དཔལ་ཨོ་རྒྱན་པའི་རྣམ་ཐར།
ན་མཿཤྲཱི་ཨུཌཱི་ཡ་ན་ཡཻ། དཔལ་ཨུ་རྒྱན་པ་ཞེས་ཡོངས་སུ་གྲགས་པའི་རིགས་ནི། ཨུ་རྒྱན་མཁན་པོ་པདྨའི་རྗེས་བཟུང་ཞིང་མི་བདག་འཇམ་དབྱངས་ཁྲི་སྲོང་ལྡེའུ་བཙན་གྱི། འཕྲིན་ལས་བསྲུངས་མ་རིགས་འཛིན་བསྟན་སྐྱོང་པ། །རྒྱུས་བན་བྱང་ཆུབ་གཞོན་ནུའི་གདུང་ལ་སྟེ། །བྱང་ཆུབ་མཆོག་བསྐྲུན་དེ་ཉིད་ས་བོན་ལས། བྱང་ཆུབ་ཡོན་ཏན་བསྐྱེད་དེ་དེ་སྲས་གཉིས། །བྱང་ཆུབ་རྒྱ་མཚོ་ཆོས་ཀྱི་རྒྱ་མཚོའོ། །མཁས་པའི་མཆོག་ཟུང་དེ་དག་རང་ཉིད་ཀྱི། །ལེགས་བྱས་སྟོན་ཕྱིར་སྟོད་དུ་སྒྲོད་པ་ན། །བྱ་རོག་ཚང་གནས་ལེགས་པའི་ལམ་ཞུགས་པ། །ཨར་ཚེ་བན་ཆེན་བཅྭོ་བརྒྱད་གྲགས་པ་ཡིས། །མཐོ་མཚམས་གྱུར་ལ་བྱང་ཆུབ་རྒྱ་མཚོའི་མཐུས། །རྟ་མཆོག་སྐུར་གྱུར་རྟ་སྐད་གསུམ་བསྒྲགས་པས། །ཚར་གཅད་རྗེས་གཟུང་དག་པའི་ལམ་ལ་བཀོད། །གང་སྐུས་བསོད་ནམས་བྱང་ཆུབ་ཡོན་ཏན་ནི། །གྲགས་པའི་མཐའ་ཅན་དགེ་ལྡན་གསུམ་བསྐྱེད་དོ། །བསོད་ནམས་ལས་བལྟམ་མཁས་ཤིང་གྲུབ་པ་བརྙེས་པ། །རྒྱུས་བན་བདེ་གཤེགས་རྒྱུ་ལས་སྲས་བཞིའི་གཙོ། །རྒྱལ་ཚ་བསོད་ནམས་འཕགས་སེ་དེའི་རིགས། །བཤེས་གཉེན་དམ་པ་དཔལ་ལྡན་གེ་ལུང་བ། གདུང་སོབ་ཁྱིམ་བདག་སེམས་དཔའ་ཇོ་འཕན་ནོ། །དེ་ཡུམ་དྲུ་གེ་མཁའ་འགྲོའི་མཚན་ལྡན་མཁར། །བྱང་ཆུབསེམས་སྤྲོས་རིགས་ཀྱི་སྲས་བཞི་སྤྲུལ། །མཁས་བཙུན་མདོ་སྡེ་དཔལ་གྱི་རྒྱལ་མཚན་དང་། །མཐའ་སྟག་བདག་ཉིད་ཆེན་པོ་སེངྒེེ་དཔལ། །ཁབ་འཛིན་ནམ་མཁའ་དཔལ་དང་དར་མ་དཔལ། །སྔགས་འཆང་དམ་པའི་རྒྱུད་དུ་བྱུང་པའོ། །དེ་ཡང་ཡུམ་གྱི་ལྷུམས་སུ་འཇུག་པ་དང་བལྟམ་པ་ན་འོད་འཕྲོ་བ་ལ་སོགས་པ་དགེ་བའི་ལྟས་དང་བཅས་ཏེ་གནས་ན་ཟླུམ། ལོ་རྣམ་འགྱུར། གཟའ་སྤྱི་བོལ། སྐར་མ་ཁྲུམས། དུས་ཉི་མའི་དཀྱིལ་འཁོར་འཆར་བ་དང་མཚུངས་པར་བལྟམས་སོ། །ལུ་བོ་ཆོས་རྗེ་གོ་ལུང་བ་ནམ་མཁའ་རྒྱལ་མཚན། སྔགས་དོན་ཁོང་དུ་ཆུད་པ། ལོ་ཨི་སིན་ལུགས་ཀྱི་བདེ་མཆོག་གི་དཀྱིལ་འཁོར་གཟིགས་པ་དེའི་ཞལ་ནས། དཔལ་དུས་ཀྱི་འཁོར་ལོའི་ལྟས་ཡིག་དང་བསྟུན་ན། རང་དོན་གྲུབ་པ་གཞན་ལ་ཕན་པ་གཅིག་འོང་བ་གསུང་། དེ་ནས་རིང་པོ་མ་ལོ་པ་ན་ཡུམ་གྱི་ནུ་ཞོ་བསྣུན་དུ་བྱུང་བ་དེར་ཤེས་པ་དང་། ཙོག་བུ་ཐུབ་པ་ན། མཁའ་འགྲོ་མ་པད་ཀྲ་ལྟར་བྱུང་བ་རྣམས་ཕྱིས་ཀྱང་དྲན་གསུང་། ཆེར་སྐྱེས་པ་ན་བརྩེ་བས་བྱིས་པ་གཞན་གྱིས་སྲོག་ལྡན་ཕྲ་མོ་འཚེ་བ་ལས་སྐྱོབ། རྩེད་མོ་ཐམས་ཅད་བཤད་བསྒྲུབ་ཀྱི་རྣམ་པར་མཛད། རེས་ཏིང་ངེ་འཛིན་གཅིག་ལ་འབྱམས་འགྲོ་བས་གཞན་གྱིས་གླེན་པར་གོ །ལན་གཅིག་བཤའ་རི་བ་ཀྱི་ས་སྒང་དུ་གཟིམས་པའི་ཚེ། འཁོར་བ་ལ་སྙིང་པོ་མི་འདུག །ཐོས་པ་ཅིག་བྱས་ལ་དེའི་དོན་བསྒོམ་དགོས་བསྒོམ་དུས་སུ་ད་ལྟའི་སེམས་འདི་ལས་གཞན་པའི་བསྒོམ་ཅིག་ཡོང་ངམ་མི་ཡོང་། ཡོང་ན་མི་ཐང་པ་འདྲ། དེ་ཙ་ན་ད་ལྟའི་སེམས་དང་ཁྱད་པར་ཅི་འདུག་ལྟ་དགོས་སྙམ་པ་བྱུང་སྟེ། ཕྱིས་ཀྱང་སྔར་གྱི་དེ་ཀ་ལས་མི་འདུག་གསུང་། རྩ་རླུང་གི་ཡོན་ཏན་འགའ་རེ་ཐུགས་ལ་ཤར་ངེས་འབྱུང་ཆེ་བས། ཡབ་ཀྱི་ཁས་ལེན་ཞེས་བཅོས་པས། ཁུ་བོའི་སར་བྱོན་ནས་བཤུམས་པ་ལ། རབ་ཏུ་འབྱུང་རོགས་བྱ་ཡིས་མ་ངུ་གཅིག་གསུང་ཞིང་བྲིད་དགོས་པ་བྱུང་སྐད། དགུང་ལོ་བདུན་པ་ནས། ཁུ་བོའི་སྤྱན་སྔར། ཡབ་ཆོས་མ་མོ་དང་ཕུར་པའི་འཕྲིན་ལས་སྒྲུབ་བདེ་མཆོག་ནག་པོ་པ། དགྱེས་རྡོར་མར་ལུགས། ཕྱག་རྡོར་འཁོར་ཆེན། ཡོ་ག་གཙུག་དགུ་རྣམས་ཀྱི་ཕྱག་ལེན། རྒྱུད་ཆ་ལག་དང་བཅས་པ་ལ་སྦྱངས། བཅུ་དྲུག་ལ་བེ་དོང་རིན་རྩེ་ཅན་དུ་མངོན་པ་ཀུན་ལས་བཏུས་ལ་གསན་སྦྱོང་མཛད། མཁས་པར་གྱུར་། མཛོད། རྣམ་ངེས། ཤེས་རབ་འགྲེལ་ཆུང་སོགས་ཞར་ཆོས་སུ་གསན། འདུལ་ལུང་སོགས་མདོ་དུ་མ་གཟིགས་སོ། །དེ་ནས་ཅི་ཞིག་ལ་ཡུལ་དུ་བྱོན། གོ་ལུང་ཕུར། ཆོས་རྗེ་རྒོད་ཚང་པ་བྱོན་པའི་ཞལ་ནས་དི་རིང་འདིར་ལས་ཅན་གཅིག་འོང་གསུང་། དེ་ཉིན་འཇལ་བས་བྱིན་བརླབས་ཀྱིས་བ་སྤུ་གཡོ་ཞིང་རང་དབང་མེད་པའི་དད་པ་སྐྱེ་བ་གཅིག་བྱུང་། དེ་རྗེས་སྦུད་ཏྲ་བདེ་ཆེན་གླིང་དུ་བཞུགས་པ་ལ། ཟངས་གཅིག་དང་བུར་བཏང་གཅིག་ཕུལ་ནས། རྩ་བཞི་འཆང་དང་ལྔ་སྡོམ་པའི་དགེ་བསྙེན་མཛད། ཀ་ར་སྙིམ་པ་ཕྱུར་པ་གང་གནང་ནས། ཕྱིས་ང་ཅན་དུ་ཤོག །ཐོས་ཙམ་གྱིས་གྲོལ་བ་གཅིག་ཡོང་བ་ཡིན། གལ་ཏེ་མ་བྱུང་ཡང་ཕྱག་རྒྱ་ཆེན་པོ་བྱ་བ་ཡོད། གྲོལ་བ་ལ་ཚེགས་མེད་པར་བྱ་ཡིས་གསུང་། དེ་རྟེན་འབྲེལ་བསྒྲིགས་པར་འདུག །རྗེས་ལའང་། བན་ཆུང་དེ་སྦྱངས་པ་སྔོན་དུ་སོང་བ་གཅིག་འདུག །དེ་ཀུན་བསྟན་པ་ཙམ་གྱིས་གྲོལ་འགྲོ་བ་ཡིན། ལན་གཅིག་ང་ཅན་དུ་འོང་དགོས་པའི་རྒྱུ་མཚན་ཡོད་པ་ཡིན་གསུང་སྐད། དེ་ནས་གཅེན་པོ་ལ་ཕར་ཕྱིན་གསན། ཞོར་ལ་འདུལ་བ་ལ་ལྟ་རྟོག་མཛད། ལས་བརྒྱ་རྩ་པ་བལྟས་ཙམ་གྱིས་ཐུགས་ལ་བྱུང་གསུང་། སླར་ཡང་མྱ་ངན་ལས་འདས་པའི་བསམ་པ་བརྟན་པས། ཉི་ཤུ་ལོན་པའི་ཚེ། མཁན་པོ་ཡུལ་མཐུན་པ་བོ་དོང་རིན་རྩེ། ལས་སློབ་ཞང་བསམ་གླིང་བ། གསང་སྟེེ་སྟོན་པ་སློབ་དཔོན་བསོད་ནམས་ཀྱིས་མཛད་དེ། དགེ་འདུན་གྱི་དབུས་སུ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་མཛད། མཚན་རིན་ཆེན་དཔལ་དུ་གསོལ། མངོན་པ་ཀུན་བསྡུས་བཤད། དེ་ནས་བཟུང་སྟེ་ལོ་བཅུ་གཉིས་ཀྱི་བར་ཤ་ཡངས་པའི་འཚོ་བ་སྟན་གཅིག་མཛད། མཁན་པོ་ལ་དུས་འཁོར་འབྲོ་ལུགས་ཚར་གཅིག་གསན་པའི་ཚེ། ཁོང་གི་ཞལ་ནས་འཇིག་རྟེན་ཁམས་ན་ཡོད་པའི་ཆོས་ཐམས་ཅད་ཤེས་པར་བྱ་ཡིས་དུས་འཁོར་ཞོག་ཟེར་ཡང་ང་མི་ཉན་གསུང་ཞིང་གསུངས་པས་དད་སྟེ། གོ་ལུང་དུ་གཅེན་ལ་དུས་འཁོར་ཕྱག་ལོའི་བཤད་འགྲེལ་ཚར་གཅིག་གསན། བརྩིས་རྣམས་བྱང་བར་བསླབས། དགོངས་པ་ལ་རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་འབྱེད་པ་དཔལ་དུས་ཀྱི་འཁོར་ལོའི་འདི་ཡི་ཐེ་ཚོམ་ལེགས་པར་ཆོད་པ་གཅིག་བྱ། སྒྲོད་ན་ཤམ་བྷ་ལར་ཡང་བསྒྲོད། དབུས་གཙང་གི་འདི་ཤེས་ཟེར་ཚད་ལ་བཏུགས་ལ་བསླབ་དགོས་སྙམ་པ་བྱུང་གསུང་། གཅེན་གྱི་ཞལ་ནས། གཙང་སོ་སྣོར་མངས་དགོན་པ་ན། དུས་འཁོར་བ་སངས་རྒྱས་རྡོ་རྗེ་བྱ་བ་ཙམ་མིའི་བཤད་བསྲོལ་སྐྱོང་བ་གཅིག་ཡོད་ཟེར་བས་དེར་གཟིགས་སུ་བྱོན་གསུང་། ཞབས་ཏོག་གཉིས་དང་བཅས་ནས་ཕྱིན། གླེང་ལ་བྱས་པས་མཁས་པར་ཤེས་ནས། ཚར་གཅིག་དྲི་བཏུག་མཛད་ཅིང་གསན་པས་ཟླ་བ་བཅུ་གཅིག་འགོར། གཞན་མཚན་བརྗོད་ཀྱི་སེམས་འགྲེལ། དབང་མདོར་བསྟན་སོགས་ཁྲིིད་ཕྲན་རྣམས་ཀྱང་གསན། དེ་དུས་ནང་ལེའི་རྩ་ཆད་ལ་སླེབ་པའི་དུས་སུ། གཙང་སོ་སྟོད་དུ་སེར་ཆགས་ཀྱི་དབུར་སྤྱན་འདྲེན་བྱུང་བ་ལ། སྤྱིར་ཡང་ཆོས་འདི་གཉན་པ་གཅིག་གདའ། ཁྱད་པར་དཀའ་སྒང་དང་གཉན་པར་འདུག་པས་མི་གཤེགས་པར་ཞུས་པས་མ་གསན། ཐུགས་ལ་སྔོན་རྗེ་བཙུན་དམ་པ་རྒྱ་གར་ལྟ་བུ་བྱོན། ངའི་བླ་མ་དུས་འཁོར་བ་འདི་ཡང་དགེ་བཤེས་བཟང་པོ་གཅིག་འདུག་སྟེ། རྙེད་པ་ལ་ལྟས་ནས་རྒྱུད་གཉན་པོ་འཕྲོ་ལ་གཞོག་པར་འདུག །ང་མཚན་ལྡན་གྱི་བླ་མ་གཅིག་དང་ནམ་མཇལ་ལམ་སྙམ་པའི་ཐུག་མུག་སྐྱེས། སྤྱན་རས་གཟིགས་དང་དམ་པ་ལ་གསོལ་བ་བཏབ་པས། དེ་ནུབ་རྨི་ལམ་དུ། དམ་པ་དང་མཇལ། དགའ་བ་སྐྱེས། ཞབས་ལ་བཟུང་ནས། སྙིང་ནས་ཆོས་གཅིག་བྱ་སྙམ་པས་ཕ་རྒད་པོ་གཅིག་ཀྱང་བློས་མ་ཐོངས། མཚན་ཉིད་དང་ལྡན་པའི་བླ་མ་གཅིག་དང་ཡང་མ་མཇལ་ཞུས་པས། སྐྱེ་བ་འདིའི་ཕ་ལ་ཞེན་པ་བྱེད་ན་སྐྱེ་བ་སྔོན་མའི་ཕ་ལ་ཡང་བྱེད་དམ་གསུང་། བདག་གི་ཕ་འདི་གཞན་དང་ཡང་མི་འདྲ་ཞུས་པས། སྐྱེ་བ་གཞན་གྱི་ཕ་ལ་ཡང་ཞེན་པ་དེ་འདྲ་རེ་ཡོད་ལྟོས་ཤིག་གསུང་ནས། སྐྱེ་བ་བདུན་གྱི་གོང་གི་ཡབ་ཡུམ་བསྟན་པས། བརྩེ་སེམས་ད་རེས་ཀྱི་ཡབ་ཡུམ་དང་འདྲ་བར་འདུག་པས་སེམས་ཅན་ཐམས་ཅད་ཕ་མར་ཤེས་ནས་ཕྱོགས་གཅིག་ཞེན་པ་ཆེད་སོང་རྗེས་སུ་བསྟན་པ་མང་པོ་བྱ་སྟེ། །མཚན་ཉིད་ལྡན་པའི་བླ་མ་གཅིག་དང་འཇལ་བར་གདའ་ཡིས་གསུང་ངོ་། །དེ་ནས་དགུང་ལོ་ཉེར་གསུམ་པའི་དུས་ཡབ་འདས། བསམ་པ་ལ་ཆོས་རྗེ་རྒོད་ཚང་བའི་སྤྱན་སྔར་ཕྱིན་ལ། ཁོང་གི་སྒོམ་ཆེན་ཚོ་རྐང་རྒོད་པས་གྲོགས་བརྩལ་ནས་ཤམ་བྷ་ལར་དུས་འཁོར་གྱི་མ་བདེ་བ་རྣམས་འདྲིར་འགྲོ་བསམ་ནས་བདེ་ཆེན་སྟེངས་སུ་ཕྱིན། ཉེ་གནས་ཞིག་པོ་བྱང་དཔལ་བྱུང་ནས། ཆོས་རྗེ་རིན་པོ་ཆེའི་སྐུ་ཚེའི་རྟེན་འབྲེལ་སྒྲིག་པས། འཁོར་སྙིང་པ་ཚེ་ལས་གསར་པ་འགྱེས་ཡིན་ཡོད། སློབ་དཔོན་རང་ཡང་བཞུགས་གསུང་གིན་གདའ་ཟེར་བ་ལ། མ་ཉན་པར་རྙིང་པ་སུ་ཡིན་ལོ་རྩིས་བྱས་པས་ཆོག །ང་འགྲོ་སྡོད་ཞུས་པས་ཤོག་གསུངས་པས། མཇལ་ཁ་བྱུང་། ཆོས་རྗེའི་ཞལ་ནས་རྗེ་བཙུན་ཅི་ལ་བྱོན་གསུང་། སྔར་གྱི་བསམ་ལེ་ཚེ་ཞུས་པས། མ་བདེ་བར་རང་ཅི་འདྲ་བདེ་གསུང་རིམ་པས་ཞུས་པས་འདི་ཡིན་གསུང་ཞིང་འབྲུ་གནོན་རེ་མཛད། ཡིད་ཆེས་སྒྲོ་འདོགས་ཆོད། ཞལ་ནས་འོ་སྐོལ་སྐྱེ་བ་མང་པོའི་དཔོན་སློབ་ཡིན། མགོན་པོ་ཕག་མོ་གྲུབ་པ་དང་གྲུབ་ཐོབ་གླིང་མཇལ་བ་ལྟ་བུ་ཡིན་གསུང་། དགོངས་པ་ལ། གཟིགས་རྟོག་མང་པོ་མཛད་དམ། བསྒོམ་བྱུང་གི་ཤེས་རབ་བརྡོལ་བ་ལ་འདི་འདྲ་བྱུང་པ་སྙམ་ནས། ཆོས་རྗེ་རིན་པོ་ཆེས་དུས་འཁོར་གསན་སྙམ་པ་ནི་མི་འདྲ་བར་གདའ། བཀའ་འཕྲང་རྣམས་ལ་མ་བདེ་བ་ཅུང་ཟད་ཀྱང་མེད་པར་མཁྱེན་པ་ཅི་ལགས་ཞུས་པས། སློབ་དཔོན་ཇོ་བཙུན་རྒྱུ་མཚན་མང་པོ་ཡོད། ང་རྩིབས་རི་རྒོད་ཚང་ཅན་ན་བསྒྲུབ་པ་ལ་ཡོད་པའི་དུས་ན། བུད་མེད་སྔོན་མོ་གཅིག་གིས་པོ་ཏི་གཅིག་ལ་གཏད་ནས་འདི་ཟོ་ཟེར། དེ་མིད་པས། ཁྱེད་ཀྱིས་ཆོས་ཐམས་ཅད་ལ་མི་ཤེས་པ་ཅུང་ཟད་ཀྱང་མེད་དོ་ཟེར། དེ་དཻ་བཐམས་ཅད་ཀྱི་ཡུམ་རྡོ་རྗེ་རྣལ་འབྱོར་མ་ཡིན་པར་འདུག །དེ་ཕྱིན་ཆད་སངས་རྒྱས་ཀྱི་བསྟན་པ་རབ་འབྱམས་ལ་མི་ཤེས་པའི་དྲི་མ་དང་བྲལ་བ་ཡིན་གཞན་གྱི་བློར་མི་ཚུད། སློབ་དཔོན་རང་ལ་དུས་ཀྱིས་འཁོར་ལོའི་དབང་གཅིག་དང་བྱས་པས་ཆོག་གསུང་། དེ་དུས་དབང་མ་ཐོབ་ཡོད་པས་ཐུགས་ལ་གདགས་པར་ཞུས་པས། སང་བྱ་ཡིས་གསུང་། སྔོན་འགྲོ་གཅིག་ཞུ་ཞུས་པས། བླ་མ་སངས་རྒྱས་སུ་བསྒོམས་ལ་གསོལ་བ་ཐོབ་གསུང་། སངས་རྒྱས་སམ་དེ་གསེར་མདོག་ཅན་དེ་ཡིན་པ་ལ། སངས་རྒྱས་མ་ཡིན་པ་ལ་སངས་རྒྱས་སུ་བསྒོམས་པས་ཅི་ལ་ཕན་ནམ་སྙམ་པ་མཁྱེན་ནས། བླ་མ་སངས་རྒྱས་སུ་གསལ་གྱིན་འདུག་གེ་བྱ། ཅི་ཡང་ཞུ་མ་ནུས་པས། རང་ལུས་སྤྱན་རས་གཟིགས་སུ་གསལ་ཡེར་བསྒོམས། སྙིང་གི་དབུས་སུ་བླ་མ་སྤྱན་རས་གཟིགས་དབང་ཕྱུག་ཏུ་བསྒོམས་ལ་གསོལ་བ་ཐོབ་གཅིག་གསུང་། སྒོམས་པས་རང་འཕགས་པར་གསལ་ཡེར་བྱུང་བས། རང་སྤྱན་རས་གཟིགས་སུ་བསྒོམ་བཏུབ་པར་གདའ་བས། བླ་མ་སངས་རྒྱས་སུ་བསྒོམ་པར་ཞུ་བྱས་པས། ཕྱག་གཡས་པ་བརྐྱང་ནས་ཁྱོད་ལས་ང་མི་ཞན་པ་ཡིན་ནོ་ཡང་ཡང་གསུང་། དེ་ཕྱིན་ཆད་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་པ་ཡིན་གསུང་། ཕྱིས་ཡང་ཞུས་པས་དེ་བཞིན་དུ་བྱ་གསུང་ནས་གསེར་ཞོ་དེ་གནང་སྟེ་ཉིད་རང་འདུན་པ་ཐོང་གཅིག་གསུང་། གསོལ་བ་འདེབས་ཅིང་འདུན་པ་བཏང་བས། ཚེས་བཅུ་གཅིག་གི་ནུས་མོ་བླ་མ་དུས་འཁོར་བ་སངས་རྒྱས་རྡོ་རྗེ་བྱོན་ནས་དཀྱིལ་འཁོར་ས་བཟུང་བ་མཛད་དེ་ཉིན་པར་སྟ་གོན་ཐུན་མོང་གི་དབང་བདུན་གོང་མ་གསུམ། བཅུ་གཅིག་པ་འཇིག་རྟེན་ལས་འདས་པ། རྡོ་རྗེ་སློབ་དཔོན་གྱི་མཐར་ཐུག་པ་བསྐུར་ཏེ། པོ་ཏི། དུང་། རྔ་བཟང་པོ་རྣམས་གཏད་ནས་རྗེས་གནང་མཛད་པ་ལས་སད་པས། ཤིན་ཏུ་དགྱེས་ཏེ་བྱོན་པས། ཆོས་རྗེ་སྐུ་གཟི་མདངས་ཆེར་བསྐྱེད་སྤྱན་དམར་ཤིག་གེ་བཞུགས་ནས། སློབ་དཔོན་ཇོ་བཙུན་བསམ་པ་རྫོགས་པར་བྱུང་ངམ་གསུང་། འདི་ལྟ་བུ་མཆིས་པ་ངོ་མཚར་ཆེ་ཞུས་པས། ང་ལ་ཡང་རྒྱལ་བའི་ཡུམ་རྣལ་འབྱོར་མས་པོ་ཏི་བྱིན་ནས་ལུང་བསྟན། ངས་ཀྱང་ཁྱེད་ལ་དཀྱིལ་འཁོར་དུ་དབང་བསྐུར་པོ་ཏི་བྱིན་པས་ཁྱོད་ཀྱི་བཀའ་རབ་འབྱམ་ལ་མི་ཤེས་པ་མི་འོང་གསུང་། ཕྱག་རྒྱ་ཆེན་པོའི་ཁྲིད་ཞུས་པས། ཁྱེད་ལ་ཁྲིད་དུ་བྱ་མི་དགོས་ངོ་སྤྲད་པས་ཆོག་པར་འདུག་གསུང་ནས་གཅིིག་ཆར་ངོ་སྤྲད། ཞག་བཞི་ན་དམར་འོད་གསལ་འཁོར་ཡུག་དུ་སོང་། དངས་ཆ་ལ་དངོས་པོ་ཐམས་ཅད་ལ་ཆགས་ཐོགས་མེད་པར་མི་དང་མིི་མ་ཡིན་ཐམས་ཅད་མཐོང་བ་དང་། སྒོམ་ཆེན་ཕོ་མོ་ཚོའི་གྲིབ་གཟུགས་ན་བུན་ལྟ་བུ། ཆེ་ཆུང་དང་ཡོད་མེད་རྣམས་མཐོང་བ་དང་། རྣལ་འོད་གསལ་དུ་ཡོད་པའི་ཚེ་རིན་ཆེན་སྙིང་པོ་གསལ་འདྲེན་དུ་བྱུང་བ་མཐོང་བས་སྤྱི་པོའི་གམ་སླེབ་པ་ལ་སད་རན་སྙམ་དུ་བྱས་པས་སད་པ་ལ་སོགས་བྱུང་གསུང་། ཐབས་ལམ་ཞུས་པས། ཁྱེད་ལ་ལས་འཕྲོ་ཡོད་པ་ཡིན་གསུང་ནས་གནང་སྟེ་སྒོམས་པས། རྩོལ་བ་ཆུང་ངུས་བདེ་དྲོད་ངོ་འཕྲོད་པ་ལེགས་ཉམས་མྱོང་དང་དྲོད་རྟགས་རྣམས་བྱུང་ལུགས་ཞུས་པས། སྐྱེ་ཚུལ་ཕུན་སུམ་ཚོགས་པ་བྱུང་འདུག །ངས་ལས་འཕྲོ་ཡོད་བྱས་པ་གསུང་། ནུབ་གཅིག་ལུས་རོ་རུ་སོང་འདུག་པ་གཅིག་རྨིས། ཅི་རྨིས་ཚུར་བྱ་བ་ལ་ཞུས་པས། མི་རོ་ལྟ་བུའི་བསམ་གཏན་བྱ་བ་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྐྱེན་གང་གིས་ཀྱང་མི་གཡོ་བ་གཅིག་ལ་འོང་བ་ཡིན་གསུང་། བསྒོམས་པས་འཁོར་འདས་མཉམ་པ་ཉིད་དུ་རྟོགས། ས་ར་ཧ་ལ་ཡང་འདི་ལས་ལྷག་པའི་རྟོགས་པ་ཡོད་དེ་མི་ཡོང་སྙམ་པ་བྱུང་གསུང་། ཡང་རྗེ་བཙུན་རས་ཆུང་པ་རས་དམར་པོ་གསོལ་བ་གཅིག་བྱོན་ནས་ལུས་གནད་གཅིག་བསྟན་པས་བདེ་དྲོད་དུ་ཕྲིལ་སོང་བ་གཅིག་རྨིས། ཀུན་དྷ་བ་གཡེ་མེད་དུ་གྱུར་པ་ལ་སོགས་འགའ་གནང་ནས་ཞུས་པས། ཁྱེད་ཀྱི་སྐྱེ་བ་མང་པོའི་ཡི་དམ་བདེ་མཆོག་ལྷན་སྐྱེས་ཡིན་གསུང་། རིན་པོ་ཆེ་པ་འདིའི་སྤྲུལ་པ་འདི་གསུངས་པ་ལ་ཐེ་ཚོམ་སྐྱེས་ཞུས་པས། དེ་ལ་ལོག་ལྟ་སྐྱེ་རུ་མེད་གསུང་། འོ་ན་རྗེ་རིན་པོ་ཆེ་པ་ཉིད་མི་ལའི་སྤྲུལ་པ་ཡིན་སྐད་པ་དེ་ལགས་སམ་ཞུས་པས། ཐུགས་ཧུར་མཛད་དེ། དེ་ལ་འགལ་པ་མེད། རང་གི་རྒྱུད་པ་རང་གིས་འཛིན་དགོས་པ་ཡིན། བུ་རང་ཡང་སྨིན་སྨིན་པ་གཅིག་ཡིན་ཡང་ཡང་གསུང་བ་བདག་གང་ལྟར་ཡིན་ཞུས་ན་ཡོང་བར་འདུག་སྟེ། བྱིན་བརླབས་ཀྱིས་ཤེས་པ་ཟ་ཟིར་སོང་ནས་ཅི་ཡང་ཞུ་ས་མ་བྱུང་གསུང་། ཡང་རིན་པོ་ཆེ། རྟ་དང་། གླང་པོ་དང་། སེང་གེ་ལ་ལྕིབས་ནས་ནམ་མཁའ་ལ་འབྱོན་བཞུད་བྱེད་པའི་རྨི་ལམ་འབྱུང་བ་ཞུས་པས། ས་ཐོབ་པ་ཡིན་པ་ལ་མི་ཡོང་བ་ཡིན་གསུང་། རྒྱུན་པྲང་གཅིག་ན་འདུག་པ་བཀག་ལ། ཐ་བ་རློག་པ། ཆུ་པྲོལ་ལ་ཟམ་པ་འཛུགས་པ་བྱུང་ལགས་ཞུས་པས། རྨི་ལམ་བཟང་། རིགས་དྲུག་གི་རྒྱུན་བསྲང་བཅད། ཉོན་མོངས་པའི་ཐ་བ་ཐུལ། འཁོར་བའི་ཆུ་བོ་རྒལ་བྱ་བ་ཡིན་གསུང་ཡང་རྡོ་རྗེ་རྣལ་འབྱོར་མའི་བྱིན་བརླབས་གཅིག་ཞུ་བཞེད་ཙམ་ན་འོད་གསལ་གྱི་ངང་དུ་བྱོན་ནས་མཛད། གཞན་ཡང་སྒྱུ་ལུས་འོད་གསལ་གྱི་ངང་ནས་ཉི་ཟླ་ལ་ཞོན་ཏེ་གླིང་བཞི་ལྟ་བ་ལ་སོགས་བྱས་པ་རྣམས་ཞུས་པས་ཤིན་ཏུ་མཉེས་ཏེ། སྐུ་མཚམས་ཀྱི་དུས་སུའང་སྒོམ་མེད་དུ་ཟབ་ཁྲིད་ཐམས་ཅད་རྫོགས་པར་སྣང་། རྨི་ལམ་དུ་ལུང་པ་རི་དགས་ཀྱིས་གང་བ་གསུམ་འདུག་པའི་གཉིས། ཆོས་རྗེ་འབྲུག་པ་དང་། རྒོད་ཚང་པས་བསྒྲལ་བ་ཡིན་གཅིག་ཁྱོད་ཀྱིས་བསྒྲོལ་རྒྱུ་ཡིན་ཟེར་བ་གཅིག་རྨིས། རིན་པོ་ཆེས་རྒྱུད་འཛིན་དུ་ལུང་བསྟན། རྗེ་བཙུན་རས་ཆུང་པ་ཚོགས་འདི་ན་བཞུགས་ཀྱང་བྱ། མཁའ་འགྲོ་མ་འགྲོ་བ་བཟང་མོས་གཟིགས་ནས། ཉིད་ལས་བསགས་པ་གྲུ་བཞི་གཅིག་འདུག་ཟེར་སྟེ། སྒོག་པ་སྤར་གང་གཏད་ནས་འདི་གསོལ་ཟེར། མ་བཞེད། ཆོས་རྗེ་ལ་ཞུས་པས། ཨ་པ་དེ་ལེན་པ་ལགས་པ་ལ། ལོངས་སྤྱོད་ཀྱི་རྟེན་འབྲེལ་བག་ཙམ་དང་འཆུགས། རྗེ་འབྲི་ཁུང་པ་ཙམ་འོང་པ་ལ་གསུང་ཡང་། ཆོས་ཉག་གཅིག་གི་བསགས་པ་ང་ཆེ་བ་ཡིན་ཕྱོོགས་མཐའ་དག་གི་བསགས་པ་ཁྱེད་ཆེ་བ་ཡིན་གསུང་། ཐུགས་བསྐྱེད་ཞུས། བདག་གཞན་རྗེ་ཕོད་པའི་བརྩེ་བ་དང་། བྱང་ཆུབ་སེམས་འཁྲུངས། ཉིན་གཅིག་འཆག་གོ་དང་འབུ་ཤིགས་པ་གཅིག་མཐོང་བ་ལ་སྐྱུག་ལོག་བྱུང་བས། དེར་དབུ་བཅུག་ནས་གནད་དུ་བསྣུན་ཏེ་བསྒོམས་པས། སྣང་བ་ཐམས་ཅད་རང་གི་སེམས་ལས་དོན་ལོགས་ན་མེད་པར་ཐག་ཆོད། མི་གཙང་བའི་དོ་སྐྱུག་བྲོ་བར་མི་འདུག་རང་གི་སེམས་སྐྱུག་བྲོ་བར་འདུག །དེ་བཞིན་དུ་ས་ལོག་པ་སྲ་བ་ལེགས་པར་མིག་འདུག །རང་གི་སེམས་སྲ་ཞིང་འཐས་པར། བརླན་ཞིང་གཤེར་བར། ཚ་ཞིང་སྲེག་པར། ཡང་ཞིང་གཡོ་བར་འདུག །སེམས་ཀྱི་རང་བཞིན་སྟོང་པར་འདུག །སེམས་ཅན་སྤྱི་མཐུན་གྱི་སེམས་སྲ་ཞིང་འཐས་པ་ལ་སོགས་པར་སྣང་བས་ཕྱི་རོལ་དུ་བ་ལ་སོགས་པར་སྣང་ཞིང་། སྟོང་པ་ལས་ནམ་མཁའི་ཁམས་སུ་སྣང་བར་ཐག་ཆོད་པ་ཡིན་གསུང་། དེར་སྣང་བ་ཐམས་ཅད། རང་གི་སེམས་སུ་སོང་། སྟོང་པ་ ཐ་མལ་གྱི་ཤེས་པ ་རང་གར་ཁྲེས་སོང་ནས། དྲན་པས་བཟུང་རྒྱུ་དང་། འཛིན་བྱེད་དང་། ཉོན་མོངས་པ་དང་གཉེན་པོ་གང་ཡང་མེད་པར། སྣང་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་ཟ་ཟི་བན་བུན་དུ་སོང་འདུག །ཐུགས་ལ་འཁོར་ཡུག་མ་ཡིན་དགོངས་པ་བྱུང་ཉིན་གཅིག་འགྲོ་བ་བཟང་མོ་ན་རེ། ཁྱོད་ཀྱི་བསྒོམ་དེ་འཁོར་ཡུག་མ་རང་ཡང་ཅུང་མིན་གསུང་། རྒྱུ་མཚན་ཅི་ཡིན་བྱས་པས། དེ་ལ་ངོ་ཤེས་གཅིག་ཡོད་ན་ཡིན་གསུང་། འདྲེ་མོ་འདི་ཅི་ཟེར་དགོངས་ནས་ཞུར་བྱོན་པས། ཞལ་ནས་ད་ལྟ་ནས་རེ་བས་ག་ན་འོང་། ཕྱིས་འོང་བ་ཡིན་མོད་གསུང་། བུ་ཁྱོད་འགྲོ་དོན་བྱེད་པ་གཅིག་འབྱུང་བ་ཡིན། ལོ་གཅིག་གཉིས་ཀྱི་བར་དུ་འགྲོ་དོན་མ་བྱེད། དེ་ནས་མཉམ་རྗེས་མེད་པའི་རྟོགས་པ་འཆར། དེ་ཡན་ཆད་ཅི་དགའ་གྱིས་ཁྱོད་ཀྱིས་གང་བྱས་ཀྱང་ལམ་དུ་འགྲོ་བ་གཅིག་འོང་བ་ཡིན། ངའི་འདི། ཞི་བའི་ཕྲིན་ལས་འབའ་ཞིག་ཡིན། ཁྱོད་འཕྲིན་ལས་ཐམས་ཅད་ཀྱི་མངའ་བདག་དུ་འགྱུར་གསུང་། ཡང་ཁྱོད་ལ་གླེངས་མང་པོ་ཡོང་གསུང་། ནད་ཆེན་བཞི་ལ་སོགས་པ་མཆིའམ་ཞུས་པས། དེ་རྣམས་མི་ཡོང་། ཉེ་བ་དགྲར་སྡང་། དགྲ་མང་པོ་ཡོང་བ་དེ་ལམ་དུ་སློང་དགོས་གསུང་། ཉིན་གཅིག་འགྲོ་བཟང་མ་ཚོགས་འཁོར་བྱེད་ཟེར་བ་ལ། ཤངས་པར་རིང་མོའི་བསགས་པའི་སྣང་ཚུལ་ལམ། ཆེ་ཆོས་འདྲ་བ་བཞག་ནས་སྒོ་མ་གཅིག་ལ་ཚོགས་འདྲེན་པ་དགོངས་པས། དེ་མ་ཐག་འགྲོ་བཟང་མ་ཁམས་ལོག །ངའི་སྙིང་རི་བརྩེར་སོང་། རྗེ་བཙུན་སྣོད་མ་རུང་ལ་ཚོགས་བཤད་པས་ལན་གསུང་། འགྲོ་བཟང་མའི་སྲས་མོ་གཉིས་བྱུང་ནས། སློབ་དཔོན་ཨ་མ་ལ་གཤགས་པ་མཛད་པར་ཞུ་ཟེར། ཆོས་རྗེ་ལ་གཤགས་པ་མཛད་པས། འགྲོ་བཟང་མ་རང་ལ་གྱིས་གསུང་། མཛད་དུ་བྱོན་པས། མེ་འདར་སྤྲུག་ཅིང་འདུག་པ་བཞིན། བདེ་ཆེན་སྟེངས་ཀྱི་རི་དང་ནགས་ཚལ་ཐམས་ཅད་ཚིག ཆིལ་ཆིལ་ཁོལ་དུ་གཡོ་ཞིང་འདུག །སྤྱི་བཤགས་གསུམ་མཛད་པས། ངའི་སྙིང་ཚུད་སྙིང་ཚུད་ཟེར་ཞིང་ལྷོད་སོང་། མཁའ་འགྲོའི་སྙིང་དམ་ཚིག་དུ་ཡོད་པར་འདུག་གསུང་། དེ་ཙམ་ན་སྒོ་མ་རྣམས་དགེ་འདུན་པ་དང་བསྲེས་ཤིང་ཆོས་ཉན་པ་ཡོད་པ། མི་མཛེས་པ་དང་། རེག་པའི་ལྟུང་བས་གོས་པར་མཐོང་སྟེ། ས་མཚམས་ཕྱེ། དེ་ལས་འདས་པའི་སྒོ་མ་རྣམས་བརྡུངས་པས། ནང་པར་རིན་པོ་ཆེ་ཁྲི་ཐོག་དུ་བྱོན་པའི་སྐུ་སྐེག་ནས། རྡོ་རྗེ་དར་སྣ་ལྔས་སྤྲས་པ་གཅིག་བཏང་རག་ཡིན་གསུང་ནས་གནང་བ་ལ་སོགས་རྟེན་འབྲེལ་མང་པོ་བསྒྲིགས། དེ་དུས་ཆོས་རྗེ་ལ་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་ལྟོས་མེད་དུ་ཕུལ་ནས་ཚེ་རབས་ཐམས་ཅད་དུ་འཕྲིན་ལས་ཀྱི་ལག་ལེན་པ་བྱེད་པར་ཞུས་པ་ཡིན་གསུང་། གཟིམས་ཁང་ལ། ཁ་བའི་རུད་བྱུང་བ་ལ་ལྟ་སྟངས་དང་སྡིག་འཛུབ་གཏད་པས་འཁྱིལ། ཉིན་གཅིག་ཚོགས་ཀྱི་དབུས་སུ་ཆོས་རྗེའི་ཞལ་ནས། དེ་རིང་སློབ་དཔོན་རྗེ་བཙུན་གྱིས་གང་ཞུས་པ་གནང་བ་ཡིན་གསུང་། ཕྱག་བྱས་ནས་རིན་པོ་ཆེ་དགུང་ལོ་བརྒྱའི་བར་བཞུགས་པར་ཞུ་ཞུས་པས། ཕྱག་ནམ་མཁར་བརྐྱང་ནས་དེ་བཞིན་བྱེད་པ་ཡིན། སློབ་དཔོན་རང་ངའི་གན་ནས་མ་འཕགས་པ་གཅིག་ནི་དགོས་སོ་བྱ། ཡང་ལན་གཅིག སློབ་དཔོན་ངའི་གཟིམས་ཁང་གི་བློ་འབུར་གཅིག་དུ་བཞུགས། སྟན་རེ་ཙམ་སྤྲུག་པ་དང་། མཆོད་པ་དང་མཎྜྻ་ལ་རེ་བརྗེ་བ་ཙམ་མཛོད། ཆོས་ཚོ་ཉོན། ཁྱེད་ཉེ་གནས་ཀྱི་རྒྱུ་རུ་འཕངས་པ་ཡིན་ཀྱང་། ཁྲིད་གཉེར་མཛོད། དཔེ་འདི་པའི་བདག་ཡོང་བ་ཁྱེད་ལས་མེད་ཐུན་མོང་དུ་བྱ། གང་དུ་ཡང་མ་འགྲོ། ཁྱེད་རང་གི་རྟེན་འབྲེལ་ཐམས་ཅད་ཀྱང་འགྲིག །ངའི་ཚེ་ལ་ཡང་ཕན་གསུང་། དེ་ཤིན་དུ་ཐུགས་ལ་བཏགས་ཏེ་གཞན་གྱིས་ཕྲ་དོག་མཆི་ཞུས་པས་མ་དགོངས་པ་ལ། སློབ་དཔོན་ལེགས་མཛེས་ལ་སོགས་པས་མ་བཟོད་ནས་མི་འཇོག་པར་ཞུས་པས། ཚོགས་འདི་ན་ཁོང་བསགས་པ་ཆེ་བར་འདུག །རང་རྒྱུད་པ་གཅིག་མི་གདའ། ང་རང་གང་བྱེད་པ་བྱེད་དུ་ཆུགས་སུ། ཡང་སློབ་དཔོན་རང་ལ་ཉེ་གནས་མི་མཛད་པར་ཞུས་པས། ང་ལ་ཆོས་རྗེའི་གསུང་ངེས་པར་བྱོན་ནས་བྱས་པ་ཡིན། ལྟོ་མ་ཕྱིད་ནས་སྡོད་པ་མིན། ཚེ་འདིའི་ཕྱོགས་ནས་ཉེ་གནས་ཐོབ་ཤ་མི་དགོས། མཚན་ཉིད་ཀྱི་བཤད་པ་བྱས་ཀྱང་ཀཱ་པ་ལི་འགྲེམས་པས་བརྒྱ་རེ་མི་འཚོག་གམ། ཁྱེད་རྣམས་དགའ་ནས་ངས་བཞག་པས་ཆོག་གསུང་ནས་བཞུགས་པས་ཀུན་གྱིས་ཇོ་བོ་བཟང་ཟེར་བ་བྱུང་། དེའི་དུས་ན་ཡང་ན་བཟའ་ཕྱ་རུ། ཟས་བསྟན་གཅིག་མཛའ་དམར་མིག་སྐྱུར་མིག་མི་མཛད་དེ་བཙུན་པར་གྲགས་པ་ཡིན་སྐད། སྐྱོ་བར་བྱུང་ནས་ཤམ་བྷ་ལར་འགྲོ་བར་ཞུས་པས་མ་གནང་། སྐྱར་ཡིན་ཞུས་པས། ཚེམས་ནན་པ་གཅིག་མཛད་ནས་རྒྱུག་དང་གསུང་བས། ཏབ་ཏོབ་ལ་ད་སྡོད་པར་ཞུ་ཞུས་གདའ། དེ་ཐུགས་བདུད་ཀྱིས་སྒྱུར་བར་འདུག་གསུང་། ཡང་ཁྱེད་ཚོགས་འདིར་ཡོད་པ་ཙམ་གྱིས་ང་ཡི་ཚེ་ལ་ཕན་པ་ཡིན་གསུང་ཡང་། མཆེད་གྲོགས་ཀྱིས་ལོག་སྒྲུབ་ཀྱིས་སྐྱོ་ནས། ཞིང་དག་པར་སྨོན་ལམ་བཏབ་ནས་འཕོ་བར་གཞེད་པའི་སྦྱོར་བ་ལ་ཞུགས་པ། ཌཱ་ཀི་མ་འགྲོ་བཟང་མས་རིག་ནས། ཆོས་རྗེ་ལ་སྦྲན་པས་ཤོག་གསུང་ནས། བུ་དེ་སྐད་མ་བྱེད་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཞིང་གང་མ་དག་པ། གདུག་རྩུབ་ཆེ་བ་རྣམས་སུ་སྐྱེ་བ་ལེན་པ་ཡིན། ཞིང་དག་པ་དང་ཆོས་ཐེག་ཆེན་འབའ་ཞིག་སྟོན་པའི་འདོད་པ་རྣམས་བྱང་ཆུབ་སེམས་དཔའི་སྐྱོན་ཡིན་གསུང་བས། འདུན་པ་དེ་ཁུགས་ཀྱང་། བྱང་དར་འོག་གི་མཚོ་དེ་ལ་འགྲོ་བཞེད་པ་ཡང་ཡང་ཞུས་ཀྱང་མ་གནང་བ་དེར་འགྲོ་བའི་འདུན་པ་མ་ཁུགས་པར་འགྲོ་བར་ཞུས་པས། འུ་རང་ཕ་ཕད་ཇོ་བོ་བཟང་བར་གྲགས་པས་ཀྱང་ལན། འདི་པ་ང་ཚོ་རིང་བས་ཅི་ཞིག་སྟེ། མོས་གུས་ཀྱི་སྣང་ཚུལ་ལམ་སངས་རྒྱས་པའམ་དེ་ང་རང་མིན་པ་མི་འདུག་གིས་གསུང་། ཐུགས་མ་ཞུམ་པར་ཕྱག་བརྐྱང་ནས་བདག་བདེ་གོ་ཞུས་པས། ཞལ་འཛུམ་ལ་རྟེན་འབྲེལ་བཟང་བར་སོང་གསུང་། ཡང་འགྲོ་བའི་ཞལ་བསྐོས་ཞུས་པས། རི་ཁྲོད་ལ་ཕྱིན་ཡང་བུ་རང་གི་རྟེན་འབྲེལ་ལེགས་པོ་ཡོང་བར་གདའ། མདང་མི་གཉིས་ཆུ་ཕར་སྐར་ཤིང་ཐོག་ལེན་འགྲོ་ཡིན་འདུག་པའི་གཅིག་ཆུས་ཁྱེར། གཅིག་གིས་འབྲས་བུ་སྨིན་པ་ལོན་བྱུང་། བུས་དངོས་གྲུབ་ཐོབ་ནས་འོང་བར་འདུག་གིས་བཞུད། བསྒྲུབ་པ་ཡང་མཐར་སྐྱོལ་འོང་། ལོ་སུམ་ཅུ་རྩ་ལྔའི་བར་འགྲོ་དོན་མ་བྱེད། དེ་ནས་བརྩོལ་མེད་དུ་འོང་བ་ཡིན་གསུང་། དེ་ནས་དཔོན་སྲིན་པོ་གདོང་དང་། སྤ་ཚབ་གཉིས་དང་ལྷན་གཅིག་དོ་ལ་བྱོན། གསུམ་ཀ་ལ་རྒྱགས་བྲེ་ལྔ་ལྔ་ལས་མེད། ཆུ་དང་རྡེའུའི་དཀའ་ཐུབ་མཛད། རེས་འགའ་ཤ་རུས་གྲོ་མ་བརྐོས་པ་དང་། ཉའི་ཐོད་དང་ཀོ་མོའི་ཤ་བལ་བཙོས་ཀྱིན་གསོལ། ནས་ཚུམ་གཅིག་ཡོད་པ་བཙོས་ཡིན་ཚོགས་འཁོར་ཀྱང་མཛད། ཉིན་གཅིག་བསགས་པ་སྤང་དུ་བཙུགས་ནས་གྲོ་མ་ཐུར་བྱོན་པས་ཁོང་གིས་ཕད་བུ་གང་དང་། ཉ་ཤ་འགའ་རྙེད། དཔོན་སྲིན་པོ་གདོང་གིས་སྙིམ་པ་གང་ལས། གཞན་དེས་ཅི་ཡང་མ་རྙེད། བྱང་མ་བསྒྲོད་པར་ཆག་གི་རུ་བའི་ཁྲོད་ལ་སོང་ངོ་། བྱང་མི་མེད་ཀྱི་ཐང་ལ་ཟླ་དགུ་ཕྱིན། །འཚོ་བ་ཆུས་རྡེའུ་གཉིས་ལ་བྱས། །ཉ་ཤ་ཁྲོན་གསུམ་རུས་ཁུ་ཟོས། །ཕོ་ཞེན་ལོག་ཅན་ཚོགས་པའི་ཡང་རྩེ་ཡིན། །གསུང་། དེ་དུས་ཐུགས་དམ་འཕེལ་བ། རིག་པ་དངས་པ། རི་དགས་ཀྱི་གྲིབ་ཀྱང་ཚོར་བ་བྱུང་། ནུབ་གཅིག་མར་ཐུད་ཀྱི་དྲི་མ་བྱུང་ནས་ནང་པར་སྨྲས་པས། དཔོན་སྲིན་པོ་སྡོང་ན་རེ། དམར་བར་གདའ་སྟེ་བྱང་ཁ་སྟོང་པའི་འདི་རུ་བྱུང་དོགས་མེད་ཟེར། དེ་ནས་དགོངས་ཞིང་ཇེ་ཆེར་སོང་ཙམ་ན། ཉིན་ཅིག་ཐག་རིངས་སུ་སྦྲ་འགའ་ཐོར་བྱུང་། ནང་པར་བསོད་སྙོམས་ལ་བྱོན་པས། བྱིས་པ་ལུག་དུམ་དེད་པ་གཅིག་དང་ཕྲད་པ་ལ་སུ་ཡིན་དྲིས་པས། བེ་རི་ཡིན། འབབས་ས་མ་བཙལ་ན་གནོད་པ་བྱེད་ཟེར། ཕྱིན་པས་ཁྱི་རྫི་ཆོས་སྐྱབས་བྱ་བ་དང་ཕྲད་པ་ལ་བབས། མགོ་འཚོ་མིན། རི་ཡ་གི་ལ་སྡོད་པའི་སྒོམ་ཆེན་ཡིན། འཚོ་བ་ཆུ་རྡེའུ་ལས་མེད་པས་སློང་དུ་འོངས་པ་ཡིན་བྱས་པས། བལྟར་སོང་ཟེར་ནས་བལྟས་པས། རྩ་མལ་ཐབ་སྦུད་པ་རྫ་མ་ལ་ཆུ་སྐོལ་བའི་རྗེས་མིན་པ་མེད་པ་རྣམས་མཐོང་ནས་དད་དེ། མར་ཐུད་དང་ཤ་སྐམ་མང་དུ་ཕུལ། ཁོང་གིས་དལ་རེས་ཀྱིས་གསོལ་བས་རིང་པོ་མ་ཐུབ་པ་ལ། དཔོན་སྲིན་པོས་ཕུལ་བས། ཁ་ནིང་མཉམ་དུ་ཡོད་པ་ཡིན། ད་ཁྱེད་ཀྱི་སྐལ་བ་ང་མི་ཟ་གསུང་ནས་མ་བཞེད། ཡང་སྦྲ་པ་གསར་པ་འགའ་བྱུང་བ་ལ་སློང་དུ་ཕྱིན་པས། ཁྱི་ཐུ་མོ་འདུག