Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

1 occurrence of ཁྲོལ་བུ་
[Clear Hits]


 
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་རང་རྣམ།


1 occurrence of ཁྲོལ་བུ་
[Clear Hits]

 
no previousརྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་རང་རྣམ།no next

རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་རང་རྣམ།

རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་རང་རྣམ་བཞུགས་སོ།། མ་དཔེ་ལ་སྡེ་མ་༡མེད་མཆན། འགྱུར་མེད་བདེ་ཆེན་ཀུན་བཟང་རྡོ་རྗེ་འཆང་། །རྣམ་ཀུན་མཆོག་ལྡན་ཀུན་ཏུ་བཟང་མོ་ཡུམ། །ཟུང་འཇུག་ཐུགས་རྗེའི་རོལ་རྩལ་བསམ་ཡས་ཀྱང་། །རང་སེམས་ཁོ་ནར་ངེས་པས་ཕྱག་བགྱིའོ། །བདེ་གཤེགས་སྙིང་པོ་ཀུན་བྱེད་རྒྱལ་པོ་ཡིས། །སྐུ་གསུམ་ཞིང་མན་ངན་སོང་གསུམ་པོ་ཡན། །བསྐྲུན་པ་ལས་གཞན་ཆོས་གང་དམིགས་སུ་མེད། །དེ་ཕྱིར་བདག་ཀྱང་དེ་ལས་འདས་པ་མེད། །སྐུ་གསུམ་ཞིང་གི་སྟོན་པའི་རྣམ་ཐར་དང་། །དེ་སྲས་སངས་རྒྱས་འཕགས་པའི་རྣམ་ཐར་ཉི། །སྣང་འཕྲལ་གདུལ་བྱའི་པད་ཚལ་བཞད་པ་དང་། །ཆབས་ཅིག་ཕན་བདེའི་དྲི་བསུང་། ལྡེབ་༢པ་ཆད་འདུག །ཉན་རང་གི་དགྲ་བཅོམ་དང་ལྷག་མེད་བརྙེས་པ་རྣམས་དང་རྒྱལ་བ་སྲས་བཅས་ཀྱི་སྨོན་པའི་མཐུས་འགྲོ་དྲུག་སོ་སོའི་སྐྱེ་སྲིད་བཟུང་ཚུལ་བསྟན་པ་གང་ཟག་ཕྱག་རྫོགས་དབུ་གསུམ་གྱི་ལམ་དུ་ཞུགས་ནས་སྨིན་གྲོལ་གྱི་རྟོགས་པ་ཀློང་དུ་གྱུར་པ་རྣམས། རྡོ་རྗེེ་ཐེག་པའི་སྨིན་གྲོལ་གྱི་སྒོར་ཞུགས་ནས་ཉམས་རྟོགས་མཐར་ཕྱིན་པ་གྲུབ་ཆེན་བརྒྱད་ཅུ་དང་རྗེ་འབངས་ཉེར་ལྔ་མི་ལ་ཡབ་སྲས་དྲི་མེད་འོད་ཟེར་ལ་སོགས་པ་གསར་རྙིང་གི་གྲུབ་྅྅྅། རྣམ་སྨིན་གྱི་ལུས་རྟེན་ཐ་མལ་ལས་གནས་མ་འགྱུར་ཡང་ལས་དབང་གིས་རྒྱུ་འབྲས་སྟོང་སྟེ་སླར་འཁོར་བར་མི་འགྲོ་བའི་གཏན་ཚིགས་སོ་སོར་ཡོད་པ་ལྟར་ཡིན་ནམ་སྙམ། ༢ འཁོར་བར་གནས་ཀྱང་ཕ་མ་བདེ་གཤེགས་སྙིང་པོའི་འཕྲུལ། །ཆགས་སྡང་སྤྱོད་ཀྱང་དོན་ལ་ཆོས་སྐུ་བདེ་ཆེན་ངང་། །བྱིས་པ་བསྐྲུན་ཡང་འགྲོ་འདུལ་སྤྲུལ་པའི་སྐུ་རུ་ལྷུན་གྱིས་གྲུབ། །དེ་ཕྱིར་དག་དང་མ་དག་མཉམ་ཉིད་ཀློང་དུ་རྒྱས་གདབ་པོ། དེ་ཡང་རྒྱལ་བ་རྣམས་འཕོ་འཇུག་གནས་འབྱིན་སོགས་ཤེས་བཞིན་ལས་མི་འདའ་བ་དང་། བྱང་སེམས་རྣམས་ཕལ་ཆེར་ཤེས་བཞིན་དུ་དང་པོ་འཇུག་མཛད་ཀྱང་། མི་ཤེས་བཞིན་དུ་གནས་ཤིང་འབྱིན་པར་སྣང་ལ། འགྲོ་བ་གཞན་རྣམས་འཕོ་འཇུག་གནས་འབྱིན་མི་ཤེས་བཞིན་ལས་མེད་པས་བདག་ཀྱང་དེའི་གྲལ་ནས་྅྅མཛད་ཀྱང་། མི་ཤེས་བཞིན་དུ་ལྡང་མ་ནུས་པ་འདི་ག་ལགས་སོ། གཉིས་པ་རིགས་རུས་དང་ཆོ་འབྲང་སོགས་ཀྱི་ཁུངས་ནི་སྤྱིར་མ་རིག་པ་བག་ལ་ཉལ་དུ་ཡོད་པ་ལ་རླུང་གིས་བསྐྱོད་པས། གཟུགས་དང་། གཟུགས་མེད། འདོད་ལྷ་མི་དང་ལྷ་མིན་བཅས་མཆེད་པ་ལས། ཁྱད་པར་གླིང་གསུམ་ལས་འཕགས་པ་ལྷོ་འཛམ་བུ་གླིང་ལ་འཕགས་བོད་གཉིས་སུ་དབྱེ་བ་ལས། འཕགས་པའི་ཡུལ་དུ་པཱ་ལ་རྣམ་གསུམ་དང་ཙནྜ་སོ་བཞི་སོགས་རྒྱལ་པོའི་རིགས་དང་། གཞན་ཡང་མི་རིགས་རྣམ་བཞིར་དབྱེ་བ་ཡོད་ཀྱང་འདིར་བཏང་སྙོམས་སུ་བྱས་སོ། བོད་འདིར་རྒྱལ་པོ་གནམ་ལ་ཁྲི་བདུན། ས་ལ་ལེགས་དྲུག །ཚིགས་ལ་བཙན་ལྔ། ལོགས་ལ་སྡེ་བརྒྱད། བར་ལ་སྟེང་གཉིས་སོགས་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ། ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ། རྒྱལ་ཕྲན་སིལ་མ་བཞི་བཅུ་རྣམས་བྱུང་བའི་དང་པོ་རྗེ་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོར་བྱོན་ནས་གདུང་རབས་ཉེར་བདུན་གྱི་དུས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་སྙན་ཤལ་ཞེས་པ་འཁྲུངས་ནས། ཕོ་བྲང་ཡུམ་བུ་བླ་མཁར་བརྩིགས་པའི་ཡང་སྟེང་མདོ་སྡེ་ཚིནྡྷ་མ་ཎི། དཔང་སྐོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན་ཁྲུ་གང་པ་གཅིག་རྣམས་བབས་པ་དང་དུས་མཉམ་དུ་ནམ་མཁའ་ནས་མི་རབས་ལྔ་ནས་འདིའི་དོན་ཤེས་པ་ཞིག་འབྱུང་ཞེས་པ་ལྟར་གྱི་གདུང་རབས་ལྔ་པར་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས། དེ་ཉིད་ཀྱི་བློན་ཆེན་ཐོན་མི་ཨ་ནུ་ཞེས་པའི་བུ་ཐོན་མི་སཾ་བྷོ་ཊར་གྲགས་པ་འཕགས་ཡུལ་དུ་བརྫངས་ནས། པཎྜི་ཏ་ལྷ་རིག་པའི་སེང་གེ་དང་ཡིག་མཁན་ལི་བྱིན་ལས་ཡི་གེ་འབྲི་ཀློག་བསླབས་ཏེ་བོད་ཡུལ་དུ་ཕྱིན་ནས་རྒྱལ་བློན་དུ་མས་འབྲི་ཀློག་མཁྱེན་པར་བྱས་པ་ཡིན་ཞེས་གྲགས་སོ། དེ་ནས་རྒྱལ་རབས་ལྔ་པ་ཁྲི་སྲོང་ལྡེ་བཙན་འཁྲུངས། དེ་དང་དེའི་དབོན་པོ་ཁྲི་རལ་པ་གཉིས་ཀྱིས་བོད་ཁམས་མུན་པའི་སྨན་ཏུམ་ལྟ་བུ་དེ་དམ་པའི་ཆོས་ཀྱི་སྣང་བས་གསལ་བར་བྱས་པའོ། དེ་ལྟར་རྒྱལ་པོ་གཉའ་ཁྲི་བཙན་པོའི་གདུང་བརྒྱུད་ལས་མཆེད་པའི་བོད་འདིར་གདུང་ཆེན་བཞི་ཏུ་གྲགས་པ་ནི། དྭགས་པོ་སྙི་བའི་གདུང་། ས་སྐྱ་མཁོན། འབྲི་གུང་སྐྱུ་ར། སྟག་ལུང་ཀ་ཟིའི་གདུང་བརྒྱུད་དང་བཞིའི། དེ་ལ་གཞན་པའི་བོད་ཆེ་ཆུང་སྤྱིའི་འབྱུང་ཁུངས་དང་ལོ་རྒྱུས་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྤྲེའུ་གཅིག་ལ་དགེ་བསྙེན་གྱི་སྡོམ་པ་ཕོག་སྟེ་མདོ་ཁམས་སུ་བསྒོམ་དུ་བཏང་བ་རྨ་ལུང་དུ་བྲག་རི་ཞིག་ཏུ་སྒོམ་བསྒྲུབས་བྱས་ཚེ་དེར་བྲག་སྲིན་མོ་ཞིག་གིས་ཡང་ནས་ཡང་དུ་ཁྱིམ་ཐབ་དགོས་ཚུལ་གྱི་བརྡའ་བསྟན་པས་སྤྲེལ་སྒོམ་གྱིས་འཕགས་པར་ཞུས་པས། འཕགས་པ་བཀའ་གནང་བ་ལྟར་ཁྱིམ་ཐབས་བྱས་པས་སྤྲེལ་ཕྲུག་དྲུག་སྐྱེས་པ་དེ་ལས་མཆེད་པ་ལོ་ཤས་སོང་ཙམ་ན་སྤྲེལ་ཕྲུག་ལྔ་བརྒྱ་ཙམ་འཕེལ་བར་བཟའ་རྒྱུ་མ་རྙེད་ཚེ། ཡང་འཕགས་པ་ལ་ཞུས་པས། རིན་པོ་ཆེ་སྤར་གང་དང་། འབྲུ་སྣ་ལྔ་གནང་ནས་ཕྱོགས་དེར་གཏོར་གསུངས་པ་དེ་བཞིན་བོད་ཕྱོགས་ས་གཏོར་བས་བཟའ་བཏུང་གསོ་སོགས་ལོངས་སྤྱོད་སྣ་ཚོགས་ཀྱང་དེའི་མཐུ་ལས་བྱུང་བར་གསུངས་སོ། དེ་ལྟར་སྤྲེལ་ཕྲུག་ལྔ་བརྒྱ་པོས་འཕགས་པས་གནང་བའི་འབྲུ་སྣ་ལ་སོགས་སྤྱོད་པས་མིར་གྱུར་པ་ལ་སྡོང་དང་། འབྲི་རྒ་སྦྲ་དབྲས་ཟླའམ་སྡ་ཞེས་པའི་རུས་ཆེན་དྲུག་གི་བདག་འཛིན་བྱེད་པ་ཡིན་ཀྱང་དོན་ལ། བཤད་མ་ཐག་པའི་སྤྲེལ་ཕྲུག་རྣམས་ལས་མཆེད་པ་མ་གཏོགས་གཞན་ཞིག་ཡོད་པ་ནི་མ་ཡིན་ནོ། དེ་ལྟར་རུས་ཆེན་དྲུག་གི་ངོས་འཛིན་སོ་སོར་སྨྲ་བ་འདི་ཡང་། དབྱིབས་དང་ཁ་དོག་རྣམ་འགྱུར་སོགས་ལ་བརྟགས་ནས༑ དབྱེ་བ་བྱེད་པ་ལས་ཁྱིམ་གནས་རྒན་པོའི་ངག་སྒྲོས་ཚད་མར་བཟུང་ནས་མཛོ་རྒན་ལམ་ཞུགས་ལྟར་སྨྲ་བ་ནི་བླུ་པོའི་ཐ་ཤལ་བ་དག་གོ། དེའི་ཕྱིར་ན་བོད་འདིར་རྗེ་འབངས་སུ་དབྱེ་བ་ཡང་བར་སྐབས་རེའི་མངའ་ཐང་དང་འབྱོར་པ་ཆེ་ཆུང་ཙམ་མ་གཏོགས་མི་རིགས་བཞིར་དབྱེ་བ་དང་ཡོན་ཏན་ཆེ་ཆུང་སོགས་ཀྱིས་མ་ཡིན་ཏེ། ཇི་སྐད་དུ། རྒྱ་གར་ཡུལ་ན་རིགས་པ་རྩི། རྒྱ་ནག་ཡུལ་ན་རྒྱན་ཆ་རྩི། བོད་ཀྱི་ཡུལ་ན་ཟས་ནོར་རྩི། ཞེས་པ་ལྟར་ཡིན་ཀྱང་ཁྱིམ་གནས་བྱང་སེམས་ཀྱི་རིགས་བསྟན་འགྲོ་ལ་ཕན་བདེ་སྟེར་ནུས་པ་ཡང་མང་དུ་སྣང་ཞིང་། ཁྱད་པར་ལས་སྐྱོང་སྡེ་དགེ་ལྟ་བུ་ནི། འཕགས་ཡུལ་གྱི་པཱ་ལ་རྣམ་གསུམ་དང་། བྷོ་ཊའི་མེས་དབོན་རྣམ་གསུམ་དང་དབྱེར་མེད་པ་ཆོས་ལྡན་གྱི་རྒྱལ་མཚན་དོན་འབྲེལ་བས་སོ། དེ་ཡང་མི་རིགས་བཞིའི་དབྱེ་བ་མེད་པར་རྗེ་འབངས་ཀྱི་འབངས་ཀྱི་ཁྱད་པར་ལུགས་ཟུང་མཆོག་དམན་གྱིས་དབྱེ་བ་ལས་ཡུལ་གྲུ་སོ་སོ་རྗེ་འབངས་གོ་ལོག་ལྟར་སྣང་བས་ཡུལ་རི་དཔོན་སྡེ་བློ་ཆུང་རྣམས་ཀྱི་རྗེས་སུ་འབྲང་བར་མི་བྱའོ། ༈ དེ་ལ་བདག་གི་རུས་ཀྱི་ངེས་པ་ནི་སྤྱིར་སྤྲེལ་སྒོམ་ཉིད་ལས་མ་འདས་མོད་ཀྱང་། བྱེ་བྲག་ཏུ་བཤད་པ་ནི། གནའ་གཏམ་གྱི་རྗེས་སུ་འབྲངས་པ་ལས་ཇི་བཞིན་ཐོག་ཏུ་ཁེལ་བར་སྨྲ་བ་ནི་སྔོན་གྱི་ཆོས་འབྱུང་དང་རྒྱལ་རབས་སོགས་སུ་གསལ་བ་ཞིག་ཡིན་ན་དེ་ལྟར་འཆད་དགོས་པ་ནི་གོར་མ་ཆག་མོད་ཀྱི་བདག་འདྲར་སྨོས་ཅི་དགོས། གཞན་གོ་ས་མཐོན་པོར་བཞུགས་པ་ཕལ་གྱི་ཁུངས་ཇི་བཞིན་སྨྲ་བ་དཀའ་ན༑ མཐོ་ས་ཞིག་ཏུ་ཀླན་ཅི་ཀ་ཚོལ་བ་ནི་རྫུན་གཏམ་གྱི་རྒྱུ་ལས་མ་འདས་མོད། འོན་ཀྱང་གནའ་གཏམ་ཁུང་སུ་ལྡན་གྱི་རྗེས་སུ་འབྲང་ནས་འཆད་ན་གོང་གསལ་གྱི་སྡོང་ལ། ནང་གསེས་ཀྱི་རུས་ཆེན་བཅོ་བརྒྱད་གྱེས་པ་ཡིན་ཞེས་སྨྲས་བའི་ནང་ཚན་དུ། ཨ་འཚོ་དང་ཨ་རིག་གཉིས་བྱུང་། དང་པོ་ལ་ཚོ་དྲུག་གྱེས། གཉིས་པ་ལ་བུ་བཅོ་བརྒྱད་བྱུང་བའི་ཤོག་ཆེན་ཡང་དེའི་གྲངས་བྱུང་སྐད། དེ་ཡང་ཨ་འཚོ་ཚོ་དྲུག་གི་ཐ་ཆུང་ལ་བུ་ཆུང་ལུ་མིང་ཆགས་པ་རུས་ཀྱི་ངོས་འཛིན་དུ་སོང་བ་ཡིན་སྐད། བུ་ཆུང་དེ་ལ་བུ་ཟལ་ཆེན་དང་། དེའི་བུ་ཟེལ་ཆུང་། རྡོ་རྗེ་མགོན། དེ་ནས་ཆོས་ཕྱུག་རྒྱལ། དེ་ལ་བུ་བཞི་ཡོད་པ་ཆེ་བ་རྟ་ཁོ། དེ་འོག་ཡག་གེ། འཕན་ནི། ཕྱག་རྡོར་སྐྱབས་རྣམས་ཡིན་ཞིང་། རྗེས་མའི་བུ་གནམ་ལ། དེའི་བུ་ཆོས་སྐྱབས་རྒྱལ། ཀླུ་འབུམ་ཡག །ཚེ་རིང་རྒྱལ་ཟེར་བ་དང་བཞི། དང་པོའི་དབལ་ཟ་ལ་བུ་བདུན། གཉིས་པའི་ཨ་ཕང་ཟ་ལ་བུ་ལྔ་བྱུང་བའི་ཆེ་བ་ང་རང་གི་ཨ་མེས་སེར་སྐྱ་གཉིས་ཡོད་པའི་དང་པོ་དྭགས་པོ་བཟང་པོ་རྡོ་རྗེའི་དངོས་སློབ་གྲུབ་པའི་དབང་ཕྱུག་ཅིག་བྱུང་སྐད། གཉིས་པ་ཁྱིམ་གནས་ལ་བུ་བརྒྱད་བྱུང་བའི་དང་པོ་དྭགས་པོའི་ཆོས་རྒྱུད་འཛིན་པ་ཞིག་དང་། དེ་འོག་ང་རང་གི་ཕ་དེ་ཡིན་ཞིང་དེ་ཉིད་དད་པ་དང་དག་སྣང་ཤིན་ཏུ་ཆེ་བ། ཡི་གེ་འབྲི་ཀློག་དང་ལག་བཟོའི་རིགས་ལ་མཁས་པ། འཇིག་རྟེན་མི་ཆོས་ལའང་དགྲ་འདུལ་གཉེན་སྐྱོང་། གང་ལ་ཡང་ཀུན་གྱིས་སྨོན་པའི་ཡུལ་དུ་གྱུར་པ་ཟོན་ཁོ་ཟེར་བ་དེ་ཡིན་ལ། མ་ནི་གསེར་གཞུང་གི་སྒར་པའི་ནང་ནས་མཆོག་ཏུ་གྱུར་པ་རིག་འཛིན་ཆེན་པོ་ཀུན་བཟང་ཤེས་རབ་ཀྱི་སློབ་རྒྱུད་གནུ་ཟོག་བླ་མ་རིམ་བྱོན་ལས་བླ་མ་སྦྱིན་པ་ཞེས་ཚེ་དང་བསྒྲུབ་པ་གཉིས་ཀ་མཐར་ཕྱིན་པ་ཞིག་གི་ལྕམ་སྲིང་མོ་སྐྱིད་མོ་མཚོར་འབོད་པ་རྣམ་དཀར་ལ་ཆེས་འདུན་པའི་ཕ་མ་དེ་གཉིས་ཀྱི་བུར་སྲིད་པ་བཟུང་ནས། ཤིང་མོ་གླང་གི་ལོར་སྐྱེ་བའི་མྱུ་གུ་གསར་དུ་མངོན་པ་ཡིན། དེར་ནུ་ཞོས་འཚོ་བའི་སྐབས་ཀྱང་དྲན་པ་ལྟར་འདུག་ནའང་རེ་ཞིག་བཏང་སྙོམས་སུ་བཞག་ལ། དེ་ནས་བགྲང་བྱ་གཉིས་གསུམ་ཙམ་ན་བྱིས་གྲོགས་རྣམས་དང་ཐལ་རྩེད་ཀྱིས་གཡེངས་སྐབས་སུ། ང་རང་གི་ཕ་ཡུལ་ཕ་མ་བཅས་གཞན་ཞིག་ན་ཡོད་སྙམ་པའི་སྐྱེ་སྲིད་སྔོན་མའི་བག་ཆགས་ཤར་བར་སྐྱོ་ཤས་ཚད་མེད་པ་ལངས་ནས། གཞན་དག་ལ་དྲིས་པ་ཕ་མས་ཚོར་ཚེ་འདྲེས་བརླམས་པ་ཡིན་ནམ་ཟེར། ལོ་བཞི་ལྔ་ཙམ་ན་ཐོད་རྒལ་གྱི་འཆར་སྒོ་ངོ་མཚར་ཅན་དུས་ངེས་མེད་དུ་མཐོང་བས། དེ་ལ་ཡེངས་ནས་དགའ་སྐྱ་འདྲེས་པའི་ཉམས་དཔག་མེད་བྱུང་། དེར་ལོ་ལྔ་འམ་དྲུག་གི་དུས་མིའི་ནང་ན་རྒ་ཤིས་མནར་བའམ་སྤྲང་པོ་སོགས་ཉམ་ཐག་གི་རྣམ་པ་ཡིད་ལ་དྲན་ནམ་མཐོང་བའི་རྐྱེན་གྱིས་མ་བཟོད་ནས་མང་དུ་ངུ་འཆོར་བ་དང་། སེམས་སྡུག་ཚད་མེད་པ་བྱུང་བ་ད་ལྟའི་དུས་བཞིན་གསལ་པོར་སྣང་ངོ་། དེ་ནས་བགྲང་བྱ་བདུན་གྱི་ཚེ་ཁུ་བོ་བླ་མའི་དྲུང་དུ་ཡི་གེ་སློབ་དུ་བསྐྱལ་ཚེ་ཀ་མད་ཙམ་བསླབས་པ་ལས་འབྲུ་འདེད་རང་བཞིན་དུ་ཤེས་ཤིང་བློ་སྦྱོང་ཤོ་ལོ་ཀ་རེ་ཟུང་བསླབ་པའི་ཚེ་འཕྲལ་འཕྲལ་ཁང་པའི་ཞལ་བའི་ངོར་བྲིས་ནས་རྒྱུགས་སྤྲད་ཚེ་ཐོགས་མེད་སྤྲོད་རྒྱུ་བྱུང་། དེ་སོགས་ཉམས་མཚར་བའི་སྤྱོད་པ་མང་ཞིག་འདུག་ཀྱང་རེ་ཞིག་དེ་ཙམ་མོ། དེ་ནས་བཟུང་སྟེ་རང་སྟོབས་ཁོ་ནས་དཔེ་སྦྱངས་བྱས་པས་ལོ་དགུ་ལོན་ཚེ་ཡུལ་དེར་གང་དར་གྱི་ཆོས་རྣམས་ཤེས་ཤིང་། ལོ་བཅུའི་ཚེ་ཉམས་ཆོས་ངོ་མཚར་བ་ཁ་ཤས་བྲིས་པ་ད་ལྟ་དཔེ་ཙམ་ཡང་མི་འདུག །དུས་འདི་ཙམ་ན་བྱང་ཆུབ་ཀྱི་སེམས་གོང་འཕེལ་དུ་གྱུར་ཏེ། ནད་བུ་ཅན་དང་། རྒས་པས་གདུང་བ། སྤྲང་པོ་སོགས་སྡུག་བསྔལ་ཅན་མཐོང་ཚེ་སྙིང་རྗེ་དབང་མེད་དུ་སྐྱེས་ནས་ཕ་མས་མི་མཐོང་སར་མང་དུ་ངུ་ཤོར་བ་དང་། དེའི་རྐྱེན་གྱིས་དངོས་བརྒྱུད་གང་ནས་ཀྱང་རང་གི་ནུས་པའི་ཚོད་ཀྱིས་ཕན་གང་ཐོགས་དང་། ཁྱད་པར་ལུས་ངག་གི་སྒོ་ནས་རྩུབ་སྤྱོད་དྲག་པོ་བྱས་ཀྱང་དེ་དག་གི་ཤེས་རྒྱུད་བཅོས་ནས་བསྒྱུར་བ་མ་གཏོགས། བསམ་ངན་དང་གཏན་ནས་འགྲོགས་མི་ཤེས་པ་ད་ལྟའི་བར་དུ་ཤུགས་འབྱུང་དུ་ཡོད་པ་ནི་མཆོག་གསུམ་རིན་པོ་ཆེའི་ཐུགས་མི་ཁྲེལ་སྙམ་པ་འདི་བདག་གི་རྣམ་ཐར་གྱི་དྲག་ཤོས་ཡིན་ནོ། དེ་ནས་ལོ་བཅུ་གཅིག་ཙམ་ན་རང་གི་ཁྱིམ་ཕུགས་སུ་ཀླུའི་དཀྱིལ་འཁོར་ཞིག་བཞེངས་ནས་དེ་ལ་དེར་མཐུན་གྱི་ཆོ་ག་ཞིག་ཀྱང་བརྩམས་ནས་དེ་ལྟར་བྱས་པས། ཕ་ན་རེ་བུ་འདི་འདྲེས་བརླམས་ངེས་རེད་ཟེར་ནས་ཕྱིན་ཆད་དེ་འདྲ་བྱེད་མི་ཆོག་པའི་ཁྲིམས་བསྒྲག །དེའི་སྐབས་ཞིག་ཏུ་རྨི་ལམ་ན་ང་རང་ནགས་ཚལ་ཆེན་པོ་ཞིག་གི་རི་སྒང་དུ་ཡར་ཕྱིན་པ་ན། ལྗོན་ཤིང་གང་ཡིན་ངོ་མ་འཚལ་བའི་ཡལ་ག་ལྔ་པ་ཞིག་གི་དབུས་ན་རྣལ་འབྱོར་པ་སྐྲ་སྤྱི་བོར་བཅིངས་པ། རས་གོས་གཟན་སོགས་རླུང་ཆས་ཅན་ཞིག་འདུག་པ་ང་ལ་མིག་འབུར་ཚུགས་སུ་བལྟས་ཏེ། ན་ག་ལེ་ལེ། དུམ་པ་ལེ་ལེ་ཕ་ག་ལེ་ལེ་། པ་ཏམ་ཏེ། པ་ཏམ་ཏེ་ལ་སོགས་བརྗོད་ནས་ལངས་ཏེ་ངའི་ལག་པ་ནས་ཁྲིད་དེ་རི་རྩེ་ཞིག་ཏུ་ཕྱིན་པས་བྲག་རི་ཆེན་པོ་ཞིག་གི་རྩར་ཕྱིན་པར་རྣལ་འབྱོར་པས་བྲག་རི་བརྡུང་ཙམ་བྱས་པའི་མོད་ལ་བྲག་སྒོ་ཆེན་པོ་ལྷ་ཁང་གི་སྒོ་ལྟ་ བུ་ཞིག་ཁྲོལ ་གྱིས་ཕྱེ་བའི་ནང་དུ་བདག་ཅག་གཉིས་ཕྱིན་པས། དེར་གླེགས་བམ་མང་པོ་བརྩིགས་འདུག་པས་གསེར་གདོང་ཁྲ་ཆེམ་མེ་བ་དང་འཁོར་ལོ་ཆེན་པོ་ཞིག་གྱི་ལི་ལི་འཁོར་གྱིན་འདུག་པའི་ཉེ་ས་དེར་མར་མེ་ཤིན་ཏུ་གསལ་བ་ཞིག་ཀྱང་འདུག་པ་ལ། རྣལ་འབྱོར་པས། གླེགས་བམ་འདི་ཚོ་ཆོས་ཀྱི་གཏེར་དང་། ཙཀྲ་ཆོས་འཁོར། མར་མེ་བསྐལ་པའི་མར་མེ། འདི་རྣམས་ཀྱི་བདག་པོ་ཁྱོད་རང་ཡིན་པས་དེ་ལྟར་གྱིས་ཞེས་གསུངས་པ་དང་མཉམ་དུ་སད་ཚེ་དགའ་ཡལ་ལེ་བའི་འཕྲོར་དེ་དག་རྣམས་མི་འདུག་པས་སྐྱོ་ལྷང་ངེ་བ་ཞིག་བྱུང་། ཡང་ལན་གཅིག་བདག་གི་ལག་པར་མཐིང་ལྟ་བུའི་རྫས་སྔོན་པོ་ཞིག་ཐོགས་ནས་བྲག་རི་ཆེན་པོ་རྩ་བ་ཆུ་ལ་ཟུག་ཅིང་རྩེ་མོ་གནམ་ལ་སླེབས་འདུག་སྙམ་པ་ཞིག་གི་གམ་དུ་ཕྱིན་མ་ཐག་རྫས་སྔོན་པོ་དེ་བྲག་རི་དེ་ལ་བྱུགས་པ་དང་སྟབས་གཅིག་ཏུ། མགར་བས་ལྕགས་བསྲེག་བརྡུང་བའི་ཚྭ་ལ་ལྟར་དུམ་བུར་འཐོར་ནས་རྗེས་ཤུལ་ཙམ་ལས་མི་སྣང་བ་རྨིས་འཕྲོར་སད་པས་འཇིགས་ཆུམ་མེར་འདུག་གོ །ཡང་རྨི་ལམ་དུ་བདག་རི་རྩེ་མཐོན་པོ་ཞིག་ན་ཕ་བོང་ཆེན་པོ་ཞིག་ཡོད་པའི་ལྟག་ན་བསྡད་ཡོད་པའི། རིའི་རྩ་བར་གྲོང་པ་ཆེན་པོ་ལྷ་ས་ལྟ་བུ་ཞིག་ཀྱང་འདུག་པ་ལ་ང་རང་གིས་ཕ་བོང་དེ་ལ་རྐང་པ་གཏད་དེ་རི་ངོས་དེ་ནས་ཐུར་དུ་བསྒྲིལ་བཏང་བས་གྲོང་པ་རྣམས་རྡུལ་སྐྱ་ཕྱུར་གྱིས་སོང་བའི་མདོ་ལ་ཤུལ་ཙམ་ལས་མི་འདུག་པར་འགྱོད་ཐལ་ལེ་བར་གཉིད་ལས་སད་དོ། ཡང་ལན་ཅིག་ཚེ་ཡུལ་དེར་འབྲུམ་ནད་ཞིག་འོང་བའི་སྔོན་དུ་དྲེད་མོ་འཇིགས་ལ་རྔམ་པ་ཞིག་གིས་ང་རང་མཆན་ཁུང་དུ་བཅུག་ནས་ས་ཁུང་ངམ་ནག་པ་ཞིག་གི་སྒོར་སླེབས་པ་དང་། དྲེད་ཀྱིས་ཁུང་བུའི་ཕུག་པ་བརྟགས་དུས་བུ་བཟང་བལྟ་ཟེར་བྱུང་། དེ་ལ་ང་རང་མི་ཐར་ངེས་པར་འདུག་སྙམ་ནས་ཁྱོད་རང་གི་ང་མ་གཏོགས་བྱིས་པ་སུ་ཡང་མ་ཟ་བར་ང་ཟོ་ཞིག་སྨྲས་པས་ང་རང་དེར་བསྐྱུར་ནས་ཁོ་རང་ཕར་ལོག་ནས་སོང་བའི་རྒྱབ་མདུན་དུ་བྱིས་པའི་གོས་གཉིས་དཀྲིས་འདུག་པ་ལྟར་ཕྱིས་འབྲུམ་ནད་དེས་བྱིས་པ་གཉིས་ཤི། དེ་ནས་ལོ་བཅུ་གཉིས་བཅུ་གསུམ་ཙམ་ནས་ཚོགས་གྲལ་གྱི་གྲྭ་བ་ཚོས་ལྷ་ས་དང་ཇོ་བོའི་རྒྱུ་མཚན་བཤད་པའི་རྐྱེན་གྱིས་དེར་ནམ་སླེབས་ན་བསམ་པའི་སེམས་རྒྱུན་ལྡན་དུ་བྱུང་། འོན་ཀྱང་ཡུལ་དུས་ཀྱི་བསྐལ་བས་དེ་འདྲའི་ཐོག་ཏུ་ག་ལ་ཁེལ། བར་སྐབས་དེར་ང་རང་གི་ཕ་ཁུ་ཚོའི་ཨ་མ་དེ་ཤི་སར་སྐུ་ཞབས་སི་ཏུ་རིན་པོ་ཆེའི་དབོན་ཚབ་ཚབ་ཚ་ཀརྨ་ངེས་ལེགས་བསྟན་འཛིན་གདན་དྲངས་པའི་སྐུ་མདུན་དུ་ཡང་ཡང་སོང་བ་བྱིས་པའི་རྣམ་ཐར་དུ་མ་སོང་བར་ང་རང་ཁྱེད་ཀྱི་རྗེས་སུ་འབྲངས་ན་ཆོས་ཤིག་ཨེ་ཡོང་ལན་མང་ཞུས་པས། དེ་ལྟར་ཡོང་ཚུལ་གྱི་བཀའ་གནང་བཟང་པོ་བྱུང་ཀྱང་། དེ་ཚུལ་ང་རང་གི་ཕ་ལ་གསུངས་པས་ཕས་ཁས་ལེན་མ་ནུས་པས་ཤོལ། དེ་རྗེས་ང་རང་གི་ཞང་པོ་གནུ་ཟོག་བླ་མ་ཕེབས་པར་དེ་ཚུལ་ཞུས་པས་དེ་ཤིན་ཏུ་ལེགས་པས་དེ་བཞིན་བྱའོ་གསུངས་ནས་ཕ་མ་གཉིས་ཀར་དེ་ལྟར་བཀའ་གནང་པས་ཁས་བླངས་ཏེ་སྒོ་ཆེན་དགོན་དུ་འགྲོ་བའི་གྲབས་བྱས་པ་ལགས་སོ། །༈ ༈ ཀུན་ཏུ་བཟང་པོ་ཀུན་བྱེད་རྒྱལ་པོ་དེས། འཁོར་འདས་གཉིས་ཀ་སྤྲུལ་ལས་གཞན་གྱིས་མིན། དེ་ཕྱིར་སངས་རྒྱས་དང་ནི་སེམས་ཅན་གཉིས། བདེ་གཤེགས་སྙིང་པོར་གཅིག་པས་ཕྱག་འཚལ་ལོ། འཁོར་བ་སྡུག་བསྔལ་ཆུ་སྲིན་གནས་ཁང་ནས། ཐར་པའི་སྐམ་སར་དང་པོར་དབུགས་འབྱིན་མཁན། དྲིན་ཆེན་བླ་མ་པྲཛྙ་རཏྣའི་ཞབས། བདེ་ཆེན་འཁོར་ལོར་མཆོད་དོ་བྱིན་གྱིས་རློབས། དེ་ནས་ལོ་བཅུ་བཞིའི་ལོ་མཇུག་བཅོ་ལྔའི་ལོ་འགོའི་མཚམས་དེར་སྒོ་ཆེན་དགོན་པ་ཞེས་དཔལ་ཡུལ་རྣམ་རྒྱལ་གླིང་གི་དགོན་ལག་ཞིག་ཏུ་ཞུགས་པ་ལགས་སོ། དེ་ཡང་དུས་གསུམ་རྒྱལ་བའི་རྒྱལ་ཚབ་སློབ་དཔོན་པདྨའི་ཞལ་སྐྱིན་དོན་གྱི་སླད་དུ་མཚན་ནས་སྨོས་ན། བདག་གི་རིགས་བདག་རྡོ་རྗེ་འཛིན་པ་ཤེས་རབ་རིན་ཆེན་ཞེས་པ་དེ་ཉིད་དཔལ་ཡུལ་རྣམ་རྒྱལ་གླིང་ཞེས་མཚན་གྱི་སྙན་པས་འཛམ་གླིང་ཡོངས་སུ་ཁེངས་པའི་མངའ་བདག །གསང་བ་སྔགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་བུ་ཆེན་པདྨ་ལྷུན་གྲུབ་རྒྱ་མཚོའི་སློབ་བུ་རབ་དང་། མཆོག་དང་། ཕུལ་དུ་གྱུར་པ་ཕྱག་རྫོགས་ཀྱི་དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་སྐྱེས་མཆོག་དམ་པ་དེ་ཉིད་ཀྱི་ཞབས་དྲུང་ནས། དང་པོར་སྐྱབས་དཀོན་མཆོག་གསུམ་འཛིན་པའི་སྡོམ་པས་རྒྱུད་བསྡམས་ནས། དང་པོར་ཨོ་རྒྱན་བསོད་ནམས་དང་། རྗེས་སུ་བསོད་ནམས་བསྟན་འཛིན་ཞེས་མིང་གི་ཅོད་པན་གྱིས་སྤུད་པར་བྱས་པའོ། དེ་ནས་རིམ་བཞིན་༧རྫོགས་ཆེན་སངས་རྒྱས་ལག་འཆང་དང་། ཀརྨ་བཀའ་རྒྱུད་ཀྱི་སྔོན་འགྲོའི་ཁྲིད་སོགས་མཁས་ཤིང་གྲུབ་པའི་དབང་ཕྱུག་ཀརྨ་ཆགས་མེད་ཀྱིས་མཉམ་དུ་བསྡོམ་བཞིན་གནང་བས་སྦྱངས་པ་ཡང་དེའི་ལུགས་སུ་བྱས། དེའི་དབྱར་ཁར་སངས་རྒྱས་ལག་འཆང་གི་ཐོད་རྒལ་གྱི་ཁྲིད་ཀྱི་དོན་རྩ་ཉི་མ་སེར་ཁྲིད། ཟླ་བ་དཀར་ཁྲིད། མར་མེ་དམར་ཁྲིད། མུན་པ་ནག་ཁྲིད་བཞིའི་ཁྲིད་ཐོབ་པས་ཅི་ནུས་སུ་སྦྱངས། སླར་ཁྲ་ཁང་ཞག་བདུན་ཅུ་དོན་བདུན། མུན་ཁང་བདུན་ཅུ་དོན་བདུན། སྒྲ་སྦྱང་སུམ་ཅུ། རྨི་ལམ་ཞག་ལྔ་བཅུ་སོགས་འདི་དག་གི་སྐབས་འགར་ཨ་སྐྱབ་རྒྱལ་པོ་ཡིན་ཟེར་རྒྱུའི་གདུག་འདྲེ་ཞིག་གིས་ཆོ་འཕྲུལ་མང་དུ་བསྟན་བྱུང་ཡང་སྔོན་སྨོན་གྱི་མཐུ་སྟོབས་བརྫི་མ་ནུས་ནས་སྐྱོན་གང་ཡང་མ་བྱུང་། ཁྲལ་འབུལ་ལྟ་བུར་རྐང་གྲངས་རྫོགས་པར་བྱས་ཀྱང་ཤེས་རྒྱུད་མ་སྨིན་པ་ནི་སྨོས་ཅི་དགོས། གོ་བ་ར་རི་ཙམ་ཡང་ཡིད་ལ་མ་འདྲོངས་ཀྱང་། བླུན་གྲོགས་ཚོས་ཆོས་ཐུན་ཐམས་ཅད་རྫོགས་པའི་སྒོམ་ཆེན་ཨ་ཐོ་བར་བརྩི་ཡང་། རང་ངོར་སྔར་ལས་ཅུང་ཟད་ཀྱང་འཕགས་པ་མ་བྱུང་དེར་གནམ་ཆོས་ལུགས་ཀྱི་རྩ་རླུང་ཡང་སྔོན་འགྲོའི་རྗེས་ཐོག་ཙམ་ནས་སྦྱངས་ཀྱང་འབྲས་བུ་དགུན་ཁར་རས་གོས་ཆུར་སྦྱངས་པ་ཐུན་ཐུང་ཞིག་ལ་དྲག་རླུང་གི་སྦྱོར་བས་ཆབ་རོམ་དུ་མ་གྱུར་ཙམ་དུ་ཟད་དོ། གཞན་ཡང་དམ་པ་དེ་ཉིད་ཀྱི་དྲུང་ནས་པཎྜི་ཏ་ཨ་བྷྱ་ཀཱ་རའི་ལུགས་ཀྱི་དབང་རྡོ་རྗེ་ཕྲེང་བ་དང་། གནམ་ཆོས་བདེ་ཆེན་ཞིང་ཆོག་ཆ་ལག་ཚང་མ། བཀའ་ཐང་ཤེལ་བྲག་མ་བཅས་ཐོབ། ལོ་བཅོ་ལྔ་ནས་བཅོ་བརྒྱད་བར་དེ་གར་ཐོས་བསམ་གྱི་སྦྱང་པ་ལ་གཡེལ་ཡང་མཚམས་བསྒྲུབ་ལ་འབད་ཁུལ་བྱས། སྐབས་དེར་སྐྱབས་མཆོག་རྡོ་རྗེ་འཛིན་པ་རིན་པོ་ཆེ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པ་ལགས། དེ་ཡང་གཤེགས་ཚུལ་བསྟན་ནས་སྐུ་གདུང་ཞུགས་འབུལ་གྱི་དུས་ཚུན་དུ་འཇའ་ཚོན་གྱི་གུར་ཁྱིམ་དང་གྱེན་འགྲེང་རྩིབ་ཤར་སོགས་དད་ལྡན་རྣམས་ཀྱི་མིག་གི་བདུད་རྩིར་ལོངས་སྤྱོད་པའི་སྐལ་ལྡན་དུ་གྱུར་པའོ། དེ་ནས་ལོ་བཅུ་དགུ་དང་ཉི་ཤུ་སོགས་ལ་བདག་གི་ཉེ་དུ་རྣམས་ལ་ང་རང་ལྷ་སར་གཏོང་རོགས་ལན་མང་བཤད་ཀྱང་ཐོག་ཁེལ་མ་བྱུང་། དེ་རྗེས་ཉེར་གཅིག་ལོར་རྡོ་གསེར་གཉིས་ཀྱི་བླ་གྲྭ་དྲུག་ཙམ་དྭགས་ལྷ་སྒམ་པོར་ཆོས་ཞུར་འགྲོ་རྒྱུར་ཡིད་ཕྱོགས་པ་དང་བསྒྲོས་ཏེ། བདག་ཅག་ཆོས་གྲོགས་བདུན་ལྷ་ལྡན་ཕྱོགས་སུ་ཐེག་པ་ཡིན། དེ་ཡང་ཕ་མ་ཚོས་ད་རེས་ནས་རང་ཅག་ཚོ་མི་འཕྲད་ངོ་མ་ཡིན་ཡང་། ཁྱོད་རང་བནྡེ་ལ་དགོས་རྒྱུ་ཆོས་ཡིན་པས་ཆོས་ཤིག་འགྲུབ་ན་མ་འཕྲད་ཀྱང་ཆོག་ཟེར་སྙིང་ཕུར་བཏབས་ནས་སོ་སོར་གྱེས་སོ། གྲངས་མེད་གོང་ནས་མངོན་པར་བྱང་ཆུབ་ཀྱང་། ལྗོངས་འདིའི་འཕགས་མཆོག་དམ་པའི་སྐུར་སྤྲུལ་ནས། མ་འོངས་མི་ཕམ་མགོན་པོར་འཚང་རྒྱ་བའི། །བསྟན་པའི་ཉིན་བྱེད་བདག་སློབ་མུན་པར་གསལ། དེ་ནས་བདག་ཅག་རྣམས་བཤུལ་ལམ་དུ་ཞུགས་ནས་དཔལ་སྤུངས་ཐུབ་བསྟན་གླིང་དུ་སླེབས། དེར་ཁམས་གསུམ་ཡོངས་ཀྱི་འདྲེན་མཆོག་སྤྲུལ་པའི་སྐུ་སི་ཏུ་ཆོས་ཀྱི་འབྱུང་གནས་དང་མཇལ་ནས་བསམ་པ་ལྷུན་འགྲུབ་མའི་སྨོན་ལམ་དང་བཀྲ་ཤིས་བཅས་ཡིད་ཚིམ་པར་མཛད་ནས་ཀརྨ་བཀྲ་ཤིས་ཟེར་བའི་ལྷ་བཟོ་དཔོན་གཡོག་ཁ་ཤས་དང་མཉམ་དུ་ཀརྨ་ལྷ་སྟེང་བར་ཕྱིན། དེ་ནས་ངེད་ཅག་རྣམས་ཁམས་རི་བོ་ཆེར་སླེབས་དེར་ཕྱག་སྐོར་སྨོན་ལམ་སོགས་གང་ནུས་བགྱིས། དེ་ནས་ཁྱུང་པོ་གསེར་ཚ་ནས་ཕྱིན་པའི་ལམ་བར་དུ་ཆུ་མིག་ཞིག་གི་རྩར་སླེབས་པར་དེར་རྡོ་ནག་པོ་སྤུ་གཡས་འཁྱིལ་དུ་འཁོར་བ་ངོ་མཚར་ཅན་ཞིག་ལག་ཏུ་སོན་པ་ཕྱིས་སུ་སྤུ་འཁྱིལ་དེ་རིང་པོ་ཁོ་ནར་སོང་བ་ད་ལྟ་གནུ་ཟོག་སྒར་པའི་ཕྱག་ན་ཡོད། དེ་ནས་གྲོ་ཁལ་རྟ་ཕོ་རྒོད་མ་བགྲེས་པོ་ཁ་ཤས་ཡོད་པ་ཆད་ལུས་ལ་ཐུག་པས་ཆས་ཀ་རྣམས་རང་རང་གིས་ཁུར་བས་སྔར་དེ་འདྲ་མ་མྱོང་བས་དཀའ་ལས་བཟོད་མི་ཐུབ་པ་ཙམ་བྱུང་བའི་ཟླ་བ་གསུམ་ལྷག་ཙམ་ཞིག་གི་འཕྲོར་དྭགས་ལྷ་སྒམ་པོ་ཞེས་འགྲོ་མགོན་ཐུབ་པ་ཆེན་པོས་ལུང་དུ་བསྟན་པའི་གནས་མཆོག་བྷོ་ཊའི་ཡུལ་གྱི་བཀའ་རྒྱུད་ཡོངས་ཀྱི་འབྱུང་ཁུངས་དེར་སླེབས་པ་ཙམ་གྱིས་ཆད་པ་ངལ་སོས་པ་ལྟ་བུའི་དབུགས་འབྱིན་ཐོབ་བོ། །མེ་ཏོག་ཟླ་མཛེས་ཞེས་གྲགས་འཕགས་མཆོག་གང་། །ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུ་ཞེས། །གང་དེའི་རྨད་བྱུང་ཐུགས་བསྐྱེད་སྒྱུ་འཕྲུལ་གར། །དྭགས་པོ་ལྷ་རྗེར་བསྒྱུར་དེ་གཏན་གྱི་སྐྱབས། །མགོན་ཁྱོད་སྐུ་གསུམ་རྒྱལ་བར་དབྱེར་མེད་ཟླ། །གདུལ་བྱའི་ཆུ་སྣོད་ཡོངས་ལ་འཆར་ནུས་བཞིན། །བདག་གི་རིགས་བདག་འབྲལ་མེད་ཐོབ་པའི་ལྷ། །མི་ཕམ་ཆོས་ཀྱི་དབང་པོས་རྟག་ཏུ་སྐྱོངས། དེ་བཞིན་གྱི་སྒོམ་པོ་རིན་པོ་ཆེར་མཇལ་ནས་མཎྜལ་རྟེན་ཕྲན་བུ་ཡོད་པ་རྣམས་ཕུལ་རྗེས་སུ་འཛིན་པའི་གསོལ་བ་བཏབ་པས་དེ་འཕྲལ་དགེ་བསྙེན་གྱི་སྡོམ་པ་གནང་ཞིང་གྲོགས་པོ་རྣམས་ལ་སོ་སོར་མིང་རེ་དང་ང་རང་ལ་བསོད་ནམས་ཆོས་ལྡན་དུ་བཏགས། དེ་འཕྲལ་གཏེར་ཆེན་འཇའ་ཚོན་སྙིང་པོའི་གཏེར་བྱོན་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་གིས་སྨིན་པར་བྱས་ཤིང་རྡོ་སྐུ་ཡིད་བཞིན་ནོར་བུའི་མཇལ་ཁ་གནང་བ་དང་ཆབས་ཅིག་སྨོན་ལམ་གཏད་རྒྱ་བཅས་གནང་། དེ་ནས་མཉམ་མེད་སྒམ་པོ་པ་ཆེན་པོའི་སྐྱེ་འཕྲེང་གསུམ་པ་བཟང་པོ་རྡོ་རྗེའི་དངོས་སློབ་གྲུབ་ཆེན་དམ་ཆོས་དབང་ཕྱུག་གི་ཞབས་པད་དུ་བཅར་རྒྱུའི་བཀའ་ཕེབས་བཞིན། གང་གི་ཞལ་སྔ་ནས་རྗེ་སྒམ་པོ་པའི་ལུགས་ཀྱི་སྔོན་འགྲོའི་ཁྲིད་ཞིབ་རྒྱས་སུ་གནང་བཞིན་སྦྱངས་པ་ཡང་བྱས། གཞན་ཕྱག་ཆེན་ཆོས་དྲུག་ཆོས་བཞི་ཐར་རྒྱན་ཆོས་སྤྱོད་རབ་གསལ་དཀོན་མཆོག་སྤྱི་འདུས་བཛྲ་ཕ་ལས་ཆོག་བསྒྲིགས་མ། དྭགས་ལུགས་དང་འཇའ་ཚོན་ལུགས་ཀྱི་འཕོ་ལུང་བཅས་ཀྱི་ལུང་ཁྲིད་སོགས་བཀའ་དྲིན་བསྩལ། སྐབས་དེར་ལྷོ་གནས་མཆོག་དཔལ་གྱི་ཙ་རི་ཏྲ་ཞེས་ཡུལ་ཆེན་ཉེར་བཞིའི་ཡ་གྱལ་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་ཆེན་པོར་གནས་སྐོར་དུ་བདག་ཅག་བདུན་པོ་ལྷན་དུ་ཕྱིན་ཀྱང་ཁ་བ་ཆེ་སྟབས་ཀྱིས་གྲོགས་རྒས་པ་གཉིས་གོང་མོ་ལ་རྩ་ནས་ཕྱིར་ལོག་དགོས་བྱུང་བར་འན་བུས་སྐྱེལ་མ་བྱས་པས་མིག་ཁ་བས་ཕྱིད་ནས་ལྡོངས་ལ་ཁད་དུ་གྱུར་ཀྱང་སྙིང་རུས་བྱས་ནས་ལམ་ཆག་མ་ཤོར། དེ་ནས་སྐོར་ལམ་རིམ་བགྲོད་ཀྱིས་ཅིག་ཅར་དུ་སླེབས། དེར་ཕག་མོ་ལྷ་ཁང་དུ་འབྲུག་མི་ཕམ་པདྨ་དཀར་པོས་ཕྱག་བཟོ་ཕག་མོ་གསུམ་ལྡན་མར་གྲགས་པ། དེ་ཡང་སྟེང་ཁང་འཇའ་འོད་དང་། བར་གསེར་ཟངས། འོག་རྡོ་ནག་ལས་གྲུབ་པས་རྟེན་འབྲེལ་དེ་ལྟར་བཏགས་པ་ཡིན་སྐད། དེར་སྒོ་གསུམ་གཅིག་དྲིལ་གྱིས་ཕྱག་སྐོར་གསོལ་འདེབས་ལ་ནན་ཏན་བྱས་ནས་ནུབ་མོ་ལྷ་ཁང་གི་ཉེ་ཞིག་ཏུ་ཉལ་འཕྲལ་དུ་ཐང་ཆད་པ་ངལ་སོས་པའི་རྐྱེན་གྱིས་ཕྱི་ནང་སྣོད་བཅུད་རང་དང་བཅས་པ་རྒྱ་མཚོར་གཟའ་སྐར་ཤར་བའམ། མེ་ལོང་གི་གཟུགས་བརྙན་བཞིན་སྣང་ལ་རང་བཞིན་མ་གྲུབ་པའི་ཉམས་ཉིན་མཚན་ཁྱད་མེད་དུ་ཞག་མང་པོར་བྱུང་། དེ་ཡང་གནས་སྐོར་བ་ཚོས་ཀུ་ཅོ་སོགས་འུར་ཟིང་དང་། གངས་རི་ཉིལ་གྱིས་དོགས་པའི་འཇིགས་སྐྲག །ཁ་བའི་འཚུབ་མ་སྙིང་འགས་པ་ལྟ་བུ་ཅི་བྱུང་ཡང་། ཐམས་ཅད་དགའ་བདེའི་གྲོགས་སུ་གངས་རི་ཟླ་འོད་ཀྱིས་མཛེས་པར་བྱས་པ་ཇི་ལྟ་བ་དེ་ལྟར་དུ་གྱུར་ཏོ། དེའི་ཚེ་གྲོགས་བླ་མ་སྒོམ་ཉམས་ཅན་ཞིག་ཡོད་པ་དེར་དེའི་རྒྱུ་མཚན་ཞུས་པས། གནས་ཀྱི་བྱིན་རླབས་ཞུགས་པའི་རྟགས་ཡིན་ངེས་སུ་འདུག་གསུངས་བྱུང་། དེ་མུས་ཀྱི་ཙ་རི་བར་སྐོར་རམ་སྔ་སྐོར་ཆེན་མོ་འཁོར་ནས་དྭགས་ལྷ་སྒམ་པོར་སླེབས་པའོ། དེ་ནས་སྐྱབས་མགོན་གྲུབ་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་མཇལ་ཕྱག་ལ་ཕྱིན་ཚེ། ལྐོག་གྱུར་གྱི་ཆོས་རྣམས་ཐོགས་མེད་དུ་མཁྱེན་པའི་དོན་གྱིས། བདག་ལ་ཁྱོད་རང་ལ་རྟོགས་པ་དགའ་མོ་ཤར་རམ་གསུངས་ཚེ། དེ་དེ་ལྟར་བྱུང་ལགས་ཞུས་པས། ད་འོ་ན་དོ་ནུབ་དུར་ཁྲོད་དུ་ཉོལ་ཅིག་གསུངས་ནས་བསླབ་བྱ་གནང་། ཁྱད་པར་དུར་ཁྲོད་དུ་འཇིགས་སྐྲག་ག་འདྲ་བྱུང་ཡང་སྡོད་ཚུགས་པ་གལ་ཆེ་བས་ཅི་ལ་ཐུག་ཀྱང་འབྲོ་མི་ཉན་གསུངས་པར་འཇིགས་ཆུམ་མེ་ཞིག་བྱུང་། འོན་ཀྱང་བླ་མས་བཀའ་གནང་ཇི་བཞིན་ས་རུབ་དུས་དུར་ཁྲོད་དུ་སོང་ནས་ལུས་སྦྱིན་བཏང་ནས་མཉམ་བཞག་ལ་བསྡད་པས་གཉིད་དུ་ཤོར་བས་རེ་ཞིག་སོང་བ་སད་ཙ་ན་ཆབ་བསིལ་ལ་ཕྱིན་ནས་ཡར་གདན་ཐོག་ཏུ་ལོག་པ་ན་ཡར་ཞིག་བལྟས་པས་ང་རང་གི་རྒྱབ་གཏད་ས་དེར་མི་རོ་རལ་པ་བསྙིལ་བ་ཁ་གན་རྐྱལ་དུ་བལྟ་བ་ཆེ་ལ་འཇིགས་པ་གཅིག་འདུག་པར་རབ་ཏུ་བྲེད་ནས་སྐྲག་སྔངས་འདར་གསུམ་གྱི་མངོན་རྟོགས་ཤར་བར་གྱུར་ཏོ། དེ་དང་མཉམ་དུ་བླ་མས་བསླབ་བྱ་གནང་བ་དྲན་ནས་སྙིང་རུས་བསྐྱེད་ཏེ་རོ་ལ་སྔར་བཞིན་རྒྱབ་གཏད་ནས་གཉིད་ཡར་བས་འཇིགས་སྐྲག་གི་མུ་མཐུད་ནས་ནམ་ལངས་ཚེ་འཆི་བ་ལས་ཐར་བའི་དགའ་ཚོར་གྱི་ཉམས་མྱོང་དང་བཅས་ཏེ་ནམ་གསལ་དང་སྟབས་ཅིག །བླ་མ་རིན་པོ་ཆེའི་ག་ལ་བར་ཕྱིན་ཚེ་ཁྱིམ་གྱི་དཀྱིལ་ཀ་ལ་རྒྱབ་གཏད་དེ་ལྟ་སྟངས་དང་བཅས་ཏེ་བཞུགས་པར་ཕྱག་འཚལ་དྲུང་དུ་བསྡད་པ་ན་ཞལ་འཛུམ་པ་དང་བཅས་ཏེ་ཁྱོད་རང་གི་སྒོམ་དགའ་མོ་དེ་འདུག་གམ་གསུངས་པར་གར་སོང་ཆ་མེད་དུ་ཡལ་ཚུལ་གྱི་རྒྱུ་མཚན་དྲང་པོར་ཞུས་པས། འོ་གོ་བཅད་སོང་ཁྱོད་ཉམས་དེ་ལ་དགའ་ཚོར་བྱས་ནས་ཞེན་ཅིང་ཆགས་ན་སྲིད་རྩེར་སྐྱེ་བའི་རྒྱུ་རུ་འདུག་པ་ལ། དེ་བཤིག་པའི་ཐབས་ཁོ་བོས་གནང་བ་ཡིན་པས་འགྱོད་པ་མ་སྐྱེད་ཅིག །ཁྱོད་རང་བྲོས་མ་ཤོར་དེས་གོ་བཅད། འཇིགས་སྐྲག་རང་སར་ཡལ་དུས་དངོས་མཚན་ཅང་འདུག་གམ་ལ་སོགས་པའི་ངོ་སྤྲོད་ཞིབ་ཏུ་གནང་། དེ་འཕྲལ་གྲོགས་པོ་བླ་མ་དང་། ཡང་གཅིག །ང་རང་དང་གསུམ་ཆར་ཀོང་པོར་ཕྱིན་ནས་མར་ལམ་ཆབ་དཀར་ངོས་ཀྱི་གནས་རྟེན་རྣམས་ཞིབ་ཏུ་མཇལ། དེ་ཡང་མར་ལ་རིམ་བཞིན་གླིང་མདའ་བྱེ་མའི་མཆོད་རྟེན། བུ་ཆུ་གཏེར་གྱི་ལྷ་ཁང་། ཀོང་པོའི་བོན་རིར་གྲགས་ཀྱང་དོན་ལ་བདེ་མཆོག་འཁོར་ལོ་སྡོམ་པའི་གནས་ཡིན་པར་གྲགས་པ། ཆུ་ཇོ་བོ། རྡོ་ཇོ་བོ། ཐེམ་གུ་རུའི་སྒྲུབ་ཕུག །མཚལ་བར་གུ་རུའི་དགེ་འདུན་སྒང་། ལྷ་ཐོག༴ ནེའུ་སེང་༴ གནས་དྭགས་མོ་ལུང་། རྒྱ་ལའི་རྣ་དོང་རྣམ་དྲུག །མཁའ་འགྲོའི་ཚོགས་འཁོར་སྐོར་ས། བོད་ཀྱི་གཏེར་གནས་ཀུན་གྱི་ལྡེ་མིག་སྦེད་ས། སེང་གཏམ་གངས་ཀརྨ་པ་དུས་མཁྱེན། པཀ་ཤི། རང་བྱུང་རྡོ་རྗེ། རོལ་རྡོར་སོགས་ཀྱི་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བསམ་ལས་འདས་པ། མཁས་གྲུབ་སྣ་ཚོགས་རང་གྲོལ་གྱི་ཚེ་དང་བསྒྲུབ་པ་མཐར་ཕྱིན་པར་མཛད་པའི་ཕུག་པ་རྒོད་ཚང་བྲག་ཏུ་གྲགས་པ་རྣམས་སུ་མཇལ་ཕྱག་བགྱིས་ནས་ཡར་ལོག་སྟེ་རྒྱ་ལ་གྲུ་བརྒྱབ། ཆབ་ནག་ངོས་སུ་ཕྱིན་ནས་ཡར་ལམ་རིམ་བཞིན་ཨ་མ་ཀོང་བཙུན་དེ་མོའི་ལྷ་ཁང་། བར་དོའི་འཕྲང་རྣམ་གསུམ། ཆབ་ནག་རི་བོ་དགའ་ལྡན། གུ་རུའི་སྒྲུབ་ཕུག །གཏེར་ཆེན་སངས་རྒྱས་གླིང་པའི་གདན་ས་སོགས་མཇལ་ནས་བགྲོད་ལམ་དུ་དཀའ་ལས་ཀྱིས་ཐང་ཆད་ཅིང་ངལ་དུབ་མང་དུ་མྱོང་མཐར་དྭགས་ལྷ་དཔལ་གྱི་སྒམ་པོར་སླེབས་སོ། དེར་བླ་མར་གནང་བ་ཞུས་ནས་ངེད་ཅག་ཁ་ཤས་སྒྲུབ་ཕུག་དེར་ཞུགས་པ་ལ་ངའི་ཁུ་བོ་དགེ་རྒན་ཞིག་ཡོད་པ་ཁང་ཆུང་གཅིག །གྲོགས་གཅིག་དུས་མཁྱེན་ཕུག །ང་རང་འོད་གསལ་ཕུག །གཞན་རྣམས་བཀྲ་ཤིས་ཁང་། དེ་རྣམས་སུ་བསྡད་ནས་ཁྲིད་ཀྱི་སྦྱངས་པ་རྣམས་གང་ནུས་ཀྱི་འབད་ཁུལ་བྱས། དེ་དུས་ཇའི་བཏུང་བ་རི་བོང་གི་རྭའི་རྗེས་སུ་སོང་བས་ངེད་ཅག་བདུན་པོ་ལ་ཕོར་བ་བཅུ་རེ་ཙམ་ལས་མ་ཐོབ་མོད་ཀྱང་། ཁུ་བོ་དགེ་རྒན་གྱི་ཙམ་ཁུ་འཐུང་ནས་ཁམས་ཉོག་ནས་ཤི་ལ་ཐུག་པ་ལྟར་འདུག་པས་ང་རང་གི་ཐོབ་སྐལ་ཁོང་ལ་གཏད། ང་རང་རྩམ་པའི་བཏུང་བ་ཁོ་ན་ལ་བརྟེན་ཀྱང་ལོ་གཞོན་སྟབས་ཀྱིས་སྐྱོན་ཆེར་མ་བྱུང་། དེའི་སྐབས་ཤིག་ཏུ། དྭགས་པོ་དང་དགེ་ལུགས་གཉིས་ཀའི་ཆོས་ལ་བསླབས་པ་གྲུབ་མཐའི་ཕྱོགས་འཛིན་ཆེ་བའི་བླ་མ་ཞིག་བྱུང་བ། དེ་ཉིད་གཤེགས་ཚེ་གདུག་འདྲེ་མ་རུང་བ་ཞིག་ཏུ་སྐྱེས་ནས་དཀོར་བདག་གི་ཚུལ་དུ་ཡོད་པ། དེ་ག་རྨི་ལམ་དུ་སྟོན་པའི་སྐུ་སྨུག་ནག་ཞིག་ཏུ་སྤྲུལ་ནས་འདུག་པའི་གམ་དུ་ང་ཡང་སླེབས་པས། ཁོས་སྐུ་དེ་སྤྲིན་གྱི་ཀློང་དུ་སླེབས་ལ། ཁད་ཀྱི་ཆེན་པོར་གྱུར་ནས་ལག་པས་ཉི་མ་བླངས་ནས་རུམ་དུ་བཅུག་ཚུལ་དང་། ང་ལ་འཇིགས་རྔམ་ཆེན་པོ་བྱེད་འདུག་པར་ང་རང་གུར་དྲག་གི་བསྐྱེད་རིམ་གཅིག་ཡོང་དུ་རེ་ནས་རྟོག་པ་སྤྲོས་ཀྱང་བསྐྱེད་རིམ་འཇིགས་སྐྲག་གིས་ཕྲོགས་ནས་མ་བྱུང་། ད་ནི་གསོད་ངེས་སུ་འདུག་པས། ང་རང་མིན་པ་ཁོས་སུ་ཡང་གནོད་མི་ནུས་པའི་སྨོན་ལམ་ཞིག་འདེབས་དགོས་སྙམ་ནས་དེ་ལྟར་བྱེད་གྲབས་བྱས་པ་དང་མཉམ་དུ་ཁོ་སྐུ་ཆུང་ངུ་ཞིག་ཏུ་གྱུར་ནས་སྐྱེངས་ཚུལ་དུ་གྱུར་པ་ཞིག་རྨིས་ཡང་སྐབས་ཤིག་ཏུ་ང་རང་དུས་མཁྱེན་ཕུག་པར་གནས་འབྲེལ་བྱས་ནས་བསྡད་པས། ཉེ་འཁོར་དེར་སྒམ་པོའི་ཆུ་མིག་ནག་པོར་ཀླུ་བཙན་མ་རུངས་པ་ཞིག་གནས་པ་ཡིན་ཞེས་གླེང་བ་དེ་ཡོད་པས༑ ཉིང་འཁྲུལ་དུ། ཕག་ཆུང་ངུ་མང་པོ་ཞིག་ང་ལ་རྒོལ་དུ་འོང་བ་ལ། ངས་རྒོལ་ལན་ཨེ་ཐུབ་ནན་དུ་བལྟས་ཀྱང་གཅིག་ཐུབ་དུས་གཅིག་མ་ཐུབ་པར་ཡུན་རིང་ཞིག་སོང་ནས་ཕན་ཚུན་གཉིས་ཀ་ཅི་བྱ་གཏོལ་མེད་ལ་ཐུག་ཙ་ན། ཁོང་ཚོའི་ནང་ནས་མི་སྐད་སྨྲ་བ་ཆ་ལུགས་སོགས་མི་དང་ཚུལ་མཐུན་ཞིག་འདུག་པ། དེ་ན་རེ་ཁྱོད་ལ་ཉམས་ད་པ་མ་གཏོགས་སྙིང་ནས་གནོད་པ་མ་ཡིན། ད་མ་འོངས་པའི་དུས་སྐབས་ཞིག་ཏུ་ཁྱོད་ཀྱིས་ལྷ་ཁང་ཞིག་བཞེངས་དགོས་འདུག་པས། དེ་དུས་ངེད་ཅག་གིས་གྲོགས་བགྱིད་དོ་ཞེས་ཟེར་ནས་ན་བུན་ཡལ་བ་ལྟར་གྱུར་པ་དང་གཉིད་སད་དོ། དེ་ལྟར་གྱིས་སྒམ་པོར་ལོ་ངོ་གསུམ་ཙམ་ལས་སྡོད་མ་ཚུགས་པར་རང་ཡུལ་དུ་ཡིད་ཕྱོགས་པ་ལགས་སོ། ༧ དེ་ཡང་ཟླ་བོ་བླ་གྲྭ་དྲུག་པོའི་ནང་ན་བགྲང་བྱ་མཐོ་བ་ཁ་ཤས་ཡོད་པ་ས་ཆུ་མ་འཕྲོད་པ་དང་། བཟའ་བཏུང་ཞན་པས་ཤི་ལ་ཐུག་པ་བྱུང་བའི་སྐྱོན་གྱིས་སྡོད་མ་ཚུགས་པ་ལས། ལོ་ཁ་ཤས་སྡོད་གྲབས་ཡིན་ཡང་ཐབས་མ་བྱུང་། དེ་དུས་གྲོགས་གཅིག་དང་ང་རང་གཉིས་གནས་དགོན་གཞན་ཞིག་ཏུ་བྲོས་ན་རོགས་ཚོ་ཕ་ཡུལ་དུ་ལོག་ཨེ་འགྲོ་སྙམ་ནས་དེ་ལྟར་ཐག་བཅད་ཀྱང་། ཁུ་བོ་དགེ་རྒན་རྐང་པ་དྲེག་གྲུམ་ལྟ་བུའི་ནད་ཤིན་ཏུ་ལྕི་བས་འདོར་མ་ནུས་ནས་མཉམ་དུ་ཐེག་སྟེ་དབུས་རི་བར་སྐོར་གྱིས། ཡར་ལུང་གནས་གསུམ་རྟེན་གསུམ། བསམ་ཡས་ལྷ་ས་བཅས་ལ་མཇལ་ཕྱག་སྐོར་བ་བཅས། ད་ལྟའི་གནས་སྐོར་བ་ཚོས་ལུགས་འདི་ལས་འཕགས་མ་ནུས་པའི་ངང་ནས་ཕ་ཡུལ་ལྷ་མིན་གྱི་གྲོང་ཁྱེར་དུ་བསྙེགས་སོ། འདིར་སྨྲས་པ། སྔོན་སྨོན་མཐུ་ཡིས་དལ་རྟེན་གྲུ་བོ་ཆེ། རྙེད་བཞིན་སྡུག་བསྔལ་མཚོར་སྒྲོལ་མཉན་པ་མཆོག །བླ་མའི་དྲུང་དུ་སླེབས་ཀྱང་ཕྱིར་ལྡོག་པ། འདི་འདྲ་བྱིས་པའི་ནང་ནས་ཐ་ཤལ་ལོ། ༧ དེ་ནས་ངེད་ཅག་རྣམས་བྱང་ལམ་བརྒྱུད་ནས་ལྟོ་སློང་ཁོ་ན་ལ་བརྟེན་ཏེ་འཚོ་བ་བྱ་འཚོ་བཞིན་ལས་རྒྱགས་ཆས་ཀ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པས་དཱ་རི་དྲའི་མངོན་རྟོགས་ངོམ་བཞིན་འོངས་པ་ལ། ཁུ་བོ་དགེ་རྒན་ནད་བབས་ཤིན་ཏུ་ལྕི་བའི་དོན་གྱིས་ལྷ་ས་ནས་བཟུང་འབྲི་ཆུར་མ་ཐུག་བར་ཆུ་ཆེ་ཆུང་གང་ལ་ཡང་ལྷམ་ཕུད་མ་བཅུག་པར་རང་གི་རྒྱབ་ཏུ་ཁུར་བ་དང་། ལྟོ་སློང་བཏུང་བ་ལས་གཞན་མ་རྙེད་དུས་ཀྱང་ཁོ་རང་ལ་སྟེར་རྒྱུའི་ཐབས་ལ་བརྩོན་ཞིང་། སྟན་སྟོབས་པ་མལ་བཅའ་བ་སོགས་ད་ལྟའི་དུས་ཀྱི་མི་རྣ་གཞུང་སྲབ་པ་ཚོས་ཕ་མ་ལ་ཡང་དེ་འདྲ་མི་བྱེད་སྙམ་པ་ལྟ་བུའི་རོགས་རམ་བྱས་ཀྱང་། ལན་གཅིག་ཙམ་ཡང་དྲིན་ཡུས་བགྲང་བ་སོགས་མི་དགའ་བའི་རྣམ་འགྱུར་གྱིས་སུན་དབྱུང་མ་མྱོང་བ་ནི་དཀོན་མཆོག་རིན་པོ་ཆེ་དཔང་བཞག་ཆོག་པས། དེ་འདྲ་ལ་བསམ་ན་ད་ལྟའི་མི་རྣམ་རིག་བཀྲ་བ་ཕལ་ཆེར་ལས་རྣམ་ཐར་བཟང་ཤོས་སུ་འདུག་གོ །དེ་ནས་དགེ་རྒན་ཡང་བདེར་སོང་འཕྲལ། ཐག་ལུང་དགོན་པའི་གྲྭ་པ་ཚོས་བཙས་མ་བརྒྱབ་ཀྱིན་འདུག་པར་རོགས་བྱས་པས་རྩམ་པ་མང་དུ་རྙེད་པ་དང་། ཇ་མར་ཡང་བག་ཙམ་ལོན་པ་དགེ་རྒན་གལ་ཆེན་བྱས་བསྐུར་ཏེ་གྲོགས་པོ་རྣམས་དང་མཉམ་དུ་ཕ་ཡུལ་དུ་ཕྱིན། གྲོགས་གཅིག་དང་ང་རང་གཉིས་སྡེ་དགེའི་མངའ་ཞབས་ཀྱི་དགོན་པ་དང་། བླ་མ་སོགས་མཇལ་འདོད་པ་གྲོགས་རྣམས་ཀྱིས་བཤོལ་མ་བཏབ་ཀྱང་ཁ་ལ་མ་ཉན་ནས་ཕྱིར་འཐེན་ནས་རྗེས་སུ་འོང་བས། ཁོང་ཚོ་ཡང་ངེད་ཅག་གཉིས་ཀའི་སྔོན་དུ་ཕྱིན་པའི་ལ་དུ་ཟླ་ཆུ་ཁར་སླེབས། དེར་ལྟོ་སློང་བྱས་པའི་རྣམ་ཐར་ཞིབ་ཏུ་བརྗོད་རྒྱུ་དགོས་པ་ཆུང་བས་རགས་རིམ་ཙམ་དུ་བསྡུ་བ་ལས་ཡི་གེའི་འཇིགས་ནས་སྤྲོས་པ་བསྐྱུངས་སོ། ༈ གྲངས་མེད་བསྐལ་པར་ཚོགས་བསགས་སྒྲིབ་སྦྱངས་མཐུས། བདེ་གཤེགས་མྱ་ངན་མེད་དུ་བྱང་ཆུབ་མཁར། སྤྲུལ་པ་ཉིན་མཚན་མགོན་པོའི་སྒྱུ་འཕྲུལ་གར། འགྲོ་ལ་མངོན་སུམ་སྣང་དེར་བསམ་གྱིན་དད། གང་ལ་བརྟེན་ན་སྐྱེས་བུ་གསུམ་རིམ་བཞིན། འབྲས་བཟང་དུས་ལས་ཡོལ་མིན་འགྲོ་ཀུན་གཉེན། ལམ་བཟ༵ང་ཐེག་རྩེར་དཀྲི་མཁས་རྣ༵མ་འདྲེན་མཆོག །པདྨའི་རྒྱ༵ལ་ཚབ་གཏན་གྱི་སྐྱབས་སུ་བརྟེན། དེ་ཡང་རྒྱལ་བསྟན་རིན་པོ་ཆེ་མཛེས་པར་བྱེད་པ་ལ་དཔལ་ཆོས་ཀྱི་གྲགས་པའི་བརྟུལ་ཞུགས་འཛིན་པ་༧ཟེ་ཆེན་པ་ཀུ༵ན་བཟ༵ང་རྣ༵མ་པར་རྒྱལ༵་བའི་སྡེ་ཞེས་མཚན་སྙན་གྱི་བ་དན་དཀར་པོས་སྲིད་པ་གསུམ་གྱི་གནས་ཡོངས་སུ་ཁྱབ་པར་མཛད་པའི་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཞལ་སྐྱིན་མཆོག་གམ་རྡོ་རྗེ་སློབ་དཔོན་གང་གི་ཞབས་པད་དྲི་མ་དང་བྲལ་བ་བདེ་ཆེན་འཁོར་ལོའི་རྒྱན་དུ་ཐོབ་པ་འདི་ཁོ་ནས་དལ་འབྱོར་གྱི་ལུས་རྟེན་ཐོབ་པ་དོན་ལྡན་དུ་གྱུར་ཏོ། འདིའི་དུས་སུ་དགེ་མང་རྡོར་ཁོ་ཟེར་བ་ལྔ་ལམ་དུ་སོང་བའི་༧ སྐྱབས་གནས་སུ་དམ་པ་རིན་པོ་ཆེ་གདན་འདྲེན་ཞུས་པ་བཞུགས་པའི་དྲུང་དུ། མཇལ་དགོས་ཚུལ་སྦྱིན་བདག་ལ་བཤད་པས། ངེད་ཅག་གཉིས་གནས་སྐོར་དང་། ཁྲིད་ཀྱི་སྦྱངས་པ་བགྲོད་ལམ་དུ་བཟའ་བཏུང་ཞན་པ་སོགས་ཀྱི་སྐུ་མདོག་ནི་རིམས་ཀྱིས་རབ་ཏུ་གདུངས་པའི་ནད་པ་ཟུངས་ཟད་ལྟ་བུ་དང་། ཕྱག་མཚན་ཡང་དཎྜི་ཟུང་ལ་བརྟེན་པའི་མངོན་རྟོགས་ལ་དཔྱད་དེ། ༧ སྐྱབས་མགོན་དམ་པར་མཇལ་ཕྱག་ལ་འགྲོར་མ་བཅུག་ནས་ཁོང་གི་སྦྲ་ཡན་ལ་བུད་མི་ཉན་ཟེར་ནས་འགྲོ་མི་འཇུག་པར་ང་རང་ཚིག་པ་ཟ་ནས་གྲོགས་དང་ཁུར་པོ་བཞག་ནས་སྒར་པ་སྦྲའི་གོང་ན་འདུག་པར་འཚངས་ཏེ་ཕྱིན་པས་མི་ཁྱི་གཉིས་ཀས་རུབ་བརྒྱབ་ཀྱང་མ་ཁེགས་ནས། ༧ དམ་པ་རིན་པོ་ཆེའི་དྲུང་དུ་ཕྱིན་ཚེ་མ་འདྲིས་པའི་མཛའ་བཤེས་ཆེན་པོ་གང་གི་ཞལ་སྔ་ནས་ཀྱིས་བཀའ་འདྲི་ཞིབ་ཏུ་གནང་བར་སྔོན་གྱི་ལོ་རྒྱུས་དྲང་པོར་ཞུས་པས་ཐུགས་ཤིན་ཏུ་མཉེས་པའི་མཆོག་ཏུ་གྱུར་པ་ལྟར་གྱིས་ཤ་མར་སོགས་བཟའ་བཏུང་མང་དུ་གནང་ཞིང་དགུན་དེར། ༧ ཞབས་དྲུང་དུ་བཅར་རྒྱུའི་ཡར་ཞུ་སོགས་བྱས་ནས་ལམ་ཡིག་བཀའ་ཤོག་དང་བཅས་ཏེ་ཟླ་རྒྱུད་ནས་སོང་བའི། མ་ཆུའི་རྡོ་ར་ཟེར་བར་འབའ་རེ་རུ་གསར་འདུག་པར་རྒྱུ་མཚན་ལབ་ནས་ཕན་འདོགས་སུ་རེ་བ་ལ། ངེད་ཅག་ཕ་ཡུལ་བས་གནོད་པ་ཆེན་པོ་བསྐྱལ་བ་ཡིན་ཞེས་ཁ་མཆུ་བརྒྱབ་ནས་ཅི་ཡོད་འཕྲོག་པར་བརྩམས་ཚེ། ང་རང་ད་ལྟའི་འདི་འདྲ་མིན་པས་མི་ཤི་བདག་ཤི་མི་བྱེད་རེ་བྱས་ནས་མདུང་རེ་ཡོད་པ་ལག་པར་བཟུང་ནས་འཐབ་མོ་བྱེད་གྲབས་བྱས་པས་བསམ་ཡོད་ཀུན་གྱིས་བར་བྱས་ནས་བདེ་འཇགས་སུ་སོང་། དེ་ནས་འབོད་མཁན་མེད་པའི་ཚོགས་གྲལ་གང་དུ་ཡང་ངོ་ཚ་ནས་མ་སོང་། དེ་མིན་ཇོ་དར་དང་། བསྲུང་འཁོར། ཡི་གེ་འབྲི་མཁན་སོགས་ལ་འབོད་མི་མང་པོ་བྱུང་བས་སོང་། གྲོགས་པོ་ནི་དུད་ཚང་ཞིག་ཏུ་གསེར་འོད་བཏོན་ནས་བསྡད། ང་རང་གོང་ལྟར་ཕལ་ཆེར་གྱི་ར་ཕྱིན་པས་ཀུན་གྱིས་བརྩེ་ཞིང་བྱམས་པར་བྱུང་། ཚུལ་དེའི་རྒྱུན་མཐུད་ནས་དེར་བསྡད་ན་ཆས་ཀ་བཟང་པོ་རྙེད་པར་འདུག་ཀྱང་། ད་ལྟ་འདྲ་བའི་ཟ་འདོད་རྙེད་འཚོལ་སོགས་ལ་འགྲོ་འདོད་ཡོད་པ་ཞིག་མིན་སྟབས་ཀྱིས། ༧ སྐྱབས་མགོན་ཟེ་ཆེན་པའི་མདུན་བསྙེགས་ནས་དེར་སླེབས་མ་ཐག་ནས་ལུགས་གཉིས་ཀྱི། ༧ བཀའ་དྲིན་བསམ་ལས་འདས་པས་བསྐྱངས་པ་ལགས་སོ། དེ་ཡང་དགུན་དེར་ཇ་མར་ནས་སོགས་ཕོགས་གང་དགོས་གནང་ནས། མཁའ་འགྲོ་སྙིང་ཐིག་སྨིན་གླིང་ཁྲིད་ཡིག་ལྟར་ཐུན་མོང་ཐུན་མིན་གཉིས་ཀ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་གུར་དྲག་མེ་འཁྱིལ༴ མ་ཏི་རཏྣས་གཏེར་བྱོན་སེང་གདོང་མ་ཆོག་བསྒྲིགས་དང་། ཞིབ་དྲག་པོ་ཕྱི་ནང་གསང་གསུམ་བཅས་ཀྱི་བསྙེན་ཡིག་བསྲུང་བཟློག་གི་ཙཀྲ་ལས་བྱང་རྒྱུན་ཁྱེར། ཁྱུང་གི་གདོན་ཁྲོལ་བཅས་ཀྱི་ལུང་དང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་རྒྱས་པ་འཕྲད་ཚད་རང་གྲོལ། འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་གཏོར་དབང་རེག་པ་དོན་ལྡན། མཐའ་བརྟེན་སྣ་བདུན་རྟགས་བརྒྱད་བཅས་དང་། ཁྱད་པར་མཆོག་དབང་གོང་མ་གསུམ། བཏགས་གྲོལ་གྱི་དབང་སོགས་ལྷག་ལུས་མེད་པར། ༧ ལྔ་བ་རིན་པོ་ཆེའི་གསན་ཡིག་དཔང་པོའི་ཚུལ་གྱིས་ནོད། སེང་གདོང་དམར་མོའི་དབང་ཡང་གཏེར་ཁ་དེར་གང་ཡོད་ཐམས་ཅད་དང་། ཁྱུང་དབང་གདོན་ཁྲོལ་ཅན་བཅས་ཚང་མ་ཐོབ། དགེ་བསྙེན་གྱི་སྡོམ་པ་གནང་ནས་མིང་ཀུན་བཟང་གཞན་ཕན་དུ་བཏགས་པ་དོན་དང་མཐུན་ནོ་སྙམ། དེ་ནས་ཕྱིར་ལོའི་དབྱར་ཐོག་ལ་ཐེག་ནས་རྫོགས་ཆེན་དགོན་དུ། ༧ རྗེ་དབོན་རིན་པོ་ཆེ་པདྨ་ཀུན་གྲོལ་རྣམ་རྒྱལ་དང་མཇལ་བ་ཡིན། ༧ རྨད་བྱུང་བཟང་པོའི་བསྐལ་པའི་རྒྱལ་ཀུན་གྱི། རིགས་བདག་ལག་ན་རྡོ་རྗེ་ནུས་ལྡན་པ། འགྲོ་ངོར་ཀུ༵ན་གྲོ༵ལ་རྣ༵མ་པར་རྒྱ༵ལ་བའི་སྐུར། གསལ་མཛད་བླ་མ་དེ་ལ་སྙིང་ནས་འདུད། དེ་ཡང་བསྐལ་བཟང་འདྲེན་པ་སྟོང་གི་རིགས་ཀྱི་བདག་པོ། སངས་རྒྱས་ཀུན་གྱི་སྔོན་ནས་སངས་རྒྱས་སུ་ཟིན་ཀྱང་། འཁོར་བ་མ་སྟོངས་ཀྱི་བར་དུ་བསྟན་འགྲོའི་བར་ཆད་བསལ་བའི་དམ་བཅའི་རི་མོ་འདོད་ལྷ་དཔུང་དང་བཅས་པས་བསུབ་ཏུ་མི་ནུས་པའི་འཕགས་མཆོག་དེ་ཉིད་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་སྐུར་བཞེངས་ཤིང་། ལྷ་འདྲེ་མི་གསུམ་བྲན་དུ་བཀོལ་ནུས་པའི་མཐུ་ནུས་མངའ་བ་དེ་ཉིད་དང་མཇལ་མ་ཐག་ཏུ་ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་གྱི་དབང་བསྐུར་གྲབས་གནང་བ་དང་རྟེན་འབྲེལ་འཛོམས་པ་ལྟར་ནོད་ཅིང་མཇལ་ཕྱག་སྨོན་ལམ་དང་བཅས་པའི་བཀའ་དྲིན་ནོད་པ་འདི་ནི་སྐལ་པ་བཟང་པོར་སོང་བའི་དགེ་མཚན་མཆོག་ཏུ་དགེ་བའོ། ༧ དེ་ནས་ཉི་གྲགས་གཉེར་པ་དེ་གར་སླེབས་འདུག་པ་ཕྱིར་ལོག་པ་དང་བསྡོངས་ནས་ཕྱིན་པས་འཛིངས་སྟག་མོ་དགོན་དུ་སླེབས་སོ། ༧ ནམ་མཁའི་གར་ཁྱབ་ཆོས་སྐུ་ལོངས་སྐུས་ཁྱབ། །འགྲོ་བས་གར་ཁྱབ་སྤྲུལ་སྐུའི་ཕྲིན་ལས་ཀྱིས། །ཁྱབ་ཕྱིར་འཕགས་མཆོག་སེམས་ཉིད་ངལ་གསོ་གང་། །འགྲོ་ངོར་སྣང་མཛད་སུཪྱ་ཀིརྟི་རྒྱལ།། ས་ལམ་མཐོན་པོ་བརྙེས་པའི་གྲུབ་དབང་རྣམས། །ཞི་བ་ཕྱོགས་གཅིག་མ་ཡིན་སྤྲུལ་པའི་གར། བསམ་ཡས་བསྒྱུར་ཕྱིར་ཐེ༷ག་མཆོ༷ག་སྟོན་པ་གང་། བསྟ༷ན་པ༷འི་རྒྱལ་མཚ༷ན་སྐུར་བཞེངས་དེ་ལ་དད། དེ་ཡང་གོང་དུ་གེར་ཐོག་ནོར་བུ་དགྲ་འདུལ་མ་བུ་ཟུང་སངས་རྒྱས་སྟོང་དབང་ཞུ་ཕྱིར་འོངས་པར་དེ་ལྟར་གྱི་དབང་གི་སྟ་གོན་ནས་བཟུང་མཐའ་རྒྱས་སུ་ནོད་པ་ནི་བླ་མ་དང་ཆོས་ཀྱི་གྲོགས་པོའི་བཀའ་དྲིན་དུ་རིགས་སོ། ཡང་ཞིག་རོང་ལམ་བརྒྱུད་དེ་ལམ་བར་དུ་དགྲ་རྐུན་སོགས་ཀྱི་འཇིགས་པས་སྐྲག་བཞིན་ཉེ་ཞོ་མེད་པར་ཀཿ ཐོག་རྡོ་རྗེ་གདན་དུ་སླེབས་སོ། ༧ རྒྱ་ཆེན་ཐུགས་རྗེའི་གཏེར་མཛོད་མ་ཎི་ཀཿ བསྟན་འགྲོའི་རྒྱལ་མཚན་རྩེ་མོ་མཛེས་པའི་རྒྱན། ཀཿཐོག་པ་ཞེས་སྙན་གྲགས་མཐའ་ཡས་པའི། རྟེན་དང་བརྟེན་པར་བཅས་ལ་གུས་པས་འདུད། འདིའི་དུས་སུ་༧དྲི་མེད་ཞིང་སྐྱོང་མགོན་པོ་སྐུ་མཚམས་ཤིན་ཏུ་དམ་པ་ཐོས་པས་མཇལ་ཕྱག་ལ་མ་ཕྱིན། གཞན་དེ་གར་ཕྱིན་ན་མགོ་ལོག་པ་ཚོས་དཔལ་ཡུལ་དུ་མི་མངག་སྙམ་པའི་རྨོངས་ཞེན་ཡིད་ལ་བཅངས་ཏེ་སུ་ལ་ཡང་མ་འཕྲད་ནས་སྦེད་སྟབས་ཀྱིས་དཔལ་ཡུལ་བསྙེགས་སོ། ༢ འགྲོ་བའི་དབང་སྐལ་བསམ་པའི་རྗེས་འགྲོ་བའི། ཆོས་དང་གང་ཟག་བྱེ་བྲག་བསམ་ལས་འདས། དེ་ཕྱིར་གང་འདུལ་ཐབས་མཁས་སྒྱུ་འཕྲུལ་གར། ཀུན༷་བཟ༷ང་ཤེ༷ས་ར༷བ་ཞེས་གྲགས་སྤྱི་བོས་མཆོད། དེ་ཡང་འདའ་ཀོ་རི་ཁྲོད་དུ་དགའ་སྤྲོ་དང་བཅས་སླེབས་ཀྱང་སྐབས་དེར་དགོན་བདག་ཀརྨ་བཀྲ་ཤིས་བྲོ་འཚལ་བའི་འགྲུལ་འཛེམས་ཀྱིས་སྡོམ་ར་ལ་ཐོགས་ཏེ་ཞག་ཁ་ཤས་ཞིག་དགོན་ནང་དུ་འོང་མ་བཅུག་པར་སེམས་སྡུག་ཚད་མེད་པ་བྱས༑ རྗེས་སུ་ཕྱི་བན་རྣམས་ལ་རིམ་གྱིས་འཕྲད་པའི་ཐབས་བྱས་ནས་དགོན་པའི་གྲྭ་པའི་གྲལ་དུ་ཕྱིན་པའོ། དེ་ནས་བཟུང་སྟེ་དབང་ཁྲིད་ལུང་གསུམ་ཨེ་ཐོབ་ཀྱི་རེ་བ་ཐོག་ཏུ་མ་ཁེལ་ནས་ལོ་ཤས་སོང་། འོན་ཀྱང་སྔར་མུན་ཁང་གི་སྦྱངས་པ་ཁྲལ་འབུལ་ལྟ་བུ་ཞིག་ཚར་ཀྱང་ཡིད་མ་ཚིམ་ནས་ཡང་བསྐྱར་གྱིས་བདུན་གསུམ་བསྡད། རྒྱལ་ཀུན་མཁྱེན་བརྩེ་ནུས་གསུམ་ཚད་བཟུང་བྲལ། དེ་བཞིན་ཕྲིན་ལས་འཇུག་པའང་དེ་རྗེས་འབྲངས། དེ་ཕྱིར་གང་ལ་གང་འཚམས་གདུལ་བྱའི་གཉེན། དྲིན་ལྡན་ཨོ་རྒྱན་བཀྲ་ཤིས་ཞབས་ལ་འདུད། སྐབས་དེར་དམ་པ་རིན་པོ་ཆེ་གང་གི་ཞལ་སྔ་ནས་གནམ་ཆོས་བདེ་ཆེན་ཞིང་ཆོག་གི་དབང་ལུང་ཡོངས་རྫོགས་ཐོབ་འཕྲལ་བླ་མ་རིན་པོ་ཆེ་དེ་ཉིད་ཚེ་སྒྲུབ་ཀྱི་དབུ་ལ་བཞུགས་ནས་བསྙེན་བསྒྲུབ་ལས་གསུམ་སྦྱིན་བསྲེག་ཁ་སྐོང་བཅས་གྲུབ་པར་བྱས། སླར་ཀརྨ་བཀྲ་ཤིས་སྐུ་མདུན་ནས་ཕུར་པ་ཡང་གསང་བླ་མེད་ཀྱི་དབང་ལུང་ཕྲན་བུ་ཙམ་ཐོབ། སྐབས་དེར་ཀཿཐོག་ཏུ་རིལ་བུ་བུམ་དབང་ཞུ་ཕྱིར་ཐེག་པ་ལ། ད་ལྟའི་དགེ་རྩེ་སྤྲུལ་སྐུ་རིན་པོ་ཆེ་ཁྲིར་ཕེབས་པ་དང་དུས་འཛོམས་བྱུང་། རིལ་སྒྲུབ་ཀྱི་དབང་ཐོབ། ཀཿཐོག་པ་ཆེན་པོ་ཡོལ་བའི་ཕག་ནས་ཕྱག་མཇལ་ཙམ་བྱུང་ནས་ཡང་ཕྱིར་འདའ་ཀོ་དགོན་དུ་ལོག །དེ་དུས་གེ་གསེར་གྱི་སྡེ་དཔོན་ཁ་ཤས་ཆོས་བརྒྱབ་ལ་སླེབས་བྱུང་བས་ངག་ནས་ངའི་ཕ་མ་གཉིས་ཀ་ཤི་བའི་རྒྱུ་མཚན་ཞིབ་ཏུ་ཐོས་པས་སྲིད་པ་མགོ་འཇུག་ལྡོག་པ་ལྟ་བུའི་སྡུག་བསྔལ་དོས་དྲག་ལ་བཟོད་མི་ནུས་པ་བྱུང་ཡང་བྱ་ཐབས་བྲལ་བའི་ངང་དུ་འཕྱན་དེར་བློ་ངོར་འདི་བཞིན་ཤར། ལུས་ཕུང་པོ་བསྐྱེད་པའི་ཕ་མ་ནི་མེད་པས་བློ་ཆོས་ལ་སྒྱུར་བྱེད་བླ་མ་རྣམས་ཀྱི་བཀའ་བཞིན་ད་ནི་ངེས་མེད་ཀྱི་གནས་སུ་བདག་མེད་ཀྱི་རི་དྭགས་འཁྱམས་པ་ལྟར་བྱ་དགོས་སོ་སྙམ་པ་སྙིང་ནས་ཤར་ཡང་དེ་སྐབས་ས་སྨད་ཀྱི་འགྲུལ་བགྲོད་མང་དུ་འོངས་བར། ངའི་ཁུ་བོ་བླ་མས་རས་ཆ་བཅུ་ཙམ་བསྐུར་འདུག་པ་དེ་དང་། ང་རང་ལ་གཟན་ཤམ་བྱེད་རྒྱུའི་ཐེར་མ་སྤུས་གཙང་ཁ་ཤས་ཡོད་པ་བཙོང་བའི་རིན་གྱི་དངོས་པོ་ཅུང་ཟད་རེ། དཔལ་ཡུལ་ཀཿཐོག་དཔལ་སྤུངས། ཞེ་རྫོགས་རྣམས་ཀྱི་བླ་མ་རྣམས་ལ་བསྔོ་ཞུས་རེ་ཕུལ་བས་ལྷག་མེད་དུ་གྱུར། ཡང་ཟླ་ཆུ་ཁར་རྙེད་ཚོལ་ལ་ཕྱིན་པས་སྔར་ལས་ཅུང་དྲག་ཙམ་བྱུང་། སླར་དཔལ་ཡུལ་དུ་ཕྱིར་ལོག་དུས་ཀ་སྒོམ་ཆོས་ཉིད་ཀྱང་ཀཿ ཐོག་ཏུ་འགྲོ་བའི་གྲོགས་བྱས། ལམ་ན་ཨར་སྤྲང་གྱིས་བཅམས་པར་རང་སར་བཟློག་སྟེ་སྤ་བཀོངས་རང་གནས་སུ་བཞག །འདའ་ཀོའི་རང་གནས་སུ་སླེབས་ཕ་ཡུལ་གྱི་ཁུ་བོས་ལན་གཅིག་ཕ་ཡུལ་དུ་མི་འོངས་ཐབས་མེད་ཀྱི་མནའ་དགེ་སྐུགས་བྱས་ནས་ཡི་གེ་བསྐུར་བ་འཕྲོད་བྱུང་བར་དེ་བཞིན་བྱེད་པའི་རྟོག་པ་སྐྱེས་ནས་ཕ་ཡུལ་དུ་ཆས་པས་ཀཿཐོག་ཏུ་སླེབས་སོ། ༢ དྲི༵་མེ༵ད་མཁྱེན་བརྩེ་ནུས་པའི་འོད་སྟོང་གཟིས། སྐུ་གསུམ་ཞི༵ང་གི་གདུལ་བྱའི་ཆུ་སྐྱེས་ཚལ། ཡོངས་བཞད་ཕན་བདེའི་བཅུད་ཀྱིས་སྐྱོ༵ང་མཛད་གཉེན། མགོ༵ན་པོ༵་རྡོ་རྗེ་འཆང་ཁྱེད་གཏན་གྱི་སྐྱབས། དེ་ཡང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་གཅིག་གི་རོལ་པར་རྟོགས་བཞིན་འགྲོ་ཀུན་ཟབ་ལམ་རྡོ་རྗེའི་སྙིང་པོར་དཀྲི་བའི་ཐབས་མཆོག་བླ་ན་མེད་པའི་མངའ་བདག་གསང་བ་སྔགས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་གང་གི་ཞལ་སྔ་ནས་༢གཏེར་ཆེན་བདུད་འདུལ། རྡོ་རྗེའི་ཕུར་པའི་དབང་ལུང་སྨོན་ལམ་གཏད་རྒྱ་བཅས་ཀྱིས་སྐལ་བ་བཟང་པོའི་གོ་འཕང་ལ་བཞག་པ་ལགས་སོ། དེ་ནས་སྟོང་སྐོར་དབོན་པོ། སྙི་བ་རབ་གསལ་བཅས་ངེད་ཅག་མཉམ་པོར་ཕྱིན་པའི་ལམ་བར་ཉེ་ཞོ་མེད་པར་རང་གི་ཡུལ་དུ་སླེབས་པར་གྱུར། དེའི་དུས་ཁུ་བོས་ཁྱེད་རང་རྗེས་སུ་བོད་ཁམས་ཀུན་ཏུ་གྲགས་པ་ཞིག་ཡོང་བ་ལས་ད་ལྟའི་སྐྱིད་སྡུག་འདི་ལ་ཕན་པ་མི་དགའ་རེ་ཟེར་ནས་དགའ་ཚོར་ཆེན་པོ་བྱས་འདུག །ང་རང་གི་ཕ་ཡུལ་ནི་༢རྗེ་བཙུན་མི་ལའི་ཕ་ཡུལ་བཞིན། ཕུ་ནུ་ཉེ་བ་ཀུན་གྱི་མིག་སྔར་འདྲེ་གདོན་མཐོང་བ་བཞིན་དུ་སྣང་ངོ་། འོན་ཀྱང་ཁུ་བོ་བླ་མས་བྱམས་བརྩེའི་སེམས་གསོ་ཙམ་ལ་བརྟེན་པ་ལས། གཞན་ནི་ཉེ་རིང་སུས་ཀྱང་ཕན་ཐོགས་སྤུ་ཙམ་ཡང་མི་འདུག་པས་སྐྱོ་བ་རབ་ཏུ་འཕེལ་ནས་ཡུལ་གཞན་ཞིག་བགྲོད་པར་འདོད་ཀྱང་ནུ་བོ་གཞོན་པ་ཁ་ལ་མ་ཉན་པས་ཡུལ་ངན་དེར་སྡོད་དགོས་བྱུང་བའི་སྐྱོན་མང་པོ་བྱུང་། ང་རང་ཕ་ཡུལ་དུ་ལོ་ཉེར་ལྔའི་མཇུག་ཐོག་ཏུ་སླེབས་ནས་སུམ་ཅུ་སོ་གསུམ་བར་དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ཁོ་ན་ལ་སོང་། འོན་ཀྱང་དེར་སྡོད་རིང་ལ་སྔར་གྱི་གྲོགས་པོ་དང་ངེད་རང་གཉིས་ཀྱིས་བཻ་རོ་ཙ་ནས་ཞབས་ཀྱིས་བཅགས་པའི་སྐུ་བསོ་ཐོག་རྒྱལ་བའི་དབེན་གནས་ལ་རི་སྐོར་བརྒྱ་རྩ་དང་བརྐྱང་ཕྱག །སྙི་ཁོག་དར་རྒྱས་གླིང་ཞེས་སྟོང་སྐོར་མདོ་རྒྱུད་རྒྱ་མཚོའི་གདན་ས་དེར་ཕྱག་སྐོར་ཡིད་ཚིམ་པ་ཞིག་འགྲུབ། བསོ་ཐོག་གནས་སུ་རང་བྱོན་གསར་པ་ཁ་ཤས་ཀྱང་མཇལ། ཡང་ཕ་ཡུལ་དུ་ཕྱིར་སོང་ནས་ལོ་གཅིག་གཉིས་སོང་རྗེས་སུ། ཙ་རིར་རོང་སྐོར་ཡོད་དུས་ཤིག་ལ་དེར་འགྲོ་གྲབས་ཀྱི་ལྷམ་ཁ་ཤས་བསྒྲུབ་པ་ཁུ་བོ་བླ་མས་གོ་ནས་ཁོ་རང་མ་ཤི་བར་གར་ཡང་འགྲོ་མི་ཉན་པའི་མནའ་བསྒགས་ཀྱང་ཁོང་ཡུན་མི་རིང་བར་གཤེགས། དེར་ཁོང་གི་དགོངས་རྫོགས་ཐོག་མཐའ་བར་གསུམ་ང་རང་གིས་ལག་བསྟར་གྱིས་ཚབ་འགྲོ་བྱས་ཁུལ་དང་། གཞན་ཁུ་བོ་ཁྱིམ་པ་ཞིག་སྐྲན་ནད་ཀྱིས་ཟིན་པ་དེ་ཡང་ན་ཚེ་ཤི་སྐབས་ཐམས་ཅད་དུ་རིམ་གྲོ་དགེ་རྩ་ཐམས་ཅད་ང་རང་གིས་ཁུར་བླངས། ཁུ་བོ་སེར་སྐྱ་གཉིས་ཀའི་ཕྱིའི་རྟ་ནོར་ལུག་གསུམ། ནང་གི་རྒྱུ་ཟས་ཆས་ཀ་བྱིན་རྟེན་སོགས་ཚགས་བྱས་འདུག་པ་ལ་ཡིད་རབ་ཏུ་སྐྱོ་ནས་ཆོས་བྲོས་ལ་ཕྱོགས་པའི་སློབ་དཔོན་དུ་གྱུར། དེར་མི་རྟག་པ་མངོན་གྱུར་དུ་མཐོང་ཞིང་ཉམས་སུ་མྱོང་བའི་རྐྱེན་གྱིས་སྐད་ཅིག་ཙམ་གྱིས་འཁོར་བ་སྤངས་པ་ལ་ཤིན་ཏུ་རིངས་པའི་སྐབས་ཤིག །རྟ་བཟང་པོ་གཅིག་ཡོད་པ་ཞོན་ནས་བུ་ལོན་སྙེགས་ཕྱིན་པས་ལམ་བར་ག་ཤེད་གློ་བུར་དུ་འཁོར་བར་སྐྱོ་ཤས་ཐར་པར་ངེས་འབྱུང་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེ་བ་དང་མཉམ་དུ་སྣང་བའི་ཡུལ་ཐམས་ཅད་བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་པའི་སྐུའི་བཀོད་པ་ཁོ་ན་ལས་མ་འདས་པའི་བསམ་སྣང་བརྟག་ཅིང་དཔྱད་པའི་བློ་ཡང་མི་འདུག་ཅིང་རང་གཞན་མཉམ་པ་ཉིད་ལས་ཕན་ཚུན་ཙམ་གྱི་འཛིན་པ་ཡང་ནུབ་པར་གྱུར། དེའི་ཚེ་གང་གི་ཞལ་ནས་རིགས་ཀྱི་བུ་ཁྱོད་འདི་རུ་མ་སྡོད་པར་གང་དམིགས་པའི་སར་སོང་དང་དོན་ཀུན་འགྲུབ་པར་ཡོང་ངོ་གསུངས་པའི་མོད་ལ་གཉིད་སད་པ་ལྟ་བུ་ཞིག་ལས་ཅི་ཡང་མི་འདུག །དེ་ལྟར་ཤར་བའི་ཡུན་རིང་ཐུང་ནི་ཇ་ཕོར་བ་གཉིས་ཙམ་བཏུང་བའི་ཚོད་ཙམ་དུ་སྣང་ངོ་། དུས་དེ་ནས་བཟུང་སྟེ་ད་ལྟའི་བར་སྤྱིར་འཁོར་བའི་གནས་མཆོག་དམན་ཀུན་དང་། ཁྱད་པར་མིའི་གནས་ན་མཆོག་དང་རབ་དང་ཕུལ་དུ་གྱུར་པ་དག་ལ་ཡང་སྐྱུག་ནད་ཅན་གྱི་མདུན་དུ་བཟའ་བཏུང་བཞག་པ་ལྟ་བུ་ལས་ཡིད་སྨོན་ཙམ་ཡང་མེད་ཅིང་། བཙན་ཕྱུག་འཕན་དར་ཁེངས་དྲེགས་ཐོབ་པ་ཅི་ལྟ་བུ་ཞིག་མཐོང་ཡང་དེ་མ་ཐག་ཏུ་བློ་བཅོས་ནས་མི་རྟག་པ་བསྒོམ་པ་མ་ཡིན་མོད་ཀྱང་། སྡུག་བསྔལ་བདེན་པས་བསྐྱེད་པའི་འཁོར་བའི་སྡུག་བསྔལ་ཁོ་ནས་རྒྱུ་འབྲས་ལས་མ་འདས་སོ་སྙམ་ནས་ཡིད་སྐྱོ་ལྷང་གིས་འགྲོ་བ་འདི་ནི་ཕྱི་རུ་མི་མངོན་ཀྱང་ནང་གི་རྣམ་ཐར་དྲག་ཤོས་སུ་དཔང་པོར་བཞག་པ་ལགས་སོ། དེའི་སྐབས་ཤིག་ཏུ་བརྒྱ་རོང་རིན་པོ་ཆེ་གསེར་ཁོག་ཏུ་ཕེབས་དུས་དང་། ༢ རྫོགས་ཆེན་སྤྲུལ་སྐུ་རིན་པོ་ཆེ་སྡ་ཐལ་མར་ཕེབས་དུས་གཉིས་ཀར་གྲྭ་རྒྱུན་རྫོགས་ཆེན་དུ་འོང་ཚུལ་ཞུས་པ་དང་། གོང་དུ་བཤད་པའི་བློ་འགྱུར་བ་མེད་པ་གཉིས་ཀས་རྐྱེན་བྱས་པ་ལ་བརྟེན་ཏེ༢ རྫོགས་ཆེན་ལ་ཆས་པས་ཉིན་གཅིག་གི་ལམ་བགྲོད་སྐབས་སུ། རྡོ་སྟོད་དཔོན་ཚང་གིས་བང་ཆེན་མངགས་ནས་དཔལ་སྤུངས་དང་། དཔལ་ཡུལ་གང་རུང་ཞིག་ལས་རྫོགས་ཆེན་དུ་འགྲོ་མི་ཆོག་པའི་སྐད་ཆ་མང་དུ་ལབ་བྱུང་ཡང་། ང་རང་ལྟ་སྒོམ་གྱི་འབྲས་བུ་མ་ཡིན་ཀྱང་། བཙན་དྲེགས་ཁེངས་གསུམ་གྱི་བསམ་སྦྱོར་ཅི་ལྟ་བུ་ཞིག་མཐོང་ངམ་ཐོས་པ་ཙམ་ནས་ལེགས་ཉེས་གང་བྱུང་ཀྱང་སྣང་བ་གདོང་འདེད་ཀྱི་བསམ་ཐོག་དེར་མ་ཁེལ་བར་ཕྱིར་མི་ལྡོག་པ་ནི་ང་རང་གི་རང་བཞིན་ལྟ་བུ་ཡིན་པས། རྒོལ་ལན་སྙིང་ཚིམས་པ་ཞིག་བཏང་ནས་བཤུལ་ལམ་དུ་ཞུགས་པས་ཉེ་ཞོ་མེད་པར་རྒྱ་རོང་དགོན་དུ་སླེབས། ༢ །ཚུར་མཐོང་བྱིས་པའི་མིག་སྔར་མིའི་མངོན་རྟོགས། །དོན་ལ་བདེ་ཆེན་ཞིང་གི་སྟོན་པ་དངོས། །རང་ངོར་རྒྱལ་བ་ལས་ཀྱང་བཀའ་དྲིན་ཆེ། །ནམ་མཁའ་ཚེ་དབང་མཆོག་གྲུབ་གཏན་གྱི་སྐྱབས། །ཐོས་པས་རིགས་གནས་ཀུན་ལ་ལེགས་སྦྱངས་ཤིང་། །བསམ་པས་མདོ་རྒྱུད་དྲང་ངེས་དགོངས་དོན་རྟོགས། བསྒོམས་པས་ཀུན་ཏུ་བཟང་པོའི་ཡེ་ཤེས་ཞལ། མངོན་སུམ་མཐོང་བ་འདི་མིན་ཡབ་རྗེ་ཙམ། དེར་སྙི་བླ་མའི་དབོན་པོ་ཨོ་རྒྱན་ནོར་བུས་ངེད་ཅག་གི་སྣེ་ཤན་བྱས་ནས་རྒྱ་རོང་། ༢ སྤྲུལ་པའི་སྐུ་རིན་པོ་ཆེ་མཇལ་རྒྱུ་མཚན་རྣམས་ཞིབ་ཏུ་ཞུས་པས། ལར་དགོན་གོང་འོག་གཉིས་ཁྱད་མེད་མོད་ཀྱང་། རེ་ཞིག་དགོན་ཆེན་དུ་ཕྱིན་ན་དགའ་ཚུལ་སོགས་ལུགས་གཉིས་ཀྱི་ཞལ་ཏ་ཞིབ་དུ་གནང་ནས་མངགས་པ་ལྟར་གདན་པ་ཆེན་མོར་སླེབས་སོ། ༢ མཚན་ཙམ་ཐོས་པས་ངན་འགྲོའི་རྒྱུན་གཅོད་ན། ཇི་བཞིན་དད་མོས་སྟོབས་ལྡན་སློབ་བུ་ལ། དངོས་སམ་བརྒྱུད་ནས་བྱིན་རླབས་ཅིས་མི་འཕོ། དེ་ཕྱིར་གང་ལ་བསྙེན་འདི་སྔོན་ལས་མཐུ། མཁྲིས་སྐྱོན་ཅན་གྱིས་དུང་ལ་སེར་པོ་དང་། མིག་སྐྱོན་ཅན་གྱིས་ནམ་མཁར་སྐྲ་ཤད་མཐོང་༑ དེར་སླེབས་སྡིག་གྲོགས་སྤངས་པའི་རྒྱལ་བ་དངོས། མཇལ་འདི་རང་དྲིན་རང་ལ་མི་ཆེའམ། དེར་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེར་མཇལ་ནས་རྒྱུ་མཚན་ཞུས་པས་གང་ཅིའི་བྱ་བར་༢བཀའ་གནང་བཟང་པོས་དབུགས་དབྱུང་ཐོབ། ༢ ཀུན་རྫོབ་འཁྲུལ་པར་སྣང་བ་ར་རིའི་སྤྲིན། མཁའ་དབྱིངས་ཀློང་དུ་ཐིམ་དང་ཆབས་གཅིག་པར། ཁྲེགས་ཆོད་ཐོད་རྒལ་ཉིན་མཚན་མགོན་པོའི་ཞལ། མངོན་སུམ་མཐོང་འདི་དཔོན་སློབ་ནམ་མཁའི་མཚན། དེ་ལྟ་བུའི་དཔོན་སློབ་རིན་པོ་ཆེ་ནམ་མཁའ་འོད་གསལ་ཞེས་རྫོགས་ཆེན་མན་ངག་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་མཐར་ཕྱིན་ནས་འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་ལ་རེག་པ་མཆོག་གི་རྡོ་རྗེ་སློབ་དཔོན་གང་གི་ཟློས་གར་སྤྲུལ་པའི་སྐུ་པདྨ་གསང་སྔགས་བསྟན་འཛིན་གྱི་ཞལ་སྔ་ནས་ཀྱིས། ༢ དཔོན་སློབ་གོང་མའི་ལུགས་ཀྱི་མཁའ་འགྲོ་སྙིང་ཐིག་གི་ཁྲིད་གཞུང་ལྟར་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོ། ཐུན་མོང་མ་ཡིན་པ་འཁོར་འདས་རུ་ཤན་དབྱེ་བ་ནས་བཟུང་སྟེ་དངོས་གཞིའི་བར་ཆོས་ཉན་པའི་སྐྱོན་རྣམས་སྤངས་ཁུལ་གྱིས། ད་ལྟའི་ཆོས་ཁྲིད་ཞུ་མཁན་ཚོས་ཁྲལ་མཐོང་ལས་དགའ་ཙམ་བྱས། དེ་སྐབས་སུ་སྐྱབས་འགྲོ་འབུམ། ཕྱག་འབུམ། ཡིག་བརྒྱ་འབུམ་བཅས་སྙིང་པོར་བྱས། ལོ་དེའི་བུམ་སྒྲུབ་རྗེས་སུ་ངེད་ཅག་གྲྭ་པ་ལྔ་ལྷ་ལྡན་ཕྱོགས་སུ་ཆས་པ་ལ་དགུན་ཚེ་ཁྲིད་ཀྱི་སྦྱངས་པས་སྡིག་སྒྲིབ་ལྷོངས་པ་ལྟ་བུའི་རྐང་པ་དྲེག་ནད་གྱིས་ཤིན་ཏུ་གདུངས་པ་རོག་ཏོམ་ཆུ་ཚན་ལ་སྦངས་ཀྱང་ཅུང་ཟད་ཙམ་ལས་དགའ་རུ་འགྲོ་མ་ཐུབ་ཀྱང་། སྙིང་རུས་བསྐྱེད་ནས་ང་རང་མིན་པའི་གྲོགས་པོ་བཞི་པོ་ས་ཁུར་པོ་དང་། གྲོ་ཁལ་གཡག་རེ་ཡོད་པ་རུ་ཅུང་ཟད་རེ་བཀལ་ནས་ཕྱིན་པས་རོ་སྟོད་ཤིན་ཏུ་ན་ནས་འགྲོ་མ་ཐུབ་པ་དགེ་རྩེ་སེང་ཤུལ་གྱི་ལྷ་རྗེ་གཅིག་ལ་ནད་ཀྱི་རྒྱུ་མཚན་དང་ཕན་འདོགས་ཀྱི་སྨན་དཔྱད་ཞུས་པས། ཁོང་ན་རེ། ཁྱོད་ཀྱི་ནད་འདི་དྲེག་སྟོད་དུ་འཕྱུར་བ་རེད་པས་གནས་སྐོར་ལ་འགྲོ་རྒྱུ་སྨོས་ཅི་དགོས། རྒྱབ་བརྟེན་ཡང་མི་ཉན་འདུག་པས་ཅིས་ཀྱང་སྨན་དཔྱད་རིམ་གྲོ་གཉིས་ཀ་མ་བྱས་ན་མི་འཚོ་ངོ་མ་རེད་གསུངས་བྱུང་བར་མནོ་བསམ་བཏང་བར་གྲོགས་རྣམས་ཀྱིས་སྨན་པའི་གང་གསུང་བསྒྲུབ་ན་ཁྱེད་རང་བདེར་སོང་ན་འགྲོ་ཆོག་ཟེར་ཡང་། དེ་འདྲའི་རིགས་ཀྱིས་ཆོས་བཤོལ་བ་ལས་ཤི་ན་དགའ་སྙམ་པའི་རྟོག་པ་ཤར་ནས་སྨན་ཡང་མ་བླང་། བཀའ་བསྒོ་ཙམ་ཡང་མ་ཞུས་པར་སོང་སོང་བས་དོ་ཤི་དོ་ཆད་ཀྱི་ངང་ནས་ཁམས་རི་བོ་ཆེར་སླེབས། དེར་མཇལ་ཕྱག་བསྐོར་ནན་ཏན་བྱས་པས་ཅུང་ཞིག་བདེ་རུ་སོང་། དེ་ནས་ཕག་གྲུ་རྡོ་རྗེ་འཆང་རྒྱལ་པོའི་དངོས་སློབ། སློབ་མ་གདུགས་ཐོག་ལྔ་བརྒྱ། ཁད་དུ་ཉེ་བ་བརྒྱ། བུ་ཆེན་ལྔ་རྣམས་མདོ་པའི་ནང་ནས་ཡ་གྱལ་དུ་གྱུར་པ་འགྲོ་མགོན་ཡེ་ཤེས་བརྩེགས་ཀྱི་གདན་ས་ལྷོ་ཡེ་ཕུག་ཏུ་གྲགས་པར་མཇལ་ནས་ཕྱག་སྐོར་བྱས་ནས། བྱང་རྟ་རྣ་མཇལ་དུ་ཕྱིན། དེར་ཡང་གོང་ལྟར་བྱས། ཁྱུང་པོ་རི་རྩེ་དྲུག་བསྐོར་ཞིང་། དེ་ནས་རོང་ལམ་བརྒྱུད་དེ་ཐང་ནག་གྲུ་བརྒྱབ་ནས་ཁམས་སྤང་ལེབ་དགོན་དུ་ཕྱིན། དེ་ནས་ལམ་རྒྱུས་སོགས་ཞིབ་ཏུ་དྲིས་ནས་སྤོ་ཁྱུང་ཐོག་ལ་ཞེས་པ་གནམ་གྱི་ཀ་བ་ལྟ་བུ་དེ་བརྒྱབ་པས་ཡར་རྒྱབ་ཀྱི་ཐུར་དུ་བབས་པའི་རི་སྨད་དེར་བྲག་ཕུག་ཞིག་འདུག་པ་དེར་ཞག་གཉིས་ཙམ་ལ་ངལ་གསོས་ཞག་འཕྲོར་ཐུར་ལ་བབས་ནས་ཕྱིན་པར་ཡུལ་མི་ཁ་ཤས་དང་འཕྲད་པར་སྐད་ཆ་དྲིས་པས། འདིའི་ཐག་ཉེ་ས་ན་སྤོ་ཆུ་མདོའི་ཟམ་པ་དང་ཤོ་གམ་ཡོད་ཚུལ་སོགས་དྲང་པོར་ལབ་བྱུང་བས་དོགས་ནས་ལམ་དུ་མ་ཕྱིན་ཞིང་། སྤོ་བོའི་གཡས་ཕྱོགས་ཀྱི་ཆུ་དེ་ཆོད་ནས་ཕ་རོལ་ཏུ་ཨེ་ཐར་གྱི་རེ་བས་ཆུ་ཁར་ཕྱིན་པས། ད་ལྟའི་ཟླ་ཆུ་ཆེ་སྐབས་འདི་ཙམ་འདུག་ཀྱང་། ངེད་ཅག་ལག་སྦྲེལ་ནས་ཆུ་ལ་བརྒྱབ་པས་འདོམ་དོ་ཙམ་གྱི་སར་སླེབས་ཚེ་རྐེད་པ་ནས་ནུབ་ཅིང་རྦ་ཤིན་ཏུ་རྒོད་པས་ཁ་ཕྱིར་ལོག་མ་བཅུག་པར། རབ་ཏུ་སྐྲག་ཅིང་སྔངས་ར་བཞིན་གཅིག་གིས་གཅིག་དྲུད་ནས་ཚུར་ཁར་སླེབས་ཐུབ་ཙམ་བྱུང་བས་དགའ་ཡང་ཆས་ཀ་གང་ཡོད་འཕྲོག་ཏུ་སེམས་ན་ཡོད་པ་ལ་ངེད་ཅག་ཚོ་བགྲོས་ནས། གྲོགས་གཉིས་ཤོ་གམ་པར་ལྟོ་སློང་ལ་མངགས་ནས་ངེད་ཀྱི་ཤ་ཉེ་གཅིག་ཡོད་པ་ཆུ་སྐྱོན་གྱིས་ཤི་ལ་ཐུག་པར་འོ་ཞོ་འདྲ་སྟེར་རྒྱུ་ཨེ་ཡོད་དྲིས་ལ་ཤོག་བྱས་ཉམས་སད་པ་ལ་སོང་བས། ཁོང་ཚང་གི་འོ་མ་ཉུང་ངུ་ཞིག་གནང་འདུག །ཁང་པ་ཕར་ཚུར་གཉིས་ཀར་རྒྱ་སྒོ་ཆེན་པོ་ཟ་ཚེ་བརྒྱབ་རྒྱ་ཅན་ཞིག་འདུག་པས་ཟམ་དཀྱིལ་ཙམ་ན་མགྲོན་ཁང་ཡོད་པ་ཞིག་རེད་ཟེར་བས། ཐབས་བྱས་ནས་ཆས་ཀ་ཐམས་ཅད་སྒྲོ་བ་ཆེན་པོ་གཉིས་ཀྱི་ནང་དུ་བཅུག་ནས་ནགས་ཞིག་ཏུ་ས་འོག་ཏུ་སྦས། ངེད་ཚོའི་གཡོག་པོ་ཞིག་ཡོད་པ་ན་རྫུ་བྱས་ནས་གཡས་གཡོན་གྱིས་བསྐྱོར་ནས་མགྲོན་ཁང་དུ་ཕྱིན་པ་བཤལ་ནད་ཡིན་ཚུལ་གྱིས་སྒོ་ཕར་ཚུར་ནས་ལན་མང་དུ་ཕྱི་རྒྱབ་ཏུ་འགྲོར་བཅུག་པས་ས་རུབ་ཐག་ཆད་པ་དང་དུས་མཉམ་དུ། ཡང་སྒོར་ཕུད་ནས་གྲོགས་གཉིས་ཀྱིས་སྒྲོ་བ་ཟུང་བླངས་པ་ཅུང་ཞིག་སོང་ཙམ་ན་སྒོ་ཤར་མར་ཕུད་པ་དང་མཉམ་དུ་སྒྲོ་བ་གཉིས་ལམ་ཁའི་ཞིང་ནང་སྦས་ནས་བཞག་པས་ཤོ་གམ་པས་མ་མཐོང་ངོ་། དེ་ནས་ཕྱིར་ནང་སྔ་མོ་ནས་ཁུར་པོའི་ནང་གི་ཀོ་གྱོང་དང་ལྷམ་ཀྲད་སོགས་ནོར་མི་ཉན་པ་རྣམས་ཁོ་ལ་བསྟན་པས་རས་སྔོན་ཡུག་གཅིག་ཡོད་པའི་ཕྱེད་བླངས། ཇ་ཉུང་ངུ་ཞིག་དང་། རྩམ་པ་ཁ་ཤས་ཡོད་པ་ནས་བག་རེ་བླངས་ཏེ་གཞན་མིའི་གྲངས་དང་ཁུར་པོའི་གྲངས་ཀྱི་ཤིང་རིས་བརྒྱབ་པ་ཁུར་པོར་བཅུག །ཁ་མདུད་ནས་ཐེལ་གྱིས་མནན་ཏེ། རོང་ཆུ་མདོའི་དཔོན་པོའི་རྩ་ལ་བཏང་ངོ་། དེ་ནས་ལམ་དྲང་པོར་ཞུགས་ཏེ་ཕྱིན་པས་ཡེ་དབོན་པོ་ཚེ་དབང་གྲགས་ལྡན་ཟེར་བ་རྟེན་ཁྱིམ་པ་ཡིན་ཀྱང་ཚེས་བཅུ་སོགས་ལ་བརྩོན་པའི་སྔགས་པ་ཞིག་གི་སར་ཕྱིན་པས་སྔོན་ནས་མཛའ་བ་ཇི་བཞིན་བཟའ་བཏུང་གིས་ཚིམ་པར་བྱས་མཐར་སྔོན་གྱི་རྒྱུ་མཚན་ཞིབ་ཏུ་ལབ་པས། ཁུར་པོ་ཐེལ་ཞབས་སུ་མ་སོང་བས་གོ་བཅད། ད་ཁྱེད་རང་ཚོའི་ཁ་ཤས་རོང་ཆུ་མདོ་ཐག་ཉེ་བ་ཁུར་པོ་ཐེལ་བརྒྱབ་པ་རྣམས་ཁུར་ལ་དེར་སྟོན། ཐེལ་མེད་ཚོ་ཁྱོད་རང་སྡོད་ལ་སང་མཚན་མོ་ལ་ངེད་ཀྱིས་སྐྱེལ་རོགས་བྱེད་ནས་འགོལ་པ་ཞིག་བར་བསྡོངས་ནས་སོང་ན་དེས་ཆོག་ཀྱང་། དེ་མན་ཆད་ཀྱི་འཕྲང་རྣམས་ན་ཤོ་གམ་པ་ཡོད་པས་ཐར་པ་དཀའ་མོ་ཡིན་ཟེར། ཁོང་ཇི་ལྟར་བཤད་པ་ལྟར་བྱས་པས་སྐྱོན་གང་ཡང་མ་བྱུང་། ཁྲེས་པོ་ཐིལ་ཡོད་ཚོ་བཀྲོལ་བའི་ནང་ན་རས་སྔོན་ཡུག་ཕྱེད་ཡོད་པ་དེ་དང་། ཇ་བྱེ་ཡོད་པ་ཚོའི་མང་བ་བླངས་ནས་འཕྲོ་ཉུང་ཟད་རེ་སྤྲད་འདུག །དེ་ནས་ངེད་ཅག་རྣམས་སྤོ་ཆུ་ཐུར་དེད་དུ་ཉི་མ་ཁ་ཤས་ཕྱིན་པས་འཕྲང་ཆེན་པོ་ཞིག་གི་དཀྱིལ་ན་རྫོང་། རྒྱ་སྒོ་གདན་པ་ཞིག་འདུག་པ་ཡར་བལྟས་ན་བྲག་རི་གནམ་ལ་གཟིང་པ། མར་བལྟས་ན་རྩ་བ་སྤོ་ཆུ་ལ་ཟུག་པ་ཞིག་འདུག་པས། ཐབས་གཞན་གང་ཡང་མ་བྱུང་བས། གྲོགས་རྣམས་ལ་ཁྱེད་ཚོས་ཁྲེས་པོ་ཁུར་ལ་དལ་བུའི་ཤོག་དང་། ངས་ཁོ་ལ་ཉམས་ཞིག་སད་བྱས་ནས་ཐོགས་མེད་དུ་བརྒྱུགས། སྒོ་དྲག་ཏུ་བརྡུངས་པས། ཤོ་གམ་པ་ཁྲོས་པའི་རྣམ་འགྱུར་གྱིས། ཅི་ཡིན་གང་ཡིན་ཟེར་ནས་རྫིག་རྫིག་བཏང་བྱུང་། ངས་ངེད་ཅག་ཁམས་ཀྱི་རྫོགས་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེ་དབུས་ཕྱོགས་ལ་ཕེབས་སྐབས་ཡིན་པས། ཕྱིར་ལམ་སྤོ་བོར་ཕེབས་རྒྱུའི་ཆེད་དུ་སྤོ་ཀ་ནམ་རྒྱལ་པོའི་མདུན་དུ་བང་ཆེན་ལ་འགྲོ་ཚུལ་ལབ་པས། ཁོས་ཁྱེད་ཅག་ཁྲེས་པོ་ཁྲོལ་དང་ངས་ཚུགས་ཁྲལ་བླངས་ནས་ཁྱེད་རང་ཚོ་རྒྱུགས་ཤིག་དེ་མིན་མི་མངག་ཟེར། ངས་འོ་ན་ངེད་ཀྱི་གྲོགས་རྣམས་འདིར་འདུག །རང་ཅག་གཉིས་སྤོ་བོ་རྒྱལ་པོའི་མདུན་སར་འགྲོ་ཞེས་ལབ་པས་མི་ཉན་འདུག །འོ་ན་ཁྱེད་ཡང་འགྲོ་མི་དགོས། ངའི་ཟླ་བོ་ཚོ་ཁྱེད་རང་ཚོམས་ཤིག །ང་ནི་རྒྱལ་པོའི་མདུན་སར་མི་འགྲོ་རེ་བྱས་ནས་ཕྱིན་པས་ཁོ་རབ་ཏུ་བྲེད་ནས། ཚུར་ཞུ་བ་བྱེད་འདུག་པ་ལྟར་བྱས་ནས་ཕྱིན་པས་དེ་མན་ཆད་དུའང་། དེ་འདྲ་ཁ་ཤས་དང་འཕྲད་ནས་དེ་བཞིན་བྱས་པས་སྐྱོན་ཅི་ཡང་མ་བྱུང་། དེའི་རྗེས་སུ་ཤོ་གམ་དང་བྲལ་བའི་ནགས་ལམ་ཞིག་ཏུ་ཞུགས་ནས་ཕྱིན་པས་འུ་ལག་པ་མི་བཅུ་གཉིས་འོངས་པ་དང་འཕྲད་པས་ཟླ་པོ་ཚོས་ཁྲེས་པོ་འཕྲོག་གྲབས་བྱས་བྱུང་བར་ཁོང་ཚོས་ཀྱང་མདུང་དང་གྲི་གང་ཟིན་གྱིས་འཛིངས་ཀྱང་། སྒྲོ་བ་གཅིག་གི་ནང་ཆས་ཀ་གང་ཡོད་བཙུག་ཡོད་པ་ཕྲོགས་ནས་བྲོས་པ། ང་རང་གིས་དེ་ཡན་ལ་བར་གང་ཐུབ་མ་གཏོགས་འཐབ་མོ་མ་བྱས་ཀྱང་། དེ་འཕྲལ་ཚིག་པ་ཤིན་ཏུ་ཟ་ནས་རྗེས་དེད་པས་དེ་མ་ཐག་སླེབས་པས་སྒྲོ་བར་འཐམས་ཤིང་ཁོས་ཕར་འཐེན་ངས་ཚུར་འཐེན་པས་ང་ལ་ཐོབ་པ་སར་བཞག་ནས། དེའི་སྟེང་དུ་བསྡད་ནས་ད་ཁྱེད་ཚོས་ཡི་གེ་འདི་ལ་ལྟོས་བྱས་ལམ་ཡིག་བསྟན་ཀྱང་ཤེས་མཁན་མི་འདུག །རྒྱབ་ཁུག་ནང་ན་ཚེར་མའི་ཧོམ་ཁུང་ཞིག་བཅངས་ནས་ཡོད་པ་སར་ལྷུང་བ་ཁོང་ཚོས་མཐོང་མ་ཐག་འཇིགས་ཆུམ་མེར་འདུག་པས། ཁོང་རྣམས་ལ་སྔར་ཤོ་གམ་ལ་བཤད་པ་ལྟར་ཀ་ནམ་ཕོ་བྲང་དུ་འགྲོ་དགོས་ཀྱི་རྒྱུ་མཚན་ལབ་པས་ཉེར་འཚེ་མེད་པར་ཀ་ནམ་ཕོ་བྲང་དུ་སླེབས། དེར་སྡེ་པ་ཉི་མ་རྒྱལ་པོ་ཟེར་བ་དང་དངོས་འཕྲད་སྐབས། ལམ་བར་དུ་མགོ་ཐོན་གྱི་བཀའ་ཤོག་བསྐུར། ལམ་ཆས་སོགས་ཕན་གྲོགས་རྒྱ་ཆེན་གནང་ནས་སྤོ་ཆུ་ཐུར་དེད་དུ་ཕྱིན་པ་སྤོ་ཨེ་གང་ཟེར་བར་གཅོད་ཐུན་དང་ཆོས་འབྲེལ་ཞུ་བ་ཁ་ཤས་བྱུང་། དེ་ནས་སྤོ་ཕེ་ཕེ་ཐང་ནས་སྦྲིང་ལ་བུད་ནས། ཡང་སྤོ་ཆུ་ཐུར་དེད་དུ་ཕྱིན་པས་ཀློ་ལམ་ཀར་ནག་ཁྲ་གསུམ་ཟེར་བའི་ཀློའི་གྲོང་ཁྱེར་རེ་གཉིས་འདུག་པས་ལམ་ཁྲལ་སྙོག་ཏུ་འོངས་བར་རྒྱལ་པོའི་བཀའ་ཤོག་བསྟན་པས་རྒོལ་མ་ནུས་ནས་བདེ་བར་རྒྱུ་རུ་བཅུག་ནས་ཀོང་པོ་ཀླུ་ནང་ཟེར་བའི་ལུང་མདོར་སྡེ་པ་འབྲུག་རྣམ་རྒྱལ་དང་འཕྲད་པས་ཕན་གྲོགས་བྱས་ཏེ་དེ་མོ་ལ་བརྒྱབ་ནས་དེ་མོ་རྫོང་དགོན་པ་ཡང་མཇལ། ཡང་སྔར་བཞིན་ཀོང་པོ་བོན་རི་ནས་བཟུང་། རྒྱལ་སེང་གཏམ་ཡན་གྱི་ཉིན་སྲིབ་གཉིས་ཀའི་གནས་རྣམས་ཚང་མར་མཇལ་ཕྱག་བྱས་པ་ནི་ལན་གྲངས་གཉིས་པའོ། དེ་ནས་བསྐུ་ཞབས་དཔའ་བོ་རིན་པོ་ཆེའི་གདན་པ་འཇའ་ཚོན་དགོན་པ་མཇལ་ནས་འབི་འབི་ལ་བརྒྱབ་ནས་ཙ་རིའི་བོད་རྫོང་སུམ་མདོར་ཡར་ཕྱིན་པས་ཅིག་ཅར་གྲུབ་སྡེ་མཇལ། དེ་ནས་སྒྲོལ་མ་ཉེར་གཅིག་གི་ལ་བརྒྱབ་ནས། ཙ་རིའི་མི་ལྤགས་ཐང་དུ་ཕྱིན། དེ་ནས་རིམ་གྱིས་སྟག་མ་ལ། ཤ་སྐམ་ལ། མཁའ་སྤྱོད་ལ་སོགས་བརྒྱབ་ནས། ཕོ་བྲང་གཡུ་མཚོར་སླེབས། དེར་མཆོད་འབུལ་ཕྲན་བུ་རེ་བྱས། སིནྡྷུའི་དངོས་གྲུབ་བག་རེ་ཞུས་ནས། སྟག་ཚང་གཟིག་ཚང་། དོམ་ཚང་སོགས་རིམ་བགྲོད་ཀྱིས་ཡུལ་སྨད་མཁའ་འགྲོ་འབུམ་སྡེ། ཡུལ་སྟོད་མགོན་པོ་རོང་སོགས་བརྒྱུད་དེ་ཞིང་སྐྱོང་རིབ་ལ་ནས་ཆོས་ཟམ་གདོང་དུ་སླེབས། དེ་ནས་ཆོས་ཟམ་གྱེན་དེད་དུ་ཕྱིན་ནས་ཆས་ཀ་བག་ཙམ་ཡོད་པ་རྫ་རྡོའི་ཁྲོད་དུ་སྦས་ནས་བྱ་ཡུལ་དུ་ཕྱིན། དེར་གསང་སྔགས་ཆོས་གླིང་གི་རྟེན་བརྟེན་པ་རྣམས་དང་། ཁྱད་པར་འབྲུག་ཐམས་ཅད་མཁྱེན་པ་རིན་པོ་ཆེ་མཇལ་ཞིང་ཕྱིར་ཕྱོགས་ནས་ཆས་ཀ་རྡོ་ཁྲོད་དུ་སྦས་པ་བླངས་ནས་གོང་མོ་ལ་བརྒྱབ་ནས། དྭགས་པོའི་གྲུབ་ལུང་ཐུར་དེད་ཕྱིན་ནས་དགའ་ལྡན་རབ་བརྟན་མཇལ་ཞིང་དཀར་གྲུ་བརྒྱབ་སྟེ་དྭགས་ལྷ་སྒམ་པོར་སླེབས་སོ། ཡང་མཉམ་མེད་སྒམ་པོ་པ་ཆེན་པོ་མཇལ་ཞིང་བདེ་མཆོག་ལྷ་ལྔའི་དབང་ཆེན་དང་། དྭགས་པོའི་བཀའ་འབུམ། མགོན་པོ་གྲི་གུག་ཅན་གཙོ་འཁོར་གསུམ་གྱི་ལུང་བཀའ་གཏད་བཅས་ནོད། ༧ །རྒྱ་ཆེ་གཏིང་ཟབ་ཡོན་ཏན་རོལ་མཚོའི་དབུས། །ཚུ༷ལ་ཁྲིམ༷ས་གསེར་གྱི་རི་བོའི་དཔ༷ལ་འཛིན་ཞིང་། །རིམ་གཉིས་འོད་སྟོང་འབ༷ར་བས་རབ་འཁྱུད་རྗེ། །མཁས་གྲུབ་བླ་མ་དེ་ལ་སླར་ཡང་འདུད དེ་ལྟ་བུའི་བླ་མའི་ཡང་༧བླ་མ་གྱུར་པ་མཁས་ཤིང་གྲུབ་པའི་མངོན་པར་རྟོགས་པས་ལས་དང་སྐལ་བར་ལྡན་པ་རྣམས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་འདེབས་པ། ཐབས་མཁས་ཤིང་ཐུགས་རྗེ་ཆེ་བའི་རྣལ་འབྱོར་གྱི་དབང་ཕྱུག་མཆོག་གི་ཞབས་དྲུང་དུ་བཅར་ནས། སླར་ཡང་སྒམ་པོ་པ་ཆེན་པོའི་སྤྲུལ་པའི་ཟློས་གར་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་ཁྲིད་གཞུང་བཞིན། སྔོན་འགྲོ་ཆོས་དྲུག་སོགས་ཁྲིད་སྔར་ཞུས་རྣམས་ཀྱི་དོགས་གནས་དྲི་བ་དང་། གེགས་སེལ་བོགས་འདོན། དམར་ཁྲིད་བཅས་ནན་ཏན་དང་། མགོན་པོ་གྲི་གུག་ཅན་གཙོ་འཁོར་གསུམ་གྱི་དབང་། ཏྲག་ཤད་སྲོག་གཏད་རྣམ་ཞུས་ནས་སྨོན་ལམ་གཏད་རྒྱ་དང་བཅས་ཏེ་དབུས་གཙང་གི་གནས་རྟེན་མཇལ་ཕྱིར་ཐེག་པ་ལས། དེ་ཡང་བླ་མར་སེམས་ཤིན་ཏུ་འཕྲེངས་བས་གསོལ་བ་འདེབས་བཞིན་ལམ་དུ་ཞུགས་ནས། དྭགས་སྟོད་ལྕགས་ཟམ་ནས་ཕྱིན་པའི་མན་ཁར་རི་བོ་དགེ་ལྡན་པའི་དགོན་པ་མཆོག་གྱུར་དྭགས་པོ་བཤད་སྒྲུབ་གླིང་ཞེས་གྲགས་པ་དེ་མཇལ་བོད་དྲང་ལ་བརྒྱབ་ནས་ཨེ་ཞེས་པའི་ལུང་པར་སྡེ་པ་ལྷ་རྒྱ་རིའི་རྫོང་ཡོད་པ། དེ་ནས་རྩེ་ཐང་། ཁྲ་འབྲུག །ཚེ་ཆུ་བུམ་པ། ཡར་ལུང་ཤེལ་བྲག །བཙན་ཐང་གཡུའི་ལྷ་ཁང་། རས་ཆུང་ཕུག་དགོན་ཐང་བུམ་པ། ཡང་ལུང་བཀྲ་ཤིས་ཆོས་སྡེ། ཕོ་བྲང་ཡུམ་བུ་བླ་མཁར། སྟག་སྤྱན་བུམ་པ་སོགས་ལ་ཕྱག་སྐོར་བྱས་ནས། རྩེ་ཐང་གི་གྲུ་བརྒྱབ་ནས་གཙང་གཞུང་ཆབ་དཀར་གྱི་ལམ་བརྒྱུད་ནས། ༧ དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར། སྐོར་ཚད་རྒྱས་པ་བརྐྱང་ཕྱག །རི་སྐོར་དང་བཅས། མཆིམས་ཕུ་གཡའ་མ་ལུང་སོགས་མཇལ་གཙང་ཉིན་ནས་ཡར་ཕྱིན་པའི་ལམ་ཁར་ངོ་མཚར་རྡོའི་མཆོད་རྟེན་རྣམ་ལྔ། ཏ་ཧུ་ཀླུའི་རྟ་འགྲམ། ཕར་ཁའི་སྨིན་གླིང་། ཚུར་ངོས་རྡོ་བྲག་སོགས་མཇལ་ནས། ཁྲ་འགུ་ལར་འཛེགས་ནས་གྲིབ་ལུང་ཐུར་དེད་དུ་ཕྱིན། ཡར་ཆབ་གཙང་པོ་བརྒལ་ཏེ་ཆོས་འཁོར་དཔལ་གྱི་ལྷ་སར་སྐོར་ཚད་རྒྱས་པ། བརྐྱང་ཕྱག་མཇལ་ཁ་སོགས་ཞིབ་ཏུ་བྱས་ཤིང་། གཙང་དུ་ཆས་ནས་དཔལ་ཆེན་ཆུ་བོ་རིའི་ལྕགས་ཟམ་ནས་ཕྱིན། དགོན་པ་མཇལ་ཞིང་། གམ་པ་ལ་བརྒྱབ་པའི་ཡར་འབྲོག་མཚོ་ཁ་ནས་གཙང་རོང་ཆེན་བརྒྱུད། བྱམས་ཆེན་གྱི་སྐུ་མཇལ་ཞིང་གཙང་ཆུ་གཡས་སུ་བཞག་ནས་ཕྱིན་པས། ༧ བཀྲ་ཤིས་ལྷུན་པོར་སླེབས། དེའི་རྟེན་དང་བརྟེན་པར་བཅས་པ་རྣམས་ཞིབ་ཏུ་མཇལ་ཏེ། སྟག་ལ་དང་གླིང་ལ་རིམ་བགྲོད་ཀྱིས་ས་སྐྱའི་དགོན་དུ་སླེབས། དེར་ས་སྐྱའི་འདུས་ཆེན་དང་དུས་འགྲིགས་པའི་ལྟད་མོ་ངོ་མཚར་བ་མཐོང་ཁྱད་པར། ༧ ས་སྐྱ་བ་ཆེན་པོ་ཡབ་སྲས་ཞལ་འཛོམ་གྱི་དྲུང་ནས་ཕྱག་རྡོར་འབྱུང་འདུལ་གྱི་དབང་ཐོབ་ཅིང་། ཕྱིར་ལྡོག་སྐབས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གདན་པ་མཁར་ཆེན་བྲག་ཏུ་གྲགས་པའི་རྟེན་དང་བརྟེན་པར་བཅས་པ་མཇལ་ནས། ༧ ངོར་དགོན་དུ་ཕྱིན་ཏེ་མཁན་རིན་པོ་ཆེ་མཇལ། ལྷ་ཁང་རྟེན་གསུམ་རྣམས་ལ་མཇལ་ཕྱག་སྐོར་བ་སོགས་གང་ནུས་བགྱིས་ནས་ལྷ་ལྡན་དུ་ཕྱོགས་པའི་ལམ་ཞོར་ལྟ་བུའི་ཞུ་སྙེ་མོ་ནས་སྟོད་ལུང་མཇལ་དུ་ཕྱིན། ༧ དེར་རྒྱལ་བའི་དབང་པོ་ཀརྨ་པ་ཞ་ནག་བདུད་འདུལ་རྡོ་རྗེ་མཇལ་ཞིང་། སྐྱབས་སུ་མཆོག་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ཞུས། མིང་ཀརྨ་དབང་དྲག་ཏུ་བཏགས། ལྷ་ཁང་རྟེན་གསུམ་ཞིབ་མཇལ་བྱས་ནས་ལྷ་སར་ཕྱིན། ༧ དེར་རྒྱལ་བ་རིན་པོ་ཆེ་མཇལ། རྟེན་གསུམ་རྣམས་ཡང་ཡང་མཇལ་ནས། ཁམས་སུ་ཕྱོགས་སྐབས་ངེད་ཀྱི་གཡོག་ཅིག་སྔོན་དུ་སོང་ནས་དུས་འཛོམ་བྱེད་རྒྱུའི་ཆད་ཡིན་ཀྱང་། ཁོ་བསྒུགས་ཡུན་རིང་ནས་སྔོན་དུ་ཕྱིན་པ་ཉི་མ་ཁ་ཤས་བཙལ་བས་ལམ་ཆག །དེ་ནས་ངེད་ཅག་འབྲི་གུང་དུ་ཕྱིན་ནས་ཡང་རི་སྒར་དང་། མཐིལ་གྱི་རྟེན་དང་བརྟེན་པར་བཅས་ཞིབ་ཏུ་མཇལ་ནས་ཁམས་སུ་ཐེག་པ་ཡིན་ནོ། དེ་ནས་ཁམས་ཕྱོགས་སུ་བཤུལ་ལམ་རིམ་བགྲོད་ལས། རྫ་དཀར་ནག་གི་སྙིང་ཐང་རབ་ཁར་སླེབས་པས་དེར་རྫ་ཆུ་གནམ་དུ་འཕྱོ་འདུག་ཀྱང་། ངེད་ཅག་གིས་གྲུ་གླ་ཆེན་པོ་དགོས་པར་འཛེམས་ནས། དང་པོ་ཐམས་ཅད་ལྷན་དུ་ཆུར་བརྒྱབ་པས་སྔོན་ལས་མཐུ་མ་བཙན་ན་མཉམ་དུ་ཆུས་ཁྱེར་བའི་བྱ་བར་སོང་། འོན་ཀྱང་༧ མཆོག་གསུམ་རིན་པོ་ཆེར་དད་པ་བརྟན་པའི་མངོན་རྟོགས་མངོན་སུམ་བྱུང་བ་ལྟ་བུས་སྐྱོན་དུ་མ་གྱུར། དེ་ལྟར་མངོན་ཡང་ང་རང་ཨུ་ཚུགས་ཆེ་སྟབས་ཀྱིས་རུ་བ་རྣམས་ལ་ཁལ་མར་གླ་སྤྲད་ནས་མི་གཉིས་གླ་སླ་ཕྱིར་གྲུ་བརྒྱབ་བཅུག །ངེད་རང་གསུམ་ཁལ་ཞོན་ནས་ཆུ་བརྒྱབ་པའི་ཆུ་དཀྱིལ་དུ་སླེབས་ནས་གྲོགས་གཅིག་གི་ཁལ་ཕྱིར་ལོག་ཤོར་བའི་རྗེས་སུ་གཞན་གཉིས་ཀྱང་མ་ཐུབ་ནས་ཕྱིར་ཤོར་བས། སྔ་མའི་ཁལ་བཟང་སྟབས་ཀྱིས་སྐྱོན་མ་བྱུང་། ངེད་ཅག་རྗེས་མ་གཉིས་ཁལ་ཞན་ཅིང་ཆུ་རྦ་རྒོད་པས་མགོ་མཇུག་བཟློག་འོན་ཀྱང་ངེད་རང་གཉིས་ཆུ་ལ་གོམས་པས་ང་རང་འཕྲལ་དུ་ཕར་ཁར་ཕྱིན། ཁོ་རང་ཡང་ཐག་རིང་དུ་ཆུས་ཁུར་ཀྱང་སྐྱོན་མ་བྱུང་བར་དབུགས་དབྱུང་ཐོབ་ནས། སླར་གྲུ་གླ་ཅུང་ཞིག་གཏད་པས་ཁོ་རང་ཁ་ལ་ཉན་ནས། ངེད་ཅག་གསུམ་གྲུར་ཞུགས་ཤིང་ཕར་ཁར་ཕྱིན་ནས། སྙིང་གི་མར་མེ་གདོང་ལམ་བརྒྱུད་ནས་རག་ཤུལ་གྱི་སར་སླེབས་ནས་རིམ་བཞིན་བྲ་རོང་གི་སྡེ་པ་མུ་བགྲོད་ཀྱིས་ཕྱིན་པས། རྒྱ་ནག་པདྨོ་ཞེས་པའི་དབྱིག་ལྡན་དེའི་རྩར་སླེབས་ནས་གཡས་སྐོར་ཞིག་བྱས་པ་དང་། བུད་མེད་མང་པོས་ཚོང་པ་སྒར་ཆེན་ཞིག་ཐེག་ཤུལ་གྱི་ལྕི་རློན་ཐམས་ཅད་ཁུར་ནས་འོངས་པ་དང་གདོང་འཛོམ་དུ་འཕྲད་པས་ལྕི་བ་ཁུར་བཞིན་ཕྱག་དབང་བླངས་ནས་སྐོར་བ་ཞིག་བརྒྱབ་རིང་ལ་དགའ་ཞིང་སྐྱིད་པའི་གླུ་ཞིག་མགྲིན་གཅིག་ཏུ་བླངས་པས། སྣང་བ་འགྱུར་བ་ལ་བརྟེན་ནས་རྟེན་འབྲེལ་སྣ་ཚོགས་ཀྱི་མངོན་རྟོགས་གསལ་ཡང་ཕྱི་ནང་སུ་ལ་འང་འཕྲོས་ཙམ་ཡང་མ་ལབ་ཀྱང་དེ་ཐམས་ཅད་ཡུན་ཐུང་ངུ་ནས་ཐོག་ཏུ་ཁེལ་བྱུང་ངོ་། དེ་ནས་བཤུལ་ལམ་རིམ་བགྲོད་ཀྱིས་ཞེའུ་གྲུ་བརྒྱབ་སེར་ཤུལ་ནས་དགེ་རྩེའི་རུ་བ་རིམ་བཞག་གིས་ཨ་རིག་ཟ་ཚང་བར་སོང་། དེར་ངོ་ཤེས་ཁ་ཤས་ཡོད་པར་བཅར་ནས་མར་ཆུར་ཅུང་ཟད་ཅིག་ལོན་བྱུང་བ་ཁུར་ནས། དགུན་ཟླ་དང་པོའི་ནང་རྫོགས་ཆེན་དགོན་དུ་སླེབས། མི་རིང་བ་བཅའ་བ་བསྡོམ་པའི་བུམ་སྒྲུབ་རྗེས་བར་དེར་བསྡད། དེ་ནས་རྒན་ཉམས་ཀྱིས་བརྟག་དཔྱད་བྱས་པས། དགོན་པའི་གྲྭ་པ་ཚོ་ཕལ་ཆེར་ནོར་ཆས་ཀ་འགྲན་པ་ཙམ་ལས་སྙིང་པོ་ཅི་ཡང་མེད་པར་མཐོང་ནས་གངས་ཁྲོད་དུ་འགྲོ་བ་ཟླ་གྲོགས་ཚོར་བགྲོས་པས་རྒན་པ་གཅིག་དེ་ལྟར་བྱས་ན་རི་ཡུལ་མང་པོར་དཀའ་བས་བཤོལ་ན་ལེགས་པའི་རྒྱུ་མཚན་ལབ་བྱུང་བས་གཞན་རྣམས་དེའི་རྗེས་སུ་འབྲངས། ང་རང་གི་དྲན་པ་གཅིག་སྐྱེས་ཀྱི་ཐོག་ཏུ་ཕུང་འཚེངས་གང་བྱུང་ཡང་མི་ལྡོག་པ་ཞིག་ཡིན་པའི་དོན་གྱིས་ཁོང་ཚོའི་ངག་ལ་མ་ཉན་གངས་ཁྲོད་འོག་མར་ཕྱིན་ནོ། དེར་དགོན་དུ་འདུག་རིང་ལ་འདུ་འཛི་གཡེང་བ་ཤིན་ཏུ་ཆེ་བས་བཤོལ་ནས་བྲག་ཕུག་ཏུ་སླེབས་པར་དགའ་བས་ཞག་ཁ་ཤས་ལ་ཤིན་ཏུ་སྐྱིད་པར་བྱུང་། འོན་ཀྱང་རང་གིས་རང་ལ་བསྐུལ་མ་བྱས་ཏེ་སྐད་ཅིག་ཡུད་ཙམ་ཞིག་ལའང་གཡེངས་བ་སྤངས་ཏེ་དྲན་པའི་སོ་མ་ཉམས་པར་བྱས་པས། ཟླ་བ་གཅིག་ཙམ་ནས་ལྷོང་ཆ་བཟོད་དུ་མེད་པ་སྔོན་ནས་དེ་ཡན་གྱི་དགྲ་གྱོད་འཁོན་གསུམ་སོགས་མི་དགའ་བའི་རྣམ་རྟོག་བསམ་གྱིས་མི་ཁྱབ་པར་ཡེངས་པས་བར་དུ་གཅོད་མི་ནུས་པ། དཔེར་ན་ཆུ་བོ་རྦ་རྒོད་དྲག་ཏུ་འབབས་པ་ཇི་བཞིན་བྱུང་ནས་སྨྱོ་བ་ལ་ཉེ་ཞིང་སྲོག་རླུང་གི་ནད་མངོན་གྱུར་དུ་སྣང་ཡང་། རྩུབ་ཉམས་དེ་མུ་མཐུད་ཀྱིས་བྱུང་བས་ཅི་ཞིག་ན་བཟོད་དུ་མེད་པའི་ལྷོང་མངོན་དུ་ཤར་ནས། ཇ་བསྐོལ་བའི་ནང་ནས་གཅན་གཟན་མ་རུངས་པ་མཆེ་བ་ཉེར་བའི་གདོང་སྟོན་པ་དང་། གློ་བུར་དུ་འཐབ་འཛིང་བྱེད་སར་སླེབས་པ་དེ་ཡང་མདའ་མདུང་ཤང་ལང་སོགས་ཀྱིས་བརྡེག་རེས་བྱེད་པ། མངོན་སུམ་དུ་མདུན་དེར་མཚོ་ཞིག་ཡོད་པའི་ནང་ནས་སྲོག་ཆགས་སྔོ་དམར་བ་གླང་ཙམ་ཞིག་ཐོན་ནས་རྩྭ་ཟ་བཞིན་རྒྱུ་བ། དེ་ནས་ཞག་ཁ་ཤས་ཞིག་སོང་སྐབས་ཤིག་གི་མཚན་མོ་གཉིད་ཅུང་ཟད་ཤོར་བར་བྲག་ཕུག་སྒོ་གཉིས་ཡོད་པའི་མདུན་མའི་ཐད་ནས་སྒྲ་དྲག་པོ་མ་རུངས་པ་སྙིང་འགས་པ་ཞིག་སྒྲོགས་པ་དང་མཉམ་དུ་སད་པས། ད་དུང་ཀྱང་དེ་འདྲ་མུ་མཐུད་བྱུང་བའི་མིག་སྔར་འོད་ནག་པོ་གནམ་དཀྱིལ་དུ་ཀ་བ་བཙུགས་པ་ལྟ་བུ་ཞིག་ཀྱང་སྣང་བས་གནམ་ས་ཁ་ཞབས་ལྡོག་པ་ལྟ་བུའི་སྔངས་སྐྲག་འདར་གསུམ་བྱུང་བ་དང་ཆབས་ཅིག །འཁྲུལ་པའི་སྣང་བ་ཐམས་ཅད་མྱོང་མཁན་ཁོ་རང་ལ་རྫོགས། ཁོ་རང་སྤྲོས་པ་ཀུན་ལས་འདས་པ། འཇིགས་པའི་ཡུལ་འཇིགས་མཁན་གྱི་སེམས་སོགས་ཆོས་ཉིད་གཅིག་གི་རོལ་པར་གཉིད་སད་ཚེ་འཇིགས་སྐྲག་རྨིས་པ་གར་སོང་ཆ་མེད་དུ་སོང་བ་བཞིན་ཡལ་བའི་རྗེས་སུ་ལྟ་སྒོམ་དང་བྲལ་བའི་རྟོགས་པ་ཞིག་གསལ་བར་གྱུར་ནས། དེའི་ངང་དུ་དུས་འདའ་བ་ལས་སྔར་གྱིས་རྩུབ་ཉམས་སོགས་མི་དགའ་བ་དང་། དགའ་བདེ་སོགས་བཟང་པོའི་ཉམས་རྣམས་གང་ཡང་མེད་པར་རང་ཁར་ཐ་མལ་དུ་ལུས་པ་ལྟ་བུ་བྱུང་། དེ་སྐབས་ཤིག་རྨི་ལམ་དུ་ང་རང་བཤལ་ནད་ཀྱིས་ཐེབས་འདུག་པ་སྒྲིབ་སྦྱོང་གི་དམིགས་རིམ་མངོན་དུ་གྱུར་པ་ཇི་བཞིན་དུད་ཁུ་དང་སོལ་ཁུ་ལྟ་བུ་མང་པོ་བཤལ་མཐར་རེའུ་ཞིག་དང་ལུ་གུ་ཞིག་གི་རོ་བཤལ་བར་ལྷ་འདྲེའི་ཆོ་འཕྲུལ་ཡིན་ནམ་དོགས་པ་ལྷོངས་ནས་མར་ཞིག་བལྟས་པ་ན། བྲག་རི་དམར་ནག་འཇིགས་སུ་རུང་བ་ཁ་འཐབ་པ་ལྟ་བུ་ཞིག་འདུག་པར། གོང་གསལ་གྱི་རོ་གཉིས་པོ་ཁྱེར་ནས། དེ་གར་ཕྱིན་མ་ཐག་ཏུ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱིས་རང་ཉིད་ལ་གནོད་ཅིང་འཚེ་བའི་ལྷ་འདྲེ་མི་གསུམ། གནོད་ཡུལ་བདག་དང་བཅས་པ་ཐམས་ཅད་ལྷག་མེད་དུ་བཞེས་ཤིག་རོལ་ཅིག་སོགས་བཞེས་འབོད་བཏང་ཞིང་རོ་གཉིས་ཀྱིས་བྲག་རིར་བརྡེག་ནས། ཕྱིར་ལྡོག་པར་བརྩམས་པ་དང་མཉམ་དུ་གཉིད་ལས་སད་ཚེ་བདེ་ལྷང་གིས་འདུག །ཡང་ལན་ཞིག་གི་ཚེ། ས་སྟོང་ཞིག་ན་འདུག་པའི་སྔུན་དུ་ར་ཉིད་ཤི་བའི་རོ་ཡང་འདུག་པ་བྱ་འབོད་དགོས་བསམ་ཞིང་ཁུར་ནས་ས་མདོ་ཞིག་ཏུ་སླེབས་པ་དང་། དེར་ཐབ་ཁ་བཙུགས་པའི་ཁར་ཟངས་ཆེན་པོ་ཞིག་འདུག་པ་དེ་བཙུགས་ཤིང་ཆུ་བླུགས་མེ་བཏང་གཟུགས་ཕུང་དུམ་བུར་གཏུབས་ནས་བཙོས། ཚོས་པ་དང་ང་རང་གིས་ཟོས་གཞན་མང་པོ་འདུག་པ་ལའང་བྱིན་འཕྲོ་རྣམས་བྱ་འབོད་ལྟ་བུའི་ཕྱོགས་མཚམས་ཀུན་ཏུ་གཏོར་བར་བྱས་ཚེ་གཉིད་སད་པ་དང་སེམས་སྤྲོ་སང་ངེར་བྱུང་། དེ་སྐབས་སུ་ཐུན་བཅད་ནས་མཉམ་བཞག་ལ་བརྩོན་དུས་རང་གི་ལུས་དེ་སྔོན་ལས་ཁ་ཚུར་གྱུ་འདུག་པ་དང་། སེམས་རྗེན་པར་ལུས་ལ་བལྟ་བཞིན་འདུག་པའི་ཉམས་ལན་མང་དུ་ཤར། དེ་ནས་གངས་ཁྲོད་གོང་མར་དགེ་རྩེ་ཞིག་བསྡད་པས། ལོ་གསུམ་ཁ་མ་ལྡང་མཚམས་སུ་ཤི་བར། བླ་མ་ཡོན་ཏན་གྲགས་པ་དབུ་བཞུགས་ཀྱི་ངེད་ཅག་ཁ་ཤས་ནས་ཁྲུས་བརྒྱ་སོགས་བསྔོ་སྨོན་བགྱིས། མཐར་རོ་ས་གཙང་ཞིག་ཏུ་བསྐྱལ་ནས་ང་རང་གིས་བྱ་འབོད་བྱས་ནས་ཁོང་གཤེགས་ཤུལ་དེར་གཞི་ཕབས་ནས་སྔོན་གྱི་མུ་མཐུད་ཅིང་ལྷོད་མེད་ཀྱི་བརྩོན་འགྲུས་དྲག་པོ་བྱས་ནས་བསྡད་པའི་སྐབས་ཤིག །རྨི་ལམ་དུ་ང་རང་སྒང་རྒྱུད་གཅིག་ནས་ཡར་ཕྱིན་པས་དེར་སུར་དཀར་གྱི་སྡོང་པོ་སྦ་དབྱུག་སྦོམ་ཤོས་ཙམ་གསུམ་ཡོད་པའི་གོང་མ་གཉིས་བཅད་ཤུལ་ལས་མི་འདུག་ཅིང་འོག་མ་གཅིག་པོ་མེ་ཏོག་དམར་པོས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བ་ཞིག་འདུག་པར། མི་ཞིག་ན་རེ། སྡོང་པོ་གོང་མ་འདི་པདྨ་ཨ་ཏིའི་ཡིན། དེ་འཕྲོ་མཐུ་སྟོབས་རྩལ་ཆེན་གྱི་ཡིན་པ་གཉིས་པོས་ཁྱེར་བ་ཡིན། སྡོང་པོ་འདི་ཁྱེད་རང་གི་ཡིན་པ་བདག་རྐྱེན་སྤྲོད་ཅིག་ཟེར་བས་ངས་སྡོང་པོ་ལ་འཆང་པས་རྩ་བ་བཏོན་པ་དང་བཅག་པ་སོགས་མ་བྱས་ཀྱང་སྡོང་པོ་ལག་ཏུ་སླེབས་འདུག་པའི་མེ་ཏོག་དམར་པོ་ཁ་ཤས་ཟོས་སོ། གཞན་བཟུང་ནས་འོང་གྲབས་བྱས་པ་དང་མཉམ་དུ་གཉིད་སད་ཚེ་དྲི་བཟང་ཀྱི་ངད་པ་ཤིན་ཏུ་ཞིམ་པོས་ཁྱབ་འདུག །ཡང་སྐབས་ཤིག་ཏུ་ང་རང་ཁྲོམ་ཤིན་ཏུ་མང་པོ་གཅིག་དང་མཉམ་དུ་ཡར་འགྲོ་ཡིན་འདུག་ཚེ། རི་རྩེ་དེ་ནས་མར་ལ་རྟ་དཀར་པོ་ཆིབས་པའི་བླ་མ་ཤིན་ཏུ་གཞོན་ཉམས་ཅན་ཨོ་རྒྱན་པཎ་ཞུ་མནབས་པ། འཛུམ་པའི་མདངས་དང་ལྡན་པ། ཕྱག་ན་དངུལ་གྱི་བུམ་པ་ཤིན་ཏུ་ཆེ་བ་བསྣམས་པ་ཞིག་བྱུང་བ་ལ། ངེད་ཅག་ཁྲོམ་རྣམས་དད་པ་དང་དག་སྣང་གིས་འུར་ལངས་པ་ལྟ་བུས། ༧ སྐུ་མདུན་དུ་བསྙེགས་པས། ཕྱག་གི་བུམ་པ་ཡོ་བར་བཟུང་བ་དང་ཆབས་ཅིག་ལག་གཡས་ཟེད་པས་བདུད་རྩི་ཁ་དོག་སེར་པོ་དྲི་བཟང་གི་ངད་པ་ཅན་ཞིག་བླུགས་པ་ལྷག་མེད་དུ་བཏུང་ནས་གཡོན་པའང་ཟེད་པས་དེ་བཞིན་དང་། ལག་གཉིས་མཉམ་པོར་ཟེད་པས་བུམ་པའི་ནང་ན་གང་ཡོད་ཐམས་ཅད་ལྷག་མེད་དུ་བླུགས་པ་སྔོན་བཞིན་འཐུངས་པས་དགའ་བདེའི་ཉམས་འབར་བའི་མུར་གཉིད་སད་པའི་ཚེ། འོ་མ་ཁོལ་བའི་དྲི་ལྟ་བུས་ཁྱིམ་ཁེངས་ནས་འདུག་པར་ཉིང་འཁྲུལ་སྐབས་ཀྱི་༧བླ་མའི་མངོན་རྟོགས་གསལ་བ་དེ་སློབ་དཔོན་ཆེན་པོ་དངོས་ཡིན་སྙམས་པའི་དད་མོས་རྒྱ་ཆེན་པོ་ཐོབ་ཅིང་རེ་ཞིག་དེ་མུར་བསྡད་པས་ཇ་ཅུང་ཟད་མ་གཏོགས་ཟ་མ་གཞན་རྣམས་འཇའ་ལུས་སུ་སོང་བས་ལུས་ཟུངས་ནི། ནད་ཀྱིས་ཡུན་རིང་མནར་བ་ཇི་བཞིན་ལང་ཚོ་འདར་ནས་དབུགས་སྟོད་དུ་འཚངས་ཤིང་ཉམ་ཐག་པར་གྱུར་སྐབས་སུ། ཆུ་སྣོད་ཀྱི་ཆུ་ཟད་པས། ཕུག་པའི་ཞབས་དེར་མཚོ་ཞིག་ཡོད་པར་ཆུ་ལེན་དུ་ཕྱིན་ནས་ཡར་ལྡོག་པའི་སྐབས་སུ་བྲག་སྐས་ཞིག་འགོམ་རྒྱུ་འདུག་པར། ཆུ་ཟོམ་ལྕི་སྟབས་མ་འགོམ་ཞིང་ས་ལ་འགྱེལ་ཏེ་དྲན་མེད་དུ་གྱུར་པ་རེ་ཞིག་སོང་ནས། དྲན་པ་རྙེད་དེ་ལྡང་བར་བརྩམས་ཀྱང་མ་ནུས་ནས་ཤི་ལ་ཁད་དུ་གྱུར་ཅིང་། རྣམ་རྟོག་འདི་བཞིན་ཤར་བྱུང་། ག་རེ་ད་ནི་ངེས་པར་འཆི་བ་ལ་ཉེ་འདུག་པས་ཐབས་དང་བཤོལ་མ་ནི་གང་ཡང་མི་འདུག །ཅི་དྲག་སྙམ་ཚེ་ཡང་། རྣམ་རྟོག་གསར་པ་འདི་འདྲ་ཤར་བྱུང་། མི་དགེ་དང་སྡིག་པ་གསོག་ཞོར་དུ་ཤི་ན་འགྱོད་རྒྱུ་ཡོད་ཀྱང་། ཆོས་བསྒྲུབ་ཞོར་དུ་ཤི་བ་འདི་ཆོས་ཕུགས་ཤི་ལ་གཏད་པ་ཡིན་པས་གོ་བཅད་སོང་བསམ་མ་ཐག་སེམས་དགའ་ཡ་ལེ་སོང་བ་དང་མཉམ་དུ་ལྡང་ཐུབ་ཙམ་བྱུང་བས་ཡར་ཕུག་པའི་ནང་དུ་ཕྱིན། གསུརབདུག་སོགས་བྱས་པས་ཅུང་ཞིག་བདེར་སོང་བ་དང་། རྫ་སྣོད་ཆུང་ངུ་ཞིག་ཁྱེར་ནས་ཆུ་བླངས་ཏེ་ཇ་ཞིག་བསྐོལ་ནས་བཏུང་ཀྱང་། ཞག་མང་པོར་བཟའ་བ་མེད་པའི་སྐྱོན་གྱིས་ལུས་འདར་ཞིང་ས་མི་ནོན་པ་བྱུང་མཐར། ག་རེ་ང་རང་ཤིན་ཏུ་གླེན་ཤུགས་ཆེ་སྟབས་ཀྱིས་དལ་འབྱོར་ཆུད་ཟོས་ལ་བཏང་ཚར་སྙམ་ནས། དགོན་ནང་དུ་རྒྱགས་ཕྱེ་ཞིག་བཙལ་དོན་དུ་འགྲོ་ཨེ་ཐུབ་བསམ་ནས་རི་ངོས་ཐུར་དེད་དུ་ཅུང་ཞིག་ཕྱིན་པས་ལུས་འདར་ཞིང་སེམས་སྡུག་པ་སོགས་ཀྱིས་སར་འགྱེལ་བ་ཅུང་ཞིག་ངལ་སོས་ནས། ཡར་བྲག་ཕུག་བསྙེགས་ཏེ་སླེབས་ཚེ་ཅུང་ཟད་མཉམ་པར་བཞག་ནས་བསྡད་པས་སེམས་དགའ་ཡ་ལེ་སྤྲོ་སང་ངེ་། རང་གིས་རང་ལ་རྗེས་སུ་ཡི་རང་བ་ལྟ་བུའི་བརྩོན་འགྲུས་མི་ཞན་པར་བསམས་ནས་ཤི་ཡང་འགྱོད་མེད་དུ་འདུག །དེའི་དུས་སུ་ཐུན་བཞི་ཅུང་ཟད་ཙམ་ཡང་མ་ཆག་པར་ཉམས་ལེན་བརྩོན་པའི་དུས་སྔ་ཐུན་ཞིག་གི་སྐབས་སུ་སྒོ་ཕྱི་དེར་སྒྲ་ཞིག་ཐག་ཐག་སྒྲོགས་མཁན་འདུག་ཀྱང་བལྟ་ཙམ་ཡང་མ་བྱས། ཐུན་གྲོོལ་རྗེས་སྒོ་ལ་ཕྱིན་པས་སྒོ་རྩ་དེར་ཟོ་ཁྲ་ཞིག་གི་ཁ་རྡོ་ལེབ་ཀྱིས་བཀབ་ནས་བཞག་འདུག་པར་ལྷ་འདྲེའི་ཆོ་འཕྲུལ་འདྲ་ཡིན་དོགས་ནས། ཕཊཿ ཤར་མང་དུ་བྱས་ཀྱང་རང་སར་འདུག་པ་བླངས་ནང་དུ་ཕྱིན། ཅུང་ཟད་བཏུང་བས་དུས་གཞན་བཟའ་བཏུང་མོད་སྐབས་སུ་སྟོན་མོ་བརྒྱ་ལས་ལྷག་པར་བྱུང་། ཞོ་དེ་ཆུས་བསིངས་ནས་ཉུང་དུ་རེ་བཏུང་བས་ཞག་ཁ་ཤས་འཕུལ་ཐུབ་པ་བྱུང་། དེ་རྗེས་གྲོགས་མཆེད་ཚོས་ཙེམ་པ་ཅུང་ཟད་བསྐྱལ་བར་བརྟེན་ཏེ་ལུས་ཟུངས་ཞན་པ་སོར་ཆུད་པ་ལྟ་བུར་གྱུར། དེའི་དགུན་ཕུག་ལེབ་མར་བསྡད་ནས་གྲོགས་ཞིག་དང་མཉམ་དུ་དཔལ་ནཱ་རོ་པ་ཆེན་པོའི་ལུགས་ཀྱི་རྩ་རླུང་ལ་གནད་དུ་བསྣུན་ནས། དེ་ནས་དྲོད་ཅུང་ཟད་ཕེབས་པ་དང་། དབྱར་ཁ་དེར་མུ་བཞིན་དུ་ཕུག་པ་དེ་གར་གཏན་ཆགས་ལྟར་བསྡད་པས་རེ་ཞིག་ན་ང་རང་གི་མིང་ནས་འབོད་མཁན་ཞིག་བྱུང་བ་ལ། རྣམ་རྟོག་ངན་པ་མ་ཤོར། ཁོས་བོས་མ་ཐག་རྒྱུན་དུ་ཨ་ལན་ཀྱང་བཏབ་པས་ཅང་མི་ཟེར་འདུག །དེ་བཞིན་ཡུན་རིང་དུ་ཉན་ཚོད་མེད་པ་ལྟར་འབོད་ཀྱིན་འདུག་པས། བླ་མ་ཡོན་ཏན་གྲགས་པར་དེའི་རྒྱུ་མཚན་ཞུས་པས། བླ་མས་ཨ་ལན་བཏབ་མི་ཉན་ཚུལ་དང་། ཁྱད་པར་ཕུག་པ་དེར་རྒྱ་རོང་བ་ཞིག་བསྡད་ཚེ་དེ་ལྟར་བོས་པར་སྐད་ལན་བྱས་པས་འཕྲལ་དུ་ཤི་བ་སོགས་གསུངས་བྱུང་བར་རྣམ་རྟོག་ཤོར་ནས་ཅུང་ཞིག་སྐྲག་པ་ལྷ་འདྲེའི་མངོན་ཤེས་ཀྱིས་རིག་ནས། ཉིན་མཚན་ཁྱད་མེད་དུ་སྔར་ལས་མང་ཞིང་སྐད་སྒྲ་ངར་དང་བཅས་པས་འབོད་པ་དང་། རྨི་ལམ་དུ་ཡང་འབོད་མཁན་རྟ་སྐྱང་ངུ་རྔོག་ནག་ཞོན་པའི་བླ་མ་བགྲེས་པོ་ན་བཟའ་དམར་སེར་རྙིང་པ་ཅན་ཞིག་མི་དགའ་བའི་རྣམ་འགྱུར་ལྟ་བུས་ངའི་གམ་དུ་ཚུར་འོང་བ་དང་ཆབ་གཅིག་སྐད་གཏོང་བ་དེ་ལྟ་བུ་ཞིག་འདུག་པ། ལན་ཞིག་དགོང་ཇ་བཏུང་ནས། ཐབ་རྩར་དམར་གསུར་བཏང་མེ་གསོ་སྐབས་སུ་སྒོ་རྩར་སྐད་དྲག་པོའི་བསོད་ནམས་བསྟན་འཛིན་ཞེས་འབོད་པ་དང་བཅས་ཆབས་ཅིག་སྒོ་ལྕགས་ཁྲོབ་སིལ་བསྒྲགས་བྱུང་བས། ང་རང་ཤིན་ཏུ་ཚིག་པ་ཟ་ནས་སྒོ་རྩར་དྲག་ཏུ་བརྒྱུགས་ནས་བལྟས་པས་ཅི་ཡང་མི་འདུག་པས་ཕྱིང་སློག་ཧྲལ་པོ་ཞིག་གྱོན་ཡོད་པ་ཕུད་ནས། ལུས་གཅེར་བུ་བྱས། ཕྱིང་སློག་ལག་ཏུ་ཐོགས་ནས། དཀོན་མཆོག་གསུམ་གྱི་བདེན་པས་ང་རང་འབོད་མཁན་ཁྱེད་འདིར་ཁུག །ཁྱོད་གང་ན་ཡོད་ཀྱང་དུས་ད་ལྟ་ཉིད་དུ་འདིར་ཤོག་ལ་གཟུགས་མངོན་སུམ་དུ་མཐོང་པར་མ་བྱས་ན་ཁྱོད་ཀྱི་མཐུ་ནུས་ཟད་པ་ཡིན་ནོ། ངས་ཁྱེད་རྟེན་བརྟེན་པར་བཅས་པ་ཐལ་བའི་རྡུལ་བཞིན་དུ་མི་བརླག་རེ་བྱས་ནས། སྒོ་རྩར་ཕ་བོང་གང་ཡོད་ཐམས་ཅད་ལ་བརྡེག །ཀི་བཏབ། ཕཊཿ མང་པོ་བྱས་པས་ཐང་ཆད་བྱུང་བ། ཕྱིང་སློག་སར་བཏིང་། དེའི་སྟེང་དུ་གན་རྐྱལ་དུ་བསྡད་ནས། གཅོད་ཐུན་སྙིང་ཚིམ་པ་ཞིག་བཏང་བས། སྐྲག་མཁན་སྐྲག་ཡུལ་གཉིས་ཀ་ན་བུན་དེངས་པའི་ནམ་མཁའ་ལྟར་དུ་སོང་ངོ་། དེ་ནས་དགོན་ཕུར་གཤིན་རྗེའི་སྒྲུབ་ཕུག་ཏུ་སྤོས་ནས་ཉམས་ལེན་ལ་ཐང་ལྷོད་མེད་སྐབས་ཞིག་ཏུ། ཚོང་དཔོན་རབ་བརྟན་ཚང་གི་རིགས་རྒྱུད་ལ་སྲི་ཁ་ཟུག་པར་ཕན་ཆེད། ༧ རྡོ་བླ་གཟན་དཀར་ཅན་ཞེས་རྫོགས་ཆེན་དགོན་པས་གྲུབ་ཐོབ་ཨ་ཐོར་བར་བརྩི་རྒྱུ་ཞིག་བུ་མོ་ཡ་མ་ཞིག་ལ་སྲུང་སྐྱོབ་བྱས་ཀྱང་ཕན་པར་མ་གྱུར་ནས་ཤི་བར་གྱུར་ཚེ། རྨ་ཁར་ཕན་ན་ཁྱི་ཚིལ་བྱུགས་པའི་དཔེ་བཞིན་ང་རང་ལ་བཅར་དགོས་ནན་ཏན་ལབ་བྱུང་ཡང་། དང་པོ་དེ་ལྟར་ཁས་ལེན་མ་ནུས་ཀྱང་སླར་ཡང་བསྐྱར་གྱིས་མང་དུ་ཟེར་བར་མི་ཆེན་གྱི་ཚིག་ཡལ་བར་འདོར་མ་ཕོད་ནས། ཟ་སྲུང་རྟེན་འབྲེལ་ཙམ་བྱིན། དེ་ནས་བཟུང་རྒྱུན་དུ་སྲུང་སྐྱོབ་བག་རེ་ཙམ་བྱས་མཐར་བུ་ཞིག་སྐྱེས་པ་ཡུལ་དེར་སྤྲང་པོ་རྟ་བཤའ་འདྲེའི་ཟླ་རུ་འོས་པ་ཞིག་ཡོད་པ་དེ་ལ་མི་གཏད་ཐབས་མེད་ཀྱིས་སྐད་ཆ་ཡང་ཡང་བྱས་པས་དེ་བཞིན་ཐོག་ཁེལ་བྱུང་། དེ་ལྟར་དཀའ་ལས་དང་སྙིང་རུས་མི་ལྷོད་ཙམ་གྱིས་ལོ་གསུམ་སྔོན་མ་འཕུལ་ཐུབ་ཙམ་བྱུང་། དེ་ནས་བྲག་ཕུག་དེ་གར་དབྱར་ཐོག་སྙིང་ཐིག་གི་གཞུང་བཞིན་ཟེར་གཉིས་བལྟ་བ་ཐོད་རྒལ་གྱི་སྦྱངས་པ་དང་། དགུན་དུས་སྔར་བཞིན་རྩ་རླུང་གི་ཉམས་ལེན་མི་ཞན་པར་བྱས། སྐབས་སུ་དཀོན་མཆོག་སྤྱི་འདུས་ཞི་དྲག་སེང་གསུམ། ཚེ་སྒྲུབ། ཞི་བསྲེག་འབུམ་གྱི་ཁ་འགེངས་བཅས་བཏང་། ལོ་གྲངས་སོ་ལྔའི་ཚེ་གོང་གི་དབེན་གནས་རྣམས་སུ་ལོ་གསུམ་འཕུལ་བས་རང་ལོ་སོ་བརྒྱད་ཐོག་གཤིན་རྗེའི་སྒྲུབ་ཕུག་སོགས་སུ་བར་མ་ཆད་དུ་ལོ་བཞིར་བསྡད་པ་ལ། ལོ་གཉིས་པའི་ཚེ། ཚོང་དཔོན་ཚང་གི་ཡ་མའི་ཆེད། དགོན་ཆེན་དུ་བུམ་སྒྲུབ་སྐབས་སོགས་ཞག་ཁ་ཤས་མ་སོང་ཐབས་མེད་དུ་ཕྱིན་པས། བྲག་ཕུག་ཏུ་སྡོད་དུས་ཀྱི་ཡོན་ཏན་རིམ་པར་བྲི་བའི་ཉེས་པ་ཡང་མངོན་སུམ་དུ་མཐོང་བས། རང་ལ་རང་གིས་ཁྲེལ་ཏེ་ཁྲལ་བཙུགས་ནས། དྭགས་ལུགས་ཀྱི་བདེ་མཆོག་ལྷ་ལྔ། རཏྣ་གླིང་པའི་གུར་དྲག་མེ་འཁྱིལ། ཕུར་པ་ཡང་གསང་བླ་མེད་རྣམས་ཀྱི་བསྙེན་བསྒྲུབ་གནད་སྨིན་བགྱིས། ཕུག་པ་ཕན་ཚུན་ཟུང་འབྲེལ་དུ་ཡོད་པའི་མདུན་མར་སྔར་ལོ་རང་ཉིད་བསྡད་པས་བདེ་བར་བྱུང་ཡང་། གྲོགས་གཅིག་གིས་དེར་སྡོད་འདོད་བྱས་པས་ཁོང་ལ་གཏད། ང་རང་རྒྱབ་མར་སྡོད་རྒྱུར་སྒོ་དྲུང་ན། རྡོ་གྲུ་གསུམ་ཆེ་བ་ཞིག་འདན་བུ་ལྟར་འདུག་པས། དེའི་ཕྱོགས་ཀུན་ནས་མེས་བསྲེགས་ཆུ་བླུགས་ནས་བཅག་པས་སྤྲིན་ནག་ཤིན་ཏུ་མི་སྡུག་པ་འཁྲུགས་ནས་མི་རིང་པར་ཆུ་འཁྱགས་སྐྱིན་ཐང་གི་ཕུང་པོ་འཐོར་རླུང་དྲག་པོས་བསྐྱོད་དེ་ངེད་ཅག་གི་སྟེང་དུ་འབབས་བྱུང་བས། སྐད་ཅིག་གིས་གུ་རུ་དྲག་པོའི་བསྐྱེད་རིམ་གསལ་བའི་ངང་ནས་དྲག་སྔགས་སོ་ལྔ་སོགས་ཀྱིས་སེར་བ་ཐམས་ཅད་ཕྱིར་བཟློག །རྡོ་རྗེའི་མཚོན་ཆར་གྱི་དམིགས་པས་གཟིར་བས། གོང་འོག་དེར་ཐོག་རེ་ཟུང་འཕང་བྱུང་ཡང་། གནོད་མ་ནུས་བཞིན་དེར་གཞི་ཕབས་ནས་མལ་ས་ཐབ་ཀ་དཀྱིལ་འཁོར་མཚོན་ཙམ་འདུ་བྱས་ཏེ། གུར་དྲག་མེ་འཁྱིལ་གྱི་བསྙེན་བསྒྲུབ་ལ་གནད་དུ་བསྣུན་པའི་སྐབས་ཤིག་སྲོད་ཐུན་གྱི་དུས་སུ་ང་རང་གི་སྔོན་ན་རྡོ་ལེབ་ཆེ་བ་ཞིག་དཔེ་གདན་དུ་ཡོད་སྟེང་དེར་ཁྱིམ་བྱའི་འཇིགས་སྐད་བཏང་བ་ལྟ་བུའི་སྒྲ་སྐད་དྲག་ལ་གཏུམ་པ་ཞིག་བསྒྲགས་བྱུང་བས་ང་རང་གིས་དམིགས་པ་མ་ཡེངས་བཞིན་ཡོད་པས་རིག་པ་ངར་བསྐྱེད་དེ་ཕཊཿ བརྗོད་ཡང་སྔར་བཞིན་དུ་བྱས་བྱུང་། དེ་ལྟར་གྱི་ཕཊཿ རེ་བརྗོད་པ་དང་མཉམ་དུ་ཚུར་ལ་སྒྲ་སྒྲོག་པ་རེས་མོས་སུ་བལྡབ་བྱུང་བའི་འཕྲོར། ལྕང་མའི་ཡལ་ག་ཞིག་ལག་ཏུ་བླངས་ནས་རྡོ་ལེབ་ཀྱི་སྟེང་དུ་བསྟུད་མར་བརྡེག་པ་དང་ཆབས་ཅིག་ཡང་ཕཊཿ མང་དུ་བརྗོད་པས་རིམ་གྱིས་སྐད་སྒྲ་ཇེ་ཆུང་དུ་སོང་མཐར་ཐག་རིང་པོར་གྲགས་པ་ལྟ་བུའི་ངང་དུ་ཡལ་བར་གྱུར་བ་དེའི་འཕྲོར་མཐུན་མཇུག་གི་བྱ་བ་རྣམས་བཏང་ནས་ཐུན་གྲོལ། དེའི་མུ་ལ་བར་མ་ཆོད་པར་བསྙེན་བསྒྲུབ་མཐར་ཕྱིན་ནས། དེ་ནས་དབྱར་ཧྲིལ་བོར་དེར་བསྡད་ནས། མཚན་བཅས་མཚན་མེད་གང་ཡང་བོགས་ཐོན་བྱས་ཁུལ་བྱས། གྲོགས་བླ་མ་དཔོན་གཡོག་དང་རང་གི་གྲ་པ་བཅས་དགོན་ཆེན་དུ་ཕྱིན་སྐབས་ཞིག་རྨི་ལམ་དུ་རི་ཁྲོད་དེའི་ཉིན་ངོས་ཡིན་རྒྱུ་བའི་ཁང་པ་ཞིག་ནས་བུ་མོ་མཛེས་མ་ཞིག་བྱུང་ནས་ཨ་མས་ཁྱེད་རང་ངེད་ཅག་ཏུ་ཕེབས་ཞུས་གནང་དགོས་ཞེས་ཟེར་བྱུང་བ་ངས་ང་རང་མཚམས་སྒྲུབ་འདྲ་མོ་ཡིན་པས་འགྲོ་མི་ཆོག་པའི་ལུགས་བཤད་ཀྱང་མ་ཉན་ནས་ཅིས་ཀྱང་འོང་དགོས་ཟེར་བའི་ངོ་ལྡོག་མ་ནུས་ཏེ་མོས་རྗེས་སུ་ཕྱིན་པ་ལ་དབུས་ཕྱོགས་ཀྱི་ཁང་པ་ལྟ་བུ་ཤིན་ཏུ་མཛེས་པ་ཞིག་གི་སྒོར་ཕྱིན་པས་དེར་ཁྱི་དམར་པོ་འཇིགས་སུ་རུང་བ་ཞིག་ལྕགས་ཐག་གིས་བཏགས་འདུག་པ་ཉེར་ཞིང་ཟུག་ནས་་མཆོང་ལ་ཁད་བྱས་ཀྱང་བུ་མོའི་བསྲུངས་ནས་ཁྱིམ་དུ་ཕྱིན་པས་དེར་དར་འབོལ་མཐོན་པོར་བརྩེགས་པའི་སྟེང་ན་བུད་མེད་སྒྲུབ་མོ་ཞིག་ཡིན་དགོས་རྒྱུར་འདུག་ཀྱང་། གོས་ཆེན་དམར་སྨུག་གི་འདུང་མ་དང་། སྐྲ་སིལ་མ། རྣ་བར་གསེར་དངུལ་གྱི་རྒྱན་དང་བྱུ་རུའི་རྒྱན་མང་པོས་སྤྲས་པའི་མགུལ་ཕྲེང་ཅན། གདོང་དམར་བ་སྣུམ་བག་ཆགས་པ་ཞིག་འདུག་པ། གདན་ལས་ལངས་ཏེ་མདུན་བསུ་དང་འབྱོན་ཞུས་སོགས་བོད་ལུགས་ཇི་བཞིན་བྱས་ནས་གདན་ཁར་བསྡད་པས་སྟོན་མོ་འདྲ་མོ་ཞིག་བྱས་མཐར་ཁྱེད་རང་ངེད་ཀྱི་ས་ཆར་མཚམས་བསྒྲུབས་བྱས་པ་ལ་ཤིན་ཏུ་སྤྲོ། སླར་ངེད་ཀྱི་ཕུག་པ་འདིར་བཞུགས་དང་མཐུན་རྐྱེན་གང་དགོས་འབུལ་ཞེས་ཞེ་ས་མང་དུ་བྱས་བྱུང་ཡང་ཕྱག་ནི་མི་འཚལ་བ་འདུག །ང་རང་ཕྱིར་སྔར་གནས་སུ་ཕྱིན་འཕྲལ་རྨི་ལམ་སད་ཚེ་དགའ་ཡ་ལེ་འདུག །ནམ་ལང་ཙ་ན་གཏོར་མ་བཏང་ནས་ནུབ་མོའི་རྨི་ལམ་གྱི་དབྱིབས་ལ་དཔྱོད་པས་བྲག་འགག་འོག་མའི་ཕ་རི་དེར་ཇི་ལྟ་བ་ཞིག་འདུག་པར་བལྟར་ཕྱིན་པའི་ཕུག་པ་སྐྱིད་པོ་ཞིག་འདུག་པའི་སྟོན་གཞུག་ས་དེར་སྤོས་ཏེ་དྲན་པ་སྐད་ཅིག་ལ་མི་ཡེངས་བར་བྱས་ནས་བསྡད་དེའི་སྐབས་ཤིག་རྨི་ལམ་དུ་རྒྱབ་རི་དེ་ཆེ་མཆོག་ཧེ་རུ་ཀ་ཕྱག་རྒྱ་རྒྱས་པ་འཇིགས་སུ་རུང་བ་དབུ་རྣམས་མཚུངས་ཀྱང་ཕྱག་ཞེ་གཉིས་ཀྱི་གཡས་རྣམས་རྡོ་རྗེ་རྩེ་དགུ་རྩེ་ལྔ་སྤེལ་མ་དང་། གཡོན་རྣམས་བྷནྡྷ་ཁྲག་བཀང་ཁོ་ན་བསྣམས་པ། འཁོར་དབང་མོ་ཉེར་བརྒྱད་ཀྱིས་བསྐོར་བ་ཞིག་ཉིན་མོར་མཐོང་བ་ཇི་བཞིན་མཇལ་བ་རྨིས་པ་ལས་པད་སའི་ཚེ་ཉིན་མོ་ཞིབ་ཏུ་བལྟས་པས་བྲག་རིའི་སྣང་བ་ལས་འཕགས་མ་ནུས་སོ། སྐབས་ཤིག་ཉི་གྲགས་ཆོས་སྐོར་ཞིག་ལ་འབྲེལ་པ་བཞག་རྒྱུའི་རྟོག་པ་འཁོར་མོར་ཤར་བའི་རྐྱེན་གྱིས་༧ སྐྱབས་མགོན་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་པད་དུ་བཅར་ནས་རྩ་གསུམ་གསང་བ་སྙིང་ཐིག་གི་དབང་ལུང་སློབ་ཁྲིད་བཅས་བསྩལ་འཕྲལ་དེའི་བསྙེན་བསྒྲུབ་ལ་ཞུགས་ནས་ཟླ་གཅིག་ཙམ་སོང་དུས་བྲག་ཕུག་སྟེང་འོག་བར་གསུམ་ཐམས་ཅད་གསེར་ཞུན་མས་བྲིས་པ་ལྟ་བུའི་བརྡ་ཡིག་བསམ་གྱིས་མི་ཁྱབ་པ་ནས་ཀྱི་ཐང་མ་བདལ་བ་ལྟ་བུ་ཆུ་ལས་ཆུ་བུར་རྡོལ་བ་ཇི་བཞིན་གསལ་ཙམ་ནས་ཡལ་ཞིང་། ཡལ་འཕྲལ་མངོན་པ་སྒྱུ་མ་དང་སྤྲུལ་པའི་འདུ་བྱེད་ལྟར་གྱུར་ནས་ཞག་མང་རབ་ཅིག་འཕུལ་མཐར་ཡི་གེ་ཐམས་ཅད་འོད་སྔོན་ཟླུམ་པོ་མེ་ལོང་འབྲིང་པོ་ཙམ་གྱི་མཐར་མུ་ཁྱུད་དམར་པོ་ཞིག་གིས་བསྐོར་བ་ཉིན་གཉིས་གསུམ་ཙམ་དུ་ཤར་བའི་སྐབས་ཤིག་ཏུ། འོད་སྔོན་ཟླུམ་པོ་དེའི་དཀྱིལ་དྲང་པོར་ཨ་ཡིག་ཤིན་ཏུ་དཀར་ལ་བཀྲག་མདངས་འཚེར་བ་ཞིག །མགོ་ང་རང་གི་དཔུང་མགོ་གཡོན་ངོས་སུ་བསྟན་ཏེ། གཡོ་འགུལ་མེད་པ་མིག་འབྱེད་འཛུམ་གང་ལྟར་བྱས་ཀྱང་སྣང་ཞིང་། མེ་དང་དུ་བ་བྲག་སོགས་ཡུལ་བཟང་ངན་གང་ལ་གཏད་ཀྱང་དེ་ལྟར་སྣང་ཞིང་ནང་སེམས་ཉིད་ཀྱང་ལྟ་སྒོམ་གཉིས་ཀའི་ཤུབས་ནས་དོན་པ་ལྟ་བུའི་བྲོད་པ་དང་། ང་རྒྱལ་ཀྱང་ཅུང་ཟད་འདུག །སླར་བརྟགས་དུས་དེ་དག་ཀྱང་ཕྱི་ཤུན་ལྟར་ལས་རྟོག་མེད་དང་གནམ་ས་ཙམ་རིང་གདའ། དེ་གའི་མུར་དེ་ཉིད་ཀྱི་བསྙེན་བསྒྲུབ་མཐར་ཕྱིན། སྐབས་དེར་ཕུག་པ་གལ་ཏ་ལྟ་བུ་ཞིག་ཡིན་པས་མདུན་མར་ང་རང་། རྒྱབ་མ་བསོད་ནམས་དོན་གྲུབ་མ་ཎིའི་མཚམས་བསྡམས་ནས་བསྡད་པར། ང་རང་མཚམས་ཡངས་ཀྱི་སྐབས་རྣམས་སུ་ཁོང་ལ་བསྐྱེད་རྫོགས་ཀྱི་གནད་གང་ཤེས་ཀྱི་ཁྲིད་འདྲ་བཏབ་སྟེ་དུས་ད་ལྟའི་སྒྲུབ་གྲའི་མལ་དེར་རྡོ་རྗེ་དཔལ་ལྡན་གྱིས་སྐྱིལ་ཆུང་ཞིག་བཅོས་ནས་ཡོད་པ་ངེད་ཅག་གཉིས་གནམ་ཆོས་བདེ་བ་ཅན་གྱི་སྒྲུབ་ཐབས་ལྟར་བསྙེན་བསྒྲུབ་ཟླ་གཅིག་མ་ཞིག་ལ་ཞུགས་པའི་སྐབས་ཤིག་ཉིང་འཁྲུལ་དུ་ང་རང་ཆུ་ཕྲན་ཞིག་བརྒལ་ནས་ཕར་ཁར་ཕྱིན་པས་གླེགས་བམ་བརྩེགས་པ་བྲག་རི་ལྟ་བུ་ལ། གདོང་དར་སྣ་ཚོགས་ཁྲ་ཤིག་གེ་འདུག་པ་བསེར་བུས་བསྐྱོད་པ་བཛྲ་གུ་རུའི་སྒྲ་འུར་དིར་གྱིས་གྲགས་པ་ཞིག་རྨིས། མཚམས་ཀྱང་བར་ཆད་མེད་པར་གྲོལ། ཡང་དེ་འཕྲོར་མཉམ་མེད་དྭགས་པོའི་བླ་སྒྲུབ་དང་རིག་བྱེད་མ་གཉིས་ཀའི་བསྙེན་སྒྲུབ་བསྟར། དེའི་དཔྱིད་ཕྱོགས་ཀྱིས་སྐབས་ཤིག་ཏུ་༧ སྤྲུལ་པའི་སྐུ་རིན་པོ་ཆེའི་ཡོན་ཏན་མཛོད་ཀྱི་རྩ་བ་དེ་བདག་ལ་བསྐུར་ནས་འདི་ལ་རྟོག་དཔྱོད་ཞིབ་མོ་ཐོངས་ཞེས་གསུངས་གནང་དང་བཅས་ཏེ་འབྱོར་བཞིན་ཞིབ་ཏུ་བལྟས་ཚེ། ཐེག་པ་གསུམ་གྱི་དོན་སོ་སོར་བསྟན་ནས། ཐམས་ཅད་གཅིག་དྲིལ་རྫོགས་པ་ཆེན་པོར་བསྡུས་ཏེ། དེ་ཡང་ལུང་རིགས་མན་ངག་གི་སྒོ་ནས་གཏན་ལ་ཕབས་ཏེ་ཐོག་མཐའ་བར་གསུམ་དུ་དགེ་བ། སྟོན་པ་ཐུབ་པའི་དབང་པོའི་བཀའ་དངོས་སུ་འཕོས་པ་དང་ཁྱད་མེད་ཀྱི་གོ་བ་བག་ཙམ་དང་། དད་པས་ཁམས་སོས་པ། མོས་གུས་མཆི་མ་འཁྲུགས་པ་ཙམ་བྱུང་ནས། ག་རེ་༧ བླ་མ་འདི་པ་ད་ལྟ་དངོས་སུ་བཞུགས་ཡོད་པའི་བསོད་ནམས་ནི་བདག་འདྲར་ག་ལ་ཡོད། གལ་ཏེ་ཡོད་པར་གྱུར་ཚེ་སྤྲུལ་པའི་སྐུ་རིན་པོ་ཆེར་དགོངས་པ་ཞིག་ཞུས་ནས་གནང་བྱུང་ན་རྒྱ་གར་རྡོ་རྗེའི་གདན་དུ་འགྲོ་དགོས་བྱུང་ཡང་མི་འགྲོ་རེ་སྙམ་ནས་ཡིད་གཉིས་ཐེ་ཚོམ་མེད་པར་བློ་ཐག་ཆོད་པར་བྱས། ལོ་གསུམ་རྗེས་མའི་མི་ཚད་ལོ་གཅིག་ལྷག་པོར་སོང་བས་བློ་བདེའི་ངང་ནས། གང་གི་ཞབས་དྲུང་དུ་ཕྱིན་ཏེ་རྒྱུ་མཚན་ཅུང་ཟད་ཅིག་ཞུས་ཚེ། རིན་པོ་ཆེ་ཉིད་ཀྱི་ཞལ་སྔ་ནས། ང་རང་དབུས་གཙང་དུ་ཕྱིན་པ་དེ་ལྟར་ཡིན་ཀྱང་། གཞུང་གི་སྣེ་ཤན་པ་ཕྱོགས་རིས་ཆེ་བ་དང་རྣམ་དཀར་ལ་བག་ཆགས་ཆུང་བ་ཁྱད་པར་དཔལ་རི་སྤྲུལ་སྐུའི་ཕྱག་མཛོད་བདུད་དབང་དུ་གྱུར་ནས། བླ་མར་རྒྱབ་འགལ་སོང་བ། རང་འཁོར་ཕལ་ཆེར་བྱིས་གྲོགས་སུ་གྱུར་པའི་སྐྱོན་གྱིས། དམ་པ་རིན་པོ་ཆེ་དེ་ལྟ་བུ་མ་མཇལ་བས་སྐལ་དམན་དུ་གྱུར། ཁྱོད་ཉིད་ཅིས་ཀྱང་༧བླ་མ་དེ་མཇལ་དུ་སོང་ན་ང་རང་ཡང་དགའ། ཁྱོད་ཀྱང་ལོ་མཚམས་མང་པོར་སྡོད་པ་ལས་ལྷག་གསུང་། དགོངས་པ་ཤུགས་ཀྱིས་ཁྲོལ་བྱུང་། དེ་ཡང་གང་གི་རྣམ་ཐར་མང་རབ་ཀྱི་གསུང་འཕྲོས་དང་ཁྱད་པར། ༧ ཀློང་ཆེན་རབ་འབྱམས་བཟང་པོའི་སྤྲུལ་པ་ཡིན་ངེས་ཀྱི་དབུགས་དབྱུང་རྒྱ་ཆེན་མཛད་མཐར། ཁྱོད་རང་མཁས་གྲུབ་དམ་པ་གང་གི་གམ་དུ་སོང་ལ། ང་རང་གིས་མ་མཇལ་བའི་སེམས་གཅོང་རྣམས་ཇི་བཞིན་ཞུས་ལ་དབང་ལུང་ཁྲིད་གསུམ་གང་ཐོབ་ཐོབ་དང་། ཁྱད་པར་རིན་པོ་ཆེ་དེ་ཉིད་ཀྱི་དགོངས་གཏེར་སྐོར་ཚང་མ་ཞུ་ཨེ་ཐུབ་ལྟོས་དང་ང་རང་གིས་གསན་དགོས་ཚུལ་སོགས་ཞིབ་རྒྱས་ཀྱི་བཀའ་བཀོད་གནང་། སྐབས་དེར་རྒྱ་རོང་སྤྲུལ་པའི་སྐུ་རིན་པོ་ཆེ་གཡག་ཟེ་དགོན་དུ་དབང་ལུང་ཁྲིད་གསུམ་གནང་རྒྱུའི་སྙན་པ་ལ་བརྟེན་ཏེ་གང་གི་ཞབས་དྲུང་དུ་བསྙེགས་ཏེ་ ཕྱིན་པས། སླེབས་ཚེ་ཉི་གྲགས་ཀྱི་རྣམ་ཐར་བཀླག་ལུང་རིམ་འགྲུབ་ཀྱི་བསོད་ནམས་བསྟན་འཛིན་ལ་གདམས་པ་ཟེར་བའི་དབུར་བཞག་འདུག་པའི་མཚམས་སུ་སླེབས། ༧ གང་སྔོན་ཐོས་བསམ་བསྒོམ་ལ་ཆེར་གོམས་གཟུགས། དུས་འདིར་ཀུན་གསལ་ལམ་དུ་ཉི་མས་བཞིན། མཐའ་ཡས་འགྲོ་བའི་ཕན་བདེའི་ཆུ་སྐྱེས་ཚལ། འབྱེད་མཛད་མཁས་གྲུབ་དབང་པོ་འབྲལ་མེད་བསྙེན། དེར་རྩ་གསུམ་གསང་བ་སྙིང་ཐིག་གི་ཁྲིད་ཀྱི་བཀའ་དྲིན་ལ་བརྟེན་ནས་མཉན་བསམ་ལ་ནན་ཏན་བྱས་པས་གོ་མྱོང་ཡར་འཕེལ་དུ་གྱུར། སྐྱབས་རྗེས་བླ་མ་བསྟན་འཛིན་རིན་པོ་ཆེ་ནས་གུར་དྲག་མེ་འཁྱིལ་གྱི་ལུང་རྒྱས་པ་དང་། དོན་དབང་ནོར་བུ་ལུགས་གཉིས་ཐོབ་པའི་བརྒྱུད་པ་ཉི་གྲགས་གཉིས་པ་ལྟར་འདྲེན་དགོས་པའི་བཀའ་ཕེབས་གནང་། དེ་ནས་རྒྱ་རོང་རིན་པོ་ཆེ་དང་མཉམ་ཐེག་གིས། རྒྱ་རོང་དགོན་དུ་སླེབས། དེར་༧སྐྱབས་རྗེ་གང་གི་ཞལ་སྔ་ནས་ཀྱིས་ཉི་གྲགས་བདེ་མཆོག་དབང་རྒྱས་པ་དང་། རྩ་གསུམ་གསང་བ་སྙིང་ཐིག་གི་དབང་དྲེགས་པ་ཟིལ་གནོན་གྱི་དབང་བསྡུས་པ། ཕག་མོ་རིགས་ལྔ། འཇམ་དབྱངས། རྡོར་སེམས་རྣམས་ཀྱི་དབང་ལུང་ཚང་མ། ལྷ་མོ་སྔགས་བདག་འབར་མའི་ལུང་། དེང་སང་གི་གདན་རབས་རིམ་བྱོན་གྱི་གསོལ་འདེབས་གང་ཡོད་ཀྱི་ལུང་རྣམས་ཐུགས་བརྩེ་བས་རྗེས་སུ་བཟུང་། རང་གིས་ཀྱང་སྐྱོན་གསུམ་དྲི་མ་དྲུག་རྣམས་སྤངས་ཁུལ་གྱིས་མཉན་པར་བྱས། སྐབས་དེར་ཤ་བྱིས་དགེ་སློང་རྡོ་རྗེ་འཛིན་པ་རིན་པོ་ཆེ་སྔར་ནས་ལན་མང་དུ་མཇལ་ཡང་ཆོས་འབྲེལ་ཞི༷ག་མ་ཐོ༷བ་པས་ཞུ་འདོད་ཀྱི་བློ་སྐྱེས་སོ། ༧དམར་སེར་རིན་ཐང་ཅན་གྱི་ན་བཟས་ཡོངས་སུ་མ་སྤུད་ཀྱང་། རྒྱལ་ཀུན་སྐུ་ཡི་ཕྱག་རྒྱའི་དེ་ཉིད་ཇི་བཞིན་མངོན་དུ་གྱུར། དགག་སྒྲུབ་ཚེར་མས་གཞན་སེམས་འབིགས་པའི་ཐབས་ལ་བརྩོན་མིན་ཡང་། བརྗོད་བྲལ་ནཱ་དའི་དབྱིངས་ཀྱི་འགྲོ་ལ་ཆོས་འཁོར་རྟག་པར་བསྐོར། ཆོས་བརྒྱད་བློ་ཡི་ཟིལ་པ་ལུགས་ཟུང་རྩྭར་རྩེར་བཀྲམ་མིན་ཡང་། འགྲོ་བ་གང་ལ་གང་འཚམ་ཐབས་མང་འཕྲུལ་གྱིས་ཕན་བདེ་སྤེལ། འདི་འདྲ་གང་ཡིན་བསྐ༵ལ་པ་བཟ༵ང་པོའི་དཔལ་ལྡན་དམ་པ་མཆོག །དོ༵ན་དམ་ནོར་མཆོག་ཡོ༵ད་དེ་ཁོ་བོའི་རིགས་ཀྱི་བདག་པོར་ཐོབ། དམ་པ་གང་གི་ཞལ་སྔ་ནས་ཀྱིས་ཐུགས་རྗེ་ཆེན་པོ་ཟབ་ལམ་གྱི་དབང་ལུང་གིས་རྗེས་སུ་བཟུང་ཞིང་། སེམས་ངོའི་དྲི་རྩད་ཞིབ་ཏུ་བྱས་པས། རིན་ཆེན་གླིང་ན་ས་རྡོའི་མིང་མེད་བཞིན། ཁྱོད་ལ་སྤང་བླང་བསླབ་བྱ་མི་དགོས་སོ། ལ་སོགས་ཀྱི་མགུར་མས་དབུགས་དབྱུང་གནང་། རྒྱ་རོང་རིན་པོ་ཆེས་ཀྱང་དེ་ལྟར་གྱི་གནས་ལུགས་སྐྱོང་ཚུལ་གྱི་བསླབ་བྱ་མང་དུ་གནང་ནས་ཕྱིར་རྫོགས་ཆེན་དུ་ཕྱིན། དེར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་ཞབས་དྲུང་ནས་མཁའ་འགྲོ་སྙིང་ཐིག་གི་ཁྲིད་རྒྱས་པར་བསྩལ་བའི་ཁྲིད་གཉེར་དུ་ངེད་ཅག་བླ་མཆན་ཁ་ཤས་བསྐོས་ནས་ཁྲིད་སྐྱོར་ཡང་བྱས། དེ་དུས་ཀྱི་སྨིན་ཁྲིད་དང་རྣམ་དཀར་གོང་འཕེལ་དེ་འདྲ་མཐོང་མ་མྱོང་བ་ལྟར་གྱི་ངོ་མཚར་རྨད་དུ་བྱུང་བའི་དགེ་བ་རླབས་ཆེན་དུ་གྱུར་ཞིང་། དེ་དང་རྗེས་འབྲེལ་ལྟ་བུའི་མཁའ་འགྲོ་ཡང་ཐིག །བླ་མ་ཡང་ཐིག་གཉིས་ཀའི་དབང་ལུང་ཚང་མ། བི་མ་སྙིང་ཐིག་དང་། པད་གླིང་གི་བླ་མ་ནོར་བུ་རྒྱ་མཚོའི་ལུང་། བྱང་གཏེར་རྟ་ནག་གི་དབང་ལུང་གཉིས་ཀ། པད་གླིང་ཕྱག་རྡོར་ཚེ་སྒྲུབ་རྡོར་ཕྲེང་། རཏྣ་གླིང་པའི་ཕུར་པ་ཡང་གསང་བླ་མེད་རྣམས་ཀྱི་ལུང་ཡོངས་རྫོགས། ཀློང་ཆེན་མཛོད་བདུན། བཅུ་བདུན་རྒྱུད་རྣམས་ཀྱི་ལུང་། འདི་རྣམས་ཐམས་ཅད་ཟང་ཟིང་གི་དངོས་པོ་གང་ཡང་འབུལ་རྒྱུ་མེད་ཀྱང་དད་མོས་ཁོ་ནས་ཞུ་ཧམ་ཆེ་བ་ལ་མི་དགྱེས་པ་སྤུ་ཙམ་ཡང་མ་གནང་བར་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་འཛིན་པར་མཛད་པ་འདི་འདྲ་ནི་སྐྱེས་མཆོག་དམ་པའི་མངོན་རྟོགས་ལགས་སོ། དེ་ཡང་མཉན་བསམ་དེ་དག་གི་ཚེ་སྐྱོན་གསུམ་དྲི་མ་དྲུག་གིས་དབང་པོ་བསླད་པས་དུས་གྲོན་པ་ད་ལྟའི་ཆོས་ཉན་ཕལ་ཆེར་ལས་འཕགས་ཙམ་བྱས་པ་ནི་རང་དྲིན་རང་ལ་ཆེ་བའོ། སྐབས་དེར་གླིང་བླ་མ་བསོད་ནམས་སྦྱིན་པ་ཕེབས་བྱུང་ཞིང་། མཆོག་དམན་ཀུན་འུར་ལངས་ནས་སློང་སློང་པོར་གྱུར། ༧ ཁྱད་པར་སྤྲུལ་པའི་སྐུ་རིན་པོ་ཆེ་སྣང་བ་དག་པ་རབ་འབྱམས་སུ་ཤར་བའི་དོན་གྱིས། སྲི་ཞུ་ལ་བརྒལ་བ་ལས་ཐལ་ཙམ་བྱས། ཁོ་བོས་ནི་རྟེན་འབྲེལ་གང་འགྲིགས་བྱས་ཀྱང་ཐུགས་ཟིན་མ་ཐུབ་ནས་བཀའ་བཀྱོན་ཡང་གནང་བས། རང་རྒྱུད་གྱོང་པོའི་མངོན་རྟོགས་ཕྱི་རུ་གསལ་བར་བྱས་པས་གཤིན་པོ་རང་མ་བྱུང་ཡང་། དད་ཞེན་དང་སྐུར་འདེབས་སོགས་མཐའ་གཉིས་སུ་མ་ལྷུང་བའི་དབུ་མ་ལ་བཞག་གོ། སྐབས་དེར་སྐྱ་མོ་བྲག་ཏུ་གནས་འབྲེལ་ལ་ཕྱིན་ནས་ཞག་བཅུ་སྐོར་ཙམ་དུ་སྒྲོལ་མ་དམར་མོའི་ཆོ་ག་དང་འབྲེལ་བའི་ཚོགས་བརྒྱ་ཞིག་བཏང་། བྲག་རི་ཕན་ཚུན་སོ་སོ་དང་ཕུག་པ་རྣམས་ལ་དག་སྣང་རེ་བྱུང་ཡང་། དེ་སྐབས་རྣམ་པར་དག་མིན་མང་པོའི་བྱ་བྱེད་ཀྱིས་སྔགས་བསྟན་གཟུགས་བརྙན་ཙམ་འདི་ལ་ཁ་ཟེར་བའི་རྒྱུར་སོང་བའི་མཐོང་ཐོས་བྱུང་བ་ལ་དོགས་ནས། དག་སྣང་མ་དག་པར་འཕངས་པས་དེ་ལས་ལྡང་མ་ནུས། དེའི་ཚེ་༧སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ། ཟེ་ཆེན་ཐམས་ཅད་མཁྱེན་པའི་ཡང་སྲིད་ལ་བཀའ་ཆོས་གནང་ཕྱིར་ཕེབས་པ་ལ། ཕྲན་ཀྱང་ཆོས་ཐོབ་འདོད་ཀྱི་དེར་ཕྱིན་པས། བཀའ་བརྒྱད་གསང་རྫོགས་ཀྱི་ལུང་། རང་བྱུང་རང་ཤར། རིག་འཛིན་ཡོངས་འདུས་གཉིས་ཀའི་དབང་ལུང་ཚང་མ་སོགས་རང་གི་རང་ཉིད་སྐལ་བ་བཟང་པོར་བསྒྱུར་བ་ནི་བསྙོན་དུ་མེད་དེ། ༧ སངས་རྒྱས་འབྱུང་ལ་མཉེས་པར་མི་བགྱིད་ཅིང་། རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་བའི་དཔེས། མཁས་པར་རློམ་འགའ་བྱ་བ་ཤོར་ཚེ་འགྱོད། དེ་ཕྱིར་བདག་ལ་བློ་བདེའི་ཞེ་གདེང་ཐོབ། ལོ་དེའི་སྔོན་རྗེས་ཀྱི་ཆོས་དེ་རྣམས་ཐོབ་པར་མ་བྱས་ན་༧རྫོགས་ཆེན་སྤྲུལ་སྐུ་རིན་པོ་ཆེར་མཇལ་བ་ཆུད་ཟོས་ལ་བཏང་བར་གདོན་མི་ཟ་ཡང་། སྔོན་སྨོན་དབང་བཙན་པའི་སྟོབས་སུ་རིགས་སོ། དེ་ནས་སླར་རྫོགས་ཆེན་དུ་ཆིབས་བསྐྱོད་གནང་བའི་ལམ་ཞོར་སོགས་སུ་༧ཀུན་མཁྱེན་གྱི་མདུན་སར་འགྲོ་རྒྱུར་ཞལ་ཏ་སློབ་སྟོན་སོགས་མང་དུ་གནང་། ཞབས་ཟུང་གདོང་ལྔའི་ཁྲི་ལ་འགོད་ཚེ། ཆོས་སྐྱོང་འགའ་ཞིག་གི་སྲོག་གཏད་དང་། ཁྱད་པར་དྲང་སྲོང་བྱང་བུད་མེ་འབར་གྱི་ལུང་། ལས་འབྲེལ་རྩལ་གྱི་གཟའ་དབང་། མགོན་ཁང་དུ་ཕྲིན་བཅོལ་སོགས་ནན་ཏན་གནང་ཞིང་། བྱིན་རླབས་བཀའ་བསྒོ་བཅས་ཞུས་ནས། ང་རང་ལ་རྟ་གཅིག །གཡབ་ཁྲ་ཆུང་ངུ་གཅིག །ལྕགས་ཁོག་ཅིག་རྣམས་གནང་། ཕྱི་ནང་གསང་གསུམ་གྱི་གནས་ཚུལ་སོགས་ཞུ་ཡིག་ཞིབ་རྒྱས་དང་། ཞལ་བསྒོ་མང་དུ་གནང་ནས་ལམ་དུ་ཞུགས་ཚེ། ལྷ་ཁང་ལ་གཡས་སྐོར་ཞིག་བརྒྱབ་ནས་མདུན་དུ་སླེབས་དུས། ས་རོང་བ་ཞིག་གིས་སིལ་སྟོང་དུ་འཇོར་བཅུག་པ་ཁུར་ནས་འོང་བ་དང་འཕྲད་པས་ཁོའི་དོན་དུ་གཉེར་བྱ་དང་དོན་མི་གཅིག་ཀྱང་ཚུལ་མཐུན་པའི་རྟེན་འབྲེལ་དུ་གོ །མགར་བ་རྟ་མགྲིན་ཚེ་རིང་ལ་ཏྲཱི་ཤུ་ལ་སྤུས་བཟང་ཞིག་བཟོར་བཅུག་པ་སྦ་དབྱུག་ལ་སྤྲད་དེ་ལག་ཆར་བཟུང་ནས་ཆས་པར། ཚོང་དཔོན་ཨ་འགྲུབ་ཚང་གི་ཁལ་སྒ་བརྒྱབ་ཅིག་དང་ཇ་འཁོར་དྲུག་གསུམ། གེ་འཕེན་གཡུང་དྲུང་ཚེ་རིང་གིས་ཡང་དེ་ལྟར་དང་ཁ་བཏགས་མང་པོ་མར་ཆུར་སོགས། སྟོན་ཏུ་ཚེ་དབང་འབུམ་ཚང་གི་བཟའ་མི་ཚང་མ་ཁྲིད་སྤུང་ཞིག་དང་དབང་ལུང་ཁ་ཤས་ཞུས་ནས་མཛོ་སྒ་བརྒྱབ་ཇ་སྒམ་གཉིས། མར་ཆུར་ཕོན་གང་ཆེ་ལམ་བར་དུ་མཁོ་ཆས་སོགས་ཕན་གྲོགས་རྒྱ་ཆེན་བྱས། དེ་ནས་བཤུལ་ལམ་རིམ་བགྲོད་ཀྱིས་ཕྱིན་ཚེ་འཇིགས་མེད་བློ་གསལ་སྐྱེལ་མར་ཡོད་པས་མཚམས་ཤིག་ནས་ཕྱིར་ལྡོག་སྐབས་སེམས་ཤིན་ཏུ་འཕྲེངས་བའི་མཆི་མ་མང་དུ་བཏང་བ་ཡིད་ལ་ཤིན་ཏུ་གཅགས་པར་གྱུར། རོགས་གཞན་ཁ་ཤས་ཡོད་པ་དང་བཅས་ཟླ་ཆུ་བརྒྱུད་དེ་ཡར་རིམ་གྱིས་ཕྱིན་པ་དབུ་མདོར་སླེབས་དེར་བལ་ཐུར་བླ་མ་བཀྲ་ཤིས་ཚང་གི་རུ་མཐར་བཅར་ནས་ཞག་ཁ་ཤས་ལ་བསྡད། གསང་རུའི་ནང་ངེད་རང་གི་ཕ་ཡུལ་བ་ཏིང་འཛིན་དང་པདྨ་གཉིས་ཡོད་པས་དེར་རྒྱུ་མཚན་ཞིབ་མོལ་བྱས་པས་ཁོང་གཉིས་འགྲོ་རྒྱུ་ཁས་བླངས་ཀྱང་ཅུང་ཟད་སྒུག་དགོས་ཟེར། སྐབས་དེར་བལ་ཐུར་དཀའ་ཐུབ་འབུམ་ཚང་ཕྱི་ནད་ཀྱིས་ལྷག་མེད་བྱས་འདུག་པར་ངེད་ཅག་མཆོད་ཡུལ་དུ་འཛིན་རྒྱུའི་སྐུ་མདོག་ཕྱག་མཚན་དམན་ཡང་སྦྱིན་ཡུལ་དུ་བཟའ་བཏུང་ཙམ་གྱི་འབྲེལ་པ་ཡང་མི་སྣང་། དེ་ནས་ཐེག་སྟེ་གྲོགས་གཉིས་མ་འཛོམ་པར་གྱུ་གྱུའི་ལུང་མདོའི་ཆུ་ཁར་གླ་ཚེར་མང་པོ་ཡོད་པའི་ཁྲོད་དུ་བསྡད་ཚེ་རྨི་ལམ་དུ་རྟ་བྲ་འཛི་སྒའ་སྔ་ཤད་དུ་སྨན་ཁུག་བཅིངས་པ་ལ་སྨན་པ་གཞོན་ནུ་སྣུམ་བག་ཆགས་པ་ཞིག་གིས་ཞོན་ནས། ངའི་གམ་དུ་སླེབས་པ་དང་བབས་ནས། ཕྱག་ཞེ་ས་བཅས་ཏེ་ང་རང་ཡུལ་འདིའི་ཕར་ཁའི་ངོས་ན་ཡོད་པ་ཟོ་དོར་བཀྲ་ཤིས་དབང་ཕྱུག་ཟེར་བ་དེ་ཡིན་སང་སྔ་མོ་ནས་ཡ་གིར་ཤོག་དང་དོན་ཞིག་ཡོད་དོ་ཟེར་བ་དང་ཆབས་ཅིག་འཛུམ་དམུལ་གྱིས་གར་སོང་ཆ་མེད་དུ་གྱུར་ཏོ། ནང་པར་རྨི་ལམ་ལ་ཚ་བཞག་ཅི་ཡང་མ་བྱས་ཀྱང་། རོགས་གཅིག་ཐང་སྟོད་དེར་ཕྱིན་པར་ཇ་སྒམ་ཞིག་རྙེད་དེ་ལོག་བྱུང་། གཞན་མགྲོན་པོ་སོགས་འགྲོ་འགྲུལ་འགྲོ་བའི་ལམ་ནི་ཐག་རིང་དུ་སྣང་། ཉིང་འཁྲུལ་ཇི་བཞིན་ཐོག་ཁེལ་བྱུང་ཞིང་གཟུགས་མེད་ལྷ་འདྲེས་གཟུགས་ཅན་ལ་ཇ་མངོན་སུམ་སྤྲོད་པར་འཕྱང་མོ་ཉུག་ཏུ་གྱུར་ཏོ། འོན་ཏང་ཇི་སྐད་དུ། མངོན་སུམ་མཐོང་ལ་སུ་ཡིས་བསྙོན་དུ་མེད། ཟེར་བ་དང་དོན་མཐུན་པར་སྣང་ངོ་། དེ་ནས་གྲོགས་གཉིས་དང་བསྡོངས་ནས་ངེད་ཅག་མི་ཟླ་ལྔ་པོ་མཆོད་རྟེན་དཀར་པོའི་གྲུ་བརྒྱབ་ནས་ཞག་ཁ་ཤས་སོང་བའི་སར་ཧོར་བྲག་མགོའི་འཇང་སྒང་བླ་མ་དཔོན་གཡོག་ཉི་ཤུ་སྐོར་དང་། ཏྲེ་བོའི་དྲུང་ཡིག་བློ་བཟང་ཚེ་རིང་། སྟོང་སྐོར་འབྲེ་ཡོམ་དཔོན་བཟའ་མི་གཉིས་ སོགས་ཁྱོན་བསྡོམས་དཔོན་གཡོག་བརྒྱ་སྐོར་ཞིག་དང་འཕྲད་ནས་མཉམ་པོར་འགྲོ་རྒྱུའི་གྲོས་བསྡུར་ཞིབ་ཏུ་བྱས་ནས་ཕྱིན་པས། དགེ་རྒྱས་མི་ལོག་རུ་བའི་ནང་ག་ཤེད་ཚུགས་ཕོག་པར་ཧོར་པ་བླ་མའི་མཛོ་གཅིག་རྐུ་ལ་ཤོར་བ་བློ་བཟང་ཚེ་རིང་དང་ངེད་རང་གཉིས་ར་མདར་ཕྱིན་ནས། ཉེར་སྐོར་གྱི་རུ་བ་དོགས་པ་སྐྱེས་ནས་ཡོད་སར་ཕྱིན་ནས་བསྡིགས་པས་འཕྲལ་དུ་མཛོ་བཤགས་པ་བཅས་ཚུར་གཏད་བྱུང་བས་གོ་ཆོད་ཀྱི་གྲལ་དུ་སླེབས། བླ་མས་སྔོན་ནས་ངོ་ཤེས་ཀྱི་འབྲེལ་ཡོད་པ་དང་། ཕྱིས་ཁོང་ལ་ཕན་ཐོགས་པ་ཡིན། ཞེས་བདག་རྐྱེན་དགའ་མོ་བྱུང་། དེ་ནས་བཟུང་འགྲོ་སྡོད་ཀྱི་ཚོད་སོགས་བདག་ལ་བཀལ་བྱུང་། འོན་ཀྱང་ཁོང་པ་ཕལ་ཆེར་གྱི་རྐུ་འཕྲོག་བརྡེག་བརྡུང་སོགས་ལ་ཅང་མི་སེམས་པ་དང་བླ་གྲ་རྣམས་ལྷ་མིན་གྱི་གྲོགས་བཞིན་མཛའ་བའི་གོ་སྐབས་བྲལ་བར་སུན་ནས་སོ་སོར་བསྡད་ཀྱང་རེ་ཞིག་གཞན་དབང་གིས་མཉམ་འགྲོགས་བྱས་སོ། དེ་ནས་ནག་ཆུར་སླེབས་དུས་སྐུ་ཞབས་སི་ཏུ་རིན་པོ་ཆེ་དང་། ས་སྐྱོང་སྡེ་དགེ་ནས་ཚོང་དཔོན་སྟག་རྒྱལ་དང་། དགེ་རྩེ་ཚེ་དབང་འབུམ་གཉིས་དབུས་གཙང་ཕྱོགས་སུ་ཚོགས་བསགས་ཀྱི་ཆེད་དང་། ཁྱད་པར་ཀུན་མཁྱེན་གདན་འདྲེན་ཞུ་ཡིག་དང་གཞུང་སར་དེ་ལྟར་གྱི་སྙན་སྒྲོན་བཅས་ཀྱི་ཆེད་དུ་མངགས་འདུག་པ་དང་འཕྲད་པས། རྒྱུ་མཚན་རྣམས་སྟག་རྒྱལ་གྱིས་ལབ་བྱུང་བར། ང་ལ་ཡང་རྫོགས་ཆེན་ནས་དེ་བཞིན་གྱི་ཡི་གེ་ཡོད་ཚུལ་སོགས་ཇི་བཞིན་བཤད་པས་འདོད་པ་མཉམ་པས་རང་ཅག་མཉམ་དུ་འགྲོ་རྒྱུའི་གྲོས་བྱས། ཁོང་དང་སྔོན་སྨོན་གྱི་འབྲེལ་བཟང་མངོན་གྱུར་ཇི་བཞིན་ངེད་ཅག་ལ་ཕན་ཐོགས་གང་དྲག་གནང་། ངེད་ཅག་ཐམས་ཅད་ཕྱོགས་གཅིག་ལྟ་བུའི་ལྷ་སར་ཕྱིན་ནས། ཧོར་པ་བླ་མ་དང་ངེད་རང་རྣམས་སྦྲ་ནག་ཤོག་ན་གནས་ཚང་ཆང་མ་ཡོད་པ་ཞིག་ཏུ་བསྡད་པས་ཁོང་པའི་གྲ་བ་ཚོས་ཆང་མ་རྣམས་དང་བཞད་བྲོ་སོགས་ཀྱི་རྩེ་སྣ་མང་པོས་ཤིན་ཏུ་སུན་པར་གྱུར་ཡང་རེ་ཞིག་མཉམ་དུ་བསྡད། དེར་ཇོ་ཤག་གཉིས་ལ་སྙན་ཤལ་དང་། མར་མེ་བརྒྱ་མཆོད། ཕྱག་སྐོར་སོགས་གང་ནུས་བགྱིས། ༧ སྐུ་ཞབས་ཀུན་མཁྱེན་རིན་པོ་ཆེའི་ཕྱོགས་ཀྱི་སྐད་ཆ་ཀུན་ལ་དྲིས་ཀྱང་བཤད་མཁན་སུ་ཡང་མ་བྱུང་། ལྷོ་ཁ་ནས་ཡིན་པའི་དགེ་ལུགས་པའི་གྲྭ་པ་གཅིག་ན་རེ། ཁྱོད་རང་དྲི་རྒྱུས་བླ་མ་དེ་གཤེགས་ཚར་ཟེར་ནས་ལོ་རྒྱུའི་ཞིབ་མོ་བྱས་བྱུང་བས་སྙིང་ཐོན་པ་ལྟ་བུའི་སྡུག་བསྔལ་བྱུང་ཡང་། ཡང་ཅུང་ཞིག་མནོ་བསམ་བཏང་བའི། ཁོ་རང་བཤད་པ་ལ་ངེས་པ་ཅི་ཡོད་སྙམ་ནས་གསོལ་བ་ནན་ཏུ་བཏབ་ནས་ཕྱིར་ཉིན་གླིང་སྐོར་ལ་ཕྱིན་པའི་ལྷོ་ཁའི་སྒྲུབ་པ་བ་བག་དྲོ་ནུས་པ་ཞིག་སྔུན་ནས་གླིང་སྐོར་ལ་འགྲོ་ཡིན་འདུག་པའི་རྗེས་ཟིན་པར་བྱས་ཏེ། སྒྲུབ་ཆེན་ལགས་གང་ནས་ཕེབས་ལ་སོགས་དྲི་བ་བྱས་པས། ཁོང་ལྷོ་ག་ཤེད་ནས། ༧ མཁྱེན་བརྩེ་རིན་པོ་ཆེའི་སློབ་བུ་ཡིན་ཚུལ་སོགས་ཞིབ་རྒྱས་བཤད་བྱུང་། ངས་ཁོང་རང་གི་བཤད་རྒྱུ་དེ་ཡིན་མིན་དོགས་ནས་ཚོད་བསྒམ་པའི་དྲི་བ་ཐམས་ཅད་ཇི་བཞིན་བཤད་བྱུང་བའི་ཐེ་ཚོམ་དང་བྲལ་ནས་གནས་ཁང་དུ་ངེད་རང་གཉིས་མཉམ་པོར་འབྱོན་པར་ཞུས་ཏེ། དགའ་སྟོན་ལྟ་བུའི་ཇ་ཆང་སོགས་བཟའ་བཏུང་ཕུལ་ནས། ངེད་རང་ཚོ་༧ཀུན་མཁྱེན་དམ་པའི་སྐུ་དྲུང་བསྙེགས་པ་ཡིན་ཀྱང་། གྲྭ་པ་ཞིག་གིས་གཤེགས་སོང་བའི་ལོ་རྒྱུས་ལབ་པར་སྙིང་མ་དགའ་ཡང་ཉིད་ནས་སྐད་སྙན་དེ་འདྲས་སྡུག་བསྔལ་བསལ་བ་སྐུ་དྲིན་ཆེ། ད་ཅིས་ཀྱང་ཇ་མར་མཚོན་ཙམ་གྱི་འབྲེལ་པ་ཞིག་བྱེད་དགོས་པས་བླུག་ས་ཅང་ཡོད་དམ་ཞུས་ནས་འབུལ་གྲབས་བྱས་པས་ད་ལྟ་ང་ལ་བླུག་ས་མེད་ཀྱང་དོ་དགོང་སང་ཉིན་གཉིས་གང་རུང་ལ་ང་སླེབ་ཡོང་། ངའི་བླ་མ་གཤེགས་སྨོན་བྱེད་མཁན་དེ་ལ་དཀོན་མཆོག་གསུམ་གྱིས་བཀའ་ཆད་ཕོབས། ང་རང་བླ་མའི་དྲུང་ནས་འདིར་སླེབས་བར་ལ་ཞག་བཅུ་དྲུག་ཙམ་ལས་མིན་ཟེར་ནས་གསལ་པོར་བཤད་ནས་གླིང་སྐོར་ལ་སོང་བ་ནམ་སླེབ་བསྒུགས་ཀྱང་སླེབ་མ་བྱུང་བར་ཐམས་ཅད་ལ་སྐད་ཆ་དྲིས་ཀྱང་བཤད་རྒྱུ་མི་འདུག་པ་དེ་འདྲ་གང་ཡིན་ན་སྙམ་པའི་དོགས་པ་སྐྱེས་སོ། དེ་ནས་སྟག་རྒྱལ་ཟླ་གྲོགས་ཟུང་རྗེས་སུ་བསྡད། ངེད་ཅག་སྔོན་ནས་ཕྱིན་པ་བསམ་ཡས་སུ་སླེབས། དེར་ལྷ་ཁང་ཐམས་ཅད་ཞིབ་མཇལ་དང་ཕྱག་སྐོར་མར་མེ་སྙན་ཤལ་བཅས་ཀྱི་ཚོགས་བསགས་གང་ནུས་བགྱིས། སྔོན་བཞིན་༧རྗེ་བཙུན་བླ་མའི་སྐད་ཆ་དྲིས་པར། ས་སྐྱ་ར་ལོ་གསུམ་བཞུགས་དགོས་ཚུལ་གྱི་སྐད་ཆ་བཤད་བྱུང་ཡང་། སྔོན་མ་ལྟར་ཡིན་ནམ་སྙམས་ནས་རྩེ་ཐང་གྲུ་ཁ་བསྙེགས་ཏེ་ཕྱིན་པ། དགེ་ལུགས་ཀྱི་གྲྭ་རྒོད་བན་མ་ཧོར་རྟ་པ་ཞིག་དང་མཉམ་དུ་མར་ཕྱིན་པས་ངེད་ཅག་གིས་རྒྱུ་མཚན་ཞིབ་དྲི་བྱས་བྱུང་བར་དྲང་པོར་མ་བཤད་པར། སྐུ་ཞབས་རྒྱལ་བ་རིན་པོ་ཆེ་མ་གཏོགས་མཁྱེན་བརྩེ་ཟེར་བ་སུ་གང་ཡང་ཡོད་དོགས་མེད་ཁྱེད་རང་བློ་ནོར་འདུག་པས་ངའི་རྗེས་སུ་ཤོག་དང་མཇལ་ཁ་ཞུ་རོགས་བྱེད་ཟེར། ང་རང་ཚིག་པ་ཤིན་ཏུ་ཟ་ནས་ཁྱོད་བློ་ནོར་ལམ་ནོར་དུ་སོང་། རྒྱལ་བ་རིན་པོ་ཆེ་ཤཱཀྱ་ཐུབ་པ་རེད་དེ་ཁྱོད་རང་གིས་མཇལ་བའི་སྐལ་བ་ཆད་པ་ཡིན། ངེད་ཅག་གི་རྒྱལ་བའི་རྒྱལ་ཚབ་མཁྱེན་བརྩེ་རིན་པོ་ཆེ་ཡིན། ཁྱོད་མཁྲིས་ནད་ཀྱིས་ཉེས་པས་དུང་དཀར་སེར་པོར་མཐོང་བའི་རྗེས་སུ་ངེད་རང་མི་འགྲོ་བྱས་ནས་རྫིག་རྫིག་བཏང་བས། ཁོ་རིངས་སྟབས་ཀྱིས་མི་དགའ་བའི་རྣམ་འགྱུར་གྱིས་ཁྲོས་ནས་ཐལ་ལོ། ངེད་ཅག་དལ་འགྲོས་ཀྱིས་རྩེ་ཐང་གྲུ་ཁར་སླེབས་འཕྲལ་གྲུ་གླ་སྤྲད་ནས་མགོན་མེད་ཀྱི་ཉེ་ཞོས་མ་རེག་པར་ཕར་ཁར་ཕྱིན། ཡར་ལུང་གྱེན་དེད་དུ་ཕྱིན་པས་མི་རྒན་ཞིག་དང་འཕྲད་པས་ཁོའི་ངེད་ཅག་གི་ལོ་རྒྱུས་དྲིས་པ་དྲང་པོར་བཤད་པས། དམྱལ་བའི་བྲེ་ཁ་མ་གང་བའི་སྡིག་པ་བྲེ་སོགས་ཕུལ་བསོག་བྱེད་པ་ཞིག་འདུག་པས། ༧ ཀུན་མཁྱེན་ལ་སྐུར་ཞུས་མང་པོ་བྱས་བྱུང་བའི། ངས་ཁོ་ལ་ཕུལ་ཐོ་བརྒྱབ་ནས་ས་ལ་བསྒྱེལ། རྡོག་པས་བརྡེགས། ལས་ངན་པོ། སྡིག་པའི་ཕུང་པོ་ཁྱོད་བསོད་ན་ཕན་ཡོན་ཆེ་བྱས་ནས་བསྡིགས་པས་ཕྱག་དང་བཅས་མཐོལ་བཤགས་བྱེད་པ་ལ་དགའ་ཉམས་བསྟན་ནས་ཕྱིན་པས་འཕྱོང་རྒྱས་རི་བོ་བདེ་ཆེན་གྱི་རྩར་སླེབས། དེར་ཡང་སྐད་ཆ་དྲིས་པས་གསལ་པོར་མ་བཤད་ཀྱང་། སྐད་ངན་ཡང་ལབ་མ་བྱུང་། དེ་ནས་དོན་མཁར་ལུང་པ་ནས་ཡར་ཕྱིན་པས་སྐྱེས་དམན་སེལ་པོར་ཆས་ཀ་བཅུག་ནས་ཁུར་བ་ཞིག་དང་འཕྲད་པར་སྐད་ཆ་དྲིས་པར། སྔོན་བཞིན་ས་སྐྱ་ནས་མར་ཕེབ་མ་ཐུབ་པའི་རྒྱུ་མཚན་ལབ་བྱུང་བས་བདེན་མོད་སྙམས་ནས་སེམས་སྡུག་དང་བཅས་ཏེ་ཕྱིན་ཀྱང་ས་སྐྱ་ཐག་དེ་ཙམ་ཅི་རིང་། དེར་མི་འགྲོ་ཐབས་མེད་ཡིན་སྙམས་ནས་ཡར་ཅུང་ཟད་ཕྱིན་པས་སྡེ་པ་པུ་ཤུའི་ཁང་པ་མཐོང་བྱུང་། ད་གདན་ས་གར་ཡོད་ན་སྙམས་པས་རིངས་སྟབས་ཀྱིས་འཕྲལ་དུ་ཕྱིན་ཞིང་། སྐད་ཆ་དྲིས་པས་༧ རྗེ་བཙུན་བླ་མ་སྡེ་པ་སར་བཞུགས་ཡོད་དོ་ཞེས་ཐོས་ཚེ་དགའ་བ་ཚད་མེད་ཀྱི་ངལ་གསོ་ཐོབ་པོ། ༈ མཁྱེ༵ན་རབ་འཇམ་དཔལ་རྣོན་པོའི་རྗེས་འགྲོ་ཞིང་། ཕྱག་ན་པདྨའི་བྱམས་བརྩེ༵འི་བདག་ཉིད་མཆོག། གསང་བདག་སྟོབས་མཐུའི་འོ༵ད་སྟོང་འབར་བའི་ཟེ༵ར། འཇིགས་མེད་གླིང་པ་བྱང་ཆུབ་བར་དུ་བསྙེན། བསྐལ་མང་གོང་ནས་ཚོགས་གཉིས་རིན་ཆེན་རྡུལ། ཡང་ཡང་སྤུངས་པའི་བང་རིམ་མངོན་མཐོ༵འི་རྟེན། མདོ་སྔགས་བསྟན་པའི་ཡིད་བཞིན་ལྷུན་པོ་མཆོག །བདག་སོགས་གདུལ་བྱའི་སྐལ་བར་ཐོབ་འདིས་འཚེངས། འདི་སྣང་དབང་སྡུད་རྩིབས་སྟོང་མ་ཡིན་ཡང་། རིམ་དགུའི་ཐེག་པར་དབང་སྒྱུར་གསེར་འཁོར་ལྡན། ཟག་བཅས་བདེ་སྐྱེད་མཛའ་མོར་ཞེན་མིན་ཡང་། ཟག་མེད་ཤེས་རབ་གསུམ་གྱི་བཙུན་མོར་རོལ། འཇིག་བཅས་ཟང་ཟིང་དགོས་འབྱུང་གཉེར་ཡིན་ཡང་། བསྟན་འགྲོར་ཕན་བདེའི་དགའ་སྟེར་ནོར་མཆོག་འཆང་། ཆོས་བརྒྱད་ལག་ལེན་བློན་པོ་སྤངས་མོད་ཀྱང་། ཕ་རོལ་ཕྱིན་བཅུའི་དཔལ་ལྡན་ཁྱིམ་བདག་ལྡན། རྨོངས་བརྟུལ་ཁེངས་དྲེགས་གཉིས་འཐུང་མ་ལགས་ཀྱང་། ཐེག་གསུམ་ཁུར་གྱིས་མི་དུབ་ས་སྲུང་འཛོམས། འཁོར་བར་དཀྱུ་བའི་ཤུགས་འགྲོས་རབ་བཏང་ཡང་། འགྱུར་མེད་བདེ་ཆེན་ཞིང་བགྲོད་རྟ་མཆོག་ལྡན། སྡང་ཞེན་ལོག་སྦྱོར་དམག་དཔོན་མ་འཛོམ་ཡང་། ངན་སོང་གཡུལ་ངོ་བཟློག་པའི་དམག་དཔོན་དཔའ། འཕགས་ནོར་བདུན་གྱི་ཁྱད་པར་དམ་པ་འདིས། སྲིད་གསུམ་བདག་པོའི་ཁེངས་པ་ཟིལ་གྱིས་གནོན། དེ་ལྟའི་རྒྱལ་ཀུན་སྤྱི་གཟུགས་བླ་མ་རྗེ། མཇལ་བའི་མོད་ལ་འཁོར་བ་ཕྱིར་བསྙིལ་ལོ། དེ་ཡང་ངེད་ཅག་རྣམས་དེར་སླེབས་མ་ཐག །གནས་ཁང་ཞིག་ཏུ་ཁལ་རྣམས་ཕོག་འཕྲལ་ཇ་ཆང་གི་སྐྱེམས་ཀྱིས་སྐོམ་པ་བསལ་ནས་རྗེ་བཙུན་དམ་པའི་ཞབས་དྲུང་དུ་མཇལ་ཕྱག་ལ་ཤོག་གསུངས་བཞིན་སྡེ་བ་པུ་ཤུའི་རྫོང་དུ་བཞུགས་གདན་འཇགས་འདུག་པའི་ག་ལ་བ་དེར་སོང་ངོ་། དེའི་ཚེ་སྐྱེས་མཆོག་དམ་པ་དེ་ཉིད་མཐོང་ན་མི་མཐུན་པ་མེད་པའི་རྣལ་འབྱོར་གྱི་དབང་ཕྱུག་མདའ་མཁན་ཞབས་ཀྱི་བརྟུལ་ཞུགས་ངོམ་བཞིན་ཞལ་འཛུམ་པ་དང་བཅས་ཏེ། གསུང་བྱམས་བརྩེའི་དབྱངས་ཀྱིས་བཤུལ་ལམ་གྱི་ལེགས་ཉེས་རྒྱུ་མཚན་ཐམས་ཅད་ཡོངས་སུ་རྫོགས་པ་བཀའ་དྲི་གནང་མཐར། ཅུང་ཞིག་བཞུགས་ནས་ཁོང་པའི་མདང་སུམ་བྱང་ཆུབ་སེམས་དཔའ་ཞིག་དང་འཕྲད་པ་རྨིས་པས་དེ་ཁྱོད་རང་ཡིན་པར་འདུག་གསུང་ནས་དགྱེས་ཚོར་རྒྱ་ཆེན་པོ་གནང་། ཐུགས་དམ་ཅི་འདྲ་བྱུང་བ་ཡིན་ཞེས་ཞུས་པས། ས་སྐྱ་གོང་མ་བདག་ཆེན་རིན་པོ་ཆེ་ཕེབས་བྱུང་ནས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་པ་ཞིག་རྨིས་གསུངས། གྲལ་དེར་སྡོད་རིང་ལ་རིག་འཛིན་འདུས་པ་དང་ཚེ་རིང་མཆེད་ལྔ་གཉིས་ཀའི་ལུང་གནང་ནས། ས་ཐག་རིང་པོ་དེ་ནས་ང་རང་བསྙེགས་ཏེ་འོང་བ་སྙིང་རེ་རྗེ། སྔོན་སྨོན་གྱི་དབང་གིས་ཡིན། ལན་མང་དུ་གསུངས། གཞན་ཡང་སྣང་བ་ཟིལ་གྱིས་གནོན་པའི་གསུང་འཕྲོས་མང་དུ་གནང་ཞིང་བཟའ་བཏུང་སྤྱོད་དུ་གང་ནུས་ཀྱི་དགའ་སྟོན་ཡང་ཐོབ། དཔེར་ན་བརྩེ་གདུང་ཆེ་བའི་མ་བུ་གཉིས་སོ་སོར་གྱེས་པ་སྐབས་ཤིག་ཏུ་འཕྲད་པ་ལྟ་བུའི་ཤིན་ཏུ་བརྩེ་བའི་རྣམ་འགྱུར་མང་དུ་གནང་བྱུང་། དེར་རྫོགས་ཆེན་རིན་པོ་ཆེའི་ཞུ་ཤོག་དང་། གསུང་འཕྲོས་ཐམས་ཅད་ཇི་བཞིན་དུ་བསྐྱར་ནས་ཞུས་པས་དངོས་མཇལ་ཇི་བཞིན་དགྱེས་ཚོར་རྒྱ་ཆེན་གནང་ནས། ངེད་རང་གཉིས་དངོས་སུ་མ་འཕྲད་པ་བསྟན་པའི་ཀེག་ཆགས་སུ་སོང་ཞེས་ཐུགས་ཁྲལ་གནང་ཚུལ་དང་། ད་འོ་ན་ཁྱེད་རང་རྟེན་འབྲེལ་གྱི་མཐུན་སྦྱོར་དུ་སོང་བ་དེས་གོ་བཅད་གསུངས་ནས། ཅུང་ཞིག་མཉམ་བཞག་ལ་བཞུགས་ཚུལ་གནང་། དེ་ནས་ཡང་ང་རང་གི་རྫོགས་ཆེན་ཞུ་ཤོག་ན་གདན་འདྲེན་ཡོད་པ་ཇི་བཞིན། ༧ རྫོགས་ཆེན་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས། ༧ ཀུན་མཁྱེན་ཅིས་ཀྱང་གདན་འདྲེན་ཐུབ་དགོས་ཀྱི་བཀའ་བཀོད་ཡོད་ཚུལ་ཞིབ་རྒྱས་ཞུས་པས། ད་ནི་ང་རང་བགྲང་བྱ་མཐོ་བས་ས་ཆུ་ལོག་མིན་དུ་ཕྱིན་ན། སྐུ་ཚེའི་བར་ཆད་དུ་འགྲོ་ཚུལ་དང་། གདམས་པ་ཚང་མ་ཁྱོད་ལ་བྱིན་ན་དེས་ཡོང་གསུངས་པས། ཡར་ཞུ་མང་པོ་ཕུལ་ན། ༧ ཐུགས་ཁྲེལ་གནང་དོགས་ཀྱིས་དེ་ཙམ་ལ་ཆ་བཞག་བྱས། སྐབས་དེར་ཉིང་འཁྲུལ་དུ། གཏེར་སྟོན་ཤེས་རབ་ཟེར་བ་གཟི་བརྗིད་ལྡན་པ་ཞིག་ལ་གཏེར་གྲོགས་ཡང་དེ་མཚུངས་མདའ་དར་ཐོགས་པ། སྟངས་དཔྱལ་གཉིས་པོ་རི་ངོས་ཞིག་ནས་ཡར་ཕེབས་ཀྱིན་འདུག་པར་ང་རང་འཕྲད་པས། རྒྱ་གར་གྱི་རི་བོ་མཆོག་གི་རྩེ་མོར་གཏེར་ཞིག་བླང་རྒྱུ་ཡོད་པས་ཁྱོད་རང་འགྲོ་འདོད་དམ་ཟེར། ངས་དེ་བཞིན་བྱའོ་བྱས་ནས་རྗེས་སུ་འབྲངས་ཏེ་ཕྱིན་པས་ཅི་ཞིག་ན་རི་མཐོན་པོ་རྩེ་མོ་བྲག་རི་ཡོད་པ་ཞིག་གི་གམ་དུ་ཕྱིན་པས། གཏེར་སྟོན་བྲག་རིའི་གམ་དུ་སླེབས་ཙམ་ནས་ང་ལ་ཐུ་བ་ཟེད་གསུངས་བྱུང་བས། ངའི་རས་དཀར་གྱི་གཟན་ཅིག་གྱོན་འདུག་པའི་ཐུ་བར་ཙན་དན་དམར་པོ་ལས་བྱས་པའི་སློབ་དཔོན་ཟ་ཧོར་མའི་སྐུ་རབ་ཏུ་མང་པོ་ཞིག་བླུགས་བྱུང་བས་གཟན་ཡོངས་སུ་ཁེངས་པར་བྱས་པ་དང་། མཉམ་དུ་གཉིད་སད་ཚེ་ཉི་སྐོར་རྣམས་དྲི་བཟང་གིས་ཁྱབ་འདུག །ནང་པར་༧སྐྱབས་རྗེ་ལ་དེ་ཚུལ་ཞུས་པས་ཐུགས་མཉེས་ཚུལ་གྱི་བཀའ་དྲིན་ཐོབ་བྱུང་། དེ་ནས་བཟུང་གང་གི་དགོངས་གཏེར་སྐོར་དང་། ཡོན་ཏན་མཛོད་རྩ་འགྲེལ་ཀློང་ཆེན་གྱི་ཤིང་རྟ་རྣམ་གསུམ་སོགས་ལུང་དང་། དེ་དག་ཕལ་ཆེར་གྱི་ཁྲིད། ཆོ་གའི་ལག་ལེན་དབྱངས་གདངས་བཅས་ཞར་དུ་བསླབ་གནང་མཛད། ཀློང་ཆེན་པའི་དགེ་བ་གསུམ་གྱི་དོན་ཁྲིད་སོགས། མཛོད་བདུན་དང་ཤིང་རྟ་གཉིས་ཀའི་ཁྲིད་ཡིག་གང་ཡོད་ཀྱི་དཔེ་ཁྲིད་ཞིབ་ཏུ་བཏབ། ཁྱད་པར་ཀློང་སྙིང་གི་ཁྲིད་ཀྱི་སྦྱངས་པ་སྙིང་ཚིམ་པར་བྱས། རྙིང་རྒྱུད་ཀྱི་རྫོགས་ཆེན་སྐོར་རིན་པོ་ཆེ་ཉིད་ཀྱིས་གསུངས་ཤིང་གཞན་རྣམ་རྭ་སྟོན་སྤྲུལ་པའི་སྐུས་གནང་བར་གླེགས་བམ་རེ་རྫོགས་པ་བྱས། བཀའ་གཏད་སྨོན་ལམ་རྒྱ་ཆེན་པོ་གནང་། ཚན་གྲངས་ལུང་བརྒྱུད་མེད་པ་ཁ་ཤས་འདུག་པ་འདི་དག་སྔ་མོ་ཞིག་ལུང་རྒྱུན་ཆད་དམ་སྙམ་ཡང་དེ་ལ་དོགས་མི་དགོས། ཁོ་བོ་ལ་རྒྱལ་བ་དགོངས་བརྒྱུད་རྫོགས་ཏེ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། བླ་མ་བྱ་བ་ཡོད་མིན་ཏེ། དབང་བསྐུར་རྒྱུད་བཤད་མཁན་པོ་མེད། བརྒྱུད་པ་འཛིན་པ་རྣམ་རྟོག་ཡིན། ཞེས་དང་། རིག་འཛིན་བརྡ་བརྒྱུད་ཡང་ཚང་སྟེ། བརྡའ་དང་བརྡའ་མཚོན་གོ་བ་ནི། དབང་གི་ནང་ནས་དབང་བཀའ་འོ། །ཞེས་སོ། གང་ཟག་སྙན་བརྒྱུད་ནི། དཔེ་ལ་བལྟས་ནས་དོན་གོ་བ་ལ་ཟེར་ཏེ་སྔོན་ཀླུ་སྒྲུབ་ཀྱིས་ཨོ་རྒྱན་གནྫོ་ལ་ནས་བདེ་མཆོག་གི་རྒྱུད་བརྐུས་ཏེ་བྲོས་ཚེ་མཁའ་འགྲོ་མ་རྣམས་ཀྱིས་རྗེས་བསྙེགས་ཀྱང་མ་ཟིན་པས་ཁྱོད་ཀླུ་གྲུབ་པ་ཡིན་སྲིད་ཀྱིས་ཆོས་དེའི་སྒོ་ནས་འགྲོ་དོན་གྱིས་གསུང་པའི་དབང་ལུང་ཡོངས་རྫོགས་ཐོབ་པའི་དཔེ་ལྟར། ཁོ་བོས་ཆོས་ཉིད་དེ་བཞིན་ཉིད་ཀྱི་དགོངས་དོན་ཕྱིན་ཅི་མ་ལོག་པ་རྟོགས་པ་དང་། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་སུམ་དུ་སྤྲད་པ། ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་གླེགས་བམ་གནང་བ་སོགས་ཀྱིས་བརྒྱུད་པ་གསུམ་ག་བདག་ལ་ཐུགས་པར་བགྲང་ཆོག་པའི་བཀའ་ལུང་ཆད་པ་རྣམས་གསོ་ནུས་པར་གདོན་མི་ཟ་བས། དེང་ཕྱིན་ཆད་རྙིང་རྒྱུད་ཡོངས་རྫོགས་ཀྱི་ལུང་ཚང་མ་གནང་ཆོག་པ་ཡིན་ཞེས་འཇིགས་མེད་སྨྲ་བའི་གདོང་ལྔའི་སྒྲ་དབྱངས་བསྒྲགས་ཚེ། ལོག་པར་འཛིན་པའི་ཝ་སྤྲེལ་གྱི་ཚོགས་ཀུན་རང་རང་གི་གཞུང་ཀུན་བློ་གྲོས་དམན་པས་ནོགས་ཏེ་མགྲིན་བཟང་མུན་པར་ཞུགས་པ་ལྟ་བུའི་མགོ་འཐོམ་དང་། ཕག་ཚང་དབྱུག་པས་དཀྲོག་པ་ལྟར་ཟི་ལོང་། དབུལ་པོ་ནོར་བུ་རྙེད་པ་བཞིན་རང་བཞུགས་འདོད་ཚུལ་རྣམས་ཉམ་ཆུང་བར་མཐོང་ནས་ཡི་མུག་གི་གནས་སུ་གྱུར་ཏོ། སྐབས་འདིར་བདག་ཅག་མཆེད་ལྕམ་ཉི་ཤུ་སྐོར་ལ་བླ་མ་དགོངས་པ་འདུས་པའི་དབང་ཆེན་ལྔ་བ་རིན་པོ་ཆེའི་གསན་ཡིག་དཔང་བཞག་ལྟར་གྱིས་བཀའ་དྲིན་བསྩལ་བ་ནི། སྐལ་པ་བཟང་པོའི་དགེ་མཚན་མངོན་དུ་གྱུར་པའོ། སྐབས་དེའི་ཚེ། དགོངས་འདུས་ཀྱི་དབང་མོ་ཆེའི་ཡེ་ཤེས་དབབ་པའི་དུས་སུ་ང་རང་གི་སྣང་བ་འགགས་ནས་བསམ་བྱ་མེད་པར་གྱུར་པའི་དར་ཞིག་ན། བུ་ཆུང་དང་སྨྱོན་པ་བཞིན་ཀུན་རྟོག་འགག་པ་མེད་པ་མ་བཅོས་པའི་རང་རྩལ་ལས། ཡབ་རྗེ་རྡོ་རྗེ་འཆང་དབང་མངའ་བདག་ཉི་མ་འོད་ཟེར་དང་། འན་བུ་སངས་རྒྱས་གླིང་པ་ཡིན་པར་ངེས་པ་གཉིད་དུ་འགྲོ་ཁའི་ཉེ་དུ་འཚོགས་པ་སད་ཚེ་དབང་མེད་དུ་ཤེས་པ་ལྟར་སོམ་ཉི་སྤུ་ཙམ་མེད་པར་གསལ་ནས་དབང་མ་ཚར་བར་དུ་དེ་བཞིན་དུ་གྱུར་ཏོ། སྐབས་དེར་བྱང་ཆུབ་སེམས་སྡོམ་གྱི་འབོག་ཆོག་གནང་རྒྱུའི་ནུབ་བྱང་ཆུབ་མཆོད་རྟེན་ཞིག་གི་རྩར་བདག་སླེབས་ཙ་ན། ༧ ཡབ་རྗེ་རིན་པོ་ཆེ་ཡང་དེར་འགྲེང་སྟབས་སུ་ཞལ་མཆོད་རྟེན་ལ་ཕྱོགས་པའི་ཕྱག་ན་ལྕགས་གཟོང་ཞིག་བསྣམས་པ་བདག་ལ་གཏད་ནས་འདིའི་བང་རིམ་བཞི་པ་ན་གཏེར་ཞིག་ཡོད་པ་ཁྱོད་ཀྱིས་ཐོན་ཅིག་ཅེས་གསུངས་བ་བཞིན་བྱས་པས་དེར་རིང་བསྲེལ་དཀར་ཡོལ་བཀང་པ་ཟུང་དང་། སྡེར་མ་ཞིག་ན་བྲམ་ཟེ་སྐྱེ་བདུན་གྱི་སྐུ་ཤ་ཡིན་ཟེར་བ་ཞིག་དང་གསུམ་འདུག་པ་བླངས་ནས། རིང་བསྲེལ་སྣོད་ཅས་བཅིག་ཤོས་བཛྲ་གུ་རུ་རིན་པོ་ཆེར་ཕུལ། ལྷག་མ་དེ་ནས་བན་སྐྱ་བུད་མེད་ཤིན་ཏུ་མང་རབ་ལ་འགྱེད་ཀྱང་། སྤར་མོ་གང་བླང་ཚེ་དེ་ལས་ལྷག་ཙམ་དུ་གྱུར་ནས་ཐུག་པ་མེད་པར་འཕེལ་ཚེ། མ་ཧཱ་གུ་རུ་རཏྣས་མཆོད་རྟེན་དང་རིང་བསྲེལ་སོགས་སངས་རྒྱས་འོད་སྲུང་གི་ཡིན་པར་ཞལ་བཞེས་གནང་བར་རྨིས་ཡང་སྐབས་དེ་ཞིག་ཏུ་སྔ་ཕྱི་ནམ་ཡིན་ངོ་མ་འཚལ་ཡང་། གཡུའི་སྦལ་པ་རིན་པོ་ཆེའི་དབུ་རྒྱན་རིགས་ལྔའི་གྲངས་ཡོད་པ་ཞིག་གིས་ལྟ་སྒོམ་སྤྱོད་འབྲས་བཞི་ལས་བརྩམ་པའི་མགུར་དབྱངས་འཐེན་པ་ཇི་བཞིན་ཡི་གེར་བཀོད་ནས། ༧ སྐྱབས་རྗེར་ཕུལ་བས་གནས་འདིར་ཀླུ་པ་ལ་གནས་པ་ཞིག་ཡོད་པས་དེ་ཡིན་པར་གདོན་མི་ཟའོ་གསུང་འཕྲོས་གནང་ནས་དགྱེས་ཚུལ་མཛད་བྱུང་། ཡང་མནལ་ལམ་དུ་བུད་མེད་ཤིན་ཏུ་མི་སྡུག་པ་ཁ་དོག་ནག་ལ་འཇིགས་པ་སེན་མོ་ཤིན་ཏུ་རིང་བ་ཞིག་གིས་ང་རང་ལ་འཁྱུད་ནས་ལག་པ་ཕན་ཚུན་གྱི་སེན་མོ་མདུད་པ་བྱེད་པའི་རྣམ་འགྱུར་མ་རུངས་པ་ངོམ་པ་ཞིག་རྨིས་ཚེ། དང་པོ་ཡི་དམ་བསྒོམས་ནས་དྲག་སྔགས་བཟླས་ཀྱང་མ་ཕན། དེ་ནས་བྱམས་སྙིང་རྗེ་བསྒོམས་པས་ཀྱང་མ་ཞི། རྗེས་སུ་ཆོས་ཐམས་ཅད་ཀྱང་རང་བཞིན་སྟོང་པ། སྟོང་པར་སྟོང་པས་ཀྱང་མི་མཚོན་པའི་དོན་ལ་མཉམ་པར་བཞག་པས་རང་གྲོལ་དུ་གྱུར་ཏོ། གཞན་ཡང་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་གྲོལ་ཐིག་དགོངས་པ་རང་གྲོལ་གྱི་དབང་ལུང་། དེའི་ཐུགས་ཆེན་དང་རྟ་མགྲིན་གཉིས་ཀའི་དབང་ལུང་སོགས་མང་དུ་མཉན་ནས་རང་ཡུལ་དུ་ཕྱོགས་སྐབས་ཆོས་འཁོར་རྣམ་གསུམ་སོགས་སུ་མཆོད་འབུལ་གང་ནུས་དང་། ཕྱག་སྐོར་བཅས་ནན་ཏན་བྱས་ཁྱད་པར་རྟེན་གསུམ་བྱིན་ཅན་ཀུན་གྱི་ག་ལ་བ་དེར། སྨོན་འཇུག་གི་དོན་ལ་འདུན་པའི་བྱང་སྡོམ་དང་འབྲེལ་པར་གཞན་དོན་རྒྱ་ཆེན་འགྲུབ་པའི་སྨོན་ལམ་རང་འདོད་ཀྱི་དམིགས་པ་མེད་པར་བཏབ་ནས་བྱང་འདམ་གཞུང་དུ་བརྒྱ་དཔོན་གུ་རུའི་སར་སླེབས་ཚེ། སྐྱབས་རྗེ་དང་བྲལ་བ་མ་བུ་འབྲེལ་བཟང་སོ་སོར་གྱེས་པ་ལྟར་འགྱོད་སེམས་བཟོད་དུ་མེད་པར་བྱུང་བས་རང་སྡུག་རང་གིས་བསལ་ཞིང་མར་ལམ་གྱི་རྒྱགས་ཆས་རྣམས་མར་ཐོག་ཏུ་བསྒྲིལ་ཞིར་ཕྱིར་ལོག་ནས། ༧ ཡབ་རྗེའི་དྲུང་བསྙགས་ཏེ་ཕྱིན་པས་དགྱེས་ཚོར་བླ་ན་མེད་པ་གནང་བཞིན་དབང་བཀའ་ཁ་ཤས་དང་སྨོན་ལམ་གཏད་རྒྱས་དབང་བསྐུར་གཟེངས་བསྟོད་གནང་ནས་རང་ཡུལ་དུ་ཕྱོགས་སོ། །སྔར་གྱི་གནས་ཚང་དུ་སླེབས་ཚེ་རྫོགས་ཆེན་གཉེར་བཀླུ་འབུམ་གྱིས་སྨིན་གླིང་གི་གར་མཁན་གདན་འདྲེན་བྱས་པ་དང་སྟབས་ཅིག་གསེར་རྔ་མང་རབ་ཅིག་ཀྱང་བཀལ་ནས་རྟེན་འབྲེལ་འགྲིགས་འགྲིགས་འགའ་བཤད་ཀྱང་བླུན་རྨོངས་བློ་ཆུང་གི་བསམ་སྤྱོད་ཀྱིས་ཕན་མི་ཐོགས་ཀྱི་སྟེང་དུ་གནོད་པའི་རྒྱུར་འགྲོ་ངེས་སུ་གསལ་ཡང་ཁོ་བོ་ནི་དེ་སྐབས་ལུགས་ཟུང་གང་ཐད་ནས་ཀྱང་དད་ལྡན་ཁ་ཤས་མ་གཏོགས་མཆོག་དམན་སུས་ཀྱང་བསྔགས་འོས་སུ་མི་འཛིན་པས་བླང་དོར་བཤད་ཀྱང་ཐོག་ཏུ་ག་ལ་ཁེལ། ང་རང་གིས་མཆོག་དམན་གང་ལ་འང་ཕན་འདོགས་ཀྱི་བསམ་སྤྱོད་ལས་གནོད་འཚེ་མེད་པའི་དོན་གྱིས་ཁོང་ཅག་མགྲིན་བཟང་མི་སྐད་སྒྲ་གཟུང་པ་བཟའ་བཏུང་བསྟོབ་ཕྱིར་མགྲོན་དུ་བསོ་པས་འོང་མ་འདོད་ཚེ། འབོད་མཁན་བསྡིགས་པོ་ཕྱིར་དྲིལ་དུ་འཕངས་པས་དུམ་བུར་ཆག་པ་རྟེན་འབྲེལ་ལོག་པར་གོ། དེ་ནས་ངེད་ཅག་མཉམ་དུ་ཁམས་སུ་ཕྱིན་ཀྱང་དགྲའི་འདུ་ཤེས་ལས་ཅི་ཡང་མ་བྱུང་། ཁམས་ཟླ་ཆུའི་སྟོད་དུ་ཕྱིན་སྐབས་ཁྲོམ་ཟ་གོང་མའི་ཟི་ལིང་མགྲོན་མང་རབ་ཅིག་འབྲུམ་ནད་ཀྱིས་ཤི་བ་དང་དུས་འགྲིགས་པས་བྱང་ཆོག་དང་གཅོད་ཚོགས་སོགས་བྱས་པའི་ཡོན་རྟ་ནོར་ལྔ་བཅུ་ཙམ་བྱུང་། དུས་དེར་འབར་ཆུང་བཀྲ་ཤིས་རྒྱ་མཚོ་ཞེས་མདོ་སྔགས་གཉིས་ཀྱི་བསྟན་པའི་མངའ་བདག་ཆེན་པོ་གང་ལ་སྨིན་གྲོལ་གྱི་གདམས་པ་མཉན་པར་ཡིད་ཕྱོགས་སོ། ༈ མཆོག་ཏུ་མི་འགྱུ༵ར་རྡོ་རྗེའི་ཁམས། འགོག་མེ༵ད་གདུལ་བྱར་ཡོངས་ཤར་གཟུགས། བཀྲ༵་ཤིས་རྫས་མཆོག་མ་ཎི་ཀ༔ དད་པ་རྒྱ༵་མཚོ༵འི་དབུས་སུ་རོལ། དམ་པ་རིན་པོ་ཆེ་གང་གི་ཞལ་སྔ་ནས་ཀྱིས། བཀའ་བརྒྱད་བདེ་གཤེགས་འདུས་པ་པུ་ཏི་དགུའི་དབང་ལུང་ཚང་མ། འདོད་འཇོ་བུམ་བཟང་གི་དབང་ལུང་ཁ་ཚང་། ཡུམ་རྒྱས་པ་གླེགས་བམ་བཅུ་གཉིས་དང་། རྒྱ་རོལ་བསྐལ་བཟང་བཅས་དང་། གོ་རམ་པ་བསོད་ནམས་སེང་གེའི་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་དབང་སོགས་ཞུས་ནས། རྟ་གཅིག་མཛོ་ཕོ་མོ་བཅུ་རྣམས་དབང་ཡོན་ཕུལ། དེ་ནས་རྫོགས་ཆེན་དུ་ཕྱིན། སྐྱབས་མགོན་མཆོག་སྤྲུལ་དང་དཔོན་སློབ་གཉིས་ཀའི་ཞབས་དྲུང་དུ། ཆིབས་རྟ་རོལ། མཛོ། དབུས་ནོམ་ཁ་ཤས་བཅས་དགུ་ཚན། སྒྲུབ་སྡེ་མཆོད་ཟོང་ལ་མཛོ་ཕོ་མོ་ཆེ་ཆུང་སོ་བཞི་ཕུལ། སྐབས་དེར་༧སྐྱབས་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེས་ཁྱོད་རང་ལན་གཅིག་ཕ་ཡུལ་དུ་འགྲོ་དགོས་སུ་འདུག །ཅིའི་ཕྱིར་ན་ས་སྨད་པའི་མི་འདི་ཚོ་གླེན་པ་ཨུ་ཚུགས་ཆེ་སྟབས་ཀྱིས་ཁོང་ལ་འང་ཞུ་ལོག་མང་པོ་བྱས་དང་བྱེད་འགྱུར་ལྟར་འདུག་གསུང་བྱུང་། རེ་ཞིག་འགྲོ་མི་དགོས་ཐབས་ནན་དུ་ཞུས་ཀྱང་བཀའ་ནན་ཡང་ཡང་གནང་བས་བཀའ་གཅོག་མ་ཕོད་ནས་ཕ་ཡུལ་དུ་ཕྱིན་པས་ནུ་བོ་གཉིས་ཡོད་པ། ཆེ་བ་དུས་ཡོལ་ནས་ལོ་ཁ་ཤས་སོང་འདུག་འོན་ཀྱང་མགོ་ལོག་རྡོ་པ་གཉིས་ཀ་ནས་བསོད་དང་མར་ཆུར་ཕུལ། ཟོག་ཀྱང་ཉུང་ཤས་བྱུང་། དེ་ཚེ་མགོ་ལོག་ཨ་སྐྱོང་གི་དཔོན་བསོད་ནམས་ནོར་བུ་བྲོ་འཚལ་བར་ཕན་དུ་རེ་ནས་ཚབ་ཚ་ཀརྨ་རིན་ཆེན་གདན་འདྲེན་བྱས་འདུག་པར། ང་རང་ཡང་རྨ་ཁར་ཁྱི་ཚིལ་གྱི་དཔེར་བོས་ཚེ། ཚབ་ཚས་ཚེ་སྒྲུབ་ཟླ་འཁོར་མ་ཞིག་བསྒྲུབ་རྒྱུ་དང་། ང་རང་ལ་གུར་དྲག་སྒྲུབ་ཟེར་བྱུང་བཞིན་བསྒྲུབས། དེ་སྐབས་མནལ་ལམ་དུ་བྱད་ལྟས་མ་རུངས་པ་དང་། ཁྱད་པར་ནད་པ་ཡུན་རིང་མི་འགྱང་པར་ལྔ་ལམ་སྙོགས་པའི་ལྟས་གསལ་བར་གྱུར་ཚེ། ང་རང་མི་རྒྱུད་དྲང་ཐལ་བའི་སྐྱོན་གྱིས་ཚབ་ཚ་ལ་ཚེ་སྒྲུབ་མི་འཐད་ཚུལ་ལབ་ཀྱང་མ་ཉན་ནས་མཚམས་བསྡམས། གཞན་རྣམས་ལ་དེ་ཚུལ་གྱི་སྐད་ངན་ལབ་ན་ནད་པ་ཉེ་དུ་བཅས་མཉམ་ཤི་ལྟར་འདུག་པས་ཁ་རོག་བསྡད། ད་ཅི་དྲག་སྙམ་ཙ་ན་ཞག་ཀག་གསལ་བ་ཇི་བཞིན་ཡི་གེར་བྲིས་ནས་ཁོ་རང་ཚང་གི་མཆོད་དཔོན་ཞིག་འདུག་པར་ཞལ་ཟས་ཆེ་བ་ཞིག །བཅོས་བཅུག་པའི་གཟུངས་གཞུག་ཏུ་བཞག་ནས། ཞག་དུས་འདི་བཞིན་ཐེམ་ཙ་ནས་ལྟོས་ཤིག་བྱས་ནས་ཐེག་པའི་ཤུལ་དུ་ཇི་ལྟ་བ་བཞིན་ཐོག་ཏུ་ཁེལ་ཚེ། གཞན་གྱིས་མངོན་ཤེས་མཁན་དུ་བཟུང་ཡང་། ང་རང་གིས་ལྷ་མིན་གྱི་འཇུག་སྒོ་འདྲ་ཡིན་མིན་བརྟགས་དཔྱད་ཀྱང་བྱས་པས་ང་རྒྱལ་དང་རློམ་སེམས་མི་འདུག་པས་ངན་ལྟས་མིན་པར་སྟངས་བཅད། དེར་མགོ་ལོག་སྟོད་སྨད་ཕལ་ཆེར་ཉུལ་ཞིང་ཆོས་དང་དམ་རྫས་ཀྱི་འབྲེལ་བ་བྱས་ནས་རྡོ་ཡུལ་དུ་ལོག་ཚེ་དཔོན་རྒན་མ། ཨ་སྐྱོང་བཟའ་ན་རེ། ཁྱོད་ས་མཐའ་དང་སེམས་མཐའ་གཉིས་ཀ་ཆོད་པའི་ཆོས་པ་བཟང་པོ་ཡིན་པས་རང་རེའི་ཡུལ་འདིར་དགོན་པ་ཞིག་འདེབས་དགོས་ཟེར་ནས་ནན་ཏན་བྱས་བྱུང་བར། ཤུག་ཆེན་སྟག་མགོར་བསང་བཏང་། ཐོ་བཞག །ནོར་ཁ་ཤས་དང་། ནས་སྒྲོ་གསུམ་བཞི་ཙམ་བཞག་ནས་རྫོགས་ཆེན་དགོན་དུ་སླེབས་འཕྲལ་ཕྱིར་འོང་རྒྱུའི་ཆད་ཐོ་བྱས་ཤིང་། ནས་སྒྲོ་བ་བརྒྱ་དང་ཉེར་བཞི་འདུག་པས། མཁོ་བྱ་དགོས་ན་ལེན་མཁན་མངག་རོགས་ཀྱིས་ཞེས་དགོན་ཆེན་དུ་བང་མི་མངགས་པས། མགྱོགས་པར་བསུ་མཁན་ཁལ་བཅས་སླེབས་བྱུང་། དེ་དུས་ང་རང་གི་ནུ་བོ་ཚང་དང་། སྲིང་མོ་ཚང་། རང་དང་གསུམ་སྡོམས་ཀྱིས་བཛྲ་གུ་རུ་དུང་ཕྱུར་གྱི་ཡོན་འབུལ་དུ་འཁོར་དྲུག་སུམ་ཅུའི་རྟ་ནོར་དེད་ནས་ནུ་བོ་གཡོག་གཉིས་བཅས་ངེད་ཅག་ཀུན་རང་དགོན་དུ་སླེབས། དེར་སྤྲུལ་པའི་སྐུ་རིན་པོ་ཆེ་དང་དཔོན་སློབ་རྣམ་གཉིས་ཀྱི་ཞབས་དྲུང་དུ། ས་སྨད་ནས་ནོར་ཆས་གང་རྙེད་ཐམས་ཅད་དང་། ནས་ཀྱང་གྲོ་རྩམ་བྱེད་རྒྱུ་ཉུང་ཟད་མ་གཏོགས་ཡོངས་རྫོགས་ཕུལ། ནུ་བོ་སོགས་ལ་དབང་བསྐུར་བྱིན་རླབས་ནན་ཏུར་ཞུ་བཅུག་ནས་ཕ་ཡུལ་དུ་ཐེག །ངེད་ཅག་དེར་རེ་ཞིག་བསྡད་ཚེ་ངའི་རྩར་སོག་ཕྲུག་ཞིག་ཡོད་པ་ཚ་རིམས་ཤིན་ཏུ་མ་རུངས་པས་ཐེབས་ནས་ཟླ་ངོ་གཉིས་ཙམ་ལ་ང་རང་གིས་ནད་གཡོག་བྱེད་དགོས་བྱུང་། གཞན་ལ་ལས་བཅོས་ན་ཕན་འདོགས་རེ་ཡང་། གཅན་གཟན་གྱི་ཟླ་བོ་ཚོས་དགའ་སྔ། འཁང་མགྱོགས་ཀྱི་བརྟུལ་ཞུགས་ལས་ཅི་ཡང་མེད་པའི་ཕྱིར། དུས་ངན་གྱི་མི་ཕལ་ཆེར་གྱི་རྣམ་ཐར་དང་སྒོས་སུ་རང་གཞན་གྱི་སེར་སྐྱ་བླ་དཔོན་གྱི་ཕག་གཡར་བའི་མཇུག་མ་མེད་པའི་སྤྲེའུ་ཕལ་ཆེར་གྱི་བསམ་སྤྱོད་ལ་དཔྱད་ཚེ་དུད་འགྲོའི་ལུས་དང་ཁྱད་པར་དབྱེ་བ་དཀའ་བར་གདའོ། དེ་ནས་ཡང་། ༧ ཡབ་རྗེ་འགྲོ་བའི་མགོན་པོ་ཡང་ཡང་དྲན་ནས་ཚུགས་ཐབས་མ་བྱུང་བའི་རྒྱུ་མཚན། ༧ སྐྱབས་མགོན་སྤྲུལ་པའི་སྐུ་མཆོག་རིན་པོ་ཆེར་ཞུས་པས། ད་འོ་ན་ཀློང་ཆེན་སྙིང་ཐིག་གི་ལུང་ཁོང་ལ་ཕུལ་དང་། དེ་རྗེས་ཅི་བྱེད་ལྟ་དཔྱད་དགོས་གསུངས་བཞིན་རང་ཉིད་ཀྱི་དུས་གསུམ་གྱི་དགེ་རྩ་དང་བདེ་སྐྱིད་ཀྱི་དངོས་པོར་དམིགས་ཏེ། ཕྱག་ཁར་གང་ཡོད་ཀྱི་ལུང་རྣམས་ཕུལ། དཔོན་སློབ་དམ་པ་ནས་ཀྱང་དེ་ཚུལ་གསུངས་ལྟར་ལུང་ཁ་ཤས་ཕུལ། དེ་འཕྲལ་སྤྲུལ་སྐུ་རིན་པོ་ཆེས་ཁྱོད་རང་༧བླ་མའི་མདུན་དུ་ཅིས་ཀྱང་སོང་ཞིག་དང་། ཁོང་རིན་པོ་ཆེར་གྲྭ་པ་དམ་ཉམས་མང་རབ་ཅིག་གིས་ཐུགས་སུན་པའི་ལས་མང་དུ་བྱས་པར། ཡིད་ཤིན་ཏུ་སྐྱོ་བ་འདི་ལ་དཔྱད་ན་རང་ཅག་གཉིས་འཕྲད་མིན་ཡང་མི་ཤེས་གསུངས་པར། ང་རང་ངུ་ཤོར་བས་ཡང་སེམས་གསོ་གནང་། སྐབས་དེར་ཞབས་ཆུང་རྩར་མཆོད་འབུལ་དུ་ཕེབས་ཡོད་པར། ཐོན་ཕྱག་ལ་ཕྱིན་པས། སྔོན་མ་ཇི་བཞིན་གསུང་གཅོང་དང་། ཁྱད་པར་གསང་བར་འོས་པའི་གསུང་གནང་ཡང་མང་པོ་དང་། བཀའ་བསྒོ་བྱིན་རླབས་དབང་བཞི་དང་དོད་མཉམ་ཞིང་སྙིང་ཚིམས་པ་དག་གནང་ནས། གང་ལ་གདོང་ཕྱོགས་བཞིན་ཕྱི་འགྲོས་བྱས་ནས་ཕྱིན་ཙ་ན་རྟེན་འབྲེལ་མི་ལེགས་པ་ཞིག་གསལ་བའི་རྐྱེན་བྱས་ཏེ་མང་པོ་ཞིག་ངུས་ནས་ཕྱིན་ཚེ་སྙིང་ཐོན་པ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བཞིན་དུ་ཐེག་པར་གྱུར་པ་དེའི་ཚེ། རོགས་རྡོ་འཛི་སྨར་གསུམ་གྲྭ་པ་ཁ་ཤས་ཡོད་པ་དང་བསྡོངས་ནས་ཕྱིན་ཞིང་ལམ་ཞོར་དུ་སྔོན་གྱི་ཡོན་བདག་ཕལ་མོ་ཆེས་ཆོས་འབྲེལ་སོགས་ལ་ཡོང་དགོས་ཟེར་ལྟར་རེ་འདོད་བསྐངས་རྟ་ནོར་མར་བཅས་རྙེད་པ་ཡང་བཟང་། དེ་ནས་རྒྱ་རོང་དཔལ་ལྡན་རྒྱ་མཚོ། སྔོན་མར་ཡབ་རྗེའི་མདུན་དུ་ཁོ་བོར་ཁྱོད་རང་གི་མིང་དང་མཚུངས་པ་གྱུར་ཏེ་བསྟན་འགྲོར་ཕན་ཐོགས་འོང་ངེས་ཡིན་གསུངས་བཞིན། དགེ་རྩེ་བསོད་ནམས་བསྟན་འཛིན། ཀཿསྒོམ་ཆོས་ཉིད་རྣམས་ཀྱང་ཕེབས་རྒྱུར་ཕྱོགས་པ་དང་སྟབས་ཅིག་བྱེད་རྒྱུར་བགྲོས་ཀྱང་། བླ་མ་བསོད་བསྟན་ཅུང་ཟད་རྗེས་སུ་སྡད་དགོས་བྱུང་། ངེད་ཅག་སྔོན་དུ་ཕྱིན་པའི་བཤུལ་ལམ་རིམ་བགྲོད་ལས། སྐབས་ཤིས་བྲག་དམར་སོག་ལེ་གནམ་བསྟན་འདྲ་བ་ཞིག་གི་རྩར་ཞགས་པ་ཆོག་པར། དེར་ཁུ་འཕྲིག་ཅུང་ཟད་བྱུང་བས་བྲག་རི་རྣམས་སུ་ཕྱིན་པས་བྲག་གསེང་ཞིག་ནས་རྡོ་དམར་ནག་གཏོར་མ་འདྲ་མོ་ཞིག་རྙེད་པ་ཕྱག་རྒྱ་བཞིའི་དམིགས་པས་བཙོན་དུ་བཟུང་ནས་མར་སླེབས་དུས་དང་མཉམ་དུ་སྤྲིན་ནག་འཁྲིགས། འབྲུག་སྒྲ་དྲག་པོར་སྒྲོགས་ཤིང་སྤྲིན་གྱི་ལྕུག་མ་ཞགས་པ་བརྐྱང་བ་ལྟ་བུ་དང་། ཐོག་གི་ཟེར་མ་ཚ་ལ་མཆེད་པ་འདྲ་མོར་སྣང་ཞིང་མེ་ཆར་དང་གནམ་ལྕགས་ཀྱང་མངོན་དུ་གྱུར་ཚེ། ཀ༔སྒོམ་ཀྱང་སྒོ་རུ་ལངས་ནས་དྲག་སྔགས་མང་དུ་བརྗོད་བཞིན་མཆོང་གྲབས་བྱེད་ཀྱིན་འདུག །ཁོ་བོས་ནི་གང་ཡང་ཡིད་ལ་མི་བྱེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཅི་ཞིག་ན་འཚུབ་ལྷོང་རྣམས་རང་སར་ཡལ་བར་གྱུར། དེ་ནས་ལྷ་འདྲེའི་བླ་རྡོ་གདན་འོག་ཏུ་དམིགས་པས་གཟིར་ནས་བཞག །སང་ནངས་པར་ཡང་བཟུང་ཞིང་ཐེག་སྟེ་ལ་ལུང་རིམ་བགྲོད་ཀྱིས་ཕྱིན་པའི་ཞག་ཁ་ཤས་ཞིག་སོང་སྐབས་དགེ་རྩེ་བླ་མས་ཀྱང་སླེབས་བྱུང་བའི་སྐད་ཆ་ལ། ཁྱེད་ཚོས་ཧོར་པ་རྣམས་ལ་འཕྲད་པའི་སྐད་ཆ་ཁོང་ཚོས་མ་གོ་ན། ལམ་ཡང་མ་ཤེས། རྗེས་ཀྱང་མ་ཟིན་ཟེར། དེར་སྐད་ཆ་ཞིབ་མོལ་བྱས་ཚེ། ཧོར་པས་ཁོང་རྣམས་ལ་རྟ་མཛོ་རྣམས་ཀྱི་སྤུ་རྟགས། དཔེ་སྒམ་ཆ་དང་། གཞན་ཡང་འདི་དང་འདི་ཞེས་ཇི་བཞིན་ལབ་ཚུལ་བཤད་བྱུང་ཡང་། ངེད་ཅག་ནི་ཧོར་པ་སོགས་མགྲོན་པོ་སུ་ལ་ཡང་འཕྲད་པ་མེད་ངེས་ལགས་ཀྱང་། ༧ སྐྱབས་རྗེ་རིན་པོ་ཆེའི་ཐུགས་རྗེར་ངེས་པ་རྙེད་དོ། དེ་ནས་རིམ་བགྲོད་ཀྱིས་ཆུ་དམར་བརྒལ་ཞིང་འབྲི་ཆུ་ཁ་ནས་གྱེན་དུ་བགྲོད་ཚེ་ཞག་མལ་ཕོག་ས་ཞིག་ཏུ་ནམ་ཚོད་མ་ཟིན་ནས་སྔ་མོ་ནས་ཐེག་པར། ང་རང་སོགས་ཁ་ཤས་ཀྱིས་རྟ་རྐྱང་བཅུ་ཕྲག་ཙམ་དེད། གཞན་ཚོས་དཔེ་ཁལ་དེད་ཅིང་ཕྱིན་པས་ས་ཁུགས་ཁ་ཤས་བརྒལ་བས། དེར་རྟ་པ་བརྒྱ་ཙམ་འདུག་པ་ཀི་བཏབ་ནས་ཡར་བརྒྱུགས་བྱུང་བར། ངས་རོགས་པ་ཚོ་ལ་ཁྱོད་རང་རྣམས་རྟ་ཡན་ཚོ་དེད་ལ་ཕ་རིའི་ངོས་སུ་རྒྱུགས་དང་། ངས་ཁོང་ཚོ་ཁ་དྲངས་ནས་མར་བརྒྱུག་ན་རྗེས་སྙོག་བྱེད་ཡོང་བྱས་ནས། དེ་ལྟར་ཀི་བཏབ་ནས་བརྒྱུགས་པས་ཁོང་ཚོ་ཐམས་ཅད་ཀྱིས་ང་རང་དེད་ནས་བྱུང་ཡང་རྟ་བཟང་སྟབས་ཀྱིས་རེ་ཞིག་སླེབས་མ་བྱུང་། དེ་ནས་རྟ་ཁ་ཡར་བསྐོར་བ་དང་མཉམ་དུ་སླེབས་པར། ལག་ན་མདུང་ཞིག་བཟུང་ཡོད་པས་ཡས་མན་དུ་བརྒྱབ་ཚད་བྱས་པས་སུས་ཀྱང་གཟུང་མ་སྤོབས་ཚེ། བླ་མ་གཉིས་སོགས་ཁ་ཤས་སླེབས་ནས་སྐད་ཆ་ལབ་པས་མི་ངོ་ཇི་བཞིན་འཕྲད་ཚེ། དམག་དཔོན་རྩ་རྒྱུད་མགོན་པོ་བདུད་འདུལ་ཟེར་བའི་སྡེ་པའི་ནོར་ལུག་མང་པོ་བྲོས་པོས་དེད་ཤོར་བའི་ར་མདར་བརྒྱུགས་ཚུལ་ལབ་བྱུང་བས། ངེད་ཅག་ཀྱང་རྫོགས་ཆེན་དགོན་པ་ཡིན་ཚུལ་བཤད་ཅིང་སོ་སོར་དེངས་ནས་བྱེ་རི་རྒྱབ་ནག་ཟེར་བར་ཕྱིན་ཚེ་དེར་རྡོ་བསམ་ཁག་རྣམས་འདུག་པའི་སར་ཕྱིན། ཁོང་ཅག་གིས་ཆོས་འབྲེལ་ཞེས་ཞུས་ནས་འབུལ་བ་མཚོན་ཙམ་རེ་དང་། གྲོ་རྒྱགས་སོགས་ཕན་གང་ཐོགས་བྱས་བྱུང་། དེ་ནས་ཡང་བཤུལ་ལམ་ནོར་མེད་ཀྱིས་འབྲི་སྟོད་ལུ་གུ་རབ་བརྒལ་ཏེ། ལྡང་ལ་བརྒྱབ་སྐབས་བླ་མ་དཔལ་རྒྱ་མཚོ་རིམས་ཀྱིས་བསྙུན་ནས་ཅི་བྱ་གཏོལ་མེད་ལ་ཐུག་ཀྱང་མཆོག་གསུམ་ཐུགས་རྗེའི་སྨན་ཆེན་གྱིས་ཉེ་ཞོ་མེད་པར་འཚོ་བཞིན་ཕྱིན་པས། གཞུང་གི་ཚིགས་ཁྲལ་ལེན་ས་ནག་ཆུའི་མཚོ་མོ་རར་སླེབས། དེར་སྡེ་དགེའི་སྐུ་ཚབ་རྣམ་གཉིས་ལ་འཇིགས་སྐྱོབ་རེ་ནས་ངེད་ཅག་རྣམས་འབྲལ་མེད་དུ་འགྲོགས་བཞིན་བདོག་སྐབས། ནག་ཆུ་ནས་ཇ་ཁྲལ་ལེན་མཁན་དཔོན་གཡོག་ཁ་ཤས་སླེབས་བྱུང་བ་དགེ་རྩེ་སྐུ་ཚབ་ཀྱིས་ཁྲིད་ནས་སྒར་ཉུལ་བྱུང་ཚེ་ང་རང་ལ་ཇ་ཕྲན་བུ་ཡོད་ཚད་ས་ལ་བཀྲམ་ནས་བཞག་སར་སླེབས་པ་དང་། ངེད་ཚོར་ཁྱི་ཞིག་ཡོད་པས་ཁོང་ཚོ་ལ་གཤེ་ཞིང་མཆོང་གྲབས་བྱས་པས་ཕོ་ཉ་བ་ཤིན་ཏུ་བྲེད་ནས། ཇ་བརྩི་འཕྲོ་བཞག་ནས་ཐལ་བར་གྱུར། སང་ཞོགས་པ་ནས་ལམ་དུ་ཞུགས་ནས་འདམ་སོགས་བར་ཕྱིན་དེར་ཇ་ཁལ་རྟ་ཞན་པ་རྣམས་བཞག་ནས་ཁལ་ཉུང་ཤས་དང་། སྐྱེལ་མཁན་བཅས་ལ་རྔན་སྤྲད་ཅིང་ཟླ་བོར་ཁྲིད་ནས་འཕན་ཡུལ་གཞུང་ནས་ལྷ་སར་མ་ཕྱིན་པར་བསམ་ཡས་སུ། ༈ ཀུན་མཁྱེན་རིན་པོ་ཆེ་བསྙེགས་ཏེ་ཕྱིན་ཚེ་དགོད་ཁ་ལ་རྩར་ཞག་ས་ཕོག་ནུབ་ཇ་ཁ་ཤས་ཡོད་པ་བརྩིགས་པའི་སྟེང་དུ་ང་རང་ཉལ་གཞན་རྣམས་ཁལ་མ་བསྲུངས་ནས་ཉལ་ཡོད་པའི་མཚན་ཕྱེད་ཙམ་ན་བྱི་ལའི་བརྟུལ་ཞུགས་ལ་གོམས་པའི་མིས་དཔལ་རྒྱམ་གྱི་ཁལ་གཅིག་ངེད་ཀྱི་གཅིག་དང་ཟུང་ཁྱེར་འཕྲལ་གཡོག་ཞིག་གིས་གོ་ནས་སྐད་བཏང་བྱུང་བར་ངེད་ཅག་བརྒྱུགས་པས། ངའི་ཁལ་སྣ་བཟུང་ཆག་སྟེ་ཕྱིར་བྲོས་བྱུང་། ཅིག་ཤོས་གར་ཁྱེར་ཆ་མེད་དུ་གྱུར་པས་བྱ་ཐབས་ཟད། ནངས་པར་སྔ་ཚེ་ནས་ཐེག་ཅིང་མགྱོགས་སྟབས་སུ་ཕྱིན་པས། ༧ ཡབ་རྗེ་དམ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་སྡེ་པ་བཀྲ་ཤིས་དཔལ་འབར་སར་བཞུགས་འཇགས་གནང་འདུག་པ་མཇལ་དུ་ཕྱིན་པས་རབ་ཏུ་དགྱེས་པའི་རྣམ་འགྱུར་གྱིས་གདོང་གཏུག་པ་སོགས་བྱམས་ཤིང་བརྩེ་བའི་རྣམ་འགྱུར་མ་བུའི་ཚུལ་ཇི་ལྟ་བ་བཞིན་གནང་ནས། གང་གིས་ཞལ་སློབ་ཚོར་སྡོད་ས་རྩ་ཤིང་སོགས་མཐུན་སྦྱོར་དགོས་ཚུལ་གནང་། བཀའ་ཕེབས་གནང་བ་ཇི་བཞིན་གྱ་ནོམ་པ་བསྒྲིགས་བྱུང་། སྐབས་དེར་གཞུང་ས་ནས་བསམ་ཡས་ལ་རབ་གནས་བསྐྱར་དགོས་ཀྱི་རྒྱ་མ་ཕེབས་ལྟར་སྒྲུབ་པ་མཛད་པའི་ཚོགས་གྲལ་དུ་ཕྱིན་ནས་ཕྱག་ལེན་ཀྱང་བསླབས། དེ་རྗེས་བསམ་ཡས་དབུ་རྩེ་རིམ་གསུམ་གྱི་གཙོའི་ལྷ་ཁང་ཆེ་ཕྲ་ཀུན་དུ་སྟོང་མཆོད་རྒྱས་པ་ཞིག་འབུལ་རྒྱུའི་སྟ་གོན་བསྒྲིགས། དེ་ཡང་བརྒྱ་རྐོང་ཆེ་ཆུང་མང་དུ་སྣང་ཡང་སྐྱེ་སྲིད་སྔོན་ནས་ད་བར་མཆོད་སྦྱིན་ཉུང་ཐབས་དང་། ལས་ངན་སྤེལ་ཐབས་ལ་བརྩོན་པས་སྲིད་པ་འདིར་ཡང་ལུགས་ཟུང་གང་ལ་དཔྱད་ཀྱང་ཕ་ཕ་ཕི་ཕི་བསམ་རྒྱུ་ལས་མི་འདུག་པར་རང་ལ་རང་གིས་ཞེ་ཁྲེལ་དེད་ནས། མཚན་ཐུབ་བམ་སྙམས་པའི་རྐོང་བུ་སྟོང་དང་བརྒྱ་ལྷག་ཙམ་གྱི་མར་མེ། ཡོན་ཆབ་སྟོང་དུ་གུར་ཀུམ་བཏབ་པ། སྤོས་རེང་སྟོང་། རྩམ་འབོ་སུམ་ཅུ་སོ་བཞིའི་ཞལ་ཟས། དཀར་རྒྱན་ཡང་དེར་འཚམས། འབྲུ་ནས་ཀྱང་གོང་མཉམ། ལྷ་ཁང་གི་རིམ་པའི་སྙན་ཤལ་ཆེ་ཕྲ་གྲངས་ཚང་རྣམས་བསྟར་ནས། སྨན་བླ་ཉིན་ཐུབ་ཀྱི་ཆོ་གར་བསམ་ཡས་སུ་བཞུགས་པའི་དགེ་འདུན་པ་རྣམས་ཚོགས་ཁང་དུ་གདན་འདྲེན་ཞུས་ཏེ་ཇ་ཐུག་སོགས་སེར་སྣ་དང་གཡོ་སྒྱུ་མེད་པར་བསྟབས། མཁན་པོར་བཟང་ཇ་ཁག །དངུལ་སྲང་། དར། གྲ་མང་ལ་བོད་དངུལ་ཞོ་རེ་འབུལ་ལམ་ཞུས། བསམ་ཡས་བར་ཁང་གཡུ་བཅལ་དུ་ཚོགས་ཀྱི་འཁོར་ལོ་ཅི་ནུས་ཕངས་སེམས་མེད་པར་བཤམས་ནས། དཔལ་ཆེན་ཧེ་རུ་ཀ་འདུས་པའི་ངོ་བོ་མ་ཧཱ་གུ་རུ་རིན་པོ་ཆེ་ཚོགས་ཀྱི་རྗེ་བོར་སྤྱན་དྲངས་ཏེ་རྩ་གསུམ། ལྷའི་རྣམ་རོལ་གྱི་ཆོ་གའི་སྒྱུ་འཕྲུལ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཆོས་ཅན་གདུལ་བྱ་འདུལ་བྱེད་ཚུལ་དུ་ངོམ་པར་མཛད་པ་གང་ཞིག་གཙོ་དང་འཁོར་གྱི་རོལ་པར་བཞུགས་པའི་ག་ལ་བར་རང་ཉིད་ཀྱི་བདོག་དགུའི་དངོས་པོ་གྲོ་རྒྱགས་བག་ཙམ་གྱི་རྟེན་མ་གཏོགས་ཕུལ་ལགས་ཀྱང་། ད་རི་དྲའི་རྙེད་པ་ངོམ་བཞིན་ལས་མི་འདུག་པས་སེམས་ཞུམ་རབ་ཏུ་ཞུམ་པར་གྱུར་ཡང་། སྲིད་པ་ཐོག་མེད་ནས་བྱང་ཆེན་བར་གྱི་རྣམ་དཀར་གྱི་རྒྱུ་འབྲས་གང་ཡོད་ཡོད་ཐམས་ཅད་ཡོངས་སུ་བསྡོམ་ནས་ཕུལ་བའི་དམིགས་འདུན་གྱི་ངང་ནས་རྟ་༢དྲིལ༢། མཛོ༢། མཛོ་མོ༥། ཇ་འཁོར་དྲུག༥ །དངུལ་རྡིལ་ཚད་མེ་ལོང་ཙམ་གསེར་ཞོ་ཁ་ཤས། གཞན་ཡང་དངོས་རྫས་ནོར་ཉན་པ་གང་ཡོད་ཕུལ་བ་དང་ཆབས་ཅིག །ཚོགས་ཀྱི་འཁོར་ལོའི་ཀྱང་རྟེན་འབྲེལ་བཟང་ཕྱོགས་སུ་བསྒྲིགས། སྐབས་དེར་ཧོར་ཨ་གྲགས་པ་རུ་བཤུལ་ལམ་བགྲོད་ཚེ་རྙེད་པའི་ས་ཞག་དཀར་དམར་དང་། ལྷ་ས་ནས་འབྲུག་རྣམ་རྒྱལ་གྱི་སློབ་དཔོན་གྱི་སྐུ་པར་འབུལ། རྒྱུ་གཉིས་སྟབས་གཅིག་བྱུང་བར། ཐུགས་ཤིན་ཏུ་མཉེས་ནས་འདི་ག་རྟེན་འབྲེལ་ལེགས་ཚུལ་མང་དུ་གནང་བར། བདག་གིས་ཤོག་གུ་ཞིག་ཕུལ་ནས་དེ་ལྟ་བུའི་གསུང་མགུར་ཞིག་བཀའ་དྲིན་སྐྱོངས་བར་ཞུས་པས་འཕྲལ་མར་གནང་། དེའི་ཚེ་བདུད་རྩི་སྨན་སྒྲུབ་ཞིག་འཛུགས་རྒྱུའི་མཁོ་ཆས་ཕུལ་ནས་དེ་ཚུལ་ཞིབ་ཏུ་ཞུས་པས་མོན་འབྲུག་གི་གྲ་སློབ་ཁ་ཤས་ཀྱིས་སྨན་ཕུལ་མ་ཐག་དང་འཕྲད་པས་འཕྲལ་སྒྲུབ་ཀྱི་སྟ་གོན་ལ་ཞུགས། དུས་དེར་ང་རང་ལ་ཞོན་རྟ་གཅིག་ཡོད་པ་ནད་དྲག་པོ་ཞིག་ཕོག་བྱུང་བ། ༧ རིན་པོ་ཆེར་ཞུས་པས་ཆུ་རྒྱུད་རྒྱལ་པོ་འདིས་ཁོ་རང་ལ་གུས་ཚུལ་མི་བྱེད་འདུག་པས་ཁམས་བླ་འདི་ལ་ཆོ་འཕྲུལ་སྟོན་རྒྱུ་ཡིན་ཞེས་གླེང་འདུག་ཟེར་བས་དེའི་སྐྱོན་འདྲ་ཨེ་ཡིན། གང་ཡིན་ཀྱང་ཆ་གསུམ་དང་། སྡེ་བརྒྱད་མཆོད་པ་འདྲ་ཐོངས་ཞེས་བཀའ་ཕེབས་བཞིན་བསྒྲུབས་ཀྱང་ཕན་རྒྱུ་མ་བྱུང་། ཕྱིར་ཉིན་ནས་ལྡང་མི་ནུས་ཤིང་མིག་ལྡོག་སྟེ་འདུག་པ་ཡར་བསླངས་ཀྱང་མི་ལྡང་བས་སེམས་འཁྲུགས་ཏེ་ལྷམ་ཡ་ཕུད་ནས་ཆུ་རྒྱུད་རྒྱལ་པོའི་མི་ཚད་པེ་དཀར་ཡིན་ཀྱང་སྒུགས་ཤིག་བྱས་ནས། སྤུ་གྲི་རེག་ཆོད་ཀྱི་སྔགས་ཚར་མང་རབ་ཞིག་གི་ཚེ་ལྷམ་གྱིས་བརྡུང་བས་ན་ཚ་མ་བཟོད་ནས་ལགས་བྱུང་། དེ་གའི་གྲྭ་པ་ཚོས་ཁམས་རྟགས་བསྟན་བྱུང་ཚུལ། ཚུལ་འདི་འདྲས་རྟ་ལ་མི་ཕན་གྱི་སྟེང་དུ་ཁྱེད་རང་ལ་ཡང་གནོད་ཡོང་ཟེར་ནས་འཇིགས་ཆུམ་མེ་འདུག །ཁོང་ཚོ་ཧ་ལས་ནས། ༧ སྐྱབས་རྗེ་ལ་ད་ལམ་བླ་མས་གང་མིན་གནང་སོང་ཟེར་ནས་རྒྱུ་མཚན་ཞིབ་ཏུ་ཞུས་སོང་བར། ༧ རིན་པོ་ཆེ་བཞད་མོ་མཛད་ནས། གང་འདྲ་བྱས་སོང་ཡང་ཡང་དྲིས་ནས་དེ་འདྲའི་ཁམས་རྟགས་ལ་གསུངས་བྱུང་། ང་རང་ལ་ནི་ཐེ་ཚོམ་སྤུ་ཙམ་མེད་ཐོག་བློ་བདེ་སང་ངེ་འདུག །རྟ་འཕྲལ་དུ་བདེ་ནས་རྩྭ་ཟ་ཡན་འདུག་ཟེར་བྱུང་བར་ཐམས་ཅད་ཡ་མཚན་པོ་བྱས་བྱུང་། ཆུ་རྒྱུད་ཁོག་ཞུགས་སྐབས་སུ་ཁམས་བླ་ལ་ཆོ་འཕྲུལ་བསྟན་པ་ལམ་རྒྱུག་མ་བྱུང་ཡང་། སྙིང་ནས་གནོད་སེམས་མ་ཡིན་ཞེས་དར་ཁ་ཡག་པོ་ཞིག་བསྐུར་བྱུང་། སྐབས་འདིར་རྫོགས་ཆེན་ཆོས་ཁྲིམས་བཀྲ་ཤིས་འབུམ་བཅས་ཁ་ཤས་སླེབས་པར་རབ་བྱུང་གི་སྡོམ་པ་གནང་། དབང་ཁ་ཤས་ཡང་ཐོབ་ཇོ་བོ་བྱང་ཆུབ་ཆེན་པོའི་མདུན་དུ་སྐྱབས་རྗེ་རིན་པོ་ཆེས་བཟང་སྤྱོད་ཀྱི་སྨོན་ལམ་སོགས་བཏབ་པའི་སྐུ་རྩར་བཅར་ནས་སྐལ་བ་བཟང་པོར་གྱུར་བཞིན་ཐེག །ངེད་ཅག་དཔོན་སློབ་དེ་ནས་རྟ་མགྲིན་གླིང་དུ་སྨན་སྒྲུབ་བཙུགས་པ་ཞག་དགུའི་ནང་པར་གྲོལ་དབང་དབུ་རྩེའི་ཤར་ངོས་སུ་འཚོགས་པའི་གྲངས་ཀ་སྟོང་ལྷག་ཙམ་འདུས་པ་བུམ་དབང་གི་འབྲེལ་པ་ཙམ་དང་ཆོས་སྨན་ཡང་བཀའ་དྲིན་བསྩལ། དེ་ལྟར་གྱི་བསྒྲུབ་པའི་བྱ་བ་ཡོངས་སུ་རྫོགས་མཐར། ༧ སྐྱབས་རྗེ་ཉིད་ཟུང་མཁར་སྡེ་པ་སོགས་ཁ་ཤས་ཀྱི་གདན་འདྲེན་ཞུས་པའི་ཞབས་ཕྱིར་སོང་། རྗེས་སུ་ངེད་རང་དཔོན་སློབ་ཐམས་ཅད་ཚེ་རིང་ལྗོངས་སུ་མཉམ་པོར་ཐེག་ནས། དབང་ལུང་ཁྲིད་གསུམ་གྱི་བཀའ་དྲིན་རྒྱ་ཆེར་གནང་། དེར་རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་སྤྲུལ་སྐུ་རྙིང་རྒྱུད་སོགས་ཀྱི་དབང་ལུང་ཞུ་ཕྱིར་ཕེབས་ཀྱང་། ༧ སྐྱབས་རྗེའི་སྤྱན་ཅུང་ཞིག་མི་གསལ་ཚུལ་གྱིས་ང་རང་ལ་ལུང་འབུལ་དགོས་ཕེབས་པ་ལྟར། རྙིང་རྒྱུད་ཚང་མ། མཛོད་བདུན་སྐྱབས་རྗེའི་བཀའ་གཏེར་ཚང་མ་བཅས་ཕུལ། ཚུར་ཡང་སངས་གླིང་ཕུར་པ་དང་། ཞིག་གླིང་གི་དམག་བཟློག་ཉེར་ལྔའི་དབང་ལུང་གཉིས་ཀ། ཆོས་དབང་གི་སངས་རྒྱས་མཉམ་སྦྱོར་གྱི་ལུང་དང་། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་དབང་ལུང་གཉིས་ཀ་ཐོབ། སྒོམ་ཆེན་ངག་དབང་ཆོས་གྲགས་མདུན་ནས་ཕུར་པ་འབུམ་ནག་དང་། མགར་ནག་བཀའ་མ། པྲཛྙཱ་རསྨིས་མཛད་པའི་རྒྱལ་ཆེན་སྐུ་ལྔ་སོགས་ཞུས། དེ་ནས་ཡང་ཞིག་བསམ་ཡས་སུ་ཕྱིན་ཏེ་བྱང་ན་ཆས་ཀ་ཕྲན་བུ་ཡོད་པ་ཚོ་བླངས་ནས་རེ་ཞིག་དེར་བསྡད་ཚེ་བལ་པོའི་དམག་སྐད་ཤིན་ཏུ་རྩུབ་པར་བློ་མི་བདེ་ཟིང་ངེ་ཡོད་སྐབས་སུ། བསམ་ཡས་དཀོར་གཉེར་དཔོན་གྱིས་ཡས་མས་ཀུན་དང་། ཁྱད་པར་ལྷ་སའི་རྡོ་རིང་གཙོས་བླ་དཔོན་གང་དྲག་རྣམས་བྲོས་ཤིང་འབྲོས་པར་བརྩམ་པ་འདི་བཞིན་ལགས་པས། བསམ་ཡས་ཀྱི་རྒྱན་ཆས་མཆོད་རྫས་སོགས་ག་ཤེད་དུ་སྦ་དགོས་མིན་སོགས་ཁྱོད་རང་ནས་གང་བཤད་ལྟར་བྱེད་ཟེར་བར་མོན་བསམ་གཞིག་ཚེ། གནས་ཆུང་ཆོས་སྐྱོང་དང་། ར་སྲོད་བླ་མ། མངའ་རི་སྤྲུལ་སྐུ། ལྕགས་ཟམ་པ་སོགས་བོད་ཀྱི་མངོན་ཤེས་འཆད་མཁན་ཀུན་གྱིས། སྤྱིར་བལ་དམག་ཟླ་བ་ཞག་དུས་འདི་འདྲའི་སྐབས་སུ་སླེབས་ངེས་ཀྱི་སྟངས་བཅད་པ་དེ་ལས་ལྷག་པ་ང་རང་གི་ཅི་ཡང་མི་ཤེས་སོ་སྙམ་ནས་ཡི་མུག་ཀྱང་སྐྱེས། འོན་ཀྱང་ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་སྔོན་བྱོན་གྱི་སྐྱེས་མཆོག་ཆེན་པོ་རྣམས་ཀྱི་ཕྱག་རྗེས་འདི་ལྟ་བུ་ལའང་། འདི་འདྲ་གླེང་དུས་ཁ་རོག་ཏུ་ སྡོད་ག་ལ་ཉན་སྙམས་ནས། དབུ་རྩེ་སོགས་རྟེན་ཀུན་གྱི་དྲུང་དུ་ཕྱིན་ནས་ཕྱག་མཆོད་པ་མཎྜལ་སོགས་ཕུལ་ནས་ཁ་ཞེ་མེད་པར་གསོལ་བ་ནན་ཏུ་བཏབ། བསམ་ཡས་པ་ཚོས་སྐུལ་མ་བྱས་ལྟར་ཧས་པོ་རི་རྩེར་ཕྱིན་ནས་ལྷ་བསང་རྒྱས་པ་དང་། ལྷ་སྲིན་དམ་འདོག་རྣམས་བཏང་། མགོན་པོ་ཚོགས་ཀྱི་བདག་པོའི་གསོལ་ཁ་རྣམས་བཅས་ནས་བརྒྱ་ཚར་ཙམ་ཞིག་བཏང་ནས་ཕྱི་དྲོའི་དུས་ནུབ་ཕྱོགས་སུ་བསྟན་ཏེ་ཕྲིན་ལས་བཅོལ་པ་ནན་ཏན་བྱས་ཏེ་གཏོར་མ་འཕངས་ཚེ། ནུབ་ཕྱོགས་ནས་རླུང་ནག་འཚུབ་མ་ཆེན་པོ་དང་། ཆུ་སྤྲིན་ནག་པོ་ཞིག་མཉམ་དུ་མར་གཏད་ནས་འོང་གིན་ཡོད་པ་འཕྲལ་དུ་ཡར་ལོག་སོང་བ། རྟེན་འབྲེལ་བཟང་པོར་བཟུང་ནས་བསམ་ཡས་ཀྱི་ཆས་ཀ་རྣམས་ཁག་ཁུར་ནས་སྦེད་པ་བཤོལ།གློ་བུར་དུ་ཀ་ཕྲེང་ལས་བརྩམས་པའི་ཕྱིས་འབྱུང་མངོན་སུམ་དུ་གསལ་བའི་ཡི་གེ་གཞུང་སར་བསྐུར་དེའི་ཚེ་ཕལ་ཆེར་གྱིས་ང་རང་དང་དཀོར་གཉེར་དཔོན་གཉིས་ལ་འབར་གྱིན་འདུག་ཟེར། དེ་འཕྲལ་ལྕགས་ཟམ་པའང་གཙང་ཆུ་ལ་ཀོ་བ་བཏང་ནས་བྲོས་བྱུང་། ༧ སྐྱབས་རྗེ་དམ་པ་ཡང་མོན་སོགས་གཞན་ཞིག་ཏུ་ཕེབས་རྒྱུའི་སྐད་གསལ་པོར་གོ་བས་མ་བཟོད་ནས་གྲོགས་གཅིག་ཁྲིད་མཚན་བརྒྱབ་ནས་ཕྱིན་པས། རྩེ་ཐང་གྲུ་སོར་ནམ་ལངས་པ་དང་མཉམ་སླེབས་བྱས་ཀྱང་། རྡོ་རིང་གི་ནུ་བོ། མནའ་མ་སོགས། གསེར་དངུལ་གང་ཡོད་བཀལ་ནས། བྱ་ཡུལ་བསྙེག་ཏུ་བྲོས་པ་གྲུ་ནང་ནས་ཆུ་དཀྱིལ་ཙམ་ཕྱིན་ཚར་བས་རྗེས་མ་ཟིན། གྲུ་ཚུལ་སླེབ་ཏུ་རེ་ནས་བསྒུགས་ཀྱང་། གྲུ་བཤིགས་ཀོ་བ་ཕུག་ཧྲལ་བྱས་པས་ཕ་རིར་བགྲོད་རྒྱུའི་རེ་བ་ཟད་ནས། ཡར་བསམ་ཡས་སུ་ལྡོག་པས་ལྷ་ས་ཕྱོགས་ཀྱི་སེར་སྐྱ་བུད་མེད། དུད་ཚང་མང་ཉུང་མང་པོ་བྲོས་ནས་ཡོང་བ་དང་ཕྲད་པས་འཇིགས་པ་མ་སྐྱེ་ཞིང་བསམ་ཡས་སུ་སླེབས། འཕྲལ་དུ་དཀོར་མཛོད་གླིང་གི་རྒྱལ་ཁང་དུ་ཕྱིན་ནས་རྒྱལ་གསོལ་དང་གསེར་སྐྱེམས་བཏང་འཕྲལ་འཕྲིན་ལས་བཅོལ་བ་ནན་ཏན་བྱས་པའི་རྐྱེན་གྱིས་སྣང་བ་འགྱུར་ནས་བརྟུལ་ཞུགས་ཀྱི་སྤོབས་པ་སྐྱེས་ཚེ་སྐུ་ལྔའི་འབག་རྣམས་ལ་གཟན་ལྕག་གིས་བྲབས། སྙན་ཤལ་སྤྲུགས་པས་ཕྲིན་ལས་ཀྱི་རྒྱལ་པོའི་ཞལ་ཁེབས་སོགས་ཁ་ཤས་བཅད། ༧ ཧོ་ཆོས་ཀྱི་རྒྱལ་པོ་སྐུ་ལྔ་ཁྱོད་སློབ་དཔོན་ཆེན་པོའི་ཐ་ཚིག་བརྗེད་པ་ཡིན་ནམ། ཆོས་འཁོར་རྣམ་གསུམ་འཇིག་ལ་ཉེ་བ་མ་གསན་ནམ། ཁྱོད་བག་ཡངས་སུ་སྡོད་པ་འདི་འདྲ་སྲིད་དམ་བྱས་ནས་ཤགས་བཏབ། འོ་དོད་བོས། མཆི་མ་བྱུང་། རྫིག་རྫིག་རྔམ་རྔམ་བྱས་པས་སྣང་བ་བདེ་འབོལ་ལེ་སོང་བ་དང་མཉམ་དུ་བཞག་པས། གཏད་མེད་ཀྱི་ཉམས་ཡུན་རིང་དུ་ཤར་ཡང་དགག་བསྒྲུབ་མ་བྱས། བསམ་ཡས་པ་ཚོས་བཙས་མ་རྒྱག་འཕྲོ་བསྐྱུར་ནས་ཧ་ལས་ཤིང་འགྲུལ་བགྲོད་མཐོང་ཚད་བལ་པོ་ཡིན་པར་འཁྲུལ་ནས་བྲོས་གྲབས་ཀྱིས་དུས་འདའ་བཞིན་དུ་འདུག །འན་བུ་ནི་ནངས་རེ་བཞིན་ལྷ་ཁང་རྣམས་སུ་ཕྱིན་ནས་རེ་དོགས་ཀྱིས་སྨོན་ལམ་མང་དུ་བཏབ། སྐབས་དེར་བཀའ་བློན་བླ་མ་༧སྐྱབས་རྗེ་ལ་འདུན་སྟབས་ཀྱིས་དང་། སྔོན་དུ་འང་ལན་ཁ་ཤས་ལ་ཕྲེང་མོ་འདེབས་མྱོང་བའི་གཞི་བྱས་ཏེ། ཁོང་མ་བྲོས་ན་སྐྱོན་ཨེ་ཡོད་ཀྱི་ཡི་གེ་སླེབས་པར། ཀ་དག་གི་ཤེལ་སྒོང་དྲི་བྲལ་ལས། ཁ་ཚིག་གི་བརྗོད་པ་འདི་བཞིན་ཤར། ག་ལེ་རུ་སྡོད་དུས་ཁེངས་དྲེགས་དང་། ང་རྒྱལ་གྱིས་སྦོས་པའི་སྡེ་དཔོན་རྣམས། ཅ་ཅོ་ཡིས་འབྲེལ་མེད་ཚིག་མ་ཉན། ཆ་མེད་ཀྱི་ཡུལ་དུ་མ་བྲོས་ཨཾ། ལ་སོགས་འབྱམས་ཡིག་དང་། ཁོང་དང་སྐུ་མདུན་མཁན་པོ་གཉིས་ཀར་མ་བྲོས་ཀྱང་སྐྱོན་མི་ཡོང་བའི་ཡི་གེ་ཕུལ་བ་བཞིན་བཤོལ་ནས་སྐྱོན་དུ་མ་གྱུར། དམག་སླེབས་རྒྱུའི་ཁ་ཚོན་བཅད་པའི་དུས་ཚོད་ཀྱི་སྔོན་ནས་ཡར་ལོག་པའི་སྐད་གསལ་འཕྱུག་མེད་གོ་བ་དེ་དུས་བོད་པ་ཚོས་ཡང་མངོན་ཤེས་འཆད་མཁན་རྣམས་ལ་ཁག་མེད་རབ་བརྟགས་དང་། ཟོལ་བསྟོད་བྱེད་ཀྱིན་འདུག །འདི་དག་གི་སྐབས་རྣམས་སུ་གཡའ་མ་ལུང་དུ་ཚེ་སྒྲུབ་བདུན་གསུམ། འཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་ཚོགས་བརྒྱ་ཁ་ཤས་དང་། མཁའ་འགྲོའི་སྦྱིན་བསྲེག་འབུམ། མེ་ཏོག་ཕུག་དང་ཀློང་ཆེན་གཟིམས་ཕུག་སོགས་སུ་ཚོགས་བརྒྱ་དང་། སྦྱིན་བསྲེག་གང་འཛོམས་བཏང་། དེ་ནས་ཡང་གྲུ་རྣམས་གསར་དུ་བཅོས་ནས་ཆུར་སྒྲོལ་གྱིན་འདུག་ཟེར་བར་མཉན་ནས་རྩེ་ཐང་གྲུ་ཁར་ཕྱིན་པས་དེ་བཞིན་བདེན་འདུག་པ་ལྟར་གྲུ་བརྒྱབ་ནས། ༧ སྐྱབས་རྗེའི་དྲུང་དུ་ཕྱིན་ནས་ཚུལ་དེ་རྣམས་ཞུས་པས་དགྱེས་ཚོར་བླ་མེད་མཛད་ནས་ཁྱོད་རང་ལ་ཁམ་པ་སྙིང་སྟོབས་ཆེན་པོ་བཏགས་ཀྱང་ཡོང་འདུག་ཅེས་བཀའ་ཕེབས་བྱུང་། དེར་རེ་ཞིག་བསྐྱེད་རྫོགས་ཀྱི་དོགས་སེལ་འདྲ་ནན་ཏན་ཞུས། དབང་ལུང་ནི་སྤྱན་སྐྱོན་གྱིས་བཤོལ་བར་གྱུར་ཀྱང་། དེ་སྔོན་གང་མཐོང་ལས་ལྷག་པར་མཐོང་རྒྱུ་མེད་པས། ཁྱེད་རང་ཚོས་འགྱོད་པ་བྱེད་རྒྱུ་མེད་ཅེས་སེམས་གསོ་གནང་བྱུང་། འོན་ཀྱང་ཡིད་རབ་ཏུ་ཕམ་ནས་སྒོམ་ཆེན་ལགས་དང་། གཅུང་ཀུན་བཟང་ཕུན་ཚོགས་སོགས་བསམ་ཡོད་ཚོས་སྔ་ནས་ལན་མང་ཞུས་པས་དེར། ༧རིན་པོ་ཆེ་ཉིད་ནས་ཀྱང་ཞལ་བཞེས་གནང་བཞིན། ང་རང་གི་སློབ་བུ་དང་གྲོགས་སུ་གྱུར་པའི་མང་དགེ་པདྨ་ཀུན་བཟང་ཞེས་དད་དམ་སོགས་བཟང་པོའི་ཡོན་ཏན་གྱིས་ཡོངས་སུ་སྤུད་པའི་རྣལ་འབྱོར་པ་དེ་ཉིད་སྤྱན་འབྱེད་མཁན་གདན་འདྲེན་དུ་གོང་ནས་བཀའ་ཕེབས་ལྟར་མངགས་བཞིན་དཀའ་བ་དང་དུ་བླངས་ཏེ་རྐང་འགྲོས་ཀྱིས་བྱོན་པས་འཕྲལ་དུ་གདན་འདྲེན་ཞུས་ནས་སྤྱན་འབྱེད་ཀྱི་བྱ་བར་ཞུགས་སྐབས་སུ་ཕྲན་ཡང་སླེབས། བརྟན་བཞུགས་མཚོན་པར་ཞི་ཁྲོའི་སྐོང་དང་འབྲེལ་བའི་ཚོགས་བརྒྱ་ཁ་ཤས་དང་། བརྒྱ་མཆོད་ཀྱང་དེ་མཉམ་མཁའ་འགྲོའི་བསུན་བཟློག་ཀྱང་གནད་སྨིན་བཏང་ཁུལ་དང་། དངོས་རྫས་ཕྲན་བུ་འགའ་དང་། ཁྱད་པར་ང་རང་གི་ཞྭ་མོར་བྱི་རུའི་ཏོག་གསེར་དངུལ་གྱི་ཡས་ཕུལ་མས་རྒྱན་བཅས་སྤུས་ལེགས་ཞིག་ཡོད་པ་དེ་ཉིད་ཕུལ་བས་ཟས་ནོར་ལུས་ཆས་བཅས་ཀྱི་ཕ་རོལ་ཏུ་ཕྱིན་ཚེ་རང་ཉིད་ཀྱང་རང་ལ་རྗེས་སུ་ཡི་རང་བར་གྱུར་པ་དེའི་ཚེ། ༧ རྒྱལ་བ་ཀ་ཐོག་པའི་བླ་མ་མགོན་ཆུང་ཟེར་བ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དྲི་མེད་ཞིང་སྐྱོང་མགོན་པོའི་ཡང་སྲིད་ཐག་གཅོད་ཀྱི་ཆེད་དུ་སླེབས་པར་ཁོ་བོས་རྟེན་འབྲེལ་གྱི་མཚམས་སྦྱོར་བྱས་ནས་རང་འཁོས་ཀྱི་ཞབས་ཕྱི་ནན་ཏན་དང་། ༧ གོང་ནས་ཀྱང་སྤྱན་དབྱེ་སྐབས་སུ་སླེབས་པའི་རྟེན་འབྲེལ་བཟང་བ་སོགས་ཀྱིས་ཐུགས་རབ་ཏུ་དགྱེས་ནས་དེ་ཚུལ་ལྟར། བཀའ་ཕེབས་སོགས་ཀྱིས་ཡིད་ལ་འདོད་པ་འཇོ་ཞིང་རེ་བ་ཡོངས་སུ་བསྐང་བཞིན་དགའ་སྤྲོའི་ངང་ནས་ཁམས་སུ་ཐེག །ད་དུང་ངེད་ཅག་རྣམས་རེ་ཞིག་བསྡད་ནས་ཐེག་པའི་སྐབས་སུ་བབ་ཙ་ན། ༧ སྐྱབས་རྗེ་རིན་པོ་ཆེའི་གསུང་གི་ཐ་མར། དོ་དགུང་ངའི་གམ་དུ་ཉོལ་དང་བསླབ་བྱ་འདྲ་གནང་རྒྱུ་ཡོད་གསུང་བཞིན། ༧ ཞབས་དྲུང་དུ་ཉལ་བས་ངའི་བཀའ་གཏེར་གྱི་ཆོས་འདི་རྣམས་རང་རེ་དཔོན་སློབ་གཉིས་ཀའི་ཚོས་སྐལ་ཡིན་ཏེ། དབྱིངས་ཀྱི་མཁའ་འགྲོས་དང་པོ་གཏེར་ཤོག་གཏད་ཚེ་བཀའ་བབ་ཀྱི་སྐབས་སུ། ཆོས་རྒྱལ་ཡབ་སྲས་ཆོས་ཀྱི་སྐལ་དུ་གདམས་ཞེས་དང་། གནད་བྱང་ལས་ཀྱང་། ལྷ་སྲས་སྤྲུལ་པས་ཆོས་སྒོ་འབྱེདཿ ཟེར་བ་དེར་ཐེ་ཚོམ་མེད་པར་ཁྱོད་ཀྱིས་བསྟན་འགྲོར་ཕན་བདེ་སྤེལ་ཐབས་ཀྱི་གཙོ་བོར་ཟུངས་ཤིག་དང་། ང་དང་ཁྱོད་གཉིས་སོ་སོར་དབྱེ་རྒྱུ་མེད་དོ། ཞེས་དང་། མ་འོངས་པའི་སྐབས་ཤིག་ཏུ་ཁྱོད་རང་ཕྲིན་ལས་ཤིན་ཏུ་རྒྱས་པོ་ཞིག་འོང་རྒྱུར་འདུག་ཀྱང་ནག་པོའི་ཕྱོགས་ཀྱི་འགལ་རྐྱེན་ཡང་མང་བར་གདའ་བས། ང་ལ་གསོལ་བ་ཐོབ་དང་བར་ཆད་ལས་གྲོལ་ཡོང་ཞེས་དང་། དེ་དུས་ཁྱོད་ང་ལ་སླར་དད་པར་གྱུར་ཚེ་རྟེན་འབྲེལ་གསར་པ་ཞིག་གསལ་ན། ཕ་བུ་གཉིས་འཕྲད་པར་གྱིས་ཤིག །ཕེབས་གནང་ཞིང་རྗེས་སུ་དགེ་རྩེ་བླ་མ་བསོད་ནམས་བསྟན་འཛིན་འདི་ཡང་རང་བསྟན་འཛིན་སྐྱོང་སྤེལ་གསུམ་ནུས་པའི་རྟེན་འབྲེལ་ཅི་འབྱུང་བཟང་པོ་ཡོད་བཞིན་ཐོག་ཁེལ་འོང་བ་ཞིག་གལ་ཆེ་ཚུལ་དང་། གཞན་ཡང་བཀའ་འཕྲོས་སྔར་ཟུར་ཙམ་མ་གནང་བ་ཁ་ཤས་ཀྱང་ཕེབས། ང་རང་གི་སྔར་ཉིན་དམ་བཅའ་ལྔ་ཡི་གེར་བྲིས་ནས་ཕུལ་བའི་དོན་རྩ་བྱ་བྲལ་གྱི་བརྟུལ་ཞུགས་ཁོ་ན་དང་། ཚེ་དང་སྒྲུབ་པ་མཉམ་པ་ཞིག་སྙིང་ནས་བསྒྲུབ་པ་སོགས་ཞུས་པས། ཁྱོད་རང་ལ་བྱང་སེམས་ཀྱི་བསླབ་པ་གནང་ཞིང་གཞན་དོན་གྱི་ཁུར་བཀལ་བ་སེམས་ལ་ཟུངས། བྲག་ཕུག་ཞིག་ཏུ་ཞི་བདེར་གཞོལ་དགོས་སྙམས་པ་དེས་ཀྱང་བྱང་སེམས་ཀྱི་བསླབ་པ་སྐྱོན་བྱས་འོངས་པས། ཁྱོད་ཅིས་ཀྱང་རྒྱལ་བསྟན་སྤེལ་ཐབས་ལ་མ་གཡེལ་དང་། མི་དགེ་བ་ཡང་དགེ་བར་འགྱུར་བར་སོམ་ཉི་མི་དགོས་སོགས་མང་དུ་གནང་ནས་ནམ་ལངས་ཙ་ན་དམ་བཅའི་ཡི་གེ་དབོན་ལ་གཏད་ནས་ཁམས་བླའི་བསམ་སྤྱོད་འདི་ལྟར་ལགས་པས་རྟོགས་འཇུག་གྱིས་ཞེས་གནང་བྱུང་། དེ་ནས་ལམ་དུ་འཇུག་ཁར། ༧ སྐྱབས་རྗེ་དམ་པའི་ཞབས་དྲུང་དུ་ཕྱིན་ཞབས་རྗེན་པར་སྤྱི་བོར་བླངས་ཏེ། བདག་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། ༧ སྐྱབས་རྗེ་དམ་པ་དང་མི་འབྲལ་ཞིང་སྒོ་གསུམ་གྱི་བསམ་སྤྱོད་ཐམས་ཅད་བསྟན་པ་དང་སེམས་ཅན་ལ་ཕན་བདེ་རྒྱ་ཆེན་པོ་བསྒྲུབ་པའི་རྒྱུར་འགྱུར་བར་བྱིན་གྱིས་རློབས་ཤིག་སོགས་སྨོན་ལམ་མང་དུ་བཏབ་ཅིང་མང་དུ་ངུ་ཤོར་བར། རིན་པོ་ཆེ་ཉིད་ཀྱང་ཐུགས་འཕྲེངས་བའི་ཚུལ་གྱིས་གདོང་གཏུག་ནས། ང་དང་ཁྱོད་ལ་འབྲལ་བ་མེད་ངེས་ཡིན་པས་བདེ་བར་འབྱོན་པར་མཛོད་ཅེས་བཀའ་ཕེབས་གནང་བ་དང་ཕྱི་འགྲོས་སུ་ཅུང་ཟད་ཕྱིན་ཚེ། སྙིང་བུད་པ་ལྟ་བུའི་སྡུག་བསྔལ་གྱིས་གདུང་བཞིན་དུ་བཤུལ་ལམ་དུ་ཞུགས་ཀྱང་ས་ཁུགས་རེ་བགྲོད་པ་དང་ཕྱིར་ལོག་ན་སྙམས་པའི་འདུ་ཤེས་ཤར་ཡང་དེ་ལས་སྡོད་རྒྱུ་བསོད་ནམས་ཀྱིས་དབང་དུ་མ་གྱུར་པ་ལྟར་ལགས་སོ། ཨེ་མ་ལ་མུན་སེལ་འོད་ཀྱི་དལ། རང་ཉིད་ཀྱི་ལས་སྐལ་དུ་ཐོན་པའི་ཚེ། སྐྱིད་སྣང་དུ་མ་ཚོར་རྨོངས་པ་ང་། འདིར་སྣང་གི་སྨག་རུམ་ཉུལ་བ་འདི། བྱིས་པ་ཡི་ནང་ནས་ཐ་ཤལ་རང་། ཀྱེ་མ་ཧུད་དཔྲལ་བའི་མིག་ཐོན་ཀྱང་། ད་རུང་ཡང་འདུ་འཛི་གཡེང་བར་བརྩོན། མདོ་མེད་ཁྱོད་བསྒྲུབ་ལ་བརྩོན་རེ་རན། ༧ མཁྱེན་བརྩེ་ཡི་དབང་ཕྱུག་འོད་སྟོང་ཟེར། སྐུ་གསུམ་གྱི་ཞིང་ཁམས་གར་བཞུགས་ཀྱང་། མི་འགྱང་བར་འབངས་བདག་གམ་དུ་དྲོངས། དེ་ཉིན་འཕྱོང་རྒྱས་རི་བོ་བདེ་ཆེན་གྱི་ནམ་མཁའ་རྫོང་གི་གཞིས་ཁར་སྦྱིན་བསྲེག་བླུག་ཕྱིར་འབོད་མཁན་སླེབས་པར་ཕྱིན་ཞིང་འདོད་པ་བསྒྲུབས་ནས་བཤུལ་ལམ་དུ་ཞུགས་པའི་དང་པོ། ཁུ་་བརྩོན་འགྲུས་གཡུང་དྲུང་འཁྲུངས་ཡུལ་གྱི་གྲོང་དུ་ཞག །ཕྱིར་ཉིན་ཐང་པོ་ཆེའི་ལྷ་ཁང་པཎ་ཆེན། ཤཱཀྱ་ཤྲཱྀའི་གདན་ས་གོང་པོ་དེར་མཇལ་ཞིང་། སྙན་ཤལ་འབུལ་མཚོན་ཙམ་བྱས་ནས། ཡར་ལུང་གནས་སུ་རྟེན་གསུམ་དང་རས་ཆུང་ཕུག །བཀྲ་ཤིས་རབ་བརྟན་སོགས །སུ་མཇལ་ནས་སྙན་ཤལ་དང་མར་མེ་མཆོད་འབུལ་གང་ནུས་བགྱིས། ཁྲ་འབྲུག་ཏུ་བརྒྱ་མཆོད་ཚོགས་བརྒྱ་སོགས་ཕུལ། སྒྲོལ་མའི་ཞལ་ཟས་གསར་བརྗེ་བྱས། རྩེ་ཐང་ལ་ཕྱིན། དེར་ཀཿཐོག་སྒོམ་ཆེན་པ་བསྐུལ་ཏེ་ཡར་ལུང་ཤེལ་བྲག་ཏུ་ཚོགས་བརྒྱ་དང་མཆོད་འབུལ་བྱས། ངེད་ཅག་རྩེ་ཐང་དུ་ཞག་ཁ་ཤས་སྡོད་ཚེ། རྒྱ་མི་ཅིག་ཕྱག་དབང་ལེན་དུ་འོངས་ནས་ཅི་མཛད་ཁྱེད་ཤེས་ཀྱི་དམ་བཅའ་ཕུལ། དེ་དང་ཀ༔སྒོམ་མར་སླེབས་པ་དུས་མཉམ་གྱི་ཤེས་པ་འུར་བ་ལྟ་བུས་རྐྱེན་གྱིས་དྲང་སྲོང་ཆེན་པོའི་མེ་མཆོད་ཡེ་ཤེས་རབ་འབར་ཞེས་པ་དེ་བྲིས། དེ་ནས་རྩེ་ཐང་གྲུ་བརྒལ་ནས་ལམ་རིམ་བགྲོད་ཀྱིས་བསམ་ཡས་སུ་སླེབས། དེར་སྡེ་བ་བཀྲ་ཤིས་དཔལ་འབར་སར་ཚེ་དབང་བརྒྱ་རྩ་དང་། བསམ་ཡས་དཀོར་གཉེར་དཔོན་གྱིས་བསྐུལ་ནས། སྤྱིར་བསམ་ཡས་ཀྱི་རྟེན་བརྟེན་པ་རྣམས་ཡུན་དུ་བརྟན་ཆེད་དང་། སྒོས་སུ་དབུ་རྩེའི་ནུབ་ངོས་སུ། སེར་ཁ་ཆེན་པོ་ཞིག་གསར་དུ་བྱུང་བ་ལ་ཕན་ཕྱིར་རིག་བྱེད་མའི་ཞི་བསྲེག་འབུམ་དང་ཚོགས་བརྒྱ། སྡེ་བརྒྱད་དང་འཁོར་འདས་མཆོད་པ་གང་མང་རྣམས་བྱས། སློབ་དཔོན་ལགས་ཀྱི་གཙོར་གྲ་པ་ཁ་ཤས་ལ་འདོད་བུམ་གྱི་དབང་ལུང་གཉིས་ཀ་བྱས། བསམ་ཡས་ཀྱི་ལྷ་ཁང་ཆེ་ཕྲ་ཀུན་ལ་ཕྱག་མཆོད་ནན་ཏན་དང་། མཛོ་མོ་ལྔ་མཛོ་གཉིས་བཅས་མར་མེའི་ཞལ་འདེབས་ཕུལ་ནས་དགོད་ཁ་ལ་བརྒྱབ་ཞིང་ལྷ་སར་ཕྱིན། སྐབས་དེ་ཞིག་ཏུ་གཞུང་སར་ཡོང་དགོས་ཀྱི་བཀའ་ཕེབས་བཞིན་འདོད་འཇོ་དཔལ་ཁྱིམ་དུ་ཕྱིན་ནས། སྤྱང་གྲོང་མཁན་པོ་འམ། སྐུ་མདུན་མཁན་པོར་གྲགས་པས་དོ་དམ་པ་བགྱིས་ཏེ། གཞུང་གི་སྐུ་རིམ་ཕུར་པའི་སྦྱིན་བསྲེག་འབུམ་དང་། གཏོར་བཟློག་ཟོར་བརྡེགས་བཅས་བྱས། ཁོ་རང་གི་རིམ་གྲོར་མཁའ་འགྲོའི་སྦྱིན་བསྲེག་འབུམ། སེང་གདོང་མའི་བསྲུང་བཟློག་གི་འཁོར་ལོ་ཡང་འདུ་བྱས། གནང་སྦྱིན་ཡང་རྒྱ་ཆེན་པོ་ཐོབ། ཡང་ལྷ་སར་ཇོ་བོའི་མདུན་དུ་བརྒྱ་མཆོད་རྒྱས་པ་དང་། ཇོ་ཤཀ་རྣམ་གཉིས་མི་བསྐྱོད་རྡོ་རྗེ། སློབ་དཔོན་དང་རྗེ་རིན་པོ་ཆེ། མགོན་པོ་སོགས་ཕལ་ཆེར་ལ་གསེར་ཞལ་གསོལ། དཔལ་ལྡན་ལྷ་མོར་གསེར་གསོལ་སྐབས་སུ། སྡེ་བ་ཞིག་གིས་གསེར་སྐྱེམས་མཆོད་པ་འབུལ་རྒྱུ་ཁུར་འོང་བར། ལྷ་བཟོ་དང་། དེར་ཡོད་ཀུན་གྱི་ཁམས་བླ་འདི་ཉིད་ཕྲིན་ལས་རྒྱ་ཆེན་པོ་འོང་ངེས་རེད་ཟེར་ནས་ཡ་མཚན་པོ་བྱས་བྱུང་བ་ཡུལ་དེའི་བཤད་སྲོལ་དུ་འདུག་གམ་སྙམས། དེ་ནས་ཐེག་སྟེ་གཡེར་པའི་བྲག་ཕུག་གི་སློབ་དཔོན་ཆེན་པོའི་འདྲ་འབག་གུ་རུ་ཉིད་ཀྱིས་ཕྱག་བཟོ་མ་རྟེན་གང་ལས་ཀྱང་ཁྱད་པར་འཕགས་ངེས་ཀྱི་བྱིན་ནུས་ཅན་ག་ལ་བར་ཚོགས་བརྒྱ་དང་། བརྒྱ་མཆོད། སྙན་ཤལ་སོགས་སྲི་ཞུ་ནན་ཏན་བགྱིས་ནས་ཐེག་འདམ་གཞུང་དུ་སླེབས་ཚེ་ནཻ་པ་ལའི་གཡུལ་ངོ་བཟློག་ཕྱིར། ཙི་ནའི་དཔུང་ཚོགས་བཞིའི་གཡུལ་གྱི་ཕྲུ་མ་བཏབ་པའི་སྒྲ་སྐད་ཀྱིས་མཐའ་དབུས་ཡོངས་སུ་ཁྱབ་པའི་སྐབས་ལགས་པས། ངེད་ཅག་ཀྱང་མགོ་ཐོན་མིན་འཕྱང་མོ་ཉུག་གི་ར་བ་ལས་མ་འདས་ཀྱི་ངང་ནས་དཔྱིད་ཕྱོགས་དེར། རྡོ་རུ་ཁ་ཤས་ཡུལ་ཐོན་ནས་ས་ཆ་དེར་སླེབས་ཡོད་པ་ཡང་མར་དེད་ནས། ངེད་ཅག་རྣམས་མཉམ་པོར་འོང་བ་བྲང་གཞུང་དུ་སླེབས་ཚེ། སོ་མོན་གྱི་དམག་ཆུ་སྣ་རྒྱུག་པ་བཞིན་འོང་བ་དང་འཕྲད་གྲབས་བྱས་པར་ལམ་བཟུར་ནས་ལུང་པ་གཞན་ཞིག་ཏུ་ཕྱིན་པས་སྐྱོན་དུ་མ་གྱུར། ནག་ཆུར་སླེབས་ཚེ་ཡང་དམག་ལྟར་མི་བཟོད་པ་ཞིག་ཉེ་སར་སླེབས་འདུག་པར་བྱོལ་ཏེ་ཕྱིན་པས་ཉེ་ཞོས་མ་རེག་པར་བཤུལ་ལམ་རིམ་བགྲོད་ཀྱིས་ཤག་ལག་མདོར་སླེབས་ཀྱང་། ངེད་ཅག་རྗེས་སུ་ཅུང་ཞིག་འགྱང་དགོས་བྱུང་ནས་དུས་མ་བསྡོངས་སྐབས་སུ། རྟ་ཞིག་རྐུན་མས་ཁྱེར་བ་འཕྲལ་དུ་བླ་མ་བསོད་བསྟན་དང་། པདྨ་ཀུན་བཟང་གཉིས་ར་མདར་བརྒྱུགས་པས་ཚུར་ཆོད་བྱུང་རྗེས་སུ་ངེད་ཅག་ཀྱང་སླེབས་རང་ནས་དགྲ་དཔུང་བཅག་པ་གནམ་ལྕགས་སྒྱོགས་རྡོ་བརྩོམས་ནས་དེ་བཞིན་བྱས་པས་རྟགས་མཚན་ཀྱང་དགའ་མོར་གསལ། དེ་ནས་རིམ་པར་འབྲི་ཆུ་རྒྱུད་དུ་སླེབས་ཁར་རྡོ་རུ་པའི་ཕོ་གཞོན་རེས། དེ་གའི་རུ་བ་ཚོར་ལྟོ་སློང་བྱས་པ་འཛིང་མོར་སོང་ནས་མི་ཞིག་གི་ཕྲེང་བ་གཏོར་བའི་ནང་དུ་བྱི་རུ་ཆེན་པོ་ཞིག་ཕྲོག་ནས་ཁྱེར་བའི་སྐྱོན་གྱིས་ངེད་ཅག་གི་གྲུ་བཀགས་ནས་ཆུ་སྒྲོལ་མ་བཅུག་ཅིང་། དེའི་མི་ཚད་ཚེ་དབང་བདེ་ལེགས་ཟེར་བའི་དཔོན་གཡོག་ཁ་ཤས་བབས་ནས་ངེད་ཅག་སྒར་ཉོག་ཡིན་པ་བརྙས་སྟབས་ཀྱིས་བསྡིགས་སྐད་མང་པོ་བཏང་བྱུང་བར། དེར་ངེད་ཅག་གིས་ཁོང་ཚོ་ལ་ཞུ་བ་བཤགས་པ་གང་གསུང་བྱེད་ཞུས་ཀྱང་མི་ཉན་འདུག་པར། ང་རང་ཚིག་པ་ཟ་ནས་ཁལ་མ་ཚོའི་སྒ་སྟན་ཕོག་བཞིན་གྲུ་བརྒལ་གྲབས་བྱེད་ཀྱིན་ཡོད་པ་ཡར་བསྟད་བཅུག་ནས། ངེད་ཅག་ཚོའི་མི་ཟོག་ཆས་ཀ་གང་ཡོད་ཁྱེད་ཚོའི་སྒོར་འགྲོ། དེར་རྩིས་ལོངས་དང་། ངེད་ཀྱིས་བང་མི་མངགས་ནས་སྡེ་དགེའི་སྐུ་ཚབ་འབོས་ནས་ཁ་མཆུ་དེར་གཏམ་རྒྱུ་བྱེད་བྱས་པས་བདེན་ངེས་སུ་དོགས་ནས་ཚུར་འདུད་པར་བྱས་ཤིང་ཁ་མཆུ་རང་འགྲིགས་ལྟར་བྱུང་བས། བྱི་རུ་ཕར་གཏད་ངེད་ཚོ་ལ་ཡང་བཤགས་པ་བྱས། འཕྲལ་དུ་གྲུ་བརྒྱབ་ཅིང་ཐོགས་མེད་ཀྱིས་རི་བོའི་གཞུང་གནས་ཕར་ཕྱིན་དུས་ངེད་ཅག་ཁ་ཤས་ཤིག་ཚིགས་བབས་པར་སྔོན་དུ་ཕྱིན་ནས་མེ་བཏང་ཚེ། མས་ནས་ཡར་ལ་དྲེད་འཇིགས་པ་ཞིག་བརྒྱུགས་འོང་བར། ཀི་བཏབ། མཆོང་འཁྲབ་བྱས་ཀྱང་མི་ཁེགས་པར་གདོང་གཏད་ནས་འོང་བར། ངས་ས་རྡོ་སྤར་མོ་གང་བླངས་ཤིང་བདེན་བརྗོད་དང་དྲག་སྔགས་བཟླ་བཞིན་མར་ཅུང་ཟད་ཕྱིན་ནས་གཏོར་བས་འཕྲལ་དུ་ཙོག་གེར་བསྡད་སོང་བར། ངེད་ཅག་གི་མདོ་བཟློག་བྱས་མུར་བྲོས་ཏེ་སོང་། ཡུལ་དེར་དྲེད་སྨྱོན་ཟེར་བ་སུས་ཀྱང་མི་བཟློག་པ་ཞིག་ཡོད་སྐད་འདུག་པ་དེ་ཡིན་པ་འདྲ་ཡང་མཆོག་གསུམ་བརྟེན་མཐུས་བཟློག་པར་སེམས་སོ། སྐབས་དེ་ཞིག་ཏུ་ལམ་སྟོར་བཙལ་བ་དང་ཆབས་ཅིག་ཁ་བ་ཆེན་པོ་ཕྱོགས་འཆོལ་ནུས་པ་ཞིག་བྱུང་ཚེ་ཡིད་སྐྱོ་ལྷང་ངེ་བ་ཞིག་གིས་སྣང་བ་འགྱུར་ནས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བ་ལས་བྱུང་བའི་མདུན་མཁར་རྗེ་བཙུན་གྱི་དབང་ཕྱུག་མི་ལ་རས་པ་མངོན་རྟོགས་དང་མཐུན་པ་ཞིག་གིས་རྡོ་རྗེའི་མགུར་གླུའི་ཚུལ་གྱིས་སྒྲུབ་ཐབས་ངེས་དོན་སྙིང་པོ་སྦྱོར་དངོས་རྗེས་གསུམ་ཚང་བ་དེ་གནང་མཐར་རང་དང་དབྱེར་མེད་དུ་གྱུར་པའི་ཉམས་གཞོན་ནུ་མ་ལ་པྲ་ཕབས་པ་ལྟ་བུ་བྱུང་མཐར་རང་གཉིད་སད་པ་ལྟ་བུར་གྱུར་བཞིན་ཞག་སར་བབས་འཕྲལ་ཆོ་ག་ཡང་བྲིས་པར། གྲོགས་བླ་མ་རྣམ་གཉིས་ཀྱིས་དེ་ལ་རྗེས་གནང་ཡང་དེ་མཚུངས་ཤིག་ཕྲིས་ཟེར་བ་བཞིན་བརྩམས། ཡང་དེ་དུས་ཞིག་ལ་མར་བལྟས་པས་མཆོད་སྡོང་བླ་ན་མེད་པ་གཅིག་སྣང་འཕྲལ་རླུང་ལྟ་བུས་འཕྲལ་མར་བཤིག་ནས་ཐལ་འཚུབ་སྐྱ་ཕྱུར་གྱིས་ཡུལ་དེ་གང་བ་ཞིག་རྨིས་མཐར་སད་ཚེ་སེམས་སྐྱོ་ལྷང་ངེ་བ་ཞིག་བྱུང་། སླར་བརྟགས་དུས་སྤྲུལ་པའི་སྐུ་རིན་པོ་ཆེ་གཞན་དོན་དུ་གཤེགས་པའི་ལྟས་སུ་བཟུང་། ཡང་སྐབས་ཤིག་ཏུ་ང་རང་ཐང་ཡངས་པོ་ཞིག་ཏུ་དབུས་སུ་འབོལ་གདན་མང་པོ་བརྩེགས་པའི་ཁར་སྡོད་པ་ལ། ནམ་མཁའ་ནས་དར་ཁ་དོག་སྣ་ལྔ་པ་རེ་འཕངས་ཤིང་། འབོལ་དང་བཅས་པ་ནམ་མཁར་བཏེགས་པ་ཞིག་རྨིས་པ་བར་ཆད་འདྲ་ཡིན་པར་དོགས་ཤིང་གྲོགས་བླ་མ་ཟུང་གིས་བསྐུལ་བའི་མཁའ་འགྲོའི་བསུན་བཟློག་བྱས་ནས་ཐེག། མོ་འགོ་རྒྱན་གྱི་སྡེ་ནང་དུ་སླེབས་ནས་ཟླ་ཆུ་རྒྱུད་ཐུར་དེད་དུ་ལམ་རིམ་བགྲོད་ལས། ཆོས་མཛད་སྒར་པའི་ཉེ་སྐོར་དུ་སླེབས་པ་དང་། བླ་མ་དཔལ་རྒྱམ། བསོད་བསྟན་གཉིས། ངེད་རང་དང་གསུམ་ཆར་ཆུ་རབ་བལྟ་བར་སྔོན་དུ་ཕྱིན་སྐབས་ཤིག །གཉིད་དང་ཉམས་སྣང་ངོ་མི་འཚལ་བ་ཞིག་ལ་ཀེང་རུས་ཆས་ཞུགས་དར་འཕན་རྒྱན་ཆས་དང་ལྡན་པ་གློག་ཞགས་ལྟར་མྱུར་བ་ཞིག་ངའི་གམ་དུ་ཀྲོང་གིས་བྱུང་ནས། ཡིག་རྒྱ་ཐེལ་དམར་ཅན་ཞིག་འདུག་པ་གཏད་བྱུང་བ་འཕྲལ་དུ་ཁ་ཕྱེས་ནས་བལྟས་པའི་ནང་དུ་རྫོགས་ཆེན་དགོན་པ་ལ་ཡག་པོ་མ་བྱུང་། དེའི་མ་ཚད་སྡེ་དགེའི་མདུན་དུ་ཡང་ཤོར་ཚར། ད་བར་ཁྱོད་རང་ཨེ་ཐོན་བསྒུགས་ཀྱང་སླེབས་རྒྱུ་མ་བྱུང་བ་དང་། ང་རང་རྫོགས་ཆེན་ནས་མངག་པ་ཡིན་ཟེར་བ་དང་མཉམ་དུ་གར་སོང་ཆ་མེད་དུ་ཡལ། ཉམས་སྣང་དེ་ཡང་རྨི་ལམ་སད་པ་བཞིན་དུ་དེངས་བས་རྗེས་སུ་སྙིང་ཐོན་པ་ལྟ་བུའི་སེམས་སྡུག་ཚད་མེད་པ་ཞིག་ལངས་བྱུང་། གྲོགས་གཉིས་ལ་ད་རེས་ང་རང་གཉིད་དུ་སོང་ངམ་ཞེས་པས། ཁོང་རྣམས་གཉིས་ཀྱིས་གཉིད་པ་ལྟ་ཅི་མ་ཎི་གཉིས་གསུམ་ཙམ་འདོན་ཁོམ་ཡང་མིན་ཟེར་བྱུང་། དེ་འཕྲལ་ཁོང་རྣམ་གཉིས་ལ་རྒྱུ་མཚན་དེ་རྣམས་བཤད་ནས། དོ་དགུང་ཚུན་དུ་རང་རེ་ལ་མི་བདེ་བ་ཞིག་འོང་ངེས་རེད་པས་གཟོབས་ཤིག་བྱས་ནས་རྫ་ཆུ་ལ་རབ་ཚད་བྱས་ནས་སྐྱོན་གང་ཡང་མི་འདུག་པས་ཁལ་རྣམས་དེད་ནས་ཆུའི་ཕལ་ཕར་ཕྱིན། སྒར་བརྒྱབ་པའི་སྐབས་སུ་མས་ནས་ཡར་རྟ་པ་གཅིག་འོང་གིན་འདུག་པ་མཐོང་མ་ཐག་ཏུ་སེམས་སྡུག་ཚད་མེད་པ་ལངས་བཞིན་དེ་ལ་གཏུག་མཁན་གཞན་སུ་ཡང་མ་མངགས་ནས་ང་རང་ཕྱིན་པས། ནག་ཚང་དཔལ་མགོན་རེད་པས་རྫོགས་ཆེན་དགོན་གྱི་རྒྱུ་མཚན་དྲིས་པས། ༧ སྤྲུལ་པའི་སྐུ་རིན་པོ་ཆེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཚུལ་གྱི་ལོ་རྒྱུས་ལབ་བྱུང་བས། ང་རང་ས་ལ་འགྱེལ་འོ་དོད་བོས། སྡུག་བསྔལ་གྱིས་ཤིན་ཏུ་གཟིར་བར་གྱུར་པ་ལ། བླ་མ་རྣམ་གཉིས་སོགས་ཚུར་འོང་ནས་དེ་ཚུལ་གོ་བ་དང་གཉམ་དུ་སྒར་དེར་ཡོད་པའི་མཆོག་དམན་ཐམས་ཅད་སྡུག་བསྔལ་གྱི་འདམ་དུ་བྱིང་ནས་བཟའ་བཏུང་སྤྱོད་པ་དང་། ཁལ་རྟའི་འཚོ་རྫི་སོགས་ཀྱི་འདུ་ཤེས་དོར་བར་གྱུར་ཏོ། དེ་ནུབ་དེར་ཞག་ས་བྱས་ཏེ་ཕྱིར་ཉིན་ལམ་དུ་ཞུགས་ནས་སེ་རའི་ཐད་དུ་ཞག་ས་ཕོག །དེར་ཡོངས་ཤར་སྡེ་རྣམས་དང་། རྟ་པ་འགྱོང་རུ་བཅས་ཀྱི་ཁྲོམ་དབང་ཞིག་དགོས་ཚུལ་བཤད་བྱུང་བ་བཞིན་ཕྱིར་ཉིན་སྔ་ཚེ་ནས་ཁྲོམ་མང་འདུས་པ་ལ། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་འབྲེལ་འཇོག་བྱས་པར་ཁྲོམ་སྟོང་ཚོ་གཉིས་ལྷག་ཙམ་འདུག་ཅེས་ཟེར་བ་ཡོད་པ་དེར་ཕེབས་ནས་བུམ་གཏེར་འཇོག་དགོས་ཚུལ་ནན་ཏན་བྱས་བྱུང་བར། དེར་ཕྱིན་པ་དང་མཉམ་དུ་བསང་དང་སྡེ་བརྒྱད་གསེར་སྐྱེམས་སོགས། བུམ་གཏེར་འཇོག་པའི་སྟ་གོན་ལ་ཞུགས་ཙ་ན་ཁོ་རང་གཞི་བདག་ནག་ཕྱོགས་པ་ཞིག་ཏུ་འདུག་པས་འཕྲལ་དུ་སྤྲིན་ཁམ་ནག་ནགས་ཚལ་ལ་མེ་མཆེད་པའི་དུ་བ་བཞིན་འཁྲིགས་ནས་ངེད་ཅག་གི་སྟེང་གི་ནམ་མཁའ་ཐམས་ཅད་གོ་མཚམས་མེད་པར་འབྲུག་གི་སྒྲ་དྲག་པོ་སྒྲོགས་པ་དང་གློག་གི་ཞགས་པ་མགར་གྱི་ཚ་ཚ་འཕྲོ་བ་སོགས་རབ་ཏུ་འཇིགས་པའི་མངོན་རྟོགས་མངོན་སུམ་དུ་གསལ་བར་གྱུར་པའི་ཚེ། ང་རང་ཕར་གོང་ཙམ་དུ་ཕྱིན་ནས་རི་དེའི་རྩེ་མོར་ཨོ་རྒྱན་སྲིད་གསུམ་ཟིལ་གནོན་གྱི་ཕྱག་རྒྱ་ནམ་མཁའ་གང་བ་ཙམ་དུ་བསྐྱེད་ནས་གནས་གསུམ་ཡི་གེའི་འཕྲོ་འདུ་ལས་ཞིང་རབ་འབྱམས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཐུ་སྟོབས་ནུས་པའི་ངོ་བོ་འབྲུ་གསུམ་ཁོ་ནའི་རྣམ་པར་སྤྱན་དྲངས་བསྟིམ་པ་དང་ཆབས་ཅིག་སློབ་དཔོན་ཆེན་པོ་ལྷ་འདྲེ་དབང་དུ་སྡུད་པའི་ཏིང་འཛིན་ལ་བཞུགས་པའི་ངང་ནས་ཟོ་དོར་དེའི་རྩེ་མོར་བྲོ་བརྡུང་བ་ཙམ་གྱིས་ཐལ་བ་བུན་གྱིས་སོང་བའི་དམིགས་པ་ལ་རྩེ་གཅིག་ཏུ་གཞིར་བས་ཉམས་སྣང་དུ་རི་དེ་ཐང་བརྡལ་བ་ལྟར་སོང་བའི་རྟོག་པ་ཡང་ཤར། དེ་མུར་ཕྱོགས་བཞི་མཚམས་བརྒྱད་ནས་སེར་བ་དམག་དཔུང་བཞིན་དུ་རུབ་ནས་བྱུང་བ་ལ་དམིགས་པ་ལྷོད་མེད་ཀྱི་ངང་ནས་དྲག་སྔགས་བཟླས་པས་སེར་བ་ཅུང་ཟད་ཙམ་ཡང་བབ་པར་མ་གྱུར་ཞིང་རི་རྩེ་རྣམས་སུ་བྱེར་བར་གྱུར་ཏོ། དེར་བུམ་གཏེར་གྲུབ་འཕྲལ་ཡོན་བདག་རྣམས་རང་ཡུལ་དུ་ལོག །ངེད་ཅག་སྒར་ཐོག་ཏུ་མར་ཕྱིན་པར་ཐད་སོའི་མདའ་རྒྱང་གང་ཙམ་ན་འོད་དཀར་པོ་གུར་ཆེན་ཞིག་ཕུབ་པ་ཙམ་ཟེར་མ་སྣ་ཚོགས་འཕྲོ་བ་ཞིག་འདུག་པ་ངེད་ཅག་དང་མཉམ་དུ་དེ་ཡང་འགྲོ་ཞིང་ངེད་ཅག་ཅུང་ཟད་སྡོད་ཚེ་ཁོ་རང་ཡང་འདུག་པ་དེ་འདྲའི་ངང་དུ་ཡག་ཉེས་ཁ་མདོར་ཕྱིན་དེར་སྒར་བརྒྱབ་འདུག་པ། ངེད་ཅག་དེར་བབ་པ་དང་ཁོ་རང་ཡང་ཕ་རིའི་ཐད་ཀར་ནས་རིའི་རྩེར་དེས་སོང་བ་ངེད་ཅག་ཀུན་གྱིས་མཉམ་དུ་མཐོང་ངོ་། དེ་ནས་མར་དགེ་རྩེའི་རུ་བ་རིམ་བཞག་གིས་བླ་མ་འབུམ་ཤོག་སར་ཟིན། དེ་པ་ཚང་ལ་ཞི་ཁྲོའི་གནས་སྟོང་དབུར་སྡོད་བྱས་ནས་ཡོད་སྐབས། ༧ ས་སྐྱོང་སྡེ་དགེ་ནས་རྒྱལ་ཁབ་ཆེན་པོ་དེ་གར་འོང་དགོས་ཀྱི་བང་མི་བཀའ་ཤོག་བཅས་སླེབས་ནས་མགྱོག་སྟབས་སུ་འགྲོ་གྲབས་ཀྱི་སྟ་གོན་བསྒྲིགས་ནས། ས་རིམ་དང་འུ་ལག་རིམ་བསྒྲིགས་ཀྱིས་ཐོགས་འགོར་མེད་པར་ཕྱིན་ནས། རྒྱལ་ཁབ་དེ་ཉིད་དུ་དང་པོར་དྲག་པོ་དཔལ་ཆེན་འདུས་པའི་བསྙེན་བསྒྲུབ་ལས་གསུམ་གྱི་གོང་བསྙེན་སྔོན་དུ་བཏང་ནས་གཏོར་བཟློག་གནད་སྨིན་བྱས་མཐར། གཏོར་རྒྱག་ཟོར་བརྡེག་དང་བཅས་པ་ལ་ཞུགས་པའི་སྐབས་སུ་དམིགས་པའི་འབེན་བཅས་ནས་དགུག་འདྲེན་བྱེད་སྐབས་ལྟད་མོ་ལྟ་མཁན་མང་དུ་ཚོགས་པ་རྣམས་ཀྱིས་མཐོང་སར་རྒྱ་ཁྲས་བྱེའུ་དེད་པ་ཞིག་ལ་ལས་སོག་ཕོན་བསླང་བའི་ནང་དུ་སོང་ཟེར། ལ་ལས་ང་རང་གི་ཁྲི་འོག་ཏུ་གབ་ཟེར། ངེད་ཅག་དཔོན་སློབ་རྣམས་ཀྱིས་ནི་མཐོང་རྒྱུ་གང་ཡང་མ་བྱུང་། གཞན་མེ་ལྟས་དང་རླུང་ལྟས་རྣམས་ཤིན་ཏུ་བཟང་པོར་བྱུང་ཞིང་། ཡར་ལོག་སྒྲུབ་ཁང་དུ་སླེབས་འཕྲལ། དེ་ཚུལ་གྱི་རྒྱུ་མཚན་དང་། རྟེན་འབྲེལ་ག་འདྲ་བྱུང་རྣམས་འདྲི་མཁན་ཞེ་དྲུང་མངགས་བྱུང་བར་ང་རང་གིས་བཟང་ངན་གྱི་ཁ་ཚོན་ཆོད་པའི་རྟེན་འབྲེལ་གང་ཡིན་ཞུ་ཡང་མི་སྤོབས། དེ་ཚུལ་གཞན་གྱིས་ལབ་པ་ལས་མཐོང་ཡང་མ་མཐོང་། འོན་ཀྱང་མེ་ལྟས་རླུང་ལྟས་དང་ཟོར་གྱི་གྱུར་ཕྱོགས་སོགས་ལ་བརྟགས་ནས་རྟེན་འབྲེལ་ལེགས་པོ་འདྲ་ཡིན་ནམ་སྙམ་པའང་ཤར། ཞེས་བཀའ་ལན་ཕུལ་ལོ། །དེ་རྗེས་སུ་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་ལས་གསུམ་སྔོན་དུ་བཏང་ནས་ཞི་བསྲེག་འབུམ་ཕྲག་བསྒྲུབས་མཐར་གཏོར་བཟློག་ཟབ་རྒྱས་གནད་སྨིན་གྱི་མཐར་གཏོར་རྒྱག་དང་རྭ་ཟོར་སོགས་ཟོར་དེ་དག་གི་རིམ་པ་ཡོངས་རྫོགས་ལ་ཞུགས་སྐབས་རྭ་ཟོར་ཁ་ཕར་གྱུར་ཚུར་གྱུར་བྱས་ནས་ཁྲག་དར་ཕྱར་བ་བཞིན་དུ་དགྲ་ཕྱོགས་སུ་འཕྱོ་བ་སོགས་རུ་རྩེ་ཁྲག་གསུམ་གཞུང་དུ་བཤད་པ་བཞིན་ཕར་ལོག་པས་ལེགས་པའི་རྟེན་འབྲེལ་མངོན་དུ་བྱུང་། ཟོར་རྣམས་རྫོགས་པའི་འོག་ཏུ་སོག་ཕོན་ལ་མེ་སྦར་བའི་སྐབས་སུ་ལིངྒ་མེས་མ་ཚིག་པར་རླུང་གིས་ནམ་མཁར་བཏེགས་པས་རྗེས་སྙེགས་ལྟ་བུའི་མེ་ལྕེ་གློག་ཞགས་ལྟར་མྱུར་བ་གཅིག་འཕྲོས་ནས་ལིངྒ་བར་སྣང་ཁམས་སུ་ཐུལ་གྱིས་ཚིག་པ་དེར་ཡོད་རྣམས་ཀྱི་འདྲེན་བྱེད་ཀྱི་ལམ་དུ་གསལ་ལོ། །དེ་ནས་ཡར་སྒྲུབ་ཁང་དུ་ལོག་སྐབས་སྔ་མ་བཞིན་དུ་རྟེན་འབྲེལ་ལེགས་པོ་བྱུང་ཚུལ་གྱི་བཀའ་གནང་དང་། དཔའ་སྐྱེམས་ཀྱི་ཕུད་འདྲེན་པ་སོགས་དགའ་སྤྲོའི་རྣམ་འགྱུར་ཅིར་ཡང་གནང་བྱུང་ངོ་། །དེ་རྗེས་ཡང་ཉི་མ་ཁ་ཤས་སྡོད་དགོས་ཞེས་བཀའ་གནང་བཞིན་སྡོད་སྐབས་གོང་ནས་ཡབ་རྗེ་རིན་པོ་ཆེའི་དགོངས་པར་ཁྱོད་རང་སྡེ་དགེའི་ཕོ་བྲང་དུ་སྲས་ལྕམ་དྲལ་གྱི་སྐུ་རིམ་པར་བསྡད་ན་ལེགས་པོ་འོང་ཚུལ་གྱི་བརྟགས་པ་ལན་མང་བབས་པ་ཡིན་པས་མི་སྡོད་ཐབས་མེད་ཡིན་ཚུལ་ལན་འགའ་དང་འགར་གསུངས་བྱུང་ཡང་། ང་རང་གཟུགས་ཕུང་འདི་ཉིད་རི་རྩེ་ལྔར་འདོར་དུ་འགྲོ་བའི་ཞེ་དམ་བཅས་པ་ཇི་བཞིན་དེ་ལྟའི་ཁས་ལེན་བྱེད་དུ་མ་ནུས་ནས། རང་ཅག་མིང་སྲིང་ ༧ སྐྱབས་རྗེ་རིན་པོ་ཆེའི་དམ་ཚིག་ཞགས་པས་མཉམ་དུ་སྦྲེལ་བས་ཡལ་གམ་འདི་ནི་དུས་ནམ་དུ་ཡང་ཡལ་བར་མི་དོར་ངེས་པ་དང་། ཁྱད་པར་སྲས་ལྕམ་དྲལ་གྱི་སྐུ་ཚེ་བརྟན་ཆེད་དང་། སྡེ་དགེའི་ཆབ་སྲིད་མངའ་ཐང་བཅས་མི་ཉམས་ཤིང་གོང་འཕེལ་དུ་འགྲོ་བའི་ཐབས་རྡོ་རྗེ་ཕུར་པའི་ལྷ་ཁང་ཞིག་བཞེངས་ནས། ལོ་ལྟར་གྱི་དེའི་སྒྲུབ་མཆོད་ལ་བརྩོན་པའི་གྲ་ཚང་ཞིག་བསྒྲིགས་པ་སོགས་གོང་ནས་མགོ་འཛིན་རྒྱབ་རྩ་སོགས་གནང་རྒྱུའི་བཀའ་དྲིན་བདག་རྐྱེན་ཞིག་བྱུང་ན་ཕན་ཐོགས་ནི་རྒྱ་ཆེན་པོ་ཞིག་འོང་བ་ང་རང་གིས་ཁག་ཁུར་ཆོག་པ་ལྟ་བུ་ཡིན་པ་སོགས་རྒྱུ་མཚན་མང་པོར་ཡང་ནས་ཡང་དུ་ཞུས་པས་རྣལ་འབྱོར་དབང་མོའི་ཚུལ་དེ་བཞིན་དུ་བསྒྲུབ་པའི་བཀའ་ཡི་གནང་བ་བསྩལ་ནས་ཆ་རྐྱེན་དུ་དངུལ་རྡིལ་ཚད་གཉིས་བཅས་གནང་བྱུང་། དེ་དགོས་འདི་དགོས་ཀྱི་བཀའ་ཕེབས་དང་། ས་འདུལ་རྨང་དང་བཅས་པ་ང་རང་གིས་དགོས་ཚུལ་སོགས་གནང་བྱུང་བ་བཞིན་འགྲུབ་ན་སྙམ་པའི་གོ་ཆའི་བརྩོན་འགྲུས་ལ་འདུན་པར་གྱུར་ཏོ། རྒྱལ་མོ་བྱང་ཆུབ་སེམས་མ་རིན་པོ་ཆེའི་བཀའ་ཤོག་ལམ་ཡིག་བཅས་གནང་ཞིང་རྒྱལ་ཁབ་དེ་ཉིད་ནས་ཐེག་པ་འབྲུམ་ནད་ཀྱི་དོགས་པས་མཁར་བུམ་མདོའི་བགྲོད་ལམ་དུ་ཕྱིན་པས་རྫོང་དཔོན་དང་གཞན་ཁ་ཤས་ལ་དབང་འབྲེལ་དང་བྱིན་རླབས་ཞུ་བར་བྱུང་བ་རྣམས་ལ་སོ་སོའི་རེ་འདོད་བསྐངས་ནས་ལམ་དུ་ཞུགས་ནས་ཟིས་ཕུར་སླེབས་ཚེ་སྣེ་ཤན་ཧོར་འདྲའི་འུ་ལག་དང་མི་སེར་རྣམས་ལ་བརྡུང་བརྡེག་དང་བཙན་ཤེད་ཀྱི་ལས་ཁོ་ནར་བྱེད་པས་ཤིན་ཏུ་སུན་པར་གྱུར་ཀྱང་བྱ་ཐབས་ཟད། དེ་ནས་རྫོགས་ཆེན་དགོན་དུ་ཕྱིན་ཚེ། ༧ དཔོན་སློབ་དམ་པའི་ཞབས་དྲུང་ནས་ཞི་ཁྲོའི་དབང་རྒྱས་པ་ཞིག་ཞུས་ནས། སྡེ་དགེའི་གནང་བའི་གོས་ཆེན་ཁ་ཤས་ཕུལ། ལྡེབ་གྱ་གཉིས་པ་ཆད། འདུལ་དུ་ཕྱིན་ནས་རྒྱུད་ཕུར་བདུན་སྒྲུབ་དང་འབྲེལ་བའི་སྦྱིན་བསྲེག་འབུམ་སོགས་སྣ་སེལ་གྱིས་ས་གཞི་ལས་སུ་རུང་བར་བྱས་ནས་ས་འདུལ་གྱི་སྐབས་སུ་འཇིགས་མེད་བློ་གསལ་དཔོན་གཡོག་ཀྱང་སླེབས་པ་རྟེན་འབྲེལ་བཟང་པོའི་མཐུན་གྲོགས་སུ་གྱུར་བཞིན་ངེད་ཅག་མཆོད་ཡོན་ཀུན་གདན་འཛོམ་གྱིས་རྒྱ་ནག་ལུགས་ཀྱི་ས་འདེབས་བྱས་ཚེ། དུང་རྡོག་ནམ་མཁར་འཕངས་པ་འོག་རྡོར་བབས་ཤིང་ས་ལ་ཡར་ནས་ཡང་སྔར་ལྟར་ཡར་བ་འོག་རྡོའི་དཀྱིལ་དུ་བབས་པ་དང་། ཕུར་པའི་དབང་ཆེན་སྐུར་དུས་ལིངྒ་བསྒྲལ་སྟབས་སྐབས་ཕུར་པ་བཙུགས་པ་དང་ཆབས་ཅིག་འབྲུག་སྒྲ་ཤར་མ་གཅིག་བསྒྲགས་བྱུང་བ་དེ་ཡང་ཁ་ཆར་བབ་དུས་མ་ཡིན་པས་ངོ་མཚར་བ་འདྲ་མོར་འདུག །དེར་ས་འདུལ་གྲུབ་འཕྲལ་བློ་གསལ་ངེད་རང་གཉིས་ཀས་གཤོར་ཐིག་དང་ཀ་ཐིག་སོགས་བརྒྱབ་ནས་རང་སྒར་དུ་ཐེག་གོ་དེར་ཡང་ལོ་ལྟར་གྱི་སྨན་བླའི་མདོ་ཆོག་ཉིན་ཐུབ་རེའི་ཆ་རྐྱེན་དུ་ཇ་མར་ཀྱི་དོང་བཞག །དེ་དུས་ཕྱག་ཚའི་དགོན་དུ་སྡོད་སྐབས་འཇིགས་མེད་ཆོས་གྲགས་མ་རྒན་གྱིས་ཕུལ་བ་ས་ཐག་རིང་པོར་ཁྲིད་ནས་སྡུག་བསྔལ་བསག་རྐྱེན་དུ་དགོས་ནས་བླ་མ་བསོད་དབང་སར་མངགས་པ་སྡོད་མ་འདོད་ནས་ཡར་བྲོས་བྱུང་བ་སྔོན་གྱི་ལས་སུ་བལྟས་ནས་མཉམ་པོར་འགྲོ་གྲབས་བྱས་ཤིང་དེ་མིན་རྗེས་འབྲང་ཁ་ཤས་བྱུང་བ་ནོར་རྫས་ཕྲན་བུ་རེ་བྱིན་ནས་ཕྱིར་མངགས་སྐབས་དེར་ཡང་གོང་འོག་དེ་ཚོས་ཆོས་འབྲེལ་ཞུ་མཁན་མང་རབ་ཅིག་བྱུང་བ་སོ་སོར་རེ་འདོད་བསྐངས་ནས་ཆུ་མོ་གླང་ལོ་ཟླ་༨ཚེས་༡༠ལ་ཐེག་ནས་ཟི་ལིང་མགྲོན་པོ་སླེབས་རྩིས་བྱས་ཀྱང་རྗེས་མ་ཟིན་ནས་ཉི་མ་ཁ་ཤས་སོང་འཕྲོར་རྗེས་སྟོར་ནས་ཅི་བྱ་གཏོལ་མེད་ལ་ཐུག། འོན་ཀྱང་མཆོག་གསུམ་རིན་པོ་ཆེར་གསོལ་བ་བཏབ་ནས་འོལ་ཚོད་ཀྱིས་ཕྱིན་པའི་ཞག་མང་ཤས་ཞིག་གི་འཕྲོར་རྟ་པ་ཁ་ཤས་ཀྱིས་ཤིང་ཉུང་ཟད་རེ་བཀལ་ནས་འགྲོ་བ་མཐོང་བས་འགོ་ལོག་གམ་འོན་ཏེ་བྲོས་པོ་འདྲ་ཡིན་དུ་དོགས་ནས་བཙན་རི་བཟུང་གྲབས་བྱས་ཀྱང་ཁོ་རང་ཚོས་ལབ་གླེང་བྱེད་པ་ཐོས་པས་སོག་སྐད་ཡིན་པར་ཤེས་ནས་སྐད་ཆ་དྲིས་པས་ས་སྲུང་གི་སོག་དམག་ཡིན་ཚུལ་ལབ་བྱུང་བར་འཇིགས་པ་དང་བྲལ་ཞིང་། དམག་མིའི་ཉེ་སྐོར་དེར་བསྡད་ཅིང་འགྲོ་ལམ་ཞིབ་དྲི་བྱས་ནས་ཕྱིན་པས་ཡུན་མི་རིང་བར་ཧང་ངའི་ལུང་པར་སླེབས། དེར་ཆེན་མོ་ཟེར་བའི་མཚེར་དུ་སྒར་པ་བབས་པའི་ཞག་ཁ་ཤས་ནས་འབོད་མཁན་འདྲ་བྱུང་ཡང་མ་ཕྱིན། ཚུར་མཇལ་མཁན་བྱུང་བ་རྣམས་ཀྱི་རེ་བ་རྫོགས་པར་བྱས། དགུན་དེར་བྲག་དཀར་སྤྲེལ་རྫོང་ཟེར་བ་སྔོན་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྲེལ་སྒོམ་གྱི་བཞུགས་གནས་སུ་གྲགས་པ་དེར་བསྡད་ནས། རིག་འཛིན་འདུས་པ། མཁའ་འགྲོ། དཔལ་ཆེན་སོགས་ཀྱི་བསྙེན་སྒྲུབ་ཤིན་ཏུ་དམར་བ་བྱུང་། དེ་དུས་དགུན་སྨད་དེར་རྨ་ཕར་ཁའི་རུ་ངན་གྱི་ཇག་པ་ལན་གཉིས་གསུམ་ལ་འོངས་ནས་ངེད་ཀྱི་སྒར་པ་ལས་བརྒལ་ཏེ་སོག་རུ་མང་ཤས་དེད་སོང་ཡང་གསོལ་ཁ་ཁོ་ན་ལ་བརྩོན་པས་ཉེ་ཞོ་མེད་པར་གྱུར། དེ་དུས་རོང་དམག་ཁྱིམ་ནས་འོང་གྲབས་བྱས་འཕྲལ་རྨི་ལམ་མངོན་སུམ་ལྟར་བྱུང་བ་ཐོས་པ་ཚོངས་དྭོག་བྱས་བཞིན་ཐར། དེ་དུས་ཡང་རྐང་པ་གཉིས་ཀ་ཞ་ནས་ཟླ་བ་གསུམ་ཙམ་ལ་མ་བདེ་ཡང་ན་ཞོར་དེར་ཕུར་པའི་བསྙེན་སྒྲུབ་གནད་སྨིན་ཞིག་ཀྱང་བཏང་ཁུལ་དང་། དེ་དང་འབྲེལ་པའི་ཞི་བསྲེག་འབུམ། དྲག་བསྲེག་བཅས་བསྒྲུབས། དེའི་དབྱར་སྟོད་དེར་སྒོ་མེ་ར་ཆོས་རྗེ་རིན་པོ་ཆེའི་དགོན་པར་འོང་དགོས་ཀྱི་གསུང་ནན་བྱུང་བ་ལྡོག་མ་ནུས་ནས་དེར་ཕྱིན་བླ་མ་དམ་པ་དེ་ཉིད་དང་པོ་འབྲས་སྤུང་གི་གྲ་སར་ཞུགས་ནས་མཚན་ཉིད་ལ་སྦྱངས་ཤིང་། རྗེས་སུ་སྨིན་གླིང་དུ་འགྱུར་མེད་རིན་ཆེན་རྣམ་རྒྱལ་བླ་མར་བརྟེན་ཞིང་དབང་ཁྲིད་ལུང་གསུམ་མང་དུ་གསན་ནས། དེ་དང་གཏེར་ཆེན་གྱི་དངོས་སློབ་ཏ་ལེ་ཧུ་ཐོག་ཐུའམ། ངག་དབང་བཤད་སྒྲུབ་རྒྱ་མཚོ་ཞེས་ལུང་ཟིན་གྱི་སྐྱེས་མཆོག་ཆེན་པོ་དེ་དང་། ཨ་མདོ་སྔགས་རམ་པ་འགྱུར་མེད་དམ་ཆོས་བཟང་པོ་གཉིས་ཀའི་ཞལ་སྔ་ནས་ཀྱིས་སྨིན་བྱེད་ཀྱི་དབང་གྲོལ་བྱེད་ཀྱི་གདམས་པ། རྒྱབ་བརྟེན་གྱི་ལུང་སོགས་གསན་སྦྱོང་རྒྱ་ཆེན་གནང་ཞིང་། གསར་རྙིང་རིས་མེད་ཀྱི་བསྙེན་སྒྲུབ་སྤྱི་དང་ཁྱད་པར་རྟ་མགྲིན་ཡང་གསང་ཁྲོས་པ་གདན་ཐོག་གཅིག་ཏུ་དུང་ཕྱུར་བཟླས་ཤིང་གྲུབ་པའི་མཚན་མ་མངོན་དུ་གྱུར་བཞིན། ཨ་ལགས་ཤཱ་ཝང་ཞེས་རྒྱ་ནག་གོང་མའི་སྲས་མོའི་བདག་པོར་གྱུར་པ་དེ་ཉིད་རྒྱ་འདྲེས་གཙེས་པ། པདྨ་དབང་ཆེན་གྱི་སྒོ་ནས་དམ་ལ་བཏགས་པ་སོགས་ངོ་མཚར་བའི་མཛད་པ་ལ་རང་དབང་བསྒྱུར་ཞིང་ཕྱི་ཚུལ་འདུལ་བ། ནང་གསང་སྔགས་བར་བྱང་སེམས་ཀྱི་བསླབ་པ་གསུམ་ལ་ཐེང་ལྷོད་མེད་པའི་སྐྱེས་མཆོག་དམ་པ་དེ་ཉིད་ཀྱི། ༧ ཡབ་རྗེ་ཀུན་མཁྱེན་ཆེན་པོའི་བཀའ་གཏེར་གྱི་ཆོས་ཁ་ཤས་གཟིགས་པས་ཡིད་ཆེས་ཀྱི་དད་པ་ཐོབ་པ་ནས་ཁོ་བོ་ལའང་དང་བ་སྟོན་པའི་རྣམ་འགྱུར་དུ་མའི་སྒོ་ནས་ཀློང་སྙིང་དང་། མཛོད་བཅས་ཀྱི་དབང་ལུང་དགོས་ཚུལ་གསུང་བཞིན་ཕུལ། ཚུར་ལ་ཡང་རྟ་མགྲིན་ཡང་གསང་ཁྲོས་པའི་དབང་ལུང་ཚང་མ། ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་དབང་ལུང་སོགས་ཞུས། སྐབས་དེར་བོད་སོག་གི་སྡེ་ཁ་ཤས་ལ་ཆོས་དང་དམ་རྫས་ཀྱི་འབྲེལ་བ་བཞག་ཅིང་ཕྱིར་ལྡོག་སྐབས་སོག་སྡེ་བརྒྱུད་ནས་འོངས་པས་ཡུལ་དེར་ཆུ་ཕྲན་ཞིག་མི་སྲིད་པ་ལྟར་གྱིས་ལྷོ་བྱང་གི་ལུང་ཆེན་གཉིས་སུ་འགྲོ་རེས་འཆུག་མེད་དུ་ཡོད་པ་ལོ་ཁ་ཤས་ལ་ལུང་པ་དེར་མ་འོང་པ་ངེད་ཅག་དང་སྟབས་ཅིག་དུ་བབས་པས་དགའ་ཚོར་དང་ངོ་མཚར་ཆེན་པོ་བྱས་ནས། ཧར་ཧན་ཏ་ལེ་བླ་མ་ཟེར་བཞིན་ཆོས་དང་དམ་རྫས་ཀྱི་འབྲེལ་པ་ཡང་ཞུས་སོ། འོན་ཀྱང་ལོ་ཙ་མ་བཙུགས་པར་སྐད་བརྡ་འཕྲོོད་མི་ནུས་པས། དེ་ཚོ་ལ་བསམ་ན་བོད་སྐད་ཤེས་པའི་སར་ཆོས་འཆད་པ་ལ་སྐྱོ་བ་སྐྱེ་མི་དགོས་པ་འདུག་སྙམས་པ་ཤར་ཞིང་འཕྲལ་མར་ཐེག་ནས། རང་སྒར་དུ་སླེབས་བཞིན་ཡུན་མི་རིང་ཙམ་ནས་ཟི་ལིང་མགྲོན་ཆེན་དང་ཆབས་ཅིག་འཇིགས་མེད་བློ་གསལ་དཔོན་གཡོག་ལྷ་ལྡན་དུ་ཕྱིན་ཞིང་ཕྱིར་ལོག་དུས། ༧ ཡབ་རྗེའི་མདུན་ནས་རི་བོ་རྩེ་ལྔར་འགྲོ་དགོས་བྱུང་ཡང་ཐེ་ཚོམ་མེད་པར་ང་རང་དང་འཕྲད་ངེས་བྱེད་རྒྱུ་ཁས་བླངས་པ་ཡིན་ཟེར་བཞིན་སླེབས་བྱུང་ཞིང་བཀའ་ཤོག་སྐྱེས་བཅས་ཉམས་མེད་ཕེབས་ཚེ་དངོས་མཇལ་ཇི་བཞིན་དགའ་སྤྲོ་དང་དད་གུས་གོང་འཕེལ་ལྟར་བྱུང་། དེ་དུས་བློ་གསལ་དང་ངེད་རང་ཟུང་གིས། ༧ ཡབ་རྗེའི་རྩ་གསུམ་ཚང་མ་སྒྲུབ་མཆོད་ཀྱི་ལུགས་སུ་ཞག་ལྔ་བཅུ་བར་བཏང་། དགུན་སྟོད་དེར་ཡུལ་དེར་བླ་ཆེན་བྱ་ཀྱ་ཞབས་དྲུང་ཟེར་བ་དགོན་པའི་ལྷ་ཁང་དུ་གླ་བ་ཞིག་བྱུང་བ་ལྟས་ངན་ཆེན་པོར་བཟུང་ནས་ཐན་བཟློག་གི་ཆེད་དུ་དེར་འོང་དགོས་ཚུལ་གྱི་འབོད་མཁན་བྱུང་བཞིན་བློ་གསལ་དཔོན་གཡོག་དང་ངེད་ཅག་གསུམ་གྲ་པ་ཁ་ཤས་བཅས་ཀྱིས་དཔལ་ཆེན་འདུས་པའི་གཏོར་བཟློག་བཙུགས། ཁོང་ཚང་གི་བླ་གྲ་ཡོངས་རྫོགས་ཀྱིས་འཇིགས་བྱེད་ཀྱི་དྲུག་ཅུའི་ལྕགས་མཁར་བསྒྲུབ་སྐབས་ཇོ་ནང་ཇ་སག་གི་བུ་ཆེ་བ་དགེ་བསྙེན་གྱི་རིགས་རྒྱུད་བཞི་ཙམ་ཤི་རྗེས་བུ་མོ་ཞིག་ཡོད་པ་སྐུ་འབུམ་བླ་ཆེན་ཞིག་གིས་བསྲུང་སྐྱོབ་བྱེད་ཀྱིན་ཡོད་ཀྱང་བདེ་དོགས་ག་འདྲ་ཡོང་ཞེས་ཉམས་སད་དུ་ཐེ་ཇི་ཟླ་བ་བྱུང་བར་ང་རང་དེ་འདྲའི་རིགས་ལ་མི་དགའ་བའི་ཤུགས་ཀྱིས། ཟླ་བ་དགུ་ལོན་ཚེ་འཚུབ་ལྷོང་ཆེ་ངེས་རེད་པས་འབུམ་བརྒྱ་འདོན་ཞིག་མགྱོག་པར་འདོན་དགོས་བྱས་ཀྱང་ཁོང་ཚང་གིས་ཚར་གཅིག་ཀྱང་ག་ལ་འདོན། གཞན་མ་ཚོར་བློ་གཏད་བྱས་ནས་ཞག་དུས་བསྒུགས་པས་གོང་གསལ་གྱི་ཟླ་གྲངས་ཚང་དུས་སྲས་མོ་དུས་ལས་ཡོལ་རབས་འོག་ནས་གསལ་ལོ། །ཁོང་དཔོན་སློབ་རྣམས་དང་ངེད་ཅག་བཅས་ཀྱིས་ཞག་བདུན་ཕྲག་གཅིག་གི་འཕྲོར་གཏོར་རྒྱག་བྱས། དགོན་དཔོན་བླ་མས་རེ་མ་ཏིའི་སྲོག་གཏད་དགོས་གསུང་ལྟར་ཕུལ་ནས་རང་སྒར་དུ་ལོག་དགུན་སྟོད་དེར་བློ་གསལ་དཔོན་གཡོག་གཉིས་པདྨ་ཤེས་རབ་བཅས་ངེད་ཅག་རྣམས་རིག་འཛིན་འདུས་པའི་བསྙེན་སྒྲུབ་ལ་ཟླ་གཅིག་བསྡད། ཡང་དེ་དང་མུ་སྦྲེལ་ལྟར་ང་རང་དཔལ་ཆེན་འདུས་པའི་བསྙེན་སྒྲུབ་ལ་ཟླ་བ་གཅིག །རྟ་མགྲིན་ཡང་གསང་ཟླ་བ་གཅིག་བར་སྐབས་རྣམས་སུ་སྦྱིན་བསྲེག་དང་ཚོགས་བརྒྱ་ཁ་ཤས་རྣམས་བཏང་རྗེས་དབྱར་ཁ་སླེབས་ཙ་ན་ཟླ་མཚམས་ཤིག་ལ་བསྡད་པ་གྲོལ་རན་པ་དང་། དུས་མཉམ་དུ་ཇོ་ནང་གི་སྲས་མོ་ལྔ་ལམ་དུ་གྱུར་པས་རྔ་མོའི་རྔེའུ་སྟོར་བའི་ཟླར་སོང་གིས་ཅི་བྱ་གཏོལ་མེད་ལ་ཐུག་ཚེ་སྐུ་འབུམ་ཆོས་སྐྱོང་ལ་བརྟགས་ཞུས་བྱས་ཚེ་རྫོགས་ཆེན་བླ་མས་ཕན་ཐོགས་ཡོང་། གཞན་སུས་ཀྱང་མི་ཕན་ཞེས་ཁ་མཚུངས་ངེས་ཡིན་ཚུལ་དཔོན་གྱི་གསུངས་ཡིན་ཞེས་སྐད་ཆ་བཟུང་ནས་ཇེ་སང་དཔོན་གཡོག་ཁ་ཤས་སླེབས་བྱུང་ཞིང་། དེ་ཚུལ་གྱི་རྒྱུ་མཚན་ཞིབ་མོལ་དང་། ང་རང་ཅིས་ཀྱང་མི་འོང་ཐབས་མེད་ཡིན་ཚུལ་བརྒྱུད་མར་ལབ་བྱུང་བར་རྟོག་འཇུག་ཞིབ་ཏུ་བྱས་ཚེ། དང་པོ་ང་རང་ས་དེར་སླེབས་དུས་རྙིང་མའི་སྒྲ་བསྒྲགས་མི་ཆོག་རྒྱུའི་ཁྲིམས་བཞག་ནས་ལོ་གཉིས་སོང་ཟེར། དེ་མཚུངས་ང་རང་ལ་ཡང་ཨི་ལན་མལ་ཧི་ཅན་སླེབས་བྱུང་བ་མི་དགའ་ཟེར་ནས་འདྲེར་འཛིན་པ་ལས་མེད་ཀྱང་། རྨ་ཁར་ཁྱི་ཚིལ་བྱུགས་དགོས་ལ་ཐུག་པ་འདི་འདྲ་མཁའ་འགྲོ་ཆོས་སྐྱོང་གི་ཐུགས་རྗེ་འདྲ་ཡིན་ནམ་སྙམ་པ་ཡང་བྱུང་། འོན་ཀྱང་འགྲོ་རྒྱུ་ཁས་ལེན་ག་ལ་ཉན་སྙམས་ནས་ཁྱེད་རང་ཚང་དཔོན་ཆེན་པོ་ཞིག་ལ་ངེད་ཀྱིས་ཕན་ཐོགས་ངེས་ཡིན་ན་ལོས་འོང་ཡང་། ང་རང་ཨ་ཅོ་བྱ་བྲལ་ཞིག་གིས་ཕན་གང་ཡང་མི་ཐོགས་པར་མ་ཟད་གཞན་གྱིས་འཕྱ་རྒྱུ་ལས་མ་འདས་པས་མི་འོང་ངོ་མ་ཐག་ཆོད་ཡིན། གལ་ཏེ་བཙན་པོའི་གསུངས་ལྡོག་མི་ཆོག་ཟེར་རྒྱུ་ཡིན་ཚེ་ང་རང་ག་ཤེད་འགྲོ་བ་ལས་ཐབས་གཞན་མེད་ཚུལ་སོགས་མང་དུ་བཤད་ཀྱང་ཉན་རོགས་མི་བྱེད་ཅིང་། ངེད་ཀྱི་ཡོན་བདག་དང་གྲ་འཁོར་བསམ་ཡོད་ཚོར་དེ་ཚུལ་ནན་ཏན་གྱིས་ལབ་ནས་ཐམས་ཅད་ཕྱོག་རུབ་གྱིས་ང་རང་མི་འགྲོ་ཐབས་མེད་ཡིན་ཚུལ་ཟློས་བྱུང་ཡང་། ད་འོ་ན་ཁྱོད་རང་ལན་ཅིག་ཕྱིར་ལོག་ནས་དཔོན་ཚང་ལ་དེ་ཚུལ་གྱི་རྒྱུ་མཚན་རྣམས་ཞིབ་ཏུ་ཞུས་དང་དེས་ཆོག་ཡོང་། གལ་ཏེ་ཅིས་ཀྱང་འོང་དགོས་གསུང་ན་གཟོད་བགྲོས་ཆོག་བྱས་ནས་ཕྱིར་མངགས་བཏང་ཡང་ཞག་ཁ་ཡར་ནས་རྟ་དྲེལ་མང་ཤས་ཞིག་དེད་བཞིན་ཁོ་རང་སླེབས་བྱུང་ནས་མི་འགྲོ་ཐབས་མེད་ཡང་ཡང་ལབ་རྐྱེན་གྱིས་ངེད་ཅག་དཔོན་གཡོག་བཅུ་སྐོར་ཞིག་ཕྱིན་པ་ལམ་བར་ག་ཤེད་དུ་ཇེ་སང་དགེ་སློང་ཟེར་བ་ཞིག་ཆིབས་བསུ་ལ་སླེབས་པའི་འཚུབ་ལྷོང་གི་ཉམས་ཤིན་ཏུ་འུར་ནས་རྩུབ་སྤྱོད་དང་བཅས་ཏེ་ཕྱིན་པས་བོད་སོག་གི་གྲ་བ་རྒྱུས་ཡོད་ཚོ་རང་ཅག་དཔོན་གཡོག་རྣམས་དཔོན་ཚང་གི་ཨི་རྒེར་སླེབས་ཚེ་ག་ལེར་འབྱོན་དགོས་པ་དང་། ཁྱིམ་དུ་མཇལ་འཕྲད་བྱེད་ཚེ་ཚུར་འཚམས་ཞུ་བྱས་པའི་ལན་དུ་ཕར་དེ་ལྟར་མི་བྱེད་པ་སོགས་ཡུལ་ལུགས་ཀྱི་སྤྱོད་འགྲོས་མང་དུ་བསླབས་ནས་སྤྱིར་སོག་པོ་གྲལ་པ་ཆེ་བ་དང་། བྱེ་བྲག་དཔོན་དགེ་བསྙེན་དྲག་ཤུལ་ཆེ་བའི་སྤྱོད་པ་ཞིབ་དགོས་ཀྱི་རྒྱུ་མཚན་མང་དུ་ལབ་བྱུང་བས་ཡ་ཡ་ཡིན་ཡིན་ལས་ཅི་མ་བྱུང་། དོན་ལ་ཁོང་ཚང་རང་མཐོང་དང་དྲེགས་པས་རྒྱགས་པ་ཞིག་ཡིན་ངེས་སུ་འདུག་པས་ལས་ཅི་ལ་ཐུག་ཀྱང་ཞུམ་སྤྱོད་མི་བྱེད། ཁོང་གི་ཁ་ཞབས་ཡིན་ན་དེ་ལུགས་དགོས་ཀྱང་དེ་ལྟར་མ་ཡིན་ཐོག་ཁོང་ལ་དགོས་ནས་ངེད་ཅག་དབང་མེད་ལྟར་སླེབས་པ་ཡིན་སེམས་བཞིན་སོང་བའི་སྒར་དང་ཉེ་བ་དེར་སླེབས་འཕྲལ་སྐྱ་སེར་མང་རབ་ཅིག་མདུན་བསུ་ལ་འོང་གིན་འདུག་པར་རིག་པ་ངར་བསྐྱེད་དེ་ཡེངས་མེད་ཀྱི་ངང་ནས་རྟ་ལྕགས་ཀྱིས་བྲབ་བཞིན་དྲག་ཤུལ་གྱིས་ཕྱིན་པས་མདུན་བསུ་བ་ཚོ་བརྒལ་ནས་ཨིར་རྒེའི་སྒོར་སླེབས་འཕྲལ་ངེད་ཅག་གསུམ་པོ་དེར་བབས་ནས་རྐང་གླིང་བཏང་། བྲོ་བརྡུང་བྱས་ནས་ཁྱིམ་དུ་ཕྱིན། དེ་ནུབ་དགོང་མོར་སོང་གཤིས་ཀྱིས་མཇལ་འཕྲད་བཤོལ་ལོ། །སང་ཞོགས་སྔ་མོ་ནས་མཇལ་ཁར་འོང་ནས་དཔོན་ཁྱོ་ཤུག་ཟུང་གིས་མཇལ་དར་བཞག་པ་དང་ཆབས་ཅིག་ཨ་མོར་བས་ན་ཞེས་བདེ་མོ་ཨེ་ཡིན་ཟེར་བྱུང་། ངས་ཀྱང་དར་ལེན་དང་ཆབས་ཅིག་བདེ་མོ་ཨེ་ཡིན་བྱས་པས་ཡིན་ཟེར། འཚམས་པོ་ཨེ་ཡིན། སྐྱིད་པོ་ཨེ་ཡིན་རྣམས་མུ་སྦྲེལ་ཏེ་དྲིས་པས་ཡིན་ཟེར་བྱུང་། དེ་འཕྲལ་དཔོན་གྱིས་རྒྱ་སོག་གི་ལུགས་ལྟར་སྣ་ཐ་གཏད་བྱུང་བས་ཁོང་ཚང་བགད་མོ་ཤོར་རྒྱུ་ཞིག་བྱེད་བསམ་ནས་ཁེམ་བུས་སྣ་ཐ་སྣ་ནང་དུ་བླུགས་པས་ཐམས་ཅད་བགད་མོ་ཤིག་གེ་བྱས་པས་རྟེན་འབྲེལ་བཟང་པོར་བཟུང་དེར་མཉམ་སྡོད་རིང་ལ་ཁོང་ཚང་གི་སྤྱོད་པར་འགལ་སྦྱོར་ཁོ་ན་ལས་མབྱས་ཀྱང་ཅུང་ཟད་ཀྱང་སྐྱོན་དུ་མ་གྱུར་ཡུལ་དེའི་གྲྭ་བ་རྣམས་ནི་རབ་ཏུ་འཇིགས་ཤིང་དཔའ་ཞུམ་པ་ལྟར་འདུག །ངེད་ཅག་གསུམ་པོ་ནི་ང་རྒྱལ་བསྐྱེད་དེ་བསྡད། དེ་ནས་བཟུང་སྟེ་རྒྱུད་ཕུར་དང་འབྲེལ་བའི་ལྕགས་འདུལ་དང་སྲི་མནན་སྟབས་གཅིག་གི་བཅའ་ཀ་ཞིབ་མོར་བསྒྲིགས་ནས་ཞག་བདུན་ཕྲག་གཅིག་དུ་བསྒྲུབས་ནས་མཐར་ཞི་བསྲེག་འབུམ་དང་། དྲག་བསྲེག་མེ་ཞགས་བརྐྱང་བ་སོགས་ནན་ཏན་དང་། གཏོར་རྒྱག་རྗེས་སུ་མནན་པའི་སྐབས་ལ་བབས་ཚེ་ངེད་ཅག་རྣམས་དང་། དཔོན་གཡོག་འཁོར་ཁ་ཤས་བཅས་མཉམ་དུ་ཕྱིན་ནས་མནན་པ་བཙལ་བའི་ཆུ་མིག་མགོ་མང་ལྟག་ན་ལམ་ཆེན་ཡོད་པ་གཉན་པོ་ལྟ་བུ་ཞིག་འདུག་པ་དེར་བབས་པས་དཔོན་འཕྱང་མོ་ཉུག་ཏུ་གྱུར་ནས་ཆུ་མིག་མགོ་མང་འདི་འདྲར་འཇིགས་མི་དགོས་སམ་ཟེར་བྱུང་ཡང་སྐྱོན་མེད་ཚུལ་གྱི་རྒྱུ་མཚན་བཤད་ནས་སྣ་སེལ་བཏང་འཕྲལ་ས་རྐོས་དང་མཐོང་རྒྱུ་ཞིག་ཡོད་ལས་ཆེ་བྱས་བཞིན་བརྐོས་པས་གཡག་རུ་ཞིག་མནན་འདུག་པ་བུད་བྱུང་། ད་དུང་རྐོ་བཅུག་པས་བྱིས་པ་ཆུང་ངུ་ཞིག་གི་རུས་པ་ཚང་མོ་ཞིག་མནན་འདུག་པ་དེར་མནན་རྫས་བསྐྱུར་སྔ་མའི་གཡག་རུ་ཡང་མནན། འགུག་གཞུག་མང་དུ་བྱས་ཤིང་དམིགས་གནད་དང་ལྡན་པས་མནན་པ་ཚར་བ་དང་གཞན་ཞིག་གིས་ཨ་རག་དང་། མཇལ་དར་ཁུར་བྱུང་བ་རྟེན་འབྲེལ་བཟང་པོར་བལྟས་ཤིང་། ཡར་ཨིར་རྒེར་ལོག་ནས་རྗེས་ཀྱི་ལས་རིམ་གྲུབ་པ་དང་ཨ་རག་མང་པོ་འཐུངས་ཆེས་པའི་ར་རོར་བྱུང་། སང་སྔ་ཚེ་ནས་དཔོན་རྒན་ཇ་སག་གི་ཨིར་རྒེར་སྟོན་མོར་འོང་དགོས་ཟེར་ཕྱིན་ནས་སོག་ལུགས་ཀྱི་སྟོན་མོ་སྤྱི་དང་། ཁྱད་པར་སོག་པོའི་ཨ་རག་དང་རྒྱ་རག་མང་དུ་འཐུངས་མཐར་དཔོན་རྒན་བཞེངས་ནས་ཕྱག་ཞེ་ས་ཆེན་པོ་དང་བཅས་ཏེ་ཐཱེ་ཇི་དང་དགེ་བསྙེན་གྱི་རིགས་རྒྱུད་དེ་ལ་ཕན་ཐོགས་ཤིག་མི་གནང་ཐབས་མེད་ཀྱི་དོན་སྔོན་གཽ་ཤྲི་བསྟན་འཛིན་ཆོས་རྒྱལ་དང་ཨིར་རྒེར་མེ་རྒན་ཇོ་ནང་ཚ་ཞང་གཉིས་ལྗོངས་སྒར་ནས་མཉམ་དུ་འོང་ནས་བོད་དབུས་གཙང་རུ་བཞི་མན་ཆད། སྨད་མདོ་ཁམས་ཡན་ཆད་ལ་དབང་བསྒྱུར་བ་དེ་བཞིན་ཀྱང་། དེང་སྐབས་ཁོང་ཚང་གདུང་རྒྱུད་མེད་པའི་སྟབས་ཀྱིས་ཅི་དྲག་གང་དྲག་ལ་ཐུག་ཡོད་པ་འདི་ལ་ཐུགས་བརྩེ་བ་ཆེན་པོའི་གཟིགས་བཞིན་བསྲུང་སྐྱོབ་དང་ཟ་སྲུང་སོགས་བཀའ་དྲིན་མི་ཆུང་བ་ཞིག་ཁོ་རང་གིས་མགོ་དཀར་པོ་བསྟན་ནས་འདིར་ཐུགས་བསམ་ཕུགས་ནས་གནང་རོགས་དང་། དེ་ལྟར་གྱི་ཞལ་བཞེས་མ་མཛད་བར་ཁོ་རང་གི་མགོ་གཏད་ནས་འདུག་པ་ལས་ལྡོག་རྒྱུ་མིན་ཞེས་མཆི་མ་གཏོང་གིན་འདུག་པར། ང་རང་གིས། ཉིད་ནི་ཚེ་སྔོན་དུས་ནས་བཟུང་ད་ལྟའི་བར་དུ་གདུང་རྒྱུད་རིན་པོ་ཆེའི་ཕྲེང་བ་ལྟ་བུར་བྱུང་བར་གསུངས་པ་ཇི་བཞིན་ལགས་མོད། འོན་ཀྱང་དེང་སྐབས་གདུང་རབས་ཉག་ཕྲ་བའི་ཐུགས་ཁྲལ་དང་གསུང་གཅོང་དེ་ལྟར་ཡང་། སྔ་མ་ཇེ་སང་ཙང་གི་ང་རང་འབོད་མཁན་དུ་འོང་དུས་བཤད་པ་དང་མཚུངས་པས་གདུང་རྒྱུད་འདི་ལ་ངས་ཕན་ཐོགས་ངེས་ཤིག་ཡིན་ན། ཉིད་ཀྱི་གསུང་ལྡོག་ཏུ་ཅི་ལ་རུང་ཡང་། ཕན་ཨེ་ཐོགས་གང་ཡང་ཤེས་རྒྱུ་མི་འདུག་པས་དེ་ལྟར་མི་གསུངས་པ་བཀའ་དྲིན་ཆེ་དགོས་བྱས་ནས་ཕར་ལ་དར་ཁ་བཏང་བས། ཡང་། དཔོན་རྒན་གྱིས་ཨ་རག་དཀར་ཡོལ་གང་དྲངས་ནས་སྔོན་མའི་ཚིག་རྣམས་ཡང་བསྐྱར་དང་། ཁྱད་པར་ཁོང་གི་གདུང་རྒྱུད་འདི་ལ་སྐུ་ཞབས་འཇམ་དབྱངས་བཞད་པ། བྱ་ཁྱུང་མཁན་པོ། སྐུ་འབུམ་ཆོས་རྗེ་སོགས་ཁ་ཤས་སྨྲོས་ནས་དེ་ཀུན་གྱིས་ཕན་ཐོགས་མ་བྱུང་ཞིང་བྱིས་པ་ལྔ་ཤི་བ་ཡིན། ད་ནི་ཁྱེད་རང་གིས་ཕན་ཐོགས་ཤིག་གནང་ན་ཕན་ཐོགས་བྱུང་ཚེ་བརྗེད་མེད་ཀྱི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་དང་། ཕན་མ་ཐོགས་ཀྱང་ཁོ་རང་བསམ་པ་རྫོགས་ངེས་ཡིན་ཚུལ་སོགས་ལབ་ནས་ཐབས་མ་བྱུང་ཞིང་རེ་ཞིག་ཟ་སྲུང་ཅུང་ཟད་བྱེད་རྒྱུ་བྱས་པས་དགའ་ཆེས་ནས་བཀྲ་ཤིས་ཁ་བཏགས་དང་གསེར་ཞོ་ལྔ་གནང་བཞིན། ཨ་རག་མང་དུ་དྲངས་པ་བཏུང་བས་ཤིན་ཏུ་བཟི་བར་བྱུང་ཞིང་བཟི་གཏམ་དུ། འཛམ་གླིང་ཆུ་མཚོའི་དབུས་སུ། འཁྲུངས་པའི་མེ་ཏོག་ཀུ་མུད། དེ་ལ་མཛའ་གཅུགས་ལྡན་པ། མུན་སེལ་ཆུ་ཤེལ་དཀྱིལ་འཁོར། ལ་སོགས་པའི་གླུ་ཐོལ་བྱུང་དུ་ཤར་བ་འཇིགས་མེད་བློ་གསལ་གམ་དུ་ཡོད་པས་བྲིས་པ་ལ་དཔོན་རྒན་གྱི་རྟོག་འཇུག་ཞིབ་ཏུ་བྱས་ནས་གདུང་རྒྱུད་ལ་ཕན་ཐོགས་ངེས་ཀྱི་སྟངས་བཅད་འདུག དེ་ཡང་གོང་གི་འཕྲོར། བྱང་ཕྱོགས་མཚོ་སྔོན་ས་ཆར། འཁྲུངས་པའི་རྒྱལ་བློན་བཙུན་མོ། དེ་ལ་མཛའ་གཅུགས་ལྡན་པ། ཕུན་ཚོགས་བསོད་ནམས་གདུང་རྒྱུད། སྔོན་ཆད་ཅུང་ཞིག་གཡེལ་ཡང་། རྣལ་འབྱོར་བདེན་པའི་སྟོབས་ཀྱིས། ཡིད་བཞིན་དབང་རྒྱལ་མངོན་ཡོང་། ཞེས་འདུག་པ་ལ་གོ་བ་བླངས་པའོ། །དེ་དུས་རྨ་ཕར་ཁའི་དཔོན་ཆེན་ངག་དབང་དར་རྒྱས་ཀྱིས་ང་རང་འོང་དགོས་ཚུལ་གྱི་བཀའ་ཤོག་དང་འབོད་མཁན་མདུན་སྐོར་བ་སྐུ་སྐྱ་དེ་ངོས་གཡོག་ཁ་ཤས་བཅས་ཏེ་འབྱོར་བྱུང་། དེ་ཡང་ཁོང་ཚང་དཔོན་མོ་ལྷ་ལྡན་དུ་ཕེབས་ནས་ཕྱིར་འབྱོན་གྱིན་ཡོད་པའི་བང་མི་འབྱོར་བ་སོགས་དང་། དེ་དང་མཉམ་དུ་ངེད་ཅག་ཀྱང་རྨ་ཆུའི་གྲུ་ཁར་གདན་འཛོམ་པ་བྱ་དགོས་ཚུལ་བཅས་ཞིབ་མོལ་ལྟར་དེ་ཕྱོགས་སུ་འགྲོ་རྒྱུའི་སྟ་གོན་ལ་ཞུགས་ནས་རང་སྒར་དུ་ཞག་ཉུང་ཤེས་ཞིག་ལ་ཞག་བཞིན། ཉིན་ཁ་ཤས་ལ་དཀར་ཐོག་བྱས་པས་མར་ཆུར་རྒྱབ་བཞི་ཙམ་བྱུང་བ་སྒོ་མེ་ཆོས་རྗེ་རིན་པོ་ཆེར་འབུལ་རྒྱུར་བསྐུར་ཞིང་། སྦྱིན་བདག་ཇོ་ནང་གི་རྔ་མོང་ཁྱུར་ཤི་གོད་ཆེ་བར་ཕན་འདོགས་ཆེད་དུ་བློ་གསལ་དཔོན་གཡོག་མི་བཞག་ཐབས་མེད་ཀྱིས་བསྡད་ཅིང་ངེད་ཅག་ངོས་གཡོག་ལྔ་བསུ་མཁན་བཅས། རྨ་རོང་གི་གཤོར་པོ་གྲུ་ཁར་དུས་བསྡོམ་པར་། དཔོན་པོ་ཝང་ལོན་དཔོན་གཡོག་ལྔ་བཅུ་ཙམ་ཆོ་འར་ཕྱིན་པ་ཕྱིར་སླེབས་པ་དང་། དཔོན་མོ་འཁོར་ཉིས་བརྒྱ་ཙམ་འདུག་པར་མཚོ་སྔོན་ཕྱོགས་པ་ཕལ་ཆེར་བདེ་ཞུས་ལ་བྱུང་བ་སོགས་མི་འཚོགས་ཤིན་ཏུ་མང་པོ་བྱུང་ཞིང་། སང་ཞོགས་སྐབས་ཝང་ཁྱོ་ཤུག་མདུན་སྐོར་བཅས་ཚང་མ་མཇལ་འཕྲད་དུ་སླེབས་ཤིང་ལུགས་ཟུང་གང་ཐད་ནས་བཀུར་གཟོ་ཚོད་ལས་བརྒལ་བ་ཙམ་གནང་ཞིང་གང་ཅིའི་གསུང་འཕྲོས་སོགས་གནང་གྲུབ་འཕྲལ། གྲུ་གཟིངས་འདུ་བྱས་པར་བརྟེན་ནས་རིམ་གྱིས་རྨ་ཆུ་ཕར་ཁར་བརྒལ་ནས་དེར་ཞག །དེ་ག་ནས་བཟུང་བཤུལ་ལམ་རིམ་བགྲོད་ཀྱིས་སྒར་ཚུགས་རྣམས་སུ་རྨ་ཕར་ཁའི་བཀྲ་ཤིས་སྒོ་མང་གཡེར་ཆུང་སོགས་རོང་པོ་རེ་སྐོང་གི་བླ་དཔོན་ཆེ་ཆུང་རྣམས་དང་བོད་སོག་གི་སྡེ་མི་སེར་ཕལ་ཆེར་དཔོན་མོར་བདེ་ཞུས་ལ་འོང་བའི་འདུ་ལོང་གི་སྐྱོན་གྱིས་ཅུང་ཟད་སྐྱོ་ཞིང་སུན་པར་བྱུང་མཐར་ཝང་ཨི་རྒེར་སླེབས་ཚེ། མི་འཚོགས་མང་དུ་འདུས་ཤིང་སྲིན་པོའི་མདུན་ས་ལྟ་བུ་ངའི་མར་སྟོན་རྒྱ་ཆེན་པོ་དང་རྒྱ་སོག་གི་ཨ་རག་སོགས་སྟོན་མོའི་རྣམ་གྲངས་དུ་མ་ཉི་མ་མང་པོའི་བར་དུ་འདུག །དེ་དང་ཡང་སོག་པོའི་ཤོག་ཆེན་ལྔ་བོད་སྡེ་ཨ་རིག་རེ་སྐོང་། རྒན་ཀྱ་སོགས་ཀུན་གྱིས་དཔོན་མོར་དབུ་ཐོན་དགའ་སྟོན་དང་ལོ་མཇལ་སྟབས་གཅིག་ཏུ་འོང་བ་ཡང་དུ་མ་འདུག །དེ་ལྟར་གྱི་འདུ་ལོང་ཆེན་པོ་ཅུང་ཟད་ཡོལ་སྐབས་ཀྱི་གཟའ་ཚེས་བཟང་པོར་དབུ་བཙུགས་ཏེ། དང་པོར་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ལུང་འདོད་འཇོ་བུམ་བཟང་མཁའ་འགྲོ་ཡང་ཐིག །རྩ་གསུམ་གསང་བ་སྙིང་ཐིག །རྒྱུད་ཕུར་སེང་གདོང་དམར་མོ་སོགས་ཀྱི་དབང་ལུང་། མཛོད་འགྲེལ་གཉིས་ཀའི་ལུང་སོགས་དགོངས་བཞེད་ཡོད་རིགས་ཕལ་ཆེར་ཕུལ། ཞུ་མཁན་དཔོན་སྟངས་དཔྱལ་གྱི་གཙོའི་མདུན་སྐོར་གྱི་གང་དྲག་གྲ་བ་བཅས་མང་དུས་བརྒྱ་རེ་ཙམ་དང་ཉུང་དུས་སུམ་ཅུ་བཞི་བཅུ་ཙམ་རེ་འདུག །སྐབས་དེར་ཕུར་པའི་སྦྱིན་བསྲེག་འབུམ་དང་། རྗེས་སུ་སྨན་སྒྲུབ་གནད་སྨིན་ཞིག་ཀྱང་བགྱིས། ཡང་མངའ་ཞབས་དེར་གཏོགས་པའི་ལ་ཁ་གྲུབ་ཆེན་ཞེས་དགེ་སློང་ནམ་མཁའི་སྙིང་པོའི་སྤྲུལ་བར་ཁས་འཆེ་བའི་སྤྲུལ་སྐུ་དཔོན་སློབ་རྣམས་ཀྱིས་ཀློང་སྙིང་གི་དབང་ལུང་ཁྲིད་སྤུངས་ཙམ་གསན་དོན་གྱི་ཆེད་དུ་འོང་དགོས་གསུངས་བཞིན་ཕྱིན་ནས་དགོས་རིགས་རྣམས་བདུན་གཅིག་ལ་རྫོགས་པར་བྱས་ནས་དཔོན་ཚང་སྒར་ཐོག་ཏུ་ཕྱིར་སླེབས་ནས་རང་ཡུལ་དུ་འགྲོ་གྲབས་ཀྱི་སྟ་གོན་ལ་ཞུགས་ཤིང་། ཆེན་ཝང་ཡང་གོང་མའི་མདུན་སར་འགྲོ་དགོས་ཀྱི་སྐབས་སུ་བབ་བཞིན་ངེད་ཅག་མཆོད་ཡོན་རྣམས་རྨ་ཆུ་ཕར་ཁར་བར་མཉམ་དུ་མི་འགྲོ་ཐབས་མེད་དེ་ག་ནས་རྙེད་པ་རྒྱ་ཆེན་བྱུང་བ་རྣམས་ཆུད་ཟོས་ལ་མི་འགྲོ་བར་རེ་ནས་སྟབས་གཅིག་ཏུ་ཐེག་ཅིང་ཚུགས་མལ་རིམ་བགྲོད་ཀྱིས་སྔ་མའི་གྲུ་ཁ་ནས་ཆུ་བརྒལ་ཞིང་ཕར་ཁར། སྒོ་མེ་ཆོས་རྗེ་མཇལ་དུ་ཕྱིན་ནས་ཡར་ལོག་ཅིང་ཝང་ཟི་ལིང་ཕྱོགས་ནས་ཕེབས་ངེད་ཅག་རྣམས་རྨ་ཁོག་ནས་ཡར་རིམ་བགྲོད་ཀྱིས་རང་སྒར་དུ་སླེབས་ནས་ཟི་ལིང་མགྲོན་པོ་ཕྱིར་ལོག་དང་མཉམ་དུ་བློ་གསལ་དཔོན་གཡོག་ཀྱང་འབྱོན་རྒྱུ་བྱས་ཤིང་། ང་རང་གིས་འབུམ་དང་བསྐལ་བཟང་གཟུང་འདུས་མཛོད་བདུན་༧ཡབ་རྗེའི་མཛོད་ཟུང་བཅས་བླུ་ཡོན་བསྐུར་ནས་ཕེབས་སོང་ཞིང་། ངེད་ཅག་ཇོ་ནང་གི་བང་མི་སླེབས་པ་དང་མཉམ་དུ་འགྲོ་གྲབས་དང་ནག་ཆུ་ཁ་བའི་སྤྲང་དུད་ཅིག་འཁྱར་འདུག་པ་དཔོན་གྱི་བྲན་དུ་བཞག་ཡུལ་དུ་མཆོག་དམན་སུས་ཀྱང་མི་གོ་ཕག་ནས་ངེད་ཅག་དང་མཉམ་ཐེག་གིས་བདུད་རྩི་ཐོ་ཧེ་ཟེར་བའི་སར་ཕབས་ནས་བཞག །ངེད་ཅག་བླ་གྲྭ་ཉུང་ཤས་ལས་མེད་ཀྱང་། དེ་ཞབས་ཀྱི་གྲ་བ་ཁ་ཤས་བཅས་ཀྱིས་དཔོན་པོ་དགེ་བསྙེན་ཨིར་རྒེར་གུར་དྲག་མེ་རླུང་འཁྱིལ་སྒྲུབ་མགོ་བཟུང་ནས་ཞག་ཉེར་གཅིག་བར་བསྡད། སྐབས་དེར་དཔོན་མོར་བུ་ཞིག་བཙས་པ་སྔ་མའི་སྤྲང་དུད་ཚང་ལ་བཅོལ། ངེད་ཅག་ཀྱང་དེ་དང་མི་རིང་བར་ལྷ་གུར་ཞིག་ཕུབ་ནས་བྱིས་པའི་ཆེད་དུ་མཚམས་སྒྲུབ་དམ་པོར་བསྡད་སྐབས་སྔོན་གྱི་ཆུང་སྲི་ལྷོང་ལྟས་ཀྱི་རྨི་ལམ་དང་། བྱ་མ་བྱེའུ་སྐད་ངན་སྒྲོག་བཞིན་ལྷས་མཐའ་ཉུལ་བ་སོགས་མང་དུ་བྱུང་ཚེ། གཅོད་ཐུན་བཏང་ཞིང་བྱམས་སྙིང་རྗེའི་གཏོང་ལེན་ཁོ་ན་ལ་བརྩོན་པས་ཅི་ཞིག་ན་ངེད་ཅག་གི་ཉེ་ས་དེར། ཡུལ་དེར་ཝ་དམར་ཡོད་སྲོལ་མེད་པ་ལ། ཨོ་རོ་སུའི་ཝ་དམར་ངོ་མ་འདྲ་མོ་རྨ་མེད་པ་ཞིག་ཤི་ནས་འདུག་ཅེས་སྤྲང་ཚང་གི་བྱིས་པ་ཞིག་གིས་ལབ་བྱུང་བས་ལྟས་ངན་གཡང་ལེན་གྱིས་རྟེན་འབྲེལ་བསྒྲིགས་ཅིང་རོ་དེ་བླངས་ནས་བཤའ་བཅུག་སྟེ་པགས་པ་བཞག་གཟུགས་པོ་མ་གཏོར་བར་བྲག་སྣ་གཉེན་པོ་ཞིག་ཡོད་པ་དེའི་རྩར་མནན་བཅུག་ནས། ད་ནི་ཆུང་སྲི་བསད་ཅིང་མནན་པ་ཡིན་པས་ལྡང་རྒྱུ་མེད་དོ་ཞེས་བརྗོད་བཅུག་པས་དེ་ཕྱིན་བྱ་མ་བྱེའུ་གྲགས་མ་བྱུང་བས་ཡིད་ཆེས་ཀྱང་ཅུང་ཟད་ཐོབ་ཅིང་དེའི་མུ་ལ་བསྲུང་སྐྱོབ་བྱེད་ཀྱིན་བསྡད་ཀྱང་སྐབས་ཤིག་ཏུ་སྔགས་རྒན་དེ་ཅུང་ཞིག་ན་བྱུང་ཞིང་མཚེར་ས་སྤོ་དགོས་པ་དང་ཐུག་བཞིན་སྤོས་པས་བྱིས་པ་ཟླ་བ་ལྔ་ལོན་ཚེ་འབྲུམ་པ་ཐོག་བབས་སུ་བྱུང་ནས་སྔགས་པ་ཅུང་ཟད་བདེ་བ་དང་མཉམ་དུ། མ་རྒན་དང་ཡ་མ་གཉིས་ཀ་སྟབས་གཅིག་དུ་ན་ཞིང་སྤྲང་ཕྲུག་རྣམས་ཀྱང་མཉམ་ན་འདྲ་མོར་བྱུང་ནས་ཅི་དྲག་ལ་ཐུག་སྐབས་མ་རྒན་སྨྱོས་ནས་བྱིས་པ་འབྲུམ་པས་ན་བཞིན་ཡོད་པ་དེ་གསོད་གྲབས་བྱེད་ཀྱིན་ཡོད་ཟེར་ནས་ང་རང་ལ་སྐད་བཏང་བྱུང་བའི་འཕྲལ་དུ་ཕྱིན་པས་མ་རྒན་གྱིས་བྱིས་པ་བཟུང་བཞིན་ཁྱིམ་དུ་འཁྲབ་ནས་ཐབ་ཁ་མགོ་འཇུག་བཟློག་སྟེ་ཇ་མེ་ནང་དུ་ཕོས་ཤིང་ཐལ་ཕྱུར་གྱིས་ཁྱིམ་མི་མཐོང་བ་བྱས་ཤིང་སྐད་ཅི་ཡོད་ཀྱིས་ངུ་འབོད་བྱེད་ཀྱིན་འདུག་པར་ངེད་གྱིས་བྱིས་པ་ཚུར་གཏོད་བྱས་ནས་ལག་པ་གཉིས་ལ་འཇུས་པས་མངག་རོགས་མི་བྱེད་འདུག་པས་གཉེར་བས་རྒན་མོ་བཟུང་། ངས་བྱིས་པ་ཕྲོགས་ནས་རས་གུར་ཞིག་ཕུབ་ཡོད་པའི་ནང་སྔགས་པ་ལ་གཏད་ནས་བཞག་སྐབས་ངེད་ཅག་གི་སྣེ་ཤན་པ་ཇེ་སང་ཙང་གི་ཡང་སླེབས་ཡོད་པས་ཁོས་ད་ལྟ་ཉིད་དུ་དཔོན་ཚང་ལ་ཞུ་དགོས་མ་གཏོགས་རྐེ་མིག་ལ་བབས་ངེས་ཡིན་ཟེར་བྱུང་བས། ངས་ཁྱོད་རང་དེ་འདྲ་མ་བཤད་ཁོང་ཚང་གི་ང་ལ་རེ་ལྟོས་ཆེན་པོ་བྱས་ཡོད་པ་ཤེས་བཞིན་ལ་འགག་ཕྲ་མོར་ཐུག་ཙ་ན་ཕར་སོང་ཅི་དགོས་ཞུ་རྒྱུ་ཁོང་ཚང་ལ་སྐྱབ་དང་སྐྱོབ་པ་ཅི་ཡང་མེད་པས་བྱིས་པ་མ་ཤི་བར་མི་ཞུ་ངེས་ཅན་ཡིན་ཚུལ་བཤད་ནས། རྒན་མོས་སྨྱོ་སྤྱོད་དང་མཐུན་པས་གཅོད་ལུགས་ཚུལ་བཞིན་བརྐྱངས་ནས་སྲུངས་ཤིག་སྐྱོབས་ཤིག་བརྒྱ་ལས། ཟོ་ཞིག་ཁྱེར་ཞིག་གཅིག་གིས་དགའ་བའི་དོན་ཡིད་ལ་ཤར་བཞིན་སྤང་བླང་གོ་ལྡོག་དང་རེ་དོགས་རོ་སྙོམས་ལ་ནེམ་ནུར་མེད་པ་བྱས་པས་ཞག་ལྔ་ནས་བྱིས་པར་འབྲུམ་བུ་ཐར་ཐོར་ལས་མ་དོན་པར་ཅུང་ཟད་བདེ་རུ་སོང་ཞིང་། མ་རྒན་ལ་ཡང་རླུང་བཅོས་བྱས་པས་སྨྱོ་ནད་དྭངས་ཤིང་། འབྲུམ་བུ་མང་དུ་རྡོལ་ཡང་སྤྲང་ཕྲུག་རྣམས་དང་བཅས་པ་ཉེ་ཞོ་མེད་པར་བདེ་བར་དབུགས་དབྱུང་བ་ནི་སྐྱབས་རྗེ་བླ་མ་རྣམས་ཀྱི་བཀའ་དྲིན་ཁོ་ནས་མཐུ་རུ་ངེས་པ་རྙེད་དོ། དེའི་མུ་བཞིན་ཟླ་བ་གཅིག་ཙམ་ཡོལ་ཐོག་དེ་ཚུལ་རྣམས་དཔོན་ཚང་ལ་ཞུས་ཚེ་ཤིན་ཏུ་སྐྲགས་ཅིང་ཧ་ལས་པ་དང་དེ་འདྲ་ཐོས་རྒྱུ་ཡོད་པ་ཟེར་ཞིང་དགའ་སྤྲོ་ཚད་མེད་ངོམ་བཞིན་ཁོ་རང་ཚོས་ཡུལ་སྲོལ་དུ་ཡ་མ་ཐོར་སར་ཐར་ན་ཆུང་སྲིའི་སྐྱོན་ལས་གྲོལ་བ་ཡིན་ཞེས་ཟེར་སྲོལ་ཡོད་བཞིན་ཐམས་ཅད་ཀུན་ཚུལ་དེ་ལ་འདུན་པར་གྱུར་ཡང་། ལ་ལ་དག་ཡ་ཀག་ཟེར་བཞིན་ཟླ་བ་དགུ་ཡིན་པས་དེ་མ་ཡོལ་བར་མི་ཤེས་ཟེར་བཞིན་བསྲུང་སྐྱོབ་ཅུང་ཟད་རེ་བྱས། སྐབས་དེར་དགེ་ལུགས་ཀྱི་རི་ཁྲོད་པ་གཅིག་དང་གཞན་ཡུལ་དེའི་དགེ་ཚུལ་སློང་ཁ་ཤས་རྨ་ཕར་རི་ནས་སྔགས་པ་རེ་ཟུང་བཅས་ཁ་ཤས་ཆོས་འབྲེལ་ཞུ་རུ་སླེབས་པར་ཀློང་ཆེན་སྙིང་ཐིག་གི་ཁྲིད་སྤུངས་དང་། དབང་བཀའ་ཁ་ཤས་བྱས་ནས་རང་གནས་སུ་བཏང་། དེ་དུས་བྱད་ལྟས་ཤིན་ཏུ་མ་རུངས་པ་ཡང་ཡང་རྨིས་པར་བརྟགས་དཔྱད་བྱས་པས་ཧ་ལམ་ཙམ་ལས་ཤེས་རྒྱུ་ཅི་ཡང་མ་བྱུང་ཞིང་ཅི་ཞིག་ན་ཡ་མ་སྔོོན་མ་རྣམས་ལ་དགེ་ལུགས་པ་ཁོ་ནས་བསྲུང་སྐྱོབ་བྱས་པ་དང་། ཁྱད་པར་སྲས་མོ་འདས་རྒྱུ་དེ་སྐུ་འབུམ་ཆོས་རྗེའི་བསྲུང་སྐྱོབ་བྱས་པ་ལམ་དུ་མ་བརྒྱུགས་པ་རྙིང་མ་བས་ཕན་ཐོགས་བྱུང་ཚེ་བསྟན་པར་གནོད་དོགས་ཀྱིས་ཡུལ་དེར། བོན་པོ་སྔགས་པ་སུ་ཡང་མཐུ་ཁོ་ན་ལ་བརྩོན་ཀྱིན་འདུག་པ་དེ་འདྲ་ཁ་ཤས་ལ་བརྔན་པ་སྦྱིན་ནས་བསྲུང་བྱ་སྲུང་བྱེད་གཉིས་ཀར་མཐུ་གཏད་བྱེད་ཀྱིན་ཡོད་པ་གསལ་པོར་ཐོས་བྱུང་བས། སྦྱིན་བདག་ཚང་གི་གདུགས་དཀར་ཁྲི་ཚར་དང་འབྲེལ་བའི་མདོས་ཆེན་དང་། གཞན་ཡང་སེང་གདོང་བཟློག་སྟོང་བཅས་བྱད་བཟློག་ཁོ་ན་ལ་ནན་ཏན་དང་། ང་རང་གིས་གསོལ་ཁ་རྣམས་གང་མང་དང་། བྱད་མ་རང་གཤེད་དབབ་པའི་གཅོད་དམིགས་གང་ནུས་ལས་གཞན་ཅི་ཡང་མ་བྱས། དེ་དུས་ཧ་ལའི་ལྟོ་སྦྱོར་ཡོད་ལྟས་ཤར་བཞིན་དོགས་ཟོན་ནན་ཏན་བྱས་པར་སྐྱོན་གྱིས་རེག་པར་མ་གྱུར་ཞིང་བག་ཕེབས་བཞིན་གནས་ཚེ། ཡང་རྨི་ལམ་དུ་རྒྱ་མི་མང་པོས་ངེད་ཅག་ཚོ་འཛིན་འཆིང་བྱེད་པ་རྨིས་པར་ཅུང་ཟད་ཅིག་དོགས་ནས་འབྲི་མཛོ་མོ་གང་བཟང་རྣམས་ཡིག་དྲུག་དུང་ཡོན་དུ་ཕུལ། དེ་ཡང་ཡུལ་དེའི་སྲོལ་དུ་གྲ་བ་ཚོའི་མ་ཎི་ཅི་ཐོབ་བགོས་ནས། ཚར་དུས་སྦྱིན་བདག་ལ་དེ་ལྟར་སྲོལ་སྤྲད་སྲོལ་འདུག་བཞིན་བྱས་བྱུང་ཞིང་། ལོ་དེའི་སྟོན་ཕྱོགས་ཁམས་མགྲོན་ཟི་ལིང་དུ་འོང་སྐབས་སུ་དགེ་རྩེའི་རུ་བྲོས་སྟོང་རི་མཚོ་ནག་ཁར་སླེབས་པ་སོག་དམག་གིས་མཐོང་འཕྲལ་དྲག་ཤུལ་གྱིས་བརྟུལ་ཞུགས་ངོམ་པ་དང་ཆབ་ཅིག་སྐད་ཆས་ཞིབ་དྲི་བྱས་ཚེ། ཁོང་ཇོ་ནང་ཇ་སག་གི་སར་ཡོད་པའི་བླ་མ་དེའི་ཡུལ་པ་རྣམས་ཡིན་ཚུལ་ལབ་པར། དམག་དཔོན་གྱི་དེ་འདྲ་བདེན་ངེས་ཡིན་ན་ཇོ་ནང་མཆོད་ཡོན་ལ་ལབ་དགོས་ཚུལ་བཤད་ནས་ནན་ཏན་གྱིས་བཅར་ཡང་དེ་ལྟར་ལས་ཅི་ཡང་ལབ་རོགས་མ་བྱས་སྐབས་ཐོང་སྲི་ཞིག་སླེབས་པས་ཀྱང་དེ་བཞིན་ཞིབ་དྲི་བྱས་ཀྱང་སྔ་མ་ཁོ་ན་ལས་ཅི་ཡང་མ་བྱུང་ནས། ཉིན་མཚན་འགོར་མེད་ཀྱིས་ཨ་འབན་སྐུ་མདུན་དུ་ཕྱིན་ནས་དེ་ཚུལ་རྒྱས་པར་ཞུས་ཚེ། འཕྲལ་དུ་རྩར་འོ་ཅི་དཔོན་གཡོག་ཁ་ཤས་མངགས་པ་རིངས་སྟབས་ཀྱིས་དམག་ཐོག་ཏུ་ཕྱིན་ནས་ཡང་སྔ་མ་ལྟར་དྲིས་པས། ང་རང་གི་ཕ་ཡུལ་ཡིན་པར་མ་ཚད་ཕ་མ་གཉིས་ཀ་ཤ་ཉེ་ནུ་བོ་སོགས་ཚང་མ་ཡོད་ཚུལ་དང་། མི་འགྱུར་བའི་རྟགས་སུ་ཡི་གེ་མཛུབ་ཐེལ་བཅས་བྱེད་དགོས་ལབ་པར་རྒྱ་མིས་གང་བཤད་ཐམས་ཅད་ཇི་ལྟ་བ་བཞིན་བྱས་འཕྲལ་ཁོང་ཤིན་ཏུ་མྱུར་སྟབས་ཀྱིས་ཕྱིར་ལོག་ནས་ཇོ་ནང་སྒར་ཐོག་ཏུ་སླེབས་ཚེ་ངེད་རང་མཆོད་ཡོན་གཉིས་ཆར་བསྡིགས་སྐད་མང་དུ་ལབ་པར་དཔོན་རྒན་གྱིས་རྒྱ་དྲག་ལ་དངུལ་སྲང་བརྒྱད་ཅུ་ཐམ་པ་ཕུལ་ནས་བླ་མ་འདི་ངེད་ཀྱི་སྲིའུ་ལ་སྲུང་སྐྱོབ་བྱེད་དོན་དུ་བཞུགས་བཅུག་པ་ཡིན་པས་དེ་ལ་བར་ཆད་མི་བྱེད་པར་ཁྱེད་རང་མཁྱེན་དགོས་ཞུས་ཚེ་ཁོས་དངུལ་ཕྱིར་འཕངས་ནས་ལྟོས་ལྟོས་ཉོན་ཉོན་བྱས་ནས་ཐོགས་མེད་དུ་ཕྱིར་ལོག་ཅིང་ཨང་བན་མདུན་དུ་དེ་ཚུལ་རྣམས་ཞུས་འཕྲལ་ཐོང་སི་གཉིས་མངགས་ནས་ང་རང་འགོར་མེད་དུ་ཁྲིད་ནས་ཤོག་ཅེས་བསྒོས་བཞིན་ཇོ་ནང་སྒར་ཐོག་ཏུ་སླེབས་འཕྲལ་མཚན་མོ་ཞིག་ལ་ཆ་འཕྲོད་བྱུང་ཞིང་འཕྲིན་པ་ཕྱིར་བཟློག་ནས་སང་སྔ་ཚེ་བསུ་མ་སླེབས་པར་གྱིས་བྱས་ཤིང་ནམ་སྨད་ནས་རྒྱུན་ཁྱེར་སྤྱི་དང་ཁྱད་པར་གསོལ་ཁ་ཚང་མ་བཏང་ཞིང་རྒྱུན་བསང་གི་མཐར་བསྐུལ་བ་དང་བཅས་ཏེ་གཏོར་མ་ཐམས་ཅད་འགྲོ་ཕྱོགས་སུ་གཏོད་དེ་འཕངས་ཤིང་ཁྱད་པར་མ་མགོན་གཏོར་མ་ཕར་འཕངས་པའི་གདན་ཚུར་ལོག་ནས་ང་རང་གི་གོས་འདབས་ཞབས་སུ་བབས་བྱུང་བས་ཉམས་རབ་ཏུ་འགྱུར་ཏེ་མཆོང་འཁྲབ་མང་དུ་བྱས་སྐབས་ཉེ་ཞོས་མི་གོས་པར་ཕྱིར་མྱུར་དུ་སླེབ་པའི་རྟེན་འབྲེལ་སོམ་ཉི་མེད་པ་བྱུང་བཞིན་བསུ་མཁན་སླེབས་འཕྲལ་རིངས་སྟབས་སུ་ཨིར་རྒེར་ཕྱིན་དུས། ཐོང་སི་ཟུང་ཀྱང་གུར་ནང་དུ་འདུག་པ་སྒོ་ཕྱིར་ལྟད་མོར་བྱུང་ཞིང་། སྦྱིན་བདག་ཚང་གི་དཔོན་རྒན་སྔར་ཉིན་ནས་ཐེག་ཚར་ཞིང་། དགེ་བསྙེན་གྱིས་ང་རང་སྐྱེལ་མ་བྱས་ནས་ངེད་ཅག་མཉམ་ཐེག་གིས་བྲེལ་སྟབས་སུ་ཕྱིན་ཅིང་ཁོ་བ་ཕྱིར་ལོག་སྐབས་མཆི་མ་འདོན་གྱིན་ཐལ། ངེད་ཅག་བྲེལ་ཚུལ་གྱིས་ཕྱིན་པས་ཞག་གཅིག་འདས་འཕྲོར་ང་རང་གི་རྐང་པ་གཉིས་ཀ་ཞ་ནས་ལངས་མི་ཐུབ་པ་ཞིག་བྱུང་ཡང་བཀལ་ནས་ཕྱིན་པས་མཚོ་སྔོན་ཁར་སླེབས། དེ་ཚེ་ཨ་འབན་ལོ་དེར་སླེབས་ནས་བོད་སོག་མི་ཚོགས་ཆེན་པོའི་སྐབས་ལ་ཆོལ་འ་ཟེར་འདུག་ས་དེར་ཕེབས་བཞིན་རྒྱ་མི་གཙོ་འཁོར་ཡོངས་ཀྱིས་ཕྱིང་གུར་ཉུང་ཤས་དང་རས་གུར་ཁོ་ན་ཕུབ་འདུག གཞན་བོད་སོག་གཉིས་ཀའི་དཔོན་ཆེ་ཆུང་ཐམས་ཅད་དང་། གཙོ་རྒན་མི་དྲག་གི་རིགས་སུ་གཏོགས་ཚད་ཀྱིས་རང་སྟོབས་དང་མཚུངས་པའི་གུར་ཆེ་ཕྲ་མང་དུ་ཕུབ་ནས་ཁྲ་ཆེམ་མེར་འདུག །ངེད་ཅག་དེར་སླེབས་འཕྲལ་ནག་ཅན་གྱི་ལུགས་བྱས་ནས་ཇོ་ནང་དཔོན་རྒན་གྱི་སྒར་དུ་འགྲོར་མ་བཅུག་ཅིང་རྒྱ་སྒར་དུ་ཕྱིན། དེར་ཐོང་སི་ལྔ་བཅུ་པོའི་གུར་ཡོད་སར་ཕྱིན་ནས་དེ་ཚུལ་གྱི་རྒྱུ་མཚན་རྣམས་ཐོག་སི་གཉིས་ཀས་རྒྱ་དྲག་གི་མདུན་སར་གཅིག་བརྒྱུད་གཉིས་བརྒྱུད་ཀྱིས་ཞུ་འབུལ་བྱས་ཚེ། དོ་དགོང་རང་སྒར་དུ་སོང་ལ་སང་སྔ་ཚེ་ནས་སླེབས་པར་གྱིས་ཞེས་གསུངས་བཞིན་ཇོ་ནང་སྒར་དུ་ཕྱིན་པས། ཆིང་ཝང་གི་གཙོའི་སོག་པོའི་དཔོན་ཐམས་ཅད་དེར་འདུས་འདུག་ཅིང་། ཀུན་གྱིས་ད་ལམ་རུ་བྲོས་ཀྱིས་ཟེར་བ་འདི་བདེན་ཐོག་ཏུ་ཁེལ་བ་ཞིག་འོང་ནས་བླ་མར་ནག་ཕོག་ཚེ། ཇོ་ནང་ཐོབ་ཐོག་ནས་ཕབས་ངེས་དང་། སོག་དཔོན་སྤྱིར་ཆད་པ་ཆེན་པོ་འབབ་ངེས་བླ་མ་ཡང་ཕོ་བྲང་དུ་འགྲོ་དགོས་ཚུལ་སོགས་ཟེར་བྱུང་བར་ཝང་དང་ཇོ་ནང་དཔོན་རྒན་གཉིས་ཀྱིས་ཅི་འདྲ་ཡོང་བླ་མ་ལ་རག་ལས་པས་བཀའ་དྲིན་ཆེ་དགོས་ཟེར་བྱུང་བར། ང་རང་གིས་སྤྱིར་ཁྲིམས་སྒོ་གང་ཡང་ཉུལ་མ་མྱོང་བ་དང་། ཁྱད་པར་རྒྱ་ཁྲིམས་མཐོང་མ་མྱོང་བས་ཁྱེད་ཚོས་ང་ལ་ཞུ་ལུགས་སོགས་ཞིབ་ཏུ་སློབས་དང་ཨེ་ཤེས་མི་ལྟ་དབང་མེད་འདི་བཞིན་ལགས་བྱས་པས། དཔོན་རྣམས་སོག་སྐད་ཀྱིས་བཀའ་གྲོས་ཞིབ་མོར་བྱས་ནས། རྒྱ་དྲག་གིས་ཁྱོད་རང་ལ་སྐད་ཆ་དྲི་ལུགས་མ་གསལ་བས་འདི་འདྲ་དེ་འདྲ་ཞུ་དགོས་ཚུལ་མི་ཤེས་པས། བླ་མ་དཀོན་མཆོག་ལ་གསོལ་བ་འདེབས་རྒྱུ་ལས་མི་འདུག་ཟེར་བྱུང་། དེ་ལ་ཀུ་རེའི་ཚུལ་གྱིས་དེ་ཁོ་ན་མ་བསླབས་ཀྱང་ངས་ལོས་ཤེས་རེ་གཞན་སློབ་རྒྱུ་འདྲ་ཡོད་མེད་སྙམ་པ་ཡིན་བྱས་ཀྱང་ཅི་ཡང་མི་འདུག་པས་ཐབས་རྡུགས་པར་གྱུར། དེ་ནུབ་མཚན་ཕྱེད་བར་དེ་གར་བསྡད་ཀྱང་ཅི་ཡང་སློབ་རྒྱུ་མ་རྙེད་ཅིང་ཐམས་ཅད་ཧ་ལས་པ་འདྲ་མོར་འདུག །སང་སྔ་ཚེ་ནས་སོག་པོ་གཉིས་ཀྱིས་ང་ལ་རོགས་བྱེད་པ་ལས། ཆོས་གྲགས་དང་། ཁྲོ་སྐྱབས་ཀྱི་གྲ་བ་གཅིག་ཡོད་པ། དེ་གཉིས་ཕྱིན་ན་རུ་བྲོས་རྣམས་དང་སྐད་རིགས་གཅིག་པས་མི་དགའ་ཟེར་བཞིན་བྱས་ནས་ངེད་ཅག་གསུམ་གྱིས་འགྲོ་ལུགས་བསླབས་བཞིན་ཕྱིན་པས། གུར་སྔོན་པོ་གཉིས་ཁ་སྤྲོད་དུ་ཕུབ་པའི་དབུས་སུ་ཨ་འབན། རྒྱབ་གྲལ་ན་སོག་དཔོན་ཐམས་ཅད། གཡས་གཡོན་གྱི་གྲལ་ན་རྒྱ་དྲག་ཁ་ཤས་རྣམས་དང་། མདུན་ཕན་ཚུན་དུ་ཐོང་སི་ལྔ་བཅུ་པོ་ཐམས་ཅད་ལངས་ནས་འདུག་ཅིང་། གུར་གྱི་མཐའ་སྐོར་དུ་བོད་སོག་གཉིས་ཀ་དབང་གྲལ་དུ་འཚོགས་པ་ལྟར་བྱུང་ཡང་བཀག་སྲོལ་མི་འདུག དེར་ངེད་ཅག་གསུམ་པོ་ཕྱིན་ཀྱང་། ང་རང་རྐང་པ་གཉིས་ཀ་ཞ་ཞིང་གོག་ནས་འགྲོ་བ་ལས། རོགས་ཀྱིས་སྐྱོར་བ་དང་། བེར་ཀ་ཁུར་བ་གཉིས་ཀ་རྒྱ་ཁྲིམས་ལ་མི་རུང་ཟེར་བཞིན། ལག་པ་གཉིས་སར་བཙུགས་ནས་གསེར་ཞྭ་ཞིག་གྱོན་པ་ཡང་ཕུད་མི་ཆོག་ཟེར་ལྟར་དར་ཁ་བཏང་། བདེ་ཞུས་བྱས་ཏེ་ཕྱིར་ནུར་ནས་ངེད་ཅག་གསུམ་པོ་དབང་ཞུ་ཚུལ་དུ་བསྡད་པས། ཐོང་སི་རྒད་པོ་ཞིག་འོང་ནས་རྒྱ་དྲག་གི་མདུན་དེར་པུས་མོ་འཛུགས་ཚུལ་སོགས་ཇི་བཞིན་བྱས་ནས་ཅོས་འཆད་ཉན་བཞིན་ཀུན་སྤྱོད་ཞི་བ་དང་ཀུན་སློང་དམན་པའི་ངང་ནས་མཉན་མཐར་ང་རང་ལ་ལབ་ཚེ་ཁོ་པ་ལངས་ནས་ཆེ་འཇིགས་གཉན་གསུམ་བསྐྱེད་དེ་བཤད་ཀྱིན་འདུག །དེ་ཡང་དང་པོ་རུ་བྲོས་རྣམས་ཁྱེད་རང་གི་ཕ་ཡུལ་བ་ཡིན་ཚུལ་དང་། དེ་ནས་ང་རང་སྐྱེས་ས་ཆད་ཁུངས་རྒྱ་སྒོ་གར་གཏོགས་ལོ་ཁ་ཤས་ཚུན་ནས་གར་སོང་གར་བསྡད། མཁན་པོ་དང་རབ་འབྱམས་པ་སོགས་ཀྱི་ཐོབ་ཐང་ཅི་ཡིན་དེ་འདྲ་མིན་ན་མཁན་ཞྭ་ཏོག་ཅན་གྱོན་པ་གོང་མའི་ཁྲིམས་ལུགས་དང་འགལ་ཚུལ། ཁྱོད་རང་གོང་མ་ཆེན་པོ་ལ་ཅུང་ཟད་ཀྱང་མི་སྐྲག་པར་ཟི་ལིང་ཟི་ཁྲོན་གཉིས་ཀྱིས་སྡེ་མཉམ་པོར་སྡོམ་དོན། ས་འདིར་སླེབས་ནས་ལོ་ཁ་ཤས་སོང་ཡང་གོང་མའི་སྐུ་ཚབ་ཨ་འབན་ལ་རྒྱུ་མཚན་མི་ལབ་པ་སོགས། ཉི་ཤར་ནས་གུང་ཡོལ་བར་དྲི་བ་ལན་ལྡོན་གཉིས་རེས་མོའི་བྱས་མཐར་རོགས་པ་སོག་པོ་གཉིས་ལ་མིག་འབུར་ཚུགས་སུ་བལྟས་ནས་སོག་སྐད་ཀྱིས། ཅི་ཅི་མ་མ་ཉོ་ཉོ་འགའ་ཞིག་བཤད་མཐར་གཉིས་ཀྱིས་ཕྱག་འབུལ་བྱས་ནས་ལངས་ཡང་། ང་རང་བསྡད་པས་ཁོས་ཡར་ཐེག་ཞེས་རོགས་གཉིས་ལ་གསུངས་འཕྲལ་ཁོང་གཉིས་ཀྱིས་བཏེགས་ནས་ཁྲོམ་ལས་བརྒལ་མཐར་ཅུང་ཟད་ངལ་བསོས་པས་ཁོང་གཉིས་ཀྱིས་འདིར་མ་བཞུགས་ཡར་མགྱོགས་པར་ཕེབས་ན་དགའ་ཟེར་བཞིན། ཆོས་གྲགས་དང་ཅིག་ཤོས་བཅས་ངེད་ཅག་རྣམས་རང་སྒར་དུ་སླེབས་ཚེ་དཔོན་རྣམས་དེར་འཚོགས་ནས་ཐམས་ཅད་དགའ་སྤྲོ་ངོམ་བཞིན་ཨ་མོར་སན་ཞེས་མཛོད་བཏགས་རེ་དང་ཨ་རག་ལོང་ཧོ་གང་རེ་བཞག་ནས་ཨ་འབན་གྱིས་དྲིས་ཚད་ཀུན་ལ་ཟུར་ཙམ་འཐོག་མ་ཤོར་བས། ད་ནི་སྐྱོན་གང་ཡང་མེད་ངེས་ཡིན་ཟེར་ཞིང་། དགའ་སྤྲོ་རྒྱ་ཆེན་བྱེད་ཀྱིན་འདུག །རོགས་གཉིས་པོས་ཀྱང་ཨ་འབན་གྱིས་བླ་མ་བདེན་ཅན་ཡིན་ངེས་སུ་འདུག་པས་ཞབས་ཕྱི་ཡག་པོ་དགོས་ཚུལ་གསུངས་བྱུང་ཟེར་ཡང་། ཐོང་སི་བྲོས་པོ་འགུག་ཏུ་མངགས་པ་ཕྱིར་སླེབས་དུས་ངོ་བཤེར་དགོས་ཟེར་རྒྱུ་འདི་མ་ཡོལ་བར་ངེད་ཅག་བོད་ཀྱི་ལུགས་ཡིན་ན་ཤེས་དཀའ་བྱས་ཀྱང་། སྐྱོན་མེད་ཨ་འབན་གྱིས་གསུང་ཟུར་གང་ན་ཡང་མགོ་གཡོག་འདྲ་མོ་ཡོད་ན་ལོས་ཤེས་ཏེ་མེད་ངེས་རེད་ཟེར་ལྟར། ཕྱིར་ཉིན་བྲོས་པོ་ཐོང་སི་བཅས་སླེབས་འཕྲལ་དྲི་བ་བྱེད་ཀྱིན་འདུག་ཟེར་ཡང་སྔར་ཉིན་དང་མི་འདྲ་བར་སུ་གཅིག་ལ་ཡང་ཉན་དབང་མི་འདུག་ཅེས་ཐོས་ཤིང་། ང་རང་བསུ་མཁན་གྱི་ཐོང་སི་བཅས་བྲོས་པོ་ཚོས་ཁོང་ཅག་དམག་དང་འཕྲད་ཚེ་འཇིགས་ཆེ་ནས་བླ་མའི་ཕ་ཡུལ་བ་ཡིན་མི་ཟེར་ཐབས་མེད་ལ་ཐུག་པ་ལས། ས་ཆ་དཔོན་པོ་སོགས་ཐམས་ཅད་སོ་སོ་ཡིན་རབས་ལབ་འདུག་ཟེར་ཞིང་། ང་ལ་ཁྱོད་རང་བོད་ལུགས་ཀྱི་སྐད་ཆ་མང་པོ་ལབ་མཁན་མ་རེད་པས་བཟང་བྱུང་ཟེར་ཞིང་། དར་ཁ་བཏང་ནས་དགའ་སྤྲོ་བྱས་བྱུང་། སྐབས་དེར་ཡང་ཨ་འབན་གྱིས་ང་རང་ཤོག་ཟེར་ནས་ཁོང་དང་སྙིང་ཉེ་བ་སོག་པོའི་དགེ་འདུན་ཟེར་བ་ཞིག་ལ་ནད་ངན་ཞིག་ཐེབས་ནས་ལོ་ཁ་ཤས་སོང་བར་ཁྱོད་ཀྱིས་རིམ་གྲོ་འདོན་རོགས་དགོས་གསུངས་བར་ངས་ཕན་གང་ཡང་མི་ཐོགས་ཚུལ་མང་དུ་ལབ་ཀྱང་མི་ཉན་ཞིང་ཁྱོད་ཀྱིས་ཕན་ཐོགས་མིན་མི་ཤེས་ཀྱང་། ཨ་འབན་གྱིས་ང་རང་སེམས་ནས་བོར་མི་འདུག་བསམ་པའི་ཕྱིར་ཡིན་པས་ཅིས་ཀྱང་འགྲོ་དགོས་ཚུལ་གསུངས་བཞིན་ཕྱིན་ནས་གུར་དྲག་ཞིག་ཉིན་བདུན་གྱི་བར་བཏོན་ཀྱང་ཕན་ཐོགས་མི་འོང་བས་ལྟས་མཐོང་ནས་འབུལ་བ་མང་དུ་བྱས་ཀྱང་དར་ཁ་ཙམ་ལས་མ་བླངས་པས་ཁོང་ཚང་དཔོན་ཤི་ངེས་ཀྱིས་སྡུག་བསྔལ་དང་། ཨ་འབན་གྱིས་འབུལ་བ་ཅི་འདྲ་གང་འདྲ་བྱས་ཚུལ་དྲིས་མཐར་མ་བླངས་པར་ངོ་མཚར་འདྲ་མོར་བྱེད་ཀྱིན་འདུག་ཅིང་། མཐར་ངེད་ཅག་སོ་སོར་གྱེས་སྐབས། བྲོས་པོ་དང་ཁྱེད་རང་གི་རྒྱུ་མཚན་འདི་རྣམས་གོང་མའི་མདུན་སར་མི་ཞུ་ཐབས་མེད་ཡིན་ཡང་ཁྱོད་རང་འཇིགས་སྐྲག་མི་དགོས་ངེས་ཅན་ཡིན། ལར་ཨ་འབན་ཁོ་རང་སླེབས་སྐབས་འདིར་བླ་མ་ཁྱོད་རང་ངོ་ཤེས་སུ་གྱུར་པ་རང་ཅག་གཉིས་བླ་མ་ཁྱོད་དང་མི་རྩ་ལྟ་བུ་བྱེད་དགོས་ཚུལ་སོགས་ཚིག་བཟང་མང་དུ་ལབ་ནས་ཟི་ལིང་དུ་ཐེག་ཅིང་། ངེད་ཅག་ཀྱང་ཕྱིར་ཕྱོགས་ནས་ལམ་རིམ་བགྲོད་ཀྱིས་དཔོན་རྒན་ཨིར་རྒེར་སླེབས་ཚེ་སྟོན་མོ་དང་། དགེ་སྙེན་ཨེར་རྒེར་ཡང་དེ་ཚུལ་གྲུབ་ནས་ང་རང་སྡོད་སར་སླེབས་དུས་གཏང་རག་ཚུལ་དུ་གསོལ་ཁ་གང་མང་བཏང་སྐབས་དེར་དཔོན་རྒན་གྱིས་ཁོང་ལོ་མང་སྟབས་ཀྱིས་ནམ་འཆི་ཆ་མེད་འདྲ་མོ་རེད་པས་ཚ་བོ་བྱིས་པ་དེ་དང་འཕྲད་ཙམ་ཨེ་ཆོག་ཟེར་བར་ཆོག་ཚུལ་ལབ་ནས་མཇལ་འཕྲད་ཚུལ་བཞིན་བྱས་པས་དགའ་སྤྲོ་རྒྱ་ཆེན་ངོམ་ཀྱིན་ཕེབས་སོང་ཞིང་། ངེད་ཅག་དེའི་མུ་ལ་རེ་ཞིག་དེ་གར་སྡོད་སྐབས་ཐག་རིང་ཐུང་ལ་མ་ལྟོས་པའི་མཆོག་དམན་དུ་མ་ལ་སྐྱབས་ཚོལ་མགོ་བཏགས་སོགས་བྱེད་མཁན་བྱུང་ཚེ། དཔོན་ཚང་ཡབ་སྲས་ལ་དེ་ལྟར་རུང་མིན་ཞུས་པས། རང་རེ་མཆོད་ཡོན་གང་མཐོ་ཡང་དགེ་མཚན་གཅིག་ཡིན་ཕྱིར་ཤིན་ཏུ་ནས་ཀྱང་རུང་། དེར་མ་ཟད་ད་ནི་གོང་མས་བཀའ་ཕེབས་བཟང་པོ་ཞིག་བྱུང་ན་ཁྱོད་རང་དགོན་པའམ་སྒར་པ་ཅི་འདྲ་ཞིག་ཐུགས་བབ་ཡོད་ཀྱང་ཁོང་ཚང་གིས་བསྒྲུབ་ངེས་དང་ཁུར་ལེན་གཉེར་པ་ཚོང་དཔོན་རྟ་དྲེལ་རྔ་མོང་། ནོར་ལུག་སོགས་གཞན་གྱིས་སྨོན་རྒྱུ་ཞིག་མི་བྱེད་ཐབས་མེད་ཡིན་པས། ཁྱོད་རང་གྲོས་བསྡུར་བྱེད་ས་ཡོད་ན་དེ་ལུགས་དང་། མིན་ཡང་ཐག་ཆོད་ཞིག་གནང་བ་བཀའ་དྲིན་ཆེ་དགོས་ཟེར་ནས་དཔོན་ཡབ་སྲས་གཙོའི་མི་དྲག་བཅས་ཀུན་གྱིས་ཐལ་མོ་སྦྱར་གྱིན་འདུག་པར། ངས་གྲོས་བྱེད་པ་དང་བྱེད་དགོས་ཀྱང་མེད་ངེས་ཡིན་པ་ཧ་ལམ་དགོངས་ལྟར་ལགས། ལར་དགོངས་བཞེད་ལ་མཆོག་ཏུ་གྱུར་པ་དེ་ལྟར་ཡོད་པ་བཀའ་དྲིན་ཆེ། འོན་ཀྱང་ང་རང་རི་བོ་རྩེ་ལྔར་ཨེ་ཐོན་སྙམས་པ་ལས་མེད་དོན་གཉེར་གཞན་ཡོད་ནས་ས་ཆ་འདིར་འོང་བ་མ་ཡིན་མོད། དེ་ལྟར་ཡང་རྒྱ་མི་ལམ་ཡིག་མ་གནང་ཐོག་ཁམ་པ་རུ་བྲོས་ཀྱིས་སྐྱོན་བྱས་ནས་བྱ་བ་ལམ་རྒྱུག་མ་བྱུང་ཡང་། ད་དུང་ཉིད་ཀྱིས་ཞུ་ལམ་ཞིག་བཙལ་ནས་བསམ་པ་དེ་ཐོག་ཁེལ་ཞིག་འོང་རྒྱུ་ཨེ་ཡོད་རེ་བ་ལས། དགོན་པ་དང་། སྒར་པ་ཁས་ལེན་མི་ཕོད་ཚུལ་ཞུས་པས། སྐྱོན་ཅི་ཡང་མེད་དོ། གོང་མ་ཆེན་པོས་ཁོང་པ་ཐུགས་ཀྱིས་མཁྱེན་པས་རིགས་རྒྱུད་ལ་ཕན་ཐོགས་བྱུང་ཚུལ་གྱིས་བཞུགས་གནས་སོགས་ཀྱི་ཆེད་དུ་སྙན་གསན་ཞུས་ན་ཞྭ་སེར་ཕྱོགས་ནས་སྐྱོན་ཅི་ཡང་མི་འོང་ཐག་ཆོད་ཡིན། གཞན་མཆོག་དམན་སུས་ཀྱང་ཕན་ཐོགས་ལས་འཚེ་བ་གང་ཡང་མི་ཡོང་། ཁོང་གི་འདའ་ཚན་བཅུ་གཉིས་པོ་སྤྱིའི་དཔོན་ཡབ་སྲས་ཀྱི་ཞབས་ཕྱི་ཅི་བཞིན་བསྒྲུབ་ངེས་སོགས། ཡི་གེར་བྲིས་ཏེ་གོང་མའི་ལས་ཐམ་བརྒྱབ་ནས་ཕུལ་ཆོག་པས། ཡང་བསྐྱར་གྱིས་ནན་ཏན་བྱས་བྱུང་ཚེ། མནོ་བསམ་ཞིབ་ཏུ་བཏང་བར། འཇིག་རྟེན་གྱི་གཏམ་རྒྱུད་དུ་སྦྱིན་བདག་དད་པ་ཅན་གྱི་སྒོ་རྩར་སྡོད་ཡུན་མ་རིང་ཟེར་བ་དང་། ཡབ་རྗེས། བགྲོད་པ་ཡངས་པའི་ཉི་ཟླ་ཀུན་དང་མཛའ། འདྲིས་ཤིང་གཉུག་མར་པ་གནས་ཁྲོ་བས་གདུང་། གསར་པ་གསར་པར༷༵་གྱུར་པའི་ཡུལ་འཇམ་ཞིང་། སྐྱེ་བོ་ཀུན་ཀྱང་གཤིན་པར་གྱུར་པ་མཐོང་། ཞེས་པ་ལ་རྟོག་འཇུག་བྱས་ནས་དེར་སྡོད་རྒྱུ་ཁས་བླང་མ་ནུས་ཤིང་། སྐབས་དེ་ཚོར་ཨ་རིག་དང་སོག་པོའི་བླ་གྲྭ་འགའ་ལ་དབང་ལུང་དང་འཕོ་ཁྲིད་བཏབ། དེ་དུས་ཨ་རིག་དགེ་བཤེས་ཀྱིས་ཕྱིང་གུར་ཕྱི་ནང་སྤྲད་མ་གསར་པ་དང་རྣམ་གྲངས་ཁ་ཤས་སྐྱེས་སུ་གནང་བ་དང་ཆབས་ཅིག་འན་བུ་ལ་བསྔགས་བརྗོད་ཀྱང་རྒྱ་ཆེན་གནང་བྱུང་། ཡང་དེ་དུས་ཀྱང་སྐབས་ཤིག་ཏུ་ཆིང་ཝང་ནས་ཡང་བསྐྱར་གྱིས་ཁོང་སར་མི་འོང་ཐབས་མེད་ཀྱིས་བཀའ་ཤོག་བསུ་མཁན་རྟ་དྲེལ་དང་བཅས་འབྱོར་བཞིན་ཐེག་ནས་ཞག་གཉིས་ཙམ་ཕྱིན་པའི་སར། སོག་རུའི་གཞུང་ཆེན་ཡིན་པས་ཤ་ཚང་མང་དུ་བྱུང་བའི་ཕུད་ཅུང་ཟད་རེ་འཐུང་ཙམ་མ་བྱས་ན་ཁོང་ཚོའི་བློ་མི་རྫོགས་འདུག་པས་དེ་ལྟར་བྱས་ཚེ་རྒྱུ་ལོང་དུ་ནད་བཟོད་མེད་ཅིག་འཕྲལ་དུ་ཕོག་ནས་འགྲོ་རྒྱུ་ཕར་ཞོག་ཅི་བྱ་གཏོལ་མེད་ལ་ཐུག་ནས་ཕྱིར་ལྡོག་འདོད་ཀྱང་རྟ་ཞོན་ནས་འགྲོ་མ་ནུས་ཚེ་རྟ་ཟམ་བརྒྱུད་ནས་ཇོ་ནང་ཨིར་རྒེར་ལ་ཞུས་འཕྲལ་དགེ་བསྙེན་དཔོན་གཡོག་ཁ་ཤས་ཀྱིས་ཅོས་ཅི་ཁྱེར་ནས་སླེབས་བྱུང་ལྟར་ཕྱིན་པས་ཟི་ལིང་མགྲོན་པོ་ཡང་འགྲོ་ཡིན་འདུག་ཅིང་། ངེད་ཅག་དཔོན་ཚང་ཨིར་རྒེར་སླེབས་འཕྲལ་སྨན་པ་ཚོར་ན་ཚུལ་ཇི་བཞིན་ལབ་ནས་རྩ་ཆབ་བརྟགས་ཚེ་ཧ་ལའི་སྐྱོན་ཡིན་པར་ཤེས་ནས་ཁ་རོག་ཏུ་འདུག་པར་དཔོན་གྱིས་ནན་ཏན་དྲི་བ་མཛད་པ་ལྡོག་མ་ནུས་ནས་དེ་ཚུལ་ལབ་བྱུང་འཕྲལ་དཔོན་རྒན་ལ་ཞུས་པས་ཁོང་པ་འཇམ་དབྱངས་བཞད་པས་གནང་བའི་དུག་སྦྱོང་དང་། རིན་ཆེན་རིལ་བུ་ཡོད་ཚུལ་གསུངས་བྱུང་བས། དེར་ང་རང་གིས་དུག་སྦྱོང་སྔ་མར་མི་གཏོང་ཐབས་མེད་ལྟར་འདུག་པས་དེ་ལྟར་དང་། སླར་རིན་ཆེན་རིལ་བུ་སྡེ་དགེས་གནང་བ་ཡོད་པས་དེས་ཆོག་བྱས་པས་དེ་ལྟར་བྱ་འོ་གསུངས་ནས་དུག་སྦྱོང་འཕྲལ་དུ་བཏང་བས་ཉིན་ཞག་གཉིས་ཙམ་ལ་བཤལ་བས་དུག་ངོ་མའི་རྟགས་ཡིན་ཚུལ་སོགས་བཤད་བྱུང་ཞིང་དགེ་སློང་བཞིས་རིལ་བསྒྲུབས་བྱས་མཐར་བཏུང་བས་ཟླ་བ་གཅིག་ཙམ་ནས་ཡར་དྭངས་ལྟར་བྱུང་ཡང་ལོ་དེར་འཕྲོ་དག་ངེས་ཅན་མ་བྱུང་ཡང་། དགུན་སྟོད་དེར་ཨ་འབན་གྱིས་ངེད་ཅག་མཆོད་ཡོན་རྣམས་ཟི་ལིང་མཁར་དུ་སླེབས་པར་གྱིས་དང་གོང་མའི་བཀའ་ལན་སླེབས་ཡོད་ཚུལ་ཕེབས་པར་དཔོན་རྒན་བྱོན་ནས་ཞག་ཁ་ཤས་ཀྱི་འཕྲོར་ཨ་འབན་ཅུར་རྒེ་བར་ཕེབས་དོན་ཞིག་བྱུང་ནས་ཕེབས་ཚེ། ཡང་ངེད་ཅག་མཆོད་ཡོན་གཉིས་ཀྱང་ཡོང་དགོས་ཕེབས་བཞིན་ཕྱིན་པས། དེ་དུས་སྔར་དང་མི་འདྲ་ཞིང་ང་རང་མདུན་དུ་སླེབས་ཚེ་གདན་ལས་བཞེངས་སྡོད་སར་རྒྱ་ཁྲི་བཤམ་པ་སོགས་བཀུར་གཟོ་བཟང་པོ་དང་། དགེ་བསྙེན་གྱིས་ང་རང་ལ་མཇལ་དར་ཡིན་ཚུལ་གྱི་ཚེ་དཔག་མེད་ལི་སྐུ་གཅིག །སྤོས་ཆགས་ཁ་ཤས་འཕྲུག་གསུམ་གཙིག་པགས་གཅིག་རྣམས་ཕུལ་ནས་རྒྱུ་མཚན་ཉུང་ཤས་ཞིག་སོག་སྐད་ཀྱི་ཞུས་འཕྲལ། ལི་སྐུ་དང་། སྤོས་ཆགས་རྣམས་བླངས་ལ་གཞན་རྣམས་བླ་མ་ལ་ཕར་འབུལ་དགོས་རྒྱུ་ལས། ང་ལ་མི་དགོས་ཟེར་ནས་ཕྱིར་སྤྲད་བྱུང་ཞིང་། ཇ་དཀར་ཡོལ་དོ་ཙམ་དྲངས་མཐར། ད་ཁྱེད་རང་མཆོད་ཡོན་གཉིས་ཀ་གོང་མ་བདག་པོ་ཆེན་པོའི་ཕྱོགས་སུ་ཁ་གྱུ་ནས་སྡོད་དང་། གོང་མའི་བཀའ་གསུང་རྣམས་བརྗོད་རྒྱུ་དུས་ལ་བབ་པ་ཡིན་པས་གཞན་ཞིག་ཡིན་ན་བཀའ་གསུང་རེ་རེ་དང་ཆབས་ཅིག་ཕྱག་འབུལ་རེ་སྤྲོད་དགོས་པ་ཡིན་ཡང་། ཁྱོད་ཀྱིས་དེ་ལྟར་མི་དགོས་ཡག་པོ་གྱིས་ལ་ཉན་དགོས་ཟེར་བཞིན་མཉན་པས། གོང་མ་རིན་པོ་ཆེའི་བཀའ་ལེན་དུ་སོག་དཔོན་ཚོས་ཡི་གེ་ཕུལ་བར་གཟིགས་པས་བླ་མ་དེ་པ་ཕན་ཐོགས་བྱེད་མཁན་ཡིན་ཚུལ་དང་ཆོས་ལུགས་ཞྭ་དམར་བ་ཡིན་ཚུལ་བཅས་དང་། ཁྱོད་ཀྱི་ཡི་གེར་བླ་མ་ལ་རུ་བྲོས་ཀྱི་ནག་མེད་ཚུལ་སོགས་བཤད་འདུག་པས། དེང་སང་གཞན་ལ་ཕན་འདོགས་མཁན་དཀའ་བ་དང་། ཕན་ཐོགས་ཚེ་ཞྭ་དམར་ཅན་ཡིན་ཡང་སྐྱོན་མེད་ཅིང་། ཁྱད་པར་རུ་བྲོས་ཀྱི་ནག་མེད་ཚེ་བླ་མ་མཚོ་སྔོན་ཁར་ཕན་འདོགས་ཆེད་དུ་སྡོད་ཆུགས་དེ་ཡང་བླ་མ་ཡར་ལྷ་ས་མར་རི་བོ་རྩེ་ལྔ། ཕ་ཡུལ་ལ་ཡང་འགྲོ་མི་ཆོག་ཅིང་ས་དེར་སྡོད་དགོས། །གལ་ཏེ་སླར་མི་འགྲོ་ཐབས་མེད་བྱུང་ཚེ། །གོང་མའི་མདུན་དུ་རྒྱུ་མཚན་ཞུས་ནས་འགྲོ་དགོས། །སོག་དཔོན་རྣམས་ཀྱིས་ཡང་བླ་མར་བཀུར་གཟོ་བཟང་པོ་བྱེད་དགོས་ལ་སོགས་མང་དུ་ལབ་སྟེ། མཚོ་སྔོན་གྱིས་དཔོན་ཁག་ཐམས་ཅད་ལ་དེ་ལྟར་གསུངས་མཐར་ངེད་ཅག་ཕྱིར་ཐེག་ནས་དགུན་དེར་སྔ་མ་བཞིན་མཚམས་སྒྲུབ་བྱེད་ཁུལ་བྱས། སྦྲུལ་ལོ་གསར་འཕྲལ་ཡ་མ་ཐར་ཁྲུས་བྱས་ནས། མིང་དགའ་རབ་རྒྱལ་མཆོག་བཏགས་ཚེ་དཔོན་རྒན་གྱིས་སྔ་མ་ཆང་སྐྱོན་བྱུང་དུས་འཆལ་གཏམ་དུ། ཡིད་བཞིན་དབང་རྒྱལ་མངོན་ཡོང་། གསུང་པ་དེ་བཏགས་ཚར་བ་ཡིན་ཟེར་ནས་རྗེས་སུ་ཡང་ཁོང་གིས་དེ་ཡིད་ལ་བཅགས་འདུག །དེར་འབུལ་བ་བྱུང་བ་རྣམས་དང་གཞན་ཡང་དངུལ་རྡིལ་ཚད་ཁ་ཤས་ཡོད་པ་བསྡོམས་ཏེ་ལྷ་ལྡན་དུ་ཚོགས་བསོག་ཏུ་འགྲོ་རྒྱུ་ལ་འདུན་ཚེ། ང་རང་འགྲོ་རྒྱུ་བྱས་ན་ཆོག་མིན་ཆོག་ན་དགེ་རྩ་ཐུན་མོང་དུ་ཁས་ལེན་སོགས་ཞིབ་ཏུ་ཇོ་ནང་དཔོན་རྒན་ལ་བསོད་ནམས་རྡོ་རྗེ་ཝང་ལ་ཞུ་བཅུག་པས། ཝང་ནས་ངེད་ཅག་རྒྱ་སོག་གི་ལུགས་ལྟར་ན་གོང་མས་བཀའ་ཕེབས་དེ་འདྲ་བྱུང་བར་དགའ་སྤྲོ་རྒྱ་ཆེན་པོས་བཀའ་བཞིན་བསྒྲུབ་རྒྱུ་ལས་ཅི་ཡང་མེད་མོད་ཀྱང་། ཁྱོད་རང་བོད་ཀྱི་རང་ལུགས་ལྟར་དེ་འདྲ་ཞུ་ལམ་ཡོད་མིན་གསུང་ཡང་། ངེད་ཚོས་གོང་མའི་བཀའ་ཕེབས་ཡར་ཟློག་བྱས་ནས་ཨ་འབན་ལ་དེ་ཚུལ་ཞུས་ན་ཆད་པ་ཆེན་པོ་ཡོད་ཚུལ་ལབ་ནས་ཞུ་རོགས་མ་བྱས་པས་གདོད་ཆོས་གྲགས་འགྲོ་རྒྱུ་བྱས་ཤིང་། ཡབ་རྗེའི་མདུན་སར་གསེར་རྡིལ་ཚད་ལྷག་ཙམ་དངུལ་རྡིལ་ཚད་གཉིས་གོས་ཆེན་སྤུས་གཙང་ཡུག་ལྔ། དུག་སྦྲུལ་གྱི་རྭ་ཅོ་ངོ་མཚར་ཅན། མུ་ཏིག་རྡོག་པོ་ལུག་གི་རིལ་མ་ཆེ་ཤོས་ཙམ། སྟོན་པ་ཐགས་སྐུ་གོས་གདན་དམར་པོ། ཡུམ་སྲས་ཟུང་ལ་མཛོད་བཏགས་རེ་དང་། དར་འཕན་རྟགས་བརྒྱད་རི་མོ་བཀྲ་བ་རེ། རྒྱལ་བ་རིན་པོ་ཆེར་ཐེག་ཆེན་གན་དྲིལ་གོས་ཡུག་གཉིས་རྒྱ་དྲིལ་བཟང་ཤོས་གཅིག །ལྷ་ས་བསམ་ཡས་ཁྲ་འབྲུག་གསུམ་ལ་སྟོང་མཆོད་རེ་རེའི་རྟེན་དུ་དངུལ་རྡིལ་ཚད་དང་གོས་ཆེན་རྡིལ་ཚད་དོ། མཚམས་པ་ཁ་ཤས་ལ་དངུལ་སྲང་ལྔ་རེ། སྨན་སྒྲུབ་ཞིག་འཛུགས་རྒྱུའི་ཆ་རྐྱེན་དུ་ཇ་ནག་བག་བཅུ་གསུམ། དར་ཆེན་ལྔ་བཅུ། གཞན་སྙན་ཤལ་འབུལ་རྒྱུ་དར་ལྔ་བརྒྱ་ཙམ་མདོར་ན་བདོག་དགུའི་དངོས་པོ་གང་ཡོད་རྣམས་སྤོངས་དག་བྱས་ནས་ཕུལ་བ་ལགས་སོ། །དེ་ཡང་དུས་དེར་ཆོས་གྲགས་རོགས་གསུམ་དང་། ཁལ་མ་དགོས་རིགས་བཅས། སོག་པོའི་དབུས་མགྲོན་དང་སྟབས་གཅིག་ལྷ་སར་ཐེག །ངེད་ཅག་ངོ་གཡོག་ཁ་ཤས་བཅས་ཆིང་ཝང་གི་སར་འོང་དགོས་ཕེབས་ལྟར་ཕྱིན་ནས་རིམ་གྲོ་གང་དགོས་བསྒྲུབས་ཤིང་ཐོར་རྒོད་ཇ་སག་སར་ཡང་དེ་ལྟར་དང་། དེ་ནས་རྡོ་རུ་གུ་ར་སར་ཕྱིན་ནས་ཟླ་གཅིག་ཙམ་གྱི་འཕྲོར་ཕྱིར་ལོག་ཨིར་རྒེར་སླེབས་ཚེ་རྡོ་སྟོད་ནས་ངེད་ཀྱི་ཨ་ཁུ་སོགས་སྐྱ་པ་བཅུ་གསུམ་སླེབས་ནས་ང་རང་ཕ་ཡུལ་དུ་མི་འོང་ཐབས་མེད་ཡིན་ཚུལ་བ་ནས་ཨུ་ཚུགས་ཆེན་པོ་བྱས་ཀྱང་། ཆིང་ཝང་སོགས་དཔོན་སློབ་ཡོངས་ཀྱིས་སྣ་ཚོགས་བཤད་ཀྱང་ཐབས་མ་བྱུང་། འོན་ཀྱང་རྡོ་སྟོད་དཔོན་ཚང་གི་ཁ་ཤས་འདུག་པར་ནོར་རྫས་ཅུང་ཟད་རེ་སྦྱིན་ནས་ཕར་མངགས། ངེད་ཀྱི་ཁུ་བོ་སོགས་ངེད་ཅག་བཅས་མཚོ་སྔོན་ཕྱོགས་ཚེ། ཇ་སག་བློ་བཟང་བསྟན་འཛིན་སར་རིམ་གྲོ་དང་། ཤིང་ཟ་རིན་པོ་ཆེའི་དགོན་དུ་རྟ་མགྲིན་ཡང་གསང་གི་སྒྲུབ་པ་བཅས་ཚར་འཕྲལ། མཚོ་སྔོན་དུ་རང་སྒར་བསྙེགས་ཏེ་ཕྱིན་པས་ཉེ་ཞོས་མ་རེག་པར་སླེབས། སྐབས་དེར་བླ་མ་འཇིགས་མེད་བློ་གསལ་དཔོན་གཡོག་ཀྱང་སླེབས་ཤིང་། དེ་དུས་ཡང་ང་རང་གློ་ནད་འདྲ་མོ་ཞིག་གིས་མ་བདེ་ཡང་། སྐྱོན་ཆེན་དུ་མ་གྱུར་ཞིང་། དཔྱིད་ཕྱོགས་དེར་དཔོན་ཚང་དུ་ཕྱིན་ནས་ཡབ་སྲས་ཀྱི་རུ་བ་མཉམ་དུ་བསྡོམས་ནས་སྐུ་རིམ་ཁ་ཤས་བསྒྲུབས་ཤིང་། དེབ་ཐེར་སྔོན་པོའི་གླེགས་བམ་དང་། ཐང་ཀ་ཁ་ཤས་འདུ་བྱས་བོད་སོག་གི་བླ་གྲྭ་འགའ་རེ་ལ་རྙིང་ཆོས་ཁ་ཤས་ཀྱི་དབང་ལུང་བྱས་ནས་རང་སྒར་དུ་ཕྱིན་པས་ཁུ་རྒན་གློ་ཚད་འདྲ་མོ་ཞིག་གིས་ན་ནས་འདུག་ཀྱང་སྒར་སྡོད་པ་ཚོས་ལྷོ་སྒོ་འདྲ་ཞུས་ན་དགའ་ཚུལ་བཤད་ཀྱང་། ཤི་ལ་མ་ཐུག་པར་སྙིང་མ་ལ་གསོལ་བ་བཏབ་པ་ཡིན་ཡང་། ད་ནི་ཤི་ཁ་དགེ་ལུགས་ལ་གསོལ་བ་འདེབས་རྒྱུ་དད་པ་མེད་རྐྱེན་གྱིས་ཕན་ཨེ་ཐོགས་མི་ཤེས་ཟེར་ནས་ཁ་ལ་མ་ཉན་ཟེར། རྐྱེན་དེའི་བྱས་ནས་ཕ་ཡུལ་དུ་འགྲོ་རྒྱུ་ལ་བློ་ཕྱོགས་སོ། དེ་ཡང་ཁོ་བོས་རྒྱ་ནག་གོང་མའི་གཙོར་གྱུར་བྱང་ཕྱོགས་ཀྱི་བླ་དཔོན་སྡེ་མི་སེར་བཅས་ཀྱི་སྐྱབས་གནས་དགེ་ལུགས་པ་ཡིན་ཚུལ་དང་། ཚེ་ཕྱི་མར་ཕན་སྟོབས་ཆེ་ཆུང་འདྲ་འདྲ་ལས་མེད་ཚུལ་སོགས་ལབ་ཀྱང་། དེ་འདྲ་ཡིན་སྲིད་ཀྱང་དད་པ་ནི་མི་སྐྱེ་ངོ་མ་རེད་པས། དད་པ་མེད་ན་འདྲེན་པ་མེད་ཟེར་རྒྱུ་དེ་བདེན་ན་ཕན་ཐོགས་ཀྱང་མི་འོང་ངོ་མ་རེད་ཟེར་ནས་ཐབས་མ་བྱུང་ཚེ། ཇོ་ནང་གི་ནོར་ཆས་ཀ་གང་དགོས་དང་། ངས་ཀྱང་ཅི་ཡོད་སྦྱིན་རྒྱུ་བྱས་ཀྱང་། ཁོས་ཁྱོད་རང་བཙོང་ནས་རིན་ལེན་དུ་འོང་བ་མིན་ཟེར་ནས་བྱེད་རྒྱུ་ཟད་ཚེ། ཇོ་ནང་གིས། གོང་མའི་གསུང་ཨ་འབན་ནས་བཀའ་ཕེབས་ཚུལ་ཞིབ་ཏུ་བཀྲལ་བས། དེ་ལ་སྐྱོན་མེད་དེ་དཔེར་ན་རྟ་ནོར་ཞིག་སྟོར་ནས་ག་ཤེད་ན་ཡོད་ཚེ། བདག་པོ་མ་གཏོགས་གཞན་མི་དབང་བ་ལྟར་བླ་མའི་བདག་པོ་ཁྱེད་ཚང་ཡིན་ན་དེ་ཚུལ་དང་། ཁོ་པ་ཡིན་ན་དེ་ཚུལ་ཨ་འབན་ལ་ཞུ་ལོས་དགོས་པས། དེར་མི་འགྲོ་ཐབས་མེད་ཡིན་ན་ཅིས་ཀྱང་འགྲོ་ཟེར་བར། བསོད་ནམས་རྡོ་རྗེ་ཝང་དང་འཇིགས་མེད་བཱེ་ལི་གཉིས་པོར་དཔོན་རྒན་གྱི་གྲོས་བསྡུར་བྱས་པར། བླ་མ་ཕ་ཡུལ་དུ་ཕྱིན་ནས་ཕྱིར་ལྡོག་མ་བྱུང་ཚེ། རྒྱ་མིས་རྩད་གཅོད་ཡོད་པ་ནི་ཀུན་གྱིས་ཤེས་ལྟར་ཡིན་མོད། འོན་ཀྱང་བོད་ཨུ་ཚུགས་ཆེ་སྐྱོན་གྱིས་ཨ་འབན་ལ་ཡང་རང་ལུགས་ལས་ཞུ་མི་ཤེས་པས། དེ་ལྟར་ན་མི་རང་གཉིས་པོར་ཅི་འོང་ཤེས་དཀའ་བས་རེ་ཞིག་བླ་མ་ཕེབས་ཆོག་རྒྱུ་དང་། ཕྱིས་སུ་བླ་མ་ཕྱིར་མི་འབྱོན་ཐབས་མེད་བྱུང་ན། འབྱོན་ཐུབས་རྒྱུད་འགྱུར་བ་མེད་པ་ཞིག་དགོས་ཚུལ་སོགས་ལབ་བྱུང་བཞིན་ཆད་ཐོ་བྱས་ནས། སྒར་གཞི་མ་གཏོར་བར་བླ་མ་པདྨ་དམ་ཆོས་གདན་ཚབ་ཏུ་བཞག་པར་བྱས་ནས་ཐེག་གྲ་བསལ་ཞུགས་ཤིང་བོད་སོག་གི་ཆོས་འབྲེལ་ཞུ་མཁན་དུ་མ་འབོད་མི་བྱུང་བར་ཕྱིན་ནས་སོ་སོའི་རེ་འདོད་བསྐངས་ཤིང་འགྲོ་ཐག་ཆད་ཚེ་ཆོས་གྲགས་ཀྱང་སྒུར་སོག་གི་རུ་བྲོས་ཁ་ཤས་དང་ལྷན་ཅིག་ཏུ་སླེབས་བྱུང་ཞིང་། ཡབ་རྗེའི་མདུན་སོགས་སུ་ཚོགས་བསགས་ཕུལ་བ་རྣམས་འབྱོར་གསལ་བཅས་ཡིད་ཚིམས་པ་ཞིག་བྱུང་འདུག་ཅིང་། རུ་བྲོས་རྣམས་ཟི་ལིང་མགྲོན་པོ་ངོར་སྤྲད་པའི་སྐྱོན་གྱིས་ཡུལ་དེར་སྡོད་མ་ཕོད་ནས་ངེད་ཅག་གི་རྗེས་སུ་འབྲང་དགོས་ཞེས་ནན་ཏན་གྱི་ལབ་བྱུང་ཡང་། ཁས་མ་བླངས་ནས་ས་དེར་སྡོད་ཐབས་མང་དུ་ལབ་པར་མ་ཉན་ནས་མཉམ་ཐེག་བྱེད་རྒྱུ་བྱས་ཤིང་། ངེད་ཅག་ལམ་དུ་ཞུགས་ནས་ཉིན་གཅིག་གི་སར་བོད་སོག་གི་བླ་གྲྭ་མང་ཤས་དང་། ཁྱད་པར་དབྱངས་ཅན་མགྲིན་པར་ཆགས་པའི་ཨ་རིག་གནའ་གཙང་སྤྲུལ་པའི་སྐུ་ཉིད་ཀྱི་དགོངས་བཞེད་ཚུལ་གྱིས་ཆོས་འབྲེལ་ཁ་ཤས་ཉི་མ་ལྔ་ཙམ་ཕུལ་ནས་ཐེག་རན་པ་དང་། དཔོན་ཁྱོ་ཤུག་མི་སོགས་མང་པོ་ཞིག་སྐྱེལ་ཐུང་ལ་འོངས་ནས་སོ་སོར་འབྲལ་སྐབས་རྔ་མོ་རྔེའུར་ཕྲལ་པ་ལྟ་བུར་འདུག་ཀྱང་། ཇི་སྐད་དུ། བསགས་མཐའ་མཛད་ཅིང་བརྩིགས་མཐའ་འགྱེལ། སྐྱེས་མཐར་འཆི་དང་འདུས་མཐར་བྲལ། ཟེར་བ་ལ་དྲན་པ་ཉེ་བར་བཞག་ཅིང་། བཀྲ་ཤིས་སྨོན་ལམ་སོགས་རྟེན་འབྲེལ་ལེགས་ཕྱོགས་སུ་བསྒྲིགས་ནས་ཐེག་པར་ད་དུང་བོད་སོག་གི་ཆོས་ཞུ་ཚོས་ལ་ཐོག་བར་བསྐྱལ་ནས་ཕྱིར་ལོག་སྐབས་ཡང་སྔོན་བཞིན་བྱས་སོང་ཡང་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་ལམ་ཁྱེར་ཚུལ་གྱིས་སྐྱེལ་མ་སོག་པོ་སུམ་ཅུ་ཙམ་ཡོད་པ་དང་ཆབས་ཅིག་ཕྱིན་དུས་རྨི་ལམ་དུ་སོག་སྡེ་རྣམས་ལ་འཇིགས་སྐྲག་ཆེན་པོ་འོང་ངོ་ཤར་བཞིན་ཞག་ནས་སྐྱེལ་མ་ཕྱིར་མངགས་ནས་རུ་བ་ནུབ་བྱང་ཕྱོགས་སུ་འབྲོ་གྲབས་གྱིས་སོགས་ཕྱི་འཕྲིན་ཡང་བསྐུར་པ་ཁོང་ཚོ་བྲེལ་སྟབས་སུ་ཕྱིན་ནས་ཚིག་ཐིངས་འཕྲལ་འབྲོ་གྲབས་བྱེད་སྐབས་རོང་ཇག་གི་དཔུང་ཆེན་ཐོག་བབས་སུ་སླེབས་ནས་ཀུན་དགའ་ཇ་སག་སོགས་ཀྱི་རུ་བ་བཅོམ་ཞིང་། ཇོ་ནང་གི་རུ་བ་ཡང་ཁ་ཤས་ཟོས་ཚེ་དཔོན་ཚང་བཅས་ཐམས་ཅད་དུས་གཅིག་དུ་འགྲོགས་ཤིང་མཚོ་སྔོན་གྱི་ནུབ་ཕྱོགས་བསྙེགས་ནས་བྲོས་པས་སྐྱོན་གང་ཡང་མ་བྱུང་བ་ལོ་རྗེས་མར་ཐོས་བྱུང་ཞིང་། ངེད་ཅག་སྐྱེལ་མ་ཉུང་ཤས་ཡོད་པ་དང་ཆབས་ཅིག་ཕྱིན་ཞིང་སྟོང་གི་མཛོ་རྒན་ཁྲ་ཡུ་ནས་སྐྱེལ་མ་ཕྱིར་མངག་བཤིང་ངེད་ཅག་རང་སྟོབས་ཀྱིས་ཕྱིན་པས་ལམ་རྒྱུས་ཡོད་མཁན་སུ་ཡང་མི་འདུག་ཀྱང་རྨ་ཉིན་ཐུར་དེད་དུ་ཞག་ཁ་ཤས་ལ་ཕྱིན་ཞིང་ཆུ་རབ་བཙལ་བས་མ་རྙེད་ནས་ད་དུང་ཡང་ཉི་མ་འགའ་ཞིག་ལ་ཕྱིན་པས་རྨ་ཆུ་མང་དུ་གྱེས་ས་ཞིག་དང་འཕྲད་ཚེ་རབ་ཚད་བྱས་པར་ཐར་ཙམ་འདུག་པ་དེར་དོན་ནས་ཞག་མལ་ཕོག་སར་མགོ་ལོག་གི་རྔོན་པ་ཞིག་དང་འཕྲད་ནས་ལམ་དྲིས་པར། ངེད་ཅག་དོན་ས་དེ་རྨའི་ཤུ་གྲུ་སྣ་དམར་གྱི་རབ་ཡིན་ཟེར། ཞིབ་ཏུ་དྲིས་པས་དར་དང་དར་ལག་ཁ་མདོ་སོགས་བསླབས་ནས་ཞག་གཉིས་ཙམ་སོང་མཐར། དོས་ཁལ་རྣམས་སྔོན་དུ་ཕྱིན་ནས་རེ་ཞིག་ཐལ་བའི་རྗེས་ཙམ་ན་ངེད་རང་སོགས་ཀྱིས་རྟ་ཁ་ཤས་རྣམས་དེད་ནས་ཡོད། རྗེས་སུ་ངེད་ཅག་དང་རུ་བྲོས་ཀྱི་ནོར་རྣམས་མཉམ་དུ་ཁུ་རྒན་དང་། བཟའ་ཉོབ་ཁ་ཤས་ཀྱིས་དེད་ཡོད་པ་མགོ་ལོག་གི་ཇག་དུམ་ཞིག་གིས་བོས་སྒྱོག་བརྒྱབ་ནས་ནོར་ཚང་མ་ཕྲོག་ཚེ་ངེད་ཚོས་བོས་སྐད་ཐོས་ནས་ཕྱིར་བརྒྱུགས་པས་ནོར་རྣམས་ཕྱིར་དེད་ཅིང་བོས་པ་ལྔ་དྲུག་གིས་ལམ་བཀག་ནས་འདུག་པར་ངེད་རང་དང་འཇིགས་མེད་བྱང་ཆུབ་གཉིས་ལས་གཞན་མ་ཚོ་སུ་ཡང་མ་སླེབ་ཀྱང་ང་རང་ཐོགས་མེད་དུ་སྔོན་ལ་ཕྱིན་པར་མེ་མདའ་གཉིས་གསུམ་ཞིག་འཕངས་བྱུང་ཡང་ཕོག་མི་འདུག་ཅིང་འཇིགས་བྱང་གི་ནོར་རྣམས་ལ་ཐོག་ནས་ཁ་མར་བཟློག་སྟེ་རྡོ་འདེད་བྱས་ཚེ་སྔོན་དུ་དོས་ཁལ་ཕྱིན་པའི་དོན་གྱིས་ཐམས་ཅད་བརྡུངས་ནས་ཐལ་ཤུལ་དུ་མཛོ་མོ་ཞིག་འབྲི་ཞིག་ལུས་འདུག་པར་བལྟས་པས་སྔོན་དུ་བོས་སྒྱོག་རྒྱག་དུས་ནས་སྨས་ཤིང་ཤི་ལ་ཁད་དུ་འདུག །དེར་ངེད་ཅག་རྣམས་ས་ཁུག་ཞིག་ཏུ་བབས་ནས་བསྡད་པས་མགོ་ལོག་རྣམས་ཀྱང་དེར་འོངས་ཤིང་ནོར་ཁ་ཤས་ཤིག་སྦྱིན་ནས་སོ་སོར་གྱེས། སང་ཞོགས་པ་ནས་ཕྱིན་ཞིང་ཚུགས་མལ་རིམ་བརྒལ་གྱིས་རང་ཡུལ་རག་རའི་སྟོད་དུ་སླེབས་ཤིང་། དེར་བག་ཕབས་ནས་བསྡད་ཅིང་ཕ་ཡུལ་བ་རྡོ་གཞུང་དུ་ཡོད་པ་ཆ་ཐིངས་ཚེ་མཆོག་དམན་ཐམས་ཅད་སླེབས་བྱུང་ཞིང་དེར་རེ་ཞིག་བསྡད་མཐར་རྡོ་སྡོད་དཔོན་ཚང་མཇལ་དུ་ཕྱིན་དུས་ཕ་ཡུལ་བ་རྣམས་ཀྱང་ལྷན་ཅིག་ཕྱིན་སྐབས་དཔོན་ཚང་གིས་དགོན་པ་འདེབས་དགོས་ཚུལ་དང་། སྔོན་གྱིས་ས་འདུལ་བརྒྱབ་པའི་ཤུག་ཆེན་སྟག་ཆེན་མགོ་ལས་གཞན་དུ་སྤོ་མི་ཆོག་ཚུལ་ལབ་བྱུང་ཡང་། ཕ་ཡུལ་བ་ཚོས་དེ་ནི་མི་བྱེད་ངེས་ཅན་ཡིན་ཚུལ་ཉི་མ་ལྔ་དྲུག་ཙམ་དུ་ལབ་བྱུང་ཡང་ཁ་ལ་མ་ཉན་ནས་དཔོན་ཚང་གི་གསུང་ཐོག་ཏུ་བཞག །སྐབས་དེར་མགོ་ལོག་བསོད་ནམས་སྟོབས་རྒྱལ་ཚང་གི་དཔོན་མོ་འདས་སར་འོང་དགོས་ཀྱིིས་འབོད་མཁན་སླེབས་སར་ཕྱིན་སྐབས། ཛམ་ཐང་ཆོས་རྗེའི་དབོན་པོ་ཡང་ཕེབས་འདུག་པར་གང་ཅིའི་འབེལ་གཏམ་ཞིབ་ཏུ་བྱ་ནས་ཐུགས་ཡིད་གཅིག་འདྲེས་ཀྱི་རྟེན་འབྲེལ་འགྲིགས་ཤིང་། དེར་ངེད་ཅག་རྣམས་མཉམ་པོར་ཞག་ཁ་ཤས་ལ་བསྡད་ནས་ཆོ་ག་དང་གདུང་ཞུགས་འབུལ་སོགས་བྱས། དུས་དེར་རྨ་ཁོག་ནས་མུ་ར་ཀླུ་རྒྱལ་འབུམ་ཚང་གི་འབོད་མཁན་སླེབས་བཞིན་དེར་ཕྱིན་ནས་ཤི་གསོན་ཁ་ཤས་ལ་ཆོས་འབྲེལ་བྱས་ནས་ཕྱིར་ལོག་སྟེ་སྨར་གཞུང་དུ་ཕྱིན་ཚེ་མགོ་ལོག་གི་མཆོག་དམན་འབྲིང་གསུམ་ཕལ་མོ་ཆེས་ཆོས་འབྲེལ་ཞུས་ཤིང་ཇ་ནས་དང་། ཤར་ཁའིདབུས་མགྲོན་བཅོམ་སྐབས་སུ་འདུག་པས། ཐེར་ཕྲུག་ལ་ད་ཨ་དྷི་སོགས་མང་དུ་བྱུང་། ངས་ཆོག་ཤེས་བསྐྱེད་ནས་རང་ཡུལ་དུ་ཕྱིན་ཞིང་ལྷ་ཁང་བཞེང་རྒྱུའི་སྟ་གོན་ལ་ཞུགས་སོ། དེ་ཡང་ས་མོ་ལུག་གི་ལོའི་ཟླ་༤ཚེས་༡ལ་ཐེག་ནས་ཚེས་༣ལ་ཤུག་ཆེན་སྟག་མགོར་སླེབས་ཚེ་མཆོག་གཙང་བླ་མ་ཨོ་རྒྱན་ལྷུན་གྲུབ་དཔོན་གཡོག་ཀྱང་ཕེབས་བྱུང་ཞིང་། དེ་ནས་རིམ་བཞིན་གནུ་ཟོག་བླ་ཁག་གཉིས་དང་རྡོ་བྲག་བླ་མ་ཡང་བྱོན་ཞིང་། ཚེས་ལྔ་ནས་དབུ་བཙུགས་ཏེ་བསང་བརྔན་ཞི་བ་སོགས་སྔོན་དུ་བཏང་ནས། གནུ་ཟོག་བླ་མ་རྣམ་གཉིས་ཀྱིས་ཕུར་པ་ཡང་གསང་བླ་མེད་ཀྱི་སྒྲུབ་ཆེན་དང་། མཆོག་གཙང་བླ་མས་ས་བདག་དབང་ཆེན་སྡེ་དགུའི་སྒྲུབ་པ། རྡོར་བྲག་བླ་མས་བྱང་གཏེར་ཕུར་སྒྲུབ་རྣམས་སོ་སོར་གནད་སྨིན་མཛད་ནས་ཚེས་ཉིན་རྒྱ་ནག་ལུགས་ཀྱི་ས་འདེབས་ཆགས་མེད་རིན་པོ་ཆེའི་ཕྱག་ལེན་བཞིན་ས་འདུལ་ཞིབ་གནང་དང་། ཆོ་ག་སོ་སོར་རང་གཞུང་བཞིན་ས་ཆོག་རྒྱས་པར་བཏང་ནས་ས་གཞི་ལས་སུ་རུང་བར་བྱས། གཞན་ཡང་བསྲེག་མནན་འཕངས་ གསུམ་སོགས་མཐའ་རྒྱས་སུ་བསྒྲུབས། དེ་དུས་རྒྱལ་བའི་བཀའ་དྲི་མ་མེད་པ་མང་དུ་བཀླགས །རང་ཉིད་ཀྱིས་ཀྱང་འཁོར་འདས་མཆོད་པ། སྡེ་བརྒྱད་མཆོད་པ་གང་ནུས་དང་། ཕུར་པའི་སྦྱིན་བསྲེག་བཅས་བསྒྲུབས་ཤིང་། རྡོ་སྟོད་ཚང་ནས་ལས་དཔོན་མི་གཉིས། སྟོང་སྐོར་གྱི་ཤིང་བཟོ་བ་ཁང་པའི་ཆག་ཚད་དང་བཅས་པར་མཁས་པ་གཅིག །རྔ་བའི་གྱང་མཁན་བཅུ་གཉིས་བཅས་འཛོམས་དུས་གཤོར་ཐིག་དང་། ཀ་ཐིག་སྐབས་སུ་བབས་པ་ན། ཁང་མཁན་ལ་བཀོད་པ་བཅུག་པས་རིང་ཚད་ཐུང་ཚད་གང་ཡང་མེད་པའི་ཁ་བཀོད་ཀྱིས་འདི་ན་རྐོས་ཟེར་བ་དང་། ཀ་བ་ཡངས་དོག་གི་ཚད་ཀྱང་དེ་ལྟར་བྱེད་འདུག་པས། ང་རང་ཆུང་ངུའི་དུས་ནས་སྔོན་གྱི་བག་ཆགས་འདྲ་མོ་ཁང་པར་བརྟགས་དཔྱད་ཞིབ་ཏུ་བྱེད་ཤེས་པ་དང་། རྡོ་རྩིག་བཟང་པོ་ཤེས་ཤིང་ཁང་ལས་ཀྱི་རོགས་ཀྱང་ཁ་ཤས་མྱོང་བས། ཁོས་ལས་ཀར་ཡིད་མ་ཆེས་ནས། གཤོར་ཐིག་དང་ཀ་ཐིག་རྣམས་ང་རང་གི་ལག་བསྟར་ཏེ་ཐིག་སྐུད་ཀྱིས་ཆ་ཆེ་ཆུང་བགོས་ཏེ་ཐིག་རྣམས་བརྒྱབ་ཅིང་རྩིག་རྨང་བརྐོས་པའི་ཟུར་བཞིའི་འོག་ཏུ་དམ་སྲི་མནན་པ་བརྒྱབ་ཅིང་། དེའི་སྟེང་ནས་རྩིག་པ་དགོས་རྒྱུར་རྡོ་བཟང་པོ་མ་ལོན་པས་མི་མདའ་ཁ་ཤས་ཁྲིད་ནས་ཉེ་སྐོར་དེར་བྲག་སྣ་ཞིག་འདུག་པར་ཕྱིན་ནས་སྨྱོན་པའི་བརྟུལ་ཞུགས་ཀྱིས་བཤིག་པས་ཅི་དགོས་ཡོད་པ་འདྲ་བས་གཞན་ནུས་ལྡན་ཞིག་ཡོད་པར་བཤིག་བཅུག་པས་རེ་འདོད་བཞིན་བྱུང་ཞིང་ཉེར་འཚེ་ཅི་ཡང་མ་མངོན་ཞིང་རྡོ་རྨང་རང་མཐོ་བདུན་གྱི་ཞེང་ཡོད་པའི་ཁར་གྱང་བརྡུང་བས་ཟླ་བ་གསུམ་ལྷག་ཙམ་ཐོགས་ཤིང་སྐབས་དེར་གསེར་ཐར་ལ་དཀར་བསོད་བྱས་པས་མར་ཆུར་བཟང་པོ་བྱུང་། ཚུར་སླེབས་ཚེ་ཤོད་ཁང་དེ་བཀབ་ཚར་འདུག་ཀྱང་ཀ་བར་རིང་བ་ཀ་ཞུ་ཞན་པ་སོགས་ཀྱིས་བློ་མ་བདེ་བཞིན་དུ་གླ་རྔན་སོགས་སྤྲད་ནས་དགུན་དེར་མགོ་ལོག་མཁའ་རེ་མར་བཟུང་། ཁྱེ་མདའ་སྒྱེ་བྲོ་ཁོ་འཕེལ་ཡན་ཆད་དུ་ནས་བསོད་བྱས་པས་མང་དུ་བྱུང་ཞིང་ཕྱིར་ལོག་ནས་ཁང་པར་ཕྱིན་ཚེ་གྲྭ་པ་ཁ་ཤས་ལ་ཀློང་སྙིང་གི་ཁྲིད་བཏབ་ཅིང་དཔྱིད་དེར་ཛམ་ཐང་ན་ཚ་ཁོའི་ཤིང་བཟོ་བ་གཉིས་ཡོད་པ་བཀུག་ནས་ཁང་པ་གསར་འགེབ་ཀྱི་བཀོད་པ་བཟང་པོ་བྱས་ནས་དགེ་རྩེ་སྡ་ཐལ་མ་ཁྲོ་ཤུལ་གོང་འོག་སོགས་ལ་ཕྱིན་ནས་ཕྱིར་སླེབས་དུས་ཡང་ཁང་པ་སྔར་ལས་ཅུང་ཟད་ཅིག་འཕགས་པ་ཙམ་ལས་མི་འདུག །འོན་ཀྱང་ལྷ་ཞིག་བཞེང་མ་ཐུབ་པར་བློ་མི་བདེའི་ངང་དུ་ཤི་ན་འཕྲོ་མཐུད་མི་ཐུབ་དོགས་པས་ལྷ་བཞེང་ནམ་ཐུབ་སྙམས་ནས་རིངས་པར་གྱུར་ཡང་ཐབས་མ་བྱུང་ཚེ། ཛི་སྐར་ནས་བསོད་ལ་ཕྱིན་པས་ནས་མང་དུ་བྱུང་། དེ་དུས་ཡུལ་དེའི་རྒྱལ་འགོང་གསར་པ་ཞིག་གིས་བར་ཆད་རྩོམ་པའི་ལྟས་མངོན་སུམ་ལྟར་མནལ་ལམ་དུ་བྱུང་ཚེ་རྨི་ལམ་སྤྲུལ་བསྒྱུར་སོགས་ཀྱིས་དཔའ་བཀོང་བའི་སར་བཀོད་པ་ནི་སྒྲ་ཇི་བཞིན་པའོ། སྐབས་དེར་རྐང་པ་གཉིས་ཀ་ཞ་ཞིང་འགུལ་མི་ཤེས་པ་ལྟར་བྱུང་བས་ཛམ་ཐང་དུ་སྨན་པ་ཡོད་པས་དེར་འོང་ན་དགའ་ཚུལ་ཟེར་ནས་བསུ་མཁན་བྱུང་ཡང་གྲྭ་བ་ཚོས་དེར་རྒྱལ་གནོད་ཆེ་བར་དོགས་ཟོན་དགོས་པས་ཅིས་ཀྱང་འགྲོ་མི་ཉན་ཟེར་ཡང་ཁ་ལ་མ་ཉན་ནས་ཕྱིན་པས་སེར་ཕྲེང་དང་རོལ་བསུ་སོགས་བཀུར་གཟོ་བླ་ན་མེད་པ་གནང་ཞིང་རྐང་པར་རྔབས་རུ་སོགས་ལག་ཐབས་དང་སྨན་ཅུང་ཟད་བཏུང་བས་བག་ཙམ་བདེར་སོང་སྐབས་ལྷ་ཁང་གསར་པའི་ནང་དུ་ཉི་མ་དྲུག་ཙམ་ལ་ཉིན་རེ་བཞིན་ཁྲོམ་དབང་དུ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ཆོས་འབྲེལ་བྱས་པའི་ཡོན་འབུལ་ནས་མང་དུ་བྱུང་ཞིང་དབོན་གྱིས་ཨོ་རྒྱན་ཆེན་པོའི་སྐུ་བརྙན་གོས་ཆེན་གྱི་དྲུབ་སྐུ་ཐོག་ཚད་གསུམ་དང་མཉམ་པ་ངོ་མཚར་རྨད་དུ་བྱུང་བ་ཞིག་གྲུབ་སྐབས་སུ་འདུག་པར་རབགནས་བྱས་ཤིང་རྐང་ནད་ལ་ཕན་དུ་རེ་བས་ནས་པིས་ཆབ་ཚན་ལ་ཕྱིན་ནས་ཞག་ལྔ་ཙམ་བསྡད་པས་ཅུང་ཟད་ཕན་བྱུང་སྐབས་དེར། ཚ་ཁོ་ཕུན་ཚོགས་རྫོང་ནས་སྔོན་དུ་དཱ་རོ་ཀླུ་འབུམ་མངགས་ཤིང་ང་རང་འོང་དགོས་ཚུལ་གསུང་བྱུང་ཡང་རྐང་པ་ན་བ་སོགས་ཀྱིས་འགྲོ་རྒྱུ་ཁས་བླངས་མ་ནུས་བཞིན་དེ་ཚུལ་གྱི་ཡི་གེ་བྱས་པར་འཕྲལ་དུ་ཡང་བསྐྱར་ཕྱིར་ད་རོ་ཀླུ་འབུམ་མངགས་ནསང་རང་འོང་དགོས་ཚུལ་གསུངས་བྱུང་ཡང་རྐང་པ་ན་བ་སོགས་ཀྱིས་འགྲོ་རྒྱུ་ཁས་བླངས་མ་ནུས་བཞིན་དེ་ཚུལ་གྱི་ཡི་གེ་བྱས་པར་འཕྲལ་དུ་ཡང་བསྐྱར་ཕྱིར་ད་རོ་མཚོ་རྒྱལ་མངགས་ནས་མི་འོང་ཐབས་མེད་ཡིན་ཚུལ་དང་། འགྱོགས་ཁྲིར་བྱོན་ན་རྐང་ནད་ལ་མི་གནོད་ཚུལ་སོགས་བཤད་ནས་མི་འགྲོ་ཐབས་མེད་ནན་ཏན་བྱས་ལྟར་ཕྱིན་པས་ཞག་གསུམ་ནས་ཁོང་ཚང་གི་ཡུལ་གྲོང་གི་ཡར་མཐའ་སྐུ་འབུམ་ཟེར་བའི་སར་སླེབས་ཤིང་། དེ་ནས་ལམ་རིམ་བགྲོད་ཀྱིས་ཕྱིན་པས་གྲོང་པ་སོ་སོའི་ས་རུ་འུ་ལག་ཇ་ཐབ་སོགས་ཇི་ལྟ་བ་བཞིན་བསྒྲིགས་འདུག་ཅིང་ཞག་ལྔ་ཙམ་གྱི་འཕྲོ་ནས་ད་རོ་དཔོན་གཡོག་ཁ་ཤས་ཆིབས་བསུར་སླེབས་ཤིང་། དེ་དང་ཆར་འགྱོགས་ཁྲི་ཡང་བྱུང་བར་འདེགས་མཁན་བཅུ་དྲུག་འདུག་པས་བརྒྱད་རེ་བརྗེ་ལེན་བྱེད་བཞིན་ཕྱིན་པས་ཉིན་རེ་བཞིན་ཆིབས་བསུ་དཔོན་གཡོག་ཁ་ཤས་རེ་བྱུང་ཞིང་ཕོ་བྲང་དང་ཉེ་བའི་ལ་ཐོག་ཏུ་རྒྱ་ལུགས་ཀྱི་རོལ་མོ་འཁྲོལ་མཁན་མང་ཤས་དང་། དེ་ནས་ལུང་པ་ཐུར་དེད་དུ་ཕྱིན་པས་ཞྭ་སེར་ཁོ་ན་གྱོན་པའི་བླ་གྲྭ་བརྒྱ་ལྷག་ཙམ་གྱིས་སེར་འཕྲེང་ངོམ་ཞིང་ཕོ་བྲང་མཐོང་སར་འབྱོོར་དུས་མི་འཚོགས་ཤིན་ཏུ་མང་པོ་ལྷ་སའི་ཁྲོམ་འདྲ་མོས་རྒྱ་བོད་ཀྱི་རོལ་མོ་སྣ་ཚོགས་འཁྲོལ་བ་དང་འབུད་པ། གར་འཆམས་རྩེད་འཇོ་སོགས་མང་དུ་བྱས་མཐར་དཀྱིལ་དེར་རྡོ་ཁྲི་ཆེན་པོ་ཆས་རྒྱན་གྱིས་སྤུད་པར་སྡོད་བཅུག་པའི་རྩར་གྲྭ་བ་རྣམ་དང་། ད་རོ་མི་དྲག་སོགས་ཐམས་ཅད་ཏིལ་གོང་ཁ་ཕྱེ་བ་ལྟར་འཚོགས་པའི་ནང་ནས་སྐད་གཉིས་ཤེས་པའི་ད་རོ་བཀྲ་ཤིས་ཟེར་བ་ཞིག་གིས་སྔོན་ཚ་ཁོའི་རྒྱལ་རབས་གོང་མ་རྣམས་ཀྱིས་བླ་མ་བརྟེན་ཚུལ་སོགས་མང་དུ་བཤད་བྱུང་བར་གཏམ་ལན་ཡང་དགོས་སྲོལ་འདུག་བཞིན་བྱས། དེར་ཇ་ཆང་ཨ་རག་བཅས་སྣོད་བརྒྱ་ཁ་ཙམ་འདུག་པ་ཅུང་ཟད་རེ་དྲངས་པ་ལས། གཞན་རྣམས་ངེད་ཅག་ལ་ཁ་ཕྱོགས་པས་ནམ་མཁར་མཆོད་འཕྲལ་སྟེགས་ཁྲི་ལ་བསྡད་པར་ཕོ་བྲང་གི་རྩེ་མོ་ནས་དར་གདུགས་འཕན་སོགས་སྒྲེང་བ། རོལ་མོ་རིགས་མི་འདྲ་བ་མང་དུ་ངོམ་པ། ལམ་ཁ་ཕན་ཚུན་ནའང་དེ་ལྟར་བྱེད་བཞིན་བསུས་ནས་གྲོང་གི་ཤར་སྒོ་ནས་ལྷོ་སྒོ་བར་ལྕགས་རིའི་ནང་ཕྱིན་ཞིང་། དེར་གྱོགས་ཁྲི་ལས་བབས་ཏེ་སྐས་རིང་ཐུང་མང་པོ་ཞིག་བགྲོད་ནས་སྟེང་ཁང་ཞིག་ཏུ་སླེབས་པར་རྒྱན་བཀོད་ཕུན་སུམ་ཚོགས་པ་བྱས་པ་དེར་བག་ཕབས་ནས་བསྡད། དར་ཅིག་ན་དཔོན་མོ་གཉིས་པོ་མདུན་སྐོར་བཅས་མཇལ་དུ་བྱུང་ནས་རྒྱལ་རོང་ལུགས་ལྟར་ལོ་ཙ་བཙུགས་ནས་གསུང་འཕྲོས་ཉུང་ཤས་ལན་ལྡོན་བཅས་གྲུབ་ནས་ཕེབས་ཤིང་། ཉི་མ་ཁ་ཤས་ལ་ངལ་གསོ་སྐབས་སྔོན་རྒྱལ་པོ་གཤེགས་ཚད་གོང་མ་ཆེན་པོའི་བཀའ་དྲིན་གྱིས་བསྐྱངས་པ་ལགས་ཀྱང་ཁོ་རང་ད་རོ་བློན་པོ་ཟ་ཧམ་ཅན་མང་པོས་བསྐྱོད་ཁར་ཤོར་ཏེ་རང་སྡེ་མང་པོ་གཏོར་བརླག་བྱས་མཐར་གོང་མའི་ཆད་པས་ཕྱི་མའི་ལམ་དུ་བསྐྱལ་བ་ནས་བཟུང་། ད་ལྟའི་བར་རྒྱལ་ས་འདིར་ནང་འཁྲུག་དམེ་ཤི་སོགས་རྒྱུན་ཆད་མེད་པ་འདྲ་མོ་འདུག་པས་འདི་ལ་ཕན་ཐབས་གང་དགོས་ཐུགས་བབ་བཞིན་བཀའ་དྲིན་མི་ཆུང་བར་ཞུ་ཞེས་ཡང་ཡང་གསུང་བྱུང་བཞིན། དང་པོ་འཁོར་འདས་མཆོད་པ་དང་སྡེ་བརྒྱད་མཆོད་པ་གང་མང་བཏང་ནས། དེ་རྗེས་རྒྱུད་ཕུར་གྱི་ཞི་བསྲེག་འབུམ། དྲག་བསྲེག་ཁ་ཤས་བཅས་བསྒྲུབས་པས། འཚུབ་ལྷོང་དང་འཁྲེན་རྔུར་ཡང་ཅུང་ཟད་རེ་བྱུང་། སྐབས་དེར་ཅོག་ཙེའི་སྲས་པོ་དེ་གར་གོ་དམག་ཏུ་བསུས། དཔོན་མོ་ལ་ཀློང་སྙིང་གི་སྔོན་འགྲོའི་ཁྲིད་དང་དབང་སོགས་ནན་ཏན་ཕུལ། ཁྲོམ་དབང་ཉི་མ་ཁ་ཤས་ལ་བྱས། དཔོན་མོས་གསར་བཞེངས་ཆུ་འཁོར་བརྒྱ་རྩ་དང་། མ་ཎིའི་རྡོ་མཁར་ངོ་མཚར་ཅན་རྣམས་རབ་གནས་བགྱིས། དེ་དུས་དགེ་བསྒྲུབ་སྡིག་སྤང་གི་བསྐུལ་མ་ནན་ཏན་བྱས་པས་ཁྲི་མུན་དུ་བཅུག་པ་མང་ཤས་བཙོན་ཐར་དང་། ནོར་ལུག་བྱ་ཕག་སོགས་བརྒྱ་ཐམ་པ་ཚེ་ཐར་བྱས། དེ་དུས་མཆོག་རྩེའི་ཕོ་བྲང་དུ་འོང་དགོས་ཀྱི་བང་ཆེན་པ་ལ་ད་རོ་དཔོན་གཡོག་ཁ་ཤས་སླེབས་པར་མི་འོང་ངེས་ཅན་གྱི་སྐད་ཆ་མང་དུ་ལབ་ཀྱང་མ་ཉན་ནས་དཔོན་མོ་ལ་ཡང་ང་རང་འགྲོ་ཐབས་ཀྱི་བཀའ་དྲིན་མ་ཆུང་ཞེས་ཡང་ཡང་གསོལ་ལྟར་གསུང་ནན་གནང་བཞིན་ཕྱིན་ཚེ་ཆིབས་བསུ་སོགས་སྔོན་མ་ཙམ་མི་འདུག་ཀྱང་ཕྱོགས་མཚུངས་བྱས་བྱུང་། དེར་ཞག་པོ་བཅུ་བཞིའི་རིང་ལ་ཕུར་པའི་སྦྱིན་བསྲེག་འབུམ་སོགས་བསྒྲུབས་ནས་ཕུན་ཚོགས་རྫོང་དུ་ཕྱིར་སླེབས་སྐབས་དབང་ཁ་ཤས་གནང་གྲུབ་མཐར་ཡང་ཕ་ཡུལ་དུ་འགྲོ་ཆོག་རྒྱུའི་དགོངས་པ་ཞུས་ཚེ་རབ་ཀྱི་ལོ་གསུམ། མིན་ཡང་གཉིས་སམ། གཅིག་ཙམ་དུ་སྡོད་རྒྱུ་བཀའ་དྲིན་མ་ཆུང་ཞེས་ཡང་ཡང་གསུངས་བྱུང་ཡང་ཕར་ཡང་སྡོད་མི་དགོས་པ་ཞིག་ནན་ཞུས་བྱས་མཐར་འགྲོ་ཆོག་རྒྱུའི་བཀའ་གྲོས་འོང་ཙམ་བྱས་བཞིན། འདག་བཟོ་བླུག་མཁན་མགར་བ། ལྷ་བཟོ་བཅུ་ཕྲག་བཅས་དང་ལྷན་ཅིག་ཐེག་གྲབས་སྐབས་འབུལ་ནོར་རྒྱ་ཆེ་སྟབས་ཀྱིས་ད་རོ་དཔོན་གཡོག་ཁ་ཤས་དང་། ལག་ཉིས་བརྒྱ་ལྷག་ཙམ་གྱིས་རིང་སྐྱེལ་དང་། ཡང་ད་རོ་ཆེ་བ་གཉིས་གཡོག་མང་པོར་བཅས་ཏེ་ས་མཚམས་བར་དུ་བསྐྱལ་ཞིང་མཁར་རྫོང་ལམ་ཁ་ན་ཡོད་རིང་ལ་ཕྱག་ནས་བཅས་བཀའ་བཀོད་བཞིན་བསྒྲུབས་ནས་ཕྱི་ལམ་རིམ་བགྲོད་མཐར་རང་གནས་སུ་སླེབས། སྐབས་དེར་མཚོ་སྔོན་ནས་རྗེས་ཡང་ཙང་གི་དཔོན་གཡོག་ཁ་ཤས་དང་། རྒྱལ་རོང་དུ་འགྲོ་སྐབས་ཧོར་བྲེའུ་ནས་ལྷ་བཟོ་བཅུ་ཙམ་འབོད་དགོས་བྱས་པ་ཡང་ཁ་ཤས་སྔ་མོ་ནས་སླེབས་ཤིང་ལྷ་ཁང་ལ་ཞལ་བ་གྲུབ་འཕྲལ་དུ་འདུག །དེར་ལྷ་ཁང་སྒོ་ཤར་ལྷོར་བལྟ་བའི་གཡས་ཕྱོགས་ཚ་ཁོ་དང་། གཡོན་དང་རྒྱབ་མདུན་ཕན་ཚུན་བཅས་ཧོར་པའི་ལྷ་བཟོ་ཚོས་སོ་སོར་བྲིས། དེ་ཡང་སངས་རྒྱས་སྟོང་། ཡབ་ཡུམ། སྲས་རིམ་གྲོ་པ། ཤེས་རབ་ཅན། རྫུ་འཕྲུལ་ཅན་སོགས་དང་། གཞན་ཡང་བྷོ་ཊའི་བསྟན་པའི་མངའ་བདག་གསར་རྙིང་རིས་བྲལ་གྱི་སྐྱེས་མཆོག་དམ་པ་རྣམས་དང་སྒོ་འགྲམ་ནང་བསྟན་གཉིས་ལ་དཔལ་མགོན་བདུན་ཅུ་སོགས་བཀའ་སྲུང་ཆོས་སྐྱོང་ནོར་ལྷ་བཅས། སྒོ་ཐོག་ཏུས་ལྟུང་བཤགས་ཀྱི་ལྷ་སུམ་ཅུ་སོ་ལྔ། ཀླུ་དབང་རྒྱལ་པོ་གཙོ་འཁོར་སོགས་མང་དུ་བྲིས། སྒོའི་ཕྱི་ལོགས་གཉིས་སུ་བསྟན་མ་བཅུ་གཉིས་སོགས་ཟོ་དོར་ཁ་ཤས་རྣམས་བཞེང་བཞིན་དེ་ཅག་རྣམས་དབལ་ཤུལ་ཐར་དང་མུ་ར། རྣམས་སུ་ཕྱིན་ཞིང་ཕྱིར་སླེབས་པ་དང་། རྫོགས་ཆེན་རྒྱ་རོང་། དབོན་སྤྲུལ་རིན་པོ་ཆེ་གདན་འདྲེན་དུ་པདྨ་ཀུན་བཟང་སྔོན་ནས་ཕེབས་ཡོད་པས་གདན་དྲངས་བྱུང་ཞིང་། དྲག་པོ་དཔལ་ཆེན་འདུས་པའི་སྒྲུབ་ཆེན་དང་འབྲེལ་བའི་རབ་གནས་མཐའ་རྒྱས་གྲུབ་སྐབས་འབུལ་མཚོན། བཀྲ་ཤིས་པས་ཁ་བཏགས། སྐུ་གསུང་ཐུགས་རྟེན། གོས་ཡུག༡༠ ལིང་ཡུག༡༠ གོས་ཡོལ༡ རས་ཡུག༡༠ རྟ་ཕོ་ཆིབས༣ དྲེལ༢ རྒོད་མ༥ མཛོ་ཕོ་མོ༡༠ འབྲི་གཡག༡༠ བྱུ་རུའི་འབྲུག །གཡུའི་བྱེའུ་ཆུང་། རྫབ་ཕོར། ལི་སྒོ། མགར་ལྔ། གཟིག་ལྤགས། དོམ་ལྤགས། གཡི་ལྤགས། ཝ་ལྤགས། སྦུབ་ཆལ་ཆོས་རྗེ་དཔལ་འབྱོར་བཟང་པོས་བཞག་བྲ་ལྷ་རྩེའི་བླ་མཚོ་ནས་དྲངས་པའི་དུང་དཀར། གསེར་ཞོ༥། དངུལ་རྡིལ་ཚད༣ མཐའ་རྟེན་ཁ་བཏགས། སྲིད་དུ་རིང་བ་བཅས། བླ་མཆན་གསུམ་ལ། རྟ་ཕོ་རེ་རེ། དབོན་པོ་དང་མགོན་བླ་ཟུང་ལ་རྟ་རེ། གྲྭ་བ་རྣམས་ལ་ཇ་བག་བཞི་རེའི་བབ་བཅས་ཕུལ་བ་དང་ཆབས་ཅིག་ལྷ་ཁང་ཡང་དཔོན་ཚང་ལ་བགྲོས་ཏེ་ཕུལ་བཞིན་རྫོགས་ཆེན་གྱི་བདག་པོ་མཛད་ངེས་ཀྱི་ཞལ་བཞེས་འཆུག་མེད་གནང་ནས་ཕེབས་ཤིང་། སྐབས་དེར་བོ་ཆུང་སྡེ་ཕྲོམ་མས་དབལ་ཤུལ་རབ་བརྟན་གྱི་རྟ་དེད་སྐྱོན་གྱིས་གསེར་ཐར་ཚང་མ་དམག་གི་དཔུང་ཆེན་རྫ་དྲག་ཁ་མདོར་བཤམས་ཚེ། ངེད་རང་དཔོན་གཡོག་ཁ་ཤས་ཀྱིས་བོས་རྟ་གཉིས་བཟུང་ནས་ཉིན་མཚན་འགོར་མེད་དུ་ཕྱིན་ཞིང་། གྱོད་བར་དུ་འོང་ཚུལ་དང་མི་གཏམ་ཐབས་མེད་ཡིན་ལུགས་སོགས་ཞིབ་ཏུ་ལབ་ཀྱང་ཞག་གཉིས་གསུམ་ལ་ཐག་ཆོད་མ་བྱུང་ཞིང་དེ་འཕྲོར་ཐམས་ཅད་ཀྱིས་གྲོས་བསྡུར་ཞིབ་མོ་བྱས་མཐར། ཁྱེད་རང་མིན་པ་གཞན་སུ་བྱུང་ཡང་གྱོད་འདི་གཏམ་རྒྱུ་མི་བྱེད་ངོ་མ་ཐག་ཆོད་མིན་རེ་ཟེར་ནས་མནའ་དང་། ཁྱོད་ཀྱིས་གཏམ་རྒྱུ་བྱས་དུས་ཁོང་ཚང་ལ་ཉེས་པའི་ཚོད་ཀྱིས་བཤགས་པ་མ་བྱས་པར་འགྲིགས་རེ་ཟེར་ནས་མནའ་ཁུར་གྱིན་འདུག་འོན་ཀྱང་གྱོད་ལག་ཏུ་ལོན་ནས་དུས་ཆད་བགོས་བཞིན་གཏམ་རྒྱུ་བྱས་ཐོག་ཏུ་གྱོད་པ་ཁག་གཉིས་ངེད་ཅག་བཅས་འདུས་ནས་ཕར་བཤད་ཚུར་བཤད་མང་དུ་བྱས་མཐར་ཡུན་རིང་པོར་མ་འགོར་བར་གྱོད་འཕྲོ་དག་རྗེས་གཙང་བྱས་འཕྲལ་ངེད་ཅག་རྣམས་སོ་སོར་གྱེས་ཤིང་། རབ་གནས་སྐབས་སུ་ངེད་ཀྱི་རྟ་ནོར་ཁ་ཤས་རྐུན་ལ་ཤོར་བ་མགོ་ལོག་ག་ཤེད་དུ་ལྷུང་ཚུལ་ཐོས་པས། ཚ་ཁོ་ལ་ངེད་རང་མགོ་ལོག་ཏུ་རྐུན་མ་རྩད་གཅོད་ཀྱི་ཆེད་དུ་འགྲོ་དགོས་རྒྱུ་ལ་རོགས་ཞིག་གནང་དགོས་ཚུལ་ཞུས་པས་ད་རོ་ཀླུ་འབུམ་དཔོན་གཡོག་ཁ་ཤས་བཅས་སླེབས་བྱུང་བ་དང་མཉམ་དུ་ཕྱིན་ནས་ཞི་དྲག་གཉིས་ཀའི་སྒོ་ནས་བརྒལ་བས་མདོ་རྩ་རྐུན་མ་རྡོ་བའི་བྲོས་པོ་མགོ་ལོག་ཏུ་འཁྱར་བ་ཞིག་རེད་འདུག་པས་དེ་ག་ཐབས་སྣ་ཚོགས་ཀྱིས་ཚུར་རྡོ་དཔོན་ལ་གཏད་རྒྱུ་བྱས་བཞིན། ངེད་ཅག་གོང་འོག་དེར་འབོད་མཁན་དུ་མ་བྱུང་སར་འགྲོ་ཙམ་རེ་བྱས་པས་ཟླ་བ་གཅིག་ཙམ་ཐོགས་མཐར་ཕྱིར་ལོག་ནས་ལྷ་ཁང་དུ་སླེབས་ཚེ་རྐུན་མ་རྡོ་དཔོན་ལ་སྤྲད་ཀྱང་ཉེས་ཆད་སྤུ་ཙམ་མ་བྱས་ཐོག་གཏང་རག་བཟང་པོ་བྱས་པར་ང་རང་སེམས་ཤིན་ཏུ་མ་དགའ་ནས་ཞུ་ལོག་ཀྱང་ཁ་ཤས་ཐལ། འོན་ཀྱང་རེ་ཞིག་བག་ཕབས་ནས་གྲྭ་པ་འགའ་ལ་སྔོན་འགྲོའི་ཁྲིད་དང་། ཡང་ཁ་ཤས་ལ་རྩ་རླུང་གི་ཁྲིད་བཏབ། ཡབ་རྗེའི་བཀའ་གཏེར་གང་ཡོད་ཀྱི་དབང་ལུང་ཡང་བྱས། དེ་དུས་ཆོས་སྐོར་བསོད་ནམས་འཕེན་གྱི་བུ་སྐྱེས་ནས་ཟླ་བ་བཅུ་གཅིག་ལས་མ་ཡིན་ཀྱང་ཁོ་པ་རྡོ་བླ་སར་འགྲོ་ཞེས་ཡང་ཡང་བསྐྱར་ནས་བྱས་བཞིན་སླེབས་པར་ཚེ་དབང་ཁ་ཤས་བྱས་ནས་ཕར་བརྫངས་ཤིང་དེར་ལྷ་ཁང་དུ་སྡོད་སྐབས་རྡོ་སྟོད་ཚང་གིས་རྐུན་མའི་ཕྱོགས་བཟུང་ནས་གཙེར་སུན་སྣ་ཚོགས་ཀྱིས་སྡོད་དབང་མ་སྟེར་བའི་སྐྱོན་གྱིས་ཤི་དུད་ཁ་ཤས་ཡོད་པ་སྔོན་དུ་བསྐྱལ་ཞིང་ངེད་ཅག་རྗེས་སུ་ཞག་ཁ་ཤས་ཀྱི་ནང་ནས་ཡར་ཕྱིན་པའི་ཅི་ཞིག་ན། ཀ་ཐོག་མཆོད་དཔོན་ཡང་དག་ངོས་གཡོག་གཉིས་ཀྱིས། ས་དབང་། སྡེ་དགེ་ཆོས་རྒྱལ་རིན་པོ་ཆེའི་བཀའ་ཤོག་དང་རྫོགས་ཆེན་ནས་སྐྱབས་རྗེ་སྐུ་ཆེན་རིན་པོ་ཆེའི་བཀའ་ཤོག་གཉིས་ཀ་ཁུར་ནས་སླེབས་བྱུང་བའི་བཀའ་ཕེབས་དོན་རྩ། ང་རང་ཡར་མི་འོང་ཐབས་མེད་ཡིན་པས་ཅིས་ཀྱང་སླེབས་པར་གྱིས་གསུངས་འདུག་བཞིན་བང་མི་དང་ཆབས་ཅིག་ངེད་ཅག་རྣམས་སྐྱེལ་མ་ཁ་ཤས་བཅས་ལམ་དུ་འཇུག་ཁར་ཨ་ཁུ་རྒད་པོ་སོགས་མི་དྲག་བསམ་ཡོད་ཀུན་གྱིས་སླར་ཁོང་ཅག་དང་སྐྱིད་སྡུག་གཅིག་ངེས་ཤིག་ཡོང་དགོས་པ་སེམས་ཀྱིས་འདོར་མི་ཉན་ངོ་མ་ཡིན་པས། ཡང་ན་མར་བསྡོམ་རྒྱུ། མིན་ཀྱང་ཁྱེད་རང་གང་དུ་ཆགས་གང་དུ་སོང་ཡང་དེ་དང་མཉམ་འགྲོ་མཉམ་གནས་བྱེད་རྒྱུ་ཞིག་མི་དགོས་རེ་ཟེར་ནས་ཀུན་གྱིས་མནའ། ཁུར་བ་དང་། དེ་ཚུལ་གྱི་མནའ་ང་ལ་ཡང་ཁུར་དགོས་ཟེར་བཞིན་མི་བྱེད་ཐབས་མེད་བྱས་མཐར་ཐེག་ནས་གསེར་སྟོད་འབྲོང་རི་སྨུག་པོའི་མདུན་དུ་ཞག་མལ་ཕོག་ཅིང་། དེར་སང་ཞོགས་པ་ནས་བསང་གསོལ་མཆོད་རྒྱས་པར་བཏང་ནས་དེ་ནུབ་བཅག་མལ་བྱས་པས་རྨི་ཉམས་ངོ་མཚར་ཅན་དུ་མ་བྱུང་བཞིན་སང་ཞོགས་པ་ནས་ཐེག་སྟེ་བཤུལ་ལམ་རིམ་བགྲོད་ཀྱིས་སྙི་ཁོག་ཏུ་སླེབས་ཚེ་ཨ་བོ་ཕོ་ཚོ་ནང་དམེ་ཤོར་ནས་མི་དྲག་ཞིག་བསད་པའི་སྐྱབས་ཡུལ་དུ་མི་འོང་ཐབས་མེད་ཟེར་བཞིན་ཕྱིན་ཚེ་བསམ་ཡོད་ཚོས་བླ་མ་ཐུགས་རྗེ་ཅན་ཁོང་ཚང་མི་འདི་ཤིན་ཏུ་གཅེས་ཤིང་ཕངས་པ་ཞིག་ཡིན་ཡང་ཤི་ལུགས་ངན་པ་འདི་འདྲར་གྱུར་པར་འཕོ་ལུང་གཟབ་པ་སོགས་ཐུགས་རྗེ་མི་ཆུང་བ་ཞུ་ཟེར་བྱུང་བས། ངས་དེ་ག་ལོས་ཡིན་ཏེ་ཁྱེད་ཁག་གཉིས་དམེ་བྱེད་རྟེན་ཆེན་པོ་མེད་བཞིན་དེ་འདྲ་བྱས་པས་དེ་སྔོན་མི་རྟ་བཅུ་ཙམ་བསད་རེས་བྱས་པ་དེ་ཤིན་ཏུ་ནས་ཀྱང་མི་ལེགས་ཤིང་། ད་དུང་ཡང་དམེ་འཁྲུག་མ་རུངས་པ་འདིའི་མཚམས་མ་ཆོད་ན་མི་ཕུང་བདག་བརླག་འོང་ཚུལ་སོགས་བཤད་པས། དེ་ཚུལ་མི་གསུངས་པར་ཞུ། ངེད་ཀྱི་གཤིན་པོ་འདི་ལ་ཐུགས་རྗེ་མ་ཆུང་ཞུ་རྒྱུ་ལས་ཁོང་གི་མི་ཤི་བདག་འགྱེལ་མ་བྱས་པར་གྱོད་མི་གཏམ་ངོ་མ་ཡིན་ཚུལ་སོགས་མང་དུ་ལབ་བྱུང་བས། ང་རང་གིས་ཁྱེད་ཚང་གིས་བླ་མ་མ་རྙེད་ནས་ང་གཅིག་པོ་ལ་རེ་ལྟོས་བཅའ་དགོས་པ་མ་རེད་པས། བླ་མ་གཞན་ནས་ཚོལ་དང་དེས་ཆོག་མོད། ངས་ནི་ཁྱེད་ཚོས་དམེ་འཕྲོ་འདི་ཆོད་ངེས་བྱེད་རྒྱུའི་ཁས་ལེན་ཡོད་ན་ཆོས་འབྲེལ་ཞིག་བྱེད་ངེས་དང་། མིན་ཚེ་ད་ལྟ་ཉིད་དུ་འགྲོ་རྒྱུ་ཡིན་བྱས་པས་ཁོང་ཚོ་སྡུག་བསྔལ་དྲག་པོ་བྱེད་ཚུལ་གྱིས་གྱོད་ང་རང་གི་ལག་ཏུ་བཞག །ཆོས་འབྲེལ་ཡང་ཅི་དགོས་བྱས་མཐར་འབུལ་བའི་སྐབས། ཡང་བསྐྱར་གྱིས་གྱོད་དོན་ལབ་ནས་ངེད་ཀྱི་བར་ཐོག་ཏུ་བཞག་ངེས་འཆུག་མེད་ཡིན་ན་འབུལ་བ་རྣམས་ལོས་བླངས། དེ་ལྟར་མིན་ཚེ་ངེད་ཀྱི་ལྷག་བསམ་རྣམ་དག་བདེན་པས་ཁོ་བར་ཕན་ཐོགས་ལས་ཆེ་བས་འབུལ་བ་མི་བླངས་ངེས་པ་བཤད་ཚེ། སྔར་དང་མི་འདྲ་བས་ཅི་གསུང་མི་བསྒྲུབ་རེ་ཟེར་ནས་མནའ་ཁུར་འདུག་བཞིན་འབུལ་བ་རྣམས་བླངས། དེར་དངུལ་རྡིལ་ཚད་ཐད་ཀྱི་མེ་མདའ་གྲགས་པ་ཅན་ཞིག་འདུག་པ་ཕུལ་འཕྲལ་བཅག་བཅུག་པས་ཐམས་ཅད་ཧ་ལས་པ་ལྟར་བྱེད་ཀྱིན་འདུག །དེ་ནས་དབལ་ཤུལ་དཔོན་རྣམས་དང་ཚོ་བའི་མི་དྲག་ཁ་ཤས་བཅས་རོགས་སུ་སྦྲན་ནས་གྱོད་གཏམ་པས་ཞག་བཅུ་སྐོར་ཙམ་ནས་འདུམས་བཞིན། ངེད་ཅག་ཀྱང་ཐོགས་མེད་དུ་ཕྱིན་ནས་ཁྲོ་ཚང་གྲུར་དོན་ཞིང་རིངས་སྟབས་སུ་བསྐྱོད་ཀྱང་ཁ་བ་ཆེན་པོ་བབས་ནས་འགལ་རྐྱེན་ཡང་བྱས། འོན་ཀྱང་རྒྱ་རོང་ནས་དབོན་ངག་དབང་བཅས་དཔོན་གཡོག་མང་ཤས་ཕེབས་ནས་ཟླ་མགོའི་ཆབ་ཚན་ཁར་གྲྭ་བསྒྲིགས་བྱས་འདུག་པར་བག་ཕབས་ནས་ཆབ་ཞུགས་ཀྱང་བྱས་ཤིང་ཐེག་སྟེ་རྒྱ་རོང་རི་ཁྲོད་དུ་སླེབས་ཚེ། སེར་ཕྲེང་སོགས་བཀུར་གཟོ་རྒྱ་ཆེན་གནང་། དེར་བླ་བྲང་དུ་ཟངས་དཀར་བཟང་པོ་གཅིག་དང་། དངུལ། ༢༥༷ རྟ་ཆིབས། རོལ། གོས་ཆེན་ཁ་ཤས་བཅས་དངོས་པོ་ཅི་འབྱོར་ཕུལ། གྲྭ་མང་ལ་ཚེ་ཆོག་ཡོན་འབུལ་དངུལ། ༡ཿ འབུལ་ལམ་ཞུས། དཔལ་ཆེན་དབང་འབྲེལ་སོགས་དགོངས་བཞེད་ལྟར་སྟོན་འཁོར་ཁ་ཤས་ལ་ཕུལ་བར། ལུགས་ཟུང་གང་ཐད་ནས་བདག་རྐྱེན་རྒྱ་ཆེན་ཐོབ་བཞིན་མ་དགོན་དུ་ཐེག་ཚེ་ཉིན་མཚན་གཉིས་ཀར་ཁ་བ་རྒྱུན་ཆད་མེད་པར་བབས་ནས་འགྲོ་ལམ་སྟོར་རྒྱུ་ཙམ་བྱུང་སྐབས་རྫོགས་ཆེན་ནས་ཕྱག་མཛོད་སོགས་མང་ཤས་ཞིག་ཆིབས་བསུ་ལ་བྱོན་ཞིང་དེ་ནུབ་ཉེ་སྐོར་དེར་ཞག་ས་ཕོག་ནས་སང་ཞོགས་དབོན་བསྐལ་བཟང་སོགས་དཔོན་གཡོག་ཁ་ཤས་ཕེབས་འཕྲལ་ཐེག་ནས་དགོན་དང་ཉེ་སར་སླེབས་ཚེ་སེར་ཕྲེང་མཇལ་དཀའ་བ་ལྟ་བུས་བསུས་ནས་ནང་དུ་ཕྱིན་ཚེ། ༧རྫོགས་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེ་མཐོང་ན་མི་མཐུན་པ་མེད་པའི་བརྟུལ་ཞུགས་ཀྱིས་བཞུགས་པའི་གཡས་ཕྱོགས་ཀྱི་ཁྲི་ལ་འན་བུ་སྡོད་དགོས་ཚུལ་གསུངས་བཞིན་བསྡད་ཅིང་། དུས་དེར་མཇལ་དར་མཚོན་བྱེད་དུ། ལྷ་རྫས་སྔོན་འགྲོས། རྟ་ཆིབས། རོལ། གོས་ཆེན་ཁ་ཤས། ལིང་སྣ་ཚོགས། རས་དེ་མཚུངས། གཅན་ལྤགས་ཁ་ཤས། དངུལ། ༣ཿ སོགས་ཕུལ་འཕྲལ་བཟའ་བཏུང་སྣ་ཚོགས་ལ་ལོངས་སྤྱོད་མཐར་སྡོད་གནས་སུ་བག་ཕབས་ནས་བསྡད་ཅིང་། སྐབས་དེར་དཔོན་སློབ་སྤྲུལ་པའི་སྐུར་མཇལ་ཚེ་བྱུང་རྒྱལ་གྱི་བརྟུལ་ཞུགས་ངོམ་བཞིན་བཞུགས་པར། རྟ་གཅིག །དངུལ་གཅིག །གོས་ཆེན། ལིང་། རས། གཅན་གཟན་ལྤགས་སོགས་རྣམ་གྲངས་ཁ་ཤས་ཕུལ་སྐབས་གང་ཅིའི་གསུངས་འཕྲོས་མང་དུ་གནང་ཞིང་ཐུགས་མཉེས་ཚུལ་མཛད་བྱུང་བ་བཀའ་དྲིན་གྱི་མཆོག་ཏུ་མཐོང་བཞིན་གསོལ་བ་འདེབས་ཀྱིན་བསྡད། དགུན་དེར་དང་པོ་དཔག་བསམ་འཁྲི་ཤིང་དུ། ༧ སྤྲུལ་པའི་སྐུ་རིན་པོ་ཆེར་ཀློང་སྙིང་གི་ཚེ་དབང་ཁ་ཤས་ཀྱི་ཆོས་སྒོ་ཕྱེ་ཚུལ་གྱིས་རིམ་བཞིན་དུ་སྐུ་གོང་མའི་ཞལ་སྔ་ནས་ཀྱིས་བཀའ་དྲིན་ཐོབ་རིགས་ལས། ཕུར་པ་ཡང་གསང་བླ་མེད་ཀྱི་དབང་ལུང་། ཀློང་ཆེན་མཛོད་བདུན། སྨིན་གླིང་སྡོམ་གསུམ་སོགས་དང་། སྐུ་ཆེན་རིན་པོ་ཆེ་ནས་ཐོབ་པའི་ཉི་གྲགས་ཆོས་སྐོར་ཐོབ་རིགས་ཕལ་ཆེ་བ། གཞན་ཡང་མཁྱེན་བརྩེ་རིན་པོ་ཆེའི་བཀའ་གཏེར་གྱི་ཆོས་འགའ་ཞིག་བཅས་དབང་ལུང་རྣམས་ཕུལ་ཞིང་། དུས་དེར་སྐུ་ཆེན་རིན་པོ་ཆེ་ཡང་ཕེབས་བྱུང་བར་མཇལ་དར་རྟེན། དར། གོས་ཆེན། ལིང་། རས། དངུལ། ༡ཿ སོགས་རྣམ་གྲངས་ཁ་ཤས་འབུལ་ལམ་ཞུས། སྐབས་དེར་གོང་འོག་མ་ངེས་པ་ཞིག་ཏུ་ནུ་རྒྱུད་ཕུར་གྱི་དབང་བསྡུས་ཞིག་འབུལ་སྐབས། ངེད་རང་དུས་རྒྱུན་སྐྱུར་དད་ཆེ་སྐྱོན་གྱིས་ར་རོ་ནས་དབང་བཤད་སོགས་ཚུལ་བཞིན་མ་ཐོན་པར་བླ་རྒོད་གྲ་རྒོད་རྣམས་ཀྱིས་དབང་གི་སྦྱོར་དངོས་རྗེས་གསུམ་གྱི་ཀུན་སྤྱོད་དང་ཀུན་སློང་བར་ཕོག །རང་ལུགས་ཀྱི་ལྟ་སྒོམ་སྤྱོད་འབྲས་བཞིའི་ངོས་འཛིན་དང་གཞི་ལམ་འབྲས་བུའི་གོ་བ་ཙམ་ཡང་མ་ཆགས་བཞིན་དུ། རྙེད་པ་ཚོལ་ཕྱིར་དབང་བཤད་རེ་བློར་བཟུང་ནས་ནེ་ཙོའི་ཤེས་པའི་སྟོང་སྦོས་ཀྱིས་འན་བུ་ལ་སྨོད་སྐུར་འདེབས་པ་དག་ཐོས་ཚེ། བྱིས་པའི་གཏམ་ལ་རྒན་རིམ་ཚོས་རྩིས་གདབ་མེད་པ་བཞིན་ཅི་མི་སྙམས་པའི་ངང་དུ་བཞག་གོ །སྐབས་འདིར་བཀའ་འགྱུར་རིན་པོ་ཆི་གདན་འདྲེན་ཐུབ་མིན་གྱི་བློ་སྐྱེས་པ་ན་ཡོན་འབུལ་ཅི་འདུག་བལྟས་པས་དངུལ་རྟེན་མེ་ལྔ་ལས་མི་འདུག་ཀྱང་གཉིས་བཙལ་ནས་བདུན་དུ་བྱས་དེ་དང་རྟ་དྲེལ་སོགས་གང་ཡོད་རྣམས་པར་ཁང་དུ་ཕུལ། དེ་ནས་དབྱར་ཁ་དེར་ཡོངས་ཤར་དུ་ལྷ་ཁང་གསར་བཟོའི་ས་འདུལ་དུ་འགྲོ་དགོས་ཚུལ་སྐུ་ཆེན་རིན་པོ་ཆེ་ནས་བཀའ་ཕེབས་བཞིན་ཕྱིན་པས་ཟླ་ཆུ་ཆེ་སྐབས་ལ་ཐུག་པས་ཞག་གཉིས་གསུམ་ཞིག་ལ་ཆུ་ཁར་སྡོད་དགོས་བྱུང་ཡང་། འཕྲལ་དུ་ཆུ་ཕྲི་བར་དོན་ནས་ཕར་ཁར་ཕྱིན་དུས། འགྱུར་མེད་ཡོན་ཏན་དཔོན་གཡོག་སྔོན་ནས་དེར་སླེབས་ཀྱང་མཆོད་ཡོན་གྲོས་མ་འགྲིགས་ནས་ལྷ་ཁང་གི་དོན་ཐོག་ཁེལ་མ་བྱུང་འདུག་པས། ངེད་ཅག་དང་དེ་གཉིས་དཔོན་སྡེ་ཚང་མར་སྔོན་དུས་ནས་ཆོས་འབྲེལ་ཡོད་སྟབས་ཀྱིས་སྐད་ཆ་མང་དུ་ལབ་པར་ཁ་ལ་མཉན་ནས་ལྷ་ཁང་བཞེང་རྒྱུའི་ཆད་ཐོ་བྱས་ཤིང་། ས་འདུལ་ཆེད་དབལ་ཆེན་འདུས་པའི་བུམ་སྒྲུབ་དང་སྤྱི་བསང་བརྔན་སྦྱིན་སོགས་རྒྱ་ཆེན་བྱས། སྐབས་དེར་ས་མིག་ཏུ་མཁའ་འགྲོའི་མེ་མཆོད་ཁ་ཤས་བླུགས་ཤིང་ཆོས་ཁྲིམས་དང་གྲོས་བསྡུར་བྱས་ཚེ། རྩིག་རྨང་གི་རྡོ་རྙེད་དཀའ་ཚུལ་སོགས་ལབ་རེས་བྱས་པས་དེ་ནུབ་རྨི་ལམ་དུ་རྡོ་རིང་མི་ཙམ་ཞིག་གི་སྟོད་ཆར་སློབ་དཔོན་ཟ་ཧོར་མའི་སྐུ་ཞིག་དང་། སྨད་དུ་རྟ་པ་ལག་ན་བ་དན་དང་། མགོར་ལ་ཐོད་བཅིངས་པ་ཞིག་འབུར་དོད་ཀྱི་ཚུལ་དུ་འདུག་པ་དེ་འདྲ་ཞིག་བྱིས་པ་ལོ་ལྔ་ཙམ་གྱིས་བཏེགས་ནས་ངའི་གམ་དུ་བཞག་པ་ཞིག་རྨིས་པ་ནངས་སྔ་གྲ་བ་ཚོར་ལབ་རྗེས་ཉི་དྲོས་སྐབས་སུ་ཁང་ལས་པ་ཚོས་རྟགས་དེར་ས་ཅུང་ཟད་ཞིག་བརྐོས་པའི་འོག་ནས་རྡོ་ཤིང་ལེབ་འདྲ་མོ་སྣ་ཚོགས་རིང་བ་དང་ཐུང་བ་མཐུག་སྲབ་ཅི་རིགས་མང་དུ་བྱུང་བ་དཔེར་ན་རྡོ་རྣམས་སྔར་སྦེད་ཡོད་པ་ཁ་ཕྱེ་བ་ལྟར་བྱུང་ནས་དཀའ་ཚེགས་མེད་པར་རྩིག་རྨང་འགྲུབ། དེར་བློ་ཚོན་གྱི་བུམ་སྒྲུབ་ལ་ཕྱིན། ཞིང་དཀར་སློང་དང་རྙེད་ཚོལ་བྱས་པས་མར་རྒྱ་དྲུག་བརྒྱ་དང་། ཆུར་སྒྲོ་བཅུ་གཉིས་ཐུད་རྒྱབ་གཅིག་ཙམ་བྱུང་བ་ཁང་ལས་བ་དཔོན་གཡོག་ཚོར་སྤྲད་ནས་ཁྲོམ་ཟའི་ནང་དུ་ཕྱིན་ཞིང་། སེམས་ཉིད་ཚང་གི་བུམ་སྒྲུབ་དམར་སྟོན་དང་མ་འདྲེས་པ་ཞིག་བཙུགས་པ་སྦྱོར་དངོས་རྗེས་གསུམ་ཚང་བའི་ཕྱག་ལེན་ཐེབས་ཁུལ་བྱས་ཤིང་དུས་དེར་ཉམས་སྣང་དུ་ཡབ་རྗེ་རིན་པོ་ཆེ་འཇལ་བའི་དག་སྣང་དང་ཚེ་འཕྲེང་གི་ལུང་གསལ། ༧ ས་དབང་ཞབས་པད་ནས་ཀྱང་བཀའ་ཤོག་ཕེབས་བྱུང་། དེར་ཕལ་ཆེར་གྱིས་ཆོས་འབྲེལ་ལ་འོང་དགོས་ཚུལ་བཞིན་འབྲེལ་འཇོག་རེ་འདོད་བཞིན་བྱས་མཐར་ཀི་ལུང་དགོན་དུ་སྨན་སྒྲུབ་གནད་སྨིན་བཙུགས་པ་ཉེར་འཚེ་མེད་བཞིན་གྲོལ་སྐབས། བླ་མས་བདོག་དགུ་སྤོངས་དག་བྱས་ཤིང་ཕུལ། དེར་ཡང་གོང་འོག་རྣམས་སུ་ཆོས་འབྲེལ་ལ་འགྲོ་དགོས་བྱུང་བཞིན་རེ་འདོད་བསྐངས་ནས་ཕྱིར་ཕྱོགས་པའི་ལམ་དུ་ཡོད་རིགས་སྤྱི་དང་། ཁྱད་པར་ཕྱག་འཚལ་སྦྲང་འབྲིའི་གཙོས་སྔོན་ནས་ཡོན་མཆོད་དུ་གྱུར་དང་མ་གྱུར་ཀུན་ནས་འབྲེལ་འཇོག་དང་། ཁྱད་པར་ནོར་བུ་རིར་རིག་འཛིན་ཆེན་པོའི་གདན་སར་འོང་དགོས་ཀྱི་བཀའ་ཕེབས་ལྟར་ཕྱིན་ནས་དགོངས་བཞེད་བཞིན་དབང་ཁ་བྱིན་འཇུག་སོགས་བསྒྲུབ་ནས་ཐེག་ཅིང་ཚེ་འབམ་ཁ་མདོའི་མ་ཎི་རྡོ་མཁར་སར་དཔོན་སློབ་རིན་པོ་ཆེ་བཞུགས་འདུག་པའི་ཞབས་པད་དུ་ཕྱིན་ནས་རྟ་མཛོ་ཟུང་། མར་དོ་གཅིག་བཅས་ཕུལ་ནས་ལྷ་དབང་ལུང་དུ་བབས་བཞིན་དགོན་པ་ནས་དཔོན་པོ་བསྐལ་བཟང་དང་མཛོད་གཉེར་མགོན་པོ་ཕུན་ཚོགས་བཅས་འཛོམས་པར་མར་རྒྱ་སུམ་བརྒྱ། རྟ་ནོར་བརྒྱ་ཐམ་པ། གོས་བཟང་གཉིས། དངུལ་རྡིལ་ཚད་གཅིག་བཅས་ཕུལ་ནས་ཚེ་འབར་ཉམས་པ་རྣམས་ཁ་གསོ་སོགས། རྣམ་དཀར་ལ་འགྱུར་ཐབས་ཞིབ་ཆ་ནན་ཏན་ཞུས་མཐར་ཁོང་རྣམས་གྱེས་ཤིང་ང་རང་གིས་བསྔོ་སྨོན་རྣམ་དག་བྱས་ནས་དགོན་དུ་ཕྱིན་དུས་ས་དབང་ཡུམ་ཆེན་བསྙུན་ཚུལ་ཐོས་པས་བཟོད་གླགས་མེད་པའི་སྡུག་བསྔལ་བྱུང་འཕྲལ་སྤྱི་ཆེན་ལ་ཇ་སྒམ་བཅུ་གཉིས་བསྐྱིས་ནས་མདོ་འབུམ་ཕྲག་གཅིག་གི་ཡོན་བརྒྱབ་ཅིང་རིངས་སྟབས་ཀྱིས་ཐེག་ཀྱང་མཇལ་མིན་དོགས་ནས་སྙིང་མི་དགའ་བཞིན་དུ་ཕྱིན་དུས་ལམ་སྐབས་སུ་ཧོར་འདྲ་སུ་འཕྲད་ཀྱིས་བསྙུང་བབ་ལྕི་ཚུལ་ལས་ཁ་དགའ་ཙམ་ཡང་བཤད་མཁན་མ་བྱུང་ཡང་། ངེད་ཅག་ནས་སྐྱབས་འགྲོ་དང་ཚེ་གཟུངས་ཞབས་བརྟན་སྨོན་ལམ་གསོལ་ཁ་བཅས་ནན་ཏན་བྱེད་བཞིན་མཇལ་ཙམ་ཨེ་འོང་ནས་རེ་བཞིན་ཕྱིན་པས་ཅི་ཞིག་ན་མཆོག་གསུམ་སྤྱིའི་ཐུགས་རྗེ་དང་། ཁྱད་པར་སྐྱབས་རྗེའི་ནུས་སྟོབས་ཀྱི་མངའ་བདག་སྐུ་ཆེན་རིན་པོ་ཆེའི་བཀའ་དྲིན་གྱིས་འཆི་བདག་གི་གཡུལ་ངོ་ཕམ་པར་བྱས་པའི་སྐད་སྙན་ཐོས་ཚེ་དབྱར་གྱི་རྔ་གསང་གཙུག་ན་མདངས་ལྔས་ཐོས་པ་བཞིན་དུ་གྱུར་ནས་དགོན་ཆེན་དུ་འབྱོར། ཞབས་པད་ནས་བཀའ་བཀོད་གནང་ལྟར་ཞབས་བརྟན་གྱི་རིམ་པ་རྣམས་ཚུལ་བཞིན་དུ་བསྒྲུབས་ཤིང་། ཡུན་མི་རིང་ཙམ་ནས་གདན་སར་ཆིབས་བསྒྱུར་གནང་བས་བསྐལ་པ་བཟང་པོའི་དགེ་མཚན་ཅིར་ཡང་ཐོབ་པོ། དེར་ཕོ་བྲང་ཆེན་མོར་ཞབས་ཟུང་གདོང་ལྔའི་ཁྲི་ལ་བཀོད་འཕྲལ་ནས་མཇལ་འཕྲད་སོགས་ཇི་བཞིན་དུ་གནང་ཞིང་དཔོན་མོ་ཉིད་ལ་བྱབས་ཁྲུས་གླུད་བསྔོ་སོགས་ཉི་མ་ཁ་ཤས་ལ་བྱས་ཤིང་། ཞལ་ངོ་ལྷན་རྒྱས་ལ་བྱད་བཀྲོལ་དང་ཚེ་དབང་སོགས་གང་དགོས་ཕུལ་ཞིང་། ཡུམ་ཆེན་རིན་པོ་ཆེར་ཡེ་ཤེས་བླ་མའི་དབུ་ནས་རིམ་གྱི་ཁྲིད་བཏབ་ཅིང་སྐབས་དེར་འཛོམ་ཐོག་ཕོ་བྲང་དུ་ཕྱིན་ཞིང་ཞལ་ངོ་རྣམས་ལ་རིག་འཛིན་ཞི་དྲག་ཁྲག་འཐུང་རིགས་བཞི་བཅས་ཀྱི་དབང་རྣམས་རྫོགས་པར་བསྐུར་དཔོན་མོར་ཡེ་ཤེས་བླ་མའི་ཁྲིད་བཤད། ཐོད་རྒལ་བར་དོ་བཅས་ཀྱི་ཁྲིད་རྣམས་ཀྱང་རྫོགས་པར་བྱས་ཤིང་། སྐབས་དེར་ཕྱག་མཛོད་རྡོ་རྗེ་རྣམ་རྒྱལ་གྱིས་བཞུགས་ཁང་དུ་ཤོག་གསུང་ལྟར་ཕྱིན་ནས་ཚེ་དབང་དང་བྱིན་འཇུག་སོགས་བྱས། དེ་ཚེ་རྨི་ལམ་དུ་སྐྱེས་མཆོག་ཀརྨ་པས་དམ་ལ་བཞག་པའི་ཟོ་དོར་པད་མ་དབང་ཕྱུག་ཟེར་བ་འཕྲད་དུ་འོང་བ་རྨིས་རྐྱེན་གྱིས་བསྐུལ་ནས་འཁོར་འདས་མཆོད་པ་གནད་དུ་འགྲོ་བ་ཞིག་ཕུལ་ཞིང་རེ་ཞིག་ཕོ་བྲང་དེར་བཞུགས་གདན་འཇགས་མཐར་ཡང་དགོན་ཆེན་དུ་ཆིབས་བསྐྱོད་གནང་དུས་ངེད་ཅག་ཀྱང་སྟབས་གཅིག་ཏུ་ཕྱིན་ཞག་ཁ་ཤས་ལ་དབང་ཁ་རྗེས་གནང་སོགས་དགོངས་བཞེད་བཞིན་ཕུལ་སྐབས་དེར་དཔོན་རྒན་དང་གུ་རུ་ཚེ་བརྟན་ཟུང་ལ་བྱད་གྲོལ་དང་ཚེ་དབང་བྱས། ཕྱག་མཛོད་བཀྲ་ཤིས་རབ་བརྟན་ལ་ཚེ་དབང་བརྒྱ་རྩ་སོགས་གྲུབ་ནས། སྐབས་དེར་༧ལྷ་སྲས་རིན་པོ་ཆེའི་ཉེ་གནས་དགེ་ལེགས་རྒྱ་མཚོ་དང་། འཕགས་པ་ཤེས་རབ་གཉིས་ལ་ཀློང་སྙིང་གི་ཁྲིད་ཞིབ་ཏུ་བཏབ་པས་གང་ཅིར་གོ་བ་ཆགས་པོ་བྱུང་། རྗེས་སུ་ཞལ་ངོ་ལྷན་རྒྱས་མདུན་སྐོར་བཅས་ལ་དྲག་པོ་རྟ་ཁྱུང་འབར་བའི་དབང་དང་། ཚེ་དབང་བཅས་ཕུལ་ཐེག་ཁར་ཡོན་འབུལ་དུ་བསྟན་འགྱུར་རིན་པོ་ཆེ་ཚང་མ་ཕུལ་ན་དགའ་མ། དངོས་པོ་གཞན་ཕུལ་ན་དགའ་ཞེས་འདམ་ཁ་བྱུང་ཚེ། འཇིག་རྟེན་ན་ཐོས་པར་དཀའ་བའི་བཀའ་ཕེབས་དེ་ལྟ་བུ་གནང་ཚེ་བསྟན་ཆོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྒྱུ་མའི་ནོར་རྫས་དང་བླང་དོར་འཛོལ་མི་རུང་བའི་རྒྱུ་མཚན་འགྲ་བ་རྣམས་ལ་ལབ་ནས་བཀའ་དྲིན་དུ་ཁུར་རྒྱུའི་ཡར་ཞུ་ཕུལ་ཞིང་ཐེག་ནས་རྫོགས་ཆེན་དུ་བུམ་སྒྲུབ་གྲོལ་བ་དང་སྟབས་ཅིག་ཏུ་ཕྱིན་ནས་སྡེ་དགེར་སྡོད་རིང་ལ་དངུལ་རྡིལ་ཚད་ཅིག་བྱུང་བ་དེ་དང་། གཅན་ལྤགས་ལྔ་དྲུག་ཞིག་འདུག་པ་དེ་རྣམས་ཕུལ། དེ་དུས་ཆོས་སྐོར་བསོད་ནམས་འཕན་ཚང་གི་བྱིས་པ་ཆུང་ངུ་དེས་སྟོད་ཕྱོགས་སུ་མི་འོང་ཐབས་མེད་ཡང་ནས་ཡང་དུ་ལབ་པར་བརྟེན་ནས་དེ་གའི་ཉེ་འདབས་སུ་སླེབས་པར་རྫོགས་ཆེན་བཀའ་དྲིན་གྱིས་སྐྱོང་བཞིན་དང་། ཞབས་པད་ནས་ཀྱང་ཟུར་གསོལ་ལ་མར་རྒྱ་བཅུ་དང་། ཇ་ཁག་བཞི་གནང་བྱུང་། ངེད་ཅག་བླ་བྲང་དུ་བག་ཕབས་ནས་རེ་ཞིག་སྙོམ་ལས་ཀྱི་ངང་དུ་བསྡད་མཐར། སྐྱབས་རྗེ་རྫོགས་ཆེན་པའི་ཡང་སྲིད་རིན་པོ་ཆེ་དང་། ཞེ་ཆེན་སྤྲུལ་པའི་སྐུ་ཉི་ཟླ་ཟུང་། འབྲུག་སྤྲུལ། མགོ་ཚེའི་དབོན་སྤྲུལ་འབར་སྤྲུལ་བཅས་གཞི་བྱེས་གཉིས་ཀྱི་གྲ་པ་བཅུ་ཕྲག་ལྔ་དྲུག་ཙམ་ལ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་པོད་ཉེར་དྲུག་འདུག་པ་གཅིག་དཀར་ཆག་གསར་བརྩམ་ཡིན་ཕྱིར་ལུང་མ་ཐོབ་ཅིང་ལུང་རྒྱུན་ཡོད་མེད་དྲིས་ཀྱང་སུ་ལ་ཡང་མི་འདུག་པས་བཤོལ། དེ་མིན་ཚང་མའི་བཀླག་ལུང་བཀའ་གཏད་བཅས་ཡབ་རྗེའི་ཕྱག་ལེན་བཞིན་ཆད་ལུས་མེད་པར་གྲུབ། སྐབས་དེར་ལུང་ཕྱེད་ཙམ་རྫོགས་པ་དང་རྐང་པ་གཉིས་ཀ་ནས་བཟོད་གླགས་མེད་པའི་ཟུག་གཟེར་བྱུང་ཡང་འཚུབ་ལྷོངས་འདྲ་ཡིན་ཚེ་རྗེས་སུ་འཆད་ཉན་ལ་བར་ཆད་དུ་འགྲོ་བར་དོགས་ནས་སྙིང་རུས་བསྐྱེད་དེ་བཏོན་ཀྱང་བསྲན་མ་ནུས་ནས་མེ་བཙའ་དང་། རྔབས་རུ་བཅས་ཉིན་རེ་བཞིན་ལག་ཐབས་བྱེད་དགོས་འདྲ་མོ་བྱུང་འོན་ཀྱང་ན་བའི་སྐྱོན་གྱིས་ཤོག་ལྡེབ་གཅིག་ཀྱང་ཆག་མ་ཤོར་མོད། ལུང་གྲུབ་འཕྲལ་རྐང་ནད་ལ་ཕན་དུ་རི་ནས་ཆབ་ཚན་ལ་འགྲོ་གྲབས་བྱས་ཀྱང་རྟ་ཁལ་ཞོན་མི་ཐུབ་སྐྱོན་གྱིས། དབོན་བསམ་གྲུབ་ནས་འགྱོགས་སྟེགས་ཡག་པོ་ཞིག་བཙོས་ཤིང་། གྲྭ་བ་ཁ་ཤས་ཀྱིས་ཁུར་རེས་བྱས་ནས་ཆབ་ཚན་དུ་སླེབས་ཚེ། ཆོས་གྲགས་ཀྱིས་ཆུ་དོང་གསར་བཟོ་ཞིག་བྱས་འདུག་པ་དེར་ཅུང་ཟད་རེ་ཉལ་བས་མེ་བཙའ་བརྒྱབ་པ་རྣམས་ཕྱིར་ན་ནས་བཟོད་མི་ཐུབ་པར་གྱུར་ཅིང་ལྡང་མི་ཐུབ་ཙམ་དུ་སོང་བས། ཞག་བདུན་ལས་སྡོད་མ་ནུས་ནས་མཛོ་ཞིག་ལ་རོ་བཀལ་བ་ལྟར་བྱས་ནས་དགོན་པར་སླེབས་དུ་རེ་ནས་ཕྱིན་ཀྱང་གཡག་ཐང་ནས་རླུང་སྐྱོན་གྱིས་དབང་པོ་ཤོར་གྲབས་བྱས་པས་བབས་ནས་ནག་ཚང་ཕུབས་ཤིང་ཡུན་རིང་སྡོད་མི་དགོས་རྩིས་བྱས་ཀྱང་ཞག་རེ་བཞིན་ཇེ་སྡུག་ལྟར་སོང་ཚེ། བླ་མ་འགྱུར་མེད་གདན་འདྲེན་བྱས་ནས་རྩ་ཆབ་བརྟགས་བབ་བཞིན་སྨན་འཐུང་གིན་བསྡད། སྐབས་དེ་དག་རྣམས་སུ་ཞབས་པད་ནས་ཀྱང་བང་མི་རྒྱུན་མངགས་དང་ཆབས་ཅིག་རྒྱགས་ཆས་འཛད་མེད་གནང་ཞིང་ཉིང་འཁྲུལ་ལ་བརྟེན་ནས་བླ་མ་མགོན་བཀྲ་གདན་འདྲེན་ཞུས་ཤིང་ཉི་མ་ཁ་ཤས་ལ་བྱད་ཁྲོལ་ཞུས། ཡང་སྐུ་ཆེན་རིན་པོ་ཆེ་ཕེབས་ནས་གདོན་ཁྲོལ་དང་དབང་ཁ་རྗེས་གནང་འགའ་ཞིག་གནང་འཕྲལ་ཅུང་ཟད་བདེ་བཞིན་ཞབས་ཆུང་གནས་རྩར་སྤོས་ནས་ཉི་མ་ཁ་ཤས་ལ་བསྡད། དེ་དུས་ཕ་ཡུལ་གྱོད་ཁ་ཨེ་འགྲིགས་དང་ལྷ་ཁང་ལ་ཕན་ཆེད་རྡོ་སྟོད་དུ་མ་ལག་སྐྱེལ་མཁན་བཅས་ལ། ཨ་བོ་མགོན་པོ་དར་རྒྱས་ཕྱག་ཚ་ཐུབ་པ་སྐྱབས་གཉིས་མངགས་པའི་རྗེས་ཙམ་ནས་སྐུ་ཆེན་རིན་པོ་ཆེ་གདན་སར་འཁོད་པ་དང་མཉམ་དུ་ངེད་ཅག་ཀྱང་ཐེག་ནས་ཡུལ་སྟོད་དུ་སྟག་ཚེ་རྒྱ་རོང་དབོན་སྤྲུལ་རིན་པོ་ཆེ་ཕེབས་གྲུབ་ཆེན་བརྒྱད་ཅུའི་ཐང་ཀ་སྤུས་ལེགས་ཤར་མ་བཅུ་གཅིག་ཡོད་པ་གནང་ཞིང་དང་སྣང་ཁ་ཤས་ཆོས་འབྲེལ་དགོས་ཚུལ་གསུང་བཞིན་ཕུལ་ནས་ལྷ་རུ་དཔོན་ཚང་དུ་ཕྱིན་ཅིང་ཚེ་དབང་ཞིག་བསྐུར། དེར་ཁོང་ཚང་ན་རེ། ཁྱོད་ཚོ་ནི་རི་ལ་འགྲོ་རྒྱུ་དར་རྒྱས་དགོན་པས་མི་མངགས་ངོ་མ་ཐོས་བྱུང་བ་བདེན་ངེས་སུ་འདུག་པས་བཤོལ་ན་ལེགས་ཚུལ་བཤད་བྱུང་ཡང་། བདེན་དོན་ཅི་ལ་ཡོད་སྙམས་ནས་ཐེ་ཚོམ་མེད་པར་ཕྱིན་པས་རོང་པ་ཚ་བར་བརྟོལ། དེར་ཧོར་པའི་གྲྭ་པ་གཉིས་དངུལ་སྲང་གང་ཁུར་ནས་མང་ཇ་ལ་ཞལ་འདེབས་འོང་ཚུལ་དང་། ང་རང་འདིར་སླེབས་ཡོད་པའི་རྒྱུ་མཚན་རྣམས་ཤོད་དང་ཁོང་ཚང་གིས་ཅི་བྱེད་གོ་ཤེས་ཆེ་བྱས་ནས་མངགས་པས་ཁོང་གཉིས་ཀྱིས་དེ་ཚུལ་ལབ་པས། དགོན་པའི་དབུ་ཆོས་སོགས་བསམ་ཡོད་རྣམས་ཀྱིས་གསུང་བཟང་དང་བཅས་སང་ཞོགས་འགྲོའི་ལམ་རྩུབ་པར་རོགས་དོན་ཕན་གང་ཐོགས་བྱས་པ་ལས་སྐྱོན་གང་ཡང་མ་བྱུང་བཞིན་གྲོང་པ་བྲག་འགོ་ཟེར་བར་ཀུན་བཟང་འཆི་མེད་སར་སླེབས། དེར་གཞིས་ཀར་ཕྱིན་ནས་ངལ་གསོས་པ་དང་། ཁོང་སར་སྤྱིལ་ཆུང་ཞིག་འདུག་པ་དེར་ཕྱིན་ནས་དེ་ནུབ་དེར་ཞག་ཚེ་ང་གོང་འོག་དེ་ཚོའི་ཆོས་འབྲེལ་ཞུ་མཁན་བརྒྱ་ཁ་ཙམ་འདུས་པར་ཐུགས་རྗེ་ཆེན་པོའི་དབང་ཁ་སོགས་རེ་འདོད་ཇི་ལྟར་བ་བཞིན་དུ་བསྐངས་ནས་ཐེག་སྟེ་རེ་འགོའི་གྲོང་དུ་དུད་ཁ་ཤས་ལ་ཕྱིན་ནས་ཆོས་འབྲེལ་བྱས་ཤིང་ཐེག་པས་མི་རིང་ཙམ་གྱི་སར་གུར་ལུང་བླ་མ་སངས་རྒྱས་ཆོས་འཕེལ་དཔོན་སློབ་ཁ་ཤས་ཀྱིས་ཇ་ཐབ་བཟུང་ནས་སྡོད་པའི་སར་སླེབས་ཙ་ན་དང་བ་སྟོན་པའི་མངོན་རྟོགས་ངོམ་བཞིན་གང་ཅིའི་འབེལ་གཏམ་མང་དུ་ལབ་མཐར་ཐེག་ནས་གང་གི་རི་ཁྲོད་དང་ཉེ་བའི་སར་རི་མགུལ་ཞིག་ཏུ་སྒར་བརྒྱབ་ནས་སེར་སྐྱ་བུད་མེད་བཅས་ཚོགས་པ་བརྒྱ་ཕྲག་གཉིས་གསུམ་ལས་མི་ཉུང་བར་དབང་ཁྲིད་ལུང་སོགས་ཞག་བཅུ་ཙམ་ནས་གྲུབ་པར་བྱས་འཕྲལ་བེ་རི་དཔོན་ཚང་དུ་ཕྱིན་ནས་ཕུར་པའི་སྦྱིན་སྲེགས་འབུམ་དང་དབང་ཁ་རྗེས་གནང་གིས་རེ་འདོད་བསྐངས་ཤིང་། གསེར་མཁར་གྲོང་དུ་འང་འཁོར་འདས་དང་སྡེ་བརྒྱད་མཆོད་པ། ཕུར་བསྲེག་གོང་བཞིན་དང་དེ་གའི་རྟེན་གསུམ་ལ་རབ་གནས་བྱིན་འཇུག་ནན་ཏན་རྗེས་སུ་ཁྲོམ་དབང་བསྐུར་དུས་ཁྲོམ་ཤིན་ཏུ་མང་བར་བྱུང་ཞིང་དེ་ཀུན་ལ་དབང་དང་དམ་རྫས་ཀྱིས་འབྲེལ་འཇོག་དང་། བྲག་འགོའི་ས་སྐྱའི་དགོན་པ་དང་། དགེ་ལུགས་པ་བེ་རི་དགོན་གཉིས་ཀར་མང་ཇས་འབྲེལ་པ་བྱས་དེ་ལས་སྔོན་ཙམ་ནས་ཕ་ཡུལ་དུ་བསུ་མ་འོང་དགོས་ཀྱི་ཆ་འཕྲིན་བཞིན་ངེད་ཅག་ཀྱང་དུས་ཐོག་ཏུ་རྫ་ཆུ་ཕར་ཁར་དོན་པས་ཕ་ཡུལ་བ་ཡང་སླེབས་བྱུང་ཞིང་། གོང་འོག་ཉེ་སྐོར་དེ་ཚོར་ཆོས་འབྲེལ་ཞུ་མཁན་ཉུང་ཤེས་ཀྱི་རེ་འདོད་བསྐངས་མཐར་སྔགས་པ་གཟུངས་འབུམ་སར་ཕྱིན་ནས་ཆོས་འབྲེལ་བྱས་འཕྲལ་རིངས་སྟབས་སུ་ཐེག་བཞིན་ལམ་རིམ་བགྲོད་ཀྱིས་ཟླ་ཆུ་བརྒལ་དཀའ་འདུག་ཀྱང་ཐོག་བརྫི་ལྟ་བུ་དོན་ནས་ཕྱིན་ཡང་སྙི་ཆུ་ཤིན་ཏུ་ཆེ་སྟབས་ཀྱིས་བརྒལ་མ་ནུས་ནས་ཚུར་ཁའི་རྒྱལ་བཟང་ལུང་པའི་མདོར་བསྡད་ཅིང་། ཕ་ཡུལ་བ་ཚོ་ཆུ་བརྒལ་ནས་ཕར་འགྲོ་ཚུར་འོང་རྒྱུན་མི་ཆད་དུ་བྱེད་ཀྱིན་འདུག །ངེད་ཅག་དེར་ཞག་ལྔ་དྲུག་ཙམ་བསྡད་པས་ཆུ་ཕྲི་འཕྲལ་དོན་ནས་རུ་ཐོག་ཏུ་སླེབས་ཀྱང་དཔལ་དཔུང་པས་གྱོད་གཏམ་རྒྱུའི་སྐད་ཆ་འབོད་ཡིག་སོགས་གང་ཡང་བྱུང་མི་འདུག །ཕར་ལ་ནི་འགྲོ་ཅི་ལ་ཕོད། འོན་ཀྱང་སླེབ་ས་བཞུགས་ཡུལ་སོགས་དྲིས་ཀྱང་ཞིབ་ཆ་གོ་རྒྱུ་མི་འདུག །སྐབས་དེར་རྫོགས་ཆེན་ཞལ་ཚབ་དཔོན་གཡོག་འཁོར་བྱུང་ཡང་དེ་ལྟར་ལས་མི་འདུག །ངེད་ཅག་གཞི་བྱེས་ཀུན་གྱིས་རེ་ཞིག་བསྒུག་པའི་ཚེ། རྡོ་སྨད་ནས་གསེར་ཤོད་འཛི་དོམ་ཁ་མདོར་ཕེབས་བྱུང་བ་ཞིག་ཐོས་འཕྲལ་ལྟར་ཕྱིན་པས་བདེན་འདུག་པར་ལོ་རྒྱུས་རྒྱུ་མཚན་ཞིབ་མོ་བྱས་ཚེ་གསེར་སྟོད་རྫ་བྲག་ཁ་མདོར་སླེབ་དགོས་རྒྱུའི་དུས་ཆད་འཆུག་མེད་བྱས་ལྟར་སླར་ཆད་ཐོག་ཏུ་ཕྱིན་ཀྱང་ཁག་བཞག་འདྲ་མོས་གཏམ་རྒྱུ་མ་བྱུང་སྐབས། ང་རང་གི་རྟ་བཟང་གཅིག་དང་། གོས་གཅིག་ལ་སོགས་བཅས་དགུ་ཚན་ཞིག་ཕ་ཡུལ་བ་འགའ་རེར་འབུལ་དུ་བཏང་། དུས་དེར་རྫོགས་ཆེན་སྐུ་ཚབ་ཅིག་དང་ཅོག་སྤྲུལ་ཟུང་ཁ་མཆུ་འདུམ་དོན་དུ་རྡོ་སྟོད་ལ་ཕྱིན་ཀྱང་། ཚོང་ཡ་ལས་བར་པ་སྲ་བ་ལྟ་བུ་དང་། ངེད་ཀྱི་ཤུལ་སྡོད་ཀྱི་བོ་ཆུང་རུ་བ་སྤྱིས་རས་རྟ་རིན་ཞིག་ཅོག་རོ་ལ་བཞག་ནས་གྱོད་འགྲིག་རྒྱུ་ཞིག་བཀའ་དྲིན་ཆེ་དགོས་ཞུ་དུས་ང་ལ་བརྙས་སྨོད་མང་དུ་བྱེད་པ་ཙམ་ལས་ཚིག་བཟང་པོ་ཅི་ཡང་མ་བྱས་འདུག །ཁོང་ཅག་ཚུར་བྱུང་ཞིང་རྫོགས་ཆེན་སྐུ་ཚབ་དཔོན་གཡོག་དང་ངེད་ཀྱི་བསམ་གནས་རྣམས་དེར་ཕྱིན་ནས་སྒར་པ་ཐེག་རན་བར་བསྡད་ཀྱང་གྱོད་པ་རྡོ་སྟོད་ཀྱི་མི་གཅིག་ཀྱང་མ་བྱུང་ཟེར། འོན་ཀྱང་སྐབས་དེར་གོང་ནས་བཀའ་ཤོག་ཕེབས་ཕྱིན་ཅོག་རོས་ངེད་ཅག་ལ་གྱོད་བཤད་བྱེད་རྒྱུ་ཅུང་ཟད་ཇེ་འཇམ་ལྟར་འདུག །དེ་ནས་གྱོད་མི་འགྲིག་ངོ་མ་ཐག་ཆད་ཀྱིས་སྒར་པ་ཐེག་ཚུལ་བྱེད་དུས་ཡང་ཞབས་པད་ནས་བཀའ་ཤོག་ཕེབས་དོན་བཞིན་ཆིངས་རྒྱག་རྒྱུ་འདྲ་མོ་བཤད་བྱུང་ཡང་བློ་ཁེལ་བའི་ཚིག་གཅིག་ཀྱང་མི་འདུག་ངེས་ཅན་ལགས་པས། ཐེ་ཚོམ་ཆེན་པོ་སྐྱེས་ནས་ངེད་ཀྱང་གཞི་བྱེས་ཚང་མ་ཡར་འོང་གྲབས་ཀྱིས་ནོར་ལུག་ཕལ་ཆེར་ཁལ་མར་བརྗེས། སྒ་སྟན་སོགས་ཐོགས་འགོར་མེད་པར་བྱས་ཚེ་གོང་ནས་ཇ་མར་ནོར་བུར་གསོལ་བ་བཏབ་བཞིན་བྱུང་བས། བཀའ་ཤོག་རྣམས་མཇལ་ཞིང་བཀའ་བཀོད་བཞིན་བསྒྲུབ་རྒྱུ་ལས་མ་འདས་མོད་ཀྱང་། རུ་བ་ཐམས་ཅད་བྲོས་གྲབས་ཀྱིས་བློ་ལས་སུ་མི་རུང་བའི་སྐབས་དེར་རྡོ་སྨད་ཀྱི་བློན་པོ་དཔོན་གཡོག་བཅུ་ཐམ་པ་སླེབས་ནས་སྤྱིར་རུ་བ་རྣམས་དང་སྒོས་སུ་བླ་མ་ཡར་བྱོན་ཐབས་མེད་ངེས་ཀྱི་སྐད་ཆ་མང་དུ་ལབ་བྱུང་བར་ཐབས་སྣ་ཚོགས་ཀྱིས་བསྐོར་ཡང་མི་ཉན་འདུག་པས་དབལ་ཤུགས་གསང་སྔགས་སོགས་དཔོན་པོ་འགའ་ཞིག་སྦྲན་ཞིང་བར་བྱེད་བཅུག་ནས་སྟག་གི་ལོ་ཐོག་ང་རང་མར་འོང་རྒྱུ་རུ་ཡུལ་གཉིས་ཀས་མནའ་ཁུར་དགོས་ཟེར་བཞིན་བྱས་ཐོག་ཁོ་རང་བར་པ་རྣམས་ཀྱིས་ཀྱང་དེ་ལྟར་མི་དགོས་རེ་ཟེར་ནས་མནའ་མང་དུ་ཁུར་ནས་རུ་བ་བཤོལ། ངེད་ཅག་དང་སྒུར་པོ་ཡི་རུ་བྲོས་བཅས་མཉམ་ཐེག་གིས་སྙི་ཆུའི་ཁར་སླེབས་དུས་འཛམ་ཐང་དབོན་པོ་དཔོན་གཡོག་ཁ་ཤས་ཞིག་བཤོལ་འདེབས་ལ་འོང་ཡང་མ་བཤོལ་ནས་རིངས་སྟབས་ཀྱིས་ཕྱིན་ཞིང་ལམ་གྱེས་མདོ་ནས་བསོད་ནམས་འཕེན་རུ་བའི་འགོ་ལ་མངགས། ངེད་ཀྱང་ཁྲོ་ཚོགས་གྲུ་དོན་ནས་ལམ་རིམ་བགྲོད་ཀྱིས་ཡིད་ལྷུང་དཔོན་ནས་སྐྱེལ་མ་སོགས་ཐོགས་མེད་དུ་མངག་ལྟར་ཤུ་འུར་ནས་འབར་ཆུང་སྐྱེལ་མ་བཅས་ཀྱིས་འཇིགས་སྐྱོབ་ལ་བརྟེན་ནས་འཛི་འབམ་དང་ཐག་ཉེར་སླེབས། དེར་མགོན་དར་ཞབས་པད་ཕྱིན་ཚེ་སྒར་ཆེན་སང་ཐེག་སྐབས་སུ་འདུག་པས་བཀྲ་ཐད་དུ་མཇལ་འཕྲད་དགོས་ཚུལ་གསུངས་བཞིན། སང་ཞོགས་སྒར་པའི་རྗེས་ཟིན་ཙམ་ཕྱིན་པས་སླེབས་ཚོད་དགའ་མོ་འདུག་བཞིན་སྒར་དུ་བབ་འཕྲལ་མཇལ་འཕྲད་དང་། སྔར་རྒྱུན་ལྟར་དབང་ཁ་སོགས་འབུལ་བཞིན་ཞག་བཅུ་ཕྲག་གཅིག་གི་མཐར་ཐེག་ནས་དཔལ་སྤུང་ས་ཆའི་ཆོས་ཁྲི་ཐང་དུ་ཞག །དེ་ནས་ལ་ཐུར་རྣམས་རིམ་བགྲོད་ཀྱིིས་ལྕང་རར་ཞག་པའི་སང་ཞོགས་ཐེག་སྟེ་ཕོ་བྲང་དུ་སླེབས་དུས་སྔར་རྒྱུན་བཞིན་དབང་ཁ་བྱད་ཁྲོལ་སོགས་དགོངས་བཞེད་ལྟར་བསྒྲུབས་ནས་དགུན་དེར་བྱ་ཕུའི་ཁང་རྙིང་དུ་བསྡད་ཀྱང་དགེ་སྦྱོར་སྐྱོན་མེད་བྱུང་། སྐབས་དེར་བསོད་ནམས་འཕེན་འདིར་འོངས་ནས་མཚོ་ལུང་དུ་སྡོད་དུས་ཡིན་ཞིང་དཔྱིད་ཕྱོགས་དེར་ཕ་ཡུལ་དུ་ཕྱིན་པས་ཤུལ་དུ་བྱིས་པ་དེ་མའི་གམ་དུ་སྡོད་རོགས་མ་བྱས། ངའི་གམ་ནས་སྡོད་ཚེ་ཕ་མར་སེམས་འཕྲེང་ཅུང་ཟད་ཀྱང་མེད་པ་འདྲ་མོ་འདུག་ཅིང་། དབྱར་ཁ་སླེབས་ཉེ་དུས་ཁང་པ་གསར་དུ་བཟོ་དགོས་རྒྱུའི་བཀའ་ཕེབས་བྱུང་བར་བྲག་ཕུག་སོགས་ལ་བརྟེན་ཆོག་རྒྱུའམ། མིན་ཀྱང་ཁང་རྙིང་དེ་བཅོས་ཙམ་བྱས་ན་དེ་ལས་མི་དགོས་ཚུལ་གྱི་རྒྱུ་མཚན་མང་དུ་ཞུས་ཀྱང་ཐབས་མ་བྱུང་ནས་ཁང་ལས་དགོས་བྱུང་། ངེད་ཅག་ཕུན་ཚོགས་སྟེང་དུ་སྒར་བརྒྱབ་ནས་བསྡད་ཅིང་དབྱར་སྟོད་དེར་ཞེ་ཆེན་སྤྲུལ་པའི་སྐུ་ཀ་ཐོག་ནས་སྤྲུལ་སྐུ་ཨོ་རྒྱན་བསམ་གྲུབ་འགོ་ཚའི་སྤྲུལ་སྐུ་གཉིས། འདི་གའི་སྤྲུལ་སྐུ་རྣམས་ཀྱི་གཙོའི་གྲྭ་འཁོར་བཅུ་ཕྲག་ལྔ་དྲུག་ཙམ་ལ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་བཀའ་སྦྱོར་ཆོས་རྣམས་དང་། སྙིང་ཐིག་ཡ་བཞི། རྫོགས་ཆེན་སེམས་སྡེ་བཅས་ཀྱི་དབང་ལུང་ཁྲིད་སོགས་ཐོབ་ཡིག་ལྟར་ཆད་ལུས་མེད་པར་ཕུལ་མཐར་གོང་ནས་མེ་ལོང་དུ་འོང་དགོས་རྒྱུ་བཀའ་ཕེབས་བཞིན་ཕྱིན་ནས་སྔར་རྒྱུན་བཞིན་ཚེ་དབང་དང་བྱད་ཁྲོལ་སོགས་ཕུལ། དེ་ག་ནས་མཉམ་ཐེག་བྱས་ཤིང་ལྷ་ལུང་སྒར་དུ་ཡང་སྔ་མ་ལྟར་བྱད་ཁྲོལ་ཚེ་དབང་ཅི་བཞིན་དང་ཁྱད་པར། ༧ ལྷ་སྲས་རིན་པོ་ཆེའི་བཀའ་བཞིན། རྟ་མགྲིན་ཡང་གསང་ཁྲོས་པའི་དབང་ཆུ་མ་དག་པའི་དྲི་མ་འཁྲུ་བྱེད་ཀྱི་གཞུང་བཞིན་རྫོགས་པ་དང་། རྒྱུད་ཕུར་གྱི་དབང་རྣམས་རྫོགས་པར་ཕུལ། ༧ དུས་དེར་བསྐལ་བཟང་གསེར་བྲིས་མ་ཞིག་ཞབས་པད་རིན་པོ་ཆེ་ནས་ཀྱི་བཀའ་དྲིན་གྱིས་འདུ་བྱས། མ་ཟད་སྔོན་མའི་བཀའ་སྦྱོར་དང་རྙིང་རྒྱུད་བཅས་ལ་གདུང་དར་གླེགས་ཤིང་བཅས་མི་དམན་པའི་བཀའ་དྲིན་བསྩལ་ཡིན་ནོ། སྐུ་ཞབས་མཁན་རིན་པོ་ཆེའི་ཞལ་སྔ་ནས་ཀྱང་ས་ལུགས་ཀུན་རིག་གི་དབང་དང་། ངོར་ལུགས་མཁའ་སྤྱོད་མའི་དབང་། བྱང་སེམས་སྦས་པའི་རྣལ་འབྱོར་དམ་པ་ངག་དབང་ཆོས་འབྱོར་མདུན་ནས། ས་སྐྱའི་ཡབ་རྗེ་ངག་དབང་ཀུན་དགའ་བློ་གྲོས་ཀྱིས་ཆོག་བསྒྲིགས་གནང་བའི་རྟ་མགྲིན་ཡང་གསང་ལྷ་དགུའི་དབང་དྲེགས་པ་ལྷ་ལྔའི་སྲོག་གཏད་ལུང་དང་བཅས་པ་ཚང་མ་སེང་གེ་སྒྲ་དང་། ཀླུ་དབང་རྒྱལ་པོའི་དབང་ལུང་སོགས་ཞུས། སྐབས་དེར་འབྲི་གུང་ནས་ངེད་ཀྱི་བྱིས་པ་དེ། ༧ ཡབ་རྗེ་རིག་འཛིན་ཆེན་པོའི་སྤྲུལ་སྐུ་ཡིན་པར་ཐག་བཅད་ནས་གདན་འདྲེན་དུ་འབྲི་གུང་པའི་བླ་མ་དཔོན་གཡོག་ཁ་ཤས་སླེབས་འཕྲལ་རྫོགས་ཆེན་དུ་དེ་ཚུལ་གྱི་ཡི་གེ་ཕུལ་ཡང་ལན་མེད་དུ་གྱུར་ཚེ། གོང་ནས་ང་རང་ལ་བྱིས་པ་འབྲི་གོང་དུ་གཏོང་རྒྱུ་ཡིན་མིན་སོགས་གང་ཅིའི་བཀའ་འདྲི་ཞིབ་ཏུ་གནང་ཚེ་འན་བུ་ནས་བྱིས་པ་མགོ་ལོག་ཏུ་སྐྱེས་ཀྱང་སྐྱིད་སྡུག་ང་རང་ལ་གཏད་བྱུང་དུས། ང་རང་བློ་ཟད་སྟོབས་ཟད་ཡིན་པར་བསམ་ནས་རྫོགས་ཆེན་ཕྱག་ཏུ་བཞག་པ་ལགས་ཀྱང་། འོན་ཀྱང་ད་ཆ་འབྲི་གུང་པ་སླེབས་བྱུང་བ་འདིའི་ཞུ་ཤོག་སོགས་ལ་དགོངས་མཇུག་ཞིབ་གནང་བཞིན། སྐུ་འཁོར་ལྷན་རྒྱས་བཀའ་གྲོས་མཛད་ནས་ཐག་གཅོད་གནང་དགོས་རྒྱུ་ལས། ངས་ནི་འདི་བྱ་འདི་བྱེད་ཀྱི་ཡར་ཞུ་ཅི་ཡང་མེད་ངེས་དང་། མདོར་དྲིལ་ན་བྱིས་པ་འདི་ཉིད་འགྲོ་སྡོད་སོགས་ཅི་མཛད་ཀྱང་དུས་དེ་རིང་ནས་ཞལ་ངོ་ལྷན་རྒྱས་ཀྱི་ཕྱག་ཏུ་ཕུལ་བ་ཡིན་པས་དེ་ལུགས་ཀྱིས་བཀའ་དྲིན་མི་ཆུང་བ་ཞིག་སྙིང་ཐག་པ་ནས་གསོལ་བ་ལན་བརྒྱར་འདེབས་སོ། བྱས་ནས་བསྡད་པས། བླ་ན་མེད་པའི་སྲི་ཞུ་བཀུར་སྟི་ཕུན་སུམ་ཚོགས་པ་དང་། ཁྲི་སྟོན་བྱུང་བ་རྣམས་ཀྱང་མདུན་པ་རིན་པོ་ཆེར་ཕུལ་ཞིང་ཐོག་མཐའ་བར་གསུམ་དུ་དགོས་རིགས་རྣམས་དགོངས་བཞེད་བཞིན་གྲུབ། འཕྲལ་འབྲི་གུང་དུ་ཕེབས་ཆས་སྐྱེལ་མི་སོགས་གང་ཅིའི་ཐད་ནས་དཔག་པར་དཀའ་བའི་མཛད་པ་ཕུལ་དུ་བྱུང་བ་གནང་ཚུལ་སོགས་དེ་ཙམ་ལས་ཡི་གེའི་འཇིགས་ནས་རྒྱས་པར་མ་བྲིས་སོ། དེ་ནས་ཁྲ་སྤྲུལ་སྐུ་དཔོན་གཡོག་རྣམས་འབྲི་གུང་དུ་ཐེག་འཕྲལ་སྒར་ཆེན་ཡང་དེར་འདེགས་ལ་ཉེ་བའི། སྔོན་དུ་ངེད་ཅག་ཆབ་ཚན་དུ་ཕྱིན་ཅིང་ཞག་ཤས་འཕྲོར་རང་གནས་སུ་འཁོད་ཅིང་། ཡུན་མི་རིང་ཙམ་ནས་ཞེ་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེ་དཔོན་སློབ་ཁ་ཤས་ཕེབས་པ་དང་། གཞན་བླ་གྲྭ་འགའ་རེ་བཅས་ལ་རྩ་རླུང་གི་ཁྲིད་དང་། བར་མཚམས་རྣམས་སུ་བསྐྱེད་རིམ་གྱི་ཁྲིད་ཀྱང་བཏབ། ཀློང་རམ་པའི་དགེ་བ་འབུམ་གྱི་དོན་ཁྲིད་སོགས་ཁྲིད་གང་ཡོད་ཀྱི་དབང་ལུང་སོགས་དགོངས་བཞེད་བཞིན་འགའ་ཞིག་ཕུལ། ཚུར་ཡང་སྨིན་གླིང་དྲག་དམར་གྱི་དབང་ལུང་དང་། རྡོར་སེམས་གཏེར་ཁ་གོང་འོག་གི་དུར་ཁྲོད་ལྷ་མོ། སྨིན་གླིང་ལྷ་ཆེན་དེ་རྣམས་ཀྱི་དབང་ལུང་སོགས། གཞན་ཡང་ཁ་ཤས་ཐོན་མཐར་ཁོང་གདན་སར་ཕེབས། སྐབས་དེར་འཇིགས་མེད་ཆོས་གྲགས་དཔོན་གཡོག་ཁ་ཤས་ས་སྨད་དུ་རང་འཁོས་ཀྱིས་རྣམ་དཀར་སྤེལ་ཕྱིར་ཐེག་པ་ཀཿཐོག་ཏུ་སྤྲུལ་སྐུ་རིན་པོ་ཆེ་ལྷན་རྒྱས་ཀྱི་ཞབས་སྟེགས་སུ། འབུལ་མཚོན་དར་ཆེན། རས་ལྗང་ཡུག །ཐ་ཀས་ཁྲ་ཡུག །གཡི་གཟིག་ཝ་ལྤགས་རེ། གོས་སྔོན་ཡུག །རྟ་ཕོ། དངུལ། ༧༷ གྲྭ་ཚང་ལ་མ་ཎི་དུང་ཡོན་གཅིག་གསུང་སྐུལ་རྟེན་དངུལ། ༢༧༷ དར་བཅས། འདའ་ཀོ་སྤྲུལ་དབོན་ལྷན་རྒྱས་རིན་པོ་ཆེར། དར་ཆེན། རས་དམར། ཡུག །ཐགས་ཁྲ་ཡུག །རྟ་ཕོ། སྲམ་ གཟིག་རྣམས་ཀྱི་པགས་པ་རེ་གོས་དམར་ཡུག །དངུལ། ༥༷ རྣམས་གྲྭ་ཚང་ལ་ཡང་མ་ཎི་དུང་ཡོན་དུ་དངུལ། ༢༥༷ རག་ཆབ་ཏུ་མང་ཇའི་རྟེན། དར། རས་ཡུག །ཡང་རས་ཁྲ་ཡུག །ཝ་ལྤགས། དངུལ། ༥ཿ རྣམས་ཕུལ། ཉི་གྲགས་གྲྭ་ཚང་ལ་ཚེ་ཆོག་སྟོང་རྩའི་ ཡོན་དུ་དངུལ། ༡ཿ ཧོར་ད་ཀར་མཛེས་དགོན་དུ་འབུམ་བརྒྱ་འདོན་ཡོན་དངུལ་རྡིལ་ཚད་དོ། དར་རྒྱས་དགོན་དུ། མདོ་ཁྲི་བཟློག་ཡོན་དུདངུལ། ༥ཿ རྣམས་ཕུལ་ཞིང་བསྔོ་སྨོན་རྒྱས་འདེབས་དང་བཅས་ཞུས། དེ་ཡང་ཆོས་གྲགས་ཕྱིར་སླེབས་སྐབས་ངེད་ཅག་དཔོན་སློབ་ཁ་ཤས་ཤག་སྟེང་ཁང་དུ་ཟླ་མཚམས་ཤིག་ལ་བསྡད་ཅིང་གྲོལ་ཚེ་ཀི་ལུང་བླ་མ་དཔོན་གཡོག་ཁ་ཤས་ཞབས་བརྟན་འབུལ་དུ་བྱུང་བར། དབང་ལུང་། འགའ་རེ་བྱས་ནས་ཁོང་ཐེག །ཡང་སྟེང་ཁང་དུ་ཟླ་མཚམས་ཤིག་བསྡད་མཐར་རྐང་པ་གཉིས་ཀ་ཞ་ནས་རང་མལ་དུ་སླེབས་ཙམ་བྱས་ཚེ། བདེ་ཆོད་དུ་འགྲོ་མ་ནུས་ནས་སྒོ་འགྲམ་དེར་མལ་བཅས་ཤིང་ཞག་ཁ་ཤས་བསྡད་པས་ཞག་རེ་བཞིན་ཇེ་ལྕིར་སོང་བས། མདུན་པ་རིན་པོ་ཆེར་དེ་ཚུལ་ཧ་ལམ་ཙམ་ཞུས་ཚེ། དེ་སྔོན་ནས་གསན་མ་བཅུག་པར་ཐུགས་འགྱོད་དང་། ད་ཕྱིན་ཆད་ལྷོད་མི་ཆོག་པའི་བཀའ་བཀོད་བཅས་གནང་ནས་ལྷ་རྗེ་གུ་རུ་འབུམ་སླེབས་བྱུང་ནས་སྨན་དཔྱད་ནན་ཏན་བྱས་ཀྱང་བདེ་རྩུབ་རེས་མོས་ཙམ་ལས་མ་འོང་བར་རང་གིས་འདོད་ཚུལ་བཞིན་ཞེ་ཆེན་དགོན་དུ་ཕྲུག་བཟང་རྒྱན་བཞི་གླང་སྣའི་ཆ་ག་ཅན་ཞིག་ཕུལ་བ་ཇ་འཁོར་དྲུག་གསུམ་ལ་བརྩིས་ནས་ཡིག་བརྒྱ་འབུམ་ཁ་ལྷག་བཅས་བསྒྲུབས། གོང་ནས་བཀའ་ཕེབས་བཞིན་དགེ་རྩེ་བླ་མ་བསོད་ནམས་བསྟན་འཛིན་དཔོན་གཡོག་རྣམས་ཕེབས་ནས། ང་རང་གིས་འདོད་ཚུལ་ལྟར་དྲག་པོ་དཔལ་ཆེན་འདུས་པའི་བསྙེན་སྒྲུབ་སྔོན་དུ་སོང་ནས་བཟློག་པ་སྟོང་ཚར་ལྔ། སེང་གདོང་བཟློག་སྟོང་། སྡེ་བརྒྱད་ཁངས་བཟློག་མདོས། གྲིབ་མདོས། འཆི་སླུ། མཁའ་འགྲོའི་བསུན་བཟློག ཚེ་དབང་གང་མང་སོགས་ཟླ་བ་གཅིག་ལྷག་ཙམ་དུ་སྐུ་རིམ་མང་དུ་བསྒྲུབས་པས་ཅུང་ཟད་བདེ་བ་ལྟར་བྱུང་ནས་ཁོང་དཔོན་སློབ་ཕེབ་གྲབས་དུས། ཡོན་འབུལ་མཚོན་བྱེད་དར་ཆེན། ཤམ་ཐབས་གསར་པ། དངུལ་སྲང་བཅུ་གཉིས་རེའི་བརྡུང་བའི་བུམ་པ་ཆ། རྨ་བྱ་དངུལ་ཤུབས་ཅན་ཟུང་། རྒྱ་ནག་གན་དྲིལ། ཀ་ཊོ་ར། གོས་ཙན་དན་མདོག་ཡུག །ལིང་དམར་ཡུག་འཁར་རྔ། ཁྲུས་བུམ་སྤུས་ལེགས། འཁར་བའི་མེ་འཛིན་བུམ་ཆུང་ཟུང་། གཟིག་ལྤགས་བཅས། གྲྭ་བ་གསུམ་ལ་ནོར་རེའི་དོད་བཅས་ཕུལ་ནས་ཐེག་རྗེས་སུ། ཡང་ནད་ཕྱིར་ལྡོག་ལྟ་བུས་ཤི་ལ་ཉེ་ཚེ། སྐྱབས་མཆོག་སྐུ་ཆེན་རིན་པོ་ཆེ་ཕེབས་ཤིང་དེ་ནུབ་འཆི་བླུ་གནད་སྨིན་དང་། སང་ནས་སངས་རྒྱས་སྟོང་དབང་རྒྱས་པ་གནང་། དེ་ཡང་འཆི་བླུའི་མཇུག་ཙམ་ནས་ཅུང་ཞིག་བདེ་སྣང་དང་། རིམ་གྱིས་བདེར་འགྲོ་སྙམས་ཤར་ཡང་ཇི་བཞིན་ལབ་མ་ཕོད། ཡོན་འབུལ་མཚོན་བྱེད་ཙམ་དུ་དར་ཆེན་གཅིག །བླ་བྲེ་སྤུས་ལེགས། རྒྱལ་མཚན་ཟུང་། རྟ་སྒ་སྲབ་རྨེད་སྟན་བཅས་དངུལ་སྲང་དྲུག་ཅུའི་དོད། རྟ་བཟང་གཅིག་བྱུ་རུའི་བརྒྱ་ཕྲེང་། གོས་ཆེན་གཉིས། དབུ་རྒྱན་ཐག་དྲུབ་མ། ཐེག་ཆེན་གན་དྲིལ། གཅན་ལྤགས་ཁ་ཤས། གྲྭ་བ་རྣམས་ལ་མཛོ་མོ་གཅིག་བཅས་ཕུལ་ནས་གདན་སར་ཕེབས། སྐབས་དེར་ས་དབང་འཕགས་མ་རིན་པོ་ཆེ་དཔོན་གཡོག་ཉུང་ཤས་ཕེབས་ནས་མཁའ་འགྲོའི་བསུན་བཟློག་དངོས་བཤམས་ཁོ་ནས་ཀྱང་རྐྱེན་བཟློག་ནུས་པ་ཞིག་བསྟར་ཞིང་། མཁའ་འགྲོ་དཔལ་འཛིན་དབང་མོ་གཙོ་བོར་བཞུགས་ནས་སྦྱོར་དངོས་རྗེས་གསུམ་ཚང་བའི་གོང་འོག་གི་ཆོ་ག་མཐར་ཕྱིན་པར་གྱུར་ཚེ་རིང་འཚོའི་རྟེན་འབྲེལ་དུ། བཀྲ་ཤིས་ཁ་བཏགས་ཚེ་དཔག་མེད་སྐུ། སྒྲོལ་དཀར་སྐུ་ཐང་། ཚེ་མདོ་གསེར་བྲིས། རྡོར་དྲིལ་གསེར་མ། དངུལ་བུམ་ཟུང་ཁ་རྒྱན་བཅས། བདེ་ཆེན་ཞིང་སྒྲུབ་ཆོས་སྐོར་ལྷ་ཙཀ་ཚང་མ། ནས་བཟེད་གསེར་རིས་ཅན། དངུལ་གྱི་ཏིང་བདུན། ཏིང་ཤགས་དངུལ་ཐག་ཅན། ལིང་དམར་སེར་ལྗང་ཡུག་རེ། ཟམ་སྔོན། དམར་ལྗང་ཡུག་རེ། འཇམ་གོས་ཡུག་ཟུང་། ཀོ་ཙི་འཁོར་དྲུག་ལྔ། མར་དོ་གཉིས། ཆིབས་ཆེན། གསེར་ཞོ་བཅུ་གཅིག དངུལ་རྡིལ་ཚད་ཟམ་དཀར་ཡུག་རིང་། ཕྱིང་ཁྲ། གདན་དཀར་སོགས་དངོས་རྫས་རྒྱ་ཆེན། གསོལ་འདེབས་སྨོན་ཚིག་དང་བཅས་བཀའ་དྲིན་གཞལ་དུ་མེད་པ་བསྩལ་སྐབས་འདིར་སྒ་ཆེན་སྟེང་དུ་འབུམ་ཚར་ཁ་ཤས་དང་། གཞན་བསང་གསོལ་སོགས་ཀྱང་གསུང་སྒྲོགས་བསྐུར་ཞིང་གདན་སར་ཆིབས་བསྒྱུར་གནང་འཕྲལ་བཀའ་ཕེབས་བཞིན་ཞེ་ཆེན་གདན་ཚབ་རིན་པོ་ཆེ་ཕེབས་ནས་བྱད་ཁྲོལ། གདོན་ཁྲོལ། འཆི་བླུ་སོགས་གྲངས་གང་མང་། ཡང་བརྒྱུད་པ་དཀོན་སྟབས་ཀྱིས་གསར་ལུགས་གྲུབ་ཐོབ་བརྒྱད་ཅུའི་དབང་ལུང་ཞུས། ཞག་བཅོ་ལྔ་ཙམ་བཞུགས་ནས་རིམ་གྲོ་ནན་ཏན་གནང་བར་ཡོན་འབུལ་མཚོན་བྱེད། དར་ཆེན། གོས་ཚར་དམར་པོ་ཁ་གསར། དངུལ། ༡༢༥༷ དངུལ་གྱི་ནས་བཟེད། འཕྲེང་བ་རྒྱན་ཆས་སྤུད་པ། གོས་ཡུག་གཉིས། ལིང་ཁ་དོག་སྣ་ལྔ། རས་ཡུག་སྣ་ལྔ། གཅན་ལྤགས་གསུམ་བཅས་ཕུལ། གྲྭ་བ་གཉིས་ལ་ཡང་བབ་འོས་ལྟར་ཕུལ་ནས་ཕེབས་རྗེས། ཀ་ཐོག་དགེ་རྩེ་སྤྲུལ་པའི་སྐུ་མཆོག་རིན་པོ་ཆེ་དཔོན་གཡོག་ཁ་ཤས་ཕེབས་ནས་དྲག་པོ་ཡེ་ཤེས་རབ་འབར་དང་། སྐུ་གསུམ་ཞི་ཁྲོ། གསང་བདག་བཅས་ཀྱི་དབང་ལུང་། བྱད་ཁྲོལ། གདོན་ཁྲོལ་བཅས་ནན་ཏན་གནང་། ཕར་ལ་ཡང་བླ་མ་དགོངས་འདུས་ཀྱི་དབང་ཚེ་ཕྲ་ཡོངས་རྫོགས་ཕུལ་གྲུབ་ནས་འབྱོན་སྐབས་ཡོན་འབུལ་མཚོན་བྱེད། དར་ཆེན། དངུལ་རྡིལ་ཚད། བི་ལ་ཧར་ཀོ་བུབས། གོས་ཡུག །ལིང་ཁ་དོག་ཁ་ཤས། གཅན་ལྤགས་འགའ་ཞིག་དང་། བླ་མཚན་ལ་ཕྲུག་དམར་བུབས། མགྲོན་གཉེར་ལ་གཡི་དཀར། གྲྭ་བ་རྣམས་ལ་བབ་ཚོད་བཅས་ཕུལ་ནས་ཕེབས། སྐབས་དེར་ཕ་ཡུལ་བ་ཚོས་ང་རང་ཕྱིར་འོང་དགོས་ཀྱི་ཚིག་སྣ་ཚོགས་ལབ་ཀྱང་ཁས་མ་བླངས་ནས་ཞབས་པད་དུ་ཕྱིན་པས་གཉེར་ཆེན་ཁ་ཅིག་ཁྲོས་པའི་རྣམ་འགྱུར་གྱིས་བརྙས་སྨོད་དང་སུན་འབྱིན་མང་དུ་བྱས་པས་སེམས་ཞུམ་པར་གྱུར་ཀྱང་། ཞབས་པད་ནས་བྱམས་བརྩེས་གཟིགས་སྐྱོང་བཟང་པོ་གནང་བས་དབུགས་དབྱུང་ཐོབ། དེ་ནས་སྒར་ཆེན་ལྕགས་ར་ནས་མེ་ལོང་དང་། དེ་ནས་ལྷ་ལུང་དུ་ཕེབས་ཚེ་འན་བུ་ང་སྔོན་དུ་སླེབས་ཤིང་དེ་ནས་མི་རིང་པར་སྒར་པ་ཕེབས་འཕྲལ་མཇལ་འཕྲད་སོགས་སྔ་རྒྱུན་ལྟར་གནང་ཐོག་ལྷ་སྲས་རིན་པོ་ཆེའི་བཀའ་ཕེབས་གནང་བ་སོགས་ཀྱི་མཐར། ཚེ་དབང་དང་བྱད་ཁྲོལ་སོགས་སྔ་མ་བཞིན་དང་། སྐབས་ཤིག་ཁོ་བོའི་དག་སྣང་སྐོར་གྱི་དབང་ཡང་ཕུལ། ས་སྐྱའི་བླ་མའི་མདུན་ནས་སེང་གེའི་སྒྲ་དང་། ངག་དབང་ཆོས་འབྱོར་ལ་ཚར་ལུགས་མཁའ་སྤྱོད་མའི་དབང་ཞུས་ཤིང་ཕ་ཡུལ་དུ་ཐེག་གྲབས་བྱས་ཚེ། དཔལ་སྤུང་པས་ལྡེམ་པོའི་གསུང་གི་སྒྱུ་འཕྲུལ་གྱིས་རེ་ཞིག་བཤོལ་ཡང་འཕྱང་མོ་ཉུག་གི་རང་བཞིན་དུ་གྱུར་ཅིང་སྐབས་དེར་གོང་ནས་བཀའ་བཀོད་ལྟར་ལྷ་རྗེ་གུ་རུ་འབུམ་གྱིས་བདུད་རྩི་ལྔ་ལུམས་ཚད་ལྡན་ཞིག་བསྒྲུབ་པར་ཞུགས་པས་ཤིན་ཏུ་ཕན་པར་བྱུང་ཞིང་། དེ་རྗེས་སྒར་ཆེན་ལྷ་དབང་ལུང་དུ་ཕེབ་གྲབས་ཀྱི་སྔོན་དུ་ངེད་ཅག་རང་གནས་སུ་ཕྱིན་ནས་རྣམ་གཡེང་དང་ལེ་ལོ་སྤང་ཁུལ་གྱིས་བཟླས་བརྗོད་ལ་བརྩོན་བཞིན་བག་ཕབས་ཏེ་བསྡད་ཅིང་ཕ་ཡུལ་བ་རྣམས་ཀྱང་རང་གནས་སུ་ཐེག་རྗེས་གཞན་གྱི་འགྲུལ་འགྲིམ་སོགས་ཀྱི་རྒྱུ་བ་བཅད་ནས་ཡོད་པ་འདི་བཞིན་ལགས། དེང་སྐབས་དྲུག་ཅུ་རེ་གཅིག་གི་ལོ་ཀག་རྟེན་འབྱུང་བསླུ་མེད་ཀྱི་ནུས་པས་བཟློག་པ་འདི་ཡན་ཆད་ལ་ལོ་ཟླ་ཞག་དུས་ཇི་སྙེད་ཅིག་འདས་པ་དེའི་ཕྱེད་ཀ་གཉིད་དང་ཕྱེད་ཀ་ཆགས་སྡང་རྨོངས་གསུམ་ཁོ་ན་ལས་མ་འདས་པའི་རྣམ་པར་ཐར་པ་ནི། སྤྱིར་བཏང་དང་། བྱེ་བྲག་ལེགས་བྱས་ཀྱི་སྒོ་ནས་ཅུང་ཟད་བསྙད་ན་སྒོ་ཆེན། དྭགས་ལྷ་སྒོམ་པོ་ཞེ་ཆེན། དཔལ་ཡུལ། ཀ་ཐོག །རྫོགས་ཆེན། ཚེ་རིང་ལྗོངས་རྣམས་སུ་སྨིན་གྲོལ་གྱི་གདམས་པ་ཞུས་ཚུལ་གོང་གསལ་ལྟར་དང་། ཆོས་འཁོར་རྣམ་གསུམ་སོགས་སུ་ལན་བཞིར་ཕྱིན་ནས་ཕྱག་སྐོར་སོགས་སྒྲིབ་སྦྱོང་གང་ནུས་རྫོགས་ཆེན་རི་གངས་པ་རྣམས་སུ་ལོ་བདུན། གཞན་ཁམས་དབུས་གར་ཕྱིན་སར་ཞག་བརྒྱ། ཟླ་མཚམས་སོགས་དུ་མ་དང་། གནས་འགྲིམ་གཉན་ས་དུར་ཁྲོད་མང་ཤས་ཉུལ་བ། ལྷ་ས་བསམ་ཡས། ཁྲ་འབྲུག །ཙ་རི། སྒམ་པོ། རྗེ་སྐུ་འབུམ། ཀ་དཔལ་ཞེ་རྫོགས་རྣམས་སུ་ཚོགས་བསག་གི་རིམ་པ་ཅི་ལྕོགས། གཞན་མཆོད་འབུལ་སོགས་སུ་དངུལ་སྲང་བཅུ་ཁ་མར་བཟུང་ཅི་ནུས་བཏང་བ་དང་། གནས་སྐོར་པ་རྣམས་ལ་ཡང་དེ་མཚུངས་སྦྱིན་པ། ཉེ་དུ་འགའ་ལ་ཅུང་ཟད་རེ་སྦྱིན་པ་རྣམས་མ་བརྩིས་པས་ཆོས་གྲགས་ང་རང་སར་བསྡད་པ་ཡན་དུ་རྡིལ་ཚད་གསུམ་ལྷག་ཙམ་དང་དེ་ཕྱིན་ཆད་ལ་རྡེལ་ཚད་སུམ་ཅུ་སོ་བཞི་རྣམ་དཀར་གྱི་ཕྱོགས་སུ་བཏང་ཞིང་། སྲོག་བླུ་ཡང་བརྒྱ་ཁ་ཙམ་དང་། སྤྲང་སྦྱིན་ཡང་འགྲོ་སྡོད་ལ་མ་ལྟོས་པར་སྟོང་ལོག་བྱེད་མི་བཅུག་པའི་དམ་བཅས་པ་བཞིན་བྱས་ཤིང་། གཞུང་དགའ་ལྡན་ཕོ་བྲང་། མཚོ་སྔོན་གྱི་སྒོ་དཔོན་ཁ་ཤས། རྒྱལ་རོང་རྒྱལ་ཁག་མཚེ་མ། ས་སྐྱོང་སྡེ་དགེའི་རྒྱལ་པོ་རྣམས་ཀྱི་གཙོའི་སྦྱིན་བདག་ཀྱང་ཤིན་ཏུ་མང་ཞིང་ཆོས་འབྲེལ་བྱས་པ་དེ་མཚུངས། ངན་འབྲེལ་ཡོད་པ་རྡོ་སྟོད་དཔོན་ཚང་སོགས་ཉུང་ཤས་དག་ཡིན་ཡང་བྱང་ཆུབ་སེམས་དཔའི་གདུལ་བྱ་ལ་བཟང་ངན་དབྱེ་རྒྱུ་མེད་དོ། །དེ་ལྟའི་སྐབས་ས་དབང་རིན་པོ་ཆེའི་བཀའ་དྲིན་ལས་བཞོ་མཛོ་མ་ཁ་ཤས་དང་། བཟའ་བཏུང་གྱོན་པ་གདན་ཚས་ཙམ་བདོག་པ་ལས་རང་ཉིད་ནི་རྟ་ཕྱུགས་ནང་ཆས་བཅས་ཀྱི་ཕ་རོལ་ཏུ་ཕྱིན་ནས་མུ་ཏོ་བའི་གོ་སར་ངལ་གསོ་ཐོབ་པ་ཡིན་ཡང་། ཇི་སྐད་དུ། རྣམ་སྣང་ལོ་ཙཱ་བས། ཅི་ཡོད་བླ་མའི་ཕྱོགས་སུ་འབུལ་བ་ན། ལྟོག་གྲིར་འཁྱགས་གྲིར་ཤི་ཡང་ཞེ་བློ་བདེ། ཞེས་དང་། ས་ཆེན་གྱིས། སྦྱིན་པ་བཏང་བའི་ལོངས་སྤྱོད་དེ། ཟད་ཟད་འདྲ་ཡང་འཕེལ་བ་ཡིན། དཀའ་ཐུབ་བྱས་པའི་སྡུག་སྲན་དེ། སྡུག་སྡུག་འདྲ་ཡང་སྐྱིད་པ་ཡིན། ཞེས་གསུངས་པ་ལྟར་ལགས་མོད་ཀྱང་། འོན་ཀྱང་ལུགས་ཀྱི་བསྟན་ཆོས་སུ། བོད་ཀྱི་ཡུལ་ན་ཟས་ནོར་རྩི། ཞེས་པས། མཆོག་དམན་འབྲིང་གསུམ་དགའ་ཐབས་ཟས་ནོར་ཁོ་ན་ལ་རག་ལས་པ་ཤེས་ཀྱང་། ད་ནི་ན་ཚོད་ལས་ཐལ་ཞིང་འདུ་བ་རྣལ་དུ་མི་གནས་པའི་སྐྱོན་དང་། ཁྱད་པར་ད་ལོ་ལྔ་ལམ་དུ་འཇུག་གྲབས་བྱས་ཀྱང་རེ་ཞིག་བཤོལ་བ་སོགས་ལ་བསམ་ནས་ཚེ་མཇུག་འདིར་རྙེད་འཚོས་ལ་དང་རྣམ་གཡེང་གི་དབང་དུ་མི་འགྲོ་བ་ཞིག་མཆོག་གསུམ་རིན་པོ་ཆེར་གསོལ་བ་འདེབས་པ་ལགས་སོ། དེ་ལྟར་ང་རང་གི་འཁོར་བའི་འདྲ་འབག་དྲང་བོར་བརྗོད་པ་འདི་ནི་རྒྱལ་རོང་དབོན་སྤྲུལ་རིན་པོ་ཆེ་དང་། བླ་མ་དཔལ་ལྡན་རྒྱ་མཚོ། དགེ་རྩེ་བསོད་བསྟན། གྲོགས་པོ་སྟག་རྒྱལ། པདྨ་ཆོས་འཕེལ་སོགས་ཀྱིས་སྔོན་ནས་བསྐུལ་བཞིན་ཉུང་ཤས་བྲིས་ཐོག་ས་དབང་ཌཱ་ཀི་དཔལ་འཛིན་མས་ཀྱང་འདི་ཉིད་ཀྱི་གཤམ་རྣམས་ཕྲིས་ཤིག་ཕེབས་བཞིན་འདུ་བྱས་པའོ། ཡང་གོང་གི་འཕྲོ་མཐུད་དེ་བྲི་རྒྱུ་དགོས་པ་ཆུང་ཡང་དོན་གཉེར་ཅན་འགའི་ངོར་མདོ་ཙམ་བྲི་ནས། ཕ་ཡུལ་དུ་ཁུ་བོ་རྒན་པོ་ཤི་ལ་ཐུག་པས་ཁོ་རང་དང་ལན་གཅིག་འཕྲད་དུ་མི་འོང་ཐབས་མེད་ཀྱིས་གཞན་དབང་ལ་བརྟེན་ནས་ངེད་ཅག་རྣམས་མེ་སྟག་ལོའི་ཟླ་༡ཚེས་༡༠ལ་ཕ་ཡུལ་ཐེག་རྒྱུའི་འདུན་པ་ཤར་སྐབས་བསུ་མཁན་ཡང་དཔོན་གཡོག་བཅུ་ཙམ་སླེབས་ནས་མར་མི་འོང་ཐབས་མེད་ཀྱི་སྐད་ཆ་མང་དུ་ལབ་དོན་མདུན་པར་ཞུས་ཚེ་མགྱོགས་སྐོར་ཞིག་ལ་ཕོ་བྲང་དུ་འོང་དགོས་གསུངས་བཞིན་ཕྱིན་ནས། ཞལ་ངོ་རྣམས་ལ་ཁོ་བོའི་དག་སྣང་སྐོར་ཚང་མའི་དབང་དང་བྱད་ཁྲོལ་སོགས་ཕུལ། གཉེར་མི་དྲག་ཁ་ཤས་ལ་ཡང་ཚེ་དབང་སོགས་གང་དགོས་བྱས་ནས་ཐེག་སྐབས་ལ་འབུལ་བ་དང་རྫོངས་པ་རྟ་རྒྱ་ཆེན་པོ་གནང་ནས་རང་གནས་སུ་སླེབས་ཚེ་བསུ་མ་དང་ཆབས་ཅིག་ཕ་ཡུལ་དུ་ཟླ་བ་དེའི་ཉེར་དགུ་ལ་ཐེག་ནས་སྣེ་ཤན་པ་པདྨ་སྲུང་མངགས་བཞིན་འུ་ལག་ས་རིམ་སོགས་ཐོགས་མེད་དུ་བསྒྲིགས་ནས་ས་ཚུགས་རིམ་བགྲོད་ཀྱིས་འགོ་ཚ་དགོན་དུ་སླེབས་ཚེ་སྟོན་འཁོར་ཡོངས་རྫོགས་རོལ་བསུ་རྩི་མཐོང་བཀུར་སྟི་སོགས་རྒྱ་ཆེན་པོ་བྱས། དེར་རིག་འཛིན་ཚེ་དབང་ཞིག་གིས་ཚོས་འབྲེལ་བྱས། རྟ་དྲེལ་གཉིས་སོགས་བླ་གྲྭ་ཀུན་གྱིས་འོས་བབ་དང་བསྟུན་པའི་འབྲེལ་པ་བཞག་ནས་ཐེག་སྟེ་ཀ་ཆེན་མདར་སྒར་ཚུགས་ཕོག །དེར་ཡང་འབྲེལ་འཇོག་ཁ་ཤས་བྱུང་། དེ་ནས་འོམ་མདའ་ཆུ་བཟང་དུ་སླེབས་ཚེ་འབོད་མཁན་མང་དུ་བྱུང་ཡང་མ་ཕྱིན་ཅིང་ཡོ་ལ་དུར་ཐེག །དེ་ནས་པདྨ་སྲུང་ཕྱིར་བརྫངས་སྐྱེལ་མར་དམག་མི་བསྒྲིགས་པ་དཀའ་ལས་དང་དོགས་འཚེར་ཆེ་བར་དཔྱད་ནས་འགྲོ་མི་དགོས་པར་བྱས་བཞིན་ངེད་ཅག་རྣམས་ཆ་ག་འོལ་ནས་དོན་ཞིང་དིང་ཁོག་བརྒྱུད་དེ་སྡ་ཁོག་ཏུ་སླེབས་ཚེའུ་ལག་པར་དོ་པོ་རྣམས་ངོས་བླངས་ཤིང་སྦྱིན་པ་མི་དམན་ཙམ་བྱས་ནས་ཕྱིར་འགྲོར་བཅུག །དེ་ནས་རང་ཡུལ་བསྙེགས་ཏེ་འོངས་ཤིང་སྟོང་རི་མཐོའི་རྩར་སྒར་བརྒྱབ་སྐབས་ཕུ་ནུ་ཉེ་བ་ཀུན་གྱིས་འཚམས་ཞུ་དང་དགའ་སྟོན་སོགས་བཟང་ངོ་བྱས། ཁུ་རྒན་ལ་བདེ་ཆེན་ཞིང་དབང་བརྒྱ་རྩ་དང་། ཞི་ཁྲོའི་དབང་ཆེན་སོགས་ཀྱིས་རེ་བ་བསྐངས་ཤིང་བྱིན་རྟེན་ཁྱད་འཕགས་རྣམས་ཀྱང་སྦྱིན་ཅིང་ཞག་ཉེར་གཅིག་འཕྲོར་དུས་ལས་ཡོལ་སོང་བར་དགོང་ཞག་གི་གྲ་བསྒྲིགས་སོགས་ནན་ཏན་བྱས། སྐབས་དེར་ཨ་བོ་འདས་ལོག་པ་སོགས་མཆོག་དམན་གྱིས་འབོད་མི་བྱུང་བའི་ནན་ངོ་མ་ལྡོག་བཞིན་ཕྱིན་རྗེས་ཁུ་རྒན་གྱི་ཕུང་པོ་ཞུགས་འབུལ་སོགས་བྱས་ནས་རེ་ཞིག་སྒར་ཐོག་ཏུ་བསྟི་སྐབས་རྡོ་སྨད་དཔོན་པོའི་སྙུང་གཞིར་ཕན་དུ་རེ་ནས་འབོད་མཁན་སླེབས་པར་ངེད་ཅག་དང་པདྨ་དམ་ཚོས་གཙོའི་བླ་གྲྭ་བཅུ་སྐོར་ཙམ་འཕྲལ་དུ་ཐེག་སྟེ་དཔོན་གྱི་བཞུགས་སྒར་དང་ཉེ་སར་སླེབས་ཚེ། དེ་གའི་གཞི་བདག་སྐུ་བླ་གཉན་རྩེ་ཟེར་བ་གཞན་བླ་སྒར་སོགས་ལ་འཁྲེན་ཆ་བྱེད་པ་ཡིན་ཟེར་ཡང་ངེད་ཅག་ལ་བཟང་ལྟས་ལས་ཅི་ཡང་མ་བྱུང་བཞིན་དཔོན་གྱི་སྒར་དང་ལྷན་ཅིག་ལྟར་བབས་ནས་སྐུ་རིམ་གྱི་བཅའ་ཁ་འཕྲལ་བསྒྲིགས་བཞིན་ཕུར་སྒྲུབ་གནད་སྨིན་དང་འབྲེལ་པའི་ཞི་བསྲེག་འབུམ། ལོག་ཀྲིའི་དབང་། གདོན་ཁྲོལ་དང་བྱད་ཁྲོལ་བླ་བླུ་སོགས་ཡབ་སྲས་གཉིས་ཀར་ནན་ཏན་བྱས། དེ་ཚེ་སྐུ་བླ་གཉན་རྩེར་རི་བསྟོད་དང་བསང་ཡིག །འབྱུང་འགྱུར་གྱི་ལུང་བསྟན་སོགས་ཀྱང་འདུ་བྱས་ནས་ཕྱིར་ཐེག་ཁར་འབུལ་བ་སོགས་ཀྱང་མི་དགོས་ཚུལ་ནན་ཏན་ལབ་ཀྱང་མ་ཉན་ནས། དངོས་རྫས་བཟང་པོ་ཕུལ་བ་ལེན་དགོས་བྱུང་། བློན་པོ་རྣམས་དང་གང་ཅིའི་འཕྲོས་གཏམ་མང་དུ་བྱས་ནས་དཔོན་གྱི་སྙུང་གཞིར་འོས་བབ་ཀྱི་སློབ་སྟོན་དང་གྲོས་བསྡུར་འཕྱུག་མེད་བྱེད་རྩིས་ཀྱིས་རང་ཡུལ་དུ་ཐེག་པ་སྐྱེལ་མ་ཡང་རེ་བ་བཞིན་གནང་བྱུང་ཞིང་ལམ་ཁའི་རུ་བ་ཁ་ཤས་ཀྱིས་འབོད་དུ་འོངས་བའི་རེ་འདོད་བསྐངས་ནས་ལམ་རིམ་བགྲོད་ཀྱིས་རང་ཡུལ་དུ་སླེབས་འཕྲལ་སྡེ་དགེ་དང་འགོ་ལོག་གསེར་ཐར་དང་ཧོར་བྲེ་བོ་བཅས་ཀྱི་གྱོད་གཏམ་རྒྱུ་སྔོན་ནས་མགོ་སྦྲེལ་གྱི་མུར་འགྲོ་རྒྱུའི་དུས་ལ་བབ་བཞིན་ཕ་ཡུལ་དུ་ཞག་ཁ་ཤས་ཤིག་བསྡད་འཕྲོར་ཐེག་ནས་སྡའི་ཆོས་ཁྲི་ཐང་དུ་ཕྱིན་པར། ཀཿཐོག་དགེ་སྤྲུལ་རིན་པོ་ཆེ་དང་། དཔལ་སྤུང་དབོན་སྤྲུལ། དཔལ་ཡུལ་བླ་མ། རྫོགས་ཆེན་དབོན་སྤྲུལ་དང་བཅས་ཅི་མགྱོགས་སུ་ཕེབས་བྱུང་བ་དང་སྟབས་གཅིག་ལྟ་བུའི་སྡེ་དགེའི་གཉེར་མགོན་ལྷུན་མདུན་སྐོར་དཔོན་སྐྱ་བཅས་དཔོན་འཁོར་སྟོང་ཁ་ལོང་ཙམ་ཕེབས་བྱུང་བ་ཆོས་ཁྲི་ཐང་གཞུག་ཏུ་དམག་སྒར་བརྒྱབ། མགོ་ལོག་སྟོད་སྨད་ཀྱི་དམག་སུམ་བརྒྱ་ཙམ་བྱུང་བ་རྡོ་སྤུང་མདོ་སོགས་སུ་སྡོད་རྒྱུའི་བཀའ་བཀོད་བྱས་བཞིན་བསྡད། ཧོར་བྲེ་བོ་ཡང་སྡེ་དགེའི་དམག་སྒར་དང་ལྷན་དུ་བབས་ནས་སྡེ་དགེ་དང་མགོ་ལོག་གཉིས་ཁ་མཆུ་འདུམ་ཐབས་བྱས་ཚེ་ཕན་ཚུན་གཉིས་ཆར་ལ་སྐད་ཆ་བགྲོ་གླེང་བྱེད་བཅུག་ཅིང་ཚིག་ཡས་མན་དུ་བསྐྱལ་རེས་བྱས་ནས། ཞག་ཁ་ཤས་ཀྱི་འཕྲོར་བླ་སྒར་ཀུན་གྱིས་མགོ་ལོག་ལ་ཕྱིན་ཆད་སྡེ་དགེར་མི་གནོད་རྒྱུའི་མནའ་བླངས་གསེར་སྐུ་བཀྲུས་པའི་ཁྲུས་ཆུ་བླུད་རྟེན་སྒམ་མགོར་བཞག །བཀའ་བསྒོ་དམ་བསྒྲགས་ནན་དུ་བྱས་ནས་ཟླ་ཆུ་ཁ་པ་ལ་ལན་གྲངས་མང་དུ་ཟོས་པའི་འཇལ་བཤགས་བཅས་གཟུ་འཕངས་ནས། ཕྱིན་ཆད་དགྲ་མེད་གྱོད་མེད་ཁ་འགྲིག་ཁོག་མཐུན་ཡོད་ངེས་བྱས་ནས་རང་ཡུལ་དུ་ཐེག་སོང་རྗེས་སྒར་པ་རྣམས་དང་དམག་མི་བཅས་འཁྱག་ལུང་ཐང་དུ་བབས་ནས་སྡེ་གསེར་གཉིས་ཀྱི་ཁ་མཆུ་འདུམ་ཕྱིར་ཕན་ཚུན་ཉིས་ཀར་ཉི་མ་ཁ་ཤས་ལ་བདེན་རྫུན་བཤད་རེས་བྱེད་བཅུག་པས་རེ་ཞིག་གི་ཚེ་གསེར་ཐར་གྱི་གྱོད་གཏམ་རྗེས་མ་གཉིས་བརྒྱ་ལྷག་ཙམ་སྡ་ཁོག་ནས་ཡར་ཡོང་བ་གསེར་ཐར་དེ་གར་བབས་ཡོད་པ་རྣམས་ཀྱིས་ཧོར་དམག་ཡིན་པར་དོགས་འཁྲུལ་གྱིས་འཐབ་གྲབས་དང་། རྟ་རྒྱུག་ཀུ་ཅོ་ཆེན་པོ་བྱས་བྱུང་བ། སྡེ་དགེའི་དམག་མིས་ཁོང་ཚང་ལ་དེ་འདྲ་བྱས་པར་འཁྲུལ་ནས་དམག་མི་ཚང་མ་འཐབ་འཛིང་གི་ལས་ལ་ཕྱོགས་ཚེ་ངེད་ཅག་སྒར་པ་རྣམས་ཀྱིས་བར་མི་ཐུབ་པའི་ཉེན་ལ་ཐུག་པས་ཅི་བྱ་གཏོལ་མེད་དུ་གྱུར་ཀྱང་མཆོག་གསུམ་རིན་པོ་ཆེའི་ཐུགས་རྗེས་འཐབ་མོ་བཤོལ་ཐུབ་བཞིན་སྡེ་དགེའི་མདུན་སྐོར་དཔོན་སྐྱའགའ་དང་ཟླ་ཆུ་ཁ་པའི་དྲག་རློམ་ཁ་ཤས་བཅས་དང་གསེར་ཐར་གྱི་ཚོ་མི་དྲག་ཤོས་མང་ཤས་དང་མནའ་བཞག་བཅུག་པ་དང་། གསེར་སྐུ་བཀྲུ་འཐུང་དང་སྒར་པ་རྣམས་ཀྱིས་བཀའ་བསྒོ་དམ་བཞག་ནན་ཏན་བྱས་རྗེས་ཁོ་བོ་རྡོ་སྨད་དཔོན་ཚང་གི་འབོད་པ་བྱུང་ནས་དེར་མི་འགྲོ་ཐབས་མེད་ཀྱིས་ཕྱིན་ཅིང་བླ་སྒར་དམག་དཔུང་བཅས་སྙིའི་ཞོ་མར་ཐང་བབ་རྒྱུ་དང་། དེ་ཐོག་ཧོར་གསེར་གཉིས་ཀྱང་གཏམ་རྒྱུ་གྱོད་གཞུག་ཚང་མ་འདུམ་རྒྱུ་བྱས་ཤིང་། དེ་དུས་རྡོ་སྨད་དཔོན་ཚང་གི་སྒར་པ་ཉུང་ཤས་ཤིག་གསེར་སྟོད་སྡོང་ར་ཟེར་བར་བབ་འདུག་པ་ཁོ་བོ་དང་དཔོན་གཡོག་ཉུང་ཤས་ཤིག་དེར་ཕྱིན་ནས་མགོན་པོ་ཚོགས་བདག་གི་སྒྲུབ་པ་ཞིག་བཙུགས་པ་ཞག་བདུན་ནས་གྲོལ་མཐར་མགོན་པོའི་དབང་ཡང་བསྐུར་ནས། དཔོན་ཡབ་སྲས་སོགས་ངེད་ཅག་མཆོད་ཡོན་མང་ཤས་ཤིག་གསེར་སྟོད་འབྲོང་རི་སྨུག་པོའི་མདུན་ཞོལ་དུ་ཕྱིན་ནས་འཁོར་འདས་མཆོད་པ་དང་འབྲེལ་པའི་བསང་མཆོད་གཟབ་རྒྱས་གྲུབ་ནས་སྒར་ཐོག་ཏུ་ཕྱིར་སླེབས་ཚེ་རྒྱ་དཔོན་ཏཱ་ལོ་ཡོ་འགོ་ལོག་ཏུ་བབས་ནས་ངེད་རང་འབོད་ཡིག་དང་བཅས་ཏེ་ཚ་ཁོའི་ཏཱ་རོ་དཔོན་གཡོག་ཁ་ཤས་སླེབས་བྱུང་ཚེ། ངེད་ནས་འགྲོ་མི་དགོས་པའི་ཐབས་ཀྱི་སྐད་ཆ་མང་དུ་ལབ་ཀྱང་མི་ཉན་པར་འདུག་པས་རྡོ་སྨད་དཔོན་ཚང་ལ་ངེད་རང་འགྲོ་མི་དགོས་ཐབས་ནན་ཏན་ཞུས་ཀྱང་ཐབས་མ་བྱས་པ་འདྲ་མོ་ལ་མ་དགའ་བཞིན་ཚ་ཁོའི་བང་མི་རྣམས་དང་ངེད་ཅག་ལྷན་དུ་རང་སྒར་དུ་སླེབས་ཚེ་བསམ་ཡོད་ཀུན་བགྲོས་ནས་དཔལ་སྤུང་དབོན་སྤྲུལ་དང་རྡོ་སྨད་བློན་པོ་འགའ་ཟུང་བཅས་ལ་རྡོ་སྟོད་པ་དང་ངེད་ཅག་རྒྱ་མདུན་དུ་གྱོད་གཏུག་མི་དགོས་པའི་ཐབས་ནན་ཏན་ཞུས་ཀྱང་དོན་གཉེར་མ་གནང་སྐྱོན་གྱིས་ཚ་ཁོ་བང་མི་དང་ངེད་ཅག་ལྷན་དུ་བསྡོམས་ཏེ་རྒྱ་མདུན་དུ་ཆས་པས་རྡོ་ཆུ་ཤིན་ཏུ་ཆེ་སྟབས་ཀྱིས་བརྒལ་མ་ནུས་ནས་ཀོ་གྲུ་གསར་པ་ཞིག་བཅོས་པ་དེར་ཞུགས་ནས་ཕྱིན་ཅིང་སྨར་སྟོད་ཚོ་མདར་རྒྱ་དམག་སྒར་འདུག་པས་ཚུར་ཁ་སེ་ལེའི་ཐང་སྟོད་དུ་བབས་ནས་ཕྱིར་ཉིན་རྒྱ་དཔོན་མདུན་དུ་མཇལ་ཁར་ཕྱིན་ཅིང་གང་ཅིའི་སྐད་ཆ་དྲི་ལབ་མང་དུ་བྱས་མཐར་སྒར་ཐོག་ཏུ་ཕྱིར་འོངས་ནས་བསྡད་པར་འགོ་ལོག་སྟོད་སྨད་ཀུན་གྱི་འབོད་མི་མང་པོ་དང་། ཚུར་ལ་ཡང་མཇལ་ཁར་འོང་བའི་བྲེལ་གཡེང་གིས་ཡིད་ཤིན་ཏུ་སུན་པ་དང་། ལུག་ཤ་མང་པོ་འོངས་བར་ཡིད་རབ་ཏུ་སྐྱོ་ནས་ཕྱིར་སྒར་ཐོག་ཏུ་མ་སླེབ་བར་བསྔོས་ཤ་མི་ཟ་བའི་དམ་བཅའ་འཕྲལ་དུ་བྱས་པར་ཁོང་ཚོའི་གླེན་ཤུགས་ཀྱིས་བསམ་པར་ངས་ཤ་ཟོས་ཚད་ལ་ཕན་ངེས་དང་། མ་ཟོས་པ་ལ་མི་ཕན་པའི་རྒྱུ་འབྲས་གོ་ལྡོག་གི་སྐད་ཆ་བཤད་བྱུང་ཡང་གཞན་དབང་དུ་མ་བཏང་། དེར་ཟླ་བ་གཉིས་ཙམ་སྡོད་རིང་ལ་རྒྱ་མདུན་དུ་ལན་ཁ་ཤས་ཕྱིན་མཐར་བཀའ་ཤོག་ཞིག་གནང་ནས་ཁོ་པ་ཤར་ཁའི་ཡུལ་འབྲོག་གཉིས་ཀའི་དཔོན་པོ་ཡིན་དོན་གྱིས་ཁྱེད་རང་གི་རུ་བ་གང་ཡོད་ཀྱི་བདག་པོ་གྱིས་ལ་རེ་ཞིག་སྡོད་ཡུལ་གར་བདེ་དང་བྱ་བ་རང་དབང་རང་ཐོབ་ཡིན་པས་དེ་ལྟར་གྱིས་ཞེས་བཀའ་གནང་བཟང་པོ་དང་བཅས་ཏེ་ཕྱིར་ལྡོག་ཆོག་རྒྱུའི་དགོངས་ཁྲོལ་གནང་བཞིན་སྐྱེལ་མཁན་ཚ་ཁོའི་དམག་མི་ཉི་ཤུ་ཙམ་དང་བཅས་ཏེ་ཁྲི་ལག་མདོར་སླེབས་ཚེ་སྐྱེལ་མ་ཕྱིར་ལོག་ནས་ངེད་ཅག་ཚུགས་མལ་རིམ་བགྲོད་ཀྱིས་རང་སྒར་དུ་སླེབས་ཚེ་སྟོན་གཞུག་ཏུ་སླེབས་འདུག་པར་མགྱོགས་སྟབས་ཀྱིས་ཐེག་ནས་གྲ་ལག་དགོན་དུ་ཕྱིན་པར། ༧ དགེ་རྩེ་སྤྲུལ་སྐུ་རིན་པོ་ཆེའི་དགོངས་བཞེད་བཞིན་ཁོ་བོ་བྱིས་པའི་དུས་ཤིག་ལ་རཏྣ་གླིང་པའི་ཆོས་ཚན་ཚང་མ་འགོ་ལོག་བླ་མ་ཀུན་བཟང་དང་སྟབས་གཅིག་ཏུ་ཀཿཐོག་པའི་བླ་མཆན་བསོད་ནམས་བཀྲ་ཤིས་ཀྱི་སྐུ་མདུན་ནས་ཐོབ་པ་འགོ་ལོག་བླ་མའི་གསན་ཡིག་ལ་དཔང་པོ་བཅོལ་ཏེ་དབང་ལུང་ཕུལ་བ་ལགས་ཤིང་། དེ་ཡང་སྔ་འགྱུར་བསྟན་པའི་མངའ་བདག་ཆེན་པོ་གང་ལ་དབང་ལུང་འབུལ་རྒྱུ་ཤིན་ཏུ་དཀའ་ཡང་སྔོན་དུ་བདག་བྱིན་གྱིས་རློབ་པའི་ཆེད་དུ་བརྒྱུད་པའི་བླ་མ་རྣམས་ཀྱི་གསོལ་འདེབས་དང་སྐྱབས་སེམས་སོགས་ཀྱི་བློ་ལས་སུ་རུང་བར་བྱས་ནས་རང་ཉིད་ཀྱི་དུས་གསུམ་དུ་བསགས་པའི་རྣམ་དཀར་དང་བདེ་སྐྱིད་ཀྱི་དངོས་པོ་ཅི་ཡོད་ཐམས་ཅད་མཆོད་པའི་མཎྜལ་དུ་དམིགས་ནས་དམ་པ་གསུམ་གྱིས་ཟིན་བཞིན་ཕུལ་གྲུབ་མཐར་གནང་སྦྱིན་རྒྱ་ཆེན་ཐོབ། ཞུ་མཁན་ཡང་དེ་ཕྱོགས་དང་གཞན་ཕྱོགས་ནས་མི་ཉུང་ཙམ་ཞིག་འདུས། གཞན་ཡང་རུ་བའི་ནང་ནས་འབོད་པ་ཁ་ཤས་བྱུང་བའི་རེ་འདོད་ཀྱང་བསྐངས་། ཞག་བཅོ་ལྔ་ཙམ་ནས་ཐེག་ཅིང་ཕྱིར་ལམ་རིམ་བགྲོད་ཀྱིས་ལམ་ཁར་གཉུག་གནས་རྣམས་ལ་གནོད་འཚེ་མི་འབྱུང་བའི་ཐབས་ཅི་བྱས་ཀྱང་ཉེས་པ་ཞོར་དུ་གྲུབ་པའི་དཔེས་རྒྱལ་པོའི་བླ་མཆོད་མི་སེར་འཇོམ་པའི་བྱེད་པོ་ཁོ་ནར་འདུག་པ་འདི་སྐྱོན་དུ་མཐོང་ནས་བྱ་ཐབས་བྲལ་བའི་ངང་ནས་ཞེ་ཆེན་དགོན་དུ་སླེབས། དེར་སྡེ་དགེའི་བང་མི་བྱུང་ནས་ཞག་གཅིག་ལས་སྡོད་རྒྱུ་མ་བྱུང་ཡང་། དེ་ནུབ་སྒྲུབ་སྡེར་ཞག་པས་གནས་རི་གསར་པའི་རྟེན་འབྲེལ་ཡང་བྱུང་། ཕྱིར་ཉིན་ཐེག་ནས་ཤོལ་འགྱང་མེད་པར་ལྷུན་གྲུབ་སྒང་དུ་སླེབས། དེར་ཡང་ཞག་གཅིག་བསྡད་ཅིང་ཕྱིར་ཉིན་ནས་ཐེག་པའི་ལམ་ཞག་གཅིག་གི་འཕྲོར་ཕོ་བྲང་དུ་སླེབས་པ་ཟླ་བ་བཅུ་པའི་ཉེར་གསུམ་རེད་འདུག་པས་དེ་ཉིན་ཞལ་ངོ་ལྷན་རྒྱས་ལ་ཚེ་དབང་ཁ་ཤས་ཕུལ་བའི་ཕྱིར་ཉིན། དཔོན་མོ་ཉིད་བཀྲ་རྫོང་དུ་ཕེབས། ང་རང་ཉེར་དགུའི་བར་དེ་གར་བསྡད་ནས་ཚེ་དབང་བྱད་བཀྲོལ་སོགས་སྔར་རྒྱུན་བཞིན་བྱས་ནས་བཀྲ་རྫོང་དུ་ཕྱིན་ཏེ་དགུན་དེར་དཔོན་མོར་ཚེ་དབང་སོགས་སྔར་སྲོལ་བཞིན་དང་གཞན་ཡང་དབང་ལུང་སོགས་ཅི་རིགས་བྱས། ཡོས་ལོ་གསར་ནས་ཁོ་བོའི་རྐང་ལག་བཞི་པོར་ནད་རོ་ལྡངས་ནས་སྨན་དཔྱད་སོགས་བར་མ་ཆད་དུ་བྱས་ཀྱང་ཅུང་ཟད་ཙམ་ལས་བདེ་མ་ནུས། སྐབས་དེར་གཞན་གྱི་ཚོས་ཞུ་འགའ་རེ་བྱུང་བར་རེ་འདོད་བསྐངས་ཤིང་། རེ་ཞིག་ཕ་ཡུལ་དུ་འགྲོ་ཆོག་རྒྱུའི་དགོངས་པ་ནན་ཏན་ཞུས་ནས་ལོ་དེའི་ཟླ་བ་བཞི་པའི་ཚེས་ལྔ་པར་ཐེག་ནས་ལྷུན་གྲུབ་སྒང་དུ་ཕྱིན་ཚེ་ཡན་ལག་རྣམས་ཀྱང་ཕྱིར་ཐུ་ནས་ཞག་བཅུ་བར་སྡོད་དགོས་བྱུང་རྗེས་ཐེག་ནས་ན་ཚའི་ཟུག་ཆེན་པོ་མི་བཟོད་བཞིན་དུ་ཕྱིན་པས་ལམ་ཞག་གཉིས་ཀྱི་འཕྲོར་རྫོགས་ཆེན་དུ་སླེབས། དེར་སྤྲུལ་པའི་སྐུ་རིན་པོ་ཆེན་དབོན་པོ་བསམ་འགྲུབ་ཀྱིས་བསྐུལ་ནས་ཚེ་རིང་མའི་སྲོག་གཏད་ཅིག་ཕུལ་གྲུབ་དེ་གར་ཞག་པས་བདུད་སྤྲུལ་འགའ་རེའི་རྐྱེན་གྱིས་རྡོ་རྗེ་ནང་འཁྲུག་གི་ལྟས་ཀྱང་ཇི་བཞིན་ཤར་བར་སྐྱོ་བཞིན་ཐེག་ནས་ཆབ་ཚན་ཁར་སླེབས་ཙམ་བྱས་པ་ཞག་དགུའི་རིང་ལ་ཆབ་ཞུགས་ནན་ཏན་བྱས་ནས་ཞེ་ཆེན་སྒྲུབ་སྡེར་ཕྱིན་སྐབས་བླ་མ་རྣམས་ཀྱི་དགོངས་བཞེད་བཞིན་སྒྲུབ་སྡེ་ནས་གནས་གསར་ངོས་ལ་མཇལ་ཁ་དང་ཆབས་ཅིག་ཚོགས་མཆོད་དང་འཁོར་འདས་མཆོད་པ་ནན་ཏན་བྱས་མཐར་སྒྲུབ་སྡེར་ཕྱིན་ཅིང་ཡུན་རིང་བསྡད་ན་ནད་གཞི་ཕྱིར་ཐུ་དོགས་ཀྱིས་འཕྲལ་དུ་ཐེག་ནས་ལམ་རིམ་བགྲོད་བཞིན་མི་སེར་རྣམས་ལ་བསམ་པ་དཀར་ཡང་སྦྱོར་བ་རྩུབ་མོའི་ངང་ནས་ཕྱིན་པར་ཁྲོ་ཚང་རྫོང་དཔོན་གྱི་དད་འདུན་མཐོང་གསུམ་གྱིས་ཅི་གསུང་དང་ལེན་འདྲ་མོས་དམག་མི་མང་ཤས་དང་དོས་ཁལ་དེ་མཚུངས་ཀྱིས་བསྐྱལ་བ་ཕོ་ཆེན་འབུམ་ཐང་བར་ལྷན་དུ་ཕྱིན་ཅིང་དེ་ཕན་ཆད་སྐྱེལ་མ་ཕྱིར་འགོ་ཐོན་དཀའ་བར་དོགས་ནས་ཕྱིར་ལོག་ནས་ངེད་ཅག་རྣམས་རིམ་གྱིས་ཕྱིན་ཅིང་སྡ་ཆུ་ཕར་ཁར་བབས་དེར་ཡང་སྡ་སྙི་སོགས་རུ་བ་ཁ་ཤས་ལ་ཆོས་འབྲེལ་བཞག་ནས་འགོར་མེད་དུ་ཕྱིན་སྙི་ཁོག་ཆུ་ལུང་དུ་ཟླ་བ་ལྔ་པའི་ཚེས་བཅུ་ལ་བབ་ཚེ་རྐང་པ་གཉིས་ཀ་ཀུམ་ནས་ཞག་བཅུའི་བར་ལྡང་མ་ནུས་ཤིག་ཟླ་བ་དེའི་ཚེས་ཉི་ཤུ་ཐམ་པ་ལ་ཆུའི་ཕར་ཁར་དོན་ནས་ནིང་སྐོང་འགོ་མའི་མདོར་སྒར་པ་གཞི་བྱེས་མཉམ་བསྡམས་སུ་བབས་པ་ཅི་ཞིག་ན་རྨི་ཉམས་སུ་ཚོས་གླེགས་བམ་འབའ་ཞིག་བཞེང་དགོས་པའི་རྟེན་འབྲེལ་གསལ་བཞིན་ང་རང་གིས་རྟ་མཛོ་གང་ཡོད་རྣམས་དང་མཆོག་གྲུབ་ཕ་བུ་ཚོ་ཀྱང་རྒྱུ་འདོན་ཟས་འདོན་གང་དྲག་པདྨ་དམ་ཆོས་ཀྱིས་ཀྱང་དེ་བཞིན་དང་། ལྷ་འབུམ་སོགས་ཐམས་ཅད་ཀུན་གྱིས་རྒྱུ་ཟས་ཁ་སྣོན་གང་དྲག་བྱས་ནས་འབུམ་དུམ་པ་བཅུ་གཉིས་དང་། ཉི་ཁྲི་དུམ་གསུམ་བརྒྱད་སྟོང་གཅིག་སྐྱེས་རབས་དཔག་བསམ་འཁྲི་ཤིང་པོ་ཏི་གཉིས་བཅས་ལ་པོ་ཏི་རེར་ཇ་འཁོར་དྲུག་དྲུག་རེའི་བབ་ཀྱི་ཡོན་འབུལ་དང་། བྲི་རྫས་དངུལ་སྲང་ཉེར་ལྔ་བཅས་ཕུལ། དབུ་པ་དང་དོ་དམ་གྱི་དཔང་པོར་བླ་མ་ཀུན་བཟང་ནོར་བུ་ཕེབས་རྟ་ཆིབས་རོལ་སོགས་དགུ་ཚན་བཅས་ཕུལ་ཅིང་དབྱར་དེར་དེ་གར་བསྡད་ཅིང་སྟོན་ཐོག་སྒར་པ་མཁན་འཁྱོག་མདོར་བཀལ་ཉིན་བླ་མ་འགྱུར་མེད་དཔོན་གཡོག་སྨན་དཔྱད་ཀྱི་ཆེད་དུ་སྡེ་དགེ་ནས་མངགས་བྱུང་ཞིང་དེའི་རྗེས་ཡུན་མི་རིང་ཙམ་ནས་སྡེ་དགེ་ནས་ང་རང་ཡར་འོང་ཨེ་ཐུབ་ཀྱི་ལྟ་རྟོག་བྱེད་མཁན་ལ་མགོན་པོ་དོན་འགྲུབ་དཔོན་གཡོག་མངགས་བྱུང་བཞིན་བརྟགས་དཔྱད་ཞིབ་ཏུ་བྱས་ནས་ཡར་འགྲོ་རྒྱུའི་རེ་བ་ཟད་དེ་ཐེག