དཔལ་ནག་པོ་པས་མཛད་པའི་དཀྱིལ་འཁོར་ཆོ་གའི་ལག་ལེན་རབ་ཏུ་གསལ་བར་བྱེད་པ།
༄༅། །ནཱ་མོ་ཤྲི་ཙ་ཀྲ་སྭ་བྷ་ར་ཡ། ཧེ་རུ་ཀ་དཔལ་ཐོད་པའི་དུམ་སོགས་དཔའ་བོ་རྣམས་ཀྱིས་རབ་བསྔགས་ཤིང་། །རྣལ་འབྱོར་མ་དཔལ་དཔའ་མོ་རྣམས་ཀྱིས་བཀྲ་ཤིས་གླུ་དབྱངས་རབ་ཏུ་སྒྲོགས། །ཀ་ཁྭ་ལ་སོགས་བགེགས་དཔུང་བསྣུན་བྱེད་ཐར་པའི་གྲོང་ཁྱེར་ཉམས་དགའ་བར། །ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་འཁོར་ལོར་འོད་ཟེར་ཆེན་པོས་དབང་བསྐུར་ཤོག །འཁོར་ལོ་སྡོམ་པ་རབ་གསུངས་པ། །སྨིན་བྱེད་དཀྱིལ་འཁོར་ཆོ་ག་ནི། །སྤྱོད་འཆང་གསུང་གི་རབ་ཕྱེ་བ། །བདེ་བླག་རྟོགས་ཕྱིར་འདིར་གསལ་བྱ། །རྣལ་འབྱོར་མ་བླ་ན་མེད་པའི་སྙིང་པོ་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱེད་པ་ལ་གསུམ་སྟེ། གང་གིས་བསྐུར་བའི་སློབ་དཔོན། གང་ལ་བསྐུར་བའི་སློབ་མ། ཇི་ལྟར་བསྐུར་བའི་ཆོ་གའི་རིམ་པའོ། །དང་པོ་ནི། སྡོམ་འབྱུང་ལས། ཞི་ཞིང་དུལ་བའི་ཆ་ལུགས་ཅན། །སེམས་ཅན་ཀུན་ལ་མི་འཇིགས་སྟེར། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་ཤེས། །བསྟན་ཆོས་རིག་ཅིང་སྙིང་བརྩེར་ལྡན། །སེམས་ཅན་ཀུན་ལ་བུ་བཞིན་བལྟ། །ཐམས་ཅད་དུ་ནི་སྙན་པར་སྨྲ། །ཕ་རོལ་ཕྱིན་པ་བཅུ་སྤྱོད་ཅིང་། །སེམས་ཅན་རྣམས་ཀྱི་མགོན་གྱུར་པ། །དབང་བསྐུར་དོན་གྱི་དེ་ཉིད་ཤེས། །ཚིག་གསལ་ཡོན་ཏན་རྒྱ་མཚོ་སྟེ། །རྟག་པར་རྒྱུན་དུ་གནས་བརྟེན་པ། དེ་ནི་སློབ་དཔོན་རིག་པར་བྱ། ཞེས་བྱུང་ངོ་། །གཞན་ཡང་ཕྱག་ན་རྡོ་རྗེའི་འགྲེལ་པ་ལ་སོགས་པར་སློབ་དཔོན་ཉིད་དུ་རུང་བ་དང་མི་རུང་བ་རྒྱ་ཆེར་གསུངས་པ་རྟོགས་པར་བྱའོ། སློབ་མ་ནི། འཇམ་ཞིང་སྙན་པར་སྨྲ་བ་དང་། །སྙིང་རྗེ་ལ་སོགས་ཕན་སེམས་ལྡན། །ཐོས་དང་ཀློག་ལ་མངོན་པར་བརྩོན། །གསང་བའི་ཆོས་ལ་མངོན་པར་དད། །རྟག་པར་རྒྱུན་དུ་བླ་མ་གུས། །སློབ་མ་དེ་ནི་ཡོངས་སུ་བཟུང་། །ཞེས་བྱུང་བས་མཚན་ཉིད་དང་ལྡན་པས་ལན་གསུམ་དུ་གསོལ་བ་བཏབ་ནས། ཡོ་བྱད་འཚོགས་པར་ནུས་པ་ན་སྦྱིན་པར་བྱའོ། །གསུམ་པ་ཆོ་ག་ནི་བཞི་སྟེ། སྔོན་དུ་བསྙེན་པ་དང་། ས་ཆོག་དང་། ལྷག་གནས་དང་། དངོས་གཞིའོ། །དང་པོ་ནི། དཔའ་བོའི་སྙིང་པོའི་གསང་སྔགས་ནི། །ཁྲི་ཕྲག་གསུམ་དུ་བཟླས་བརྗོད་བྱ། །དཔའ་བོ་རྣལ་འབྱོར་མ་འཁོར་ལོའི། །ཁྲི་ཕྲག་གཉིས་ནི་བསྙེན་པ་བྱ། །ཀ་ཁྭ་ལ་སོགས་རྣམ་པ་བརྒྱད། །སྙིང་པོའི་རྣལ་འབྱོར་མ་བཞི་ནི། །སྟོང་ཕྲག་ལྔ་དང་ལྔ་བརྒྱད་ནི། །སྔོན་དུ་བསྙེན་པ་བྱ་བ་སྟེ། །བདག་གམ་ཡང་ན་དཀྱིལ་འཁོར་ནི། །སྔོན་དུ་བསྙེན་པས་འགྲུབ་པར་འགྱུར། །ཞེས་སོ། །སའི་ཆོ་ག་ནི་གནས་ཁྱད་པར་ཅན། །རི་དང་ནགས་དང་སྨན་ལྗོངས་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དང་ནི། །གདོད་ན་གྲུབ་པའི་དུར་ཁྲོད་དང་། །ཡིད་དུ་འོང་བའི་ས་ཕྱོགས་ནི། །གང་ཡང་སེམས་ནི་འཇུག་པ་དང་། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ །དུས་ནི་དགུན་ཟླ་འབྲིང་དང་དཔྱིད་འབྲིང་དང་། །བཅུ་དང་ཉ་སྟོང་བཅུ་བཞི་ལ། །དབང་བསྐུར་རབ་ཏུ་གནས་པ་བྱ། །གཟའ་སྐར་སྦྱོར་བ་བཟང་དུས་ཤིང་། །དེ་ལྟར་གནས་དང་དུས་འཛོམ་ནས། །སྔར་སྦྱང་བ་མབྱས་པ་ཡིན་ན། གནས་ཀྱི་བདག་པོ་མི་དང་མི་མ་ཡིན་པ་ལ་བདེན་པའི་ཚིག་གིས་བླངས་ལ། གཞིའི་བདག་པོ་ལ་གཏོར་མ་བྱིན་ཏེ། སའི་ལྷ་མོ་ལ་ས་སླང་བའི་རིམ་པ་ནི། གཞི་དེར་མེ་ཏོག་གི་ཚོམ་བུ་བཀོད། མཆོད་པ་དང་གཏོར་མ་བཤམས་ནས། རང་ཡི་དམ་དུ་བསྐྱེད་ནས་ཐུགས་ཁ་ནས་འོད་ཟེར་གྱིས་བསྐུལ་བར་མོས་ཏེ། ལག་པ་རྩེ་གསུམ་གྱི་ཕྱག་རྒྱའམ་རྡོ་རྗེ་དང་བཅས་པས་ཧཱུྃ་ཞེས་པ་ལ་ལན་གསུམ་བསྣུན་པས། ལྃ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཡོན་བུམ་པ་གཡས་དམ་བཅའ་ཁས་ལེན་པའི་ཕྱག་རྒྱ་ཅན་བསྐྱེད་ལ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་ལྷ་མོ་ཆེ། །སའི་ལྷ་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་བ། །མཆོག་གི་རྒྱན་གྱིས་རབ་ཏུ་བརྒྱན། །མགུལ་དོ་ཞབས་གདུབ་སིལ་སིལ་བཅས། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །རྡོ་རྗེ་འཛིན་པའི་བཀའ་ཡིས་ནི། །སྐད་ཅིག་ཉིད་ལ་འདིར་སྤྱོན་ཅིག ཨོཾ་ལཾ་བྷ་སུ་དྷ་རི་ཛ་ཧཱུྃ་བྃ་ཧོ་ཞེས་བཀུག་ལ། ཨོཾ་པྲ་ཏི་དྷེ་བི། པྲ་བ་ར་ས་ཏ་ཀ་ར་ཨརྒཾ་པྲ་ཏི་ཙ་ཡེ་ཧཱུྃ། ཞེས་མཆོད་ཡོན་དང་། དེ་བཞི་དུ་པ་ཏྱྃ་དང་། ཨ་ཛ་མ་ན། པྲོ་ཀྵ་ནྃ་ཞབས་བསིལ། ཞལ་བསིལ། འཐོར་འཐུང་ཕུལ་ལ། ཕྱིའི་མཆོད་པས་མཆོད་ལ། གཏོར་མ་ཡང་བྱིན་གྱིས་བརླབས་མེ་རླུང་གི་སྦྱོར་བས་བྱ་སྟེ། ཨོཾ་ལྃ་ཨ་ཧཱུྃ་བྷ་སུ་དྷ་རི་བྷ་ལིང་ཏ་ཁཱ་ཁཱ་ཁ་ཧི་ཁཱ་ཧི་ཞེས་བྱིན་ནས་བསྟོད་པ་ནི། མ་མ་རིན་ཆེན་སྣ་ཚོགས་འཛིན། །སྐུ་ཕྱེད་ཐོན་ཏེ་གསེར་གྱི་མདོག །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ལྷ་མོ་ཞལ་ཅིག་ཕྱག་གཉིས་མ། །བུམ་པ་དམ་བཅའི་ཕྱག་རྒྱ་ཅན། །ཁྱོད་ནི་ས་འཛིན་ལྷ་མོ་སྟེ། །ས་འོག་གཙོ་མོ་ཁྱོད་ལ་འདུད། །ཅེས་བསྟོད་ནས་གསོལ་བ་གདབ་པ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེའི་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་དུ་བརྗོད་ནས། གནང་བ་བྱིན་ཏེ་དེ་ཉིད་དུ་ཐིམ་པར་བསམས་ལ། མཆོད་ཡོན་སྦྱིན་ནོ། །དེ་ནས་ས་ལས་དང་བྱ་བས་སྦྱངས་ཏེ། པུས་ནུབ་ཙམ་དུ་བརྐོས་ཏེ་ས་ཁ་དོག་དཀར་བ་ལ་སོགས་པ་བཟང་པོ་དྲི་དང་རོ་ཁྱད་པར་ཅན་ནི་བསྔགས་སོ། །རིན་ཆེན་ལ་སོགས་པ་བྱུང་ན་ནི་དགེའོ། །དྲི་དང་རོ་ངན་པ་དང་ར་དང་རུས་པ་དང་སོལ་བ་ལ་སོགས་པ་བྱུང་ན་བསལ་ལ། ཞལ་བཞི་པའི་སྔགས་ཀྱིས་བསང་སྟེ་གཞན་དུ་འཕོ་ལ། གཞན་ནས་ས་བཟང་པོ་བླངས་ཏེ། སྨན་ལྔ་དང་དྲི་བཟང་པོ་དང་བདུད་རྩི་ལྔ་དང་རིན་པོ་ཆེ་ལྔ་རྣམས་བསྲེས་པས་བཀང་ལ་དཀྱིལ་འཁོར་བྱའོ། །མཚན་ཉིད་ཀྱང་ཁྲུ་གང་པ་ལ་སོགས་པ་ནས། ཅི་སྲིད་བཅུ་གཉིས་བཅུ་དྲུག་བར། །ཤར་དང་བྱང་དུ་གཞོལ་བ་ནི། །སྔགས་རྣམས་ཀྱིས་ནི་དངོས་གྲུབ་འགྱུར། །དབུས་སུ་མཐོ་བས་རྒྱལ་སྲིད་དམ། །རིག་པ་འཛིན་པའིགནས་དག་ཐོབ། །ཞེས་སོ། །གཞན་རིགས་ཀྱི་ཁྱད་པར་ལ་སོགས་པ་རྒྱ་ཆེར་ནི་ཁོ་བོས་དུས་འཁོར་གྱི་ཆོ་གར་བསྟན་ཏོ། །སྦྱང་བ་མི་དགོས་པ་ཡང་རྡོ་རྗེ་མཁའ་འགྲོ་ལས། ཁང་བཟང་རྡོ་སྟེ་ས་གཞི་དང་ནི། །གཙུག་ལག་ཁང་དང་ཞབས་ཀྱིས་བཅགས། །བ་གླང་ལྷས་དང་རྒྱ་མཚོའི་འགྲམ། །ལག་པ་རྡོ་རྗེ་ས་གནོན་བྱས། །རང་གི་སྙིང་པོ་བརྒྱ་རྩ་བཟླས། །དེ་ལས་སྦྱང་བ་བྱ་མི་དགོས། །ཞེས་བྱུང་བས་རང་གི་སྙིང་པོ་དང་སའི་ལྷ་མོ་ལ་གཏོར་མ་ཙམ་བྱ་བ་ཉིད་ཡིན་ནོ། །དེ་ལྟར་ཉི་མ་དང་པོར་བྱས་ནས། དེ་ནས་བ་གླང་གི་ལྕི་བ་དང་བདུད་རྩི་ལྔས་དཀྱིལ་འཁོར་བྱུགས་ལ་བགེགས་བསལ་བར་བྱ་བ་ནི། དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སློབ་དཔོན་འདུག་སྟེ། རྒྱན་དྲུག་གིས་བརྒྱན་ཞིང་ཧེ་རུ་ཀ་བསྐྱེད་པའི་རིམ་པ་བསྒོམ་པར་བྱའོ། །ཕྱོགས་བཞི་ནས་ལས་བྱེད་པས་མཆོད་པ་ལྔ་དང་ཆུ་བཞི་དང་། ལག་པའི་མཆོད་པ་ལ་སོགས་པ་བྱས་ཏེ། རྐང་པ་བརྒྱད་པས་ཀྱང་བསྟོད་ནས་བསྐུལ་ཞིང་གསོལ་བ་གདབ་པ་ནི། ཤར་ཕྱོགས་ནས་མཁའ་འགྲོ་མས། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པའི་མཆོག། དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །བྱང་ཕྱོགས་ནས་ལཱ་མས། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། ཀུན་དུ་བཟང་པོ་སྐུའི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། ནུབ་ཕྱོགས་ནས་དུམ་སྐྱེས་མས། ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། ལྷོ་ཕྱོགས་ནས་གཟུགས་ཅན་མས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ། །ཞེས་གླུས་བསྐུལ་ནས། དེ་ནས་རྡོ་རྗེ་སློབ་དཔོན་ཐམས་ཅད་ལ་བརྩེ་བའི་སེམས་ཀྱིས། ཉོན་མོངས་པ་དང་བདུད་ཀྱི་གནས་ལ་ཁྲོ་བས། རྡོ་རྗེ་ཧཱུྃ་གི་རང་བཞིན་གྱིས་བགེགས་བསལ་བ་བྱ་བ་དང་། རྐང་པ་གཉིས་སུ་ཧཱུྃ་ལས་རྡོ་རྗེ་དང་། མིག་གཡས་སུ་མ་ལས་ཉི་མ་འབར་བ་དང་། གཡོན་དུ་ཏ་ལས་བཟླ་བ་བསྒོམས་ཏེ་ལུས་ཐམས་ཅད་ལས་རྡོ་རྗེ་དང་འབར་བ་འཕྲོ་བས་ལོག་འདྲེན་ཐམས་ཅད་འབྲོས་པར་བསམས་ནས། རྡོ་རྗེ་དང་ དྲིལ་བུ ་འཛིན་ཅིང་ཁ་ཊྶཱྃ་ག་འཁྱུད་པས། དཀྱིལ་འཁོར་གྱི་དབུས་སུ་གཡོ་བའི་གར་གྱིས་ལངས་ལ་མཉམ་པའི་རྐང་སྟབས་ཀྱིས་སངས་རྒྱས་ཐམས་ཅད་ལ་འོག་ནས་བཤད་པའི་སྔགས་ཀྱིས་ཕྱག་བྱས་ལ། རྡོ་རྗེའི་འགྲོས་ཀྱིས་དབང་ལྡན་སོང་ཞིང་རྡོ་རྗེའི་ལྟ་བས་བལྟས་ལ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་དགོངས་སུ་གསོལ། །རྡོ་རྗེ་འཛིན་པ་ཆེ་གེ་བདག །རྒྱལ་བའི་དཀྱིལ་འཁོར་དམ་པ་ནི། །སེམས་ཅན་ཀུན་གྱི་དོན་དུ་བགྱི། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལུས་ངག་ཡིད་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང་། །བསྲུང་བའི་འཁོར་ལོ་རབ་སྦྱོར་བྱེད། །རྡོ་རྗེ་འབར་བའི་ལུས་ཀྱིས་ནི། །ལུས་གསུམ་ལས་སྐྱེས་འགེངས་པར་བྱེད། །གལ་ཏེ་ང་ལས་གང་འདའ་བ། །འཇིག་པར་འགྱུར་བར་གདོན་མི་ཟ། །ས་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱིས། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་འབྱུང་པོ་དང་། ཤ་ཟ་མོ་དང་སྲིན་མོ་ལ་སོགས་པའི་བགེགས་ཀྱི་ཚོགས་གང་དག་གནས་པའི་བདག་པོ་རྣམས་མྱུར་དུ་སོང་ཞིག འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་སོང་ཞིག