒྱས་དཔལ་བཟང་སོགས་མི་བསྲུན་པའི་བློ་ཅན་མང་པོས་སྙན་ཕྲ་བཅུག་པ་ལ་བརྟེན་ནས། རྟེན་འབྲེལ་གཞན་དབང་དུ་གྱུར་པ་ལ་སྡེ་དགེ་ཁྲི་ཆེན་སངས་རྒྱས་བསྟན་པ་ཁྲིར་
འཁོད་པ་ནས། སྔར་ཉིད་ཀྱི་ཁུ་བོ་བླ་མ་ཀུན་དགའ་ཕུན་ཚོགས་ཀྱི་དུས་མཆོད་ཡོན་རྟེན་འབྲེལ་འཕྱུགས་པ་ལ། ཐུགས་འགྱོད་དང་བཅས་སླར་བཤགས་པ་འབུལ་བ་དང་མདོ་སྨད་ཀྱི་བསྟན་འགྲོའི་དོན་དུ་ནན་གྱིས་གདན་འདྲེན་པའི་སྐུ་ཚབ་བང་མི་སོགས་ལན་གྲངས་མངགས་ནས་གདན་དྲངས་པས་ཞལ་གྱིས་བཞེས་ཚུལ་གོང་དུ་བདུད་འདུལ་རྣམ་ཐར་སྐབས་བཤད་པ་ལྟར་ལ། གང་ལྟར་ཡང་བཀའ་ལས་དབྲ་པ་གཏེར་སྟོན་བྱང་ཆུབ་རྒྱལ་མཚན་ཉིད་གདན་འདྲེན་དང་འབྲེལ་ལུང་དོན་བཞིན་བསྟན་ཇུས་སྐུ་རིམ་རྣམས་བསྒྲུབ་བཅུག་ན་ང་དང་ཁྱད་མེད་ཅེས་གསུངས་པ་ལ་བརྟེན་ནས། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད་རྒྱལ་ཁབ་ལྷུན་གྲུབ་སྟེང་དུ་སྤྱན་འདྲེན་པར་བྱུང་བའི་ཚེ། མཚན་ལམ་དུ་མཁའ་འགྲོས་ལུང་བསྟན་བྱུང་བ་དང་རྟེན་འབྲེལ་ཀྱང་ལེགས་པས། སྡེ་དགེ་ས་སྐྱོང་
ཆོས་ཀྱི་རྒྱལ་པོའི་དབུའི་མཆོད་གནས་སུ་གདན་དྲངས་པ་བཞིན་རྒྱལ་ཁབ་ཆེན་པོར་ཞབས་སོར་བཀོད། ས་སྐྱོང་བླ་མ་སྐུ་མཆེད་ཀྱིས་བཀུར་བཟོས་ཚད་མེད་པས་མཆོད་ནས་ཏི་ཤྲིར་བཀུར་ཏེ་བཀའ་ཆོས་དབང་ལུང་གསན་པ་དང་། བསྟན་སྲིད་ལ་ཕན་པའི་སྐུ་རིམ་སྒྲུབ་དགོས་རིགས་དང་། ལྷག་པར་གཏེར་ཆེན་བདུད་འདུལ་རྡོ་རྗེས་བསྟན་པ་ཆབ་སྲིད་ལ་དགོངས་ནས་བཞེངས་པའི་རྟེན་གསུམ་ཉམས་ཆག་བྱུང་བ་རྣམས་ལ་ཞིག་གསོ་དང་རབ་གནས་བསྐྱར་བ་སོགས་བསྟན་སྲིད་ལ་ཕན་ཐབས་ཀྱི་རིམ་གྲོ་མང་དུ་བསྒྲུབས་པས་ས་སྐྱོང་ཆོས་ཀྱི་རྒྱལ་པོ་དང་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་། དེ་ནས་ཏི། ས་སྐྱོང་ཆེན་པོས་ཀཿཐོག་གི་གདན་སར་བཞུགས་ནས་བཤད་སྒྲུབ་ཀྱི་བསྟན་པ་སྐྱོང་དགོས་ཞེས་ཡང་ཡང་གསོལ་བའི་ཚེ། ཕྱི་མཐའ་འབྱུང་འགྱུར་གྱི་བརྟག་
པ་དང་མཚན་ལམ་སོགས་ཤིན་ཏུ་ལེགས་པས་དེ་ལྟར་བཞུགས་པར་ཞལ་གྱིས་བཞེས། དེ་ནས་མི་རིང་བར་གདན་ས་འདིར་ཕེབས་ནས་བཞུགས་གདན་འཇགས་པ་ཡིན་ཏེ། འདི་སྐབས་སུ་ཀཿཐོག་ཏུ་གདན་ས་བ་བླ་མ་གཞན་མ་བཞུགས་པར་བརྟེན་ཅུང་ཟད་ཉམས་དམའ་བ་ལྟར་མཆིས་ཀྱང་། གཏེར་ཆེན་འདིས་གཙུག་ལག་ཁང་ཕྱི་ནང་གིས་མཚོན་པའི་ཉམས་གསོ་ཕུལ་དུ་བྱུང་བ་མཛད་སྐབས། ཉིན་དགོན་དུ་བླ་མ་སངས་རྒྱས་བཀྲ་ཤིས་བཞུགས་པ་ཁོང་གིས་ཀྱང་གཏེར་ཆེན་ལ་གུས་བཀུར་ཚད་མེད་ཞུས་ཏེ་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་པ་བྱུང་། བླ་མ་འདི་ནི་དྲི་མེད་ལྷུན་པོའི་གཏེར་ལུང་ལས། ཤར་ཕྱོགས་འབྲི་ཆུའི་འགྲམ་ན་ཀཿཞེས་པརཿ སངས་རྒྱས་ཞེས་པས་བསྟན་པ་འདི་རྒྱས་འགྱུར༔ ཞེས་ལུང་ཟིན་གྱི་སྐྱེས་བུ་ཞིག་ཡིན། དེ་ནས་རིག་འཛིན་ཆེན་
པོ་ཀཿཐོག་གི་དགོན་ལག་ཕལ་ཆེ་བར་ཡང་ཕེབས། ཡུལ་གྲུ་སྟོད་སྨད་ཀུན་ཏུ་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་རྒྱ་ཆེན་པོ་མཛད། རྟ་ནོར་ལྔ་བརྒྱ་ཙམ་འབུལ་བ་བྱུང་བ་ཐམས་ཅད་གནས་མིན་དུ་ཆུད་ཟོས་མ་བཏང་བར་རྣམ་དཀར་གྱི་ཕྱོགས་སུ་བཏང་ཞིང་། ཁྱད་པར་ལེ་ཐང་ནས་བཀའ་འགྱུར་སྤར་བའི་ཡོན་དུ་སྦྱར། རྟ་ཁོག་ཕ་ཝང་བོན་མོར་གནས་སྒོ་གསར་ཕྱེ་དང་། གཏེར་འདོན་པའི་ཆེད་ཕེབས་དུས་ས་ཕྱོགས་དེ་ན་ཆིབས་པ་འབྲོང་ནག་གི་ཞབས་རྗེས་ད་ལྟའང་ཡོད། དེ་སྐབས་བླ་མ་དོན་ལྡན་དང་ཨོ་རྒྱན་ཡེ་ཤེས་སོགས་ཀྱིས་གདན་དྲངས་ཏེ་ས་ངན་ཕྱོགས་ཀྱི་བར་ཁྲོད་ཉིན་ཕུག་སོགས་སུའང་ལན་གཉིས་ཙམ་ཕེབས་ནས་ཆོས་འཁོར་བསྐོར་བ་ལ་བརྟེན་ནས་གདུལ་དཀའ་དམུ་རྒོད་ཀྱི་རིགས་ས་ངན་པ་རྣམ་རྒྱལ་བ་ཀཿཐོག་པ་ལ་དད་དམ་འགྱུར་བ་མེད་
པའི་ལམ་ལུགས་དེང་སང་བར་བྱུང་བ་འདི་བཞིན་ཡིན། གཞན་ཡང་ཀཿཐོག་རང་དུ་ཟངས་གསེར་ལས་གྲུབ་པའི་ཨོ་རྒྱན་རིན་པོ་ཆེའི་སྐུ་ཆེ་བ་དང་། བཀའ་འགྱུར་བྲིས་མ་དང་སྤར་མ་ཆ་ཚང་བ་གཉིས་སོགས་རྟེན་གསུམ་བསམ་གྱིས་མི་ཁྱབ་པ་བཞེངས་པར་མཛད། དེ་དུས་རོང་བུ་འབོར་ཤོག་དྲུག་ནས་ཀཿཐོག་པའི་དགོན་ལག་བཅུ་གསུམ་དང་། བཞག་གསར་རྙིང་། ཉག་རོང་སྟོད་སྨད། གཙང་གཤིས་ས་ངན། རྡོ་གསེར་སྙི་ གསུམ་ཤར་རྒྱལ་མོ་རོང་ཚུན་གྱི་བླ་མ། གྲྭ་རིགས་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད ་དུ་གཏོགས་པ་ཤིན་ཏུ་མང་པོ་འདུས་པ་རྣམས་ལ། རང་གཏེར་གཙོར་གྱུར་གྱི་བཀའ་ཆོས་འཆད་སྤེལ་རྒྱ་ཆེར་གནང་ནས་ཕྲིན་ལས་མཐའ་རྒྱས་སུ་འགྱུར་ཕྱིར་བཤད་སྒྲུབ་ཀྱི་རྒྱུན་ཡུན་རིང་དུ་བསྐྱངས་པས་བསྟན་པ་རྨང་ནས་གསོས་ཏེ་གཞིར་བཞེངས་སུ་མཛད་པ་ཡིན།
འདི་སྐབས་རིག་འཛིན་ཉི་མ་གྲགས་པའི་ཆོས་བདག་རུ་དམ་བསམ་གཏན་གླིང་ཆགས་འདེབས་པ་པོ་བི་མའི་རྣམ་འཕྲུལ་རྫོགས་ཆེན་པདྨ་རིག་འཛིན། སྡེ་དགེ་ཆོས་རྒྱལ་གྱི་བཀས་བསྐུལ་ཏེ་སྡེ་དགེའི་མངའ་ཞབས་ཀྱི་རྙིང་དགོན་ཐམས་ཅད་དུ་ཉམས་ཁྲིད་ཀྱི་རྒྱུན་སྤེལ་བ་དང་། ལྟ་སྒོམ་གྱི་དག་ཐེར་མཛད་པ་ལ་ཕེབས་པའི་ཚེ། ཀཿཐོག་ཏུ་ཟླ་བ་གཅིག་ཙམ་བཞུགས་པས་གཏེར་ཆེན་ཀློང་གསལ་སྙིང་པོ་དང་མཇལ་འཕྲད་ཀྱིས་ཆོས་གསན་རེས་སོགས་མཛད་ནས་ཐུགས་ཡིད་གཅིག་འདྲེས་བྱུང་སྟེ། ཕྱིས་གཏེར་སྟོན་སྐུ་མྱ་ངན་ལས་འདའ་ཁར་རྒྱལ་སྲས་ལ་རྫོགས་ཆེན་པར་མགོ་འདྲེན་ཞུས་གསུངས་པའི་ཞལ་ཆེམས་ཀྱང་མཛད་པར་སྣང་། ཆོས་བདག་གི་གཙོ་བོ་པདྨ་མཁའ་སྤྱོད། ཀུན་བཟང་ཁྱབ་གདལ་ལྷུན་གྲུབ། རྫོགས་ཆེན་པདྨ་རིག་འཛིན། དཔལ་
ཡུལ་རིག་འཛིན་ཀུན་བཟང་ཤེས་རབ། སྟག་བླ་པདྨ་མ་ཎི། པདྨ་རྡོ་རྗེ། ཨོ་རྒྱན་ཡེ་ཤེས། ཨོ་རྒྱན་ཏིང་འཛིན་སོགས་མང་དུ་བྱུང་སྟེ་སྨོས་ཀྱིས་མི་ལང་ངོ་། །དེ་ནས་སྐུ་དངོས་ཀྱིས་གདུལ་བར་འོས་པ་དེ་ཙམ་དུ་དགོངས་ནས་དགུང་གྲངས་རེ་བརྒྱད་བཞེས་པ་ཆུ་སྤྲེལ། སྤྲེལ་ཟླའི་ཚེས་ཉེར་གསུམ་ལ་ངོ་མཚར་བའི་རྟགས་དང་བཅས་མཁའ་སྤྱོད་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས་སོ། །དགོངས་རྫོགས་ཀྱི་སྐུ་འདེད་ལ་ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་གདན་དྲངས་ནས། གདུང་འོད་ཞུ་ཕུལ་བས་རིང་བསྲེལ་གྱི་ཕུང་པོར་གྱུར་ཅིང་། གཤེགས་རྗེས་ཀྱི་སྒྲུབ་དགོས་ཐམས་ཅད་གཏེར་ཆེན་རང་ཉིད་ཀྱི་སྐུའི་གཅུང་པོ་བླ་མ་བཀྲ་ཤིས་འོད་ཟེར་སོགས་ཀྱིས་མཛད་པ་ཡིན་ནོ། །རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ནི། རིག་འཛིན་བདུད་འདུལ་རྡོ་རྗེའི་སྐྱེ་བ་འཕོས་མ་ཐག་པ་ཡིན་ཏེ། ཡབ་
གཏེར་སྟོན་རིག་འཛིན་ཀློང་གསལ་དང་། ཡུམ་མཚན་ལྡན་མ་ལྷ་སྐྱིད་ཅེས་པའི་སྲས་སུ་ཤིང་མོ་༡༧༣༥ཡོས་ཀྱི་ལོར་གནས་ཆེན་མཚོ་ཕུ་དང་ཉེ་བའི་ཆར་འཁྲུངས། བལྟམས་མ་ཐག་དབྱངས་གསལ་ཞལ་འདོན་མཛད་པ་སོགས་ངོ་མཚར་ཆེ་བའི་ལྟས་མང་དུ་བྱུང་། དེ་ནས་རིམ་གྱིས་གདན་ས་ཆེན་པོ་དཔལ་གྱི་ཀཿཐོག་ཏུ་བྱོན། ཡབ་རྗེའི་དྲུང་ནས་བཀའ་ཆོས་མང་དུ་གསན། ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་ཀྱིས་ལྗགས་ཀློག་སོགས་འབུལ་བར་མཛད། ཀཿཐོག་ཏུ་བཞུགས་ནས་རང་ལུགས་ཀྱི་དབང་ལུང་རྣམས་གསན་བཞེས་གནང་། ཡབ་རྗེ་གཏེར་ཆེན་བླ་མ་དེ་ཉིད་དགོངས་པ་རྫོགས་རྗེས། ཞལ་༧ཆེམས་ལྟར་གྲུབ་དབང་པདྨ་རིག་འཛིན་གྱི་དྲུང་ནས་རྫོགས་ཆེན་གྱི་སྨིན་ཁྲིད་རྒྱས་པ་གསན་པས་གནས་ལུགས་ཀྱི་རྟོགས་པ་མངོན་དུ་གྱུར། དེ་ནས་དབུས་
ཕྱོགས་སུ་ཕེབས་ནས་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཆོས་རྒྱལ་གཏེར་བདག་གླིང་པ་དང་གཅུང་ལོ་ཆེན་དྷརྨ་ཤྲཱི་ལས་སྨིན་གྲོལ་གདམས་པའི་བདུད་རྩི་མང་དུ་གསན་ཅིང་། སྐྱེས་བུ་དམ་པར་བཀུར་བའི་བསྔགས་བརྗོད་ཀྱང་བསྩལ། གཞན་ཡང་དགེ་བའི་བཤེས་གཉེན་སྐལ་བཟང་ཨོ་རྒྱན་བསྟན་འཛིན་ལས་གོང་མ་བདུད་འདུལ་རྡོ་རྗེའི་ཆོས་སྐོར་ཡོངས་རྫོགས་གསན། གཏེར་ཆེན་སྟག་ཤམ་རྡོ་རྗེའི་དྲུང་དུ་བྱོན་པའི་ཚེ་ཆོས་བདག་ཏུ་མངའ་གསོལ་བར་མཛད། རྫོགས་ཆེན་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ལ་སོགས་བླ་མ་མང་པོ་བསྟེན་ནས་གསན་སྦྱངས་དང་ཉམས་བཞེས་མཐར་ཕྱིན་པར་མཛད། གྲུབ་རྟགས་ཀྱང་རྡོ་ལ་ཕྱག་ཞབས་ཀྱི་རྗེས་དང་། དཀར་ཡོལ་རྒྱང་རིང་དུ་བསྒྱུར་ཀྱང་ཆག་གྲུམ་མེད་པ་དང་། མངོན་མཁྱེན་ལ་ཆགས་ཐོགས་མེད། ཡི་དམ་ལྷས་ཞལ་
གཟིགས་པ་སོགས་གྲངས་ཀྱིས་མི་ཆོད། ཁྱད་པར་ཡབ་གཏེར་ཆེན་རིན་པོ་ཆེ་རྟ་ཁོག་ཕ་ཝ་བོན་མོ་ཞེས་བན་བོན་གཉིས་ཀའི་གནས་ཡིན་པ་དེར་ཕེབས་སྐབས། རྒྱལ་སྲས་འདི་དགུང་ལོ་བརྒྱད་ཀྱི་ཐོག་ཡབ་རྗེ་དང་ལྷན་དུ་བྱོན་པས་འབྲོང་དེའུ་ཞེས་པའི་ས་ཆར་ཞབས་རྗེས་ཤིན་ཏུ་གསལ་བར་བྱོན་པས་དེང་སང་ཡང་ཞབས་རྗེས་ལུང་པ་ཞེས་འབོད། རྟེན་སྔགས་འཆང་དུ་བཞུགས་ཀྱང་རིགས་བརྒྱུད་གཞན་ཡོད་པ་མ་ངེས། ཡུམ་ཟུར་པ་ཞིག་ལ་སྲས་ཨོ་རྒྱན་བསྟན་འཕེལ་འཁྲུངས་ཏེ། དྲུང་ནམ་མཁའ་རྒྱ་མཚོས་བསྐྱངས་ནས། ཕྱིས་སུ་ཁ་བ་དཀར་པོའི་ཕྱོགས་སུ་བྱོན་པས་ཕྲིན་ལས་རྒྱ་ཆེ་ཞིང་མོན་ཨཞི འཇང་ཡུལ་དུ་གནས་སྒོ་ཕྱེ་བ་སོགས་མཛད་ནས་ཡུལ་ཕྱོགས་དེའི་སྡེ་དགོན་ཕལ་ཆེར་དེང་གི་བར་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་དུ་གཏོགས་པ་འདི་བྱུང་། །
དེ་ལས་གདན་སར་བཞུགས་པའི་སྲས་མ་བྱུང་ཞིང་། ཀཿཐོག་གདན་ས་སྐྱོང་བཞིན་པའི་འཕྲོར་དགུང་ལོ་ཞེ་དགུ་ཆུ་ཡོས་ལ་དག་པའི་ཞིང་དུ་གཤེགས། འདིའི་སློབ་མ་བཀྲ་ཤིས་འོད་ཟེར་དང་། ཞེ་ཆེན་རབ་འབྱམས་སོགས་ཡིན། སྐུ་གདུང་ཡང་རིང་བསྲེལ་གྱི་ཕུང་པོར་གྱུར་པས་ཀུན་ངོ་མཚར་ཞིང་དད་པར་གྱུར་ཏོ། །ཡང་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་འཁོར་དང་ཆོས་བདག་སློབ་མ་བཅས་ཡིན་པ་རྒྱལ་མོ་རོང་དུ་འཁྲུངས་པའི་རོང་སྟོན་པདྨ་བློ་གྲོས་སམ་པདྨ་བདེ་ཆེན་གླིང་པ་ནི་རབ་བྱུང་བཅུ་གཅིག་པའི་ཆུ་༡༦༦༣ཡོས་ལ་འཁྲུངས། རྒྱལ་མོ་ཆུ་རྡོའི་གནས་ནས་ཀློང་གསལ་ཌཱ་ཀིའི་སྙིང་ཐིག་བཀའ་འདུས་ཞི་ཁྲོའི་སྐོར་སོགས་གཏེར་ནས་བཞེས་པ་དང་། ཡང་ཀུ་སེའི་གཏེར་སྟོན་ཁྱུང་གྲགས་རྡོ་རྗེར་གཏེར་གྱི་ལུང་བསྟན་བྱུང་བ་རིག་འཛིན་ཀློང་གསལ་གྱིས་གཏེར་སྟོན་
ཚད་ལྡན་དུ་ངོས་འཛིན་གནང་བས། རྫོགས་ཆེན། བཀའ་བརྒྱད། དྲག་པོ་ཡེ་ཤེས་འཇིགས་བྱེད་རྩ་གསུམ་སྐོར་སོགས་གཏེར་ཁ་མང་དུ་ཐོན་པ་བྱུང་། འདི་གཡུ་སྒྲའི་རྣམ་འཕྲུལ་དུ་གྲགས་ཤིང་མཚན་དངོས་ཨོ་རྒྱན་ཕུན་ཚོགས་ཡིན། ཐོག་མ་ཡོན་དགེ་གཏེར་ཆེན་གྱི་ཞབས་གྲས་སུ་བཞུགས་པ་ཕྱིས་རང་ཉིད་ལ་གཏེར་གྱི་བཀའ་བབ་ཐོག་མར་བྱུང་ཚེ་ཀཿཐོག་ཏུ་ཕེབས་པ་ཡིན་ཅིང་། འདིའི་གཏེར་མ་སཱཙྪའི་བརྐོས་ཕོར་ཞིག་ཀཿཐོག་ནང་རྟེན་གྲས་སུ་སྣང་། རྗེ་མི་འགྱུར་རྡོ་རྗེའི་ལུང་གིས་བསྐུལ་ནས་ས་ངན་ཕྱོགས་སུ་འགྲོ་དོན་རྒྱ་མི་ཆུང་བ་བྱུང་སྟེ་ཀཿཐོག་ཏུ་འབུལ་སྐྱེལ་ཡང་མཛད། དེ་ལྟར་རིག་འཛིན་གཏེར་ཆེན་ཡབ་སྲས་གཤེགས་རྗེས་ཀཿཐོག་གདན་སའི་ཁུར་བཞེས་བླ་མ་ཚེ་དབང་ཕྲིན་ལས་ཀྱིས་མཛད་པར་སྣང་ལ། ཆོས་བརྒྱུད་ལ་བཀའ་དྲིན་ཆེ་བ་ནི་
དྲུང་ནམ་མཁའ་རྒྱ་མཚོ་ཡིན་ཏེ། གྲུབ་པའི་དབང་པོ་འདི་ནི་ཨ་རིག་ནང་ཞེས་པའི་ལུང་ཕྲན་ཞིག་ཏུ་སྐུ་འཁྲུངས། བྱིས་པ་ཆུང་ངུའི་དུས་སུ་གཏེར་ཆེན་ཀློང་གསལ་སྙིང་པོ་ཕྱོགས་དེར་ཕེབས་དུས་མཇལ་སྐབས་ཆོས་བདག་ཏུ་ངོས་འཛིན་གནང་བ་ཡིན། ཕྱིས་ནས་རིག་འཛིན་ཀློང་གསལ་ལས་གཏེར་གསར་གཙོ་བོར་གྱུར་པའི་ཆོས་ཀྱི་བདུད་རྩི་མང་དུ་བཞེས་ཤིང་། ཁྱད་པར་རྫོགས་པ་ཆེན་པོའི་ཟབ་ཁྲིད་མན་ངག་གི་གནས་ལ་ཞུན་ཐར་བཅད་པས་གནས་ལུགས་ཀྱི་ལྟ་བ་རང་ངོ་འཕྲོད། དེ་ཙམ་གྱིས་མ་བཞག་པར་སྒྲུབ་པ་ཉམས་བཞེས་ལ་རྩེ་གཅིག་ཏུ་བརྩོན་པ་ལས་རྟོགས་པ་ཀློང་དུ་གྱུར་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། རྟོགས་པའི་བོགས་འདོན་དུ་བརྟུལ་ཞུགས་མཆོག་གི་སྤྱོད་པས་ངེས་མེད་ཀྱི་གནས་ཆེན་མང་པོར་བྱོན། སླད་ནས་གནས་མཆོག་ཤིང་སྒོ་གངས་
རར་སྒྲུབ་ཁང་གི་བུག་སྒོ་འདག་སྦྱར་གྱིས་དབུ་སྔས་སྤངས་ཏེ་སྐྱིལ་ཀྲུང་ལས་ཉིན་མཚན་ཀུན་ཏུ་མི་གཡོ་བའི་ངང་ལ་བཞུགས། རྟ་ནོར་གྱིས་མཚོན་པའི་འབུལ་བ་མི་བཞེས་པ་སོགས་ཀོང་པོ་རྒོད་ཚང་པའི་རྣམ་ཐར་ལ་འགྲན་བཟོད་པས་སྐུ་ཚེ་ཧྲིལ་པོ་འདའ་བར་མཛད་པ་སོགས་ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་མངའ། རྟེན་ཚངས་སྤྱོད་ཡིན་ཀྱང་ན་བཟའ་དཀར་ཆས་བཞེས་ཤིང་ཚུལ་འཆོས་ཀྱི་སྤྱོད་པའི་དྲིས་མ་གོས་པར། ཆོས་བརྒྱད་དགྲ་དང་དཀོར་ཟས་དུག་ལྟར་གཟིགས་པའི་བྱ་བཏང་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་པ་མཆོག་གི་ས་ལ་གཤེགས་པ་ཡོངས་སུ་གྲགས་པ་ཞིག་གོ། །དེ་ནས་ཀཿཐོག་སི་ཏུ་རིན་པོ་ཆེའི་ངོ་མཚར་བླ་བརྒྱུད་དུ་རིག་འཛིན་སློབ་བརྒྱུད་གྲངས་སུ་བགྲངས་མཛད་པ་ལྟར་འདིར་གནམ་ཆོས་མི་འགྱུར་རྡོ་རྗེའི་རྣམ་ཐར་མདོ་
ཙམ་བྲི་ན། དེ་ཡང་སྤྲུལ་པའི་སྐུ་འདི་ནི་རཏྣ་གླིང་པའི་གཏེར་ལུང་ལས། རྡོ་རྗེའི་མིང་འཛིན་ངོམ་གྱི་ཕྱོགས་ནས་འབྱུང་༔ ཞེས་དང་། པདྨ་བཀའ་ཐང་རྒྱས་པ་ཞིག་ལས། མདོ་ཁམས་སྨད་ནས་གཏེར་ཁ་བརྒྱ་ལ་དབང་བའི་མི་འགྱུར་རྡོ་རྗེ་ནུས་ལྡན་དྲག་པོ་རྩལ་ཞེས་པ་ཞིག་འབྱུང་ཞེས་པའི་ལུང་བསྟན་དང་མཐུན་པར། མདོ་ཁམས་ཟལ་མོ་སྒང་གི་ཆ་ལས་བར་ཁམས་རི་བོ་ཆེ་དང་ཆབ་མདོ་གཉིས་ཀྱི་མཚམས་ངོམ་གྱི་ཡུལ་དུ་ཆོས་རྒྱལ་གྱི་གདུང་བརྒྱུད་དུ་སྐུ་འཁྲུངས། དེ་ཡང་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་མངའ་བདག་སྐྱེ་བ་བདུན་དུ་ཞེ་སྡང་སྐད་ཅིག་ཀྱང་སྐྱེ་མ་མྱོང་བའི་སེམས་དཔའ་ཆེན་པོ་འཁྲུལ་ཞིག་དབང་དྲག་རྒྱ་མཚོས། རང་གི་སྐྱེ་བ་སྤྲུལ་པའི་གཏེར་སྟོན་གསུམ་འབྱོན་པར་ལུང་བསྟན་པ་དང་། ཡང་ཁོ་བོ་ནི་རི་ཆབ་མཚམས་སུ་སྐྱེ་བ་ལེན་ཞེས་ཤིན་ཏུ་གསལ་བར་
གསུངས་པ་དང་མཐུན་པར། གསུང་བརྡ་འཕྲོད་ཙམ་ནས་འཁྲུལ་ཞིག་དབང་དྲག་པའི་སྐྱེ་བ་ཡིན་ཚུལ། སྒྲུབ་པ་མཛད་ཚུལ་སོགས་གསལ་བར་གསུངས་ཀྱང་། དེ་དུས་ཡུལ་ཕྱོགས་དེ་ན་ཀཿཐོག་ཕྱོགས་དང་འཁྲུལ་ཞིག་དབང་དྲག་རྒྱ་མཚོ་རྒྱུས་ཡོད་པ་སུ་ཡང་མེད་པས། བླ་མ་ཞིག་གི་སྐུ་སྐྱེ་ཡིན་པ་འདྲ་ཟེར་བ་ཙམ་ལས་གཞན་མ་ཤེས། དགུང་ལོ་ལྔ་བཞེས་དུས་ཆགས་མེད་རིན་པོ་ཆེའི་མདུན་དུ་གདན་དྲངས་ནས་བཞུགས་ཏེ་གསན་སྦྱངས་མཛད། སྔོན་གནས་གསལ་བར་དྲན་ཅིང་། ཨོ་རྒྱན་ཆེན་པོ་དང་འོད་དཔག་མེད་ཞལ་གཟིགས། དེ་ནས་བཟུང་སྟེ་རྩ་གསུམ་ལྷག་ལྷ་དཔག་ཏུ་མེད་པ་རྒྱུན་དུ་གཟིགས་པའི་དག་སྣང་ཕྱོགས་མེད་དུ་ཤར། སྔོན་གྱི་སྐྱེ་བ་བརྒྱ་ཕྲག་གཉིས་ཐ་ལེར་དྲན། གཞན་སེམས་ཀྱི་རྣམ་རྟོག་བཟང་ངན་གང་འགྱུ་ཐམས་ཅད་སྒྲིབ་
མེད་དུ་མཁྱེན་པས་ཉེ་བར་གནས་པ་རྣམས་སེམས་རྟོག་ངན་པ་དྲན་མི་ཕོད། དགུང་ལོ་བཅུ་གཅིག་བཞེས་པ་ནས་དག་སྣང་རྒྱུན་མི་ཆད་པར་བྱུང་བའི་རྩ་གསུམ་ལྷའི་སྒྲུབ་ཐབས་སྐོར་སྔར་མ་གྲགས་པའི་ངོ་མཚར་བ་མང་པོ་དང་། རྩ་རླུང་ཕྱག་རྫོགས་སོགས་ཀྱི་ཁྲིད་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་དང་། ཐུན་མོང་གི་ལས་ཕྲན་སྨན་དཔྱད་ཟ་ཡིག་སྲུང་བ་སོགས་ཀྱང་ནུས་པ་གཞན་ལས་བརྒྱ་འགྱུར་དུ་ཆེ་བའི་ཡ་མཚན་ཅན་དང་། འབྱུང་འགྱུར་ལུང་བསྟན་སོགས་རྒྱུ གཞན་ལས་གསལ་བ་མང་པོ་བཅས་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཞེས་པོད་བཅུ་གསུམ་ཙམ་གཏན་ལ་འབེབས་མཛད་པ་དེ་རྣམས་ཀྱི་བསྐུལ་མ་དང་། །མཐུན་རྐྱེན་ཕྱག་བྲིས་མཛད་རོགས་ཚུན་ཡོངས་འཛིན་རིན་པོ་ཆེ་ཀརྨ་ཆགས་མེད་ཀྱིས་གནང་ཞིང་ཕྱིས་སུ་ཁ་སྐོང་དང་ཆོག་བསྒྲིགས་སོགས་ཀྱང་མཛད། དེ་
སྐབས་རྫོགས་ཆེན་པདྨ་རིག་འཛིན་སྤོ་བོར་གཏེར་སྟོན་བདུད་འདུལ་རྡོ་རྗེ་མཇལ་དུ་བྱོན་ཚེ་གསུང་འཕྲོས་ལས་ད་ཚོད་ངོམ་གྱི་ཡུལ་དུ་མི་འགྱུར་རྡོ་རྗེ་ཟེར་བ་ཞིག་འབྱོན་རན་པ་ཡིན་གསུངས་པར། དེ་བཞིན་འཁྲུངས་ཡོད་ཚུལ་ཞུས་པས་ཐུགས་ཤིན་ཏུ་དགྱེས་ཚོར་མཛད། དེ་ནས་གནམ་ཆོས་ཕབ་ཟིན་པ་དེ་དག་རྩ་བའི་ཆོས་བདག་ཡོངས་འཛིན་ཀརྨ་ཆགས་མེད་དང་། གྲུབ་དབང་རྫོགས་ཆེན་པདྨ་རིག་འཛིན། བླ་མ་ཕྲིན་ལས་གསུམ་ལ་བཀའ་རྒྱ་བཀྲོལ་ནས་ཐོག་མར་ཐུགས་རྗེ་ཆེན་པོའི་དབང་བསྐུར་བ་ནས་དབུ་བཟུང་སྟེ་རིམ་གྱིས་གནང་བ་རྟེན་འབྲེལ་ལེགས་པར་འགྲིགས། དེ་དག་གི་སྐབས་སུ་ཡེ་ཤེས་འཇིག་རྟེན་གྱི་ཆོས་སྲུང་དྲེགས་པ་ཅན་རྣམས་ཀྱིས་སྲོག་སྙིང་ཕུལ་བ་སོགས་སྔར་མ་གྲགས་པའི་ངོ་མཚར་བ་མང་དུ་བྱུང་ཚུལ་སྤྲུལ་སྐུ་རིན་པོ་ཆེ་ཉིད་ཀྱི་
ཐུགས་ལ་མངའ་བ་ལས། ཡི་གེའི་ལམ་དུ་འབེབས་པ་མཛད་མི་འདུག་ཅེས་ཆགས་མེད་རིན་པོ་ཆེས་གསུངས། དེ་སྐབས་རྩིས་པ་རྣམས་ཀྱིས་ཟླ་འཛིན་རི་མོ་ཤར་ཏེ་སྒོ་ཡིག་སྦྱར་བ་ལ། ཟླ་བ་གཟས་མི་ཟ་བའི་ཐབས་བྱར་ཡོད་དམ་གསུངས་པས། ཡོངས་འཛིན་གྱིས་སྔོན་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་དང་རོང་ཚེར་ལུང་དྲུང་པ་སོགས་མང་པོས་རླུང་བཟུང་ནས་ཁམས་དཀར་ཆ་དབུ་མར་འཇུག་ཏུ་མ་བཅུག་པས་ཕྱི་རོལ་ཟླ་བ་ལ་སྒྲ་གཅན་མ་ཞུགས་ཚུལ་གྱི་ལོ་རྒྱུས་ཞུས་པས། འོ་ན་ངས་ཀྱང་དེ་བཞིན་ཨེ་ཐུབ་བལྟའོ་ཞེས་གསུངས་ནས་རླུང་སྦྱོར་གྱི་ཐུགས་དམིགས་མཛད་པས་དེ་ནུབ་ཟླ་འཛིན་མ་བྱུང་བས་རྩིས་པ་རྣམས་ཁ་སྐྱེངས་པར་གྱུར། དེ་ནས་ཆགས་མེད་རིན་པོ་ཆེ་ལས་བདུད་འདུལ་ཆོས་སྐོར་གྱི་དབང་ལུང་རྣམས་ནོས་ནས། པདྨ་འོད་འབར་དང་རིག་འཛིན་
སྲོག་སྒྲུབ་ཧཱུྃཧཱུྃ་ཟུང་འཇུག་གི་སྒྲུབ་པ། སྤྲུལ་སྐུ་ཉིད་ཀྱི་རང་གཏེར་འགའ་ཞིག་བཅས་པའི་བསྙེན་སྒྲུབ་རིགས་མི་འདྲ་བ་མང་པོ་ལ་ཐུགས་རྩོལ་གང་ཆེ་གནང་། དེ་ནས་འབུམ་རྫོང་གནས་དང་། སྤྱི་གཡམ་བྲག །ན་བུན་རྫོང་སོགས་གནས་ཆེན་དགུ་ཙམ་གྱི་གནས་ཡིག་མཛད་ནས་གནས་སྒོ་མང་པོ་གསར་དུ་ཕྱེ་བར་མཛད། ཁྲོམ་སྟོང་ཕྲག་གསུམ་ལྷག་ཙམ་འདུས་པ་ལ་དབང་ཆོས་དམ་རྫས་སོགས་འབྲེལ་ཚད་དོན་ལྡན་བླ་ན་མེད་པ་བྱུང་། དེ་༴ སྐབས་གཏེར་ཆེན་བདུད་འདུལ་ཁྱུང་པོ་གླ་བ་སྐེར་ཕེབས་ཚེ་ཆགས་མེད་རིན་པོ་ཆེ་བདུད་འདུལ་དྲུང་དུ་བྱོན་ནས་ད་རེས་གཏེར་ཆེན་རྣམ་གཉིས་ཞལ་འཛོམ་གནང་དགོས་ཚུལ་རྒྱུ་མཚན་དང་བཅས་པ་ཞུས་པས། རིག་འཛིན་ཆེན་པོ་ཐུགས་དགྱེས་ནས། མི་འགྱུར་རྡོ་རྗེ་དང་ངེད་གཉིས་སྔོན་ཚེ་ཨོ་རྒྱན་གྱི་དྲུང་ནས་
བཟུང་སྟེ་འབྲལ་མ་མྱོང་། ད་ལམ་ཡང་མ་མཇལ་ཐབས་མེད་ཡིན་ཞེས་གསུངས་པ་ལ་བརྟེན་ནས། སྤོ་ནེ་བྲག་དཀར་གྱི་གནས་སུ་གཏེར་སྟོན་རྣམ་གཉིས་ཞལ་འཛོམ་ཕན་ཚུན་བསྙེན་བཀུར་གཟབ་རྒྱས་དང་འབྲེལ་དབང་ཆོས་གསན་རེས་དང་། ཆོས་ཀྱི་བགྲོ་བ་རྨད་དུ་བྱུང་བ་དུ་མ་གནང་བས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་པ་ཡིན། དེ་ནས་སྤྲུལ་པའི་སྐུ་རིན་པོ་ཆེ་ལོ་གསུམ་ཕྱོགས་གསུམ་གྱི་དམ་བཅའ་བཅད་རྒྱ་དམ་པོ་མཛད་པས། སྒྲུབ་ཁང་ལ་འཇའ་ཟུག་པ་སོགས་ལྟས་ངོ་མཚར་བ་དུ་མ་ཀུན་གྱི་དབང་པོའི་མངོན་སུམ་དུ་བྱུང་བས་ཐམས་ཅད་ཀྱིས་ཡ་མཚན་ཆེ་བར་འཛིན་པ་བྱུང་། དེ་སྐབས་གནམ་གཏེར་ཕལ་ཆེར་ཡི་གེར་འབེབས་གྲུབ་ཅིང་སྐལ་ལྡན་རྣམས་སྨིན་གྲོལ་གདམས་པས་རྗེས་སུ་བཟུང་། སློབ་མའི་མཆོག་ཀཿཐོག་པ་ཀུན་བཟང་ཤེས་རབ་འདི་དུས་ཙམ་ལ་
ཞབས་ཕྱིར་འབྱོར་བ་ཡིན་འདུག །དེ་ནས་དག་སྣང་གསང་ལུང་སོགས་ལ་བརྟེན་ནས་སྒར་བཏེགས་ཏེ། རིམ་གྱིས་སེ་ཡུ། གཡང་འབེས་སོགས་གནས་སྒོ་འགའ་ཡང་གསར་དུ་ཕྱེས་ནས་དབོན་སྟོད་བརྒྱུད་དཔལ་ལྡན་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་ཆོས་རྒྱལ་བླ་མ་ཁུ་དབོན་རྣམས་ཀྱིས་བསྙེན་བཀུར་རྒྱ་ཆེན་པོ་དང་བཅས་དབུའི་མཆོད་གནས་སུ་གྱུར་ཏེ། ལྕགས་ར་རྫོང་དང་། རྨེ་ཤོད་རྫོང་གསར་སོགས་སུ་ཞབས་ཀྱིས་བཅགས་ཤིང་། དེ་ནས་གསང་ཆེན་རྙིང་མའི་གདན་ས་ཆེན་པོ་དཔལ་ཀཿཐོག་རྡོ་རྗེ་གདན་དུ་ཕེབས། དེར་གཉུག་མར་གནས་པ་དང་། གློ་བུར་དུ་ལྷགས་པའི་མི་ཆེན་བླ་དཔོན་ཁག་མང་པོ་དང་། གཙོ་བོར་ཀཿཐོག་རང་གི་བླ་སྤྲུལ་འདུས་སྡེ་ཐམས་ཅད་ཀྱི་དད་གུས་ཆེན་པོས་བསུ་བ་སེར་ཕྲེང་གི་བཀོད་པ་རྒྱ་ཆེན་པོ་དང་བཅས་བསུས་
ཏེ་བཞུགས་རྒྱུན་རིང་བཀའ་ཆོས་སྤྱི་དང་ཁྱད་པར་རང་གཏེར་གནམ་ཆོས་སྐོར་གྱི་དབང་ལུང་སྨིན་ཁྲིད་ཟབ་མོ་ཞིབ་རྒྱས་སུ་བསྩལ། དེ་ནས་སྒ་རྗེ། འབྲི་རྒྱུད་རེ་ཁེ། སྨར་ཁམས་སོགས་སུ་ཕེབས་ནས་སྐྱེ་འགྲོ་མཐོང་ཐོས་དྲན་རེག་ཐམས་ཅད་ཐར་ལམ་ལ་བཀོད། དེ་ནས་རྨུགས་སངས་གནས་སུ་ཕེབས་ནས་ཞལ་སློབ་ཀུན་བཟང་ཤེས་རབ་སོགས་འདུས་པ་སྟོང་ཕྲག་གཉིས་ཙམ་ལ་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ཟབ་མོའི་དབང་ཁྲིད་སྨིན་རྒྱས་སུ་བསྩལ། དེ་སྐབས་སྡེ་ཚེ དགེ་ཆོས་རྒྱལ་གྱི་བཀས་ཀུན་བཟང་ཤེས་རབ་དཔལ་ཡུལ་དགོན་གསར་འདེབས་ཀྱི་བླ་མར་གདན་འདྲེན་བྱུང་བས། དེར་བྱོན་ན་བསྟན་པ་དར་རྒྱས་འབྱུང་བའི་མ་འོངས་ལུང་བསྟན་གནང་བ་ཕྱིས་དེ་བཞིན་ཐོག་ཏུ་ཁེལ་བ་བྱུང་། དེ་ལྟ་བུའི་ཕྲིན་ལས་ཀྱིས་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་གྲུབ་ནས། དགུང་
གྲངས་ཉེར་གསུམ་པ་ལ་རྨུགས་སངས་གནས་ནས་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས་སོ། །དེ་མ་ཐག་སྡེ་དགེ་ཆོས་རྒྱལ་ཁུ་དབོན་གྱིས་གསེར་གདུང་ཐོག་ཚད་མ་ཞིག་བཞེངས་པའི་བུམ་ནང་དུ་སྐུ་གདུང་རིན་པོ་ཆེ་མ་ཉམས་པ་ཧྲིལ་པོ་བཞུགས་སུ་གསོལ་བ་ཡིན། འདི་ཡི་སྤྲུལ་སྐུ་ལྔ་ཕྲག་ལྔ་འབྱུང་བའི་ལུང་བསྟན་ཡོད་དོ། །ཡང་གནུབས་ཆེན་དང་ནམ་མཁའི་སྙིང་པོ་ཟུང་གི་ཐུགས་སྤྲུལ་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུ་ནི། མདོ་སྨད་ས་ངན་ནམ་རེ་ཁེའི་བསོ་པ་ཞེས་པའི་ལྗོངས་སུ། ཡབ་རྔུ་པ་ཨ་ཏི་མགོན་པོ་དང་། ཡུམ་སྒོ་བཟའ་རྡོ་རྗེ་མཚོ་ཡི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་ཕོ་སྟག་༡༦༩༨ ལ་སྐུ་འཁྲུངས། སྐུ་ཞང་པདྨ་བདེ་ཆེན་གླིང་པས་སྟག་བླ་པདྨ་ནོར་བུའི་སྐྱེ་བར་ངོས་བཟུང་སྟེ་རི་བཀྲའི་གནས་ནང་གི་གདན་སར་སྤྱན་དྲངས་ནས་
བཞུགས། མཚན་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་དུ་གསོལ། ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། སྐུའི་ཞང་པོ་པདྨ་བདེ་ཆེན་གླིང་པ་ཉིད་རྩ་བའི་བླ་མར་བཀུར་ནས་དབང་ཁྲིད་གདམས་པ་མང་དུ་གསན་པས་ཉམས་རྟོགས་བཟང་པོ་འཁྲུངས། ཀཿཐོག་ཏུ་ཕེབས་ནས་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། སྐབས་དེར་ཀཿཐོག་གདན་སར་གཏན་དུ་བཞུགས་པར་ཞུས་འདུག་ཀྱང་ཞལ་བཞེས་མ་གནང་བར་རྒྱལ་ཁམས་ཕྱོགས་མེད་དུ་བྱོན་རྒྱུའི་ཐུགས་འདུན་བཏིངས། དེ་ནས་ཟུར་མང་ཆེ་ཚང་གསུང་རབ་རྒྱ་མཚོ་ལས་བཀའ་ཆོས་མང་དུ་གསན། དེ་ནས་རིམ་གྱིས་སྤུ་ཀོང་བརྒྱུད་དབུས་གཙང་རྣམས་སུ་བྱོན་ནས་རིས་མེད་ཀྱི་བླ་མ་མང་དུ་བསྟེན་ནས་གསང་སྔགས་གསར་རྙིང་གི་དབང་ལུང་ཁྲིད་སྲོལ་མཐའ་ཡས་པ་དང་། ཁྱད་
པར་ཞབས་དྲུང་ཏྲེ་ཧོས་ལུང་བསྟན་པ་ལྟར་རྗེ་ཀུན་བཟང་དབང་པོ་ལས་ཇོ་ནང་ལུགས་ཀྱི་སྦྱོར་དྲུག་སོགས་བཀའ་ཆོས་རྫོགས་པར་གསན་ནས། སོ་སོའི་ཆོས་བརྒྱུད་འཛིན་པའི་བླ་སྤྲུལ་མཁས་གྲུབ་མང་པོ་ལ་རྒྱུན་སྤེལ་བས་བསྟན་པའི་རྒྱུན་ལ་རྗེ་འདི་ཁོ་ན་བཀའ་དྲིན་མཆོག་ཏུ་ཆེ། གྲུབ་མཐའ་སྨྲ་བ་ཀུན་གྱི་བཞེད་སྲོལ་དང་བརྡ་སྤྲོད་ཡན་ལག་དང་བཅས་པ་སོགས་རིག་བྱེད་རྣམས་མཁས་པར་མཁྱེན། མཚན་ཉིད་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཕུར་ལྕོག་ངག་དབང་བྱམས་པའང་ཆོས་ཀྱི་འབེལ་གཏམ་གྱིས་སྤོབས་པ་བཅོམ། མངོན་པར་ཤེས་པས་དུས་གསུམ་སྒྲིབ་མེད་དུ་གཟིགས་ཤིང་། རྡོ་ལ་ཞབས་རྗེས་དང་། ཆབ་གྱེན་ལ་བཟློག་པ་སོགས་གྲུབ་རྟགས་མང་དུ་བསྟན་པས། མི་དབང་ཕོ་ལྷ་ཐའི་ཇི་ཡབ་སྲས་ཀྱང་དད་ནས་གཙུག་ཏུ་བཀུར། གཏེར་
ཆེན་རོལ་པའི་རྡོ་རྗེ་དང་མཇལ་ཐུབ་ན། གཏེར་ཁ་བཅུ་གསུམ་འདོན་པའི་ལུང་བསྟན་ཡོད་པ་ལ་རོལ་རྡོར་གློ་བུར་དུ་གཤེགས་པས་མཇལ་འཕྲད་མ་བྱུང་བ་དེས། གཏེར་ཁ་ཆེན་པོ་རྣམས་བཞེས་མ་གྲུབ་ཀྱང་། ཀོང་པོ་བུ་ཆུ་ནས་སྒྲོལ་མ་དམར་མོའི་གདམས་པ་ཟབ་ལ་འདྲིལ་བ་ཞིག་དང་། ཀེ་རོང་རྡོ་རྗེ་ཅོང་ཕུག་ནས་སྔར་རོལ་རྡོར་གྱིས་འདབ་གཏེར་དུ་སྦས་པའི་ཁྲོ་རོལ་ཕུར་པའི་དོན་དབང་སོགས་དང་། གཙང་གཤིས་ནས་ལུང་བྱང་འགའ་ཞིག་བཞེས་པ་དང་། བསམ་པ་ལྷུན་གྲུབ་མའི་སྒྲུབ་ཐབས་ཁྱད་པར་ཅན་ཡང་དག་སྣང་དགོངས་གཏེར་གྱི་ཚུལ་དུ་གཏན་ལ་ཕབ་པ་ད་ལྟ་རིན་ཆེན་གཏེར་མཛོད་དུ་བཞུགས། གཉལ་སྨད་དགེ་རི་ལ་སོགས་བོད་ཀྱི་སྒྲུབ་གནས་མང་པོར་བསྙེན་སྒྲུབ་ལ་གཞོལ་བར་མཛད་ཅིང་ལྷག་པའི་ལྷ་དུ་མའི་ཞལ་གཟིགས། སྤུ་ཀོང་རྣམས་སུ་སྔ་རྗེས་རྒྱུན་
རིང་ཙམ་བཞུགས་པས་ལྷ་ཁང་དང་དགོན་པ་གསར་འདེབས་སོགས་མཛད་པ་མང་དུ་སྣང་། བལ་ཡུལ་དུ་ལན་གསུམ་བྱོན་པའི་བར་པ་ལ་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་ལེགས་པར་མཛད། རྗེས་མར་མཆོད་རྟེན་འཕགས་པ་ཤིང་ཀུན་ནམ། གོ་མ་ས་ལ་གནྡྷ་ཉམས་གསོ་མཛད་ཚུལ་རྡོ་རིང་ལ་བལ་བོད་གཉིས་ཀའི་ཡེ་གེ་བརྐོས་པ་དེང་སང་ཡང་དབུ་རྩེར་བཞུགས། དེ་སྐབས་གོན་རྒྱལ་པོ་མི་གུས་པ་ལ། ནཱ་ག་ཀོ་ཊའི་གྲོང་ལ་མེ་ཤོར་ཚེ་བཙུན་མོ་དང་སྲས་བློན་རྣམས་ཀྱིས་གསོལ་བ་བཏབ་པ་ལ། ལྷ་ཆེན་པོ་རྣམས་ལ་བདེན་ཚིག་བརྗོད་པ་ཙམ་གྱིས་མོད་ལ་མེ་ཞི་བར་མཛད་པས་དེ་དག་དད་པ་ཐོབ་སྟེ་ཅི་གསུང་ཉན་པ་བྱུང་། མཆོད་རྟེན་བཞེངས་པའི་ཆ་རྐྱེན་དུ་ལྷ་འདྲེ་རྣམས་ལ་གསེར་སློང་པས་མི་ཁུར་བཅོ་ལྔ་ཙམ་བྱུང་བར་གྲགས་ཤིང་རྡོ་ཡི་གཏེར་
ཆེན་པོ་བཏོན་ཤུལ་ད་ལྟའང་མངོན། དེ་སྐབས་མངའ་རིས་ལ་དྭགས་རྒྱལ་པོ་སྟོད་སྨད་གཉིས་འཁྲུགས་ནས་སྟོད་ཧོར་གྱི་དམག་འགུགས་པ་སོགས་བྱུང་བར། རྒྱལ་དབང་སྐལ་བཟང་རྒྱ་མཚོས་རྗེ་རིག་པ་འཛིན་པ་འདི་སྟོད་ཀྱི་འཁྲུགས་པ་བསྡུམ་པར་ཕེབས་བསྐུལ་ཡང་ཡང་ཞུས་པ་བཞིན་ཕེབས་ནས་ཐབས་དང་ནུས་། མཐུ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཕྲིན་ལས་ཀྱིས་ཞི་ཆིངས་ལེགས་འགྲིགས་བྱུང་སྟེ། ཧོར་དམག་རང་ཡུལ་དུ་ལྡོག་པའི་བཀའ་དྲིན་བསྐྱངས་པའི་ལེགས་སྐྱེས་སུ་ཉང་ཀོང་ལྗོན་པ་ལུང་གི་ས་རིས་རྗེ་ཀཿཐོག་པར་གསོལ་བསྩལ་གནང་བ་ཡིན་འདུག་ཀྱང་རྗེས་ནས་དུང་དཀར་བླ་བྲང་གིས་བདག་བཟུང་བྱས་སྣང་། སྟོད་མར་ཡུལ་དུ་ཕེབས་སྐབས་ཧེ་མི་སྟག་ཚང་དགོན་པ་སོགས་སུ་ཆོས་རྒྱུན་ཉམས་པ་གསོས་ཤིང་ཆོས་སྲིད་ཁྲིམས་ཀྱི་བཀའ་འདོམས་ཡི་གེར་
བཀོད་པ་ལ་ལྷ་སྡེ་མི་སྡེ་ཀུན་གྱིས་ཚད་མར་འཛིན་པ་བྱུང་། དེ་ནས་བལ་ཡུལ་དུ་སླར་ཡང་ཕེབས་ནས་མཆོད་རྟེན་རིན་པོ་ཆེ་ཉམས་གསོའི་མཛད་པ་རྣམས་འཕྲོ་བསྐྱངས། རྒྱལ་དབང་འབྲུག་པ་རིན་པོ་ཆེ་བསྙུང་བསལ་བར་མང་ཡུལ་སྐྱིད་གྲོང་དུ་ཕེབས་ནས་རིང་པོར་མ་ལོན་པར་ཞིང་ཁམས་སུ་གཤེགས། སྐུ་གདུང་ཞལ་ཆེམས་ལྟར་རི་བོ་དཔལ་འབར་རྩེར་མཆོད་རྟེན་བཞེངས་ནས་དེར་བཞུགས་སུ་གསོལ་བ་ཡིན། མཆོད་རྟེན་ཉམས་གསོའི་འཕྲོ་ལུས་པ་རྣམས་ཞལ་ཆེམས་བཞིན་བུ་སློབ་རྣམས་ཀྱིས་འགྲུབ་པར་མཛད་ཚུལ་རྡོ་རིང་གི་ཡི་གེར་གསལ། རྗེ་འདིའི་ཞལ་སློབ་ནི་རྒྱལ་དབང་ཀརྨ་པ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། འབྲུག་པ་ཐམས་ཅད་མཁྱེན་པའི་སྤྲུལ་སྐུ་བཀའ་རྒྱུད་ཕྲིན་ལས་ཤིང་རྟ། དཔའ་བོ་གཙུག་ལག་དགའ་བ། སི་ཏུ་ཐམས་
ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས། ལ་དྭགས་སྟག་ཚང་རས་པའི་སྤྲུལ་སྐུ། ཨོ་རྒྱན་བསྟན་གཉིས་གླིང་པའི་གདུང་རབས་བདུན་པ་བལ་ཡུལ་ཡོལ་མོ་གངས་རའི་གནས་ཀྱི་ལྟེ་བ་པདྨ་ཆོས་གླིང་གི་བླ་མ་ཕྲིན་ལས་བདུད་འཇོམས་ཞེས་པའི་མཁས་གྲུབ་ཚད་མར་གྱུར་པ་དེ་དང་། འདྲེན་མཆོག་པདྨ་རྒྱལ་པོ་སོགས་བླ་ཆེན་དང་མི་ཆེན་སྦས་ཚུལ་སོགས་མཐའ་ཡས་པ་བཞུགས་ཤིང་གསུང་རྩོམ་དང་དག་སྣང་དགོངས་གཏེར་སོགས་པོད་བདུན་ཙམ་བཞུགས། རྗེ་འདིའི་སྐབས་བྱུང་བའི་ཀཿཐོག་གི་མིང་ཆགས་པའི་དགོན་པ་མངའ་རིས་སྐྱིད་གྲོང་དང་། ཤབ་རོང་སོགས་སུ་དེང་སང་བར་ཡོད་པར་སྣང་། ཁྱད་པར་ཡོལ་མོའི་ཕྱོགས་ཀྱི་དགོན་ཁག་ཐམས་ཅད་ཀྱི་ཆོས་ བརྒྱུད་བྱང་གཏེར་སྒྲུབ་སྐོར་རྣམ་གསུམ ་དང་། བསྟན་གཉིས་གླིང་པའི་ཞི་ཁྲོ་ཡེ་ཤེས་མཐོང་གྲོལ། འཇའ་ཚོན་
པོད་དྲུག་ལེའུ་བདུན་མ་སོགས་ཀྱི་བརྒྱུད་པ་ཀཿཐོག་པ་ཆེན་པོ་རྗེ་རིག་པ་འཛིན་པ་ཚེ་དབང་ནོར་བུ་ལ་ཐུག་པ་ཤ་སྟག་ཡིན་ནོ། །ཡང་འདིར་འཕྲོས་དོན་ཀློང་གསལ་སྙིང་པོའི་རྒྱལ་སྲས་གཅུང་བསོད་ནམས་ཚེ་བརྟན་ནི་སྟག་ཕུ་ཚེ་རིང་རྡོ་རྗེ་ཞེས་བདུད་འདུལ་རྡོ་རྗེའི་གཏེར་ལུང་ནས་ཟིན་པ་དེའི་སྐྱེ་སྲིད་ཡིན་ཅིང་། སྐུ་ན་ཕྲ་མོའི་དུས་ནས་ཐུགས་རབ་ཤིན་ཏུ་ཆེ་བ་སོགས་དམ་པའི་སྐྱེས་བུ་ཁྱད་པར་འཕགས་པ་ཞིག་ཡིན་ཀྱང་། མི་བསྲུན་པའི་སྐྱེ་བོ་འགའ་ཡིས་གསོལ་ངན་དྲངས་པས་བསྙུན་གྱིས་ཐེབས་ཏེ། བཞུགས་གནས་སྤོས་པ་དྲག་ཞུ་བ་བྱུང་བས། གནས་མཆོག་ཀ་མ་རཱ་དང་ཁོལ་རི་སོགས་སུ་ལོ་ཤས་བཞུགས་སྐབས་ལེ་ཐང་དགེ་བཤེས་སྔགས་རམ་པ་ཞིག་དང་ཆོས་ཀྱི་འབེལ་གཏམ་མཛད་པས་དགེ་བཤེས་ཀྱི་སྤོབས་པ་འཕྲོགས། དེ་ནས་ཛཿཀ་
གསང་སྔགས་རབ་བརྟན་གླིང་དུ་བཞུགས་ཏེ་དགུང་ལོ་སོ་བདུན་གྱི་སྐག་ཐོག་རྒྱལ་ཟླའི་ཚེས་གཉིས་ལ་པདྨ་འོད་དུ་གཤེགས། དབོན་པོ་ཨོ་རྒྱན་ལྷུན་གྲུབ་ནི། ལུགས་ཟུང་གི་མཁྱེན་སྒོ་ཡངས་པ་ཞིག་བཞུགས་ཤིང་། དེ་སྐབས་གོང་ས་ལྔ་པའི་བཀའ་ཤོག་ཕེབས་པ་ལྟར། ཀློང་གསལ་གཏེར་ཆོས་གསར་པ་སྤྱན་འབེབས་ཞུ་ཆེད་དབུས་ཕྱོགས་སུ་བྱོན་ནས་དབུ་རུ་ལྷ་ལྡན་གྲུ་འཛིན་གྱི་ཕོ་བྲང་དུ་རྒྱལ་བའི་དབང་པོའི་ཞབས་དྲུང་དུ་མཇལ་ཁ་ཞུས་ཚེ་ཐུགས་ཤིན་ཏུ་དགྱེས་ཧྲེ་པའི་གསུང་དང་བདག་རྐྱེན་བཟང་པོ་བསྩལ་བ་བཅས་ཕྱིར་བྱོན་ནས་ཁོལ་རིར་སྐུ་གཤེགས། དབོན་རྣམ་འཇོམས་གཟུངས་ནི་སྐུ་ཆུང་ངུ་ནས་གཤེགས་ཤོར་བས་མཛད་རྗེས་མེད། དབོན་རྒྱ་གར་བཀྲ་ཤིས་ནི་འབར་རོང་ཕྱོགས་སུ་བླ་བསྐོས་ལ་བཞག་ས་ནས་གཤེགས། དེའི་ཡང་སྲིད་ཡེ་ཤེས་ཕུན་ཚོགས་ནི་ཡུལ་
ལྡིང་རྒོད་ཅེས་པར་ཉི་མ་རྩེ་ཤར་ལ་ངོ་མཚར་བའི་རྟགས་དང་རྟེན་འབྲེལ་ལེགས་པ་དང་བཅས་སྐུ་འཁྲུངས། གཏེར་སྟོན་སྐུ་མཆེད་ཀྱིས་རྒྱ་གར་བཀྲ་ཤིས་ཀྱི་སྤྲུལ་སྐུར་ངོས་འཛིན་དང་སྐུ་བདག་མཛད། རྒྱལ་སྲས་རིན་པོ་ཆེ་སྐུ་མཆེད་དང་ཞང་དབོན་རྣམས་དང་གཞན་ཡང་ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་དང་ཀུན་བཟང་རྣམ་རྒྱལ་རྣམས་ཀྱི་ཞབས་ལ་གཏུགས་ནས་དབང་ཆོས་དང་གསན་སྦྱངས་རྒྱ་ཆེར་མཛད་དེ་བསྟན་འགྲོའི་མགོན་དཔུང་དུ་གྱུར་པ་དེ་ཉིད་གནས་ཆེན་བྲོ་བརྡུང་དགོན་དུ་བཞུགས་ནས་གཤེགས་པའི་སྤྲུལ་སྐུ་རིམ་བྱོན་རྣམས་གནས་དེར་བཞུགས་པ་ཡིན། ཡང་དབོན་པོ་ཨོ་རྒྱན་རྣམ་གྲོལ་ནི་སྦྲ་འགོ་སྟོད་དུ་འཁྲུངས་ནས་གཏེར་ཆེན་ཀློང་གསལ་གྱི་གཅུང་བླ་མ་བཀྲ་ཤིས་འོད་ཟེར་ལས་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་རྫོགས་བསྒྲུབས། དེ་ནས་
དབུས་ཕྱོགས་སུ་ཕེབས་ནས་ཐུབ་བསྟན་རྡོ་རྗེ་བྲག་གི་དགོན་པར་རྒོད་ལྡེམ་སྤྲུལ་སྐུ་རིག་འཛིན་པད་ཕྲིན་དྲུང་ནས་བྱང་གཏེར་ཆོས་སྐོར་ཡོངས་རྫོགས་ཁ་སྐོང་བཅས་དང་། ཁྱད་པར་གཤིན་རྗེ་ལྕགས་འདྲ་ལྕགས་སྡིག་པད་གནུབས་ལུགས་སོ་སོའི་དབང་ལུང་ཁྲིད་གསུམ་ཕྱག་བཞེས་མན་ངག་འཆམ་དབྱངས་སོགས་ལ་སྦྱོང་བདར་མཐར་ཕྱིན་པ་མཛད་ནས་ཀཿཐོག་ཏུ་དེ་དག་གི་རྒྱུན་འཛུགས་པར་མཛད། སྤོ་བོར་སྟག་ཤམ་གཏེར་ཆེན་ལས་ཀྱང་ཆོས་བཀའ་མང་དུ་གསན། གཏེར་ཆེན་ཀློང་གསལ་སྐུ་མཆེད་གཉིས་གཤེགས་རྗེས། རྒྱལ་སྲས་སྐུ་ན་ཕྲ་བར་བརྟེན་དབོན་ཨོ་རྒྱན་རྣམ་གྲོལ་ཉིད་ཀཿཐོག་ནང་སོའི་ནང་དུ་བཞུགས་ནས་ལུགས་གཉིས་ཀྱི་ཐུགས་ཁུར་དང་། བླ་མ་བཀྲ་ཤིས་འོད་ཟེར་གཤེགས་རྗེས་ཀྱི་སྒྲུབ་དགོས་དང་གདུང་རྟེན་བཞེངས་པ་སོགས་ལེགས་པར་གྲུབ་སྟེ་ཟུར་
དབེན་དུ་ཐུགས་དམ་ལ་བཞུགས་ནས་གཤེགས་པ་ཡིན་ནོ། །རིག་འཛིན་ཀློང་གསལ་སྙིང་པོའི་གཅུང་འདུལ་བ་འཛིན་པ་ཆེན་པོ་མཚུངས་མེད་བཀྲ་ཤིས་འོད་ཟེར་ནི་བུ་འབོར་སྒང་དུ་རབ་བྱུང་བཅུ་གཅིག་པའི་༡༣༦ མེ་བྱི་ལ་སྐུ་འཁྲུངས། གཞོན་ནུའི་དུས་ནས་བསྟན་པའི་སྒོར་ཞུགས་ཤིང་རབ་ཏུ་བྱུང་བ་དང་། རྗེས་སུ་དྲུང་རིན་ཆེན་འབུམ་མེ་ལས་བསྙེན་རྫོགས་བཞེས་ནས་འདུལ་བའི་བཅས་ཁྲིམས་ཕྲ་མོ་ཙམ་ཡང་མ་ཉམས་པར་བསྲུངས། གཏེར་ཆེན་བདུད་འདུལ་དང་ཀློང་གསལ་ཡབ་སྲས་གཉིས་ཀ་ལས་གཏེར་གསར་གཙོ་བོར་གྱུར་པའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བུམ་པ་གང་བྱོར་གསན། །དབྲ་ཁོལ་རི་དང་ཀཿཐོག་གི་གདན་སར་བཞུགས་ནས་སྒྲུབ་པ་ཉམས་བཞེས་ཁོ་ན་མཛད་པས་ཨོ་རྒྱན་རིན་པོ་ཆེ་ཞལ་གཟིགས། ལྷག་པའི་ལྷ་རབ་འབྱམས་ཀྱི་
བསྙེན་སྒྲུབ་ལས་གསུམ་གྱི་ནུས་པ་མངོན་དུ་གྱུར། ཁྱད་པར་དྲག་སྔགས་མཐུ་ཡི་བཀའ་བབ། དྲང་སྲོང་ཁྱབ་འཇུག་ཆེན་པོ་བྲན་དུ་བཀོལ་ནུས་པར་གྱུར་ཅིང་གྲུབ་པའི་ཡོན་ཏན་དུ་མ་ལ་མངའ་དབང་འབྱོར་ཡང་སྦས་ཚུལ་ལ་རྟག་ཏུ་དགྱེས། སྐལ་ལྡན་གདུལ་བྱ་རྣམས་ལ་དབང་བསྐུར་བ་དང་། གདམས་ཁྲིད་སྟོན་པ་ན་འདོད་ཅན་ངོར་སྤུངས་ཁྲིད་དང་། ཆེན་པོའི་སྤོམ་ཁྲིད་སོགས་མ་ཡིན་པར་བསྐྱེད་རྫོགས་རྩ་རླུང་ཁྲེགས་ཆོད་ཐོད་རྒལ་སོགས་ཀྱི་ཕྱག་བཞེས་ཕྲ་མོ་ཙམ་རྒྱུ ལའང་རྩིང་ཆོས་དང་། སླ་ཆོས་མི་མཛད་པར་སློབ་མའི་རྒྱུད་སྨིན་ངེས་སུ་མཛད། སྒྲུབ་ཆེན་དང་ཆོ་གའི་རྔ་རོལ་འཆམ་དབྱངས་སོགས་རྗེ་གཏེར་ཆེན་བླ་མའི་ཟངས་མདོག་དཔལ་རིའི་དག་སྣང་གི་དགོངས་པ་ལྟར་ལུགས་གཞན་དང་མ་འདྲེས་པར་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་སྟེ་རང་རྐང་ཚུགས་པའི་སྲོལ།
ཀཿཐོག་གདན་ས་དང་དབྲ་ཁོལ་རི་སོགས་དགོན་མ་ལག་རྣམས་སུ་ཀློང་གསལ་རང་ལུགས་ད་ལྟའི་བར་ཉམས་མེད་དུ་གནས་པ་ནི་རྗེ་མཚུངས་མེད་འདིའི་བཀའ་དྲིན་ལགས་པར་འཁུམས། དམ་པ་འདི་ཉིད་གཏེར་སྟོན་རིན་པོ་ཆེས་རྒྱ་ཞང་ཁྲོམ་གྱི་སྐྱེ་བ་དང་། སློབ་དཔོན་མངོན་མཁྱེན་པས་མར་པ་ལོ་ཙཱའི་སྐྱེ་བ་ཡིན་ཞེས་གསུངས་ཤིང་། མཛད་པའི་ཕྱག་རྗེས་ཀྱང་། ཀཿཐོག་བླ་བྲང་དུ་གསེར་ཟངས་ཀྱི་གདུང་རྟེན་ཁྱད་འཕགས་དང་། སྐུ་འབུམ་ཐར་པ་གླིང་དུ་བཻ་རོ་ཙཱ་ནས་བཞེངས་པའི་མཐའ་འདུལ་མཆོད་རྟེན་གྱི་ཉེ་འདབས་སུ་ལྷ་ཁང་ལོགས་རིས་དང་ལྡན་པའི་ནང་དུ་གསེར་ཟངས་ལས་གྲུབ་པའི་གདུང་རྟེན་ཐོག་ཚད་མ་ཆ་ཚད་མཚན་ཉིད་དང་ལྡན་པ་བཅས་ལེགས་པར་བཞེངས་ཏེ་རབ་གནས་མངའ་གསོལ་དང་བཅས་པ་གྲུབ་ནས། དགུང་ལོ་རེ་གསུམ་
པ་ས་སྟག་སྟོན་ཟླ་ར་བའི་ཡར་ཚེས་བརྒྱད་ལ་གཤེགས། རྗེ་འདི་འགའ་ཞིག་གིས་གདན་རབས་ཕྲེང་བར་འདྲེན་མོད། རིག་འཛིན་སློབ་བརྒྱུད་དུ་བཞག་པ་ལ་འགལ་བ་མེད་ཅིང་འཐད་པ་དང་བཅས་པར་མཐོང་ནས་འདིར་བཀོད་པ་ཡིན་ནོ། །ཡང་ཀློང་གསལ་ཆོས་བདག་པདྨ་མཁའ་སྤྱོད་དང་། འབའ་རྩེ་གཏེར་སྟོན་ཆོས་རྗེ་གླིང་པ་གཉིས་ཀྱི་རྣམ་ཐར་རྒྱས་པ་མ་མཇལ་བས་འབྲི་བར་མ་སྤོབས། དེ་ལྟར་རིག་འཛིན་སློབ་ བརྒྱུད་རགས་རིམ་ཙམ་བཤད་ཟིན་ནས། གསུམ ་པ་གདན་རབས་ཀྱི་ཕྲེང་བ་ཕྱི་མ་རྣམས་འཆད་པ་ལ་གཉིས། གདན་རབས་དངོས་དང་། སྙན་བརྒྱུད་འཛིན་པ་རྣམས་ཇི་ལྟར་བྱོན་ཚུལ་བཤད་པའོ། །དང་པོ་ནི། ། དགོན་ཉིན་སངས་རྒྱས་བཀྲ་ཤིས་དང་། བཀྲ་ཤིས་འོད་ཟེར་དབོན་ཛཀ་བཀྲ་ཤིས་ཕུན་ཚོགས་རྟོགས་ལྡན་ཆུ་གྲུབ་པ་ཨོ་རྒྱན་རྣམ་གྲོལ། རྒྱ་ནག་བྲག་གཅོད་
པ་ཆོས་ཉིད་རྒྱ་མཚོ། སྦྲ་མགོ་བརྩོན་འགྲུས་རྒྱ་མཚོ་རྣམས་ཀྱང་གདན་རབས་ཀྱི་གྲངས་སུ་བགྲངས་པ་ཡིན་ལ། ཁྱད་པར་སྔ་འགྱུར་སྤྱི་དང་བྱེ་བྲག་རྒྱལ་བ་ཀཿཐོག་པའི་བཤད་དང་སྒྲུབ་པའི་བསྟན་པའི་སྲོག་མཐུད་ཅིང་དར་རྒྱས་སུ་མཛད་པ་པོ་ནི་བདུད་འདུལ་གསུམ་པ་དྲི་མེད་ཞིང་སྐྱོང་མགོན་པོ་ཉིད་དུ་ངེས་པས་དེའི་ལོ་རྒྱུས་ཅུང་ཟད་འགོད་ན། དེ་ཡང་དཔལ་ཀཿཐོག་པ་ཆེན་པོ་ཆོས་ཀྱི་རྡོ་རྗེའམ་དྲི་མེད་ཞིང་སྐྱོང་མགོན་པོ་ནི། སྙིང་ཐིག་ཚེ་ཡང་ཕུར་བྦེ གསུམ་གང་ཟག་སྒོས་ལུང་ལས། འབྲོག་མིའི་སྤྲུལ་པ་ཁམས་ཀྱི་ཕྱོགས་ནས་འབྱུང་༔ དྷརྨའི་མིང་ཅན་བརླ་ལ་སྨེ་བས་བརྒྱན༔ ཞེས་སོགས་དང་གཏེར་ཁ་གཞན་མང་པོ་ནས་ཀྱང་ལུང་བསྟན་པ་ལྟར། མདོ་སྨད་འབའ་ཡུལ་གྱི་གཏེར་སྟོན་པདྨ་ཆོས་རྒྱལ་གྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་ལ་༡༧༣༤
སྐུ་འཁྲུངས། ཀརྨ་པ་ཞྭ་དམར་ནག་ཟུང་དང་། ཀཿཐོག་དྲུང་པ་ནམ་མཁའ་རྒྱ་མཚོ་གསུམ་དགོངས་པ་རྩེ་མཐུན་གྱིས་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་བ་བཞིན་རིམ་གྱིས་གདན་ས་ཆེན་པོ་དཔལ་གྱི་ཀཿཐོག་ཏུ་གདན་དྲངས་ཏེ། མཚན་པདྨ་དྲི་མེད་ཞིང་སྐྱོང་མགོན་པོ་རྒྱ་མཚོའི་སྡེ་ཞེས་དང་། ཀུན་བཟང་འགྱུར་མེད་ཆོས་ཀྱི་རྡོ་རྗེ་ཞེས་གསོལ། དྲུང་ནམ་མཁའ་རྒྱ་མཚོའི་མདུན་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་རིམ་གྱིས་ཡོངས་འཛིན་དུ་མ་བསྟེན་ནས། རིག་འཛིན་ཀློང་གསལ་དང་བདུད་འདུལ་གྱི་གཏེར་ཆོས་སྐོར་རྣམས་ཀྱི་དབང་ཁྲིད་ལ་རྩལ་དུ་བཏོན་པས་རྟོགས་པ་ཀློང་དུ་གྱུར་ཏེ། གནས་ལུགས་རང་ངོ་སྤྲོད་པའི་བླ་མ་ནི་ནམ་མཁའ་རྒྱ་མཚོ་ཡིན་ལ། ཡང་ཐམས་ཅད་མཁྱེན་པ་སི་ཏུ་ཆོས་འབྱུང་གི་དྲུང་དུ་བསྙེན་རྫོགས་བཞེས་
ཤིང་། ཕྱག་ཆེན་དང་ཆོས་དྲུག་སོགས་ཉམས་ཁྲིད་དུ་མ་གསན་ནས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་འཕོ་བའི་དབང་དང་བྱིན་རླབས་ཀྱི་ཐུགས་རྒྱུད་ཡོངས་སུ་སྨིན་པར་མཛད་པས་འདི་ཉིད་ཀྱང་རྩ་བའི་བླ་མར་འཛིན། གཞན་ཡང་གསར་རྙིང་རིས་སུ་མ་ཆད་པའི་ཡོངས་འཛིན་དུ་མ་བསྟེན་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གིས་གཙོས་པའི་གསན་བསམ་རྒྱ་མཚོ་ལྟ་བུ་མཛད། ཁྱད་པར་རྙིང་མ་བཀའ་མ་མདོ་སྒྱུ་སེམས་གསུམ། ཡང་ཕུར་མཉམ་སྦྱོར་སོགས་ཀྱི་དབང་ལུང་དང་། རྩ་རྒྱུད་གསང་བ་སྙིང་པོའི་བཤད་རྒྱུན་སོགས་དང་། བཀའ་བརྒྱད་རྣམ་གསུམ། བླ་མ་དགོངས་འདུས། ཕུར་པ་ཡང་གསང་བླ་མེད། སྙིང་ཐིག་ཡ་བཞི་སོགས་ཡོངས་སུ་གྲགས་པ་ཕལ་མོ་ཆེ་དང་། འཇའ་ཚོན་སྟག་ཤམ་སོགས་གཏེར་ཁ་གསར་རྙིང་མང་པོ་དང་། རྙིང་
མའི་རྒྱུད་འབུམ་རིན་པོ་ཆེ། ཀུན་མཁྱེན་ཆེན་པོའི་ངལ་གསོ་སྐོར་གསུམ་དང་མཛོད་བདུན་སོགས་གསན་ཅིང་། དེ་དག་ཐོས་ལོ་ཙམ་གྱིས་ཆོག་ཤེས་པ་དེ་འདྲའི་ལད་མོ་མ་མཛད་པར་ལོ་བཅུ་གཉིས་སྐུ་མཚམས་བཅད་རྒྱ་ཁོ་ནས་སྒྲུབ་པའི་རྒྱལ་མཚན་བཙུགས་པར་མཛད། དེ་ལྟ་བུས་རང་དོན་གྲུབ་པའི་འབྲས་བུ་མངོན་དུ་གྱུར་ཏེ་གཞན་དོན་ཕྲིན་ལས་མཛད་ཚུལ་ཡང་། དབང་སྒྲུབ་སོགས་ཀྱི་དུས་སུ་ངོ་མཚར་བའི་ལྟས་མེ་ཏོག་གི་ཆར་བབས་པ་དང་། འཇའ་ཚོན་གྱི་གུར་ཕུབ་པ་སོགས་ཡང་ཡང་བྱུང་བ་དང་། རྡོ་ལ་ཕྱག་ཞབས་ཀྱི་རྗེས་དུ་མ་བྱོན་པ། ཁྱད་པར་ཁྲོམ་ཁོག་ཕྱོགས་སུ་ཕེབས་སྐབས་ཤིག་ཆུ་བོ་ཆེན་པོ་བརྒལ་བའི་ཚེ་ཆིབས་ལས་ལྷུང་བ་ན། ན་བཟའ་ལ་བརླན་གྱིས་མ་གོས་ཤིང་ཆུ་ནང་གི་རྡོ་བར་སྐུ་ལུས་དང་ཆིབས་རྟའི་རྨིག་རྗེས་བཅས་གསལ་པོ་བྱུང་བ་དེང་སང་
བར་མཇལ་དུ་ཡོད་ལ། གཞན་དུ་ཟག་པ་མེད་པའི་ཡེ་ཤེས་ཀྱིས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་ཡོན་ཏན་གྱི་ཕུང་པོ་གཞལ་གྱིས་མི་ལངས་པ་མངའ་བ་ནི་སོ་སྐྱེའི་སྤྱོད་ཡུལ་དུ་ག་ལ་འགྱུར། འོག་མིན་དཔལ་གྱི་ཀཿཐོག་གི་གདན་ས་ཆེན་པོ་དང་། དེའི་དགོན་ལག་རྣམས་སུ་ཡང་། །གསང་བ་སྙིང་པོ། ཚོགས་ཆེན་འདུས་པ། སངས་རྒྱས་མཉམ་སྦྱོར། ཡང་དག་ཟླ་གམ་དགུ་པ་སོགས། སྒྱུ་འཕྲུལ་ལམ་རིམ་གྱིས་ཁོག་ཕུབ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་ཅིང་མཆོད་པའི་ལམ་སྲོལ་དང་། གཞན་ཡང་ན་རག་དོང་སྤྲུགས་ཀྱི་ཆོ་ག་བཀའ་གཏེར་དང་། བཀའ་བརྒྱད། དགོངས་འདུས། ཕུར་པ་སོགས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་ཀྱང་ཅི་རིགས་དང་། རྫོགས་པ་ཆེན་པོ་སེམས་སྡེ་དང་། ཀློང་སྡེ་རྡོ་རྗེ་ཟམ་པ། མན་ངག་སྡེ་རྒྱུད་བཅུ་
བདུན་རྣམས་ཀྱི་དབང་ལུང་མན་ངག་གི་བཀའ་རྣམས་ཀྱང་སོར་ཆུད་པར་མཛད། གཞིས་བྱེས་རིག་འཛིན་འདུས་པ་རྣམས་གཙོ་བོར་གྱུར་པའི་སྐལ་ལྡན་གདུལ་བྱ་རྣམས་ལ་སྔོན་འགྲོའི་ཆོས་བདུན་ནས་བརྩམས་ཏེ། བསྐྱེད་རིམ། རྫོགས་རིམ་ཐུན་མོང་དང་། ཁྱད་པར་གཞི་ཁྲེགས་ཆོད། ལམ་ཐོད་རྒལ་གྱི་ཁྲིད་སྨིན་རྒྱས་སུ་བསྩལ་ནས་སློབ་མའི་རྒྱུད་ལ་མྱོང་བ་སྐྱེ་ཚོད་དང་བསྟན་པའི་གེགས་སེལ་བོགས་འདོན་གྱི་མན་ངག་གང་ལ་གང་འདུལ་མཛད། དེ་ནས་གཏུམ་མོ་དང་། འཕོ་བ། ཐོད་རྒལ་གནད་གསུམ་སྒྲོན་དྲུག་སྣང་མུན་གྱི་ཁྲིད་རྣམས་བསྩལ་བས། བརྩོན་པས་ཉམས་སུ་ལེན་ནུས་ན་མཐར་རྩོལ་བཅས་ཀྱི་རྟགས་བཅུ་དང་། སྟོང་གཟུགས་ཙམ་ལ་ཡིད་སྨོན་མ་དགོས་པར་ལྷུན་གྲུབ་སྣང་བཞིའི་རྩལ་རྫོགས་པས་ཚེ་ལུས་གཅིག་གིས་གདོད་མའི་མགོན་པོའི་གོ་
འཕང་མངོན་དུ་བྱེད་ནུས་པའི་གདམས་པ་ཟབ་མོ་ཚུལ་བཞིན་དུ་སྟོན་པ་འདི་ནི། དབང་རྣོན་མཆོག་གི་གདུལ་བྱ་རྣམས་ལ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་སྙིང་པོ་དོན་གྱི་ཆོས་འཁོར་བསྐོར་བས་སྐལ་ལྡན་གྱི་རྒྱུད་སྨིན་གྲོལ་ལ་བཀོད་པའི་མཛད་པ་འདི་ལྟ་བུ་ནི་བཀའ་བརྒྱུད་གོང་མ་རྣམས་དང་། མཚུངས་པར་ཤེས་པར་བྱའོ། །མཛད་པ་ཕྱག་རྗེས་ཀྱང་། ཀཿཐོག་གི་གཙུག་ལག་ཁང་རིམ་པ་གཉིས་དྲི་གཙང་ཁང་སྟེང་ཤོད་རྟེན་དང་བརྟེན་པར་བཅས་པ་དཀར་ཆག་ཏུ་འཁོད་པ་ལྟར་དང་། ཁྱད་པར་ཉིན་དགོན་བདེ་ཆེན་ཆོས་གླིང་དུ། སྙིང་པོ་དོན་གྱི་སྒྲུབ་པ་ལ་གཅིག་ཏུ་གཞོལ་བའི་མཚམས་གྲྭ་བ་བཅུ་གསུམ་རེ་ལོ་གསུམ་དུ་བུག་སྒོ་འདག་སྦྱར་གྱིས་གནས་པ་ཇི་སྲིད་བསྟན་པ་གནས་ཀྱི་བར་བཙུགས་པ་དང་། ཀཿཐོག་སྐུ་འབུམ་རིང་མོ་ཞིག་གསོ་གསར་བཞེངས་
དང་མཉམ་པ། ཨོ་རྒྱན་ང་འདྲ་མ་ཐོག་ཚད་ལོངས་པ་གཙོ་འཁོར་གསུམ། རང་ལུགས་སྤྲེལ་ཟླ་ཧོར་ཟླ་དྲུག་པར་བརྩི་བའི་ཚེས་བཅུ་ཆེན་མོའི་དུས་མཆོད་སྤྲོས་བཅས་ཅན་ལོ་བསྟར་གྱི་རྒྱུན་བཙུགས་པ་གསེར་ཟངས་ཀྱི་བདེ་གཤེགས་མཆོད་རྟེན་བརྒྱད་མི་འགྲེང་གི་ཚད་ལས་མཐོ་བ། རིན་པོ་ཆེའི་ཕྲ་རྒྱན་ཕུན་སུམ་ཚོགས་པ། རྗེ་གོང་མ་གཏེར་ཆེན་ཡབ་སྲས་ཀྱི་དུས་མཆོད་ཀྱིས་མཚོན་རགས་པ་ཙམ་བརྗོད་པ་ལགས། དམ་པ་འདིའི་གསུང་རྩོམ་རྣམས་ཀྱང་བརྗོད་བྱ་ཤིན་རྫོ ཏུ་བརླིང་ཞིང་རྗོད་བྱེད་སྙན་འཇེབས་དང་ལྡན་པ་པུསྟི་གསུམ་ཙམ་བཞུགས། གསུང་གི་བདུད་རྩི་བཞེས་པའི་སློབ་ཚོགས་ཀྱང་བདུད་འདུལ་གཏེར་ཆོས་ཡོངས་རྫོགས་གསན་བཞེས་མཛད་པ་གྲུབ་དབང་རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་། ཞེ་ཆེན་རབ་འབྱམས་གཉིས་པ་འགྱུར་མེད་
ཀུན་བཟང་རྣམ་རྒྱལ། དེའི་ཡང་སྲིད་རིག་འཛིན་དཔལ་འབྱོར་རྒྱ་མཚོ། གཞན་ཡང་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་དང་། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། སྟག་ཕུ་ཁྱབ་བརྡལ་སྤྲུལ་སྐུ། གདན་ས་རང་གི་སྤྲུལ་པའི་སྐུ་དགེ་རྩེ་པཎྜི་ཏ་དང་། ཀུན་བཟང་ངེས་དོན་དབང་པོ་སོགས་ བླ་སྤྲུལ་མང་པོ་དང་། ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཆེན་སྡེ་དགེ་ཁྲི་རབས་བརྒྱད་པ་ས་སྐྱོང་བློ་གྲོས་རྒྱ་མཚོ་པོས་གཙོས་མི་ཆེན་ཆེ་རྒུ་དུ་མའི་གཙུག་གིས་ཞབས་ཀྱི་༧ པདྨོར་བཏུད་ནས་བསྙེན་ཅིང་བཀུར་བ་ཡིན། དེ་ལྟ་བུའི་མཛད་པ་རྨད་དུ་བྱུང་བས་གསང་ཆེན་སྔ་འགྱུར་གྱི་བསྟན་པ་སྤྱི་དང་། བྱེ་བྲག་རྒྱལ་བ་ཀཿཐོག་པའི་པ བསྟན་པ་སླར་ཡང་བསླངས་ནས་ཉི་མ་ཤར་བ་ལྟ་བུར་མཛད་པ་སོགས་འདི་དུས་ཙམ་ན་མདོ་སྨད་ལྗོངས་སུ་བསྟན་འཛིན་གཞན་གྱིས་འགྲན་བྱར་མ་གྱུར་པ་
མངོན་སུམ་ཚད་མའོ། །དེ་ལྟར་གྱི་མཛད་པ་ཐོག་ཅིག་རྫོགས་པའི་ཚུལ་གྱིས་རེ་ཞིག་ཟངས་མདོག་དཔལ་རིར་གཤེགས་ཚུལ་བསྟན་པའི་ཚེ། དགོངས་རྫོགས་མཆོད་སྤྲིན་སྤྲོ་བ་དང་གསེར་གདུང་བཞེངས་པ་རྣམས། སློབ་མའི་མཆོག་དགེ་རྩེ་པཎྜི་ཏ་སོགས་ཀྱིས་མཛད་པ་ལགས་སོ། །དེའི་ཡང་སྲིད་བདུད་འདུལ་བཞི་པ་རིག་འཛིན་འཇིགས་མེད་མགོན་པོ་ནི་གོང་མའི་དབོན་བརྒྱུད་དུ་འཁྲུངས་པ་རིག་འཛིན་འཇིགས་མེད་གླིང་པ་སོགས་སྐྱེས་ཆེན་མང་པོས་ཡེ་ཤེས་གཟིགས་པས་ཞིང་སྐྱོང་གོང་མའི་ཡང་སྲིད་དུ་ཐུགས་ཐག་ཆོད་པ་ཡིན་པས་འཁྲུལ་བྲལ་དུ་ངེས་ཤིང་། ཞལ་སློབ་ཀྱང་རྨོག་སྤྲུལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་སོགས་བརྒྱུད་པ་ཟིན་ངེས་མང་དུ་བྱུང་བ་ཡིན་ནོ། །དེའི་ཡང་སྲིད་བདུད་འདུལ་ལྔ་པ་འཇིགས་མེད་ཡོན་ཏན་མགོན་པོའམ། རིག་འཛིན་མི་འགྱུར་བསྟན་
པའི་རྒྱལ་མཚན་ནི། སྐུ་གོང་མའི་དབོན་བརྒྱུད་དུ་རབ་བྱུང་བཅུ་བཞི་པའི་༡༨༣༧ མེ་བྱ་ལོར་འཁྲུངས། ཀཿཐོག་སི་ཏུ་ཆོས་ཀྱི་བློ་གྲོས་སོགས་བླ་མ་མང་དུ་བསྟེན་ནས་མདོ་སྔགས་བཀའ་གཏེར་རྒྱ་མཚོ་ལ་གསན་བསམ་དང་། སྒྲུབ་པ་ཉམས་བཞེས་ཚུལ་བཞིན་མཛད་པས་ལུང་དང་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། མཛད་པ་ཕྱག་རྗེས་ཀྱང་གུ་རུའི་ལྷ་ཁང་ཨོ་རྒྱན་བསམ་འགྲུབ་ཁང་དང་། དམ་གཙང་བྱམས་གསུམ་གྱི་ལྷ་ཁང་སོགས་ངོ་མཚར་ཆེ་བའི་རྟེན་གསུམ་མང་པོ་བཞེངས། མདོ་སྒྱུ་སེམས་གསུམ་དང་བདུད་ཀློང་རྣམ་གཉིས་ཆོས་སྐོར་སོགས་རང་ལུགས་པ# ཀྱི་བསྟན་རྒྱུན་འཛིན་སྐྱོང་སྤེལ་ གསུམ་རྒྱ་ཆེར་མཛད། བརྒྱུད ་འཛིན་གྱི་སློབ་མ་ནི། ཀཿཐོག་ཉིན་དགོན་སྤྲུལ་སྐུ་རིག་འཛིན་འཇམ་དཔལ་རྡོ་རྗེ། ཛཿཀ་མཆོག་