བུ་མོ་གཅིག་ལ་ཁོག་བྱས་པས་མ་ཉན། དེར་རྒོད་རྐང་ལ་གློང་མོ་བརྟགས་པ་བསྐོར་འཕྲོ་བཅད་ནས། རང་། ཁྱི། བུ་མོའི་སེམས་གསུམ་བསྲེས་ནས་བཞུགས་པས། བདག་པོ་འདྲིས་པ་ལ་བྱེད་པར་ལྟར་ལྡག་ཅིང་འདུག་དད་ནས་འབུལ་པ་བྱས། བསྙེན་གནས། སྤྱན་རས་གཟིགས། བླ་མའི་རྣལ་འབྱོར་པ་ལ་སོགས་པ་བཤད། དེ་ཙམ་ན། ཕུག་གཉན་གཅིག་ན་སྒོམ་ཆེན་གཅིག་ཤི་བའི་དུག་པོ་ལ་ཟིལ་ཆེན་པོ་འདུག ཉམས་སྣང་ལ་གཡག་གཅིག་གས་བརྡུང་དུ་བྱུང་། བུད་མེད་གཅིག་གིས་འདིས་ང་ལ་ཡང་བརྡུངས་ཁྱོད་འདིར་མ་སྡོད་ཟེར། ནང་པར་ཉ་རོ་གཅིག་ལ་ཚོགས་མཛད་ནས་ཕུར་པའི་སྐུལ་གཅིག་བྱས་པས་བྲག་ཞིག་གཞི་བདག་དེ་དོན་སོང་གསུང་། དེ་ནས་བྱང་ཁ་ན་མར་བྱོན་པས་རེས་ཆུ་ཡང་མ་རྙེད། ཁ་བ་ཆེན་པོ་བབ་པས་སྤྱན་ཕྱིད། ནས་སྦར་གང་ཡོད་པ་ལྷུང་བཟེད་དུ་བཙོས་ནས་དྲངས། དོལ་པོ་ནས་ལམ་བྱུང་ནས་ཏི་སེར་བྱོན། ཤེལ་གྱི་མཆོད་རྟེན་ནང་གཞལ་ཡས་ཁང་དུ་ཡོད་པ་གཅིག་དུ་གཟིགས། དེའི་འོད་ཀྱིས་ཁྱབ་ཚད་རིག་པ་དངས་པར་འདུག་གསུང་། རྒྱ་རས་པ་མ་སྡོད་ཟེར་ནས་ཕུད་དུ་བྱུང་པ་ལ། སྐུ་ར་རིན་པོ་ཆེ་དང་། ཅུང་ལེགས་པར་སྒོམ་ཀྱང་མ་ཐུབ་ཏི་སེ་རང་དུ་སྒོམས་པས་འདོན་དུ་མ་བྱུང་གསུང་། དཔལ་དུས་ཀྱི་འཁོར་ལོ་ནས་བཤད་པའི་ཕྱི་ནང་གཞན་གསུམ་གྱི་རྟེན་འབྲེལ་པ་རྣམས་རང་གི་མཚན་ཉིད་དུ་ཐུགས་ལ་འཁྲུངས་ནས། ཕྱི་ནང་གསལ་བྱེད་མཛད། དེ་དུས་བཟང་རྟོག་རེ་བྱུང་རྡེའུ་དཀར་པོ་རེ། ངན་རྟོག་རེ་བྱུང་ནག་པོ་རེ་བཞག །བཞུག་དཀར་པོ་ཤས་ཆེར་སོང་ནས་བཞད་ཡལ་ཡལ་མཛད། མ་ཕམ་མཚོ་འགྲམ་དུ་ཆུའི་དཀའ་ཐུབ་མཛད། པུ་ཧྲངས་སྟོང་དམར་ནས་ཏི་སེ་བྱང་སྒོར་ཉི་མ་ཕྱེད་ཀད་རེས་ཕེབས་པ་དང་། སྐུ་མི་སྣང་བར་བསྒོམས་ནས་བྱོན་པས་གཞན་གྱིས་མི་མཐོང་བ་བྱུང་། ཕལ་པའི་ཉིན་ལམ་བདུན་བདུན་ཉི་མ་རེ་ལ་བཅད་ཀྱང་ཉམས་འབར་བས་ངལ་བ་ཙམ་མ་བྱུང་། ཀུ་ལུ་ཏ་དང་མ་རུར་བྱོན། དེ་ནས་ཞིང་སྐྱོང་བུད་མེད་སྣ་ནས་མར་ཁུ་འཛག་པ་གཅིག་འདུག་པ་ཡིས། ཁྱོད་དང་པོ་བླ་མའི་ཞབས་སུ་མི་སྡོད། དེ་ནས་གྲོགས་ཀྱི་ཟླ་ལ་མི་སྡོད་ད་འདི་ནས་གར་ཡང་མ་འགྲོ་འཚོ་བ་སྦྱར་རོ་ཟེར། ཨུ་རྒྱན་དུ་གཤེགས་པའི་ཐུགས་འདུན་བཏང་བས། མཚན་མོ་ནམ་མཁའ་ལ་རིགས་འཛིན་ཌཱ་ཀི་བྱོན་ནས་རྡོ་རྗེའི་གླུ་གསུངས། དབྱར་གྷན་དྷ་ལ་རུ་བསམ་གཏན་མཛད། ངན་རྟོག་གི་རྡེའུ་ནག་པོ་རྒྱུན་ཆད་གསུང་། དགུན་རྒྱ་རས་པ་འགའ་དང་སྡོངས་ནས་ཛཱ་ལན་དྷ་རཿརུ་བྱོན། ཤྲི་ན་ག་ཀྲོ་ཏ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོར་སླེབ། འཚོ་བ་བསོད་སྙོམས་དང་དཀའ་ཐུབ་མཛད་ནས་ཀླུ་སྒྲུབ་ཕུག་བྱ་བ་འདུག་པར་བཞུགས། དེ་ན་རྣལ་འབྱོར་མ་གྲུབ་པ་ཐོབ་པ་གཅིག་འདུག་པ་དང་ཆོས་ཀྱི་གླེང་ལངས་བྱས། དེར་སྲོད་གཅིག་གཏད་མེད་དུ་སོང་ནས། གྲོང་ཁྱེར་དེ་ལ་མི་ཐོགས་བར་སོང་འདུག །ཤེས་པ་བན་བུན་ལུས་ཟག་མེད་དུ་སོང་འདུག །གྲོང་ཁྱེར་དེ་ཐམས་ཅད་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་ཕོ་བྲང་དུ་འདུག་གསུང་། དེ་ན་ཆུ་ཀླུང་ཆོས་འབྱུང་ལྟ་བུ་གཉན་པ་གཅིག་སྣང་། དུར་ཁྲོད་ལ་གུ་རཿབྱ་བ་ན། ཕ་འོང་ཐོད་པ་ལྟ་བུ་ལ་རྗེ་བཙུན་མའི་སྐུ་རང་བྱོན་དུ་བྱོན་པ་ཡོད། དེར་གྲོགས་པོ་ཚོས་ཚོགས་བྱས་བའི་གྲལ་དུ་ཚུད། དེ་དུས་ཐུགས་སྐྱོ་བ་དང་། གནས་ཀྱི་སློངས་ཀྱིས་སྣང་བ་ཐམས་ཅད་ཟ་ཟིར་སོང་། ཨུ་རྒྱན་དུ་གཤེགས་པའི་ཐུགས་དགོངས་དྲག་པོ་བྱུང་། རྟེན་དེ་ལ་མཆོད་པ་གཅིག་ཕུལ་ནས་གསོལ་བ་བཏབ་ཅིང་རྟེན་འབྲེལ་སྒྲིགས་པས། རེངས་པ་དང་རྨུགས་པ་ལ་སོགས་པའི་བར་ཆད་མང་དུ་བྱུང་། གྲོགས་རྣམས་ཀྱིས་བལྟས་རྩུབ་པས་མི་གཤེགས་པར་ཞུས་ཀྱང་ཐུགས་མ་ཁུགས་སྟེ། དཔོན་སྲིན་པོ་སྡོང་དང་། དཔལ་ཡེ་གཉིས་དང་གསུམ་གྱིས་ཚོགས་གཅིག་མཛད། འོ་སྐོལ་གསུམ་འཚོགས་ནས་ཚོགས་བྱེད་པ་ད་རེས་ཙམ་ཡིན་ནོ་གསུང་། ལྷག་གཏོར་མ་བཏང་བར་གཟིམས་པས། འབྱུང་པོ་རྣམས་སྐལ་བ་ཆད་པའི་ཀུ་ཅོ་འདོན་པ་ལ། འུར་སུ་ཆེ་ལྟའོ་གསུང་ནས་གཟིམས་པས། སླར་ལ་ཅ་ཅོ་ཆེར་སོང་ནས་གཟིམས་སུ་མ་སྟེར་བས་འབྲས་ཚེམས་གཅིག་བྱིན་ཀྱང་མ་ཕན། བཙོས་ནས་དེ་ན་འདུག་གོ་ཞེས་བྱིན་པས་མེད་པར་སོང་གསུང་། ནང་པར་དཔོན་སྲིན་པོ་གདོང་། ཡང་ཨུ་རྒྱན་དུ་འགྲོ་གསུང་བ་ལ། མི་ཁྲིད་གསུངས་པས། ང་ངུ་གསུང་། རྟེན་འབྲེལ་མི་བཏུབ་གླུ་གྱིས་གསུངས་ནས་དབྱུག་པས་ས་ལ་བརྡབས་པས། ཆོག་ཟེར་ནས། བྱིན་བརླབས་ཞུས་ཕྱག་ཐོན། ཨ་ལོ་ལ་ཟེར་ཞིང་ལོག་བཞུད། དེ་ནས་གྲོགས་དབལ་ཡེ་དང་བསྡོངས་ནས་ཨུ་རྒྱན་དུ་བྱོན། གྲོགས་གཉིས་ཀྱིས་ཚོགས་ཆས་ཀྱིས་གསུང་ནས་གསེར་རེ་ཕུལ། མགུལ་དུ་བཏགས་ནས་ཕྱིན་པས་བློ་མི་བདེ་ཁྱོག་གེ་འདུག ཅིས་ལན་གཟིགས་པས་དེས་ལན་པར་གོ །རྒྱང་དུ་འཕངས་ནས་བདེ་ཆམ་སོང་། ཕངས་པ་མི་འདུག་པས་བླངས་ནས་དབྱུག་པའི་རྩེ་ལ་བཏགས་ནས་མི་དང་ཕྲད་པའི་ཚེེ་གསེར་འདི་ན་བྱས་པས། ཁྱོད་ཀྱི་དེ་རུ་གསེར་འོང་ཟེར་ཞིང་། མིག་ཀྱང་མི་ལྟ་བར་འདུག ཆོམ་རྐུན་པས་འཇིགས་ནས་མཚན་མོ་ཕྱིན་པས་ཐུགས་འཚུབ་པར་བྱུང་། བར་ཆད་འོང་བར་འདུག་ཟེར་ཞིང་ཕྱིན་པས་གཡང་ལ་ལྷུང་ནས་ཚེམས་ཐམས་ཅད་ཆག་ཟུག་དཔག་ཏུ་མེད་པ་བྱུང་། དེར་ཞིང་སྐྱོང་གི་ཌཱ་ཀི་འགའ་བྱོན་ནས། ཆུ་སེར་འདོན་པ་དང་དངས་མ་བསྡུད་པའི་འཁྲུལ་འཁོར་གནང་ནས་སོས་དེ་དཔོན་སྲིན་པོ་བསྡོང་ཡུལ་གཉན་པོ་དེ་ལ་ཚིག་རྩུབ་སྨྲས་པ་དེས་ལན་འདུག་གསུང་། གཞན་ཡང་ལམ་གྱི་མི་མ་ཡིན་གྱི་བར་ཆད་རྣམས་ཏིང་ངེ་འཛིན་གྱིས་ཟིལ་གྱིས་གནན་ནས་གསོལ་བ་འདེབས་ཀྱིན་བྱོན། ནམ་མཁར་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་གཟིགས། སྐུའི་གཟི་མདངས་འབར། སྤྱན་གྱི་ལྟ་སྟངས་སྟོད་ནས། ད་ནི་ཚེ་འདི་བློས་གཏོང་། ཕྱག་རྒྱ་ཆེན་པོའི་རྩལ་སྦྱོང་། བདེ་སྡུག་གི་སྣང་བ་རོ་སྙོམས་བྱེད། ཚེ་འདིར་སངས་རྒྱས་ཅི་གྲུབ་བྱེད་གསུང་ནས་བྱོན་པས་ཉི་མ་གཅིག་ལ་ཟླ་ཕྱེད་ཀྱི་ལམ་ཆོད་པ་བྱུང་གསུང་། དཔལ་ཡེ་ལ་བུད་མེད་ནམ་མཁའི་མདོག་ཅན་ནམ་མཁར་འགྲོ་བ་མང་པོའི་ནང་ནས་གཉིས་ཀྱིས་ལག་པ་ནས་ཁྲིད་པའི་སྣང་བ་བྱུང་། སྣང་བ་གཏད་མེད་ལ་སོང་ཙམ་ན་ལམ་ཐུག་མེད་གཅིག་ཆོད། རྐང་འགྱེགས་ཐོབ་པའི་གྲགས་པ་བྱུང་གསུང་། ལམ་དུ་སློང་དུ་ཕྱིན་པའི་སར་མུ་སྟེགས་བྱེད། དཀྱིལ་འཁོར་གྱི་ཕྱོགས་སུ་ར་རོག་བཞི་མཆོད་པ་བྱེད་པ་གཅིག་དུ་ཚུད་ནས་བསོད་པར་སྒྲོས་པ་ལ་རྟེན་འབྲེལ་མཛད་པས་ཟློགས། སོག་པོ་ཤི་སྐྱིད་དང་ཕྲད་པ་ལ་སྐུད་པ་གཅིག་ལ་མདུད་པ་བདུན་མཛད་པའི་སྣ་མོ་གཉིས་ནས་ཐེན་པས་ཁ་ཁྱེད་ཆེ་ལུས། དེ་ནས་ཁ་ཆེའི་ཆུ་བཞུག་ཙན་དན་བྷ་གའི་འགྲམ། ཨིནྟྲ་ནི་ཞེས་པའི་གྲོང་། ཤར་ཕྱོགས་ན་རྒྱ་སྐགས་ཀྱི་ཚལ་ཡོད་པར་སླེབ། ནུབ་གཅིག་བུད་མེད་གཅིག་གིས་མཚོན་མང་པོ་སྒྲེ་བར་བཅུག་འཇོག་པ་རྨིས། ནང་པར་སོག་པོ་རྟ་པ་བཞི་བྱུང་ནས་བརྡུངས། ཐུགས་ངར་བསྐྱེད་ནས་བརཏལ་ཤུགས་བཙོངས་པས། སྒོམ་ཐག་གིས་མགུར་བསྒགས་ནས་ཕྱེད་སྐད་ཅིག་ཁྲིད། བྲང་རྟོག་པས་བརྡུངས། དེ་དུས་སྣང་བ་དམར་ཐིང་ལ་ཅི་ཡང་མི་མཐོང་བར་སོང་། རླུང་སེམས་ཨ་ཐུང་ལ་བསྡུས་པས། དབུས་མར་ཚུད་ནས་མི་རྟོག་པར་སོང་། དཔལ་ཡེ་ན་རེ། ཁྱེད་མིག་སྔོ་ལྡིང་ངེ་བྱས་ཤི་འདུག་སྙམ་ཟེར། དེ་ནས་ཐུགས་འུར་གསུང་མང་པོ་བྱོན། ལྟ་སྟངས་ཀྱིས་གཟིར་ཅིང་ཟིལ་གྱིས་མནན་པས། སོག་པོ་དེ་ཁ་ཞོམ་སོང་ནས་འདར་ལྷོད་ལྷོད་འདུག་གསུང་། མདོར་ན། ཡར་མར་གྱི་ལམ་དུ་བརྡུང་བརྟག་བདུན་བཅུ་རྩ་གཅིག་མྱོང་། ཁྱད་པར་བུད་མེད་ཀྱིས་བརྡུངས་པ་མང་གསུང་དེ་ནས་ཞག་ལྔ་ན་ན་ཧུ་གྲིའི་ཚ་གར་སླེབ། དེ་ནས་ཞག་གཅིག་ཕྱིན་པ་ན་བྷ་ཏྲོ་ལ་དང་། དེ་ནས་ཉིན་གཅིག་གིས་མ་ལ་ཀོ་ཏྲེར་སླེབ་མུ་སྟེགས་འབྱུང་བའི་སྒོ་ཡིན། རྩི་པོ་ཆེ་མང་པོ་སྐྱེ། དེ་ནས་དེ་བུ་ཛྷྱི་ཏ་བྷིར་ཟེར་བ་ལ་བླངས་ན་ཁ་ཟས་དང་གོས་སྟེར་བར་འདུག །དེ་ན་རྒྱལ་བུ་ཧུ་ལ་ཧུ་གཙུག་ལག་ཁང་བཞེངས་ཤིང་འདུག །དེ་ནས་ནུབ་བྱང་དུ་ཞག་ལྔ་སོང་བ་ན་དྷུ་ཀ་ལ་བྱ་བ་སྣང་དེ་ནས་ཞག་བཞིས་རཱ་ཛཱ་ཧུར་དུ་སླེབ་སྟེ་ཨུ་རྒྱན་དུ་འཇུག་པ་ལ། ནི་ལི་པ། པུར་ཤྭ་ར། ཀ་ཧེཀ་བྱ་བ་དང་སྒོ་བཞི་ཡོད་པའི་གཅིག་ཡིན་ནོ། །གྲོང་ཁྱེར་དེར་བསོད་སྙོམས་མཛད་པའི་འབྲས་ཆེན་གྲོག་མ་དང་འབུ་གཞན་དུ་སོང་ནས་གསོལ་དུ་མ་བཏུབ། དེའི་ནུབ་ཕྱོགས་ན་ཆུ་བོ་སིནྷུ་འབབ་པའི་རྩར་སླེབ་དུ་ཉེ་བའི་སར་མཉེལ་མཛད་དེ་གཟིམས་བཞུགས་པས། དཔལ་ཡེ་ན་རེ་སློབ་དཔོན་རྗེ་བཙུན་བཞེངས་དང་། ནམ་མཁའི་ནས་ཆུ་ཡ་གི་ཙམ་བྱུང་ཟེར། བལྟས་པས་གཙང་པོ་ནམ་མཁའ་ལ་འགྲོ་ཡིན་སྣང་། གནམ་ས་བླ་ལོག་འགྱུར་ཏེ། སོག་པོའི་རྟ་པ་ཀུན་ཡང་སྤྱི་ཚུགས་སུ་གླུ་ལེན་ཅིང་འགྲོ་བར་མཐོང་། མིག་ཡང་མི་གསལ། གོམ་པ་ཡང་འཁྱེར་ནས་གཅིག་ལ་གཅིག་རྟེན་ཅིང་རཱ་ཛཱ་ཧུར་དུ་ལོག་ཕྱིན། གཞན་གྱིས་བཙོངས་དོགས་པས་གྲོང་མཐའི་ཕག་ཚང་གཅིག་དུ་བཞུགས། དཔལ་ཡེ་ལ་གཡས་སུ་རྟ་པ་མང་པོ་རྒྱུག