གང་དག་མི་འགྲོ་བ་དེ་དག་ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང་། ཁ་ཊྶཱྃ་གས་སྤྱི་བོ་རྣམ་པ་བརྒྱར་འགས་པར་བྱའོ། །ཞེས་ལན་གསུམ་དུ་བརྗོད་ལ་ཧཱུྃ་ཧཱུྃ་གི་སྒྲ་དང་བཅས་རྡོ་རྗེའི་གར་བྱའོ། །དེ་ཡང་གཡས་དང་གཡོན་དུ་བསྐོར་བ་དང་། རོལ་པས་རབ་ཏུ་འཕྱང་བ་དང་། རོལ་པའི་གོམ་སྟབས་བཅས་པ་ལས། གོམ་པ་བརྒྱད་པས་གར་བྱའོ། ཞེས་པས་རྡོ་རྗེ་རྩེ་གསུམ་པ་ལ་སོགས་པའི་འགྲོས་ཀྱིས་ཤེས་རབ་ཐབས་སྦྱོར་དང་ལྡན་པས་བསྐོར་ལ། ཤར་དུ་གཡས་བརྐྱང་བ་གཡས་རྡོ་རྗེ་འཕེན་པའོ། །ལྷོར་གཡོན་བརྐྱང་བ་རྡོ་རྗེ་མདའི་འཕེན་ནོ། །ནུབ་ཏུ་ས་ག་དང་པད་མའི་ཕྱག་རྒྱའོ། །བྱང་དུ་ཟླུམ་པོ་དང་གཏུན་ཤིང་ངོ་། །ཕྱོགས་མཚམས་ངེས་མེད་དུ། གྱེན་དུ་ལྟེ་བ་དང་། ཐུར་དུ་བསྐྱོད་པ་དང་། ཐད་ཀར་བསྐྱོད་པ་དང་མཉམ་པ་ཞེས་བྱ་བ་རྣམས་གོམ་པ་བརྒྱད་པ་སྟེ། མཉམ་པའི་རྐང་སྟབས་གཡས་གཡོན་བརྐྱང་། །ཟླུམ་པོ་ས་ག་གྱེན་དུ་འདེགས། །ཐུར་དུ་བསྐྱོད་དང་ཐད་སོགས་བསྐྱོད། །གོམ་བརྒྱད་གཡས་གཡོན་བསྐོར་གར་བྱ། །ཞེས་སོ། །གར་གྱི་ཉམས་ཀྱང་། རྐང་པ་བསྐྱོད་དང་ལག་པ་བསྐྱོད། །སྨིན་མ་འདེགས་པར་བྱེད་པ་དང་། །ཅུང་ཟད་ངོ་ཚའི་མིག་ཟུར་དང་། །བླ་རྒྱས་ལྟ་ན་སྡུག་པ་དང་། །མིག་ཡང་གར་ནི་བྱེད་འགྱུར་ཞིང་། །ཁ་ཡི་པད་མ་འཛུམ་དང་བཅས། །ཅུང་ཟད་དམར་བའི་མཆེ་བ་འཆང་། །ཀུན་དྷ་ལྟར་དཀར་སོ་ཡི་ཕྲེང་། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །སེམས་ཅན་སྒྲོལ་བ་རྨད་དུ་བྱུང་། །དེ་ལ་སོགས་པའི་གར་གྱིས་ནི། །བགེགས་ལ་སོགས་པ་བསྐྲད་པར་བྱ། །ཞེས་པས་འདི་ཉིད་དམ། ཡང་ན་རྡོ་རྗེ་ཕྲེང་བར་བྱུང་བ་ལྟ་བུ་གནས་སྐབས་དང་སྦྱར་ཏེ་བྱའོ། །དེ་ནས་གུར་བྱ་བ། ཞལ་བཞི་ལ་སོགས་སྔགས་ཀྱིས་ནི། །ཕུར་བུ་ར་བ་དྲ་བ་བྱ། དང་པོ་སུམ་བྷ་ལ་སོགས་པས་ཁྭ་གདོང་མ་ལ་སོགས་པ་སྤྲོ་ཞིང་། རྒྱུ་གང་ཡང་རུང་པའི་ཕུར་པ་བཅུ་བྱིན་གྱིས་བརླབས་ལ། གྷ་གྷ་ལ་སོགས་པའི་སྔགས་ཀྱིས་ཕྱོགས་མཚམས་སུ་བཏབ་ཅིང་བརྡུངས་ནས། རྡོ་རྗེ་ར་བ་དང་དྲ་གུར་མཚམས་བཅིང་བ་མངོན་རྟོགས་ལྟར་བྱའོ། །དེ་དག་ནི་སའི་ཆོ་གའོ། །དེ་ནས་ལྷག་པར་གནས་པ་ལ་བཞི་སྟེ། ལྷ་ལྷག་པར་གནས་པ་དང་། བུམ་པ་ལྷག་གནས་དང་། སྦྱིན་བསྲེག་དང་། སློབ་མ་ལྷག་པར་གནས་པའོ། །དང་པོ་ནི་མཎྜྻལ་བདུད་རྩི་ལྔས་བྱུགས་ཏེ། ལྷ་ཐམས་ཅད་ཀྱི་གནས་སུ། དྲིའི་ཐིག་ལེ་གཙོ་བོ་ལ་གྲུ་བཞི་གཞན་ཟླུམ་པོ་བྱས་ཏེ། སོ་སོའི་སྔགས་ཀྱིས་མེ་ཏོག་བཀོད་ལ། མཆོད་པ་དང་གཏོར་མ་ཡང་བཤམས་ཏེ། ལག་པའི་མཆོད་པ་སྔོན་དུ་སོང་བས་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་བར་བཅས་པ་བསྐྱེད་ལ། ཡེ་ཤེས་པ་དགུག་ཅིང་མཆོད་པ་དང་། བསྟོད་པའི་བར་དུ་ཕྱི་རོལ་གྱི་མཆོད་པ་ལྟར་བྱས་ཏེ། དེ་ནས་སྙན་གསན་དབབ་པར་བྱ་བ་ནི། རྡོ་རྗེ་ དྲིལ་བུ ་དང་སྤོས་ཐོགས་ལ། ཐུན་མོང་མ་ཡིན་པའི་སྔགས་ཀྱིས་མཆོད་པ་སྔོན་དུ་སོང་བས། དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །ཕག་མོར་ལྷན་ཅིག་ཡང་དག་ལྡན། །གང་ཞིག་ཕྱོགས་བཅུའི་དཔའ་བོ་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་དག་འདི་ཞེས་པས། །ནང་པར་དཀྱིལ་འཁོར་བྲི་བར་བགྱིད། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་གདབ་པོ། །ལ་བ་པའི་ཆོ་ག་ལས་བྱུང་བའང་བྱས་ཀྱང་རུང་ངོ་། །ལྷ་རྣམས་ཀྱིས་གནང་བ་བྱིན་པར་བསམས་ལ། ཨུ་ཏི་ཥྚ་ཞེས་ནམ་མཁའ་ལ་བཏེག་ལ་བཞག་གོ །ལྷ་ལྷག་པར་གནས་པའོ། །དེ་ནས་བུམ་པ་ལྷག་པར་གནས་པ་ནི། མཚན་ཉིད་དང་ལྡན་པའི་བུམ་པ་རིན་པོ་ཆེའམ་ས་ལས་བྱས་པའང་རུང་སྟེ། བཅུ་ལ། ལེགས་པར་བཀྲུས་ཏེ་གུ་གུལ་གྱིས་བདུག་ཡུངས་དཀར་གྱིས་སུམ་བྷ་ལ་སོགས་པའི་སྔགས་ཀྱིས་བྲབས་ལ་བགེགས་བསལ་ཏེ། གོས་མ་ཉམས་པས་མགུལ་ཆིངས་བྱ་སྟེ། ཆུ་གཙང་མ་དང་དཀར་གསུམ་དང་བུ་རམ་དང་སྦྱར་བས་ནང་བཀང་ལ། གསེར་དངུལ་མུ་ཏིག་བྱི་རུ་དང་། ནས་གྲོ་ཏིལ་འབྲས་སྲན་མ་དང་། བྷྲི་ཧ་ཏི་ཀན་ཏ་ཀ་རི། ཨ་པ་ར་ཙི་ཏ། དན་དྷོད་པ་ལ། ཧ་ས་དྷེ་བ་དང་། ཙན་དན་དང་ཨ་ཀ་རུ། དུ་རུས་ཀ། གླ་རྩི་དང་ག་པུར། བདུད་རྩི་ལྔ་དང་བཅས་པ་གཞུག་ཅིང་། འབྲས་བུ་ཅན་གྱིས་ཁ་བརྒྱན་ཏེ། རྣམ་པར་རྒྱལ་བ་ལ་རྡོ་རྗེ་གྲི་གུག །ཤར་འཁོར་ལོ་དང་རྡོ་རྗེ། ལྷོ་རིན་ཆེན། ནུབ་པད་མ། བྱང་རལ་གྲི་ཕྱག་མཚན་བཏགས་སོ། །ལས་བུམ་ལ་གྲི་གུག་གོ །དགོད་པ་ནི་རས་ལ་སོགས་པའི་སྟེང་དུའམ་ཡང་ན་སྔར་གྱི་ལྷ་ལྷག་གནས་ཀྱི་ས་དེ་ཉིད་དུ་བྱས་ཏེ། སྒོ་དང་གྲ་ཡི་མཐའ་རུ་བརྒྱད། །བུམ་པ་དགུ་པ་དབུས་སུ་བཞག །ལས་བུམ་ལྷོ་ཡི་ཕྱོགས་ཀྱི་ནི། །རི་མོའི་དབུས་སུ་བཞག་པར་བྱ། །དེ་ལ་མཆོད་པ་ཅི་ལྟར་འབྱོར་པས་བསྐོར་ཏེ། འདིར་མ་གསུངས་ཀྱང་ལེགས་པར་བྱས་པའི་ཐིག་སྐུད་ཤར་དུ། རྡུལ་ཚོན་ནུབ་ཏུ། རྡོ་རྗེ་ལྷོ་རུ། དྲིལ་བུ ་བྱང་དུ། དབུ་རྒྱན་ལྷོ་རུ། རུས་རྒྱན་ཁ་ཊྶཱྃ་ག་ལ་སོགས་རྗེས་གནང་གི་ཡོ་བྱད་རྣམས་ནུབ་བམ་གང་བདེར་བཞག །ཅེས་བྱང་ཆུབ་སེམས་དཔའི་འགྲེལ་པར་གསུངས་སོ། །སྟ་གོན་དང་དངོས་གཞིའི་དུས་ནའང་འདི་ལྟར་བཀོད་པ་ལེགས་སོ། །དེ་ནས་ཡང་བདག་བསྐྱེད་ལས་འོད་འཕྲོས་པས་བུམ་པ་རྣམས་སྦྱངས་ལ། ལྷ་རྣམས་བསྐྱེད་དེ་བུམ་པའི་སྟེང་དུ་བདུད་རྩིའི་ཆུ་དང་བཅས་པའི་སྣོད་བཞག་ཅིང་དེའི་སྟེང་དུ་རྡོ་རྗེ་གཟུངས་ཐག་དང་བཅས་པ་བཀོད་ལ། ཡི་གེ་བདུན་པ་དང་སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་སམ། ཡང་ན་ལྷ་ཐམས་ཅད་ཀྱི་སྔགས་ཀྱང་རུང་སྟེ་ཐུན་ཅིག་བཟླས་སོ། །ལས་བུམ་དུ་ནི་ཁན་དྷ་རོ་ཧིའི་བཟླས་པ་བྱས་ལ། ཡེ་ཤེས་ཀྱི་འཁོར་ལོ་བཀུག་ཅིང་བཅུག་ལ་མཆོད་དེ། བསྟོད་པ་ནི། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགྱེས་པ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །འཁོར་ལོ་མཁའ་འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་མཉེས། པད་མ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པའི་ངོ་བོ་ཉིད་ལས་བྱུང་། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། ཅེས་བསྟོད་ལ། ཨོཾ་བཛྭ་ཨུ་ཏ་ཀེ་ཧཱུྃ་གིས་ལྷ་རྣམས་ཞུ་བར་བྱས་ཏེ་དུང་ཆོས་ཀྱི་ཆུ་བླུགས་ཏེ་བཞག་གོ །དེ་དང་དུས་གཅིག་ཏུ་རྡོ་རྗེ་ལ་སོགས་པ་རྣམས་ཀྱང་རང་བཞིན་གྱིས་བྱིན་གྱིས་བརླབ་བོ། །བུམ་པ་ལྷག་པར་གནས་པའོ། །དེ་ནས་སྦྱིན་བསྲེག་ལོང་དང་སྦྱར་ལ་བྱའོ། །ཆོ་ག་གཞན་དུ་བསྟན་ནོ། །ལོང་མེད་ན་མཆོད་པའི་སྐབས་སུ་ནང་གི་སྦྱིན་བསྲེག་བྱ་བར་བཤད་དོ། །དེ་ནས་སློབ་མ་ལྷག་པར་གནས་པ་ནི། ལས་ཐམས་ཅད་པའི་བུམ་པས་ཁྲུས་བྱས་ལ། མཎྜྻལ་གཞན་ནས་བཤད་པ་ལྟར་ཕུལ་ལ། མེ་ཏོག་དང་བཅས་པའི་སློབ་ལ་ཏིང་ངེ་འཛིན་གྱི་དབང་སྦྱིན། གཞན་དོན་ལ་བསྐུལ་གསོལ་བ་གདབ། སྤྲོ་བ་བསྐྱེད་ཅིང་ཉན་པར་གདམས། ལྔ་རྣམ་དག་བྱ། ཐུན་མོང་གི་སེམས་བསྐྱེད་དང་སྡོམ་པ་སྦྱིན། གནས་གསུམ་བྱིན་གྱིས་བརླབ་གོ་ཆས་བསྲུང་། སོ་ཤིང་དང་། སྐྱོར་ཆུ། སྲུང་སྐུད། ཀུ་ཤ་སྦྱིན། ཆོས་བཤད་པར་བྱ་སྟེ། ཏིང་ངེ་འཛིན་གྱི་དབང་ནི་རང་ཉིད་ཧེ་རུ་ཀར་མོས་པའི་ཧཱུྃ་ལས་འོད་བྱུང་སྟེ། སློབ་མ་རྣམས་ཀྱིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ལྷར་གྱུར་ཅིང་བདག་ཉིད་ཀྱི་ཞལ་དུ་བསྡུས་ལ་སྐུ་རྒྱུད་དེ་གསང་བ་ནས་ཡུམ་གྱི་མཁར་ལྷའི་རྣམ་པར་གྱུར་པ་སློབ་མའི་ཆ་བྱད་དུ་བསྒྱུར་ལ་བཞག་སྟེ། འདི་ནི་རྒྱུད་ཐམས་ཅད་ནས་གསུངས་ཤིང་གསང་སྒྲོགས་སུ་མི་འགྲོ་བ་ཡིན་གསུང་། དེ་ནས་བླ་མས་འདི་སྐད་བརྗོད་དེ། ཁྱེད་རྣམས་རྙེད་པར་དཀའ་བའི་དལ་འབྱོར་ཕུན་སུམ་ཚོགས་པ་ཐོབ་ཅིང་། དེ་ལས་ཀྱང་རྡོ་རྗེའི་ཐེག་པ་རྣལ་འབྱོར་མ་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པ་ནི་སྔོན་དུ་སྦྱངས་པ་དུ་མ་སོང་ཞིང་། དཔལ་ཧེ་རུ་ཀ་ཉིད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ཏེ་ཀུན་ཏུ་སྤྱོད་པ་ལས། དད་པ་ཡང་དག་བསྐྱེད་པ་དང་། །རྣལ་འབྱོར་བརྩོན་ལ་གནས་པ་ནི། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །ཞེས་གསུངས་པས་དེ་ཡང་འདི་ལྟར་དུ་ངེས་པར་བྱའོ། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱ། །བསོད་ནམས་འདོད་པ་དེ་ལས་གཞན། །གཞན་ནི་འཇིག་རྟེན་ཕ་རོལ་གཉེར། །སླར་ཡང་དད་དང་ལྡན་པ་ཡིས། །འཇིག་རྟེན་ཕ་རོལ་ལ་དམིགས་ཏེ། །བློ་ལྡན་དཀྱིལ་འཁོར་འཇུག་པར་བྱ། །འདི་ཡི་འབྲས་བུ་མི་གཉེར་སྟེ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་མ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཞེས་གསུངས་པས་ཞེ་ཐག་པ་ནས་ཕྱི་མའི་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པོ་སྙམ་དུ་མཛོད་ལ། གསོལ་བ་འདེབས་པས། ལད་མོ་མཛོད་ཅེས་བརྗོད་ལ། དཔའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པར། མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ་བྱའོ། །དེ་ལ་ལན་གསུམ་དུ་བླ་མས་སྤྲོ་བ་བསྐྱེད་ཅིང་ཉན་པར་བསྐུལ་ཏེ། བུ་ཚུར་ཐེག་པ་ཆེན་པོ་ལས། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་མཉེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་བདག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་ཧེ་རུ་ཀ་སོགས་པ། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །ཅེས་བརྗོད་ལ་དེ་དོན་ཡང་བཤད་དོ། །རྣམ་དག་དང་སེམས་བསྐྱེད་པ་ནི། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམིགས་ཏེ་ལུས་གུས་པས་ཕྱག་འཚལ། ལུས་ལོངས་སྤྱོད་དང་བཅས་པ་འབུལ་ཞིང་། ཐོག་མ་མེད་པ་ནས་ལུས་ངག་ཡིད་ཀྱིས་བྱས་པ་དང་། བྱེད་དུ་བཅུག་པའི་སྡིག་པ་ཐམས་ཅད་ཞེ་ཐག་པ་ནས་བཤགས། སོ་སོ་སྐྱེ་བོ་དང་། ཉན་ཐོས། རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡིད་རང་། གཞན་དོན་དུ་སྐྱབས་སུ་འགྲོ། སེམས་བསྐྱེད་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པ་ལྟར་བདག་གིས་ཀྱང་བྱ། དགེ་བའི་རྩ་བ་ཐམས་ཅད་ཀྱང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་གྱུར་ཅིག་སྙམ་པ་བྱས་ལ། ལད་མོ་བྱེད་དུ་བཅུག་སྟེ། བདག་གིས་སྡིག་པ་གང་བགྱིས་དང་། །བགྱིད་དུ་རྩལ་དང་ཡིད་རང་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །བསྒོམ་དང་བཟླས་བརྗོད་བསོད་ནམས་ལ། །དེ་ལ་བདག་ནི་ཡིད་རང་ངོ་། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་འདའ་བར་བཞེད་རྣམས་ལ། །མྱ་ངན་མི་འདའ་གསོལ་བར་བགྱིད། །སེམས་བསྐྱེད་མངོན་པར་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་བཞིན་དུ་ནི་སེམས་བསྐྱེད་དོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ། །ཞེས་བྱ་བའམ། ཡང་ན་མངོན་རྟོགས་ཀྱིས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པས་བྱས་ཀྱང་རུང་ངོ་། །དེ་ནས་སྔགས་ཀྱི་དམ་ཚིག་སྦྱིན་པ་ནི། དམ་ཚིག་དང་སྡོམ་པ་ཡང་དག་པར་བཟུང་སྙམ་པས་ཁས་བླང་བར་བྱའོ། །ལད་མོ་བྱེད་དུ་བཅུག་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། །ཁྱད་པར་དུ་ནི་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་དུས་འདི་ནས་བཟུང་ནས། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང་། །ཞེས་བརྗོད་དུ་བཅུག་ནས། དེ་ལ་ཉི་ཤུ་རྩ་གཉིས་ནི་འདི་ཡིན་ཏེ། རྩ་བའི་དམ་ཚིག་བཅུ་བཞི་དང་། ཡན་ལག་བརྒྱད་ཡོད་དེ། བླ་མ་ལ་མི་བརྙས། བདེ་བར་གཤེགས་པའི་བཀའ་ལས་མི་འདའ། རྡོ་རྗེ་སྤུན་ལ་མི་ཁྲོ། སེམས་ཅན་ལ་བྱམས་པ་བསྐྱེད། ཀུན་རྫོབ་དོན་དམ་གྱི་བྱང་ཆུབ་ཀྱི་སེམས་མི་སྤང་། རང་གཞན་གྱི་གྲུབ་མཐའ་ལ་ཞེ་སྡང་གིས་མི་སྨད། གསང་བ་མ་སྨིན་པ་ལ་མི་བསྒྲག