སྤྲུལ་ཀུན་བཟང་རྣམ་རྒྱལ། སྨྱོ་ཤུལ་ལུང་རྟོགས། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། འཇིགས་བྲལ་མཐུ་སྟོབས་གླིང་པ། ཨ་འཛོམ་འབྲུག་པ་འགྲོ་འདུལ་སྣ་ཚོགས་རང་གྲོལ། རྨོག་སྤྲུལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། གཟི་ལུ་དབོན་པོ་ཀརྨ་བསོད་ནམས། ལྷ་བཟོ་རིག་འཛིན། ཉག་གཏེར་ལས་རབ་གླིང་པ། མཁར་གསར་གཏེར་སྟོན་འགྲོ་འདུལ་སྟོབས་ལྡན་གླིང་པ་སོགས་མཁས་གྲུབ་བཟང་ལ་མང་བར་བྱོན་པ་དེ་དག་རེ་རེའི་རྣམ་ཐར་ཞིབ་རྒྱས་སུ་བྲིས་ན་གླེགས་བམ་ཆེན་པོར་ལོངས་ངེས་ལགས་ཀྱང་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་སོ། །དེ་ནས་དེའི་ཡང་སྤྲུལ་བདུད་འདུལ་དྲུག་པ་འཇིགས་མེད་བདེ་ཆེན་རྡོ་རྗེ་ནི་དར་རྩེ་མདོར་ལྕགས་ལ་རྒྱལ་པོ་སྤོ་སྤོ་ཞེས་པའི་སྲས་སུ་རབ་བྱུང་བཅོ་ལྔ་པར་སྐུ་འཁྲུངས། གོང་མ་གུ་ཎ་ནཱ་ཐའི་སྐྱེ་སྲིད་དུ་ངེས་པ་རྙེད་ནས་ཀཿ
ཐོག་གདན་སར་ཁྲི་ལ་བཀོད་དེ། སི་ཏུ་པཎ་ཆེན་སོགས་བསྟེན་ནས་གསན་བསམ་སྒོམ་གསུམ་རིམ་པ་ལྟར་གནང་ནས་ནང་དུ་གྲུབ་པའི་གོ་འཕང་བརྙེས་ཀྱང་། ཕྱི་ལྟར་ཐུགས་གཏུམ་པ་དང་སྦས་པའི་བརྟུལ་ཞུགས་བཟུང་བ་དེས་བུ་སློབ་འགྲོ་དོན་ནུས་པ་ཆེར་མ་བྱུང་། འོན་ཀྱང་མངོན་ཤེས་ཐོགས་མེད་གསུངས་པ་དང་། གྲུབ་རྟགས་ཀྱང་རེས་འགར་བསྟན་པར་མཛད། དེ་ལྟ་བུའི་ཚུལ་གྱིས་ཀཿཐོག་བསྟན་བདག་རྒྱུན་རིང་གནང་ནས་ཞིང་ལ་གཤེགས་སྐབས་གདུང་རྟགས་ངོ་མཚར་བ་དུ་མ་བྱུང་ནས་ཐམས་ཅད་དད་པའི་གནས་ལ་བཀོད་དོ། །དེ་ནས་དེའི་ཡང་སྲིད་བདུད་འདུལ་བདུན་པ་འཇིགས་མེད་ཕྲིན་ལས་མགོན་པོ་ནི། སྡེ་དགེ་ཀུ་སེ་སྔོ་ཁང་ཚང་ཀར་དབང་གི་བུར་རབ་བྱུང་བཅུ་དྲུག་པར་འཁྲུངས། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་
སྤྲུལ་པའི་སྐུར་ངོས་འཛིན་དང་མཚན་གསོལ་གནང་བ་ལྟར་ཀཿཐོག་ཏུ་གདན་དྲངས་ནས་གོང་མའི་ཁྲི་ལ་མངའ་གསོལ་ནའང་། མི་རིང་བར་ཁམས་བོད་ཀུན་ཏུ་དུས་ཟིང་འགྱུར་བ་ལངས་རྐྱེན་གྱིས་བྲོས་སྟབས་སུ་རྒྱ་གར་དུ་ཕེབས་ཏེ་རྗེ་གཏེར་ཆེན་བདུད་འཇོམས་རིན་པོ་ཆེའི་དྲུང་ནས་བཀའ་གཏེར་གྱི་དབང་ལུང་མང་། པོ་གསན་པར་མཛད་ནའང་བསྟན་པའི་བར་ཆད་ལྟ་བུས་མཛད་པ་ལམ་ལྷོང་མ་བྱུང་བར་བཞུགས་ཟོས་བདེ་མིན་གྱིས། ད་ལྟ་རྒྱ་ནག་ཕྱོགས་སུ་འཚོ་གཞེས་བཞུགས་བཞིན་པའོ། །ཡང་དྲི་མེད་ཞིང་སྐྱོང་མགོན་པོའི་ཐུགས་སྲས་ཀྱི་གཙོ་བོ་ནི་སྤྲུལ་པའི་སྐུ་འགྱུར་མེད་ཚེ་དབང་མཆོག་གྲུབ་དཔལ་འབར་ཉིད་ཡིན་ཏེ། རྗེ་འདི་ནི་དགེ་རྩེ་ཁྲོ་ཤུལ་ཞེས་པའི་འབྲོག་སྡེ་ཆེན་པོ་ཞིག་ཏུ་ཡབ་དཔོན་བློ་བཟང་ཚུལ་ཁྲིམས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པར་༡༧༤༡ སྐུ་འཁྲུངས། །
ཀཿཐོག་གི་བླ་མ་གོང་སྨོས་ཚེ་དབང་ཕྲིན་ལས་ཀྱི་སྐྱེ་སྲིད་དུ་ངེས་པས་དྲི་མེད་ཞིང་སྐྱོང་རིན་པོ་ཆེས་གདན་སར་གདན་དྲངས་ནས་ཐུན་མོང་རིག་པའི་གནས་རྩིས་དཀར་ནག །བཟོ་གསོ་བ། སྒྲ་སྙན་ངག་རྣམས་དང་། ཐུན་མིན་ནང་དོན་རིག་པ་མདོ་སྔགས་བཀའ་གཏེར་བསྟན་བཅོས་ཐམས་ཅད་བུམ་པ་གང་བྱོར་བསྩལ་ནས། ཐུགས་རྒྱུད་ཡོངས་སུ་སྨིན་པར་མཛད། གཞན་ཡང་ཡོངས་འཛིན་དུ་མ་ལས་གསན་བསམ་མཐར་ཕྱིན་པར་མཛད་དེ། རིག་གནས་ཡན་ལག་དང་བཅས་པ་ལ་མཁས་པའི་ཕུལ་དུ་གྱུར་ཅིང་། མདོ་རྒྱུད་མན་ངག་རྒྱ་མཚོ་ལྟ་བུའི་བཤད་སྲོལ་སོགས་གང་ལའང་ཆགས་ཐོགས་སྤངས་པའི་མཁྱེན་རྒྱ་དང་སྤོབས་པ་མངའ་བ་དེས་ན་ཀཿཐོག་པཎྜི་ཏ་ཞེས་ཡོངས་སུ་གྲགས་པ་དང་། རིགས་ཀྱི་ཅོད་པན་དྲི་མེད་ཞིང་སྐྱོང་དགོངས་པ་རྫོགས་
རྗེས་མཆོད་འབུལ་ཆེད་དབུས་ཕྱོགས་ལྷ་ལྡན་དུ་ཕེབས། རྒྱལ་བ་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཇལ་ནས་འབུལ་བ་གྱ་ནོམ་པ་ཕུལ། གཞུང་ས་མཆོག་ནས་ཀྱང་གཟིགས་བཟོས་དཔེ་མེད་མཛད། དེ་ནས་རིམ་པར་ལྷོ་གནས་རྒྱས་པར་ཕེབས་ཞོར་ལ་འཕྱོངས་རྒྱས་དོན་མཁར་ཚེ་རིང་ལྗོངས་དཔལ་ལྡན་པདྨ་འོད་གླིང་དུ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ་དང་མཇལ་འཛོམ་གྱིས་ཐེག་པ་རིམ་དགུའི་ལྟ་གྲུབ་ཀྱི་གནས་ལས་བརྩམས་ཏེ་ཆོས་ཀྱི་བགྲོ་བ་མཛད་དེ་ཕན་ཚུན་ཐུགས་ནང་གཅིག་འདྲེས་སུ་གྱུར་ནས་ཆོས་ཀྱི་སྐྱེས་འབུལ་རེས་སོགས་མཛད་པ་ནི། མཁས་པ་མཁས་པའི་དབུས་ན་མཛེས། །ཞེས་པ་ལྟར་རྟེན་འབྲེལ་ལེགས་པར་འགྲིགས་པ་བྱུང་། དེ་སྐབས་དགེ་ཕྱོགས་ཀྱི་བླ་ཆེན་མཁས་དབང་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་མཇལ་ནས་ཆོས་ཀྱི་འབེལ་གཏམ་ཞིབ་རྒྱས་
མཛད་པས། ཀཿཐོག་པཎ་ཆེན་གྱི་མཁྱེན་ཡོན་ལ་ཐུགས་ཤིན་ཏུ་མགུ་བའི་བསྔགས་བརྗོད་དང་བཅས་བཀའ་ལས་ཁྱེད་ལ་ཐུགས་བཞེད་ཡོད་ན་རྒྱ་ནག་གོང་མ་ཆེན་པོར་ངེད་ཀྱིས་ཞུ་སྣ་བྱས་ཏེ་བླ་ཆེན་གྱི་གོ་ས་ཐོབ་པ་ཞུས་ཆོག་གསུངས་པ་ལ། རྗེ་འདིས་རྒྱ་ནག་གོང་མ་ཁོང་མི་ཆེན་ཡིན་ཀྱང་བླ་མའི་ཡོན་ཏན་མི་ཤེས་པར་མ་ཟད། ཐོབ་དང་གོ་ས་འདི་རང་ཅག་ཆོས་མཛད་རྣམས་ཀྱིས་དོན་དུ་གཉེར་བྱ་མ་ཡིན་པས་དགོས་པ་མེད་གསུངས་པས་ཅང་མི་གསུང་བར་བཞུགས་པའི་ལོ་རྒྱུས་ཡོད། དེ་ནས་མདོ་ཁམས་སུ་སླར་ཕེབས་ནས་སྡེ་དགེ་ཆོས་རྒྱལ་དང་མཆོད་ཡོན་དུ་གྱུར་ཏེ། དབུས་ཕེབས་སྐབས་ཀུན་མཁྱེན་འཇིགས་གླིང་གི་བཀའ་མངགས་རྗེས་སུ་བསྒྲུབ་པའི་སླད་དུ་སྐུ་ངལ་ཁྱད་དུ་བསད་ནས་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་རྒྱལ་ཁབ་དེར་སྤར་གསར་
བསྐྲུན་མཛད་པའི་དབུ་འདོམས་དང་ཞུས་ཆེན་པའི་ཐུགས་འགན་བཞེས་ནས་རྙིང་རྒྱུད་དཀར་ཆག་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་བརྩམས་པ་དང་། གཞན་ཡང་གསང་སྙིང་སྤྱི་དོན་ལེགས་བཤད་རོལ་མཚོ། ཉང་གཏེར་གུ་རུ་པདྨའི་གསང་སྔགས་ལམ་རིམ་གྱི་རྒྱ་ཆེར་འགྲེལ། ཀློང་གསལ་རྡོ་རྗེ་སྙིང་པོའི་ཁྲིད་ཆེན་སློབ་མ་ལ་ཕན་པའི་མན་ངག་ཟབ་ལམ་གདམས་པའི་སྙིང་པོ། མཆན། སོགས་བསྟན་པ་གསལ་བར་ནུས་པའི་གསུང་རྩོམ་པུསྟ་ཀ་བཅུ་ཕྲག་ཙམ་བཞུགས། མཛད་པའི་ཕྱག་རྗེས་ཀྱང་ཀཐོག་གདན་སའི་གཙུག་ལག་ཁང་ཆེན་མོ་རྒྱ་ཕིབས་གཉྫི་ར་དང་བཅས་པ། ནང་གི་རྟེན་གསུམ། དགེ་འདུན་སྡེའི་ཚོགས་ཁྲོ་ཆེན་མོ་གསར་བླུགས་བཅས་ལེགས་པར་བསྒྲུབས། ཡབ་ཡུལ་དུའང་ཟླ་ཡུལ་གྲྭ་ལག་བཤད་སྒྲུབ་གླིང་གི་ཆོས་སྡེ་ཆེན་པོ་གསར་བཏབ་དང་། དུས་འཁོར་མཆོད་རྟེན་ཆེན་
མོ་དང་མཐོང་གྲོལ་མཆོད་རྟེན་བཅས་བཟོ་བཀོད་ཕུན་སུམ་ཚོགས་པ་ཟུང་དགོན་སྡེ་དེའི་བྱང་ཕྱོགས་སུ་བཞེངས་པ་སོགས་ཕྱག་རྗེས་གཞན་ལས་ཆེ་ཞིང་། མདོ་རྒྱུད་བཀའ་གཏེར་གྱི་བཤད་སྲོལ་འཆད་སྤེལ་དང་སྒྲུབ་ཕྲིན་གྱི་ཕྱག་བཞེས་མི་ཉམས་གོང་འཕེལ་ཉམས་པ་སོར་ཆུད་མཛད་པ་དང་། རང་ཉིད་ཐུགས་དམ་ཉམས་བཞེས་སུ་སྐུ་མཚམས་བཅད་རྒྱ་གནང་བ་སོགས་འཁོར་ལོ་གསུམ་ལས་མི་འདའ་བར་མཛད། ཞལ་སློབ་ཀྱི་གཙོ་བོ་ཀུན་བཟང་ངེས་དོན་དབང་པོ། རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར། ཞིང་སྐྱོང་སྤྲུལ་སྐུ་རིག་འཛིན་འཇིགས་མེད་མགོན་པོ། ཞེ་ཆེན་རྒྱལ་ཚབ་གསུམ་པ་བསྟན་འཛིན་ཆོས་རྒྱལ། ཁྱད་པར་དུ་རྗེ་འདི་ཉིད་ཀྱི་ཞབས་དྲུང་དུ་ལོ་ལྔ་འབྲལ་མེད་བསྙེན་ནས་བཅུ་
ཕྲག་རིག་པའི་གནས་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཅན་ཞེ་ཆེན་དབོན་སྤྲུལ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་། གཞན་ཡང་རྨོག་སྤྲུལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། ཉིན་དགོན་སྤྲུལ་པའི་སྐུ་འོད་གསལ་སྙིང་པོ། སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ། བེ་རུ་གྲུབ་སྲས་ཆོས་ཀྱི་ཉི་མ། ཛཀ་མཆོག་སྤྲུལ་བསོད་ནམས་རྣམ་རྒྱལ། མཁས་དབང་དགེ་མང་དབོན་ཐར་འབུམ། ཁྲོམ་དགེ་སྐུ་མདུན་བསོད་ནམས་རིན་ཆེན། གནས་འགོ་བདེ་ཆེན་རྒྱ་མཚོ བྲག་དམར་ཡིད་བཞིན་དབང་རྒྱལ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སོགས་མཁས་གྲུབ་བསྟན་པ་གསལ་བར་བྱེད་པའི་ཚོགས་དེ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་དང་སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་བསྟན་ལ་ཕྱག་རྗེས་རྨད་དུ་བྱུང་བ་བཞག་ཚུལ་ནི་སོ་སོའི་རྣམ་ཐར་ལས་ཤེས་པར་བྱའོ། །དེ་ལྟ་
བུའི་མཛད་པ་བསྐྱངས་པའི་མཐར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་སོ། །དེའི་ཡང་སྲིད་དེ་མ་ཐག་པ་ནི་རིག་འཛིན་ཚེ་དབང་རྒྱ་མཚོ་སྟེ། མཁྱེན་རྟོགས་དང་ལྡན་པ་དེ་ཉིད་སྦ་མགོར་བཞུགས་པ་ལ་བསྟན་པའི་གེགས་ཆག་ལྟ་བུས་ལོག་སྨོན་ཅན་གྱི་སྐྱེ་བོ་མི་བསྲུན་པའི་སྦྱོར་བས་རྐྱེན་ལམ་དུ་གཤེགས་ཤོར་བས་ཀཿབསྟན་ལ་སྨན་པའི་མཛད་པ་འཕྲོ་ཅན་དུ་གྱུར་ཏོ། །དེའི་ཡང་སྲིད་དགེ་རྩེ་གསུམ་པ་འགྱུར་མེད་བསྟན་པ་རྣམ་རྒྱལ་འཇམ་བླ དབྱངས་དགྱེས་པའི་བློ་གྲོས་དཔལ་བཟང་པོ་ནི། ཝ་ཤུལ་ཁྲོམ་ཁོག་རྒྱ་ཤོད་པ་ཞེས་པའི་འབྲོག་སྡེའི་དཔོན་ཚང་གི་བུར་རབ་བྱུང་བཅོ་ལྔ་པའི་མེ་ཕོ་༡༨༨༦རིང་ཁྱི་ལ་འཁྲུངས། ལྷ་དང་བླ་མའི་ལུང་གིས་དགེ་རྩེ་གོང་མའི་སྐྱེ་སྲིད་དུ་ངོས་བཟུང་ནས་ཀཿཐོག་གདན་སར་ཁྲི་ལ་བཀོད། སྐུ་ཆུང་ངུའི་དུས་ནས་སྐྱེས་བུ་དམ་
པའི་རང་རྟགས་འགོག་མེད་དུ་གསལ་བས་ཐེ་ཚོམ་ཡོངས་སུ་བསལ། དེ་ནས་ལམ་རྐྱེན་དགེ་བའི་བཤེས་གཉེན། སི་ཏུ་ཆོས་ཀྱི་རྒྱ་མཚོ། ཛེཀ་མཆོག་སྤྲུལ། ཉག་བླ་ཡེ་ཤེས་རྡོ་རྗེ། ཨ་འཛོམ་འབྲུག་པ་སོགས་གུས་པས་བསྟེན་ནས་བཅུ་ཕྲག་རིག་པའི་གནས་རྣམས་ལ་མཁྱེན་པའི་ཆུ་གཏེར་ཕྱོགས་མེད་དུ་རྒྱས། ཁྱད་པར་བཤད་སྒྲུབ་ཀྱི་ཆུ་གཏེར་ཆེན་པོ་རྒྱལ་བ་ཀཿཐོག་པའི་རིང་ལུགས་ལ་ལྷག་པར་ཐུགས་རྩོལ་གྱིས་བཀའ་གཏེར་མན་ངག་རྒྱ་མཚོ་ལྟ་བུ་སྨིན་གྲོལ་ཆུ་བོ་བཞི་ལྡན་གྱི་གནས་ལ་ཐོས་བསམ་སྒོམ་པའི་རིམ་པ་མ་ནོར་བར་ཐུགས་ཉམས་སུ་བཞེས་པས་རྟོགས་པ་ཀློང་དུ་གྱུར་ཅིང་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དབྱིངས་སུ་རྒྱུ་འབྲས་ལ་ཟློས། དེ་ལྟ་ནའང་ཐབས་ཀྱི་ཆ་ལ་སྐུར་འདེབས་ཀྱི་མཐའ་ལས་འདས་ཏེ། ཕྱི་འདུལ་བ་འཛིན་པའི་གནས་བརྟན་ཆེན་པོ།
ནང་རྒྱལ་སྲས་སེམས་དཔའ་ཆེན་པོ། གསང་བ་དེ་ཉིད་བཅུ་ལྡན་གྱི་རྡོ་རྗེ་སློབ་དཔོན་ཆེན་པོ་མཆོག་གི་སར་བཞུགས་པ་སྟེ་ཡོན་ཏན་རྒྱ་མཚོའི་ཕ་རོལ་དུ་སོན་ཀྱང་མངོན་པའི་ང་རྒྱལ་གྱི་དྲིས་མ་གོས་ཤིང་ཐུགས་རྒྱུད་བཟང་པོ་དང་ཞི་དུལ་ཁོ་ན་ལས་ནམ་ཡང་མི་འདའ། ལྷག་པར་སྔ་འགྱུར་། བཀའ་གཏེར་སྤྱི་དང་ཁྱད་པར་བདུད་ཀློང་རིག་འཛིན་ཆེན་པོ་ཡབ་སྲས་ཀྱི་རང་ལུགས་རྣམ་པར་དག་པའི་གར་ཐིག་དབྱངས་གསུམ་འབུད་དཀྲོལ་བརྡུང་ གསུམ་སོགས་ཆོ་གའི་ཆིངས་དང་ཕྱག་རྒྱ་བཅས་ལུགས་གཞན་གྱི་ཤན་མ་ཞུགས་པར་མཐོང་བརྒྱུད ་ཡང་དག་པས་གཏན་ལ་ཕབ་ནས་དོན་དུ་གཉེར་བ་རྣམས་པཏྟཾ ལ་བརྩེ་བས་འདོམས་པ་ལ་སྐྱོ་ངལ་སྤངས་པ་དུས་རྟག་ཏུ་མཚམས་དང་སྒྲུབ་པ་ཁོ་ན་མཛད་ཅིང་། སྐབས་འགར་ཕྱག་ཚ་རིན་པོ་ཆེ་སོགས་ཀྱིས་གདན་ཞུས་
ལྟར་ཟླ་ཡུལ་གྲྭ་ལག་བཤད་སྒྲུབ་གླིང་སོགས་རྒྱལ་བ་ཀཿཐོག་པའི་ཆོས་སྡེ་དུ་མ་ལ་ཕེབས་ནས་བདུད་ཀློང་རྣམ་གཉིས་གཙོ་བོར་གྱུར་པའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ལན་གྲངས་དུ་མར་བསྩལ་བས། སྐལ་ལྡན་དཔག་ཏུ་མེད་པའི་རེ་བ་ཡོངས་སུ་བསྐངས་པའི་ཕྲིན་ལས་བཟང་པོ་མཆོག་ཏུ་མངའ་བའི་རྗེ་འདི་ལ། ཀཿཐོག་གི་བསྟན་སྲུང་དཔལ་ལྡན་ལྷ་མོས་ཡང་ཡང་བསྐུལ་ནས་ཀཿཐོག་བླ་རབས་གོང་མ་རྣམས་ཀྱི་ཐུགས་ཉམས་སུ་བསྟར་བའི་སྙན་བརྒྱུད་གདམས་པའི་སྦེ བཅུད་སྙིང་པོའི་ཡང་ཞུན་འདི་དག་དུས་ཀྱི་མཐར་ཡང་མི་ནུབ་པའི་བཙས་སུ་དགོངས་ཏེ་རྫོགས་པ་ཆེན་པོའི་ལམ་གྱི་རིམ་པ་ཐུན་མོང་བློ་ལྡོག་རྣམ་བཞི་ནས་། བསྐྱེད་རྫོགས་ཐུན་མོང་དང་། ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོའི་གཞི་ཁྲེགས་ཆོད། ལམ་ཐོད་རྒལ་གྱི་ལྟ་སྒོམ་སྤྱོད་འབྲས་དང་བཅས་པ་དབང་རབ་ཚེ་
འདིར་གྲོལ་བ་དང་། འབྲིང་བར་དོར་གྲོལ་བ། དབང་པོ་ཐ་མ་རྣམ་སྨིན་སྲིད་པ་བར་དོར་གྲོལ་བའི་གདམས་པ་དང་བཅས་ལམ་ཚང་ལ་མ་ནོར་བའི་མན་ངག་གི་ཁྲིད་ཡིག་ཆེན་མོ་གདམས་ཁྲིད་ནོར་བུའི་མེ་ལོང་ཞེས་བྱ་བ་ཤོག་གྲངས་བརྒྱ་ཕྲག་ལྔར་ལོངས་པ་འདི་མཛད་ནས་ཀཿཐོག་གདན་སར་སྤར་དུ་བཞེངས་གྲུབ་པ་དང་། གཞན་ཡང་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཡང་ནས་ཡང་དུ་བཀའ་ཡིས་བསྐུལ་ནས་བདུད་འདུལ་ཕུར་པ་གནམ་ལྕགས་སྤུ་གྲིའི་བསྙེན་ཡིག་རྡོ་རྗེ་ཉི་མའི་སྣང་བ་བར་ཆད་དགྲ་ལས་རྣམ་རྒྱལ་ཞེས་བྱ་བའི་ཕུར་འགྲེལ་འདི་ཡང་རྡོ་རྗེ་ཕུར་པ་ཡི་དམ་དུ་བསྟེན་པ་རྣམས་ལ་མེད་དུ་མི་རུང་བའི་ལེགས་བཤད་དུ་ངེས། དེ་ལས་གཞན་ཡང་བརྡ་སྤྲོད་ཀྱི་གཞུང་དང་། རྩིས་དཀར་ནག་སོགས་རིག་གནས་ཡན་ལག་དང་བཅས་པའི་
བསྟན་བཅོས་ཚིག་དོན་ཕུན་སུམ་ཚོགས་པ་མང་དུ་མཛད། སྐུ་ཚེའི་སྨད་ལ་དབུས་གཙང་བརྒྱུད་འབྲས་ལྗོངས་དང་འཕགས་ཡུལ་རྡོ་རྗེ་གདན་སོགས་གནས་ཆེན་རྣམས་སུ་ཕེབས་ནས་མཆོད་པ་དང་ཐུགས་སྨོན་རྒྱ་ཆེར་སྤྲོས། འདི་སྐབས་སུ་རྗེ་གཏེར་ཆེན་བདུད་འཇོམས་སྤྲུལ་སྐུ་རིན་པོ་ཆེ་དང་མཇལ་འཛོམ་ཐོག་ཆོས་གསན་རེས་མཛད་ནས་ཐུགས་ནང་གཤིན་པོ་བྱུང་འདུག །སླར་གདན་སར་འཁོད་ནས་མི་རིང་བར་བསྟུན་ཚུལ་གྱིས་ཡབ་ཡུལ་ཁྲོམ་ཁོག་ཏུ་གདན་བླ དྲངས་པའི་ལམ་བར་ས་ཆ་སྐྱིད་པོ་འགོལ་ས་ཞིག་ཏུ་བཞུགས་ནས་༡༩༥༢ དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །སྐུ་གདུང་ཞུགས་འབུལ་སྐོར་ཁད་ཉེའི་སྟབས་དང་སྔོན་ནས་ཞལ་ཆེམས་ཡོད་པ་ལྟར་ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེས་གནང་བ་ཡིན་ནོ། །དེའི་སྐྱེ་སྲིད་ནི་རྒྱལ་དབང་ཀརྨ་པ་དང་། །
མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཨ་འཛོམ་རྒྱལ་སྲས་རྣམས་ཀྱིས་ངོས་འཛིན་གནང་བ་ཞིག་འཁྲུངས་ཡུལ་མགོ་ལོག་ཕྱོགས་སུ་དེང་སང་ཞལ་བཞུགས་བཞིན་པའོ། །ད་ནི་ལོ་ཆེན་བཻ་རོ་དང་ཤུད་བུ་དཔལ་སེང་ཟུང་དུ་འཇུག་པའི་རྣམ་རོལ་གྲུབ་པའི་དབང་ཕྱུག་ཆེན་པོ་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྤྲུལ་སྐུ་རྨོག་སྟོན་ནམ་མཁའ་ཆོས་དབང་ངམ་རྨོག་གྲུབ་རིག་འཛིན་ཆེན་པོ་ཞེས་མཚན་ཡོངས་སུ་གྲགས་པ་དེའི་རྣམ་ཐར་བརྗོད་པར་བྱ་སྟེ། དེ་ཡང་སྤྲུལ་པའི་སྐྱེས་ཆེན་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་རྣམ་ཐར་དུ། སྐྱེ་བ་འདི་འོག་མི་འགྱུར་རྡོ་རྗེའི་མཚན། །དེ་འོག་ནམ་མཁའ་མཚན་ཅན་ཟབ་གཏེར་དབང་། །ཞེས་འབྱུང་འགྱུར་ལུང་བསྟན་པ་བཞིན་གནམ་ཆོས་མི་འགྱུར་རྡོ་རྗེའི་རྣམ་ཐར་གོང་དུ་བཤད་པ་ལྟར་ལ། འདིར་གཏེར་སྟོན་ནམ་མཁའ་ཆོས་དབང་
ནི། བདུད་འདུལ་རྡོ་རྗེའི་ལུང་བསྟན་ལས། མཚམས་མདུན་ཕྱོགས་ནས་འདྲེ་མོས་དངོས་གཟུགས་སྟོན༔ ཀླུ་རྫོང་ཕྱོགས་ནས་སྔར་མེད་ཆུ་མིག་རྡོལ༔ གསང་བདག་སྤྲུལ་པ་དྷརྨའི་མིང་ཅན་འབྱུང་༔ ཞེས་ལུང་བསྟན་ཤིན་ཏུ་གསལ་བ་ལྟར། ཀླུ་རྫོང་ཞེས་པ་དང་། ཀླུ་ཞགས་ཞེས་པ་གཉིས་ཀ་ནས་ཆུ་མིག་གསར་པ་ཆེ་བ་རེ་ཐོན་ཅིང་། ལྷ་འདྲེའི་དངོས་གཟུགས་བསྟན་པ་སོགས་ལུང་བསྟན་ནས་བཤད་ཚོད་དང་མཐུན་པར་བྱུང་སྟེ། འཁྲུངས་ཡུལ་བསོ་ཡི་རེ་ཁེ་བྱང་གསུམ་ཞེས་པར། ཡབ་སྔགས་འཆང་ཨ་མྱེ་བསོད་ནམས་བཀྲ་ཤིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་མོ་བྱ་ཡི་ལོ་ལ་༡༧༧༧ སྐུ་བལྟམས། ཆུང་ངུའི་དུས་ནས་རིགས་སད་པས་སྐྱེ་བ་དྲན་པ་དང་། གྲུབ་པའི་སྤྱོད་པའང་ཅི་རིགས་མཛད། དགུང་ལོ་དགུ་པར་ཀཿཐོག་དྲུང་ནམ་མཁའ་རྒྱ་མཚོ་མཇལ་
བར་བྱོན་པ་ན་ཚེ་རབས་ལས་ཀྱི་བླ་མ་རྒྱལ་བ་མཆོག་དབྱངས་རྣམ་འཕྲུལ་བྲག་དམར་ཀུན་བཟང་རྣམ་རྒྱལ་ཡིན་པས་དེར་སོང་དང་མ་འོངས་པར་ཁྱོད་རྒྱལ་བ་ཀཿཐོག་གི་གདན་ས་འཛིན་པའི་སྤྲུལ་སྐུ་ཞིག་ཏུ་འགྱུར་ཞེས་ལུང་བསྟན་པ་ལྟར་སྟག་བླ་ཀུན་བཟང་རྣམ་རྒྱལ་དྲུང་དུ་བྱོན་ནས་ལོ་མང་དུ་གསན་བསམ་མཛད། ཁྱད་པར་དུ་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་སོགས་རྫོགས་པ་ཆེན་པོའི་ཉམས་ཁྲིད་ཟབ་རྒྱས་ཡང་ཡང་གསན་ནས་ཉམས་བཞེས་ལ་རྩེ་གཅིག་ཏུ་བརྩོན་པའི་མཐུས་མཉམ་རྗེས་འདྲེས་ནས་འོད་གསལ་ཁོར་ཡུག་གི་རྣལ་འབྱོར་དུ་གྱུར་པས། བླ་མ་མཉེས་ནས་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་མཛད། དབང་ཆས་སོགས་གནང་ནས་འགྲོ་དོན་ལ་བསྐུལ། སླར་རང་ཡུལ་དུ་བྱོན་ནས་ཀླུ་རྫོང་མགོར་བླ་མ་ཀུན་བཟང་རིན་ཆེན་གྱི་གཟིམས་
ཁང་ནཱ་ག་རྫོང་དུ་བུག་སྒོ་འདག་སྦྱར་གྱི་ཁོངས་སུ་ཕྱག་རྡོར་བསྙེན་པ་དུང་ཕྱུར་གཅིག་དང་གུར་དྲག་ཡེ་ཤེས་རབ་འབར་གྱི་བསྙེན་པ་དུང་ཕྱུར་གཅིག་བཅས་ལྗགས་བསྙེན་མཛད་པས་ཕྱག་རྡོར་གྱི་ཞལ་ཡང་ཡང་གཟིགས། ནུས་མཐུའི་དངོས་གྲུབ་ཐོབ་པས་སྨྱོ་འདྲེ་བཏུལ་བ་དང་། ཆུ་བོ་ཆེན་པོ་འབྲི་ཆུ་གྱེན་དུ་བཟློག་པ། རྡོ་བ་ཟན་ལྟར་གསོལ་བ། སྐུ་ལུས་ལས་མེ་འབར་བ་སོགས་ངོ་མཚར་བའི་གྲུབ་རྟགས་མང་དུ་བསྟན། ཟབ་མོའི་གཏེར་ཁ་དང་གནས་སྒོ་མང་པོའང་གསར་ཕྱེ་མཛད། ཆོས་གཏེར་རྣམས་རྟེན་འབྲེལ་གྱི་བབ་ལས་རྒྱ་ཆེར་སྤེལ་མ་གྲུབ་ཀྱང་། རྫས་གཏེར་སྐུ་ཚབ་ཕྱག་མཚན་སོགས་མང་དུ་སྤྱན་དྲངས། ཁྱད་པར་རྫ་རྒྱུད་འབྲོག་ཨ་དོས་ཞེས་པའི་གནས་ནས་གསེར་རྫ་བུམ་གཉིས་གཏེར་ནས་བཏོན་ཏེ་ཀཿཐོག་སྐུ་འབུམ་ཆེན་མོ་གསོ་བའི་ཆ་རྐྱེན་མཛད་དེ་དམ་གཙང་
བྱམས་གསུམ་གྱི་གདུང་འབུམ་ལ་གྲང་གསེར་བ་ཡི་ཀོ་བའི་སྲབ་མཐུག་ཙམ་བྱུགས་པར་མཛད་པ་དང་། མཁའ་འགྲོས་ལུང་བསྟན་པ་བཞིན་ཉག་ཨ་ཛི་རོང་དྷ་ཀི་དྲུག་བསྟོད་དགོན་ཆགས་བཏབ། ས་ཡོས་ལོར་རྩམ་མདོའི་དགོན་ཕུག་གནས་ཞལ་ཕྱེ་བར་མཛད། རྗེ་འདི་རྨོག་ཚ་ཨོ་རྒྱན་བསམ་འཕེལ་ཞེས་མི་འགྱུར་རྡོ་རྗེ་དང་ཐུགས་རྒྱུད་གཅིག་པ་དེའི་ཡང་སྲིད་དུ་ངོས་བཟུང་ནས་ཀཿཐོག་གདན་སར་ཕེབས་སྐབས་སྦྲ་མགོ་བརྩོན་འགྲུས་རྒྱ་མཚོའི་མནལ་ལམ་དུ་ལྟས་བཟང་པོ་བྱུང་བས། དྲི་མེད་ཞིང་སྐྱོང་དང་རྣམ་གཉིས་ནས་ཤངས་ལེན་གཟབ་རྒྱས་དང་བཅས་བསུས་ཏེ་བླ་བྲང་གོང་གི་གྲྭ་ཤག་ཅིག་ཕུལ་ནས་དེར་བཞུགས་པ་ཡིན། མངོན་པར་ཤེས་པ་ཆགས་ཐོགས་མི་མངའ་བས་སྒ་རྗེ་དཔོན་ཚང་བུ་མོ་ལྷ་ལྕམ་ངང་ཚུལ་རྒྱལ་མོའི་རྣམ་འཕྲུལ་དུ་ལུང་གིས་ཟིན་
པ་ཚེ་དབང་ལྷ་མོ་དེ་ཉིད་སྐུ་ན་ཕྲ་མོའི་དུས་མཇལ་དུ་བྱོན་པས། བུ་མོ་འདི་བསོད་ནམས་ཆེ་བ་ཞིག་ཡིན་ཏེ་རྒྱ་ནག་པེ་ཅིན་ཡན་ལ་གྲགས་པ་ཞིག་འོངས་གསུངས་ནས་ལུང་བསྟན་པ་ལྟར། ཕྱིས་སྡེ་དགེ་ཆོས་རྒྱལ་གྱིས་ཁབ་ཏུ་བཞེས་ནས་ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་དམ་པ་དུ་མའི་ཐུགས་ཟིན་གྱི་སློབ་མར་གྱུར་ཅིང་ལུགས་གཉིས་ཀའི་ཕྱོགས་ནས་སྙན་གྲགས་ཀྱི་བ་དན་ཕྱོགས་ཀུན་ཏུ་གཡོ་བ་འདི་བྱུང་བས་མཚོན་ལྐོག་གྱུར་ཐམས་ཅད་སྒྲིབ་མེད་དུ་གཟིག༴ ས། གདུག་རྩུབ་ཅན་གྱི་སྐྱེ་བོ་དག་གི་བསམ་སྦྱོར་ལ་བརྟེན་རྨོག་ཚ་རང་གི་གདན་སར་ཡུན་རིང་བཞུགས་པ་མ་བྱུང་བས། ཕལ་ཆེར་ཀཿཐོག་ཏུ་བཞུགས་ནས་སྐལ་བ་དང་ལྡན་པ་རྣམས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ནས་འགྲོ་དོན་མཐའ་ཡས་པ་བསྐྱངས་པ་དང་། རྗེ་འདིའི་དག་སྣང་གི་ཆོས་སྐོར་མཁའ་
འགྲོ་བཀའ་བརྒྱད་ཀྱི་ཆོས་བདག་ཞེ་ཆེན་རྒྱལ་ཚབ་པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་ཞེས་དྲི་མེད་ཞིང་སྐྱོང་དང་། དགེ་རྩེ་པཎྜི་ཏ། ཀུན་བཟང་ངེས་དོན་དབང་པོ་རྣམས་ཀྱི་ཞལ་སློབ་ཏུ་གྱུར་པ་དེ་དང་། གཞན་ཡང་སི་ཏུ་ཆོས་འབྱུང་སོགས་བླ་ཆེན་དང་། སྡེ་དགེ་རྒྱལ་པོ། རྒྱལ་རོང་ཚྭ་ཁོ་རྒྱལ་པོ་སོགས་མི་ཆེན་དུ་མའི་ཏི་ཤྲིར་གྱུར་པ་ཡིན་ནོ། །དེ་ལྟ་བུའི་མཛད་པ་རྨད་དུ་བྱུང་བ་བསྟན་པའི་མཐར་གསང་བདག་གི་ཐུགས་ཀློང་དུ་ཐིམ་མོ། ། དེའི་ཡང་སྲིད་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་ནི་སྡེ་དགེ་གཏེར་ལྷུང་དེའུ་འགོ་ཚང་གི་བུར་འཁྲུངས། ཀཿཐོག་དགེ་རྩེ་རིན་པོ་ཆེས་རྨོག་གྲུབ་ཡང་སྲིད་འཁྲུལ་བྲལ་དུ་མཁྱེན་ནས་ཀཿཐོག་གདན་སར་གསེར་ཁྲི་ཐོག་ཏུ་བཀོད། དགེ་ཕྱག་གཉིས་སོགས་བླ་མ་མང་པོ་ལས་ཆོས་ཚུལ་གསན་བཞེས་ཀྱིས་རྟོགས་པ་མཐོན་
པོར་གྱུར། རྟེན་རབ་བྱུང་གི་ཚུལ་དང་། ཚེ་རིང་མ་དང་མི་དང་མི་ལབ་པ་བཞིན་ཡིན་པར་མ་ཟད་ཀཿཐོག་རྟེན་བཞེངས་གནང་སྐབས་དར་སྣས་མ་ལྡེང་པ་བྱུང་བས་ཚེ་རིང་མས་དར་སྨན་རྩེ་མང་པོ་དངོས་སུ་ཕུལ་བ་ཕྱིས་སུ་ཡང་མཇལ་རྒྱུ་ཡོད། མཁས་མཆོག་སྟག་མོ་སྒང་པས་རྗེ་འདི་ལ་སྐུ་སྐྱེ་བ་སྔོན་མ་ལས་ལྷག་པ་དེང་སང་བཞུགས་བཞིན་པའོ་ཞེས་དང་སྐུའི་རིགས་དབོན་བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཀྱང་ཁུ་བོ་གསང་བདག་ཆེན་ཎེ པོ་ཞེས་བསྔགས་བརྗོད་རྒྱ་ཆེར་མཛད་པ་འདི་དག་ལ་དཔགས་ན་དམ་པའི་སྐྱེས་བུ་འགྲན་ཟླ་དང་བྲལ་བ་ཞིག་ཏུ་གདོན་མི་ཟ་ཞིང་། དེ་ཉིད་ཀྱི་སྐྱེ་སྲིད་འཇིགས་བྲལ་མཐུ་སྟོབས་རྡོ་རྗེ་ནི་གྱི་ལིང་ཐུགས་མཆོག་རྡོ་རྗེའི་དབོན་བརྒྱུད་དུ་འཁྲུངས། ཀཿཐོག་ཏུ་གོང་མའི་ཁྲི་ལ་ཞབས་པད་བཀོད། རྟེན་རབ་བྱུང་དུ་བཞུགས་
ཀྱང་ཡབ་ཡུལ་དུ་གཏེར་བཞེས་པའི་ཤུལ་དེང་སང་ཡང་མཇལ་དུ་ཡོད། ཀཿཐོག་གདན་སར་གསེར་སྐུ་ཁང་གཅིག་བཞེངས་པ་ལ་ད་ལྟ་ཡང་ཐུགས་མཆོག་ལྷ་ཁང་དུ་གྲགས་ཤིང་དེའི་ནང་རྗེ་འདིའི་ཞབས་རྗེས་གསལ་པོ་ཞིག་ཀྱང་མཇལ་རྒྱུ་ཡོད། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ནའང་གདུལ་བྱའི་བསོད་ནམས་དམན་པས་སྐུ་གཞོན་ནུའི་དུས་སུ་གཤེགས་སོ། །དེའི་སྤྲུལ་སྐུ་འཇིགས་བྲལ་ཕྱོགས་ཀྱི་གླང་པོ་ནི་དབུ་རུ་ལྷ་ལྡན་དུ་འཁྲུངས། ཀཿཐོག་གདན་སར་གསེར་ཁྲིར་མངའ་གསོལ་དང་། ཀཿཐོག་སི་ཏུ་པཎ་ཆེན་སོགས་ལས་བཀའ་ཆོས་གསན་བཞེས་མང་དུ་མཛད། རྟེན་སྔགས་པའཆང་དུ་བཞུགས་པ་དང་། གཏེར་གྱི་བཀའ་བབ་བྱུང་སྟེ་ཕག་དཀར་གྱི་སྒྲུབ་ཐབས་སོགས་གཏན་ལ་ཕབ། མཛད་པའི་ཕྱག་རྗེས་ཀྱང་ཀཿཐོག་ཁྲོ་འཆམ་
གསེར་འབག་བརྒྱད་ཅུ་སྐོར་གསར་བསྐྲུན་མཛད། བྲག་རར་མ་གཤིན་ཕུར་གསུམ་སྒྲུབ་གྲྭ་བ་བཅུ་གསུམ་རེའི་རྒྱུན་བཙུགས། གེ་སར་ལྷ་ཁང་ཡང་བཞེངས། འདི་ལ་སྲས་གསུམ་དང་སྲས་མོ་གཅིག་བཅས་བྱུང་བ་སྲས་གཉིས་ཉག་གྲོང་སྟོད་དགོན་དང་ཏྲེ་ཧོར་གཡའ་དགོན་སོ་སོའི་རྡོ་རྗེ་སློབ་དཔོན་དུ་གདན་དྲངས་ནས་བཞུགས། སྲས་མོ་གླིང་གཤིས་རྒྱ་དཔོན་ཚང་གི་ཁྱིམ་འཛིན་དུ་ཕེབས། སྲས་གཅིག་སྔགས་འཆང་མཛད་ནས་སྒ་རྗེ་ཕྱོགས་སུ་བཞུགས་ཏྠ པ་ཡིན། དེ་སྐབས་བོད་གཞུང་སའི་སྐུ་རིམ་དུ་གདན་འདྲེན་ཞུས་ཏེ་བར་ཁམས་ཆབ་མདོ་ནས་གློ་བུར་དུ་སྐུ་གཤེགས་པ་ཡིན་ནོ། །དེའི་ཡང་སྲིད་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ཏེ། དེ་ནི་མདོ་སྨད་སྡེ་དགེ་འབྲི་ནུབ་ཏུ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་རྟ་༡༩༣༠ ལ་སྐུ་འཁྲུངས། རྫོགས་སྤྲུལ་ལྔ་པ་ཐུབ་