གཡོན་ནས་མར་བུད་མེད་མང་པོ་ཤོན་བརྩེ་བའི་སྣང་བ་བྱུང་བ་ལ། རོ་རྐྱང་གཉིས་སུ་རླུང་ཤོར་བའི་སྣང་བ་ཡིན་གསུང་ནས་ལུས་གནད་གཅིག་བཅོས་པས་ཕན། གཞན་ཡང་མཐོང་སྣང་དཔག་ཏུ་མེད་པ་བྱུང་། དེ་དུས་གཉིས་ཀའི་ཞལ་ནས་རྣག་ཁྲག་འདྲེས་པ་སྙིམ་རེ་ཙམ་སྐྱུགས་ཏེ་རྩ་ནང་གི་ནད་དག་པར་འདུག་གསུང་། ནང་པར་བསོད་སྙོམས་ཀྱང་མ་ནུས་ཏེ་གཅིག་ལ་གཅིག་མཇུས་ནས་གྲུ་གར་བྱོན། གཉན་པ་ལ་སྒྲོལ་བྱས་པས། ཕར་གར་ཁྱོད་ཧོར་དུ་འདུག་ཟེར་ནས་བསོད་ཟེར། མི་འཇིགས་ཀྱིས་སྒྲོལ་བྱས་པས་བསྒྲལ། ཕར་ཁར་སླེབ་ཙམ་གྱིས་བདེའོ། །དེ་ཕན་ཆད་ཨུ་རྒྱན་གྱི་ས་ཆ་ཡིན་ཏེ། གྲོང་ཁྱེར་ཁྲི་ཕྲག་དགུ་ཡོད་པར་གྲགས། འོན་ཀྱང་དེ་རང་ན་དྷུ་མ་ཐ་ལ་མ་གཏོགས་པ་ལ་ཨུ་རྒྱན་མིི་ཟེར་གསུང་། དེ་དུས་ཡུལ་དེ་ཧོར་གྱིས་བཅོམ་མ་ཐོག་ཏུ་འདུག་པས། ཆུ་བོ་དེ་དང་ཉེ་བའི་གྲོང་ཁྱེར་ཀ་ལ་པུར་བྱ་བར་སྲོད་འགྲོས་བྱས་ནས་ཕྱིན་པས། སྟག་གཟིགས་གི་ཉུལ་མ་བྱུང་ཟེར་ནས་རྡོ་ཆར་ཕབ། ཤིང་སྡོང་གི་ཕག་ཏུ་བྲོས་ནས་ཡིབ་པས་ནང་དུ་ལོག་སོང་། ཆར་ཆེན་པོ་ཡང་བབ། ཁྱིས་ཡང་མི་ཚོར་བར་འདུག་པས་བྲང་ཁ་ན་ཡར་བྲོས་ཕྱིན། ནང་པར་ལམ་དུ། སྟག་གཟིག་ལ་བྲོས་པའི་གཟའ་མི་གསུམ་བ་གླང་སོགས་དེད་པ་གཅིག་དང་ཕྲད། དེ་ས་ལ་བེད་ཀྱི་ཛྲོ་ཀི་ཨུ་རྒྱན་སྐོར་དུ་འགྲོ་བ་ཡིན་ཀྱིས་ཀ་ཧེཀ་སིནྷུ་ར་འབྱུང་བའི་གནས་དང་། དེ་ནས་གསུམ་གྱི་ཁ་རག་དུ་ཁྱེད་ལ་འབབས་སོ་བྱས་པས། དྷུ་མ་ཐ་ལའི་གྲོང་ཁྱེར་མཆོག་གི་བར་དུ་ཐུབ་ཀྱི་ཟེར་ནས་ཁས་བླངས་སོ། །དེ་ནས་ཉི་མ་གཉིས་ཀྱིས། ཀ་ཧོཀ་སིནྷུ་ར་འབྱུང་བའི་གནས་དང་། དེ་ནས་གསུམ་གྱིས་ཁ་རག་ཁར་དུ་སླེབ་གྲོང་ཁྱེར་དེའི་ཤར་ན་ཨི་ལོ་པར་པ་ཏ་ཞེས་བྱ་བའི་གྲུབ་པའི་རི་བོ་ཡོད་དེ། དེ་ལས་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་མང་དུ་བཞུགས། ཁྱད་པར་དུ་སྐལ་བ་དང་ལྡན་པ་རྗེས་སུ་འཛིན་པ་སྤྲུལ་པ་སྣ་ཚོགས་མཛད་པ་ཅིག་ཡོད་ཟེར། རི་དེ་གཞལ་ཡས་ཁང་དུ་ཡོད་པའི་ནང་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཞུགས་པ་ལ། ཡེ་ཤེས་ཀྱི་ཌཱ་ཀི་དཔག་ཏུ་མེད་པ་འདུས་ནས་ཚོགས་དང་མཆོད་པ་མཛད་ཅིང་འདུག དེའི་སྒོར་རྣལ་འབྱོར་པ་དམར་པོ་ཉི་མའི་འོད་ཟེར་ལྟ་བུ་གཅིག་ཡོད་པ་གཅིག་གིས་བསྲུང་ཞིང་འདུག །གསང་བདག་གི་ཏིང་ངེ་འཛིན་གྱིས་ཟིལ་གྱིས་མནན་ལ་ནང་གི་གསང་སྔགས་ཀྱི་གཏེར་བལྟ་དགོས་པས་ཟིལ་གྱིས་མ་ནོན་གསུང་། དེ་ནས་ཉི་མ་ཕྱེད་གཉིས་ཀྱིས་ར་ཧི་ཁར་སླེབ། དེ་རྒྱལ་པོ་ཨིནྟྲ་བོ་དྷིའི་ཁབ་ཀྱི་ཤོལ་ཡིན་ཟེར། སོ་ཕག་གི་ཕུང་པོ་འདུག་པ་གཟིགས་ཙམ་ན་ངའི་ཡིན་སྙམ་པ་དང་། གཞན་གྱིས་བརྙས་པ་བྱེད་དུ་བྱུང་བ་ལའང་ས་ཆ་འདི་པ་ང་ཡི་ཡིན་ཏེ་སྙམ་པ་བྱུང་། དེའི་བྱང་ཕྱོགས་མཾ་གྷ་ལ་ཧོར་བྱ་བའི་གཙུག་ལག་ཁང་ཡོད་པ་ཡིན་ཟེར་བ་རྒྱང་ནས་མཐོང་། ར་ཧིཀའི་རྩ་ན་ཆུ་བྲན་ལྷོར་འབབ་པ་གཅིག་རྒལ་བའི་བྲག་སྣ་གཅིག་ལ། སློབ་དཔོན་ལཱ་བ་པའི་དགོན་པ་ཡོད། དེའི་སྟེང་ན་ཌཱ་ཀི་མས་རྡོའི་སེར་བ་ཕབ་པ་ལ། ཧཱུྃ་ཞེས་སྡིག་འཛུབ་གཏད་པས་རེངས་ནས་ནམ་མཁར་ཆགས་པ་ཡིན་ཟེར་བ་སྦྲ་ཙམ་གཅིག་འདུག ཡུལ་དེ་ཀུན་གྱི་བུད་མེད་དེ་རྣམས་ཀྱིས་སྟག་གཟིག་དང་ལྕེ་སྤྱང་ལ་སོགས་པར་སྤྲུལ་ ཤེས་ཤིང་འདུག ཐ་མལ་གྱི་རྟོག་པ ་ཁེམས་པ་རེ་བྱུང་ཙ་ན། ཕྲ་མེན་ཤ་ཟའི་མཁའ་འགྲོ་རྣམས་རོང་སླེབ་ནས་ཟ་བ་ཡིན་ཟེར་བར་སྣང་། གསང་བདག་གི་ཏིང་ངེ་འཛིན་གསལ་བཏབ་ནས་ཁྱེད་དངོས་ཟའམ་བྱས་ཙ་ན་མིག་ཞེལ་འགྲོ་ཡིན་གདའ། བུད་མེད་གཅིག་གིས་ཁྱོད་ཨིནྟྲ་བོ་དྷི་ཡིན་ཟེར་བ་བྱུང་གསུང་། ཡུལ་དེ་ནས་ཉི་མ་ཕྱེད་ཀྱིས། གནས་དངོས་དྷུ་མ་ཐ་ལར་སླེབ། མི་ཁྱིམ་ལྔ་བརྒྱ་ཙམ་འདུག གྲོང་ཁྱེར་དེ་གཟིགས་པ་ཙམ་གྱིས་ཐུགས་རྩིས་མེད་དུ་སོང་། དེ་ན་གནས་པའི་མི་ཐམས་ཅད་ཐ་མལ་པ་དང་མི་འདྲ་བར་རིགས་ལྔའི་ཁ་དོག་དུ་སྣང་བ། བུད་མེད་ཐམས་ཅད་ཀྱིས་སྤྲུལ་སྒྱུར་ཤེས་པ། བརྡ་དང་བརྡའི་ལན་འདེབས་པ། ནུས་པ་ཐོགས་མེད་དུ་སྟོན་པ། འདོད་ཡོན་ལ་མིག་སེར་དག་པ་འདུག ཐོག་མར་ཕེབས་པའི་ནུབ་མོ། ཤར་ཕྱོགས་ན་མ་ག་ལ་རྡོ་ཝི་ཅེས་པའི་ལྷ་ཁང་ཆུང་ངུ་ན། ཙནྡན་ལས་རང་བྱོན་གྱི་རྗེ་བཙུན་མ་བཞུགས་པ་འདུག་པའི་དྲུང་དུ་ཉལ། གྲོང་ཁྱེར་གྱི་བུད་མེད་རྣལ་འབྱོར་མ་དངོས། དེ་ཤེས་དཀའ་བས་ཐམས་ཅད་ལ་བླངས་ནང་གཅིག་གིས་དངོས་སྒྲུབ་སྟེར་ཟེར་བ་ཐོས་ནས། ནང་པར། པྲང་ཁ་གསུམ་འདུག་པའི་བྱང་ཕྱོགས་ལ་དཔལ་ཡེ། ལྷོ་ཕྱོགས་ལ་ཁོང་གི་སློང་དུ་བྱོན་པས། རྣལ་འབྱོར་མ་དུ་མས་མདུན་བསུས་ནས་མེ་ཏོག་གཏོར། སིནྷུ་རའི་ཏྲིཀྐ་འདེབས། ལུས་ངག་གི་བརྡ་སྟོན་ཅིང་བསྙེན་བཀུར་བར་མཛད། གྲོགས་པོ་ལ་དེ་ལས་ཟློག་པར་བྱས་འདུག་པ་སྐྱབས་དགོས་པ་བྱུང་སྐད། ཡང་ཉིན་ཅིག་འཚོ་བ་བླང་ནས་ཨ་ན་དྷ་ཀོ་ཅེས་པའི་ཕྱོགས་ཀྱི་སྒང་གཅིག་ལ་སྡད་པའི་ཚེ་ན་ཆུང་མ་སྤྱན་གསུམ་ཡོད་པ་དང་། དཔྲལ་བར་རང་འབྱུང་གི་མཚལ་གྱི་དགའ་བ་འཁྱིལ་པའི་ཤ་མཚན་ཡོད་པ་དང་ཕྲད། སུ་ཡིན་དྲིས་པས་རང་བྱུང་གི་རྣལ་འབྱོར་མའོ་ཟེར། བླ་མ་དང་ཆོས་ལ་སོགས་པ་དྲིས་པས་ཀྱང་ང་རང་ངོ་ཟེར། སོག་པོ་ཚོང་པ་གཅིག་གིས་ཁྱོད་རྣལ་འབྱོར་མ་ཡིན་ན་ངའི་ཡུལ་ནས་སྤྱད་པ་གཅིག་ལོང་དང་ཟེར་བས། སྐད་གཅིག་དེ་ལ་གཏོར་ཞྭ། མདའ་གཞུ་གསུམ་གཏད་པས་དད་འདུག དེ་རྣལ་འབྱོར་མར་ཤེས་ནས་བླངས་པས་ཟས་སྣ་མང་པོ་སྦྱར་ནས་བྱིན། ཟོས་པས་ཏིང་ངེ་འཛིན་དུ་ཆམ་སོང་ནས། ཐུགས་དམ་དང་། ཕྱག་རྒྱ་ཆེན་པོའི་རྟོགས་པ་ལ་བོགས་ཆེན་པོ་ཐོན། ཆོས་ཞུས་པས་ཁྱེད་འདོད་པ་ཀཱ་ཀ་མར་འབྱུང་ངོ་ཟེར་རོ། །བུད་མེད་དེ་ཕ་རྒྱལ་པོའི་བཙུན་མོར་འདུག་གསུང་ངོ་། །གྲོང་ཁྱེར་གྱི་ཕྱོགས་བཞི་ན་སོ་ནི། ན་ཀུ་རི། མ་ཏམ་གེ །ཏ་པ་སི་ནི། ཞེས་པའི་ཛྲོ་ཀི་ཆེན་པོ་བཞི་འདུག་པ་ལ་ཏིང་ངེ་འཛིན་གྱི་མཆོད་པ་ཡུལ་ནས་གསོལ་བ་བཏབ་པས་ལྟས་མང་པོ་བྱུང་ངོ་། །དེ་ནས་ཀ་ཀ་ལའི་གྲོང་དུ་བླངས་པས། ས་མུནྟྲ་པུ་ཁ་ཟེར་བའི་སྨད་འཚོང་མ་ཅིག་གིས་ཚོད་མ་ཕོར་གང་བྱིན་པ་ལ་བརྟེན་ནས། སྐད་གཅིག་མ་ལ། ས་གཡོས། ལུས་ཀྱི་གཉེར་ཁ་མི་འོང་། སྣང་བ་ཡམ་ཡོམ་ཤེས་པ་ཆད་ཆོད་དུ་སོང་། གྲོགས་སྐད་ཅིག་ལ་ལུས་མི་འདྲ་བ་བཅུ་དྲུག་བླངས་པ་ལ་སོགས་གནས་སྦྱོང་དཔག་ཏུ་མེད་པ་བྱུང་། དམྱལ་བ་ཡི་དྭགས་ཀྱི་ས་བོན་ནི་མི་འདུག ལྷ་མི་དུད་འགྲོའི་ཤས་ཆེ་བར་འདུག པུག་རོན་དུ་གྱུར་པ་ལ་ཁྲས་བཤུར་བས་འཇིགས་སྐྲག་དྲག་པོ་བྱུང་། ཤེས་པ་ཟ་ཡ་རུ་སོང་། རིག་པ་ངོས་བཟུང་དུ་མི་བཏུབ་པ་དེ་བས་ཐུ་བ་མ་བྱུང་གསུང་། གཞན་ཡང་སྣང་བ་ལ་འདི་མ་བྱུང་བྱ་བ་མེད། ཀུན་བཞི་ལ་བག་ཆགས་ཡོད་ཚད་འཆར་དགོས་པར་འདུག །མི་འཆར་བ་སུས་ཀྱང་མི་ཐུབ་པར་འདུག་ཤར་ཚད་སྒོམ་དུ་ཤེས་དགོས་པར་འདུག །སྒོམ་དུ་ཤར་བ་དེ་མེད་ན་སྨྱོན་པའམ་གེགས་ཡོང་བ་ལ་ཚེགས་མི་འདུག་གསུང་། དེའི་རྗེས་ལ་རིག་པ་གསལ་ཞིང་དངས་པ། ངོས་བཟུང་ཐམས་ཅད་དང་བྲལ་བ། སྣང་བ་འདི་ལ་ཀྱག་གཏད་སྤུ་ཙམ་གཅིག་ཀྱང་མེད་པར་སོང་། ཕྱི་རོལ་གྱི་ཡུལ་སྣང་དང་། ནང་གི་རྩ་རླུང་ཐམས་ཅད་ཤེས་པ་སྐད་ཅིག་མའི་རང་གཟུགས་སུ་ཀྲོང་སོང་། རང་གི་ལུས་སྤྲུག་པ་ལྟར་སྣོད་ཀྱི་འབྱུང་བས་ཀྱང་ཚུགས་མི་ཐུབ་པར་འཕར་ཞིང་འཕྲིག །གཡོ་ཞིང་ལྡོག་ཕྱོགས་ཐམས་ཅད་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པར་ཤིག་ཤིག་འདུག ནང་ལུས་ཀྱི་རྩ་རླུང་གི་གནས་ཚུལ་སྐྱོན་ཡོན་སྐྱེད་མི་སྐྱེད། འདི་ལས་འདི་འགྱུར་གྱི་གསང་ཆེན་གྱི་རྟེན་འབྲེལ་གྱི་གནད་རྣམས་གཟིགས་སྟེ། དེ་དུས་ས་ཐོབ་པའི་ཡོན་ཏན་བཤད་ཚོད་ཆ་མཐུན་སྐྱེས་འདུག་གསུང་། དེའི་རྒྱུ་མཚན་ཡང་། རྣམ་སྨིན་གྱི་ལུས་ལ་བག་ཆགས་ལ་བརྟེན་པའི་རྩ་གྲུབ། དེར་རླུང་རྒྱུས། རླུང་གིས་དྲངས་ནས་བྱང་ཆུབ་ཀྱི་སེམས་དབུ་མར་སོང་བས་བག་ཆགས་ཀྱི་རྣམ་རྟོག་སྐད་ཅིག་མ་ཤར་བ་དེའི་བདེན་འཛིན་ཞིག་པས་རླུང་ཞི། དངས་མ་རང་གནས་སུ་བརྟན། རྩ་མདུད་ཞིག་པ་ལས་ཡིན་ཏེ། ནང་དུ་དུས་རྩ་ལྔ་སྲེག་གཟུགས་གཟིགས། འཛག་མེད་དང་པོ་ཐོབ། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེས། ཕྱི་ནང་གཞན་གསུམ་གྱི་གནད་ཐམས་ཅད་དུས་གཅིག་ལ་ཤར་ནས་མ་བདེ་བའི་སྒྲོ་འདོགས་ཆོད། དེ་དུས་བཅོམ་ལྡན་འདས་རྣལ་འབྱོར་མ་སིནྷུ་རའི་མདོག་ལྟར་དངས་བ། གཟི་བརྗིད་ཉི་མའི་སྙིང་པོ་བས་ལྷག་པ་དང་མཇལ། རྡོ་རྗེ་ཐེག་པའི་ཁྱད་ཆོས་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་བདུད་རྩི་ལྟ་བུ་སྣང་། གསང་སྔགས་བླ་ན་མེད་པའི་དགོངས་པ་མ་ལུས་པར་ཐུགས་སུ་ཆུད་དེ། ད་ངའི་ལུས་འདི་ཟག་པ་མེད་པ་རྡོ་རྗེའི་ལུས་སུ་སོང་འདུག་གསུང་། ཕྱག་འཚལ་དེ་ཐུགས་ལ་དཔལ་ཡེ་ལའང་དངོས་གྲུབ་ཀྱི་རྫས་དེ་ཞུས་ལ་སྦྱིན་དུ་གཞུག་སྙམ་ནས་སྦྲན་ཀྱང་གཞན་གྱིས་གེགས་བྱས་པས་དངོས་གྲུབ་ཀྱི་རྫས་མ་ཐོབ། རིགས་དྲུག་གི་གནས་སྦྱོང་བྱུང་། ཡིད་དམ་དང་དཔའ་བོ་ཌཱ་ཀི་དུ་མའི་ཞལ་གཟིགས། འདོད་པ་རྩ་བ་ནས་ཟད་པའི་རྣལ་འབྱོར་པ་གཅིག་ཡིན་གསུང་། དེ་ནས་དྷུ་མ་ཐཱ་ལའི་ནུབ་ན། ཀ་མ་དྷ་ཀོའི་གངས་རྣལ་འབྱོར་མའི་ཕྲེང་ཡིན་ཟེར་བ་ནས། ཀོ་ཏམ་བྷ་རའི་ཆུ་དེ་འབབ། དེ་ལ་འཐུངས་པས་ཏིང་ངེ་འཛིན་སྐྱེ་སྐད། གངས་དེའི་ནང་ན་གྲུབ་པའི་གནས་ཀ་མ་ཀ་དྷ་གུ་པའི་ནང་ན་ཁྲོ་བོ་མཐིང་ནག་རྒྱན་དྲུག་གིས་བཏབ་པ། གྲི་གུག་ཐོད་པ་འཛིན་པ། སྤྱན་གསུམ་ཉི་མའི་འོད་ཟེར་ལྟར་མི་བཟོད་པར་འབར་བ། ཟིལ་ཆེ་བ་གཅིག་འདུག་སྟེ་དཔལ་བདེ་མཆོག་རང་ཡིན་པ་འདྲ་གསུང་། གྲོང་ཁྱེར་དེའི་ཤར་ན་ཀ་བིར་སྨ་ཤ་ན་བྱ་བ་དུར་ཁྲོད་བརྒྱད་ཀྱི་ཡ་བ་གཅིག་ཡིན་ཟེར་བ་འཇིགས་སུ་རུང་ཞིང་སྐྱི་བུང་བྱེད་པ་ཡོད། དེའི་བྱང་ན་ཤིང་བརྒྱད་ཀྱི་ཡ་བ་ཡིན་ཟེར་བ་ཨ་ཤྭ་བྷྲི་ཀྵ་བྱ་བ་དང་། དེའི་དྲུང་ན་ཀ་པ་ལ་བྷོ་བྷྱོན་བྱ་བའི་རྡོ་ལ་ཚངས་པ། ཁྱབ་འཇུག །དབང་ཕྱུག །རང་བྱུང་དུ་ཡོད་པ་དང་། ལྷོ་ན་དྷུ་མུ་ཁུ་ཅེས་པ་ཞིང་སྐྱོང་རྡོ་ལས་རང་བྱུང་པ་དང་། དེ་ན་ཡམ་གྷ་ལ་བྷྲིཀྵ་ཅེས་པ་ཏ་ལའི་སྡོང་པོ་གཅིག་རྣམས་འདུགཤིང་དེའི་རྩ་བ་ནས་མ་གྷ་ལ་ནིའི་ཆུ་མིག་ལྷོར་འབབ། དེའི་ཤར་ན་ཤྲི་པར་པ་ཏ་ཅེས་པ་སེང་ལྡེང་སྐྱེས་པའི་རི་མི་ཆེ་བ་གཅིག་ཡོད། རི་དེའི་ནུབ་སྣ་དང་མངྒ་ལ་ནའི་ཆུ་བཞུག་འཛོམ་པ་ན། མུལ་པ་ཝིཀྟྲ་ཞེས་པ་ས་གྲུ་གསུམ་གཅིག་འདུག །དེ་ན་སྔོན་མངྒ་ལ་དྷེ་ཝིའི་ཙནྡན་ལས་རང་བྱོན་གྱི་སྐུ་དེ་བཞུགས་པ་ཡིན་ཟེར། ཕྱིས་ཧོར་དམག་གིས་བསྲེགས་པས་གྲོང་ཁྱེར་མཆོག་གི་ཤར་ན་བཞུགས་པ་ཡིན་སྐད། ལྷ་ཁང་དེ་ན་རྣལ་འབྱོར་མ་མང་པོ་འདུས་ནས་མཆོད་པ་རྣམ་པ་མང་པོ་བྱེད་ཅིང་འདུག་པ་ལ། ཀི་ལི་དང་ཙཱི་ལཱི་སྒྲ་སྒྲོག་ཅིང་འདུག །དེར་ནུས་པ་དང་མི་ལྡན་པ་སྤ་སྐོང་ཞིང་སྐལ་པ་དང་ལྡན་ལ་རྗེས་སུ་འཛིན་པ་ཡིན་གསུང་། དེ་རྣམས་ཀྱི་ཞས་ན་བདེ་མོ་ཤམ་བུ་ཅན་དང་། སྒོམ་མ་སླེའུ་ཐུལ་གོན་པ་འགའ་རེ་འདུག་པ་རྣམས་ལ་སྔོན་ལ་དམ་ཚིག་གི་རྫས་སྟབ་ཅིང་འདུག །ལ་ལས། ད་ནང་རྡོ་རྗེ་གླིང་ནས་འོང་བྱ་བ་དང་། ལ་ལ་སྔ་དྲོ་དེར་ཆོས་ཉན་དུ་ཕྱིན་ནས་སླེབ་པ་ཡིན་ཟེར་ནས། རྒྱལ་བ་རྒོད་ཚང་པ་དི་རིང་འདི་གསུང་གི་ཆོས་ཀྱི་ཚིག་ཁྱེར་འོང་གིན་འདུག །ཨུ་རྒྱན་དེ་སྤྲུལ་པའི་གནས་གཅིག་རང་ཡོད། དེ་རུ་བསྡད་ནས་ཟླ་བ་གསུམ་ལོན་ཚུན་ཆད། གཞན་གྱིས་ཕུད་མཆོད་བྱས་པའང་ཕ་རུ་སིབ་སིབ་འོང་གིན་འདུག་གསུང་། ཨུ་རྒྱན་གྱི་སྒོ་ན་ཨིནྟྲ་བོ་དྷིས་བཞེངས་པའི་གཞལ་ཡས་ཁང་འདུག །དེ་མཐོང་ན་བསྒོམ་བྱའི་སྐབས་ཀྱི་དཀྱིལ་འཁོར་ཀུན་གྱི་རྣམ་པ་གསལ་པོ་ཤེས་པ་ལ་ཕན་པར་འདུག་གསུང་། དེར་ཞག་འགའ་གཟིམས་པས། མཁའ་འགྲོའི་ལྟས་དང་རོལ་མོའི་སྒྲ་ལས་ཐེག་པས་སྣ་ཚོགས་ཀྱི་ཆོས་ཀྱི་སྒྲ་སྟོན་པར་འདུག་གསུང་། ཨུ་རྒྱན་གྱི་ནང་དུ་ཚུད་ནས་འདི་ཕན་ཆད་ཟླ་བ་ལྔ་སོང་དེ་ནས་སྔར་རྗེས་སུ་འཛིན་པའི་རྣལ་འབྱོར་མའི་ཞལ་ནས། སྤྱིར་གདམས་པ་འདི་ལོ་བཅུ་གཉིས་སུ་མ་བསྟན། ལོ་གསུམ་གཉིས་ཀྱི་བར་གཞན་དོན་མ་རྩོམ། དེ་ནས་རྩོལ་མེད་དུ་འཕྲིན་ལས་འགྲུབ། ཁྱད་པར་དྲག་པོའི་ལས་འགྲུབ། ལོ་དགུ་བཅུ་རྩ་དྲུག་ཐུབ། རྡོ་རེག་པ་མེད་པའི་འོག་ཏུ་སྒོམ་ན་དངོས་གྲུབ་བརྒྱད་ཅུ་དང་ནུས་པ་མཉམ་པར་འགྱུར་གསུང་། དེ་ནི་རྣལ་འབྱོར་མ་དངོས་ཀྱི་སྤྲུལ་པ། སྔར་ལམ་དུ་བར་ཆད་བསྲུང་བ་དང་། དུས་ཕྱིས་ཀྱང་རྒྱ་བོད་དུ་བར་ཆད་འབྱུང་བ་དང་། གདམས་པ་བརྗེད་པ་ལ་སོགས་པའི་དུས་སུ་གསོལ་བ་བཏབ་པའི་ཚེ་རྗེ་བཙུན་མ་དངོས་སུ་བྱོན་པའང་དེའི་ནུས་པར་འདུག་གསུང་། སླར་ཡང་ལ་བ་ཕུག་ཏུ་ཆུ་གསོལ་ཞིང་བཞུགས་པར་དགོངས་སྟེ། ཧོར་གྱིས་བསད་པའི་མི་རུས་ལ་སོགས་བསྡུས་ནས་ཏིང་ངེ་འཛིན་བསྒོམས་པས། ཨུ་རྒྱན་ནི་གྲོང་ཁྱེར་ལཱོ་པ་ཞེས་པར་སྐྱེས་ནས་ཁྱིམ་བཟུང་བ་དྲན། སྲས་གཉིས་ཡོད་པའི་གཅིག་རྟ་ནག་པ་ཡིན་པར་འདུག་གསུང་། དེ་དུས། དཔལ་ཡེ་ན་རེ། ད་ནི་ཡིད་ཆེས་པས་བོད་དུ་འདེང་ཟེར་བ་ལ། ས་ཐག་རིང་པོ་ནས་ལུས་སྲོག་ལ་མ་བལྟས་པར་གནས་ཆེན་བསྙགས། བསྙག་རིང་ཡང་ཆོག་པར་བྱུང་བ་ཡིན། ད་ནི་རབ་ཐོད་པ་འདི་རུ་འབོར། དེ་མིན་ཡང་ལོ་གསུམ་ཙམ་སྡོད་པ་ཡིན་བྱས་པས། ཉིད་མི་གཤེགས་ཀྱང་སུ་རིག་ཐུག་སྐྱོལ། དེ་མིན་ནའང་རཱ་ཛ་ཧུར་ཐུག་མི་སྐྱེལ་བའི་ཤགས་ཡོད་དེ་ཟེར་ནས་མ་ཉན་པས་དེ་བར་དུ་སྐྱལ། ཁ་ཆེ་བར་གྲོ་བའི་ཚོང་པ་ལ་སྦྲགས་པས། སྐད་མི་ཤེས་པའི་མི་འདི་ཁྱོད་མེད་ན་འཆི་བ་མིན་པའི་ལམ་མེད་ཟེར། དགོངས་པ་མཛད་པས། བླ་མ་གཅིག་གིས་བསྡུས། གནས་ཆེན་ལ་སྡོངས་པའོ་གྲོགས་སུ་སྲོག་གི་བར་ཆད་དུ་སོང་ན་བདག་གིས་རིགས་པ་བྱས་པར་ཡང་མི་འགྱུར་རོ་སྙམ་དུ་དོགས་ནས། སླར་དུར་ཁྲོད་གཏུམ་དྲག་གི་སྒོ་ལ་བྱས་ནས། ར་མི་ཤྭ་ར་དང་ཉེ་བ་ནས་ལམ་བྱུང་སྟེ་ཁ་ཆེར་བྱོན། པཎྜྻི་ཏ་བྷུ་མི་ཤྲི་ལ་བདེ་མཆོག་ལ་སོགས་པ་ཞུས། དེ་ནས་ལ་གཅིག་ལ་བྱོན་པའི་ཚེ། སྒོམ་མ་སླེའུ་ཟླ་ཁམ་གྱོན་པ་མང་པོའི་ཁྲོད་ན། སྐྲ་ལོ་ཅན་མང་རབ་ཡོད་པ་འགྲོ་ཡི་སྣང་། དྲིས་པས་ཨུ་རྒྱན་ནས་འོངས། བོད་ཀྱི་སྦུད་ཏྲར་ཁྱེད་ཀྱི་འཕྲིན་ལས་ཀྱི་གྲོགས་ལ་འགྲོ་ཟེར་ནས་མི་སྣང་བར་གྱུར། དེ་ཙམ་ན་བདེ་སྡུག་གི་རྐྱེན་ཐོག་དུ་རོ་བསྙམས་ཤིང་བསྒོམས་པས། རྟོགས་པ་མཉམ་རྗེས་མེད་པར་འགྱུར། མངོན་པར་ཤེས་པ་ཐོགས་མེད་དུ་མངའ་བས། མངའ་རིས་ཀྱི་མར་ཡུལ་ནུབ་སྣར་ཕེབས་པའི་ཚེ། བླ་ཆེན་དེ་ཁྱིམ་གྱིས། ཨུ་རྒྱན་འཁོར་བའི་གྲུབ་ཐོབ་གཉིས་འདུག་ཟེར་བ་ཐོས་ནས་ཕོ་བྲང་དུ་གདན་དྲངས་པ་ལ། ན་བཟའ་ངན་པ་ཐུང་ངུ་ལས་མེད་པས། བཙུན་མོ་ཇོ་མོ་རྒྱལ་པོའི་བསམ་པ་ལ་བཙུན་པ་སྨྱོན་པ་འདྲ་བ་འདི་ཀུན་གྲུབ་པ་ཐོབ་བམ་དེ་ཅང་ཡིན་ནམ་སྙམ་པ་མཁྱེན་ནས། ང་ནི་མ་སྨྱོ་ཁྱོ་རང་སྨྱོ་བྱས་པས་སྐྲག་པར་གྱུར། བཙད་པོ་དེས་དགུན་གྲང་པ་ལ་རས་རྐྱང་གཅིག་ལས་མེད་ཀྱང་བདེ་དྲོད་ཀྱི་གཟི་བརྗིད་འབར་བ་དང་། སྐྱེམས་གསོལ་བ་བྱིན་གྱིས་བརླབས་པས་ཁོལ་བ་དང་། རྒོད་གཡག་དེད་པའི་རྟ་ལ་རེངས་པའི་ལྟ་སྟངས་མཛད་པས་མི་གཡོ་བར་གྱུར་པ་རྣམས་མཐོང་བས། ཤིན་ཏུ་དད་དེ་ནོར་ལོངས་སྤྱོད་དུ་མ་ཕུལ་ཡང་མ་བཞེད། ཁོང་རྒྱལ་སྲིད་སྤངས་ནས་ཆོས་བྱེད་ཟེར་བས། ང་ད་རུང་གདུལ་བྱ་མི་སྐྱོང་བས། ཆོས་རྗེའི་དྲུང་དུ་འགྲོ་གསུངས་པ་ལ། རྒྱལ་པོ་དེ་དགྱེས་སྟེ། རྟ་པ་བརྒྱ་ལྷག་པ་གཅིག་ཆས་པ་དང་སྡོངས་ནས་གསེར་ཁ་ལ་ཕྱིན་པའི་ནུབ་གཅིག་ཐུགས་ཉམས་ལ། ཆོས་རྗེ་དྷོ་ལི་ལ་བཏེག་པ་མཁའ་འགྲོ་མང་པོས་བསྐོར་ནས་བྱོན་པ་གཟིགས། སྤྱན་ཆབ་ཕྱུང་ཞིང་གསོལ་བ་བཏབ་པས། བླ་མ་ཡིད་བཞིན་ནོར་བུ་ལ། །ཞེན་མེད་མོས་གུས་ཀྱིས་གསོལ་བ་ཐོབ། །གདམས་ངག་ཡིད་བཞིན་ནོར་བུ་ལ། །ཞེན་མེད་ཡིད་ཆེས་ཀྱིས་ཉམས་སུ་ལོང་། རྟོགས་པ་ཡིད་བཞིན་ནོར་བུ་ལ། །ཞེན་མེད་རོ་མཉམ་དུ་ཡོན་ཏན་སྤེལ། །སྙིང་རྗེ་ཡིད་བཞིན་ནོར་བུ་ཡིས། །ཞེན་མེད་བརླབ་ཆེན་གྱི་གཞན་དོན་མཛོད། གསུང་ནས་གཤེགས། ཡང་ཐོ་རངས་ནམ་མཁའ་ལ། སྤྲུལ་པའི་འགྲོ་དོན་མཐའ་རུ་ཕྱུང་། །རྡོ་རྗེ་གླིང་དུ་འཕྲིན་ལས་བཏུལ། །ཡོངས་སུ་དག་པའི་གང་ཟག་ལ། །བཤགས་དང་བཞུགས་པ་ག་ལ་ཡོད། །ཅེས་པ་སྒྲ་གྲགས་ནས། ནང་པར་ཇོ་བོ་ལ་ཡར་ལྡོག་པ་འཐད་པར་གླེངས་པས་མ་ཉན། དེ་ནས་གཞན་ལས་སྐད་ཐོས་པས། ཇོ་བོ་ན་རེ། བླ་མ་འགྲོ་དོན་རན་པའི་དུས་སུ། བདག་རྒྱལ་སྲིད་དང་བཅས་པ་ཆོས་ལ་འཇུག །ལོ་གཅིག་ལ་དགེ་འདུན་སྟོང་ཕྲག་གཅིག་འཚོགས་པར་ཁས་ལེན་པས་ཡར་གཤེགས་པར་ཞུས་པས་མ་དགོངས། ཆོས་བྱེད་པར་དམིགས་པའི་རྫས་ཕུལ་བ་ཡང་མ་བཞེད་དོ། །བཙད་པོ་དེ་ཡང་རང་རྒྱུད་པ་གཅིག་མེད་དེ། གྲིབ་མི་ཚོར། མར་ལམ་ཆོས་དྲུག་བཏབ་པས་བདེ་དྲོད་ཀྱི་ཉམས་བཟང་པོ་སྐྱེས་གསུང་། དེ་ནས་ཕྱིས་ཕྲད་པར་སྨོན་ལམ་མཛད་དེ་ཁོང་ཡར་བློག་ནས་བྱོན། རྟ་རྒོད་གངས་སུ་གྲོགས་མཆེད་ཤཱཀྱ་རས་པ་བྱ་བས་བསྙེན་བཀུར་ནས་བཞུགས། གཉིད་འོད་གསལ་གྱི་ངང་ནས་ཆེ་ཆོས་སྐྱེ་བ་འཛིན་པ་གཟིགས། ནུབ་ཅིག་ལྦལ་པ་ནག་པོ་ཆེ་བ་གཅིག་ཞལ་དུ་ཞུགས། ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་མཛད་པས་འཐེན་ས་མ་རྙེད་འདུག །ཞབས་འཐིལ་དུ་ཞུགས། ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་མཛད་པས་མཐེན་ས་མ་རྙེད་འདུག །ཞབས་ཐིལ་དུ་རླུང་། པུས་མོར་མེ་གསལ་བཏབ་ནས། དེ་ཆུར་བཞུ་བས་ཞལ་ནས་ཐོན་སོང་། ལུས་ལ་ཞུགས་ཕན་ཆད་བསྐྱེད་རིམ་བསྒོམ་མི་བཏུབ་པར་འདུག་གསུང་། དེ་ནས་འབྱོན་པར་དགོངས་པ་ཤཱཀྱ་རས་པས། མཚོ་ད་རའི་མཚོ་སྨན་དང་། རྟ་རྒོད་ཀྱི་གཞི་བདག་ལ། ཨུ་རྒྱན་པ་མ་བཏང་གཅིག་གསུངས་པས། ཐུགས་སྣང་བུད་མེད་གཅིག་གིས་ཞབས་ལ་ལྕགས་སྒྲོག་འཇུག་དུ་བྱུང་། འོད་གསལ་གྱི་ངང་ནས་ཕྱག་ན་རྡོ་རྗེའི་སྐུར་ལངས། མཚོའི་མཐའ་མོ་རིའི་ཕྲེང་བས་བསྐོར། ནང་ཕྱག་གིས་དཀྲུགས་པས་སྐམས་སོང་། དེ་ན་མཁར་གཅིག་འདུག་པར་བྱོན་པས། བུད་མེད་སྔོན་མོ་གཡུའི་ཐོད་ཅན་གཅིག་འདུག །ཡང་ཁ་ཆར་ཆེས་གྲགས་ནས་གཤེགས་སུ་མ་བཅུག་པ་ལ། རྟ་རྒོད་ཀྱི་གངས་མེས་བསྐོར་ནས་བསྲེགས་པས། རྟ་པ་ལུང་པ་གང་བ་བྱུང་། ཁྱོད་དང་ནུས་པ་འགྲན་ནོ་བྱས་པས། ད་བཞུད་ཟེར། དེ་དུས་ཤཱཀྱ་རས་པ་བྱུང་ནས། ཁྱོད་ཅི་མཛད་དམ། ད་ར་མོ་བྱུང་ནས་ངའི་མཁར་བཤིག་ཟེར་དུ་ཟེར་རོ། །ལུག་ལོ་ལ་རྡོ་རྗེ་གླིང་དུ་ཕེབས། ཆོས་སྐྱོང་གིས་ཁྲབ་ཅིང་བསུས། ཆོས་རྗེ་བཤགས་པའི་དུས་སུ། རྟེན་མ་བཞེངས། གདན་ས་མ་འཛུགས། ཅེས་པའི་བཀའ་བརྩལ་ལ་བརྟེན་ནས། གྲ་པ་ཐམས་ཅད་རི་ལ་གྱེས་གདུང་ཁང་གི་སོ་ཕག་ལ་ཚ་ཚྭ་ཁང་པ་གཅིག་བཞེངས་པ་ལ། སྒོམ་མ་རྒན་མོ་ཚོ་གཅིག་མཆོད་པ་འབུལ་ཞིང་འདུག་པས། དེར་མང་དུ་བཤུམས་ཤིང་གསོལ་བ་བཏབ། ན་བཟའ་ཕྱིང་པ་གཅིག་དང་། རྣ་ལྤགས་ཀྱི་ཞྭ་གཅིག་ལས་མེད་པས། སྒོམ་མ་རྣམས་ཀྱིས་ངོ་མ་ཤེས་པར་ལུག་རྫི་དད་པ་ཅན་གཅིག་འདུག་ཟེར་རོ། །དེ་ནུབ་འོད་གསལ་གྱི་ངང་དུ་ཆོས་རྗེ་དང་མཇལ། རྡོ་རྗེ་གདན་དུ་རྒྱུག་གསུང་། ཡང་ལན་གཅིག་བྱོན་ནས། འགྲོ་བཟང་མ་འགྲོ་བར་འདུག་པས་འཁོར་གཅིག་སོང་། ནང་པར་བྱོན་པས། བུ་ལེའི་གངས་འགུལ་ན་འགྲོ་བཟང་མ་ཡོད་པ་ཡིས། སྒྲུབ་པ་མོ་སྐལ་བཟང་དང་། གསུང་སྐྱོང་ལ་སོགས་ཡོད་པ་ལ། ལྟོས་དང་ཨུ་རྒྱན་པ་སྤྱན་གསུམ་མཆེ་བ་བཞི། རུས་བརྒྱན་དང་བཅས། མཁའ་འགྲོ་མང་པོས་བསྐོར་ནས་བྱུང་གསུང་། དར་གཅིག་ན་སླེབ་ནས་མཇལ་བས། འགྲོ་བཟང་ན་རེ། སློབ་དཔོན་ཇོ་བཙུན་ཕེབས་པ་ཐུགས་ལ་བཏགས། ཆོས་རྗེ་མྱ་ངན་ལས་འདས་ཀྱང་། ཁྱེད་བུ་ཆེན་འགྲོ་དོན་ནུས་པ་མང་པོ་ཡོད་པ་ཡིན། ཁྱེད་རྣམས་ཀྱི་སྐུ་ཚེ་དང་འཕྲིན་ལས་ངའི་ལག་ན་ཡོད་པ་ལགས་ཀྱིས། ང་ཡི་གཤེགས་པར་ཞུ་ཕུལ་མཛོད་ཟེར། ཞུ་བ་རང་མི་བགྱིད་དོ། །སྐྱེས་མེ་རང་ནམ་གཤེགས་ཙ་ན་གཤེགས་གཅིག་གསུངས་པས། སྙུན་མེད་པར་དབུ་ཆོགས་སོང་། ཧ་ལས་ནས། ཐལ་མོ་སྦྱར་ཏེ། སྐྱེས་མོ་དམ་པ་མི་གཤེགས་པར་ཞུ་ཡང་ཡང་ཕུལ་བས་སྤྱན་ཧྲིག་བྱུང་ནས་ད་མཆིས་ལུས་འཕོས་ཟིན་གསུང་ཙམ་ན་མདངས་ལེགས་པོ་དེ་མེད་པར་སོང་ངོ་། །དེ་ནས་རྡོ་རྗེ་གླིང་དུ། དཔལ་ཡེ། དཔོན་སྲིན་དཔེ་སྡོང་དང་གསུམ་འཚོགས་ནས་ཚོགས་གཅིག་མཛད་པའི་ཚེ། སྔར་ཛཱ་ལན་དྷ་རར་འོ་སྐོལ་གསུམ་འཚོགས་ནས། ཚོགས་བྱེད་པ། མི་འོང་བྱས་སྟེ་བྱུང་བ་ཡིན་གསུང་། ཆང་ཚོད་གཅིག་ཞག་ལྔར་བཙགས་ཀྱང་ཆང་དུ་བྱུང་། ཕོ་ནས་ཀྱང་སླུམ་དུ་འདུག་པ་སླར་བསྡུས་ནས་བཙགས་པས་ཀྱང་བྱུང་གསུང་། དེ་ནས་ཆོས་རྗེའི་བཀའ་བརྒྱའི་ཁོངས་ནས་ང་མེད་གསུང་ནམས་བར་འབྲོག་རྡོ་རྗེ་གླིང་། སྦུད་ཏྲ་དགའ་ལྡན་གླིང་། སྟེང་འགྲོ་རྣམས་སུ་ཆོས་རྗེའི་སྐུ་སྨན་དང་དར་ཟབ་རིན་པོ་ཆེ་ལས་སྒྲུབས། ཚ་ཚྭ་ཁང་ལ་ཟ་འོག་གི་ན་བཟའ་གསོལ། གཙུག་ལག་ཁང་གྷན་འཇི་ར་བཙུགས་པ་བཞེངས། མར་མེ་དུས་མཆོད་བཙུགས། ར་ལུ་ནས་གདན་ས་བ་སྤྱན་དྲངས་ནས་བསྐོས་ཏེ་དར་བར་མཛད། དེ་ནས་བར་འབྲོག་གླ་བ་འཁར་དུ་བཞུགས། དཔལ་བདེ་ཆེན་སྟེངས་ཀྱི་ནགས་ཁྲོད་དུ་བྱོན་ནས། ཉེ་གནས་ཤེས་རིན་མ། རྡོ་རྗེ་གདན་དུ་མི་འགྲོའི་བར་འདིར་སྡོད་པ་ཡིན། །ཁྱེད་ལ་རྒྱགས་ཅི་ཡོད། དཀའ་ཐུབ་བྱེད་ཀྱིན་ཡོད་ན་ང་ཡང་བྱེད་པ་ཡིན་གསུང་། ཁོང་གིས་ཞིབ་བྲེ་བཅུ་གཅིག་ཕུལ། སྔོ་བརྔས་ལ་འཚོ་བའི་ཐིལ་མཛད། དོ་བའི་རྩ་བ་རྐོར་བྱོན་པས་ཤིང་འཛེར་གྱིས་སྙན་རལ་བ་དང་། ཕུང་ཚོམ་དུ་བྱོན་པས་ཞབས་སྙུག་མས་ཕུག་པ་རྣམས་ལ་འཁྲུལ་འཁོར་མཛད་པས་སོས། ཞལ་ནས། གཏུམ་མོའི་གདམས་པ་ཡིན་ན་ངས་སྲོག་བཙོངས་པ་རང་མང་དུ་བྱས། དཔལ་ལྡན་འབྲུག་པའི་ཁྱད་ཆོས་རོ་སྙོམས་འདི་ལ་ངས་ཁྲག་རྙེད་པ་འདྲ་བ་གཅིག་བྱས་ནས་ཉམས་སུ་བླངས་པ་ཡིན། དགེ་བའི་བཤེས་གཉེན་ཕལ་མོ་ཆེས་བཤད་པ་བྱས་པ་ཡིན་གསུང་། ཉེ་གནས་ཀྱིས། སྐུ་ཐང་ལ་སོགས་པ་དྲི་ཞིམ་པོའི་ངད་གདའ་བ་ཅི་ལགས་ཞུས་པས། བྱང་སེམས་བརྟན་པའི་ནུས་པ་ཡིན་གསུང་། ནང་གཅིག་ཅི་རྨིས་གསུང་། མ་ཇོ་སྣང་འུར་མས་མར་ཤགས་གཅིག་བྱིན་པ་རྨིས་ཞུས་པས། མོས་མར་ཤགས། བཤེས་རྡོག །ཞུ་ལུ་འགའ་ཁྱེར་བྱུང་གསུང་ཙམ་ན། ཅུང་ཟད་ན་དེ་བཞིན་བྱུང་ནས་གདུགས་ཚོད་དྲངས། ཡང་ང་ལ་ཚེ་འདིའི་འདུན་མ་སྒྲུབ་པའི་རྟོག་པ་སྐད་གཅིག་ཀྱང་མི་འདུག །ངའི་ལས་ཐམས་ཅད་ཚར་འདུག་གསུང་། ང་ལ་བསམ་པ་གསུམ་ཡོད། དེ་གང་བྱས་ཀྱང་ཚེ་འདིའི་ལྷན་འཁྲིས་མི་འདུག །ནུབ་ཕྱོགས་ཀྱི་རྒྱལ་པོ་ཧུ་ལ་ཧུ་ཅན་ན། སེམས་ཅན་གྱི་མགོ་ལུད་ཕུང་སྤུངས་པ་ཙམ་ཡོད། དེར་ཕྱིན་ན་འགྲོ་བ་ལ་ཕན་ཆེ་བར་འདུག་པ་ལ། རང་གི་ཚེ་ལ་གཟན་པ་འཁོར་མི་དག་པ་གཅིག་འོང་བར་འདུག །ཡང་ཨ་ལམ་ག་པར་པཱ་ཏ་ན། རྒྱལ་བུ་ཐམས་ཅད་སྒྲོལ་གྱིས་སྲས་ཕོ་མོ་དང་བཙུན་མོ་སྦྱིན་པར་བཏང་བའི་རི་འདྲ་བ་གཅིག་ལ་ཕྱིན་ནས། འཇིག་རྟེན་བློས་བཏང་གི་མགོ་བཏོན་ནས་སློབ་མ་རྟོགས་ལྡན་འབའ་ཞིག་བསྐྱངས་ནས་ཆོས་བསམ་དེ་ཁོས་བྱས་ཟེར་བ་གཅིག་བྱེད། ཡང་ན་གཞི་མི་འཛིན་པར་བོད་ཀྱི་རི་དགོན་རྣམས་སུ་འཕོས་ཤིང་འགྲོ་དོན་བྱེད་པ་ཡིན་ཏེ། དགེ་བཤེས་རྣམས་ཕྲག་དོག་གིས་འཛིངས་པའི་ས་འདིར་ཆགས་སྙམ་པ་རང་མི་འདུག་འོན་ཀྱང་ཆགས་པའི་རྒྱུ་མཚན་གཅིག་ཡོད། གང་ཡིན་ན། ཆུ་བོ་གངྒ་ཚུན་ཆད་ལ་གྲུབ་ཐོབ་གླིང་རས་རྟོགས་པ་མཐོ་བར་གྲགས་འདུག གསང་སྔགས་བླ་ན་མེད་པའི་དགོངས་པ་ཕྱིན་ཅི་མ་ལོག་པ་གཅིག་འཆད་ན་ཁེང་པས་ང་མི་ཞན་ནམ་སྙམ། གཞན་དུ་གསང་སྔགས་ལས། སྐལ་པ་ཅན་ཚེ་གཅིག་གིས་རྡོ་རྗེ་འཛིན་པའི་སར་སྒྲོད་པར་བྱེད་པའི་ལམ་ཟབ་མོ་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་གང་ཟག་གི་རྒྱུད་པས་བར་མ་ཆོད་པ་ཡོད། ལོ་ཙྪཱ་བ་རང་ཡང་མི་ཆུང་བ་ཡིན། རྒྱུད་ཀྱི་ལག་ལེན་ཕྱིན་ཅི་མ་ལོག་པ་གཅིག་འཇོག་པ་ལ་བརྒྱུད་འཛིན་བོད་དག་ཚེ་ལ་ཡང་མི་བཟན་པ་འདྲ་སྟེ། རྨི་ལམ་དུ་བུད་མེད་ཅིག་གིས་ཤིང་གི་དྲི་མ་བཏབ་ནས་ཁྱོད་ཀྱིས་ལོ་འདི་གཉིས་བར་ཐུབ་ཟེར་ཏེ་དེའི་དབང་དུ་བྱས་ན་དགུ་བཅུ་རྩ་དྲུག་ཐུབ་པ་འདྲ་གསུངས། ཡང་ཉིན་གཅིག