བླ་མ་འགྱུར་མེད་དཔོན་སློབ་ཀྱང་སྨན་དཔྱད་སོགས་ནན་ཏན་བགྱིས་ཀྱང་ཕན་ཐོགས་རེ་བ་ཟད་ནས་ཡར་འབྱོན་སྐབས་འབུལ་བ་སོགས་བཟང་ཁུལ་དང་བཅས་ཏེ་ཕེབས་འཕྲལ་ཡུལ་དེའི་བླ་མ་ཆོས་པ་བཟང་པོ་བཅུ་གསུམ་གདན་འདྲེན་བྱས་ནས་ཤི་གསོན་འབྲེལ་ཐོགས་མང་པོར་ཕན་ཐོགས་ཀྱི་བསམ་པ་དང་རང་ཉིད་ཀྱང་ཕྱོགས་རྣམས་ཀུན་ཏུ་ཉུལ་བའི་དཀོར་ལན་ཆགས་མང་དུ་སོགས་པས་སྒྲིབ་སྦྱང་སོགས་ལ་དམིགས་ནས་ཞི་ཁྲོའི་སྒྲུབ་པ་དང་འབྲེལ་བའི་ཡིག་བརྒྱ་འཐུམ་ཐེར་དང་མཐར་ཞི་བསྲེག་འབུམ་བཅས་དགོང་ཞག་གི་ཚུལ་དུ་བདུན་ཕྲག་དྲུག་ལ་བཟུང་ཚེ་རང་ཉིད་ཀྱིས་ཅི་འབྱོར་གཡོ་སྒྱུ་མེད་པའི་ལུགས་སུ་བྱས་མཐར་འབུལ་བ་ཡང་སོ་སོར་རྟ་རེའི་དོད་ཀྱི་བདོག་དང་བཅས་ཏེ་ཕུལ་ནས་བསྔོ་སྨོན་སོགས་ཀྱང་ནན་དུ་བྱས། དགོང་ཞག་གི་སྐབས་དེར་དགེ་རྩེ་སྤྲུལ་པའི་སྐུ་རིན་པོ་ཆེ་ཚ་ཁོར་ཕེབས་པ་རང་ཡུལ་དུ་ཆིབས་ཁ་བསྒྱུར་སྐབས་ངེད་ཀྱི་སྒར་ཐོག་ཏུ་བབས་ནས་ཉི་མ་ཁ་ཤས་ལ་བཞུགས་བཞིན་དབང་ཁ་རྗེས་གནང་ཡང་ཅུང་ཟད་རེ་གནང་ཞིང་དངུལ་རྡིལ་ཚད་གཅིག་དང་རྟ་དྲེལ་གཉིས་བཅས་སྙུང་སེལ་བཀའ་དྲིན་རྒྱ་ཆེན་གནང་། དེ་དང་སྡེ་དགེ་དཔོན་མོ་ཚང་གི་སྐུ་མདུན་ནས་ཀྱང་སྙུང་སེལ་གྱི་བདག་རྐྱེན་དུ་དངུལ་རྡིལ་ཚད་གཉིས་ཙམ་བྱུང་བའི་གཅིག་ཤོས་ཀྱིས་ཇ་ཉོས་པས་འཁོར་དྲུག་ཉེར་ལྔ་བྱུང་བ་རང་སྡེའི་མཆོག་དམན་ཐམས་ཅད་ལ་སྙུང་གནས་ཀྱི་ཡོན་བཞག་བྱས་འཕྲལ་རུ་བ་ཚོའི་བཟའ་ཚང་ཡོངས་རྫོགས་ཀྱིས་སྙུང་གནས་ཚར་ཁ་ཤས་རེ་བསྲུངས། དགུན་དེར་ནག་ཚང་ཞིག་ཏུ་ར་བ་རིབ་མ་བཟང་པོ་བྱས་ཏེ་བསྡད་ཀྱང་སྡོད་ཟོའི་བདེ་བ་ཞིག་གཏན་ནས་མ་བྱུང་། དགུན་དཀྱིལ་ཙམ་དུ་ཚ་ཁོ་ཕུན་ཚོགས་རྫོང་ནས་ནས་མི་ཁུར་བརྒྱ་ཙམ་བསྐྱལ་བྱུང་བ་ཁོང་ཚོ་ལ་རྫོངས་སྟ་དང་ཕོ་བྲང་དུ་དགའ་རྟགས་སོགས་ཕུལ་ནས་དཔྱིད་ཕྱོགས་དེར་སོས་དལ་དུ་བསྡད། སྐབས་དེར་རེ་རྐོང་བླ་མས་ལྷ་ས་འཁོར་ནས་དེ་གར་ཕེབས་བྱུང་བར་ཡབ་རྗེའི་མཛོད་གཉིས་ཀའི་ལུང་དང་། འཕྲང་པོ་གཏེར་སྟོན་གྱི་གྲོལ་ཐིག་གི་དབང་ཆོག་སོགས་ཁ་ཤས་བྱས་ཚུར་ལ་ཡང་ཀློང་སྡེ་རྡོ་རྗེ་ཟམ་པ་དེའི་དབུང་ལུང་བཅས་བཀོད་པ་བྱས་བཞིན་ལོན་འདུག་པས་ཚང་མ་ཞུས། ཁོ་ལའང་འབུལ་བ་རྫོངས་སྟ་ས་བཅད་མ་སྟོང་ཙམ་དུ་ཕུལ་ནས་ཕ་ཡུལ་དུ་བྱོན་སོང་རྗེས་ཆོས་ཞུ་བ་ཁ་ཤས་ལ་སྔོན་འགྲོའི་ཁྲིད་ཞིབ་རྒྱས་ཀྱི་ཚུལ་དུ་བྱས་དེ་འཕྲལ་སྒར་པ་ཚང་མ་ཐེག་ནས་སྔ་མའི་མཚེར་ས་རུ་བབས་འཕྲལ། དུས་དེར་སྡེ་དགེ་ནས་བཀའ་ཤོག་དང་ཆབས་གཅིག་འགྱོས་ཤིང་ཁུར་མི་བཅས་ཀྱི་འགོ་བར་རྫོགས་ཆེན་ཆོས་ཁྲིམས་མགོན་དར་དང་སྡེ་དགེའི་དཔོན་སྐྱ་ཚེ་རིང་བཀྲ་ཤིས་སོགས་དཔོན་གཡོག་ཉི་ཤུ་ཙམ་སླེབས་པས་ཡར་མི་འགྲོ་ཐབས་མེད་ནན་ཚིག་བྱས་བཞིན་འགྲོ་རྒྱུ་ལ་ཡིད་ཕྱོགས་སོ། དེ་དུས་ལས་སྔ་ཙམ་གསེར་ཐར་རྗེས་དཀར་གཉིས་ཀ་གྱོད་ཆེན་ལ་ཐུག་ནས་དམེ་འཁྲུག་ཆེན་པོ་བྱེད་གྲབས་ཐོས་པས་སེམས་ཀྱིས་མ་བཟོད་ནས་བླ་མ་པདྨ་དམ་ཆོས་དང་མཆོག་ཚང་དབོན་ཡོན་ཏན་སེང་ཚང་སྦྱིན་པ་སོགས། འགྲོ་རྒྱུ་བྱས་པའི་སྔོན་དུ་དེ་བཞིན་དུ་གྱོད་མགོ་སྦྲེལ་མི་ཁ་ཤས་མངགས་པས། གྱོད་མགོ་བཀུག་རྟེན་རྟ་བོས་བཅུ་གསུམ་ཁྱེར་ནས་འོང་ཐོག་གཏམ་རྒྱུའི་ཆད་བྱས་བགོས་ནས་ཁོ་བོ་འགྱོགས་བྱང་ལ་བརྟན་ནས་ཐེག་གྲབས་བྱས་ཚེ་ཡུལ་མི་ཕོ་མོ་ཀུན་གྱིས་ན་ཚ་ལ་དཔྱད་ནས་ཕྱིར་འཁོར་རྒྱུ་མེད་ངེས་ཀྱི་སྡུག་བསྔལ་བཟོད་གླགས་མེད་པ་བྱས་བྱུང་ཡང་ཅི་མི་སྙམ་པའི་ངང་ནས་ཐེག་སྟེ་ཕྱིན་པས་འགྱོགས་ཤིང་ཁུར་མི་ཚོ་ཁུར་ལུགས་ལ་མ་གོམས་པ་འདྲ་མོས་ཕྱིར་ཉིན་ནས་ནས་དཔག་མི་ཐུབ་འདུག་པས་མཛོ་གཉིས་ལ་ཁྱོགས་བཅོལ་ཏེ་ཕྱིན་པ་ཞག་བཞིའི་འཕྲོར་གྲ་ལག་དགོན་དུ་འཁྱོལ་ཙམ་བྱས་ཀྱང་རླུང་ལོག་སྐྱོན་གྱིས་དྲན་མེད་དུ་འགྲོ་གྲབས་བྱས་ཤིང་དེ་ནས་ཐེག་རྒྱུའི་སྟོབས་ནུས་ཟད་ཅིང་ཐེག་བྲལ་དུ་གྱུར་པ་བསུ་མ་སེར་སྐྱ་བསམ་ཡོད་རྣམ་དག་བགྲོས་ཏེ་སྡེ་དགེར་རྒྱུ་མཚན་ཞུ་མཁན་ཚེ་རིང་བཀྲ་ཤིས་གཙོའི་དཔོན་གཡོག་མངགས་པས་མདུན་པ་ནས་དགོངས་པ་བཟང་ཁྲོལ་གྱིས་བཀའ་ཕེབས་གནང་བྱུང་ཡང་ཞག་ཁ་ཤས་ལ་ཐེག་མ་ནུས་བཞིན་དེ་གར་ལུས་སྐབས་བ་སྔོ་ཞུའི་རྟེན་དུ་རྟ་བཟང་རེ་གཉིས་ཡོང་བ་དགེ་སྤྲུལ་རིན་པོ་ཆེའི་དུས་འཁོར་གྱི་མཆོད་རྟེན་ངོ་མཚར་ཅན་ཞིག་བཞེད་སྐབས་ལ་ཐུག་འདུག་པས་རྟ་བཟང་གཅིག་དང་གོས་ཆེན་གཅིག་གཅན་ལྤགས་བཅས་དགུ་ཚན་ཞིག་ཞལ་འདེབས་བྱས། རིན་མོ་ཆེ་ཉིད་སྐུ་མཚམས་ཤིན་ཏུ་དམ་སྐབས་འདུག་ཀྱང་ལྷ་ཁང་ནང་དུ་ངེད་རང་དང་མཇལ་འཕྲད་ཅིག་ནང་སྐབས་རཏྣ་གླིང་པའི་རྩོད་བཟློག་སེང་གེའི་ང་རོའི་ལུང་དགོས་གསུང་བཞིན་ཕུལ་ནས་སྒར་ཐོག་ཏུ་ལྡོག་པའི་ལམ་ཞོར་དུ་མཆོད་རྟེན་ལ་ཡང་ཕྱག་ནས་བསྔོ་སྨོན་བཀྲ་ཤིས་བཅས་དགོངས་བཞེད་ལྟར་བྱས་ནས་དེ་ནུབ་སྒར་ཐོག་ཞག་ནང་པར་ཐེག་ནས་འགྱོགས་ཤིང་ཁུར་མི་དགོན་ནས་རྒྱལ་རོང་བ་ཁ་ཤས་མངགས་བཞིན་ཤ་ཚང་རུ་བའི་ཉེ་སར་བབས་ཁོང་ཚོ་ལ་སྦྱིན་པ་མཚོན་ཙམ་བྱས་ནས་ཕྱིར་ལོག། ཕྱིར་ཉིན་ཤ་ཚང་གི་ཕོ་གཞོན་འགའ་རེས་འགྱོགས་ཤིང་ཁུར་ནས་འཁྱག་ལུང་སྟོད་འབུད་ལུང་མདོར་བབས། དེ་ནུབ་ཕ་ཡུལ་བ་རྣམས་བསུ་མར་སླེབས་ནས་ཕྱིར་ཉིན་ཐེག་པས་ཚུགས་ཞག་གཅིག་གིས་སྒར་པ་ཆུ་ལུང་མདོར་འདུག་པ་དེར་སླེབས་པའི་ཞག་མང་ཤས་ཤིག་ལ་འགུལ་བསྐྱོད་སོགས་ཤིན་ཏུ་དཀའ་བ་བྱུང་ཚེ། སྐབས་དེར་བླ་མ་ཨུ་རྒྱན་ནོར་བུ་དང་། མཆོག་ཚང་བླ་མ་གཉིས་ཀའི་གཙོའི་གྲ་འཁོར་ཉུང་ཤས་ལ་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་མ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལུང་དང་། གཏེར་སྟོན་ཤེས་རབ་འོད་ཟེར་གྱི་གཏེར་མ་གྲོལ་ཐིག་ལུང་། དྭགས་པོའི་ཐར་རྒྱན་གྱི་ཁྲིད་ལུང་སྤེལ་མ་ཞིག་བྱས་མཐར་བླ་མ་ལ་ཨུ་རྒྱན་ནོར་བུ་དགེ་སྤྲུལ་རིན་པོ་ཆེའི་མདུན་སར་ཐེག །མཆོག་ཚང་བླ་མ་དེ་གར་རེ་ཞིག་བཞུགས་ཤིང་ངེད་ཅག་སྒར་སྡེ་མ་ལྷན་དུ་སྙི་ཆུ་བརྒལ་ནས་སྔ་མའི་ནས་ཀོང་མཚེར་དུ་བབས་ནས་ངས་མཆོག་ཚང་བླ་མ་བསོད་ནམས་རྒྱལ་མཚན་དང་འདས་ལོག་པ་ཆེ་བ་ཨུ་རྒྱན་བསྟན་འཛིན་སོགས་བླ་གྲྭ་ཁ་ཤས་ལ་ཀློང་ཆེན་མཛོད་བདུན་དང་ཡབ་རྗེའི་བཀའ་འབུམ་ཚང་མའི་དབང་ལུང་ཕུལ། སྐབས་དེར་རྫོགས་ཆེན་དབོན་སྤྲུལ་རིན་པོ་ཆེ་རྡོ་གསེར་ཕྱོགས་སུ་ཕེབས་ཞོར་ལྟ་བུ་ཁོ་བོར་འཕྲད་དུ་བྱུང་བར་ཅི་ནུས་ཀྱི་ཞབས་འདོགས་བསྒྲུབས། དེ་དུས་ཧོར་བྲག་འགོའི་གཙང་མདའ་དགོན་གྱི་བླ་མ་ཆེ་བ་སྦྱིན་པ་རྒྱ་མཚོ་དཔོན་གཡོག་ཉུང་ཤས་ཕེབས་པར་ཡབ་རྗེའི་ཀློང་སྙིང་པོ་ཏི་གཉིས་ཀྱི་དབང་ལུང་ཚང་མ་བྱས་ཤིང་ཁོང་གི་དགོངས་བཞེད་བཞིན་ཀློང་སྙིང་པོ་ཏི་གཉིས་ཀྱང་ཕུལ། སྐབས་དེར་ཧོར་བེ་རི་ནས་འཚམས་ཞུས་དང་བརྟགས་པ་ཞུ་མཁན་ཡང་འབྱོར་པས་རེ་འདོད་བསྐངས་ནས་ཕྱིར་ལོག །དེ་དུས་སྒར་སྡེ་མ་རྣམས་ན་ཚ་གོད་ཁ་སོགས་འོངས་ཤིང་འོང་ལྟས་གསལ་བར་ཕན་དུ་རེ་ནས་ང་རང་དང་པདྨ་དམ་ཆོས་གཉིས་ཀས་སྒྲུབ་དཔོན་བྱས་ནས་བླ་གྲྭ་ཉི་ཤུ་སྐོར་གྱིས་རྒྱུད་ཕུར་དང་འབྲེལ་པའི་སྲི་མནན་རྫོགས་ཆེན་ལུགས་བཞིན་གནད་སྨིན་ཞག་བཅུ་བར་བསྒྲུབས་ནས་མནན་པ་ཡང་གཟབ་རྒྱས་གནད་སྨིན་བྱས་ནས་བླ་མ་པདྨ་དམ་ཆོས་སོགས་གསེར་རྗེས་གཉིས་ཀའི་གྱོད་དུས་ཆད་བྱས་ཡོད་པ་བཞིན་ཐོག་ཏུ་ཕྱིན་ནས་གྱོད་འཕྲོ་ཅུང་ཟད་མ་གཏོགས་འགྲིགས་ནས་ཡར་སླེབས་བྱུང་། དེའི་ཤུལ་དུ་ངེད་ཅག་གི་སྒར་པ་བོག་ར་མའི་ནང་དུ་བབས་འཕྲལ་སྡེ་དགེ་ནས་ཧོར་འདྲ་དཔོན་གཡོག་གཉིས་བརྟགས་ཞུས་ཀྱི་ཆེད་དུ་སླེབས་བྱུང་བ་འཕྲལ་དུ་ཡར་ལོག །སྒར་གཞི་གཞན་མ་རྣམས་བོག་ར་མའི་ཐང་སོགས་གར་བདེར་བབ་བཅུག །དེ་རྗེས་ཡུན་མི་རིང་ཙམ་ནས་ཆོས་གྲགས་སྡེ་དགེ་ནས་མར་སླེབས་བྱུང་བས་དཔོན་མོ་ཚང་བདེ་ངེས་ཀྱི་སྐད་གསར་ཐོས་པར་དགའ་སྤྲོ་རྒྱ་ཆེན་བྱས། སྐབས་དེར་རྫོགས་ཆེན་དབོན་སྤྲུལ་རིན་པོ་ཆེ་དང་དབོན་པོ་བསམ་འགྲུབ་རྡོ་རྗེའི་གཙོའི་སྒར་པ་མང་ཤས་ཤིག་ངེད་ཀྱིས་སྒར་དང་ཉེ་སྐོར་དེ་གར་བབས་ནས་ཁོང་རྣམས་ལ་སྔོན་འགྲོའི་ཁྲིད་རྒྱས་བསྡུས་ཙི་ཡོད་རྣམས་དང་དངོས་གཞི་ཡེ་ཤེས་བླ་མའི་ཁྲིད་བཅས་ཕུལ་མཐར་ངེད་རང་ལ་རིང་འཚོའི་རྟེན་འབྲེལ་དུ་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་ཞབས་བརྟན་ཕུལ་བ་གཟབ་རྒྱས་སོགས་བདག་རྐྱེན་རྒྱ་ཆེན་པོ་གནང་བྱུང་། ཚུར་ལ་ཡང་ཆོས་འབྲེལ་ཞིག་ཞུས། རུ་བ་རྣམས་སོ་སོས་དབང་རེ་ཞུས་ནས་འབུལ་བ་ཡང་འོས་བབ་རེ་ཕུལ། ངེད་ཅག་གིས་ཀྱང་རྟ་ཆིབས་གཉིས། རོལ་གཉིས། དྲེའུ་གཅིག །ཁོ་བོའི་ཤམ་ཐབས་སྤུས་ལེགས་བྱང་བཞི་བཅུ་ཡོད་པ་ཞིག །གོས་ཡུག །ལིང་ཡུག །རས་ཡུག །གཅན་ལྤགས་སོགས་ཅི་འབྱོར་གཡོ་སྒྱུ་མེད་པའི་ཚུལ་གྱིས་ཕུལ། དབོན་པོ་བསམ་འགྲུབ་གཙོའི་བླ་མཆན་གྲྭ་མང་སོགས་ལ་ཡང་ས་བཅད་མ་སྟོང་ཙམ་བྱས་བཞིན་དབོན་སྤྲུལ་ཡར་ཕེབས། དབོན་བསམ་འགྲུབ་སྙི་བླས་གདན་འདྲེན་བྱུང་བཞིན་དེར་ཕེབས། ངེད་ཅག་ཚོས་སྡེ་དགེ་དཔོན་མོ་ཚང་གི་སྐུ་རིམ་ལ་དྲག་པོ་དཔལ་ཆེན་འདུས་པའི་སྒྲུབ་པ་ཞིག་བཙུགས་ནས་གྲུབ་མཐར། ཁོ་བོ་ལོ་མང་རབ་ཅིག་ནས་སྦྲ་དང་ནག་ཚང་སོགས་སུ་རེ་འགའ་ཙམ་ལས་གཏན་སྡོད་མ་བྱུང་སྐྱོན་གྱིས་རེ་ཞིག་ཁང་པ་ཞིག་ཏུ་མི་སྡོད་ཐབས་མེད་ཡིད་ལ་ཤར་ནས་བཀྲ་ཤིས་ལྷ་སྟེང་དུ་འགྲོ་གྲབས་བཅས་རྒྱུ་མཚན་རུ་བའི་བསམ་ཡོད་རྣམས་ལ་བཤད་པས་དེ་ལྟར་འདོད་མཁན་གཅིག་ཀྱང་མི་འདུག་ཕན་སེམས་ཀྱིས་ཉེ་རང་ཁ་ཤས་ཀྱང་འོངས་ནས་ཐམས་ཅད་ཀྱིས་བཀྲ་ཤིས་ལྷ་སྟེང་ཆུ་ངན་ཚུལ་དང་སྙི་བའི་སྡེ་གྲོང་མུ་གེ་ཆེ་ཚུལ་སོགས་སྐྱོན་ལབ་མང་དུ་བྱས་ནས་སྟག་རྩེའི་དགོན་དུ་མི་སྡོད་ཐབས་མེད་ཅེས་འཐེན་ཁྱེར་མང་དུ་བྱས་ཀྱང་མ་ཉན་ནས་ཟླ་༩ཚེས་༣ལ་དོ་བོ་བཀལ་བ་ལྟར་བྱས་ནས་ལམ་དུ་ཞུགས་པས་རྒྱལ་བཟང་ལུང་པ་ནས་ཐོན་ཏེ་སྒང་ལམ་བརྒྱུད་ནས་ལམ་རིམ་བགྲོད་ཀྱིས་ཚེས་ལྔ་ལ་དགོན་ཐོག་ཏུ་སླེབ་གྲབས་བྱས་སྐབས་བླ་མ་དཔོན་གཡོག་རྣམས་ཀྱིས་ཆིབས་བསུ་དང་དགོན་པས་རོལ་མོ་བཅས་དགའ་སྤྲོའི་ཉམས་དང་བཅས་ཏེ་འཚོགས་ཁང་དུ་ཕྱིན་པར་དགའ་སྟོན་སོགས་གང་ཅིའི་ཐད་ནས་ཤིན་ཏུ་བཟང་བར་བྱས་མཐར་བླ་མཆན་ཨུ་རྒྱན་བསམ་གཏན་གྱི་ཁང་པར་གནས་ཚང་དགོས་ཚུལ་བྱས་བཞིན་དགའ་བའི་རྣམ་འགྱུར་དང་བཅས་ཏེ་དེར་གཞིས་ཕབས་ནས་ཞག་ཁ་ཤས་ཀྱི་འཕྲོར། ང་རང་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བསྙེན་མཚམས་ཤིག་ལ་བསྡད། ཆོས་གྲགས་ཀྱིས་ཡིག་བརྒྱ་འབུམ་ཐེར་གྱི་མཚམས་བསྡོམས། གྲྭ་པ་གཞན་མ་ཚོར་རྩ་རླུང་གི་ཁྲིད་གནད་སྨིན་ཞིག་བྱས། དབོན་པོ་བསམ་འགྲུབ་ཀྱི་དགོངས་བཞེད་བཞིན་ཡོན་ཏན་མཛོད་ཀྱི་འགྲེལ་བཤད་ཅིག་ཕུལ་བ་སློབ་ཡུལ་དང་སློབ་མཁན་གཉིས་གོ་ལྡོག་ལྟ་བུའི་བློ་གྲོས་ཉིན་སྣང་ཇི་བཞིན་ལ་མར་མེའི་གསལ་སྒྲོན་འདྲ་མོར་འདུག་ཀྱང་། ཁྲིད་རྒྱུན་ཡོད་མེད་ཀྱི་ལུགས་བཞིན་རང་ནུས་ཚོད་ཀྱིས་ནན་ཏན་བྱས་ཁུལ་ལགས་སྐབས་དེར་རང་ཉིད་ཀྱི་དག་སྣང་མ་བདེ་ཆེན་ལམ་མཆོག་གི་ཕྱི་ནང་གསང་གསུམ་གྱི་སྒྲུབ་པ་ལ་ང་རང་དང་ཆོས་གྲགས་ནོར་བཟང་གསུམ་སོགས་བསྙེན་བསྒྲུབ་བཅས་འབྲེལ་པ་རེ་བཞག །མཐར་ཆོས་གྲགས་སྤྱི་སྒོས་འགའ་ཞིག་གི་ཆེད་དུ་སྡེ་དགེ་ལ་ལན་གཅིག་འགྲོ་དགོས་ཐུག་བཞིན་ཕྱིན་སྐབས། ཧོར་གཞུང་ནས་རང་སློབ་ཀུན་བཟང་ཉི་མ་དཔོན་གཡོག་གསུམ་ཡང་སླེབས་བྱུང་བར་དབང་ལུང་ཕྲན་བུ་བཅས་རེ་འདོད་སྐོང་ཁུལ་བགྱིས་ཤིང་རང་ཡུལ་དུ་ཐེག སྦྲུལ་ལོ་གསར་ངོམ་གྱི་ཟླ་ཚེས་ལ་དགོན་དེ་གའི་བླ་སྤྲུལ་གཉིས་ཀྱི་གཙོར་མཛད་གྲྭ་ཚང་དང་བཅས་ལ་༢ཡབ་རྗེའི་བཀའ་འབུམ་ཚང་མའི་དབང་ལུང་ཕུལ། ཟླ་བ་དེའི་ཚེས་གྲངས་བཟང་པོར་ལོ་སྔ་མར་གླེགས་བམ་འབྲི་རྒྱུའི་ཡོན་ཕུལ་བ་རྣམས་ཇི་བཞིན་གྲུབ་ནས་གཏད་དུ་བྱུང་བ་རྟེན་འབྲེལ་ལེགས་ཕྱོགས་སུ་གྱུར་ནས་བདག་གིར་བྱས། དེ་ནས་དུས་ཀྱི་རྒྱལ་མོ་ས་སྦྲུལ་གྱི་འཛུམ་ཞལ་གསར་དུ་ངོམ་པའི་ཟླ་ཚེས་ལ་རང་ཡུལ་དུ་ཐེག་ཀྱང་། རྐང་པ་མཚེ་མ་ཆག་པ་ཇི་བཞིན་འགུལ་བསྐྱོད་བྲལ་སྐྱོན་གྱིས་སེམས་བྲལ་བེམ་གཟུགས་ཁལ་དུ་བཀལ་བཞིན་ཚུགས་མལ་རིམ་བགྲོད་ཀྱིས་སྟག་ལུང་དགོན་དུ་སླེབས་ཚེ། གྲ་རིག་ཀུན་དང་རང་སློབ་ལྕམ་བརྩུན་སོགས་ཀྱིས་དགའ་སྤྲོའི་ཚུལ་གྱིས་བཞུགས་ཁང་དུ་བསུས་ནས་བཀུར་གཟོ་རྒྱ་ཆེན་དང་། དེ་ནུབ་བླ་མ་དམ་པ་སྐུ་མཚམས་འོག་ནས་འཕྲད་དུ་བྱུང་ཞིང་དང་སྟོན་པ་སོགས་དམ་ཚིག་སྲང་ཁའི་རྡོ་བཞིན་མི་འདོར་བའི་རྣམ་ཐར་བཟང་པོ་ངོམ་དུ་བྱུང་བ་ལ་རྗེས་སུ་ཡི་རང་ཐོབ། དེ་ནས་རང་སྒར་བསྙེགས་པའི་བཤུལ་ལམ་དུ་འོམ་བུའི་བྲག་དམར་ཕུག་ཏུ་གྲགས་པའི་ཕུག་སྒོར་ཞག་ཤས་བསྡད་པའི་ནུབ་གཅིག་མཁའ་རྒྱུའི་ཡི་དག་ཉམ་ཆུང་ཞིག་གི་ཐོ་འཚམས་སུ་བྱུང་བ་ཡབ་རྗེ་བླ་མའི་བཀའ་དྲིན་གྱིས་དམ་འོག་ཏུ་ཚུད་པར་གྱུར། སྐབས་དེར་རིང་འཚོའི་རྟེན་འབྲེལ་དུ་གྱི་ཕྱིར་མཁའ་འགྲོའི་སུན་བཟློག་གཅིག་བཏང་རྗེས་ཙམ་ནས་འདུས་པ་འབྲལ་བའི་ཆོས་ཉིད་གཞན་རྐྱེན་གྱིས་མངོན་དུ་གྱུར་འཕྲལ་པདྨ་དམ་ཆོས་དང་ལྷན་སྡོམ་གྱིས་རང་སྒར་སླེབས་བཞིན་མ་མགོན་གནད་ཡིག་ལྟར་སྒྲུབ་མཚམས་བཏང་ཁུལ་བྱས་ཀྱང་དམ་ཚིག་ཉམས་ཆགས་ཀྱི་རྒྱུ་ལས་ཚུལ་མཐུན་ཞིག་མ་བྱུང་། འོན་ཀྱང་ཐོག་མཐར་བསྐང་གསོ་སོགས་ཡིད་ཚིམས་པར་བཏང་ནས་རེ་ཞིག་བག་ཡངས་སུ་གནས་སྐབས་རོང་ཐའི་སེར་སྐྱ་མཆོག་དམན་ཀུན་གྲོས་མཐུན་གྱིས་ཁོང་སར་གྲོ་འདྲེ་ལངས་བརྒྱབ་པར་ཕན་དུ་རེ་ནས་འབོད་དུ་བྱུང་བར་ཕྱིན་ནས་རེ་འདོད་བསྐངས། དེ་བཞིན་སེང་ཚང་དང་མཆུ་གཙང་ཤ་ཚང་ཁག་རྣམས་སུ་ཕྱིན་ནས་བདུད་གཅོད་ཀྱི་སྒོ་ནས་ཚར་གཅོད་རྗེས་འཛིན་གནད་སྨིན་བགྱིས་ཁུལ་ལ་ཡབ་རྗེའི་བཀའ་དྲིན་མངོན་གྱུར་བཞིན་ལྷོང་ཚད་ཚར་ཚད་འོངས་བར་ཡིད་ཆེས་ཐོབ་པ་བྱུང་། སྦྱིན་བདག་རྣམས་ཀྱིས་ཀྱང་ཅི་མཛད་ཁྱེད་ཤེས་གྱི་བློ་གཏད་དང་འབུལ་ནོད་གྱ་ནོམ་པ་ཡང་བྱུང་། ལར་འན་བུས་ཁམས་དབུས་ཀྱི་བླ་མ་སྤྱི་དང་ཁྱད་པར་ཡབ་རྗེ་རྡོ་འཆང་གི་རྗེ་ཞབས་པད་ཟིན་ཕྱིན་ཆོས་བརྒྱད་སྐྱོན་དུ་མཐོང་ཞིང་ཚིག་སྐམ་དོན་དུ་མི་གཉེར་བ་ཞིག་ཡིན་མོད་ཀྱང་རེ་ཞིག་ལྟར་སྣང་ཙམ་དུ་བསྡུ་བ་རྣམ་བཞིའི་སྤྱོད་པ་ཡང་ལུགས་བཞིན་བསྐྱངས་ཤིང་། དགེ་བསྙེན་གྱི་ཁྲིམས་ལ་གཞི་བཅས། བྱང་སེམས་ཀྱི་བསླབ་པའི་གཞུང་བསྲིངས། གསང་སྔགས་ཀྱི་དམ་ཚིག་ཆེ་ཕྲ་ཐམས་ཅད་བླ་མ་ཁོ་ནའི་དམ་ཚིག་ལ་བསྡུས་ཏེ་བསྲུང་བར་རློམས་ཀྱང་ཤིན་ཏུ་དཀའ་བའི་རང་བཞིན་དུ་གོ། འོན་ཀྱང་མེད་པ་གཅིག་པུ་ཕྱལ་བ་གསུམ་གྲུབ་པ་ཐོབ་པའི་སྤྱོད་ཡུལ་ཡིན་ལ་ཡིན་བཞིན་དུ་སེང་གེའི་རྗེས་སུ་ཝ་སྐྱེས་མ་མཆོང་ཁུལ་གྱིས་སྔགས་དམ་ལ་ཉམས་ཉེས་ཆེན་པོ་མ་བྱུང་སྙམ་པ་ཡང་རྣམ་ཐར་བཟང་པོར་རློམ་བཞིན་རྗེས་འཇུག་རྣམས་ཀྱང་དེར་དཀྲི་བ་ལ་འདུན་ཀྱང་ད་དུས་ཀྱི་མི་རྣམས་ཕལ་ཆེ་བ་ཉན་རང་དང་མ་ངེས་པའི་རིགས་མང་ཞིང་ཐེག་ཆེན་གྱི་རིགས་ཁས་འཆེ་ཡང་དོན་ལ་མི་གནས་པ་མང་ཞིང་ཁྱད་པར་རིགས་ཆད་པ་དང་། སྡིག་གྲོགས་དང་བྱིས་གྲོགས་ཀྱི་དབང་དུ་སོང་བ་དང་། ལས་མཐའ་ལོག་པའི་དགེ་སློང་སྐར་བཟང་ལ་འགྲན་པ་མང་ཞིང་། སྔགས་ལམ་དུ་ཞུགས་རློམ་ཤིན་ཏུ་མང་ཡང་རུ་ཏྲའི་རྒྱུར་མི་འགྲོ་བ་ཉིན་སྐར་བཞིན་དཀོན་ངེས་སུ་འདུག་པས་སྔགས་འདིས་དམྱལ་བར་འཕེན་ནམ་འཕྱང་མོ་ཉུག་ཏུ་གྱུར། འོན་ཀྱང་རང་གི་སེམས་བསྐྱེད་གྱི་འཕེན་པས་ཅུང་ཟད་དྲག་སྙམ་པ་ཡང་བྱུང་ཞིང་། སྐབས་དེར་འོམ་གཞུང་ནས་སྒར་ཐེག་སྟེ་བྲག་ཆེན་གཞུང་དུ་བབས་དུས་ང་རང་གི་ལུང་གིས་ཟིན་ཅིང་རྫོགས་ཆེན་དབོན་སྤྲུལ་རིན་པོ་ཆེ་ནས་བདག་གིར་གནང་བའི་སེང་ཚང་སྦྱིན་པ་ཞེས་ཆུ་སྐྱེས་དཔའ་བོའི་རིགས་སུ་གཏོགས་པའི་རིགས་ཀྱི་མྱུ་གུ་ངོ་མཚར་གྱི་རྟགས་མཚན་རྫོགས་པ་ཞིག་འཕེན་སྤྲུལ་སྐུའི་ཡང་སྲིད་དུ་ངོས་བཟུང་ནས་ཁྲི་འདོན་བྱས་འཕྲལ་རང་སྒར་སླེབས་བཞིན་རྡོ་སྨད་དཔོན་གྱི་སྙུང་གཞིར་ཕན་རེས་ཡུལ་དེར་འགྲོ་རྒྱུར་བློ་ཕྱོགས་སོ། དེར་ཡང་གོང་གསལ་སྤྲུལ་སྐུའི་དོན་ལ་མཁས་རློམ་ལ་ལ་དང་སེར་གཟུགས་བ་ལང་གསེར་མདོག་ངོམ་པ་འགའ་དང་སྐྱེས་བུ་ཕོ་མོ་བསོད་ནམས་མ་ཡིན་པའི་ལས་ལ་ནན་གྱིས་འཇུག་ཅིང་སྡིག་པ་བྲེ་སོགས་ཕུལ་སོགས་བྱེད་པ་ཀུན་གྱིས་རྒྱུ་སྦྱིན་བཀའ་ལོག་ཡིན་པས་སྤྲུལ་སྐུ་འཁྲུངས་རྒྱུ་མི་འཐད་པར་སྨྲ་བ་དང་། ཁོ་བོས་དེ་ཉིད་ངོས་བཟུང་བྱས་པར་དཔྱས་འདེབས་པ་དག་སྣང་མོད་ཀྱང་། འདི་འདྲའི་རིགས་ལ་ལན་འདེབས་ལས་ཁ་རོག་ཏུ་འདུག་པ་དགའ་མོད། ཅིའི་ཕྱིར་ནང་དམུས་ལོང་གི་ཚོགས་ལ་འོད་ཟེར་བརྒྱ་པའི་གནས་ཚུལ་བཤད་ཀྱང་ཁོ་རང་ཚོས་མཐོང་མ་མྱོང་བས་ཕྱིར་རྒོལ་བ་དང་མཚུངས་སོ། མཁྱེན་ལྡན་བློ་གཟུ་བོར་གནས་པ་རྣམས་ལ་ཅུང་ཟད་ཞུ་ན། སྔོན་འཕགས་ཡུལ་གྱི་དགེ་སློང་མ་ཚད་ལྡན་ཞིག་གིས་མོ་རང་གི་ལུས་ཀྱིས་སེམས་ཅན་ལ་ཕན་ཐོགས་ཆུང་བས་རིགས་རྒྱུད་བསྐྲུན་ཏེ་བསྟན་འགྲོར་ཕན་ཐོགས་པར་ཐུགས་བསྐྱེད་ནས་སྐྱེས་པ་དང་འདུས་པས་ཐོགས་མེད་དང་དབྱིག་གཉེན་གཉིས་འཁྲུངས་པ་དང་། གླང་དར་མས་མཆོག་གསུམ་གྱི་རྟེན་མང་དུ་བཤིག་ཀྱང་མ་ཁེགས་པར་མངའ་བདག་འོད་སྲུང་ཆོས་ཀྱི་རྒྱལ་པོ་དེ་འཁྲུངས་པ་དང་། སེམས་དཔའ་ཆེན་པོ་གཙང་མདའི་ཀརྨ་སྨིན་གྲོལ་དུ་གྲགས་པ་ཡང་དགེ་སློང་མི་ནག་གི་སར་བབས་པ་ཞིག་གི་རིགས་ཀྱི་མྱུ་གུར་སྐྱེ་བ་བཞེས་པ་སོགས་ཤིན་ཏུ་མང་ཞིང་། རྒྱུ་སྦྱིན་ཐོས་བསམ་སྒོམ་གསུམ་དད་པ་སྙིང་རྗེ་བསྐྱེད་རྫོགས་སྒོམ་བཟླས་གང་གི་ཐད་དུའང་མི་ནག་སྡིག་སྤྱོད་རྣམས་དང་ལས་མཐའ་ལོག་པའི་གང་ཟག་སྒོ་གསུམ་གྱིས་ཆོས་ཉིད་མཉམ་སྤོང་བྱས་པ་དག་གི་དོ་ཟླ་མ་ཡིན་པས་ཁྱེད་ཅག་ཚོས། ཁ་ནི་ཉེས་ལྟུང་ཀུན་གྱི་སྒོ་ཞེས་གསུང་པའི་དོན་དྲན་པར་མཛོད་ལ་སངས་རྒྱས་ལས་གཞན་པ་སུས་ཀྱང་ཆོས་དང་གང་ཟག་གི་ཚོད་མི་ཟིན་པས་རང་ཉིད་ཚོད་ལས་མ་ཐལ་བའི་བག་ཡོད་བརྟེན་ན་དགའ་བར་ངེས་སོ། དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་བརྩེགས་པ་ལས། ང་དང་ང་འདྲ་བས་གང་ཟག་གི་ཚོད་བཟུང་དུ་རུང་གི་གཞན་དག་གིས་ནི་མ་ཡིན་ནོ། །ཞེས་གསུང་པའི་དོན་ལ་རྟོག་འཇུག་ཞིབ་བར་མཛོད་ཅིག །དེ་ནས་སྐབས་དེར་རྡོ་སྨད་ཕྱོགས་སུ་ཐེག་ཅིང་རིགས་ལྔའི་རྫོང་ཆེན་ལྔའི་ཐུགས་རྗེ་རྡོ་རྗེ་རྫོང་གི་གནས་མདོར་དཔོན་ཚང་སྔོན་དུ་ཕེབས་འདུག་པ་དང་སྒར་པ་བསྡམས་ནས་ལྷན་དུ་ཞག་དགུར་བསྡད་སྐབས་བདུད་གཅོད་ཀྱི་གཞུང་ལྟར་ཕུང་པོའི་མཆོད་སྦྱིན་ནན་དུ་བཏང་ཞིང་མཐའ་གཏད་ཀྱང་རིམ་བཞིན་བཏང་ནས་གནས་སྐོར་ལ་ཐེག་པའི་བཤུལ་ལམ་རིམ་བགྲོད་ཀྱིས་མཚོ་དཀར་འགྲམ་དུ་ཕྱིན་ཚེ་བསང་མཆོད་དང་ལུས་སྦྱིན་གཏད་བཅས་བྱས་ནས་ཐེག་པས་རྒྱུས་མཚོའི་ཉེ་སར་ཞག །དེར་ཡང་གཞུང་ལྟར་ཕུང་པོའི་མཆོད་སྦྱིན་དང་ཚོགས་བརྒྱ་ཡང་བཏང་། ཕྱི་ཉིན་མཚོ་ཁར་ཕྱིན་ནས་ལུས་སྦྱིན་དང་མཐའ་གཏད་བཅས་གྲུབ་ནས་ཕྱིར་ནངས་ཐེག་སྟེ་རིམ་བཞིན་གཙོ་བོའི་མཚོ་ཁུ་བྱུག་སུམ་མདོའི་དུར་ཁྲོད། སྐུ་བླ་གཉན་རྩེའི་མདུན་ཞོལ་རྣམས་སུ་ལུས་སྦྱིན་དང་གཏད་ནན་ཏན་བགྱིས་ཁུལ་ལགས་ཀྱང་ལྷོང་འཚུབ་གྱི་རྣམ་པ་གང་ཡང་མ་བྱུང་ཡང་། ནང་དང་གསང་བའི་ཉམས་ལྟས་བློ་ཁེལ་བ་འདྲ་མོ་བྱུང་། རང་ཡང་གནས་འབྲེལ་དུ་ཕྱིན་པས་གློ་བུར་དགའ་བར་གྱུར་བཞིན་རྡུར་ཐེག་པས་སྔར་གྱི་སྡོད་ཡུལ་མཚོ་ནག་གི་ཆུ་མདོར་སླེབས་པས་དེར་མཁའ་འགྲོའི་ཚོགས་ལ་བརྟེན་པའི་ཚོགས་བརྒྱ་སོགས་རྗེས་ཆོག་ཀྱང་བྱས། གནས་སྐོར་ལམ་ཞོར་དུ་བློ་ངོར་གནས་ཡིག་ཅིག་འདུ་བྱས་ཀྱང་འགལ་འདུ་བྱུང་ངོམ་དོང་ཀྱང་ཐལ་ཟིན་ལྡོག་རྒྱུ་མཆིས། དེ་ནས་ཐེག་སྟེ་ཤུག་ཞོལ་ཟེར་བར་ཞག་མལ་བྱས་མཐར་དཔོན་ཚང་དེར་རེ་ཞིག་བཞུགས་འཇགས་དང་། ངེད་ཅག་རང་ཡུལ་ལ་ཕྱོགས་ཏེ་ལམ་རིམ་བགྲོད་ཀྱིས་སྒར་ཐོག་ཏུ་སླེབས་རྗེས་རང་སྡེའི་ནང་དུ་གྲོང་ཆོག་ཅིག་ལ་ཕྱིན་སྐབས་བདེ་ཆུང་རྡོ་སྟོད་རུ་བའི་ནང་དུ་སྐོར་ཙམ་ཕྱིན་ནས་ཕྱིར་རང་སྒར་དུ་འཁོར་ཚེ་རྒོད་སྤིས་ཟོན་ནེ་ཚང་གི་འདྲེ་དོགས་སེལ་ཕྱིར་འབོད་དུ་བྱུང་བར་ཕྱིན་ནས་གཅོད་ཡུལ་གྱིས་ལས་ལ་སྦྱར་ཚེ་ཉམས་གང་ལ་ཡང་ཚར་ལྷོང་འདྲེས་མའི་རྟགས་མཚན་ཅི་རིགས་བྱུང་བ་བཟང་རྟགས་སུ་ཐག་བཅད་དེ་རང་སྒར་དུ་སླེབས་པ་ཞག་ཁ་ཤས་ཀྱི་འཕྲོ་ནས་རང་གི་སྤུན་ཟླ་མཆོག་གྲུབ་ནད་ཀྱིས་ཐེབས་པར་སྨན་དཔྱད་རིམ་གྲོ་སོགས་ནན་ཏན་བྱས་པས་ཇེ་བདེར་སོང་སྐབས་སྒར་ཐོག་ཏུ་སྡོད་ཡུལ་བྱས་ཚེ། དབལ་ཤུལ་སངས་རྒྱས་འབུམ་ཚང་གི་གདུང་རྒྱུད་ལྔ་པ་སྟོབས་ལྡན་མགོན་པོ་ཞེས་པ་ཆོས་སྲིད་གཉིས་ཆར་མེས་དབོན་རྣམ་གསུམ་ལ་འགྲན་བཟོད་པ་དེ་ཉིད་སྙིགས་དུས་འདིར་འབྱོར་དཀའ་བར་མ་ཟད་ཆབ་འབངས་མི་དགེར་སྤྱོད་པས་བསོད་ནམས་ཉམས་སྟེ་ཆོས་རྒྱལ་དམ་པས་སྤངས་ནས་རེ་ཞིག་ཀུ་སུ་ལུའི་བརྟུལ་ཞུགས་ཀྱིས་འདིར་ཕེབས་ཡོད་པར་ཕན་དུ་རེ་ནས་དབང་བསྐུར་སོགས་ནན་ཏན་གྱི་ཞོར་དུ་རང་སློབ་ཨཪྱ་དྷེ་ཝས་སྔོན་ནས་ཡང་ཡང་བསྐུལ་ཐོག་གསར་དུ་ནན་ཏན་བགྱིས་པར་ངོ་ལྡོག་མ་ནུས་བཞིན་དབང་ལུང་བྱེད་པར་ཕྱོགས་ཚེ། དད་དམ་ཐོས་པའི་ནོར་ལྡན་ཧོར་པ་ཀུན་བཟང་ཉི་མ་བླ་གྲྭ་གསུམ་བཅས་ཀྱང་སླེབས་བཞིན་འདུས་པ་སུམ་ཅུའི་སྐོར་ལ། ༧ཡབ་རྗེའི་ཀློང་སྙིང་པོ་ཏི་གཉིས་མཁའ་འགྲོ་སྙིང་ཐིག་མ་བུ། བླ་མ་ཡང་ཏིག །བི་མ་སྙིང་ཐིག་དང་གསང་སྐོར་སྙིང་པོར་དྲིལ་བ་ཟབ་མོ་ཡང་ཏིག །ཀུན་མཁྱེན་ཆེན་པོའི་མཛོད་བདུན་དང་། ངལ་གསོ་སྐོར་གསུམ་ཤིང་རྟ་རྣམ་གསུམ། གསང་རྙིང་བཅས་འགྲེལ་དང་བཀའ་ཐོར་བུ་བཅས་ཀྱི་ལུང་། སྙིང་ཐིག་གོང་མ་གསུམ་གྱི་དབར་བསྐུར་ཡང་གྲུབ། སྐབས་འདི་དག་ཏུ་དགའ་སྐྱོ་འདྲེས་པའི་ཉམས་དང་། རྨི་ལྟས་ཡ་མ་ཟུང་མང་དུ་བྱུང་ཞིང་དུས་དེར་གཞན་མ་འགས་བཅུ་གཉིས་པ་ཟླ་ནག་དང་། ཉེར་དགུ་ཆད་པར་བརྩི་ཉིན་འཕྱི་བའི་སྡོད་ཡུལ་ལྟ་བུའི་གནས་ཁང་ཞིག་གི་ཆེད་དུ་ས་མིག་ཅིག་བཟུང་ས་ཆོག་བསྡུས་པ་ཞིག་བཏང་ཡང་ས་དེའི་གནས་བདག་ཞན་པའི་སྐྱོན་གྱིས་ཕུགས་མི་ཤིས་པར་རྟོགས་ཏེ་ས་བཟང་གཞན་ཞིག་ཏུ་བློ་ཁ་བསྒྱུར་བ་ཡང་བླ་མའི་ཐུགས་རྗེ་ལས་གཞན་མིན་པའི་ངེས་པ་གསར་དུ་ཐོབ་པོ། ལར་དེ་སྔོན་གསང་སྔགས་ཁྲོ་མེ་ཆོས་སུ་བཀླགས་པ་དང་དམ་ཉམས་དང་དམ་མེད་སོགས་ལ་གསང་བ་སྤེལ་བ་སོགས་ལ་མཐོལ་པ་བཤགས་ནན་ཏན་ཞིག་ཐེབས་མཐར་བསམ་སྒོམ་ཁོ་ནས་གཞན་ཕན་སྨོན་པ་ལས་ལུས་ངག་དངོས་ཀྱིས་གདམས་པ་གཞན་ལ་འཆལ་བའི་བྱ་བ་ཅུང་ཟད་སྐྱུང་བར་འདོད་དོ། །འདིར་སྨྲས་པ་དེ་སྔ་དེ་སྔོན་ཡན་གྱི་རྣམ་ཐར་གཟུགས། །སྡུག་དང་མི་སྡུག་ཁྲོམ་ཚོགས་མངོན་རྟོགས་བཞིན། །མ་བཅོས་དྲང་པོའི་རྫིང་བུར་སྣང་བ་ལས། །སྐབས་འདིར་བསྐྱར་ནས་ཟློས་དགོས་ག་ལ་ཞིག །དེ་ཕྱིར་ནང་དང་གསང་བའི་རྣམ་ཐར་ཟླ། །སྐལ་མཉམ་བྱིས་པའི་ཆུ་སྣོད་འགའ་ཞིག་ལ། །སྣ་བར་བགྱིད་ལ་མཚར་རྩེད་གནས་ཀྱིས་ཤིག །ཁོ་བོ་ཅུང་ཟད་ལས་སྨོན་མ་དག་པས། །རྡོ་ཡུལ་སྟོད་ཆར་ལུས་རྟེན་མྱུ་གུ་བཟུང་། །བགྲང་བྱ་བཅུ་གསུམ་དུས་སུ་ཆོས་སྒོར་ཞུགས། །ཉི་ཤུའི་དུས་སུ་དབུས་ཕྱིན་ཕྱག་ཆེན་མཉན། །ཉེར་དྲུག་ཕྱིར་སླེབས་ཕ་ཡུལ་མི་དགེས་བཟུང་། །སུམ་ཅུའི་སྐབས་སུ་སྐྱོ་ཤེས་ངེས་འབྱུང་གིས། །བསྐུལ་ཏེ་རྫོགས་ཆེན་ཆོས་གྲར་བསྙེགས་ནས་སུ། །སྙིང་ཐིག་ཡ་བཞི་ལ་སོགས་མཉན་བསམ་བགྱིས། །དབུས་ཕྱིན་སླར་ཡང་ཕྱག་ཆེན་བསྐྱར་ནས་ཞུས། །སླར་ཡང་རུ་དམ་གངས་བྲག་ཕུག་པ་འགར། །ལོ་བདུན་ཕྱག་རྫོགས་གདམས་པ་གང་ཐོབ་ལ། །སྦྱང་པ་ནན་ཏན་བྱས་རིགས་བདག་གིས། །ལུང་བསྟན་ཇི་བཞིན་ཡབ་རྗེ་མཇལ་བ་དང་། །གཞན་ཡང་དམ་པའི་མགོན་འགས་རྗེས་སུ་བཟུང་། །སྨིན་གྲོལ་མང་ནོད་གཉན་ས་རི་ཁྲོད་སོགས། །ཉུལ་ཞིང་གདམས་པའི་གནད་ལ་གོམས་འདྲིས་བྱས། །དེ་ལྟ་ནའང་མཁས་གྲུབ་སྔོན་བྱོན་དང་། །བྱེད་ཚུལ་མཐུན་ཏེ་བསྒྲུབ་ལ་བརྩོན་མོད་ཀྱང་། །མི་མཐུན་ལམ་གྱི་གྱེས་མདོ་འདི་ལྟར་བྱུང་། །མི་ལས་ལོ་དྲུག་བསྒོམས་པས་གྲུབ་པ་ཐོབ། །རྡོ་བླས་ལོ་དགུར་བརྩོན་ཀྱང་གྲུབ་འབྲས་དབེན། །སྙི་སྒོམ་མི་ལ་ཟླ་དྲུག་བསྟེན་འབྲས་ཀྱི། །རླུང་སེམས་ལས་རུང་སྤྲོས་བྲལ་རྟོགས་པ་ཤར། །རྡོ་བླས་ལོ་མང་བརྩོན་འགྲུས་བྱས་ཁུལ་ཀྱང་། །གྲུབ་འབྲས་བླུན་པོས་བཀུར་གཟོ་ཆེ་བ་ཙམ། །ས་ཆེན་བྷོ་ཊར་གང་དར་ཆོས་ལ་སྦྱངས། །གྲུབ་འབྲས་རྒྱ་བོད་ཧོར་གསུམ་བླ་རུ་འཕགས། །རྡོ་བླས་ཐོས་བསམ་སྒོམ་གསུམ་བྱས་རློམས་ཀྱང་། །བ་ལང་དབུས་སུ་གསེར་མདོག་ངོམ་པ་ཙམ། །ཀུན་ཆེན་ཆེན་པོས་ལོ་དྲུག་ཨ་ཏིའི་དོན། །བསྒོམས་པས་ཁྲེགས་ཆོད་ཐོད་རྒལ་མཐར་ཕྱིན་གྱུར། །རྡོ་བླ་ད་དུང་ཐ་མལ་ངང་དུ་ལུས། །པདྨ་རིག་འཛིན་བགྲང་བྱ་ཕྱོགས་ཀྱི་སྲིད། །རྫོགས་ཆེན་བསྒོམས་པས་ཚད་ཕེབས་མངོན་དུ་གྱུར། །རྡོ་བླ་དྲུག་ཅུ་བརྒལ་ཀྱང་ཆགས་སྡང་ངང་། །ཡབ་རྗེས་ལོ་དྲུག་བསྒོམས་པས་མདོ་སྔགས་ཀྱི། །འབྲས་བཟང་རྫོགས་པ་ཆེན་པོར་སྨིན་སྟོབས་ཀྱིས། །ལྷར་བཅས་འགྲོ་བ་ཡོངས་ཀྱི་མགོན་དུ་གྱུར། །རྡོ་བླ་ཕྱོགས་ཀུན་ཉུལ་ཡང་རེ་དོགས་ངང་། །ཡང་ཅིག་བྱེད་ཚུལ་མཛེས་ཀྱང་འཁོར་བ་དང་། །མཐུན་པ་གསང་བའི་རྣམ་ཐར་འདི་བཞིན་ངོམ། །དམག་ཇག་དཔེ་སོགས་གཞན་འཇོམས་ལས་ལ་བརྩོན། །རྡོ་བླ་ཤི་གསོན་དཀོར་ལ་བག་མེད་སྤྱོད། །སྡེ་དཔོན་ལ་ལ་རང་སྡེ་མནར་ལ་བརྩོན། །རྡོ་བླ་ཕྱི་མ་རང་ཉིད་སྡུག་ཐབས་བྱེད། །བླ་མ་ཕལ་ཆེར་ཕྲིན་ལས་སྣ་ཚོགས་སྟོན། །རྡོ་བླ་གསང་སྔགས་སྣོད་མིན་ཚོགས་ལ་འཆད། །ཐོས་བསམ་ནོར་ལྡན་སྐྱེས་མཆོག་འགའ་དང་འགའ། །གཞན་གྱི་མི་ཤེས་མུན་སེལ་ཉིན་བཞིང་གསལ། །རྡོ་བླ་བློ་མང་སྣ་ཚོགས་ཤེས་རློམས་ཀྱང་། །ཉིན་སྐར་ཇི་བཞིན་འོད་ཟེར་སྤྲོ་མི་ནུས། །མོས་ལྡན་སྒོམ་ཆེན་པ་རྣམས་ཉམས་མྱོང་དང་། །བསྐྱེད་རྫོགས་བཟླས་སྒོམ་མ་གཏོགས་གཡེང་བ་དོར། །རྡོ་བླ་ཐོས་བསམ་བྱེད་ཚེ་སྒོམ་ལ་སྨོན། །སྒོམ་ཚེ་ཐོས་བསམ་ལ་གཡེང་གཉིས་ཀ་དམན། །བླ་ཆེན་འགའ་ཞིག་སྣ་ཚོགས་ཕྲིན་ལས་ཀྱིས། །འགྲོ་ཕན་བསྒྲུབ་ལ་ནམ་ཡང་གཡེལ་བ་མེད། །རྡོ་བླས་དགྲ་འདུལ་གཉེན་སྐྱོང་ལ་བརྩོན་ཀྱང་། །ཕྱི་ཕྱིར་ཆགས་སྡང་ཇེ་འཕེལ་རྒྱུ་ལས་ཅི། །ཐོས་བསམ་མི་གཉེར་བཟླས་སྒོམ་དོན་གཉེར་འགས། །གྲོང་ཆོག་ཞོར་དུ་ཡེངས་མེད་ལམ་ཁྱེར་བརྩོན། །རྡོ་བླ་མཚམས་སྒྲུབ་བྱས་ཀྱང་གྱི་ནའི་ངང་། །མི་ནག་ལ་ལར་ནམ་འཆིའི་འཚེར་བག་ངང་། །རྡོ་བླ་འཆི་ཁར་སླེབས་ཀྱང་སྡོད་རྩིས་བྱེད། །དམ་ལྡན་མཁས་ཚོགས་དམ་ཚིག་ནོར་བུ་བསྲུངས། །རྡོ་བླ་དད་མེད་སྦྱིན་བདག་ངོ་བསྲུང་བྱེད། །མི་ནག་ཕལ་ཆེར་མཆོད་གནས་སུ་ཡང་བརྩི། །རྡོ་བླ་འབྲེལ་ཐོགས་བླ་མར་མོས་གུས་ཆུང་། །དེ་བཞིན་ལྟར་སྣང་ཆོས་དང་མཐུན་མོད་ཀྱང་། །མི་མཐུན་བསམ་སྤྱོད་འགལ་བའི་མངོན་རྟོགས་གཟུགས། །གསང་བའི་རྣམ་ཐར་གབ་པ་མངོན་བྱུང་ལགས། ༧ ཡང་གོང་གི་རྣམ་ཐར་བཅོས་མའི་འཕྲོར་བྲག་ཆེན་སྤང་ཚང་གི་སུམ་མདོའི་ཆ་བཀོད་ལེགས་ཤིང་དགེ་བཅུ་ཚང་བའི་སའི་ཆར་གཟུགས་ཅན། གཟུགས་མེད་ཀྱི་ས་བདག་སྤྱི་སྒོས་རྣམས་དང་མཐུན་ཐབས་བྱས་ནས་ལྕགས་རྟའི་ཟླ་༣ཚེས་༡༨ལ་གཅོད་ལུགས་ཀྱི་གི་ས་འདུལ་དང་ཕུར་སྒྲུབ་གནད་སྨིན་བསང་གསོལ་སོགས་ཀྱིས་ས་གཞི་ལས་སུ་རུང་བར་བྱས་མཐར་སྒྲུབ་ཁང་ཀ་བརྒྱད་མ་ཞིག་གི་ཕྱི་ནང་གི་ཐིག་སོགས་ཀྱི་བཀོད་པ་རགས་རིམ་ཞིག་བྱས་འཕྲལ་མགོ་ལོག་དབང་ཆེན་སྨད་པའི་དཔོན་ཆེན་པུཔྱེ་ལཀྵ་དུས་ལས། ཡོལ་བའི་ཆེད་དུ་དཔོན་ནོར་བུ་ངོས་གཡོག་ཟུང་སྡེབས་ནས་ཁོ་བོ་དེ་གར་མི་འགྲོ་ཐབས་མེད་ཀྱི་ནན་ངོ་ལྡོག་ཏུ་མ་ནུས་བཞིན་ཕྱིན་ནས་དབང་ཆེན་སྨད་ཀྱི་དཔོན་སྡེ་ཀུན་དང་སྟོད་པའི་ཡུལ་འབྲོག་ཀུན་ལ་རྣམ་དཀར་གྱི་འབྲེལ་འཇོག་དང་། གཞན་ཡང་མགོ་ལོག་ཨ་སྐྱོང་དཔོན་སེར་སྐྱ་ཁ་ཤས་དང་ཁྱད་པར་བླ་མ་དམ་པ་སྐུ་མཆེད་དང་མ་ཧཱ་རཱ་ཛའི་གོ་སར་བཞུགས་པའི་མི་རྗེ་དམ་པུཪྱ་པཱ་ལ་པུཥྚི་པས་དང་བ་སྟོན་བཞིན་འབོད་དུ་བྱུང་ཡང་རེ་ཞིག་རྟེན་འབྲེལ་འཕྲོ་ཅན་དུ་གྱུར་པར་ལུགས་ཟུང་གཉིས་ཆར་ནས་གང་ཅིའི་གཏམ་གྱི་བདུད་རྩི་ལ་སྤྱོད་པར་བྱས་པས་དངོས་འཕྲད་ལྟར་གཤམས་པར་བྱུང་བཞིན་རང་ཡུལ་ལ་ཕྱོགས་ནས་ཚུགས་མལ་རིམ་བགྲོད་ཀྱིས་རང་ཡུལ་དུ་ཕྱིན་ཚེ་སྔ་མ་ཞིག་ནས་ཤར་རྒྱ་བོད་ཀྱི་མཚམས་གཏེར་ལུང་དགོན་དུ་བཞུགས་པའི་སྐུ་ཞབས་བསེ་རིན་པོ་ཆེའི་བླ་མཆན་ཞིག་དང་། ཡུལ་སྨར་རོང་པའི་བླ་མ་སྔ་འགྱུར་གྱི་ཆོས་ལ་བག་ཆགས་ཡོད་པའི་རྣལ་འབྱོར་ཞིག་ཕྱིན་འདུག་པ་གཉིས་ཀའི་ཐུགས་བཞེད་ལྟར་འདུས་པ་ཁ་ཤས་ལ་སྙིང་ཐིག་ཡ་བཞི་དང་ཀློང་སྙིང་སོགས་ཀྱི་དབང་རང་ཉིད་ཀྱིས་བགྱིས་ཤིང་དེ་རྣམས་དང་མཛོད་བདུན་ངལ་གསོ་སྐོར་གསུམ། སྒྱུ་འཕྲུལ་གསང་སྙིང་སོགས་རྩ་འགྲེལ་ཚང་མའི་ལུང་རང་ཉིད་ཀྱི་སློབ་མ་འཇིགས་མེད་སྐལ་བཟང་ལ་བགྱིད་དུ་རྫལ་བཞིན་ཐེག་ཐེ་ཞིག་ན་སྔོན་འདས་བསྐལ་པ་མང་པོར་བླ་སློབ་དང་ཕ་བུ་སོགས་ཀྱི་འབྲལ་ཡོད་པ་དང་། ཁྱད་པར་ལྗོངས་ཀུན་མ་ཟད་པ་བྷེ་ལ་མི་འཕྲོག་པའི་དད་འདུན་ཡོད་པ་སྔོན་ལས་ཀྱི་འཕྲོ་ཅན་ཡིན་ཏེཿ དོན་ན་རྗེ་བཙུན་སྒམ་པོར་དད་པ་ཡོད་པ་དེའི་སློབ་མ་ཡིན་པའི་རྟགས་ཡིན་ལྟར། སྔོན་ལས་ཀྱི་སྐུལ་ཤནྟི་རསྨི་དང་རྫོགས་ཆེན་ནས་བརྒྱ་དཔོན་ཆོས་ལྡན་སྤུན་དང་རང་སློབ་དམ་ལྡན་འཇིགས་མེད་རིག་པའི་རལ་གྲི་སོགས་བླ་གྲྭ་འགའ་ཞིག་བྱུང་བར་སེམས་ཀློང་གཉིས་ཀའི་དབང་ལུང་དང་། གཅོད་ཀྱི་དབང་ལུང་སོགས་བྱས་ནས་རང་ཡུལ་དུ་ཐེག་རྗེས་མི་རིང་ཙམ་ནས་ཁང་པའི་ནང་དུ་སྡོད་ཡུལ་བྱས་ཤིང་ལྕགས་རྟའི་ཟླ་༡༠ཚེས་༥ལ་དམ་བཅའ་ཆེན་པོ་བཅུ་ལ་བརྟེན་ནས་བསྒྲུབ་ཁང་རྣམ་རྒྱལ་ཁང་བཟང་དུ་ཞུགས་པ་འདི་ནས་ཇི་སྲིད་གཟུགས་ཕུང་ནད་ཀྱིས་མནར་བས་སྲོག་གི་དབང་པོ་འགག་པ་དེ་སྲིད་དུ་སྒོ་གསུམ་ཐ་མལ་གྱི་གྲོང་དུ་མི་འཇུག་པར་བླ་མ་དམ་པའི་ཚོགས་རྣམས་དཔང་དུ་བཞག་པ་ལགས་སོ། ཨེ་མ་ཧོཿ །ངོ་མཚར་རྨད་ཀྱི་ཆོས། །བདག་རྡོ་བླ་ཀུན་བཟང་གཞན་ཕན་པ། །བླ་མ་བཅུ་ཕྲག་གཉིས་ཙམ་བརྟེན། །དབང་ཁྲིད་ལུང་དང་གདམས་པ་ཐོབ། །རིས་མེད་འགྲོ་བ་སྙིང་རྗེས་བསྐྱངས། །མཐོ་ལ་འགྲན་པར་མ་བྱས་པས། །བླ་དཔོན་མཐོན་པོས་བྱམས་པར་གྱུར། །དམན་ལ་བརྙས་པར་མ་བྱས་པས། །དམན་པ་ཀུན་ཀྱང་དགའ་བར་བྱུང་། །མཉམ་ལ་ཁྱད་གསོད་མ་བྱས་ཀྱང་། །མཉམ་པོ་འགའ་རེས་ཕྲག་དོག་བསླངས། །ཡར་མཆོད་ཅི་ནུས་བྱས་གྱུར་ཀྱང་། །ངས་བྱས་ངོམ་ཆོས་བྱས་པ་མེད། །སྦྱིན་བཏང་ལག་པ་མ་བསྐུམས་ཀྱང་། །ལན་ལ་རེ་ལྟོས་བྱས་པ་མེད། །དབང་ཁྲིད་ལུང་གསུམ་མང་མཉན་ཀྱང་། །བླ་མ་སྙིང་ནས་སྨད་པ་མེད། །རི་གངས་དབེན་པ་འགའ་བརྟེན་ཡང་། །སྒོ་གསུམ་ཡེངས་ལ་བོར་བ་མེད། །གཉེན་དང་ལྷན་ཅིག་བསྡད་གྱུར་ཀྱང་། །སུ་ལ་སྡང་བར་གྱུར་བསམ་མེད། །ཀུན་དང་སོ་སོར་བྲལ་གྱུར་ཀྱང་། །དེ་ལ་ཆགས་ཤིང་ཞེན་པ་མེད། །ད་ནི་བགྲང་བྱ་དྲུག་ཅུ་ཡི། །རྟེན་མ་མཐོན་པོ་བརྩེགས་མོད་ཀྱང་། །བདུན་ཅུའི་མགོ་སྔས་ཅི་འགྱུར་ཨང་། །འོན་ཀྱང་སྔོན་འདས་ལུགས་ཟུང་ཆོས། །ཐམས་ཅད་མདང་གི་རྨི་ལམ་ལྟར། །གར་སོང་ཆ་མེད་ཉིད་དུ་གྱུར། །ད་ལྟའི་བསམ་སྤྱོད་འདི་རྣམས་ཀུན། །སྒྱུ་མ་མཁན་གྱི་ཆོ་འཕྲུལ་བཞིན། །འབྱུང་འགྱུར་དགེ་དང་མི་དགེའི་ལས། །དོ་དགུང་རྨི་ལམ་རྨིས་དང་མཚུངས། །དེ་ཕྱིར་ཚེ་འདིའི་སྣང་ཞེན་ཆོས། །ཆེ་བཞག་ཆུང་བསྐྱུར་ལྔ་ལམ་དུ། །གློ་བུར་ཞུགས་པའི་མི་བཞིན་དུ། །སྒྲུབ་ཁང་ནང་དུ་ཞུགས་ཕྱིན་ནས། །ལུས་པོ་ནད་ཀྱིས་མནར་གྱུར་ཏམ། །ཡང་ན་འཆི་བ་མ་སླེབ་བར། །སྒྲུབ་ཁང་འདི་ནས་གཞན་ཞིག་ཏུ། །སྤོ་དགོས་བསམ་པ་སྐྱེས་གྱུར་ཚེ། །དམ་པའི་མགོན་རྣམས་བསླུས་པ་ཡིན། །བཀའ་ཆད་འཕྲལ་དུ་འབེབ་པར་མཛོད། །དམ་བཅའ་མཐར་ཕྱིན་འཆིར་ཉེའི་དུས། །འཁོར་འདས་གནས་ལ་རེ་དོགས་ཀྱི། །ཡིད་སྨོན་ཅུང་ཟད་མི་སྐྱེ་བཞིན། །རང་རིག་སྐུ་ལྔར་གནས་གྱུར་ཤོག །ལྕགས་རྟའི་ཟླ་ཚེས་ལ་སྒྲུབ་ཁང་དུ་ཞུགས་པའི། དགུན་དེར་དོན་གཉེར་འགའ་ལ་ཀློང་སྙིང་གི་སྔོན་འགྲོ་རླུང་ཁྲིད་ཐོད་རྒལ་སོགས་བྱས། ལུག་ལོ་གསར་སྐབས་བླ་མ་དམ་པ་པུཎྱེ་དྷྭ་ཛ་ཡང་ཕེབས་ཤིང་སྔར་ལོ་ནས་རྙིང་རྒྱུད་ཀྱི་ལུང་གསན་དགོས་ཀྱི་བཀའ་བསྐུལ་གནང་ལྟར་དང་། བེ་རི་ནས་དམ་ཆོས་ཀྱང་བྱོན་བྱུང་བའི་སྔོན་ཙམ་དུ་རས་པ་རྡོ་སྟོད་ནས་འབྱོན་ཐུབ་རེ་མེད་ཀྱང་དམ་ཚིག་དང་རྟེན་འབྲེལ་འགྲིག་འདོད་ཀྱིས་ཕེབས་བྱུང་བ་སོགས་ལ་སྤྲོ་སེམས་ཀྱིས་ལུང་འདོན་པ་ལ་ཞུགས་ཀྱང་ན་སོ་རྒས་པ་དང་། བྲོ་འཚལ་བ་སོགས་ཀྱིས་མཐར་ཕྱིན་མིན་དོགས་པའི་ངང་ནས་འདུས་པ་སུམ་ཅུ་སྐོར་ལ། དང་པོ་རྫོགས་ཆེན་ཀློང་སྡེའི་དབང་ལུང་དང་། རྒྱུད་བཅུ་བདུན་གྱི་དབང་ཞིག་གླིང་གིས་ཆོག་བསྒྲིགས་མ་ལྟར་གྱིས་ཆོས་སྒོ་ཕྱེས་ནས་ལུང་ལ་སྙིང་རུས་བསྐྱེད་ཅིང་དཀའ་བ་དང་དུ་བླངས་ནས་བཏོན་པས་ཟླ་བ་གཉིས་ལྷག་ཙམ་ནས་གྲུབ་རྗེས་དྭགས་པོའི་བཀའ་འབུམ་དང་། བདེ་མཆོག་ལྷ་ལྔ། བླ་སྒྲུབ་ཀྱི་དབང་བཅས་གྲུབ། སྟོང་སྐོར་དགོན་ནས་རབ་འབྱམས་པ་མིང་དོན་མ་འཛོལ་བ་བསྟན་པ་ཚུལ་ཁྲིམས་ཕྱོགས་ཞེན་སྤངས་ནས་བྱུང་བར་རྟ་མགྲིན་ཡང་གསང་དང་གཅོད་ཀྱི་དབང་ལུང་སོགས་བྱས། བསྙུང་གནས་ཀྱང་ས་བཅད་མ་སྟོང་ཙམ་འཚོགས། སྐབས་དེར་མཚོ་སྔོན་ནས་ཇ་སག་བློ་བཟང་ཆོས་དར་གྱི་བང་མི་གཉིས་སླེབས་བྱུང་ཞིང་ང་རང་ས་དེར་འགྲོ་དགོས་ཀྱི་ཡི་གེ་དང་སྐད་ཆ་མང་དུ་ལབ་བྱུང་ཡང་དམ་བཅའ་གཉན་པས་ཐབས་མ་བྱུང་ཞིང་ངོ་ཚབ་ཏུ་པདྨ་དམ་ཆོས་བྱོན་ནས་ཆོག་པར་བྱས། དེ་དང་ཆབས་ཅིག་ཀློང་གསལ་སོགས་ཁ་ཤས་ལྷ་ལྡན་དུ་ཕྱིན་པར་འབྲི་གུང་དུ། ༧ ཡབ་རྗེའི་སྤྲུལ་སྐུ་ཡང་ང་རང་མ་ཤིའི་སྔོན་དུ་འཕྲད་ཙམ་འོང་ན་བཀའ་དྲིན་ཆེ་ཚུལ་གྱི་ཞུ་ཡིག་ཀྱང་སོང་། དུས་དེ་ཙམ་ན་འཕགས་ཡུལ་གྲུབ་པའི་ཁྱུ་མཆོག་དཔལ་ཏི་ལི་པ་མིའི་རྫུར་ཞུགས་པ་ཀཿཐོག་ཕྱག་ཚ་སྤྲུལ་པའི་སྐུ་མཆོག་ཕེབས་བྱུང་བར་སྐུ་གསུམ་ཞི་ཁྲོའི་དབང་བསྡུས་ཤིག་ཞུས། ཕར་ལ་འང་མཁའ་འགྲོའི་དབང་དང་སེམས་བསྐྱེད་ཀྱི་བསླབ་པ་སོགས་ཕུལ། སྟོན་ཐོག་དེར་ཆོས་འདོད་འགའ་ལ་དབང་ལུང་ཁ་ཤས་བྱས། དགུན་དེར་ཡང་སྔོན་འགྲོའི་ཁྲིད་དང་། རས་པའི་གཙོའི་ཁ་ཤས་ལ་ཕྱག་ཆེན་ཆོས་དྲུག་གི་ཁྲིད་ཀྱང་བཏབ། སྤྲེའུ་ལོ་གསར་རྗེས་ཙམ་དུ་སྙུང་གནས་མ་ཆག་ཙམ་འཚོགས་ནས་ཆོས་འབྲེལ་བཞག །སྐབས་དེ་ཞིག་ཏུ་སྡེ་དགེ་ནས་ས་དབང་ཆེན་པོའི་བཀའ་ཤོག་རྟེེན་གྱིས་ལྕི་བ་ཕེབས་ཚེ་དགའ་སྤྲོ་དང་རྗེས་སུ་ཡི་རང་འགྲན་པ་ལྟར་བྱུང་། དེ་དུས་རས་པ་དམ་ཚིག་རྡོ་རྗེ་ཡང་གཞན་ཕན་ཕྲིན་ལས་ཀྱི་རྟེན་འབྱུང་དུས་བབ་ལྟ་བུས་སྐུ་བསོ་ཐོག་རྒྱལ་བའི་གནས་དང་། ཁྱད་པར་སྔོན་སྨོན་བཟང་པོས་འབྲེལ་པའི་བེ་རི་དཔོན་སོགས་ལ་དམ་པའི་ཆོས་ཀྱི་འབྲེལ་པ་འཇོག་ཕྱིར་ཁོ་བོ་ནས་འབྱོན་པར་བསྐུལ་ནས་བྱོན་པས་བསྟན་འགྲོར་ཕན་པ་མཆོག་ཏུ་གྱུར་པའི་རྟགས་མཚན་ཡང་གསལ། དེར་བཞུགས་རིང་ལ་བསྟན་པ་རྒྱ་མཚོའི་དཔལ་གྱུར་གུར་ལུང་བླ་མ་རིན་པོ་ཆེ་དང་། གྲྭ་འཁོར་བཅས་ཡོངས་ལ་རྟེན་འབྲེལ་རྒྱ་ཆེན་འགྲིགས་པ་དང་། དད་དམ་ཐོས་པའི་དཔལ་ཐོབ་ཨ་ཡུ་ས་མནྟ་བྷ་ཏྲ་དང་ཐུགས་ཡིད་གཅིག་འདྲེས་སུ་སོང་སྐད། དེ་ལྟར་ཡང་སྙིགས་དུས་འདིར་ལྷ་མ་ཡིན་གྱི་འཇུག་པ་མྱུར་བའི་སྐྱོན་གྱིས་སེར་སྐྱ་བློ་སྲབ་པ་དག་གིས་རྫུན་ཚིག་བདེན་པར་བཟུང་ནས་རས་པ་དཀར་མཛེས་དགོན་པས་བཟུང་ཞེས་ནོར་སྐྱོང་ཀུ་ཅོས་དཀྲོགས་པ་ལྟར་ལབ་བྱུང་ཡང་རྟེན་འབྲེལ་བརྟགས་པས་མི་བདེན་པའི་རྟགས་མཚན་གསལ་བྱུང་། དབྱར་རའི་ཚེས་༡ལ་ཡབ་རྗེའི་སྤྲུལ་པའི་སྐུ་རིན་པོ་ཆེ་དཔོན་སློབ་ཁ་ཤས་ཀྱང་བྱོན་ཐུབ་པར་སྐལ་བ་ཤིན་ཏུ་བཟང་བའི་དགེ་མཚན་ལ་བདག་གིར་བྱས། ཚེས་དེའི་སྔར་ཉིན་ས་དབང་སྡེ་དགེའི་ཞབས་པད་ནས་བཀའ་ཤོག་ཕེབས་པ་རྟེན་འབྲེལ་ཟུང་ལྡན་དུ་འགྲིགས་བྱུང་། དེ་རྗེས་གཞི་ཆེན་ནས་ཡབ་རྗེ་ཆོས་ཀྱི་རྒྱལ་པོས་མངོན་དུ་བྱིན་གྱིས་བརླབ་བཞིན་ཐུགས་ཡིད་གཅིག་ཏུ་གྱུར་པའི་མཧཱ་གུ་རུ་པུཎྱེ་ཤྲི་འམ། རིག་འཛིན་ཆེན་པོ་ག་ན་ཨ་བྷྱེ་བཛྲ་དང་། དབུ་ཚ་སྟེང་ནས་མིག་ལུང་བླ་ནག་གི་དབོན་རྒྱུད་བླ་མ་དམ་པ་ཤཱི་ལའི་མཚན་ཅན་གཉིས་ཆོས་འབྲེལ་ཞུ་ཕྱིར་ཕེབས་བྱུང་བར་ཀློང་ཆེན་སྙིང་ཐིག་གི་དབང་ལུང་དང་། ཁོ་བོའི་དག་སྣང་བདེ་ཆེན་ཞིང་གི་ཆོས་སྐོར་སོགས་དགོངས་བཞེད་ཁ་ཤས་ཀྱི་དབང་ལུང་ཕུལ། ཡབ་རྗེའི་ཞབས་ཕྱིར་འབྲི་གུང་པའི་དབུ་མཛད་སོགས་ཁ་ཤས་བྱུང་བ་བོད་པ་བཟོད་སྲན་ཆུང་སྐྱོན་གྱིས། སྤྲུལ་སྐུར་ཁྲིད་སྦྱོང་སོགས་བྱེད་དབང་མི་སྟེར་དོགས་ནས་ཡར་བརྫངས། ༧ སྐབས་འདིར་གཙང་མདའ་ནས་བླ་མ་དམ་པ་ཀརྨ་སྨིན་གྲོལ་གྱི་ཡང་སྲིད་དབོན་བླ་སྦྱིན་པ་རྒྱ་མཚོ་བཅས་བླ་གྲ་ཁ་ཤས་བྱུང་བར་དགེ་བསྙེན་དང་བྱང་སེམས་བསླབ་པ་ཕུལ་ཏེ་ཀློང་སྙིང་ཞི་ཁྲོའི་དབང་བཞི་རྒྱས་པར་ཕུལ། ཡང་རྗེའི་སྤྲུལ་སྐུ་རིན་པོ་ཆེ་དང་སྡོམ་གསུམ་ལྷན་ཅིག་གསན་བཅུག་ནས་དམ་ཚིག་ལུ་གུ་རྒྱུད་ཀྱི་ཞགས་པས་སྦྲེལ་ལུགས་སུ་བྱས། དེ་རྗེས་ཡུན་མི་རིང་ཙམ་ནས་བེ་རི་ནས་རས་པ་ཕྱིར་འབྱོན་རྒྱུའི་ཞབས་ཕྱི་གྲྭ་བཙུན་ཁ་ཤས་ཙམ་སླེབས་བྱུང་བས་དབང་ལུང་གི་འབྲེལ་ཅི་ནུས་བྱས་ནས་རེ་བ་བསྐངས། ས་དབང་དགེ་ནས་ང་རང་དང་སྤྲུལ་པའི་སྐུ་གཉིས་ཀ་ཡར་མི་འོང་ཐབས་མེད་ཀྱི་བཀའ་ཤོག་ནན་ཅན་དང་བང་མི་རྟ་དྲེལ་གྲོ་བརྒྱངས་འུ་ལག་ས་རིམ་བཅས་སྔ་ཕྱིར་འབྱོར་བྱུང་ཡང་དམ་བཅའ་གཉན་ཚུལ་གྱི་ཡར་ཞུ་ཞིབ་ཏུ་ཕུལ་ནས་འགྲོ་མི་དགོས་པའི་དགོངས་པ་ནན་ཏན་ཞུས་ནས་བསྡད། འཇང་སྒང་དབོན་པོ་དཔོན་སློབ་ཁ་ཤས་བྱུང་བར་དབང་ལུང་ཁ་ཤས་བྱས། སྐབས་འདིར་རང་སློབ་དམ་ལྡན་ཨ་བྷྱེ་ཀལྦྷ་ཏྲ་བྷེ་དཔོན་མོའི་མལྟུ་ཐར་ནས་འདིར་འཕྲད་བྱུང་བར་ནོར་རྫས་གང་ཡོད་སྤོང་དག་བྱས་ནས་ཕུལ་བྱུང་། ཁོ་རང་སོགས་ཀུན་ལ་གྲུབ་བརྒྱའི་དབང་ལུང་དང་། རྟ་མགྲིན་ཡང་གསང་དབང་ལུང་། རས་པས་དགོངས་བཞེད་བཞིན་ཀློང་སྙིང་ཚང་མའི་ལུང་དང་། དྭགས་ལུགས་སྒྲོལ་དཀར། ཐང་སྟོང་ཚེ་དབང་སོགས་བྱས། རས་པ་ཉིད་རྒྱ་ནག་རི་བོ་རྩེ་ལྔར་བྱོད་འདུན་ཤིན་ཏུ་ཆེ་ཡང་ཆོས་དང་གཞན་དོན་ཕྲིན་ལས་ཀྱི་བར་ཆད་དུ་འགྱུར་བའི་རྟེན་འབྲེལ་གསལ་བཞིན་བཤོལ་བཏབ་ཅིང་དེའི་ཚབ་ཏུ་བྱམས་པ་འབུམ་གླིང་སོགས་བྱང་གནས་འགའ་ལ་གནས་འབྲེལ་ཆེད་དུ་ཐེག སྤྲུལ་སྐུ་དཔོན་སློབ་བཅུ་ཕྲག་ཙམ་ཡབ་ཡུམ་ཡུལ་ཕྱོགས་ཀྱི་རེ་བ་སྐོང་ཕྱིར་མགོ་ལོག་ཏུ་ཆིབས་བསྐྱོད་གནང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་རང་སློབ་འགའ་ཞིག་གིས་ཡང་ཡང་སྐུལ་མ་བྱུང་ལྟར་ཡོན་ཏན་རིན་པོ་ཆེའི་བསྡུས་འགྲེལ་ཞིག་མི་རྩོམ་ཐབས་མེད་བྱུང་བ་སྐབས་འདིར་གྲུབ་པར་བྱས། རྣམ་འདྲེན་དམ་པ་བླ་མ་སངས་རྒྱས་ཆོས་འཕེལ་གྱི་དགོངས་བཞེད་བཞིན་ཞི་ཁྲོའི་བསྙེན་ཡིག་སོགས་ཁ་ཤས་བརྩམས་ནས་ཕུལ། མགོ་ལོག་དང་རྡོ་གསེར་སོགས་ཀྱི་གཤིན་པོ་མང་ཤས་ཀྱིས་བསྔོ་རྟེན་བྱུང་བ་ཕལ་ཆེར་མགྲིན་པའི་ལམ་དུ་སོང་ཞིང་འགའ་ཞིག་གཞན་གྱི་ངོ་བསྲུང་ཆེད་དུ་འང་བྱེ་མར་ཆུ་བླུགས་པ་ལྟར་གྱུར། འཕྲོ་ཅུང་ཟད་ལྷག་པ་ཇོ་དར་སྟོང་དར་ཙམ་འདུ་བྱས། དེར་སྐབས་རང་སློབ་ཀུན་བཟང་འཆི་མེད་ཉེ་བར་གནས་སྐབས་ལགས། ཟླ་ཚེས་ལ་སྙི་བླ་བསྟན་འཛིན་དར་རྒྱས་ཕེབས་པར་དཀོན་མཆོག་སྤྱི་འདུས་དབང་ལུང་ཞུས་ཤིང་ཁོང་པ་སྐུ་མཚམས་ལ་བཞུགས་གྲབས་ཆེད་དུ་གང་ཅིའི་འབེལ་གཏམ་བློ་ལྷག་མི་ལུས་པར་བྱས་ནས་ཐེག་པ་དང་མཉམ་དུ་ཀུན་བཟང་འཆི་མེད་ཀྱང་ཐེག མགོ་ལོག་དབང་ཆེན་སྨད་པ་དང་སེང་ཚང་སྟོད་པ་གཉིས་ཀར་ཁ་མཆུ་གསར་རྙིང་མང་དུ་ཡོད་པ་ཡུན་རིང་འགྱངས་ན་དམེ་འཁྲུག་ཆེན་པོའི་གཞིར་འགྱུར་དོགས་ནས་འདུམ་པའི་ཐབས་བྱས་སོ། དེ་ནས་ཟླ་༡༡ཚེས་༥ནས་བཟུང་སྟེ་བྱ་ལོའི་ཟླ་ཚེས་དེའི་བར་དུ་ཡབ་རྗེའི་སྤྲུལ་སྐུ་རིན་པོ་ཆེར་ཁྲིད་སོགས་དགོས་རིགས་དང་། གཞན་བླ་དཔོན་ཆེ་དགུ་མི་འཕྲད་ཐབས་མེད་དག་བྱུང་ན་མ་གཏོགས་གཞན་མ་སུ་ལའང་ངོ་འཕྲད་དང་ངག་བསྲེ་བ་སོགས་མི་བྱེད་པར་དམ་བཅའ་བ་ལགས་སོ། །ཨེ་མ་བྱ་བྲལ་བདག་འདྲ་བ། །དགའ་ལྡན་ཕོ་བྲང་སྡེ་དགེ་དང་། །སོག་རྒྱལ་ཝང་དང་ཇ་སག་སོགས། །རྒྱལ་རོང་བེ་རི་མགོ་ལོག་དང་། །གེ་གསེར་ལ་སོགས་སྦྱིན་བདག་མང་། །ད་ནི་ཆོག་ཤེས་བསྐྱེད་པར་རིགས། །ལོ་ཟླ་འདི་ནས་བཟུང་ནས་ནི། །སྙིང་རུས་ཆོས་ལ་ཅིའི་མི་བསྐྱེད། །ནམ་འཆི་ཆ་མེད་ལེགས་སེམས་ལ། །རྣམ་གཡེང་ལེ་ལོ་མི་ངེས་ལམ། །རང་དོན་བསྒྲུབ་པའི་ཆོས་པ་དེ། །མི་སྔོན་མཛེས་ཀྱང་ཉན་ཐོས་ཡིན། །དེ་ཕྱིར་དུས་འདི་ནས་བཟུང་སྟེ། །བྱང་ཆུབ་བར་དུ་སྒོ་གསུམ་གྱིས། །རྣམ་དཀར་དགེ་བ་གང་བསགས་ཀུན། །ངན་སོང་གསུམ་སོགས་འགྲོ་རྣམས་ཀྱི། །སྡིག་དང་སྡུག་བསྔལ་བསལ་ཕྱིར་དུ། །བསྔོ་བ་ལས་གཞན་རང་དོན་དུ། །ཕན་པའི་བསམ་པ་སྐྱེ་རེ་ཀན། །དེ་ཕྱིར་གཞན་སྒོ་མ་འགྲིམས་ཀྱང་། །འགྲོ་དོན་རྒྱུན་ཆད་ཅི་ལ་ཟེར། །འདི་ནས་འཕོས་པའི་འོག་རོལ་ཏུ། །ཞི་བདེ་དོན་དུ་མི་གཉེར་བར། །འགྲོ་དྲུག་གང་དང་གར་སྐྱེས་ཀྱང་། །དེ་དང་དེ་ལ་ཕན་ཐོགས་སྨོན། །ཇི་སྲིད་འཚོ་བའི་བར་ཉིད་དུ། །བསམ་པས་གཞན་ཕན་བསྒྲུབ་པ་ལས། །ལུས་དང་ངག་གི་འདུ་བྱེད་ཀྱིས། །གཞན་ཕན་བསྒྲུབ་འདོད་ཆགས་སྡང་རྒྱུར། །འགྱུར་ཕྱིར་ཚུལ་དེ་མི་བསྐྱུང་རེ། །ཇི་སྲིད་སྲོག་དབང་མ་འགག་པར། །ལུས་འདི་བདེ་བའི་ཐབས་དགོས་ཕྱིར། །ཟས་གོས་གྱི་ན་ཙམ་བརྟེན་ནས། །སྒོ་གསུམ་བྲན་དུ་ཅིས་མི་བཀོལ། །ཆོས་གཉེར་དོན་གཉེར་བླ་མ་འགའ། །གཟི་བྱིན་ཆེ་ཡང་སྡེ་དཔོན་འདྲ། །གཞན་དོན་གཉེར་བའི་བྱ་བྲལ་འགའ། །ཟས་གོས་ཞན་ཡང་བྱང་སེམས་འདྲ། །ཁ་ཉུང་ཁོང་རྩུབ་མཁས་རློམ་ཕལ། །བྱི་ལའི་སྤྱོད་ལམ་དེ་དང་མཚུངས། །བསམ་དཀར་ངག་རྩུབ་མཆོག་དམན་གང་། །གཞན་ཕན་སྨན་པ་མཆོག་དང་འདྲ། །ང་རང་བན་རྒན་འཆི་ཐུག་འདི། །སང་ཉིན་ཐེག་པའི་མགྲོན་པོ་འདྲ། །བསམ་པ་བཟང་པོ་གསེར་དང་འདྲ། །སྤྱོད་པ་མ་ཡིས་བུ་སྐྱོང་འདྲ། །དེ་ལྟའི་བསམ་སྤྱོད་བཟང་པོ་འདིས། །ཡོངས་ཀྱི་འགྲོ་ལ་ཕན་པར་ཤོག །


no previousརྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་རང་རྣམ།no next