བསྟན་ཆོས་ཀྱི་རྡོ་རྗེས་རྨོག་ཚྭ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ནས་དཔལ་གྱི་ཀཿཐོག་ཏུ་གདན་དྲངས་ཏེ་གསེར་ཁྲི་མངའ་གསོལ་སོགས་སྔར་སྲོལ་བཞིན་མཛད། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ། མཁན་ཟུར་ལེགས་བཤད་འབྱོར་ལྡན་སོགས་མཚན་ལྡན་དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་མདོ་སྔགས་བཀའ་གཏེར་གྱི་དབང་ཁྲིད་ལུང་གསུམ་གསན་བསམ་རྒྱ་ཆེར་མཛད། ཁྱད་པར་སྐྱབས་རྗེ་རྡོ་རྗེ་འཆང་ངག་གི་དབང་པོ་ལས་བདུད་འདུལ་ཀློང་གསལ་གཉིས་ཀྱི་དབང་ལུང་ཡོངས་རྫོགས་བུམ་པ་གང་བྱོར་གསན་པས་ཐུགས་རྒྱུད་སྨིན་གྲོལ་དུ་མཛད་མཐར་ཀཿཐོག་བསྟན་བདག་གི་ཁུར་ཆེན་ལོ་ལྔར་བཞེས་པ་དང་། དེ་ནས་མགོ་ལོག་ཕྱོགས་འཕྲང་གཉིས་དབར་དང་། ཨ་
བསྭ་བྱང་གྱུར་དགོན་སོགས་རྒྱལ་བ་ཀཿཐོག་པའི་དགོན་ལག་དུ་མས་གདན་འདྲེན་ཞུས་པ་ལྟར་ཕེབས་ནས་བདུད་ཀློང་རྣམ་གཉིས་ཀྱི་དབང་ལུང་ལན་གསུམ་ཙམ་གནང་ཞིང་འབྲོག་སྡེ་རྣམས་སུ་ཁྲོམ་དབང་དང་ལྗགས་ལུང་སོགས་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་བཟང་པོ་བསྐྱངས། དེ་ནས་ལྷ་ལྡན་ཕྱོགས་སུ་ཕེབས་ནས་གཏེར་ཆེན་བདུད་འཇོམས་རིན་པོ་ཆེ་དང་མཇལ་ཏེ་དབང་ལུང་གསན་བཞེས་སོགས་མཛད། ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ནས་སླར་ཁམས་སུ་ཕེབས། དེ་ནས་བོད་ཁམས་མཐའ་དབུས་ཐམས་ཅད་དུ་དུས་འགྱུར་མི་བཟད་པ་ལངས་སྐབས་དང་ཐུག་པར་བརྟེན་སྤྱི་མཚུངས་སྐུ་ངལ་ཅི་ཆེ་བྱུང་རུང་སྐུ་ཚེ་ལ་བར་ཆད་དུ་མ་གྱུར་ཅིང་སྔར་༡༩༨༤ལོར་རྒྱ་བལ་གནས་གཟིགས་སུ་ཕེབས་སྐབས་ངེད་ནས་གསོལ་བ་བཏབ་སྟེ། བལ་ཡུལ་གནས་ཆེན་
གཽ་དྷ་ཝ་རིར་སྐལ་ལྡན་འདུས་པ་བརྒྱ་ཕྲག་བརྒལ་བ་རྣམས་ལ་བདུད་ཀློང་གཉིས་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་བསྩལ་བའི་སྐལ་བ་བཟང་པོ་བྱུང་། རྗེ་འདི་ནི་གཡོན་རུ་འཆི་མེད་རྡོ་རྗེའི་ལུང་བསྟན་ལས། ཀཿཐོག་མཁན་ཆེན་སྤྲུལ་པ་ནི༔ རྟ་ལོ་རྒྱལ་གྱི་མིང་ཅན་གྱིས༔ བསྟན་པ་མཐའ་རྒྱས་དགའ་སྟོན་འབྱིན༔ ཞེས་གསུངས་པའི་ལུང་དོན་ཀཿཐོག་ཅེས་གནས་ཀྱི་མཚན་གཞི་ངོས་བཟུང་བ་དང་། མཁན་ཆེན་ཞི་འཚོ་ཕྱག་རྡོར་གྱི་སྤྲུལ་པར་བཤད་ཅིང་། རྨོག་སྤྲུལ་གོང་མ་རྣམས་ཀྱང་ཕྱག་རྡོར་གྱི་རྣམ་འཕྲུལ་བསྙོན་མེད་ཡིན་པས་སྤྲུལ་གཞི་བསྟན་པ་དང་། དགུང་སྙིང་རྟ་དང་མཚན་ཟུར་ཕྱོགས་ལས་རྣམ་རྒྱལ་ཞེས་རྒྱལ་གྱི་མཐའ་ལྡན་བཅས་ལ་སོམ་ཉི་མ་མཆིས་ཤིང་། བསྟན་པ་མཐའ་རྒྱས་ནི་དེང་སང་རྒྱལ་བ་ཀཿཐོག་གི་བསྟན་པའི་སྐེད་ཉག་སླར་
གསོའི་ཐུགས་རྩོལ་མཛད་དང་མཛད་བཞིན་ལགས་ན། ད་དུང་ཡང་ཞབས་པད་བསྐལ་བརྒྱར་འཚོ་གཞེས་བརྟན་པ་དང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་འོག་མིན་དཔལ་གྱི་ཀཿཐོག་པའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་མཐའ་དབུས་ཀུན་ཏུ་དར་ཞིང་རྒྱས་པའི་དགའ་སྟོན་ཅི་དགར་འབྱིན་པར་མཛད་དུ་གསོལ། ད་ནི་ཕྱག་ཚ་སྤྲུལ་སྐུ་ཀུན་བཟང་ངེས་དོན་དབང་པོ་ནི། བདུད་འདུལ་རྡོ་རྗེ་དང་། ཀློང་གསལ་གཉིས་ཀའི་ཆོས་བདག་ཏུ་ལུང་གིས་ཟིན་པ་གྲུབ་དབང་བརྩོན་ཀྲེ འགྲུས་ཞེས་དྲི་མེད་ཞིང་སྐྱོང་ཉིད་ཀྱིས་ཡོངས་འཛིན་དུ་བསྟེན་པ་དེ་ཉིད་ཀྱི་སྐུའི་སྐྱེ་བ་འབྲོག་སྡེ་ཕྱག་ཚའི་དཔོན་ཕུན་ཚོགས་ཞེས་པའི་སྲས་སུ་འཁྲུངས་པ་དྲི་མེད་ཞིང་སྐྱོང་མགོན་པོ་རང་ཉིད་ཀྱིས་ངོས་འཛིན་དང་སྐུ་བདག་མཛད་ནས་ཀཿཐོག་དགོན་པར་གདན་དྲངས་པ་དང་། ཞིང་སྐྱོང་དགེ་རྩེ་གཉིས་དང་། ཀུན་
མཁྱེན་འཇིགས་མེད་གླིང་པ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་གསན་བསམ་དཔྱིས་ཕྱིན་པར་མཛད་པས་མཁྱེན་རབ་ཀྱི་པདྨོ་མཆོག་ཏུ་རྒྱས་པར་གྱུར་ཅིང་གཙོ་བོར་སྒྲུབ་པ་ཁོ་ན་ལ་གཞོལ་བར་མཛད་པས་རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར་པའི་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་ཏུ་གྱུར། ཡི་དམ་ལྷའི་ཞལ་གཟིགས་ཐོབ་སྟེ་དག་པའི་སྣང་བ་འབྱམས་ཀླས་སུ་ཤར། ཞལ་སློབ་ཀྱང་བདུད་འདུལ་བཞི་པ་རིག་འཛིན་འཇིགས་མེད་མགོན་པོ་དང་། རྨོག་གྲུབ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ། ཏཱ་ཧོ་རོང་པ་སངས་རྒྱས་བསྟན་པའི་རྒྱལ་མཚན། ཞེ་ཆེན་རྒྱལ་ཚབ་པདྨ་བསྟན་འཛིན་སོགས་མང་དུ་བྱུང་། གསུང་རྩོམ་ཡང་ཚིག་དོན་ཕུན་སུམ་ཚོགས་པ་པུསྟཀ་གཉིས་ཙམ་བཞུགས། མཐར་སྐུ་མྱ་ངན་ལས་འདས་ཚེ་འཇའ་འོད་གདུང་དང་
རིང་བསྲེལ་སོགས་ངོ་མཚར་བའི་ལྟས་ཀྱིས་སྐྱེ་བོ་རྣམས་དད་པར་གྱུར་ཏོ། །དེའི་ཡང་སྲིད་ཀུན་བཟང་བསྟན་པའི་ཉིན་བྱེད། དེའི་ཡང་སྲིད་ཀུན་བཟང་བྱམས་པ་སེང་གེ་སྟེ་སྤྲུལ་སྐུ་གཉིས་ཕྱག་ཚའི་དབོན་བརྒྱུད་དུ་འཁྲུངས་ཤིང་མཁས་བཙུན་བཟང་པོའི་རྣམ་ཐར་དང་བཅས་ཕལ་ཆེར་གྲྭ་ལག་བཤད་སྒྲུབ་གླིང་དུ་བཞུགས་ནས་དེར་གཤེགས་པ་དང་། དེའི་ཡང་སྲིད་ངེས་དོན་བསྟན་འཛིན་ཀྱང་སྙན་བརྒྱུད་གདམས་པའི་བཅུད་སྤེལ་བའི་སྐྱེས་མཆོག་གཅིག་བྱོན་པ་ཡིན་ནོ། །དེའི་ཡང་སྲིད་པདྨ་ཕྲིན་ལས་རྒྱ་མཚོ་ནི་མགོ་ལོག་སྨར་ཤོད་དུ་ཡབ་སྒོམ་པ་ཆོས་རྡོར་དང་། ཡུམ་གསལ་ལོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ནང་དུ་སྐུ་འཁྲུངས། ཕྱག་ཚ་གོང་མའི་ཡང་སྲིད་དུ་བླ་མ་དུ་མས་ངོས་འཛིན་མཛད་དེ་དགོན་མ་ལག་གཉིས་ཆར་དུ་གསེར་ཁྲི་ལ་མངའ་གསོལ་ཆེ་འདོན་རྒྱ་
ཆེན་པོ་དང་བཅས་ཡོངས་འཛིན་ཨ་ཁུ་ལྷ་བཟང་བསྐོ་བཞག་གིས། ཡི་གེ་ཀློག་ནས་བཟུང་སྟེ་ཆོ་ག་ཆོས་སྤྱོད་ཀཿཐོག་རང་ལུགས་ལྟར་བསླབ་སྦྱངས་གནང་སྐབས་ཚེགས་མེད་པར་མཁྱེན། དེ་ནས་དགེ་རྩེ་རིན་པོ་ཆེ་དང་། མཁན་ཆེན་ངག་དགའ་རིན་པོ་ཆེ། སི་ཏུ་པཎ་ཆེན་སོགས་ཡོངས་འཛིན་དུ་མ་བསྟེན་ནས་བཀའ་མདོ་རྒྱུད་ལུང་མན་ངག་ཁྱད་པར་དུ་བཀའ་དགོངས་ཕུར་གསུམ། རིན་ཆེན་གཏེར་མཛོད་བདུད་ཀློང་རྣམ་གཉིས་སྙིང་ཐིག་གོང་འོག་མཛོད་བདུན་ངལ་གསོ་སྐོར་གསུམ་སོགས་གསན་ནས་སྒྲུབ་པ་ཉམས་བཞེས་མཛད་པས་ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པ་དང་།། རྟེན་རབ་བྱུང་དུ་བཞུགས་ཤིང་། བསྡུ་དངོས་བཞི་ཡི་སྒོ་ནས་གཞན་དོན་དཔག་ཏུ་མེད་པ་མཛད། མཁན་ཆེན་ངག་དགའ་རིན་པོ་ཆེ་གདན་འདྲེན་ཞུས་ནས་གྲྭ་
ལག་དགོན་དུ་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་དང་། དགེ་རྩེ་རིན་པོ་ཆེ་གདན་དྲངས་ནས་བདུད་ཀློང་རྣམ་གཉིས་ཀྱི་དབང་ལུང་བཙུགས་པས་མཚོན་བསྟན་ལ་བྱ་བ་རྒྱ་ཆེན་ཕྱག་ལེན་དུ་འདེབས་པར་མཛད། ཁྱད་པར་སྔོན་ཆད་དགོན་འདིར་སྒྲུབ་གྲྭ་མ་གཏོགས་བཤད་གྲྭ་མེད་པ་ལ་མཁན་ཆེན་ངག་དགའ་རིན་པོ་ཆེ་གདན་འདྲེན་གྱིས་བཤད་གྲྭ་གསར་དུ་བཙུགས་ཏེ། མཁས་པ་མང་དུ་ཐོན་ནས་བཤད་སྒྲུབ་གཉིས་ལྡན་གྱི་ཆོས་གྲྭ་ཆེན་པོ་ཞིག་ཏུ་གྱུར་པ་ཡིན། རྩང་སྒར་རི་ཁྲོད་དུ་ཡེ་ཤེས་མཚོ་རྒྱལ་རྣམ་འཕྲུལ་སེ་ར་མཁའ་འགྲོ་བདེ་བའི་རྡོ་རྗེ་དང་མཇལ་ཚེ་ཕུར་སྒྲུབ་བདུད་ལས་རྣམ་རྒྱལ་གྱི་རྩ་བའི་ཆོས་བདག་ཏུ་ངོས་བཟུང་ཞིང་ཆོས་བཀའ་དེའི་དབང་ལུང་གསན་པས་སྐབས་དེའི་སྐུ་ཚེའི་གེགས་བསལ་བ་ཡིན། ཐུན་མོང་མ་ཡིན་པའི་རྩ་བའི་བླ་མ་ནི་མཉམ་མེད་མཁན་ཆེན་
པདྨ་ལས་འབྲེལ་རྩལ་ཡིན་ཞིང་། དེའི་མདུན་ནས་རིན་ཆེན་གཏེར་མཛོད་གསན་སྐབས་སྨིན་གྲོལ་ཚར་གཅིག་འཆད་རྒྱུའི་ཁས་བླངས་དམ་བཅའ་ཕུལ་བ་ལྟར་རྗེས་སོར་གྲྭ་ལག་གསང་སྔགས་ཕོ་བྲང་དུ་ཟླ་ཡུལ་སྟོད་སྨད་གཙོས་གསེར་ཐར། རྡོ་ཁོག །མགོ་ལོག །སྨར་ཤོད་སོགས་ཀྱི་བླ་སྤྲུལ་གྲྭ་བཙུན་འདུས་པ་སྟོང་ཕྲག་བརྒལ་བ་ལ། རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ཁྲིད་ལུང་གསུམ་གཏད་རྒྱ་དང་བཅས་པ་བསྩལ་བའི་འཁོར་གྱི་ཞུ་བ་པོ་གཙོ་བོ་ནི་རྗེ་མཁན་ཆེན་རིན་པོ་ཆེའི་ཡང་སྲིད་དེ་མ་ཐག་པ་ད་ལྟ་ཞལ་བཞུགས་པ་འདི་ཉིད་ལགས། སྤྱིར་རྗེ་འདིའི་ཞལ་སློབ་ནི་དགེ་རྩེ་གྲྭ་ལག་བཤད་སྒྲུབ་གླིང་གི་སྤྲུལ་སྐུའི་མཚན་གནས་ཡོད་པ། ཐོག་རྒོད་སྐུ་གོང་འོག་དང་། དབོན་པོ། དགེ་རྩེ། འདས་ཤུལ། གནས་ནང་། ར་ཟ་གོང་རིས།
འབར་ཆུང་སྦྲུལ་ལོ་ཡབ་སྲས།མགར་ར་བླ་མ་དགེ་ལེགས་སྐུ་གོང་འོག་བཅས་སྤྲུལ་སྐུ་དང་། དྲི་མེད་འོད་ཟེར་སོགས་བཤད་གྲྭའི་མཁན་རབས་རྣམས་བཅས་སྨོས་ཀྱིས་མི་ལྡངས་པ་བཞུགས། དེ་ལྟར་བཤད་སྒྲུབ་ལས་གསུམ་དང་། ཆོས་སྲིད་ཟུང་འབྲེལ་ཐབས་མཁས་གང་ལ་གང་འདུལ་གྱི་མཛད་པ་སྐྱོང་བཞིན་གྲྭ་ལག་དགོན་གྱི་ཕྱག་ཚ་བླ་བྲང་དུ་གཙོ་བོར་བཞུགས་པ་ལ། བོད་ཁམས་སྤྱི་མཐུན་གྱི་བསོད་ནམས་དམན་པ་དང་ལོག་སྨོན་བདུད་ཀྱི་དཔུང་སྟོབས་རྒྱས་པའི་རྩུབ་འགྱུར་དྲག་གནོན་མི་བཟད་པའི་རྐྱེན་ཁར་སྐུ་ཚེ་ལ་བར་ཆད་དུ་གྱུར། དེའི་ཡང་སྲིད་འགུ་ལོག་ཡུལ་དུ་འཁྲུངས་ནས་ཞལ་བཞུགས་ཡོད་སྐད་ཐོས་སོ། །ཡང་ཀཿཐོག་དབོན་པོ་པདྨ་རྒྱལ་མཚན་ཞེས་འདུལ་འཛིན་མཁས་པའི་དབང་ཕྱུག་དེ་ནི་དྲི་མེད་ཞིང་སྐྱོང་སྐུ་ཕྲེང་གསུམ་པ་འཇིགས་མེད་ཡོན་ཏན་
མགོན་པོའི་དབོན་རིགས་སུ་སྐུ་འཁྲུངས་ཤིང་། ཀཿཐོག་ཏུ་གསན་བསམ་མཐར་ཕྱིན་པར་མཛད། བརྟན་མཁས་ཡོན་ཏན་རྫོགས་པའི་དགེ་བའི་བཤེས་གཉེན་མཁན་ཆེན་རྒྱལ་མཚན་འོད་ཟེར་སྔ་མ་དང་། སི་ཏུ་པཎ་ཆེན། རྗེ་ངག་དགའ་རིན་པོ་ཆེ་སོགས་ལས་སྨད་འདུལ་སྡོམ་རྒྱུན་ལྟར་རབ་བྱུང་དང་ཐུགས་རྫོགས་བཞེས་ནས་སོ་ཐར་འདུལ་བའི་བཅས་མཚམས་ལས་མི་འདའ་བའི་བཙུན་ཚུགས་བརྟན་པོར་བཟུང་བས་ཉེ་སྐོར་ཀུན་ཁྱབ་པའི་ཚུལ་ཁྲིམས་ཀྱི་ངད་བཟང་པོ་རྟག་ཏུ་འཐུལ། ཀཿཐོག་བསྟན་ལ་བཤད་སྒྲུབ་ལས་གསུམ་གྱི་ཕྱག་རྗེས་རྨད་དུ་བྱུང་བ་ཞིག་ཡིན། དེའི་ཡང་སྲིད་ཁམས་རི་བོ་ཆེའི་ཝ་ཁོ་དམར་རིས་ཞེས་པར་སྐུ་འཁྲུངས། རྗེ་རྫོང་སར་མཁྱེན་བརྩེའི་ཡེ་ཤེས་གཟིགས་པས་ངོས་འཛིན་གནང་སྟེ་དཔལ་ཀཿཐོག་ཏུ་གདན་དྲངས་ཤིང་ཁྲི་འདོན་
མངའ་གསོལ་གཟབ་རྒྱས་མཛད་དེ་ཚུལ་ཁྲིམས་རྒྱ་མཚོ་ཞེས་མཚན་གསོལ། མཁན་རྒྱལ་མཚན་འོད་ཟེར་ཕྱི་མ་ཡོངས་འཛིན་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་བརྩོན་མཐར་ཐོན་མཛད། རྫོང་སར་མཁྱེན་བརྩེ་དང་། དགེ་རྩེ་རིན་པོ་ཆེ། མཁན་ཆེན་ངག་གི་དབང་པོ་སོགས་ལས་བཀའ་གསར་རྙིང་མང་པོའི་དབང་ལུང་ཁྲིད་བཅས་གསན་བཞེས་གནང་ཞིང་རྫོང་སར་དགོན་དུ་བཞུགས་དུས་ཤིག་ལ་རྡོ་ལ་ཞབས་རྗེས་ཀྱང་བཞག །དེ་རྗེས་བོད་ཁམས་དུས་ཟིང་སྐབས་སྐུ་ངལ་བརྒྱ་ཕྲག་དང་བསྡོས་ཏེ་ཀོང་ཡུལ་དང་། པདྨ་བཀོད་བརྒྱུད་རྒྱ་གར་དུ་ཕེབས་ཤིང་། རྗེ་བདུད་འཇོམས་རིན་པོ་ཆེའི་ཞབས་དྲུང་ནས་གཏེར་གསར་གཙོས་པའི་ཆོས་བཀའ་སྤྱི་དང་རྙིང་མ་རྒྱུད་འབུམ་སོགས་གསན། དེ་ནས་རྒྱ་གར་ཀཿཐོག་གཞིས་ཆགས་འདི་གསར་འཛུགས་དང་འབྲེལ་
འཆར་གཞི་རྒྱ་ཆེར་འདིང་བའི་ཐུགས་ཁུར་ཆེ་བཞེས་མཛད་ནའང་། ཆོས་ཟབ་བདུད་ཟབ་ཀྱི་དཔེར་བར་ཆད་རྐྱེན་ངན་དབང་གིས་ཁུལ་དེའི་ཆབ་ལ་གཤེགས་ཤོར། དེའི་ཡང་སྲིད་ལྷོ་འབྲུག་ཏུ་འཁྲུངས་པ་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ངོས་འཛིན་གནང་བ་དེང་སྐབས་རྙིང་དགོན་ངེས་དོན་དགའ་ཚལ་གླིང་དུ་བཞུགས། ཀཿཐོག་སི་ཏུ་ཞེས་གྲགས་པའི་སྤྲུལ་སྐུ་ན་རིམ་རྣམས་ཇི་ལྟར་བྱོན་པའི་ཚུལ་ཅུང་ཟད་འཆད་པར་བྱ་སྟེ། དེ་ཡང་རིག་འཛིན་ཚེ་དབང་ནོར་བུ་དེ་ཉིད་སྟོད་མངའ་རིས་དང་བལ་པོའི་ཕྱོགས་སུ་བཞུགས་སྐབས་ཤར་ཀཿཐོག་ནས་བླ་སྤྲུལ་ཆེ་ཁག་རྣམས་བགྲོ་བ་མཛད་དེ། ཀཿཐོག་གཙུག་ལག་ཁང་ཆེན་མོ་ཉམས་གོག་ཏུ་གྱུར་པ་དང་། བཤད་སྒྲུབ་བསྟན་པ་སླར་གསོ་སོགས་ཀྱི་ཆེད་དུ་མདོ་ཁམས་སུ་སྤྱན་འདྲེན་པའི་བང་མི་གོ་ཆོད་རྫོང་བདའ་
མཛད་ནས་ཞུ་ཡིག་ནན་ཏན་ཕུལ་ནའང་ཕེབས་པར་ཞལ་གྱིས་མ་བཞེས་ཤིང་། ཕྱི་མཐའ་གཟིགས་པའི་བཀའ་སློབ་བསྩལ་དོན། སླད་ནས་ཀུན་མཁྱེན་སི་ཏུ་ཆོས་འབྱུང་རིན་པོ་ཆེ་ཀཿཐོག་ཏུ་གདན་དྲངས་ཏེ་ཀཿབསྟན་ལ་གཟིགས་སྐྱོང་གནང་བར་ཞུ་གསོལ་ནན་ཏན་མཛོད་དང་། ཁོང་གིས་གང་ཅིའི་དབུ་འདྲེན་གནང་རྒྱུ་ཐེ་མི་ཚོམ་ཞེས་པའི་བཀའ་ལན་ཕྱིར་ཕེབས་ལྟར་མདོ་ཁམས་སྡེ་དགེ་ནས་དཔལ་སྤུངས་སི་ཏུ་རིན་པོ་ཆེ་གདན་འདྲེན་ཞུས་ནས་གོང་གི་དོན་རྣམས་ཞིབ་ཏུ་ཞུས་པ་ན་དགོངས་ཏེ་གསུངས་པ་རྗེ་ཀཿཐོག་རིག་པ་འཛིན་པ་ཆེན་པོའི་བཀའ་ལ་དགོས་པ་ཆེན་པོ་ཡོད་པར་བརྟེན། ད་ལྟ་ངེད་ནས་ཀཿཐོག་འདིར་བསྟན་པ་རིས་མེད་ཀྱི་ཆོས་བཀའ་འཆད་སྤེལ་ཅི་ཐུབ་ཞུ་རྒྱུ་ཡིན་པར་མ་ཟད། མ་འོངས་པ་ན་ང་ཡི་སྤྲུལ་པས་རྒྱལ་བ་ཀཿཐོག་པའི་བསྟན་ལ་སྨན་པའི་སྨོན་ལམ་དང་
དགོངས་པ་གཏད་རྒྱུ་ཡིན་ཞེས་བཀའ་བཟང་བླ་ན་མེད་པ་གནང་བ་ལྟར་སི་ཏུ་རིན་པོ་ཆེ་དགོངས་པ་རྫོགས་རྗེས། དེའི་སྤྲུལ་སྐུ་དེ་མ་ཐག་པ་སི་ཏུ་བྱམས་པ་ཆོས་ཀྱི་སེང་གེ་ཀཿཐོག་གདན་སར་བཀོད་ནས་བསྟན་ལ་ཕན་པའི་མཛད་པ་བསྐྱངས་པ་ཡིན། དེའི་ཡང་སྲིད་སི་ཏུ་ཨོ་རྒྱན་བསམ་འགྲུབ་བྱོན་པ་དང། དེའི་ཡང་སྲིད་སི་ཏུ་ཆོས་ཀྱི་བློ་གྲོས་བྱོན་ནས་སྐུ་ཚེའི་སྟོད་ལ་ཀཿཐོག་བསྟན་པ་འཛིན་ཅིང་བཤད་སྒྲུབ་ཕྲིན་ལས་ཀྱི་རྒྱུན་ལེགས་པར་སྤེལ་གླུ ནས། སྐུ་ཚེའི་སྨད་ལ་རྫ་དཔལ་སྤྲུལ་རིན་པོ་ཆེའི་མཛད་པ་རྣམ་ཐར་གྱིས་ཐུགས་འཕྲོག་ན། དགོན་སྡེའི་ཁུར་བོར་ཏེ་བྱ་བཏང་གིས་བརྟུལ་ཞུགས་ཁོ་ནས་སྐུ་ཚེ་འདའ་བར་མཛད། དེ་ནས་སི་ཏུ་སྐུ་ཕྲེང་བཞི་པ་ཆོས་ཀྱི་རྒྱ་མཚོ་ནི་གཏེར་ལུང་ཚད་ལྡན་ལས་ཤིན་ཏུ་གསལ་བ་འདི་སྐད་ཅེས་བདག་གིས་ཐོས་ཏེ། ཀཿ
ཞེས་བྱ་བའི་དགོན་པ་རུ༔ སྐྱེས་བུ་དྷརྨའི་མིང་ཅན་འབྱུང་༔ བཤད་དང་སྒྲུབ་པའི་བསྟན་པ་སྤེལ༔ སྔར་མེད་དཔལ་རིའི་བློས་བསླང་བཞེངས༔ འབྲེལ་ཚད་རྔ་ཡབ་དཔལ་རིར་འདྲེན༔ ཞེས་རྡོ་རྗེའི་ལུང་གིས་དཔང་པོར་བྱས་པ་བཞིན་མདོ་སྨད་སྡེ་དགེའི་གནས་ཆེན་རི་བོ་དབང་ཞུ་དང་ཉེ་བར་གཏེར་ཀླུང་དེའུ་འགོ་ཞེས་སྔོན་ཆད་རྨོག་སྤྲུལ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ་དང་། བཀའ་བབ་བདུན་ལྡན་པདྨ་མདོ་སྔགས་གླིང་པ་སོགས་དམ་པའི་སྐྱེས་བུ་དུ་མ་འཁྲུངས་པའི་ཡབ་གཞིས་སུ། ཡབ་གཏེར་སྟོན་གསང་སྔགས་གླིང་པ་དང་ཡུམ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ལྕམ་སྲིང་མཚན་ལྡན་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་༡༨༠༨ ས་ཕོ་འབྲུག་ལ་སྐུ་འཁྲུངས། ཆུང་ངུ་ནས་དམ་པའི་རང་རྟགས་འགོག་མེད་དུ་གསལ་ཞིང་འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་
ཞབས་དྲུང་དུ་བཏུད་དེ་གཙུག་ཕུད་ཕུལ། ཞབས་དྲུང་མཁྱེན་བརྩེ་རིན་པོ་ཆེས་ཞབས་བརྟན་ཚིགས་བཅད་དང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་སྣང་བ་ཞེས་པའི་མཚན་གྱི་ཅོད་པན་དཔྱངས། རིང་པོར་མ་ལོན་པར་སི་ཏུ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་དུ་ངེས་པ་རྙེད་ནས་མཁས་གྲུབ་བྱེ་བའི་འབྱུང་གནས་དཔལ་ཀཿཐོག་གི་གདན་སར་ཁྲི་ལ་བཀོད་པའི་ཚེ་བསྟན་སྲུང་དགྱེས་པའི་མཚན་མ་ངོ་མཚར་བ་མཐུན་སྣང་དུ་བྱུང་། ཡོངས་འཛིན་དགེ་བའི་བཤེས་གཉེན་མཁས་དབང་རིག་འཛིན་རྒྱ་མཚོ་བསྐོས་ཏེ་ཡི་གེ་འབྲི་ཀློག་ནས་བརྩམས་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་སྦྱངས་མཐར་ཕྱིན་པ་མཛད། རྗེ་འཇིགས་མེད་ཡོན་ཏན་མགོན་པོ་དང་། རིག་འཛིན་འཇམ་དཔལ་རྡོ་རྗེ། ཉི་ཟླ་ལྟ་བུའི་འཇམ་མགོན་རྣམ་གཉིས། མི་ཕམ་འཇམ་པའི་དབྱངས། སྤྲུལ་པའི་
གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་དང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་སོགས་རིས་མེད་བླ་མ་མང་པོ་ཚུལ་བཞིན་བསྟེན་ནས་རང་ལུགས་ཀཿཐོག་གི་ཆོས་རྒྱུན་གཙོ་བོར་གྱུར་པའི་གངས་ཅན་ལྗོངས་སུ་དར་བའི་གསར་རྙིང་རིས་སུ་མ་ཆད་པའི་མདོ་སྔགས་གཞུང་ལུགས་རབ་འབྱམས་རྣམས་ལ་མ་གསན་པ་མེད་པ་ལྟ་བུ་དང་། ལྷག་པར་མི་ཕམ་ཆོས་རྗེ་ལས་བྱམས་ཆོས་སྡེ་ལྔ་དང་། དབུ་མ་རྒྱན་སོགས་འཕགས་བོད་ཀྱི་གཞུང་མང་པོ་གསན་ནས་སྔ་འགྱུར་རང་ཉྩེ ལུགས་ཀྱི་ལྟ་གྲུབ་འཛིན་པ་ལ་གཞན་དྲིང་མི་འཇོག་པའི་གདེང་ཐོབ། དེ་ཡང་ཐོས་ལོ་ཙམ་དུ་མ་བཞག་པར་ཐུགས་དམ་སྒྲུབ་པ་ལ་སྙིང་པོར་མཛད་ཅིང་། ལྷག་པའི་ལྷ་རབ་འབྱམས་ལ་བསྙེན་སྒྲུབ་མཛད་པ་དང་རྟགས་མཚན་བྱུང་ཚུལ་སོགས་ནི་རྣམ་ཐར་ཆེན་མོ་མ་མཇལ་བས་ཇི་བཞིན་མ་ངེས། དེ་ལྟར་གསན་བསམ་
སྒོམ་པ་ཡ་བྲལ་དུ་མ་སོང་བའི་མཐུ་བྱིན་བདེན་པ་མངོན་དུ་གྱུར་པ་ལས། རྒྱལ་བསྟན་སྤྱི་དང་བྱེ་བྲག་རྒྱལ་བ་ཀཿཐོག་པའི་བསྟན་པ་ལ་སྨན་ཡོན་ཕུལ་དུ་བྱུང་བའི་མཛད་ཕྲིན་རྒྱ་ཆེན་པོ་ཇི་ལྟར་བསྐྱངས་ཚུལ་ཅུང་ཟད་གླེང་ན། ཐོག་མར་ཀཿབསྟན་གཞིར་བཞེངས་སུ་བསླང་བ་མི་དང་མི་མིན་གྱི་བར་དུ་གཅོད་པ་སྐབས་བལྟ་ཞིང་གླགས་ཚོལ་བ་རྣམས་འདུལ་བའི་དོན་དུ་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ་རྣམ་གཉིས་དཔལ་གྱི་ཀཿཐོག་རྡོ་རྗེ་གདན་དུ་སྤྱན་དྲངས་ནས་མནན་སྲེག་འཕང་གསུམ་སོགས་བར་ཆད་འདུལ་བའི་ཆོ་ག་དང་། བསྟན་འགྲོ་སྤྱིའི་བདེ་ཐབས་སུ་བར་ཁྲོད་ཕུར་ཁང་ཆེན་མོའི་ལྷ་ཁང་དང་སྒྲུབ་གྲྭ་བཙུགས། དེ་ནས་ཆོས་རྗེ་མི་ཕམ་རིན་པོ་ཆེའི་དགོངས་བཞེད་བཞིན་རབ་བྱུང་བཅུ་དྲུག་པའི་མེ་ཕོ་
རྟ་༡༩༠༦ ལ་བཤད་སྒྲུབ་ནོར་བུའི་ལྷུན་པོ་ཞེས་བྱ་བའི་འཆད་ཉན་ཁང་གསར་དུ་བཙུགས་ནས། བཤད་གྲྭ་བ་བཅུ་ཕྲག་ལྔ་རེའི་གྲྭ་ཤག་ཕོགས་བཅས་སྦྱོར་འཇགས་མཛད་དེ་ལོ་ལྔའི་ནང་དུ་རྒྱ་བོད་ཀྱི་གཞུང་ཆེ་ཆུང་ཉིས་བརྒྱ་ཙམ་གྱི་བཤད་པ་འགྲོ་དགོས་རྒྱུའི་ཕྱག་ཐོ་བསྩལ། སྐྱེ་རྒུའི་བསོད་ནམས་ཀྱི་ཞིང་དུ་སྔ་ན་མེད་པའི་ཟངས་མདོག་དཔལ་རིའི་ཞིང་བཀོད་སྐུ་གསུམ་རྒྱལ་བའི་ཕོ་བྲང་ཐོག་ཚད་ལྔ་པ། སྟེང་ཁང་ཆོས་སྐུའི་ཞིང་ཁམས་སུ། རྒྱལ་བ་འོད་མཚན་གླུ སྟོང་འབར་འཁོར་དུ་རིགས་བཞིའི་རྒྱལ་བ་དང་བཅས་པ། བར་ཁང་ལོངས་སྐུའི་ཞིང་ཁམས་སུ་འཕགས་མཆོག་མིག་མི་འཛུམ་པ་འཁོར་དུ་ཉེ་བའི་སྲས་བརྒྱད་དང་བཅས་པ། འོག་ཁང་སྤྲུལ་སྐུའི་ཞིང་ཁམས་སུ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལ། འཁོར་དུ་ཐོད་ཕྲེང་སྡེ་ལྔ། གུ་རུ་མཚན་བརྒྱད།
གཏེར་ཆེན་བརྒྱ་རྩ། གིང་ཆེན་བཅུ་དྲུག །རྒྱལ་ཆེན་སྡེ་བཞི་དང་བཅས་པ། དེ་འོག་ཁོར་ཡུག་ཏུ་ཆོས་ལོངས་སྤྲུལ་གསུམ་གྱི་གཟུངས་སྔགས་གྲངས་མེད་པས་ཕྱུར་བུར་གཏམ་པའི་ལག་འཁོར་ཚོན་བཀྲ་ཅན་བརྒྱ་རྩ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་འཁོར་ཁང་ལྡེབས་བྲིས་སུ་སྲིན་པོའི་ཡུལ་། གླིང་གི་བཀོད་པ་རྫོགས་ཤིང་། གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་བང་རིམ་ཆོས་འཁོར་རི་དྭགས་གདུགས་ཏོག་དང་བཅས་པ་འཛམ་བུའི་གླིང་ན་འགྲན་ཟླ་དང་བྲལ་བ་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས་ནས་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུའི་དུས་མཆོད་ཀྱི་རྒྱུན་བཙུགས་པར་མཛད། ཡང་ཐུབ་ཆེན་ལྷ་ཁང་མཆོད་རྟེན་ཁང་བུ་བརྩེགས་པའི་རྣམ་པ་ཅན་གྱི་ནང་དུ་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་ཐུབ་དབང་ཐོག་ཚད་གསུམ་ལོངས་པ་དེའི་འཁོར་དུ་ཉན་ཐོས་
མཆོག་ཟུང་གཉིས་དང་། འཕགས་པའི་གནས་བརྟན་བཅུ་དྲུག་སོགས་གསར་བཞེངས་མཛད་པ་དེར་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པའི་རྒྱུན་བཙུགས་པ་དང་། དུས་འཁོར་ལུགས་ཀྱི་ལོ་འགོ་ནག་པ་ཟླ་བའི་ཡར་ཚེས་ནས་དབུ་ཚུགས་ཏེ་ཕུག་ལུགས་སྤྲེལ་ཟླའི་ཚེས་བཅུ་བར་ཟླ་བ་གཉིས་ལྷག་ཙམ་རིང་བཀའ་བརྒྱད་རྣམ་གསུམ་དང་། བླ་མ་དགོངས་འདུས། ཕུར་པ་སྤུ་གྲི་རྣམ་གསུམ་སོགས་བཀའ་དགོངས་ཕུར་གསུམ། བླ་རྫོགས་ཐུགས་གསུམ་རྒྱུ སོགས་རྩ་བ་གསུམ་གྱི་དཀྱིལ་འཁོར་རབ་ཏུ་མང་པོའི་སྒྲུབ་མཆོད་ཆོ་གའི་སྒྲིགས་ལམ་ཆེན་པོའི་སྲོལ་བཙུགས་ཤིང་། དེ་ལ་མཁོ་བའི་ཡོ་བྱད། སྒྲུབ་རྫས་དང་མཆོད་རྫས་ཞལ་འབག་འཆམ་གོས་ཞྭ་ཕོད་རྔ་སྦུག་དུང་རྒྱ་སོགས་དཀྱིལ་འཁོར་སོ་སོའི་མཆོད་ཆས་རིགས་ཐམས་ཅད་རྒྱུ་བཟང་ཞིང་སྒྲོས་གཙང་བ་ཤ་
སྟག་དང་ཐ་ན་ཚོགས་ཕོར་ཡན་ཆད་གསར་བསྒྲུབས་མཛད། ཀཿཐོག་འདུ་ཁང་ཆེན་མོ་སོགས་གཙུག་ལག་ཁང་རྟེན་གསུམ་དང་བཅས་པ་ཉམས་པ་གསོ་བ་དང་། གསར་བཞེངས་མང་དུ་མཛད། དུས་རྒྱུན་གྲུབ་མཐའ་རིས་སུ་མ་ཆད་པའི་ཆོས་ཞུ་སུ་བྱུང་ལ་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་འདུས་པ་མཛོད་ཆེན་ལྔ་གཙོ་བོར་གྱུར་པའི་སོ་སོའི་འདོད་སྐོར་ཆོས་འཁོར་རྒྱུན་ཆད་མེད་པ་བསྐོར་བས། སྔ་འགྱུར་རང་ལུགས་གཙོས་པའི་མདོ་སྔགས་བཀའ་གཏེར་བསྟན་བཅོས་སྤྱི་དང་བྱེ་བྲག་གི་སྲོག་མཐུད་པ་འདི་གཅིག་པུས་གྲུབ་མཐའ་ཐམས་ཅད་ཀྱིས་གཙུག་ཏུ་བཀུར་ཞིང་མ་ཧཱ་པཎྜི་ཏ་ཞེས་བསྔགས་པའི་མེ་སཞི ཏོག་འཐོར་བ་ནི་དཔེར་ན་དུས་སྐབས་དེའི་མཁས་གྲུབ་ཆེན་པོ་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས། ད་ལྟའི་དུས་སུ་མཁས་པའི་རྣམ་དཔྱོད།
གྲུབ་པའི་ཉམས་བཞེས། བསྟན་ལ་དགོངས་པའི་ཐུགས་བསྐྱེད། མཛད་པའི་ཕྱག་བཞེས་སོགས་སྒོ་དུ་མ་ནས་རྒྱལ་བསྟན་སྤྱི་དང་། ཁྱད་པར་རང་ལུགས་གསང་ཆེན་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་བླ་ནས་བླར་འདེགས་པར་མཛད་པ་ལ། དུས་མཉམ་གྱི་བསྟན་འཛིན་སུས་ཀྱང་འགྲན་བྱར་མ་གྱུར་པ་སི་ཏུ་རིན་པོ་ཆེ་མི་འཇིགས་སེང་གེའི་ཁྲི་ལ་བཞུགས་ནས་ཆོས་འཁོར་བསྐོར་བཞིན་པས་སྔ་འགྱུར་བ་རྣམས་མགོན་དང་བཅས་པ་སྟེ། ད་དུང་ཡང་བསྐལ་པ་རྒྱ་མཚོར་ཞབས་པད་བརྟན་པར་གསོལ་བ་འདེབས་པ་ལགས་སོ། །ཞེས་གསུངས་པ་འདིས་དོན་གྱི་རྣམ་ཐར་ཆ་ཚང་གསལ་བར་བསྟན་འདུག་པས་རྨོངས་པ་བདག་འདྲས་སྨོས་ཅི་དགོས། ཤར་རྒྱལ་མོ་རོང་དང་། འགུ་ལོག་སྟོད་སྨད། རྡོ་སྙི་གསེར་གསུམ། ཉག་རོང་། གོ་བྲག །འཇང་ཡུལ།
རོང་བཙན་ཁ་བ་དཀར་པོ། རྒྱ་ནག་རི་བོ་བྱ་རྐང་ཡན་ཆད་ཞབས་ཀྱིས་བཅགས་ཤིང་གནས་གཟིགས་ཐུགས་སྨོན་གནང་། བསྟན་དགོན་རྣམས་ལ་བསྙེན་བཀུར་དང་ཆོས་འབྲེལ་ཕྱག་དབང་སོགས་མཐོང་ཐོས་དྲན་རེག་གི་སྐྱེ་འགྲོ་ལ་འབྲེལ་ཚད་དོན་དང་ལྡན་པར་མཛད། དབུས་གཙང་ལྷོ་གནས་རྣམས་སུ་གནས་འབྲེལ་མཆོད་འབུལ་རྒྱ་ཆེན་པོ་བཅས་བོད་ཁམས་བདེ་བའི་ཐུགས་སྨོན་གནང་། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཇལ་ཞིང་འབུལ་ཆེན་བཏེགས། གཙང་བཀྲ་ཤིས་ལྷུན་པོར་པཎ་ཆེན་རིན་པོ་ཆེའི་ཕྱག་དཔེའི་ཁྲོད་ནས་རྒྱུན་ཤིན་ཏུ་དཀོན་པའི་གནུབས་ཆེན་གསུང་མདོ་འགྲེལ་མུན་པའི་གོ་ཆ་ཕྱག་སོན་བྱུང་། དབུས་གཙང་ཕྱོགས་སུ་གསར་རྙིང་རིས་མེད་ཀྱི་བླ་སྤྲུལ་གྲྭ་བཙུན་ལ་སྨིན་གྲོལ་ཆོས་སྦྱིན་ཟང་ཟིང་མེད་པར་མཛད་ནས་ཀུན་གྱི་རེ་བ་བསྐངས་