ཁྱོད་ལ་རྡོ་རྗེ་གདན་དུ་འགྲོ་འདོད་ཀྱི་རྟོགས་པ་རགས་པོ་བྱུང་ཨང་གསུང་། བྱུང་ཞུས་པས། ང་ལ་དེ་འདྲའི་རགས་པོ་ཙམ་ཡང་མེད། འདུན་པ་རགས་པོ་བྱས་ན་འཕྲལ་དུ་འགྲོ་དགོས་པར་འདུག་སྟེ། ཆོས་སྐྱོང་མ་མགོན་སྐྱས་བྱས་ནས་སོང་། འགྲོ་མཆོད་གཅིག་བྱེད་པས་ཟན་ཆང་གཅིག་གྱིས་གསུང་། དེའི་དུས་ན་ནད་རིམས་ཡོད་པས། འགྲོ་ན་ཚད་པ་བས་ཀྱང་ནད་རང་ཐུ་གསུང་། ཕུད་དར་ནས་ཕྱིན་པས། ཞལ་ནས། མདང་དང་རྨི་ལམ་ན། བུད་མེད་གཅིག་གིས་རིམས་མང་པོ་ཁོ་ན་ཡང་མེད། ཕྱུགས་ནད་འདིས་ཐུབ་ཟེར་བའི་གསུང་གཅིག་བྱིན། དེ་གཅིག་པུས་མི་ཕན་བྱས་པས། མགོ་མཇུག་དུ་ཨོཾ་ཧཱུྃ་བཅུག་ན་ཐམས་ཅད་ཐུབ་ཟེར། སོག་པོའི་ཡི་གེ་བཞིན་མས་ནས་ཀློག་པ་གཅིག་གདའ་སྟེ། ཧཱ་སྭཱ་རེ་མ་ཏ་ཊ་ཀོ་མ་ཀྵ་ར་ས་ཨོཾ། ཅེས་པ་འདི་འོད་གསལ་གྱི་ངང་ནས་བརྩིབས་ལོགས་ལ་བྲིས་པ་ཡིན་གསུང་། སྔགས་འདི་རང་ལྷ་མོའི་ཡིན་པ་འདྲ་བར་མི་གདའ་འམ་ཞུས་པས། ཟིལ་ཆེན་པོ་བྱུང་། འདུག་འདུག་ཡིན་པར་འདུག་གསུང་ཌཱ་དྲིལ་བསྣམས། སྤྱན་ནམ་མཁའ་ལ་གཟིགས་ནས་བསྟོད་པ་མཛད། ཉེ་གནས་ཀྱིས་ཕུད་མཆོད་པས། གཉིས་ཀ་ཐུགས་འུར་ནས། སངས་རྒྱས་ཀྱི་བསྟན་པ་མི་འཛུགས། ངེད་རྒོད་ཕུག་ཚོའི་བར་ཆད་མི་ཟློག སེམས་ཅན་ཚོའི་ནད་རིམས་མི་གཅོད་པ་ཅི་ཡིན་གསུང་ཞིང་། སྐུ་སྟོད་བཅེར་བུར་བཀྲབས་པས་ཉི་མཚན་གྱིས་ཆུ་བུར་ཐུག་བྱུང་། ཕུད་རྫ་མ་གང་ལྷག་མ་མ་ལུས་པར་གཏོར་ཚར་འདུག ཁྱེད་ཀྱིས་ལྷ་མོོ་མཐོང་ངམ་གསུང་། ཞལ་ནི་མ་མཐོང་སྟེ་བྱིན་བརླབས་དཔག་ཏུ་མེད། སྣང་བ་གཏད་མེད་དུ་སོང་། རིག་པ་དངས་གདའ་ཞུས་པས། ངས་མཐོང་། བོང་བུ་དམར་ག་འཇིགས་སུ་རུང་བ་ལ་ལྕིབས་པས། མེ་ལོང་གི་གཟུགས་བརྙན་བཞིན་སོང་བ་མིན་པ་ལུང་པར་མི་ཤོང་བ་གཅིག་འདུག །ཡེ་ཤེས་ཀྱི་མཁའ་འགྲོ་མ་རང་ཡིན་འདི་འདྲའི་རིག་པ་དངས་པ་ལྟོས་དང་གསུང་། རྒྱལ་ཁམས་ཀྱི་ཡམས་འཕྲལ་དུ་ཆད་སྐད། གཞན་ཡང་ཞལ་མང་དུ་གཟིགས་གསུང་ཡང་ལན་གཅིག་འོབས་ལ་སྒོམ་བཏབ་ཀྱིས་ཁྱེད་རང་ཚོ་རྒྱོབ་གསུང་ནས་ཐུགས་ཀྱི་གཏད་པས་རྒྱབ་སྐྲོགས་ཀྱང་དེ་ག་ན་བསྡད་འདུག ད་ཞོག་དང་། བཏང་གིས་གསུང་ནས་ཐུགས་དམ་གློད་པས་སོང་སྐད། དེ་ནས་བྱ་ལོ་ལ་རྡོ་རྗེ་གདན་དུ་བྱོན་པས་སྣང་བ་བདེན་མེད་དུ་སོང་། ཉེ་གནས་ཀྱིས་དེ་རིང་བྱིན་བརླབས་ཆེ་བར་གདའ་ཞུས་པས། དེ་ཙུག་འདུག་ཆོས་རྗེ་གདན་འདེགས་པའི་སྣང་བ་འདྲ་བ་གཅིག་འདུག་གསུང་། ཤོད་དུ་ཕེབས་པ་ལ་གྲིབ་ཀྱིས་ནོན་ནས་འབྱོན་པ་མ་བྱུང་བས། ཕཊ་ཀྱིས་ཐེམ་ལ་རང་གི་ལུས་ཤིང་སྡོང་ཕ་ཀི་ལ་སྟིིམ་ལ་ཅུང་ཟད་སྡོད། ད་རང་རྗེ་བཙུན་མ་དག་པ་ཡེ་ཤེས་སྒྱུ་མའི་ལུས་སུ་འཇུར་ཐོན་པར་བསྒོམས། རྗེ་འབྲི་ཁུང་གྲིབ་སེལ་ཡིན། སྐྱེལ་ཐུང་གི་བྱ་དགའ་གྱིས་གསུང་ནས་གཅིག་པུར་བཞུད། བལ་པོའི་ཐང་ག་མེ་རུ་སླེབ་པ་ན། ཆོས་སྐྱོང་ཕྱག་བཞི་པ་བྱུང་ནས། རྡོ་རྗེ་གདན་པ་དུ་རུ་ཀས་གནོད་བ་བྱེད་པར་ཡོད། ཁྱོད་འདྲ་བའི་རྣལ་འབྱོར་པ་བཞིས་སྨོན་ལམ་བཏབ་ནས་ཕན་པས་མྱུར་དུ་འོད་ཟེར་ནས་ཁྲིད་པའི་སྣང་བ་བྱུང་། གཱཻ་ཏ་ཝ་རི་ལེགས་པ་གཟིགས་ཡེ་རང་དུ་གཞོན་ནུ་མ་འགའ་ཟུང་གྱིས་བལྟ་ཞིང་སྔར་མཁའ་འགྲོ་ལས་ཐོས་པའི་གླུ་ཡོད་པ་འཐེན་ཅིང་འདུག །དེ་ནས་གྲོང་ཁྱེར་ཏི་ར་ཧུ་ཏིར་སླེབ། མགོན་པོ་སྔོན་བྱུང་ནས་ལུང་བསྟན་པའི་རམ་ཤིང་རྒྱལ་པོས་དབང་བྱེད་ཅིང་འདུག་པ། རྡོ་ལི་ལ་བཏེག །ལག་ན་མཚོན་ཆ་ཅན་གྱིས་བསྐོར་ནས་ཕར་ཁྱེར་ཟེར་ཞིང་བྱུང་། བློན་པོ་གཅིག་གི་དབྱུག་པ་བླངས་ནས་ཕར་ཁྱེར་བྱས་ནས་རྒྱལ་པོའི་ཐོག་དུ་འཕྱོང་པས། ར་ཛཱ་སྨྱོན་པ་བྱུང་ཟེར་ནས་དྷོ་ལི་ལས་བབས་སོང་། དབྱུག་པ་སྐྱུར་ནས་བཞད་པས། ཛྲཽ་ཀི་སྤྱོད་པ་བྱེད་པར་འདུག་གསུང་སྟེ་ཁྲི་ཟུར་དུ་བཞག་ནས་ཟས་བྱིན་གསུང་། མུ་སྟེགས་ཀྱི་ལྷ་ཁང་དུ་སྤྱོད་པ་མཛད་ཅིང་ཕྱིན། མ་གཱ་ཏ་རྡོ་རྗེ་གདན་གྱི་བྱང་ཆུབ་གྱི་ཤིང་ཨ་ཤཱད་ཐཱ། གྷན་རྡོ་ལའི་རྒྱབ་ན་སྔོ་བུ་ཆེན་བ་གཟིགས་པས། མོས་གུས་གདུང་ཤུགས་ཀྱིས། དབུ་དང་སྐུ་ལུས་སོ་ཕག་གི་ཐང་ལ་སྡེབས་ཤིང་གསོལ་བ་བཏབ། ལུས་མར་མེར་འབུལ་སྙམ་ཡང་རྐྱེན་གཞན་མ་རྙེད། བཟོད་མེད་ཀྱི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེས། སྨོན་ལམ་དཔག་ཏུ་མེད་པ་བཏབ་བོ། །དེ་ནས་བྱེད་ཚད་གཞན་དོན་དུ་བྱས། སྔར་དགེ་སྦྱོར་ཡང་མ་ཤེས་པར་འདུག་གསུང་། ཨུ་རྒྱན་གྱི་རྟེན་མངྒ་ལ་དྷེ་ཝི་དང་། ཆོས་རྗེའི་ཞལ་མཐོང་བ་ལྟ་བུ་དྲན་པས་བཟུང་རྒྱུ་མེད་པ་ཡང་ཡང་བྱུང་གསུང་། གར་བྱོན་དུ་ཁྲོམ་འུར་འགྲོ་བ་བྱུང་པ་ལ་དགའ་སྣང་གཅིག་འདུག །དེ་ངའི། རྡེའུ་ནག་པོའི་ལྷག་རོལ་ཅིག་ལུས་པར་འདུག་སྙམ་པ་དང་ཆད་གསུང་། མཆུ་ཟླའི་ཉའི་ནུབ་མོ་སྲིན་པོ་རྣམས། མ་ཧཱ་བོ་དྷི་ལ་མཆོད་པ་བྱེད་དུ་འོང་ཞེས་གྲགས། དེ་གཟིགས་པའི་སླད་དུ་བཞུགས་པས། སྲོད་དུས་འོད་ཆེན་པོ་ཟིལ་ཆེན་པོ་དང་བཅས་པ་གཅིག་བྱུང་། སྲིན་པོ་འོང་བར་འདུག །སྲིན་པོའི་ལྦ་པ་ལ་བཙིར་བར་འདུག་སྙམ་ཏེ། གསང་བདག་གི་ཏིང་ངེ་འཛིན་གསལ་བཏབ་ནས་རྩིག་པ་ལ་བཅར་བྱས་འདུག །དེ་མ་ཐག་བདག་འཛིན་མ་མཐོང་འདུག་དགོངས་ཏེ་བཞུགས་པས། སྤྲེའུ་ཆེན་པོ་མཇུག་ལ་རྡེབས་པ་གཅིག་བྱུང་། ཟ་ན་ཡང་ཟོ་སྙམ་ཙ་ན། དེ་མི་དཀར་པོ་གླང་པོའི་གདོང་ཅན་གཅིག་དུ་སོང་། ཟིལ་ཆེན་འདུག་ཀྱང་བདག་འཛིན་སྤུ་ཙམ་ཡང་མི་འདུག །འཇིགས་ཟིལ་དེ་ཡལ་བ་དང་བྲམ་ཟེའི་བུ་ཚངས་སྐུད་ཅན་གཅིག་བསྟན་ནས། ཕྱག་བྱས་ནས། ང་ཚོགས་བདག་ལགས། བསྒྲུབ་ཐབས་བདེ་ན་ཡོད་པ་ལོང་ལ་གཏོར་མ་མཐོང། འཛམ་གླིང་གསུམ་གཉིས་དབང་དུ་བསྡུས་ལ་འཕྲིན་ལས་ཀྱི་གྲོགས་བྱ་ཡིས་ཟེར་རོ། །མ་ཧཱ་བོ་དྷི་བྱང་ཕྱོགས་ན། རྒྱལ་བུ་དོན་ཐམས་ཅད་གྲུབ་པ་བལྟམས་པའི་སྐུ། ལྷའི་དབང་པོས་དར་དཀར་གྱིས་བླངས་པའི་གཟུགས་མཐོང་བས། འདི་ལྟར་སྲིད་པ་ཐ་མ་པའི་སེམས་དཔའི་ཞབས་རྟོག་བྱར་ཡོད་པ་རེ་དགའ་སྙམ་ནས། ཆོས་རྗེ་རྒྱལ་བ་རྒོད་ཚང་པ། སྟེང་ཕྱོགས་སུ་སངས་རྒྱས་མ་ཆགས་པ་པདྨའི་སྤྱན་ཞེས་པར་སངས་རྒྱ་བའི་དུས་སུ་ལྷའི་དབང་པོར་གྱུར་ནས་ཞབས་འབྲིང་བྱེད་པར་སྨོན་ལམ་བཏབ་གསུང་། དེ་ནས་ཛྙྱཱ་ན་གྷརྦྷ་ལོགས་པ་དང་ལྷན་ཅིག་དུ་རུ་ཀའི་དམག་ཟློག་པའི་སྨོན་ལམ་བཏབ་པས་ཟློག་སྟེ་འགྲོ་རིན་ཆོག་པར་བྱུང་གསུང་ཡང་དུར་ཁྲོད་བསིལ་བའི་ཚལ་ན་ཞིང་སྐྱོང་རྡོ་ལས་བྱོན་པ་གཉིས་འདུག་པའི་མདུན་དུ། ཁོང་དང་། ཛྙྱཱ་ན་གྷརྦྷ། རྒྱ་དར་ཚུལ་གསུམ་གྱིས་བཞུགས་དེར་བསྡད་པ་རྣམས་ཕལ་ཆེར་མཚོ་གཅིག་འདུག་པ་དེར་ལྕེབས་ནས་ཤི་བ་ཡིན་ཟེར། མི་རྣམས་ནང་རེ་ཞིང་ཁོང་ཤི་མ་ཤི་ལྟ་བ་ལ། ནུབ་གཅིག་འོད་གསལ་གྱི་ངང་དུ་མཚོ་དེ་ནས། མི་གླང་མགོ་ཅན། རྭ་བར་ན་སྦྲུལ་མགོ་གསུམ་ཡོད་པ་གཅིག་འཐེན་ནས། རྩ་ན་ཕུག་རོན་གཉིས་སྣང་བའི་གཅིག་བྲོས་གཅིག་མིད་པ་གཅིག་བྱུང་། གསང་བདག་གི་སྐུར་ལངས་ནས་བརྡས་པས་མཚོ་ནང་དུ་སོང་། དེར་ལྕགས་ཀྱི་ཁྱུང་གཅིག་དུ་སྒྱུར་ནས་མཚོ་ཕོལ་རྒྱངས་དང་བཅས་ནས་བཟུང་བས། སྐད་གྲག་པོ་དང་བཅས་སྟེ་གྲོགས་གཏོང་ཟེར་ནས་སྐྱུགས། འཕྲིན་ལས་སྒྲུབ་པར་ཁས་བླངས་སོ། །ནང་པར་ཐུགས་དམ་ལ་ཡོད་ཙམ་ན། རྒྱ་དར་ཚུལ་ཁྲེས་པོ་ཁུར་ནས་སོང་། དེར་ཛྙྱཱ་ན་གརྦྷ་ཅན་དུ་ཕྱིན་པས། བྱོན་པ་དགའ། མདང་ཟིལ་ཆེ་ནས་མཚན་གང་ཡར་མེ་བཏེག །ཡམ་ཡོམ་གཅིག་ན་ཟེར། བྱིན་བརླབས་གཅིག་མཛད་པས་བདེའོ། །དེ་ནས་བོད་དུ་བྱོན་པའི་ལམ་དུ་ཞབས་ཆེར་སྙུང་བའི་སྐྲངས་པ་གྲིས་བཤགས་ནས་ལྷོག་པ་བཏོན། རྨ་བཀྲུས་ནས་འཁྲུལ་འཁོར་མཛད་པས་སོས། ཆུ་ཆེན་པོ་གཅིག་རྒལ་བའི་དབུས་ན་མར་ཏིང་རིང་དུ་སོང་། ལྡོག་ནི་མ་བདེན་ནས་བུམ་པ་ཅན་བཟུང་པས་མ་བྱིང་བར་ཐར། ཆུ་འགྲམ་གྱི་མི་རྣམས་ངོ་མཚར་སྐྱེས། སྟག་གི་གནོད་པ་ལ་རེངས་པའི་སྦྱོར་བ་མཛད། བལ་པོ་ཐིལ་དུ་བོད་ཀྱི་ཚེ་རིང་མ་ལ་སོགས་པ་བསུར་བྱུང་གསུང་། བདེ་ཆེན་སྟེངས་སུ་ཕེབས་པའི་ནུབ་གཅིག གྲོག་པོ་ཆེན་པོ་གཅིག་ལ་སྐུ་ཆེན་པོ་སྤྲུལ་ནས་ཟམ་པ་བྱས་ནས་མི་མང་པོ་བསྒྲལ་བས། ཆོས་རྗེ་ནམ་མཁའ་ལ་བྱོན་ནས། ད་ནི་འགྲོ་དོན་གྱི་དུས་ལ་བབ་པ་ཡིན་ནོ་གསུང་བ་བྱུང་། ཡང་ནུབ་གཅིག་འོད་གསལ་གྱི་ངང་དུ་རྡོ་རྗེ་འཆང་ནས། རྒྱ་གར་གྱི་གྲུབ་ཆེན་རྣམས། བོད་ཀྱི་བཀའ་བརྒྱུད། ཆོས་རྗེ་འབྲི་ཁུང་བ་དང་། རྒྱ་བ་རྒོད་ཚང་བ་ལ་སོགས་པ་མཁའ་འགྲོ་ཚོགས་དང་ལྷན་ཅིག་འདུས་ནས་ཚོགས་འཁོར་མཛད་ཅིང་རྟེན་འབྲེལ་ཟབ་མོའི་སྤྲོ་བ་མཛད་ཅིང་འདུག རྟེན་འབྲེལ་གྱི་ངོ་བོ་མ་བཅོས་པ་ཡིན། ནུས་པ་སོ་སོ་ན་ཡོད། ཕྱོགས་གཅིག་ལ་མཚོན་ན། རྟེན་འབྲེལ་གྱི་ངོ་བོ་ཆུ་རང་དུ་མ་བཅོས་པ་དེ་ཡིན། གཤེར་བ་ཆུའི་ནུས་པ་ཡིན། ཆུའི་ནུས་པ་དེ་ཆུ་ལ་ལོགས་ན་མེད། དེ་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་བཅོས་སུ་མ་བཏུབ་སྟེ། མ་བཅོས་པ་རང་གི་སྟེང་ན་ནུས་པ་བསམ་གྱིས་མི་ཁྱབ་པ་གཅིག་ཡོད། རྟེན་འབྲེལ་གྱི་ནུས་པ་ཡོན་ཏན་དུ་འགྱུར་བ་དེ་བཀའ་བརྒྱུད་རྣམས་ཀྱི་མཁྱེན་ནས་བསྒྲིགས་པ་ཡིན་གསུང་བ་བྱུང་གསུང་། གེ་ལུང་དུ་བྱོན་པའི་མཆོད་གྲལ་དུ། དེ་རིང་རྣལ་འབྱོར་ཕོ་མོ་འདི་རྣམས་ལ་ཕྱག་རྒྱ་ཆེན་པོ་གཅིག་གདབ་པོ་གསུང་ནས་བླ་མའི་རྣལ་འབྱོར་མཛད་པས་ཐམས་ཅད་འུར། ལ་ལ་དྲན་མེད་དུ་སོང་། དེའི་མཇུག་ཏུ་སྲོག་གཡོ་མེད་དུ་བཅིང་བའི་ཏིང་ངེ་འཛིན་མཛད་པས། ཐམས་ཅད་རྟོག་པ་ཐིམ་པའི་ཏིང་ངེ་འཛིན་ལ་འགྲོ་བ་བྱུང་། བླ་མ་མདོ་སྡེའི་ཞལ་ནས་བྱིན་བརླབས་ཀྱི་སྣང་བ་རང་ཆེ། སྔོན་ཤེད་ཀྱི་གྲུབ་ཐོབ་ཀྱིས་འདི་འདྲ་བྱུང་བའི་ལོ་རྒྱུས་འདྲ་ཐོས་པ་ལས་དངོས་སུ་མ་མཐོང་གསུང་། དེ་ཙམ་ན་སྣོད་ལྡན་གཟིགས་ཤིང་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་མྱོང་ཁྲིད་དུ་མཛད་པས། འགའ་ཞིག་ལ་ས་རླུང་ཟིན་པའི་ཏིང་ངེ་འཛིན་གང་གིས་ཀྱང་མི་གཡོ་བ་དང་། ཁ་ཟས་ལ་སོགས་མི་དྲན་པར་གཞན་གྱིས་སད་དགོས་པ་བྱུང་བས། ལ་ལ་ཆུ་རླུང་ཟིན་པས་གཡང་ལ་ལྷུང་ཡང་མི་གནོད་པ་དང་། ནམ་མཁའི་རླུང་ཟིན་པས་མི་སྣང་བ་དང་རྩིག་པ་དང་རི་ལ་མི་ཐོགས་པ་བྱུང་བས། འདིའི་ཁྲིད་བཏབ་ན་ལུང་པ་གྲུབ་ཐོབ་ཀྱིས་འགང་བར་འདུག་སྟེ། རང་གི་ཁམས་ལ་ཡང་གཟན་པ་དང་། བཀའ་བརྒྱུད་རིན་པོ་ཆེའི་ཟབ་ལམ་མོས་གུས་ཀྱི་ཁྲིད་སྲོལ་འདི་ལ་ཡང་གནོད་པར་འདུག་གསུང་ནས། ཁྲིད་ཀྱི་སྲོག་ལྷན་ཅིག་སྐྱེས་སྦྱོར་ལ་སོགས་ལ་མཐིལ་དུ་མཛད་པར་གདའོ། །ཡང་བདེ་ཆེན་སྟེངས་སུ་རྡོ་རྗེ་དབྱངས་ཅན་མ་དམར་མོ་བསྙེན་པས། ཞག་གསུམ་ན་པི་ཝཾ་གི་སྒྲ་ཐོས། འཛིན་བློ་འཕེལ་པར་བྱུང་། ཉིན་གཅིག་ཕུ་ན་ཡར་བསེང་དུ་བྱོན་པའི་སར་རི་སྒོག་གསོལ་བས་རྗེད་ངེས་པར་སོང་། ཁྱོད་འདྲའི་ཡི་དམ་སྒོག་པས་བློ་འགྲིབ་པ་དགོངས་ནས། ཕག་མོ་ཤེས་རབ་སྣང་བ་བསྒྲུབས་པས། ཐོ་རངས་གཅིག