མཁའ་འགྲོ་མ་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་འགྲེལ་པ།
༄༅། །མཁའ་འགྲོ་མ་ཀུན་ཏུ་སྤྱོད་པའི་རྒྱུད་ཀྱི་འགྲེལ་པ་བཞུགས་སོ། །
༄༅། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་གསང་བ་ཆོས་ཀྱི་དབྱིངས་ལས་ཐུགས་རྗེའི་སྤྲིན་ཕུང་རབ་ཏུ་མཛེས། །ཟབ་མོའི་སྒྲ་འབྱིན་ཤེས་རབ་སྣང་ལྡན་ཆོས་གྱིས་ཆར་པ་ལེགས་འབེབས་པས། །གདུལ་བྱའི་ཆུ་སྐྱེས་རབ་ཏུ་བརླན་མཛད་ཐར་པའི་འབྲས་བུ་སྨིན་མཛད་པ། །འཁོར་བའི་འཁོར་ལོ་བདེ་བ་ཆེན་པོར་རོལ་པ་མཆོག་ལ་ཕྱག་འཚལ་ནས། །ཐེག་མཆོག་རྒྱ་མཚོའི་གླིང་ནས་རྒྱུད་སྡེ་ནོར་བུ་རྣམས། །བླ་མེད་བླ་མ་དེད་དཔོན་རྣམས་ཀྱིས་ལེགས་འོང་པ། །སྦས་པའི་དོན་ལྡན་རབ་ཏུ་མཐོང་དཀའི་རྒྱུད་མཆོག་འདི། ལུང་རིགས་བླ་མའི་གདམས་པས་རབ་ཏུ་སྣང་བར་བྱས། །དེ་ལ་འདིར་ཐུན་མོང་མ་ཡིན་པའི་རྒྱུད་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་འདི་ལ། དོན་བཞི་སྟེ། སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་བཀའ་སྤྱི་དང་རང་གིས་མཚན་ཉིད་ཀྱི་རྒྱུད་འདི་གང་དུ་རྟོགས་པ་ངོས་བཟུང་བ་དང་། མི་ཡུལ་དུ་གང་གིས་སྣང་བར་མཛད་ཅིང་ཇི་ལྟར་བརྒྱུད་པའི་ཚུལ་དང་། ཀུན་གྱི་བརྗོད་བྱ་རྗོད་བྱེད་ཀྱི་དོན་བསྡུས་སྟེ་བཤད་པ་དང་། རྒྱུད་ཀྱི་བཤད་པ་དངོས་སོ། །དང་པོ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུན་མོང་མ་ཡིན་པའི་ཐུགས་རྗེ་དང་ལྡན་པ་འདི་ཉིད། ཐེག་པ་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ཐོག་མར་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་ནས། སྐལ་པ་གྲངས་མེད་པ་དུ་མར་ཚོགས་གཉིས་ཡོངས་སུ་རྫོགས་པར་མཛད་ཅིང་། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས། གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་ལྷུན་གྱི་གྲུབ་པར་བྱེད་ཅིང་རྒྱུན་མི་འཆད་པར་མཛད་པ་འདིས། རེ་ཤིག་གདུལ་བྱའི་ཁམས་དང་མཐུན་པར་ཆོས་གྱི་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། སྡེ་སྣོད་གསུམ་མམ། ཐེག་པ་ཆེ་ཆུང་གཉིས་སུ་འདུས་སྟེ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །བསྡུས་པའི་ཕྱིར་ཏེ་རྒྱུད་ནི་རྣམ་པ་དགུར་འདོད་དོ། །དེའི་བག་ཆགས་རྟོགས་དང་ཞི་བ་དང་། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། ཅེས་གསུངས་སོ། །དེ་ལྟར་ཐེག་པ་ཆེ་ཆུང་གཉིས་ཀྱི་ཆེན་པོ་ལའང་གཉིས་སྟེ། རྒྱུ་ལམ་དུ་བྱེད་པ་མདོ་སྡེ་དང་། འབྲས་བུ་ལམ་དུ་བྱེད་པ་རྒྱུད་སྡེའོ། །འདི་ལ་ཁ་ཅིག་གིས་རྒྱུད་སྡེ་ལྔར་འདོད་ཀྱང་། འདིར་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཞིའོ། །འདི་དག་ཀྱང་བློ་ཡིས་བྱེ་བྲག་དང་། རིགས་དང་། ཉོན་མོངས་པ་དང་། དུས་ལ་སོགས་པ་རྣམ་པ་བཞི་བཞི་ལ་དགོངས་ནས་གསུངས་ཏེ། ཐོག་མ་ནི་གང་ཟག་གི་བློ་ཡི་བྱེ་བྲག་དམན་པ་དང་། འབྲིང་དང་། མཆོག་དང་། མཆོག་གི་མཆོག་རྣམས་ལ་དགོངས་ནས། གུར་ལས་ཀྱང་། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་དག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་དག་ལའོ། །ཞེས་གསུངས་སོ། །གཉིས་པ་ནི་མི་རིགས་བཞི་ལ་དགོངས་ནས། རྒྱུད་སྡེ་བཞིར་གསུངས་སྟེ། རྡོ་རྗེ་ས་འོག་གིས་རྒྱུད་ལས། རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་དང་། །རྨང་རིགས་གདུལ་ཕྱིར་རྒྱུད་སྡེ་བཞི། །ཞེས་སོ། །གསུམ་པ་ནི་འདོད་པའི་ཁམས་ཀྱི་ཆགས་པའི་ཚུལ་བཞི་འདུལ་བ་ལ་དགོངས་ནས་ཀྱང་། དགྱེས་པ་རྡོ་རྗེ་ལས། རྒོད་དང་ལྟ་བ་དག་གིས་ཀྱང་། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱིས། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །ཅེས་པ་དང་། འདི་ཉིད་ལས་ཀྱང་། སྦས་པ་ལྟ་དང་ལག་པ་ནི། །འཁྱུད་དང་གཉིས་གཉིས་ལ་སོགས་ཉིད། །ཅེས་གསུངས་པས་སོ། །བཞི་པ་ནི་དུས་བཞིའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་འདུལ་བའི་དབང་དུ་མཛད་ནས་ཀྱང་། ལྷ་ཐམས་ཅད་ཡང་དག་པར་འདུས་པའི་རྒྱུད་ལས་ཀྱང་། རྫོགས་ལྡན་དང་པོར་བྱ་བའི་རྒྱུད། །གསུམ་ལྡན་གཉིས་པར་སྤྱོད་པའི་རྒྱུད། །གཉིས་ལྡན་གསུམ་པར་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པར་བླ་མེད་དོ། །ཅེས་གསུངས་སོ། །དེ་ལྟར་རྒྱུད་སྡེ་བཞི་པོ་ལ། རྒྱུད་ཀྱི་རྣམ་གྲངས་ཅི་སྙེད་གཅིག་གསུངས་ཞེ་ན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བྱ་བའི་རྒྱུད་ལ་སྟོང་ཕྲག་བཞི་ཉིད་དོ། །སྤྱོད་པའི་རྒྱུད་ལ་སྟོང་ཕྲག་དྲུག་ཉིད་དོ། །རྣལ་འབྱོར་རྒྱུད་ལ་སྟོང་ཕྲག་བརྒྱད་དོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་སྟོང་ཕྲག་བཅུའོ། །དེ་ལྟར་རྒྱུད་སྡེ་བཞི་པོ་ལ་མཆོག་ཏུ་གྱུར་པ་རྣལ་འབྱོར་བླ་ན་མེད་པ་ལའང་། ཕ་བླ་ན་མེད་པ་དང་། མ་བླ་ན་མེད་པ་གཉིས་ཏེ་གུར་ལས། སྐྱེ་བུ་འདུལ་བར་མཛད་དོན་དུ། །རྣལ་འབྱོར་རྒྱུད་རྣམས་རབ་བཤད་ལ། བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མའི་རྒྱུད་རབ་བཤད། །ཅེས་སོ། །དེ་ལྟ་བུའི་མ་བླ་ན་མེད་པ་ལ་ཡང་གུར་ལས་བཅུ་གསུམ་དུ་གསུངས་ཏེ། མཁའ་འགྲོ་སྡེ་དང་རྒྱ་མཚོ་སྡེ་དང་ནམ་མཁའ་དང་། །གསེར་གྱི་ཆར་པ་དང་ནི་དགའ་ཆེན་ཟ་ནུས་དང་། །བདེ་ཆེན་སྒེག་པ་དང་ནི་གསང་བ་ཡིད་བདེ་དང་། རྒྱུད་སྡེ་རྣམས་ལ་ཕན་པའི་རྡོ་རྗེ་མཁའ་འགྲོ་དང་། །སངས་རྒྱས་ཐམས་ཅད་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་དང་། །གསང་བའི་མཛོད་དང་རྡོ་རྗེ་བདུད་རྩི་ལས་བྱུང་པ། །འཁོར་ལོ་སྡོམ་པ་གུར་དང་ཕུན་སུམ་ཚོགས་པ་རྣམས། ཞེས་གསུངས་པ་རྣམས་ཀྱིས་ནང་ནས། འདིར་འཁོར་ལོ་སྡོམ་པ་ཉིད་ལའང་རྩ་བའི་རྒྱུད་འབུམ་དུ་བརྗོད་པ་དང་། བསྡུས་པའི་རྒྱུད་བདེ་མཆོག་བསྡུས་པ་ལེའུ་ལྔ་བཅུ་རྩ་གཅིག་པ་དང་གཉིས་ནི་རྩ་བའི་རྒྱུད་དོ། །དེའི་བཤད་རྒྱུད་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་པ་སམ་བྷུ་ཊི་ལ་སོགས་པའོ། །ཐུན་མོང་མ་ཡིན་པ་ནི་རྒྱུད་བླ་མ་དང་། སྡོམ་འབྱུང་དང་། མངོན་འབྱུང་པ་གཉིས་དང་། རྡོ་རྗེ་མཁའ་འགྲོ་མ་དང་། ཀུན་སྤྱོད་ལ་སོགས་པའོ། །ཞེས་གསུངས་སོ། །དེ་རྣམས་ལས་འདིར་ནི། འཁོར་ལོ་གསུམ་དང་། ཐུན་མོང་མ་ཡིན་པའི་ལག་པའི་མཆོད་པ་སྟོན་པ་མཁའ་འགྲོ་མ་ཀུན་ཏུ་སྤྱོད་པའི་རྒྱུད་དོ། །དེ་ལྟར་རྒྱུད་འདི་གར་གཏོག་པ་ངོས་བཟུང་བ་བཤད་ནས། གཉིས་པ་མི་ཡུལ་དུ་གང་གིས་སྣང་བར་མཛད་ཅིང་ཅི་ལྟར་བརྒྱུད་པའི་ཚུལ་ནི། མཆོག་གི་དངོས་གྲུབ་བརྙེས་པ་རྣལ་འབྱོར་གྱི་དབང་ཕྱུག་ལུ་ཧི་པས་རྗེས་སུ་བཟུང་བ། སློབ་དཔོན་པོ་ལྡིང་གིས་པ་དང་། རྒྱལ་པོ་དྷ་རི་ཀ་པ་ལས། དྷ་རི་ཀ་པ་ནི་རྒྱ་རིགས་ཁྱད་པར་ཅན་དུ་གྱུར་པ་རྒྱལ་པོར་སྐུ་སྐྱེ་བ་བཞེས་ནས་མཚན་ཨིན་ཏྲ་ཕ་ལ་བྱ་བ་ཡིན་པ་ལ། སློབ་དཔོན་ལུ་ཧི་པས་བཏུགས་ཅིང་། བདེ་མཆོག་གི་སྒོ་ནས་རྨི་ལམ་དུ་དབང་བསྐུར་ནས། གྲོལ་ལམ་བསྐྱེད་རྫོགས་ཀྱི་གདམ་ངག་ཕོག་ཅིང་། རིགས་ཀྱིས་ང་རྒྱལ་གཅོག་པའི་དོན་དུ། ནུབ་ཕྱོགས་སུ་དྷ་རི་མའི་གྲོང་ཁྱེར་དུ་སོང་ལ་བསྒོམས་ཤིག་དང་། དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་ལུང་བསྟན་པ། བླ་མས་བཀའ་སྩལ་པ་ལྟར་གྲོང་ཁྱེར་དུ་ཕྱིན་ནས། ཉིན་བཞིན་དྷ་རི་མའི་གཡོག་བྱས་ནས། མཚན་བཞིན་དུ་མཉམ་པར་བཞག་པས། ལོ་བཅུ་གཉིས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་ནས། དྷ་རི་མ་རྣམས་ཀྱིས་ཁོང་བཞུགས་པའི་ཁང་པ་ལ་མེ་འབར་བ་ལྟ་བུར་མཐོང་ནས། མེ་གསོད་དུ་ཕྱིན་ཙ་ན་མེར་མི་འདུག་སྟེ། ཁོང་གིས་འོད་ཟེར་དུ་ཤེས་ནས་བཟོད་པར་གསོལ་ཞིང་རྗེས་སུ་བཟུང་བར་ཞུས་པས་ཏ་ལ་བདུན་སྲིད་དུ་ནམ་མཁའ་ལ་འཕགས་ཏེ། བྱིན་བརླབས་དང་རྗེས་སུ་གནང་བ་མཛད་པས་དྷ་རི་མ་ལྔ་བརྒྱ་མཁའ་སྤྱོད་གྱི་དངོས་གྲུབ་ཐོབ་པར་གྱུར་ཏོ། །དེ་ནས་སློབ་དཔོན་ནུབ་ཕྱོགས་ཨུ་རྒྱན་གྱི་གནས་སུ་བྱོན་པས། ཡེ་ཤེས་ཀྱི་རྣལ་འབྱོར་མ་རྣམས་དང་མཇལ་ནས་དབང་བསྐུར་བ་དང་། རྗེས་སུ་གནང་བ་མཛད་དེ། སྔར་རྡོ་རྗེ་སྙིང་པོས་རྒྱུད་མཐའ་དག་བསྡུས་ཤིང་གླེགས་བམ་དུ་མཛད་པ་རྣམས་ཞུས་ཏེ། ཁྱད་པར་དུ་ཡང་མཁའ་འགྲོ་མ་ཀུན་ཏུ་སྤྱོད་པའི་རྒྱུད་འབུམ་པ་བཤད་པ་རྟོགས་པ་དྲུག་ཅུ་རྩ་བཞི་པ་མཁའ་སྤྱོད་དང་མིག་སྨན་གྱི་རྟོགས་པ་ལ་སོགས་པ་ཡོད་པ་ལ། རིག་པ་འཛིན་པ་རྟོག་པའི་ཞེས་བྱ་བ་ནི་རྗེས་སུ་རྟོག་པ་ཉི་ཤུ་རྩ་ལྔ་པ་འཁོར་ལོ་གསུམ་རྣམ་པར་འབྱུང་བ་ཞེས་བྱ་བ་ལེའུ་བཅུ་བདུན་གྱིས་བདག་ཉིད་འདི། ཕྱི་རབས་ཀྱི་སེམས་ཅན་བསྡུས་པ་ལ་དགའ་བ་རྣམས་ཀྱི་དོན་དུ་དགོངས་ནས་སྤྱན་དྲངས་པའོ། །དེ་ལྟ་བུའི་རྒྱུད་འདི་གང་ལས་བརྒྱུད་ན། སློབ་དཔོན་དྷ་རི་ཀ་པས། ཀ་ཙ་དྷ་པ། ཀཾ་པ་ལ་ལང་ཀ་ལི་པ་དང་གསུམ་ལ་གསུངས་པ། དེས་སྤྱོད་པ་བ་ལ། དེས་གྷྱ་པ་ལ། དེས་ཏེ་ལོ་པ་ལ། དེས་དཔལ་ནཱ་རོ་པ་ཆེན་པོ་ལ། དེས་སློབ་མ་པྲད་ཛྙྱ་རཥྚི་ཏ། མ་ན་ཀ་ཤྲཱི། ཛྙྱ་ན་ཀ་ཤྲཱི། ཕམ་ཏིང་པ། ཕིང་ཐོད་ཧམ་བུས་རྣམས་ལ་གསུངས། ཕམ་ཏིང་པས་མར་པ་དོ་པ་ཆོས་གྱི་དབང་ཕྱུག་ལ་གསུངས། དེས་ལྷ་རྗེ་བཟེ་བ། དེས་ལྷོ་ལ་ཡག་པ། དེས་རྒྱ་ལ། དེས་སམ་གྷ་ལཀྵ་ལའོ། །དེ་ལྟར་རྒྱུད་པའི་ཚུལ་བཤད་ནས། གསུམ་པ་རྒྱུད་ཀྱི་བརྗོད་བྱ་དང་རྗོད་བྱེད་ཀྱི་དོན་ནི་ཕུན་སུམ་ཚོགས་པ་ལྔ་སྟོན་སྟེ། དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཆེན་པོ་ཤཱཀྱ་ཐུབ་པ་དང་དབྱེར་མེད་པ་འདི་ཉིད། དཔལ་འཁོར་ལོ་སྡོམ་པའི་ཏིང་འཛིན་ལ་སྙོམས་པར་བཞུགས་པའོ། །དེ་སྐད་དུ་ཡང་། རྩ་རྒྱུད་ལས། མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཐབས་ཀྱིས་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཞེས་སོ། །གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། འོག་མིན་ལྷུན་གྱིས་གྲུབ་པའི་ཆོས་ཀྱི་དབྱིངས་རྡོ་རྗེ་བཙུན་མོའི་བྷ་ག་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་སྨོན་ལམ་གྱིས་རྣམ་པར་འཕྲུལ་པའི་གཞལ་ཡས་ཁང་པ་ཡོངས་སུ་རྫོགས་པ་སྟེ། གུར་ལས། མཁའ་དང་བེབས་པོ་གསལ་བ་དང་། །གསལ་བ་མེད་དང་རབ་འབྱེད་དང་། །སྣ་ཚོགས་རྡོ་རྗེ་གཞིར་གནས་དང་། །ཞེས་གསུངས་སོ། །ཁ་ཅིག་ན་རེ། འཇིག་རྟེན་གྱི་ཁམས་འདི་བྱིན་གྱིས་བརླབས་པའི་ཚེ། རི་རབ་ཀྱི་རྩེ་མོར་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་རྩེག་མ་སྤྲུལ་དེར་གསུངས་སོ། །གསུམ་པ་འཁོར་གསུམ་ཕུན་སུམ་འཚོགས་པ་ནི། སམ་བྷུ་ཏ་ལས་བྱུང་བ་བཞིན། རྡོ་རྗེ་སྙིང་པོ་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱ་བཅུ་དང་། རྣལ་འབྱོར་མ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམས་ལ་གསུངས་སོ། །གཞན་ཡང་ལས་མི་ཞན་པའི་འཁོར་ནི་འཁོར་ལོ་གསུམ་གྱིས་དཔའ་བོ་དང་རྣལ་འབྱོར་མ་རྣམས་སོ། །བཞི་པ་དུས་གསུམ་འཚོགས་པ་ནི། སྟོན་པ་པོ་དང་བསྡུས་པ་པོ་དང་། ཆོས་ཐ་མི་དད་པས་བསམ་གྱིས་མི་ཁྱབ་པའི་དུས་གཅིག་ལ་གསུངས་ཏེ་དགྱེས་པ་རྡོ་རྗེ་ལས། འཆད་པོ་ང་ཆོས་ཀྱང་ང་། རང་གིས་ཚོགས་ལྡན་ཉན་པ་དང་། ཞེས་པ་དང་། ཁ་སྦྱོར་ཐིག་ལེ་ལས་ཀྱང་། བསམ་མི་ཁྱབ་པའི་དུས་ཉིད་དོ། །ཞེས་གསུངས་སོ། །ཁ་ཅིག་ནི་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཨིན་ཏྲ་བྷོ་ཏི་ལ་གསང་བ་འདུས་པའི་རྗེས་ཐོབ་ཁོ་ན་གསུངས་སོ། །ཞེས་འདོད་དོ། །ལྔ་པ་ཆོས་ཕུན་སུམ་ཚོགས་པ་ནི། དཔལ་འཁོར་ལོ་སྡོམ་པའི་རྩ་བ་དང་བཤད་པའི་རྒྱུད་རྣམས་ཏེ། འདི་དག་ཀྱང་བརྗོད་བྱ་དང་རྗོད་བྱེད་གཉིས་སུ་བསྡུས་ཏེ་བསྟན་པར་བྱའོ། །དེ་ལ་བརྗོད་པར་བྱ་བའི་དོན་ནི། གཞི་དང་ལམ་དང་། འབྲས་བུའི་རྒྱུད་གསུམ་དུ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས་སོ། །རྒྱུན་དེ་རྣམས་གསུམ་དུ་འགྱུར་ཏེ། གཞི་དང་དེའི་རང་བཞིན་དང་། །མི་འཕྲོགས་པ་ཡིས་རབ་ཕྱེ་བས། །གཞི་དང་རང་བཞིན་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོག་འབྲས་བུའོ། །གཞི་ནི་ཐབས་ཞེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་སོ། །དོན་འདི་ཡང་བརྗོད་པར་བྱེད་པའི་ངག་གསུམ་གྱིས་ཤེས་པར་བྱེད་དེ། འདི་ཉིད་ལས། མདོར་བསྟན་པ་རུ་ཇི་སྐད་གསུངས། རྒྱས་པར་བསྟན་པ་ལའང་དེ་བཞིན་ཏེ། སླར་རྒྱས་བསྟན་པ་མ་ལུས་ཉིད་ཅེས་པ་དང་། འགྲེལ་ཆེན་ལས་ཀྱང་རྒྱུད་ཀྱི་བཤད་པ་རྣམ་པ་གསུམ། །རྡོ་རྗེ་ཐེག་པར་མངོན་འདོད་པའི། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཞེས་གསུངས་པ་འདི་དག་གཞུག་པ་དང་། གཉེན་པོ་དང་། བསྒྱུར་བ་དང་། མཚན་ཉིད་ལ་བདེན་པོར་དགོངས་པ་བཞིའི་སྒྲ་ཇི་བཞིན་པ་དང་། ཅི་བཞིན་མ་ཡིན་པ་དང་། དགོངས་པ་ཅན་དང་། དགོངས་མིན་དང་། དྲང་བའི་དོན་དང་། ངེས་པའི་དོན་རྣམ་པ་དྲུག་དང་། སྤྱི་དང་ཡི་གེ་དང་། སྦས་པ་དང་། མཐར་ཐུག་གི་དོན་བཞི་དང་། ཕྱི་དང་གསང་བ་དེ་ཁོ་ན་ཉིད་བཞིར། འཕགས་པ་ཐོགས་མེད་དང་། ཀླུ་སྒྲུབ་ཡབ་སྲས་དང་། ནཱ་རོ་པ་ཆེན་པོ་དང་། མཚོ་སྐྱེས་ལ་སོགས་པ་རྣམས་ཀྱི་བཞེད་པ་ཇི་ལྟ་བ་བཞིན་བཤད་པར་བྱའོ། །བརྗོད་བྱའི་དོན་ལ་གཞི་དངོས་པོའི་གནས་ལུགས་ལམ་གྱི་རིམ་པ། འབྲས་བུ་བསྐྱེད་པའི་རིམ་པ། དང་པོ་ལ་གཉིས་དངོས་པོའི་གནས་ལུགས། དེ་ཤེས་བྱེད་ཀྱིས་ཐབས་དབང་ངོ་། །དང་པོ་ལ་གཉིས། ལུས་དང་སེམས་དངོས་པོའི་གནས་ལུགས་སོ། །ལུས་ཀྱི་གནས་ལུགས་ལ་གསུམ། ལུས་རྫོགས་པའི་སངས་རྒྱས་སུ་བསྟན་པ་དང་། ཐབས་དང་ཤེས་རབ་ཏུ་བསྟན་པ་དང་། ལུས་ཀྱི་གནད་བསྟན་པའོ། །དང་པོ་ནི་སྐྱེ་བ་དང་། གནས་པ་དང་། འཆི་བ་རྣམས་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་བསྟན་སྟེ། དང་པོ་ནི་སེམས་ཉིད་མ་རིག་པ་དང་འབྲེལ་པས་རྒྱུ་བྱས་ཤིང་། ཕ་མའི་འདུ་འཕྲོད་ཀྱིས་རྒྱུ་རྐྱེན་བྱས་ནས། བར་མ་དོའི་སྲིད་པས་ལུས་སུ་གྲུབ་པའི་དུས་སུ་ཁམས་ལྔ་རྣམ་པར་ཤེས་པ་དང་དུག་ལྔ་གྲུབ་པས། ཐོག་པར་རེག་པ་སྲ་བ་ཉམས་སུ་མྱོང་བ་སྲ་བ་ས་ཡིན། ས་གཏི་མུག་དག་པ་རྣམ་པར་སྣང་མཛད་ཡིན། ལུས་རྣམ་སྣང་ལས་གྲུབ་པའི། ཆུ་ཞེ་སྡང་དག་པ་མི་བསྐྱོད་པ། མེ་འདོད་ཆགས་དག་པ་འོད་དཔག་མེད། རླུང་ཕྲག་དོག་དག་པ་དོན་ཡོད་གྲུབ་པ། བདེ་བ་ནམ་མཁའི་ཁམས་སེར་སྣ་དག་པ་རིན་ཆེན་འབྱུང་ལྡན་ལས་གྲུབ་པས། ལུས་རིགས་ལྔ་ལས་གྲུབ་པ་ཡིན་ནོ། །དགྱེས་པའི་རྡོ་རྗེ་ལས། བྷོ་ལ་ཀ་ཀོ་ལས་སྦྱོར་བས། །རིག་པ་སྲ་བའི་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུའི་ཁམས་སུ་བརྗོད། །ཆུ་ནི་མི་བསྐྱོད་གཟུགས་ཀྱིས་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱིས་བསྐྱེད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཀ་ཀྐོ་ལགས་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་བྱུང་བ་ཉིད། །བདེ་བ་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེ་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །ཞེས་གསུངས་པ་དང་། ལུས་མངོན་པར་གྲུབ་པའི་གནས་སྐབས་ལ་དགོངས་ནས་ཀྱང་སྡོམ་འབྱུང་ལས། ནུར་ནུར་རང་བཞིན་མི་བསྐྱོད་པ། །མེར་མེར་པོ་ནི་རིན་ཆེན་འབྱུང་། །འོད་དཔག་མེད་པ་ལྟར་ལྟར་པོ། །གོར་གོར་པོ་ནི་དོན་ཡོད་གྲུབ། །མཁྲང་འགྱུར་རྣམ་པར་སྣང་མཛད་དེ། །རྣམ་པ་ལྔར་ནི་བསྟན་པ་ཡིན། །ཞེས་གསུངས། དེ་ལྟར་ལུས་རིགས་ལྔའི་སངས་རྒྱས་ལས་གྲུབ་པས། སྐྱེ་བ་ཉིད་སྤྲུལ་པའི་སྐུ་སྟེ། དགྱེས་པ་རྡོ་རྗེ་ལས། འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་གསུངས་སོ། །དེ་ལྟར་ཐོག་མར་ལུས་གྲུབ་པའི་རིམ་པ་འདིས་གནས་པའི་ཚེ་ཡང་ལུས་སངས་རྒྱས་སྐུ་ལྔའི་བདག་ཉིད་དུ་གནས་སོ། །འཆི་བའང་སངས་རྒྱས་སྐུ་ལྔའི་བདག་ཉིད་དུ་འཆི་སྟེ། དེ་སྐད་དུ་ཡང་། སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡིས། རང་བཞིན་གྱི་ནི་འོད་གསལ་འཆར། །ཞེས་གསུངས་པས། དང་པོར་སྣང་བ་ཐིམ་པ་ནི། གཟུགས་སྒྲ་ལ་ཐིམ་པས་མིག་གིས་དབང་པོ་ཉམས་པས་མིག་གཟུགས་མི་གསལ་དུ་འགྲོ། སྒྲ་དྲི་ལ་ཐིམ་པས་རྣ་བའི་དབང་པོ་ཉམས་ཏེ་རྣ་བས་སྒྲ་མི་ཐོས། རོ་དྲི་ལ་ཐིམ་པས་སྣའི་དབང་པོ་ཉམས་ཏེ་སྣས་དྲི་མི་ཚོར། རོ་རེག་ལ་ཐིམ་པས་ལྕེའི་དབང་པོ་ཉམས་པས་ལྕེ་རོས་མི་ཚོར། རེག་ཆོས་ལ་ཐིམ་པས་ལུས་ཀྱིས་དབང་པོ་ཉམས་ཏེ་རེག་བྱ་འཇམ་རྩུབ་མི་ཤེས། ཆོས་ཆོས་ཀྱི་དབྱིངས་ལ་ཐིམ་པས་འཁོར་བའི་ཆོས་མི་གསལ་དུ་འགྲོ། རགས་པ་ཐིམ་པའི་དུས་སུ་འབྱུང་བ་བཞིའི་མཁར་དཔེ་ཞིག་པས། ས་ཆུ་ལ་ཐིམ་པའི་དུས་ལུས་པོ་ཟུང་མི་ཐུབ། ཆུ་མེ་ལ་ཐིམ་པའི་དུས་སུ་ཁ་སྣ་བསྐམས། མེ་རླུང་ལ་ཐིམ་པའི་དྲོད་མཐའ་ནས་བསྡུད། ཕོ་བའི་མེ་དྲོད་ཉམས། དབུགས་ཕྱིར་རྒྱུ་བ་རིང་། ནང་དུ་རྒྱུ་བ་ཐུང་། རླུང་རྣམ་པར་ཤེས་པ་ལ་ཐིམ་པའི་དུས་སུ་ཕྱི་དབུགས་ཆད་ནང་དབུགས་ཨིན་གཅིག་མི་ཆད་པ་དེའི་དུས་སུ། སེམས་སྣང་བ་མཆེད་པ། ཉེར་ཐོབ་གསུམ་དང་སྦྱོར་སྟེ། དང་པོ་སྣང་བའི་དུས་ན་ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ་དཀར་ལམ་པ་འབྱུང་། ནང་རྟགས་དུ་བ་ལྟ་བུ་བན་བུན་ལང་ལོང་འབྱུང་། དེའི་དུས་སུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་སོ་གསུམ་འགག་གོ །སྣང་བ་མཆེད་པ་ལ་ཐིམ་པའི་དུས་སུ་ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ་དམར་ལམ་པ་འབྱུང་། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་རེས་གསལ་རེས་མི་གསལ་བ་འབྱུང་། འདིའི་དུས་སུ་ཆོས་པ་ལ་དཔའ་བོ་དང་དཔའ་མོ་རོལ་མོའི་སྒྲ་དང་བཅས་པ་འབྱུང་སྟེ། འདི་ཉིད་ལས། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །ཕྱག་མཚན་བ་དན་སྣ་ཚོགས་དང་། སིལ་སྙན་སྒྲ་ནི་སྣ་ཚོགས་དང་། །ཀླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་འདི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་སོ། །སྡིག་ཅན་ལ་གཤིན་རྗེའི་ཕོ་ཉ་འབྱུང་ངོ་། །དེའི་དུས་སུ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་གོ །མཆེད་པ་ཐོབ་པ་ལ་ཐིམ་དུས་སུ། མུན་ནག་ལ་གཡང་ལ་བསྐྱུར་བ་བཞིན་དུ་ནག་འུབ་པའི་སྣང་བ་འབྱུང་། ནང་རྟགས་སུ་མར་མེ་ལྟ་བུའི་ཉམས་བྱུང་ནས། སྔར་བས་ཤེས་པ་གསལ་དུ་འགྲོ། དེའི་དུས་སུ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག་གོ །དེ་ལྟར་རང་བཞིན་གྱིས་རྟོག་པ་བརྒྱ་བཅུ་དང་། འབྱུང་བ་བཞི་ཐིམ་ནས་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན་ཕ་ལས་ཐོབ་པའི་དྭངས་མ་ཧཾ་གི་རང་བཞིན་མར་བྱོན། ལྟེ་བ་ན་མ་ལས་ཐོབ་པའི་ཁྲག་གི་དྭངས་མ་གཏུམ་མོ་ཨ་ཕྱེད་པའི་རང་བཞིན་ཡར་བྱོན། འཁོར་ལོའི་མདུད་པ་རྣམས་ཞིག །དེའི་དུས་སུ་ཐོབ་པ་འོད་གསལ་ལ་ཐིམ་པས་ནམ་མཁའ་སྤྲིན་མེད་པ་ལ་ཉི་མ་ཤར་བ་ལྟར་དྭངས་སེང་ངེ་བའི་ཉམས་འབྱུང་། ཚེ་འདིའི་སྣང་བ་ནུབ་ཅིང་བར་དོའི་སྣང་བ་མ་བྱུང་པའི་སྐབས་དེར། འཆི་བ་དོན་རྟོགས་པའི་བདེན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་བཞིའི་འོད་གསལ་མཚན་ཉིད་པ་དེའི་དབུས་སུ་སྐྱེའོ། །འདི་ངོ་ཤེས་ན་བར་དོ་དང་པོ་འོད་གསལ་ཆོས་ཀྱི་སྐུའོ། །འབྱུང་བ་ལ་སོགས་བསྡུད་པའི་རིམ་པ་འདི་དག་ཀྱང་། སྡོམ་འབྱུང་ལས། སེམས་ཅན་རྣམས་ནི་འཆི་བ་ན། །ཡན་ལག་ཉིང་ལག་ཐམས་ཅད་ཀྱི། །རླུང་ནི་ཐམས་ཅད་བསྡུད་པར་འགྱུར། །སྐད་ཅིག་དེ་ལ་མེར་དྲོད་འདོར། །ཆུ་ནི་རྟག་ཏུ་སྐབས་གྱུར་ནས། །ཚིགས་དང་ཚིགས་ནི་ཐམས་ཅད་དུ། །དེ་ནས་ཚོར་བ་མེད་པར་འགྱུར། །ཞེས་སོ། །གོང་གིས་འོད་གསལ་དེ་མ་ཤེས་ན་རྣམ་པར་ཤེས་པ་སྒོ་དགུ་གང་རུང་གཅིག་ནས་ཐོན་ནས་བར་དོའི་སྣང་བ་མངོན་དུ་བྱེད་ཅིང་། ཡང་སྲིད་པའི་ཉིང་མཚམས་སྦྱོར་བར་འགྱུར་ཏེ། སྡོམ་འབྱུང་ལས། ཐོགས་མེད་དུས་ཀྱི་ཉོན་མོངས་ཀྱི། །བག་ཆགས་རབ་ཏུ་བསགས་བྱས་པ། །དེ་ཕྱིར་སྔོན་བྱས་ལས་ཀྱིས་ནི། །སྐྱེ་དང་འཆི་བ་ཡང་དག་འབྱུང་། །འཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་གནས། སྲིད་པ་བར་དོ་སེམས་ཅན་ནི། །འགྲོན་པོའི་བགྲོད་པ་ཇི་བཞིན་དུ། །འདི་ལྟར་ལས་ཀྱི་ཞགས་པ་ཡིས། །འགྲོ་བ་དྲུག་དུ་རབ་ཏུ་སྐྱེ། །ཕ་མ་ཀུན་ཏུ་སྦྱོར་སོགས་ནི། །སྲིད་པའི་སྐྱེ་བོས་མཐོང་བ་དང་། །རྟ་ལ་ཞོན་བཞིན་རྣམ་ཤེས་ནི། །རླུང་གིས་ཞོན་པ་ཞོན་ནས་ནི། །སྐད་ཅིག་ཐང་ཅིག་ཉིད་ལ་ནི། །ཤིན་ཏུ་མྱུར་བར་འོངས་གྱུར་ནས། །ཤིན་ཏུ་དགའ་དང་བཅས་སྟོབས་ཀྱིས། །ཁའི་ལམ་ནས་འཇུག་པར་འགྱུར། །ཞེས་སོ། །འདི་ལྟར་བར་དོའི་སྣང་བ་ཤར་བ་དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། སྐྱེ་བ་ནི་སྤྲུལ་པའི་སྐུར་སྦྱོར་བས་ལུས་རྫོགས་པའི་སངས་རྒྱས་སུ་བཤད་པའོ། །གཉིས་པ་ལུས་སྟོབས་དང་ཤེས་རབ་ཏུ་གཏན་ལ་དབབ་པ་ནི་ཐོག་མར་ལུས་འགྲུབ་པའི་དུས་ན་ཕ་ནི་ཐབས་མ་ནི་ཤེས་རབ་དཀར་ཆ་ནི་ཐབས་དམར་ཆ་ནི་ཤེས་རབ། བར་དོའི་རྣམ་པར་ཤེས་པ་ཨ་ཕྱེད་པ། ཐབས་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་སོ། །སྲིད་པ་གནས་ཀྱང་ཐབས་ཤེས་རབ་ཏུ་གནས་པ་ལ་ཕ་ལས་ཐོབ་པ་ནི་ཐབས། མ་ལས་ཐོབ་པ་ནི་ཤེས་རབ། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཐབས། སྣོད་ལྟར་ཤར་ཡང་བརྟགས་ཤིང་གཞིར་ན་གང་དུ་མ་གྲུབ་པ་ཤེས་རབ་བ། །རྩ་རྣམས་ནི་ཤེས་རབ། དེའི་ནང་གི་ཡིག་འབྲུ་རྣམས་ནི་ཐབས་སོ། །གཡས་ར་ས་ན་ཐབས། གཡོན་ར་ལ་ན་ཤེས་རབ། དབུས་ཨ་ཝ་དྷུ་ཏི་ཐབས་ཤེས་རབ་གཉིས་སུ་མེད་པའོ། །སྲིད་པ་འཆི་ནའང་ཤེས་རབ་ཏུ་འཆི་བ་ནི། རླུང་སེམས་ཀྱི་ཐིམ་ལུགས་ནི་ཐབས། འཆི་བ་འོད་གསལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤེས་རབ་བོ། །གསུམ་པ་ལུས་ཀྱི་གནད་གཏན་ལ་དབབ་པ་ནི། རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་གསུམ་ལས་རྩ་ལ་གསུམ། ཐོག་མ་མངལ་དུ་ཆགས་པའི་རྩ་བཞི། ཟླ་བ་གཅིག་ཐལ་ནས་ཟླ་བ་བཅུ་གཉིས་བར་དུ་ཞག་རེ་ལ་ཉིས་བརྒྱ་ཆགས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །དེ་དག་ལ་བསྡུས་ན་འཁོར་ལོའི་རྩ་འདབ་བརྒྱ་ཉི་ཤུའམ། རྒྱ་དྲུག་ཅུ་རྩ་གཉིས་སུ་འདུས་སོ། །དེ་དག་གི་ནང་ནས་གཙོ་བོར་གྱུར་པའི་རྩ་ནི་སུམ་ཅུ་སོ་གཉིས་སོ། །དེ་ཡང་བསྡུས་ན་གསུམ་ཉིད་དེ། རོ་མ་དང་། རྐྱང་མ་དང་། ཨ་ཝ་དྷུ་ཏིའོ། །འདི་ལས་གྱེས་པའི་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན་རྩ་འདབ་སུམ་ཅུ་སོ་གཉིས་ཆུ་ཚོད་ཡོངས་སུ་དག་པ་ལས་ཀྱི་ཕྱག་རྒྱའི་རྫོགས་རིམས་དང་ཡོངས་སུ་འབྲེལ་པའོ། །དེ་ཡང་སྡོམ་འབྱུང་ལས། སྤྱི་བོ་བདེ་ཆེན་འཁོར་ལོ་སྟེང་། །པད་མ་འདབ་མ་བཞི་པ་ནི། །ཕྲ་བ་བྱང་ཆུབ་སེམས་ཀྱི་གནས། །ཐམས་ཅད་བརྟེན་པའི་གཟུགས་ཡིན་པས། །བྱང་ཆུབ་སྙིང་པོའི་ངོ་བོ་ཉིད། །ས་བོན་གྱུར་པའི་ཕྱི་རོལ་དུ། །པད་མ་འདབ་མ་སུམ་ཅུ་གཉིས། །དེའི་དབུས་ཀྱི་ཡི་གེ་ཧཾ། །འོག་ཏུ་ལྟས་པས་བདེ་བ་འཛག །བྱང་ཆུབ་སེམས་བདག་ཟླ་བ་ནི། །ཆ་ནི་བཅོ་ལྔ་བདག་ཉིད་ཅན། །རྟག་ཏུ་བདེ་བ་ཆེན་པོ་འབབ། །ཞེས་གསུངས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་མ་བཅུ་དྲུག་འཕོ་བ་དག་པ། རྨི་ལམ་གྱི་འཁྲུལ་པ་དག་ནས་ལོངས་སྐུའི་བཀོད་པ་འཆར་བར་བྱེད་པ་སྟེ། སྡོམ་འབྱུང་ལས། མགྲིན་པ་ལོངས་སྤྱོད་འཁོར་ལོ་སྟེ། །དམར་པོ་འདབ་མ་བཅུ་དྲུག་པ། །དེའི་དབུས་སུ་ཡིག་གེ་ཨོཾ། དེའི་སྟེང་གི་གཅེའུ་ཆུང་གི། །བུ་གའི་ལམ་ན་བདུད་རྩི་ནི། །རྒྱུན་མི་འཆད་པར་དབབ་པ་ཡིན། །ཞེས་གསུངས་སོ། །སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད། ཐུན་ཕྱེད་པོ་དག་པ་གཉིད་མཐུག་པོ་འོད་གསལ་དུ་འཆར་བར་བྱེད་པའི་གནད་ཏེ། སྡོམ་འབྱུང་ལས། སྙིང་ཁར་ཆོས་ཀྱི་འཁོར་ལོ་སྟེ། །སྣ་ཚོགས་པད་མ་འདབ་མ་བརྒྱད། །དེ་ཡི་དབུས་སུ་ཡི་གེ་ཧཱུྃ། །འོག་ལྟས་པས་གནས་པ་སྟེ། །དེ་སྟེང་ཕྲ་བའི་མཚན་མ་ནི། །ཚངས་པའི་གནས་ཀྱིས་རྣམ་པ་འདྲ། །དེའི་དབུས་ཀྱི་རྣམ་ཤེས་ནི། །རྟག་ཏུ་འཆར་བ་ཐམས་ཅད་ཁྱབ། །རང་འབྱུང་ཡེ་ཤེས་ཀྱིས་ནི་བརྟེན། །རྣམ་ཤེས་མཆོག་གི་དབང་ཕྱུག་གོ །ཞེས་སོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་དབྱུག་གུ་དག་པའང་སད་པའི་གནས་སྐབས་སྤྲུལ་པའི་སྐུའི་དགོངས་པ་འཆར་བར་བྱེད་པ་སྟེ། སྡོམ་འབྱུང་ལས། ལྟེ་བར་པད་མའི་མདོག་སྔོན་པོ། །འདབ་མ་དྲུག་ཅུ་རྩ་བཞི་པ། །དེ་ཡི་དབུས་ཀྱི་ཡི་གེ་ཨཾ། །ནོར་བུ་བཞིན་དུ་འཆར་བ་ཡིན། དེ་འོག་ཕྲ་བའི་པད་མ་ཡིན། །མདུད་པའི་གནས་སུ་བཞག་པར་བྱ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས། །རྟེན་དང་རྩ་བར་གཅོད་པ་ཡིན། །ཞེས་གསུངས་པ་འདི་དག་ཏུ་རྩ་བ་དང་ཡན་ལག་གི་རླུང་རྒྱུ་ཞིང་། ཟླ་བ་དང་ཉི་མའི་བྱང་ཆུབ་ཀྱི་སེམས་དྭངས་སྙིགས་ལ་སོགས་པ་རྒྱུ་བ་འདི་ནི་ལུས་ཀྱི་གནད་དོ། །གཉིས་པ་སེམས་དངོས་པོའི་གནས་ལུགས་ནི་གཉིས་ལས། དང་པོ་སེམས་ཀྱི་གནས་ལུགས་ནི། །རང་བཞིན་གྱིས་རྣམ་པར་དག་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། འབྲས་བུ་ཆོས་ཀྱི་སྐུའི་ཚུལ་དུ་གནས་སྟེ། དབུ་མ་རྩ་བ་ལས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་ལྡན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །སེམས་ཀྱི་གནས་ལུགས་དེ་ལྟར་ཡིན་ཀྱང་ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་ཆུ་ལྷ་ལྷག་པའི་རྐྱེན་གྱིས་ཆབ་བྲོམ་དུ་གྱུར་པ་ལྟར། རྟེན་ཅིང་འབྲེལ་བར་འབྱུང་བ་མ་རྟོགས་པས་མ་རིག་པ་དང་རྒ་ཤིའི་བར་དུ་འཁྲུལ་ཞིང་ཁམས་གསུམ་དུ་འཁོར་བ་སྟེ། དེ་སྐད་དུ་ཡང་། གསུམ་པོ་དག་ལས་གཉིས་བྱུང་སྟེ། །གཉིས་ལས་བདུན་བྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་འདི། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་སོ། །གཉིས་པ་ལམ་ལ་ཞུགས་པ་ལ་གཉིས་ལས། ལོག་པར་རྟོག་པར་ཕྱི་རོལ་དུ་མུ་སྟེགས་བྱེད་རྟག་པ་དང་ཆད་པར་ལྟ་བ་དང་། ནང་པ་ལ་ཡང་ཕྱོགས་རྟོགས་པའི་ཉན་ཐོས་དང་། རང་སངས་རྒྱས་གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་ཕྱེད་རྟོགས་ཤིང་མཐའ་དྲུག་དུ་འདོད་པས་གྲུབ་པའི་མཐའ་ཅི་སྙེད་པའང་ཐེག་པ་ཆེན་པོ་དབུ་མའི་ལུགས་ཀྱི། འཁྲུལ་པ་དང་བཅས་པ་ཁོ་ན་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། སྲིད་པའི་ལམ་ལ་སྐྱོ་རྣམས་ལ། །ངལ་སོའི་དོན་དུ་ཐེག་པ་ཆེ། །འབྱུང་བའི་ཡེ་ཤེས་གཉིས་པོ་ཡང་། །གསུངས་པ་ཡིན་ཏེ་དོན་དམ་མིན། །ཅི་ལྟར་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་པས་རྒྱལ་འགྱུར་པ། །ཉན་ཐོས་དེ་དག་གནས་པར་འགྱུར། །བསྐུལ་ན་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་གྱུར་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེས་ན་དོན་གྱི་གནས་ལུགས་དབུ་མ་དང་། དེ་ཤེས་བྱེད་ཀྱི་ཐབས་ཐུན་མོང་མ་ཡིན་པ་གསང་བ་རྡོ་རྗེ་ཐེག་པ་ལས་བྱུང་པ། འདི་ཉིད་ཐབས་ཟབ་པ་མ་གཏོགས་པ་ལྟ་བ་ལ་ཁྱད་པར་མེད་དེ། ཀྲི་ཡ་ལེགས་པའི་རྒྱུད་ལས། དོན་གཅིག་ན་ཡང་མ་རྨོངས་པ་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཤིང་། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཞེས་གསུངས་པས་འདིར་ལྟ་བ་དབུ་མ་པ་ལ་ཐབས་གསང་སྔགས་ཁྱད་པར་དུ་འཕགས་པར་འདོད་དོ། །ཁ་ཅིག་ན་རེ་ཐབས་བཞིན་དུ་འབྲས་བུ་ཡང་ཁྱད་པར་འཕགས་སོ། །ཞེས་གསུངས་སོ། །གཉིས་པ་གཞིའི་གནས་ལུགས་ཤེས་བྱེད་ཀྱི་ཐབས། དབང་བསྐུར་བ་ལ་བཞི། ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། དབང་བསྐུར་བའི་ཐབས་སོ། །ངོ་བོ་ནི་མི་སྨིན་པར་སྨིན་པར་བྱེད་པའོ། །ངེས་ཚིག་ནི་སྒོ་གསུམ་གྱི་དྲི་མ་འཁྲུད་པ་དང་། སྐལ་པ་འཇོག་པའི་དོན་གྱིས་ན་དབང་སྟེ། དགྱེས་པའི་རྡོ་རྗེ་ལས། གཏོར་དང་བླུགས་པ་ཞེས་བྱ་འདིས། །དེ་ནས་དབང་ཞེས་བརྗོད་པར་བྱ། །ཞེས་སོ། །དབྱེ་བ་ནི་བུམ་དབང་དང་། གསང་དབང་དང་། ཤེས་རབ་ཡེ་ཤེས་དང་། ཚིག་དབང་བཞི་སྟེ། དགྱེས་པ་རྡོ་རྗེ་ལས། སློབ་དཔོན་གསང་བ་ཤེས་རབ་དབང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །དབང་བསྐུར་འདི་དག་ཀྱང་། སྔོན་འགྲོ་གསོལ་བ་གདབ་པ་དང་། དངོས་གཞི་དང་། རྗེས་གནང་ཡན་ལག་དང་བཅས་པ་གསུམ་གསུམ་དུ་རིག་པར་བྱའོ། །དབང་བསྐུར་བའི་ཆོ་ག་ནི། རྩ་བརྒྱ་པས་མཛད་པ་ལ་སོགས་པ་སོ་སོའི་དཀྱིལ་འཁོར་ཆོ་ག་ལས་ཤེས་པར་བྱའོ། །གཉིས་པ་ལམ་གྱི་རིམ་པ་ལ་གཉིས་ལས། བསྐྱེད་རིམས་དང་། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས་སྟེ། །ལུས་དང་ཡན་ལག་གོ །ལུས་ནི་མངལ་སྐྱེས་དང་། རྫུས་སྐྱེས་དང་། སྒོང་སྐྱེས་གསུམ་སྟེ། ངེས་བརྗོད་ལས། མངལ་སྐྱེས་ཀླུ་ཡི་བློངས་པ་སྟེ། །སྒོང་སྐྱེས་ཀླུ་དང་བྲལ་བའོ། །ཞེས་པ་ལ་སོགས་པ་གསུངས་པས་སོ། །འདི་དག་ཀྱང་རྒྱས་པར་འདི་ཉིད་ལས། སྐུ་གསུམ་དུ་སྦྱར་བ་དང་། གཞན་ཡང་གནས་དང་ལྡང་བ་ཉིད་དང་ནི། འཇུག་དང་རྫོགས་པ་ཉིད་དག་དང་། བྱིན་གྱིས་བརླབས་དང་དབང་བསྐུར་དང་། ཏིང་འཛིན་མཆོད་པ་ཉེ་བར་བསྡུ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །ཡན་ལག་ནི། གཏོར་མ་ལ་སོགས་པའི་སྤྱོད་པ་དང་དེ་དང་འབྲེལ་བའི་དམ་ཚིག་རྣམས་སོ། །རྫོགས་པའི་རིམ་པ་ལ་བཞི་སྟེ། རྩ་ལ་བརྟེན་པ་དང་། རླུང་དང་བྱང་ཆུབ་གྱི་སེམས་དང་། བསམ་གྱིས་མི་ཁྱབ་པ་བསྟན་པའོ། །དང་པོ་ནི་འཁོར་ལོ་གཅིག་པ་དང་། གཉིས་པ་དང་། བཞི་པ་ལ་རྟེན་པ་རྣམས་སོ། །རླུང་ལ་བརྟེན་པ་ལ་རྒྱ་ཡན་དང་། བགྲང་ཞིང་རྩི་བ་དང་། ཁ་དོག་དང་དབྱིབས་ལ་བསླབ་པ་དང་། བུམ་པ་ཅན་ལ་བསླབ་པའོ། །བྱང་ཆུབ་ཀྱི་སེམས་ལ་བསླབ་པ་ལ་གཉིས་ལས། སྟེང་སྒོ་རྣམ་གྲོལ་གྱི་ལམ་དང་། འོག་སྒོ་ལ་བརྟེན་པའོ། །དེ་ལ་ཡང་ཐུན་མོང་དུ་བསླབ་པ་དང་། བཟུང་བ་དང་བཟློག་པ་དང་། ཐམས་ཅད་ཁྱབ་པར་བྱ་བ་བཞི་བཞི་ཤེས་པར་བྱའོ། །འདི་དག་ཀྱང་གཞུང་གི་སྐབས་དང་སྔ་མའི་མན་ངག་ལས་རྒྱས་པར་འཆད་དེ་འདིར་ནི་དེ་ཙམ་དུ་བསྡུའོ། །བསམ་གྱིས་མི་ཁྱབ་པའི་རྫོགས་རིམས་ནི། བསྐྱེད་པ་དང་། རྫོགས་པའི་རིམ་པ་འདི་རྣམས་ཀྱིས་རྒྱས་གདབ་ཡིན་ཏེ། ཐབས་ཀྱི་རིམ་པ་ཀུན་རྫོབ་ཀྱ་བདེན་པའི་རང་བཞིན་སྒྱུ་མ་ལྟ་བུས་རྒྱས་གདབ་ཅིང་། དེ་སྙེད་ཀྱང་སྤྲོས་པ་ཐམས་ཅད་དང་བྲལ་བ་དོན་དམ་པའི་རྒྱས་གདབ་པར་བྱའོ། །གཉིས་པ་རྫོགས་རིམས་ནི་ཡན་ལག་ན་གཉིས་སྟེ། དམ་ཚིག་དང་། སྤྱོད་པའོ། །དམ་ཚིག་ནི་རྩ་བའི་དམ་ཚིག་བཅུ་བཞི་དང་། ཡན་ལག་གི་དམ་ཚིག་བརྒྱད་ཏེ། བསྐྱེད་རྫོགས་ཐུན་མོང་དུ་ཤེས་པར་བྱའོ། །སྤྱོད་པ་ནི་གསང་སྤྱོད་དང་། རིག་པ་བརཏལ་ཤུགས་ཀྱི་སྤྱོད་པ་དང་། ཚོགས་ཀྱི་སྤྱོད་པ་དང་། ཕྱོགས་ལས་རྣམ་པར་རྒྱལ་བའོ། །བརཏལ་ཤུགས་ཀྱི་སྤྱོད་པ་ལ་ཡང་། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་གསུམ་སྟེ། འོག་ནས་སྤྱོད་པའི་ལེའུར་འཆད་དོ། །འབྲས་བུ་སྐྱེ་བའི་རིམ་པ་ལ་གནས་སྐབས་དང་མཐར་ཐུག་གཉིས་སོ། །དང་པོ་ལ་རྟགས་དང་ཡོན་ཏན་གཉིས་ལས། རྟགས་ནི་བརྟགས་ལྔ་ཡོན་ཏན་བརྒྱད། སྐུའི་སྒོ་དགུ་དང་། གསུངས་གི་སྒོ་བཞི་དང་། འགག་པ་དང་། ཐུགས་ཀྱི་སྒོ་གཉིས་བྱེ་བའོ། །ཐུན་མོངས་མ་ཡིན་པའི་ཡོན་ཏན་ནི། ཞི་རྒྱས་དབང་དྲག་གི་ལས་བཞི་དང་། གྲུབ་པ་ཆེན་པོ་བརྒྱད་དེ། དེ་ཉིད་ཀྱང་གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། རལ་གྲི་ས་འོག་བསྒྲུབ་པ་དང་། །རི་ལུ་མཁའ་ལ་སྤྱོད་པ་དང་། །མི་སྣང་བ་དང་བཅུད་གྱིས་ལེན། །ཞེས་སོ། །འདི་དག་ནི་ཕྱི་རོལ་པ་ལའང་འོང་བ་ཡོད་དོ། །མཐར་ཐུག་གི་འབྲས་བུ་ནི་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་འབྲས་བུ་སྟེ། འདི་ལ་དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་སྦྱོང་བྱེད་བསྐྱེད་རིམས་ལྷའི་འཁོར་ལོ་གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་བྱེད་པ་གྲུབ་པ་ནི་སྤྲུལ་པའི་སྐུའོ། །ཀུན་གཞི་ལ་གནས་པའི་ཡིད་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྦྱངས་པ་ཐེག་པ་ཆེན་པོ་ཉེ་བར་ལོངས་སྤྱོད་པ་གྲུབ་པ་ནི་ལོངས་སྐུའོ། །ཀུན་གཞིའི་རྣམ་པར་ཤེས་པ་གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བ་ནི་ཆོས་ཀྱི་སྐུའོ། །སྐུ་གསུམ་དབྱེར་མེད་པའི་རང་བཞིན་ངོ་བོ་ཉིད་ཀྱི་སྐུའོ། །དེ་ལྟར་ཡང་གསང་བ་འདུས་པ་ལས། མིག་སྨན་ལ་སོགས་དངོས་གྲུབ་ནི། །ཐ་མལ་པ་ཞེས་བཤད་པ་ཡིན། །སངས་རྒྱས་ཉིད་འགྲུབ་སངས་རྒྱས་ནི། །དངོས་གྲུབ་མཆོག་ཅེས་བརྗོད་པ་ཡིན། །ཞེས་གསུངས་སོ། །བཞི་པ་བྱེ་བྲག་ཏུ་རྒྱུད་འདི་ཉིད་ཀྱི་བཤད་པ་ནི་གསུམ་སྟེ། མཚན་གྱི་བཤད་པ་དང་། གླེང་གཞི་མ་བཀོད་པའི་རྒྱུ་མཚན་དང་། རྒྱུད་ཀྱི་ཚིག་དོན་རྒྱས་པར་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་ནས། ཕྱག་འཚལ་བའི་བར་ནི་ལོཙྪ་བ་རྣམས་ཀྱིས་སླད་དུ་བཞག་པ་ཡིན་ཏེ། འདི་ནི་ཆོས་ཁུངས་བཙུན་པ། ལེགས་པར་སྦྱར་བའི་སྒྲ་ལས་བག་ཆགས་འཇོག་པའི་དགོས་ཆེད་ཡོད་ལ། དེ་བོད་སྐད་དུ་བཤད་པ་ནི། སྒྲ་ཐང་ཀློག་གི་གནད་ཤེས་པ་དང་། ལོཙྪ་བ་ལ་དྲིན་ལན་དྲན་པ་ལ་སོགས་པའི་དགོས་པ་ཡོད་ལ་ཞེས་གོང་མ་རྣམས་གསུངས་སོ། །ད་ནི་མཚན་འདི་ཉིད་ཀྱི་དོན་བཤད་ན། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པའི་རྒྱུད་ཅེས་བྱ་བ་ལས། རྣལ་འབྱོར་ནི་ལུས་དངོས་པོའི་གནས་ལུགས་སོ། །མ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་སྟེ། སེམས་དངོས་པོའི་གནས་ལུགས་སོ། །ཀུན་ནི་ལམ་གྱི་རིམ་པས་ཏེ། བསྐྱེད་པ་དང་། རྫོགས་པའོ། །སྤྱོད་པ་ནི་ལམ་དེ་དང་འབྲེལ་བ་འབྲས་བུ་སྟེ། གནས་སྐབས་དང་མཐར་ཐུག་གི་དོན་བདེ་བླག་དུ་སྤྱོད་པའི་ཕྱིར་རོ། །དེ་ལྟ་བུའི་གཞི་ལམ་འབྲས་གསུམ་དེ་ལ་འབྲེལ་ཅིང་རྒྱུན་ཆགས་པའི་དོན་གྱིས་ན་རྒྱུད་ཅེས་བྱའོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་འདི་ཡང་བརྗོད་བྱ་དང་མཐུན་པའི་ཕྱིར། འགྱུར་མཐར་ཕྱིན་པར་འདོད་ནས་ལོཙྪ་བས་ཕྱག་འཚལ་བ་སྟེ། བཅོམ་པ་ནི་བདུད་བཞི་དང་། ཉོན་མོངས་པ་མཐའ་དག་བཅོམ་པ་ཡིན་ལ། དེ་ཉིད་ལ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་ཞིང་། འཁོར་བ་ལས་འདས་པའི་མངའ་བདག་དེ་ཉིད་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་ཡིན་ལ། དེ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་གྱི་རྡོ་རྗེ་དམིགས་པ་མེད་པའི་སྙིང་རྗེས་སེམས་ཅན་གྱི་དོན་མཛད་པ་ལ་དཔའ་བ་དེ་ལ་ཕྱག་འཚལ་ལོ་ཞེས་སྨོས་སོ། །གཉིས་པ་རྒྱུད་འདིར་གླེང་གཞི་མ་སྨོས་པའི་རྒྱུ་མཚན་ནི། རྒྱུད་འབུམ་པའི་རྟོག་པ་ཉི་ཤུ་རྩ་ལྔ་པ་ལས་བྱུང་བའི་ཕྱིར་མེད་པ་ཡིན་ཏེ། དཔེར་ན་དགྱེས་པའི་རྡོ་རྗེའི་རྟག་པ་འོག་མ་བཞིན་ནོ། །འོ་ན་སྒྲོན་གསལ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བརྡར་གྱུར་པ་ཨེ་བཾ་གྱི་ཡི་གེ་འདི་དག་གསུངས་རབ་ཀྱི་དང་པོར་འཇོག་དགོས་སོ། །ཞེས་གསུངས་པ་དང་ཡང་མི་མཐུན་པར་ཡང་འགྱུར་ལ། རྟོག་པ་འབུམ་པའི་བསྟོད་ལ་ཡོད་ཀྱང་འདིར་མེད་པའི་ཕྱིར་དོན་མ་ཚང་བར་འགྱུར་རོ་སྙམ་ན། དེ་ལྟར་མ་ཡིན་ཏེ། ཨེ་ཆོས་ཀྱི་འབྱུང་གནས་ནི་དོན་དམ་པའི་བདེན་པ་ཡིན་ལ། བཾ་ཡིག་རྡོ་རྗེ་སེམས་དཔའ་ནི་ཀུན་རྫོབ་ཀྱི་བདེན་པ་ཤེས་བྱ་གཤིས་ལ་ཇི་ལྟར་ཤར་བ་ཐམས་ཅད་མཚོན་པ་སྟེ། དེ་ཉིད་གཞུང་འདིར་ཡང་དོན་གྱིས་ཚང་བ་ཡིན་ཏེ། འདི་ཉིད་ལས། རྒྱུད་འདི་ཡི་ནི་རྣལ་འབྱོར་པ། བདེན་པ་གཉིས་ལ་ཡང་དག་བརྟེན། །བསམ་བྱ་ཐམས་ཅད་བཤམས་ནས་ནི། །ལོངས་སྤྱོད་ཀུན་ལའང་ལོངས་སྤྱོད་དོ། །ཞེས་གསུངས་པས། ཨེ་བཾ་གི་ཡི་གེས་ཀྱང་བདེན་པ་གཉིས་ལ་སོགས་པ་གཞི་ལམ་འབྲས་གསུམ་གྱིས་བདག་ཉིད་མཚོན་པར་བྱེད་ལ་དེ་ཉིད་འདི་མཚོན་པས་མ་ཚང་བའི་སྐྱོན་མེད་ཀྱང་འདིར་ནི་འབུམ་པ་ལས་བྱུང་བའི་རྒྱུད་ཡིན་པའི་ཕྱིར་གནས་སྐབས་འདིར་ཨེ་བཾ་མ་ཡ་ལ་སོགས་པའི་སྦྱར་བཤད་མི་དགོས་པ་ཡིན་ནོ། །ཁ་ཅིག་ན་རེ་བཅོམ་ལྡན་འདས་ནི་དོན་དམ་པར་མྱང་ངན་ལས་མི་འདའ་བའི་རྟགས་སུ་གླེང་གཞི་མ་བཀོད་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ལྟར་ན་ཆོས་མཐའ་དག་ལ་གླེང་གཞི་མི་འཐད་དོ། །ད་ནི་རྒྱུད་འདིའི་དོན་བཤད་པར་བྱ་སྟེ། དེ་ལ་གསུམ། ལེའུ་དང་པོར་ཀུན་སྤྱོད་གླེང་བླངས་བའི་དོན་དུ་མདོར་བསྟན་པ་དང་། ལེའུ་བཅོ་ལྔས་རྒྱས་པར་བཤད་པ་དང་། བཅུ་བདུན་པས་ཕན་ཡོན་དང་བཅས་སྟེ་རྫོགས་པར་སྟན་པའོ། །དང་པོ་ལ་གསུམ་ལས། དེ་ནས་ཡང་དག་རབ་བཤད་བྱ། །ཞེས་པ་ནས། ཤྲི་ཧེ་རུ་ཀ་འགྲོ་བའི་མཆོག་ཅེས་བྱ་བའི་བར་གྱིས་གཞི་ལམ་འབྲས་གསུམ་གྱི་རྒྱུད་ཐམས་ཅད་ཀྱི་མདོར་བསྟན་ནོ། །ལྷག་མ་རྣམས་ཀྱིས་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ཀྱི་སྦྱངས་གཞི་དང་སྦྱོང་བྱེད་དོ། །ལེའུ་བཅོ་ལྔས་རྒྱས་པར་བཤད་པ་ལ་བཞི། བཅུས་ནི་བསྐྱེད་པའི་རིམ་པའོ། །གཅིག་ནི་རྫོགས་པའི་རིམ་པ་དངོས་སོ། །དེ་དང་འབྲེལ་བའི་མཉམ་པར་བཞག་པའི་རྣལ་འབྱོར་ནི་གསུམ་མོ། །དངོས་གྲུབ་གཏན་ལ་དབབ་པ་ལེའུ་གཉིས་ཀྱིས་བསྟན་ཏོ། །དེ་རྣམས་ཀྱི་དང་པོ་ལེའུ་གཉིས་པས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྟན་ཏོ། །གསུམ་པས་ནི། དེ་ཉིད་བསྐྱེད་པ་དང་། རྫོགས་པའི་རིམ་པར་སྦྱར་བའོ། །བཞི་པས་ནི་སྦྱང་གཞི་ལུས་ཀྱི་ཁམས་སྦྱོང་བྱེད་ལྷར་དག་པ་སྟན་པའོ། །དེའི་འོག་ཏུ་ལེའུ་ལྔས་དཀྱིལ་འཁོར་གྱི་ལྷ་དང་གནས་བསྟན་པ་དང་། སྐུ་མདོག་དང་ཕྱག་མཚན་དང་། གོ་ཆ་གཉིས་དང་། ཡེ་ཤེས་ཀྱི་འཁོར་ལོར་དགུག་པ་དང་། ལུས་ཀྱི་དཀྱིལ་འཁོར་རྣམས་བསྟན་ཏོ། །དེའི་འོག་ཏུ་ལེའུ་བཅུ་པས་ནི་གཏོར་མ་དང་ཚེས་བཅུའི་མཆོད་པ་བསྟན་ཏོ། །བཅུ་གཅིག་པས་ནི་ཕྱག་རྒྱ་ལ་སོགས་པའི་དག་པས་སྟེ་འདི་རྣམས་ནི་བསྐྱེད་པའི་རིམ་པ་གཞི་ལམ་འབྲས་གསུམ་གྱི་རང་བཞིན་ནོ། །ལེའུ་བཅུ་གཉིས་པར་ནི་ལྷན་ཅིག་སྐྱེས་པ་དང་། ས་བོན་དང་བཅས་པ་དང་། ས་བོན་མེད་པའི་རྫོགས་རིམས་སོ། །དེའི་འོག་ཏུ་ལེའུ་གསུམ་གྱིས་ནི་མཉམ་པར་མ་བཞག་པའི་རྫོགས་རིམས་ཏེ། ལེའུ་བཅུ་གསུམ་པས་ནི་ལུས་ཀྱི་གནས་དང་། ཚོགས་གཉིས་དང་བདེན་པ་གཉིས་ལ་སོགས་པ་དང་། ལས་རབ་འབྱམས་བསྒྲུབ་པ་ལ་སོགས་པ་བསྟན་ཏོ། །ལེའུ་བཅུ་བཞི་པས་ནི་ཕྱི་རོལ་དུ་ལག་པའི་མཆོད་པའོ། །བཅོ་ལྔ་པས་ནི་བརཏལ་ཤུགས་ཀྱི་སྤྱོད་པ་ལ་སོགས་པ་བསྟན་སྟེ། འདི་དག་ནི་བསྐྱེད་རྫོགས་ཀྱི་ཡན་ལག་གོ །དེའི་འོག་ཏུ་ལེའུ་བཅུ་དྲུག་པ་དངོས་གྲུབ་གཏན་ལ་དབབ་པ་འདིས་སྙིགས་མའི་དུས་ནའང་འགྲུབ་པའི་ཆེ་བ་དང་། ཆོས་ཐམས་ཅད་ཀྱི་དོན་བསྡུ་བ་དང་། རྣལ་འབྱོར་མའི་བརཏལ་ཤུགས་དང་། བོང་བུའི་རྣམ་པའི་རྣལ་འབྱོར་ལ་སོགས་པ་གསུངས་སོ། །དེའི་འོག་ཏུ་ལེའུ་བཅུ་བདུན་པས་ནི་རྣམ་དག་དང་རིམ་པ་གཉིས་ཀྱི་ཕན་ཡོན་དང་། སྤྱོད་པའི་ལྷའི་རྣལ་འབྱོར་ལ་སོགས་པའི་ཚུལ་གྱིས་བསྟན་པའོ། །ད་ནི་རྒྱུད་དོན་སྤྱིར་མདོར་བསྟན་པར་བཤད་པར་བྱ་སྟེ། དེ་ལ་གཉིས་ལས། ཐོག་མར་གླེངས་སླངས་པ་ནི། དེ་ནས་ཡང་དག་རབ་བཤད་བྱ། ཞེས་གསུངས་ཏེ། རིག་པ་འཛིན་པའི་རྟོགས་པ་གསུངས་པ་དེ་མ་ཐག་པའི་རྗེས་དེ་ཉིད་ནས་འཁོར་ལོ་གསུམ་མངོན་པར་འབྱུང་བའི་རྟོགས་པ་འདི་ཡང་དག་པར་རབ་ཏུ་གསལ་བར་བྱའོ། །གཉིས་པ་སྤྱིར་བསྟན་པ་དངོས་སོ། །དེ་ལ་ལྔ། དང་པོ་ནི། ཀུན་ཏུ་སྤྱོད་པ་དགོས་པ་དང་བཅས་པ་ལ། །གོང་དུ་གསུངས་པའི་བཤད་པར་བྱ་བ་དེ་གང་ཡིན་ན། ཀུན་ཏུ་སྤྱོད་པའི་ཆོ་ག་མཆོག་གོ །དེ་གང་ཞེ་ན། འཁོར་ལོ་གསུམ་བདག་རྣལ་འབྱོར་གྱི་ལམ་མོ། །འདི་བཤད་པ་ལ་དགོས་པ་ཅི་ཡོད་ཅེས་ན། འཁོར་བར་གནས་པ་འདི་ལས་སྒྲོལ་བའོ། །འདི་དག་ཀྱང་གཞིའི་སྐབས་སུ་ལུས་ཁམས་ལྔའི་རང་བཞིན་དང་། སེམས་བཟུང་འཛིན་གྱི་དྲི་མ་དང་བཅས་པ་ལ་ཀུན་ཏུ་སྤྱོད་ཅིང་། འཆིང་བྱེད་ཀྱི་ཆོ་ག་འཇིགས་ཚོགས་ལ་མཆོག་ཏུ་འཛིན་པ་དང་བཅས་པས་ཁམས་གསུམ་འཁོར་ལོར་གནས་ཤིང་བདག་ཏུ་ལྟ་བ་འདི་རྣལ་འབྱོར་པ་རྣམས་ཀྱི་འཆིང་བའི་དྲི་མ་སྟེ། འདི་དང་འབྲེལ་པས་ལམ་རྒྱུད་ལྔ་ལ་སོགས་པའི་བདེ་སྡུག་ལ་རྟག་ཏུ་གནས་པའི་འདི་ལས་བསྒྲལ་བར་བྱ་བའི་ཕྱིར། ལམ་གྱི་གཞི་དབང་བསྐུར་བ་དང་རྗེས་སུ་གནང་བ་ཐོབ་པས་བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་ཀུན་ཏུ་སྤྱོད་པར་བྱ་བའི་ཕྱིར་བསྐྱེད་རིམ་གྱི་ལམ་ཡན་ལག་གི་མཆོག་འཁོར་ལོ་གསུམ་གྱི་བདག་ཉིད་ཀྱིས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཕྱི་རོལ་དུ་ཡུལ་ཉི་ཤུ་རྩ་བཞི་དང་ནང་དུ་ལུས་ཀྱི་གནས་ཉི་ཤུ་རྩ་བཞིར་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་ཀུན་ཏུ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་དག་པར་བསྒོམ་པ་འདི་ནི་ཀུན་ཏུ་སྤྱོད་པ་རྣལ་འབྱོར་གྱི་ལམ་སྟེ། ལམ་འདི་ལ་གནས་པས་སྲིད་པ་དང་ཞི་བའི་འཆིང་བྱེད་ཐམས་ཅད་ལས་སྒྲོལ་བར་བྱེད་པ་ཡིན་ནོ། །འབྲས་བུ་ནི་བསྐྱེད་རྫོགས་ལ་གནས་ནས་ལས་རབ་འབྱམས་ཀྱི་ཆོ་ག་ཀུན་ཏུ་སྤྱོད་པས་གཞན་རྗེས་སུ་འཛིན་པ་དང་། རང་ཉིད་མཆོག་གི་དངོས་གྲུབ་སྐུ་གསུམ་གྱི་བདག་ཉིད་ཀྱི་སྙིང་པོ་ལེན་པར་བྱེད་པའི་ཕྱིར་འཁོར་ལོ་ཞེས་གསུངས་སྟེ། འདིས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་རྣལ་འབྱོར་མཐར་ཐུག་པར། ལམ་གྱིས་འཇུག་པ་ཐམས་ཅད་ཡོངས་སུ་བཅད་པ། བསྒྲལ་བར་བྱ་བ་སྒྲོལ་བར་བྱེད་པ་མི་དམིགས་པའི་རང་བཞིན་མངོན་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་གཞི་དང་ལམ་དང་འབྲས་བུའི་བདག་ཉིད་ཀུན་ཏུ་སྤྱོད་པར་བསྡུས་ནས། གཉིས་པ་སྦས་པའི་དོན་ནི། གོང་གི་གཞི་ལམ་འབྲས་གསུམ་གྱི་དོན་ནི་རང་བཞིན་དེ་བླ་མ་དམ་པའི་མན་ངག་དང་མི་ལྡན་པ་རྣམས་ཀྱིས་མཐོང་བར་དཀའ་བའི་ཕྱིར་སྦས་པའི་རང་བཞིན་ཡིན་ལ། ཡང་ན་རྒྱུད་སྡེ་འོག་མ་རྣམས་སུ་སྦས་པ་འདིར་གང་གནས་པ་དེ་སྦྱང་གཞི་དང་སྦྱོང་བྱེད་ཀྱི་རིམ་པ་བསྐྱེད་པ་དང་རྫོགས་པའི་རིམ་པ་ལུགས་འབྱུང་ལུགས་ལས་བཟློག་པ་གསུང་པ་དང་། འོག་ནས་འཆད་པར་འགྱུར་བའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མདོ་ལས་གསུང་པ་ལྟར་ལུགས་སུ་འབྱུང་བ་དང་། བཟློག་པའི་ཚུལ་གྱིས་གཞི་ལམ་རྐྱང་པར་སྦྱར་བ་ལ་སོགས་པའོ། །གསུམ་པ་རྒྱུད་ཀྱི་དོན་ཐམས་ཅད་མདོར་རྒྱས་སུ་བསྟན་པ་ནི། ལེའུ་དང་པོ་འདིར་མདོར་བསྟན་དུ་ཇི་སྐད་དུ་གསུངས་པ་བྱང་ཆུབ་ཀྱི་ཕྱོགས་དང་ལྷའི་བདག་ཉིད་ཀྱི་ལམ་ལ་སོགས་པ་སྦྱང་བར་བྱའོ། །ཞེས་རྒྱསཔར་བསྟན་པ་དང་། སླར་དེ་ལས་ཀྱང་སྦྱོང་བྱེད་ཀྱི་ཐབས་བསྐྱེད་རྫོགས་རྒྱས་པར་ལེའུ་ལྔ་པ་མན་ཆོད་ཀྱིས་བསྟན་པ་ཉིད་དོ། །ཡང་ན་མདོར་བསྟན་དུ་སྤྲུལ་པའི་སྐུའི་བདག་ཉིད་དེ་ལེའུ་ལྔ་པ་ནས་བརྒྱད་པའི་བར་གྱིས་མངོན་པར་བསྟན་ཏོ། །རྒྱས་པར་བསྟན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དེ་ལེའུ་དགུ་པའི་མདོར་བསྟན་ནོ། །སླར་རྒྱས་བསྟན་པ་ནི་ཆོས་ཀྱི་སྐུའི་བདག་ཉིད་དེ་ལེའུ་གཉིས་པ་ལ་སོགས་པ་གསུམ་གྱིས་མདོར་བསྟན་ནོ། །དེ་ཡང་འདི་ཉིད་ལས། མདོར་བསྟན་པའི་སྤྲུལ་པ་ཡིན། །རྒྱས་པར་ལོངས་སྤྱོད་རྫོགས་པར་དགོད། །སླར་བརྒྱད་བསྟན་པ་མ་ལུས་ཉིད། །མྱ་ངན་འདས་པའི་དེ་ཉིད་བསྟན། །ཞེས་གསུངས་སོ། །བཞི་པ་ལྷའི་ཆོ་ག་ལ་སྐུ་གསུམ་དུ་གསུངས་པ་འདི་གཞི་ལམ་གྱི་སྐབས་སུ་བདྷའི་ཆོ་ག་ལྟར་བྱས་པར་གསུངས་པ་ཡིན་ལ། དེའི་དོན་གང་ཡིན་མངོན་དུ་ཤེས་པ་ཙམ་གྱིས་ནི་བསྒྲུབ་པའི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་འདི་ཡང་ལེའུ་བཅུ་གཉིས་པ་མན་ཆད་ཀྱིས་མདོར་བསྟན་པས་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྡས་མཚོན་པར་བྱེད་པ་དང་། དེའི་ཡན་ལག་སྤྱོད་པ་ལ་སོགས་པའི་དུས་ཀྱི་ཡན་ལག་གི་བརྡ་དང་། ཕྱི་རོལ་དང་ལག་པའི་མཆོད་པ། ལས་རབ་འབྱམས་ལ་སོགས་པ་བསྒྲུབ་པའི་ཆོ་ག་རྣམས་གསུངས་པས་སོ། །བཞི་པ་བྱང་ཆུབ་ཀྱི་སོགས་ཀྱིས་ཆོས་སུམ་ཅུ་རྩ་བདུན། གཞིའི་དུས་སུ་རྩའི་གཙོ་བོ་སུམ་ཅུ་རྩ་བདུན། ལམ་བསྐྱེད་པའི་རིམ་པ་ལ་རྣལ་འབྱོར་མ་སུམ་ཅུ་སོ་བདུན་དང་། འབྲས་བུ་ལ་མཚན་བཟང་སུམ་ཅུ་རྩ་གཉིས། ཡེ་ཤེས་ལྔ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ས་བཅུའི་བདག་ཉིད་སྦྱོར་བ་ཡིས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ཕྱིན་ཅི་མ་ལོག་པའི་གནས་པར་བྱེད་པའམ་ཐབས་འདི་ཉིད་འཇིག་རྟེན་ན་བསྒོམ་པར་བྱ་བ་རྣམས་ཀྱིས་མཆོག་ཏུ་བཤད་དོ། །དེ་ཡང་འདི་ཉིད་ལས། དེ་ནས་ཕ་རོལ་ཕྱིན་དྲུག་དང་། བྱང་ཆུབ་ཀྱི་ཕྱོགས་ཆོས་སུམ་ཅུ་བདུན། གནས་སོགས་པ་ནི་བཅུ་པོ་རྣམས། །ཆེ་མཆོག་ལྷའི་བདག་ཉིད་ཅན། ཞེས་གསུངས་སོ། །ལྔ་པ་དེ་དག་གི་འབྲས་བུ་ནི། ཤྲི་ཧེ་རུ་ཀ་འགྲོ་བའི་མཆོག །ཞེས་བྱ་བའི་དོན་འདི་དང་། དགྱེས་པའི་རྡོ་རྗེ་ལས། ཤྲི་ནི་གཉིས་མེད་ཡེ་ཤེས་སྟེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བས་སྟེ། །ཀ་ནི་གང་ནི་གང་དུའང་མི་གནས་སོ། །ཞེས་འབྱུང་པས། ཤྲི་ནི་དཔལ་སྟེ། སྲིད་པ་དང་ཞི་བའི་དཔལ་དུ་གྱུར་པ་ནི་ཆོས་ཀྱིས་སྐུ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་ངོ་བོ་ལ་འཁོར་འདས་གཉིས་སུ་གྲུབ་པ་མེད་ཀྱང་། ཤེས་བྱ་ཇི་སྙེད་པ་མེ་ལོང་གཟུགས་བརྙན་ལྟར་གསལ་ཤིང་མཁྱེན་པའི་རྟེན་བྱེད་པས་ན་ཡེ་ཤེས་ཞེས་བྱའོ། །ཧེ་ལ་ན་རོལ་པས་སྟེ། རྒྱུ་ལ་སོགས་པ་སྟོང་པ་ཉིད་ཀྱིས་གཟུང་འཛིན་གྱི་རྣམ་པར་རྟོག་པ་གཅོད་ཅིང་རོལ་པར་བྱེད་པའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །རུ་ནི་རུ་སྟི་ར་ཁྲག །རུ་རུ་ན་འགོག་པ་སྟེ། དགག་བྱ་མི་མཐུན་པ་བཀག་ནས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་མཁྱེན་པས་ན་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཀ་ནི་སུ་ཀ་ན་བདེ་བ། ཀ་རུ་ན་སྙིང་རྗེ་སྟེ། བདེ་བ་ཆེན་པོའི་དོན་གྱི་སྙིང་རྗེ། འདིས་ནི་ཞི་བའི་མཐའ་འགོག་པར་བྱེད་ཅིང་། གཞན་གྱི་དོན་བདེ་བླག་དུ་འགྲུབ་པར་བྱེད་པས་ན་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡེ་ཤེས་བཞི་པོ་འདི་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་པའི་ཕྱིར་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་སངས་རྒྱས་འདི་ནི་ཕ་རོལ་དུ་སོང་པ་རྣམས་ཀྱི་མཆོག་ཏུ་གྱུར་པས་འགྲོ་བའི་བླ་མ་ཡིན་པའི་ཕྱིར་མཆོག་ཀྱང་ཡིན་ནོ། །ད་ནི་ཕུང་པོ་ལ་སོགས་པ་བྱེ་བྲག་དུ་ལྷའི་མདོར་བསྟན་པ་བཤད་པར་བྱ་སྟེ། འདི་དག་ཀྱང་མངོན་པར་རྟོགས་པའི་རིམ་པ་དང་སྦྱར་བ་དང་། ཚིག་གི་དོན་བཤད་པ་དང་གཉིས་ལས་ཤེས་པར་བྱའོ། །དང་པོ་ནི་ཤྲི་ཧེ་རུ་ཀ་ཞེས་བྱ་བ་འདིས་རྣལ་འབྱོར་གྱི་དབང་ཕྱུག་ཏུ་ཤེས་པར་བྱའོ། །དེའི་དོན་ནི་ཐོག་མར་གནས་དབེན་པ་དུར་ཁྲོད་ལ་སོགས་པར་རོའི་སྟེང་དུ་གནས་པའམ། ཡང་ན་ཐོ་རངས་ཨོཾ་ཨེ་་ཧི་ཞེས་བྱ་བའི་སྔགས་ཀྱི་རྡོ་རྗེ་རྣལ་འབྱོར་མའི་གླུ་བྲག་ཆ་ལྟ་བུས་བསྐུལ་བས་སད་པར་མོས་སྟེ། བསྟན་བདེ་བ་ལ་འདུག་ནས་བདུད་རྩི་རིལ་བུ་ཁར་བཅུག་ལ། གོང་གི་ཤྲི་ཧེ་རུ་ཀ་ཞེས་བྱ་བའི་དོན་དྲན་པར་ཡིད་དག་པར་བྱའོ། །དེ་ནས་ཞལ་གཅིག་ཕྱག་གཉིས་པའི་བཅོམ་ལྡན་འདས་བརྒྱན་ཆ་ལུགས་དང་བཅས་པ་ཡོངས་སུ་རྫོགས་པར་བལྟས་ལ་ལུས་དག་པར་བྱའོ། །དེ་ནས་ངག་ཏུ་ཨ་ལི་དང་ཀ་ལིའི་དང་པོར་ཨོཾ་དང་མཐར་ཧཱུྃ་ཕཊ་དང་བཅས་པ་ལན་གསུམ་བརྗོད་པས་ངག་དག་པར་བྱའོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱ་སྟེ། རེ་ཤིག་བྱམས་པ་ལ་སོགས་མདོར་བསྡུས་པའི་བསྒོམ་པ་སྟེ། ཅི་ལྟར་འཁོར་བའི་སྡུག་བསྔལ་ལས་ཉེ་བར་བསྒྲལ་ཏེ་དེ་བཞིན་ཉིད་དུ་རོ་གཅིག་པའི་བདེ་བ་ཆེན་པོ་ལ་སེམས་ཅན་ཐམས་ཅད་རབ་ཏུ་བཞག་པར་བྱའོ། །ཞེས་པའོ། །དེ་ལ་སྡུག་བསྔལ་ལས་ཉེ་བར་བསྒྲལ་བའི་ཕྱིར་སྙིང་རྗེའོ། །བདེ་བ་ལ་རབ་ཏུ་བཞག་པའི་བྱམས་པའོ། །དེ་བཞིན་ཉིད་ཀྱི་ཚུལ་ཉིད་ཀྱི་བཏང་སྙོམས་སོ། །བདེ་བ་བསྟན་པ་ཉིད་ཀྱིས་དགའ་བས་སྟེ། བྱམས་པ་ལ་སོགས་པ་རྒྱས་པར་བསྒོམ་པ་ནི་རབ་ཏུ་གྲགས་པའོ། །དེ་ལྟ་བུའི་དོན་དང་ལྡན་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་གོ །དེ་ནས་གཟུགས་དང་། ཚོར་བ་དང་། །འདུ་ཤེས་དང་འདུ་བྱེད་ཀྱིས་རྣམ་པར་ཤེས་པས་བསྡུས་པའི་ཕུང་པོ་ལྔ་པོའི་ཐ་མལ་གྱིས་ཞེན་པ་སྤང་བར་བྱ་བའི་ཕྱིར་ཏེ་དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔའི་རང་བཞིན་གྱི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ལ་ཅིའི་ཕྱིར་ང་རྒྱལ་ཡིན་ཞེ་ན། གཉེན་པོ་དེའི་རང་བཞིན་དུ་གྱུར་པས་སྤང་བྱ་དེ་ཟིལ་གྱིས་མནོན་པའི་ཕྱིར་རོ། །ད་ནི་རྒྱས་པར་བཤད་པར་བྱ་སྟེ་གཟུགས་ནི་འབྱུང་བ་ཆེན་པོ་བཞི་དག་རྒྱུ་བྱས་པའི་མིག་གི་དབང་པོའི་སྤྱོད་ཡུལ་གྱི་དོན་གང་ཡིན་པ། སྔོན་པོ་ལ་སོགས་པའི་གཟུགས་ཉི་ཤུ་རྩ་ལྔ་པོ་འདི་དག་རྣམ་པར་སྣང་བའི་ཕྱིར་ན་རྣམ་པར་སྣང་མཛད་དོ། །འདི་སྦྱང་བའི་ཕྱིར་དམ་པ་རྣམ་པར་སྣང་མཛད་འཚོགས་ཁར་དཀར་པོ་འཁོར་ལོ་དང་དྲིལ་བུ་ཅན། གཏི་མུག་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཅན་ནོ། །ཚོར་བ་ནི་བདེ་སྡུག་བཏང་སྙོམས་གསུམ་གང་ཡང་རུང་བ་ཉམས་སུ་མྱོང་བ་དག་སྟེ། འདི་སྦྱང་བའི་ཕྱིར་རྣམ་པར་རྟོག་པས་མི་ཕྱེད་པའི་ཕྱིར་རྡོ་རྗེ། ཚོར་བ་ལས་བྱུང་བའི་གཏི་མུག་སེལ་བར་བྱེད་པའི་ཕྱིར་ཉི་མ། དེ་ཉིད་རྒྱུད་གཞན་དུ་གྲགས་པའི་རིན་ཆེན་འབྱུང་ལྡན་ཏེ། ལྟེ་བར་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་ང་རྒྱལ་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །འདུ་ཤེས་ནི་མཚན་མ་དང་བཅས་པ་དང་མཚན་མ་མེད་པར་འདུ་ཤེས་པར་འདུ་བ་གང་ཡིན་པ་སྟེ། འདི་སྦྱང་བའི་ཕྱིར་འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་པའི་ཕྱིར་པད་མ། གཞན་གྱི་དོན་ལ་འདོད་དགུར་བསྒྱུར་བའི་གར་གྱི་དབང་ཕྱུག་སྟེ། རྒྱུད་གཞན་དུ་གྲགས་པའི་འོད་དཔག་མེད་མགྲིན་པར་དམར་པོ་པད་མ་དང་དྲིལ་བུ་ཅན་འདོད་ཆགས་དག་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །འདུ་བྱེད་ཕུང་པོ་ནི་སེམས་ལས་བྱུང་བའི་ཆོས་རྣམས་དང་། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་གཉིས་སུ་འདུ་བ་སྟེ། སེམས་བྱུང་ལྔ་བཅུ་རྩ་གཅིག་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཉི་ཤུ་རྩ་གསུམ་པོ་རྣམས་ཏེ། དེ་སྦྱོང་བའི་ཕྱིར་སེམས་བྱུང་གི་རྟོག་པས་མི་ཕྱེད་ཅིང་མཆོག་ཏུ་གྱུར་པས་ན་རྡོ་རྗེ་རྒྱལ་པོ་སྟེ། རྒྱུད་གཞན་དུ་གྲགས་པའི་དོན་ཡོད་གྲུབ་པ་རྐང་བོལ་དུ་ལྗང་ཁུ་རྒྱ་གྲམ་ཕྲག་དོག་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྣམ་པར་ཤེས་པ་ནི་ཚོགས་བརྒྱད་དེ་སེམས་དང་ཡིད་དང་རྣམ་པར་ཤེས་པར་འདུ་བ། དེ་ལས་ཀྱང་སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀྱི་བག་ཆགས་ཀྱིས་ཡོངས་སུ་བགོས་པ་ས་བོན་ཐམས་ཅད་པའི་ཀུན་གཞི་རྣམ་ཤེས་རྣམ་སྨིན་དང་ལེན་པའི་ཆ་དང་བཅས་པ་འདི་སྦྱང་བའི་ཕྱིར་བཟུང་འཛིན་གྱིས་མི་ཕྱེད་པའི་ཕྱིར་རྡོ་རྗེ། སྙིང་རྗེས་སྲིད་པ་གསུམ་བསྒྲོལ་བར་བྱེད་པའི་ཕྱིར་སེམས་དཔའ་སྟེ། སྙིང་ཀར་དཀར་པོ་རྡོ་རྗེ་དང་དྲིལ་བུ་ཅན་ཞེ་སྡང་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ལྟར་ཕུང་པོ་ལྔ་དང་ཡེ་ཤེས་ལྔ་དང་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་གྱུར་པའི་བདག་ཉིད་ནི་དཔལ་ཧེ་རུ་ཀས་ཏེ། དཔྲལ་བར་མཐིང་ཁ་རྡོ་རྗེ་དང་དྲིལ་བུ་ཅན་ནམ་ཡང་ན་བདག་ཉིད་གོང་དུ་བསྟན་པ་བཞིན་ནོ། །ད་ནི་སྐྱེ་མཆེད་བསྟན་པ་མིག་གི་དབང་པོ་དང་ཤེས་པ་གཟུགས་ལ་བླང་དོར་དུ་འཛིན་པ་ནི་གཏི་མུག་ཡིན་ལ། དེ་འཇོམས་པའི་ཕྱིར་གཏི་མུག་རྡོ་རྗེ་ནི་སའི་སྙིང་པོ་སྟེ། མིག་གཉིས་སུ་དཀར་པོ་འཁོར་ལོ་དང་དྲིལ་བུ་ཅན་ནོ། །རྣ་བའི་དབང་པོ་དང་སྒྲར་འཛིན་པའི་ཤེས་པ་མ་གཏོགས་པས་སྒྲ་ལ་བླང་དོར་དུ་འཛིན་པ་ནི་ཞེ་སྡང་ཡིན་ལ། དེ་སྦྱང་བའི་ཕྱིར་རྣ་བ་གཉིས་སུ་ཕྱག་ན་རྡོ་རྗེ་འཐིང་ཁ་དང་དྲིལ་བུ། སྣའི་དབང་པོ་དང་དྲི་འཛིན་པའི་ཤེས་པ་མ་རྟོགས་ཤིང་བླང་དོར་དུ་འཛིན་པ་ནི་སེར་སྣ་སྟེ། དེ་སྦྱང་བའི་ཕྱིར་ནམ་མཁའི་སྙིང་པོ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པའོ། །ལྕེའི་དབང་པོ་དང་རོ་འཛིན་པའི་ཤེས་པ་མ་རྟོགས་ཤིང་བླང་དོར་དུ་འཛིན་པ་ནི་འདོད་ཆགས་སོ། །དེ་སྦྱང་བའི་ཕྱིར་འཇིག་རྟེན་དབང་ཕྱུག་དམར་པོ་པད་མ་དང་དྲིལ་བུ་ཅན་ནོ། །ལུས་ཀྱི་དབང་པོ་དང་རེག་བྱ་འཛིན་པའི་ཤེས་པ་མ་གཏོགས་ཤིང་བླང་དོར་དུ་འཛིན་པ་ནི་ཕྲག་དོག་སྟེ། དེ་སྦྱང་བའི་ཕྱིར་སྒྲིབ་པ་ཐམས་ཅད་སེལ་བ་ནོར་བུ་ལ་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་ལྗང་ཁུ་ཅན་ནོ། །ཐམས་ཅད་ཀྱང་ཡིད་དང་ཡིད་ཀྱི་ཡུལ་ཆོས་ཀྱིས་སྐྱེ་མཆེད་རྣམས་མ་རྟོགས་པས་འཇིགས་ཚོགས་ལ་བལྟ་བར་གྱུར་པ། དེ་སྦྱང་བའི་ཕྱིར་ཀུན་ཏུ་བཟང་པོ་ཡོན་ཏན་ཐམས་ཅད་ཀྱི་དབང་ཕྱུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་རྡོ་རྗེ་སྟེ། ནུ་མའི་བར་དུ་དྷ་དཀར་པོ་རྡོ་རྗེ་དང་ཅན་ནོ། །ཐམས་ཅད་ཀྱང་ཟླ་བ་དང་ཉི་མའི་གདན་ལ་བཞུགས་ཤིང་གར་གྱི་ཉམས་དགུ་དང་ལྡན་པའོ། །འདི་རྣམས་རྣལ་འབྱོར་མའི་རྒྱུད་དུ་ཤེས་རབ་གཙོ་བོར་མཛད་ནས དགྱེས་པའི་རྡོ་རྗེ་ལས །རྣ་བར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་རྡོ་རྗེ་མ། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲ་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྡོ་རྗེ་མ། །དབང་པོ་རྣམས་ནི་དག་བྱའི་ཕྱིར། ཞེས་བྱ་བ་གསུངས་པ་རྣམས་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཡིན་ནོ། །ད་ནི་ཁམས་ཀྱི་རྣམ་པར་དག་པ་ནི། ལུས་སྲ་ཞིང་འཐས་པའི་སའི་ཁམས་དག་པར་བྱ་བའི་ཕྱིར་ལྟེ་བར་སངས་རྒྱས་སྤྱན་མ་སེར་མོ་ཞལ་གཅིག་ཕྱག་བཞི་མ་གཡས་དང་པོ་ཌ་མ་རུ། འདི་ནི་རྫོགས་པའི་རིམ་པར་སའི་རླུང་གི་རང་བཞིན་སྟེ། ལྟུང་བར་བྱེད་པའི་ལས་གྲུབ་པར་བྱེད་པའི་ཕྱིར་ན་ལྟུང་བྱེད་མའོ། །ལུས་ཀྱི་གཤེར་བའི་རང་བཞིན་ཆུའི་ཁམས་དག་པར་བྱ་བའི་ཕྱིར་སྙིང་ཁར་མ་མ་ཀི་སྔོན་མོ་གཡས་དང་པོར་རྡོ་རྗེ། ཆུའི་ཁམས་དག་པ་བསོད་པར་བྱེད་པའི་ལས་གྲུབ་པར་བྱེད་པའི་ན་གསོད་བྱེད་མའོ། །ལུས་ཀྱི་དྲོ་བའི་རང་བཞིན་མེའི་ཁམས་དག་པར་བྱ་བའི་ཕྱིར་མགྲིན་པར་གོས་དཀར་མོ་གཡས་དང་པོས་པད་མ་འཛིན་པ། མེ་ཡི་རླུང་གིས་རང་བཞིན་འགུགས་པའི་ལས་གྲུབ་པར་བྱེད་པའི་ཕྱིར་འགུགས་བྱེད་མའོ། །ལུས་ཀྱིས་ཡང་ཞིང་གཡོ་བ་རླུང་གི་ཁམས་དག་པར་བྱ་བའི་ཕྱིར་སྤྱི་བོར་དམ་ཚིག་སྒྲོལ་མ་ལྗང་ཁུ་གཡས་དང་པོ་རྒྱ་གྲམ་བསྣམས་པ། རླུང་གིས་རླུང་དག་པ་ལས་ལས་ཐམས་ཅད་འགྲུབ་པར་བྱེད་པའི་ཕྱིར་གར་གྱི་དབང་ཕྱུག་མའོ། །འདི་རྣམས་ཀྱི་གཡས་གཉིས་པ་ནི་གྲི་གུག །གཡོན་གཉིས་ན་ཁ་ཊྶཱཾ་ག་དང་ཐོད་པའོ། །ནང་དང་ཕྱི་རོལ་སྟོང་ཞིང་གོ་འབྱེད་པའི་ནམ་མཁའི་ཁམས་ཡོངས་སུ་དག་པ་པད་མའི་དྲ་བ་ཅན་མ་སྤྱི་གཙུག་ཏུ་མཐིང་དམར་དབུས་མཐིང་གཡས་སེར། གཡས་ན་ལྕགས་ཀྱུ་དང་ཚངས་པའི་མགོ་བོ་དང་གྲི་གུག །གཡོན་ན་ཐོད་པ་དང་ཁ་ཊྶཱཾ་ག་དང་ཞགས་པ། རྫོགས་པའི་རིམ་པ་ནམ་མཁའི་ཁམས་ཡོངས་སུ་དག་པ། མ་འདྲེས་ཤིང་ཀུན་ཏུ་ཁྱབ་པའི་དོན་གྱིས་ན་པད་མའི་དྲ་བ་ཅན་ནོ། །འདི་དག་གི་རིམ་པ་ཅི་ལྟ་བར་རྒྱུད་གཞན་ལས་ཀྱང་གསུངས་ཏེ། གསང་བ་འདུས་པ་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། སྐྱེ་མཆེད་ཁམས་དང་དབང་པོ་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཞེས་གསུངས་སོ། །མཇུག་བསྡུ་བ་ནི། དེ་ལྟར་ཕུང་པོ་ཁམས་དང་སྐྱེད་མཆེད་ལྷན་ཅིག་པའི་ཡེ་ཤེས་ཀྱིས་སྣང་བ་ལས་གྲུབ་པའི་ཕྱིར་ལྷའི་རང་བཞིན་ཡིན་ལ་དེས་རྒྱུད་སྦྱངས་པའི་ཕྱིར་ང་རྒྱལ་བསྐྱེད་པའོ། །ལེའུ་ཡི་མཚན་ནི། རིམ་པ་གཉིས་ཀྱི་རྣལ་འབྱོར་མའི་རྒྱུད་ཀྱི་དབང་དུ་མཛད་པ་གཞི་ལམ་འབྲས་གསུམ་དུ་ཀུན་ཏུ་སྤྱོད་པ་བསྟན་པ་ལས། དེ་བཞིན་གཤེགས་པ་ལ་སོགས་པའི་ལྷ་རྣམས་ཀྱི་གནས་ལུས་སུ་རྣམ་པར་དག་པ་གསུངས་པ་སྟེ། གཞུང་སྐྱོང་པས་ན་ལེའུ་རིམ་པར་ཕྱེ་བས་ན་དང་པོའོ།། །།ད་ནི་ལེའུ་བཅོ་ལྔས་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་བསྐྱེད་པའི་རིམ་པ་ལེའུ་བཅུར་གནས་པ་ལ་གསུམ་ལས་གཞི་ལམ་གྱིས་དག་པ། དེ་ལའང་གསུམ་དུ་ཡོད་པ་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་འཆད་དེ། དེ་ལ་བཞིར་ཡོད་པའི་མདོར་བསྟན་ནི། གོང་དུ་རྒྱུད་ཀྱིས་མདོར་བསྟན་གསུང་པ་དེ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཐེག་པ་ཆེན་པོའི་རིགས་ཅན་རྣམས་ཀྱི་ལམ་ནི་ལྔ་སྟེ། ཚོགས་དང་། སྦྱོར་བ་དང་། མཐོང་བ་དང་། བསྒོམ་པ་དང་། མཐར་ཕྱིན་པའི་ལམ་མོ། །འདི་དག་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་གྱི་བསྒྲོད་པར་བྱ་བ་ཡིན་པའི་ཕྱིར། སྦྱང་གཞི་དང་སྦྱོང་བྱེད་ཇི་ལྟར་སྦྱར་ཏེ་བཤད་པར་བྱའོ། །ད་ནི་རྒྱས་པར་བཤད་པ་ལ། ཐོག་མར་ཚོགས་ཀྱི་ལམ་ནི་དྲན་པ་ཉེ་བར་བཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཏེ། དེ་ལས་ཀྱང་ཚོགས་ལམ་ཆུང་ངུ། དྲན་པ་ཉེ་བར་བཞག་པ་བཞི་ལས། ལུས་དྲན་པ་ཉེ་བར་བཞག་པ་ནི། ཐེག་པ་ཆུང་ངུས། ལུས་མི་བརྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བར་བསྒོམས་ལ། ཐེག་པ་ཆེན་པོས་དོན་དམ་པར་གཟུགས་ལ་གཟུགས་ཀྱིས་རབ་ཏུ་དབེན་པ། ཀུན་རྫོབ་དུ་གཟུགས་ལྦུ་བ་རྡོལ་བ་ལྟ་བུར་བྱེད་དོ། །ཚོར་བ་བདེ་སྡུག་བཏང་སྙོམས་ནི་འགོག་པར་བྱེད་པ་དང་། ཆུ་བུར་དང་འདྲ་བར་ཤེས་པས་བདག་ཉིད་མི་འགོག་ཅིང་། གཞན་གྱི་ཞེན་པ་གཅོད་པར་བྱེད་པ་དང་། ཆོས་ནི་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་དག་ལས་དགག་བསྒྲུབ་བལྟ་བ་དང་། སྨིག་རྒྱུ་དང་ཆུ་ཤིང་ལྟར་བདེན་པ་མེད་པས་བརྟེན་ཅིང་འབྲེལ་པར་འབྱུང་པའི་རང་བཞིན་མཉམ་པ་ཉིད་དུ་བལྟ་བ་དང་། ཐབས་མཁས་པ་མངོན་དུ་བྱེད་པའོ། །སེམས་ནི་སྐད་ཅིག་མའི་ཕྲེང་བར་འདོད་པ་དང་། རྣམ་པར་ཤེས་པ་སྒྱུ་མ་ལྟ་བུར་ཤེས་ཤིང་སེམས་རང་བཞིན་གྱིས་དབེན་པར་རྟོགས་པར་བྱེད་པའོ། །ཚོགས་ལམ་འབྲིང་དུ། ཡང་དག་སྤོང་བ་བཞི་ནི། གོང་གི་དྲན་པ་ཉེ་བར་བཞག་པ་བཞི་ལ་གནས་ནས། དགེ་བའི་ཆོས་མ་བསྐྱེད་པ་བསྐྱེད་པ་དང་། བསྐྱེད་པ་བསྲུང་བ་དང་། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ་སྤོང་བ་ལ་རང་བཞིན་གྱི་དོན་དུ་རྩོན་པའོ། །ཚོགས་ལམ་ཆེན་པོར། རྫུ་འཕྲུལ་གྱི་རྐང་པར་བཞི་ནི། འདུན་པ་ནི་ཤིན་ཏུ་གུས་པར་དམ་པའི་ཆོས་ལ་སོགས་པ་མངོན་པར་ཐོབ་པར་འདོད་པའོ། །བརྩོན་འགྲུས་ནི་རྒྱུན་མི་འཆད་པར་སྦྱོར་བའོ། །སྤྱོད་པ་ནི་ཁྱད་པར་དུ་རྣམ་པ་མངོན་དུ་བྱེད་པའི་འབད་པའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་བྱང་ཆུབ་མངོན་སུམ་དུ་བྱ་བའི་ཕྱིར་སེམས་དབང་བསྒྱུར་བ་ལ་འབད་པ་སྟེ། འདི་དག་ཀྱང་རང་གི་དོན་དང་གཞན་གྱི་དོན་དུ་དབང་འབྱོར་པར་བྱེད་པ་དང་། ཐབས་ཀྱི་ཡོངས་སུ་ཟིན་པའི་བསྒྲུབ་པ་ལ་བརྟེན་ནས་ཚོགས་ཀྱི་ལམ་མངོན་དུ་འགྱུར་བའོ། །ད་ནི་ཕ་རོལ་དུ་ཕྱིན་པའི་ལུགས་ཀྱི་སྦྱོར་བའི་ལམ་དུ་དྲོད་དང་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་རྣམས་སུ་དབང་པོ་དང་སྟོབས་གཉིས་སུ་སྐྱེད་པར་བྱེད་པའི་དབང་པོ་ལྔ་ལས། དད་པའི་དབང་པོ་ནི། བདེན་པ་དང་། དཀོན་མཆོག་དང་། ལས་དང་འབྲས་བུ་རྣམས་ལ་མངོན་པར་ཡིད་ཆེས་པའི་དད་པའོ། །དེ་དང་འབྲེལ་བའི་བརྩོན་འགྲུས་ནི། ཡང་དག་པའི་ལམ་དུ་ངེས་པར་བྱ་བ་དེ་ལ་གོ་བ་དང་བཅས་པ་དེ་ལག་པའོ། །དྲན་པ་དེ་ནི་རྗེད་ངས་པ་མེད་པའོ། །དེ་ལ་བརྟེན་ནས་མ་རིག་པའི་གོ་སྐབས་མི་འབྱེད་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་ཀྱིས་དབང་བྱེད་པས་སོ། །ཤེས་རབ་ནི། ཀུན་རྫོབ་སྒྱུ་མ་ལྟ་བུ་དང་། དོན་དམ་ནམ་མཁའ་ལྟ་བུ་ཤེས་པའི་ཤེས་རབ་ཀྱིས་བླང་བ་དང་དོར་བ་ཉིད་རྣམ་པར་འབྱེད་པས་སོ། །འདི་རྣམས་ལ་དབང་པོ་ཞེས་བྱ་བའི་དོན་ནི། དེ་དང་དེ་ལ་དབང་བྱེད་པའི་ཕྱིར་དང་། འདི་དང་དེའོ་ཞེས་ངེས་པར་འཛིན་པས་དབང་པོ་སྟེ། འདི་རྣམས་སྦྱངས་པས་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མེའི་སྔ་ལྟས་སུ་གྱུར་པའི་དྲོད་དང་། དགེ་བའི་རྩ་བ་རྒྱ་ཆེན་པོ་གཡོ་བའི་རྩེ་མོ་མངོན་དུ་འགྱུར་རོ། །སྟོབས་རྣམ་པ་ལྔ་ནི། དབང་པོ་ལྔའི་མི་མཐུན་པའི་ཕྱོགས་ལས་རྒྱལ་བའི་དོན་གྱིས་ཏེ། བདུད་ལ་སོགས་པས་མི་འཕྲོག་པའི་དད་པའི་སྟོབས་དང་། ནུབ་པ་མེད་པའི་བརྩོན་འགྲུས་དང་། བརྗེད་ངད་པ་དང་བྲལ་བའི་དྲན་པ་དང་། རྣམ་གཡེངས་དང་བྲལ་བའི་ཏིང་ངེ་འཛིན་དང་། རྨོངས་པ་དང་བྲལ་བའི་ཤེས་རབ་ཏུ་གྱུར་པས་སྟོབས་ཞེས་བརྗོད་དོ། །འདི་རྣམས་ཕུལ་དུ་གྱུར་པ་སྦྱངས་པས་ནི། ཟབ་མོའི་དོན་ལ་མི་སྐྲག་པས་ན་བཟོད་པ་དང་། འཇིག་རྟེན་པའི་རྟོག་པ་གོང་ན་མེད་པའི་ཆོས་ཀྱིས་མཆོག་ལ་ངེས་པར་སྦྱོར་རོ། །འདི་དག་རྣལ་འབྱོར་བླ་ན་མེད་པས་ནི་ཐབས་ཀྱི་ཁྱད་པར་ཕུལ་དུ་བྱུང་བ་དང་བཅས་སྟེ་སྦྱོང་བ་ཡིན་ནོ། །དེ་ལྟར་ཚོགས་དང་སྦྱོར་བའི་ལམ་ལ་བརྟེན་ནས་མཐོང་བའི་ལམ་དུ་བྱང་ཆུབ་ཀྱི་ལམ་ཡན་ལག་མངོན་དུ་འགྱུར་ཏེ། དེ་ཡང་བྱང་ཆུབ་ཀྱི་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་རྒྱུ་མཐོང་བའི་ལམ་ཡིན་ན། དེའི་གྲོགས་སུ་འགྱུར་བའི་ཡན་ལག་གོ །དེ་རྣམས་ཀྱང་གང་ཞེ་ན། ཏིང་ངེ་འཛིན་བྱང་ཆུབ་ཀྱི་རྒྱུའི་མཚན་ཉིད་དོ། །བརྩོན་འགྲུས་ཀྱིས་ལེ་ལོའི་སྐབས་མི་འབྱེད་ཅིང་། དགའ་བས་མི་དགེ་བ་རྣམས་འཛིན་ལ་ཤིན་ཏུ་སྦྱངས་བས་ནི་དགེ་བ་རྣམས་ལས་སུ་རུང་བར་བྱེད་ཅིང་། ཆོས་རྣམ་འབྱེད་ཀྱིས་བདག་མེད་པའི་རང་བཞིན་ནི་འདི་ལྟ་བུའོ་ཞེས་འཛིན་པའོ། །དྲན་པས་ནི་རྗེད་ངས་པ་མེད་ཅིང་དྲན་པར་བྱེད་ཅིང་། བཏང་སྙོམས་ནི་ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པ་ཉིད་དོ། །འདི་ལྟ་བུའི་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་ནི་འཁོར་ལོས་བསྒྱུར་བ་དང་ཆོས་མཚུངས་པར་བསྟན་ཞིང་མདོ་སྡེ་རྒྱན་ལས། ཡོན་ཏན་དེ་ལྟའི་སེམས་དཔའ་ནི། །འཁོར་ལོས་བསྒྱུར་བ་འདྲ་བར་འཇུག །རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །ཞེས་གསུངས་སོ། །འདི་དག་ཀྱང་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དང་། ཅི་ལྟར་ཡན་ལག་ཡིན་པའི་དོན་ནི། དྲན་པ་ནི་གནས་ཀྱི་ཡན་ལག་སྟེ་བྱང་ཆུབ་ཐམས་ཅད་དེ་ལ་བརྟེན་པས་སོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་རང་བཞིན་གྱི་ཡན་ལག་སྟེ། བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཡིན་པས་སོ། །བརྩོན་འགྲུས་ནི་ངེས་འབྱུང་གིས་ཡན་ལག་སྟེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རྒྱུན་མི་གཅོད་པས་སོ། །དགའ་བ་ནི་ཕན་ཡོན་གྱ་ཡན་ལག་སྟེ། ལུས་སེམས་ཚིམ་པར་བྱེད་པས་སྟེ། ཤིན་ཏུ་སྦྱངས་བ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་སྟེ་དེ་ཡང་བསམ་གཏན་གྱི་ས་དྲུག་ལ་བརྟེན་པའི་ཏིང་ངེ་འཛིན་ལ་གནས་ནས། མཐོང་སྤངས་ཀྱིས་གནས་ངན་ལེན་ལས་གྲོལ་བ་ཤིན་ཏུ་སྦྱངས་པས་ཐོབ་པ་རྒྱུ་མཚན་གྱིས་ཉོན་མོངས་པ་མེད་པར་འཇོག་པ་ཡིན་ནོ། །དེ་སྐད་དུ་ཡང་མདོ་སྡེ་བརྒྱན་ལས། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཞེས་གསུངས་སོ། །ད་ནི་བསྒོམ་པའི་ལམ་དུ་འཕགས་པའི་ལམ་ཡན་ལག་བརྒྱད་སྦྱང་བ་བསྟན་པ། མཐོང་བའི་ལམ་དུ་མེད་རྣམ་པ་གཉིས་མངོན་གྱུར་དུ་རྟོགས་པ་ལ་བརྟེན་ནས། རྟག་པ་དང་ཆད་པར་བལྟ་བ་ལ་སོགས་པའི་དྲི་མ་མཐའ་དག་དང་བྲལ་བའི་ཡང་དག་པའི་བལྟ་བ་དང་། འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་རྟོག་པ་དང་བྲལ་བའི་ཡང་དག་པའི་རྟོགས་པ་དང་། བདག་གཞན་ལ་གདུང་བའི་ངག་གིས་མི་དགེ་བ་རྣམས་དང་བྲལ་བའི་ཡང་དག་པའི་ངག་དང་། ཚུལ་འཆོས་དང་། ཁ་བསག་དང་། གཞོག་སློངས་དང་བྲལ་བའི་ཡང་དག་འཚོ་བ་དང་། ལུས་དང་སེམས་ཉམས་ཆུང་བ་དང་བྲལ་བའི་ཡང་དག་པའི་ལས་ཀྱིས་མཐའ་བསྒོམ་པ་དང་། འདུན་པ་དང་། སྤྲོ་བ་དང་། བརྩོན་པ་དང་། ནན་ཏན་དང་ལྡན་པའི་ཡང་དག་པའི་རྩོལ་བ་དང་། གཏི་མུག་དང་། རྨོངས་པ་དང་བྲལ་བའི་ཡང་དག་པའི་དྲན་པ་དང་། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཡང་དག་པའི་ཏིང་ངེ་འཛིན་སྟེ། དེ་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་མདོ་ལས་བྱུང་བ་ལྟར་སྦྱང་ཤིང་ཕ་རོལ་དུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པར་བྱ་སྟེ། སའི་ཡོངས་སུ་སྦྱོངས་བ་སྦྱངས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་བ་འདི་ནི་བྱང་ཆུབ་ཀྱི་ལམ་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་གཞུང་འདི་ཉིད་ནས་ཀྱང་ཡོངས་སུ་རྫོགས་པར་བསྟན་ཏོ། །འདི་དག་ཀྱང་ཁ་ཅིག་ན་རེ་ལྷའི་རྣམ་པར་དག་པ་དེ་ཉིད་ཀྱི་དབང་དུ་མཛད་ནས་བསྟན་པ་ཡིན་ནོ་ཟེར་ཏེ་དེ་ལྟར་ན་ལེའུ་འོག་མ་འདི་དང་བཟློས་པར་འགྱུར་བའི་ཕྱིར་འདི་ནི་བྱང་ཆུབ་ཀྱི་ཕྱོགས་ཁོ་ན་གསུངས་པ་རིག་པར་བྱའོ། །དེ་ཡང་བསྐྱེད་པའི་རིམ་པ་ལ་དམིགས་པ་ལུས་ཀྱི་ཞེན་པ་སྤོང་བའི་ཕྱིར་ལུས་དྲན་པ་ཉེ་བར་བཞག་པའོ། །བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་རྫོགས་རིམས་ནི་ཚོར་བ་བདེ་བ་ཆེན་པོར་སྦྱོང་བས་ཕྱིར་ཚོར་བ་དྲན་པ་ཉེ་བར་བཞག་པའོ། །ཟབ་པའི་རྫོགས་རིམས་སེམས་ལ་དམིགས་པ་ནི་སེམས་དང་ཆོས་དྲན་པ་ཉེ་བར་བཞག་པའོ། །དེ་ལྟར་བསྐྱེད་རྫོགས་བསྒོམས་པས་མི་དགེ་བ་སྤོང་ཞིང་མི་བསྐྱེད་པ་དང་དགེ་བ་བསྐྱེད་ཅིང་བསྲུངས་བར་བྱེད་དོ། །བསྐྱེད་རྫོགས་དེ་ཡང་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་འབྱུང་བ་ལ་དབང་བསྒྱུར་བའི་ཕྱིར་འདུན་པའོ། །བསྐྱེད་རྫོགས་ཀྱིས་ཏིང་ངེ་འཛིན་ལ་རྒྱུན་མི་འཆད་པར་སྦྱོར་བས་ན་བརྩོན་འགྲུས་སོ། །ཡེངས་བར་མེད་པར་བསྒོམས་པས་མྱུར་བ་ཉིད་དུ་ཡོན་ཏན་ཐོབ་པར་བྱེད་པ་ནི་སྤྱོད་པའོ། །དེ་ཉིད་ཀྱི་སེམས་ལ་དབང་ཐོབ་པར་བྱེད་པའི་ཕྱིར་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །དེ་ལྟར་སྦྱངས་པས་བསྐྱེད་པའི་རིམ་པ་ལ་བསྟན་པ་ཐོབ་ཅིང་རྫོགས་པའི་རིམ་པའི་ཡོན་ཏན་མངོན་དུ་བྱེད་པས་ཚོགས་ཀྱི་ལམ་མོ། །དེ་ཉིད་ལ་རྟེན་ནས་ཚེ་གཅིག་ལུས་གཅིག་སངས་རྒྱས་ཐོབ་པར་འདོད་པའི་དད་པ་དང་། རྒྱུན་མི་འཆད་པར་སྦྱོར་བའི་བརྩོན་འགྲུས་དང་། སྤྱོད་ལམ་རྣམ་བཞིར་སྐྱེད་རྫོགས་དེ་ཉིད་ཀྱིས་དྲན་པ་དང་མ་བྲལ་བ་དང་། ལྟ་སྟངས་དང་། རྣམ་ཤེས་དང་། ཡེ་ཤེས་ཀྱི་ལས་གྲུབ་པའི་ཏིང་ངེ་འཛིན་ལ་རྩེ་ཅིག་ཏུ་འཇོག་པ་དང་དེ་དག་ཀྱང་སྤྲོས་པ་དང་བྲལ་བའི་ཤེས་རབ་ཀྱིས་རྒྱས་གདབ་ནས། གསང་སྤྱོད་ཀྱི་ཚུལ་དུ་སྦྱངས་པས་དྲོད་གཉིས་ཐོབ་པ་ཡིན་ལ། དད་པ་ལ་སོགས་པ་དེ་དག་ལ་གཞན་རྐྱེན་གྱིས་གནོད་མི་གནོད་བལྟ་བའི་ཕྱིར་རིག་པ་བརཏལ་ཤུགས་ཀྱི་སྤྱོད་པ་སྤྱད་པས་རྐྱེན་གྱིས་མི་འཕྲོགས་པར་གྱུར་པ་དེའི་ཚེ་སྟོབས་ལྔར་འགྱུར་ཏེ། ཚོགས་ཀྱི་སྤྱོད་པ་མཐར་ཕྱུང་ནས་བཟོད་པ་ཆོས་མཆོག་ཐོབ་སྟེ་བདག་མེད་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར་པས་བྱང་ཆུབ་ཀྱི་ཡན་ལག་བདུན་ཐོབ་པ་ནི་གོང་བཞིན་ནོ། །འདི་རྟོགས་པས་ནི་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་འཐོབ་པོ་ཞེས་བྱར་རུང་བ་ཡིན་ཏེ། ཉོན་མོངས་པ་མི་སྤོང་བའི་ལམ་ཉིད་ཡིན་པ་དང་། དབང་པོ་རྣོན་པོའི་དབང་དུ་བྱས་པའི་དང་། ཐབས་མཁས་པས་ཡོངས་སུ་ཟིན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ངེས་པ་ཡིན་ནོ། །ཡང་དག་པའི་ལྟ་བ་ལ་སོགས་པ་འདི་རྣམས་བསྒོམ་པའི་ལམ་ཡིན་མོད་ཀྱིས། འོན་ཀྱང་བསྐྱེད་རྫོགས་ཀྱི་རྣལ་འབྱོར་མཐར་ཐུག་པ་ཡིན་ནོ། །རྫོགས་རིམས་ཀྱི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ནི་ཡང་དག་པའི་ལྟ་བའོ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་ནི་ཡང་དག་པའི་རྟོག་པའོ། །ངག་མི་དགེ་བ་དང་བྲལ་བའི་གསང་སྔགས་ནི་ཡང་དག་པའི་ངག་གོ །ཕྱིན་ཅི་མ་ལོག་པའི་ལས་ཀྱི་མཐའ་དང་། ཁ་གསག་ལ་སོགས་པ་དང་བྲལ་བའི་འཚོ་བ་དང་། ལེ་ལོ་དང་བྲལ་བའི་རྩོལ་བ་དང་། གཏི་མུག་དང་བྲལ་བའི་དྲན་པ་དང་། ཤྲི་ཧེ་རུ་ཀའི་ཏིང་ངེ་འཛིན་དང་། འདི་དག་ནི་བྱང་ཆུབ་ཀྱི་ལམ་དུ་མཚུངས་པའོ། །མཇུག་བསྡུ་བ་ནི། དེ་ལྟར་ན་ཞེས་པ་ལ་སོགས་པའོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་བྱང་ཆུབ་ཀྱི་ཆོས་ཀྱི་སུམ་ཅུ་རྩ་བདུན་བསྟན་པའི་ལེའུ་སྟེ་གཉིས་པའོ། །ལེའུ་གསུམ་པ་འདི་ཡང་གོང་དུ་སླར་རྒྱས་བསྟན་པ་ཞེས་པ་ལས་འཕྲོས་ནས་ཆོས་ཀྱི་སྐུའི་བདག་ཉིད་དུ་མོས་པར་བྱེད་པ་བསྐྱེད་པའི་རིམ་པ་དཔའ་མོ་རྣམས་ཀྱི་དག་པ་བྱེ་བྲག་དུ་སྦྱར་བ་སྟོན་ཏོ། །མདོར་བསྟན་པ་ནི་གོང་དུ་བྱང་ཆུབ་ཀྱི་ཕྱོགས་གསུངས་པ་དེ་ལ་དཔའ་མོ་རྣམས་ཀྱིས་གྲངས་ཇི་ལྟ་བ་བཞིན་དུ་གསལ་བར་བཤད་པའོ། །རྒྱས་པར་བཤད་པ་ལ་མཁའ་འགྲོ་མ་ལ་སོགས་པ་བཞི་ནི་དྲན་པ་ཉེ་བར་བཞག་པའོ། །ཐུགས་ཀྱི་འཁོར་ལོའི་ཕྱོགས་ཀྱི་ལྷ་མོ་རབ་ཏུ་གཏུམ་མོ་ལ་སོགས་པ་བཞི་ནི་རྫུ་འཕྲུལ་གྱིས་རྐང་པ་བཞིའོ། །མཚམས་ཀྱིས་ལྷ་མོ་བཞི་དང་གསུང་གི་འཁོར་ལོའི་ཤར་ཕྱོགས་ཀྱི་གཅིག་ནི་དབང་པོ་ལྔའོ། །གཞན་ལྔ་ནི་སྟོབས་ལྔའོ། །གསུང་གི་འཁོར་ལོའི་འཚམས་ཀྱི་གཉིས་དང་། སྐུའི་འཁོར་ལོའི་ལྔ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །སྐུའི་འཁོར་ལོའི་འཚམས་ཀྱི་གསུམ་དང་། ཁ་གདོང་མ་ལ་སོགས་པ་བཞི་དང་། བཅོམ་ལྡན་འདས་མ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །གཤིན་རྗེ་བསྲེག་མ་ལ་སོགས་པ་བཞི་ནི། སྤོང་བ་བཞིའོ། །འདི་རྣམས་ཀྱང་ཚོགས་ནས་བསྒོམ་པའི་ལམ་གྱི་བར་རང་དང་གཞན་གྱི་དོན་བདེ་བླག་ཏུ་འགྲུབ་པར་བྱེད་པ་བྱེ་བྲག་དུ་དཔའ་མོ་སུམ་ཅུ་སོ་བདུན་དང་། དཔལ་ཧེ་རུ་ཀ་ཁོ་ན་ལ་ཡོངས་སུ་རྫོགས་པའི་བདག་ཉིད་དོ། །དེའི་དོན་ནི་གོང་དུ་བཤད་པ་བཞིན་ནོ། །བྱང་ཆུབ་ཀྱི་ཕྱོགས་དང་སྦྱར་བའི་ལེའུ་སྟེ་གསུམ་པའོ། །ལེའུ་བཞི་པ་ཁམས་ཀྱི་དག་པའི་ལེའུ་འདི་ཡང་གཞིའི་གནས་སྐབས་སུ་ནི་ལུས་དངོས་པོའི་གནས་ལུགས་ཡིན་ལ། ལམ་དུ་ནི་དཔའ་བོའི་རྣམ་དག་གོ །འབྲས་བུའི་གནས་སྐབས་སུ་ནི་འདི་ཡོངས་སུ་གྱུར་པ་ལས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ། །འདི་དག་མདོར་བསྟན་པ་ནི། གོང་དུ་དཔའ་མོའི་དག་པ་བསྟན་པ་དེ་ནས། ཁམས་ཀྱི་དག་པ་བསྟན་པར་བྱའོ། །དེ་ཡང་དཔའ་བོ་ནི་དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པ་སྟེ། དེ་ཉིད་ཀྱི་ཡན་ལག་ལུས་ཀྱི་ཆ་ཤས་ཀུན་ལ་གནས་པ་ནི་རྩ་དང་རླུང་དང་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་དོ། །དེ་དག་ཀྱང་རྒྱས་པར་བཤད་པ་ཁམས་ཏེ་དེ་དག་གང་དུ་རྒྱུ་བའི་རྩ་ནི། སྡོམ་འབྱུང་ལས། །ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་ཅུ་རྩ་གཉིས་འགྱུར། །རྩ་རྣམས་དང་ནི་ཉེ་བའི་རྩ། །དེ་དག་གནས་ལ་བརྟེན་པས་སྟེ། བརྒྱ་ལས་ཉི་ཤུ་ལྷག་པའི་རྩ། །གཙོ་བོ་ཞེས་ནི་བྱ་བར་བརྗོད། ཞེས་བྱ་བ་དེ་རྣམས་རྒྱས་པར་བཤད་པ་གོང་དུ་སོང་ནས། ད་ནི་བྱེ་བྲག་དུ་རྩའི་གཙོ་བོ་སུམ་ཅུ་སོ་གཉིས་ལུས་ཀྱི་ཆ་གང་ན་གནས་ཤིང་ལས་གང་བྱེད་པ་དང་། ནང་དུ་ཁམས་གང་རྒྱུ་བ་དང་། ཕྱི་རོལ་གྱི་ཡུལ་གང་ཡིན་པ་དང་། དཔའ་བོ་གང་དག་པ་བཤད་པར་བྱའོ། །དེ་ཡང་སྡོམ་འབྱུང་ལས། རྩ་བའི་གནས་དང་ཡུལ་དང་ནི། །ཉི་ཤུ་རྩ་བཞིའི་གྲངས་ཡིན་ཏེ། །དེ་རྣམས་དབུས་ཀྱི་རྩ་གསུམ་གང་། །ཐམས་ཅད་ཁྱབ་ཅིང་བརྟེན་པའོ། །ཞེས་གསུངས་པས་རྩ་གསུམ་པོ་འདི་ལས་ཐམས་ཅད་གྱེས་པ་ཉིད་དེ། མི་ཕྱེད་མ་ནས་རྐྱང་མའི་བར་བཅོ་ལྔ་གཡོན་གྱི་ཆ་ལ་གནས་ཤིང་ཡར་ངོའི་ཆ་མཚོན་པ་ཤེས་རབ་ཀྱིས་ཆ་དག་པའོ། །རོ་མ་ནས་གཏུམ་མོའི་བར་བཅོ་ལྔ་ནི་གཡས་ཀྱི་ཆ་ལ་གནས་པ་ནག་པོའི་ཚེས་དག་པ་ཐབས་ཀྱི་ཆ་མཚོན་པའོ། །དང་པོ་ནི་སྡོམ་འབྱུང་ལས། མགོ་ནི་པུ་ལི་ར་ཡིན་ཏེ། །སོ་དང་སེན་མོ་འབབ་པའི་གནས། །སྤྱི་གཙུག་ཛ་ལན་དྷ་ར་སྟེ། །སྐྲ་དང་སྤུ་ནི་བབ་པ་གནས། ཨུ་རྒྱན་རྣ་བ་གཡས་པའི་རྩ། །ལྤགས་པ་དང་ནི་སྒྱུ་མ་འབབ། །མགོ་རྒྱབ་ཨར་བུ་ཏ་ཡིན་ཏེ། །ཤ་ནི་ཡང་དག་འབབ་པའི་རྩ། འདི་དག་ཀྱང་མི་ཕྱེད་མ་དང་། ཕྲ་གཟུགས་མ་དང་། བརྩེ་བ་མ་དང་། གཡོན་མ་རྣམས་ཏེ། རབ་ཏུ་གཏུམ་མོ་དང་། གཏུམ་མིག་མ་དང་། འོད་ལྡན་མ་དང་། སྣ་ཆེན་མ་རྣམས་སོ། །རྩ་དེ་དག་གི་ནང་དུ་རྒྱུ་བ་ཁམས་རྣམས་ཐོད་པའི་དུམ་བུ། ཀེ་རུས་ཆེན་པོ། ཀེང་རུས། མཆེ་བ་རྣམ་པར་རྩིགས་པ་རྣམས་ཏེ་གནས་སོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་ཤེས་པར་བྱའོ། །ཀོ་ཏ་ཝ་ལ་རྣ་བ་གཡོན། རྒྱུས་པ་ཡང་དག་དབབ་པའི་རྩ། སྨིན་དབུས་ར་མི་ཤ་རི་སྟེང་། །རྟག་ཏུ་རུས་པ་འབབ་པའོ། །མིག་ནི་དྷེ་བི་ཀོ་ཏ་གནས། །མཆིན་པ་འབབ་པའི་རྩ་གནས་སོ། །མ་ལ་བ་ནི་དཔུང་པ་གཉིས། །སྙིང་འབབ་པའི་རྩ་ཡིན་ནོ། །འདི་དག་ཀྱང་ཐུང་ངུ་མ་དང་། རུས་སྦལ་མ་དང་། བསྒོམ་མ་དང་། དབང་བསྐུར་མ་རྣམས་ཏེ། དཔའ་བའི་བློ་གྲོས་མ་དང་། མི་ཐུང་མ་དང་། ལང་ཀའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་རྣམས་སོ། །དེའི་ནང་དུ་འབབ་པའི་ཁམས་ནི། དཔའ་བོ་ཆང་སྒྲ་ཧ་དང་། སྣ་བ་དཔག་མེད་དང་། རྡོ་རྗེའི་འོད་དང་། རྡོ་རྗེའི་ལུས་ཏེ་ཉེ་བའི་གནས་སོ། །མཆན་ཁུང་ཀ་མ་རུ་བ་སྟེ། རྟག་ཏུ་མིག་ནི་འབབ་པའོ། །ནུ་མ་གཉིས་ནི་ཨོ་ཏྲ་སྟེ། །རྟག་ཏུ་འཁྲིས་པ་འབབ་པའི་རྩ། འདི་ཡང་སྐྱོན་མ་དང་། འཇུག་མ་སྟེ། ས་བསྲུངས་མ་དང་། འཇིགས་བྱེད་ཆེན་མོའོ། །དེའི་ནང་དུ་འབབ་པའི་ཁམས་ནི། མྱུ་གུ་ཅན་དང་རྡོ་རྗེ་རལ་པ་ཅན་ཏེ་ཞིང་ངོ་། །ཏྲི་ཤ་ཀུ་ནི་ལྟེ་བ་སྟེ། །རྩ་ནི་གློ་བ་འབབ་པ་གནས། །སྣ་རྩེ་ཀོ་ས་ལ་ཡིན་ཏེ། །རྒྱུ་མའི་འཕྲེང་བ་འབབ་པའི་གནས། །འདི་ཡང་མ་མོ་དང་། མཚན་མོས་སྟེ། རླུང་གི་ཤུགས་ཅན་མ་དང་། ཆང་འཐུང་མའོ། །དེའི་ནང་དུ་འབབ་པའི་ཁམས་ནི། དཔའ་བོ་ཆེན་པོ་དང་། རྡོ་རྗེ་ཧཱུྃ་ཀ་ར་སྟེ་ཉེ་བའི་ཞིང་ངོ་། །ཁ་ནི་ཀ་ལིང་ཀ་ཡིན་ཏེ། །རྟག་ཏུ་གཉེ་མ་འབབ་པའི་གནས། །མགྲིན་པ་ལམ་པ་ཀ་ཡིན་ཏེ། །རྟག་ཏུ་གློ་བ་འབབ་པའི་རྩ། །འདི་ཡང་བསིལ་སྦྱིན་མ་དང་། ཚ་བ་མ་སྟེ། སྔོ་སངས་མ་དང་། རབ་ཏུ་བཟང་མོའོ། །དེའི་ནང་དུ་འབབ་པའི་ཁམས་ཀྱང་། རབ་ཏུ་བཟང་པོ་དང་། རྡོ་རྗེ་བཟང་པོ་སྟེ། ཚནྩ་དྷོ་ཧའོ། །འདི་དག་ནི་གཡོན་གྱི་རྐྱང་མ་ལས་གྱེས་པའོ། །ཀུན་དར་མ་ནི་དབུས་ཀྱི་རྩའོ། །གཡས་ཀྱི་རོ་མ་ལས་གྱེས་པའི་རྩ་རྣམས་ནི། །ཀན་ཙི་སྙིང་གི་རྩ་ཡིན་སྟེ། །བཤང་བ་འབབ་པའི་རྩ་ཡིན་ནོ། །འདོམ་བར་ཧི་མ་ལ་ཡིན་སྟེ། །འཚོག་མའི་ཁམས་ནི་འབབ་པའི་རྩ། །འདི་ཡང་གཞོལ་མ་དང་། རངས་མ་སྟེ། རྟ་རྣ་མ་དང་། མཁའ་འགྲོ་དགོད་གདོང་མའོ། །དེའི་ནང་དུ་འབབ་པའི་ཁམས་ཀྱང་། འཇིགས་བྱེད་ཆེན་པོ་དང་། མིག་མི་བཟང་སྟེ། ཉེ་བའི་མཚན་དྷོ་ཧའོ། །པྲེ་ཏ་པུ་རི་མཚན་མ་སྟེ། །བད་ཀན་འབབ་པའི་རྩ་ཡིན་ནོ། །གྷྲི་ཧ་དྷེ་ཝ་བཤང་ལམ་སྟེ། རྟག་ཏུ་རྣག་ནི་འབབ་པའོ། །འདི་ཡང་ཤིན་ཏུ་གཟུགས་ཅན་མ་དང་། སྤྱི་མ་སྟེ། འཁོར་ལོའི་ཤུགས་ཅན་མ་དང་། དུང་སྐྱེས་མའོ། །དེའི་ནང་དུ་འབབ་པའི་ཁམས་ཀྱང་། སྟོབས་པོ་ཆེ་དང་། རིན་ཆེན་རྡོ་རྗེ་སྟེ་འདུ་བའོ། །བརླ་གཉིས་སོའུ་ར་ཧླ་སྟེ། །རྟག་ཏུ་ཁྲག་ནི་འབབ་པའོ། །བྱིན་པ་གཉིས་ནི་གསེར་གླིང་གནས། །རྔུལ་འབབ་པའི་རྩ་ཡིན་ནོ། །འདི་ཡང་རྒྱུ་སྦྱིན་མ་དང་། སྦྱོར་བྲལ་མ་སྟེ་རྣ་ཆེན་མ་དང་། འཁོར་ལོའི་གོ་ཆ་མའོ། །དེའི་ནང་འབབ་པའི་ཁམས་ནི། རྟ་མགྲིན་དང་། ནམ་མཁའི་སྙིང་པོ་སྟེ། ཉེ་བའི་འདུ་བ་ཅན་ནོ། །རྐང་པའི་སོར་མོ་ན་ག་ར ། རྟག་ཏུ་ཚིལ་འབབ་རྩར་ཤེས་བྱ། །རྐང་པའི་བོལ་ནི་སི་འདུ་སྟེ། །འཆི་མ་འབབ་པའི་གཟུགས་ཅན་མ། །འདི་ཡང་གདུག་གུ་མ་དང་། གྲུབ་མས་སྟེ། རབ་ཏུ་དཔའ་མོ་དང་། སྟོབས་ཆེན་མའོ། །དེའི་ནང་དུ་འབབ་པའི་ཁམས་ཀྱང་། དཔལ་ཁྲག་འཐུང་དང་། པད་མ་གར་གྱི་དབང་ཕྱུག་སྟེ། དུར་ཁྲོད་དོ། །མ་རུ་དེ་ཤ་མཐེ་བོང་སྟེ། རྟག་ཏུ་འཆིལ་མ་འབབ་པས་གནས། །ཀུ་ལུ་ཏ་ནི་པུས་མོས་སྟེ། །རྟག་ཏུ་སྣ་ཆུ་འབབ་པའི་གནས། །འདི་ཡང་མཚེད་མ་དང་། ཡིད་བཟང་མ་སྟེ། འཁོར་ལོ་བསྒྱུར་མ་དང་། བརྩོན་འགྲུས་ཆེན་མོའོ། །དེའི་ནང་དུ་འབབ་པའི་ཁམས་ཀྱང་རྣམ་པར་སྣང་བྱེད་དང་རྡོ་རྗེ་སེམས་ཏེ་ཉེ་བའི་དྲུག་ཡོད་དོ། །འདི་རྣམས་འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་རིམ་པ་ཅི་ལྟ་བ་བཞིན་དུ་ཡིན་ནོ། །དེའི་ལྷག་མ་རྣམས་ནི་སྙིང་ཁའི་པད་མའི་དབུས་དང་ཕྱོགས་ཀྱི་འདབ་མ་རྣམས་ལ། སུམ་བསྐོར་མ་དང་། འོད་ལྡན་མ་དང་། ཁྱིམ་གནས་མ་དང་། གཏུམ་མོ་དང་། བདུད་བྲལ་མའོ། །དེ་དག་གི་ལས་ནི། སུམ་བསྐོར་མས་མིག་གིས་གཟུགས་འཛིན་པའི་བདག་རྐྱེན་བྱེད། འདོད་མས་སྒྲ་བས་སྒྲ། ཁྱིམ་མས་རྣམས་དྲི། གཏུམ་མོས་ལྕེས་རོ། །བདུད་བྲལ་མས་ལུས་ཀྱིས་རེག་བྱ་འཛིན་ཅེས་འཆད་ལ། རྡོ་རྗེ་སྙིང་པོ་དང་། ནཱ་རོ་པའི་འགྲེལ་ཆེན་ལས། བདུད་བྲལ་མ་ནས་ཅེའུ་ཆུང་ནས་བདུད་རྩིའི་བཏུང་བ་འབབ་ཅེས་གསུངས་སྟེ། འདི་དག་ཀྱང་རིམ་པ་ལྟར་གོང་མ་བཞི། མཁའ་འགྲོ་མ་དང་། ལ་མ་དང་དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་སོ། །བདུད་བྲལ་མ་ནི་དཔལ་ཧེ་རུ་ཀ་ཉིད་དོ། །འདི་དག་གི་ཁམས་ཀྱི་དག་པའང་གཏི་མུག་རྡོ་རྗེ་ལ་སོགས་ཡིན་ཏེ་གོང་དུ་བཤད་པ་བཞིན་ནོ། །རྩ་གསུམ་པོ་ནི་དཔལ་རྡོ་རྗེ་རྣལ་འབྱོར་མའི་བདག་ཉིད་དོ། །འདི་བྱེད་ལས་ཀྱང་། སྡོམ་འབྱུང་ལས། དེ་དག་དབུས་ན་གནས་པའི་གནད། །ལ་མ་ལ་ནི་ལྕི་བ་འབབ། །གཡས་སུ་ཁྲག་ནི་འབབ་པའི་རྩ། །ར་ས་ན་ཞེས་གྲགས་པ་ཡིན། །དབུས་ཀྱི་རྩར་ནི་ཡང་དག་འཇུག །སྙིང་ཁའི་ཆུ་སྐྱེས་དབུས་སོན་པ། །ཆུ་ཤིང་སྙི་མའི་མེ་ཏོག་བཞིན། །འཕྱང་མ་ཁ་ཐུར་དུ་བལྟས། །ཏིལ་གྱི་མར་མེ་ལྟར་འབར་ཞིང་། །བྱང་ཆུབ་སེམས་དཔའ་སེམས་མི་བྱ། །ཨ་ཝ་དྷུ་ཏིར་ཤེས་བྱས་སྟེ། །ལྷན་ཅིག་སྐྱེས་ཏེ་བྱེད་པའོ། །ཞེས་གསུངས་སོ། །དེ་ལྟར་རྩ་དེ་དག་ཏུ་རྒྱུ་བའི་རླུང་བཤད་ན། ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་སོགས་པ་རྒྱུ་སྟེ། དེ་ཡང་གཡས་དང་གཡོན་གྱིས་ཆ་ལ་བསྐྱེད་པ་དང་། བསྡུད་པའི་རིམ་པས་ས་ཆུ་མེ་རླུང་ནམ་མཁའི་བར་དུ་རྒྱུ་བའི་རླུང་རྣམས་རྒྱུད་འདིར་ཐུན་ཆེན་བརྒྱད་དང་འཕོ་བ་བཅུ་དྲུག་དང་། ཆུ་ཚོད་སུམ་ཅུ་སོ་གཉིས་དང་། དབྱུག་གུ་དྲུག་ཅུ་རྩ་བཞི་སྟེ། དེའི་རིམ་པའང་། སྡོམ་འབྱུང་ལས། ཐུན་བཞི་ཉིན་མོར་ཤེས་བྱ་སྟེ། །དེ་བཞིན་མཚན་མོ་ཐུན་བཞིའོ། །ཞག་གཅིག་ལ་ནི་འཕོ་བ་ཡིས། །ཡན་ལག་དྲུག་ཅུ་རྣམས་ཡིན་ཏེ། །ཐུན་ནི་ཕྱེད་ཕྱེད་རྣམས་སུ་རླུང་། །སྣའི་བུ་གར་ཡང་དག་རྒྱུད། །ཞེས་གསུངས་པས། ཞག་གཅིག་ལ་ས་ཆུ་མེ་རླུང་གི་འབྱུང་བའི་དབྱེ་བས་ཐུན་བཞིའོ། །དེ་ཉིད་བསྐྱེད་པ་དང་བསྡུད་པའི་རིམ་པ་བརྒྱད་དེ། དེ་ཡང་གཡས་གཡོན་དུ་འཕོ་བའི་རིམ་པ་བཅུ་གཉིས། འབྱུང་ཆུང་གི་འཕོ་བ་བཅུ་དྲུག་སྟེ། འཕོ་ཆུང་རེ་ལ་དབྱུག་གུ་གཉིས་ཏེ། དེ་ལྟར་ན་ཆུ་ཚོད་སུམ་ཅུ་དང་། སུམ་ཅུ་སོ་གཉིས་དང་། དབྱུག་གུ་དྲུག་ཅུ་དང་། དྲུག་ཅུ་རྩ་བཞི་སྟེ། འདི་དག་གི་བར་ན་ཡེ་ཤེས་ཀྱི་རླུང་རྒྱུ་བ་ནི། རླུང་ཉི་ཁྲི་གཅིག་སྟོང་དྲུག་ལ་དཀྱིལ་འཁོར་དྲུག་ཅུ་བགོས་པས་སུམ་ཅུ་དྲུག་ཅུས་ཐོབ་པ་ནི། འཕོ་བ་བཅུ་གཉིས་འདོད་པའི་འཕོ་ཆུང་ངོ་། །འཕོ་ཆུང་རེའི་བར་ནས། དབུས་མའི་ཆ་ལ་བཅུ་གཅིག་དང་བཞི་ཆ་རྒྱུའོ། །མ་རིག་པ་ལ་སོགས་པའི་འཕོ་བ་ཆེན་པོ་རེ་རེ་ལ་ནི། ལས་ཀྱི་རླུང་སྟོང་བརྒྱད་བརྒྱ་རྒྱུ་བའི་ནང་ནས་ཡེ་ཤེས་ཀྱི་རླུང་དབུ་མའི་ཆ་ལ་ལྔ་བཅུ་རྩ་དྲུག་དང་བཞི་ཆ་རྒྱུའོ། །དེ་དག་གི་རླུང་དྲངས་ཀྱང་། དབུགས་དྲུག་གིས་ཆུ་སྲང་གཅིག་གོ །ཆུ་སྲང་དྲུག་ཅུ་པ་ཡིན་ནོ། །ཆུ་སྲང་ལྔ་བཅུ་དྲུག་དང་ཆ་གཅིག་ལ་དབྱུག་གུ་བྱེད་པ་ནི་དྲུག་ཅུ་རྩ་བཞི་པ་ཡིན་ནོ། །ཐུན་བཞིའི་ཐུན་རེ་ལ་དབུགས་ལྔ་སྟོང་བཞི་བརྒྱ། བརྒྱད་ཆ་རེ་ལ་ཉི་སྟོང་བདུན་བརྒྱ། འཕོ་བ་གཅིག་ལ་སུམ་སྟོང་བརྒྱ་ལྔ་བཅུ། ཆུ་ཚོད་ལ་དྲུག་བརྒྱ་བདུན་ཅུ་རྩ་ལྔ། དབྱུག་གུ་ལ་སུམ་བརྒྱ་སུམ་ཅུ་ཕྱེད་དང་བརྒྱད་རླུང་འདི་དག་སོ་སོའི་འཛིན་སྟངས་དང་སྦྱར་སྟེ། བུམ་པ་ཅན་དུ་བཟུང་བ་དང་། ཁ་དོག་དང་དབྱིབས་དང་། རྒྱ་ཡན་དང་། བགྲང་ཞིང་རྩི་བ་ལ་བསླབ་པས་ཚེ་ལ་སོགས་པའི་ཡོན་ཏན་དུ་མ་འབྱུང་ཞིང་། རླུང་ལས་སུ་མ་རུངས་པས་དུས་མ་ཡིན་པར་འཆི་བ་ལ་སོགས་པ་བསྐྱེད་པར་བྱེད་དེ། དེ་ལྟར་རྩ་རླུང་བྱང་ཆུབ་ཀྱི་སེམས་ཀྱང་སྦྱོང་བྱེད་དེ་ཉིད་ཀྱིས་འབྲས་བུ་མཚན་བཟང་པོ་སུམ་བཅུ་སོ་གཉིས་འགྲུབ་པར་བྱེད་དོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཁམས་རྣམས་བསྟན་པས་སྟེ་ལེའུ་བཞི་པའོ། །ལེའུ་འདི་ལ་སོགས་པའི་ལེའུ་ལྔ་པ་ནི་གོང་དུ་མདོར་བསྟན་པ་ཞེས་བྱ་བའི་དོན་འཆད་དེ། ཁོང་སྡོམ་ནི་གསུམ་ལས་ལམ་གྱིས་རིམ་པ་དེ་ལས་བསྐྱེད་རིམས་ཀྱི་ལུས་སོ། །དེ་ཉིད་འཚམས་སྦྱར་བ། གོང་དུ་གཞི་ལམ་འབྲས་གསུམ་གྱི་དག་པ་གསུངས་པ་དེ་ནས་གཞན་ཡང་དཀྱིལ་འཁོར་གྱི་ལྷ་དང་གནས་ལ་སོགས་པ་བཤད་པར་བྱ་སྟེ། དེས་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་བསྒྲུབ་པ་པོས་ཤེས་ནས་བསྒྲུབས་པ་ཙམ་གྱིས་ཤེས་པར་འགྱུར་རོ། །དེ་ལྟ་བུའི་བསྒྲུབ་བྱ་དེ་མདོར་བསྟན་པ། ཅི་ལྟར་ནང་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཀྱིས་སྦྱང་གཞི་ཤེས་པ་སྟེ། སྦྱོང་བྱེད་ཕྱི་དབྱིབས་ཀྱི་བསྐྱེད་པའི་རིམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལའང་དེ་ལྟར་ཡིན་ལ་འབྲས་བུའི་རྣམ་པར་དག་པ་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་བསྟན་པའང་འདི་ཉིད་དུ་འདུས་པ་ཉིད་དེ། དེ་ནི་ཐམས་ཅད་ཀྱི་སྙིང་པོའོ། །དེ་ཉིད་རྒྱས་པར་བཤད་པ། འདི་དག་ཀྱང་བསྒོམ་པའི་ཚུལ་ནི། སྔོན་དུ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་པ་དང་། བསྲུངས་བའི་འཁོར་ལོ་ལ་སོགས་པ་བསྒོམས་ནས། དེའི་འོག་ཏུ་རང་གིས་སྙིང་ཁར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡིག་གེ་ཧཱུྃ་རྡོ་རྗེ་སེམས་དཔའི་ངོ་བོ་འོད་ཟེར་སྣ་ཚོགས་འཕྲོ་བ་བསམས་ལ་དེའི་སྣང་བས་མདུན་དུ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་བསམས་ལ་ཚོགས་བསག་གོ །དེ་ནས་ཡེ་ཤེས་ཀྱིས་ཚོགས་བསག་གོ །དེ་ནས་རྟེན་བརྟེན་པའི་ཚུལ་གྱི་དཀྱིལ་འཁོར་བསྐྱེད་ཀྱི་འཁོར་ལོ་བསྐྱེད་ནི་ན་ད་ལས་འོད་འཕྲོས་པས་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་བ་དན་གྱི་མཚན་པ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོ་འབར་བས་མཚན་པ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་བུམ་པས་མཚན་པ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ་རྩེ་གསུམ་པས་མཚན་པ། སུཾ་ལས་ལྷུན་པོ་རིན་པོ་ཆེ་བཞིའི་རང་བཞིན་ཅན་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། པཾ་ལས་སྣ་ཚོགས་པད་མ་དེ་དག་གི་སྟེང་དུ་བྷྲཱུཾ་ལས་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་བཅས་པ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ་དུར་ཁྲོད་བརྒྱད་དང་ལྡན་པ། བསྲུང་བའི་འཁོར་ལོ་དང་བཅས་པ་བསྐྱེད་དོ། །དེ་ལྟར་སྟོན་པ་ནི། བྷཱཻ་རཾ་ཞེས་པ། བྷ་ཡུ་བྷེ་ཛ་ལ་རཾ། ཞེས་པ་མེ་རླུང་གིས་ས་བོན་ནོ། །དེ་ལ་སོགས་པ་ནི་བཾ་ལཾ་སུཾ་ཧཱུྃ་རྣམས་ཡིན་ནོ། །བླ་མ་རྒྱུད་པའི་རིམ་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །དེ་ཉིད་ཀྱི་ཞལ་ནས་གསུངས་པའི་ཆོ་གའི་རིམ་པ་ནི་འདི་ཉིད་དོ། །སྣ་ཚོགས་པད་མ་ནི་ལྷའི་གདན་ནོ། །ད་ནི་བརྟེན་པ་ལྷ་བསྐྱེད་པ། དེའི་དབུས་བཞུགས་དཔའ་བོ་ལ་སོགས་པ་སྟེ། གཞལ་ཡས་ཁང་གི་དབུས་སུ་པད་མ་དང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དང་ཧཱུྃ་ལས་བྱུང་བའི་དཔའ་བོ་བཅོམ་ལྡན་འདས་ཏེ་ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་བཅས་པ་འོག་ནས་སྟོན་པར་འགྱུར་བའི་སྐུ་མདོག་དང་ཕྱག་མཚན་ཅན། ཡིད་བཞིན་གྱི་ནོར་བུ་ལྟར་འདོད་པ་ཀུན་སྟེར་བར་མཛད་པའོ། །དེའི་ཤར་ལ་སོགས་པར་མཁའ་འགྲོ་མ་ལ་སོགས་པ་བཞི་སྟེ། ལྷན་ཅིག་སྐྱེས་པའི་མཁའ་ལ་འགྲོ་བ་ཉིད་དང་། འཁོར་བ་ལ་དམ་ཚིག་རྗེས་སུ་སྟོན་པར་མཛད་པས་ན་ལམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དུམ་བུ་ལྟ་བུར་གྱུར་པའི་དོན་དང་། རིན་པོ་ཆེ་ལྟར་གཟུགས་ཀྱི་མཆོག་ཏུ་གྱུར་པའི་མཚན་ཉིད་ཅན་གྱིས་མཁའ་འགྲོ་མ་བཞི་པོ་ཕྱོགས་སུའོ། །མཚམས་སུ་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། བྱ་བ་གྲུབ་པ་དང་། སོ་སོར་རྟོག་པའི་རང་བཞིན་བདུད་རྩི་ལྔས་གང་བའི་ཐོད་པ་བཞི་དང་། ནང་དུ་རྩ་གཟུགས་ལ་སོགས་པ་འཛིན་པ་བཞིའོ། །འཁོར་ལོ་གསུམ་མདོར་བསྟན་པ། དེའི་འོག་ཏུ་པཱུ་ཛ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ་བཞི་ཕྱི་རོལ་དུ་ཡུལ་ཉི་ཤུ་རྩ་བཞི་རྣམ་པར་དག་པ་དང་། བར་དུ་ཕྱོགས་དང་ཕྱོགས་མཚམས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ས་བོན་འཁོར་ལོའི་དབུས་སུ་དགོད་པའོ། །དེ་དག་ཀྱང་རྒྱས་པར་བསྟན་པ་ལ་གང་ཞེ་ན། པུ་ལི་ར་མ་ལར་དཔའ་བོ་ཐོད་པའི་དུམ་བུ་དང་། ཞེས་པ་ནས། རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ཆེན་མོའི་བར་ཕྱོགས་རྣམས་གཡོན་བསྐོར། མཚམས་རྣམས་གཡས་བསྐོར་དུ་དགོད་པའོ། །དམ་ཚིག་གི་འཁོར་ལོ་ནི། ཁྭ་དང་། འུག་པ་དང་། ཁྱི་དང་། ཕག་གི་གདོང་པ་ཅན་རྣམས་ནི་སྒོར་གཡོན་བསྐོར་དུ་དགོད་དོ། །གཤིན་རྗེ་བསྲེག་མ་དང་། ཕོ་ཉ་མ་དང་། མཆེ་བ་མ་དང་། འཇོམས་མ་ནི་མཚམས་སུ་གཡས་བསྐོར་དུའོ། །དཔའ་བོ་དང་རྣལ་འབྱོར་མ་འདི་རྣམས་ཀྱི་སྐུ་མདོག་དང་། རྣམ་པ་དང་ཕྱག་མཚན་ནི་འོག་ཏུ་འཆད་དོ། །འདི་དག་ཇི་ལྟར་ཡིན་པའི་དོན་ནི་ལེའུ་བཅུ་བདུན་པར་འཆད་དོ། །མཇུག་བསྡུ་བ་ནི། དེ་ལྟར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཕྱི་རོལ་དུ་ནི་ཡུལ་ཆེན་པོར་གནས་ལ། བར་དུ་ནི་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམ་ཞིང་ནང་དུ་ནི་ལུས་ཀྱི་སྤྱི་བོ་ལ་སོགས་པ་རྣམས་སུ་དགོད་པར་བྱ་བ་ཡིན་ནོ། །དེ་ལྟ་བུའི་བདག་ཉིད་ཀྱིས་བཅོམ་ལྡན་འདས་ཅི་སྲིད་རྣམ་པར་རྟོག་པ་མི་གཡོ་ཞིང་། དོན་དམ་པ་དང་གཉིས་སུ་མེད་པར་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང་གཉིས་སུ་མེད་པར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱ་བ་ཡིན་ནོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པའི་རྒྱུད་ལས་དཔའ་བོ་དང་རྣལ་འབྱོར་མ་རྣམས་གང་དུ་དགོད་པའི་གནས་བསྟན་པ་སྟེ་ལེའུ་ལྔ་པའོ། །ལེའུ་དྲུག་པ་ལ་གསུམ་ལས། མཚམས་སྦྱར་བ་འདི་ཡང་གོང་གི་དཀྱིལ་འཁོར་བསྟན་པ་དེ་ནས་དཀྱིལ་འཁོར་གྱི་བདག་པོ་དཔལ་ཧེ་རུ་ཀ་ལ་སོགས་པ་ཀུན་གྱི་མཚན་མ་དང་ཕྱག་རྒྱ་དང་དབྱིབས་རྣམས་གཞིའི་རྒྱུད་དུ་སྦས་པ་དེ་འདིར་ལམ་དུ་ངེས་པར་སྣང་བར་བྱའོ། །དེ་ཉིད་རྒྱས་པར་གསུངས་པ་ལ་ལྔ་ལས་ཐོག་མར་བཅོམ་ལྡན་འདས་ཀྱི་རྣམ་པ་ནི། རྒྱལ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངའ་བདག་ཆེན་པོ་དཔལ་ཁྲག་འཐུང་གི་གདུག་པ་ཅན། དབང་ཕྱུག་ཆེན་པོ་ལ་སོགས་པ་རབ་ཏུ་འཇོམས་ཤིང་ཞབས་ཀྱི་གནན་པ་བརྟེན་ཅིང་འབྲེལ་བ་བཅུ་གཉིས་དག་པའི་ཕྱག་དང་པོ་གཉིས་ཀྱི་ནི་རྣམ་པར་མི་རྟོག་པས་མི་ཕྱེད་པའི་ཕྱིར་རྡོ་རྗེ་དང་། སྙིང་རྗེའི་བདག་ཉིད་ཀྱིས་དྲིལ་བུ་འཛིན་ཅིང་། བདེ་སྟོང་དབྱེར་མི་ཕྱེད་པས་ན་འཁྱུད་པའོ། །གཞན་གཉིས་ཀྱིས་ནི་གཏི་མུག་འཇོམས་པའི་ཕྱིར་གླང་པོ་ཆེའི་ལྤགས་པ་འཛིན་པ། དེ་བཞིན་དུ་གཡས་རྣམས་སུ་རིམ་པ་ལྟར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྒྲ་སྒྲོགས་པའི་ཌ་མ་རུ་དང་། རྣམ་རྟོག་གཅོད་པའི་དགྲ་སྟ་དང་། ང་རྒྱལ་ལ་སོགས་སྐྱོན་དྲུག་གཅོད་པའི་གྲི་གུག་དང་། དུག་གསུམ་འཇོམས་པའི་ཕྱིར་རྩེ་གསུམ་བསྣམས་པའོ། །གཡོན་པ་རྣམས་སུ་རིམ་པ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མཚོན་པའི་བརྡར་ཁ་ཊྶཱཾ་ཀ་དང་། བདུད་འདུལ་བའི་བརྡར་ཐོད་ཁྲག་དང་། ཐབས་ཆེན་པོའི་ཞགས་པ་དང་། ལྟ་བ་ངན་པ་ཐམས་ཅད་སྤངས་པའི་ཕྱིར་ཚངས་པའི་མགོ་བོ་བསྣམས་པའོ། །ཕྱག་དང་སྤྱན་གྱི་ཕྱག་ཉི་ཤུ་རྩ་བཞིའི་ཕྱེད་པ་འདུ་བྱེད་དག་པའི་ཕྱིར་ཐོད་པའི་འཕྲེང་བ་ཅན། བྱམས་པའི་ཐུགས་ཀྱིས་སྐུ་མདོག་མཐིང་ཀའོ། །བཅོམ་ལྡན་འདས་མ་ནི་བཅོམ་ལྡན་འདས་དང་དབྱེར་མི་ཕྱེད་པའི་རང་བཞིན་ཅན་གཞུང་ནས་འབྱུང་བ་བཞིན་ནོ། །གཉིས་ཀ་ཁ་སྦྱོར་གཉིས་སུ་མེད་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་ནོ། །མཁའ་འགྲོ་མ་བཞི་པོ་གཡོན་པ་ཁ་ཊྶཱཾ་ག་དང་ཐོད་པ་ཅན། གཡས་པ་གྲི་གུག་དང་ཌ་མ་རུ། ཐལ་བ་མ་གཏོགས་པའི་ཕྱག་རྒྱ་ལྔས་བརྒྱན་པའོ། །ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་ཉི་ཤུ་རྩ་བཞི་ནི་ཐལ་བ་དང་བཅས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། རལ་པའི་ཅོད་པཎ་གྱིས་བརྒྱན་པ་རང་རང་གིས་མཚན་མ་ནི། ལུ་ཧི་པའི་བཞེད་པས་ཕྱག་རྒྱ་ཡིན་ལ། ནག་པོ་པའི་བཞེད་པས་ནི་རྡོ་རྗེ་དང་པད་མ་དང་འཁོར་ལོ་རྣམས་གཡས་ན་བསྣམས་པ་ཡིན་ནོ། །ཞེས་གསུངས་སོ། །ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་རང་བཞིན་ཅན་འགྲོ་བའི་དོན་མཛད་པ་ལ་རྗེས་སུ་ཆགས་པ་ཉིད་དོ། །རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ནི། སྤྱན་གསུམ་པ་དབུ་སྐྲ་གྲོལ་བས་རྣམ་པར་མཛེས་པ། དབུའི་ནོར་བུ་དང་། སྙན་ཆ་དང་། མགུལ་རྒྱན་དང་། ཕྱག་གདུབ་དང་། སྐེ་རགས་རྣམ་པ་ལྔ་ཡིས་བརྒྱན་པ། གྲི་གུག་དང་ཐོད་པས་འཁྱུད་པའོ། །དཔལ་ཧེ་རུ་ཀ་ལ་སོགས་པའི་དཔའ་བོ་རྣམས་གཡས་བརྐྱང་པ་དང་ལྡན་པའི་ཞབས་ཀྱིས་བཞུགས་པ། དེ་དག་གི་རྒྱན་ཡང་མགུར་ཆུ་ལ་སོགས་པ་དྲུག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པ། ཕྱག་གདུབ་ནི་སྦྱིན་པ། དེ་ཡང་མགུར་ཆུ་ནི་ཚུལ་ཁྲིམས། སྙན་ཆ་ནི་བཟོད་པ། དབུའི་ནོར་བུ་ནི་བརྩོན་འགྲུས། སྐུ་རགས་ནི་བསམ་གཏན། ཐལ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ལྷ་མོ་རྣམས་ཀྱི་ཕྱག་རྒྱ་ལྔ་ཡང་སངས་རྒྱས་དག་པ་ཡིན་ཏེ། དགྱེས་པའི་རྡོ་རྗེ་ལས། འཁོར་ལོའི་གཟུགས་ཀྱི་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། མགུལ་གྱི་འཕྲེང་བ་རིན་ཆེན་བདག །ལག་པར་རྣམ་པར་སྣང་མཛད་བརྗོད། །སྐེད་པ་ལ་ནི་དོན་ཡོད་ཉིད། །ཞེས་གསུངས་སོ། །མཇུག་བསྡུད་པ་འདི་དག་ཀྱང་། བཅོས་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལ་ཡོངས་སུ་རྫོགས་པས་ལུས་ཀྱི་དཀྱིལ་འཁོར་དུ་ཡང་བསྒོམ་པ་ཡང་ཡིན་ལ་རིགས་གསུམ་པོ་དེ་ཉིད་ཀྱིས་ཕྱེ་བ་ཡང་ཡིན་ནོ། །གསུམ་པོ་རང་གང་ཞེ་ན། ཡི་གེ་གསུམ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་ཨཱོཾ། གསུང་ནི་ཨཱཿ ཐུགས་ནི་ཧཱུཾ། འདི་ནི་ས་འོག་ས་སྟེངས་ས་བླ་གསུམ་གྱི་རང་བཞིན་སྟེ། དེས་ན་འདི་ཉིད་བསྒོམས་པས་དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་ནོ། །སྒོ་མཚམས་མ་རྣམས་ནི། ཁྭ་གདོང་མ་ལ་སོགས་པ་བཞི་དང་། གཤིན་རྗེ་བསྲེག་མ་ལ་སོགས་པ་བཞི་དང་བརྒྱད་མཁའ་འགྲོ་མ་ལ་སོགས་པ་ཅི་ལྟ་བ་བཞིན་ཏེ་མཚམས་ཀྱི་ལྷ་མོ་རྣམས་ནི་གཟུགས་གཉིས་མ་རོའི་གདན་ཅན་ཏེ་དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་རྫོགས་པར་བསྟན་ནས། མདོག་དབྱེ་བའི་ཆོ་ག་ཞེས་བྱ་བ། དཔལ་ཧེ་རུ་ཀ་ནི་མཐིང་ཀ །རྣལ་འབྱོར་མ་དམར་མོ། མཁའ་འགྲོ་མ་མཐིང་ཁ། ལ་མ་ལྗང་ཁུ། དུམ་སྐྱེས་མ་དམར་མོ། །གཟུགས་ཅན་མ་སེར་མོ། །ཐུགས་ཀྱི་འཁོར་ལོ་མཐིང་ཁ། གསུང་གི་འཁོར་ལོ་དམར་པོ། སྐུའི་འཁོར་ལོ་དཀར་པོ། སྒོ་མཚམས་མ་རྣམས་ཕྱོགས་དང་མཚམས་ཀྱི་ཁ་དོག་བཞིན་ནོ། །དེ་ལྟར་བསྒོམ་པའི་ཕན་ཡོན་ནི། དེའི་བསོད་ནམས་གང་གྱུར་པ། ལ་སོགས་པའི་ཚིག་བཞིས་ཡོན་ཏན་རྒྱ་མཚོ་ཆེན་པོ་འབྱུང་བར་བསྟན་ཏོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་ལྷ་རྣམས་ཀྱི་རྣམ་པ་དང་། སྐུ་མདོག་དང་ཕྱག་མཚན་བསྟན་པ་སྟེ་ལེའུ་དྲུག་པའོ། །ལེའུ་བདུན་པ་གོ་ཆ་བསྟན་པ་འདི་ཡང་གཞི་ལ་ཤེས་བྱེད་ཀྱི་ཐབས་དབང་བསྐུར་བ་འདི་ལ། སློབ་མ་སྟ་གོན་གྱི་སྐབས་སུ་བགོས་ལ། ལམ་ལ་ནི་བསྐྱེད་པའི་རིམ་པ་དངོས་ཡིན་ཏེ། འབྲས་བུ་ནི་གནས་སྐབས་ཀྱི་ལས་ཚོགས་འདི་ཉིད་ཀྱི་སྒོ་ནས་བསྒྲུབ་པའམ། ཡང་ན་འདིས་ལུས་ལ་བཀོད་པས་གཞན་བསྒྲུབ་པ་གཉིས་ཀ་ལ་དགོས་སོ། །ད་ནི་ཚིག་གི་དོན་མདོར་བསྟན་པ་དེ་ནས་དཔའ་བོ་དང་དཔའ་མོའི་གོ་ཆ་གཉིས་བཤད་པར་བྱ་སྟེ་བསྒྲུབ་པ་པོ་གང་གིས་ཆ་འདི་ཤེས་པ་ལ་བརྟེན་ནས་ལས་ཐམས་ཅད་འགྲུབ་ཅིང་དངོས་གྲུབ་ཐོབ་པར་བྱེད། དེ་ལྟ་བུའི་གོ་ཆ་འདི་ཡང་འཁོར་ལོ་སྡོམ་པ་འདི་མ་གཏོགས་པའི་རྒྱུད་གཞན་དུ་སྦས་པ་འདི་ཉིད་དུ་གཏན་ལ་དབབ་པའོ། །རྒྱུད་དུ་སྦས་པ་ཞེས་བྱ་བ་ཁ་ཅིག་ན་རེ། རྩ་བའི་རྒྱུད་ལ་སྦས་པ་ཞེས་གསུངས་ཏེ། དེ་ལྟར་ན་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། གོ་ཆ་གཉིས་ལས་རབ་འབྱམས་དང་བཅས་པ་འདིས་བསྐལ་པར་འགྱུར་རོ་མཉམ་མོ། །ད་ནི་གོ་ཆ་གཉིས་བཤད་པ་དེ་ལས་ཐོག་མར་ཡབ་ཀྱི་གོ་ཆ་ནི། ཨོཾ་ཧ་ཡིས་ཡིག་གེ་ལས་གནས་སྙིང་ཁར་རྡོ་རྗེ་སེམས་དཔའ་སྟེ། གཞན་དག་ཀྱང་དེས་འགྲེའོ། །ཡུམ་ལའང་དེ་བཞིན་ནོ། །འདི་དག་ཀྱང་དཔའ་བོ་དཔའ་མོའི་གོ་ཆ་སྟེ། དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ཉིད་ཀྱིས་སྤྲུལ་པའོ། །དེ་ཉིད་ཀྱང་བསྒོམ་པའི་གནས་སྐབས་ན། ཨོཾ་ན་ཞེས་བྱ་བ་ལ་སོགས་པ་ནི་སྔགས་དང་ལྷ་རྣམས་དབྱེར་མེད་པའི་ཕྱིར་དེ་དང་དེ་དག་གི་ཁ་དོག་དང་ལྡན་པའི་སྔགས་བསྒོམ་པར་བྱའོ། །ཡང་ན་དེ་དང་དེ་དག་གི་སྔགས་རྣམས་བསྐྱེད་ལ། གནས་དེ་དང་དེ་རྣམས་སུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པར་བྱའོ། །རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། པད་མ་གར་གྱི་དབང་ཕྱུག་མ། དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཉི་མ་དང་། རྟ་མཆོག་རྣམས་ནི་ཁ་དོག་དཀར་པོ་དང་། སེར་པོ་དང་། དམར་པོ་དང་ནག་པོ་དང་། སེར་པོ་དང་ལྗང་ཁུ་རྣམས་སོ། །རྡོ་རྗེ་སེམས་དཔའ་ནི་ཞལ་གསུམ་ཕྱག་དྲུག་པའོ། །དེ་ལས་གཞན་པ་རྣམས་ནི་ཞལ་གཅིག་ཕྱག་བཞི་པའོ། །རྡོ་རྗེ་སེམས་དཔའི་ཕྱག་གཡས་པས་རྡོ་རྗེ་དང་། ཌ་མ་རུ་དང་། ཚངས་པའི་མགོ་བོ་བསྣམས་པའོ། །ཕྱག་གཡོན་པ་རྣམས་ནི། དྲིལ་བུ་དང་། ཐོད་པ་དང་། ཁ་ཊྶཱཾ་ག་བསྣམས་པའོ། །རྡོ་རྗེ་སེམས་དཔའི་ཞལ་ནི་དཀར་པོ་དང་དམར་པོ་དང་ནག་པོ་སྟེ། རྩ་བ་དང་གཡས་དང་གཡོན་པ་རྣམས་སོ། །འདི་ལས་གཞན་རྣམས་ཀྱི་གཡས་དང་པོ་རྣམས་ཀྱིས་ནི་འཁོར་ལོ་དང་། པད་མ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། རལ་གྲི་དང་། ཌ་མ་རུ་བསྣམས་པའོ། །གཡོན་པའི་ཕྱག་རྣམས་ཀྱིས་ནི་དྲིལ་བུ་དང་ཐོད་པ་དང་། ཁ་ཊྶཱཾ་ག་དང་བཅས་པ་བསྣམས་པའོ། །ཕག་མོའི་ཞལ་དམར་བ་དང་། སྔོ་བ་དང་། ལྗང་བ་རྣམས་ཏེ་ཕྱག་གཡོན་པ་རྣམས་ཀྱིས་ཁ་ཊྶཱཾ་ག་དང་ཐོད་པ་དང་ཞགས་པ་བསྣམས་ཤིང་། ཕྱག་གཡས་པ་རྣམས་ཀྱིས་ནི་ལྕགས་ཀྱུ་དང་། ཚངས་པའི་མགོ་བོ་དང་། གྲི་གུག་བསྣམས་པའོ། །ཡ་མི་ནི་དང་། རྨོངས་བྱེད་མ་དང་། བསྒྲོད་བྱེད་མ་དང་། སྐྲག་བྱེད་མ་དང་། ཙར་ཙི་ཀ་རྣམས་ནི་ཁ་དོག་སྔོན་པོ་དང་། དཀར་མོ་དང་། སེར་མོ་དང་། ལྗང་ཁུ་དང་། དུ་བའི་མདོག་ལྟ་བུ་སྟེ། ཞལ་གཅིག་ཕྱག་བཞི་མ། གཅེར་བུ་སྐྲ་གྲོལ་བ། སྤྱན་གསུམ་དང་ལྡན་པའོ། །ཕྱག་གཡོན་པ་རྣམས་ཀྱི་ནི་ཐོད་པ་དང་། ཁ་ཊྶཱཾ་ག་དང་། དྲིལ་བུ་བསྣམས་ཤིང་། གཡས་པ་རྣམས་ཀྱིས་ནི་ཌ་མ་རུ་དང་། གྲི་གུག་བསྣམས་པ་སྟེ། ཐམས་ཅད་གཡས་བརྐྱང་པས་བཞུགས་ཤིང་སྤྱན་གསུམ་དང་ལྡན་པ་རྣམས་སོ། །གོ་ཆ་ཉིད་ཅེས་བྱ་བའི་དོན་ནི། ལྤགས་པའི་ནང་དུ་སོང་བའི་རྡུལ་ཕྲན་ཀྱང་དེའི་རང་བཞིན་དུ་བསྒོམ་པའོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་གོ་ཆ་གཉིས་བསྟན་པ་སྟེ་ལེའུ་བདུན་པའོ། །ལེའུ་བརྒྱད་ནི་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་། དེ་ཁོ་ནའི་མཆོད་པ་བསྟན་པ་ལས་དང་པོ་ནི་གཞིའི་སྐབས་སུ་ཤེས་བྱེད་ཀྱི་དབང་བསྐུར་བ་ལ་དགོས་ལ་ལམ་དུ་ནི་བསྐྱེད་རིམས་ཀྱི་ལུས་དང་ཡན་ལག་ཀུན་ལ་དགོས་སོ། །དེ་ཉིད་མདོར་བསྟན་པ་གོང་དུ་གོ་ཆ་གཉིས་ཀྱི་བདག་ཉིད་བསྟན་པ་དེ་ནས། ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་དབང་བསྐུར་བ་བསྟན་པ། ལུས་ཀྱི་ལས་སུ་འབར་བའི་ཕྱག་རྒྱ་དང་། ངག་སྔགས་དང་། ཡིད་ཏིང་ངེ་འཛིན་གྱི་སྦྱོར་བས་དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་མྱུར་དུ་གཞུག་པར་བྱ་བའི་ཕྱིར་དོན་དེ་ཉིད་རྒྱས་པར་གསུངས་པ། དེ་ལ་ལུས་ཀྱིས་ནི། རྐང་པ་གཡོན་པས་གཡས་པའི་མཐེ་བོང་མནན་ཅིང་མིག་གྱེན་དུ་བལྟས་ལ། ལག་པས་ནི་འཛུབ་མོ་མདུད་པ་ལ་སོགས་པ་གཞུང་ནས་གསུངས་པ་བཞིན་དུ་བྱས་ལ། ངག་ནི། ཨོཾ་ཨེ་ཨ་ར་ལི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྭ་ཌ་ཀི་ནི་ས་མ་ཡ་ཧོ་ས་མ་ཡ་ཧྶཾ་ཏྲི་ཤ་ཧོ་ཕེཾ་ཞེས་པའི་སྒྲས་ཕྱོགས་བཅུའི་སངས་རྒྱས་རྣམས་ཡིད་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་རྣམས་ཀྱི་རང་བཞིན་དུ་བཀུག་ནས། སྐད་ཅིག་ཙམ་གྱིས་དབང་བསྐུར་ཞིང་བདག་ཉིད་ལ་བཅུག་སྟེ། རྒྱས་གདབ་པར་བྱའོ། །དེ་ཉིད་ཀྱིས་ཉམས་སུ་བླང་བའི་རིམ་པ་ནི་འདི་ལྟར་ཡིན་ཏེ། གོ་ཆ་བཀོད་པའི་འོག་ཏུ་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པ་པད་མ་ལ་ཨ་དམར་པོ། ཐུགས་ཁར་ཉི་མ་ལ་ཧཱུྃ་སྔོན་པོ་བསམས་ནས། ཨོཾ་སརྦ་བྷི་ར་ཡོ་གི་ནི་ཀ་ཡ་ཝ་ཀ་ཙིཏྟ་བཛྭ་སྭ་བྷ་ཝ་ཨད་མ་ཀོ་ཧཾ། ཞེས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་བོ། །སྔར་བཤད་པའི་ལུས་ངག་ཡིད་གསུམ་གྱིས་སྤྱན་དྲངས་པའི་ཡེ་ཤེས་པ་ལ་པི་ཝང་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་ནས། དབང་བསྐུར་ཏེ་དེའི་མན་ངག་ནི་པཎ་ཊི་ཏ་ར་ཀྲི་ཏའི་ཞལ་ནས་གསུངས་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་དང་དུས་མཚུངས་པར་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཐོད་པ་དང་། ཌ་མ་རུ་བསྣམས་པ་སྤྱན་དྲངས་ནས། ཅི་ལྟར་བལྟམས་པ་ཙམ་གྱིས་ནི། ཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་དམ་ཚིག་གི་དཀྱིལ་འཁོར་ལ་ཕྱག་གཡོན་པས་ཐོད་པ་ཅུང་ཟད་ཡོ་བ་ཁྱེར་ཏེ། ཡེ་ཤེས་ཀྱི་བདུད་རྩིའི་རྣམས་ཀྱི་དབང་བསྐུར་བར་གྱུར་ནས་བདེ་བ་ཆེན་པོའི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ། །སྤྱི་བོར་ཆུ་ལྷག་མ་རྣམས་ལས་གྲུབ་པའི་བཅོམ་ལྡན་འདས་རྣམས་བལྟས་སྟེ་ཨོཾ་སརྦ་ཏ་ཐ་ག་ཏ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ལ་ནི་མི་བསྐྱོད་པའོ། །བཅོམ་ལྡན་འདས་མ་ལ་རྣམ་པར་སྣང་མཛད་དོ། །མཁའ་འགྲོ་མ་ལ་སོགས་པ་ལ་ནི་རིན་ཆེན་འབྱུང་ལྡན་ནོ། །ཐུགས་དང་གསུངས་དང་སྐུའི་འཁོར་ལོར་གཏོགས་པ་རྣམས་ལ་ནི་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་རྣམ་པར་སྣང་མཛད་རྣམས་སོ། །དམ་ཚིག་གི་འཁོར་ལོ་ལ་ནི་དོན་ཡོད་གྲུབ་པའོ། །གཉིས་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ། དེ་ལ་ཡང་བཞི་ལས། གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་བགོས་ལ། ལམ་དུ་བསྐྱེད་པའི་རིམ་པ་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡིན་ནོ། །དེའི་རིམ་པ་ཡང་དབང་བསྐུར་བའི་རྗེས་སུ་མཆོད་པ་དང་བསྟོད་པ་བྱས་ནས་དེའི་འོག་ཏུ་རིམ་པ་འདི་བྱའོ་ཞེས་ལུ་ཧི་པ་དང་ན་མ་ཀ་ཤྲི་དང་ཉ་ན་ཀ་ཤྲི་རྣམས་བཞེད་ལ། པྲད་ཉ་ཌ་ཀྲི་ཏ་ནི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་མ་ཐག་པར་ཆོ་ག་འདི་བྱ་བར་གསུངས་སོ། །དེ་ཉིད་ཀྱིས་ཚིག་གི་དོན་ཡང་ལས་འདི་ཉིད་དངོས་གྲུབ་ཀྱི་རྒྱུད་སྔགས་པས་མཁའ་གསང་བྱིན་གྱིས་བརླབས་ཏེ་ཡུམ་གྱིས་མཁའ་པད་མ་དམར་པོ་འདབ་མ་གསུམ་པའི་ཟེ་འབྲུ་རྻཾ་དཀར་པོས་མཚན་པའོ། །དཔའ་བོ་ནི་མཁའ་ནི་རྡོ་རྗེ་དཀར་པོ་བྷྱ་དམར་པོས་མཚན་པའོ། །གཉིས་པ་སྔགས་དགོད་པ་ནི། ཡབ་ཀྱི་ལྟེ་བ་དང་སྙིང་ཁར་ཡུམ་གྱི་སྙིང་པོ་དང་། ཉེ་སྙིང་དང་། མགྲིན་པ་དང་སྤྱིར་བོར་ནི་དཔའ་བོ་ཉིད་ཀྱི་སྙིང་པོ་དང་ཉེ་སྙིང་སྟེ། ཡུམ་ལ་ནི་དེ་ཉིད་གོ་བཟློག་དུ་བཀོད་ནས་སྔགས་ཀྱི་འོད་ཟེར་ཕན་ཚུན་དུ་ཕྲད་ཅིང་འདྲེས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དགའ་བ་ལ་སོགས་པ་རིམ་པ་ལྟར་བསྐྱེད་པར་བསམ་པའོ། །རྫོགས་པའི་རིམ་པ་དང་སྦྱར་ཏེ་བཤད་ནས་གསུམ་ལས། བྱང་ཆུབ་ཀྱི་སེམས་ལ་བརྟེན་པ། དེ་ལས་ཀྱང་ལས་ཀྱི་ཕྱག་རྒྱའི་མན་ངག་སྟེ། དཔའ་བོ་ནི་ཐབས་འདུ་ཤེས་གསུམ་ལྡན་ནོ། །རྣལ་འབྱོར་མ་ནི་སྔགས་སྐྱེས་ལ་སོགས་པའི་ཤེས་རབ་པོ། བྱིན་གྱིས་བརླབས་པ་ནི་གོང་དུ་གསུངས་པ་བཞིན་ཏེ། སྔགས་ཀྱི་ཚོགས་ནི་འཁོར་ལོ་རྣམས་པ་བཞི་ལ་བཀོད་ནས། དཔའ་བོ་དང་རྣལ་འབྱོར་མ་གཉིས་སུ་མེད་པ་ནི་སྙོམས་པར་འཇུག་པའི་དོན་ཏོ། །དེ་ཉིད་དབང་གསུམ་པའི་དགའ་བ་ལ་སོགས་པའི་རིམ་པ་བཞིན་ཏེ། དགའ་བ་ནི་རགས་པ་ཐབས་ཀྱི་ཆ་ཡིན་པས་དཔའ་བོ་ཡིན་ལ། མཆོག་ཏུ་དགའ་བ་ནི་རྣམ་པར་རྟོག་པ་ཕྲ་བས་ཤེས་རབ་ཀྱི་ཆ་སྟེ་རྣལ་འབྱོར་མའོ། །རབ་ཏུ་དགའ་བ་ནི་ལྷན་ཅིག་སྐྱེས་པ་སྟེ། ཕུལ་དུ་བྱུང་བའི་ཕྱིར་མ་ལུས་པ་ཉིད་དོ། །དེ་ལྟ་བུའི་བདེ་བ་ནི་མཚོན་བྱེད་ཀྱི་ཐབས་སྟེ། དེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིག་པར་བྱེད་པའི་ཕྱིར་རོ། །ཀུན་རིག་པ་ནི་དགའ་བྲལ་ཏེ། སྔ་མའི་དོན་ལ་འཇལ་རྟོག་སྤྱོད་པས་སོ། །དེ་ཉིད་དགྱེས་པའི་རྡོ་རྗེ་ལས་ཀྱང་། དགའ་བོ་དང་པོ་དཔའ་བོ་ཉིད། །མཆོག་ཏུ་དག་པ་རྣལ་འབྱོར་མ། །ཤིན་ཏུ་བདེ་དགའ་ཐམས་ཅད་ངེས། །དེ་བདེ་བ་ལས་ཐམས་ཅད་རིག །ཅེས་གསུངས་སོ། །འདི་ཉིད་ཀྱིས་རང་ཉིད་ཐབས་ལྡན་དང་། ཡིད་སྐྱེས་ལ་སོགས་པའང་གོང་བཞིན་དུ་ཤེས་པར་བྱའོ། །དེ་ལས་བྱུང་བའི་དེ་ཁོ་ན་ཉིད་ཀྱི་དོན་ནི་མཐོ་རིས་ཞེས་བྱ་བ་ལ་སོགས་པ་སྟེ། འདིའང་བསྐྱེད་པའི་རིམ་པའི་དབང་དུ་ན། ལུ་ཧི་པའི་ལུགས་ཀྱི་ལུས་ཀྱི་དཀྱིལ་འཁོར་གྱི་འཇུག་བསྡུད་ཡིན་ལ་དྷ་རི་ཀ་པས་སེམས་དཔའ་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདག་ཉིད་གཅིག་པར་བཞེད་དོ་ཞེས་ཟེར་རོ། །འདི་ནི་གཞི་ལམ་གང་ཡང་རུང་སྟེ། ལྷན་ཅིག་སྐྱེས་པའི་བདེ་བ་འདིས་ས་བླ་ས་འོག་ས་སྟེང་དུ་སྣང་བ་ཅི་སྙེད་པ་རྟོག་བྲལ་ལྷན་ཅིག་སྐྱེས་པའི་བསམ་གྱི་མི་ཁྱབ་པའི་སྐད་ཅིག་མ་གཅིག་གི་ཡེ་ཤེས་ཀྱི་ལུས་གཅིག་ཏུ་མཚོན་པར་འགྱུར་བའི་བསྐྱེད་རྫོགས་བསྒོམས་པའི་མན་ངག་དཔལ་ཧེ་རུ་ཀའི་རྒྱུད་འདིར་བསྐྱེད་རྫོགས་ཀྱི་ཆོ་ག་བསྡུས་པར་བཤད་པ་ཡིན་ནོ། །སྙིང་པོའི་ཕྱག་རྒྱ་དངོས་ནི། དེ་ཁོ་ནའི་ཉིད་ཀྱིས་མཆོད་པའི་སྐབས་སུ་གསུངས་པ་བདེ་སྟོང་ཟུང་དུ་འབྲེལ་པ་ནི་མཁའ་འགྲོ་མའི་དྲ་བའི་བདེ་བ་ཅན་ནོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་བ་དང་བསྐྱེད་རྫོགས་ཀྱི་ཀུན་ཏུ་སྤྱོད་པ་བསྟན་པ་སྟེ་ལེའུ་བརྒྱད་པའོ། །ལེའུ་དགུ་པ་འདི་ཡང་གོང་དུ་སྤྲུལ་པའི་སྐུའི་བདག་ཉིད་དུ་བསྟན་པ་དེ་ཉིད་གཙོ་བོ་ཡིན་ལ་ཡོངས་སུ་རྫོགས་པར་བསྟན་པས་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དེ། དེ་ཉིད་ཀྱང་བསྐྱེད་པའི་རིམ་པ་ལ་ནི་ལུས་ཀྱི་དཀྱིལ་འཁོར་ཡིན་ལ། དེ་ཉིད་འཚམས་སྦྱར་བ་ནི་སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཚུལ་དུ་སྤྲུལ་པར་ཤེས་པར་བྱས་ནས་དེ་ཉིད་ཀྱང་ལུས་ཀྱི་དཀྱིལ་འཁོར་དུ་ ལོངས་སྤྱོད་ཅིང་རྫོགས་པ་དེ་ཤེས་ཤིང་རྟོགས་པར་འདོད་པ ་རྡོ་རྗེ་སྙིང་པོ་ལ་སོགས་པ་ཁྱེད་རྣམས་ཉོན་ཅིག །ཅེས་པའོ། །དེ་ཉིད་རྒྱས་པར་གསུངས་པ་འདི་ལྟར་ཐབས་ཀྱི་ཆ་རྣམས་མཐའ་ཡས་ཤིང་དོན་དམ་པ་ལ་གང་གིས་ཀྱང་གནོད་པ་མེད་པའི་ཕྱིར་ཐེག་པ་ཆེན་པོ་སྟེ། དེ་ཉིད་རྒྱས་གདབ་ཀྱི་དབང་དུ་མཛད་ནས་ཕྱག་རྒྱ་ཆེན་པོ་ཞེས་གསུངས་པ་འདི་ཐམས་ཅད་ཀྱི་གཞི་ཡིན་ལ། དེ་བཞིན་ཉིད་ཀྱིས་རྣལ་འབྱོར་འདི་ལ་རྟེན་ནས་ལམ་གྱི་ཡོན་ཏན་ཐམས་ཅད་འགྲུབ་ཅིང་སྟེར་བར་ཡང་བྱེད་དོ། །མཐར་ཐུག་གི་རྣལ་འབྱོར་ཀུན་གྱི་ཡང་མཆོག་ཡིན་པའི་ཕྱིར་སྐུ་གསུམ་ཡང་ཕྱག་རྒྱ་ཆེན་པོ་ཉིད་ལས་གཞན་དུ་གྱུར་པ་མེད་པས་འདི་ཉིད་གཞི་ལམ་འབྲས་གསུམ་ཐམས་ཅད་ཀྱི་གོང་ན་མེད་པ་བཞིན་ནོ། །དེ་དང་འབྲེལ་བའི་ཆེ་བ་ནི། དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་ངོ་བོ་ཉིད་ཀྱིས་སྐུ་ལས་གཞན་སྣང་དུ་ཐེག་པ་ཆེན་པོ་ཉེ་བར་སྤྱོད་པ་ནི་ཤྲི་ཧེ་རུ་ཀ་སྟེ། ལེའུ་དང་པོར་བཤད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཡིན་ལ། དེ་ཉིད་གཞི་ལམ་འབྲས་གསུམ་གྱི་ཚུལ་དུ་དོན་དམ་པའི་མཁའ་ལ་ཀུན་རྫོབ་དུ་མ་རིག་པའི་དབང་གི་འགྲོ་བར་སྣང་བ་དང་། དེ་སྦྱོང་བའི་ལམ་དུ་འགྲོ་བ་དང་། འབྲས་བུ་མྱ་ངན་ལས་འདས་པར་འགྲོ་བའི་རིམ་པ་འདིས་ནམ་མཁའ་དང་མཉམ་པར་བསམ་གྱིས་མི་ཁྱབ་པ་ལས་བྱུང་བ་འདི་རྟོགས་པས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་སྟེ། འདི་ཉིད་སྲིད་ཞི་གཉིས་སུ་རོལ་པའི་དཔལ་ཧེ་རུ་ཀ སྐྱེ་བོ་དམ་པ་ཀུན་གྱི་མཆོག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བཏུང་བས་འགྲུབ་པར་འགྱུར་བ་འདི་ནི་རྟག་པའི་གོ་འཕང་མཆོག་ཡིན་ནོ། །དེ་ཉིད་གང་ལ་རྟེན་ནས་འགྲུབ་ཅེ་ན། འཇུག་པ་དང་ལྡོག་པའི་རྣལ་འབྱོར་བསྒོམ་པ་ལས། དང་པོ་ནི་མ་དག་པའི་ལུས་རྩ་རླུང་ཁམས་ཀྱི་རང་བཞིན་དུ་གནས་པ་འདི་བསྐྱེད་པའི་རིམ་པ་ལུས་ལ་ཡོངས་སུ་རྫོགས་པ་འདི་སྦྱངས་པས་ལོངས་སྤྱོད་རྫོགས་པའི་ཐོབ་པར་བྱེད་དོ། །དེ་ཉིད་ཀྱི་བསྒོམ་པའི་རིམ་པ་ལ་ལུ་ཧི་པའི་ལུགས་ཀྱི་ཆོས་ཀྱི་སྐུའི་བདག་ཉིད་དུ་བསྒོམ་པའི་རྗེས་སུ་སྙིང་ཁར་བདག་ཉིད་དཀྱིལ་འཁོར་གྱི་བདག་པོ་ཡུམ་བཞི་དང་བཅས་པ་བསྐྱེད་དེ་གཞན་གྱི་སྤྱི་བོ་ལ་སོགས་པ་ལུས་ཀྱི་དུམ་བུ་ཉི་ཤུ་རྩ་བཞིར། པུ་ཛ་ལ་སོགས་པའི་ཡི་གེ་ལས་དཔའ་བོ་དང་རྣལ་འབྱོར་མ་བསྐྱེད་དོ། །སྒོ་མཚམས་རྣམས་ཀྱང་ཁ་གདོང་མ་ན་གཤིན་རྗེ་འཇོམས་མའི་བར་རིམ་པ་བཞིན་དུ་ཁ་དང་། སྣ་དང་། གསང་བ་དང་། བཤང་བ་དང་། རྣ་བ་གཡས་གཡོན་དང་། མིག་གཡས་གཡོན་རྣམས་སུ་གོ་རིམ་བཞིན་དུ་བསྒོམ་པར་བྱའོ། །འདི་རྣམས་ཀྱི་སྦྱང་གཞི་དང་སྦྱོང་བྱེད་ཀྱི་ལེའུ་བཞི་པར་བཤད་དེ། རིམ་པ་འདིས་ནི་རྣལ་འབྱོར་ཆེན་པོ་ལ་གནས་པ་ཡིན་ནོ། །དེའི་འཇུག་བསྡུ་བ་ནི་མདོར་བསྡུས་ནས་ཞེས་བྱ་བའོ། །འདི་དག་ཀྱང་མཇུག་པའི་རིམ་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ལྷག་པའི་རིམས་པ་ཚིག་གཉིས་ཀྱིས་མདོར་བསྟན་ནས། རྒྱས་པར་ཤོ་ལོ་ཀ་གཅིག་གིས་ཤྲི་ཧེ་རུ་ཀའི་དོན་བཤད་པ་ནི། ལེའུ་དང་པོར་བསྟན་པ་ལྟར་ཡེ་ཤེས་ལྔ་དང་ལྡན་པའི་རིམ་པ་འདིས་ཐམས་ཅད་ཀྱི་མངའ་བདག་ཏུ་བསྟན་པའོ། །མཇུག་བསྡུ་བ་དེ་ལྟར་བསྟན་པ་དེ་ཉིད་ཀྱང་གང་ཟག་དང་ཆོས་ཀྱི་བདག་གི་རང་བཞིན་སྟོང་པ་ཉིད་དུ་རྟོགས་པ་སྟེ། དོན་འདི་བསྐྱེད་རྫོགས་ཀུན་འགྲོ་ཞིང་རྣམ་པར་རྟོག་པས་མི་ཤིགས་པར་མདོར་བསྡུས་ནས་བསྒོམས་པས་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེ་ལྟར་སྒོམ་པའི་ཕན་ཡོན་ནི། དེ་ལྟར་སྐུ་གསུང་ཐུགས་ཀྱི་བདག་ཉིད་ནི་བསྒོམས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་ཅིང་དེས་ནི་སྲིད་ཞི་ལས་ངེས་པར་འབྱུང་བའི་ལམ་དུ་འགྱུར་རོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་འཇུག་པ་དང་ལྡོག་པ་བསྟན་པའི་སྟེ་ལེའུ་དགུ་པའོ། །ལེའུ་བཅུ་པ་འདི་ཡང་བསྐྱེད་པའི་རིམ་པ་ཡིན་ལ་རྒྱས་པར་འཆད་པ་ལ་ཁོང་སྡོམ་རྣམ་པ་གསུམ་ལས། གཏོར་མ་ནི། ལམ་གྱི་གཞི་དབང་བསྐུར་བ་ལ་དགོས་པ་ལ་ལམ་དུ་བསྐྱེད་པའི་ཐུན་འཚམས་སུ་དགོས་ཤིང་འབྲས་བུ་ལ་གནས་སྐབས་ཀྱི་ལས་ཚོགས་བསྒྲུབ་པ་ལ་དགོས་སོ། །ཚོགས་ཀྱི་མཆོད་པ་ཡང་ཚེས་བཅུ་ལ་སོགས་པའི་དུས་སུ་ཚོགས་བསགས་པ་དང་། ཉམས་པ་བཤགས་པ་ལ་སོགས་པ་བསྐྱེད་རྫོགས་གཉིས་ཀའི་ཡན་ལག་དུ་དགོས་སོ། །དེ་ལ་ཐོག་མར་བསྐྱེད་པའི་རིམ་པའི་ལུས་ཡོངས་སུ་རྫོགས་པར་གསུངས་པ་དེ་ནས་ཡན་ལག་འཆད་པ་ལས། མཉམ་པར་བཞག་པའི་བྱ་བ་སྤྱིར་བསྟན་པ་ནི། བསྐྱེད་པའི་རིམ་པས་དུད་པས་ན་དེ་ཉིད་བསྡུས་ལ། ཞལ་གཅིག་ཕྱག་གཉིས་པའི་སྤྱོད་ཚུལ་གྱིས་ང་རྒྱལ་གྱི་ཐ་མལ་པ་ལས་ཁྱད་པར་དུ་བྱས་ལ། དེ་ཉིད་སྦྱོར་བ་དང་མ་བྲལ་བས་གཏོར་མ་ལ་སོགས་པས་ཐུན་འཚམས་ཀྱི་སྤྱོད་པ་རྣམས་སྤྱད་པར་བྱ་སྟེ། འདི་ནི་རྣལ་འབྱོར་བླ་ན་མེད་པའི་ཁྱད་པར་ཡིན་ནོ། །དེ་ནས་བྱེ་བྲག་ཏུ་གཏོར་མ་འབུལ་བ་ལ་བདུན་ལས། སྔོན་འགྲོ་སྔར་ལེའུ་དང་པོར་གསུངས་པ་ལྟར་ཞལ་གཅིག་ཕྱག་གཉིས་པའི་ཆོ་ག་རྒྱས་པར་བསམས་པ་བྱས་ལ་དེ་ནས་གཏོར་མའི་ཆོ་ག་རྒྱས་པར་བྱའོ། །གཏོར་མའི་དགོས་པ་ནི་ཞི་རྒྱས་ལ་སོགས་པའི་ལས་རང་ཉིད་ཀྱིས་གང་བསྒྲུབ་པར་འདོད་པ་དེ་ཡིས་དོན་དུ་སྦྱིན་པར་བྱ་སྟེ། དེ་ལྟར་ཡང་དགྱེས་པའི་རྡོ་རྗེ་ལས། འདིས་གཏོར་མ་འབྱུང་པོ་རྣམས་ལ་སྦྱིན་པར་བྱེད་ན་རྣལ་འབྱོར་པ་དེ་ལ་ལེགས་པར་འགྱུར་རོ། །ཞེས་བྱ་བ་ནས། བསྐྲད་པ་དང་། བསད་པ་དང་། ཞི་བ་དང་། རྒྱས་པར་ཡང་འགྱུར་རོ། །ཞེས་གསུངས་སོ། །གཏོར་མ་བཏང་པའི་དུས་ཀྱང་ཡར་མར་གྱིས་ཚེས་བཅུ་དང་ཉིན་མོ་དང་མཚན་མོའི་ཐུན་ཕྱེད་ཀྱི་དུས་སུ་གཏོར་མའི་རྫས་ནི་ཤ་ལྔ་དང་། བདུད་རྩི་ལྔ་དང་། ཆང་ལ་སོགས་པས་འབད་པས་སྦྱར་བའི་རྫས་རྣམས་སོ། །མགྲོན་ནི། རྡོ་རྗེ་ལྷ་མོ་ལ་སོགས་པ་རབ་ཏུ་མཆོད་པར་བྱའོ། །དབུལ་བའི་རིམ་པ་ཡང་། གཏོར་མ་དེ་ཉིད་ཀྱི་འོག་ཏུ་ཡཾ་ལས་རླུང་དང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེ་པུ་གསུམ། ཨ་ལས་ཀ་པ་ལ་དུམ་བུ་གཅིག་པའི་ནང་དུ། གྷོ་ཀུ་དྷ་ཧ་ན་ལས་ཤ་ལྔ། བྷི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། བྷྲཱུཾ་ཁཾ་ཛིཾ་ཁཾ་ཧཱུཾ་ལས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་ཕྱག་རྒྱ་དང་སྔགས་ལ་སོགས་པའི་སྦྱོར་བས། ཡེ་ཤེས་ལྔར་དམིགས་སྟེ། ཟླ་བ་རྡོ་རྗེ། ཨོཾ་ཨཿཧཱུཾ་དང་བཅས་པ་ཁ་ཆོད་ཀྱིས་ཚུལ་དུ་དམིགས་ལ་དམ་ཚིག་དང་ཡེ་ཤེས་ཀྱིས་དབྱེར་མེད་པར་བྱིན་གྱིས་བརླབ་པ་དེ་འབུལ་བ་ཡང་སྔར་བཤད་ཅེས་པ་ལེའུ་བརྒྱད་པ་ལས་བྱུང་བ་བཞིན་དུ་ཕྱག་རྒྱ་དང་སྔགས་ལ་སོགས་པའི་སྦྱོར་བས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་སྟེ་དབུལ་བར་བྱའོ། །དེ་ལ་ཐོག་མར་ཡེ་ཤེས་པ་རྣམས་ལ་འབུལ་བའི་སྔགས་ནི་ཨོཾ་ཨ་ར་ལི་ཧོ་ལ་སོགས་པའི་རྗེས་སུ་སོ་སོའི་སྔགས་དང་ཨི་དཾ་བྷ་ལིང་ཏ་ཁ་ཧི་ཞེས་བཅོམ་ལྡན་འདས་ཡབ་ཡུམ་དང་། མཁའ་འགྲོ་མ་རྣམས་ལ་ཡང་ལན་གསུམ་དང་། འཁོར་ལོ་གསུམ་ལ་ཡང་ལན་སྟེ་བཞི་དང་། དམ་ཚིག་གི་འཁོར་ལོ་ལ་བཞི་སྟེ་ལན་ལྔའི་བར་དུ་གོང་གི་རྫས་རྣམས་རྡོ་རྗེའི་ཐལ་མོས་དབུལ་བར་བྱའོ། །དེ་ཡང་། ཐེ་བོང་རྡོ་རྗེ་དཀྱིལ་མོ་དཀྲུང་། །མཛུབ་མོ་སྲིན་ལག་གུང་མོ་ཉིད། །གུང་མོ་མཉམ་པར་རྩེར་གྱུར་པ། །རྡོ་རྗེའི་ཐལ་མོས་བརྗོད་པ་ཡིན། །ཞེས་བྱ་བས་སོ། །དེའི་འོག་ཏུ། ཨོཾ་ཁ་ཁ་ལ་སོགས་པའི་སྔགས་ཀྱིས་དུར་ཁྲོད་ན་གནས་པ་རྣམས་ལ་སྦྱིན་པར་བྱ་སྟེ། སྔགས་ཀྱིས་དོན་ཡང་གསོལ་ཅིག་ཅེས་བསྐུལ་ནས། གང་གིས་གསོལ་ན་སརྦ་ཡཀྵ་གནོད་སྦྱིན་ལ་སོགས་པ་རྣམས་ཀྱིས་སོ། །ཇི་ལྟར་གསོལ་ན། ཨི་དཾ་བྷ་ལིང་ཏེ་གཏོར་མཆོད་རྣམས་དམ་ཚིག་གི་དབང་གིས་གསོལ་ཅིག་པའོ། །གསོལ་ནས་ཅི་བྱེད་ན་སརྦ་སིདྷི་སྟེ་དངོས་གྲུབ་ལ་སོགས་པ་རྩོལ་བའི་འཕྲིན་ལས་བཅོལ་བའོ། །མཆོད་པའི་ཚུལ་ཡང་། རིག་མ་བཅུ་དྲུག་ལ་སོགས་པའི་མཆོད་པ་དང་། དཔའ་བོ་དང་དཔའ་མོའི་སྔགས་ལ་སོགས་པ་ཐུན་མོངས་མ་ཡིན་པའི་མཆོད་པ་དང་བསྟོད་པས་དུར་ཁྲོད་ན་གནས་པ་ལ་སོགས་པའི་བར་དུ་རྣལ་འབྱོར་པས་ལྷོ་ཕྱོགས་ལ་སོགས་པར་ཁ་བལྟས་ཏེ་མཐོན་པོའི་གནས་སུ་མཆོད་པར་བྱའོ། །རིམ་པ་འདིས་ནི་རིམ་པ་ཐམས་ཅད་ཉེ་བར་བྱེད་དོ། །ད་ནི་ཚོགས་ཀྱི་འཁོར་ལོ་བཤད་པ་ལ་ལྔ་ལས་སྔོན་དུ་འགྲོ་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་འབྱོར་པ་ཅི་བཞིན་དམ་ཚིག་གི་རྫས་ལ་སོགས་པ་ལེགས་པར་མཚོན་པ་བདག་གི་ཅི་ལྟར་ནུས་པ་བཞིན་དུ་དབུལ་བར་བྱའོ། །དེའི་དུས་ཀྱང་གསུམ་ལས། རིང་བ་ལོའི་དུས་ཀྱང་རྒུན་ཟླ་འབྲིང་པོ་ཐུང་བ་ཟླ་བའི་དུས་ནི་མན་ཆད་ཀྱིས་ཚེས་བཅུ་ཤིན་ཏུ་ཉེ་བ་ནི་མཚན་ཕྱེད་ལ་སོགས་པ་སྟེ་དེ་ཡང་གནས་ཀྱིས་ཁྱད་པར་སྐྱེ་བོ་དམ་པ་ཀུན་ཏུ་རྒྱུ་བ་ནི་ཉི་ཤུ་རྩ་བཞི་ལ་སོགས་པའི་ཡུལ་ཆེན་པོའམ། ཡང་ན་དུར་ཁྲོད་རིའི་བྱ་སྐྱིབས་སམ། བས་མཐའམ་ཡང་རྒྱ་མཚོའི་འགྲམ། བཟའ་བ་འདི་ནི་རབ་ཏུ་བཟའ། ཞེས་དགྱེས་པའི་རྡོ་རྗེ་ལས་གསུངས་པའི་གནས་དེ་ལྟར་བུར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་བསྐྱེད་རྫོགས་དང་ལྡན་པ་དམ་ཚིག་ལ་གནས་པའི་གང་ཟག་གིས་ཚོགས་ཀྱི་འཁོར་ལོ་བྱས་སྟེ། དེ་ཉིད་ཀྱིས་རིམ་པའམ། འགྲེལ་ཆེན་ལས། གཞན་གྱི་གསོལ་བ་བཏབ་པའམ་བདག་ཉིད་ཀྱི་ཡང་རུང་སྟེ་རྣལ་འབྱོར་པ་རྣམས་འདུས་པའི་དཔའ་བོ་ཡི་སྟོན་མོ་ཞེས་བྱའོ། །རྣལ་འབྱོར་མ་འདུས་པ་ནི་དཔའ་མོའི་སྟོན་མོ། གྲངས་མཉམ་པ་ནི་ཚོགས་གྱི་འཁོར་ལོར་འགྱུར་ཏེ། རེག་བྱའི་མཆོད་པ་མེད་པས་ནི་ཚོགས་ཀྱི་འཁོར་ལོ་ཞེས་མི་བརྗོད་དེ། གཞན་དུ་ན་མཆོད་པའོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ལྟར་ཕྱི་རོལ་དང་ནང་གི་མཆོད་པ་གང་བྱེད་པའི་བཅའ་གཞི་སྔོན་དུ་སོང་བས་དབྱུག་པ་སྔོན་པོ་ལ་སྒོ་དབྱེ་བར་གསོལ་བ་གདབ་སྟེ། བརྡ་དང་བརྡའི་ལན་གྱིས་ནང་དུ་ཞུགས་ནས་མངོན་པར་རྟོགས་པ་བསྒོམ་པ་དང་མཆོད་བསྟོད་དང་། གཏོར་མ་ལ་སོགས་པ་སོང་ནས་དམ་ཚིག་གི་རྫས་ལ་ལོངས་སྤྱད་ཅིང་གཏི་མུག་རྡོ་རྗེ་ལ་སོགས་པའི་གནས་ཐམས་ཅད་དུ་ཚིམ་པར་བྱ་བའི་ཕྱིར་མཆོད་པ་དབུལ་ལོ། །དེའི་འོག་ཏུ། སྣོད་གཉིས་མ་ལུས་འདུ་བྱ་ཅེས་པས། བྷོ་ལ་དང་ཀོ་ལའི་སྒྲས་བདེ་བ་དང་སྟོང་པས་སྟེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་པའི་དོན་ཏོ། །དེ་ཉིད་ཀྱི་ཡོན་ཏན་ཡང་དེའི་ལག་ཏུ་འོངས་པའི་དངོས་གྲུབ་ཀྱི་དཔལ་མི་དང་མི་མ་ཡིན་པ་གང་གིས་ཀྱང་གཞོམ་པར་མི་ནུས་པ་དང་། གུས་པར་མཆོད་པས་དཔལ་ཧེ་རུ་ཀ་དགྱེས་ཏེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱང་བརྩོལ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །དེའི་རྗེས་སུ་ལྷག་མའི་ཆོ་ག་གསུངས་པ་མཚན་མོ་ཚོགས་ཀྱི་འཁོར་ལོ་སྤྱད་པའི་རྗེས་དེ་ཉིད་ལ་ལྷག་མའི་ཚོགས་ཐམས་ཅད་བསྡུས་ཏེ་བྱིན་གྱིས་བརླབས་པའི་ནས། ཨུ་ཙིཥྚས་འབྱུང་པོ་ལ་སྦྱིན་ནོ། །དེའི་དགོས་པ་ནི་ཧེ་རུ་ཀའི་རྣལ་འབྱོར་ལྷག་མ་བྱིན་པས་དུར་ཁྲོད་ན་གནས་པའི་མ་མོ་རྣམས་དགའ་ཞིང་འཕྲིན་ལས་སྒྲུབ་པར་བྱེད་དོ། །དེ་ནས་བཀྲ་ཤིས་དང་སྨོན་ལམ་དང་བསྔོ་བ་བྱའོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་གཏོར་མ་དང་ཚེས་བཅུའི་མཆོད་པ་བསྟན་པ་སྟེ་ལེའུ་བཅུ་པའོ།། །།ལེའུ་བཅུ་གཅིག་པ་རྣམ་པར་དག་པ་འདི་ཡང་བསྐྱེད་པའི་རིམ་པ་ལས་རྣམ་པར་དག་པ་དྲན་པ་དང་། རྫོགས་པའི་རིམ་པ་ལ་རྩ་རླུང་བྱང་ཆུབ་ཀྱི་སེམས་མ་དག་པ་དག་པར་བྱེད་པའི་ལམ་ཡིན་པ་ལས། དང་པོར་ལམ་གྱི་དག་པ་དངོས་གསུངས་པ་ནི་དེ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དྲུག་པོ་འདི། དཔལ་ཧེ་རུ་ཀའི་རྒྱན་གྱི་དག་པའམ། ཡང་ན་བསྐྱེད་པའི་རིམ་པ་དང་གཞན་དོན་ལ་དམིགས་པ་དང་། དེ་ཉིད་ལ་ཉེར་སྤྱོད་ཀྱིས་གོས་པ་མེད་པ་དང་། ཁོང་ཁྲོ་བ་མེད་པའི་སེམས་དང་། བསྒོམ་པ་ལ་ནུབ་པ་མེད་པ་དང་། རྩེ་གཅིག་པ་དང་། སྒྱུ་མ་ལྟར་ཤེས་པའི་ཤེས་རབ་ལ་སོགས་པ་རིམ་པ་བཞིན་དུའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཀྱང་མཁའ་འགྲོ་མ་ལ་སོགས་པ་བཞི་སྟེ་ལེའུ་གསུམ་པར་བཤད་དོ། །དེ་བཞིན་དུ་རྫོགས་པའི་རིམ་པ་ལའང་ཡིན་ཏེ་རྩ་བྱང་ཆུབ་ཀྱི་སེམས་ལ་དམིགས་པའི་མན་ངག་འབྲས་བུ་དང་བཅས་པའི་མ་ཆགས་པ་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བ་དང་། དོན་དམ་ལ་བཟོད་པ་དང་། བྱང་ཆུབ་ཀྱི་ལམ་དུ་འགྱུར་བའི་བརྩོན་འགྲུས་དང་། རྣམ་གཡེང་དང་བྲལ་བ་དང་། སྤྲོས་པ་དང་བྲལ་བའི་རྒྱས་གདབ་སྟེ། ཉམས་སུ་བླངས་པའི་ལེའུ་གཉིས་པར་བསྟན་པའི་བྱང་ཆུབ་ཀྱི་ཕྱོགས་ཆོས་ལྟ་བུ་མངོན་དུ་འགྱུར་ཞིང་། དེ་ལྟར་རིམ་པ་གཉིས་ལ་བརྟེན་ནས་སྦྱང་གཞི་དང་སྦྱོང་བྱེད་དུ་བསྟན་པའི་གནས་ལ་སོགས་པ་བཅུ་པོ་བསྒོམ་པའི་ལམ་དུ་མངོན་འགྱུར་ཏེ། རབ་ཏུ་དགའ་བ་ནས་ཆོས་ཀྱིས་སྤྲིན་གྱི་བར་སྦྱངས་ཤིང་མཐར་ཕྱིན་པས་ཆེ་མཆོག་དཔལ་ཧེ་རུ་ཀའི་བདག་ཉིད་འཐོབ་པོ། །དེས་ན་དེ་ལྟར་བསྒོམ་པའི་གནས་སྐབས་སུ་ཡང་ས་བཅུའི་བདག་ཉིད་དུ་མོས་པར་བྱའོ། །དེ་བསྒོམས་པ་ལས་ཡོན་ཏན་འབྱུང་བའི་ཚུལ་ནི། ཁམས་དང་རྩ་ལ་སོགས་པའི་དངོས་པོ་གང་དང་གང་དག་གིས་ཡིད་ཀྱིས་སྦྱངས་ཤིང་། གཉེན་པོ་དང་སྦྱོར་བ་ལས། མཚན་དང་དཔེ་བྱད་དེ་དག་གིས་དངོས་སུ་འགྱུར་ཏེ། དེ་ལྟར་གྱུར་པས་གཞན་དོན་ལྷུན་གྱིས་གྲུབ་པར་འགྱུར་ཏེ། ཅི་ལྟར་ཚོན་ནི་སྣ་ཚོགས་གྱིས། །ནོར་བུ་དེ་དངོས་མིན་ལྟར་སྣང་། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་གྱིས། །ཁྱབ་བདག་དེ་དངོས་མིན་ལྟར་སྣང་། །ཞེས་རྒྱུད་བླ་མ་ལས་གསུངས་པ་བཞིན་དུ་འགྱུར་ལ། གནས་སྐབས་སུ་མི་དང་མི་མ་ཡིན་པ་ལ་སོགས་པའི་འཇིགས་པ་རྣམས་ལས་བསམས་པ་ཙམ་གྱིས་སྐྱོབ་ཅིང་ལས་ཐམས་ཅད་འགྲུབ་པར་བྱེད་དོ། །དེ་ཡང་ཚེ་གཅིག་འདི་ཉིད་ལ་འགྲུབ་པར་འགྱུར་གྱིས་གཞན་དུ་ལྟོས་མི་དགོས་པས་འདོད་པའི་དོན་ཀུན་ལས་སྙིང་པོ་བསྡུས་པ་ཡིན་ནོ། །དེ་ལྟ་བུའི་དོན་དེ་བསྐལ་པ་མེད་པ་ལ་གསང་བའི་ཚུལ་ནི་ལོག་པའི་ཤེས་པ་ཅན་ཏེ། འཁོར་བ་ལས་སྐྲག་པ་དང་བཅས་པའི་ཤེས་པ་ཅན་ཉན་རང་གི་རིགས་སུ་གྱུར་པ། གང་ལའང་ཉོན་མོངས་པ་དང་། འཁོར་བ་མི་སྤོང་བའི་ཐབས་འདི་བཤད་པར་མི་བྱའོ། །གལ་ཏེ་བཤད་ཅིང་མ་མོས་པར་གྱུར་ན་རྩ་བའི་ལྟུང་བར་འགྱུར་རོ། །འོ་ན་གང་ལ་གདམས་ན། སྐལ་པ་དང་ལྡན་པ་དད་པ་དང་ལྡན་ཞིང་རྣལ་འབྱོར་གྱི་སྤྱོད་པའི་ཚུལ་ལ་གནས་པ་ལ། བླ་མ་རྡོ་རྗེ་འཆང་ཆེན་པོ་ལས་རྒྱུད་པ་འདི་བསྟན་པར་བྱ་སྟེ། གང་ཟག་དེ་ནི་སྐྱེ་བ་སྟོང་ཕྲག་དུ་མར་ཧེ་རུ་ཀ་ཉིད་ཀྱིས་བསྐུལ་བའི་ཡེ་ཤེས་དང་ལྡན་པ་ཡིན་ནོ། །གོང་གི་བསྐལ་པ་མེད་པ་དེ་ཉིད་རྒྱས་པར་བཤད་པ། རྒྱུད་གཏི་མུག་གིས་གླེན་ཞིང་རྨོངས་པ་ངན་པར་སྤྱོད་པ་བཅུ་དང་ལྡན་པ་རྣམས་དང་། བྱིས་སྦ་ལྟ་བུའི་ཤེས་པ་ཅན་སེམས་ཅན་ཡོངས་སུ་མ་སྨིན་པ་ནི་དབང་མ་ཐོབ་པ་དང་། ཕྱི་རོལ་ཐེག་དམན་གྱིས་བསྟན་ཆོས་ཀྱི་རྒྱུད་འཆལ་པར་གྱུར་པའི་གང་ཟག་དེ་ཀུན་གྱིས་ཀྱང་ཐེག་པ་འདི་མི་ཤེས་ན། མ་རིག་པ་དང་མངོན་པའི་ང་རྒྱལ་པ་ལ་སོགས་པ་བདུན་གྱིས་རྒྱུད་ཡོངས་སུ་དཀྲིས་པ་རྣམས་ཀྱི་སངས་རྒྱས་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་གསང་སྔགས་མི་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་གདམས་པའི་ཡུལ་ཤེས་པར་བྱས་ནས། གདམས་པའི་ཚུལ་ཡང་། སློབ་དཔོན་ཡོན་ཏན་ཀུན་གྱི་མངའ་བདག་དུ་གྱུར་པ་དེས་སློབ་པའི་རྒྱུད་ལ་དཔལ་ཧེ་རུ་ཀ་ཡང་དག་པར་འབེབ་པ་སྟེ། འདི་ལ་ཤེས་བྱེད་གྱི་ཐབས་དབང་བསྐུར་བ་ལ་ཡེ་ཤེས་དབབ་པ་ཡིན་ལ། དཔལ་དྲིལ་བུ་པའི་ཞལ་སྔ་ནས། བདག་བྱིན་གྱིས་བརླབ་པའི་རྫོགས་པའི་རིམ་པར་གསུངས་སྟེ། རིམ་པ་འདི་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བསྐྱེད་པར་བྱེད་ཅིང་འཕྲལ་དུ་ཡིད་ཆེས་པའི་ངེས་ཤེས་བསྐྱེད་པའོ། །དེ་སྟོན་པ་པོ་ལ་བསྔགས་པ་ནི། བདག་གཞི་ལམ་འབྲས་གསུམ་གྱི་ཀུན་ཏུ་སྤྱོད་པའི་རྣལ་འབྱོར་གྱི་ཆོ་ག་ཤེས་ཤིང་སྟན་པར་བྱེད་པའི་གང་ཟག་དེ་ས་འོག་ས་སྟེང་ས་བླ་ན་མཆོག་ཏུ་གྱུར་པ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ། །ཕན་ཡོན་ནི་དེ་ལྟ་བུའི་རྣལ་འབྱོར་ཅན་དེ་ནི་མཐོང་བ་ལ་སོགས་པས་གྲོལ་བར་འགྱུར་རོ་ཞེས་སོ། །དེ་ལྟར་གོང་དུ་ཕྱག་རྒྱ་ལ་སོགས་པའི་དག་པ་བརྡའི་སྐད་ཀྱིས་རྒྱུད་རྣམས་སུ་གསུངས་པ་ལ་སྒྲ་ཇི་བཞིན་པར་འཛིན་པའི་རྟོག་པ་སྤང་པའི་དོན་དུ་གོ་བཟློག་དུ་གསུངས་པ་དངོས་ནི། ལྷ་རྣམས་བཟློག་སྟེ་བཀོད་པ་ནི། ལེའུ་ལྔ་བཅུ་རྩ་གཅིག་པ་ལས། གཙོ་ཆེར་འཁོར་ལོས་བསྒྱུར་བ་དང་། ཞེས་གསུངས་པ་ལྟ་བུ་དང་། སྔགས་ཀྱི་དབྱེ་བ་གོ་བཟློག་པ་ནི། ཊ་ཕ་ཧཱུཾ་ཧཱུཾ་ཧ་ཧ་ཧྲི་ཨོཾ་ཞེས་སྔགས་རྣམས་བཟློག་པའི་ཚུལ་དུ་བསྟན་པ་དང་། བསྒོམས་པ་བཟློག་པ་ནི་དགྱེས་པའི་རྡོ་རྗེ་ལས། དུག་གི་དུམ་བུ་གང་ཞིག་གིས། །སྐྱེ་བོ་ཐམས་ཅད་འཆི་གྱུར་ལ། དུག་གི་རང་བཞིན་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །ཞེས་བྱ་དང་། བཟློག་པའི་བསྒོམ་པ་འདི་ཉིད་ནི། སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་པའི་བར་གྱིས་གསུངས་པ་བཞིན་ནོ། །འདི་ལྟར་དགོངས་པ་ཅན་དུ་གསུངས་པ་འདི་དག་ཅི་ལྟ་བ་བཞིན་དུ་ཤེས་པས་ནི་སྙིང་པོ་ཐམས་ཅད་འགྲུབ་པར་བྱེད་དོ། །རྒྱུད་འདིར་གསུངས་པའི་དོན་གཞན་ལའང་སྦྱར་ལ། བླ་ན་མེད་པའི་རྒྱུད་ཀུན་གྱི་སྤྱིའི་དོན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལྡེམ་པོར་དགོངས་པ་རྣམས་ཅི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །སྔགས་ཀྱི་བརྡའི་ཚོགས་ཁོང་དུ་ཆུད་པར་དཀའ་བ་ཐོས་ནའང་བསམ་གྱི་མི་ཁྱབ་པའི་གནས་དྲན་པར་བྱ་སྟེ། རྩ་རྒྱུད་ལས། ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ན། །སྨོད་པ་ཉིད་དུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་གིས་འདིར་བདག་ཡུལ་མིན་པ། །བདག་གིས་མི་ཤེས་ཆོས་ཉིད་ཡིན། །རྫོགས་སངས་རྒྱས་དང་དེའི་སྲས། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །ཞེས་གསུངས་པས་འདི་ལྟར་སྤྱད་པ་ནི་དམ་ཚིག་རྐྱང་ཡིན་ནོ། །དབུགས་དབྱུང་བ་ཡིན། དེ་ལྟར་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ་འདི་རྣམས་བདེ་བར་གཤེགས་པས་སེམས་ཅན་དབུགས་དབྱུང་པའི་དོན་དུ་གསུངས་སྟེ། དེ་ལ་བརྟེན་ནས། དག་པའི་ལུས་གཟུགས་སྐུ་སྐྱོན་མེད་པ་ཐོབ་པར་འགྱུར་ལ། ཡང་ན་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སམ་བླ་མ་མཉེས་པར་བྱས་པས་འབྲས་བུ་རྙེད་པར་འགྱུར་རོ། །རྣལ་འབྱོར་མ་ཀུན་ཏུ་སྤྱོད་པ་ལས་ཐམས་ཅད་རྣམ་པར་དག་པ་བསྟན་པ་ཏེ་ལེའུ་བཅུ་གཅིག་པའོ། །དེ་ཡན་ཆད་དུ་བསྐྱེད་པའི་རིམ་པ་དེ་བཞིན་གཤེགས་པའི་དབུགས་འབྱིན་པའི་རྣལ་འབྱོར་གསུངས་ནས། ད་ནི་རྫོགས་པའི་རིམ་པ་རྡོ་རྗེ་འཆང་གིས་དབུགས་འབྱིན་པ་འཆད་པ་ལས། ཐོག་མར་རྫོགས་པའི་རིམ་པ་ཟབ་པའི་མཚན་ཉིད་མདོར་བསྟན་པ་འདི་ཡང་ཁོང་སྡོམ་གསུམ་ལས། གཞིའི་སྐབས་སུ་རང་བཞིན་གྱི་གནས་ལུགས་དང་། ལམ་ལ་ཟབ་མོའི་རྫོགས་རིམས་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་ཐབས་སྟེ་གོང་དུ་བསྐྱེད་པའི་རིམ་པ་གསུངས་པ་དེ་ནས། བསྲུང་བྱ་ནི་ཕྱི་རོལ་གྱི་དམ་ཚིག་དང་སྡོམ་པའོ། །དེ་ཉིད་དོན་དམ་པར་ཡོད་པ་མ་ཡིན་ཏེ། དོན་གྱི་གནས་ལུགས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བས་སོ། །དེ་བཞིན་དུ་བཟའ་བར་བྱ་བའི་བདུད་རྩི་ལྔ་དང་། ཕྱི་དབྱིབས་དང་། ནང་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དང་། ངག་དང་རླུང་རྡོ་རྗེའི་བཟླས་པ་དང་། ཕྱི་རོལ་པ་ལྟ་བུའི་དཀའ་ཐུབ་དང་། ཕྱི་ནང་གི་སྦྱིན་བསྲེག་ལ་སོགས་པ་རྣམས་སེམས་ལས་གཞན་དུ་མེད་པའི་ཚུལ་དེ་ཉིད་དུ་འདུ་བའམ། ཡང་ན་འདི་ལྟ་བུའི་ཐབས་ཀྱིས་མན་ངག་རྣམས་ཀྱང་སེམས་འདུས་པ་སྟེ། སྡུག་བསྔལ་བ་ཁོ་ན་ཡིན་པས། དེ་དག་གི་སྤྲོས་པ་ཐམས་ཅད་མེད་པའི་དོན་སྤྲོས་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་དང་སེམས་བྱུང་གི་རྣམ་པར་རྟོག་པའི་བག་ཆགས་ཀྱི་དབེན་པའི་བདག་ཉིད་དེ་ཉིད་ཀྱི་ཚུལ་ཅན་ཡིན་ནོ། །ད་ནི་བྱེ་བྲག་ཏུ་དབང་གསུམ་པ་དང་འབྲེལ་བའི་རྫོགས་རིམས་འཆད་པ་ལས་བསྒོམ་བྱའི་ཡུལ་གཟུགས་ལ་སོགས་པ་དང་། འཛིན་བྱེད་ཀྱི་རྣམ་པར་ཤེས་པ་ཐ་དད་དུ་འཛིན་པའི་རྟོག་པ་བཅོམ་ནས་གཉིས་སུ་མེད་པའི་ཡེ་ཤེས་སུ་བླ་མས་བསྟན་པ་དེ་ཉིད་ལ་བརྩོན་པ་དང་བཅས་པས་བརྙེད་པ་སྟེ། རྣལ་འབྱོར་ཆེན་པོ་ལས་ཕྱི་རོལ་དུ་གྱུར་པའི་ལམ་དམན་པའི་བསྟན་ཆོས་ལས་བསྟན་པ་ནི་བྱང་ཆུབ་ལས་རིང་བ་ཡིན་ནོ། །འདི་ནི་ཉེ་བའི་ལམ་གསུངས་པ་ལས། ཐོག་མར་སློབ་མ་དང་། སློབ་དཔོན་གྱི་མཚན་ཉིད་ནི། བརྩོན་པ་དང་། སློབ་མ་ལ་གུས་ཤིང་བླ་ན་མེད་པའི་ཐེག་པ་ཉན་པར་རྩོན་པ་དེ་ལ། སློབ་དཔོན་གྱི་བླ་ན་མེད་པའི་རྣལ་འབྱོར་གྱི་ཐབས་གཟུགས་ལ་སོགས་པའི་རྫོགས་རིམས་གྱི་མཚན་ཉིད་དང་འབྲེལ་བའི་བསྟན་ཆོས་སྟོན་པ་དེ་ཉིད་དཔལ་ཧེ་རུ་ཀ་དང་ཐ་དད་མེད་པ་ཡིན་ནོ། །འོ་ན་དོན་དེ་གང་ཞེ་ན། སྐད་ཅིག་མའི་རིམ་པས་ཏེ། འདི་ཡང་གོང་མ་རྣམས་ཀྱི་བཞེད་པས་སྐད་ཅིག་གིས་བསྐྱེད་པའི་རིམ་པ་དང་། ཕྱག་རྒྱའི་རྒྱས་གདབ་དང་། ཀུན་ནས་ཀུན་ཏུ་བྱང་ཆུབ་ཀྱི་ཕྱོགས་དང་དབྱེར་མེད་དུ་མོས་པ་དང་། སྐད་ཅིག་གིས་བཟླས་པ་བྱ་བར་བཞེད་དོ། །ཁོ་བོས་ནི་བདེ་བ་ཆེན་པོ་ཡིས་རྫོགས་རིམས་དུ་གོ་སྟེ། དེ་ལ་ཆགས་གྲོལ་རྣམ་པ་གཉིས་ལས། གཞན་ལུས་ལ་བརྟེན་པ་བཤད་ནས་སྐད་ཅིག་གིས་རྣམ་པས་རང་ཉིད་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཧེ་རུ་ཀ་བསྒོམ་ལ། ཤེས་རབ་ནི་སྐད་ཅིས་གི་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་བསྐྱེད་པའི་ལས་ཀྱི་ཕྱག་རྒྱ་དང་ལྡན་པས་གཟུགས་ལ་སོགས་པའི་དངོས་པོ་ཀུན་ནས་སྣང་བ་ཀུན་ཏུ་དགའ་བའི་སྐད་དུ་འགྱུར་ཏེ། དེ་ཉིད་ངོས་བཟུང་བར་བྱ་བའི་དོན་དུ། རླུང་རྡོ་རྗེའི་བཟླས་པའི་གསང་སྔགས་མཆོག་ཏུ་བརྗོད་པ་ཡིན་ནོ། །ཐབས་ལྡན་གྱིས་རྫོགས་རིམས་ལ་སྦྱར་ན། སྐད་ཅིག་གིས་བསྐྱེད་པའི་རིམས་པ་བསྒོམས་པའི་འོག་ཏུ་ལྟེ་བའི་དཀྱིལ་འཁོར་དུ་གནས་པའི་ཕྱག་རྒྱ་ཨ་ཐུང་ངུ་ལས་བྱུང་བའི་མེ་འདི་ཉིད་རླུང་རྡོ་རྗེའི་བཟླས་པ་དང་འབྲེལ་བར་བསྒོམས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་སྐད་ཅིག་གིས་ཐོབ་པར་འགྱུར་བ་དེ་ཉིད་ཀྱི་དགའ་བའི་རིམ་པ་ལ་སྐད་ཅིག་མ་བཞིར་གསུངས་སྟེ། དགྱེས་པའི་རྡོ་རྗེ་ལས། སྣ་ཚོགས་དང་ནི་རྣམ་སྨིན་དང་། །རྣམ་ཉིད་དེ་བཞིན་མཚན་ཉིད་བྲལ། །སྐད་ཅིག་བཞི་ནི་ཡོངས་ཤེས་པས། །དེ་ལྟར་རྣལ་འབྱོར་པས་ཤེས་འགྱུར། ཞེས་པ་དང་། དགའ་བ་དང་པོ་དཔའ་བོ་ཉིད། །མཆོག་ཏུ་དགའ་བ་རྣལ་འབྱོར་མ། །ཤིན་ཏུ་བདེ་དགའ་རྣལ་འབྱོར་མ། །དེ་བདེ་བ་ལས་ཐམས་ཅད་རིག །ཞེས་གསུངས་པའི་རིམ་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་བཞིན་དུ་རྟོགས་པར་བྱའོ། །དེ་ཉིད་རྒྱས་པར་བཤད་པ། སྐད་ཅིག་བཞིའི་དོན་རྒྱུད་སྡེ་འོག་མ་ཀུན་ཏུ་སྦས་པ། རྒོད་པ་དང་། ལྟས་པ་དང་། ལག་པས་འཁྱུད་པ་དང་། ཐབས་དང་ཤེས་རབ་གཉིས་གཉིས་སྙོམས་པར་འཇུག་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་བདེ་བ་ལ་སྟོང་པས་རྒྱས་གདབ་པ་དེ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱིས་དབུགས་དབྱུང་བའི་དོན་དུ་གསུངས་ཏེ། དགྱེས་པའི་རྡོ་རྗེ་ལས། མཆོག་མཐའ་དགའ་བྲལ་དང་པོར་ནི། །མུན་པ་ལ་ནི་མར་མེ་བཞིན། །དེ་བཞིན་བུས་ཀྱང་ཡིད་ལ་གྱིས། །ཞེས་གསུངས་པས་སོ། །ཡང་ན་འདོད་ཁམས་ཀྱི་ལྷ་མིའི་ཆགས་ཚུལ་དགོངས་པའི་རྒྱུད་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་ལས་གོང་མར་གྱུར་པ། མ་བླ་ན་མེད་པ་འདི་ཉིད་དུ་ཡང་དག་པའི་ཐབས་འདི་བསྟན་པས་རྣམ་པར་རྟོག་པ་རྩ་དང་འདྲ་བ་སྲེག་པའི་དོན་གྱིས་ན་ཡེ་ཤེས་ཀྱི་མེ་ལྟ་བུའོ། །ལྷན་ཅིག་སྐྱེས་པ་དེའི་རྣམ་པ་བཤད་པ། དེ་ཡང་ལྷན་སྐྱེས་ཀྱིས་བདེ་བ་དེ་གང་ལ་བརྟེན་ནས་གནས་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུན་དྷ་ལྟ་བུ་ལ་བརྟེན་ནས་གནས་སྟེ་དགྱེས་པའི་རྡོ་རྗེ་ལས། ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཐམས་ཅད་ཁྱབ། །ཞེས་གསུངས་པ་བཞིན་ནོ། །དེ་ཉིད་ཨེ་བཾ་གིས་བདག་ཉིད་ཡིན་ལ། ཨེ་བཾ་ལ་བརྟེན་ནས། གནས་པ་འདི་སྲོག་རྣམས་ཀྱིས་སྲོག་ཡིན་ལ། ཨེ་ཆོས་ཀྱིས་འབྱུང་གནས་དེ་ཉིད་ནི། མི་འགྱུར་བའི་དོན་དམ་པའི་བདེན་པ་སྟེ། དེ་ནི་ཐམས་ཅད་ལ་ཁྱབ་པ་ཉིད་དོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་དུ་ལུས་ལ་གནས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་སྟེ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་གསུངས་ཏེ། དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་ཡིན་ལ། དཔལ་ཧེ་རུ་ཀའི་རང་བཞིན་ཀྱང་ཡིན་ཏེ་ཀྱེའི་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལ་མ་སྐྱེས་པའོ། །ཞེས་པས་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་ཕྲ་བའི་རང་བཞིན་དུ་གནས་སོ། །ཡེ་ཤེས་དེ་ལས་ཐམས་ཅད་བྱུང་བར་བསྟན་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་དེ་ལ་བརྟེན་ནས། བསམ་གཏན་གྱི་ས་གནས་པ་དང་། དག་པའི་ས་རབ་ཏུ་དགའ་བ་ལ་སོགས་པ་བཅུ་པོ་ལ་གནས་པ་དེ་ཉིད་ལ་བརྟེན་ཏེ་བྱུང་ཞིང་། དེ་ཉིད་སྟོན་པར་བྱེད་པའི་བསྟན་ཆོས་དང་། གཞན་ཡང་ཕྱི་ནང་གི་རིག་བྱེད་དང་། གྲུབ་པའི་མཐའ་ཐམས་ཅད་ཀྱང་དེ་ཉིད་རྟོགས་མ་རྟོགས་ཀྱི་གནས་སྐབས་ལས་བྱུང་བའོ། །དེ་ཉིད་གྲུབ་པ་ཐམས་ཅད་ཀྱི་སྙིང་པོར་གསུངས་པ། འཇིག་རྟེན་འདི་དང་གཞན་དག་ཏུ་སངས་རྒྱས་ཀྱི་སྙིང་པོ་དེ་མེད་ན་ནི་འགྲུབ་པར་མི་འགྱུར་ལ། ཡོད་པ་དེ་རྟོགས་པར་བྱེད་པའི་ཐབས་རིག་བྱེད་ཐམས་ཅད་ཀྱི་ནང་ནས་བདེ་སྟོང་ཟུང་འཇུག་དུ་སྟོན་པ་འདི་ནི་སྙིང་རྗེ་ལྟ་བུར་གསུངས་སོ། །དེ་ལྟར་གོང་དུ་གསུངས་པ། ཐམས་ཅད་ལྷན་ཅིག་སྐྱེས་པར་བསྡུ་བ་ནི། གཞི་ལམ་འབྲས་གསུམ་ལས་གཞི་ནི་ཆིངས་ཀྱི་ཐད་ཀར་ལུས་སངས་རྒྱས་བསྟན་པའི་ཐད་ཀར་བཤད་དོ། །སེམས་ཀྱི་གནས་ལུགས་ལ་འགྲོ་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་མངའ་བདག་དུ་གནས་པ་འདི་ཉིད་རྟོགས་མ་རྟོགས་ཀྱི་བྱེ་བྲག་གིས་གར་མཁན་ལྟར་སྣ་ཚོགས་སུ་སྣང་བ་དང་རི་མོ་མཁན་ལྟར་ཡུལ་སྣ་ཚོགས་ཀྱི་ཚོན་བླངས་ནས་ལས་ཐ་དད་པར་སྣ་ཚོགས་པའི་ལུས་འགྲུབ་པ་བྱེད་ཀྱང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སངས་རྒྱས་ཀྱི་སྙིང་པོ་དེ་ནི་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མེད་པར་བཞུགས་སོ། །ཚུལ་དེས་ན་ལམ་གྱི་རིམ་པའི་བསྐྱེད་རྫོགས་དང་། འབྲས་བུ་ཆོས་ཀྱི་སྐུ་དེ་ཉིད་ལས་གཞན་དོན་དུ་སྤྲུལ་པའི་སྐུ་སྣ་ཚོགས་སུ་སྣང་བའོ། །དེ་ལྟར་གནས་པ་དེ་རྟོགས་པའི་ཐབས་ཆོ་གའི་རིམ་པ་གང་གིས་བསྡུས་ཞེ་ན། གནས་དང་ཞེས་པ་ནས། བསྡུ་བའི་བར་གྱིས་བསྐྱེད་པའི་རིམ་པ་ལ་དགུ་ལས། ཐོག་མར་རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ། སྣ་ཚོགས་པད་མ་ཆུང་ངུའི་བར་དུ་བསྒོམ་པ་ནི་གནས་སོ། །ལྡང་བ་ནི་དེའི་སྙིང་པོར་ཨ་ལི་དང་ཀ་ལི་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་བསྒོམས་ནས་ཆོ་ག་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་རྫོགས་པར་གྲུབ་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམ་པར་དག་པའི་ཏིང་ངེ་འཛིན་ཏོ། །ལུས་ཀྱིས་དཀྱིལ་འཁོར་ནི་རྫོགས་པའོ། །བྱིན་གྱི་བརླབས་པ་ནི། གོ་ཆ་གཉིས་བགོ་བའོ། །འཇུག་པ་ནི་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པའོ། །དབང་བསྐུར་བ་ནི་དབང་བསྐུར་བ་ཉིད་དོ། །མཆོད་པ་ནི་ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད་དོ། །བཟླས་པའི་ནི་དོན་གྱིས་པར་བྱའོ། །ཉེ་བར་བསྡུ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་རང་གི་ལུས་སམ་སྙིང་ཁའི་ས་བོན་ལ་བསྡུ་བའོ། །དེ་དག་གིས་ལུ་ཧི་པའི་བཞེད་པའོ། །གནས་དང་ལྡན་པ་བྱིན་བརླབས་དང་། འཇུག་པ་དང་། དབང་བསྐུར་བ་དང་མཆོད་པ་དང་རྫོགས་པ་དང་། ཏིང་ངེ་འཛིན་དང་བཟླས་པ་བྱས་ནས་ཉེ་བར་བསྡུད་པ་ཡིན་ཏེ། བསྒོམ་པའི་རིམ་པ་འདི་ནི་དྷ་རི་ཀ་པའི་བཞེད་པ་ཡིན་ནོ། །དེ་ལྟར་ཆོ་གའི་རིམ་པ་དགུར་བསྡུ་བ་བཤད་ནས། ལམ་བསྐྱེད་རྫོགས་ཐམས་ཅད་ཐབས་ཤེས་རབ་ཏུ་བསྡུ་བ་ནི། དེ་ནས་རིམ་པ་གཉིས་ཀྱིས་མིང་གི་རྣམ་གྲངས་བཞིན་ཐབས་དང་ཤེས་རབ་དང་ཨ་ལི་དང་ཀ་ལི་ཞེས་བྱ་བར་ཡང་འགྱུར་ཏེ། བསྐྱེད་པ་ནི་ཐབས། རྫོགས་པ་ནི་ཤེས་རབ། ཨ་ལི་ནི་ཤེས་རབ། ཀ་ལི་ནི་ཐབས་སྟེ། གཞི་ལམ་འབྲས་བུའི་ཚུལ་གསུམ་ཀ་ལ་འདི་ཉིད་ཀྱིས་ཀུན་བསྐྱེད་ཅིང་འབྱིན་པ་དང་། བསྡུད་པ་བྱེད་པ་ཡིན་ནོ། །དེ་ཉིད་རྒྱས་པར་བཤད་པ་ནི། ཨ་ཨ་ལ་སོགས་པ་སྟེ། འདི་ཡང་གཞིའི་སྐབས་སུ་ཨ་ལི་དང་ཨ་ཀ་ལི་ནི་ཟླ་བ་དང་ཉི་མ་ཤེས་རབ་དང་། ཐབས་སོ། །ཞེས་པ་དང་། ཟླ་བ་མེ་ལོང་ཡེ་ཤེས་ལྔ་ལྡན་ལ་སོགས་པས་ལུས་དངོས་པོའི་གནས་ལུགས་ཡིན་ལ། ལམ་ལ་མངལ་སྐྱེས་དང་། སྒོང་སྐྱེས་དང་། རྫུས་སྐྱེས་ཀྱི་བསྐྱེད་རིམས་ཤེས་རབ་ཀྱིས་བདག་ཉིད་འབྱིན་པར་བྱེད་པ་དང་བསྡུད་པར་བྱེད་པའི་ཡི་གེ་ཡིན་ཞིང་། རྫོགས་པའི་རིམ་པ་ལ་འཁོར་ལོ་ལ་དགོད་པ་དང་། རྩ་བའི་རྩེ་མོ་སུམ་ཅུ་རྩ་གཉིས་སུ་ཡར་ངོ་དང་མར་ངོའི་ཚེས་ཀྱིས་དག་པ་སྡོམ་འབྱུང་ལས། ཡར་ངོ་ཡིས་ནི་ཚེས་གཅིག་ལ། རྐང་པའི་སོར་མོར་ཡི་གེ་ཨ། ཚེས་གཉིས་བྱིན་པར་ཡི་གེ་ཨཱ། ཚེས་གསུམ་བརླ་ལ་ཡི་གེ་ཨི། །བཞི་ལ་སྐྱེ་གནས་ཡི་གེ་ཨཱི། །ལྔ་ལ་ལྟེ་བར་ཡི་གེ་ཨུ། །དྲུག་ལ་སྙིང་གར་ཡི་གེ་ཨཱུ། །བདུན་པར་ནུ་མར་ཡི་གེ་རི། །བརྒྱད་པ་མགྲིན་པར་ཡི་གེ་རཱི། །དགུ་པ་ལག་མཐིལ་ཡི་གེ་ལི། །བཅུ་པ་འཁུར་ཚོས་ཡི་གེ་ལཱི། །བཅུ་གཅིག་མིག་ཏུ་ཡི་གེ་ཨེ། །བཅུ་གཉིས་རྣ་བར་ཡི་གེ་ཨཱཻ། །བཅུ་གསུམ་རྣ་བར་ཡི་གེ་ཨོ། །བཅུ་བཞི་འཚོགས་མར་ཡི་གེ་ཨཱཽ། །ཉ་ལ་འཚོགས་མར་གཡས་གཡོན་དུ། །ཡི་གེ་ཨོཾ་ཨཿའི་ངོ་བོ་ཉིད། །མར་ངོའི་ཚེས་གཅིག་ནས་བཟུངས་སྟེ། །ཅི་སྲིད་གནམ་སྟོང་གིས་བར། །དེ་ཉིད་ཀྱིས་ནི་འཕྲོ་བར་འགྱུར། །ཞེས་པས། ཀ་ལི་ཡང་དེ་ཉིད་དང་དབྱེར་མེད་པར་ཐབས་ཀྱི་རང་བཞིན་དུ་གནས་པས། དེ་ལ་བརྟེན་ནས་འབྲས་བུ་མཚན་དང་དཔེ་བྱེད་ཀྱང་འཐོབ་ལ། ཨེ་ཆོས་ཀྱི་འབྱུང་གནས་ཡིན་པས། བཅོམ་ལྡན་འདས་ཡང་ཡིན་ནོ། །ལུས་ལས་བྱུང་བའི་ཕྱིར་ན་ལྷའོ། །བདག་བྱིན་གྱིས་བརླབས་པའི་རིམ་པ་ལྷག་པར་གནས་པ་དང་། ལྷ་ཀུན་གྱི་བསྐྱེད་པའི་ས་བོན་དང་སྔགས་རྣམས་ཀྱི་རྒྱུའང་ཡིན་ནོ། །ད་ནི་ཕན་ཡོན་གསུངས་པ། འདི་ལས་འཕྲོས་པའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་བསྒོམ་ལ་སོགས་པ་བྱས་པས་ཧེ་རུ་ཀ་དང་གཉིས་མེད་དུ་འགྱུར་ལ། ལྷ་ཚོགས་ཀྱིས་བརྒྱན་མགོ་བོའི་ཕྲེང་བ་དང་། སྐེ་རགས་ལ་སོགས་པའི་རང་བཞིན་ཡིན་པས་ཕ་རོལ་དུ་ཕྱིན་པ་དྲུག་རྫོགས་པས་ཆོས་སྐུ་རྟོགས་པ་ཡིན་ནོ། །དེ་ནས་ས་བོན་དང་བཅས་པའི་རྫོགས་རིམས་ལ་གཉིས་ལས། བདེ་བ་ཆེན་པོ་སྟོན་ཏེ་བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་ཆེན་པོས་སེམས་ངལ་བ་ལ་སོགས་པའི་དོན་དུ་ཨ་ལི་དང་ཀ་ལིའི་རང་བཞིན་ཐབས་ཤེས་རབ་ཀྱིས་བདེ་སྟོང་གི་འོད་ཟེར་སྤྲོས་སྟེ། དཔའ་བོ་དང་རྣལ་འབྱོར་མ་རྣམས་བདེ་བ་ཆེན་པོའི་རང་བཞིན་དུ་བསྡུས་སྟེ། ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་ཨཿཧཱུྃ་གིས་རང་བཞིན་དུ་བསྡུས་སྟེ། དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྐབས་སུ་མྱོང་བ་ལྟ་བུར་བསྒོམ་ཏེ། ད་ནི་གཟུགས་ལས་འདས་པའི་བསྒོམ་པ་གསུངས་པ། ཟླ་བའི་དབུས་ན་གནས་པའི་ཡི་གེ་ཧཱུཾ་དཀར་ལ་དམར་བའི་མདངས་ཅན་བསམས་ལ་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕག་མོ་དང་བཅས་པ་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ལྷའི་སྐུ་གཟུགས་སུ་བསྒོམ་མོ། །དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔལ་ལ་བསྡུས་ནས། དེ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་གོང་བུར་བསྡུས་ན་བདེ་བ་ལ་སྟོང་པའི་རྒྱས་གདབ་པར་བྱའོ། །ས་བོན་དང་བཅས་པའི་རིམ་པའོ། །ད་ནི་ས་བོན་མེད་པའི་རྫོགས་པའི་རིམ་པ་ནི། ཐམས་ཅད་བྱང་ཆུབ་ཀྱིས་སེམས་བདེ་བ་ཆེན་པོའི་རང་བཞིན་དུ་གནས་པ་དེ་ཡང་དམིགས་པས་བསྒོམ་པར་མི་བྱའོ། །བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དོན་དེ་ནི་སེམས་ཙམ་དུ་ཡང་བཟུང་བར་མི་བྱ་སྟེ། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་བདག་ཉིད་དུ་བསྒོམ་པར་བྱའོ། །བསམ་གྱིས་མི་ཁྱབ་པའི་གནས་དེ་སྒོམ་པས་ནི་མི་བཟད་པའི་གཟུངས་ཐོབ་པར་འགྱུར་ཏེ། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། སྐྱེ་བ་མེད་པའི་ཡི་གེ་ཨ་ནི་མི་བཟད་པའི་གཟུངས་ཀྱི་སྒོ་སྟེ། ཤེས་རབ་ཀྱིས་ཕ་རོལ་དུ་ཕྱིན་པའོ། །འདི་ཐོས་པས་ནི་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་རྟོགས་པར་འགྱུར་རོ། །ཞེས་སོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་རྒྱུད་ཐམས་ཅད་ཀྱི་ངེས་པའི་དོན་གསལ་བར་བྱས་པའི་དེ་ཁོ་ན་ཉིད་ཀྱི་གནས་པ་བསྟན་པ་སྟེ་ལེའུ་བཅུ་གཉིས་པའོ། །ད་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་ལེའུ་གསུམ་ལས། དང་པོ་གནས་ལ་སོགས་པ་བཤད་ཅིང་ལས་རབ་འབྱམས་བསྒྲུབ་པའི་ལེའུ་འདི་ཡང་། ལུས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ། པུ་ལ་སོགས་པ་ཡང་དག་དགུག་ཅེས་གསུངས་པ་འདིར་མདོར་བསྟན་པ་འདིར་རྒྱས་པར་བཤད་པ་དང་མཉམ་པར་མ་བཞག་པའི་རྣལ་འབྱོར་གྱི་སྐབས་སུ་སློབ་མ་ལ་དབང་བསྐུར་བ་དང་། གཞིའི་སྐབས་སུ་གནས་ཉི་ཤུ་རྩ་བཞི་ལུས་ཀྱི་ཆ་གང་ཡིན་གནས་པ་བརྟེན་པ་དང་། ཞོར་ལ་རྒྱུད་ཀྱི་དབྱེ་བ་དང་། འདི་ཉིད་ལུས་ལ་བཀོད་ནས་ལས་རབ་འབྱམས་རྣམས་བསྒྲུབ་པར་གསུངས་པ་ལས། དང་པོ་ལུས་ཀྱི་གནས་བཤད་པའི་མདོར་བསྟན་པ། གོང་དུ་རྫོགས་རིམས་གསུངས་པ་དེ་ནས། གཞན་ཡང་མཉམ་པར་མ་བཞག་པའི་རྣལ་འབྱོར་བཤད་དེ། དཔའ་བོ་ཐོད་པའི་དུམ་བུ་དང་རྣལ་འབྱོར་མ་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་གཉིས་སུ་མེད་པའི་དཔལ་ཧེ་རུ་ཀའི་ལུས་ཀྱི་ནས་འདི་དག་རབ་ཏུ་དགའ་བ་ལ་སོགས་པའི་སར་དག་པ་ཡིན་ནོ། །དེ་ཉིད་རྒྱས་པར་བཤད་པ། པུ་ལི་ཨི་ར་མ་ལ་ཡ་མགོ་ལ་ཞེས་པ་ནས། ཀུ་ལི་ར་ནི་པུས་མོར་གནས། ཞེས་བཤད་པའི་བར་ནི་བདེ་བ་ཆེན་པོའི་བརྟེན་རྒྱུན་དུ་གནས་པ་དང་། རེས་འགའ་གནས་པའི་ཉེ་བའི་གནས་དང་། ལོངས་སྤྱོད་པའི་ཞིང་དང་། ཉེ་བའི་ཞིང་དང་། ཐིམ་པའི་ཙྪན་དྷོ་ཧ་དང་། ཉེ་བའི་ཙྪན་དྷོ་ཧ་དང་འཚོག་པའི་འདུ་བ་དང་། ཉེ་འདུ་དང་། ལྷན་ཅིག་སྐྱེས་པའི་རོས་ཁྱབ་པའི་དུར་ཁྲོད་དང་། ཉེ་བའི་དུར་ཁྲོད་རྩ་ལ་སོགས་པའི་རང་བཞིན་དུ་ལེའུ་བཞི་པར་བཤད་དོ། །དེ་ཉིད་བྱིན་གྱིས་རློབ་པའི་སྔགས་ཞེས་པུ་ཛ་ལ་སོགས་པ་སྟེ་མིང་གི་ཡི་གེ་དང་པོའོ། །འདི་ཉིད་སྒོམ་པའི་ཕན་ཡོན། གཉིད་ལོག་པ་ལ་སོགས་པ་སྤྱོད་ལམ་རྣམ་པ་བཞི་ཐམས་ཅད་དུ་ལུས་ལ་འདི་ཉིད་བཀོད་ལ། འཇིག་རྟེན་གསུམ་ན་གནས་པས་ཀྱང་བསྐུལ་བར་མི་ནུས་པའོ། །ད་ནི་རྣམ་གྲངས་དུ་མས་རྒྱུད་ཀྱི་ཆེ་བསྟན་ཏེ། དེ་ལ་ཐོག་མར་རྒྱུད་འདི་རྒྱུད་ཐམས་ཅད་ཀྱི་སྙིང་པོར་བཤད་པ་ཧེ་རུ་ཀ་མངོན་པར་བརྗོད་པ། འབུམ་པ་ཞེས་བྱ་བ། སློབ་དཔོན་ཀཾ་པ་ལའི་ཞལ་ནས་འབུམ་ཕྲག་གསུམ་ཡོད་ཞེས་གསུངས་པ་དེ་ལས། བདེ་མཆོག་བསྡུས་པ་ལེའུ་ལྔ་བཅུ་རྩ་གཅིག་པ་དང་ནམ་མཁའ་དང་མཉམ་པའི་རྒྱུད། འབུམ་ཕྲག་གཅིག་པའི་ནང་དུ་གསུངས་པ་དང་། གཞན་ཡང་མངོན་པར་བྱུང་བའི་རྒྱུད་བླ་མ་དང་། ཁྲག་འཐུང་མངོན་པར་འབྱུང་བ་དང་། སྡོམ་འབྱུང་ལ་སོགས་པ་རྣམས་སུ་གནས་པའི་སྙིང་པོ་ལྟ་བུར་གྱུར་པ་དེ། ལུས་ཀྱི་དཀྱིལ་འཁོར་རམ། ཡང་ན་སྐུ་གསུམ་གྱི་བདག་ཉིད་དཔལ་འཁོར་ལོ་སྡོམ་པ་འདི་ཡིན་པར་རྡོ་རྗེ་སྙིང་པོ་ཁྱོད་ལ་བཤད་པའོ། །དེ་ཉིད་གང་ཞེ་ན། འཁོར་ལོ་གསུམ་དུ་བསྡུས་སྟེ་གསུངས་པ། མདོར་བསྟན་པ་ནི། དམ་ཚིག་གི་དཀྱིལ་འཁོར་སྤྲོ་བ་དང་བསྡུ་བའི་ངོ་བོ་སྟེ་སྤྲུལ་སྐུའོ། །རྒྱས་བསྟན་ནི། ནང་གི་ལུས་ཀྱི་དཀྱིལ་འཁོར་སྟེ་ལོངས་སྐུའོ། །སླར་རྒྱས་པར་བསྟན་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ངོ་བོ་བདེ་བ་ཆེན་པོ་ལ་དམིགས་པས་སྟེ། འདི་ནི་མྱ་ངན་ལས་འདས་པའི་དེ་ཉིད་ཅེས་བྱ་བ་སྟེ་ཆོས་ཀྱི་སྐུ་ཡིན་ནོ། །དེ་ལ་སྐུ་གསུམ་འཁོར་ལོ་གསུམ་དུ་གསུངས་པའི་རིམ་པ་འདི་ལམ་དུ་བྱས་པས་འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པར་འགྱུར་རོ། །དེ་ཡང་ཚོགས་གཉིས་སུ་བཤད་པ། ཚད་མེད་པ་བཞི་སྒོམ་ནས་བསྐྱེད་པའི་རིམ་པའི་ཕྱོགས་ཐམས་ཅད་ནི་བསོད་ནམས་ཀྱི་ཚོགས་སོ། །དེ་ཉིད་རྣམ་པར་དག་པའི་བྱང་ཆུབ་ཀྱི་ཕྱོགས་དང་། རྫོགས་པའི་རིམ་པ་རྣམས་ནི་ཡེ་ཤེས་ཀྱི་ཚོགས་ཏེ། རིམ་པ་འདི་ལ་བརྟེན་ནས་འབྲས་བུ་སྐུ་གསུམ་ཐོབ་པའོ། །དེ་ཡང་བདེན་པ་གཉིས་ལ་བརྟེན་ཏེ་ཐབས་ཀྱི་ཡན་ལག་ཐམས་ཅད་ནི་བསོད་ནམས་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། སྤྲོས་པ་དང་བྲལ་བའི་རྒྱས་གདབ་ནི། དོན་དམ་པའི་བདེན་པ་ཡིན་པས་འདིར་གསང་སྔགས་རྣམས་ཀྱང་བདེན་པ་གཉིས་ཀྱི་ཚུལ་དུ་གནས་པ་ཡིན་ནོ། །དེ་ལྟ་བུའི་དོན་དེ་རྟོགས་པར་དཀའ་བར་བསྟན་ཏེ། དེ་ཡང་གང་གི་མི་རྟོག་ཞེ་ན། ཡིད་མི་གཞུངས་པ་དང་། གླེན་ལྐུགས་ལ་སོགས་པའི་མི་ཁོམ་པའི་གནས་དང་། ཤེས་རབ་དམན་པ་ཉན་རང་གི་ཐག་པ་དང་། ལོག་ལྟ་ཅན་གྱི་ཕྱི་རོལ་གྱི་བསྟན་ཆོས་ཀྱི་ཅོ་འདྲིའི་མུ་སྟེགས་ཅན་ལ་སོགས་པ་རྣམས་ནི། བླ་མའི་བླ་མ་བླ་ན་མེད་པའི་ལམ་གྱི་ཚེར་མ་ཉིད་ཡིན་ནོ། །འགྲུབ་པའི་རྒྱུ་ནི་གོང་ལས་བཟློག་པ་འཆད་པ་ལ་སོགས་པའི་ཆོས་སྤྱོད་བཅུ་ལ་གུས་པར་བརྩོན་ཅིང་། བློ་ཆེན་པོ་དང་ལྡན་པའི་ནི་ཐེག་པ་ཆེན་པོ་ནི་བླ་ན་མེད་པའི་རིགས་ཏེ་སྐལ་ལྡན་དང་སྐལ་མེད་ཀྱི་དབྱེ་བ་གཉིས་པོ་འདིར་བརྗོད་པ་ཡིན་ནོ། །སྐལ་པ་དང་ལྡན་པ་དེ་ཡང་རྒྱུད་སྨིན་པར་བྱ་བའི་ཕྱིར། དབང་གིས་རྒྱུད་སྨིན་པར་བྱས་པའམ། ཡང་ན་བྱིན་གྱིས་བརླབས་པའི་ཆོ་ག་འདི་ཉིད་ཀྱིས་རྒྱུད་སྨིན་པར་བྱས་ཏེ། ལྷ་མོའི་དབང་ཕྱུག་རྡོ་རྗེ་རྣལ་འབྱོར་མ་ཡིན་པས། དེ་མཆོད་དེ་བཀའ་སྦྱིན་པའམ་ཡང་ན་དཔའ་བོའི་བཀའ་སྦྱིན་པའོ། །དེ་ཡི་ལག་ལེན་གྱི་རིམ་པ་འདི་ཡིན་ཏེ། དེ་ཡང་སྔགས་པས་སྐྱེ་བོ་མེད་ཅིང་ཡིད་དང་མཐུན་པའི་ས་ཕྱོགས་སུ་འཁོར་ལོ་གསུམ་གྱི་བདག་ཉིད་དམ། རྡོ་རྗེ་ཕག་མོ་འབའ་ཞིག་བསྒོམས་པ་ཡང་རུང་སྟེ། སརྦ་བྷུད་དྷ་འབུམ་ཕྲག་གཅིག་བཟླས་པས་སྔོན་བསྙེན་པ་བྱའོ། །དེས་ནས་སློབ་མས་དཀྱིལ་འཁོར་གྱི་བྱ་བ་སྔོན་དུ་སོང་བས་གསོལ་བ་བཏབ་སྟེ། བཟུང་བའི་ཕྱིར་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་མར་ངོའི་བཅུ་པའམ། ཡར་ངོའི་བཅུ་པ་ལ་བླ་རེས་འབར་བ་བྲེས་ཤིང་། གདུགས་ལ་སོགས་པས་བརྒྱན་པར་མཎྜྻལ་དང་། མེ་ཏོག་དང་། བདུག་སྤོས་ལ་སོགས་པས་གང་བར་སློབ་དཔོན་སྟན་བདེ་བ་ལ་འདུག་སྟེ། ཆོ་ག་རྒྱས་པར་བསྒོམ་པ་ཅི་ལྟ་བ་བཞིན་དུ་བྱས་ལ། གཏོར་མ་བྱིན་ནས་རང་གི་ལག་པ་གཡོན་པ་བྱིན་གྱིས་བརླབས་པས་མེ་ལོང་ལ་སིན་དྷུ་ར་བྱུགས་ལ་འབྲས་མ་གོད་པས་གཡོན་བསྐོར་དུ་མདུན་ནས་གྲུ་གསུམ་གཉིས་རྩེགས་བྲིས་ལ་ཟུར་དྲུག་ལ་ཨེ་བཾ་བྲིའོ། །དབུས་སུ་རང་གི་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་རྗེ་བཙུན་མའི་སྙིང་པོ་སརྦ་བྷུད་དྷ་བྲིས་ལ། རང་གི་སྙིང་ཁའི་ས་བོན་གྱིས་འོད་ཟེར་གྱི་རྗེ་བཙུན་མ་ཕག་མོ་སྤྱན་དྲངས་ལ་ལེགས་པར་མཆོད་དེ། སྔགས་ཀྱི་ཡི་གེ་ཡི་རྣམ་པར་གྱུར་པའི་སྔགས་ལ་སྟིམ་པར་བྱའོ། །དེ་ནས་སྙིང་པོ་འདི་ཉིད་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེའི་འོག་ཏུ་སློབ་མ་ལ་བྱིན་གྱིས་རླབས་པའི་ཆང་ལ་ལག་པ་གཡོན་པའི་སྲིན་ལག་གིས་སྙིང་ཁ་ལ་སོགས་པར་ཧཱུཾ་ཨཱཿ་ཨོཾ་ཞེས་བཟློས་ཤིང་ཐིག་ལེ་བྱའོ། །དེའི་རྗེས་ལ་ཨེ་བཾ་དྲུག་ཨོཾ་དང་བདུན་སྭཱ་ཧཱ་དང་བརྒྱད་དེའི་གནས་བརྒྱད་ནས་སིན་དྷུ་ར་བླངས་ནས་སློབ་མའི་དཔྲལ་བར་ཐིག་ལེ་བྱའོ། །དེས་རྣལ་འབྱོར་མ་མཉེས་ནས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་དག་གི་ཆོ་ག་དང་པོའོ། །བཀའ་བ་སྦྱིན་པ་ལ་དཔའ་བོ་སྐྱེས་ཞེས་བྱ་བ་ནི། ཆོ་ག་གཉིས་སྟེ། སྔ་མ་བཞིན་དུ་གྲུ་གསུམ་གཉིས་བརྩེགས་བྲིས་ལ་རྩིབས་དྲུག་ལ་ཧཱུྃ་དྲུག་དང་དབུས་སུ་དཔའ་བོའི་རྩ་བའི་སྔགས་ལ་སོགས་པ་གང་ཡང་རུང་བ་བྲིས་ལ། དེ་ནས་སློབ་མའི་འདོད་པའི་ལྷའི་ཡི་གེ་བདུན་པའམ་འཁོར་ལོ་གསུམ་གྱི་ལྷ་འཛུབ་མོ་སྦྲེལ་བ་ལ་སོགས་པས་སྤྱན་དྲངས་ལ་ལེགས་པར་མཆོད་དོ། །ཡི་གེའི་རྣམ་པར་གྱུར་པས་ཐིམ་པ་ལ་སྔགས་དེ་ཉིད་ལན་བརྒྱ་རྩ་བརྒྱད་དེ་ཞེས་བྱ་བ་ལ་སོགས་པའི་ཆོ་གས་སློབ་མ་ལ་བཀའ་དྲིན་བྱིན་པར་བྱའོ། །ཆོ་ག་ནི་གཞན་ཐམས་ཅད་ནི་སྔ་མ་དང་འདྲའོ། །འདིར་ཆོ་ག་ཐམས་ཅད་དེ་དག་ལས་ཚོགས་ཀྱི་འཁོར་ལོའམ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་རྣམ་པར་དག་པ་ཙམ་གྱི་དཔའ་བོའི་སྟོན་མོ་བྱའོ། །དེ་ལྟར་བྱིན་གྱིས་བརླབ་པའི་རིམ་པ་ལ་བསྟན་ནས་གཞི་ལམ་འབྲས་གསུམ་ཀུན་ཏུ་སྤྱོད་པ་འདི་ཉིད་འཁོར་བ་ལས་སྒྲོལ་བའི་ཐབས་ཀྱི་གཙོ་བོ་ཡིན་ནོ། །ཐེག་པ་ཆེན་པོ་སྟོན་པའི་རིག་བྱེད་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་གྲུབ་པའི་མཐའ་རྣལ་འབྱོར་བླ་ན་མེད་པར་རབ་ཏུ་གྲགས་པ་འདི་ན་དཔའ་བོ་སྟེ་ལག་ན་རྡོ་རྗེ་ལ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ཐབས་དེ་རྟོགས་པར་དཀའ་བ་ནི། སངས་རྒྱས་པའི་མུ་སྟེགས་ཅན་ཉན་ཐོས་ལ་སོགས་པ་རྣམས་ཀྱི་ཐེག་པ་བླ་ན་མེད་པའི་ཐབས་དང་། བསམ་གྱིས་མི་ཁྱབ་པའི་གནས་རྟོགས་པར་བྱའོ། །དེ་གང་གི་ཞེ་ན་སྒྲ་ཇི་བཞིན་པ་དང་། སྒྲ་ཉམས་པ་སྟེ། དགོངས་པ་ཅན་དུ་གསུངས་པ་དང་། བརྡའི་ཚིག་ནི། སྤང་བྱ་མ་ལུས་པ་བཅོམ་པ་ལ་བྷ་ག་ཞེས་བཏགས་པ་ལྟ་བུ་དང་། བསམ་གྱིས་མི་ཁྱབ་པའི་ལམ་འདི་ཉིད་ཀྱི་རྗེས་སུ་འབྲངས་ནས། ཅི་སྙེད་པ་གསུངས་པ་རྣམས་རྒྱུད་མཐའ་དག་གི་བསྡུས་པའི་དོན་འདིར་བསྡུས་པ་སྟེ། དེས་ན་ཨེ་བཾ་ལ་སོགས་པའི་བརྡའི་ཚིག་ནི། བསམ་གྱིས་མི་ཁྱབ་པའི་ཕྱིར་རྒྱས་པ་ཡིན་ལ། ཡང་ན་རྒྱུད་འདིར་བསྡུས་པར་བསྟན་པ་རྒྱུད་གཞན་ནས་རྒྱས་པར་བསྟན་པ་ཡིན་ནོ། །དོན་དེ་ཤེས་པ་ལ་བསྔགས་པ་ནི། གང་ཟག་གང་གིས་གཞི་ལམ་འབྲས་བུ་གསུམ་གྱི་ཀུན་ཏུ་སྤྱོད་པའི་ཚུལ་འདི་མི་ཤེས་པར་རྣལ་འབྱོར་པ་ཞེས་ཁ་འཆེས་ཀྱང་ངལ་བ་དོན་མེད་པ་ཡིན་སྟེ། དགོངས་པ་ཅན་ལ་སྒྲ་བཞིན་དུ་འཛིན་པ་འདི་ནི་འབྲས་བུ་འཐོབ་པ་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །དེ་ནི་ལས་རབ་འབྱམས་བསྟན་པ་དངོས་ལ་གསུམ་ལས། སྦས་པའི་ཚུལ་དུ་གསུངས་པའི་དོན་ནི། སྔོན་དུ་རྩ་བའི་རྒྱུད་མ་རྟོགས་པ་གོང་མར་གསུངས་པའི་ལས་རབ་འབྱམས་རྣམས་རྣལ་འབྱོར་ཅན་གྱིས་འདི་ལྟར་བྱར་རུང་བ་དང་མི་རུང་བ་བསྟན་པའི་ཚིག་སྦས་ཏེ་གསུངས་པའམ། ཡང་ན་རྒྱུད་གཞན་དུ་སྦས་པ་འདིར་གསུངས་པ་ལ་སྒྲུབ་པ་པོས་མཉམ་པར་བཞག་སྟེ་སྤྱད་པར་བྱའོ། །ད་ནི་ལས་ཚོགས་རྣམས་གཞན་དུ་འགྱུར་མི་འགྱུར་ལྟ་བ་ནི་སྔར་རྒྱལ་བས་རྒྱུད་ཆེན་པོ་འབུམ་པའམ། ཡང་ན་ལས་རྒྱས་པའི་རྒྱུད་ཆེན་པོ་བསྟན་པ་རྣམས་སུ་གསུངས་པའི་བསད་པ་དང་བསྐྲད་པ་ལ་སོགས་པའི་འཁྲུལ་འཁོར་རྣམས་གཞན་དོན་དུ་འགྱུར་ན་སྤྱད་པར་བྱ་ཡི་མི་འགྱུར་ན་མི་བྱའོ། །དེ་ཡི་ལས་གང་ཞེ་ན། སྔགས་ཀྱི་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་དང་། གོ་ཆ་གཉིས་དང་། ཕྲེང་སྔགས་དང་། སུམ་བྷ་ནི་ལ་སོགས་པའོ། །འཁྲུལ་འཁོར་ནི་བསྐྲད་པ་ལ་སོགས་པ་རྣམས་སོ། །ལས་ནི་ཞི་བ་དང་རྒྱས་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་བསྒྲུབ་པ་དངོས་བསྟན་པ། ཡི་གེའི་མཐའ་དང་དབུས་དག་ཏུ། །དེ་རྣམས་ཐམས་ཅད་རབ་ཏུ་བསྒྲུབ། །ཞེས་པས་སྔགས་སོ་སོའི་བཤམ་དུ་ལས་གང་བྱེད་པའི་སྔགས་བསྐུལ་ཚིག་དང་བཅས་པ་བཞུགས་པའམ། དེས་མ་གྲུབ་ན་སྔགས་དཀྲུགས་པའི་དབུས་སུ་བཞུགས་པའོ། །དེ་ཉིད་ཀྱི་རིམ་པའང་རྩ་རྒྱུད་ལས། ལྷ་ལ་སོགས་པ་བསད་པར་འདོད་ན། སྔོན་དུ་བསྙེན་པ་བྱ། དེ་ནས་དངོས་གྲུབ་ཀྱི་དོན་དུ་བསྐུལ་ཚིག་དང་བཅས་པའི་བཟླས་པ་ཁྲི་བྱས་ལ། དེ་ནས་རྣལ་འབྱོར་པ་རབ་ཡིན་ན་བསམ་གཏན་ཙམ་གྱི་འཆི་བར་འགྱུར། འབྲིང་གིས་བསམ་གཏན་བསྐུལ་ཚིག་དང་བཅས་པས་འགྲུབ་ལ་ཐ་མས་བསམ་གཏན་དང་བཟླས་པ་དང་འཁྲུལ་འཁོར་གྱིས་སོ། །ཞེས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །རྣལ་འབྱོར་མའི་ཀུན་དུ་སྤྱོད་པ་ལས་ཨ་ལི་དང་ཀ་ལི་དང་ལས་ཐམས་ཅད་གཏན་ལ་དབབ་པ་གཉིས་སུ་མེད་པ་བསྟན་པ་སྟེ་ལེའུ་བཅུ་གསུམ་པའོ། །ལེའུ་བཅུ་བཞི་པ་ཕྱི་རོལ་དང་ལག་པའི་མཆོད་པ་བསྟན་པ་འདི་ཡང་། ཁོང་སྡོམ་གསུམ་ལས་ལམ་གྱི་རིམ་པ། དེ་ལས་ཡན་ལག་གནས་སྐབས་ཀྱི་བྱ་བ་སྟོན་སྟེ་དེ་ཉིད་མདོར་བསྟན་པ་ནི། དེ་ནས་རྒྱུད་ཐམས་ཅད་བསྡུས་པའི་མཆོད་པ་ལ་སོགས་པ་བཤད་པར་བྱའོ། །དེ་ཉིད་རྒྱས་པར་བཤད་པ་ལས་ཐོག་མར་ཕྱི་རོལ་གྱི་མཆོད་པའི་མཎྜྻལ་ནི། སངས་རྒྱས་གཞི་ནི་གདན་ལ་བཞུགས། ཅེས་པས་ལག་ལེན་གྱི་རིམ་པ་ནི། གནས་ཡིད་དང་མཐུན་པར་མཎྜྻལ་ལེགས་པར་བྱས་ཏེ། སུམྦྷ་ལ་སོགས་པས་བགེགས་བསྒྲད་ཅིང་དཀྱིལ་འཁོར་སྦྱངས་ནས་ཚོམ་བུ་བཀོད་དེ་མཆོད་པ་བཤམ་མོ། །མཆོད་པའི་ཡུལ་ནི། བདག་ཉིད་ཀྱི་སྙིང་པོའི་ས་བོན་གྱི་འོད་ཟེར་གྱིས་ཚོམ་བུ་ལ་རེག་མ་ཐག་ཏུ་རྡོ་རྗེ་འཆང་ལ་སོགས་པ་འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་བཞི་དང་། མེ་ལོང་ལྟ་བུ་ལ་སོགས་པ་བཞིའི་རང་བཞིན་གྱི་ཐོད་པ་དང་། སྒོ་མཚམས་མ་ལ་སོགས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་བསྐྱེད་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་གོ་ཆ་དང་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱས་ནས། མཆོད་པ་དངོས་ནི། མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་བཅུ་དྲུག་དང་། རིན་པོ་ཆེ་སྣ་བདུན་དང་ནང་དང་། གསང་བ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་དེ་འདོད་པའི་དོན་ལ་གསོལ་བ་གདབ་ནས། མཐར་རང་ཉིད་ལ་ཞུག་པར་བྱའོ། །རྒྱས་པར་ལེའུ་བཅུ་གཉིས་པར་ནང་གི་མཆོད་པ་བསྟན་པ་བཞིན་ནོ། །འདི་ཡང་ནང་དོན་དུ་སྦྱར་ན་སངས་རྒྱས་ཀྱིས་གཞི་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མེ་ལོང་ལ་སོགས་པ་བཞི་ནི་དེ་དང་དབྱེར་མེད་པའོ། །དཔའ་བོ་རྣལ་འབྱོར་དབང་ཕྱུག་གཙོ་ནི་བདག་ཉིད་ཡིན་ལ་མཁའ་འགྲོ་མ་ལ་སོགས་པ་ནི་ཕྱག་རྒྱའོ། །གཉིས་མེད་གཉིས་སུ་མེད་སྦྱོར་ཉིད་ནི་ཐབས་ཤེས་རབ་གཉིས་སུ་མེད་པ་ཉིད་དོ། །མེ་ཏོག་ལ་སོགས་པའི་རྫས་ནི་བྱང་ཆུབ་ཀྱི་སེམས་ཉིད་དོ། །རེ་རེ་ནས་འབུལ་བ་ནི་ཉམས་སུ་བླང་བའི་རིམ་པ་མངོན་དུ་བྱ་བ་འདིས་བླ་ན་མེད་པའི་མཆོད་པར་འགྱུར་རོ། །ད་ནི་ལག་པའི་མཆོད་པ་ལ་ལྔ་ལས། སྔོན་དུ་བྱ་བ་ནི། རུས་པའི་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་ལྔ་ཐལ་བའི་རྒྱན་དང་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཡིན་པས་དག་པ་དེ་ལྡན་པའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་དམིགས་ནས་ལག་པའི་མཆོད་པ་དང་། སོགས་ཁོང་ནས་ཕྱི་རོལ་དང་གཏོར་མའམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདོད་པའི་རྣལ་འབྱོར་ཅན་གྱི་བྱ་བ་ཡིན་པར་ཤེས་པར་བྱའོ། །ལག་པ་བྱིན་གྱིས་བརླབ་པ་ནི། གཡོན་པའི་མཐིལ་དུ་པད་མ་དམར་པོ་འདབ་མ་ལྔ་བསམས་ལ། དབུས་སུ་རྡོ་རྗེ་ཕག་མོ། གཞན་རྣམས་ནི་རང་གི་མདུན་ནས་གཡོན་བསྐོར་དུ་གཤིན་རྗེ་མ་དང་། རྨོངས་བྱེད་མ་དང་། སྐྱེད་བྱེད་མ་དང་། སྐྲག་བྱེད་མ་དང་། གཏུམ་མོ་རྣམས་དགོད་དོ། །དེ་བཞིན་དུ་ཐེ་བོང་ལ་རྡོ་རྗེ་སེམས་དཔའ། གཞན་རྣམས་ལ་ནི་རྣམ་སྣང་དང་། པད་མ་གར་དབང་དང་། ཧེ་རུ་ཀ་དང་། རྡོ་རྗེ་ཉི་མ་དང་། སེན་མོ་ལ་རྟ་མཆོག་རྣམས་བཀོད་དེ། ལག་པའི་རྒྱབ་ཏུ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་བཀོད་ནས། དཔའ་བོ་ཆེན་པོས་ལག་པའི་མཆོད་པ་བྱ་བར་འདི་ནི་རྒྱུད་གཞན་དུ་རྙེད་པར་དཀའ་བ་ཡིན་ནོ། །མཆོད་པའི་རྫས་ནི། ཤ་ལྔ་པོ་དང་། བདུད་རྩི་ལྔ་དང་སྦྱར་བའི་དམ་ཚིག་གི་རྫས་དེ་ཉིད་ལ་བྱིན་གྱིས་བརླབས་པ་དང་ལྡན་པ་ཡེ་ཤེས་བདུད་རྩི་འོ་མ་ལྟ་བུ་དང་འདྲེས་པ་དེས་མཆོད་པར་བྱའོ། །མཆོད་པའི་ཐབས་ཕན་ཡོན་དང་བཅས་པ་ནི། ཡང་དག་གནས་སུ་མཆོད་པར་བྱ། །ཞེས་པས། དམ་ཚིག་གི་རྫས་དེ་ཉིད་ལ་ཕྱི་ནང་གི་མཆོད་པ་རྣམས་སྤྲོས་ཏེ་མཆོད་ནས། རྐང་པ་བརྒྱད་པ་ལ་སོགས་པས་བསྟོད་ནས་ལྷ་དེ་དག་རང་ལ་བཞུགས་ཤིང་བདུད་རྩི་དེ་མཐེབ་སྲིན་གྱིས་བླངས་སྟེ་དམ་ཚིག་གི་རྫས་གཞན་བྱིན་གྱིས་བརླབས་པ་དང་། བདག་ཉིད་ཀྱིས་མྱང་བར་བྱའོ། །དེ་ལྟར་ལག་པའི་མཆོད་པ་ནི་སྤྱོད་པ་དང་། གྲོལ་བར་འདོད་པའི་རྣལ་འབྱོར་པས་ལག་པའི་མཆོད་པ་ཕུལ་བ་ལ་བརྟེན་ནས་འདི་དོན་ཐམས་ཅད་འགྲུབ་པ་དང་། སེམས་ཅན་གཞན་དབང་དུ་བྱེད་པ་ལ་སོགས་ཡིད་ལ་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །དོན་འདི་རྒྱུད་གཞན་ལས་རྙེད་པར་དཀའ་བ་ནི། དཔའ་བོ་དཔལ་ཆེན་ཞེས་པ་ལ་སོགས་པའོ། །ད་ནི་རྒྱུད་ཐུན་མོང་གི་ཕན་ཡོན་གསུངས་པ། རྣལ་འབྱོར་པའི་གནས་སྐབས་ཀྱི་བརཏལ་ཤུགས་རྣམས་ལས་ལག་པའི་མཆོད་པའི་རྣལ་འབྱོར་འདི་ནི་དབང་ཕྱུག་ཡོན་ཏན་ཐམས་ཅད་སྟེར་བར་བྱེད་པའི་གཙོ་བོ་ཡིན་ནོ། །གང་ལ་ལ་ཞིག་གིས་འདིར་རང་ཉིད་ཀྱིས་མཆོད་པ་བྱེད་ཀྱང་འདོད་པའི་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པ་ཉིད་དོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་དཔའ་བོ་བཞི་དང་ཡང་དག་པར་སྦྱོར་བའི་ལག་པའི་མཆོད་པ་བསྟན་པས་ཏེ་ལེའུ་བཅུ་བཞི་པའོ། །སྤྱོད་པའི་ལེའུ་འདི་ཡང་། ཁོང་སྡོམ་གསུམ་ལས་ལམ་གྱིས་རིམ་པ། དེ་ལས་ཀྱང་རྫོགས་པའི་རིམ་པའི་ཡན་ལག་དུ་སྤྱོད་པ་སྟོན་སྟེ། དེ་ལ་ཡང་གསང་སྤྱོད་དང་། རིག་པ་བརཏལ་ཤུགས་ཀྱི་སྤྱོད་པ་ལ་སོགས་པ་འཆད་པ་ལས་བཤད་པར་དམ་བཅའ་བ་ནི། དེ་ནས་དཔལ་ཧེ་རུ་ཀ་དང་། རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པའི་སྤྱོད་པ་བཤད་པར་བྱའོ། །དེ་ཡང་བརཏལ་ཤུགས་ཀྱི་སྤྱོད་པའི་སྔོན་དུ་གསང་སྤྱོད་དགོས་ཤིང་དེ་ཉིད་ཀྱི་བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་པ་དང་། རྫོགས་པའི་རིམ་པ་ལ་དྲོད་ཐོབ་པར་བྱ་བའི་ཕྱིར། སྤྱོད་པའི་སྔོན་དུ་འགྲོ་བ་གསུངས། དང་པོར་རྣལ་འབྱོར་ཅན་གྱིས་དབེན་པའི་གནས་ལ་སོགས་པར་མཉམ་པར་བཞག་པར་བྱའོ། །ཅི་ལྟར་མཉམ་པར་བཞག་ན། དགྱེས་རྡོར་ལས། དང་པོར་གོམས་པར་བྱེད་ཀྱིས། གནས་ནི་གང་དུ་གནས་པའི་ས། །གཅིག་ཏུ་མཉམ་བཞག་འགྱུར་བའི་ས། །གནས་ནི་བཟང་པོ་ངེས་པར་བརྟག །རང་གི་ཁྱིམ་དུ་མཚན་དུས་སུ། །བདག་ཉིད་བསྒྲུབ་པའི་སེམས་ཀྱིས་ནི། །རྣལ་འབྱོར་མ་བསྒོམས་ཤེས་རབ་ཅན། །ཡང་ན་ཧེ་རུ་ཀ་དཔལ་གཟུགས། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་གསུངས་པ་བཞིན་དུ་བསྒོམས་ནས་དྲོད་ཀྱི་ནུས་པ་བསྐྱེད་པར་བྱའོ། །སྤྱོད་པའི་དུས་ཀྱང་ནུས་པ་བསྐྱེད་པའི་རྗེས་ཐོག་ལ་སྟེ། ནུས་པ་ནི། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུངས་པའི་འཚེ་བ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྒྲུབ་པ་པོ་ཉོན་མི་མོངས། །ཞེས་པའི་ཡོན་ཏན་འདི་ཐོབ་ནས་སྤྲོས་བཅས་དང་སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་གང་འདོད་པའི་བརཏལ་ཤུགས་ཅན་གྱི་སྤྱོད་པ་སྤྱོད་དོ། །སྤྱོད་པའི་དགོས་པ་ནི། བདག་ཉིད་ཀྱི་དོན་ཁོ་ན་མ་ཡིན་གྱིས། བྱང་ཆུབ་ཐོབ་ནས་སེམས་ཅན་རྣམས་རྗེས་སུ་བཟུང་བའི་རྒྱུད་དཔའ་བོ་ཆེན་པོས་རྒྱུ་བར་བྱ་སྟེ། བདག་གི་དལ་བ་མངོན་དུའི་ཕྱིར། །གང་བཤད་འཇིགས་པའི་གཟུགས་ཅན་གྱིས། །སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །ཡིད་ནི་བརྟན་ནམ་གཡོའམ་ཅི། །རང་གི་སེམས་ནི་སོ་སོར་བརྟག །ཞེས་གསུངས་པས་སོ། །སྤྱོད་པའི་ངོ་བོ་ནི། གྲོལ་བའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འདོད་པའི། སྲོག་ཆགས་ཀྱི་ཡན་ལག་ནི་གླང་པོ་ཆེ་དང་སྟག་ལ་སོགས་པའི་ལྤགས་པ་གྱོན་པའམ། ཡང་ན་སྲོག་གི་སེམས་ཏེ་དེའི་ཡན་ལག་བྱང་ཆུབ་སེམས་ཀྱི་གོ་ཆས་བདེ་བ་ཆེན་པོ་དོན་གཉེར་བའི་བསམ་པས་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་སྤྱོད་པའོ། །འཇིག་རྟེན་པ་དང་མཐུན་པའི་མཆོད་ཕྱིར་ཐོགས་པ་ལ་སོགས་པ་སྤངས་སྟེ། དཔལ་ཁྲག་འཐུང་གི་གཙང་སྦྲ་ལ་སོགས་པ་དང་མཐུན་པའི་སྔགས་དང་། ཕ་རོལ་དུ་ཕྱིན་པའི་ངོ་བོར་གནས་པས་རིགས་ཀྱི་རྣལ་འབྱོར་མའམ། མ་མ་ཀི་ལ་སོགས་པའི་རང་བཞིན་ལུས་ལས་བྱུང་བ་ཀུན་མཉེས་པར་བྱས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀུན་ཐོབ་པའི་རྒྱུར་འགྱུར་རོ། །དེ་ལྟར་སྤྱོད་པ་བྱེད་པ་ལ་རྒྱན་གྱིས་དག་པ་ནི། དཔའ་བོའི་རྩ་བའི་སྔགས་རྐང་པ་བརྒྱད་པ་དང་། ཀ་ར་ཀ་ར་ལ་སོགས་པ་སྟེ་ཚངས་སྐུད་དང་། གདུབ་བུ་ལ་སོགས་པའོ། །ལྷའི་སྙིང་པོའི་སྔགས། ཤྲི་བཛྭ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཌ་ཀི་ནི་ཛྷ་ལ་སམ་བྷ་ར་སྭཱ་ཧཱ་ནི་མགོ་བོའི་འཕྲེང་བའོ། །ཨོཾ་ཧ་ལ་སོགས་པ་ནི་དཔའ་བོའི་གོ་ཆ་ཉིད་ཀྱིས་ལུས་མཛེས་པའོ། །རྡོ་རྗེ་ཕག་མོའི་གསང་སྔགས་ནི། ལྷ་མོ་ཉིད་ཀྱི་རྐང་པ་བརྒྱད་པ་སྟེ། མགུལ་ཆུའོ། །སངས་རྒྱས་མཁའ་འགྲོ་མའི་རྒྱ་ནི། ཨོཾ་སརྦ་བྷུ་དྷ་ཌ་ཀི་ནི་ཡེ་བཛྭ་ཝརྣ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་ཞེས་བྱ་བ་སྟེ། གླང་པོ་ཆེའི་ལྤགས་པའོ། །ཨོཾ་ཧྲི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ནི་རྣ་ཆའི་གདུབ་བསྐོར་རོ། །ཨོཾ་བཾ་ལ་སོགས་པ་རྣལ་མ་དྲུག་གི་སྐེ་རགས་སོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མ་ནི་ཌ་ཀི་ནི་ནས་ཡ་མ་ནིའི་བར་གྱི་ནི་ལྟུང་བའི་ཐོད་པ་ཡིན་ནོ། །རྣམ་སྣང་མཛད་མའི་སྔགས་ནི། ཨོཾ་བཛྭ་བཱཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་ཐོད་པའི་དབུ་རྒྱན་ནོ། །དེ་ལྟར་སྔགས་དང་རྒྱན་ཐ་མི་དད་ཉིད་ཀྱི་ཕ་རོལ་དུ་ཕྱིན་པ་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་དག་པའང་ཡིན་སྟེ། ལེའུ་དྲུག་པར་བཤད་པ་ཡིན་ནོ། །སྤྱོད་པའི་དུས་སུ་འདི་དག་འཛིན་པའི་དོན་ཡང་། དགྱེས་པའི་རྡོ་རྗེ་ལས། བླ་མ་དང་ནི་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་འཛིན་པ་ལ། །སྨོད་ཚིག་མི་ཉན་པ་ཡི་ཕྱིར། །རྣ་བ་དག་ལ་རྣ་ཆ་བཟང་། །སྔགས་ཀྱི་བཟླས་པ་མགུལ་བརྒྱན་ཉིད། །གདུབ་བུ་སྲོག་ཆགས་གསོད་པ་སྤོང་། །ཕྱག་རྒྱ་བསྟེན་པ་སྐེ་རགས་ཉིད། ཞེས་གསུངས་པས་སོ། །ཐབས་དང་ཤེས་རབ་ཀྱིས་དག་པ་ནི། ཁ་ཊྶཱཾ་ག་ནི་ལྷའི་སྐུ་བདེ་བ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རང་བཞིན་སྟོང་པ་ཉིད་མཚན་པ་ནི་ཌ་མ་རུའི་སྒྲར་དག་པའོ། །ཁམས་ཀྱིས་དག་པ་ནི། ཐོད་པའི་དུམ་བུ་ལ་སོགས་པ་སྟེ། ལེའུ་བཞི་པར་བཤད་དོ། །ད་ནི་རྣལ་འབྱོར་གྱིས་དག་པ་འཆད་པ་ལ་བསྲུང་བའི་རྣལ་འབྱོར་ནི། དེ་ལྟར་ཧེ་རུ་ཀའི་རྣམ་པར་བསམས་ནས་མཚམས་ངན་གྱི་སྔགས་སུམྦྷ་ནི་ལ་སོགས་པ་བསྲུངས་བའི་འཁོར་ལོས་བར་ཆད་ཀྱི་བགེགས་བསྲུང་ངོ་། །སྤྱོད་པའི་རྣལ་འབྱོར་ཅན་ཕྱག་རྒྱ་ལྷན་ཅིག་པས་ཀྱང་བྱང་ཆུབ་ཀྱི་སེམས་མི་ཉམས་པའི་ཚངས་པར་སྤྱོད་པ་ལ་གནས་ཤིང་མཆོད་པ་ནི་རྐང་པ་བརྒྱད་པ་ལ་སོགས་པས་བྱའོ། །སྤྲོས་པ་དང་བྲལ་བའི་བརཏལ་ཤུགས་ཀྱི་སྤྱོད་པ་དངོས་ནི་ལྔ་ལས་ཡན་ལག་བྲལ་བའི་སྤྱོད་པ་ནི། ཉིན་མོ་སྣང་བ་ཐབས་ཀྱི་ཆ་བཅོམ་ལྡན་འདས་ཀྱི་རང་བཞིན་དང་། མཚན་མོ་སྣང་མེད་ཤེས་རབ་ཀྱི་རྣལ་འབྱོར་མར་རྟོགས་པའི་གང་ཟག་གིས་ལྷའི་རྣལ་འབྱོར་དང་འབྲེལ་བའི་ལུས་ཀྱིས་མི་བྱ་བའི་ཅི་ཡང་ཡོད་པ་མ་ཡིན་ཏེ། །ལྷན་ཅིག་སྐྱེས་པའི་རྣལ་འབྱོར་དང་ལྡན་པས་གཞན་གྱི་དོན་དུ་རྟག་ཏུ་མི་བསམ་པ་ཡང་ཡོད་པ་མ་ཡིན་ནོ། །བྷུ་ཛེ་བ་ཏེ་བདེ་བ་ཆེན་པོ་ལ་ལོངས་མི་སྤྱོད་པ་ཡང་ཡོད་པ་མ་ཡིན་ནོ། །དགེ་མི་དགེ་ལ་སོགས་པའི་རྣམ་པར་རྟོག་པ་བསམ་དུ་མེད་ཅིང་སྨྲར་མེད་པ་སྤྱད་པར་བྱའོ། །དེ་ཉིད་གྱིས་ལ་འཇིག་པ་དང་བྲལ་བའི་སྤྱོད་པ་ནི། བདག་ཉིད་མི་དམིགས་པ་བཞིན་དུ་འགྲོ་བ་གཞན་ཡང་མི་དམིགས་པའོ། །བདག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ལ་ཤར་བ་ཅི་འདྲར་བར་གཞན་ཡང་དེ་བཞིན་དུ་བལྟས་སྟེ། འདི་ལྟར་གཟུགས་ནི་ལྷ། སྒྲ་ནི་སྔགས། སེམས་བདེ་བ་ཆེན་པོར་ལེགས་པར་བསམ་ཤིང་། གཉིས་སུ་མེད་པར་སྦྱོར་བའི་བདག་ཉིད་ཀྱི་འཁོར་བ་ལ་སྐྲག་པ་དང་མྱ་ངན་ལས་འདས་པ་ལ་རེ་བ་ཐམས་ཅད་སྤངས་ལ། དཔའ་བོ་ཧེ་རུ་ཀའི་ང་རྒྱལ་གྱི་རི་དྭགས་ཀྱི་ནང་དུ་སེང་གེ་ལྟར་སྤྱད་པར་བྱ་སྟེ། དགྱེས་རྡོར་ལས། ངེས་པར་མངོན་དུ་ལྷ་མིན་གང་། །བརྒྱ་བྱིན་ལྟ་བུ་བྱུང་ན་ཡང་། །དེ་ལ་འཇིགས་པར་མི་ལྟ་སྟེ། སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་སོ། །དེ་ལྟར་སྤྱོད་པའི་ཚེ་ཐམས་ཅད་སྔགས་དང་ཕྱག་རྒྱར་འགྱུར་བའི་ཚུལ་ཡང་། དཔལ་ཧེ་རུ་ཀའི་གོ་འཕང་ལ་གནས་ནས་ལུས་ཀྱི་ལས་དང་ངག་གི་ལས་ནི་སྔགས་ཕྱག་རྒྱ་ཁོ་ན་ལས་མ་འདས་སྟེ། དགྱེས་རྡོར་ལས། ཡན་ལག་ཅི་སྙེད་བསྒྱུར་བ་དང་། །ཚིགས་རྣམས་རབ་ཏུ་རྒྱས་པ་ཉིད། །ཧེ་རུ་ཀ་དཔལ་གནས་བཞུགས་པས། །དེ་ཉིད་སྔགས་དང་ཕྱག་རྒྱ་ཡིན། །ཞེས་སོ། །དེ་ལྟར་ཀུན་ཏུ་སྤྱོད་པ་ལ་རིགས་ལྔ་ཡང་གཅིག་ཏུ་འདུས་པར་བསྟན་པ། གཞི་ལ་དུག་ལྔ་དང་ཡེ་ཤེས་རྣམ་པ་ལྔ་མ་རྟོགས་ཤིང་མ་རིག་པའི་དབང་གིས་འཁྲུལ་པར་གྱུར་པ་འདི་སྦྱངས་ཞིང་རྟོགས་པར་བྱེད་པའི་ལྷ་རིགས་ལྔ་ཡང་རྡོ་རྗེ་སེམས་དཔའ་གཅིག་པུ་ཉིད་དུ་འདུས་ལ། དེ་ཉིད་ཀྱི་རྣལ་འབྱོར་པས་སྤྱད་པར་བྱ་བའི་ཕྱག་རྒྱ་རིགས་ལྔ་ཡང་ཀུན་ཏུ་བྱང་ཆུབ་ཀྱི་སེམས་དཀར་དམར་ལས་བྱུང་བ་དང་། དོན་དམ་དུ་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་བྱུང་བར་གཅིག་པས། ཐབས་ཀྱི་སྤང་བླངས་མེད་པར་སྤྱད་པ་འདི་ལྟར་ཤེས་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་མཆོག་ཏུ་འགྱུར་རོ། །དེ་ལྟར་སྤྲོས་བཅས་དང་སྤྲོས་མེད་ཀྱི་སྤྱོད་པ་བཤད་ནས་ད་ནི་ཤིན་ཏུ་སྤྲོས་པ་མེད་པའི་རྣལ་འབྱོར་གཉིས་མེད་ཀྱི་ཡེ་ཤེས་ཀྱི་སྤྱོད་པ་ནི། སྤང་བླངས་དང་རེ་དོགས་དང་བདག་གཞན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སེམས་དང་ལྡན་པས། སྤྱད་པར་མི་བྱ་བ་ཅི་ཡང་མེད་དེ། འདིར་ནི་ཚོགས་ཀྱི་སྤྱོད་པ་ཉིད་དུའང་འགྱུར་ལ། དེ་ཉིད་མཐར་ཕྱིན་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་རྣམ་པར་མི་རྟོག་པའི་སེམས་གཅིག་གི་བདག་ཉིད་ཀྱིས་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པར་སྣང་ཡང་མ་ཆགས་ཤིང་མི་ཆགས་ལ་ཆགས་པར་མི་འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་སྔགས་ཀྱི་སྤྱོད་པ་མཐར་ཐུག་པའོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་བརཏལ་ཤུགས་ཀྱིས་སྤྱོད་པ་དང་། གསང་སྔགས་གཉིས་སུ་མེད་པ་སྟན་པ་སྟེ་ལེའུ་བཅོ་ལྔ་པའོ། །དངོས་གྲུབ་བསྟན་ལ་དབབ་པའི་ལེའུ་འདི་ཡང་ལྔ་ལས། ཐོག་མར་སྙིགས་མའི་དུས་ནའང་འགྲུབ་པར་བསྟན་པ། གོང་དུ་བསྐྱེད་རྫོགས་ཡན་ལག་དང་བཅས་པ་གསུངས་པ་ལས་འཕྲོས་ནས་ཕྱི་མའི་དུས་ནའང་འདི་ལྟ་བུའི་དངོས་གྲུབ་དེ་ལྟར་འགྲུབ་པར་འགྱུར་སྙམ་པའི་ཐེ་ཚོམ་མཁྱེན་ནས་ཕྱི་མའི་རྒྱུད་འདི་རུ་མི་འགྲུབ་སྙམ་དུ་ཁྱོད་སེམས་ན། དེ་ལྟར་མ་ཡིན་ནོ་ཞེས་འགྲུབ་པ་དང་མི་འགྲུབ་པའི་རྒྱུ་གསུངས་པ་ལས་ཐོག་མར་ཕྱག་རྒྱའི་དཀྱིལ་འཁོར་དང་བཟླས་པས་སངས་རྒྱས་གྲངས་མེད་པ་ཉིད་ཀྱང་འགྲུབ་པོ་ཞེས་མདོར་བསྟན་ནས། དེའི་དོན་རྒྱས་པར་བཤད་པ་གཞན་དུ་ན་ཕྱིར་རོལ་པ་ལྟར་བཀྲེས་པ་དང་སྐོམ་པའི་དཀའ་ཐུབ་ཀྱིས་ལུས་ཉམས་པས་ནི་བདེ་བ་ཆེན་པོའི་དོན་འགྲུབ་པར་མི་འགྱུར་རོ། །འོ་ན་གང་གིས་འགྲུབ་པར་འགྱུར་ཞེ་ན། བརྩོན་འགྲུས་ཆེན་པོས་འབད་དེ་འདོད་པའི་ཡོན་ཏན་ལ་སོགས་པ་སྒྱུ་མ་ལྟ་བུར་དམིགས་ན་ནི། དེ་དག་ལ་སྤྱད་ཀྱང་གསོ་བར་མི་འགྱུར་བས། ལམ་དེ་ཉིད་ཀྱིས་རྣལ་འབྱོར་ཅན་དཔལ་ཧེ་རུ་ཀ་བསྒོམས་ནས་རིམ་པ་གཉིས་ལ་བརྟེན་པས་འདོད་པའི་འབྲས་བུ་འཐོབ་པོ་ཞེས་སོ། །དེ་ཡི་ཕན་ཡོན་ཡང་ཏིང་ངེ་འཛིན་དེ་དག་ལ་བརྟེན་ནས་རིང་མོ་ནས་ཀྱང་ཐོས་པའི་ལྷའི་རྣ་བ་དང་། མིག་གི་དབང་པོའི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་པོ་མཐོང་བའམ། ཡང་ན་དཔའ་བོ་དང་རྣལ་འབྱོར་མའི་བྱིན་གྱིས་བརླབས་པའི་མོད་ལ་མཐོང་བ་ཡིན་ནོ། །ཞོར་ལ་ཆོས་ཐམས་ཅད་ཀྱི་དོན་བསྡུས་ཏེ་གསུངས་པ་ལྔ་ལས། ཐོག་མར་ཤེས་རབ་ཅན་གྱི་སྤྱོད་ཡུལ་དང་གསུངས་པ་རྣམ་པར་དཀར་བའི་ཆོས་འདི་འགྲོ་བ་རྣམས་ཀྱི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་རང་བཞིན་འདི་ལྟར་ཤེས་པར་ནི། ཐོས་པ་བསམས་པ་བསྒོམ་པ་ལ་བརྟེན་ནས། བདག་མེད་པའི་ཤེས་རབ་མངོན་དུ་བྱ་བ་འདི་ཉིད་ནི། བདེན་པ་གཉིས་དབྱེར་མེད་པའི་ཡེ་ཤེས་ཀྱི་བརཏལ་ཤུགས་བཟང་པོ་ཡིན་ནོ། །དེ་ཉིད་ཀྱི་རྗོད་པར་བྱེད་པའི་ངག་ཨ་ལི་ཀ་ལིར་འདུ་བ་གསུངས་པ། ཐབས་དང་ཤེས་རབ་ཀྱི་ཡི་གེ་འདི་དག་ཏུ་ཆོས་ཐམས་ཅད་འདུ་བས་དེ་ལས་གཞན་པའི་ཆོས་འདོད་ན་གང་ཟག་དེ་ནི་ངལ་བ་དོན་མེད་པ་ཡིན་པས་འབྲས་བུ་མི་འཐོབ་པོ། །ཡང་ནང་དོན་ལྟར་ན་ཨ་ལི་དང་ཀ་ལི་ནི་ཉི་མ་དང་ཟླ་བའི་རླུང་སྟེ། རླུང་གི་སྦྱོར་བ་འདི་གཉིས་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་འགྲུབ་པར་བྱེད་པས་འདི་ལས་གཞན་པའི་མྱ་ངན་ལས་འདས་པའི་ཐབས་འདོད་ནའང་ངལ་བ་དོན་མེད་པ་ཡིན་ཏེ། སྡོམ་འབྱུང་ལས། རླུང་གི་སྦྱོར་བ་མི་ཤེས་པ། །དེ་ནི་ངལ་བ་དོན་མེད་ཡིན། ཞེས་སོ། །དེ་ལྟར་ཨ་ལི་དང་ཀ་ལི་ལས་འཕྲོས་པའི་མདོ་རྒྱུད་ཐམས་ཅད་ཀྱི་དོན་བསྡུས་སྟེ་གསུངས་པ། མདོ་སྡེ་གསུང་རབས་ཡན་ལག་བཅུ་གཉིས་དང་། རྒྱུད་སྡེ་བཞིར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པ་རྣམས་ལ་གསུངས་པ་ཅི་སྙེད་པ་རྣམས་ཀྱང་བླ་ན་མེད་པ་བྱང་ཆུབ་ཀྱི་རྒྱུ་ཡིན་སྟེ། དེ་ལ་འཇུག་པའི་རིམ་པ་དགོངས་ནས་བསོད་ནམས་དང་ཡེ་ཤེས་ཀྱིས་ཚོགས་ལ་སོགས་པ་སྒྲ་དུ་མས་བསྟན་ཀྱང་། དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཤེས་པ་ལ་བརྟེན་ནས་མྱ་ངན་ལས་འདས་པའི་ཐབས་སུ་བསྟན་ཏོ། །ཡང་ན་འཇུག་པར་ཅི་སྐད་བཤད་པ་ནི་བསྐྱེད་པའི་རིམ་པའོ། །དེ་ཉིད་ཆོས་ཀྱི་རང་བཞིན་རྫོགས་རིམས་སོ། །ཚོགས་གཉིས་གཉིས་སུ་མེད་པའི་རིམ་པ་གཉིས་མཉམ་པར་སྦྱོར་བ་སྟེ། དེ་ནི་མྱ་ངན་ལས་འདས་པའི་ཐབས་སོ། །བདེན་པ་གཉིས་སུ་འདུ་བ་གསུངས་པ། ང་ནི་ཡེ་ཤེས་ལྔ་དང་ལྡན་པའི་སངས་རྒྱས་དང་། དེས་གསུངས་པའི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་བརྩམས་ནས་གསུངས་པའི་ཆོས་ཀུན་རྣལ་འབྱོར་པས་དངོས་པོ་ཀུན་ལ་སྦྱར་ཞིང་བསྒོམས་པས་ཡོན་ཏན་གྱི་འབྲས་བུ་མངོན་པར་དགའ་བ་ལ་སྤྱོད་པར་འགྱུར་རོ། །དེ་ཐམས་ཅད་སྤྲོས་པ་དང་བྲལ་བར་བསྟན་པ་ནི་ས་ལམ་དང་ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་རྩ་རླུང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་རིམ་པ་གཉིས་ལ་དམིགས་པའི་སྤྲོས་པ་ཐམས་ཅད་ཀྱང་སྤྲོས་པ་མེད་པའི་རྒྱས་གདབ་པའོ། །དེ་ཡང་དགྱེས་པའི་རྡོ་རྗེ་ལས། བརཏལ་ཤུགས་ཅན་གྱི་སྤྲོས་པ་བསྒོམས། །སྤྲོས་པ་རྨི་ལམ་འདྲར་ཤེས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །ཞེས་པ་སྟེ་འདི་རྣམས་ནི་སྤྲོས་པའི་དོན་ཏེ། ད་ནི་རྣལ་འབྱོར་བརཏལ་ཤུགས་བསྟན་པ་ལས་ཅི་ལྟར་སྤྱོད་པའི་ནི། རྒྱུད་རྣམས་ཀུན་ནས་གསང་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྟེ། མྱ་ངན་ལས་འདས་པའི་རང་བཞིན་པས་ཡོངས་སུ་མ་སྨིན་པའི་གང་ཟག་ལ་ཐབས་ཀྱི་ཁྱད་པར་བསྟན་པར་བྱ་བ་རྣམས་ཀྱང་རྒྱུད་འདི་ལ་འཇུག་པར་བྱ་བའི་དོན་ཡིན་པས་ན་དེས་ན་རྣལ་འབྱོར་པས་བདེན་པ་གཉིས་ཀྱི་ཚུལ་ལ་བརྟེན་པར་བྱ་སྟེ། དེ་ཡང་བསམ་བྱ་ཐམས་ཅད་བསལ་བའི་དོན་དམ་པ་དེ་དང་། ཀུན་རྫོབ་ལས་ཀྱི་ཕྱག་རྒྱ་ལ་སོགས་པའི་ལོངས་སྤྱོད་ཀུན་ལའང་སྒྱུ་མ་ལྟ་བུར་ལོངས་སྤྱོད་པར་བྱེད་དོ། །འདི་ཉིད་ཀྱི་སྟོང་པའི་དམ་ཚིག་ཀྱང་བློ་དང་ལྡན་པའི་སྐྱེས་བུ་ཆེན་པོ་འཁོར་ལོ་སྡོམ་པའི་ང་རྒྱལ་དང་ལྡན་པའི་འཁོར་ལོ་བཞི་ལ་བྱང་ཆུབ་ཀྱི་སེམས་ཀྱིས་སྡོམ་པ་འཛིན་ཅིང་དེ་དང་འབྲེལ་བའི་སྡོམ་པའི་དམ་ཚིག་ཀྱང་འཛིན་པས་རྣམ་པར་སྤྱད་པར་བྱ་སྟེ། དེ་ཡང་རྒྱས་པར་དཔལ་དགྱེས་པ་རྡོ་རྗེ་ལས། ནང་གི་སྡོམ་པ་ནི། རྣལ་འབྱོར་མ་ལུས་དབུས་དག་ཏུ། །ཨ་ལི་རྣམ་པས་སྡོམ་པ་བཤད། །ཅི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཞེས་པ་དང་། སྡོམ་པའི་དམ་ཚིག་ཀྱང་། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱིས་ཚིགས་ཀྱང་སྨྲ་བར་བྱོས། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང་། །ཕ་རོལ་བུད་མེད་བསྟེན་པར་གྱིས། །ཞེས་བྱ་བ་ལ་སོགས་པའི་དོན་རྣམས་སོ། །རྣལ་འབྱོར་མའི་རྟགས་ནི། རྣལ་འབྱོར་མའི་མཚན་མ་གང་ཞེས་བྱ་བ་ལ། བདེ་མཆོག་བསྡུས་པ་ལས་གསུངས་པ། ཡ་མ་ནི་དང་སྐྲག་བྱེད་མ། །ནགས་འཚལ་མ་དང་དེ་བཞིན་འཇིགས། །གཟུགས་ཀུན་སྤྱོད་པ་མཛེས་མ་དག །བྷ་པུར་མཁའ་འགྲོ་མ་རྣམས་བདུན། བསྡུས་ན་རང་མཚན་ཉིད་འདིར་བཤད། །གཟུགས་ཅན་མ་དང་ཙུམ་བྷི་ཀ། །ལ་མ་ཡེངས་གྱུར་བྱིས་བཅས་མོ། །མི་ལྡོག་ཨི་ཧི་ཀ་ལྷ་མོ། །མཁའ་འགྲོ་མ་རྣམས་མདུན་དུ་བཤད། །ཞེས་པས་གཟུགས་དང་། ལུས་ངག་གི་བརྡའ་ལ་སོགས་པ་རྒྱས་པར་གསུངས་པ། ཡེ་ཤེས་སྐྱེ་བའི་གནས་སུ་གྱུར་པས་ན། ཁྱིམ་ལྟ་བུ། པད་མ་ཅན་སོགས་པའི་རིགས་ལྔ་འོག་ནས་འཆད་པའི་ཡུལ་ཉི་ཤུ་རྩ་བཞི་རྣམས་སུ་གནས་པ་འཁོར་ལོའི་རྣལ་འབྱོར་མ་རྣམས་ཀྱི་ངོ་བོ་ཉིད་དུ་གྱུར་པ་རྣམས་དཔལ་ཧེ་རུ་ཀ་ཉིད་ཀྱིས་སྤྲུལ་པ་ཡིན་ནོ། །དེ་དང་འབྲེལ་བའི་དམ་ཚིག་ཀྱང་གུས་པའི་ཡིད་ཀྱིས་རྣལ་འབྱོར་མ་རྣམས་ཀྱིས་ཅི་ལྟར་གསུངས་པ་ཐམས་ཅད་བསྒྲུབ་ཅིང་ལུས་ཀྱིས་ཀྱང་གཡོན་ནས་བསྐོར་བ་ལ་སོགས་པ་ལ་རྩོན་པར་བྱའོ། །དེ་ཡང་དགྱེས་རྡོར་ལས། བཟང་པོའི་སྤྱོད་ཡུལ་གནས་ནས་ནི། །ཅི་ལྟར་འདུ་བ་རྣལ་འབྱོར་མས། །གང་སྨྲས་དེ་ལྟར་ཐམས་ཅད་བྱ། །ཞེས་པ་དང་ཙརྻ་པས་ཀྱང་། བུད་མེད་ཐམས་ཅད་མཐོང་བ་ནས། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང་། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང་། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་གིས་མ་ཁྱོད་བུ་ཡིན་སྟེ། །ཅི་སྲིད་བྱང་ཆུབ་འབྱུང་བར་དུ། བྱང་ཆུབ་ཡན་ལག་ནུ་མ་ལ། བྱུང་བའི་རང་གིས་འོ་མས་སྦྱོར། །ཞེས་སོ། །དཀྱིལ་འཁོར་བྲི་བའི་ཆོ་ག་ལ་གསུམ་ལས། སྔོན་འགྲོ་ནི། ཅི་ལྟར་སྔར་བཤད་ཆོ་ག་ཡིས། ཞེས་པས་སྟེ། བདག་ཉིད་སྔར་གསུངས་པས་ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་གྱིས་སའི་ཆོ་ག་བྱ་བ་སྟེ། ཚོམ་བུ་དགོད་ཅིང་མཆོད་གཏོར་བཤམ། །ལྷ་མོ་བསྐྱེད་ཅིང་མཆོད་གཏོར་བྱ། །གསོལ་གདབ་གཤེགས་ཤིང་བདག་གིར་བྱ། །ཉི་མ་དང་པོའི་བྱ་བའོ། །དེ་ནས་བདག་བསྐྱེད་གླུས་བསྐུལ་ཞིང་། །བཀའ་བསྒོ་བགེགས་བསྐྲད་གར་རྣམས་བྱ། །ར་བ་གུར་བཅས་རྣམ་པར་དགོད། །སའི་ཆོ་ག་མདོར་བསྡུས་པའོ། །ཞེས་པའི་རིམ་པ་འདི་རྫོགས་ནས་བྲི་བ་དངོས་ནི། འཁོར་ལོ་བརཏལ་ཤུགས་ཅན་གྱིས་བྲིས་ཅེས་པས་ཁྲག་ཆེན་པོ་ལ་སོགས་པའི་ཐིག་གདབ་ཅིང་། དུར་ཁྲོད་ཀྱིས་སོལ་བ་ལ་སོགས་པའི་ཚོན་གྱིས་གོང་དུ་གསུངས་པ་ལྟ་བུའི་དཀྱིལ་འཁོར་དེ་བྲི་བར་བྱའོ། །ཕྱག་མཚན་དགོད་པ་ནི། དཔའ་བོའི་སྔགས་ལ་སོགས་པའམ་རྣལ་འབྱོར་མའི་ཕྱག་མཚན་ལ་སོགས་པ་གང་འདོད་པ་དགོད་པར་བྱའོ། །དེ་ལྟར་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་བཤད་ནས། བསྐུར་བའི་ཐབས་ནི། ལེའུ་ལྔ་བཅུ་རྩ་གཅིག་པ་ལས་བྱུང་བ་ཡིན་ནོ། །ད་ནི་དཔལ་ཧེ་རུ་ཀའི་མཛད་པ་བོང་བུའི་རྣམ་པའི་རྣལ་འབྱོར་ནི། ཤར་གྱིས་པད་མར་མཁའ་འགྲོ་མ་བོང་བུའི་རྣམ་པར་བསྒོམ་པར་བྱ་ཞེས་གསུངས་ཏེ། འདི་རྒྱས་པར་བཤད་པས་རྩ་རྒྱུད་ལས། ལྷ་ལྔ་གསུངས་པ། རྒྱུད་གཞན་ལས། འཁོར་ལོ་སྡོམ་པའི་རྣལ་འབྱོར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །ཞལ་ལ་ཞེན་པ་སྤོང་བའི་ཕྱིར། དངོས་པོ་གང་དང་གང་ལ་ཡང་དུས་གསུམ་ཞེན་པར་བྱ་བའི་ཕྱིར། །ཧེ་རུ་ཀ་ཉིད་བདེ་ཆེན་གྱིས། འཁོར་ལོའི་གཙོ་བོ་དེ་ཉིད་ནི། །བོང་བུའི་ཞལ་དུ་བསྒྱུར་ལ་བསྒྲུབ། །འདིས་ནི་ལས་དངོས་གྲུབ་ཀུན། །ཐོགས་པ་མེད་པར་འགྱུར། །ཐུགས་ཀྱའི་འཁོར་ལོ་མཁའ་ལྡིང་གདོང་། །གསུང་གི་རྨ་བྱ་སྐུ་སེང་གེ །མི་ཕྱེད་ལྷ་མོ་ཤ་དང་། མ་ཧེ་སྟག་དང་འུག་པའི་གདོང་། །སྒོ་བ་སྔ་མ་ཉིད་ཡིན་ནོ། །ཌ་ཀི་མ་ནི་བོང་བུའི་ཞལ། །ལ་མ་སེང་གེ་གླང་པོ་ཆེ། །ཕག་རྒོད་དུམ་སྐྱེས་རུ་པ་ནི། །ས་གསུམ་དབང་ཕྱུག་གཏེར་ལོངས་སྤྱོད། །གྲུབ་པ་ཀུན་ཏུ་བསྒྱུར་བའོ། །ཞེས་པ་འདི་ཡིས་ཐབས་མན་ངག་ཡིན་ནོ། །དེ་ལས་ཐམས་ཅད་འགྲུབ་པའི་ཚུལ་ནི་ཤྲི་ཧེ་རུ་ཀ་ལ་སོགས་པ་སྟེ། འདིས་ནི་ལས་ཀྱི་རྣམ་པ་རྒྱུད་ལ་མི་བཤད་པ་དང་། མ་བཤད་པ་རྣམས་ཀྱང་མྱུར་དུ་འགྲུབ་པའོ། །རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་དངོས་གྲུབ་ཀྱི་ངེས་པ་དང་ཤྲི་ཧེ་རུ་ཀ་བོང་བུའི་མཛད་པ་བསྟན་པ་དང་ལེའུ་བཅུ་དྲུག་པའོ། །ལེའུ་བཅུ་བདུན་པ་འདིས་ཕན་ཡོན་དང་བཅས་སྟེ་རྫོགས་པར་བསྟན་པ་ལས། ཐོག་མར་མངལ་ནས་བསྐྱེད་པའི་བསྐྱེད་རིམས་དག་པ་དང་བཅས་པ་ལས། ཁོང་སྡོམ་ནི་ལམ་གྱི་རིམ་པར་འགྱུར་ལ། དེ་ལས་ཀྱང་ཞིབ་པར་སྦྱར་ན་གསུམ་དཀར་འགྱུར་རོ། །འདི་ལ་ལྔ་ལས་ཐོག་མར་གཙོ་བོ་ཡབ་ཡུམ་གྱི་སྦྱང་གཞི་སྦྱོང་བྱེད་ཀྱིས་དག་པ་ནི་དེ་ནས་དཔལ་ཧེ་རུ་ཀའི་སྤྲུལ་པ་ནི་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ་ནི། དེ་ཡང་དྲུག་པ་ཡི་དམ་གྱི་རྣམ་པར་ཤེས་པ་སྦྱང་པ་ལ་དཔའ་བོའི་རྣམ་པར་འཕྲུལ་ཞིང་། ཡུལ་ཆོས་དག་པར་བྱེད་པ་ལ་ཕག་མོའི་རྣམ་པར་འཕྲུལ་ཞིང་བསྟན་པའོ། །དེ་ཉིད་ཀྱང་མངལ་སྐྱེས་ཀྱི་འགྲོ་བ་རྣམས་འདུལ་བའི་དོན་དུ་མངལ་སྐྱེས་ཀྱིས་འགྲོ་བ་དུ་མས་གསུངས་པ། །བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལས། དེ་ཉིད་དུ་ནི་ཐམས་ཅད་སྤྲུལ། །ཞེས་བྱ་བའི་དོན་ནི། བསོད་ནམས་ཀྱི་ཚོགས་བསགས་པའི་རྗེས་ལ་བརྟེན་གཞལ་ཡས་ཀྱི་ཁང་པའི་ནང་དུ་བརྟེན་པ་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་མངོན་བྱང་ལྔས་བསྐྱེད་དེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རང་བཞིན་འོད་ཟེར་གྱི་ཞལ་དུ་ཞུགས་ནས་ལཾ་མཾ་ནས་ཧཱུཾ་བརྒྱད་ཀྱི་བར་ཡི་གེ་སུམ་ཅུ་སོ་དྲུག་གི་རིམ་པ་ལྟར་ཡུམ་གྱིས་མཁར་ཕབ་སྟེ། ཡུམ་གྱི་མཁའ་ནས་མཁའ་འགྲོ་མ་ནས་གཤིན་རྗེ་འཇོམས་མའི་བར་དུ་ཕྱོགས་འཚམས་སུ་སྤྲོས་ནས། དེའི་འོག་ཏུ་གཙོ་བོ་ཡབ་ཡུམ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་ལས། ལྷ་མོ་རྣམས་ཀྱིས་གླུས་བསྐུལ་ནས་འབྲས་བུའི་ཧེ་རུ་ཀར་བཞེངས་པ་སྟེ། རྒྱས་པར་ནག་པོ་པའི་མངོན་པར་རྟོགས་པ་ལས་གསུངས་པ་བཞིན་ནོ། །ད་ནི་དེ་དག་གི་རང་བཞིན་བསྟན་པར་བཞེད་ནས་བདེ་བ་ཆེན་པོའི་འཁོར་ལོ་གསུངས་པ་འཚམས་ཀྱིས་མཆོད་པ་བཞི་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཡིན་ལ། མཁའ་འགྲོ་བཞི་ནི་མ་མ་ཀི་ལ་སོགས་པ་འབྱུང་བཞི་དག་པའོ། །འཁོར་ལོ་གསུམ་གྱི་དཔའ་བོ་དང་མ་ནི་དཔལ་ཧེ་རུ་ཀ་ཉིད་ཀྱི་སྤྲུལ་པ་ཡིན་ནོ། །སྒོ་མཚམས་མ་རྣམས་ནི་རྒྱུད་གཞན་དུ་གྲགས་པའི་ཁྲོ་བོ་རྣམ་པར་རྒྱལ་བ་དང་། གཤིན་རྗེ་དང་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་དང་། དབྱུག་སྔོན། མི་གཡོ་བ། འདོད་པའི་རྒྱལ་པོ། སྟོབས་པོ་ཆེ་རྣམས་འདིར་མཁའ་འགྲོ་མའི་གཟུགས་སུ་བསྟན་པ་ནི་དངོས་གྲུབ་ཀྱི་དོན་དུ་སྦས་པར་བསྟན་པ་ཡིན་ནོ། །ད་ནི་རིམ་པ་གཉིས་ཀྱི་ཕན་ཡོན་གསུངས་པ་ལས། ཐོར་མར་མདོར་བསྟན་པ། རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་དང་། དཔའ་བོའི་ཅི་སྲིད་དངོས་གྲུབ་ཀྱི་དོན་དུ་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་བསྒོམས་པས་རྣལ་འབྱོར་མ་བླ་ན་མེད་པའི་འབྲས་བུ་ཕྱག་རྒྱ་ཆེན་པོ་འཐོབ་པར་སྲིད་པར་ལྟུང་བར་མི་འགྱུར་རོ། །འདི་ཉིད་ཀྱིས་རྒྱུད་ཀྱི་སྙིང་པོར་བཤད་པ་ནི་གཞི་ལམ་འབྲས་གསུམ་གྱིས་ཀུན་ཏུ་སྤྱོད་པས་འདུལ་བའི་ཐབས་སུ་འདི་ཉིད་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ལྟ་བུ་མ་འོངས་པའི་སློབ་མ་རྣམས་ལ་ཕན་པའི་ཕྱིར་རྒྱུད་ཐམས་ཅད་གཞན་དུ་སྦས་པ་འདིར་བསྟན་པ་ཡིན་ཀྱང་། ཆོ་ག་རྒྱ་ཆེན་པོ་ནི་མ་ཡིན་ཏེ་ཡང་ན་སྐྱེ་བོ་དག་སྒྱིད་ལུག་པར་འགྱུར་བའི་ཕྱིར་རོ། །ད་ནི་ཕན་ཡོན་རྒྱས་པར་བསྟན་པ་ལ་ཐོག་མར་འདི་ལ་བརྟེན་ནས་ཐེག་པ་མཆོག་ཏུ་གྱུར་པའི་ཕན་ཡོན་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་ནས་སེམས་ངལ་སོས་པའི་རྣལ་འབྱོར་པས་ཐེག་དམན་ལྟ་བུའི་མྱ་ངན་ལས་འདས་པར་འགྲོ་བ་མ་ཡིན་སྟེ། ཞི་བའི་མཐའ་སྤང་བའི་ཕྱིར་རོ། །སངས་རྒྱས་མཐོང་བ་ནི། མི་མཆོག་རྣལ་འབྱོར་པ་དོན་གཞན་དོན་འདི་ཉིད་ཀྱིས་གཞན་དོན་དུ་འཁོར་བ་ན་ཀུན་ཏུ་སྤྱོད་ཀྱང་སྡིག་པ་མི་དགེ་བ་རྣམས་དག་པར་བྱེད་ཅིང་དཔའ་བོ་དེ་ནི་འཇིག་རྟེན་འདི་དང་ཕ་རོལ་དུ་མདོ་ལ་སངས་རྒྱས་རྣམས་ཀྱིས་དབུག་དབྱུང་ནས་བྱང་ཆུབ་ཉིད་འཐོབ་བར་འགྱུར་རོ། །སྡིག་པ་དག་ཅིང་བསོད་ནམས་འཐོབ་པར་འགྱུར་བ་ནི། ཅི་ལྟར་སྔོན་དུ་བསགས་པའི་སྡིག་པ་དམན་པའི་འབྲས་བུ་འཐོབ་པར་འགྱུར་བ་ཀུན་ཀྱང་རིམ་པ་གཉིས་བསྒོམ་པའི་རྣལ་འབྱོར་པས་མྱུར་བ་ཉིད་དུ་སྦྱངས་ནས་ས་གསུམ་གྱི་འབྲས་བུ་གང་འདོད་པ་རྣམས་ཀྱི་དབང་ཕྱུག་ཏུ་འགྱུར་ཞིང་། ཤྲི་ཧེ་རུ་ཀའི་མཚན་ཙམ་ཐོས་པ་ལ་དད་པས་ཀྱང་ལྷ་དང་གསང་བ་པ་དང་། མི་ལ་སོགས་བསོད་ནམས་ཅན་དག་ཏུ་འགྱུར་རོ། །གཞན་ཡང་བདེ་འགྲོ་འཐོབ་པར་འགྱུར་བ་འདི་ཉིད་བསྒོམས་པ་དང་། དྲན་པ་དང་ཀློག་པ་དང་། བྲིས་པ་ཙམ་གྱིས་ཀྱང་མཐོ་རིས་ཀྱི་ལོངས་སྤྱོད་ཕུལ་དུ་བྱུང་བ་དང་མི་རྣམས་ཀྱི་ནང་དུ་ཡང་འཁོར་ལོས་བསྒྱུར་བ་ཉིད་དུ་འཐོབ་པོ། འདི་ཉིད་སྤྱོད་པའི་རྣལ་འབྱོར་ཅན་འཆི་འཕོ་བའི་ཚེ། མཁའ་སྤྱོད་དུ་འགྲོ་བ་བསྟན་པ། འདི་ནས་འཕོ་ཚེ་དཔལ་ཁྲག་འཐུངས་དང་རྣལ་འབྱོར་མ་རྣམས་ཀྱིས། མེ་ཏོག་ལ་སོགས་པའི་མཆོད་པ་དུ་མ་ཐོགས་ཏེ། མཁའ་སྤྱོད་ཀྱི་གནས་སུ་ཁྲིད་པ་སྣང་བ་འབྱུང་ཞིང་འཆི་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཙམ་དུ་ཤེས་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། དེ་ལྟ་བུའི་ཐབས་དཔལ་ཧེ་རུ་ཀ་ཡི་དང་རྣལ་འབྱོར་མའི་རྒྱུད་དུ་གསུངས་པ་འདི་ཡི་སྟེང་དུ་ཤིན་ཏུ་དཀོན་པའམ། ཡང་ན་དེ་དང་ལྡན་པའི་གང་ཟག་དཀོན་པའོ། །ལམ་གྱི་ཁྱད་པར་བསྟན་པ་ནི། འོ་ན་བསྐྱེད་པའི་རིམ་པ་བློས་བཏགས་ཤིང་བཞག་པ་དེ་ལམ་དུ་ཅི་ལྟར་འགྱུར་ཞེ་ན་གསུངས་པ་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་བུད་མེད་དང་བྱིས་པ་བློ་གྲོས་ཞན་པ་དག་ཆགས་པ་དང་རྩེད་འཇོའི་གཏམ་ཕེབས་པར་སྨྲ་བ་ལ་སོགས་པ་བརྗོད་པས་མགུ་བར་བྱས་ཤིང་དོན་ལ་འཇུག་པར་བྱ་བ་དེ་བཞིན་དུ་ལས་དང་པོ་ལ་བདག་ཉིད་ལྷའི་ངོ་བོར་བསྒོམས་པ་དང་འདོད་པའི་ཡོན་ཏན་ལྔ་ལ་ཡིད་ཀྱིས་མཆོད་པ་ལ་སོགས་པ་དངོས་སུ་ཡོད་པ་མ་ཡིན་པ་བསྟན་པ་ནི། ལམ་དེ་ལ་མགུ་བས་དད་ཅིང་འཇུག་པར་འགྱུར་ལ། ཐ་མལ་པའི་ང་རྒྱལ་སྤངས་བ་དང་། བསོད་ནམས་ཚོགས་འཕེལ་བ་ལ་སོགས་པ་བདེ་བར་གཤེགས་པས་བྱིན་གྱིས་རློབ་ཅིང་། ཅི་ལྟར་བསྒོམས་པ་དེ་བཞིན་དུ་མངོན་སུམ་དུ་གྱུར་པའི་དངོས་གྲུབ་ལ་སོགས་པ་ཐོབ་པར་འགྱུར་བའི་ཕྱིར་རྟག་པའི་ཆ་ལས་གྲོལ་བར་བྱེད་པའི་ཕྱིར་འཆིང་བ་ཡང་མ་ཡིན་སྟེ། དེ་བས་ན་ལམ་ངན་པ་ལྟར་སྣང་ཡང་དེ་ལྟར་མ་ཡིན་ཏེ་ཕྱག་རྒྱ་ཆེན་པོའི་རྒྱུད་གཅིག་ཡིན་པའི་ཕྱིར་བསྟན་པ་ཡིན་ནོ། །ཞེས་བླ་མ་མར་དོ་གསུངས་སོ། །ཡང་རྣལ་འབྱོར་མའི་རྒྱུད་དུ་བུད་མེད་ལ་སོགས་པ་དང་ལྷན་ཅིག་པའི་གཏམ་དང་། དགའ་བར་བྱེད་པ་དང་། ཕེབས་པར་སྨྲ་བ་ལ་སོགས་པ་ཆགས་པ་དང་བཅས་པའི་ལམ་ཡང་བརྗོད་ཅིང་འཁོར་བར་འཆི་བའང་མ་ཡིན་ནོ། །ཞེས་བྱ་བ་འདི་ཅི་ལྟར་རིག་པ་འདིར་སྙམ་ན། ལམ་ངན་པར་འདོད་པའི་ཡུལ་ལ་ཞེན་པ་རྣམས་ལ་ཐབས་འདི་བསྟན་པ་ཡིན་སྟེ། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །དེའི་བྱེད་པོ་རྡོ་རྗེ་སེམས། །ཞེས་པ་དང་། མདོ་སྡེ་རྒྱན་ལས། གང་ཕྱིར་ཆགས་པོ་དེ་ཉིད་ལ། །ཚུལ་བཞིན་འཇུག་པ་དེའི་ཕྱིར། །དེ་ལས་རྣམ་གྲོལ་འགྱུར་དེས་ནས། །དེ་ཡིས་དེ་དག་ངེས་ལས་འབྱུང་། །ཞེས་བྱ་བ་དེ་ལྟར་ཤེས་བྱ་བ་ཡིན་ནོ་སྙམ་མོ། །ད་ནི་སྤྱོད་པའི་རྒྱས་པར་བཤད་པ་ལས། ཡུལ་ཉི་ཤུ་རྩ་བཞིའི་ཞིང་སྦྱོང་རྣམས་མདོར་བསྟན་པས། དེ་ནས་གཞན་ཡང་གནས་དང་ཉེ་བའི་གནས་དང་ཉེ་བའི་གནས་ལ་སོགས་པ་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་བརླབས་པ་རྣམས་བསྟན་པར་བྱའོ། །དེ་ཉིད་རྒྱས་པར་བཤད་པ། པུ་ལི་ར་མ་ལ་ཡར་རབ་ཏུ་གཏུམ་ལ་སོགས་པ་འདི་རྣམས་ནང་དུ་ནི་རྩ་དེ་དག་རྣལ་འབྱོར་མ་ཡིན་ལ། དེ་ཉིད་ལས་སུ་རུང་བས་བདེ་བ་སྟེར་བའོ། །ཕྱི་རོལ་དུ་ཡུལ་འདི་རྣམས་ལ་གནས་པའི་བུ་མོ་རྣམས་ནི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་སྤྲུལ་པ་ཡིན་པས། སྒྲུབ་པ་པོ་ཐབས་དང་ལྡན་པ་བརྟེན་པས་དངོས་གྲུབ་ཀྱི་རྒྱུར་འགྱུར་བ་ཡིན་ནོ། །རྣལ་འབྱོར་པ་དེ་དག་མཉེས་པར་བྱ་བའི་གསང་བའི་སྐད་ཡི་གེ་གཅིག་པ་དང་གཉིས་པ་ལ་སོགས་པའི་བརྡས་བརྟགས་ཤིང་དོན་དེ་ལ་གནས་ནས་འབད་པས་བསྒྲུབ་པར་བྱའོ། །ཡུལ་དེ་དག་ཏུ་རྣལ་འབྱོར་མའི་གྲངས་ཅི་སྙེད་ཡོད་ཞེ་ན། ལས་ཀྱི་མཁའ་འགྲོ་མ་དང་བཅས་པ་བྱེ་བ་སྙེད་དོ། །རིགས་ཤེས་པར་བྱ་བ་ཡང་མཚན་མ་ནི། གང་གིས་སྲིན་ལག་རྩ་བ་ལ། །རྡོ་རྗེ་རྩེ་དགུ་པར་གྱུར་པ། །མི་བསྐྱོད་པའི་རིགས་མཆོག་ཉིད། །དཔག་མེད་མགོན་གྱིས་འདམ་སྐྱེས་ཉིད། །རྣམ་སྣང་མགོན་གྱིས་འཁོར་ལོར་གྱུར། །རིན་ཆེན་རིགས་ནི་རིན་ཆེན་ཉིད། ལས་ཀྱི་རིགས་ཀྱི་རལ་གྲི་ཉིད། །ཞེས་སོ། །མཚན་ཉིད་ནི། གང་དུ་དངོས་གྲུབ་གཏན་ལ་དབབ་པར་བཤད་ལ། ཕྱག་རྒྱའི་རྒྱས་གདབ་ཀྱང་། །རྡོ་རྗེའི་བུ་མོ་འདི་ཁྱེར་ལ། སྤྱོད་པ་བྱ་བ་རྟོགས་པར་བྱ། རྡོ་རྗེ་རིགས་ཀྱི་དངོས་མེད་ན། །རང་འདོད་ལྷ་ཡི་རིགས་ཀྱིས་བྱ། །ཡང་ན་གཞན་གྱི་རིགས་བྱུང་བ། །ཞེས་གསུངས་པ་རྣམས་སྦས་པའོ། །བརྟེན་པའི་ཕན་ཡོན་ནི། ཕྱག་རྒྱ་བརྟེན་པ་ལ་སོགས་པའི་ལམ་འདིས་འཁོར་བར་འཆིང་བ་མ་ཡིན་ནམ་ཞེ་ན། ཐབས་མེད་ན་དེ་ལྟར་ཡིན་གྱིས་ཐབས་དང་བཅས་པས་ནི། སྲིད་པའི་འཆིང་བ་ལས་གྲོལ་བར་འགྱུར་ཞེས་སོ། །དེ་དང་འབྲེལ་བའི་རྣལ་འབྱོར་ལ། གདུག་གུ་ལ་སོགས་འདི་དག་གི་དོན་ནི་ཧེ་རུ་ཀའི་རྣལ་འབྱོར་ཅན་གྱི་རྒྱན་ཡིན་དེ་གོང་དུ་བཤད་དོ། །རི་སྟེང་ཞེས་བྱ་བ་འདི་དག་གི་དོན་སྤྱོད་པའི་ལྷའི་རྣལ་འབྱོར་ཡིན་ཅིང་། ཡང་ན་བསྐྱེད་པའི་རིམ་པ་གསུམ་ལས། འདིར་སྒོང་སྐྱེས་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་འགྱུར་ཏེ། དེ་ཡིས་རིམ་པའང་གཞན་སྔོན་དུ་སོང་ནས་ལྷུན་པོའི་སྟེང་དུ་པད་མ་ལ་གནས་པའི་གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བར་ཨ་ལི་དང་ཀ་ལི་ལས་བྱུང་བའི་ཟླ་ཉི་ས་བོན་དང་བཅས་པ་སྒོང་ངའི་རྣམ་པ་ཡོངས་སུ་གྱུར་པ་ལས་ཉི་ཤུ་རྩ་བཞིའི་ཕྱེད་དེ་ཕྱག་བཅུ་གཉིས་པའམ། ཡང་ན་དཔའ་བོ་འཁོར་ལོ་རྣལ་འབྱོར་མ་བཅུ་གཉིས་དང་བཅས་པ། དཀར་མོའི་བདག་པོ་དབང་ཕྱུག་ཆེན་པོ་མནན་ཅིང་། རྡོ་རྗེ་རྣལ་འབྱོར་མ་ལས་མཁྱུད་པའི་དཔའ་ཧེ་རུ་ཀ་ཕྱག་རྒྱ་ཆེན་པོའི་གོ་འཕང་གི་དོན་དུ་བསྒོམ་པར་བྱའོ། །འདི་ཡི་རིམ་པ་ནི་རྒྱས་པར་ཨ་བ་དྷུ་ཏི་པས་མཛད་པ་བཞིན་ནོ། །དོན་ལ་ལྷའི་རྣལ་འབྱོར་འདི་དག་དང་འབྲེལ་པའི་སྤྱོད་པ་བྱ་བ་ཡིན་ནོ། །ད་ནི་སྤྱོད་པའི་སྐབས་ཀྱི་ཆ་ལུགས་ལ་སོགས་པ་བསྒྱུར་བ་གསུངས་པ། སྤྲོས་བཅས་ཀྱི་སྤྱོད་པའི་སྐབས་སུ་བདུད་རྩི་ལྔ་དང་དྲིའི་ཆུ་ལ་སོགས་པས་བཟའ་བ་དང་ལུས་ལ་དྲིལ་ཕྱིས་བྱས་པས་ནད་ལ་སོགས་པ་འཇོམས་པ་ཡིན་ནོ། །དྲི་ཞིམ་པོའི་མེ་ཏོག་ལ་སོགས་པས་བརྒྱན་ཏེ། ཐལ་བ་ལ་སོགས་རྒྱན་ཆ་དྲུག་འཛིན་ཅིང་ཁ་དོག་ཀྱང་བསྒྱུར་ནས་རང་ཉིད་དཔལ་ཧེ་རུ་ཀའི་ཆ་ལུགས་སུ་ཞུགས་སྟེ། སྤྱོད་པ་སྤྱད་པར་བྱ་བ་ཡིན་ནོ། །བྱེ་བྲག་ཏུ་གར་རྒྱས་པར་བཤད་པ་དང་མདོར་བསྟན་པ་ནི། ཡན་ལག་ཞེས་བྱ་བ་ལ་སོགས་པས་ནི་དྲང་སྲོང་བྷ་ར་ཏས་བྱས་པའི་གར་གྱི་བསྟན་ཆོས་ཉི་ཁྲི་བཞི་སྟོང་པ་ན་ཡོད་པ་དག་སྟེ། ཡན་ལག་ཅན་གྱི་ལག་པ་ལ་སོགས་པ་དང་། མིག་ལ་སོགས་པས་བསྒྱུར་བའོ། །ཚིགས་བཅད་ནི་དྲུག་ལྡན་ལ་སོགས་པའི་གླུའོ། །སྤུད་པ་ནི་བསྒོ་བ་དང་རྒྱན་ནོ། །སྙིང་སྟོབས་ཅན་ནི་དཔའ་བ་དང་འཇིགས་རུང་བ་ལ་སོགས་པ་གར་གྱིས་ཉམས་དགུའོ། །ཚུལ་ནི་སྟངས་ཀའོ། །རྣལ་འབྱོར་མཐོང་བ་ནི། གར་གྱིས་སྦྱོར་བ་ཁོང་དུ་ཆུད་པའོ། །དེ་ལྟར་འདིར་ཡང་ཤེས་པར་བྱའོ། །གཞན་ཡང་འདིར་ཡན་ལག་ཅན་ནི་འཛུབ་མོ་མདུད་བྱས་ཞེས་པ་ལ་སོགས་པ་དང་། དུང་དང་ཀླུའི་ཕྱག་རྒྱ་ལ་སོགས་པའོ། །ངག་གིས་བརྡ་རྡོ་རྗེའི་གླུ་ཀོ་ཨལ་ཨི་རི་ཏི་ལ་སོགས་པ་ནི་ཚིག་ཅན་ནོ། །སྤུད་པ་ནི་རྒྱན་ཡིན་གྱིས་འདིར་ལྤགས་པ་དང་ནི་རང་ཤུའི་བརྒྱན་ནོ། །སྙིང་སྟོབས་ཅན་ནི་མཐུན་ནོ། །ཤེས་པར་བྱ་བ་ནུས་པ་ཡོད་ཀྱང་འདི་དག་མེད་ན་རྣལ་འབྱོར་མཉེས་པ་ལ་སོགས་པ་མི་ནུས་པས་འདི་དག་ཤེས་པར་བྱ་བ་སྟེ་སྤྱད་པར་བྱའོ། །ནུས་པ་མེད་ན་སྤྱོད་པ་མི་བྱ། མེད་བཞིན་དུ་འདི་དག་མི་ཤེས་ན་ཡང་མི་བྱའོ། །རྒྱས་པར་བཤད་པ་ལ་གསུམ་ལས། སྤུད་པའི་ཚུལ་ཞེས་བྱ་བ་ལ་སོགས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །ཤིན་ཏུ་རྒྱས་པར་བཤད་པ་ནི། མི་དབུགས་པ་ནི། ས་ལས་ནི་སྤུད་པའི་ཆེ་བའི་བདག་ཉིད་དང་མདོར་བསྟན་པའོ། །སྐལ་པ་བཟང་པོའི་གར་ཆེན་ཡིན། ཞེས་བྱ་བ་ནི། རྣལ་འབྱོར་མ་རྣམས་ཤིན་ཏུ་མཉེས་པའི་གར་ཡིན་ནོ། །ཞེས་བྱ་བའི་དོན་ཏེ། མི་དབུགས་པ་ཞེས་བྱ་བ་ལ་སོགས་ཚིགས་གཉིས་ནི། རྒྱས་པར་བཤད་པའོ། །ཤིན་ཏུ་རྒྱས་པར་བཤད་པ་ནི། མི་དབུགས་པ་ནི་གདུབ་བསྐོར་རོ། །ལུས་ཀྱི་དང་པོའི་རྒྱན་ནི་གཙུག་གི་ནོར་བུ་དང་འཁོར་ལོའོ། །ཚངས་སྐུད་ལུས་ལ་བཀྲོལ་བ་དང་། མགོར་ཆུ་ནི་བཅང་བར་བྱའོ། །འཕེན་པ་ནི་ལག་པའི་རྒྱན་ཏེ་ལག་གདུབ་པོ། །སྲོག་ཤིང་གཅིག་གྱུར་ནི་ཚངས་སྐུད་ཚར་གཅིག་པའོ། །འོག་ཕག་སྲོག་ཤིང་བརྒྱད་ཞེས་ཚར་ཚར་བརྒྱད་པའོ། །རོ་ལྡན་བཅུ་དྲུག་ནི། མགུར་ཆུ་ཚར་བཅུ་དྲུག་པའོ། །ངལ་བ་ཉི་ཤུ་རྩ་ལྔ་ཞེས་པ་ནི་ཉིས་ལྟབ་སྟེ་དོ་ཤལ་རི་ལུ་ལྔ་བཅུའོ། །ལ་ལ་ན་སྲོག་ཤིང་གྱུར་སྐུད་པ་ཡི་ཞེས་བྱ་བ་ལ་སོགས་པ་གཅིག་ཏུ་བསྒྲིལ་བས་ཚངས་སྐུད་བྱས་པ་དང་། བརྒྱད་གཅིག་ཏུ་བསྒྲིལ་བས་འོག་ཕག་བྱས་པ་དང་། རོ་ལྡན་ཞེས་བྱ་བ་ནི་འོག་ཕག་གི་ཁྱད་པར་སྟེ། དེ་ཡང་བཅུ་དྲུག་གཅིག་ཏུ་བསྐལ་བ་དང་། ཉི་ཤུ་རྩ་ལྔའི་མགོ་བོའི་ཕྲེང་བ་ཉི་ཤུ་རྩ་ལྔས་བྱས་པ་དང་། ཡང་ན་འཕྲེང་བ་ཅན་ཞེས་བྱ་བ་མགུར་ཆུ་སྟེ་དེ་ཡང་རི་ལུ་ཉི་ཤུ་རྩ་ལྔ་ཡིན་པར་ཤེས་པར་བྱའོ། །འདི་རྣམས་ཀྱིས་དག་པ་དང་། སྔགས་དང་སྦྱར་བ་ལ་སོགས་པ་ནི་གོང་དུ་བཤད་དོ། །ལེའུ་ཡི་མཚན་ནི་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་ལས་ལྷའི་དེ་ཁོ་ན་ཉིད་གྲུབ་པ་དང་། སྔགས་དང་གར་གྱིས་སྤྱོད་པ་བསྟན་པ་སྟེ་ལེའུ་བཅུ་བདུན་པའོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྣལ་འབྱོར་བསྒྲུབ་པའི་ཐབས་རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་རྣམས་ལས་ཟབ་པའི་ཡང་ཆེས་ཟབ་པ། གཞི་ལམ་འབྲས་གསུམ་གྱི་ཀུན་ཏུ་སྤྱོད་པ་བསྟན་པའི་རྒྱུད་ཆེན་པོ་ལས། འཁོར་ལོ་གསུམ་མངོན་པར་འབྱུང་བ་ཞེས་བྱ་བའི་རྟོགས་པ་བཤད་པ་དྲི་མ་མེད་པའི་བརྒྱན་ཞེས་བྱ་བ་རྫོགས་སོ། །དཔལ་ལྡན་རྒྱུད་རྒྱལ་བླ་ན་མེད་ཀྱིས་སྙིང་པོའི་དོན། །རིམ་གཉིས་དོན་ལྡན་རྒྱུད་པའི་རིམ་པ་ལས་འོངས་པ། །མཁས་གྲུབ་རྣམས་ཀྱིས་མཛད་པ་གཞན་དུ་ཅི་ཞིག་ཡོད། །འོན་ཀྱང་རྒྱུད་དོན་སྦས་ཤིང་འཐོར་བར་གྱུར་པའི་ཕྱིར། །ལུང་རིགས་བླ་མའི་གདམས་པས་ཕྱོགས་གཅིག་ལེགས་བསྡུས་སྟེ། །གཞན་ལ་ཕན་འདོད་ལྷག་པའི་བསམས་པས་ལེགས་སྦྱར་བ། །འདི་ལ་འགལ་དང་ནོར་འཁྲུལ་ཆད་ལྷག་གྱུར་པ་རྣམས། །བླ་མ་རྣམས་དང་མཁའ་འགྲོའི་ཚོགས་ཀྱི་བཟོད་པར་མཛོད། །དེ་ལས་བྱུང་བའི་དགེ་བ་དྲི་མ་མེད་པ་དེས། །ནམ་མཁའི་མཐས་ཁྱབ་ཧེ་རུ་ཀ་དཔལ་ཉིད་གྱུར་ཅིག །མེ་ཕོ་རྟའི་ལོ་ཟླ་བ་བཅུ་གཉིས་པའི་ཡར་ཚེས་ལ་ལྷ་སྟེངས་ཀྱི་རི་ཁྲོད་དུ་རང་བྱུང་རྡོ་རྗེས་སྦྱར་བའོ། །འདི་བྲིས་བསོད་ནམ་ཅི་མཆིས་པ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །འཁོར་ལོ་ལྔ་ཡི་ཕོ་བྲང་དུ། །བདེ་མཆོག་གོ་འཕང་མྱུར་ཐོབ་ཤོག། །།