གནས་རྟེན་རྣམས་ཀྱི་ལོ་རྒྱུས་ཡི་གེ་རྒྱས་པ་ཞིག་ཀྱང་མཛད། གཞན་ཡང་ཁམས་སུ་བྱོན་ནས་བྲོ་བརྡུང་དགོན་གྱི་མཆོད་རྟེན་རྙིང་པ་ཞིག་ནས་ཆོས་རྗེ་གཙང་སྟོན་པའི་གསུང་གསང་སྙིང་འགྲེལ་པ་བཀའ་མཆིམས་ཕུ་མ་མཁའ་འགྲོའི་གཏད་རྒྱའི་ཚུལ་གྱིས་བཞེས་ཤིང་། དམ་པའི་འདྲ་ཞལ་མདུན་ནས་དག་སྣང་དུ་ཉེ་བརྒྱུད་ཁྲིད་རྒྱུན་གསན་ནས་སྤེལ་བའི་རྒྱུན་དེང་སང་བར་བཞུགས་པ་དང་། དགོན་ལག་ཆེ་ཆུང་མང་པོར་བཀའ་མའི་མདོ་དང་སྒྱུ་འཕྲུལ་སོགས་མཆོད་ཁག་དང་། གཏེར་ཕྱོགས་བཀའ་དགོངས་ཕུར་གསུམ་སོགས་ཀྱི་སྒྲུབ་མཆོད་མང་པོའི་རྟེན་ཐེབས་རྩ་སྦྱོར་འཇགས་དང་གར་ཐིག་དབྱངས་ གསུམ་སོགས་ཆོ་ག་ཕྱག་ལེན་མཐོང་བརྒྱུད ་ཀྱི་རྒྱུན་སྤེལ་བ། གྲུབ་མཐའ་རིས་སུ་མ་ཆད་པའི་དཔེ་ཆ་པོད་བདུན་སྟོང་ཙམ་བཞུགས་པའི་དཔེ་མཛོད་ཆེན་མོ་ཀུན་གྱིས་མཇལ་དུ་
ཡོད་པ་བསྡུ་ཚགས་མཛད། ཐུབ་དབང་གོས་སྐུ་ཆེན་མོ་གཞུ་འདོམ་སུམ་ཅུ་ཡོད་པ་འདི་དང་། བྲིས་ཐང་སྣ་ཚོགས་ངོ་གྲངས་སུམ་བརྒྱ་ལྷག་དང་སྐུ་འདྲ་ཆེ་ཆུང་སྟོང་ཕྲག་ལྷག་ཙམ་གསེར་ཟངས་དང་སྨན་འདམ་སོགས་ལས་བཞེངས་པའི་གསེར་ཁང་མདོ་ཁམས་ཙམ་ན་འགྲན་ཟླ་དང་བྲལ་བ་། སོགས་བསྟན་ལ་གཅིག་ཏུ་སྨན་པའི་མཛད་པ་ཕྱག་རྗེས་ཤིན་ཏུ་ཆེ་ཞིང་། ཨོ་རྒྱན་ཆེན་པོ་དང་། དམ་པ་བདེ་གཤེགས། ཀུན་མཁྱེན་ཆེན་པོ། སྤྱན་རས་གཟིགས། རྒྱལ་ཚབ་མ་ཕམ་པ། མགོན་པོ་ལེགས་ལྡན། དཔལ་ལྡན་ལྷ་མོ་སོགས་བླ་མ་ལྷ་དང་དམ་ཅན་མང་པོའི་ཞལ་གཟིགས་ཤིང་ཕྲིན་ལས་དངོས་སུ་བསྒྲུབས་པ་བྱུང་། ཁྱད་པར་དུ་ཤིང་གླང་ལོར་སྡེ་དགེའི་དབུ་བླ་ཁག་ལྔ་གཙོས་པའི་རིས་མེད་དགོན་སྡེ་མང་པོའི་བླ་སྤྲུལ་གྲྭ་པ་སུམ་སྟོང་བརྒལ་བ་ཀཿ
ཐོག་དགོན་པར་གདན་དྲངས་ནས། འགྲོ་འདུལ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་དང་། ཀློང་གསལ་པདྨ་འོད་འབར་སིདྡྷིའི་བུམ་སྒྲུབ་ཀྱི་སྒོ་ནས་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་བཙུགས་ཏེ་ཐོག་མཐའ་བར་གསུམ་རྒྱལ་ཁའི་ངང་གྲོལ། ལོ་དེའི་ཟླ་བ་དགུ་པའི་ཡར་ཚེས་བདུན་ལ་དགའ་ལྡན་གནས་སུ་གཤེགས་སོ། །གསུང་ལས་སྐྱེས་པའི་ཞལ་སློབ་ཀྱང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དགེ་རྩེ་རིན་པོ་ཆེ། དྲི་མེད་ཞིང་སྐྱོང་། དཔལ་ཡུལ་སྤྲུལ་སྐུ་ཟླ་བ་དང་། པད་ནོར་སྤྲུལ་སྐུ། རྨོག་སྤྲུལ། ཕྱག་ཚ། དབོན་པོ་པདྨ་རྒྱལ་མཚན། བྲག་དམར་སྤྲུལ་སྐུ། རྨུགས་སངས་གནས་རྒྱབ་སྤྲུལ་སྐུ། སྤྲུལ་སྐུ་འགྱུར་ལོ། རྒྱ་སྐོར་སྤྲུལ་སྐུ། ཨ་འཛོམ་རྒྱལ་སྲས། དྲི་མེད་གཏེར་སྲས། བྱང་དཀར་སྤྲུལ་སྐུ་མི་འགྱུར། གཏེར་སྲས་བདེ་ཆེན། འབྲས་ལྗོངས་ལྷ་བཙུན་འཇིགས་བྲལ། ཁུ་
ནུ་བསྟན་འཛིན་རྒྱལ་མཚན། རྨེ་བ་ཆོས་འགྲུབ། རྒྱལ་སྲས་སྤྲུལ་སྐུ། མཁན་འབྱོར་ལྡན་དང་། ནུས་ལྡན་སོགས། སྟོད་རྒྱ་གར་ནས་སྨད་རྒྱ་ནག །དབུས་གཙང་ཁམས་གསུམ་ཀུན་ཏུ་མ་ཁྱབ་པ་མེད་པས་རེ་རེ་ནས་བགྲང་གིས་མི་ལངས་སོ། །དེའི་ཡང་སྲིད་སི་ཏུ་ལྔ་པ་བྱམས་པ་མི་འགྱུར་བཤད་སྒྲུབ་ཆོས་ཀྱི་ཉི་མ་ནི། སྒ་སྐྱེ་རྒུ་མདོར་རྒྱ་ནག་ཚང་ཞེས་པའི་ཁྱིམ་དུ་རབ་བྱུང་བཅུ་དྲུག་པའི་ས་འབྲུག་༡༩༢༨ ལ་སྐུ་འཁྲུངས། རྫོགས་སྤྲུལ་ལྔ་པ་དང་། རྫོང་གསར་མཁྱེན་སྤྲུལ། རྗེ་ངག་དགའ་རིན་པོ་ཆེ་རྣམས་དགོངས་པ་རྩེ་མཐུན་བྱུང་ནས་འོག་མིན་དཔལ་ཀཿཐོག་རྡོ་རྗེ་གདན་དུ་ཆོས་ཀྱི་ཁྲི་ལ་མངའ་གསོལ་ཞུས་ཏེ་རྗེ་མཁྱེན་བརྩེ། དགེ་རྩེ། མཁན་ཆེན་ངག་དགའ་དང་། འབྱོར་ལྡན། ནུས་ལྡན་སོགས་ཀྱི་ཞབས་པད་བསྙེན་ནས། མཛོད་ཆེན་རྣམ་ལྔ་ལ་
སོགས་གསར་རྙིང་རིས་མེད་ཀྱི་ཆོས་ཚུལ་དཔག་ཏུ་མེད་པ་ལ་གསན་བསམ་བསྒོམ་པའི་འོད་ཟེར་གྱིས་མཁྱེན་རབ་ཀྱི་པདྨོ་རྣམ་པར་བཞད། གྲུབ་རྟགས་རྡོ་ལ་ཞབས་རྗེས་བཞག་པ་ཐུབ་ཆེན་ཁང་དུ་བཞུགས། ལྐོག་གྱུར་མངོན་དུ་གཟིགས་པའི་མཁྱེན་པ་མངའ། བཤད་སྒྲུབ་ལས་ཀྱི་འཁོར་ལོ་རྒྱ་ཆེན་པོས་ཀཿ བསྟན་ལོ་མང་བསྐྱངས། དེ་ནས་དབུས་གཙང་རྒྱ་གར། བལ་ཡུལ་འབྲས་ལྗོངས་བཅས་པར་བྱོན་ནས་གནས་མཇལ་མཆོད་འབུལ་ཐུགས་སྨོན་རྒྱ་ཆེན་པོ་གནང་སྟེ་ཀཐོག་ཏུ་ཕྱིར་ཕེབས་གྲུབ་ནའང་། བོད་ཁམས་སྤྱི་མཐུན་གྱི་ལས་བཟློག་མེད་བདག་གིར་མཛད་ཚུལ་གྱིས་དུས་འཁྲུགས་མི་བཟད་པའི་རྐྱེན་ཁར་དགོངས་པ་རྫོགས་ཤོར་བ་ནི་ཀཿབསྟན་ལ་གེགས་ཆག་ཆེ་བས་བློ་འགྱོད་ཀྱི་གནས་སོ། །དེའི་ཡང་སྲིད་ནི་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་
རྗེའི་རྒྱལ་སྲས་གཞན་ཕན་ཟླ་བའི་སྲས་སུ་རབ་བྱུང་བཅུ་དྲུག་པའི་མེ་འབྲུག་༡༩༧༦ ལ་རྡོ་རྗེ་གླིང་དུ་སྐུ་འཁྲུངས་པ་མེས་པོ་གཏེར་ཆེན་བདུད་འཇོམས་པ་རང་གིས་སི་ཏུའི་སྐྱེ་སྤྲུལ་དུ་ངོས་འཛིན་གནང་བ་ལྟར། རྨོག་སྤྲུལ་རིན་པོ་ཆེ་དང་། ངེད་རང་གཉིས་ནས་ན་བཟའ་སྒྲོན་འབུལ་དང་འབྲེལ་མཚན་ངེས་དོན་ཆོས་ཀྱི་སྒྲོན་མེ་ཞེས་གསོལ་ནས་ད་ལྟ་ལྷོ་འབྲུག་ཏུ་བཞུགས་ཡོད་ཅིང་། མི་རིང་བར་ཁྲི་འདོན་རྒྱ་གང་ཆེ་ཞིག་ཞུ་རྩིས་ཡིན་པས་མ་འོངས་པར་བསྟན་པ་སྤྱི་དང་། ཁྱད་པར་ཀཿཐོག་པའི་བསྟན་པ་ལ་སྒོ་ཀུན་ནས་ཕན་པ་རླབས་ཆེན་འགྲུབ་པ་ཞིག་འབྱུང་བར་ལྷ་དང་སྲུང་མས་མཐུན་འགྱུར་མཛད་དུ་གསོལ། ཡང་ཀཿཐོག་རྒྱུད་སྡེ་ཁང་ངམ་བཤད་སྒྲུབ་ནོར་བུའི་ལྷུན་པོ་ཞེས་གྲགས་པའི་མཁན་ཐོག་དང་པོ་ནི། སི་ཏུ་པཎ་ཆེན་དང་མཁས་གྲུབ་དཔལ་སྤྲུལ་མ་
ཧཱ་པཎྜི་ཏ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱི་ཞལ་སློབ། ཧོར་པོ་ཤཱཀྱ་རྡོ་རྗེའི་སྤྲུལ་སྐུར་གྲགས་པ་རྫ་སྟོད་དགེ་གོང་མཁན་པོ་ཀུན་བཟང་ཆོས་གྲགས་སམ་ཀུན་དཔལ་ནི། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ། མཁྱེན་བརྩེ་ནུས་གསུམ་བཅས་ཀྱི་ཡོན་ཏན་ཚང་ཞིང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོར་གྱུར་པ་དེ་ཉིད་ཀྱིས་ལོ་གསུམ་རིང་མདོ་སྔགས་རིག་གནས་དང་བཅས་པའི་རྒྱ་བོད་ཀྱི་གཞུང་ལ་བཤད་པ་མཛད་པས་མཁས་པ་མང་དུ་རྩོ ཐོན་པ་དང་། གསུང་རྩོམ་ཡང་སྤྱོད་འཇུག་དང་ངེས་སྒྲོན་འགྲེལ་པ་སོགས་པོད་གསུམ་ཙམ་བཞུགས་ཤིང་། སྐུ་ཚེའི་སྨད་དུ་རྫ་སྟོད་ཕྱོགས་སུ་ཕེབས་ཏེ་ཆོས་འཆད་སྤེལ་དང་འགྲོ་དོན་རྒྱ་ཆེན་པོ་ཡུན་རིང་བསྐྱངས་མཐར། སྐུ་ཐིམ་པ་ཡིན་ནོ། །དེ་ནས་མཁན་རབས་གཉིས་པ་ནི། པཎ་ཆེན་བི་མ་དང་། ཀློང་ཆེན་རབ་
འབྱམས། དབུ་འོད་ཡེ་ཤེས་འབུམ་པ་སོགས་ཀྱི་རྣམ་འཕྲུལ་རྩོད་པ་དང་བྲལ་བ་བདག་ཅག་གི་རྣམ་འདྲེན་མཚུངས་མེད་རྗེ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོའམ། ངག་དགའ་རིན་པོ་ཆེ་ནི་ཁྲོམ་སྨད་རྟ་ཁོག་གླིང་རྨོག་པདྨ་བྲག་དཀར་དང་ཉེ་བར་སྨུག་པོ་སྡོང་གི་རིགས་ལས་རབ་བྱུང་བཅོ་ལྔ་པའི་ས་མོ་ཡོས་༡༨༧༩ལ་སྐུ་འཁྲུངས། ཞག་གསུམ་ནངས་པར་རྡོ་རྗེའི་འདུག་སྟངས་ཀྱིས་ཀཱི་ལ་ཡའི་སྔགས་བརྒྱ་སྐོར་ཙམ་བགྲངས་པ་སོགས་ཆུང་ངུའི་དུས་ནས་དམ་པའི་རང་རྟགས་ངོ་མཚར་ཅན་མང་པོ་བསྟན། དགུང་གྲངས་བཅོ་ལྔ་པར་མཁན་ཆེན་རྒྱལ་མཚན་འོད་ཟེར་ལས་རབ་ཏུ་བྱུང་ཞིང་། ཕྱིས་དགུང་ལོ་ཉི་ཤུ་པར་བསྙེན་རྫོགས་བསྒྲུབས་ཏེ་འདུལ་བའི་བཅས་མཚམས་ལས་མི་འདའ་བར་མཛད། སྔར་གྱི་མཁན་པོ་ལས་བྱང་སྡོམ་ཆོ་གས་བླངས་ཏེ་ཐེག་ཆེན་གྱི་རིགས་
ཡོངས་སུ་སད་པར་མཛད་ཅིང་། ཀཿཐོག་དྲི་མེད་ཞིང་སྐྱོང་སྐུ་ཕྲེང་བཞི་པའི་ཞལ་སློབ། ཤུད་བུ་དཔལ་སེང་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་འཇིགས་བྲལ་མཐུ་སྟོབས་གླིང་པ་དང་མཇལ་ནས་ཀློང་གསལ་རྡོ་རྗེ་སྙིང་པོའི་སྔོན་འགྲོའི་ཁྲིད་དང་ཀློང་གསལ་དབང་ལུང་ཚང་མ་གསན་ནས་སྡོམ་པ་གསུམ་ལྡན་དུ་མཛད་པ་ཡིན། དེ་ནས་རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ་དང་མི་འགྱུར་ནམ་མཁའི་རྡོ་རྗེའི་སློབ་མ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཏེ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་ནས་བཟུང་སྟེ་དངོས་གཞི་བསྐྱེད་རྫོགས་ཐུན་མོང་བ་དང་། ཐུན་མིན་གཞི་ཁྲེགས་ཆོད་ལམ་ཐོད་རྒལ་བཅས་པའི་སྨིན་ཁྲིད་རྣམས་མན་ངག་སྙན་ བརྒྱུད་ཀྱི་ཚུལ་དུ་གསན་བསམ་བསྒོམ་གསུམ ་ཟུང་དུ་འཇུག་པས་སྔོན་འགྲོ་བསགས་སྦྱོང་། བསྙེན་སྒྲུབ་
ཡན་ལག་བཞི་ལྡན་དུ་རི་ཁྲོད་དབེན་པར་ཉམས་བཞེས་ལ་རྩེ་གཅིག་ཏུ་བརྩོན་པས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་མངོན་དུ་གྱུར། དག་པའི་སྣང་བར་ཀླུ་སྒྲུབ། ཟླ་བ་གྲགས་པ། སློབ་དཔོན་དབྱིག་གཉེན། པདྨ་འབྱུང་གནས། རྒྱལ་པོ་ཛ༔ ཀུན་མཁྱེན་ཡབ་སྲས། ཇོ་འབྲོམ་ཡབ་སྲས། གྲགས་པ་རྒྱལ་མཚན། ཆོས་རྗེ་དམ་པ་རིན་པོ་ཆེ། གྲུབ་ཐོབ་ཐང་སྟོང་པ། ལྷ་བཙུན་ནམ་མཁའ་འཇིགས་མེད་སོགས་འཕགས་བོད་ཀྱི་བླ་མ་མང་པོ་དང་། དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས། དགོངས་འདུས་པདྨ་བཛྲ་ལྷ་ཚོགས། རྡོ་རྗེ་ཕུར་པའི་ལྷ་ཚོགས་སོགས་ཡི་དམ་ཞི་ཁྲོའི་རིགས་མང་པོ། རྡོ་རྗེ་ཕག་མོ་དང་། ཁྲོས་མ་ནག་མོ། རྒྱ་བཟའ་ཀོང་ཇོ། ཡེ་ཤེས་མཚོ་རྒྱལ་སོགས་ཞིང་དང་གནས་ཡུལ་གྱི་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ་
དང་། མགོན་པོ་ལེགས་ལྡན་ནག་པོ། གཙང་བཙན་རྡོ་རྗེ་ལེགས་པ། སྔགས་སྲུང་ཨེ་ཀ་ཛཱཊི། དཔལ་ལྡན་འདོད་ཁམས་བདག་མོ། ཞིང་སྐྱོང་དུར་ཁྲོད་ལྷ་མོ། རྡོ་རྗེ་གཡུ་སྒྲོན་མ། བཙན་རྒོད་ཁྲོ་འབར། གནོད་སྦྱིན་ཙི་དམར་ལ་སོགས་བཀའ་སྲུང་ཕོ་རྒྱུད་མོ་རྒྱུད་ཚོགས་ཀྱི་ཞལ་གཟིགས་ཤིང་བྱིན་བརླབས་དབང་བསྐུར་ལུང་བསྟན་བསླབ་བྱ་དང་བཅས་པ་བསྩལ་ཞིང་། སྲུང་མ་རྣམས་ཀྱིས་ཕྲིན་ལས་བསྒྲུབ་པར་ཁས་བླངས་པས་རང་དོན་དངོས་གྲུབ་རྣམ་གཉིས་ལ་མངའ་དབང་ཅི་དགར་འབྱོར་ནའང་། གཞན་དོན་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་སྤེལ་བ་ལ་དགོངས་ཏེ་རང་གི་བླ་མ་ལུང་རྟོགས་རིན་པོ་ཆེའི་བཀས་རྫོགས་ཆེན་ཤྲཱི་སིདྷའི་བཤད་གྲྭར་སློབ་གཉེར་ལ་རྫོང་བདའ་མཛད་དེ་དཔེ་ཆ་མཁས་པར་མ་ཤེས་ཀྱི་བར་དུ་སླར་ལོག་སྟེ་མ་འོང་ཞེས་བཀའ་ནན་ལྡོག་
ཏུ་མེད་པ་གནང་ནས་རྫོགས་ཆེན་དུ་ཕེབས། མཁན་པོ་བློ་གསལ། བསོད་ཆོས། དཀོན་མཆོག་ནོར་བུ། ཨ་དཔལ། མེ་ཉག་རིག་འཛིན་རྡོ་རྗེ། ཀུ་སེ་པདྨ་དབང་ཆེན། ཨ་ལགས་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུ། མུ་ར་པདྨ་བདེ་ཆེན་བཟང་པོ་སོགས་ཀྱི་དྲུང་ནས་དབུ་ཕར། འདུལ་མཛོད། ཚད་མ། སྒྲ་སྙན་དངགས། བཟོ་གསོ་རིག །གསང་བ་སྙིང་པོ། སྡོམ་གསུམ། ཡིད་བཞིན་མཛོད། ཡོན་ཏན་མཛོད་སོགས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་མང་པོ་ལ་མཁས་པའི་ཕུལ་དུ་གྱུར་པ་ཡིན། དེའི་སྐབས་སུ་མི་ཕམ་རིན་པོ་ཆེའི་མདུན་ནས་ཉིད་ཀྱི་མཁས་འཇུག་དང་འཇམ་དབྱངས་སྒྲུབ་ཐབས་སོགས་གསན་ཚེ་ཐུགས་དགྱེས་པའི་གསུང་གིས། མ་འོངས་པར་གདན་ས་ཆེན་པོ་ཀཿཐོག་གི་མཁན་པོར་ཕེབས་ན་མཁས་པ་མང་པོ་
འབྱུང་བ་དང་སྔ་འགྱུར་བསྟན་ལ་ཕན་པའི་ལུང་བསྟན་དང་བསླབ་སྟོན་རྒྱས་པ་གནང་། འབྲུག་པ་སྐུ་ཆེན་ཆོས་དབྱིངས་རོལ་པའི་རྡོ་རྗེས་གྲུབ་དབང་རྫོགས་ཆེན་པའི་ཐུགས་དམ་སྙིང་པོ་མཁའ་འགྲོ་སྙིང་ཐིག་གི་དབང་གཏད་རྒྱ་དང་བཅས་པ་གནང་ནས་ཆོས་ཀྱི་བདག་པོར་མངའ་གསོལ་གཟེངས་བསྟོད་གནང་སྐབས་རྡོ་རྗེ་གཡུ་སྒྲོན་མས་དངོས་གཟུགས་བསྟན་པ་དང་གིང་ཕོ་མོས་ལྷག་གཏོར་དངོས་སུ་ལེན་པ་བྱུང་བ་ཡིན། སླར་རང་ཡུལ་དུ་བྱོན་པ་ན་བླ་མ་ཞིང་༴ གཤེགས་ནས་མ་མཇལ་ཡང་གསོལ་བ་བཏབ་པས་ཡེ་ཤེས་སྐུ་ཡིས་རྗེས་སུ་བཟུང་ནས་གེགས་སེལ་བོགས་འདོན་ཡང་དག་པ་གནང་། མཁའ་འགྲོ་སྙིང་ཐིག་ཉམས་ལེན་གནང་བས་དགུང་ལོ་ཉེར་བརྒྱད་ལ་རིག་པ་ཚད་ཕེབས་ཀྱི་ཕྱི་ནང་གི་རྟགས་རྣམས་མངོན་དུ་གྱུར། དེ་ནས་ཀཿཐོག་སི་ཏུ་རིན་པོ་ཆེས་གདན་
ཞུས་ལྟར། ཀཿཐོག་ཏུ་ཕེབས་ནས་བཤད་གྲྭའི་མཁན་པོ་ལོ་བཅུ་གསུམ་ཙམ་མཛད་དེ་བཤད་གྲྭ་རྣམས་དང་ཕྱོགས་ཀྱི་འདུས་པ་རྣམས་ལ་ཆོས་འཁོར་བར་མེད་དུ་བསྐོར་བས་མཁས་པ་མང་དུ་ཐོན། རབ་བྱུང་དང་བསྙེན་རྫོགས་སྒྲུབ་པ་ཁོ་ནའང་སྟོང་ཕྲག་གསུམ་དང་བཞི་བརྒྱ་ཙམ་བྱུང་། དེའི་ཞར་ལ་སི་ཏུ་པཎ་ཆེན་སོགས་ལས་མཛོད་ཆེན་ལྔ་སོགས་བཀའ་གཏེར་གསར་རྙིང་མང་པོའི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་གསན་ཅིང་ཐུགས་ཉམས་སུ་བཞེས་ཏེ། གཞན་དོན་དུ་འཆད་སྤེལ་མཛད་ཚུལ་ནི། གཏེར་མཛོད་ལན་གསུམ་དང་། གཞན་རྣམས་ཀྱང་ཚར་གྲངས་འཆད་སྤེལ་མ་མཛད་པ་མེད་པ་ལྟ་བུ་པདང་། སི་ཏུ་རིན་པོ་ཆེའི་ལུང་གིས་བསྐུལ་ནས་རང་ཡུལ་དུ་དགོན་པ་གསར་འདེབས་མཛད། དཔལ་ཡུལ་དང་། ཟླ་གྲ་ལག་དགོན་རྣམས་སུ་ཕེབས་ནས་
བཤད་གྲྭ་རེ་གསར་འཛུགས་མཛད། སྐུ་ཆུང་ངུ་ནས་དངོས་གཏེར་གྱི་བཀའ་བབ་བྱུང་ཡང་དགོས་དབང་གིས་ཐུགས་རྩོལ་མ་གནང་ཞིང་། འོན་ཀྱང་དགོངས་གཏེར་འོད་གསལ་སྙིང་ཐིག་སྐོར་འཇམ་དཔལ་དང་། གྲོ་ལོད། ཕུར་པ། དག་སྣང་སྒྲོལ་མ་ལྷ་མང་། འཇིགས་པ་བརྒྱད་སྐྱོབ། ཡིད་བཞིན་འཁོར་ལོ་སོགས་པོད་གཅིག་དང་། གཞན་ཡང་སྔོན་འགྲོ་ཀུན་བཟང་ཞལ་ལུང་ཟིན་བྲིས། དབུ་མ་བཞི་བརྒྱ་པ་དང་འཇུག་པའི་འགྲེལ་པ། སྡོམ་གསུམ་གནད་བསྡུས། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཅུ་པ་མི་གཡོ་བའི་སྒྲུབ་ཐབས་ཁྱེར་བདེ། དུས་འཁོར་དང་གསང་འདུས་རིམ་ལྔའི་བཤད་ཟིན། སྒྱུ་འཕྲུལ་ཞི་ཁྲོ་དང་། ཚོགས་ཆེན་འདུས་པའི་བསྙེན་ཡིག རྫོགས་ཆེན་སྙིང་ཐིག་མ་བུའི་ལྡེ་མིག་གནད་བསྡུས་ཀུན་བཟང་ཐུགས་ཊིཀ བླ་མ་ཡང་ཏིག་གཉིས་
ཀའི་ཡང་ཡིག་གི་འགྲེལ་བཤད། ཁྲེགས་ཐོད་སྙན་བརྒྱུད་ཀྱི་ཡི་གེ ཀློང་སྙིང་རྩ་རླུང་འཁྲུལ་འཁོར་རྫོགས་རིམ། གཏུམ་མོ་ཐབས་ལམ་བཅས་མན་ངག་གི་ཡི་གེ་བཀའ་རྒྱ་མའི་སྐོར་དང་། ཞལ་གདམས་གསུང་ཐོར་བུའི་སྐོར་སོགས་གསུང་རྩོམ་པོད་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་དུ་བཞུགས་པ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཞལ་གཟིགས་ཉེ་བརྒྱུད་བྱུང་བ་ལ་བརྟེན་ནས། མདོ་འགྲེལ་མུན་པའི་གོ་ཆའི་བཤད་བཀའ་ཆད་པ་སླར་གསོས་ཤིང་གནུབས་ཆེན་བླ་སྒྲུབ་དང་ཨ་ནུ་ཡོ་གའི་ངང་སྒོམ་ལྗགས་རྩོམ་གནང་། སྐལ་ལྡན་རྒྱལ་པོ་ཛཞལ་གཟིགས་བྱིན་བརླབས་ཉེ་བརྒྱུད་བྱུང་སྟེ། ལམ་རྣམ་བཀོད་བཤད་རྒྱུན་སླར་གསོ་དང་གོང་སྨོས་ཨ་ནུའི་གྲུབ་མཐའ་བསླང་ངེས་ཀྱི་མན་ངག་གི་ཡིག་ཆ་རྣམས་མཛད་ཅིང་། དེ་ནས་མཛད་པ་ཐ་མ་བསྟན་
དུ་ཉེ་བ་ན་ཀཿཐོག་ཏུ་ཕེབས། སྤྲུལ་སྐུ་སྐུ་ན་ཕྲ་མོ་རྣམས་ལ་བདུད་ཀློང་དང་། སྙིང་ཐིག་གོང་འོག་གི་དབང་ལུང་སོགས་འགྲོ་གང་ཆེ་གནང་ནས་རང་གནས་ལྗོན་པ་ལུང་དུ་ཕྱིར་ཕེབས་ནས་དགུང་གྲངས་རེ་གསུམ་པའི་སྣོན་ཟླའི་ཚེས་བཅུ་བདུན་ལ་སྤྲུལ་གཞི་བི་མའི་ཐུགས་ཀློང་དུ་ཐིམ་མོ། །གསུང་སྐྱེས་སློབ་མའང་། ཀཿཐོག་སྤྲུལ་སྐུ་དགེ་ཕྱག །རྨོག་ཞིང་། ཉིན་དགོན་སྤྲུལ་སྐུ་སྟེ་ཀཿཐོག་གསེར་ཁྲི་ལྔ་བདག་ཅེས་ཡོངས་སུ་གྲགས་པ་རྣམས་དང་། གཞན་ཡང་སི་ཏུ་གོང་དྲོ༔ འོག །དཔལ་ཡུལ་རྫོང་འགག་མཆོག་སྤྲུལ། པད་ནོར་སྤྲུལ་སྐུ། གནས་འགོ་སྤྲུལ་སྐུ། བྱང་དཀར་སྤྲུལ་སྐུ་མི་འགྱུར་སྐུ་མཆེད། སྤྲུལ་སྐུ་འགྱུར་ལོ། ཁྲོམ་དགེ་སྤྲུལ་སྐུ་རིག་འཛིན་བཟང་པོ་རྣམས་དང་། མཁན་པོ་འབྱོར་ལྡན་དང་། ནུས་ལྡན། ཨོ་རྒྱན་བསྟན་འཕེལ། རྒྱལ་མཚན་འོད་ཟེར། དྲུག་བསྟོད་
མཁན་པོ་ཨ་དགེ་སོགས་མཁས་གྲུབ་བླ་ཆེན། མི་ཆེན། བྱ་བྲལ། སྒོམ་ཆེན། སྤྲང་པོ་ཡན་བགྲང་གིས་མི་ལང་པ་བོད་ཡུལ་སྟོད་སྨད་ཀུན་ཏུ་ཁྱབ་པ་འདི་ལགས་ན། པཎ་ཆེན་བི་མ་མི་ཏྲ་ལོ་བརྒྱ་རེའི་མཚམས་སུ་སྙིང་ཐིག་བསྟན་པ་དག་ཐེར་མཛད་ཕྱིར་ལན་རེ་འབྱོན་པར་ཞལ་གྱིས་བཞེས་པ་ནི་རྗེ་འདི་ལས་གཞན་དུ་མ་དམིགས་ཞེས་ལུང་རྟོགས་བསྟན་པའི་ཉི་མས་གསུངས་པ་ལ་མངོན་པར་བསྟོད་དོ། །འདིའི་རྣམ་ཐར་རྒྱས་པར་ཤེས་འདོད་ན་རྟོགས་བརྗོད་ཞལ་གསུང་མ་ལ་བལྟ་བར་བྱའོ། །དེའི་སྤྲུལ་སྐུ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་མཚན་གསོལ་བ་དེ་ནི་གོང་མའི་ལུང་བསྟན་ལྟར་ཀོང་བུ་ཆུ་དང་མི་རིང་བ་དེ་མོ་བདེ་སྐྱིད་ཁང་གསར་དུ་སྐུ་འཁྲུངས་པ་ཁམས་སུ་གདན་དྲངས་ནས་ལྗོན་པ་
ལུང་གི་གདན་སར་ཁྲི་ལ་བཀོད་པ་དང་། གོང་མའི་བུ་ཆེན་ཕྱག་སྤྲུལ་ལྔ་པའི་མདུན་ནས་རིན་ཆེན་གཏེར་མཛོད་ཀྱི་དབང་ལུང་ཁྲིད་བཅས་དང་། གསེར་ཐར་མཁན་པོ་པདྨ་འཇིགས་མེད་ལས་བཀའ་འགྱུར་ལྗགས་ལུང་བཅས་གསན་གྲུབ་པ་བྱུང་ནའང་། རྒྱ་དམར་གྱི་བཙན་གནོན་དྲག་པོས་བསྟན་པ་དེ་འཛིན་དང་བཅས་པ་ཉམས་ཉེས་སུ་བཏང་བའི་དུས་རབས་དང་ཐུག་པས་སྐུ་ངལ་ཆེ་རབ་བྱུང་འདུག་ནའང་། ད་ལྟ་ཅུང་ཟད་ལྷོད་ཡངས་བྱུང་བར་བརྟེན་གོང་མའི་གདན་སར་བསྟན་དགོན་ཉམས་པ་གསོ་བ་དང་། གསུང་འབུམ་ཤིང་སྤར་གསར་བཞེངས་གནང་བཞིན་འཚོ་གཞེས་བརྟན་པ་དང་། རིགས་སྲས་གཅིག་འཁྲུངས་པ་དེ་ཡང་གོང་མའི་དངོས་སློབ་ལུང་རྟོགས་སྤྲུལ་སྐུ་བློ་གྲོས་བཤད་སྒྲུབ་ཉི་མའི་སྐྱེ་སྲིད་ཡིན་པར་ཐོས་སོ། །དེ་ནས་མཁན་རབས་གསུམ་པ་ལྕགས་བདུད་
ཤེས་རབ་རྒྱལ་མཚན་དང་ཧོར་པོ་ཤཱཀྱ་རྒྱལ་མཚན་གྱི་སྐྱེ་བར་གྲགས་པ་ལེགས་བཤད་འབྱོར་ལྡན་ནམ་དུལ་བའི་སྡེ་ནི། ཉག་རོང་འབྱུང་ཁུངས་དགོན་དུ་ཐོག་མར་ཆོས་ཞུགས་གནང་བ་ལ་སྐྱབས་རྗེ་སི་ཏུ་རིན་པོ་ཆེའི་བཀའ་བཞིན་ཀཿཐོག་ཏུ་ཕེབས་ནས་བཤད་གྲྭར་ལོ་མང་བཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཡོངས་སུ་ཆོད་པའི་སྦྱངས་བརྩོན་མཛད་ནས་མཁས་པའི་སྙན་གྲགས་ཐོབ། བཤད་སྒྲུབ་ནོར་བུའི་ལྷུན་པོའི་མཁན་པོ་ལོ་མང་མཛད་པའི་སྐབས་སློབ་བུ་མཁས་པ་མང་པོ་བྱུང་། དེ་རྗེས་ཀཿཐོག་གཞིས་གྲྭ་བླ་སྤྲུལ་རྣམས་དང་ཕྱོགས་ཀྱི་དགོན་ལག་གྲྭ་རྒྱུན་རྣམས་ལ་སྨིན་གྲོལ་གཞུང་བཤད་བཀླག་ལུང་རིགས་གང་ལ་གང་དགོས་སྐྱོ་ངལ་མེད་པར་རྒྱུན་དུ་གནང་། ཡུལ་པ་སྐྱེ་བོ་ཕོ་མོ་རྣམས་ཀྱི་དོན་དུ་གྲོང་
ཚོ་སོ་སོར་ཕེབས་ནས་ལས་འབྲས་དགེ་སྡིག་བླང་དོར་གྱི་ཁྲིད་གདམས་ངག་མཚང་རྒོལ་དང་། མ་ཎི་སིདྡྷི་བཟླས་བརྗོད་ཀྱི་དགེ་བསྐུལ་སོགས་འཇམ་རྩུབ་ཐབས་མཁས་གང་འདུལ་བསྡུ་བ་རྣམ་བཞིའི་སྒོ་ནས་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་བསྐྱངས་པ་སོགས་ཀཿཐོག་གི་བསྟན་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། །མཐར་རང་ཡུལ་དུ་ཕེབས་ཏེ་སྐུའི་མེ་ཏོག་ཡལ། དེའི་ཡང་སྲིད་ཉག་རོང་དུ་འཁྲུངས་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་ངོས་འཛིན་གནང་བ་བློ་གྲོས་རྒྱལ་མཚན་འདི་ཉིད་ཀཿཐོག་ཏུ་ཁྲི་འདོན་དང་འབྲེལ། མཁན་རིན་པོ་ཆེ་རྒྱལ་མཚན་འོད་ཟེར་གྱི་ཞབས་པད་བསྙེན་ནས་རང་ལུགས་ཐོས་བསམ་བཤད་སྒྲུབ་ལས་ཀྱི་འཁོར་ལོས་འདའ་བཞིན་བཞུགས་སོ། །དེ་ནས་མཁན་རབས་བཞི་པ་ནུས་ལྡན་མཁྱེན་བརྩེའི་བློ་གྲོས་ནི་སྐུ་གཞོན་ནུའི་དུས་གསེར་ཐར་ཧོར་ཤུལ་
དགོན་གྱི་གྲྭ་པ་ཡིན་ཀྱང་། རྗེ་སི་ཏུ་རིན་པོ་ཆེ་མཇལ་བས་མི་ཕྱེད་པའི་དད་པ་འཁྲུངས་ནས་ཀཿཐོག་ཏུ་གྲྭ་སར་བྱོན་ཏེ་བཤད་གྲྭ་ཁང་དུ་སྒྲིགས་ཞུགས་ཀྱིས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན་པའི་གསན་བསམ་མཛད་པའི་ལག་རྗེས་ཀཿཐོག་བཤད་གྲྭའི་མཁན་པོར་བཞུགས་ནས་མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་གཞུང་བཤད་མཛད་པས་མཁས་པའི་སློབ་མ་མང་དུ་བསྐྲུན་མཐར། ཐོས་དོན་སྒྲུབ་ལ་གཞོལ་བའི་དགོངས་པ་རི་རྒྱལ་ལྟར་བརྟན་པས་དབེན་པའི་རི་ཁྲོད་ངེས་མེད་རྣམས་སུ་སྤྲོས་མེད་བྱ་བཏང་སྒོ་གཅིག་པའི་བརྟུལ་ཞུགས་བཟུང་ནས་དཀའ་སྤྱད་སྙིང་རུས་རྗེ་མི་ལའི་རྣམ་ཐར་གྱི་དཔེ་། ཟླར་འོས་པ་མཛད་དེ་སྒྲུབ་པའི་རྒྱལ་མཚན་བཙུགས། འགུ་ལོག་གཙང་སྐོར་གྲུབ་ཆེན་བྱམས་པ་ཆོས་འཛིན་མཇལ་བར་བྱོན་ནས་མི་འཕྲོག་པའི་དད་པ་སྐྱེས་
ཤིང་གདམས་པས་རྗེས་སུ་བཟུང་སྟེ་ལྟ་སྒོམ་ལ་བོགས་ཁྱད་པར་ཅན་ཐོན། སྤྱིར་ཡང་འདུ་འཛི་རྣམ་གཡེང་ལ་མི་དགྱེས་པས་མིའི་ངོ་བསྲུང་དང་མཐུན་འཇུག་མི་མཛད་ཅིང་ཆོས་མང་པོ་ཁྱབ་གདལ་དུ་མི་གསུང་ནའང་། སྣོད་ལྡན་སློབ་མ་འགའ་ལ་ཟབ་ཁྲིད་ཀྱི་བདུད་རྩི་སྟེར་བས་ཚིམ་པར་མཛད་ཅིང་། སྒོམ་བྱུང་གི་ཤེས་རབ་ཀློང་ནས་བརྡོལ། རྗེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་དམ་པའི་སྐྱེས་བུ་མང་པོས་ཡང་ཡང་བསྐུལ་མ་གནང་བ་ལ་བརྟེན་ནས། མདོ་འགྲེལ་ལྕེ མུན་པའི་གོ་ཆའི་ཡང་འགྲེལ་གྱི་ཚུལ་དུ་སྤྱི་མདོ་དགོངས་པ་འདུས་པའི་རྒྱ་ཆེར་འགྲེལ་པ་ཉི་འོད་གཟི་ལྡན་ཞེས་ལེགས་བཤད་སྔ་ན་མེད་པ་གླེགས་བམ་ཨེ་ཝཾ་མ་ཡའི་གྲངས་ལྡན་རྙིང་བསྟན་ལ་འགངས་ཆེ་བ་འདི་དང་། གཞན་ཡང་མི་ཕམ་མཁས་འཇུག་དང་། ངེས་ཤེས་སྒྲོན་མེའི་འགྲེལ་པ་སོགས་གསུང་རྩོམ་
པོད་བདུན་ཙམ་བཞུགས་པར་སྣང་། ཞལ་སློབ་ཀྱང་ཀཿདཔལ་གྱི་སྤྲུལ་སྐུ་ཆེ་ཁག་རྣམས་དང་། ཚབ་ཚྭ་སྒྲུབ་རྒན་སྤྲུལ་སྐུ་སོགས་བསྟན་ལ་ཕན་པ་མང་པོ་བྱུང་། མཐར་རྒྱ་དམར་གྱི་དབང་བསྒྱུར་སྐབས་སྤུ་བོ་ཁྱུང་ཐོ་ལ་རྩེར་བསྙུན་མེད་པར་ཞི་བའི་དབྱིངས་སུ་གཤེགས་སོ། །དེ་རྗེས་ཀཿ ཐོག་བཤད་གྲྭའི་མཁན་པོའི་མཚན་བཞེས་མྱོང་བ་འགའ་ཞིག་སྨོས་ན། གོང་དུ་སྨོས་པའི་མཁན་རབས་བཞི་པོ་དེ་དག་གི་ཞལ་སློབ་ཏུ་གྱུར་པ། སྔ་འགྱུར་རང་རྐང་གི་གྲུབ་མཐའ་འཛིན་སྤེལ་ལ་མཁྱེན་རབ་ཀྱི་ལང་ཚོ་རྒྱས་པ་ཤ་སྟག་བྱུང་བ་ཡིན་ལ་དེའང་མགོ་ཚ་མཁན་ཨོ་རྒྱན་བསྟན་འཕེལ། ཧོར་པོ་མཁན་རྒྱལ་མཚན་འོད་ཟེར། ཤིང་ཁྲི་མཁན་ཀུན་དགའ་བསྟན་འཛིན། ཉག་རོང་མཁན་ཤེས་རབ་རབ་གསལ། འབེས་ལུ་མཁན་སྐལ་བཟང་ངམ་དྲི་མེད་བློ་གྲོས་
སོགས་བྱོན་ནས་གཞུང་ལུགས་ཀྱི་འཆད་ཉན་མཛད་ཚུལ་ནི་འཇམ་མགོན་མི་ཕམ་ཆོས་རྗེའི་ཡིག་ཆ་གཙོ་བོར་བཟུང་བའི་བཀའ་སྲོལ་དྲི་མ་མེད་པ་འདི་ལྟར་སླད་ནས་འབྱོན་པའི་ཀཐོག་བརྒྱུད་འཛིན་རྣམས་ཀྱི་དགོངས་ཡུལ་དུ་གཞག་གལ་ཆེ་བར་ཁོ་བོ་སེམས་སོ། །སྐྱབས་རྗེ་སི་ཏུ་རིན་པོ་ཆེས་ཀཿཐོག་བཤད་གྲྭ་ཆེན་མོ་མ་བཏབ་སྔོན་ཙམ་ལ་གཟིགས་ལམ་དུ། མེ་ཏོག་པདྨ་ཆེན་པོ་ཞིག་ལ། དེ་འདྲ་བ་ལྔས་བསྐོར་བ་རེ་རེའི་ལྟེ་བར་རལ་གྲི་ལེགས་པོ་ལྔས་མཚན་པ་ལས་འོད་འཕྲོ་ཞིང་པདྨ་དེ་དང་འདྲ་བ་ལྔ་ཕྲག་རེ་འཕྲོ་བའི་ལྟས་བྱུང་བ་ལ་བརྟགས་ན་རྒྱུད་སྡེ་འདི་ལས་འཕྲོས་ཏེ་ད་དུང་ལྔ་ཕྲག་རེ་འདེབས་པའི་རྟེན་འབྲེལ་ཡོད་ཅེས་གསུངས་པའི་ལུང་བསྟན་གྱི་བདེན་པ་མངོན་དུ་གྱུར་པ་ཞིག་གོ། །ཡང་ཀཿཐོག་ཉིན་དགོན་སྤྲུལ་སྐུ་ཞེས་པའི་སྐུ་ན་རིམ་པར་བྱོན་ཚུལ་ནི། གཏེར་ཆེན་
ཀློང་གསལ་སྙིང་པོ་དང་ཕན་ཚུན་བླ་སློབ་ཐུགས་ནང་མཐུན་པ་བྱུང་བའི་ཉིན་དགོན་བླ་མ་སངས་རྒྱས་བཀྲ་ཤིས་ཞེས་མཁྱེན་ནུས་ཅན་དེ་ཡི་སྐྱེ་སྤྲུལ་ལི་ཐང་དུ་འཁྲུངས་པ་གྲུབ་དབང་བྱང་ཆུབ་རྡོ་རྗེ་སྟེ། འདི་ནི་དྲི་མེད་ཞིང་སྐྱོང་གིས་ངོས་འཛིན་དང་ཀཿཐོག་གི་ཁྲི་ལ་བཀོད་ཀྱང་ཕྱག་རྗེས་ཆེ་བ་མ་བྱུང་བར་གཤེགས། དེའི་ཡང་སྲིད་འོད་གསལ་རྡོ་རྗེ་སྙིང་པོ་ནི། དགེ་པཎ་དང་ངེས་དོན་པ་ཞེ་ཆེན་གསུམ་པ་རིག་འཛིན་དཔལ་འབྱོར་རྒྱ་མཚོ་སོགས་ལས་སྔ་འགྱུར་གྱི་ཆོས་བཀའ་མང་པོ་གསན་བསམ་བསྒོམ་པས་གཏན་ལ་ཕབ་ཅིང་ཀཿབསྟན་ལོ་མང་བསྐྱངས་རྗེས་གཤེགས། འདི་ཞེ་ཆེན་ཆོས་འབྱུང་དུ་ཉིན་དགོན་བཞི་པར་བཤད་འདུག་པ་དཔྱད། དེའི་སྐུ་སྐྱེ་གཞན་ཕན་རྡོ་རྗེ་ནི་ལི་ཐང་གཡོན་རུ་དཔོན་གྱི་སྲས་སུ་འཁྲུངས། སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་དང་།
སི་ཏུ་ཆོས་བློ་སོགས་ཀྱི་སློབ་མར་གྱུར་ནས་མཁྱེན་པའི་ཆུ་གཏེར་རྒྱས་ཤིང་ལི་ཐང་དགོན་ཆེན་དུ་རྙིང་མ་གྲྭ་ཚང་གསར་འཛུགས་སོགས་མཛད་ཕྲིན་གོང་། འཕེལ་དུ་གྱུར། དེའི་སྤྲུལ་སྐུ་བསོད་ནམས་རྡོ་རྗེ་ཡང་ལི་ཐང་དུ་འཁྲུངས་ནས་ཀཿཐོག་ཏུ་གོང་མའི་ཁྲི་ལ་བཀོད་ཀྱང་ཡུན་རིང་མ་བཞུགས་པར་གཤེགས། དེའི་ཡང་སྲིད་འགྱུར་མེད་ཀུན་བཟང་སྟོབས་རྒྱལ་ནི། རྩྭ་ཤུལ་གཏེར་སྟོན་བསོད་རྒྱལ་གྱི་སྲས་སུ་འཁྲུངས་པ་འཇམ་དབྱངས་མཁྱེན་བརྩེའི་བཀའ་ཕེབས་ལྟར་རྫོགས༔ ཀཿཐོག་ཏུ་ཁྲི་འདོན་དང་། མཁན་རིན་པོ་ཆེ་འབྱོར་ལྡན་སོགས་ལས་དབང་ཆོས་གསན་བཞེས་མཛད་པའི་སྐྱེས་བུ་ཁྱད་འཕགས་ཤིག་བྱོན་པ་ཡིན། ཡང་ཀློང་གསལ་ཆོས་བདག་ལུང་ཟིན་ཆོས་ཉིད་རྒྱ་མཚོའི་ཡང་སྲིད་ཨོ་རྒྱན་འཇམ་དབྱངས་ནི་ཛཀ་བསོད་ནམས་རྣམ་རྒྱལ་གྱི་དབོན་པོར་འཁྲུངས་པ་དང་། དེའི་སྤྲུལ་
སྐུ་དཔལ་ལྡན་རྡོ་རྗེ་ནི་རྟེན་སྔགས་འཆང་དང་ཟབ་གཏེར་ལ་དབང་བ་ཞིག་བྱུང་། དེའི་སྐུ་སྐྱེ་འཇམ་དཔལ་རྡོ་རྗེ་ནི་ལི་ཐང་དུ་འཁྲུངས། འཇིགས་མེད་ཡོན་ཏན་མགོན་པོ་དང་སི་ཏུ་ཆོས་བློ་སོགས་བླ་མར་བསྟེན་ནས་ཆོས་རྒྱ་ཆེར་གསན་ཅིང་གཙོ་བོར་སྒྲུབ་པ་ཁོ་ན་མཛད་པས་རྟོགས་པའི་དབང་། ཕྱུག་ཏུ་གྱུར། ཡི་དམ་ལྷའི་ཞལ་གཟིགས་ཤིང་ཆོས་སྐྱོང་བྲན་དུ་ཁོལ། རང་ལུགས་སྙན་བརྒྱུད་གདམས་པ་འཛིན་སྤེལ་ལ་མངའ་དབང་འབྱོར་བ་ཞིག་བྱོན་པ་ཡིན། དེའི་ཡང་སྲིད་པདྨ་ཕྲིན་ལས་ནི་ཁྲོམ་རྒྱ་ཤོད་པའི་ནང་དུ་འཁྲུངས་ནའང་སྐུ་ཚེ་ཐུང་ངུར་གཤེགས། དེའི་ཡང་སྲིད་འཇམ་དཔལ་བསྟན་འཛིན་རྒྱ་མཚོ་ནི་ཉག་གཤིས་སེ་ཡུ་ཚང་དུ་སྐུ་འཁྲུངས་པ་ཀཿཐོག་ཏུ་གོང་མའི་ཁྲི་ལ་མངའ་གསོལ་བ་ཡིན་ནོ། །ཡང་ཉིན་དགོན་བྱ་བྲལ་བ་ནམ་མཁའ་རྡོ་རྗེ་ནི་དགེ་པཎ་
སོགས་ཀྱི་སློབ་མ་རྟོགས་པ་མཆོག་ལྡན་ཞིག་ཉིན་དགོན་རང་དུ་ཚེ་དང་སྒྲུབ་པ་མཉམ་པ་དང་། གྱི་ལིང་ཐུགས་མཆོག་རྡོ་རྗེ་ཡང་དགེ་པཎ་ཞལ་སློབ་ཏུ་གྱུར་པ་དེའི་སྤྲུལ་བརྒྱུད་འགུ་ལོག་ཕྱོགས་སུ་ད་ལྟའི་བར་བཞུགས་པ་ཡིན། ཁྱད་པར་དུ་ཀཿཐོག་དྲུང་ནམ་མཁའ་རྒྱ་མཚོའི་རྣམ་འཕྲུལ་མཚོ་ཕུ་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་ནི་ཉག་རོང་སྦིས་མདོ་སྦྲ་རྒན་དུ་སྐུ་བལྟམས། དགེ་པཎ་དང་། ངེས་དོན། ཛསྤྲུལ་བསོད་ནམས་རྣམ་རྒྱལ་སོགས་ལས་ཀཐོག་པའི་ཆོས་བཀའ་གཏེར་སྤྱི་དང་ཁྱད་པར་དུ་རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་ཆོས་རྣམས་བུམ་པ་གང་བྱོར་གསན་ནས་ཀྲྀ་མཚོ་ཕུ་སོགས་སྒྲུབ་གནས་རྣམས་སུ་སྐུ་ཚེ་ཧྲིལ་པོར་སྒྲུབ་པའི་རྒྱལ་མཚན་བཙུགས་པའི་ཞར་ལ་སྐལ་ལྡན་གྱི་བུ་སློབ་མང་པོ་ལ་སྙན་བརྒྱུད་ཀྱི་གདམས་པ་སྩལ་ནས་སྨིན་ཅིང་གྲོལ་བའི་ས་ལ་བཀོད་པའི་
ཞལ་སློབ་ཀྱི་གཙོ་བོ་ནི་ལྷང་བྲག་གྲུབ་ཆེན་པདྨ་བདུད་འདུལ་ཡིན་ལ། གཞན་ཡང་འཇིགས་མེད་ཡོན་ཏན་མགོན་པོ་དང་། ཁྲོམ་དགེ་རྣམ་རྒྱལ་མདོ་སྔགས་བསྟན་འཛིན་སོགས་ཤིན་ཏུ་མང་པོས་ཕྱོགས་ཀུན་ཁྱབ་བོ། །དེའི་སྤྲུལ་སྐུ་སྲོང་བཙན་ཆོས་རྗེ་ནི། ཁྲོ་ཟུར་རྒྱལ་སྲས་རིན་པོ་ཆེའི་སྲས་སུ་སི་ཏུ་ཆོས་བློ་དང་། ཛཿསྤྲུལ་སོགས་ལས་སྨིན་གྲོལ་བདུད་རྩི་ནོས་ནས་བསྒྲུབས་པས་དྲོད་རྟགས་བརྙེས་ཏེ་མི་ཉག་སེང་གེ་དགོན་པ་སོགས་གསར་བཏབ་གནང་བ་ཡིན། དེའི་སྤྲུལ་སྐུ་བཞད་པ་རྡོ་རྗེ་ནི་གཡོན་རུ་གཏེར་སྟོན་འཆི་མེད་ཀྱི་གདུང་སྲས་སུ་འཁྲུངས། མཁན་ངག་དགའ་རྡོ་རྗེ་འཆང་དང་། འབྱོར་ལྡན། རྗེ་ཆོས་ཀྱི་བློ་གྲོས་སོགས་ལས་མདོ་སྔགས་བཀའ་གཏེར་རྒྱ་མཚོའི་དབང་ལུང་གསན་ཅིང་མན་ངག་སྙན་བརྒྱུད་ཀྱི་གདམས་བཅུད་གསོལ་
མཐར། མི་ཉག་སེང་གེ་དགོན་དུ་བཞུགས་ནས་མཛད་ཕྲིན་དར་རྒྱས་བྱུང་ངོ་། །ཀློང་གསལ་སྙིང་པོའི་དབོན་བཀྲ་ཤིས་ཕུན་ཚོགས་ཀྱི་སྤྲུལ་སྐུ་ཛཀ་བསོད་ནམས་རྣམ་རྒྱལ་ཤེ་པོར་འཁྲུངས། དེའི་ཡང་སྲིད་ཀུན་བཟང་རྣམ་རྒྱལ་ནི་གོང་མའི་གདུང་བརྒྱུད་དུ་འཁྲུངས། ཉག་བླ་པདྨ་བདུད་འདུལ་དང་། མཁྱེན་ཀོང་རྣམ་གཉིས་སོགས་ཡོངས་འཛིན་དུ་མ་ལས་གསར་རྙིང་རིས་མེད་ཀྱི་ཆོས་བཀའ་མན་ངག་མང་པོ་གསན་ཅིང་ཐུགས་ཉམས་སུ་བཞེས་པ་ལས་འགྲོ་དོན་ཕྱོགས་མེད་དུ་རྒྱས་པ་བྱུང་བའི་སློབ་མ་ཡང་བསྟན་འགྲོའི་དཔལ་མགོན་མཁན་ཆེན་ཨ་སྟོབས། གཏེར་སྟོན་བསོད་རྒྱལ། གཏེར་སྟོན་དྲི་མེད། སི་ཏུ་ཆོས་རྒྱམ། ཨ་འཛོམ་འབྲུག་པ། རྫ་དཀོན་མཆོག་བླ་མ་སོགས་མང་ངོ་། །དེའི་ཡང་སྤྲུལ་གཡོན་རུ་རྒྱལ་སྲས་དང་། ས་ངན་ཤེ་པོར་འཁྲུངས་པ་སྟེ་གཉིས་བྱུང་
བའི་སྔ་མ་ནི་མཛད་པ་ཕྲིན་ལས་ངོ་མཚར་བ་ཅན་བྱོན་པ་ཡིན་ནོ། །ཡང་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་དངོས་སློབ་སྒ་རྗེ་ཆོས་སྐྱོང་རྒྱ་མཚོའི་དབོན་བརྒྱུད་དེང་སང་བར་ཁམས་གོང་དགོན་དུ་རྡོ་རྗེ་འཛིན་པ་རིམ་བྱོན་རྣམས་དང་། ཡང་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་གདུང་སྲས་ཨོ་རྒྱན་བསྟན་འཕེལ་ནི་དྲུང་ནམ་མཁའ་རྒྱ་མཚོའི་ཞལ་སློབ་ཏུ་གྱུར་ནས། ཁ་བ་དཀར་པོ་དང་། མོན་འཇང་ཡུལ་ཕྱོགས་སུ་ཕེབས་ཏེ་གནས་སྒོ་ཕྱེ་བ་དང་། འཇང་གཡུ་འབྲུག་དགོན་དང་སྨར་ཁམས་རྒྱལ་སྲས་དགོན་སོགས་གསར་དུ་ཆགས་བཏབ་ཅིང་གང་དུ་བྱོན་སར་རྙིང་པ་རྣམས་ཉམས་གསོ་མཛད་པ་སོགས་འཁོར་ལོ་གསུམ་གྱི་ཕྱག་རྗེས་ཆེ། དེའི་སྤྲུལ་སྐུ་རིམ་བྱོན་རྒྱལ་སྲས་དགོན་པར་བཞུགས་པའི་དང་པོ་ནི་རྫ་ཡུལ་དུ་འཁྲུངས་པའི་མཚན་བསྟན་པ་མི་འགྱུར་མཆོག་
གྲུབ་ཡིན། དེའི་སྐྱེ་སྲིད་རི་རབ་ཕག་ཞལ་དུ་འཁྲུངས་པ་སྨིན་གྲོལ་ཕྲིན་ལས་རབ་བརྟན་ཡིན། དེའི་སྤྲུལ་སྐུ་གཙང་རོང་དུ་འཁྲུངས་པ་དཔལ་ལྡན་ཞི་བའི་བློ་གྲོས་ཡིན་ཅིང་། དེའི་སྤྲུལ་སྐུ་རུ་དམ་ཕྱོགས་སུ་འཁྲུངས་པ་ཀུན་དགའ་བློ་གྲོས་རྒྱལ་མཚན་ཞེས་མཁྱེན་ཡོན་དང་ལྡན་པ་དེ་ཉིད་རྐྱེན་ལམ་དུ་ཤོར་བའི་ཡང་སྲིད་ཀྱང་ད་ལྟ་སྨར་ཁམས་སུ་ཡོད་སྐད་ཐོས་སོ། །གཞན་ཡང་གཙང་གཤིས་རྡོ་རྗེ་གྲོ་ལོད་དང་ཉེ་བའི་གནས་འགོ་དགོན་དུ་བླ་མ་བདེ་ཆེན་རྒྱ་མཚོའི་སྐུ་སྐྱེ་གོང་འོག་དང་། འཇང་གཡུ་འབྲུག་དགོན་དུ་བླ་མ་རིག་འཛིན་རྒྱ་མཚོ། འཇང་དཔལ་སུམ་དགོན་དུ་ཀློང་གསལ་གཏེར་སློབ་ཤེས་རབ་ཆོས་འཕེལ་གྱི་སྐུ་སྐྱེ་རིམ་བྱོན་རྣམས་ཕེབས། ཡང་ཏཱ་ཧོ་རོང་དུ་ཀཿཐོག་པའི་སློབ་བརྒྱུད་སངས་རྒྱས་བསྟན་པའི་རྒྱལ་མཚན་དང་། དེའི་སློབ་མ་འགྱུར་མེད་ཡེ་ཤེས་རྡོ་རྗེ་ཞེས་
མཁྱེན་རབ་དང་རྟོགས་པ་མཆོག་ཏུ་ཆེ་ཞིང་གསུང་འབུམ་པོད་ གསུམ་ཙམ་ཡོད་ཅིང་། བུ་སློབ་ཆེ་བ་བརྒྱད་སོགས་བྱུང་བའི་སློབ་བརྒྱུད ་དེང་སང་བར་མཆིས། ཡང་ཁྲོམ་དགེ་དགོན་དུ་གཏེར་ཆེན་ཀློང་གསལ་ཆོས་བདག་པདྨ་མཁའ་སྤྱོད་དང་ཁྲོམ་དགེ་སྐུ་མདུན་རྣམ་གཉིས་ཀྱི་སྤྲུལ་སྐུ་རིམ་བྱོན་གྱིས་ད་ལྟ་ཡང་། པདྨ་རྣམ་རྒྱལ་ཞུ་བ་ཞིག་རྒྱ་དམར་གྱི་བཙོན་ཁང་ལས་ཐར་ཏེ་ཉག་རོང་དུ་བཞུགས་པ་དང་། ཁྲོམ་དགེ་ཨ་རིག་གམ་རིག་འཛིན་བཟང་པོ་ཞེས་རྗེ་མཁན་ཆེན་ངག་དགའ་རིན་པོ་ཆེའི་ནང་ཐུགས་ཀྱི་སྲས་མཆོག་ཏུ་གྱུར་པ། སྐུ་ཚེ་ཧྲིལ་པོར་དབེན་པའི་རི་ཁྲོད་རྣམས་སུ་སྤྲོས་མེད་བཀའ་གདམས་གོང་མའི་རྣམ་ཐར་གཙང་མ་བདག་གིར་མཛད་དེ་ད་ལྟའང་མདོ་སྨད་ཁྲོམ་རྡོ་ཁོ་དགོན་དུ་ཉེ་བའི་དབེན་པའི་རི་ངོགས་སུ་འཚོ་གཞེས་བརྟན་བཞིན་པའོ། །ཛཿཀ་
མཆོག་སྤྲུལ་གྱི་ཐོག་མ་ནི་རིག་འཛིན་ཀློང་གསལ་སྙིང་པོའི་དབོན་བཀྲ་ཤིས་ཕུན་ཚོགས་ཞེས་བླ་མ་བཟང་པོ་བསྟན་ལ་བྱ་བ་བྱེད་པ་ཞིག་བྱོན་པའི་སྐྱེ་སྤྲུལ་དང་པོ་ཛཀ་བསོད་ནམས་རྣམ་རྒྱལ་སོགས་གོང་སྨོས་ལྟར་ཡིན། ཡང་འབའ་རྩེར་གཏེར་སྟོན་པདྨ་ཆོས་རྒྱལ་ཞེས་ཀཐོག་བརྒྱུད་འཛིན་ཞིག་བྱུང་བ་དེའི་ཡང་སྲིད་བི་རུ་གྲུབ་སྲས་བྱང་ཆུབ་ཆོས་ཀྱི་ཉི་མ་ཞེས། དྲི་མེད་ཞིང་སྐྱོང་མགོན་པོ་སོགས་ཀྱི་ཞལ་སློབ་མཁས་གྲུབ་གཉིས་ལྡན་ཀློང་གསལ་ཆོས་སྐོར་གྱི་ལྗགས་བསྒྲིགས་ཁ་སྐོང་སོགས་དང་། ཞལ་གདམས་མགུར་འབུམ་བཅས་གསུང་འབུམ་པོད་ལྔ་ཙམ་སྤར་དུ་འཁོད་ཡོད་པ་ཁོ་བོས་ཀྱང་མཇལ་མྱོང་། ཡང་ཟླ་སྨད་ཕྱོགས་སུ། གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་གི་བླ་མ་སྤྲུལ་སྐུ་ཇི་ལྟར་བྱོན་ཚུལ་ནི། དྲི་མེད་ཞིང་སྐྱོང་དང་། འགྱུར་མེད་ཚེ་དབང་
མཆོག་གྲུབ། ངེས་དོན་པ་སོགས་ཀྱི་སློབ་མ་ཨོ་རྒྱན་ལྷུན་གྲུབ་དང་། ཀུན་བཟང་བསྟན་འཛིན། རྡོ་རྗེ་འཛིན་པ་འགྱུར་མེད་རབ་གསལ་རྣམས་ཀྱང་མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་ཏུ་མངའ། དེ་ནས་རིམ་བཞིན་རིག་འཛིན་འཇམ་དཔལ་རྡོ་རྗེ། ཀུན་བཟང་ཡིད་བཞིན་དབང་རྒྱལ། དབོན་པོ་ནམ་མཁའ་རྡོ་རྗེ། གྲུབ་དབང་མཁས་གྲུབ་བསྟན་འཛིན། བཤད་སྒྲུབ་བསྟན་པའི་ཉི་མ། མཁན་ཆེན་རིག་འཛིན་རྣམ་རྒྱལ། མི་འགྱུར་ཚེ་དབང་ནོར་བུ། དབོན་སྤྲུལ་མདོ་སྔགས་བསྟན་པའི་རྒྱལ་མཚན། ཀུན་བཟང་ཨོ་རྒྱན་ཆེ་མཆོག །མ་འདས་སྤྲུལ་སྐུ་བསོད་ནམས་དོན་གསལ། ཨོ་རྒྱན་བསྟན་སྲུང་། ཨོ་རྒྱན་རྣམ་རྒྱལ། དབོན་པོ་གང་ཤར་རང་གྲོལ། རྒྱལ་སྲས་ཉི་ཟླ་བཟང་པོ། སྤྲུལ་སྐུ་ཀུན་བཟང་ཉི་མ་སོགས་བྱོན་པ་དང་། དེང་སང་ཡང་གཞི་ཆེན་བཻ་རོ་
སྤྲུལ་སྐུ་འཇམ་དབྱངས་རྒྱལ་མཚན་དང་། དབོན་སྤྲུལ་རིན་པོ་ཆེ་གཉིས་ཀ་འཕགས་ཡུལ་དུ་མཛད་ཕྲིན་བཟང་པོ་སྐྱོང་བཞིན་བཞུགས་ཡོད་པ་ཙམ་དུ་མ་ཟད། ལྷག་པར་བེ་རོ་རིན་པོ་ཆེས་བདུད་འདུལ་ཆོས་སྐོར་ཡོངས་རྫོགས་དང་། ཀློང་གསལ་ཁྲིད་ཡིག་ཆེན་མོ། གཞན་ཡང་རྡོ་རྗེ་སྙིང་པོའི་ཆོས་སྐོར་གཏེར་མཛོད་དུ་བཞུགས་པ་ཕལ་ཆེར་ཟུར་བཀོལ་པོད་གཅིག་བཅས་འཕྲུལ་སྤར་གསར་བཞེངས་ཆོས་སྦྱིན་དུ་སྤེལ་བར་མཛད་དོ། །ཡང་རྒྱལ་བ་ཀཿཐོག་པའི་དགོན་ལག་རྒྱུ གུར་དཀར་པོའི་ཆོན་ཐག་བརྒྱད་ཅེས་གྲགས་པ་ཡང་། ཟླ་སྙི་གསེར་གསུམ་དུ། གྲྭ་ལག །རག་ཁྲོམ། གཞི་ཆེན། སྟག་རྩེ། རྟ་ཤུལ་སོགས་དང་། ཉག་རོང་ཕྱོགས་སུ། དྲུག་བསྟོད་དགོན་དང་། ཞི་བ་དགོན། བཟུར་ལྷ་འབུམ་དགོན་སོགས་མང་པོ་དང་། ཨ་བསྭ་འབྲོང་བཏུལ་དགོན་བཀྲ་ཤིས་ཆོས་
གླིང་ངམ་མདོ་ལམ་དགོན་ལྟ་བུ་ལ་མཚོན་ན། བིས་འགོ་སྤྲུལ་སྐུ་ཉི་མ་རྒྱལ་མཚན་ཞེས་མཁས་བཙུན་བཟང་གསུམ་འགྲན་ཟླ་དང་བྲལ་བ། འཕགས་ཡུལ་གྱི་སློབ་དཔོན་ཟླ་བའི་བཤེས་གཉེན་གྱི་རྣམ་འཕྲུལ། ཡི་དམ་ལྷག་པའི་ལྷ་ཨོ་རྒྱན་པདྨ། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ། རྗེ་བཙུན་སྒྲོལ་མ་སྟེ་ཞལ་གཟིགས་ཀྱི་ལྷ་བཞི་དང་། འོད་གསལ་དག་པའི་སྣང་བར་བྱང་ཕྱོགས་གནོད་སྦྱིན་གྱི་ཡུལ་དུ་ཕེབས་ནས་ཞག་གསུམ་བཞུགས་པ་སོགས་སོ་སྐྱེའི་སྤྱོད་ཡུལ་ལས་རབ་ཏུ་འདས་པའི་སྤྱན་དང་མངོན་ཤེས་རྫུ་འཕྲུལ་ལ་མངའ་བརྙེས་པ་དེ་ཉིད་ལ་དགོངས་གཏེར་དང་དག་སྣང་གི་ཆོས་སྐོར། ཞལ་གདམས་ཟླ་བའི་ཕོ་ཉ་དང་ཞལ་གཟིགས་ཀྱི་ལྷ་གང་རུང་ལ་བརྟེན་པའི་མན་ངག་ཁྱད་པར་ཅན་མོས་གུས་ཟླ་དྲུག་མ། གནོད་སྦྱིན་དག་སྣང་སོགས་ཚིག་
དོན་ཕུན་སུམ་ཚོགས་པའི་གསུང་འབུམ་པོད་ཆུང་གསུམ་ཙམ་བཞུགས་པ་དེ་ལྟ་བུའི་སྒྲོལ་མའི་གྲུབ་ཐོབ་ཆེན་པོ་དེ་ཉིད་ཁོ་བོ་ཆུང་དུས་ཞལ་མཇལ་ཆོས་འབྲེལ་བྱིན་རླབས་ཙམ་ཐོབ་པའི་སྐལ་བཟང་བྱུང་། གོང་སྨོས་རྟ་ཤུལ་དགོན་ཆགས་བཏབ་པ་པོ་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་སྤྲུལ་པའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་སྟེ་དེ་ནི། རབ་བྱུང་བཅུ་བཞི་པའི་ཆུ་མོ་ལུག་ལོར་༡༨༢༣ འདྲ་ལྕགས་ཁུང་དུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཕལ་པའི་སྤྱོད་ཡུལ་ལས་འདས་པའི་མངོན་ཤེས་དང་གྲུབ་རྟགས་བསྟན་པ་དང་རྩ་གསུམ་ལྷ་དང་བླ་མ་མང་པོ་ཞལ་གཟིགས་ཤིང་། བསླབ་སྦྱངས་ལ་མ་ལྟོས་པར་ཆོས་ཐམས་ཅད་རང་བྱུང་དུ་མཁྱེན། གསེར་སྨད་རྔ་རོལ་སྟག་རྩེ་སོགས་གཏེར་གནས་དུ་མ་ནས་ཆོས་དང་དམ་རྫས་མང་པོ་སྤྱན་དྲངས། ཟབ་གསང་མཁའ་
འགྲོའི་སྙིང་ཐིག །ཆོས་ཉིད་ནམ་མཁའི་ཀློང་མཛོད། དག་སྣང་ཡེ་ཤེས་དྲྭ་བ། མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ཏེ་། ཟབ་ཆོས་སྐོར་བཞི་གཏན་ལ་ཕབ་སྟེ་ལུང་ཟིན་འཇའ་ལུས་པ་བཅུ་གསུམ་དང་སི་ཏུ་ཆོས་ཀྱི་རྒྱ་མཚོ། མཁན་ཀུན་དཔལ་སོགས་ལས་ཅན་དཔག་ཏུ་མེད་པ་། རིག་འཛིན་གྱི་ས་ལ་བཀོད། འཇམ་དབྱངས་མི་ཕམ་རིན་པོ་ཆེས་བདུད་འཇོམས་སར། པདྨའི་རྒྱལ་ཚབ་རྫོགས་པ་ཆེན་པོའི་ཆོས་སྐད་རང་རྐང་དུ་སྨྲ་བའི་ཤིང་རྟ་པར་བསྔགས་པའི་ཕྱག་བྲིས་ཕུལ་བ་ཁོ་བོས་ཀྱང་མཇལ་མྱོང་ཞིང་། མདོར་ན་སྟོད་གངས་དཀར་ཏི་སེའི་སྒྲུབ་གནས་ནམ་མཁའ་ཁྱུང་རྫོང་ནས་སྨད་རྒྱ་ནག་རི་བོ་དེའུ་ཤན་ཡན་ཆད་དུ་གཏེར་ཆོས་དང་སློབ་བརྒྱུད་ཀྱིས་ཁྱབ་པ་བྱུང་ཞིང་། རིགས་སྲས་སྤྲུལ་པའི་སྐུ་བརྒྱད་བསྐྲུན་པར་མཛད་པ་དེ་དག་ཀྱང་མཁས་
དང་གྲུབ་པའི་སྐྱེས་བུ་ངོ་མཚར་ཅན་རྡོ་གྲུབ་གསུམ་པ་དང་། དཔལ་སྤྲུལ་ཡང་སྲིད་སོགས་སྔ་འགྱུར་བསྟན་པ་བཤད་སྒྲུབ་ཀྱིས་འཛིན་སྤེལ་ནུས་པ་ཤ་སྟག་བྱུང་། དགུང་གྲངས་རེ་དགུ་པར་ངོ་མཚར་བའི་ལྟས་དང་བཅས་པདྨ་འོད་དུ་གཤེགས་སོ། །དེའི་ཡང་སྲིད་དེ་མ་ཐག་པ་འགྲོ་འདུལ་གླིང་པའམ། འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ནི་སྦས་ཡུལ་པདྨ་བཀོད་ཀྱི་བྱེ་བྲག་གཏེར་ཁུང་དུ་ཀ་གནམ་ཆོས་ཀྱི་རྒྱལ་པོའི་རིགས་སུ་རབ་བྱུང་བཅོ་ལྔ་པའི་༡༩༠༤ ཤིང་འབྲུག་ལ་འཁྲུངས། གསུང་ཕྱེ་མ་ཐག་བདུད་འཇོམས་གོང་མའི་སྐྱེ་བར་རང་གི་སྔོན་གནས་རྗེས་དྲན་གྱིས་ཞལ་བཞེས་གནང་། དེ་ནས་རྫ་ཕུག་ཁུང་སྤྲུལ་སྐུ་འགྱུར་མེད་ངེས་དོན་དབང་པོ་དང་རྗེ་དྲུང་བྱམས་པའི་འབྱུང་གནས་སོགས་རྡོ་རྗེ་འཛིན་པ་དུ་མ་ལས་མཛོད་ཆེན་ལྔ་དང་བཀའ་མ་ཡོངས་རྫོགས་རྒྱལ་བའི་བཀའ་
འགྱུར་རིན་པོ་ཆེ་དང་རྙིང་རྒྱུད་ལྗགས་ལུང་སོགས་གསན་བསམ་ཆོས་ཀྱི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་བཀང་། ཨོ་རྒྱན་ཡབ་ཡུམ་གྱི་ཞལ་གཟིགས་ཤིང་བྱིན་རླབས་འཕོས་པ་ལས་རྡོ་རྗེའི་རིགས་སད་ནས་འཆད་རྩོད་རྩོམ་གསུམ་གང་ལའང་ཆགས་ཐོགས་སྤངས་པའི་སྤོབས་པའི་གཏེར་གྲོལ། ཟབ་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་ཀྱང་གནས་དུས་རྟེན་འབྲེལ་གྱི་བབ་ལས་ས་གཏེར་བདག་གིར་མ་མཛད། དགོངས་གཏེར་མཁའ་འགྲོ་ཐུགས་ཏིག་དང་། མཚོ་སྐྱེས་ཐུགས་ཏིག་ཕྱི་ནང་གསང་བ་ཡང་གསང་སྐོར། ཕུར་པ་སྤུ་གྲི་རེག་ཕུང་སོགས་ཟབ་ལ་འདྲིལ་བ་ལས་ཁ་ཚར་དང་བཅས་པ་གཏན་འབེབས་གནང་ནས་བདག་ཅག་གདུལ་བྱ་རྣམས་ལ་སྨིན་གྲོལ་ཚང་སྤྲུགས་སུ་བསྩལ། རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཚར་བཅུ་གཅིག་
གིས་མཚོན་བཀའ་མ་རྙིང་རྒྱུད། པད་གླིང་སོགས་གདུལ་བྱའི་བློ་དང་མཐུན་པར་བཀའ་གཏེར་དག་སྣང་གི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བས་རྙིང་མ་བ་ཡོངས་ཀྱི་བསྟན་པའི་མེ་རོ་རྨང་ནས་གསོས། བླ་རྫོགས་ཐུགས་གསུམ། བཀའ་དགོངས་ཕུར་གསུམ་སོགས་ཀྱི་ཆོག་ཁྲིགས་ཁ་སྐོང་རྒྱས་བསྡུས་འཚམས་པ་སོགས་གསུང་འབུམ་པོད་བཅུ་ཕྲག་གཉིས་ལ་ཉེ་བ་མཛད། ལྷག་པར་སྔ་འགྱུར་བཀའ་མའི་སྐོར་གྱི་བཀའ་བསྡུ་ཚོལ་ཞིབ་ལེགས་པར་གནང་ནས་གླེགས་བམ་བཞི་བཅུ་ཞེ་བརྒྱད་ཙམ་བྱུང་བའི་ཞུ་དག་བཅས་གསར་བྲིས་འཕྲུལ་སྤར་དུ་བཞེངས་ཏེ་བསྟན་པའི་བཙས་དམ་པར་བཞག་ནས་རྙིང་བསྟན་གྱི་སྲོག་མཐུད་པ་ལྟ་བུའི་བཀའ་དྲིན་བླ་ན་མེད་པ་བསྩལ་ཞིང་ཕྲིན་ལས་རྒྱ་མཚོའི་ཕ་མཐར་ཁྱབ་པ་དང་། འཁོར་ལོ་གསུམ་གྱི་བྱ་བ་རྒྱ་ཆེན་སྤྱི་དང་ལྷག་པར་རྒྱལ་བ་ཀཿཐོག་
པའི་ཐུགས་དམ་སྙིང་པོ་རིག་འཛིན་བདུད་འདུལ་གཏེར་བྱོན། དམ་ཆོས་དགོངས་པ་ཡོངས་འདུས། འཕགས་མཆོག་ནམ་མཁའི་རྒྱལ་པོ། སྙིང་ཐིག་ཚེ་ཡང་ཕུར་གསུམ་ཚེ་དཀར་སོགས་ལ་ཆོག་ཁྲིགས་ཁ་སྐོང་ཡན་ལག་དང་བཅས་པ་མཛད་ནས་ཤིང་སྤར་དུ་བཞེངས་ཏེ་ཁྱབ་པར་སྤེལ་བ་དང་། ཀཿཐོག་གི་གསེར་ཁྲི་འཛིན་པ་དགེ་རྩེ་དང་། ཕྱག་ཚ། དྲི་མེད་ཞིང་སྐྱོང་། རྨོག་སྤྲུལ་རྣམས་དང་། ཀཿཐོག་དབོན་སྤྲུལ་བཅས་ཕན་ཚུན་མཇལ་འཕྲད་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཆོས་གསན་རེས་བཅས་གནང་། མཐར་ཕྱི་གླིང་ཨ་རི་དང་། ཡུ་རོབ་ཕ་རན་སིའི་ཡུལ་སོགས་སུ་ཡེ་ཤེས་སྙིང་པོ་དང་རྡོ་རྗེ་སྙིང་པོ་ཞེས་པའི་ཆོས་ཚོགས་གསར་བཙུགས་ཀྱི་དབུ་ལ་བཞུགས་བཞིན་དགུང་གྲངས་གྱ་གསུམ་པར་ངོ་མཚར་བའི་ལྟས་དང་བཅས་ཞིང་མཆོག་
པདྨ་འོད་དུ་ཨོ་རྒྱན་ཆེན་པོའི་དགོངས་དབྱིངས་བདེ་བ་ཆེན་པོར་གཤེགས་པའི་ཚུལ་བསྟན་ཏེ། སྐུ་གདུང་རིན་པོ་ཆེ་ཡང་ཚྭ་བསྡམས་ཀྱིས་རྐམ་ཐག་ཆོད་པ་རིང་མིན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་འཁྲིས་ཀྱི་གདུང་ཁང་གསར་པར་གདན་འདྲེན་ཞུ་རྒྱུ་ཡིན་ནོ། །ཡང་ཁྲོམ་སྨད་ཡེ་ལེ་དགོན་ཆགས་བཏབ་པ་པོ། ཤུད་པུ་དཔལ་སེང་རྣམ་འཕྲུལ་གཏེར་ཆེན་འཇིགས་བྲལ་མཐུ་སྟོབས་གླིང་པ་ནི། ཉག་བླ་པདྨ་བདུད་འདུལ་གྱིས་ལུང་བསྟན་གནང་བ་ལྟར། ཀཿཐོག་དྲི་མེད་ཞིང་སྐྱོང་སྐུ་ཕྲེང་བཞི་པ་དང་། ལུང་རྟོགས་སོགས་ཀྱི་སློབ་མ་མཁས་ཤིང་གྲུབ་པའི་གོ་འཕང་བརྙེས་ཤིང་ཟབ་གཏེར་གྱི་བཀའ་བབས་ཏེ། ཆོས་དང་དམ་རྫས་སྐུ་དང་ཕྱག་མཚན་མང་པོ་སྤྱན་དྲངས་ནས། གུ་རུའི་ཐུགས་བཅུད་ཟབ་ཏིག་རྒྱ་མཚོ་ཞེས་པའི་ཆོས་སྐོར། བླ་རྫོགས་ཐུགས་གསུམ་ཚང་བ། ཐུགས་
ཆེན་ཆོས་ཉིད་རང་གྲོལ། གཤིན་རྗེ་བཀའ་བརྒྱད། ཕུར་སྒྲུབ་གདུག་པ་ཚར་གཅོད། ཕག་མོ་དང་། རྫོགས་ཆེན་ནམ་མཁའ་ཀློང་ཟླ ཡངས་སོགས་པོད་དགུ་ཙམ་གཏན་ལ་ཕབ་པའི་རྒྱུན་དེང་སང་ཡང་མ་ནུབ་པར་བཞུགས། གདུང་སྲས་སྤྲུལ་པའི་སྐུ་ཁྱད་པར་ཅན་ལྔ་དང་། སྲས་མོ་བསམ་སྒྲོན་ཞེས་རང་བཞིན་གྱི་རྣལ་འབྱོར་མ་མངོན་ཤེས་དང་གྲུབ་རྟགས་ལ་མངའ་བརྙེས་པ་ཞིག་ཀྱང་བྱུང་། སློབ་མའི་གཙོ་བོ་མཁན་ཆེན་རྡོ་རྗེ་འཆང་ངག་དགའ་རིན་པོ་ཆེ་སོགས་སྐྱེས་ཆེན་མང་པོ་བྱུང་བ་དང་། གཏེར་ཆོས་ཀྱི་རྒྱུན་ཉག་རོང་དང་ས་ངན་ཕྱོགས་སུ་དར་རོ། །དེའི་ཡང་སྲིད་གཏེར་སྟོན་གྱི་དབོན་བརྒྱུད་དུ་འཁྲུངས་པ་ཨོ་རྒྱན་ཆེ་མཆོག་ད་ལྟ་མདོ་ཁམས་གོ་འཇོའི་ཕྱོགས་སུ་འཚོ་གཞེས་བརྟན་བཞིན་པའོ། །ད་ནི་གོང་གི་དེ་རྣམས་ལས་ཀྱང་ངོ་མཚར་མཆོག་ཏུ་
འཕགས་པ་གྲུབ་ཆེན་འཇའ་ལུས་པ་ཆེན་པོ་པདྨ་བདུད་འདུལ་གྱི་རྣམ་ཐར་ཅུང་ཟད་འཆད་ན་སྔོན་གྱི་གཏེར་ཁ་གསར་རྙིང་དུ་མ་ནས་རྡོ་རྗེའི་ལུང་གིས་ཟིན་པ་མཚན་གྱི་རྣམ་གྲངས་ཨོ་རྒྱན་མཁའ་མཉམ་གླིང་པ། འཁྲུལ་ཞིག་བྱང་ཆུབ་གླིང་པ། གྲུབ་ཆེན་ཉི་ཟླ་ཀུན་མཛེས་སོགས་སུ་གྲགས་པ་སྟེ། དེ་ཡང་མདོ་སྨད་ཉག་ཨ་ཛི་རོང་དུ་རབ་བྱུང་བཅུ་བཞི་པའི་མེ་བྱི་ལོར་༡༨༣༦ ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས། ཆུང་བྱིས་པའི་དུས་ནས་ངེས་འབྱུང་དང་སྙིང་རྗེ་ལྷན་རྟོ སྐྱེས་སུ་འཁྲུངས་པ་དང་། སྐུ་ཆུང་ངུའི་དུས་ནོར་རྫས་དགྲ་རྐུན་གྱིས་བཅོམ་པ་སོགས་བྱུང་ཞིང་ཡབ་གཤེགས། ཡུམ་སྲས་རྣམས་དུས་ཐུང་ངུས་སྤྲང་པོར་གྱུར། འཚོ་བ་སློང་མོ་ལ་བརྟེན་ནས་ཨ་མ་དང་སྤུན་སྲིང་གསོ་དགོས་པ་བྱུང་བ་མ་ཚད་སྤྲང་ཟས་ཕྲན་བུ་རྙེད་པ་དེ་ཡང་ལམ་དུ་ཇག་པས་འཕྲོག་པ་དང་།
ལྷམ་ཁྲོད་ཅིག་ཡོད་པ་ཡང་ཆུས་ཁྱེར་བས་སྡང་དགྲ་བོས་མཐོང་ནའང་སྙིང་རྗེ་ནས་མཆི་མ་འཆོར་བ་དེ་ལྟ་བུ་བྱུང་ཡང་། རྗེ་ཉིད་ནི་སྐུ་ཚེ་སྔོན་མའི་རྣམ་སྨིན་དང་བུ་ལོན་ལན་ཆགས་ཡིན་པའི་ལས་འབྲས་བསླུ་མེད་ལ་ཐུགས་ཆེས་ནས་ཨ་མ་དང་དགྲ་རྐུན་བཅས་པར་སྔོན་ལས་བུ་ལོན་སོད་པས་། དགའ་བ་བསྒོམས་ཤིག་ཅེས་མགུར་གསུངས་ནས་ཨ་མ་ལ་སེམས་གསོ་མཛད། དེ་ནས་འཁོར་བ་ལ་སྙིང་པོ་མེད་ཅིང་མི་རྟག་པའི་ཚུལ་ལ་ངེས་འབྱུང་དྲག་པོ་སྐྱེས་ནས་ཤར་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་ཏྲ་མཚོ་ཕུ་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་དྲུང་ནས། རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་ཆོས་ཡོངས་སུ་རྫོགས་པའི་དབང་ལུང་མན་ངག་གདམས་ཁྲིད་བཅས་བུམ་པ་གང་བྱོར་གསན་ནས་དབེན་པར་ཉམས་ལེན་ལ་གནད་དུ་བསྣུན་པས་ཆོས་བརྒྱད་
ཆགས་སྡང་གི་སྒྲོག་ལས་གྲོལ། གྲུབ་མཐའི་འདོད་ཞེན་དབྱིངས་སུ་ཞིག །ཆོས་ཐམས་ཅད་ཀྱི་གཏིང་སླེབས། སྣང་བ་བརྡ་དང་དཔེ་ཆར་ཤར། དག་པའི་སྣང་བ་ཕྱོགས་མེད་དུ་འབྱོངས། སྤྱིར་རྫོགས་ཆེན་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེ་དང་། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སོགས་རིས་མེད་ཀྱི་བླ་མ་མང་པོ་ལས་མདོ་སྔགས་བཀའ་གཏེར་གྱི་ཆོས་མང་པོ་གསན་ནའང་། རྩ་བའི་བླ་མ་གཅིག་པུ་ནི་སྒྲུབ་ཆེན་ཆོས་དབྱིངས་རང་གྲོལ་ཡིན་ལ་སྐུ་ཚེའི་སྟོད་ལ་སྒྲུབ་ནྟེ པའི་ས་སྡེ་བཙུགས་ཚུལ་ལ་མཚོན་ན་ཤང་ལང་གཤིས་ཀྱི་གནས་ཆེན་པདྨའི་གཏེར་གནས་བྲག་དཀར་ལྷང་ལྷང་ནོར་བུའི་ཡང་རྩེ་ཞེས་གྲགས་པའི་རང་ཤོང་བྲག་ཕུག་ལ་བརྟེན་ཅིང་། རགས་པའི་ཁ་ཟས་མེད་པར་སྔོ་ངད་དང་རྡེའུ་བཅུད་ལེན་ཁོ་ན་ལ་འཚོ་བ་མཛད་ནས་ལོ་བཅུ་གསུམ་ལྷག་དཀའ་ཐུབ་དྲག་པོས་སྒྲུབ་
པ་ཁོ་ནས་འདའ་བར་མཛད་ཚེ། ཨོ་རྒྱན་ཆེན་པོ་སོགས་བླ་མ་དང་ལྷག་པའི་ལྷ་དཔག་ཏུ་མེད་པ་ཞལ་གཟིགས། ཟབ་གཏེར་གྱི་ཁ་བྱང་ཕྱག་ཏུ་སོན་པས་གནས་དེ་ཉིད་སོགས་ནས་ཆོས་ནོར། དམ་རྫས། ལྷ་སྐུ་ཕྱག་མཚན་མང་པོ་གཏེར་ནས་སྤྱན་དྲངས། ཐུགས་རྗེ་ཆེན་པོས་ལུང་བསྟན་བྱུང་བ་ལྟར་ཡུལ་གྲོང་སོ་སོར་རྒྱུ་འབྲས་བླང་དོར་གྱི་ཁྲིད་འཆད་པ་དང་མ་ཎི་ཇོ་འཁོར་གྱི་འགྲོ་དོན་འདྲ་ཡང་མཛད། སྐུ་ཕྱི་ཚུལ་གོས་དཀར་ལྕང་ལོ་སྔགས་ཀྱི་ཆ་ལུགས་སུ་གནས་ཀྱང་། ནང་འདུལ་བ་སོ་ཐར་གྱི་བཅས་མཚམས་ལས་ཕྲ་མོ་ཙམ་ཡང་མི་འདའ་བའི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཞིག་སྟེ། དོན་དུ་གསེར་། དང་བོང་བ་མཉམ། དགྲ་གཉེན་མཉམ་པ་ཉིད་དུ་རྟོགས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས། འཁོར་འདས་བར་ལག་འགྱེལ། དུས་གསུམ་སྒྲིབ་
མེད་དུ་གཟིགས། རྫོགས་ཆེན་རང་སྣང་རིས་མེད་ཀྱི་དགོངས་པ་སྣང་བཞིའི་ཕ་མཐར་སོན། གདིང་བཞིའི་རྟོགས་ཚད་བརྙེས། ས་ལམ་ཚེ་གཅིག་ལུས་གཅིག་ལ་བགྲོད། རྟགས་སྒོ་གསུམ་ལ་ཤར་ནས་རི་བྲག་ཁང་པ་སོགས་ལ་ཟང་ཐལ་མཛད། གཞན་རྒྱུད་མཁྱེན་པའི་མངོན་ཤེས་ཕྱོགས་མེད་དུ་ཤར་བ་ཡིན། ཉིན་གཅིག་ཉག་རྐེད་དཔོན་གྱིས་ཁྱེད་བླ་མ་ཡིན་ན་དེ་རིང་འདིར་གྲུབ་རྟགས་ཤིག་མ་བསྟན་ན་ཆད་པ་གཅོད་ངེས་ཡིན་ཅེས་བསྡིག་མོ་བྱས་ཚེ། ཀུན་གྱིས་མཐོང་བར་བྲག་གཡང་མཐོན་པོ་མེ་ལོང་གི་ངོས་ལྟར་འཇམ་པ་ལ་འཛེགས་ཏེ་ཐོག་ཚད་གསུམ་ཙམ་གྱི་སར་མདའ་དར་དཀར་པོ་ཞིག་བརྟན་པོར་བཙུགས་ནས་མར་བབས་པ་ན་ཞབས་རྗེས་འདམ་ལ་བཏབ་པ་ལྟ་བུ་མང་པོ་བྱུང་བས། ཉག་དཔོན་དད་པ་བཅོས་མིན་སྐྱེས་པས་མཚོན་གྲུབ་རྟགས་ངོ་མཚར་ཅན་དེ་འདྲ་བཅུ་