ནམ་མཁའ་ལ་ཀ་སོགས་ཡི་གེ་རྣམས་དཀར་གྱིས་བྲིས་པ་ལྟར་འདུག་པ་རྣམས་ཀ་ནས་རིམ་བཞིན་ཞལ་དུ་ཞུགས། སྔོན་དཔོན་ལམ་ཆུང་བདུད་རྩིའི་ཁར་ཡིག་གེའི་ཕྲེང་བ་ཞུགས་པས་ཨ་ལ་བརྡུགས་ཟེར་དགོངས་པ་བྱུང་སྟེ་མ་རྡུགས། སད་ཙ་ན་གཟུང་འཛིན་གྱི་རྟོག་པའི་སྤུན་ཐག་ཆད་པའི་ངང་ནས། བཅོམ་ལྡན་འདས་མ་མཚོན་གང་བ་གཅིག་གཟིགས་སྟེ་དོན་གྱི་བློ་གྲོས་མཆོག་ཏུ་འཕེལ་ལོ། །སྦུད་ཏྲར་སྐྱེ་བོ་སུམ་སྟོང་ཙམ་ལ་སེམས་བསྐྱེད་མཛད་པའི་ཚེ་ནམ་མཁར་འཇའ་འོད་ཀྱི་བླ་རེར་ཆགས་པ་བྱུང་། དེ་དུས་འོད་བསྐོར་གྱི་ནང་དུ་འཕགས་པ་ཞལ་བཅུ་ཅིག་པ་གཟིགས་གསུང་། དེ་ནས་བླ་ཆེན་དེ་ཁྱིམ་གྱིས་སྤྱན་དྲངས། ཧོར་དམག་གི་རྐྱེན་གྱིས་ཞིག་པའི་བཙུན་པ་ཁྲིམས་འཆལ་ལྔ་བརྒྱ་ཕྱིར་བཅོས་བྱས། ཉིན་གཅིག་ལ་བཙུན་རྒྱུ་ཕྱེད་དང་གཉིས་བརྒྱ། གསེར་སྲང་། གོས་དར། རྟ་བརྒྱ་ཚན་རེ་རེས་ཐོག་དྲངས་ལོངས་སྤྱོད་དཔག་ཏུ་མེད་པ་ཕུལ་ནས་ཆོས་ཞུས། དེ་ཙམ་ན་རྡོ་རྗེ་གདན་གྱི་ལྕགས་རི་སོག་པོས་བཤིག་ཟེར་བས། ཛྙྱཱ་ན་གྷརྦྷ་ལ་ལོངས་སྤྱོད་དུ་མ་བསྐུར་ནས་གསོར་བཏང་ཏེ་བྱང་ངོས་གསོས་སོ། །ཕྱོགས་གཞན། ཡ་ཙེ་དང་། ཟངས་གླིང་རྒྱལ་པོས་གསོས་སྐད། དུས་དེ་ནས་ང་ལ་སངས་རྒྱས་དང་། རྗེ་རྒོད་ཚང་པ་ལས་བསམ་རྒྱུ་མེད་གསུང་ནས་ཕྱག་རྫས་ཕལ་ཆེར་དེར་བསྐུར་བ་ཡིན་ནོ། །སྦུད་ཏྲར། རྒྱ་གར་ཤར་ཕྱོགས་ཀྱི་པཎྜྻི་ཏ་ཤྲཱི་རིན་ཏྲ་ལ་སོགས་ལྔ་བཅུ་ལ་དུས་ཀྱི་འཁོར་ལོའི་ཆོ་ག་མཛད། བུམ་ཆུ་སྒྲ་བཅས་སུ་ཁོལ། ཁྲོ་བོ་ཕེབས་པ་གྲུབ་ཐོབ་ཆེན་པོ་དུས་ཀྱི་འཁོར་ལོར་གྱུར་པ་མཐོང་བ་རྣམས་བྱུང་། དེ་དུས་འདང་ཞག་ཨུ་རྒྱན་སྤྲུལ་པའི་ལྷོ་ཕྱོགས་ཤིན་ཏུ་གསལ་ལོ་ཚིག་ཀྱང་ཐལ། ཤར་ཕྱོགས་ནས་བསྙེན་བསྒྲུབ་ཀྱི་གདམས་པ་ལེན་པ་གཅིག་འོང་གསུང་ཙམ་ན། གདན་ས་གཡའ་བཟངས་ཀྱི་རིན་པོ་ཆེ་འཁར་ཆུ་བ་བྱོན། དམིགས་པ་རེ་ལ་གསེར་ཞོ་རེའི་མཎྜྻལ་ཕུལ་ནས་མྱོང་ཁྲིད་དུ་ཞུས་སོ། །དེ་ནས་གཅེན་པོའི་ནང་རྟེན་སྒྲུབ་ཏུ་ཀྱི་རོང་དུ་བྱོན། བལ་པོ་ལྗོང་གི་ཤར་འགལ་སོ་རི་ཁྲོད་དུ་འབྱུང་པོ་འདུལ་བྱེད་བསྙེན་པས་མངོན་སུམ་དུ་གཟིགས་ནས་ཐུན་མོང་གི་དངོས་གྲུབ་གནང་། བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ་བྱོན་ནས། རིགས་ཀྱི་བུ་ད་ནི་རྡོ་རྗེ་གསུམ་བསྙེན་བསྒྲུབ་ཡིག་གེར་བྲི་བ་ངས་གནང་ངོ་གསུང་ནས་མི་སྣང་བར་སོང་། དེ་ནས་སྐོས་དཀར་དབེན་གནས་སུ་གླེགས་བམ་དུ་བཀོད་དོ། །གཞན་ཡང་དུས་ཐ་དད་དུ་གཤིན་རྗེ་གཤེད་དམར་པོའི་རྒྱུད་སོགས་ཀྱི་འགྱུར་འགའ་རེ་ཡང་མཛད་དོ། །དེ་ནས་སྦུད་ཏྲ་རྩིག་པའི་ཚེ། སེ་ཆེན་རྒྱལ་པོས་བལ་ཡུལ་འཇོམས་པར་འདོད་པའི་གསེར་ཡིག་པ་བྱུང་བ་ལ། ཆུ་བོ་རབས་དང་རྒྱལ་པོ་རབ་ཀྱི་ཕྲེང་བ་གཉིས་མཛད་པ་སྐུར་ནས་མི་འཐད་པར་གསོལ་བས་ཆོག །ཡང་ངའི་འགྲོ་ས་རྒྱ་གར་འཕགས་པའི་ཡུལ་ཡིན་གསུང་ནས་བོད་བདུན་བཅུ་ཙམ་ཅིག་ཁྲིད་ནས་བྱོན། ཁྲལ་ས་མ་ཉན་པ་ཁྲག་དུ་སྐྱུགས་པ་དང་། ཆོམ་རྐུན་ལ་རེངས་པའི་སྦྱོར་བ་མཛད། བལ་རྒྱ་མཚམས་ཀྱི་ལ་མ་ཧཱ་པར་པ་ཏ་ལ་བྲོ་བརྡུང་མཛད་པས་ཉམས་འུར་ནས་ངལ་དུབ་སངས་ཏི་ར་ཧུ་ཏི་ནས། གླང་བུ་མི་སྐད་གོ་བ་གཅིག་ཉོས་ནས་ཆིབས་པ་མཛད། གངྒའི་རྩ་ནས་ལྷ་ཚོགས་ཀྱི་བདག་པོ་རྟ་དཀར་པོའི་གཟུགས་སུ་སྤྲུལ་པས་བསུས། མ་ཧཱ་བོ་དྷིའི་གནས་སུ་བདེ་བར་ཕྱིན། སྐུ་གདུང་ལ་རིན་པོ་ཆེའི་སྣོད་ལ་སོགས་པ་མཆོད་པའི་བྱེ་བྲག་དུ་མ་དང་། ཤིང་དྲུང་པ་རྣམས་ལ་ཁ་ན་མ་ཐོ་བ་མེད་པའི་བསྙེན་བཀུར། རྣལ་འབྱོར་པ་རྣམས་ལ་དམ་ཚིག་གི་རྫས་ཀྱིས་མཆོད་པ་ཡོན་དང་བཅས་པ་བསྒྲུབས། དེའི་དུས་སུ། ཛྲཽ་ཀི་པ་རྣམས་ཀྱིས་ཚོགས་རྫས་ལ་བརྟེན་ནས་བགེགས་བཞུགས་པའི་བར་ཆད་བྱུང་འདུག་པ་སོལ་བར་ཞུས་པ་ལ་བཀའ་བསྒོ་མཛད་པས་སེལ། དེ་ནས་རྒྱལ་བུ་ཐམས་ཅད་སྒྲོལ་གྱིས་བཞུགས་པའི་རི་ལ། ལམ་གྷ་པར་པ་ཏ་གཟིགས། ཐར་པ་དོན་དུ་གཉེར་བ་རྣམས་དེར་བཞུགས། དཔོན་སློབ་གཞན་རྣམས་བོད་དུ་བྱོན། སྐྱི་རོང་གི་གྲོང་འདབ་ཀྱི་ནགས་གཅིག་ན་ཐུགས་དམ་མཛད་ཅིང་བཞུགས་པ་བཟེ་མོ་གཅིག་གིས་མཐོང་ནས་གཅིག་གིས་གཅིག་སྦྲན་པ་དྲུག་ཅུ་ཙམ་གྱིས་ཆང་བཤུག་མ་རེ་ཁྱེར་བྱུང་ནས་དྲངས་པ་གསོལ་བའི་སར། བྷོ་ཊ་པཎྜྻི་ཏ་བྱོན་ནས། ཨུ་རྒྱན་པ་འདི། ཡོན་བདག་མོ་འདི་ཙམ་བསྡུས་ནས་ཆང་འཐུང་འདི་འདྲ་བྱེད་པ་ཟེར། ཡོན་བདག་མོ་རང་ཚོ་འཐུང་གིན་གདའ་ཡིས། ངས་ནི་མ་འཐུངས་གསུང་། ཁྱོད་ཀྱིས་འཐུངས་མ་འཐུངས་ངས་ཤེས་ཟེར་བ་ལ། འོ་ན་སྣོམས་གསུངས་པས། ཞལ་ལ་བསྣམས་ནས་སྐྱུར་དྲི་མི་འདུག་ཟེར། ཁྱོད་ཀྱིས་ཆང་འཐུངས་འདུག་སྐྱུར་དྲི་གདའ་གསུངས་པས། ངས་ཟིལ་པ་ཙམ་ཡང་ལྕེ་ལ་མ་བཞག་པ་ལ་སྐྱུར་དྲི་རང་ངོ་ཤེས་ཟེར། དེར་ཁོང་གི་ལྟེ་བར་ཆང་ཁོལ་བཞིན་པ་སྐྱེད་པས་སྐྱུར་སྒྲེག་ཆིལ་བྱུང་། གཞན་སྣོམ་དུ་བཅུག་པས་སྐྱུར་དྲི་ཆེན་པོ་འདུག་ཟེར། ཁོང་སྐྱེངས་ནས་གྲུབ་ཐོབ་དུ་འདུག །བྱ་རུ་མི་བཏུབ་པར་གདའ་ཟེར་སྐད། སྐྱི་རོང་བདེ་ལེགས་སྟེངས་སུ་འོད་གསལ་གྱི་ངང་དུ་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གཟིགས། ལྷ་མོ་ཨུ་མའི་དོད་པོར་ཙནྟྲི་ཀ་ལོགས་ན་འདུག་པ་ལ། མགོ་བོ་ཕུལ་ཟེར་བས་བཅད་ནས་ཕུལ་བ་ལ་ཆེད་འཛིན་མེད་པའི་ངང་ནས། ཡང་ལན་གཅིག་གདན་ས་བས་ངོ་མཚར་བསྟན་པའི་སླད་དུ་གཟའ་མི་འཛའ་མོ་གཉིས་ཡོད་པ་ལ་དབྱེ་བའི་སྦྱོར་བ་གཅིག་སྟོན་དང་གསུངས་པས། རླུང་སྦྱོར་ཅིག་མཛད་ནས་ལྟོས་གསུང་། བལྟས་པས་སྐྲ་འབྱིད་རེས་བྱས་གདའ། ཞལ་ནས་དང་པོ་ངའི་ལུས་ཀྱི་རྩ་མདུད་མང་པོ་ཞིག་སོང་། ཕྱི་རོལ་དུའང་ས་གཞི་གཡོ་བ་དང་ཁང་པ་འཇིག་པ་འོང་གསུང་། དེ་ཙམ་ན་དཔོན་ཆེན་ཀུན་དགའ་བཟང་པོས་སྦུད་ཏྲའི་གཟིམ་ཁང་བཤིག་པས་ཉིན་མོ་ས་བསྲོས་པ་ལ་སོགས་བྱུང་སྐད་དེ། ལོ་ལྔ་ན་རྗེས་མེད་དུ་བརླག་གོ །ནུབ་གཅིག་གཟིམ་ཆུང་ན་ཐུགས་དམ་མཛད་པའི་དྲུང་དུ། ཇོ་བོ་སྟོན་ཙན་བྱུང་ནས་དབང་ཞུ་ཟེར། ཉེ་གནས་ལ་བུམ་པ་ཆོས་གསུང་། ཆོ་ག་རིམ་པར་མཛད་ནས། བུམ་དབང་གི་སྐབས་སུ་བུམ་པ་ཐོག་གསུང་། བཏེག་པས་ད་མཐོང་གསུང་། མ་ནུས་པས་ཐེ་ཚོམ་མི་དགོས་གསུང་། བཏང་བས་ནམ་མཁའ་ལ་འདུག་གོ །ས་སྐྱར་བླ་མ་ཆོས་རྒྱལ་ཕེབས་ཞེས་ནས་མཇལ་དུ་བྱོན། མདོ་སྡེ། མང་དུ་གསན་དེ་ནས་ཉང་རོར་བྱོན་པའི་ཆུ་མིག་རིང་མོར་ཁྲོམ་ལ་དགུག་པའི་སྦྱོར་བ་མཛད་པས་ཁྲི་ཕྲག་རེ་ཙམ་གར་གཤེགས་སུ་འབྲང་བ་བྱུང་། ཤངས་སུ་དགོན་པ་ཚ་རི་ཟླུམ་པོ་བཏབ་སྟེ་འགྲོ་བ་དཔག་ཏུ་མེད་པ་སྨིན་པར་མཛད། ཡང་སྦུད་ཏྲར་བྱོན། མཆོད་པ་གཅིག་གི་ཚེ་ཤར་ཕྱོགས་སུ་གཟིགས་ནས་གཏམ་ཅིག་འདུག་གསུང་། ཞུས་པས། ཤར་འདི་ན་གུར་མགོན་གྱི་ལྐོག་མའི་འོག་ན་འོ་སྐོལ་གྱི་ཁང་པ་ཚུད་པ་ཙམ་ཅིག་འདུག །དཔོན་ཆེན་བྱང་རིན་གྱི་སར་བྱིན་བརླབས་ལ་བྱོན་འཕྲིན་ལས་ཀྱི་གྲོགས་བགྱིད་ཟེར་གསུང་། ཞག་འགའ་ན་གདན་འདྲེན་གྱི་གསེར་ཡིག་པ་བྱུང་ནས་རྟ་ལོའི་སྟོན་སེར་ཁ་བཏེག་ནས། འཇད་ཀྱི་འོད་མོ་དར་སྡིངས་སུ་བྱོན་ནས་ཁོང་གི་དོན་མཛད། དེ་ནས་ཤ་ཟ་མདའི་རྟ་མིག་མའི་ནགས་གཉན་པོ་གཅིག་འདུག་པར་བཞུགས། སློབ་དཔོན་རིགས་རལ་གདན་དྲངས་ནས་ཚད་མ་སྡེ་བདུན་ལ་སོགས་པའི་ལུང་ཞུས། ཡར་ལྷ་ཤམ་པོས་སྤྱན་དྲངས་ནས་སིལ་མ་ལ་བཞིན་དབུས་སུ་བྱོན་པ་ལ་བྱོན་པས། སྟག་གྲུ་ཁར་སླེབ་པའི་ཚེ། མི་ཕན་པར་འདུག །ད་རེས་ཀརྨ་པ་ཅན་ཁོར་གཅིག་འགྲོ་དགོས་པར་འདུག་གསུང་ནས་སྙེ་མོ་བཞིན་བྱོན། ཀུན་དགའ་ར་བར་ཕེབས། སློབ་དཔོན་བོ་རན་རྒྱུད་དོན་ཡོད་ལ་ཕུར་པ་ཕུན་སུམ་ཚོགས་པའི་བཀའ་ཞུས། དུས་ཕྱིས་སྦྲང་ཉི་ཁྲི་སྦུད་ཏྲར་སྤྱན་དྲངས་ནས་མ་མོའི་བཀའ་ཞུས། དེ་ནས་ཀརྨ་པ་མཚན་མོ་བཞེངས་ནས་བྱོན་ཏེ། ཁ་འཁྱགས་ཚེ་ལོངས། ཉི་མ་ལ་སྟོད་ནས་ཨུ་རྒྱན་པ་ཆེན་པོ་གནམ་གྱི་ས་བཀབ་པ་འདྲ་བ་འབྱོན་ཡིན་ཡོད་གསུང་ནས། བུ་རམ་བསྒོར། ཟན་རྫིས་སྐད། ཞལ་ནས། ཀརྨ་པའི་སློབ་མ་ཚོ་བྲེལ་འདུག །ཅག་ཡ་གྱིས་གསུང་ནས་ཨུ་རི་མདུན་དུ་བཞུགས། ཕེབས་པའི་གདོང་དུ་ཇ་འཛིན་དང་། སེར་སྦྲེངས་དང་རོལ་ཆས་བསུས། མཇལ་བའི་ཚེ། ཀརྨ་པའི་ཞལ་ནས། ཁྱེད་ཞག་གསུམ་གྱི་གོང་དུ་ཕེབས་རྒྱུ་ཡིན་པ་ལ་ད་བར་མ་བྱོན། ཟན་རྣམས་རུལ་གསུང་། ངེད་འབྲུག་པ་ཟློག་སྒོམ་བྱེད་པ་ཡིན་གསུང་པས་བཞད་ཅིང་། ཁྱེད་ཟློག་བསྒོམ་བྱེད་ན་སྐྱག་པ་ཁར་ཆུག །བུ་རམ་རྐུབ་དུ་ཆུག་གསུང་། ཡེ་གྲུབ་ཐོབ་ཨུ་རྒྱན་པ་ཁྱོད་ངའི་རྩར་མི་འབྱོན་པར་སིལ་མ་ལ་ལ་འགྲོ་འདོད་པར་སྣང་སྟེ། ངའི་བྱང་ཆུབ་སེམས་དང་དཔའ་བོ་མཁའ་འགྲོས་རང་དབང་མེད་པར་དབང་དུ་བསྡུས་པ་ཡིན་ཨེ་གོ་གསུང་ཡང་ཆོས་སྐྱོང་ལ་གཏོར་ཚོགས་ཆེན་པོ་ཐོང་། དུང་ཐོང་ལ་ཨུ་རྒྱན་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་བྱོན་ཡོད། མཚུར་ཕུ་གདན་ས་ན་ཡོད་པ་ཐམས་ཅད་དགའ་བ་བསྒོམས། འབུལ་བ་ཁྱེར་ལ་ཆོས་ཞུས་ཀྱིས་གསུང་། རྒྱལ་བ་རྒྱ་མཚོའི་དབང་བྱེད་གསུང་ནས། ཀ་ཏོ་ར་ནས་ཀྱི་བཀང་བ་སྦ་ལྕག་གིས་བསྐྲུགས་པ་དབུ་ཐོག་ཏུ་བཞག །ལྕག་དང་བཅས་པ་ཕྱག་དུ་གཏད། དབུའི་ཞྭ་ནག་དེ་སྐོན། སྐུ་གསུམ་ངོ་སྤྲོད་གནང་ཧུར་མཛད་ནས། འོ་སྐོལ་གཉིས་སྐྱེ་བ་དུ་མའི་དཔོན་སློབ་ཡིན། ང་ཡི་མགོ་འདོན་ཡང་ཁྱོད་ཀྱིས་བྱེད་དགོས། ཁྱོད་ཀྱི་གདུལ་བྱ་ཉི་མ་ལྷོ་རྒྱུད་ན་ཡོད། དེར་ངའི་རྒྱལ་བ་རྒྱ་མཚོ་དང་། སྙིང་པོ་ཡིག་གེ་དྲུག་མ་དང་། སྐུ་གསུམ་ངོ་སྤྲོད་ཀྱིས་འགྲོ་དོན་མཛོད། དགེ་བསྙེན་རྡོ་རྗེ་རྒྱལ་པོ་གྲུབ་ཐོབ་ཨུ་རྒྱན་པའི་འཕྲིན་ལས་སྒྲུབས་གཅིག་ཅེས་པ་ཡང་ཡང་གསུང་། དེ་ནས་ལྷ་ས། བསམ་ཡས། གདན་ས། གཡའ་བཟངས་ནས་དམྱལ་དང་མཚོ་སྣའི་བར་དུ་བྱོན། སྙེ་འདོར་ཞི་བྱེད་རྒྱུད་པ་ཕྱི་མའི་སྐོར་གསན། དབུས་ཀྱི་དགེ་བའི་གཤེན་གཉེན་དང་སྐྱེ་བོ་མཆོག་དམན་དཔག་ཏུ་མེད་པའི་དོན་མཛད། དུས་དེར་ལྷ་བཙུན་ཡེ་ཤེས་འོད་ཀྱིས། རྗེ་རིན་པོ་ཆེའི་རྣམ་ཐར་ཁྲིགས་ཁ་རྩ་བ་ནས་བུད་བ་འདི་དང་པོ་རང་ནས་ཐུགས་རྒྱུད་ལ་བཞུགས་པ་ལགས་སམ། རྗེ་རྒོད་ཚང་པ་དང་མཇལ་ནས་བྱུང་བ་ལགས་ཞུས་པས། སྨྱོན་པའི་སྤྱོད་པ་འདི་དང་པོ་ནས་ཡོད་པ་མིན། བུ་ཚའི་དུས་སུ་འདྲི་ཀློག་དང་ཕ་ཆོས་ཀྱི་རིགས་རྙིང་མ་སློབ་པའི་དུས་དང་། བོ་དོང་དུ་མཚན་ཉིད་སློབ་པ་རྩངས་སོ་རུ་དུས་འཁོར་ཉན་པའི་དུས་ཐམས་ཅད་དུ། ཤེས་རབ་དང་བརཏལ་ཞུགས་ཆེ་ཤོས་ཡིན། བརྩོན་འགྲུས་དང་ཁྲིགས་ཁ། གོ་ཆ་དང་སྡུག་སྲན། ཕོ་རུས་དང་སྦད་ཁམ། ཤེ་མོང་དང་ཕོ་ངར་ཆེ་ཤོས་ཡིན། དེའི་དུས་ན་འདུན་མའི་ཁྲིགས་ཁ་ང་ལས་མཁས་པ་ཡོད། དེ་ནས་ཆོས་རྗེའི་དྲུང་དུ་སླེབ་པའི་དུས་སུ། བླ་མ་དང་ཐུགས་ཡིད་འདྲེས་ནས། འཁོར་འདས་དབྱེར་མེད་ཀྱི་དོན་རྟོགས། མ་བཅིངས་མ་གྲོལ་བའི་ངང་དུ་གཟུགས་འཛིན་གྱི་མདུད་པ་ཞིག་ནས། དུས་གསུམ་མཉམ་པ་ཉིད་དུ་རྟོགས། གཉིད་ཀྱི་ངང་དུ་བདེ་བ་ཆེན་པོར་ཤར། འཕོ་འགྱུར་དང་སྐྱེ་ཤི་མེད། རྩོལ་སྒྲུབ་དང་འགྲོ་འོང་མེད། གཟུགས་འཛིན་དང་རྟག་ཆད་མེད། མཐའ་དབུས་དང་ཕྱི་ནང་མེད། སྤངས་རྟོགས་དང་མཐོ་དམན་མེད། བཅིངས་གྲོལ་དང་སྤྲོས་པ་མེད། དངོས་པོ་དང་མཚན་མ་མེད་པའི་དོན་རྟོགས། མ་བསྡམས་མ་གློད་པར་རང་སོར་བཞག་པས་མདུད་པ་མ་བཤིག་པར་རང་སར་གྲོལ། རང་དག་རང་གྲོལ། གྲོལ་མཁན་མེད་པར་གྲོལ་བ་སྦྲུལ་མདུད་བཞིན་དུ་ཞིག་ནས། བཅིངས་པ་དང་གྲོལ་བ་དུས་མཉམ། མ་བསྒྲིམས་མ་གསལ་བར་མངོན་སུམ་རྣམ་པར་དག་ཀུན་ནས་རྣམ་པར་བྱང་བ་མེད་པ། མཐར་ཕྱིན་རྒྱུ་དང་ཕྱིན་མཁན་མེད་པ། མྱ་ངན་ལས་འདའ་བ་དང་འདའ་མཁན་མེད་པ། མིག་གི་ནད་གྲོལ་བས་སྐྲ་ཤད་སངས་པ་ལྟ་བུའི་རྟོགས་པ་ཤར་བས། ཁྲིགས་ཆགས་ཀྱི་འདུན་མ་ཐམས་ཅད་རང་སར་ཞིག་ནས། རྩིས་མེད་སྨྱོན་པའི་སྤྱོད་པ་འདི་འདྲ་ཅིག་བྱུང་གདའ་དེའི་སྟེང་དུ་ཨུ་རྒྱན་སྤྲུལ་པའི་ཞིང་དུ་ཕྱིན་པའི་དུས་སུ། བཅོམ་ལྡན་མ་ཉིད་ཀྱི་བྱིན་བརླབས་ཀྱིས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་སངས་མ་རྒྱས། མི་རྒྱ། སངས་རྒྱ་བར་མི་འགྱུར། རྒྱས་པ་དང་མི་འགལ་བའི་དོན་རྟོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀུན་ནས་ཉོན་མོངས་པ་མ་སྤངས། མི་སྤོང་། སྤོོང་བར་མི་འགྱུར། སྤངས་པ་དང་མི་འགལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྣམ་པར་བྱ་བ་མངོན་དུ་མ་བྱས། མི་བྱེད་བྱེད་པར་མི་འགྱུར། བྱས་པ་དང་མི་འགལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཚིག་གཅིག་ཀྱང་མ་གསུངས། མི་གསུང་། གསུང་བར་མི་འགྱུར། གསུངས་པ་དང་མི་འགལ་བའི་དོན་རྟོགས། དེ་ཡན་ཆད་སྔར་བས་ཁྲིགས་ཆུང་དུ་སོང་ནས། གཤིས་ཀྱི་གཏད་སོ་དང་བྲལ་བས་ཅི་བྱེད་ཆ་མེད་པ། ཚིག་གི་གོ་རིམ་དང་བྲལ་བས་སྨྱོན་པ་ལྟ་བུ། འཕྲལ་ཕུགས་ཀྱི་ཁྲིགས་ཁ་མེད་པས་སྤྲང་པོ་ལྟ་བུ། ཚིག་ལ་ངོས་བཟུང་མེད་པས་སྟོན་ཆུང་གི་བཞད་གད་ལྟ་བུ། སྒྲ་སྐྱོན་ངོས་མི་འཛིན། དོན་སྐྱོན་བློ་ལ་མི་འཇོག །གོང་འོག་གི་འགལ་འབྲེལ་མི་རྩི། རྩོམ་པ་རང་ཡང་ཁར་ཕོག་སྣར་ཕོག་དེ་འདྲ་ཚོ་བྱེད་པ་གཅིག་བྱུང་གདའ་གསུང་། ཡང་ཁྲིད་ཀྱི་འདེབས་ལུགས་ལ་ངེས་མེད་དུ་མཛད་པ་གཅིག་གདའ་བ་ཇི་ལྟར་ལགས་ཞུས་པས། ཁྲིད་ཀྱི་འདེབས་ལུགས་འདི་ལ་ངེས་པ་ཆེན་པོ་མེད། རེས་བླ་མའི་ཐུགས་ཀྱི་རྩལ། རེས་དུས་ཀྱི་གནད། རེས་འགའ་སློབ་མའི་རྒྱུད་ཚོད། རེས་འགའ་ཡུལ་རྐྱེན་གྱི་སྟབས་ལ་བརྟེན་ནས། འདེབས་ལུགས་ཅི་རིགས་སུ་དགོས་པ་ཡིན། དེ་ལ་གང་དང་གང་གི་རྒྱུད་ཚོད་དང་འཐུན་པ། དུས་ཀྱི་གནད་ལ་ཕེབས་པའི་གདམས་པ་འདེབས་ཤེས་པ་གལ་ཆེ་གསུང་། ཡར་ལམ་སྙེ་མེ་ལྕ་བ་ལུང་དུ་མཆོད་པ་གཅིག་གི་ཚེ་ཟིལ་ཆེན་པོ་བྱུང་ཙམ་ན། རིན་པོ་ཆེ་ཀརྨ་པ་ནམ་མཁའ་ལ་བྱོན་པ་གཟིགས། བསྟོད་པ་མཛད། དེ་རྗེས་རྒྱལ་པོ་སེ་ཆེན་གན་གྱི་དད་པའི་ཤུགས་ཀྱིས་མི་ཆེན་ཨེ་ཇི་ལག གོ་རིན། ཐོག་ཐེ་མུར་རྣམས་རིམ་པར་མངགས་ཀྱང་མ་བྱོན་པ་ལ། དུས་ཕྱིས་མི་ཆེན་ནེ་གུ་ཏ། ལན་བཞི་པར་འོངས་པའི་ཚེ། སྔོན་རྡོ་རྗེ་གདན་དུ་མི་དཀར་པོ་གཅིག་གིས། ཧོར་གྱི་རྒྱལ་པོས་གདན་འདྲེན་པར་འགྱུར་གྱིས། དེ་ནི་བསོད་ནམས་ཚད་མེད་པ་དང་ལྡན་པ་ཡིན་པས་དེའི་ངག་མ་བཅག་ཅིག་ཅེས་པ་བྱུང་། དེ་སྤྱན་རས་གཟིགས་སུ་འདུག་གསུང་ནས། ཆུ་ཕོ་འབྲུག་གི་ལོ། དགུང་ལོ་དྲུག་ཅུ་རྩ་གསུམ་ལ་རྒྱ་ཡུལ་དུ་བྱོན། ཤིང་ཀུན་དུ་སླེབ་པ་ལ་ན་བཟའ་བརྗེ་བ་ལ་སོགས་པ་རྣམས་བྱས་པའི་ཚེ། འཁོར་རྣམས་ལ་ལོངས་སྤྱོད་པ་འདུན་པ་ཅུང་ཟད་ཀྱང་མི་བཏུབ། བྱས་ན་འདོད་པའི་མདའ་དུག་ཁོང་དུ་ཞེན་ནས་གནས་སྐབས་དང་མཐར་ཐུག་གི་བདེ་ལེགས་ཐམས་ཅད་ཀྱི་བདག་དང་བྲལ་བ་ཡིན་གསུང་། ཕོ་བྲང་དུ་ཕེབས་མ་ཐག་རྒྱལ་པོའི་ཕྱག་ཞབས་འཁུམས་པ་ལ་དབྱུག་པའི་སྤྱད་ཀྱིས་ཅུང་ཟད་བདེ་བར་མཛད། དེ་རྗེས་མི་ཆེན་རྣམས་ལ། སྤྱིར་མིའི་ལུས་ལ་ལྟེ་བའི་དུས་སྦྱོར་གྱི་རྩ་ལ་རླུང་འཕོ་ཆེན་བཅུ་གཉིས་རྒྱུ་བ་ལས། གོང་མའི་སྐུ་ལ་འཕོ་བ་གསུམ་ལས་མེད། དུས་སྦྱོར་གྱི་རྩ་འདབ་དགུ་སྐམས་པ་ཡིན། རོ་བཅུད་ཀྱི་གདམ་ངག་ཀྱང་འཆིས་འདུག ང་ཡང་སྤྱོད་པ་བརྩིང་། ས་སྐྱ་པ་འདི་པ་བྱེད་པ་ངན། འདིར་སྡོད་པ་སྡིག་ཟས་སྡིག་ཆུ་ཁོ་ན་ལ་ལོངས་སྤྱོད་དགོས་པ་འདི་བློ་ལ་མི་རན་པས། ང་ཡར་འགྲོ་བའི་ཞུ་བ་བྱེད་པ་ཡིན། ཁྱེད་རྣམས་ཀྱིས་ཀྱང་རོགས་གྱིས་གསུང་ནས་གོང་མས་བླ་མ་ཆོས་རྒྱལ་གྱི་ཤེལ་དམ་འབུལ་པ་ལ་སོགས་ཅི་ཞུས་ཀྱང་མ་གནང་། ཚེ་དཔག་ཏུ་མེད་པའི་དབང་མཛད། རིན་པོ་ཆེ་དང་དར་ཟབ་སྣ་ཚོགས་ཀྱིས་བཀང་བའི་གོང་མས་ཤིང་རྟ་ཁ་སག་གསུམ། རྒྱལ་བུ་གཉིས་ཀྱིས་རེ་རེ་ཕུལ། ཐམས་ཅད་འུ་ལག་གིས་མི་འབྱོངས། འདི་འདྲ་ཕུལ་བའི་དཔེ་མེད་ཅེས་ལྐོག་ཏུ་གླེང་། ཞལ་ནས། ང་ལ་ནོར་གྱིས་དགོས་པ་མེད། ནོར་འདོད་ནས་འོངས་པ་མིན་གསུང་ན་མ་བཞེད། གོང་མས་རྣལ་འབྱོར་པ་གྲུབ་པ་བརྙེས་པ་ལ་མི་དགོས་ཀྱང་། ཁྱེད་ཀྱི་འཁོར་བན་དེ་འདི་རྣམས་ཐག་རིང་ནས། ཁྱེད་རང་དང་ང་ལ་བསམས་ནས་ཡོངས་པ་ཡིན། འདི་རྣམས་ལ་བྱིན་པས་ཆོག་ཞུས་པས། ངའི་འཁོར་འདི་རྣམས་བྱ་བཏང་འབའ་ཞིག་ཡིན། ཆོས་བྱེད་ན་འཚོ་བ་ང་ཡིས་འབྱོངས། ལར་འདོད་ན། རྒྱུད་སྡེ་རིན་པོ་ཆེའི་གདམས་པས་གསེར་འགྱུར་དང་དངུལ་དུ་བྱེད་པའི་ལག་ལེན་ཤེས། དེའི་ཕྱིར་ཡང་ཁྱོད་ཀྱི་ལོངས་སྤྱོད་ལ་ལྟོས་མི་དགོས་གསུང་། དེ་ལྟ་བུ་གཅིག་སྟོན་དང་ཞུས་པས། གཤའ་བརྩེ་དངུལ་དུ་བསྒྱུར་ནས་ཕུལ་བས། ངོ་མཚར་བར་འདུག །ངའི་མཛོད་ཆུད་འཛའ་བས་མ་སྟོན་གསུང་དེ་ལྟར་ཕོ་བྲང་དུ་ཟླ་བ་ཕྱེད་གཉིས་ལས་མ་བཞུགས་པར། ལུང་དང་ལོངས་སྤྱོད་ཕུལ་བ་མ་བཞེད་དེ་བྱོན་པའི་དུས་སུ། གོང་མ་མ་མཉེས་ཏེ། ཨུ་རྒྱན་པག་ཤི་ཁྱེད་ངས་ས་ཐག་རིང་མོ་ནས་གདན་དྲངས་ནས་བཞུགས་ཞུས་བས་མི་ཉན་པར་འཕྲལ་དུ་འགྲོ །ང་ལ་དབང་བསྐུར་མི་བྱེད་པར་གཞན་ལ་བྱེད། ངའི་ནོར་མི་ལེན་པར་གཞན་གྱི་ལེན་ཟེར་བ་ལ། ངས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒོད་ཚང་པ་ཆེན་པོའི་ཞབས་ཀྱི་པདྨོ་ལ་བཏུགས་ནས་ད་ལྟའི་བར་དུ་སྣ་ཐག་གཞན་ལ་གཏོད་མ་མྱོང་། སངས་རྒྱས་ཀྱི་བསྟན་པ་ལ་སློབ་དཔོན་གྱིས་སློབ་མ་དམ་ཚིག་ལ་སྒོར་བ་ལས། སློབ་མས་སློབ་དཔོན་དམ་ཚིག་ལ་སྒོར་བ་ཡང་མེད། བརྒྱ་བྱིན་མདུན་དུ་བྱུང་ཡང་མགོ་བོ་བཀས་ནས་ཀླད་པ་འདག་སྙམ་པ་ལས་འཇིགས་སྙམ་པ་མེད་པ་གསུངས་པས། གོང་མ་མཆི་མ་ཕྲལ་བྱུང་། མི་ཆེན་ནོ་ག་སྐྱེལ་དུ་བཏང་། ཡར་ལམ་རྩེ་ལྔ་བསྐོར་ཏེ་བྱོན་ནོ། །རྗེས་སུ་གོང་མས་བླ་མཆོད་རྣམས་བསོགས་ནས། ཁྱེད་རྣམས་ན་རེ། ཨུ་རྒྱན་པས་ཆོས་མི་ཤེས་ཟེར་བ་ལ། ཁྱོད་ཀྱིས་ཤེས་པ་ཐམས་ཅད་ནི་ཁོས་ཤེས་པར་འདུག ཁོས་ཤེས་པ་མང་པོ་ཁྱེས་མི་ཤེས་པར་འདུག །དེ་ཆོས་མི་ཤེས་པ་ཡིན་ནམ་ཟེར། ཁོས་ཁྲིགས་སུ་བྱས་པའི་ཆོས་སྤྱོད་མང་པོ་གཡེང་བ་གང་གིས་ཀྱང་མི་འཕྲོག་པར་གཞན་གྱིས་མི་འགྲུབ་པ་འགྲུབ་པར་འདུག །དེ་བསྙེན་པ་ཡིན་ནམ། ཟོག་པོ་ཡིན་ཟེར་ཏེ་ཟོག་ལོངས་སྤྱོད་ཀྱི་ཕྱིར་བྱེད་པ་ཡིན། ཁོ་ནོར་རྫས་གང་ལ་ཡང་འདོད་པ་མི་འདུག དེ་ཟོག་པོ་ཡིན་ནམ་གསུང་པ་ལ་པག་ཤི་རྣམས་སྨྲ་བ་མེད་དོ། །ཡང་མི་ཆེན་རྣམས་ལ། པག་ཤི་བཟང་པོ་གཅིག་ཁུགས་པ་ཡིན་ཏེ། ཁྱེད་རྣམས་ཀྱིས་བསྟེན་པ་མ་བྱུང་གསུང་། པུས་མོ་བཙུགས་ནས་གོང་མ་རང་གིས་ལུང་ཤོར་བས་ངེད་རྣམས་ཀྱིས་ཐབས་མེད་ཞུས་པས། ངས་ལུང་ཤོར་ཡང་ཁ་ཟས་ལ་བརྩི་བ་གཅིག་འདུག་པ་ཁྱེད་ཀྱིས་ཟས་སྣ་ཚོགས་བྱིན་ན་ལེགས་པ་ཡིན་ཏེ་ཞེས་ཐུགས་ཆད་ཀྱང་གསུང་སྐད། ངས་བྱང་ཆུབ་ཀྱི་སེམས་ཚད་མེད་པས་ཀུན་ནས་བླངས་ནས། སེམས་ཅན་མང་པོ་ལ་ལས་འབྲེལ་བཞག །འུ་ལག་གཞོན་པ་རྣམས་ཀྱང་ངན་སོང་ལས་ཐར་བ་ཡིན་གསུང་། དེ་ལྟར་སྐྱེས་མཆོག་དམ་པ་འདིས་སྔ་ཕྱིར་པཎྜྻི་ཏ་རཝིཤྲི་བྷ་ཏྲ་དང་། པྲ་བ་ཀ་རཿཆག་ལོ་ཙྪ་བ་ལ་སོགས་པ་རྒྱ་བོད་ཀྱི་མཁས་གྲུབ་དུ་མ་བསྟེན་ཅིང་། རིག་པའི་གནས། གཞུང་། གདམས་པ་མང་དུ་གསན། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལ་སོགས་པའི་འགྱུར་དང་། དུས་འཁོར་སོགས་ཀྱི་བསྟན་བཅོས་མང་དུ་མཛད། བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་ལ་སོགས་པའི་ཡི་དམ་གྱི་ལྷ་དུ་མ་གཟིགས། བདག་ཉིད་ཡི་དམ་གྱི་གཟུགས་སུ་སྣང་བ་ལ་སོགས་སྤྲུལ་སྒྱུར་ལ་དབང་ཐོབ། ཐུགས་དམ་མཉམ་རྗེས་མི་མངའ་ཡང་། ཉིན་ཞག་ཕྲུགས་གཅིག་གི་སྔ་དྲོོ་ཕྱི་དྲོོའི་ཐུན་ལ་བདེ་མཆོག་གི་ཕྱི་རོལ་མཆོད་པ། ཐུན་མཚམས་སུ་ཐུགས་བསྐྱེད་ལེན་པ། ཐུགས་དམ་གཏོར་མ་ཆ་བཅུ་བདུན། ཐུན་མོང་གི་བཅུ། འཛམ་ལྷ་རིགས་གསུམ་སོགས་ཆུ་སྦྱིན། གུང་ལ་བདེ་བར་གཤེགས་པའི་སྐུ་གདུང་ལ་ཕྱག་མཆོད་སྐོར་བ། ཕྱི་དྲོོ་ཞི་བའི་སྦྱིན་སྲེག་རྣམས་མི་འཆག་པར་མཛད། དུས་ཕྱིས་ཀྱི་བར་དུའང་། ཐོས་པ་བཙལ་བས་མི་ངོམས་ཤིང་། ཡོན་ཏན་ཅུང་ཟད་དང་ལྡན་ན་བླ་མའི་གནས་སུ་མ་ལོངས་པ་ལའང་། གུས་པས་བཏུད་ནས་ལེན་པ་དང་། གསུང་རབ་དུ་མ་གཟིགས་པ་དང་། འབྲིར་འཇུག་པ་དང་། གཞན་ལ་རྒྱུད་འགྲེལ་ཆ་ལག་དང་བཅས་པ་མང་དུ་བསྒྲུབས་ནས་བྱིན་ཏེ་བཤད་པར་བསྐུལ་བ་དང་། བདོག་པའི་དངོས་པོ་རྣམས་བླ་མ་དང་རྡོ་རྗེ་གདན་གྱིས་ཐོག་དྲངས་པའི་ཞབས་རྟོག་དང་སྦྱིན་གཏོང་མཛད་དེ། ཡོངས་སུ་འཛིན་པ་མི་མངའ་བ་དང་། གང་ཟག་མཆོག་དམན་དུ་མའི་བློ་དང་། སྐད་རིགས་སྣ་ཚོགས་དང་མཚམ་པར་སྟོན་པས་སོ་སོར་ཚིམ་པར་མཛད་པ་དང་། ནད་དང་གདོན་གྱིས་གཙེས་པ་རྣམས་བྱིན་བརླབས་དང་རྟེན་འབྲེལ་གྱིས་ཞིི་བར་མཛད་པ་དང་། བར་དོའི་སེམས་ཅན་གཟིགས་ཤིང་གནས་པར་བར་མཛད་པ་དང་། གཞན་གྱི་སེམས་ཤེས་པ་དང་ལྐོག་དུ་གྱུར་པ་མཐོང་པ་དང་། ཐུགས་གཏད་ཙམ་གྱིས་བྱ་ལ་སོགས་པའང་ཏིང་ངེ་འཛིན་དུ་འགྲོ་བ་དང་། རང་རྒྱུད་ཀྱི་ཆགས་པ་དག །ལྦ་བ་སྦུབས་སུ་ནུབ། བདེ་དྲོད་ཀྱི་ཡེ་ཤེས་བརྒྱས། རས་རྐྱང་རེ་གསོལ། ཀུན་རྟགས་ཀྱི་ངོ་ཚ་ལས་གྲོལ། སྤྱོད་ལམ་ལྷུག་པར་མཛད། འདུ་བ་རོ་སྙོམས། ཕྱི་ནང་གི་ཟག་པ་དངས། གཞན་གྱི་བསམ་པ་ཇི་ལྟ་བ་བཞིན་མཁྱེན། འཕྲིན་ལས་བཞི་དང་ལས་ཆེན་བཅུ་གཉིས་ལ་དབང་འབྱོར་པས་རྒྱ་གར་རྒྱ་ནག ཁ་ཆེ་བལ་པོ། ཨུ་རྒྱན་ཛཱ་ལན་དྷ་ར། བོད་མི་ཉག་རྣམས་ཀྱི་རྒྱལ་འབངས་སྐྱེ་བོའི་ཚོགས་ཕལ་པ་དང་པཎྜྻི་ཏ་དང་དགེ་བའི་བཤེས་གཉེན་ཁྱད་པར་བ་དུ་མ་སྨིན་ཅིང་གྲོལ་བར་མཛད་དེ། ངས་ཕྱོོགས་གཅིག་དུ་བསྐྱངས་ན་ཚོགས་པ་དང་ལོངས་སྤྱོད་རྗེ་འབྲི་ཁུང་བ་དང་མཉམ་པ་ཡིན་གསུང་། དེ་ནས་དགུང་ལོ་བདུན་བཅུ་སྤྲེའུའི་ལོ་ནས་བཞུགས་པའི་གསུང་མང་དུ་བྱོན་ཏེ། དབང་ཁྲིད་གདམས་པ་རྒྱ་ཆེར་བསྟན་ནས། ངས་སྔོན་ཁྲིད་བཏབ་པ་རྣམས་ལ་ཉམས་ཚན་ཆེ་བ་གཅིག་སྐྱེ་ཡིན་འདུག །དུས་ཕྱིས་རྟོགས་པ་ངོ་འཕྲོད་པ་ཤས་ཆེ་བར་འདུག་གསུང་། དེ་རྗེས་དགུང་ལོ་བརྒྱད་ཅུ་ཞེས་པ་ལ་སྐུ་ལ་སྙུན་མི་མངའ་ཡང་། སྐུ་ཤེད་ཅུང་ཆུང་བར་གྱུར་ནས་གདུལ་བྱ་རྣམས་ལ་ཞལ་ཏ་དང་། བྱིན་བརླབས་ཀྱི་ཕྱི་མ་མཛད་དེ། བྱའི་ལོ་ཁྲུམས་ཀྱི་ཟླ་བའི་ཚེས་ཉི་ཤུའི་ཚེ་སྤྲུལ་པའི་སྐུ་གང་ནས་བྱོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རུ་བསྡུ་བར་མཛད། འབྲུག་དང་། གློག་དང་། ཆར་དང་། མཇའི་འོད་འཁྲུག་པའི་ལྟས་དུ་མ་དང་བཅས་ཏེ། མར་གྱི་ཚེས་བཅུ་ལ། བཅོམ་ལྡན་འདས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་དབུས་སུ་སྐུ་ལ་ཞུགས་ཕུལ་བས་སྐུ་གདུང་དང་རིང་བསྲེལ་གྱི་སྣང་བ་འཕྲོ་བས་རྗེས་འཇུག་ཚིམ་པར་མཛད་དོ། །ཡོངས་སུ་གྲུབ་པའོ།། །།བདག་ཉིད་ཆེན་པོ་དངོས་གྲུབ་བརྙེས་པའི་གནས་ལས་མཚན་དུ་གསོལ་བ་ཨུ་རྒྱན་པ་ཡོངས་སུ་གྲངས་པའི་སྲས་སྤྲུལ་པའི་སྐུ་རང་བྱུང་རྡོ་རྗེ། གཡའ་བཟངས་པ་རིན་པོ་ཆེ་མཁར་ཆུ་བ། སྙེ་མདོ་བ་ཀུན་མཁྱེན་ཀུན་དགའ་དོན་གྲུབ། གླང་ཁོར་གྱི་འཇམ་དབྱངས་བསོད་ནམས་འོད་ཟེར། བཞིའོ། །དེ་དང་ཉེ་བ་བརྒྱད་ནི། ཨ་པ་ལུང་པ་འཇམ་དབྱངས་རྡོ་རྗེ། འབྲི་ཁུང་གི་བླ་མ་ཆོས་བློ། མུས་པ་སྐུ་ཞང་པ། བླ་མ་ལྷར་རྗེ་པག་ཤི། མེ་ཤེལ་བ། མཁའ་འགྲོ་ཕུག་པ། བླ་མ་གདན་ས་བ། མཆོག་ཏུ་གྱུར་པ་བཞི་ནི། གྲུབ་ཐོབ་སྙེ་མོ་ག་པ། ཚ་ཆུང་བ། གཡག་མགོ་བ། སྐྱེས་མཆོག་དམ་པ་རི་ཁྲོད་པའོ། །རྣལ་འབྱོར་པ་སྣོ་དར་བའི་སློབ་པ་ནི། རྒྱ་གར་གྱི་མུ་སྟེགས་བྱེད་ཨ་ཡ་དབང་ཕྱུག་པ་སྦ་རས། རྟོགས་ལྡན་ཨ་རི་དགས། རྩིབས་རི་ཟུར་ཕུག་པ། རྟོགས་ལྡན་ཟླ་བ་སེང་གེ །མཐའ་བཞི་དཔོན་རས། ཤན་ཏི་རས་པ། དབུ་མ་པ། བླ་མ་ར་ཙེ། རྒྱ་རི་བ། རིན་རྡོར་བ་ལ་སོགས་པ་མང་པོ་དང་། དགེ་བའི་བཤེས་གཉེན་གྱི་སློབ་མ་མཁན་ཆེན་ཤེར་པ། ལ་ཞིང་བ། ཉི་མ་ལུང་པ། རྨོག་ཅོག་པ། སོངས་དཀར་བ། དགེ་སྡིངས་པ། ཕུག་ཆུང་བ། ཆག་ལོའི་དབོན་པོ་བསྟན་འཛིན་དཔལ། ལྷ་བཙུན་ཡེ་ཤེས་འོད། དགེ་བའི་བཤེས་གཉེན་ཉི་མ་རྒྱལ་མཚན། ཤོང་ལོ་ཙ་བ་རྡོ་རྗེ་རྒྱལ་མཚན། སྒྲ་ཚད་པ་རིན་ཆེན་རྒྱལ་མཚན། བླ་མ་རྣམ་གྲོལ་བ་ལ་སོགས་པ་མང་དུ་བཞུགས་སོ། །རྒྱལ་བ་རྣམས་ཀྱིས་དམ་པའི་ཆོས་འཛིན་པར་གྱུར་ཅིག། །