གསུམ་བཞག་པས་དམུ་རྒོད་ཀྱི་སྐྱེ་འགྲོ་རྣམས་དད་པ་ལ་བཀོད། སྐུ་ཚེ་ཧྲིལ་པོར་བྱ་བཏང་སྤྲོས་མེད་ཀུ་སུ་ལུའི་བརྟུལ་ཞུགས་ལ་གནས་པ་མ་གཏོགས་རྟ་དྲེལ་སྒར་པ་བྲན་གཡོག་མང་པོ་བསྟེན་པ་སོགས་བླ་ཆེན་གྱི་ལད་མོ་མི་མཛད། གཏེར་ཆོས་ཀྱང་ཟབ་ཆོས་མཁའ་ཁྱབ་རང་གྲོལ་སྐོར། ཞི་ཁྲོ་རྒྱས་འབྲིང་བསྡུས་གསུམ་སོགས་པོད་གསུམ་ཙམ་གཏན་ལ་འབེབས་པར་མཛད་པའི་རྒྱུན་ད་ལྟའི་བར་བཞུགས། སྐལ་ལྡན་རྡོ་རྗེའི་སློབ་མ་བསོད་ནམས་མཐའ་ཡས་སོགས་བཅུ་གསུམ་གཙོས་ལས་ཅན་གྲངས་མེད་པ་ལ་ཆོས་འཁོར་རྒྱུན་ཆད་མེད་པ་བསྐོར། ལྷ་དང་བླ་མའི་ལུང་བསྟན་ལྟར་ཉག་སྐལ་བཟང་དགོན་རྟེན་དང་བརྟེན་པར་བཅས་པ་འགྲོ་བའི་དོན་ལ་བཞེངས་པའི་ཚེ། ཆ་རྐྱེན་དུ་འཛམ་བུའི་ཆུ་གསེར་གཏེར་ནས་བཏོན་ཏེ་ལྷ་ཁང་གི་ལྡེབས་རིས་སྐུ་རྣམས་
ལ་བྱུག་པས་གསེར་ཕལ་པ་དང་བསྒྲན་དུ་མེད་པ་མངོན་སུམ་ཚད་མའོ། །གཞན་ཡང་བུ་སློབ་རྣམས་ཀྱིས་ཞུས་ངོར་ཞལ་གདམས་མགུར་འབུམ་སེམས་ལ་ཕན་ཞིང་ཚིག་གོ་བདེ་བ་མང་པོ་མཛད་པ་རྗེས་ནས་རྡོ་རྗེའི་སློབ་ཆེན་འོད་ཟེར་ནས་ཕྱོགས་བསྡུ་མཛད་དེ། རྣམ་ཐར་དང་མགུར་འབུམ་གཉིས་སུ་ཕྱེས་ནས་སྤར་དུ་བཞེངས་པ་ཡིན། དེ་ལྟ་བུའི་བསྟན་འགྲོ་ལ་ཕན་པའི་འཁོར་ལོ་གསུམ་གྱི་མཛད་པ་རེ་ཞིག་དེ་ཙམ་དུ་དགོངས་ནས། རབ་བྱུང་བཅོ་ལྔ་༡༨༨༤པའི་ཤིང་ཕོ་སྤྲེལ་ལོ་ས་ག་ཟླ་བའི་གནམ་གང་ཉིན། ཁྲོམ་གྱི་ཡེ་ཚེ་ལྷ་ཁང་སུམ་མདོ་ཀཿཐོག་བྱང་ཆུབ་དཔལ་བའི་གདན་ས་དེར་བུ་སློབ་རྣམས་ལ་བསླབ་བྱ་ཞལ་ཆེམས་ཞིབ་པར་བསྩལ་ནས། ད་ནི་ངའི་ཅོག་བུའི་སྒོ་འདི་བཙེམས་ལ་ཞོག ཞག་བདུན་མ་ལོན་པར་སུས་ཀྱང་སྒོ་མ་འབྱེད་ཅེས་བཀའ་ཕེབས་པ་ལྟར་བྱས་ཏེ་ཞག་
བདུན་པའི་སྔ་དྲོར་གུར་སྒོ་ཕྱེས་ནས་བལྟས་ཚེ། བཞུགས་མལ་དུ་དབུ་རལ་དང་། ཕྱག་ཞབས་ཀྱི་སེན་མོ་རྣམས་ཆ་ཚང་དད་པའི་རྟེན་དུ་ལྷག་མར་བཞག །སྐུ་ལུས་འཇའ་འོད་དུ་དེངས་ནས་རྡུལ་ཕྲ་རབ་ཙམ་ཡང་མ་བཞག་པ་ཡིན་ནོ། །ཚུལ་འདི་ལ་དུས་མཉམ་གྱི་མཁས་མཆོག་མི་ཕམ་ཞབས་ཀྱིས་གྲུབ་ཆེན་པདྨ་བདུད་འདུལ་འཇའ་ལུས་ཡིན་པར་བསྒྲུབ་པ་ཞེས་དོགས་སེལ་གྱི་བསྟན་བཅོས་ཞལ་གསལ་འདི་དཔང་དང་ཚད་མར་གྱུར་པ་ལགས་སོ། །གྲུབ་ཆེན་འཇའ་ལུས་པ་ཆེན་པོའི་སློབ་མ་རྡོ་རྗེའི་མཚན་ཅན་བཅུ་གསུམ་གྱི་ཡ་གྱལ་བཻ་རོའི་རྣམ་འཕྲུལ་གཏེར་འབྱིན་ཆེན་པོ་ཨོ་རྒྱན་སྐུ་གསུམ་གླིང་པའམ་རང་རིག་རྡོ་རྗེ་ནི། པདྨ་བདུད་འདུལ་སོགས་ལས་ཀློང་གསལ་རྡོ་རྗེ་སྙིང་པོའི་སྨིན་གྲོལ་སོགས་གསན་ནས་ཉམས་སུ་བླངས་པས་རྟོགས་པའི་རྩལ་ཆེན་རྫོགས་
ཤིང་། ཟབ་གཏེར་གྱི་བཀའ་བབ་སྟེ་རྡོར་སེམས་སོགས་གཏན་འབེབས་མཛད་ཅིང་ཨ་བསེ་ཀླུ་མོ་རབ་བམ་ཁང་ཚིག་སྒར་དུ་བཞུགས་ཚེ། སྟོད་གྲྭ་ཕྱི་སྨིན་གྲོལ་གླིང་དུ་གཏེར་ཆེན་རིན་པོ་ཆེའི་གདུང་བརྒྱུད་ཆད་པ་ལ་ལྷ་དང་བླ་མའི་ལུང་གིས་བསྐུལ་ནས། སྨིན་གླིང་ཁྲི་ཆེན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་ནས་རྒྱུན་རིང་བཞུགས་ཏེ་སྨིན་གླིང་རྗེ་བཙུན་མ་ལ་གདུང་བརྒྱུད་སྤེལ་བའི་ཆོ་ག་མཛད་པའི་གཏེར་སྲས་དམ་པའི་རྒྱུན་ད་ལྟའི་བར། བར་མ་ཆད་པར་བྱོན་ནས་མཁན་པོ་དང་ཁྲི་འཛིན་ཟུང་གིས་བསྟན་པ་བསྐྱངས་ཤིང་། མཐར་མྱ་ངན་ལས་འདས་ཚེ་སྐུ་གདུང་འོད་དུ་ཡལ་བའི་ལྷག་མ་ཁྲུ་གང་ཙམ་ལུས་པ་ཀླུ་མོ་རབ་ཏུ་གསེར་གདུང་གི་བུམ་པར་བཞུགས་པ་ཁོ་བོས་ཀྱང་མཇལ་ཞིང་དབང་བླངས་སྨོན་ལམ་འདེབས་པའི་སྐལ་བཟང་བྱུང་། ཡང་སྣ་ནམ་རྡོ་རྗེ་བདུད་འཇོམས་རྣམ་རོལ་
གཏེར་སྟོན་ལས་རབ་གླིང་པ་ནི་ཉག་ཞི་བ་ཚང་དུ་སྐུ་འཁྲུངས། ཆུང་ངུ་ནས་བཟང་པོའི་བག་ཆགས་སད་དེ་ཆོས་སྒོར་ཞུགས་ཤིང་། །ཉག་བླ་མཐའ་ཡས་རྡོ་རྗེ། སྨྱོ་ཤུལ་ལུང་རྟོགས་སོགས་བླ་མར་བསྟེན་ནས་ཀློང་གསལ་རྡོ་རྗེ་སྙིང་པོ་སོགས་ཀྱི་སྨིན་གྲོལ་གདམས་པའི་བཅུད་གསོལ་ཏེ་རྫོགས་བ པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པར་དབང་འབྱོར། མཁྱེན་རབ་ཀྱི་རྩལ་ཕྱོགས་མེད་དུ་རྒྱས། ལས་འཕྲོ་གཏེར་གྱི་བཀའ་བབ་བྱུང་ཞིང་ཁམས་དབུས་ཀྱི་གཏེར་གནས་དུ་མ་ནས་ཆོས་དང་དམ་རྫས་མང་པོ་སྤྱན་དྲངས་ཏེ་ལ་ལ་འདབ་གཏེར་དུ་སྦས། གཏན་ལ་ཕབ་པའང་ཕུར་པ་དང་། རྟེན་འབྲེལ་ཉེས་པི སེལ་སོགས་གླེགས་བམ་མང་པོའི་རྒྱུན་དེང་སང་བར་བཞུགས། རྫ་སྟོད་དུ་དཔལ་སྤྲུལ་རིན་པོ་ཆེ་དང་། སྡེ་དགེར་འཇམ་མགོན་མཁྱེན་ཀོང་རྣམ་གཉིས།
ཆོས་རྗེ་མི་ཕམ་སོགས་དང་མཇལ་ནས་ཕན་ཚུན་ཆོས་གསན་རེས་དང་གཏེར་ལེན་རྒྱུའི་ཞབས་ཏོག་ཀྱང་བསྒྲུབས། དེ་ནས་ལྷ་ལྡན་དུ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་མཇལ་འཕྲད་ཀྱིས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ་དབུ་བླར་བཀུར། དཔོན་སློབ་ལྷན་ཅིག་ཏུ་ལྷ་སའི་ཇོ་ཁང་སོགས་ནས་གཏེར་འདོན་པ་སོགས་མཛད། མདོ་སྨད་ནས་བཞེས་པའི་གཏེར་རྫས་རྟ་ཕག་བླ་རྡོ་སོགས་རྒྱལ་བའི་དབང་པོར་ཕུལ། ཉག་སྐལ་བཟང་དགོན་དང་ཉེ་བའི་ས་གནད་དུ་བོད་ཁམས་བསྟན་སྲིད་བདེ་ཐབས་ཀྱི་ལྷ་ཁང་བཞེངས་པ་སོགས་མཛད་ནས་གཏེར་ལུང་བཞིན། རྡོ་སྙི་གསེར་གསུམ་དང་འགུ་ལོག་ཕྱོགས་གཉན་པོ་གཡུ་རྩེ་སོགས་སུ་ཕེབས་ནས་གཏེར་བཞེས་པ་སོགས་མཛད། སྐུ་ཚེའི་སྨད་ལ་གསེར་སྨད་རྫོང་གནས་སུ་བཞུགས་སྟན་འཇགས། སྲས་ཡ་ཟུང་འཁྲུངས། རྡོ་གྲུབ་གསུམ་པ་
དང་། ཤུག་ཆུང་སྤྲུལ་སྐུ་ཚུལ་ལོ། །དར་ཐང་དགོན་གྱི་བླ་སྤྲུལ་རྣམས་དང་བླ་སློབ་ཏུ་འབྲེལ། ཤུག་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོས་འདིའི་རྣམ་ཐར་གཏེར་འབྱུང་རྒྱས་པ་ཞིག་བརྩམས་ནས་སྤར་དུ་བརྐོས། གཏེར་ཆོས་ཀྱི་འགྲོ་དོན་ཀྱང་ཁམས་ཕྱོགས་སུ་དེ་ཙམ་མི་ཆེ་ཡང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཆོས་བདག་གཙོ་བོ་ཡིན་སྟབས། ད་ལྟ་སྐུ་ཕྲེང་བཅུ་བཞི་པས་ཀྱང་རྡོ་རྗེ་ཕུར་པ་སོགས་གསན་སྤེལ་དང་བཞུགས་སྒར་དུ་འདིའི་སྒོ་ནས་བདུད་རྩི་སྨན་སྒྲུབ་བཙུགས་པ་སོགས་ཕྲིན་ལས་ཀྱི་རྒྱུན་མ་ནུབ་པ་འདིའོ། །དེ་ལྟ་བུའི་བསྟན་འགྲོའི་དོན་རླབས་པོ་ཆེ་བསྒྲུབས་ནས་རྫོང་གནས་ནས་པདྨ་འོད་དུ་གཤེགས་སོ། །ཡང་ཨ་འཛོམ་སྒར་ནི་རྨ་ཐོག་རྣམ་འཕྲུལ་ཨ་འཛོམ་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེའམ། སྣ་ཚོགས་རང་གྲོལ་ཞེས་ཉག་
བླ་པདྨ་བདུད་འདུལ་དང་། ཀཿཐོག་སི་ཏུ་ཆོས་ཀྱི་བློ་གྲོས། དྲི་མེད་ཞིང་སྐྱོང་། དཔལ་སྤྲུལ་རིན་པོ་ཆེ། འཇམ་དབྱངས་མཁྱེན་བརྩེ་སོགས་བླ་མར་བསྟེན་ནས་མདོ་སྔགས་བཀའ་གཏེར་དག་སྣང་གི་ཆོས་བཀའ་སྤྱི་དང་། ལྷག་པར་རྒྱལ་བ་ཀ༔ཐོག་པའི་ཆོས་སྐལ་ཀློང་གསལ་སྙིང་པོའི་སྐོར་བུམ་པ་གང་བྱོར་གསན་ནས་སྒྲུབ་པ་ཉམས་བཞེས་ཀྱི་སྲང་ལ་གཞལ་བས་ཉམས་ཀྱི་ཤུན་པ་དང་བྲལ་བའི་གནས་ལུགས་ལྟ་བའི་ཕུ་ཐག་ཆོད། ཨོ་རྒྱན་རིན་པོ་ཆེའི་ཞལ་གཟིགས་ནས་གཏེར་གྱི་ལུང་བསྟན་བྱུང་བ་བཞིན་རྡོ་རྗེ་གྲོ་ལོད་སོགས་གཏན་ལ་ཕབ་པའི་རྒྱུན་དེང་སང་བར་བཞུགས། མཛད་པ་ཕྱག་རྗེས་ཀྱང་། སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། ཀློང་སྙིང་རྩ་པོད། རྫོགས་ཆེན་དགོངས་པ་ཟང་ཐལ་ཡོངས་རྫོགས། རིན་ཆེན་གླིང་པའི་གཏེར་
སོགས་གླེགས་བམ་མང་པོའི་སྤར་གསར་བཞེངས་མཛད་པས་སྔ་འགྱུར་རྙིང་མ་སྤྱི་སྒོས་ཡོངས་ལ་བཀའ་དྲིན་གཞལ་དུ་མེད་པ་ཆེ་ཞིང་། རིགས་སྲས་ཀྱང་གསུམ་ཙམ་བྱུང་བའི་ནང་ནས་འགྱུར་མེད་རྡོ་རྗེ་ནི་ཀློང་ཆེན་སྙིང་ཐིག་གཙོས་པའི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བས་སྐལ་ལྡན་མང་ པོའི་རྒྱུད་སྨིན་གྲོལ་གྱི་ལམ་ལ་བཀོད་པ་ཞིག་བྱུང་། མདོར་ན་གཏེར་ལུང་ལས། ཁྲོམ་གྱི་ཕྱོགས་ནས་གཡུ་འབྲུག་མིང་ཅན་འབྱུང་༔ འབྲེལ་ཚད་རྔ་ཡབ་གླིང་དུ་འདྲེན་པར་འགྱུར༔ ཞེས་པ་ལྟར་སློབ་མའི་གཙོ་བོ་རྗེ་མཁན་ཆེན་ངག་དབང་དཔལ་བཟང་དང་། གྲུབ་དབང་ཤཱཀྱ་ཤྲཱི། དགེ་རྩེ་རིན་པོ་ཆེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་སྙིང་པོའི་བསྟན་པ་གསལ་བྱེད་ཉི་ཟླའི་སྒྲོན་མེ་དང་མཚུངས་པ་མང་དུ་བྱུང་བས་མཚོན་འབྲེལ་ཚད་དོན་ལྡན་གྱི་ཕྲིན་
ལས་མཐར་ཕྱིན་ནས་པདྨ་འོད་དུ་གཤེགས་པའི། ཡང་སྲིད་ཡིད་ལྷུང་ཁོག་ཏུ་འཁྲུངས་པ་དེང་སང་གདན་སར་འཚོ་གཞེས་བརྟན་བཞིན་པ་ལགས་སོ། །ཡང་ཉག་གཏེར་དྲི་མེད་འོད་གསལ་གླིང་པ་ནི། རིག་འཛིན་ཀློང་གསལ་སྙིང་པོའི་རྣམ་འཕྲུལ་དུ་གྲགས་པ་ཉག་རོང་དུ་སྐུ་འཁྲུངས། བླ་མ་མཐའ་ཡས་དང་། ཛཿཀ་ཀུན་བཟང་རྣམ་རྒྱལ་སོགས་ལས། བདུད་ཀློང་ཆོས་སྐོར་སོགས་དང་སི་ཏུ་རིན་པོ་ཆེ་ལས་གཏེར་མཛོད་སོགས་རྒྱ་ཆེར་གསན་ནས་ཀཿཐོག་བར་ཁྲོད་དུ་བཞུགས། སྐུ་ཚེའི་མཇུག་ཙམ་ལ་རག་ཆབ་སེང་རི་སྒར་དུ་བཞུགས་ནས་སྐལ་ལྡན་འདུས་པའི་ཚོགས་ལ་སྙིང་པོ་དོན་གྱི་ཆོས་ཆར་རྒྱ་ཆེར་འབེབས་པ་གནང་། ས་གཏེར་ལ་དབང་བས་གུར་དྲག་ཡེ་འབར་བསྐྱེད་རྫོགས་རྒྱས་པ་སོགས་པོད་ལྔ་ཙམ་ཕབ། རིགས་སྲས་པདྨ་ཐུགས་རྗེའི་དབང་ཕྱུག་དང་། བདེ་ཆེན་རྣམ་
རྒྱལ་སོགས་འཁྲུངས་པའི་སྔ་མས་སི་ཏུ་རིན་པོ་ཆེ་སོགས་ལས་གསན་པའི་ཆོས་བཀའ་མ་གཏེར་མ་བསྟན་བཅོས་རྣམས་ཀྱི་རྒྱུན་མི་ནུབ་པའི་ཆེད་དུ་སྨིན་གྲོལ་རྒྱབ་བརྟེན་བཅས་ཀྱི་ཆོས་འཁོར་བསྐོར་ཞིང་། རང་ལུགས་བདུད་འདུལ་དང་ཀློང་གསལ་གཉིས་ཀའི་གཏེར་ཆོས་ཡོངས་རྫོགས་སྤར་དུ་བཞེངས་པ་སོགས་མཛད་པ་ཕྱག་རྗེས་ཆེ། ཡང་ཆོས་སྒར་དེར་བཞུགས་པ་ཁྲ་སྐུ་བླ་མ་དཔལ་ལྡན་ཡེ་ཤེས་ཞེས་གིས་གཏེར་དང་། མི་ཕམ། ཡེ་ཤེས་རྡོ་རྗེ་སོགས་ཀྱི་དངོས་སློབ། སྐུ་ཚེ་གང་པོ་དབེན་ཁྲོད་ཁོ་ན་ལ་འདའ་བར་མཛད་ཅིང་། སྐུ་ཚེའི་སྨད་ལ་ཀཿཐོག་བླ་སྤྲུལ་རྣམས་དང་གྲྭ་དཀྱུས་མ་སྐྱེ་བོ་ཕོ་མོ་ཆོས་འདོད་ཅན་བཅས་པར་སྔོན་འགྲོ་རྩ་རླུང་རྫོགས་ཆེན་རྣམས་གང་ལ་གང་འདུལ་གདུལ་བྱའི་བློ་དང་འཚམས་པའི་ཆོས་བཤད་དང་། མན་ངག་སྙན་
བརྒྱུད་ཀྱི་གདམས་པ་ངོ་སྤྲོད་དམར་ཁྲིད་བཅས་སུ་བྱུང་ལ་བསྩལ་བས་ཀུན་གྱི་བླ་མ་བཀའ་དྲིན་མཚུངས་མེད་དུ་བརྩིའོ། །མཁན་རིན་པོ་ཆེ་ཨ་སྟོབས་སམ་ཐུབ་བསྟན་རྒྱལ་མཚན་འོད་ཟེར་ཞུ་བ་ཉག་བླ་མཐའ་ཡས་དང་། སྨྱོ་ཤུལ་ལུང་རྟོགས་ཛཀ་མཆོག་སྤྲུལ་སོགས་ཀྱི་ཞལ་སློབ་མཁས་བཙུན་བཟང་པོའི་ཡོན་ཏན་གཞན་འགྲན་བྲལ་བ་དེའང་གཏེར་སྟོན་དྲི་མེད་ཀྱི་སྐུ་མཆེད་ཡིན། གཞན་ཡང་ཉག་རོང་མཁན་རྒན་རིག་འཛིན་རྒྱ་མཚོ་ཞེས་རིག་པའི་གནས་ལྔ་ལ་མཁས་པའི་དབང་ཕྱུག་དང་བཙུན་པའི་མཆོག་ཏུ་གྱུར་པ་དེ་དང་། ཉག་རོང་གུ་རུ་དགོན་གྱི་མཁན་པོ་སྐལ་བཟང་དབང་ཕྱུག་ཀྱང་མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་ཏུ་མངའ་བ་བྱུང་། ཡང་ཁྲོ་ཟུར་ཇོ་དམར་གྱི་གདུང་བརྒྱུད་མཚོ་ཕུ་རྡོར་ལོ་ཞེས་འདས་ལོག་ཏུ་བྱོན་ནས་གཤིན་རྗེ་ཆོས་རྒྱལ་གྱིས་མཚན་ཇོ་བོ་བཀྲ་ཤིས་
རབ་བརྟན་ཞེས་གསོལ་ནས། མི་ཡུལ་དུ་འགྲོ་དོན་ལ་མངགས་ནས་ཇོ་འཁོར་བསྐོར་ཞིང་འདས་ལོག་བྱོན་ཚུལ་གྱི་ལོ་རྒྱུས་ཡི་གེར་འཁོད་པ་པོད་ཆུང་གཅིག་བཞུགས་པ་ཁོ་བོ་ཆུང་ངུའི་དུས་བླ་མ་རང་ལས་ཐོབ་མྱོང་། མཐར་སྐུ་གཤེགས་རྗེས་སྐུ་གདུང་མཆོད་རྟེན་གསེར་ཟངས་ལས་བཞེངས་པའང་ཀཿཐོག་ཏུ་བཞུགས་སོ། །དེའི་ཡང་སྲིད་རྒྱ་ནག་ཏུ་སྐུ་འཁྲུངས་པ་དེང་སྐབས་ཉག་རོང་བཟུར་ལྷ་འབུམ་དགོན་དུ་བཞུགས་ནས་གཞན་དོན་སྐྱོང་བཞིན་པའོ། །ཡང་དེའི་སྔོན་ཙམ་ལ་ཀཿཐོག་རང་དུ་མཁར་གསར་གཏེར་སྟོན་འགྲོ་འདུལ་སྟོབས་ལྡན་གླིང་པ་ཞེས་རླངས་དཔལ་སེང་གི་སྤྲུལ་པར་གྲགས་ཤིང་། མཚོ་སྐྱེས་སྙིང་ཐིག་སོགས་གཏེར་ཁ་མང་ཙམ་བཞུགས་པ་དང་བསྟན་འགྲོ་བདེ་ཐབས་སའི་གནད་གཟེར་བསྡམས་པ་སོགས་ཀྱང་མཛད་
ཅེས་ཐོས། ཏྲེ་ཧོར་སྟོད་ཕྱོགས་སུ་དབྱར་དགོན་དང་། སྨད་ཕྱོགས་འབྲས་ཚལ་དགོན་གཉིས་ཀ་ཀཿཐོག་དགོན་ལག་ཡིན། དེ་ལས་འབྲས་ཚལ་སྤྲུལ་སྐུ་ཨོ་རྒྱན་དངོས་གྲུབ་ནི་ཀཐོག་ཏུ་གྲྭ་སར་ལོ་གསུམ་བཞུགས་རྒྱུན་རིང་། གསན་བསམ་དབང་ལུང་ཁྲིད་གསུམ་དང་ཆོ་ག་ཕྱག་ལེན་བཅས་མཁས་པར་སྦྱངས། རང་ཡུལ་དུ་ཕེབས་ནས་འདས་ལོག་ཏུ་བྱོན། མཁས་གྲུབ་ཀྱི་ཡོན་ཏན་མངའ་བས་ཨ་མདོ་ཕྱོགས་སུ་གདུལ་བྱ་ལ་བྱོན་དུས་རྗེ་དཔོན་གནམ་ལོ་འདུལ་ཕྱིར་གྲུབ་རྟགས་ཨ་རག་མང་པོ་བཞེས་མཐར། ཀ་ཏོ་ར་བཟེད་ཅིག་གསུངས་ནས་ཕྱག་མཛུབ་ལྔ་ཡི་རྩེ་མོ་ཐུར་དུ་བསྟན་པ་ལས་ཨ་རག་བཞེས་ཚད་མ་ཉམས་མ་གོད་པར་འབེབས་པར་མཛད་པ་ལ་སོགས་དངོས་སུ་བསྟན་པས་ཕྱོགས་དེའི་སྐྱེ་བོ་རྣམས་རང་དབང་མེད་པར་དད་པའི་གནས་ལ་བཀོད་པར་མཛད་དོ། །འདི་
ལ་སྲས་ངོ་མཚར་ཅན་ཞིག་བྱུང་བ་དེང་སང་དཀར་མཛེས་རྫོང་ཁོངས་འབྲས་ཚལ་དགོན་པར་བཞུགས་ཡོད་སྐད་མཆིས། ཡང་ལུང་རྟོགས་ཞལ་སློབ་རྗེ་ངག་དགའ་རིན་པོ་ཆེ་དང་སྐུ་མཆེད་དུ་འགྲོ་བ་མཁན་པོ་ཚུལ་ཁྲིམས་རྡོ་རྗེ་ནི་ཁྲོམ་སྨད་ཤུག་གུ་ཤར་སྒར་གོང་མར་བཞུགས་ནས་གདུལ་བྱ་རྣམས་ལ་ཐུན་མོང་ཐུན་མིན་གྱི་ཆོས་འཁོར་མང་པོ་བསྐོར་བ་དང་། གཏེར་གསར་ཟབ་ཏིག་སྔོན་འགྲོའི་ཁྲིད་ཡིག་རྒྱས་པ་ཞིག་ཀྱང་ཁ་སྐོང་གི་ཚུལ་དུ་མཛད་པ་འདི་གོ་འཇོ་དང་ས་ངན་ཕྱོགས་སུ་འགྲོ་དོན་ཆེ་རབ་བྱུང་བ་དང་། ཡང་དུས་སྐབས་དེར། རྒྱལ་རོང་གཏེར་སྟོན་ཨོ་རྒྱན་ཐུགས་གཏེར་གླིང་པ་ཞེས་འབྲོག་བན་རྣམ་རོལ་དུ་གྲགས་པ་ཞིག་བྱོན་ནས། གཏེར་གནས་ཨ་བསེ་འབྲོང་བཏུལ་ཟངས་བྲག་དམར་པོ་ནས་གུ་རུ་པདྨ་རྒྱལ་པོ་དང་། འཇམ་དཔལ་གཤིན་རྗེ་
གཤེད་དམར་སོགས་སྤྱན་དྲངས་པའི་རྒྱུན་དུས་ཕྱིས་བར་བཞུགས་ལ། དེ་དང་དུས་མཉམ་པར་མཆོག་དབྱངས་སྤྲུལ་པ་ཁྲོམ་གྲུབ་ཐོབ་རྒྱལ་བ་བྱང་ཆུབ་ཅེས་པ་ངོ་མཚར་ཅན་དེས་ཀྱང་རྟ་ཕག་གི་སྒྲུབ་སྐོར་སྨད་ལས་གཏོར་བཟློག་དང་བཅས་པ་ཞིག་ཕབ་པ་དེའི་ནང་དུ། དུས་འགྱུར་མ་འོངས་ལུང་བསྟན་ཞལ་གསལ་མང་པོ་སྣང་བ་དེ་རྣམས་རྗེས་ནས་ཐོག་ཏུ་བབ་པ་བྱུང་བ་ཡིན། ཡང་ལྕམ་བླ་སྤྲུལ་སྐུ་དཀོན་མཆོག་ཆོས་འཕེལ་དང་། སི་ཏུ་ཆོས་བློའི་ཞལ་སློབ་ལྕམ་བླ་སྤྲུལ་སྐུ་འཇིགས་མེད་རྡོ་རྗེ་ཡང་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པར་གྱུར་ཅིང་སློབ་མ་མཁས་གྲུབ་མང་པོ་བྱུང་འདུག །དེའི་སྔོན་ཙམ་ལ་ཀཿཐོག་བླ་མ་སྨིན་གྲོལ་རྒྱ་མཚོ་དང་། ངེས་དོན་བསྟན་འཛིན། འགྱུར་མེད་བསྟན་འཛིན་སོགས་ཀྱང་ཀཿཐོག་སྙན་བརྒྱུད་འཛིན་པའི་བླ་རབས་ཀྱི་ཕྲེང་བའི་གྲངས་སུ་
འདྲེན་པར་མཛད་དོ། །ད་ནི་དེ་དག་ལས་ཁྱད་པར་དུ་གྱུར་པ་མཁས་མང་བྱེ་བའི་འབྱུང་གནས་བཤད་སྒྲུབ་ནོར་བུའི་ལྷུན་པོའམ་ཀཿཐོག་རྒྱུད་སྡེ་ཁང་ཞེས་གྲགས་པའི་ཆོས་གྲྭ་ཆེན་པོ་དེ་ནས་འཕགས་བོད་ཀྱི་གཞུང་ལུགས་མན་ངག་དང་བཅས་པ་རྣམས་ལ་གསན་བསམ་དཔྱིས་ཕྱིན་པར་གནང་ནས་རྒྱལ་བ་ཀཿཐོག་པའི་དགོན་ལག་ཁག་དང་། རིས་མེད་དགོན་སྡེ་རྣམས་སུ་མཁན་པོའི་མཚན་གནས་བཞེས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བར་མཛད་པ་པོ་རགས་རིམ་ཙམ་གྱི་མཚན་ཕལ་ཆེ་བ་གོང་དུ་སོང་ལ། འདིར་ཡང་ཤེས་བྱེད་དུ་སྨོས་ན། སི་ཏུ་པཎ་ཆེན་གྱི་ཞལ་སློབ་ཏུ་གྱུར་པ་ཀླག་བྲག་རྫོང་དགོན་གྱི་མཁན་པོ་རྨེ་བ་བསོད་ནམས་ཆོས་འགྲུབ་དང་། ཉག་འབྱུང་ཁུངས་དགོན་གྱི་མཁན་པོ་ལེགས་བཤད་འབྱོར་ལྡན། གུ་རུ་དགོན་གྱི་མཁན་པོ་སྐལ་བཟང་
དབང་ཕྱུག །དྲུག་བསྟོད་དགོན་གྱི་མཁན་པོ་ཨ་དགེ། འགུ་ལོག་ཁྲ་གླིང་དགོན་ནམ་གླིང་བླ་ཆོས་རྡོར་སྒར་གྱི་མཁན་པོ་འཇམ་དཔལ་རྒྱ་མཚོ། ཡིད་ལྷུང་རྩ་ལ་དགོན་གྱི་མཁན་པོ་ཨོ་རྒྱན་བསྟན་འཕེལ། ཟླ་གྲྭ་ལག་དགོན་གྱི་མཁན་པོ་རུ་ཤུལ་དྲི་མེད་འོད་ཟེར་དང་ཨོ་རྒྱན་བསྟན་འཛིན། རྟ་ཤུལ་དགོན་གྱི་མཁན་པོ་ཨ་དྷི མགོ་ཚ་མཁན་པོ་ཨོ་རྒྱན་བསྟན་འཕེལ། སྒྲོ་བྲག་མཁན་པོ་ཚེ་རིང་རྡོ་རྗེ། ཁམས་སྒར་མཁན་པོ་དོན་དམ་ཆོས་མཆོག །རི་བོ་ཆེའི་བཤད་གྲྭའི་མཁན་པོ་ཤེས་རབ་སེང་གེ། གསེར་ཐར་མཁན་པོ་པདྨ་འཇིགས་མེད། རྩམ་མདོ་མཁན་པོ་རྡོ་རྗེ་བློ་གྲོས། སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ། མགོ་ལོག་མཁན་པོ་མུན་སེལ། ཁྲོ་རུ་མཁན་པོ་ཚེ་རྣམ། ཁྲི་ཚོ་མཁན་པོ་ཡེ་ཤེས་ལེགས་གྲུབ། སྤོ་ལུ་མཁན་པོ་རྡོ་རྗེའམ་ཀུན་དགའ་རྒྱལ་མཚན། མི་ཉག་མཁན་
པོ་ཨོ་རྒྱན་རིག་འཛིན། དཔལ་ཡུལ་བཤད་གྲྭའི་མཁན་པོ་བློ་གྲོས་རབ་གསལ་རྣམས་ཀྱིས་སྔ་འགྱུར་རྙིང་མ་རང་ལུགས་ཀྱི་ལྟ་གྲུབ་གཙང་མ། མཁན་སློབ་རྗེ་འབངས་རྣམས་ནས་རིམ་པར་སོ་ཟུར་གནུབས་གསུམ། ཀཿཐོག་དམ་གཙང་བྱམས་གསུམ། ཀུན་མཁྱེན་རོང་ཟོམ་དང་ཀློང་ཆེན་རབ་འབྱམས། འཇིགས་མེད་གླིང་པ་སོགས་ཀྱི་བར་ བརྒྱུད་པའི་གྲུབ་མཐའི་འདོད་ཚུལ་ལ་གཞན་གྱིས་མ་བསླད་པར་དཔྱད་གསུམ ་དག་པའི་སྤོབས་པ་ཐོབ་ཅིང་། གངས་ཅན་ལྗོངས་སུ་སྨྲ་བའི་ཁྱུ་མཆོག་གི་ས་ལ་གཤེགས་པ་མི་ཕམ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའི་གཞུང་བཤད་ཡིག་ཆ་བསྲེག་བཅད་བརྡར་བའི་གསེར་སྦྱངས་བཙོམ་ལྟ་བུའི་ལེགས་བཤད་རྒྱ་མཚོ་ལྟ་བུ་ལ་འཆད་སྤེལ་མཛད་པས། སི་ཏུ་རིན་པོ་ཆེའི་མཚན་ལམ་དུ་ཇི་ལྟར་བྱུང་བ་དང་
མཐུན་པར་ཕྱོགས་ཀུན་ཏུ་བཤད་གྲྭ་དང་མཁས་པའི་ཚོགས་ཀྱིས་བོད་ཡུལ་ཀུན་དང་། རྒྱ་དཀར་ནག་རྒྱ་མཚོའི་ཕ་རོལ་ཚུན་ཁྱབ་ཅིང་བརྡལ་བར་གྱུར་ཏོ། ཆོས་རྗེ་དམ་པ་བདེ་གཤེགས་ནས་བཟུང་སྟེ་ད་ལྟའི་བར་བྱོན་པའི་ཀཐོག་བླ་རབས་གོང་མ་རྣམས་ཀྱིས་མཛད་པའི་མདོ་སྒྱུ་སེམས་གསུམ་ཕྱག་རྫོགས་དབུ་གསུམ། བཀའ་གཏེར་དག་སྣང་གི་གདམས་པ་ཀཿཐོག་ཁྲིད་ཆེན་བཅུ་གསུམ་ཞེས་ཡོངས་ལ་གྲགས་པ་དེ་རྣམས་བཤད་པ་དང་སྒྲུབ་པའི་སྒོ་ནས་འཛམ་བུའི་གླིང་དུ་དར་ཞིང་རྒྱས་པར་མཛད་དུ་གསོལ་ཞེས་སྤང་བན་བདག་གིས་རྗེས་སུ་འཇུག་པ་རྣམས་ལ་བསྐུལ་ཞིང་གསོལ་བ་འདེབས་པ་ལགས་སོ། །དཔལ་ཀཿ ཐོག་པ་ཆེན་པོ་སི་ཏུ་ཆོས་ཀྱི་རྒྱ་མཚོ་འཇིགས་མེད་བཤད་སྒྲུབ་བསྟན་པའི་ཉི་མའི་ཞལ་སློབ་གཙོ་བོ་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ། ཆོས་ཀྱི་བློ་གྲོས་རིས་
མེད་བསྟན་པའི་རྒྱལ་མཚན་ནི། ཡབ་རིག་འཛིན་བདུད་འདུལ་རྡོ་རྗེའི་རིགས་ཀྱི་མྱུ་གུ་ཁམས་སུ་འཕོས་པའི་བྱེ་བྲག་གསེར་པ་གཏེར་སྲས་ཚེ་དབང་རྒྱ་མཚོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་མོ་སྦྲུལ་༡༨༩༣ལ་འབྲི་རྒྱུད་རེ་ཁེ་ཞེས་པར་སྐུ་འཁྲུངས། དགུང་གྲངས་པར་འཇམ་མགོན་གུ་ཎའི་བཀའ་ལུང་ལྟར་ཀཿཐོག་སི་ཏུ་རིན་པོ་ཆེས་དཔལ་ཀཿཐོག་ཏུ་གདན་དྲངས་ཤིང་ཁྲིར་མངའ་གསོལ་རྒྱས་པ་མཛད་སྐབས་སྲུང་མ་དགྱེས་པའི་ལྟས་བཟང་པོ་བྱུང་། དེ་ནས་མཁས་བཙུན་བཟང་གསུམ་ལྡན་པའི་ཡོངས་འཛིན་ཉག་རོང་མཁན་རྒན་རིག་འཛིན་རྒྱ་མཚོ་ཉིད་བསྐོ་བཞག་གིས། ཐོག་མར་འབྲི་ཀློག་ནས་བརྩམས་མདོ་སྔགས་གཞུང་ལུགས་རིག་གནས་དང་བཅས་པ་ལ་གསན་བསམ་མཛད་པས་ཚེགས་མེད་དུ་མཁྱེན། སྔ་ཕྱིར་སི་ཏུ་རིན་པོ་ཆེ་དང་ཟེ་ཆེན་རྒྱལ་
ཚབ། རྡོ་གྲུབ་གསུམ་པ། ཨ་འཛོམ་འབྲུག་པ་རིན་པོ་ཆེ། སྐུའི་ཡབ་དམ་པ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་མཛོད་ཆེན་ལྔ་དང་ཀཿཐོག་རང་ལུགས་མདོ་སྒྱུ་སེམས་ཕྱོགས། བཀའ་དགོངས་ཕུར་གསུམ་བདུད་ཀློང་གཉིས་ཀྱི་དབང་ལུང་སོགས་སྨིན་གྲོལ་མན་ངག་རྒྱ་མཚོ་ལྟ་བུ་གསན་བཞེས་མཛད་ཅིང་སྔོན་འགྲོ་བསགས་སྦྱོང་སོགས་གནང་བའི་སྐབས། རྫོང་སར་ཡང་སྲིད་དེ་ཉིད་སྐུ་ཚེ་མ་བརྟན་པར་བརྟེན་རྗེ་འདི་དགུང་གྲངས་བཅོ་ལྔ་བཞེས་དུས། ཧྥེ སི་ཏུ་རིན་པོ་ཆེས་རིས་མེད་བསྟན་ལ་ཐུགས་བསྐྱེད་ཆེ་བཞེས་ཀྱིས་གོང་མའི་གདན་ས་རྫོང་སར་བཀྲ་ཤིས་ལྷ་རྩེར་གདན་འདྲེན་གྱིས་དེར་བཞུགས་སྟན་འཇགས། དེར་ཡང་ཕྱོགས་དེའི་ས་སྐྱའི་བསྟན་འཛིན་མཁན་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་ལས་ལམ་འབྲས་སོགས་དཔལ་ལྡན་ས་ངོར་ཚར་གསུམ་གྱི་
ཆོས་རྣམས་བུམ་པ་གང་བྱོར་གསན་ཅིང་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཏུ་གྱུར། ཞིབ་པར་གསན་ཡིག་ལས་ཤེས། གསར་རྙིང་ལྷག་པའི་ལྷ་མང་པོའི་བསྙེན་སྒྲུབ་ལོ་མང་མཛད་པས་ཞལ་གཟིགས་བྱུང་བ་རྣམས་གསང་བའི་རྣམ་ཐར་ནང་དུ་གསལ་བ་ལྟར་ལ་འདིར་ཡི་གེས་འཇིགས་ནས་མ་བྲིས། དེ་ནས་སྤྲོས་མེད་བྱ་བཏང་ཚུལ་གྱིས་དབུས་གཙང་ཕྱོགས་སུ་གནས་མཇལ་ཕེབས་སྐབས། གྲྭ་ཕྱི་སྨིན་གྲོལ་གླིང་དང་། གཙང་ཕྱོགས་ས་ངོར་གྱི་གདན་ས་རྣམས་སུ་ཁྲི་འཛིན་མཁན་བླ་རྣམས་དང་ཕན་ཚུན་མཇལ་འཕྲད་ཆོས་གསན་རེས་སོགས་དང་། རབ་བྱུང་ཐུགས་རྫོགས་ཀྱི་སྡོམ་རྒྱུན་བཞེས་པ་སོགས་མཛད་ནས། སླར་མདོ་ཁམས་གདན་སར་ཕེབས་རྗེས་དོན་གཉེར་ཆོས་ཞུ་སུ་བྱུང་ལ་མཛོད་ཆེན་ལྔ་སོགས་གསར་རྙིང་རིས་མེད་ཀྱི་ཆོས་འཆད་
སྤེལ་རྒྱ་ཆེར་མཛད་པས། རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་བཤད་སྒྲུབ་བསྟན་པའི་སྲོག་མཐུད་པ་ལྟར་གྱུར་པ་ནི་ཀུན་ལ་གསལ་བ་ལྟར་ལགས། མཛད་པའི་ཕྱག་རྗེས་ཀྱང་། སི་ཏུ་རིན་པོ་ཆེ་གཤེགས་རྗེས་དཔལ་རིའི་བློས་བསླངས་དང་ཐུབ་ཆེན་ཁང་གི་འཕྲོ་ལུས་པ་རྣམས་མཁན་ཆེན་ངག་དགའ་རིན་པོ་ཆེ་དང་རྗེ་འདི་རྣམ་གཉིས་ཀྱིས་རྒྱུ་འདོན་སྤྱན་འདོན་ཡོད་རྒུ་རྩལ་སྤྲུགས་མཛད་ནས་འཕྲོ་བསྐྱངས་ཏེ་ས་ཡི་སྟེང་ན་འགྲན་ཟླ་དང་བྲལ་བར་བཞེངས་པ་དང་། རྫོང་སར་ཁམས་བྱེར་ཡང་བྱམས་ཆེན་གསེར་སྐུ་དང་བཤད་གྲྭའི་ཤག་སྐོར་གསར་དུ་བསྐྲུན་པ་དང་། གོང་མ་མཁྱེན་བརྩེའི་བཀའ་འབུམ་སོགས་གསར་རྙིང་རིས་སུ་མ་ཆད་པའི་གླེགས་བམ་ཤིན་ཏུ་མང་པོའི་སྤར་ཤིང་དང་གསེར་སྐྱ་ཞལ་ཐང་སོགས་རྟེན་བཞེངས་དཔག་ཏུ་མེད་པ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞེངས་
ཤིང་། ལྷག་ཏུ་ཀཿཐོག་དགོན་པར་ཡང་ནས་ཡང་དུ་ཕེབས་ནས་བསྟན་བདག་བླ་སྤྲུལ་གྲྭ་ཚང་ལས་སྣེ་རྣམས་ལ་དབང་ལུང་ཁྲིད་གསུམ་དང་ཞལ་བཀོད་བསླབ་སྟོན་གང་དགོས་ལྷུག་པར་བསྩལ་བ་དང་། སྤྲུལ་སྐུ་ངོས་འཛིན་སོགས་ཀྱིས་མཚོན་རྒྱལ་བ་ཀཿཐོག་པའི་བསྟན་སྲིད་ལ་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་བླ་ན་མེད་པ་གསེར་ཁྲི་མངའ་བདག་རྣམས་དང་མཉམ་ཞིང་ལྷག་པ་ཞིག་དངོས་གནས་ཡིན་ལ་ཡིན་པར་ཤེས་པ་གལ་པོ་ཆེ་ལགས། རྗེ་འདིའི་སྐུ་ཚེའི་སྨད་དུ་ཚེ་འམ་གྱི་ཕྱག་རྒྱ་མ་ཨཱཡུའི་མཚན་ཅན་བཞེས་ནས་སྔགས་ཀྱི་ཀུན་ཏུ་སྤྱོད་པ་བྱུང་རྒྱལ་དུ་མཛད་པའི་གསང་མཚན་པདྨ་ཡེ་ཤེས་རྡོ་རྗེ་ཞེས་གྲགས་པ་དང་། གསུང་རྩོམ་སྣ་ཚོགས་པོད་ལྔ་ཙམ་བཞུགས། ཞལ་སློབ་ཀྱང་། ཁམས་དབུས་གཙང་གསུམ་ལྷོ་མོན་རྒྱལ་བལ་ཀུན་ཏུ་བླ་ཆེན་
གདུགས་ཐོགས་དང་མི་ཆེན་རྒྱལ་བློན་ཆེ་རྒུ་ནས་ཉམ་ཆུང་རི་ཁྲོད་སྤྲང་པོ་ཡན་ཆད་བགྲང་གིས་མི་ལང་ངོ་། །དེ་རྗེས་ལྕགས་སྟག་ལོ་ནས་རྒྱ་དམར་གྱིས་བོད་ཁམས་ཆོས་སྲིད་རྩ་བརླག་ཏུ་གཏོར་བའི་མཚན་མ་ཇེ་ཆེར་འགྲོ་བ་ཐུགས་ཀྱིས་མ་བཟོད་ནས་གསང་ཐབས་སུ་དབུས་གཙང་བརྒྱུད་སྦས་ཡུལ་འབྲས་ལྗོངས་སུ་ཕེབས་ཏེ། སྒང་ཏོག་ཆོས་རྒྱལ་ཡུམ་སྲས་རྣམས་དང་མཆོད་ཡོན་དུ་གྱུར། ཕོ་བྲང་དུ་གཞིས་ཕབ་ནས་བཞུགས་ཏེ་ཆོས་ཞུ་དོན་གཉེར་བ་རིས་སུ་མ་ཆད་རྒྱུ པ་ལ་དབང་ལུང་ཁྲིད་གསུམ་སྐྱོ་ངལ་སྤངས་ཏེ་གནང་ནས་གདུལ་བྱའི་རེ་འདོད་ཡོངས་སུ་བསྐངས། རྒྱ་གར་དང་བལ་ཡུལ་གྱི་གནས་རྟེན་ཁྱད་པར་ཅན་རྣམས་ལ་མཇལ་ནས་མཆོད་འབུལ་ཐུགས་སྨོན་རྒྱ་ཆེན་པོ་གནང་བའི་རྗེས་སྐུ་བསྙུན་ཚུལ་བསྟན་ཏེ་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་ངོར་དགུང་གྲངས་རེ་
བདུན་བཞེས་པ་ས་ཕག་༡༩༥༩ ཟླ་བ་ལྔ་པའི་ཚེས་དྲུག་ལ་ཐུགས་དགོངས་ཞི་བའི་དབྱིངས་སུ་གཞོལ་བར་གྱུར་ཏོ། །འདིའི་ཡང་སྲིད་ནི་ས་སྐྱ་བདག་ཁྲི་སྒྲོལ་མ་ཕོ་བྲང་པ་ཆེན་པོས་ཡེ་ཤེས་གཟིགས་པས་ངོས་འཛིན་མཛད་པ་སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་སྲས་ཀྱི་ཐུ་བོ་ཕྲིན་ལས་ནོར་བུའི་གདུང་སྲས་མཁྱེན་བརྩེ་ནོར་བུ་ནི་དེང་སང་བསྟན་འགྲོའི་དོན་མཛད་བཞིན་འཚོ་གཞེས་བརྟན་ནའང་ཀབསྟན་ལ་དགོངས་བཞེད་ཇི་ཡོད་ཁོ་བོས་ཞུ་མ་འཚལ་ཏོ། །འབྲས་ལྗོངས་ཀཿཐོག་དགོན་གྱི་འཕྲོས་དོན་ཅུང་ཟད་བཤད་ན། བསམ་ཡས་ལྷོ་ནུབ་ཀྱི་སྦས་གནས་ཆེན་པོ་བར་ཡུལ་རིན་པོ་ཆེ་འབྲས་མོ་ལྗོངས་འདིའི་གྱིས་ཅུང་ཟད་ཕྱེས། དེ་ནས་མོན་ཀཿཐོག་པ་བསོད་ནམས་རྒྱལ་མཚན་གྱིས་ཀྱང་བསྒྲོད་ཐུབ་ཙམ་བྱུང་། དེ་ནགནས་སྒོ་ཐོག་མར་རིག་འཛིན་
རྒོད་ལྡེམ་ས་རྣལ་འབྱོར་མཆེད་བཞིས་ཡོངས་གྲགས་སུ་ཕྱེས་པ་ཡིན་ཏེ། དེ་ཡང་གཏེར་ཆེན་བདུད་འདུལ་ཆོས་བདག་ལྷ་བཙུན་ནམ་མཁའ་འཇིགས་མེད་བྱང་ནས་བྱོན། བླ་མ་ཀཿཐོག་པ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ནུབ་ནས་བྱོན། མངའ་བདག་སེམས་དཔའ་ཕུན་ཚོགས་རིག་འཛིན་ལྷོ་ནས་བྱོན། དྷརྨ་རཱ་ཛ་ཕུན་ཚོགས་རྣམ་རྒྱལ་ཤར་ནས་བྱོན་ཏེ་རྣམ་པ་བཞི་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་༡༦༤༢ རྟ་ལ་ཡུག་སུམ་ནོར་བུ་སྒང་དུ་ལྷན་ཅིག་ཏུ་འཛོམས་ནས་གནས་ཀྱི་ལྟེ་བ་བྲག་དཀར་བཀྲ་ཤིས་སྡིངས། ཕྱོགས་བཞིའི་ཕུག་ཆེན་བཞི་བཅས་ཤར་ནུབ་གུང་གསུམ་གྱི་གནས་ཀྱི་ངོ་སྤྲོད་ཞིབ་ཕྲ་གཏན་ལ་ཕབ་རྗེས། བླ་མ་སོ་སོས་གདན་ས་རེ་ཆགས་བཏབ་པའི་ཚེ་ཀཐོག་པས་ཡུག་སམ་ཕྱོགས་སུ་ཀཿཐོག་དགོན་ཆགས་བཏབ་ནའང་། རྗེས་ནས་གོརྟའི་དམག་གིས་དགོན་ས་བཤིག་
གཏོར་བཏང་། དེ་ནས་དགོན་ས་སྤོས་ཏེ་ད་ལྟའི་དཔའ་རྐྱང་ཀཿཐོག་དགོན་འདི་ཉིད་ཆགས་པ་ཡིན་ལ། ཤར་ཀཿཐོག་རྡོ་རྗེ་གདན་དང་ཐག་རིང་དྲགས་པས་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་རྣམས་མ་དགོན་དང་འདྲ་མཚུངས་མ་བྱུང་བར། སྨིན་གླིང་རྡོར་སེམས་དང་མངའ་རིས་གཏེར་སྟོན་གར་དབང་ཟླ་བ་རྒྱལ་མཚན་གྱི་གཏེར་མ་ཕུར་པ་ཞིག་འདོན་སྲོལ་མཆིས་ཀྱང་དེའི་དབང་ལུང་གི་རྒྱུན་ཆད་ནས་ལོ་མང་སོང་བར་མ་ཟད་དབང་ལུང་གི་རྒྱུན་ཕྱོགས་གང་ནའང་མེད་ངེས་སུ་མཐོང་། ཀཿཐོག་སི་ཏུ་རིན་པོ་ཆེ་རྒྱ་གར་གནས་གཟིགས་ཕེབས་སྐབས། དགོན་པའི་དབུ་ཆོས་རྣམས་ཞབས་བཅར་ཞུས་ཏེ་ད་ནས་བཟུང་པ ཀཿཐོག་མ་དགོན་རང་ནས་འཛིན་སྐྱོང་གནང་རོགས་ཞེས་ཞུ་ནན་ཕུལ་བར་སི་ཏུ་རིན་པོ་ཆེའི་བཀའ་ཕེབས་སུ། རིང་མིན་བོད་ནས་ཀཿཐོག་བླ་མ་ཞིག་རྫོང་
བདའ་གནང་ཡོང་ཞེས་ཞལ་བཞེས་གནང་དོན་ལྟར། ངེད་རང་ལ་ལྷ་ས་ནས་རིན་པོ་ཆེས་ཁྱེད་འབྲས་ལྗོངས་ཕྱོགས་སུ་འགྲོ་བ་ཤར་ཚེ་དཔའ་རྐྱང་ཀཿཐོག་དགོན་པར་ཆེད་བསྐྱོད་ཀྱིས་ཆོས་ཕྱོགས་ནས་ཕན་ཐོགས་རོགས་རམ་གང་དྲག་བགྱིད་དགོས་ཞེས་བཀའ་བྲིས་ངོས་སྦྱོར་ཕྱག་རྟགས་བཅས་བསྩལ་བྱུང་། །རྗེས་སོར་ངེད་རང་འབྲས་ལྗོངས་སུ་འབྱོར་ནས་སི་ཏུ་རིན་པོ་ཆེའི་བཀའ་རྒྱ་དགོན་པར་ཕུལ་ཚེ་འདུས་སྤྱི་ནས་ངེད་ལ་འོང་དགོས་པའི་འབོད་བསྐུལ་ནན་ཆགས་བྱུང་བ་ལྟར་ཀཿཐོག་དགོན་པར་ཕྱིན་ནས་གྲྭ་ཚང་སྤྱི་ལ་ཀཿཐོག་རང་ལུགས་སྐུ་གསུམ་ཞི་ཁྲོ། བདུད་འདུལ་ཕུར་པ། ཞི་ཁྲོ་དགོངས་པ་རང་གྲོལ། ཀློང་གསལ་ཚེ་སྒྲུབ་སོགས་ཀྱི་སྨིན་གྲོལ་ལུང་དང་ཆོ་གའི་ཕྱག་ལེན་འབུད་དཀྲོལ་བརྡུང་གསུམ་གཏོར་བཟོ་དཀར་རྒྱན་བཅས་གསར་དུ་བསླབ་པའི་རྒྱུན་ད་
ལྟའང་གནས་བཞིན་པའོ། །རྗེ་མཁྱེན་བརྩེའི་གདན་རབས་ངོ་མཚར་པདྨོའི་དགའ་ཚལ་ལས། ཁྱད་པར་བོད་ཆེན་པོའི་ལྗོངས་ཀྱི་ཐིག་ལེར་སྟོབས་ཀྱི་འཁོར་ལོས་སྒྱུར་བ་སྡེ་དགེ་ཆོས་ཀྱི་རྒྱལ་པོའི་མངའ་ཁུལ་དུ། སྔ་འགྱུར་གྱི་བསྟན་པ་ཁོ་ན་དར་རྒྱས་ཆེ་བས་དགོན་གནས་ཆེ་ཕྲ་མང་དུ་བཞུགས་ཤིང་། དེ་ཐམས་ཅད་ཀྱང་རྒྱལ་བ་ཀཿཐོག་པའི་ཕྲིན་ལས་བྱུང་བ་ཤ་སྟག་ཡིན་ཅེས་གསུངས་པ་ལྟར། དཔལ་ཡུལ་ཞེ་རྫོགས་སོགས་ཀྱང་དོན་དུ་རྒྱལ་བ་ཀཿཐོག་པའི་ཕྲིན་ལས་ཀྱི་ཆ་ཤས་སུ་གཏོགས་ཤིང་ཀཿཐོག་གི་བླ་སྤྲུལ་རྣམས་དང་། རྗེས་ནས་བྱུང་བའི་དགོན་སྡེ་ཁག་གི་བསྟན་འཛིན་རྣམས་ཕན་ཚུན་བླ་སློབ་ཏུ་འབྲེལ་ཟབ་དམ་གཙང་ཐུགས་མཐུན་གྱི་རང་བཞིན་ཡིན་པ་ལས། གཅིག་གིས་གཅིག་ལ་སྡང་ཞེན་གྱི་སེལ་ཞུགས་པ་ཞིག་མ་ཡིན་པ་ནི་གོང་
སྨྱོས་གདན་རབས་རྣམས་ཀྱི་རྣམ་ཐར་ལོ་རྒྱུས་ལས་ཤུགས་ཀྱིས་རྟོགས་པར་འགྱུར་ལ། དེ་ཡང་སྔ་འགྱུར་བཀའ་གཏེར་གྱི་ཆོས་བཀའ་ཟབ་མོ་རྣམས་སྔོན་ནས་ད་ལྟའི་བར་དུ་རྒྱལ་བ་ཀཿཐོག་པ་ལ་ཇི་ལྟར་བྱུང་ཞིང་དར་ཞེ་ན། རྒྱུད་སྡེ་བཀའ་མ་མདོ་དང་སྒྱུ་འཕྲུལ་སྐོར་རྣམས་ནི། དཔལ་ལྡན་ཟུར་པ་མེས་དབོན་ལས་ཀཿདམ་པ་བདེ་གཤེགས་ལ་བརྒྱུད་ནས་ཐོག་མར་དར། དེ་ནས་རིམ་པས་ཀཿཐོག་བླ་རབས་ཀྱི་མཚུངས་མེད་བྱང་ཆུབ་སེང་གེ་སོགས་ཀྱི་སྐུ་དུས་སུ། གཙང་ཕྱོགས་འུག་པ་ལུང་སོགས་སུ་བཤད་སྒྲུབ་ཀྱི་རྒྱུན་ཅུང་ཉམས་པ་དེ་མདོ་ཁམས་ཀཿཐོག་ནས་ཡར་གསོས་པ་ཡོངས་གྲགས་ལྟར་དང་། ཁྱད་པར་གཏེར་སྟོན་བདུད་ཀློང་གཉིས་ཀས་བཀའ་མའི་སྐོར་རིང་བརྒྱུད་གསན་པའི་ཁར་སོ་སོའི་རང་གཏེར་ལས་བྱོན་པའི་སྒྱུ་འཕྲུལ་ཞི་ཁྲོ་ཨོ་རྒྱན་མཁན་པོའི་བཀའ་
དྲི་མ་མེད་པ་ཉེ་བརྒྱུད་བྱུང་བ་དང་བཀའ་གཏེར་ཟུང་དུ་འཇུག་པའི་རྒྱུན་མ་ནུབ་པ་འདི་དང་། གཏེར་མའི་ཕྱོགས་ཀྱང་གཏེར་ཁ་གོང་འོག་གཉིས་ཇི་ལྟར་དར་ན། ཀཿཐོག་ལུང་བསྟན་བུ་བཞིའི་ནང་ནས་གྲུབ་ཐོབ་མ་ཎི་རིན་ཆེན་གྱིས། མངའ་བདག་ཉང་གི་སྲས་འགྲོ་མགོན་ནམ་མཁའ་དཔལ་བ་དང་། གུ་རུ་ཆོས་དབང་དངོས་ལས། བཀའ་བརྒྱད་བདེ་གསང་གཉིས་དང་། ཐུགས་ཆེན་ཡང་སྙིང་འདུས་པ་སོགས་གསན་ཅིང་ཆོས་བདག་ཏུ་ལུང་བསྟན་ཐོབ་པའི་རྟེན་འབྱུང་ལས་ཀཿཐོག་ཏུ་དར་ལ་སྨིན་པ་བྱུང་། བྱང་གཏེར་ནི་ཀཐོག་པ་ཨ་རྡོ་དཀོན་མཆོག་རྒྱལ་མཚན་གྱིས་རྒོད་ལྡེམ་ཆོས་བདག་ཀུན་སྤངས་དོན་ཡོད་རྒྱལ་མཚན་ལས་རྫོགས་ཆེན་དགོངས་པ་ཟང་ཐལ་སོགས་བྱང་གཏེར་སྐོར་རྣམས་གསན་བཞེས་ཉམས་ལེན་མཐར་ཕྱིན་མཛད་ནས་ཀཿཐོག་པ་ཤཱཀྱ་
རྒྱལ་མཚན་ལ་སྤེལ། དེས་ཁྲིད་ཡིག་མཛད་ཅིང་རིམ་པར་དར་བ་དང་། ཕྱིས་སུ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས་ཀཿཐོག་གདན་སར་ཕེབས་ནས་བྱང་གཏེར་ཆོས་སྐོར་ཡོངས་རྫོགས་གནང་བ་ལ་བརྟེན་དར་ཁྱབ་བྱུང་། རཏྣ་གླིང་པའི་གཏེར་ཆོས་ནི་གཏེར་སྟོན་དངོས་ལས་ཆོས་བདག་ལུང་ཟིན་ཀ ཐོག་དྲུང་རབས་དང་པོ་ནམ་མཁའ་སེང་གེས་འདུས་པ་སྐོར་བཞི་དང་ཕུར་པ་ཡང་གསང་བླ་མེད་སོགས་གསན་ནས་མདོ་ཁམས་ཀཿཐོག་ཕྱོགས་འདིར་དར་བ་ཡིན། ཀརྨ་གླིང་པའི་ཞི་ཁྲོ་ཡང་ བརྒྱུད་པ་གསུམ ་པ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ནས་མཁས་གྲུབ་ལྷ་དབང་མཚན་ཅན། སྤྲུལ་སྐུ་ཀརྨ་གུ་རུའི་བར་དང་། དེས་གར་དབང་པདྨ་རྒྱལ་མཚན། དེས་མཁས་གྲུབ་པདྨ་མ་ཏི་ལ་བསྩལ་བའི་ལུགས་དང་། ཡང་ཨ་རྡོ་དཀོན་རྒྱན་པས་རྒྱ་ར་བ་ལ་གསན་པ། ཀཿ
ཐོག་ཧེ་པ་ཆོས་འབྱུང་ལ་བསྩལ་བའི་རྒྱུན་ལས་ཆོས་འབྱུང་ལུགས་སམ། ཀཿཐོག་ལུགས་ཞེས་ད་ལྟ་འགྲོ་དོན་རྒྱ་ཆེན་པོ་འདི་བྱུང་། བླ་རབས་བཅུ་གསུམ་མཇུག་ཙམ་ནས་སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན། རྫོགས་ཆེན་ཡང་ཏི་ནག་པོ་སོགས་ཀཿཐོག་ཏུ་དར་བ་བྱུང་། དེ་དང་མཉམ་དུ་ཛྷ་ན་ཀེ་ཏུས་འགྲོ་མགོན་ཤིང་མགོ་བ་ལས་སྨར་ཚང་ཕྱག་ཆེན་གསན་ནས་དེའི་ཁྲིད་ཡིག་རྒྱས་པ་མན་ངག་རྒྱ་མཚོ་མཛད། སྡོང་བྱ་བྲལ་བས་སེམས་སྡེའི་པྲ་ཁྲིད། རྨེ་ཤོད་པ་བུདྡྷ་བཛྲས་བླ་མ་ཡང་ཏིག་གི་ཁྲིད་ཡིག་མཛད་པ་དང་། པདྨ་མ་ཏིས་མཛད་པའི་ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་གི་ཁྲིད་ཡིག་ཆེན་མོ་དང་། ཀར་གླིང་ཞི་ཁྲོའི་བར་དོ་དྲུག་གི་ཁྲིད་རྣམས་ཀཐོག་པའི་ཉམས་ལེན་གཙོ་བོ་མན་ངག་ཁྲིད་ཆེན་བཅུ་གསུམ་ཞེས་གྲགས་པའི་ཡ་གྱལ་ཡིན། ཡང་
པདྨ་དྷཱ་ཛའི་སྔོན་ཙམ་ལ་བླ་མ་དགོངས་འདུས་གསེར་ཆོས་བཅུ་ གསུམ་ཀོང་པོ་རིག་འཛིན་སྙིང་པོ་ཞེས་སངས་གླིང་གདུང་བརྒྱུད ་བདུན་པ་དང་། བྱ་ཁྱུང་པ་ལས་བརྒྱུད་དེ་ཀཿཐོག་པ་ལ་དར། འཇའ་ཚོན་པོད་དྲུག་སྐོར་གཏེར་སྟོན་ཧཱུྃ་ནག་མེ་འབར་ལས་ཆོས་བདག་རིག་འཛིན་བདུད་འདུལ་རྡོ་རྗེས་གསན་ནས་ཀཿ ཐོག་པ་ཀློང་གསལ་སྙིང་པོ་དང་། བདེ་ཆེན་གླིང་པ་ནས་རྗེ་རིག་པ་འཛིན་པ་ལ་བརྒྱུད་དེ། འདིས་དཀོན་སྤྱིའི་ཁྲིད་ཡིག་རྒྱས་པ་གུ་རུའི་དགོངས་རྒྱན་མཛད་པ་རྒྱུ ནས་བཀའ་རྙིང་གཉིས་ཀའི་ཕྱོགས་སུ་བརྒྱུད་པ་གཙང་ཤོས་སུ་བརྩི་བ་འདི་བྱུང་། སྨིན་ལུགས་ནི་ཀཿཐོག་རྒྱལ་སྲས་སྨིན་གཏེར་སྐུ་མཆེད་ལ་དངོས་སུ་ཐུག་ཅིང་ཆོ་ག་ཕྱག་ལེན་གདངས་དབྱངས་རོལ་མོ་རྣམས་གཏེར་ཆེན་རིན་པོ་ཆེ་དངོས་ཀྱི་དྲུང་ནས་བསླབ་སྦྱངས་དང་ཟིན་བྲིས་ཀྱིས་གཏན་ལ་ཕབ་པའི་ཞལ་སློབ་
བྱང་དཀར་བསྟན་འཛིན་ནོར་བུའི་ལུགས་འདི་ལ་ཁུངས་ལྡན་དུ་བརྩི་བ་ཡིན་པ་ལས་གྱ་ཚོམ་དུ་འཇུག་པ་ཞིག་མ་ཡིན་ནོ། །འདི་དག་གོང་གི་གདན་རབས་སོ་སོའི་སྐབས་སུའང་བཤད་ཟིན་མོད། འོན་ཀྱང་ཀཿཐོག་རང་ལུགས་ཁྱད་ཆོས་ལ་ངེས་པ་འདྲེན་ཕྱིར་སྐབས་འདིར་ཡང་བསྡུས་དོན་གྱི་ཚུལ་དུ་སྨོས་པའོ། །སྤྱིར་རྒྱལ་བ་ཀཿཐོག་པ་ལ་མདོ་ཕྱོགས་མཚན་ཉིད་ཀྱི་བཤད་པ་རྐྱང་པ་ཙམ་དུ་མ་ཟད། རིག་འཛིན་གྱི་སྡེ་སྣོད་སྙིང་པོ་བཀའ་མས་གཞུང་བསྲངས། གཏེར་མས་ཟུར་བརྒྱན་པ་ཞིག་ཡིན་པ་ཡང་། ལོ་ལྟར་སྤྲོས་བཅས་སྒྱུ་འཕྲུལ་རྩ་འཆམ། ཁྲོ་འཆམ། གར་འཆམ། ཐིག་དང་རྡུལ་ཚོན་མཐོང་བ་ བརྒྱུད་པའི་ཕྱག་བཞེས་དང་བ་འདྲེན་པའི་སྒོ་ནས་བཀའ་མའི་མཆོད་ཁག་བཅུ་གསུམ ་ཞེས་སྔ་འགྱུར་བ་རྣམས་ལ་དེང་སང་རླུང་ལྟར་གྲགས་པ། མདོ་ཚོགས་
ཆེན་འདུས་པ། སྒྱུ་འཕྲུལ་ཞི་བ་དང་། ཁྲོ་བོ། མཉམ་སྦྱོར། དོང་སྤྲུགས། གཤིན་རྗེ་གཤེད་རུ་མཚོན་དམར་ནག །ཡང་དག་སོ་ལུགས། ཕུར་པ་རོང་ལུགས་དང་རོག་ལུགས། ལུང་ལུགས་ཚེ་སྒྲུབ། བཀའ་བརྒྱད་རྫོང་འཕྲང་། གུ་རུ་དྲག་དམར་འོ་བྲན་ལུགས། རྒྱུད་མགོན་ལེགས་ལྡན་ཏེ་དཀྱིལ་འཁོར་ཆེ་བ་དེ་རྣམས་ཀྱི་སྟེང་དུ་བླ་མ་དགོངས་འདུས་ཀྱི་ཆོ་ག་དང་། བཀའ་བརྒྱད་བདེ་འདུས་དང་གསང་རྫོགས། ཕུར་པ་ཡང་གསང་སྤུ་གྲི་དང་། རཏྣའི་ཕུར་པ།རྗེ བདུད་འདུལ་ཕུར་པ་གནམ་ལྕགས་སྤུ་གྲི་རྣམས་ཀྱི་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བའི་ལས་རིམ་མནན་སྲེག་འཕང་གསུམ། རྒྱུད་སྡེ་ཁང་དུ་ལོ་མཇུག་དགུ་གཏོར་གཤིན་རྗེ་ཚེ་བདག་གི་གཏོར་ཟློག་ཟོར་འཆམ་སྤྲོས་རྒྱས་ཀྱི་ལུགས་ཕྱག་ལེན་དུ་མཛད། གུ་རུའི་དུས་ཆེན་
སྤྲེལ་ཟླ་ཡང་བླ་མ་དགོངས་འདུས་ལུགས་ཧོར་ཟླ་དྲུག་པ་ལ་ངོས་འཛིན་མཛད་ཅིང་། ཆོས་དབང་བླ་མ་གསང་འདུས་དང་ཀློང་གསལ་པདྨ་འོད་འབར་གྱི་སྒྲུབ་མཆོད་དང་འབྲེལ་བར་གུ་རུ་མཚན་བརྒྱད་སོགས་ཀྱི་འཆམ་ངོ་མཚར་བ་དང་། མཐོང་གྲོལ་གོས་སྐུ་བཀྲམ་པ་སོགས་དད་ལྡན་དང་བ་འདྲེན་པ་དང་བསོད་ནམས་དམ་པའི་ཞིང་མཆོག་ཏུ་གྱུར་པ་ཀཿཐོག་ཚེས་བཅུ་ཆེན་མོ་ཞེས་མདོ་ཁམས་ཙམ་ན་གྲགས་པ་བརྟན་པས་ཤུལ་རིང་གི་ལམ་ནས། སྐྱེ་བོ་མཆོག་དམན་བར་གསུམ་པདྨའི་མཚོ་ལ་ངང་པ་འདུ་བ་བཞིན་དད་པས་འདུས་པ་རྣམས་ཀྱིས་འཁོར་ལོ་ལྔ་ལྡན་ཀཿཐོག་རྡོ་རྗེ་གདན་གྱི་ཕྱིའི་གནས་ནང་གི་རྟེན་གསུམ་ནི་བོད་ཆེན་པོའི་ལྗོངས་སྟོད་སྨད་གང་ནའང་ཀཿཐོག་པ་ལ་འགྲན་གྱི་དོ་ཟླ་སྤངས་པ་ནི་མངོན་སུམ་ཚད་མའོ། །ཆོ་ག་ཆོས་སྤྱོད་ཀྱང་། གཏེར་
ཁ་སོ་སོའི་རང་ལུགས་གཞན་དང་མ་འདྲེས་པ་གཙང་སེང་ངེ་བྱེད་པ་ལས་ལུགས་གཅིག་གིས་ཀུན་ལ་སྤར་བཀབ་བྱེད་པ་སོགས་ཕྱག་ལེན་རྩིང་པོའི་སྐྱོན་དང་། དྲི་མས་མ་གོས་པ་ཀུན་ལ་གསལ་བཞིན་པ་དང་། འདུལ་བ་གཞི་གསུམ་གྱི་ཆོ་གའི་ཕྱག་ལེན་དང་སྒྲིག་ལམ་ཀུན་སྤྱོད་ཐད་ནས་བསྟན་པ་སྤྱིའི་བབ་དང་མི་འགལ་བས་དགེ་འདུན་གྱི་སྡེ་ཀུན་གྱིས་མིག་དཔེར་འོས་ཞིག་སྔོན་ཆད་ནས་ད་ལྟའི་བར་བྱུང་བ་ཡིན་ཏེ། མཁས་གྲུབ་ཆེན་པོ་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཀཿཐོག་པ་འདི་རྣམས་ནི་གཞི་འདུལ་བའི་ཚུལ་ཁྲིམས་གཙོ་བོར་མཛད་པས་དགོན་པ་གཙང་ཞིང་དག །སྤྱོད་འཇུག་སོགས་སྤྱོད་ཕྱོགས་དར་བས་ཐེག་ཆེན་གྱི་ལམ་གྱིས་གཞུང་བསྲངས། སྔགས་མཚན་ཉིད་མཐའ་དག་དར་ཞིང་། ཁྱད་པར་མདོ་སྒྱུ་སེམས་གསུམ་གྱི་
བསྟན་པ་དངོས་གཞི་འདིར་གནས་པ་ཡིན་ནོ། །ཞེས་གསུངས་པ་དང་། མཁས་དབང་སྟག་མོ་སྒང་པའི་ཆོས་འབྱུང་ལེགས་བཤད་མཁས་པ་དགའ་བའི་གཏམ་གྱི་རོལ་མཚོ་ལས། དེང་སང་གསང་ཆེན་སྙིང་པོའི་རིང་ལུགས་ཕྱོགས་འདིར་ལྷག་པར་གསལ་བ་ཀུན་གྱི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་འདིའོ། །ཞེས་གསུངས་པ་འདི་དག་གིས་མངོན་གྱུར་དུ་གསལ་བས་མང་དུ་སྨོས་མ་དགོས། མདོར་ན་བཤད་པ་དང་སྒྲུབ་པ། དཀྱིལ་འཁོར་སྒྲུབ་མཆོད་ཕྱག་བཞེས་གར་ཐིག་དབྱངས་གསུམ་སོགས་སྒོ་དུ་མ་ནས་འཁོར་ལོ་གསུམ་གྱི་བྱ་བས་འཕགས་ཚུལ་སྨོས་ཀྱིས་མི་ལྡང་ངོ་། །ཡང་རྒྱལ་བ་ཀཿཐོག་པ་ལ་སྔ་འགྱུར་བཀའ་བབ་ཀྱི་ཆུ་བོ་ཆེན་པོ་བཞི་འདུས་པ་མདོ་སྒྱུ་སེམས་ གསུམ་གྱི་བཤད་སྒྲུབ་གཉིས་ཀའི་རིང་བརྒྱུད ་དང་ཉེ་བརྒྱུད་གཉིས་ཀའི་བཀའ་མ་
ཆད་པ་གཞིར་བཅས། ཕྱི་དུས་འདིར་ཡང་བདག་ཅག་གི་རིགས་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་འོད་གསལ་རིན་ཆེན་སྙིང་པོ་པདྨ་ལས་འབྲེལ་གྱི་རྗེས་ཐོབ་དག་པའི་སྣང་ཆར། ཆོས་རྒྱལ་ལུང་བསྟན་རྡོ་རྗེ་དང་། གནུབས་ཆེན་སངས་རྒྱས་ཡེ་ཤེས། རིག་འཛིན་ཀུ་མཱ་རཱ་ཛ། ཀུན་མཁྱེན་དྲི་མེད་འོད་ཟེར་ཡབ་སྲས་རྣམས་ཀྱི་ཡེ་ཤེས་སྐུའི་ཞལ་བསྟན། གསུང་གིས་དབུགས་དབྱུང་ཐོབ་པ་ལ་བརྟེན་ནས། རྒྱུད་ལུང་མན་ངག་འཕགས་བོད་ཀྱི་འགྲེལ་ཊིཀ་ཚང་མའི་བཤད་བཀའ་ཡོངས་སུ་བབ་པས་གོ་ཕྱེ་སྟེ། དེ་རྣམས་ཀྱི་གཞི་ལམ་འབྲས་གསུམ་གྱི་དཀའ་བའི་གནད་རྣམས་གསལ་བར་བསྟན་པའི་ལེགས་བཤད་བྱིན་རླབས་ཀྱི་དྲོད་རླངས་མ་ཡལ་བ་འདི་དག་སྔ་འགྱུར་སྤྱི་དང་། ལྷག་ཏུ་རྒྱལ་བ་ཀཿཐོག་པའི་བརྒྱུད་འཛིན་རྣམས་ཀྱིས་གཅེས་སྤྲས་སུ་བྱ་བར་རིགས་སོ། །
འདིའི་འཐད་པ་བསྒྲུབ་ན། མཁས་མཆོག་ཟེ་ཆེན་རྒྱལ་ཚབ་པདྨ་བི་ཛ་ཡའི་ཆོས་འབྱུང་ལེགས་བཤད་པད་དཀར་རྫིང་བུ་ལས། ཀཿཐོག་པ་ནམ་མཁའ་རྡོ་རྗེ་མཆན་འགྲེལ་ལ་བརྟེན་ནས། རྒྱ་འགྲེལ་རིན་ཆེན་སྤར་ཁབ་དང་། རོང་ཟོམ་དཀོན་མཆོག་འགྲེལ། གཡུང་འགྲེལ་གསལ་བྱེད་མེ་ལོང་སོགས་ཀྱི་བཤད་ལུང་གི་རྒྱུན་ད་ལྟའི་བར་མ་ཆད་པར་སྣང་ཞིང་། ཕལ་ཆེར་བདག་གིས་ཀྱང་ཐོས་སོ་ཞེས་གསུངས་པ་འདིས་ཀྱང་གོ་ནུས། དེ་ལྟ་བུའི་བཤད་དང་སྒྲུབ་པའི་བསྟན་པ་རིན་པོ་ཆེ་དེ་ཉིད་ཀཐོག་གདན་ས་གཅིག་པུར་མ་ཟད་གཞི་དགོན་འདི་ལས་འཕྲོས་པའི། དགོན་ལག་བརྒྱ་དང་རྩ་བརྒྱད་རི་པ ཁྲོད་སྟོང་དང་རྩ་གཉིས་སུ་གྲགས་པ་རྣམས་བོད་ཡུལ་སྟོད་སྨད་ཀུན་ཏུ་ཁྱབ་པར་བྱུང་བ་དེ་རྣམས་ལས་དགོན་རྙིང་ཆེ་ཁག་ཕལ་ཆེར་དུ་ཡང་། བཀའ་མའི་
མཆོད་ཁག་བཅུ་གསུམ་གྱི་སྒྲུབ་མཆོད་དང་། གཏེར་མའི་བླ་རྫོགས་ཐུགས་གསུམ་སོགས་བཀའ་གཏེར་གཉིས་ཀའི་བཤད་དང་སྒྲུབ་པའི་འཁོར་ལོ་གོང་འཕེལ་དུ་གནས་པ་སྟེ། ཞིབ་པར་དགོན་ལག་སོ་སོའི་གདན་རབས་ཆོས་འབྱུང་ལས་རྟོགས་པར་བྱ་བ་ལས་འདིར་ཉུང་ངུའི་ངག་གིས་མཚོན་པར་མི་ནུས་སོ། །གདན་ས་ཆེན་པོ་འདིར་གཏེར་མའི་ཕྱོགས་ནས་བདུད་ཀློང་གཉིས་ཀྱི་རྗེས་ཙམ་ལ། དགེ་རྩེ་མ་ཧཱ་པཎྜི་ཏ་དང་། ཀུན་བཟང་ངེས་དོན་དབང་པོ། སི་ཏུ་ཆོས་ཀྱི་བློ་གྲོས་སོགས་རྒྱལ་བ་ཀཿཐོག་པའི་བསྟན་འཛིན་གྲགས་ཆེ་བ་དེ་རྣམས་དབུས་ཕེབས་སྐབས་ཚེ་རིང་ལྗོངས་པདྨ་འོད་གླིང་དུ་ཀུན་མཁྱེན་འཇིགས་མེད་གླིང་པའི་ཞབས་ཀྱི་པདྨོ་གཙུག་ཏུ་བསྙེན་ནས་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་ཀྱི་བདུད་རྩི་བུམ་པ་གང་བྱོར་གསན་ནས་ཀཿཐོག་ཏུ་འཕེལ་བའི་རྒྱུན་ལས་དེང་སང་
བར། རིག་འཛིན་ཐུགས་སྒྲུབ་དྲག་པོ་དཔལ་ཆེན་འདུས་པ་དང་། རྒྱུད་ལུགས་ཕུར་པའི་སྒྲུབ་མཆོད་སོགས་ཚོགས་ཆེན་དུ་ཚུགས་བཞིན་པ་དང་། བླ་སྤྲུལ་གྲྭ་མང་སྤྱི་སྒོས་སོ་སོས་ཀློང་ཆེན་སྙིང་ཐིག་ལ་ཐུགས་དམ་གཙོ་བོར་མཛད་པ་དེ་ལྟར་བྱུང་བ་ཡིན། འདིར་འཕྲོས་དོན་ཅུང་ཟད་སྨོས་པ་ལ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས། གསང་སྔགས་སྔ་འགྱུར་གྱི་རིང་ལུགས་འཛིན་པ་ནི་བསྟན་པ་སྔ་དར་གྱི་དུས་སྔགས་ཕྱོགས་སུ་གསང་ཆེན་རྙིང་མ་ལས་གཞན་པའི་ཆོས་ལུགས་མི་གཅིག་པ་མེད་པས་མཆོད་གནས་སྡེ་གཉིས་པོ་འཕེལ་རྒྱས་ཆེ་ཞིང་བཤད་སྒྲུབ་ཤིན་ཏུ་དར་ནའང་། ཕྱི་དར་གྱི་དུས་སུ་ཆོས་ལུགས་དང་གྲུབ་མཐའ་མི་འདྲ་བ་དུ་མ་དར་ཞིང་། དེ་དག་གིས་ཀྱང་རང་རང་སོ་སོའི་རིང་ལུགས་ལ་གཟི་བྱིན་བསྒྲུབས་པའི་ཤུགས་ཀྱིས་གཅིག་ཤོས་རིམ་
གྱིས་བག་ལ་ཞ་བར་གྱུར་ཞེས་པའི་གསུང་འདི་ཐུགས་བདེན་པས་ད་ལྟ་ལག་ཏུ་ལེན་བྱའི་སྙིང་པོ་ནི་རང་གི་ལུགས་སྲོལ་མ་ཉམས་པར་བཟུང་བ་དང་། གྲུབ་པའི་མཐའ་མི་འདྲ་བ་གཞན་ལ་སྡང་ཞེན་གྱིས་མི་སྨོད་པར་དད་པ་དག་སྣང་གོང་འཕེལ་དུ་བྱ་བ་འདི་གདམས་ངག་ཟབ་ཤོས་ཡིན་པར་གོ་ནས། འདིར་རང་ལུགས་གཙོ་བོར་སྨོས་པ་ལས་ལུགས་གཞན་ལ་བསྟོད་སྨད་གཉིས་ཀ་བཏང་སྙོམས་ཆེན་པོའི་ངང་དུ་བཞག་པ་དེ་ལྟར་ཡིན། སྤྱིར་ཀཿཐོག་རྡོ་རྗེ་གདན་གྱི་རྒྱུ་བསྟན་པ་ལ་དགྲ་མ་བྱུང་བའི་སྔོན་དུ་གཙུག་ལག་ཁང་དང་རྟེན་གསུམ་མཆོད་པའི་ཡོ་བྱད་སོགས་ཀྱི་རྣམ་གྲངས་ཀྱང་མདོ་ཁམས་ཙམ་ན་དགོན་སྡེ་སུས་ཀྱང་དོ་ཟླས་དབེན་པ་མངོན་སུམ་གསལ་བ་དང་། བསྟན་ལ་དགྲ་ཆེན་བྱུང་ཚེ་རྟེན་དང་བརྟེན་པར་བཅས་པ་གཏོར་བཤིག་ཚད་མེད་པ་བཏང་ཚུལ་རྣམས་ཡི་གེ་ཉུང་
ངུས་མཚོན་པར་མི་ནུས་པས་དབྱིངས་སུ་བཞག་པར་མ་ཟད་རྟེན་འབྲེལ་དགོས་དབང་གིས་མི་མངོན་དབྱིངས་སུ་རྒྱས་བཏབ་ཟིན་པ་ཀུན་ ལ་གསལ་བ་རྣམས་ཀྱང་། ད་ལྟའི་བར་ཡོད་པའི་བཟོ་བསྟན་ནས་བྲིས་པ་དེ་ལྟར་ཡིན་པ་མཁྱེན་ལྡན་རྣམས་ཀྱི་ཐུགས་ལ་མངའ་བར་ཞུ་ཞེས་ཁོ་བོ་རྩོམ་སྒྲིག་པས་དོགས་སེལ་དུ་སྨྲས་པའོ། །ངོ་མཚར་འོད་ཟེར་འབུམ་ལྡན་ཀཿཐོག་པའི། །ཆོས་ཚུལ་བྱུང་བ་བརྗོད་པའི་རྟ་ལྗང་ཅན། །མོས་ལྡན་བློ་གྲོས་པདྨོ་འཛུམ་གྲོལ་སླད། །བདག་བློའི་ཤིང་རྟས་ཉེ་བར་དྲངས་འདིའོ། །གདན་རབས་རིན་ཆེན་ཕྲེང་མཛེས་བརྗོད་འདི་ལས། །ཐོབ་པའི་དགེ་བ་མཁའ་མཉམ་འགྲོ་ལ་བསྔོ། །མ་ལུས་སྲིད་དང་ཞི་མཐར་མི་གནས་པའི། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་མྱུར་ཐོབ་ཤོག །བདག་ཀྱང་འདི་ནས་སྐྱེ་བའི་ཕྲེང་བ་ཀུན། །མགོན་
པོ་ཀཿཐོག་པ་ཡི་འབངས་གྱུར་ནས། །བཤད་སྒྲུབ་འཁོར་ལོས་ཕྱོགས་ཀྱི་ཐ་གྲུར་ཁྱབ། །རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་མཐུ་ཐོབ་ཤོག །མཁས་གྲུབ་བྱེ་བའི་འབྱུང་གནས་ཀཿཐོག་ཅེས། །གྲགས་ཆེན་འཁོར་ལོ་ལྔ་ལྡན་ཕོ་བྲང་ཆེ། །བཤད་སྒྲུབ་ཐོས་བསམ་བསྒོམ་པའི་དཔལ་ཡོན་ཅན། །རྟག་ཏུ་མི་ཉམས་ཞིང་འདིར་འཕེལ་རྒྱས་ཤོག །ཅེས་ཀཿཐོག་རྡོ་རྗེ་གདན་གྱི་གདན་རབས་བརྒྱུད་འཛིན་དང་བཅས་པའི་བྱུང་བ་བརྗོད་པ་རིན་པོ་ཆེའི་ཕྲེང་བ་ལྟ་བུའི་གཏམ་ཞེས་བྱ་བ་འདི་ནི། ཤར་རྒྱལ་བ་ཀཿཐོག་གི་ཆོས་ཀྱིས་མཐོ་བའི་གསེར་ཁྲི་ལ་ཞབས་པད་བཀོད་པ་རྨོག་ཚ་མཆོག་སྤྲུལ་རིན་པོ་ཆེ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གང་ཉིད་སྔར་ཤིང་བྱི་ལོར་འཕགས་བལ་དུ་ཆིབས་བསྒྱུར་གནང་སྐབས་ཕྲན་ལ། དེང་དུས་བོད་ཀྱི་ནང་བསྟན་སྤྱིར་སྔར་མ་གྲགས་པའི་དགྲ་ཆེན་ལྷགས་ཏེ་
བསྟན་པ་དེ་འཛིན་དང་བཅས་པར་ཉམས་ཉེས་བསམ་ཡུལ་ལས་འདས་པ་འདི་ལྟ་བུ་ལན་གཅིག་བྱུང་ཟིན་ནའང་། ཀཿབསྟན་སླར་ཡང་རྨང་ནས་གསོ་བའི་ཁུར་ཆེན་རང་ཅག་ལ་འཁྲི་སྟབས། ཐོག་མར་ཀཿཐོག་གི་སྔོན་རབས་བྱུང་ཚུལ་བརྒྱུད་པའི་རྣམ་ཐར་དང་བཅས་ཞལ་གསལ་གང་རྒྱས་ཤིག་བྲིས་ཞེས་བཀའ་སྩལ་སྤྱི་བོར་ཕེབས་པ་ལྡོག་མ་ནུས་པར་སྔོན་གྱི་ཆོས་འབྱུང་རྣམ་ཐར་དེབ་ཐེར་ཁུངས་ལྡན་མང་པོ་ལ་ལྟ་རྟོག་ལེགས་པར་བགྱིས་ཏེ། རྒྱལ་བ་ཀཿཐོག་པའི་བསྟན་པའི་གཙུག་རྒྱན་མཚུངས་མེད་རྗེ་བཙུན་བླ་མ། སི་ཏུ་པཎ་ཆེན་ཆོས་ཀྱི་རྒྱ་མཚོ་དང་། མཁན་ཆེན་རྡོ་རྗེ་འཆང་ངག་གི་དབང་པོ། དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྣམ་རྒྱལ། འཇམ་དབྱངས་བློ་གྲོས་རྒྱ་མཚོ་རྣམས་ཀྱི་ཞབས་རྡུལ་དྲི་མ་མེད་པ་ལ་སྤྱི་བོས་རེག་པའི་ཉག་འཁྱམས་རྒན་
པོ་སྙོམ་ལས་མཁན་སངས་རྒྱས་རྡོ་རྗེ་ཞེས་འབོད་པའི་གྱི་ན་བ་དེས། ཀཿཐོག་རྡོ་རྗེ་གདན་བཏབ་ནས་བགྲང་བྱ་བརྒྱད་བརྒྱ་དང་བཅོ་ལྔ་འདས་ཤིང་རང་ལོ་བདུན་ཅུ་དོན་གསུམ་དུ་སོན་པ་ཁྲོ་བོ་ཤིང་གླང་ལོ་༡༩༨༥ ས་ག་ཟླ་བའི་འཕེལ་ཕྱོགས་ཀྱི་བཟང་པོ་གཉིས་པ་ལ་དབུ་བརྩམས་ནས། མེ་སྟག་དང་མེ་ཡོས་གཉིས་ཀྱི་དབྱར་ཐོག་རང་ཉིད་དབེན་པར་གནས་པའི་དགེ་སྦྱོར་གྱི་བར་གསེང་རྣམས་སུ་ཅུང་ཟད་རེ་བྲིས་ཏེ། རབ་བྱུང་བཅུ་བདུན་པའི་ལེགས་སྦྱར་སྐད་དུ་བི་བྷ་བ། སྟོད་འགྲེལ་བརྡ་ལས་རྣམ་བྱུང་། འབྱུང་རྩིས་ལས་དབང་ཐང་དང་བསྟུན་པའི་ས་ཕོ་འབྲུག་གི་ལོ་༡༩༨༨ གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བདུན་རེས་གཟའ་པ་སངས་དར་བ་ལ། ཨོ་རྒྱན་པདྨའི་སྦས་ཡུལ་ཡོལ་མོ་གངས་ཀྱི་ར་བའི་ཡང་ཁྲོད་ཀུན་བཟང་ཆོས་གླིང་གི་གཟིམས་ཆུང་སྨིན་གྲོལ་ཆོས་
ཀྱི་དགའ་ཚལ་དུ་བྲིས་པའི་ཡི་གེ་གཉིས་པར་འབེབས་པ་པོ་ནི་སྤུ་བོ་རྦ་ཁ་མཆོག་སྤྲུལ་པདྨ་བསྟན་འཛིན་ཕྲིན་ལས་རྣམ་པར་རྒྱལ་བས་བགྱིས་པ་སྟེ། འདིས་ཀྱང་སྙིགས་མའི་རྒུད་པ་མཐའ་དག་ཞི་ཞིང་གསང་ཆེན་སྙིང་པོའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ཀཿཐོག་པ་ཞེས་དཀར་པོའི་གླིང་དུ་གྲགས། །གྲགས་པ་མཐའ་ཡས་རྒྱལ་བའི་ཞིང་ཀུན་ཁྱབ། །ཁྱབ་བདག་རྒྱལ་བ་ཀུན་དང་དབྱེར་མེད་རྗེ། །རྗེ་དེའི་བཀྲ་ཤིས་ཡུན་རིང་བརྟན་གྱུར་ཅིག །མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། ། འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག། །།
ཤོག་སྟོང་།