ཕུང་པོ་ལ་མི་སྨད་དག་པའི་དོན་ལ་ཐེ་ཚོམ་མི་བྱ། ལམ་ལོག་པ་ཡལ་བར་མི་དོར། མིང་ཚིག་བྲལ་བ་ལ་རྟོག་པས་སྒྲོ་མི་གདགས། དད་ལྡན་སུན་མི་དབྱུང་། བཟའ་བ་དང་བཅའ་བའི་དམ་ཚིག་བརྟེན། ཕྱི་ནང་གི་ཤེས་རབ་ལ་མི་སྨད་པ་ནི་རྩ་བའི་དམ་ཚིག་གོ །ཡན་ལག་ནི། དམ་ཚིག་མེད་པ་མི་བརྟེན་པ་དང་། ཚོགས་ཀྱི་སར་འཐབ་རྩོད་མི་བྱ། མ་སྨིན་པ་ལ་དམ་ཚིག་གི་རྫས་མི་བླང་། སྣོད་ལྡན་ལ་ཆོས་མི་གསང་། ཐེག་ཆེན་འདོད་པ་ལ་གཞན་གྱི་གཏམ་མི་བསྟན། ཉན་ཐོས་ཀྱི་ནང་དུ་ཞག་བདུན་ལས་མི་བསྡད། མི་ཤེས་པར་སྔགས་པར་ཁས་མི་བླང་། ཕྱིའི་ཆོས་བསྟན་རྒྱུ་ལ་ནང་གི་ཆོས་མི་བཤད་པ་སྟེ། དེ་ལྟར་འདི་དག་ཚུལ་བཞིན་དུ་མ་ཉམས་པར་བྱའོ། །དེ་ནས་སློབ་མ་རྣམས་ཧེ་རུ་ཀ་ཞལ་ཅིག་ཕྱག་གཉིས་པར་མོས་པ་བྱས་ལ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ་དཀར་དམར་སྔོ་བ་བསྒོམ་དུ་གཞུག་སྟེ། རྡོ་རྗེ་དང་བཅས་པའི་ལག་པས་དྲིའི་ཐིག་ལེ་བྱའོ། །དེ་མ་ཐག་ཏུ་སྐྱེས་པ་ལ་དཔའ་བོའི་གོ་ཆ། བུད་མེད་ལ་དཔའ་མོའི་གོ་ཆས་བསྲུང་ངོ་། །སོ་ཤིང་སྦྱིན་པ་ནི། ཨ་ཤད་ཐ་ལ་སོགས་པའི་ཤིང་ལ་སོ་ཤིང་སོར་བཅུ་གཉིས་པ་རྩེ་མོར་མེ་ཏོག་གི་ཕྲེང་ཅན་བྱས་ཏེ། ས་གཞི་བ་གླང་གི་ལྕི་བས་བྱུགས་པའམ་ཚོམ་བུ་བྱས་ལ་དོར་བར་བྱ་བ་ནི་སློབ་མ་ཤར་དུ་ཁ་བལྟས་ཏེ་མི་སྨྲ་བར་ནི་སོ་ཤིང་བཅའ། ཕན་ཚུན་དུ་ཡང་མི་དོར་རོ། །སོ་ཤིང་མདུན་དུ་དང་པོར་དོར། ཨོཾ་བཛྭ་ཧ་ས་ཧྃ་དྷན་ཏ་ཤོ་དྷ་ནི་ཧཱུྃ་ཞེས་བྱིན་ནས་དོར་བར་བྱའོ། །མཚན་མ་ནི། དེའི་རྩེ་མོ་གྱེན་དུ་བསྟན་ན་མཆོག་འགྲུབ། ཤར་དུ་འབྲིང་པོ། མཚམས་སུ་འཇིག་རྟེན་གྱི་དངོས་གྲུབ། ཐུར་དུ་ས་འོག་གི་དངོས་གྲུབ་ཐོབ་ཅེས་སྤྱི་རྒྱུད་ལས་སོ། །ཡང་ན་ཕྱོགས་རྣམས་འཕྲིན་ལས་དང་སྦྱར་ཏེ་བཤད་དོ། །དེ་ནས་སྐྱོར་ཆུ་ནི། ལས་ཐམས་ཅད་པའི་ཆུ་སརྦ་བྷུད་དྷའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ཨོཾ་ཧྲི་བྷི་ཤུད་དྷ་སརྦ་དྷརྨ་སརྦ་པ་པྃ་ནི་ས་ཙ་ཡ། ཀྵྼྃ་ཤོ་དྷ་པ་བྷི་ཀ་ལ་པ་ཨ་པ་ན་ཡ་ཧཱུྃ། ཞེས་འཐུང་དུ་གཞུག །དེ་ནི་རྣམ་པར་རྟོག་པ་དང་དྲི་མ་དག་པར་བྱེད་པ་ཡིན་གསུང་། དེ་ནས་བསྲུང་སྐུད་སུམ་བསྒྲིལ་ལ་ཡི་གེ་བདུན་པའི་སྔགས་ཀྱིས་མདུད་པ་བྱས་ཏེ། སྐྱེས་པའི་གཡོན་པ། བུད་མེད་ཀྱི་གཡས་ལ་བཏགས་ཏེ། ཨོཾ་བྷུད་དྷ་མེ་ཏྲའི་རཀྵ་རཀྵ་སརྦན་དུ་སྭཱཧཱ། ཞེས་བརྗོད་དོ། །ཀུ་ཤའི་སྔས་སྦྱིན་པ་ནི། ཀུ་ཤ་ཆུན་པོ་གཉིས་ལག་པ་གཡས་གཡོན་དུ་བྱིན་ལ། ཨོཾ་བཛྭ་ཏིག་སྣ་ཧཱུྃ་ཞེས་བརྗོད་དེ། གཅིག་སྔས་སུ་ཆུག་གཅིག་སྟན་དུ་གྱིས་ལ་རྨི་ལམ་གྱི་ལྟས་བལྟ་བར་བྱའོ། །ཞེས་སྦྱིན་ནོ། །དེ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསྟན་པ། རྣམ་སྣང་མངོན་བྱང་ལས་གསུངས་པ་བརྗོད་དེ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་འབར་བའི་མེ་ཏོག་བཞིན། །རྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་པ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བྱས་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་བས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྲོ། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུ། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་ལ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །དབང་ཐོབ་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་པའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ལམ་འདིར་ཁྱོད་ཉིད་འགྲོ་འགྱུར་བས། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་གསུངས་པས། ལམ་འདི་ལ་བརྟེན་ནས། མྱུར་དུ་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་བས་སྤྲོས་པ་དང་ལྡན་པར་གྱིས་ཤིག །ཅེས་བརྗོད་དོ། །དེ་ནས་གཏོར་མ་དང་མཆོད་པའོ། །ནུབ་མོ་རྨི་ལམ་བརྟགས་ལ། བཟང་ན་དངོས་གྲུབ་ཐོབ་པར་ལུང་བསྟན། ངན་ན་བགེགས་ལ་གཏོར་མ་བྱིན་ལ། སུམ་བྷ་ནི་ལ་སོགས་པས་བསྲུང་བ་བྱའོ། །སློབ་མ་ལྷག་པར་གནས་པ་སྟེ་ནུབ་གཉིས་པའི་བྱ་བའོ། །དེ་ནས་ནུབ་གསུམ་པའི་སྔ་དྲོ་དཀྱིལ་འཁོར་དྲི་དང་བདུད་རྩི་ལྔས་བྱུགས་ལ་དང་པོའི་ཐིག་གདབ་པར་བྱ་སྟེ། རོ་རས་ལ་སོགས་པ་ལྔ་བསྒྲིལ་ལ་རིགས་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་པ། ཨོཾ་པྲ་ཡད་ཙྪ་ཤ་ཤ་ཏ་པུ་ཏྲྃ་ཀྵྼ། ཙཀྲ་པུ་ཏྲ་ན་ཡ་ཧཱུྃ། དེ་བཞིན་དུ། རད་ན་པད་མ་བཛྭ་ཁར་ཁ་ཞེས་བྱ་བས་གསོལ་བ་བཏབ་པ། སྔགས་འདིས་གཅིག་ཏུ་བསྒྲིལ། ཨོཾ་ཨ་ནྱོ་ན་ཨ་ནུད་གྷ་ཏ་སརྦ་དྷརྨ་པ་ར་ཏ་ར་ཨ་ནུད་གྷ་ཏ་སརྦ་དྷརྨ་ཨརྻན་ཏ་ཨ་ནུ་བྲ་བྷི་ཏ་སརྦ་དྷརྨ་ཧཱུྃ། ཞེས་ལེགས་པར་བྱ་ཤིང་མཚམས་པས་ཛ་ཛ་ཛ་ཞེས་བརྗོད་ནས། ནམ་མཁའ་ལ་ཡེ་ཤེས་ཀྱི་ཐིག་གདབ་པོ། དེ་ནི་དཀྱིལ་འཁོར་ཐམས་ཅད་ཀྱིའོ། །འདི་ཉིད་ནས། ཇི་སྲིད་སྲད་བུ་ལྔ་རུ་ནི། །རྣམ་པར་ཕྱེ་སྟེ་བཅོས་ནས་སུ། །དཔལ་ལྡན་ཁྲག་འཐུང་ལ་སོགས་ཀུན། །སྤྱན་དྲངས་ནས་ནི་དེ་རུ་བཞུགས། །སངས་རྒྱས་ཀུན་གྱི་མཁའ་འགྲོ་མ། །རྩ་བའི་སྔགས་དང་གཉིས་མེད་པས། །པད་མའི་སྣོད་ལ་ལེགས་བཞག་ཅིང་། །རང་བྱུང་མེ་ཏོག་དག་གིས་མཆོད། །ཡེ་ཤེས་ཐིག་ནི་བསྐྱེད་ནས་སུ། །མཁས་པས་ཐིག་ནི་གདབ་པར་བྱ། །ཞེས་པས་ཨོཾ་ཨཱ་བཛྭ་ས་མ་ཡ་སུ་ཏྲིཾ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་གདབ་སྟེ་ཡེ་ཤེས་ཀྱི་ཐིག་གོ །དེ་ནས་ལས་ཀྱི་སྐུད་པས་བྱས་ཏེ། རྡོ་རྗེ་ཁུ་ཚུར་དང་བཅས་པས་བྱའོ། །ཆ་བཅུ་དྲུག་གམ་ཉི་ཤུ་གང་ཡང་རུང་བ་བྱ་སྟེ། ཤར་ནུབ་ལྷོ་བྱང་མཚམས་སུ་གདབ། །ཕྱོགས་བཞི་དེ་ནས་ལོ་མ་གསུམ། །བཅད་ན་བཅུ་དྲུག་ཆ་རུ་འགྱུར། །དང་དྲུག་ཕྱེད་གདབ་ཕྱི་མ་གདབ། །གཉིས་བདུན་ཆ་བཞི་མཉམ་པོར་བྱ། །ལྔ་བརྒྱད་དབུས་དོར་མཐའ་གཉིས་གདབ། །ནང་ནི་ཆ་བརྒྱད་ཁོར་ཡུག་བཞི། །ཁོར་ཡུག་ཆ་ཕྲན་རེ་རེ་སྟེ། །འཁོར་ལོ་གསུམ་པར་ཀ་བ་རྒྱན། །གཞན་རྣམས་དཀྱིལ་འཁོར་ཀུན་དང་མཐུན། །ཞེས་བྱ་བ་བར་སྐབས་ཀྱི་ཚིགས་བཅད་དོ། །དེ་ནས་རིན་ཆེན་ལྔའམ་དུར་ཁྲོད་ཀྱི་རྫས་དང་མཚོན་གང་ཡང་རུང་བ་རིགས་ལྔས་བྱིན་གྱིས་བརླབས་ལ། མཆོད་ནས། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཁུ་ཚུར་གྱིས་ཚོན་བཟུང་ལ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་སྒྲོལ་བྱེད། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཉིད། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་གྲོལ་བ། །ཚོན་གྱི་ལས་ནི་ཡང་དག་བརྩམ། །ཞེས་བརྗོད་དེ་དབུས་ནས་ཅུང་ཟད་བཀྱེ་ལ་ཕྱིས་གཞན་གྱིས་བྱའོ། །ཁ་དོག་ནི་དབུས་མཐིང་ཁ། པད་མ་ནི་ཤར་མཐིང་། བྱང་ལྗང་། ནུབ་དམར། ལྷོར་སེར། མཚམས་དེ་ཉིད་སྤེལ་མའམ་ཡང་ན་ལྗང་ཁུ་བྱ་བར་སྟོད་འགྲེལ་ནས་བྱུང་ངོ་། །ཐུགས་ཀྱི་འཁོར་ལོ་སྔོ་བ། གསུང་དམར། སྐུ་དཀར། གཞི་ནི་ཕྱི་མ་ཕྱི་མའོ། །ཁྱམས་ཕྱོགས་མདོག རེ་ག་ནི་ནག་ལྗང་སེར་དམར་དཀར་རིམ་པའོ། །སྣམ་བུ་དམར། ཕ་གུ་སེར། དྲ་ཕྱེད་སྔོ། གཟེང་ཁང་ནི་དམར་ལྗང་། ཀྲ་མ་ཤི་ཤ་ནི་སྣ་ཚོགས་རྡོ་རྗེའོ། །རྟ་བབས་དང་རྡོ་རྗེ་དུར་ཁྲོད་རྡོ་རྗེ་མེ་རི་དང་རྒྱན་ཐམས་ཅད་མཛེས་པར་བྱའོ། །ཕྱག་མཚན་ནི་དབུས་རྡོ་རྗེ་གྲི་གུག་མཁའ་འགྲོ་བཅུ་གཉིས་ནི་གྲི་གུག་འཁོར་ལོ་གསུམ་ནི། རྡོ་རྗེ་པད་མ་འཁོར་ལོ་བྱའོ། །ཁོར་ཡུག་རྣམས་ཀྱང་དེ་ཉིད་དོ། །ཡང་ན་ས་བོན་ནམ་ལྷ་ཉིད་དགོད་པར་ཡང་གསུངས་སོ། །དེ་ནས་བརྒྱན་པར་བྱས་ཏེ། མཆོད་པ་ཐམས་ཅད་དང་བུམ་པ་དང་། མདའ་དང་རྒྱལ་མཚན་དང་། རིན་པོ་ཆེ་དང་། རལ་གྲི་དང་། ཇི་ལྟར་འབྱོར་པ་བྱའོ། །དཀྱིལ་འཁོར་གྱི་བྱ་བའོ། །དེ་ནས་དཀྱིལ་འཁོར་བསྒྲུབ་པར་བྱ་སྟེ། ཐོག་མར་ཤར་ཕྱོགས་སུ་རང་ཉིད་དཀྱིལ་འཁོར་བསྐྱེད་ཅིང་ཡེ་ཤེས་གཞུག་པ་མཆོད་བསྟོད་བདུད་རྩི་མྱང་བའི་བར་དུ་བྱའོ། །དེ་ནས་རྡུལ་ཚོན་བསྐྱེད་པ་ཡེ་ཤེས་གཞུག་པའི་བར་དུ་བྱའོ། །སྔར་གྱི་ལྷ་ནམ་མཁར་བཏེག་པ་ཡང་དབྱེར་མེད་དུ་བྱའོ། །དེ་ནི་དཀྱིལ་འཁོར་དམ་ཚིག་པ་བསྒྲུབ་པའོ། །ཡང་སངས་རྒྱས་ཐམས་ཅད་རང་ཉིད་ཀྱི་ཁར་ཞུགས་ཤིང་། མཁར་ཕབ་ལ་དཀྱིལ་འཁོར་འཁོར་ལོ་ལ་གཞུག་ཅིང་། སྤྲོས་པ་ལ་དགའ་ན་མཆོད་འཕྲེང་ལྟར་སྤྱན་འདྲེན་བཞུགས་གསོལ་བྱ་བ། །དེ་ལྟར་ཐོན་ནས་རིག་མ་བཅུ་དྲུག་དང་། རྒྱལ་སྲིད་ལ་སོགས་པས་ཀྱང་མཆོད་ནས་བསྟོད་པ་བྱའོ། །སྔགས་བརྒྱ་བཟླས་ཏེ་བརྟན་པར་བྱའོ། །དེ་ཡང་། རང་ཉིད་ཇི་ལྟར་གྲུབ་པ་ནི། ཡེ་ཤེས་འཁོར་ལོ་རྣམ་པར་བསྒོམ། །བདག་ཉིད་ཁ་སྦྱར་སྦྱོར་བ་ཡིས། །དམ་ཚིག་ལ་ནི་འཇུག་པར་བྱ། །ཞེས་བྱ་བ་ནས། གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ནས། །བྱིན་གྱིས་བརླབས་ལ་མངོན་པར་མཆོད། ཅེས་པའི་བར་དུ་གསུངས་སོ། །དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་བདག་ཉིད་འཇུག་པ། ཁྲུས་དང་མཎྜྻལ་ནས་བརྩམས་ནས། ཆོ་ག་ཅི་རིགས་པས་དབང་བླངས་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། རང་ཉིད་སྔོན་ཉིད་ནས་གྲུབ་པའི་ནུས་པ་བསྐྱེད་ཅིང་བརྟན་པར་བྱ་སྟེ། བདེན་པ་བརྗོད་པ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །བདེ་མཆོག་འཁོར་ལོར་བདག་བསྒྲུབས་མཛད། །ཀུན་མཆོག་ཡོན་ཏན་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་བསྒྲུབ་མཛོད། །ཉེས་པ་མི་མངའ་བརྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་བསྒྲུབས་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་བསྒྲུབས་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ཕྱག་རྒྱ་མཆོག །གྲུབ་པའི་རྡོ་རྗེས་ཆེར་བསྟོད་པ། །རྡོ་རྗེ་སྙེམས་པར་བདག་བསྒྲུབས་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། སེམས་ཅན་ཀུན་གྱི་ཡིད་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཆོག་གི་དམ་ཚིག་མཆོག །ཞེས་པ་དང་། ཤེས་རབ་ཐབས་བདག་དཀྱིལ་འཁོར་འདིར། །བདེན་པ་གང་གིས་ཡེ་ཤེས་མཆོག །བདེན་པ་དེ་ཡིས་མགོན་ཁྱེད་ཀྱིས། །བདག་གི་འདོད་པ་ཡོངས་རྫོགས་མཛད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང་། །དེ་བཞིན་དེ་ཁོ་ན་ལས་བྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱིས་བསྒྲིབ་མེད་མཐོང་བར་ཤོག །ཅེས་བརྗོད་ལ། ཕྱི་ནང་གི་མཆོད་པ་སྦྱིན་བསྲེག་ལྟར་བྱ་བར་གསུངས་སོ། །རྡོ་རྗེ་སློབ་དཔོན་འཇུག་པའོ། །དེ་ནས་སློབ་མ་རྣམས་ཡོལ་བའི་ཕྱི་རོལ་དུ་ལས་ཀྱི་བུམ་པས་ཁྲུས་བྱས་ལ། མཎྜྻལ་ཕུལ་ཅིང་། ཐལ་མོ་སྦྱར་ཏེ་འདུག་པ་ལ། སློབ་དཔོན་གྱི། ཀྱེ་ཀྱེ་དག་སྡུག་པ་ཁྱོད་སུ་ཡིན། ལན་དུ་སློབ་མས། ཀྱེ་བདེ་བ་ཆེན་པོ་བདག་ནི་བསྐལ་པ་བཟང་པོའོ། ཁྱེད་ཅི་འདོད། སངས་རྒྱས་མཆོག་གི་དམ་ཚིག་ནོད་འཚལ་ལོ། །ཞེས་དྲིས་ལན་བྱས་པའི་རྗེས་ལ། དཔའ་བོ་དང་དཔའ་མོའི་གོ་ཆས་བསྲུང་། ཨོཾ་ཨ་ཁྃ་བྷི་ར་ཧཱུྃ་གིས་སྤྱན་དར་བཅིང་། དེ་ཡང་མཆོག་ལ་ནི་མི་མངོན་པར་སྨན་པ་ལ་ལེགས་པར་དགའ་བར་བྱའོ། །དེ་སྐད་དུ། གོ་ཆ་ཆེ་ལ་སོགས་པས་བསྲུང་། །དར་དཔྱངས་དག་ཀྱང་བཅིང་བར་བྱ། །ཞེས་སོ། །དེ་ནས་སློབ་དཔོན་གྱིས་འདི་སྐད་དུ། ཁྱེད་རྣམས་དེ་ལྟར་དཀྱིལ་འཁོར་དུ་འཇུག་པ་ལ། གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱས་ཏེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་པ་སྔགས་ཀྱི་སེམས་བསྐྱེད་པ་རིགས་ལྔའི་སྡོམ་པ་ཐོབ་པར་བྱ་དགོས་པས་གསོལ་བ་གདབ་བོ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོའི། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །ཞེས་བྱ་བ་དང་། སློབ་དཔོན་དུ་དབང་བསྐུར་ན། འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །དམ་པ་བདག་ལ་བསྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །ཅེས་ལན་གསུམ་གསོལ་བ་བཏབ་ནས། དེ་ནས་སློབ་མ་རྣམས་ལྷར་གསལ་བའི་སྙིང་ཁར། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་བདེ་བ་ཆེན་པོའི་རང་བཞིན་དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། སྟོང་པ་ཉིད་ཀྱི་རང་བཞིན་བསྒོམ་དུ་བཅུག་ལ། རྡོ་རྗེ་སྙིང་ཁར་བཟུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཡོ་ག་ཙི་ཏ་ཨུད་པ་ཏ་ཡ་མི། སུ་ར་ཏ་ས་མ་ཡ་སྟྃ་ཧོ། སྭི་དྷ་བཛྭ་ཡ་ཐཱ་སུ་ཁྃ། ཞེས་བརྗོད་དོ། །དེ་ནི་སྔོན་བཅོམ་ལྡན་འདས་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བའི་སྔ་ལྟས་སུ་རང་གི་ཀུན་རྫོབ་དོན་དམ་གྱི་ངོ་བོར་སྣང་ངོ་ཞེས་བྱུང་ངོ། །ད་ནི་དེ་བཞིན་གཤེགས་པ་ལྔའི་སྡོམ་པ་འདི་རྣམས་ཀྱང་ངས་བསྒྲག་ཅིང་ཁྱེད་རྣམས་ཀྱིས་ཁས་བླངས་ཏེ་ལད་མོ་བྱའོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་ཆེ་གེ་ཞེས་བྱ་བ། །དུས་འདི་ནས་ནི་བཟུང་ནས་ཀྱང་། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་མཆོག་ནི་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱིས་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང་། །དེ་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་བསྡུས་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །དེ་ཉིད་དུ་ནི་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་ཆེན་པོའི་རིགས་མཆོག་གི །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། པད་མ་ཆེན་པོའི་རིགས་དག་པའི། །བྱང་ཆུབ་ཆེན་པོ་འབྱུང་བ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ལས་ཀྱི་རིགས་ཆེན་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི་ལས་ཀྱང་ཅི་ནུས་བཞིན། །ཀུན་ནས་སོ་སོར་གཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ཤིང་། །སྡོམ་པ་མ་ལུས་བཟུང་བགྱིས་ནས། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་བྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་མམ་ཅིག་ཀྱང་རུང་ངོ་། །དེ་ལྟར་སྡོམ་པ་བཟུང་ནས། ད་ནི་ནང་དུ་འཇུག་པའི་དོན་དུ་གསོལ་བ་གདབ་པ། དོན་དམ་སྨྲ་བའི་རྣལ་འབྱོར་སེང་གེ་ཞེས་བྱ་བ། །ཉོན་མོངས་སྤྱོད་པའི་དོན་ལ་ཤིན་དུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་བསྐྱེད་རྩའི་ཉོན་མོངས་ཆོམ་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད། །ཅེས་སློབ་མ་རྣམས་ཀྱིས་བརྗོད་དུ་བཅུག་ནས། བླ་མས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་ནང་དུ་ཁྲིད་ལ་དེ་ནས་དཀྱིལ་འཁོར་འཁོར་ལོ་གསལ་བར་གནས་པ་ལ་ཕྱག་གསུམ་བྱས་ཏེ་གནས་གསུམ་དུ་ཐལ་མོ་སྦྱར་ལ། ཨོཾ་ན་མ་ཏེ་ཧཱུྃ། ན་མ་མི་ཧཱུྃ། ན་མོ་ན་མ་ཧཱུྃ། ཞེས་སྐུ་གསུང་ཐུགས་ཀྱི་ཕྱག་བྱས་ལ། དེ་ནས་ཤར་ནས། ཨོཾ་སརྦ་བྷི་ར་ཡོ་གི་ནི། པུ་ཙོ་པཥྛ་ན་ཡ། ཨདྷ་མ་ནཾ་ནིརྻ་ཡ་མཱི། སརྦ་ཏ་ཐཱ་གཱ་ཏ་བྷི་ར་ཡོ་ཀི་ནི། ཨ་དྷ་མ་དྷ་ཀ་ནི། ཨ་ཏི་ཏི ཥྛ་ས་མཾ། དེ་ནས་བྱང་ནས། ཨོཾ་སརྦ་བྷི་ར་ཡོ་ཀི་ནི་པུ་ཙོ་ཨ་བྷི་ཥེ་ཀ་ཡ། ཨ་དྷ་མ་ནྃ་ནིརྻ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ། བྷི་ར་ཡོ་གི་ནི། ཨ་དྷ་མ་ལ་མ་ཡ་ཨ་བྷི་ཤིན་ཙི་ཏུ་མྃ། དེ་ནས་ནུབ་ནས། ཨོཾ་སརྦ་བྷི་ར་ཡོ་གི་ནི། པུ་ཙོ་པྲ་བྷར་ཏ་ན་ཡ། ཨདྷ་མ་ནྃ་ནིརྻ་ཏ་ཡ་མི། སརྦ་ཏ་ཐཱ་ག་བྷི་ར་ཡོ་གི་ནི་ཨ་དྷམ་རུ་བྷིན་དྷ་རོ་ཧ་དྷརྨ་པྲ་བར་ཏ་ཡ་མྃ། དེ་ནས་ལྷོ་ནས། ཨོཾ་སརྦ་བྷི་ར་ཡོ་གི་ནི་པུ་ཙོ་ཀར་མ་ཡ་ཨད་མ་ནྃ་ནིརྻ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བྷི་ར་ཡི་ནི་ཨད་མ་རུ་པི་ནི་ཨརྻ་ཀར་མ་ཀུ་རུ་མྃ། ཞེས་ཕྱག་བཞི་ཚར་ནས། དམ་བསྒྲག་པར་བྱ་བ་དང་པོར་ཧེ་རུ་ཀའི་ཕན་ཡོན་དང་ཉེས་དམིགས་ཀྱི་སྒོ་ནས་བྱ་བ་ནི། ཡང་ན་ཕྱག་རྣམས་སྔོན་དུ་བྱས་དེ་ནས་སྡོམ་བཟུང་བྱས་ཀྱང་ཆོག་གོ ཌཱ་ཀི་ནི་ལ་སོགས་པའི་སར་བྷཻ་རོ་ཙ་ན་བཛྭ་ས་ཏ། རཏྣ་ས་བྷ་བཱ་ཨ་མི་དེ་བ། ཨ་མོ་ཀ་སི་ཏི། ཞེས་བཅུག་པས་དཀྱིལ་འཁོར་ཆོ་ག་གཞན་དུ་གར་གྱི་སྔོན་འགྲོ་ཉན་ནོ།། རྡོ་རྗེ་མགོ་ཐོག་ཏུ་བཞག་ལ། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་གྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ་དམ་ཚིག་ཉམས་པར་གྱུར་ཏ་རེ། ཡང་རྡོ་རྗེ་སྙིང་ཁར་བཟུང་ལ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས། སྙིང་ལ་ཡང་དག་ཞུགས་པ་ཡིན། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་བཤགས། །ཞེས་བརྗོད་ལ་དོན་བཤད་དེ་འདིར་ཞུགས་པས་གསང་སྟེ་བསྒྲུབས་ན་ཡོན་ཏན་ཐམས་ཅད་འབྱུང་ལ། མ་གསང་ན་སྙིང་དྲལ་ཏེ་གཤགས་པས་མྱུར་དུ་མ་རུངས་པར་འགྱུར་བས་དེ་བས་དམ་ཚིག་དང་ལྡན་པར་བྱའོ། །དེ་ནས་དམ་ཚིག་གི་ཕུད་ཐོད་པའམ། དུང་ཆོས་སུ་སངས་རྒྱས་མཁའ་འགྲོ་མའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བྱིན་ཏེ། འདི་ནི་ཁྱོད་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འཐོབ། །ཨོཾ་པཉྩྨ་ཨ་མྲི་ཏ་ཨུད་གྷ་ཏ་ཐ་ཐཱ་ཧཱུྃ། ཞེས་སོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དམ་ཚིག་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། གང་ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱའོ། ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྟུང་པར་གྱུར་རོ། །ཞེས་བརྗོད་དོ། །དེ་རྣམས་ནི་ནང་དུ་འཇུག་པའོ། །དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ནི། གསོལ་བ་གདབ་པར་བྱས་ཏེ་མེ་ཏོག་ཕུལ་ལ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག ཅེས་བརྗོད་ཅིང་ཏིང་ངེ་འཛིན་རང་ཉིད་ཧེ་རུ་ཀར་བསྒོམས་ནས། རྐང་ཞབས་སུ་རླུང་། སུམ་མདོར་མེ། ལྟེ་བར་ཆུ། སྙིང་ཁ་ས་ཏེ་ལུས་འབྱུང་བའི་རང་བཞིན་སྙིང་ཁར་ཧཱུྃ་དེ་ལས་འོད་བྱུང་སྟེ། མདུན་གྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང་འཛམ་བུའི་གླིང་ན་དངོས་སུ་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་བཀུག་སྟེ་རང་གི་ལུས་ལ་གཞུག་ཅིང་། ལུས་ཐམས་ཅད་འོད་ཟེར་གྱིས་ལྟེམས་ཀྱིས་གང་བར་བསྒོམས་ཏེ། བདུད་རྩི་ལྔ་དང་བྱི་ལ་ནག་པོའི་བྲུན་དང་། གུ་གུལ་སྦྱར་བའི་སྤོས་ཀྱིས་བདུག་ཅིང་། ཡབ་ཡུམ་གྱི་སྔགས་ལ། ཨོཾ་ཏིཥྚ་མ་ཧ་ཀྲོ་ཏ་ཨ་བེ་ཤ་ཡ་ཧཱུྃ། ཨོཾ་ཤྲི་ཧེ་རུ་ཀ་ཡ་བྷིད། མ་ཧེ་བྷི་ཏ་ར་ཙ་ཛ་ཡཱ་དྷི་མ་ཧེ་སྭཱཧཱ། ཞེས་བརྗོད་ལ་རོལ་མོ་དཀྲོལ་ཅིང་དཔའ་བོ་དང་རྣལ་འབྱོར་མ་རྣམས་དབབ་པར་བྱའོ། །སྐུ་གསུང་ཐུགས་ལ་བབས་པའི་རྟགས་རྣམས་བྱུང་བ་དང་མཉམ་པར་བཞག་པར་བྱའོ། །རིང་དུ་འཕར་བ་བྱུང་ན་རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྚ་བཛྭ་ཞེས་བརྟན་པར་བྱའོ། །དེ་ནས་སྣང་བ་བརྟག་ཅིང་མེ་ཏོག་དོར་བ་དང་། མིག་དབྱེ་བར་བྱ་སྟེ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སྣང་བར་བྱས་ཏེ། མིག་ལ་ཇི་ལྟར་སྣང་ཞེས་དྲི། དཀར་སེར་དམར་ལྗང་ཁྲ་བོ་ནག་པོ་རྣམས། ཞི་རྒྱས་དབང་དང་ལས་ཐམས་ཅད་པ་དྲག་པོ་རྣམས་འགྲུབ་ཅེས་བཤད་ལ། མེ་ཏོག་ལག་ཏུ་ཐོགས་ནས། སློབ་དཔོན་གྱིས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་ཕོ་བྲང་མཆོག །སྙིང་པོའི་དཀྱིལ་འཁོར་འདི་ཉིད་དུ། བདག་གིས་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་དག བསོད་ནམས་འཇིག་རྟེན་དེ་ལྟར་ཤོག །འདིའི་དངོས་གྲུབ་གང་གྲུབ་དང་། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡི་བསོད་ནམས་ཅི་ཡོད་ལས། དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་བརྗོད་ནས། སློབ་མས་པྲ་ཏི་ཙྪ་བཛྭ་ཧོ་ཞེས་བརྗོད་ལ་དོར་རོ། །ལྷའི་གནས་པས་རིང་དུ་སོང་ན་ལན་གསུམ་གྱི་བར་དུ་དོར་ཏེ། དེ་ནས་ཀྱང་ལྷའི་གནས་སུ་མ་ལྷུང་ན་དངོས་གྲུབ་མེད་དོ། །དེ་ནས་སྤྱན་དབྱེ་བ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་བར་མཛོད། །ཕྱེ་བས་ཐམས་ཅད་མཐོང་པར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། ཨོཾ་བཛྭ་ནི་ཏྲ་ཨ་པ་ཧཱ་ར་པ་ཏ་ལྃ་ཧྲི། ཞེས་བརྗོད་ལ་སྤྱན་དར་རྡོ་རྗེ་དང་བཅས་པ་དབྱེའོ། །དེ་ནས་དཀྱིལ་འཁོར་བསྟན་ཏེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཀུན་ཁྱོད་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྲུང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བྱ་བ་དང་། གཞན་ཡང་རྒྱས་པར་བྱེད་ན། སྣ་ཚོགས་པད་མའི་ལྟེ་བར་བཞུགས། །གཉིས་མེད་གཉིས་མིན་པང་ན་གནས། །བརྟན་གཡོ་ཀུན་གྱི་བདག་ཉིད་ཅན། །སྤྱོད་དང་གྲོལ་བ་རབ་རྩོལ་བ། །ཀུན་མཁྱེན་ཀུན་མཛད་གཙོ་བོ་སྟེ། །དཔའ་བོ་ཆེ་ལ་བུ་ཁྱོད་ལྟོས། །རྣལ་འབྱོར་མ་ལ་སོགས་པའི་ཚོགས། །གྲུབ་པའི་རྣལ་འབྱོར་མ་ལྔ་པོ། ཐོད་པའི་དུམ་བུ་ལ་སོགས་ཀུན། །འཁོར་ལོ་མཁའ་ལ་སྤྱོད་པས་བསྐོར། །རབ་ཏུ་གཏུམ་སོགས་ཡང་དག་འཁྱུད། །གཉིས་པོ་ཐུགས་ཀྱི་སྤྲུལ་པ་ཡིན། །སྡུག་གུ་ཅན་ལ་སོགས་པ་ཀུན། །རྣལ་འབྱོར་མ་བརྒྱད་གཉིས་སུ་མེད། །གསུང་གི་རྣམ་དག་ངོ་བོ་ཡིས། །མི་ཡི་འཇིག་རྟེན་དག་ཏུ་ཁྱབ། །སྟོབས་པོ་ཆེ་སོགས་པང་གནས་པ། །གྲུབ་པ་ས་འོག་གནས་པ་ཡིན། །སྐུ་ཡི་སྤྲུལ་པར་བཤད་པ་སྟེ། །ཆགས་པ་ཀུན་གྱིས་རྗེས་སུ་ཆགས། །ཧེ་རུ་ཀ་དཔལ་ལ་སོགས་འཁོར། །གཡོན་ནས་འཁྱུད་ཅིང་ནུ་མ་འཛིན། །ཁྭ་ལ་སོགས་པ་བརྒྱད་པོ་ནི། །ཁྲོ་བོ་རྣམ་པར་རྒྱལ་སོགས་བརྒྱད། །བཞི་པོ་མཆོད་པ་བཞི་ཡིན་ཏེ། །བྱང་ཆུབ་ཕྱོགས་ཆོས་ལྡན་པ་ཡིན། །བརྒྱད་གཉིས་མཆོད་པའི་ལྷ་མོ་ཡིས། །ལྷ་རྣམས་དེ་ཉིད་མཚན་པ་ཡིན། །ཞེས་བཤད་དོ། །དེ་ནས་དབང་བསྐུར་བ་ནི། གསོལ་བ་གདབ་པ་དང་། བུམ་དབང་བདུན་དང་། གོང་མ་གསུམ་དང་། རྡོ་རྗེ་སློབ་དཔོན་རྗེས་གནང་དང་བཅས་པའོ། །དང་པོ་ནི་ཕྱག་དང་མཎྜྻལ་ཕུལ་ལོ། །ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་རྩལ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །དཔའ་བོ་ཆེན་པོས་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། ཞེས་ལན་གསུམ་གསོལ་བ་བཏབ་ནས། དེ་ནས་མེ་ཏོག་ཆུའི་དབང་བསྐུར་དང་། ཅོད་པན་རྡོ་རྗེ་ དྲིལ་བུ ་དང་མིང་དང་སྔགས་དང་བརཏལ་ཤུགས་དང་། ཞེས་བདུན་ཡོད་པ་ལས། དང་པོ་ནི་སྔ་མ་ལྷུང་བའི་མེ་ཏོག་དེ་ལྷ་དེ་ཉིད་དུ་བསམས་ནས་མགོར་བཞག་ནས། པྲ་ཏི་གྷྲི་ན་ཨི་མྃ་བྷ་ལིང་མ་ཧ་སྭཱ་ཧཱ་ཞེས་བརྗོད་དོ། །དེ་ནས་རྣམ་རྒྱལ་བུམ་པ་བླངས་ཏེ། སློབ་མའང་ཧེ་རུ་ཀར་མོས་སུ་བཅུག་ནས། སློབ་དཔོན་གྱིས་ཤྲི་ཧེ་རུ་ཀ་ལ་སོགས་པ་ལྷ་མོའི་ཚོགས་དང་བཅས་པས་དབང་བསྐུར་བར་མོས་པ་བྱས་ལ། སློབ་མའི་མགོར་བཞག་ཅིང་ཁྲུས་བྱའོ། །ངག་ཏུ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱིས་གསང་གསུམ་གྱིས། །གནས་ལས་བྱུང་བ་སྦྱིན་བར་བྱ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཞེས་པ་དང་། ཕུན་སུམ་ཚོགས་པ་ལ་སོགས་པས་བཀྲ་ཤིས་བརྗོད་ཅིང་། ཡབ་ཡུམ་གྱི་སྔགས་དང་། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིན་ཙ་ཏུ་མཾ། ཨ་བྷི་ཥེ་ཀ་ཏོ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་རོ། །དེ་ནས་ལུས་རྣམ་པར་དག་ཅིང་། མི་བསྐྱོད་པའི་རྒྱས་གདབ་པོ། །དེ་ནས་དབུ་རྒྱན་ཅོད་པན་དང་བཅས་པ་རིན་ཆེན་འབྱུང་ལྡན་བདེ་མཆོག་དཀྱིལ་འཁོར་དུ་དམིགས་ནས་ཛིཾ་གིས་བྱིན་གྱིས་བརླབས་ཏེ་མཆོད་ལ། སློབ་མ་ཡང་དེ་ཉིད་དུ་མོས་པ་ལ་བསྐོན་ནས། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གིས་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་བྱིན་པར་བྱ། །ཨོཾ་ཤྲི་རཏྣ་ཧེ་ཧེ་ཞེས་པ་དང་། སརྦ་བྷུ་དྷའི་སྔགས་བརྗོད་ལ། །དབང་བསྐུར་རྡོ་རྗེ་ཉི་མའི་རང་བཞིན་ང་རྒྱལ་དག་པ་མཉམ་པ་ཉིད་ཀྱི་རྒྱས་གདབ་བོ །དེ་ནས་དམ་ཚིག་གི་རྡོ་རྗེ་ཨ་ལས་འོད་དཔག་མེད་བདེ་མཆོག་ཧེ་རུ་ཀར་བྱིན་གྱིས་བརླབས་ལ། སློབ་མ་ཡང་དེ་ཉིད་དུ་དམིགས་ཏེ་ལག་ཏུ་བྱིན་ལ། ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རབ་ཏུ་བསྒྲུབས་ཕྱིར་རྡོ་རྗེ་ལོང་། །ཨོཾ་ཤྲི་པད་མ་ཧེ་ཧེ་ཞེས་ཡབ་ཡུམ་གྱི་སྔགས་དང་བཅས་པས་དབང་བསྐུར་ཏེ། འདོད་ཆགས་དག་ཅིང་སོ་སོར་རྟོག་པའི་རང་བཞིན་པད་མ་གར་དབང་གི་རྒྱས་གདབ་པོ། །དེ་ནས་དམ་ཚིག་གི་ དྲིལ་བུ ་ལ་ཁྃ་ལས་བདེ་མཆོག་ཧེ་རུ་ཀ་བྱིན་གྱིས་བརླབས་ལ། སློབ་མ་ཡང་དེ་ཉིད་དུ་དམིགས་ལ། ལག་པ་གཡོན་དུ་གཏད་དེ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ཨོཾ་ཤྲཱི་ཀརྨ་ཧེ་ཧེ་ཡབ་ཡུམ་གྱི་སྔགས་ཀྱིས་དབང་བསྐུར་ལ། ཕྲག་དོག་དག་པ་བྱ་བ་གྲུབ་པའི་རང་བཞིན་རྟ་མཆོག་གི་རྒྱས་གདབ་བོ། །དེ་ནས་རྡོ་རྗེ་ དྲིལ་བུ ་འཁྱུད་པའི་ཚུལ་དུ་བྱིན་ཏེ། ཨོཾ་ལས་རྣམ་པར་སྣང་མཛད་ཧེ་རུ་ཀར་སློབ་མ་ཡང་མོས་ཤིང་མིང་གི་དབང་བྱིན་པར་བསམས་ནས། རྡོ་རྗེ་ དྲིལ་བུ ་ཡང་དག་འཁྱུད། །གཡོན་སྙེམས་མ་དང་སྒྲོས་འཛིན་པ། །གཉིས་མེད་གཉིས་མིན་རྣལ་འབྱོར་བདག །ཕྱག་རྒྱ་ཆེན་པོའི་བྱིན་གྱིས་བརླབས། ཤྲི་བྷུད་དྷ་ཧེ་རུ་ཀ། ཞེས་བྱ་བ་དང་། ཨོཾ་ཤྲི་ཧེ་རུ་ཀ་ཨ་བྷི་ཥིན་ཙ་མྃ། ན་མ་ཨ་བྷེ་ཥེ་ཀ་ཏ། ཀྱེ་དཔལ་ཞེ་སྡང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་རིགས་གང་ལ་མེ་ཏོག་ལྷུང་བའི་མིང་གི་དབང་བྱིན་ནས། གཏི་མུག་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་སྣང་མཛད་ཀྱིས་རྒྱས་གདབ་པོ། །དེ་ལ་མིང་ནི གཙོ་བོའི། རབ་ཏུ་དགའ་བའི་རྡོ་རྗེ། བདེ་ཆེན་རྡོ་རྗེ། མཆོག་གི་རྡོ་རྗེ། ལྷན་ཅིག་སྐྱེས་པའི་རྡོ་རྗེ་ཞེས་བྱའོ། །བདེ་ཆེན་འཁོར་ལོ། སེར་སྣ་རྡོ་རྗེ། རིན་ཆེན་རྡོ་རྗེ། གཟི་བརྗིད་རྡོ་རྗེའོ། །ཐུགས་ཀྱི་བཞད་པའི་རྡོ་རྗེ། མི་བསྐྱོད་རྡོ་རྗེ། ཞེ་སྡང་རྡོ་རྗེའོ། །གསུང་གི་དཔག་མེད་རྡོ་རྗེ། དགའ་བའི་རྡོ་རྗེ། འདོད་ཆགས་རྡོ་རྗེ། སྐུའི། སྣང་མཛད་རྡོ་རྗེ། གཏི་མུག་རྡོ་རྗེ། རྟག་པའི་རྡོ་རྗེའོ། །སྒོ་མཚམས་ཀྱི། རྟ་མཆོག་རྡོ་རྗེ། ཕྲག་དོག་རྡོ་རྗེ་ལས་ཀྱི་རྡོ་རྗེ། བུད་མེད་ལ་རྡོ་རྗེ་ཤུགས་མ། རྡོ་རྗེ་ཕྲེང་བ་མ། རྡོ་རྗེ་མ་མ་ཀི། རྡོ་རྗེ་གོས་དཀར་མོ། རྡོ་རྗེ་སྤྱན་མ། རྡོ་རྗེ་ལས་བྱེད་མ་ཞེས་རིམ་པས་སོ། །མིང་དུ་མ་རྒྱུད་ལས་གསུངས་ཏེ། འདིར་མ་བྲིས་སོ། །རིག་པའི་དབང་ལྔ་པོ་དེས་སྦྱང་གཞི་ཉོན་མོངས་ལྔ་སྦྱངས་ནས། ཡེ་ཤེས་ལྔའི་ངོ་བོ་ཧེ་རུ་ཀ་ལྔ་བསྒོམ་པའི་སྐལ་བ་ཅན་དུ་འགྱུར་རོ། །གཞན་ཡང་ཐ་མལ་གྱི་རྟོག་པ་སྦྱོང་བར་བྱེད་པའོ། །དེ་ནས་སྔགས་ཀྱི་དབང་སྦྱིན་ཏེ། ཕྲེང་བ་ལག་ཏུ་གཏད་ལ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །རྩ་བའི་རིག་པ་ཡང་དག་ལྡན། །ཉི་ཤུ་རྩ་གཉིས་སྔགས་ཀྱིས་ནི། །སྙིང་པོའི་དབང་བསྐུར་སྦྱིན་པར་བྱ། །ཞེས་རྩ་བའི་སྔགས་ཀྱི་རྗེས་གནང་སྦྱིན་ནོ། །དེ་ནས་རྡོ་རྗེའི་བརཏལ་ཤུགས་གཉིས་ཏེ་དང་པོ་རྡོ་རྗེའི་བརཏལ་ཤུགས་ནི་རྡོ་རྗེ་ལག་ཏུ་བྱིན་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་དཔལ་བརཏལ་ཤུགས་བརྟན། ཨོཾ་སརྦ་ཏ་ཐཱ་ག་ཏ་སི་དྷ་བཛྭ་ས་མ་ཡ་ཏིཥྚ་ཨེ་ཤང་ཏྲ་དྷ་ར་ཡ་མི་ཧཱུྃ་ཧ་ཧ་ཧ་ཧོ་ཧི་ཞེས་སོ། །དེ་ནས་སློབ་མ་རིགས་དྲུག་པ་བདེ་མཆོག་ཏུ་བྱས་པས། སྤྱོད་པའི་བརཏལ་ཤུགས་སྦྱིན་ཏེ། ཁ་ཊྶཱྃ་ག་དང་ཌ་མ་རུ་དང་གྲི་གུག་དང་ཐོད་པ་ལག་ཏུ་བྱིན་ཚངས་སྐུད་ཀྱིས་བརྒྱན་ལ། ཧེ་རུ་ཀ་དཔལ་ཁ་ཊྶཱྃ་ག །རྣལ་འབྱོར་མ་ནི་ཌ་མ་རུ། །རྡོ་རྗེ་ཁ་ཊྶཱྃ་རྡོ་རྗེར་བཅས། དྲིལ་བུ ་སིལ་སིལ་སྒྲ་སྒྲོགས་ཤིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྶཱྃ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཞེས་བརྗོད་དོ། །དབང་བདུན་ནོ། །གལ་ཏེ་དབང་གོང་མ་དང་རྡོ་རྗེ་སློབ་དཔོན་དུ་མི་བྱེད་ན་འདི་ལ་ལུང་བསྟན་པ་དང་རྗེས་གནང་བཅུ་གསུམ་པོ་བཏགས་ལ་བྱའོ། །དེ་ནས་དབང་གོང་མ་བསྐུར་ནས། གསང་དང་ཕྱག་རྒྱ་གཏད་པ་སྟེ། །ཞེས་བྱུང་བས། དང་པོར་གསང་བའི་དབང་བསྐུར་བ་ནི། རྡོ་རྗེ་སློབ་དཔོན་གྱིས་ལུས་ཀྱི་དཀྱིལ་འཁོར་གསལ་བར་བསྒྲུབས་ཏེ། ཕྱིའི་དཀྱིལ་འཁོར་དམ་པ་ནི། །ནང་དུ་ཡང་དག་གནས་པ་སྟེ། །དཔའ་བོ་རྣལ་འབྱོར་མ་ཡི་གནས། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །ཞེས་བྱ་བས་སྤྲོས་པ་ལ་དགའ་ན་ལུས་ཀྱི་དཀྱིལ་འཁོར་བསྟན་ལ་མེ་ཏོག་དོར་ཞིང་མཎྜྻལ་སྔོན་དུ་འགྲོ་བས་གསོལ་བ་གདབ་པ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་སྦྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་བརྩོལ། །ཞེས་ལན་གསུམ་དུ་བརྗོད་དོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རང་ཉིད་ཧེ་རུ་ཀ་ཡབ་ཡུམ་གསལ་བར་དམིགས་ཏེ། མཁའ་གསང་བྱིན་གྱིས་བརླབས་ནས་གཉིས་སུ་མེད་པའི་སྦྱོར་བས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀུག་ཅིང་བྱང་ཆུབ་ཀྱི་སེམས་སུ་གྱུར་པ། ཨོཾ་ན་མ་སརྦ་ཏ་ཐ་ག་ཏ་ཨ་ནུ་ར་ག་ཏ་བཛྭ་ས་བྷ་ཝ་ཨད་མ་ཀོ་ཧྃ། ཞེས་མཁའ་གསང་ནས་བྱུང་བར་བྱས་ཏེ། དངོས་སུ་རེག་རྡོ་རྗེ་ལ་སོགས་མ་ཡིན་ནོ། །ཐོད་པར་བདུད་རྩི་ལྔ་སྦྱར་བ་ལྕེ་ལ་བཞག་སྟེ། འདི་ནི་དཔའ་བོ་རྣལ་འབྱོར་མའི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་ལྔ་བཅུད་ཀྱི་བདག་ཉིད་ཅན། །ཡང་དག་བདེ་བ་མྱང་བར་གྱིས། །ཞེས། སློབ་མས། ཨ་ཧོ་མ་ཧ་སུ་ཁ་ཧོ། ཞེས་བརྗོད་ནས་བཏུང་ངོ།རྡོ་རྗེ་རྣལ་འབྱོར་མ་དཔའ་བོ། །གཉིས་མེད་ཡེ་ཤེས་སེམས་ལྡན་པ། །དཔའ་བོ་ལས་བྱུང་བྱང་ཆུབ་སེམས། །རྒྱུན་གྱིས་དབང་ནི་བསྐུར་བར་བྱ། །ཞེས་སོ། །འདིའི་དམ་ཚིག་རྗེས་སུ་གནང་བ་ནི་དབང་བཞི་ཀ་དུས་ཅིག་ཏུ་སྟོན་པར་འགྱུར་རོ། །གསང་བའི་དབང་ངོ་། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཤིན་ཏུ་གསལ་བའི་ས་ཕྱོགས་ནི། །མེ་ཏོག་ལྡན་ཞིང་ཤིན་ཏུ་བསླབས། །ཞེས་པས་སྔགས་དང་ཞིང་དང་ཡིད་སྐྱེས་ཀྱི་ཕྱག་རྒྱ་གང་ཡང་ལ་རུང་སྟེ། དང་པོ་ཞུགས་པའི་དགེ་སློང་དང་རྒན་པོ་ལ་སོགས་པ་རྣམས་ལ་ནི་ཏིང་ངེ་འཛིན་གྱིས་བྱའོ། །གཞན་དུ་ན་ཉེས་པར་འགྱུར་བར་དང་པོའི་སངས་རྒྱས་ཀྱིས་རྒྱུད་དུ་གསུངས་སོ། །དེ་ནས་མཎྜྻལ་དང་མཆོད་པ་ཕུལ་ལ་གསོལ་བ་གདབ་པ། སྔར་གྱི་བྱང་ཆུབ་རྡོ་རྗེའམ་ཡང་ན། སྐྱབས་མེད་སྐྱོབ་པ་སྐྱོབས་མེད་སྐྱབས། །འཁོར་ལོ་སྡོམ་པ་བདག་ལ་སྐྱོབས། །རྒྱུ་མེད་པར་ནི་ཐུགས་རྗེ་ཆེ། །མགོན་མེད་མགོན་བདག་བཀའ་དྲིན་རྩོལ། །བདག་ཉིད་གཙོ་ཁྱོད་ཅི་ལྟ་བར། །གཙོ་བོས་བདག་ཀྱང་དེར་འདྲར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། བྱིང་བ་བདག་ལ་སྐྱབས་མཛོད་ཅིག །ཅེས་ལན་གསུམ་མོ། །དེ་ནས་བླ་མའི་ཐུགས་ཀ་ནས་རྡོ་རྗེ་རྣལ་འབྱོར་མ་བྱུང་སྟེ་དྲི་བ་བརྗོད་པ་ནི། བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་། །དམངས་རིགས་མཐའ་གནས་བུད་མེད་ཀུན། །གུས་དང་བཅས་པས་མཆོད་པ་དང་། །གཉིས་མེད་ཚུལ་གྱིས་རབ་སྦྱོར་བར། །དཔའ་བོ་ཁྱོད་ནི་སྤྲོ་གྱུར་ལྟམ། །སྨྲོས་ཅིག་དཔའ་བོ་བདེ་བ་ཆེ། །ཞེས་དྲིས་པའི་ལན་དུ་སློབ་མས་བརྗོད་པ། ཅི་ལྟར་གསུངས་པའི་དམ་ཚིག་ཀུན། །བདག་གིས་ལེགས་པར་བརྟེན་པར་བགྱི། །ཞེས་སོ། དེ་ནས་སྔགས་སྐྱེས་ནི་ལག་པའམ་ཏིང་ངེ་འཛིན་ནི་རྡོ་རྗེ་རྣལ་འབྱོར་མ་སྙིང་ཁར་བསྟིམས་ཏེ་སིན་དྷུ་རའི་ཐིག་ལེ་བྱས་ནས་བརྗོད་པ། ཕྱག་རྒྱ་བཟང་མོ་འདི་ཉིད་ནི། །བརྟེན་བྱར་སངས་རྒྱས་རྣམས་ཀྱིས་གསུངས། །བྲམ་ཟེ་རྒྱལ་རིགས་རྗེ་རིགས་དང་། །དམངས་རིགས་མཐར་སྐྱེས་མཁའ་འགྲོ་ཀུན། །བྷ་ག་པད་མར་ཙུམ་བྷ་ནའི། །བདུད་རྩི་ལྔ་རྣམས་བསྒྲུབ་པར་བྱ། །དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །བརཏལ་ཞུགས་བཟང་པོས་འགྲོ་དོན་གྱིས། །ཞེས་བརྗོད་ནས་སྦྱིན་ནོ། །དེ་ལ་དབང་གསུམ་པའི་དོན་ནི་འདི་ཡིན་ཏེ། ཕྱི་རོལ་གྱི་ཕྱག་རྒྱ་ནི་མཁའ་འགྲོ་མ་ལ་སོགས་པ་ལྔ་སྟེ། བྲམ་ཟེ་མོ་ལ་སོགས་པའི་མིང་གིས་བཏགས་པ་ཡིན་ནོ། །ནང་དུ་སྤྱི་བོ་ནི་བྲམ་ཟེ་མོ་སྟེ་དེ་བཞིན་དུ་འཁོར་ལོ་ལྔ་ཡིན་ནོ། །དེ་ནས་སྔགས་དང་ཡིད་ཀྱི་རྡོ་རྗེ་ཕག་མོའམ་གང་ཡང་རུང་སྟེ། རང་གི་སྤྱི་བོར་ཧྃ། མགྲིན་པར་ཨོཾ། སྙིང་ཁར་ཧཱུྃ། ལྟེ་བར་ཨ་བསྒོམས་ནས། ཨ་ལས་ཡེ་ཤེས་ཀྱི་མེ་སྤར་ནས་ཡི་གེ་རྣམས་བསྲེགས་ཤིང་ཧཾ་ལ་བདུད་རྩིའི་རྒྱུད་བྱུང་བས། དགའ་བ་བཞི་རབ་ཏུ་བརྟན་པ་ནི་སེམས་བདེ་སྟོང་གཉིས་མེད་དུ་བཞག་སྟེ་སྣང་བ་ཐམས་ཅད་ལ་རྒྱས་གདབ་པོ། །དེ་ཡང་དཔྱིད་ཐིག་ལས། གཞོམ་མེད་ཧྃ་གི་ས་བོན་ནི། །བ་མོ་ལྟ་བུ་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །འདི་ནི་དཔྱིད་ཅེས་བྱ་བར་བཤད། །རྒོད་མའི་མེ་འདྲའི་ངོ་བོ་ནི། །ཕག་མོ་ཐིག་ལེར་བརྗོད་པ་སྟེ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་འབར། །དཔྱིད་ཐོབ་ནས་ནི་ལེགས་ཚིམ་ཞིང་། །སྙོམས་པར་འཇུག་པ་ཡང་དག་གནས། །འདི་དག་ཁྲག་འཐུང་དཔལ་ཡིན་ཏེ། །དཔྱིད་དང་ཐིག་ལེ་ཉིད་དུ་བརྗོད། །ཞེས་གསུངས་པའི་དོན་བསྒོམས་པར་བྱའོ། །གཞན་ཡང་མགྲིན་པའི་རླབས་ཀྱི་རྩ་བཙིར་ནའང་བརྡར་འགྱུར་ཏེ། ལོངས་སྤྱོད་ཀྱི་ནི་རླབས་ཉིད་ཀྱི། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །དེ་ལས་ཅི་ཞིག་སྐྱེ་ཞེ་ན། །གཞོན་ནུའི་དགའ་བ་ཇི་ལྟའམ། །ལྐུགས་པའི་རྨི་ལམ་ཅི་ལྟ་བར། །མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་པ་སྟོང་མིན་ཧེ་རུ་ཀ །ཞེས་གསུངས་སོ། །རྗེས་གནང་འོག་ནས་སྟོན་པར་འགྱུར་རོ། །དབང་གསུམ་པའོ། །དེ་ནས་དབང་བཞི་པ་སྦྱིན་པར་བྱའོ། །དེ་ལ་གཞུང་འདིར་བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་པས་གསུམ་པ་ཉིད་ཀྱི་ལྷན་སྐྱེས་བཞི་པར་བཞེད་དོ་སྙམ་དུ་ཁ་ཅིག་བསམ་པར་འགྱུར་ཏེ། དེ་ལྟ་ན་འདིར་ཙརྻ་པ་ཉིད་ཀྱིས་དཔྱིད་ཐིག་དང་གསང་ཆེན་དང་རིམ་བཞིར་བསྟན་པ་དོན་མེད་པར་འགྱུར་རོ། །དེས་ན་བཞི་པ་བླ་མའི་ཞལ་ལ་ལྟོས་པ་འདིར་མདོ་ཙམ་བརྗོད་དོ། །མཎྜྻལ་ཕུལ་ལ། སྒྲིབ་པ་མ་ལུས་འཇོམས་མཛད་པ། །ཧེ་རུ་ཀ་དཔལ་བདེ་ཆེན་པོ། །ཤེས་རབ་ཐབས་ཀྱི་བདག་ཉིད་ཅན། །རྡོ་རྗེ་སེམས་དཔའ་མི་འགྱུར་བ། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི། །དབང་བསྐུར་བདག་ལ་བསྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་ཅིང་དེ་ནས་བླ་མས་བསྟན་པར་བྱ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་རྩའི་རྒྱུད་ཆེན་པོར། ལས་ཀྱི་ཕྱག་རྒྱ་ཡོངས་སུ་སྤངས། །ཡེ་ཤེས་ཕྱག་རྒྱ་རྣམས་རྟགས་དོར། །མཆོག་ཏུ་མི་འགྱུར་རྣལ་འབྱོར་པས། །ཕྱག་རྒྱ་ཆེན་པོ་བསྒོམས་པར་བྱ། །ཞེས་གསུངས་པས། དེའི་དོན་དཔྱིད་ཐིག་ནས་གསུངས་པ། རྣམ་མི་རྟོག་པས་སངས་རྒྱས་མིན། །རྣམ་རྟོག་བཅས་ལ་དེ་བཞིན་མིན། །ཤིན་ཏུ་རྣམ་དག་ཡོངས་ཤེས་པས། །མཁས་པ་རྣམས་སུ་འགྱུར་བ་ཉིད། །རང་བཞིན་གྱིས་ནི་བྱ་བས་ཡོད། །བྱེད་པ་པོ་ཡི་རང་བཞིན་ཏེ། །བྱ་དང་བྱེད་པའི་དངོས་པོ་ནི། །རང་བཞིན་བདག་ནི་ཡོངས་སུ་སྤངས། །བྱེ་བ་ཀུན་གྱི་རང་བཞིན་ནི། །ཡི་གེ་ཨ་ལ་རྣམ་པར་གནས། །ཐོག་མཐའ་མེད་པའི་ངོ་བོ་ནས། །རིན་ཆེན་རྣམས་ཀྱི་རྒྱ་མཚོ་བཞིན། །ཞེས་བྱུང་བས། སྣང་བ་གཞལ་ཡས་ཀྱི་ཁང་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོ། རླུང་རྡོ་རྗེའི་བཟླས་པ་དེ་ཐམས་ཅད་ཀྱང་རང་གི་སེམས་སྐྱེ་བ་མེད་ཅིང་འགག་པ་མེད་པ་སེམས་རང་བཞིན་དག་པ་ཧེ་རུ་ཀ་ཡུལ་ཆོས་སུ་སྣང་བ་རྡོ་རྗེ་ཕག་མོ། སྣང་བ་དང་སྟོང་པ་དབྱེར་མེད་པ་གང་གིས་རྟོགས་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བའོ། །དེ་ནས་རྒྱུན་དུ་བདེ་བ་དང་སྟོང་པ་གཉིས་སུ་མེད་པའི་དོན་བསྒོམ་པར་བྱའོ། །གང་དུ་མཆོག་དང་ཁྱོད་དགའ་གཉིས་མཐོང་བ། །དབུས་དེར་ཆོས་ཀྱི་ཡི་གེ་མཚོན་པར་གྱིས། །འདི་ལྟའི་མན་ངག་གལ་ཏེ་བསྒྲུབ་པ་ན། །དེའི་ཁྱིམ་བདག་མོ་རླུང་མི་གཡོ་འཆིང་། ཞེས་ནག་པོ་པས་གསུངས་སོ། །དབང་བཞི་པ་རྒྱས་པར་ནི་རྫོགས་རིམས་དེ་དག་ནས་གསུངས་སོ། །བཞི་པའོ། །དེ་ལྟར་དབང་དེ་རྣམས་ཀྱིས་ངག་དང་ཡིད་དག་པར་བྱེད་པ་རྩ་རླུང་ཐིག་ལེ་དང་ཕྱག་རྒྱ་ཆེན་པོ་བསྒོམ་པའི་སྐལ་བ་ཅན་དུ་བྱས་པའོ། །ད་ནི་རྡོ་རྗེ་སློབ་དཔོན་གྱི་དབང་བརྗོད་དོ། །ཁ་ཅིག་རྡོ་རྗེ་སློབ་དཔོན་བུམ་བའི་དབང་ཡིན་ནོ། །ཞེས་འདོད་པ་ནི་འཁྲུལ་པ་སྟེ། ཇི་ལྟར་དབང་གོང་མ་གསུམ་མ་རྫོགས་ཤིང་རྒྱུས་མེད་པར་སློབ་དཔོན་དུ་ཅི་སྐད་བྱ། ཡང་ན་ནི་དབང་བཞི་པོ་རེ་རེ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་རེ་རེ་བྱ་དགོས་སོ། །འདི་དག་ནི་ངེས་པ་མང་དུ་ཡོད་མོད་ཀྱི་སྤྲོས་པ་བཞག་གོ །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་འབྲེངས་སོ། །དེ་ནས་གང་རྡོ་རྗེ་སློབ་དཔོན་འདོད་པ་དེ་ལ་ཁྲི་སྟེགས་པད་མའི་གདན་བྱ་ཞིང་སྟེང་དུ་གདུགས་དང་ལྡན་པ་བྱ་སྟེ། འདི་ཉིད་ནས། པད་མ་འདབ་བརྒྱད་སྟེང་དུ་ནི། །སེང་གེའི་ཁྲི་སོགས་ལ་བཞག་སྟེ། །སློབ་མ་གཉིས་མེད་སྦྱོར་ལྡན་པས། །དཀྱིལ་འཁོར་ལུས་ནང་ཆུད་པར་བྱ། །ཕྱག་རྒྱ་ལྔ་སོགས་མ་ལུསཔ། །ཧེ་རུ་ཀ་དཔལ་བདག་ཉིད་སྤྲུལ། །སྤྱོད་དང་བརཏལ་ཞུགས་བསྟན་པ་དང་། །དེ་བཞིན་གཉིས་མེད་ཚངས་སྤྱོད་བསྟན། །སྟེང་དུ་གདུགས་དཀར་བཟུང་ནས་ནི། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །བཀྲ་ཤིས་སྒྲ་ཡིས་གང་བ་ཡི། ཞེས་བྱུང་བས་སོ། །དེ་ནས་གསོལ་བ་གདབ་པ་ནི། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་བཀྱེ་བདག་ལ་སྩོལ། །ཞེས་ལན་གསུམ་མོ། །དེ་ནས་ཁྲི་ལ་བཞག་སྟེ། བུམ་པའི་ཆུས་བཀྲ་ཤིས་དང་བཅས་པས་བཀྲུ་ཞིང་། ཨོཾ་རད་ན་མུ་གུ་ཏྲྃ་ཨ་བྷི་ཥིན་ཙ་ཡ་མི་ཞེས་དབུ་རྒྱན་བསྐོན་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་བརྗོད་པས་རྡོ་རྗེ་བྱིན་ལ་བཛྭ་ས་ཏྭ་ཧཱུྃ་ཞེས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དམ་ཚིག་བཟུང་བར་བྱའོ། །དེ་ནས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པ་དམ་པ་བྱེད་པར་འགྱུར། །ཅེས་ དྲིལ་བུ ་བྱིན་ལ། དྷརྨ་དྷར་ཏུ་ཨཿ ཨོཾ་ཤྲི་ཧེ་རུ་ཀ་ཨ་ཏི་པ་ཏ་ཏྲྃ་ཨ་བྷི་ཥིན་ཙ་མི་ཏི་ཉ་བྷི་ར་ས་མ་ཡ་སྟྃ། ཞེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འཛིན་པའི་བློ་དཀྲོལ་དུ་གཞུག་སྟེ། གསུང་གི་དམ་ཚིག་གོ །ཡིད་ཀྱི་ལུས་ནི་བསྟན་བྱའི་ཕྱིར། །ཕྱག་རྒྱའི་དམ་ཚིག་ཞེས་སུ་བརྗོད། །དམ་ཚིག་ཡིད་ནི་བརྟན་པ་གང་། །དེས་ན་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་སྐུའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ་སྐུའི་དམ་ཚིག་གོ །རྡོ་རྗེ་རབ་མཆོག་རྡོ་རྗེ་ནི། །ཆེ་དང་ དྲིལ་བུ ་ཆེན་པོ་ཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །དེ་རིང་ཁྱོད་ཀྱིས་དཔལ་འཁོར་ལོ་སྡོམ་པའི་སྒོ་ནས་སེམས་ཅན་ཐམས་ཅད་སྨིན་པར་བྱ་ཞིང་དབང་བསྐུར་བ་དང་རྒྱུད་བཤད་པ་དང་ལས་དང་ཡེ་ཤེས་མ་ལུས་པ་བསྒྲུབས་ཤིག དེ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་དངོས་གཞིའོ། །དེ་ནས་རྗེས་གནང་ནི། རུས་རྒྱན་རིགས་ལྔའི་རྗེས་གནང་དང་། །གར་དང་ཕྲེང་བ་གླུ་དང་དྲི། །སྤོས་དང་མར་མེ་ཐུར་མ་དང་། །མེ་ལོང་དུང་དང་འཕྲིན་ལས་བཞི། །གྲུབ་པ་བརྒྱད་དང་དམ་ཚིག་ཀུན། །རྗེས་གནང་བཅུ་གསུམ་དམ་ཚིག་བཅས། །ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་དང་། །འདིར་ནི་བཅུ་བདུན་བཤད་པ་ཡིན། །དང་པོ་སྔགས་ཀྱིས་བྱིན་གྱིས་བརླབས་པའི་རུས་རྒྱན་གཏད་ལ། འཁོར་ལོ་ཐོད་པ་རྣ་རྒྱན་དང་། །མགུལ་རྒྱན་གདུབ་བུ་སྐེ་རགས་དང་། །དོ་ཤལ་དང་ནི་རྣམ་པ་བདུན། །ཕྱག་རྒྱ་ཡིས་ནི་དབང་བསྐུར་རོ། །བརྒྱན་ནོ། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་ལ་རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། རིན་ཆེན་འཁོར་ལོ་རབ་ཏུ་བསྐོར། །པད་མའི་འཁོར་ལོ་རབ་ཏུ་བསྐོར། །ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་འདོན་པ་བསྒྱུར་ཏེ་བྱའོ། །དེ་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་ཚོགས་དང་། །ཤེས་རབ་ཐབས་ཀྱི་སྙེམས་ཆེན་གྱིས། །གནང་མཆོག་བདེ་བའི་དགའ་སྟོན་གྱིས། །གར་རོ། །སྒེགས་དང་བཅས་པས་འཕྲེང་བ་འཆང་། །སངས་རྒྱས་ཀུན་སོགས་རྣལ་འབྱོར་མ། །དེ་ནི་འབྲལ་བར་མི་འགྱུར་ཏེ། །འཕྲེང་བ་འདི་ནི་བརྒྱན་ཡིན་ནོ། །ཕྲེང་བའོ། །ལུས་ཅན་རྣམས་ལ་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླང་བར་བྱ། །དེ་ནས་རྣལ་འབྱོར་མ་དེ་དང་། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གླུའོ། །ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་ལ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་གོས། །དྲིའོ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་ལ། །བརཏལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་མ་ལུས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་འགྱུར། །སྤོས་སོ། །ཆོས་ཀྱི་མར་མེ་ལེགས་སྦར་བ། །པད་མ་གར་དབང་བདག་ཉིད་དེ། །སེམས་ཅན་མ་རིག་མདོང ས་བྱས་པ། །ཡེ་ཤེས་སྒྲོན་མས་སྣང་བར་གྱིས། །མར་མེའོ། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྭ་ནེ་ཏྲ་མ་ཨ་པ་ཧ་ར་པ་ཏ་ལྃ་ཧྲི། ཐུར་མའོ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་བྱུང་། །ངོ་བོ་མེད་ཅིང་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་ཀྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་དོན། །འོན་ཏམ་རྣལ་འབྱོར་མ་སྲས་སྐྱེས། །མེ་ལོང་ངོ་། །ཁྱོད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པར། །དྲི་མེད་ཀུན་དུ་གང་བར་གྱིས། །དུང་ངོ་། །ཞི་དང་རྒྱས་དང་དབང་དང་དགུག །གདང་བར་བྱ་དང་གནོད་སོགས་དང་། །བསོད་ནམས་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་གྲུབ་པར་གྱིས། །འཕྲིན་ལས་སོ། །རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལྷམ་མི་སྣང་རི་ལུ་སྟེ། །གནོད་སྦྱིན་མ་ཡི་དངོས་གྲུབ་ཀུན། །དེ་ནི་ཅི་དགར་གྲུབ་པར་གྱིས། །གྲུབ་པ་བརྒྱད་ཀྱི་རྗེས་གནང་སྟེ། །བཅུ་གསུམ་མོ། །དེ་ནས་དམ་ཚིག་གི་རྗེས་གནང་སྦྱིན་པར་བྱ་བ། ནང་པར་སྔར་ལངས་སེམས་བདག་ཉིད། །མ་ལུས་ལུས་ལ་བྱས་ནས་ཀྱང་། །བསྲུང་དང་བཟའ་བ་ལ་སོགས་པའི། །གདོལ་པའི་བདག་ཉིད་ཅན་བསྲུང་ངོ་། །ལུས་དང་སྲོག་ལ་ལྟོས་མེད་པར། །དམ་ཚིག་དང་ནི་སྡོམ་པ་བསྲུང་། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ནི་བསླབ་པར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་སོགས་ནས་བརྩམས་ཏེ། །ཟླ་བ་རེ་རེ་བསྲུང་བ་ནི། །གཉིས་མེད་གཉིས་མེད་འཁོར་ལོར་གནས། །ཚེས་བཅུ་ལ་ནི་དེ་རབ་མཆོག །ཆང་དང་ཤ་སོགས་གང་ཅི་རུང་། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་ས་ན་གནས། །ཧེ་རུ་ཀ་དཔལ་རབ་ཏུ་མཆོག །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་མི་སྤང་ཞིང་། །མྱ་ངན་འདས་ལ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོང་བར་མི་བྱའོ། །དམ་ཚིག་རབ་བསྲུངས་བསོད་ནམས་ཀྱིས། །ཚེ་འདི་ཉིད་ལ་གྲུབ་པར་འགྱུར། །མཁའ་འགྲོ་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང་། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང་། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་གི་མ་ཁྱོད་བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །གཉིས་མེད་ཡེ་ཤེས་སྤྱོད་ལྡན་པའི། །བསླབ་པ་བླངས་བ་སྔོན་འགྲོ་བས། །སྒྲ་སྟོང་ལ་སོགས་སྔོན་འགྲོ་བའི། །ཚངས་པར་སྤྱོད་པ་ཤིན་ཏུ་བསྲུངས། །དམ་ཚིག་དེ་ལ་རྟགས་གནས་ཏེ། །བསྐྱེད་རིམས་སྔོན་འགྲོ་སྦས་པའི་ཡིད། །སྤྱོད་དང་གྲོལ་བའི་གནས་འདོད་པ། ཡིད་ལ་འདོད་པ་ཀུན་གྲུབ་འབྱུང་། །ཞེས་བྱ་བ་བུམ་དབང་དང་འབྲེལ་བའི་དམ་ཚིག་རྒྱས་པའོ། །གཉིས་མེད་ཡེ་ཤེས་སེམས་ལྡན་ལ། །མི་བྱ་བ་ནི་ཅི་ཡང་མེད། །ཚངས་པར་སྤྱོད་པ་རྟག་མནོས་ལ། །འདོད་པ་ལྔ་ནི་སྤྱད་པར་གྱིས། །གཉིས་མེད་ལ་གནས་ཟས་ལ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་འདའ། །གཉིས་མེད་པ་དང་དགོས་པ་མེད། །དམ་ཚིག་སྤྱོད་པའི་སྤྱོད་པ་བྱ། །ཞེས་བྱ་བ་ནི་གསང་བའི་དང་འབྲེལ་བའི་དམ་ཚིག་གོ །སྣ་ཚོགས་དབང་ཕྱུག་ལེགས་སྤྱད་ཅིང་། །ཚངས་པར་སྤྱོད་པ་དེ་བཞིན་ནོ། །ཁྲོ་བ་མེད་པའི་རྒྱུན་སྤྱད་པ། །བསྒྲུབ་པ་པོས་ནི་ཡོངས་སུ་བསྲུང་། །རྟག་ཏུ་བསྒྲུབ་ལ་གནས་ནས་ནི། །ཡུལ་ཀུན་ལ་ནི་རྣམ་རོལ་ཅིང་། །གཉིས་མེད་གྲུབ་པའི་རྣལ་འབྱོར་མ། །མི་བརྟན་སྲོག་ནི་ཇི་སྲིད་པར། །བུ་ཁྱོད་ཀྱིས་ནི་བསྒྲུབ་པར་བྱ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་དགའ་བར་ནི་ལོངས་སྤྱོད་ཅིག །ཅེས་བྱ་བ་ནི་ཤེས་རབ་ཡེ་ཤེས་དང་འབྲེལ་བའི་དམ་ཚིག་གོ །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེར། །བསམས་ནས་ཐམས་ཅད་རབ་ཏུ་བརྟག །བདག་ཉིད་སངས་རྒྱས་ཐམས་ཅད་དང་། །རྣལ་འབྱོར་མ་ནི་ཀུན་གྱི་གནས། །དེ་བས་འབད་པ་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་བདག་མཆོད་དོ། །འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་པས། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཞེས་བྱ་བ་ནི་བཞི་པ་དང་འབྲེལ་བའི་དམ་ཚིག་ཡིན་ནོ། །དམ་ཚིག་འདི་རྣམས་དབང་ཡོངས་སུ་རྫོགས་པའི་སློབ་མ་ལ་བསྟན་པར་བྱའོ། །དེ་ནས་བླ་མས་ལུང་བསྟན་པ་ནི། ཆོས་གོས་བགོས་པ་སེང་གེའི་རྣ་བ་ལྟར་བྱས་ཏེ་དོན་ཡོད་གྲུབ་པའི་ཕྱག་རྒྱ་བཅས་ནས་མི་འཇིག་པ་བྱིན་ཏེ། སློབ་མའི་མགོ་བོར་རེག་ནས་སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པར་མོས་ཏེ། ཨོཾ་འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་བསྒྲུབ་བྱའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཤྲི་ཧེ་རུ་ཀ་ན་མ་སརྦ་ཏ་ཐཱ་ག་ཏ་སི་ཏི་ས་མ་ཡ་སྟྃ། བྷུར་བྷུ་བཱ་སྭ། ཞེས་བྱ་བ་ནི་ལུང་བསྟན་པ་སྟེ། སྔར་གྱི་གསང་མཚན་དང་འབྲེལ་བའི་དེ་བཞིན་གཤེགས་པར་མ་འོངས་པ་ན་འགྱུར་རོ། །ཞེས་གཟེངས་བསྟོད་པར་འགྱུར་ཏེ་དེའི་བུམ་པའི་དབང་གི་མིང་དང་རྗེས་སུ་འབྲེལ་བ་ཡིན་ནོ། །དེ་ནས་བླ་མས་དབུགས་དབྱུང་བར་བྱ་སྟེ། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་པོ་བདག་པོར་བསྟན་པ་དང་། །དེར་ནི་བདུད་ལས་རྣམ་རྒྱལ་ཞིང་། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེང་ནི་སངས་རྒྱས་ཉིད་ཐོབ་པར། །ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན། །དབང་ནི་བསྐུར་བ་ཙམ་གྱིས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱིས་བདེ་བ་ཡིས། །བརྟན་གཡོ་ཀུན་གྱིས་དམ་ཚིག་ཡིན། །དབུགས་དབྱུང་པ་སྟེ་གསང་དང་འབྲེལ་ཏོ། །ཞེས་བཞེད་དོ། །ཅེས་ཤེས་རབ་ཡེ་ཤེས་ལ་ནི། ཨ་ལི་ཀ་ལིའི་རིགས་ཀྱི་ཁྱད་པར་ངོས་གཟུང་སྟེ་སྤྱོད་པའི་བརཏལ་ཤུགས་ཀྱི་ཕྱག་རྒྱ་ལུང་བསྟན་ནོ་ཞེས་གྲགས་སོ། །དབང་བསྐུར་བ་མ་ལུས་པའོ། །དེ་ནས་ཇི་སྐད་བཤད་པ་ཡི། །ཆོ་གས་སྦྱིན་བསྲེག་ལས་བྱ་ཞིང་། །རྣལ་འབྱོར་མ་ལ་གཏོར་མ་སྦྱིན། །མཁའ་འགྲོ་མ་ནི་མཆོག་འགྲུབ་འགྱུར། །ཞེས་བྱུང་བས་ཚོགས་དང་གཏོར་མ་དང་། ནང་གི་སྦྱིན་བསྲེག་གམ་ཕྱི་རོལ་གྱི་མཆོད་པ་ལ་སོགས་བྱ་ཞིང་བླ་མ་མཆོད་པར་བྱའོ། །དེ་ཡང་། དམངས་རིགས་སྟོང་ཕྲག་གཉིས་དག་ཀྱང་། །བྲམ་ཟེ་གཙང་མ་གཉིས་དང་འདྲ། །བྲམ་ཟེ་སྟོང་ཕྲག་གཉིས་དག་ནི། །དགེ་སློང་ཅིག་ལ་རབ་ཏུ་སྦྱར། །དགེ་སློང་སྟོང་ཕྲག་གཉིས་དག་ནི། །རྡུལ་མེད་པ་ནི་ཅིག་དང་མཉམ། །རྡུལ་མེད་སྟོང་ཕྲག་གཉིས་དག་ནི། །ཡེ་ཤེས་ལྡན་པ་ཅིག་ལ་སྦྱར། །ཡེ་ཤེས་ལྡན་པ་སྟོང་ཕྲག་གཉིས། །བླ་མ་ཅིག་དང་མཉམ་པར་བརྟག །དེ་ལྟར་སྦྱིན་པའི་ཞིང་བྱས་ནས། །གླང་པོ་རྟ་དང་ཤིང་རྟ་ནོར། ནོར་བུ་བྱི་རུ་མུ་ཏིག་སོགས། །ཡོན་གྱི་མཆོག་ནི་ཇི་སྙེད་པ།ཕྱག་བྱས་ནས་ནི་དབུལ་བར་བྱ། །དེང་ནས་བརྩམས་ཏེ་བྲན་དུ་བདག །ཁྱེད་ལ་བདག་ནི་འབུལ་བ་ལགས། །རང་གི་སློབ་མར་གྱུར་པ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་སོ། །དེ་ནས་སང་ཉིན་ཚོན་རྣམས་དཀྱིལ་འཁོར་གཤེགས་སུ་གསོལ་ནས་བཛྭ་མུས་ཤར་ནས་དབུས་ཀྱི་བར་དུ་ཕྱིན་ལ། ཅི་བདེ་བར་བསྡུས་ཏེ་གསེར་ལ་སོགས་པའི་བུམ་པར་བསྡུས་ལ། ཆུ་བོ་ལ་གཤེགས་སུ་གསོལ་བར་བྱའོ། །སླར་ཡང་དགའ་སྟོན་བྱའོ། །དཔལ་སྤྱོད་པའི་བརཏལ་ཤུགས་ཅན་ལ་ཧེ་རུ་ཀ་ཉིད་ཀྱིས་ལུང་བསྟན་ནས། གཞུང་དྲུག་མཛད་པ་ལས། དཀྱིལ་འཁོར་གྱི་ཆོ་ག་རྒྱུད་རྣམས་སྡེབས་པས་ཤིན་ཏུ་སྦྲམ་པ་ལ་ཕལ་གྱིས་རྫོགས་པའི་ཕྱག་ལེན་མི་ཕེར་བར་འདུག་པས། བདག་པས་དམན་པ་རྣམས་ལ་ཕན་པར་བསམས་ནས། །དཀྱིལ་འཁོར་ཤིན་ཏུ་གསལ་བར་བྱེད་པ་རང་བྱུང་རོལ་པའི་རྡོ་རྗེ་ཡིས་བདེ་ཆེན་དུ་སྦྱར་བ་རྫོགས་སོ། །དཀྱིལ་འཁོར་མངོན་པར་སྣང་བ་ལ། །འགལ་དང་ནོར་པ་བྱུང་སྲིད་ན། །མཁའ་འགྲོ་རྣམས་ཀྱིས་བཟོད་པར་མཛོད། །དགེ་བས་དཔལ་ཧེ་རུ་ཀར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དགེ་ལེགས་འཕེལ་ལོ།། ༈ །།འཁོར་ལོ་སྡོམ་པའི་མངོན་རྟོགས་ལྷ་བཅུ་གསུམ་མ་བཞུགས་སོ། །ན་མོ་མ་ཧཱ་གུ་རུ་བྷྱ། ཀུན་དུ་བརྟགས་པ་སྤངས་པའི་མཆོག །བདེ་བ་ཆེན་པོ་མཛེས་པའི་དཔལ། །ས་རྣམས་ཀུན་དུ་ཕན་མཛད་པ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །དེ་ལ་འདིར་རེ་ཤིག་དཔལ་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་པའི་ནང་གི་རྣལ་འབྱོར་ལ་བརྩོན་པར་འདོད་པའི་སྔགས་པ་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་ལ་གནས་པས། ནང་པར་སྔ་བར་ལངས་ཏེ། དམ་ཚིག་བརྟན་པར་བྱས་ལ་ཧེ་རུ་ཀ་ཞེས་བརྗོད་པས། བདག་ཉིད་ཀྱི་ལུས་ཞལ་ཅིག་ཕྱག་གཉིས་པའི་བཅོམ་ལྡན་འདས་སྐུ་མདོག་མཐིང་ཁ། རྡོ་རྗེ་ དྲིལ་བུ ་འཛིན་པ། ངག་སྔགས་ཀྱི་རང་བཞིན་རྣམ་པར་དག་པ་དང་བཅས་པ་བསྐྱེད་ལ། ཕྱི་རོལ་དང་ལག་པའི་མཆོད་པ་སྔོན་དུ་འགྲོ་བས་སམ། ཡང་ན་རང་གི་སྙིང་ཁར་ཡི་གེ་ཧཱུྃ་བསམས་པའི་འོད་ཟེར་གྱིས་འཕྲེང་བས། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ། དུར་ཁྲོད། རྡོ་རྗེ། མེ་རི་དང་བཅས་པ། ཤར་ཕྱོགས་དབང་པོའི་དུར་ཁྲོད་དུ་བླ་མ་རྗེ་བཙུན་རྡོ་རྗེ་སེམས་དཔའ་ལྟར་བཞུགས་པ་གསལ་བར་བལྟས་ལ། ཡིད་ཀྱིས་ཕྱག་འཚལ་ཞིང་། མཆོད་པའི་ལྷ་མོའི་ཚོགས་སྤྲོས་ནས་མཆོད་པར་བྱས་ཏེ། ཨོཾ་ཨ་བཛྭ་བྷ་ན་ཧཱུཾ། ཨོཾ་ཨ་བཛྭ་བྃ་སེ་ཧཱུྃ། ཨོཾ་ཨ་བཛྭ་མུ་རན་ཛེ་ཧཱུྃ། ཨོཾ་ཨ་བཛྭ་མུ་ཀུན་དྷེ་ཧཱུྃ། ཨོཾ་ཨ་བཛྭ་ཧ་སེ་ཧཱུྃ། ཨོཾ་ཨ་བཛྭ་ལ་སེ་ཧཱུྃ། ཨོཾ་ཨ་བཛྭ་གྷིར་ཏི་ཧཱུྃ། ཨོཾ་ཨ་བཛྭ་ནིར་ཏི་ཧཱུྃ། ཨོཾ་ཨ་བཛྭ་པུཥྤེ་ཧཱུྃ། ཨོཾ་ཨ་བཛྭ་དྷུ་པེ་ཧཱུྃ། ཨོཾ་ཨ་བཛྭ་ཌི་པེ་ཧཱུྃ། ཨོཾ་ཨ་བཛྭ་གྷན་དྷེ་ཧཱུྃ། ཨོཾ་ཨ་བཛྭ་དྷར་ཤེ་ཧཱུྃ། ཨོཾ་ཨ་བཛྭ་ར་སེ་ཧཱུྃ། ཨོཾ་ཨ་བཛྭ་པར་ཤེ་ཧཱུྃ། ཨོཾ་ཨ་བཛྭ་དྷར་མེ་ཧཱུྃ། ཞེས་པས་པི་ཝང་མ་སྔོན་མོ། གླིང་བུ་མ་སེར་མོ། རྔ་ཟླུམ་མ་དམར་མོ། རྫ་རྔ་མ་ལྗང་ཁུ། བཞད་མ་དམར་མོ། སྒེག་མ་སྔོན་མོ། གླུ་མ་སེར་མོ། གར་མ་ལྗང་ཁུ། མེ་ཏོག་མ་སེར་མོ། བདུག་སྤོས་མ་དུད་ཁ། མར་མེ་མ་དམར་སེར། དྲི་ཆབ་མ་ལྗང་ཁུ། གཟུགས་རྡོ་རྗེ་དཀར་མོ། རོ་རྡོ་རྗེ་དམར་མོ། རེག་རྡོ་རྗེ་ལྗང་ཁུ། ཆོས་དབྱིངས་རྡོ་རྗེ་དཀར་མོ། རང་རང་གི་མཆོད་པའི་བརྒྱན་འཛིན་པ་རྣམས་ཀྱིས་མཆོད་ལ། གཞན་མཁའ་འགྲོ་མ་དང་། ལཱ་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ཀྱིས་ཤ་ལྔ་བདུད་རྩི་རྣམ་པ་ལྔ་ཐོགས་པས་མཆོད་ནས། དེའི་དྲུང་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། བྱས་དང་བྱེད་དུ་བཅུག་དང་ཡིད་རང་བའི་སྡིག་པ་མ་ལུས་པའི་སྐྱོན་ཀུན་འཇིག་བྱེད་པའི། སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བགྱིད་པའི་སྡོམ་པ་བླང་བར་བགྱིད། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང་། །རྒྱལ་བའི་སྲས་པོས་བསགས་པའི་དགེ་བ་གང་། །དེ་དག་ལ་ནི་རྗེས་སུ་ཡིད་རང་ཞིང་། །བྱང་ཆུབ་ཏུ་ནི་ཡང་དག་བདག་བསྔོའོ། །རྒྱལ་བ་དཀོན་མཆོག་གསུམ་པོ་ལ་སོགས་ལ། །དངོས་པོ་ཀུན་ནས་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །དེའི་རྗེས་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚངས་པའི་གནས་བཞི་བསྒོམ་མོ། །དེ་ནས་རང་ཉིད་མི་གནས་པའི་བདག་ཉིད་དུ། སྐད་ཅིག་གིས་སྟོང་པའི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །ཨོཾ་སྭ་བྷ་བ་ཤུད་དྷོ་སརྦ་དྷརྨ་སྭ་བྷ་བ་ཤུད་དྷོ་ཧྃ། ཨོཾ་ཤུ་ནྱ་ཏ་ཛྙྱ་ན་བཛྭ་སྭ་བྷ་བ་ཨད་མ་ཀོ་ཧཾ། ཞེས་བྱ་བས་གཟུང་བ་དང་འཛིན་པའི་དངོས་པོ་ཐམས་ཅད་བསྡུས་ཏེ་རྣམ་པར་དག་པའི་རང་བཞིན་དུ་གནས་པར་བྱའོ། །དེ་ནས་ཏིང་ངེ་འཛིན་ལས་ལངས་ནས། ན་དའི་གཟུགས་ཀྱིས་གནས་པ་ལ་འགྲོ་བ་ཐམས་ཅད་སྒྱུ་མ་ལྟ་བུར་བལྟས་ལ། འོག་གི་ཕྱོགས་སུ་ཡྃ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་སྔོན་པོ། རྃ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། བྃ་ཡོངས་སུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ། ལྃ་ཡོངས་སུ་གྱུར་པ་ལས་སའི་དཀྱིལ་འཁོར་གྲུ་བཞི་པ་སེར་པོ། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་ནོ། །དེ་ནས་བསྲུང་བའི་འཁོར་ལོ་ནི། རི་རབ་ཀྱི་སྟེང་དུ་འོད་ཟེར་ལས་བྱུང་བའི་ཡི་གེ་ཧཱུྃ་ལས་རྡོ་རྗེ་རྒྱ་གྲམ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་ངོ་། །དབུས་ཀྱི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བ་ལས། རྡོ་རྗེ་ས་གཞིར་བྱིན་གྱིས་བརླབས་ཏེ། ཨོཾ་མེ་དེ་ནི་བཛྭི་བྷ་བ་བྷན་དྷ་ཧཱུྃ། དེ་ལས་འོད་འཕྲོས་པས་རྡོ་རྗེའི་ར་བ་གྲུ་བཞི་པ། ཨོཾ་བཛྭ་པྲ་ཀ་ར་ཧཱུྃ་བྃ་ཧཱུཾ། དེའི་ནང་དུ་རྡོ་རྗེ་རིམ་པ་ལྔའི་གྱུར། ཨོཾ་བཛྭ་པན་ཙ་ཧཱུྃ་ཡྃ་ཧཱུྃ། དེའི་ནང་དུ་རྡོ་རྗེའི་བླ་རེ། ཨོཾ་བཛྭ་བྷི་ན་ཧཱུྃ་ཁྃ་ཧཱུྃ། དེའི་ཕྱི་རོལ་དུ་རྡོ་རྗེའི་མདའ་ཡི་ར་བ། ཨོཾ་བཛྭ་ས་ར་ཛ་ལ་ཏྲྃ་སྃ་ཏྲྃ། དེའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་དཔུང་གིས་མཚམས་བཅིང་བར་བྱ་སྟེ། ཨོཾ་བཛྭ་ཛ་ལ་ཨ་ན་ལ་ཀྃ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་བྱ་བས་བྱིན་གྱིས་བརླབ་ཅིང་རྒྱས་གདབ་པར་བྱའོ། །དེ་ལྟར་སྔོན་དུ་འགྲོ་བ་རྫོགས་ནས། རྟེན་དང་བརྟེན་པ་བསྐྱེད་པ་ནི། བསྲུང་པའི་འཁོར་ལོའི་དབུས་སུ་སྣ་ཚོགས་རྡོ་རྗེའི་འཁྱམས་ལ་མཚན་ཉིད་ཐམས་ཅད་ཀྱིས་བརྒྱན་པའི་གཞལ་ཡས་ཀྱི་ཁང་པ། གྲུ་བཞི་སྒོ་བཞི། རྟ་བབས་དང་བཅས་པ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་བསྒོམ་པར་བྱའོ། །དེའི་ནང་དུ་སྣ་ཚོགས་པད་མའི་ལྟེ་བ་ལ། ཨ་ལི་ལས་ཟླ་བ། ཀ་ལི་ལས་ཉི་མ། ཁ་སྦྱར་བའི་དབུས་སུ་ན་ད་ཞུགས་པ་ལས་ཡི་གེ་ཧཱུྃ་རྡོ་རྗེ་སེམས་དཔའི་བདག་ཉིད་འོད་ཟེར་ལྔ་འཕྲོས་པར་བསྒོམ་མོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བར་བསྒོམ་པར་བྱ་སྟེ། དེ་ལ་དབུས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གནས་པ་འཇིགས་བྱེད་དང་། དུས་མཚན་གྱི་དཔྲལ་བ་དང་། ནུ་མ་གཡས་བརྐྱང་བས་མནན་ཏེ་བཞུགས་པ། སྐུ་མདོག་སྔོན་པོ་དང་། ལྗང་ཁུ་དང་། དམར་པོ་དང་། སེར་པོས་ཏེ་ཞལ་བཞི་པ་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། ཐོད་པ་ལྔ་ཡིས་དབུ་ལ་བརྒྱན་པ། སྐུ་ལ་མགོ་བོ་རློན་པའི་ཕྲེང་བ་བརྒྱ་ཕྱེད་ཀྱིས་བརྒྱན་པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། མགུལ་རྒྱན་དང་། སྙན་ཆ་དང་། གདུབ་བུ་དང་། སྐེ་རགས་དང་། དབུའི་ནོར་བུ་དང་མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ། ཕྱག་རྒྱ་དྲུག་གིས་བརྒྱན་པ། ཞལ་མཆེ་བ་གཙིགས་པས་འཇིགས་པར་བྱེད་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། སྒེག་པ། དཔའ་བ། འཇིགས་སུ་རུང་པ། རྒོད་པ། གཤེ་བ། འཇིགས་པར་བྱེད་པ། སྙིང་རྗེ་བ། རྔམ་ཞིང་། ཞི་བའི་གར་དང་ལྡན་པ། ཕྱག་བཅུ་གཉིས་ཀྱིས་སྤྲས་པ་སྟེ། ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པ་རྩ་བའི་ཕྱག་གཉིས་རྡོ་རྗེ་དང་ དྲིལ་བུ ་བསྣམས་པ། འོག་མ་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་བསྣམས་པ། གཡས་ཀྱི་གསུམ་པ་ན་ཌ་མ་རུ་བསྣམས་པ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག དྲུག་པ་ན་རྩེ་གསུམ། གཡོན་གསུམ་པ་ན་ཁ་ཊྶཱྃ་ཀ བཞི་པ་ན་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་འཛིན་པའོ། །དེའི་མདུན་དུ་བཅོམ་ལྡན་འདས་མ། སྐྲ་གྲོལ་བ་སྐུ་མདོག་དམར་མོ། སྤྱན་གསུམ་མ། ཞལ་གཅིག་མ། གཅེར་བུ། དུམ་བུའི་སྐེ་རགས་ཀྱིས་བརྒྱན་པ། ཕྱག་གཡོན་པ་ན་ཐོད་པ་ཁྲག་གིས་བཀང་བ་འཁྱུད་པ། གཡས་པ་ན་རྡོ་རྗེས་མཚན་པའི་སྡིག་མཛུབ་ཅན། བྱིན་པ་གཉིས་བཅོམ་ལྡན་འདས་ཀྱི་བརླ་ལ་འཁྲིལ་ཏེ་བཅུགས་པས་འཁྱུད་ནས་བཞུགས་པར་བསྒོམ་པར་བྱའོ། །མདུན་གྱི་པད་མའི་འདབ་མ། ཟླ་བའི་གདན་ལ། མཁའ་འགྲོ་མ་མཐིང་ཁ། གཡོན་དུ་རབ་མཛེས་མ་ལྗང་ཁུ། རྒྱབ་ཏུ་དུམ་སྐྱེས་མ་དམར་མོ། གཡས་སུ་གཟུགས་ཅན་མ་སེར་མོ། ཞལ་གཅིག་པ། སྤྱན་གསུམ་པ། མཆེ་བ་གཙིགས་པ། སྐྲ་གྲོལ་བ། རྣམ་པར་མཛེས་མ། ཀུན་གྱི་གཡས་དང་པོ་ན་ཌ་མ་རུ་འཁྲོལ་བ། འོག་མ་གྲི་གུག །གཡོན་དང་པོ་ན་ཁ་ཊྶཱྃ་ག །འོག་མ་ཐོད་པ་བསྣམས་པ། རུས་པའི་བརྒྱན་ཆ་ལྔས་བརྒྱན་ཅིང་ཐོད་པ་ཤ་དང་བཅས་པ་སྐམ་པོའི་ཕྲེང་བས་དོ་ཤལ་བྱས་པ། གཡས་བརྐྱང་པས་ཟླ་བ་ལ་བཞུགས་པའོ། །མཚམས་སུ་རིན་པོ་ཆེའི་བུམ་པ་བཀང་པ་ལ་ཡེ་ཤེས་ཀྱི་བཅུད་ཀྱིས་གང་བ་རྣམས་ཀྱིས་ཁ་བརྒྱན་པའོ། །ཕྱི་རོལ་གྱི་པད་མའི་འདབ་མ་རོའི་གདན་ལ། ཤར་དུ་ཁ་གདོང་མ་མཐིང་ཁ། ལྷོར་ཕག་གདོང་མ་སེར་མོ། ནུབ་ཏུ་ཁྱི་གདོང་མ་དམར་མོ། བྱང་དུ་འུག་གདོང་མ་ལྗང་ཁུ། ཤར་ལྷོ་མཚམས་སུ་གཤིན་རྗེ་སྲེག་མ། ལྷོ་ནུབ་མཚམས་སུ་གཤིན་རྗེ་ཕོ་ཉ་མོ། ནུབ་བྱང་མཚམས་སུ་གཤིན་རྗེ་མཆེ་བ་མ། བྱང་ཤར་མཚམས་སུ་གཤིན་རྗེ་འཇོམས་མ། ཀུན་ཀྱང་ཞལ་གཅིག་པ། སྤྱན་གསུམ་པ། སྐྲ་གྲོལ་བ། ཐོད་པ་སྐམ་པོས་དབུ་བརྒྱན་པ། གཡས་པ་ན་ཌ་མ་རུ་དང་གྲི་གུག གཡོན་པ་ན་ཁ་ཊྶཱྃ་ག་དང་ཐོད་པ། ནམ་མཁའི་གོས་ཅན། ཕྱག་རྒྱ་ལྔས་བརྒྱན་པ། མཚམས་མ་རྣམས་ནི་གཟུགས་གཉིས་མའོ། །དེ་ནས་ལྷ་ཐམས་ཅད་ཀྱི་སྤྱི་བོར་འཁོར་ལོ་ལ་ཨོཾ། མགྲིན་པར་པད་མ་ལ་ཨ། སྙིང་ཁར་རྡོ་རྗེ་ལ་ཧཱུྃ་གིས་མཚན་པ་བཀོད་ནས་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཨོཾ་ཧ་སྙིང་ཁ་ལ། ན་མ་ཧི་མགོ་ལ། སྭཱ་ཧཱ་སྤྱི་གཙུག་ལ། བྷོ་ཤད་དྷེ་ཕྲག་པ་ལ། ཧཱུྃ་ཧཱུྃ་ཧོ་དཔྲལ་བ། ཕཊ་ཧྃ་ཡན་ལག་ཐམས་ཅད་ལ་གོ་ཆས་བསྲུང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་ལྟེ་བར་ཨོཾ་བྃ། སྙིང་ཁར་ཧྃ་ཡྃ། ཁ་ལ་ཧྲིཾ་མྃ། དཔྲལ་བར་ཧྲིཾ་ཧྲིཾ། སྤྱི་བོར་ཧཱུྃ་ཧཱུྃ་ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ཀྱི་གོ་ཀོན་པར་བྱའོ། །དེ་ནས་སྐྱེ་མཆེད་རྣམས་ལ་མིག་ཏུ་ཨོཾ་དཀར་པོ། རྣ་བར་ཧཱུྃ་སྔོན་པོ། སྣ་ལ་ཏྲྃ་སེར་པོ། ལྕེ་ལ་ཨོཾ་དམར་པོ། ནོར་བུ་ལ་ཁྃ་ལྗང་ཁུ། ཡིད་ཀྱི་སྐྱེ་མཆེད་ལ་ཚོགས་ཁར་ཧྃ་དཀར་པོ་རྣམས་བཀོད་པར་བྱའོ། །དེ་ནས་སྙིང་ཁའི་སྔགས་ཀྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པར་བྱས་ཏེ། འབར་བའི་ཕྱག་རྒྱ་བཅིངས་ལ་ངག་ཏུ་ཕེཾ་ཞེས་བརྗོད་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་བཀུག་སྟེ། ཛ་ཧཱུྃ་བྃ་ཧོས་གཉིས་སུ་མེད་པར་གཞུག་གོ །དེ་དང་དུས་མཚུངས་པ་ཉིད་དུ། སྙིང་ཁའི་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་མཆོད་པ་རྣམས་ཀྱིས་མཆོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གཏབ་པས། རིན་པོ་ཆེའི་བུམ་པ་འཛིན་པའི་ལྷ་མོ་དག་གིས་དབང་བསྐུར་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་དབང་བསྐུར་བས། ཆུ་ལྷག་མ་ལས་བྱུང་བའི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་བྱ་སྟེ། བཅོམ་ལྡན་འདས་ལ་ནི་རྡོ་རྗེ་སེམས་དཔའ། བཅོམ་ལྡན་འདས་མ་ལ་ནི་རྣམ་པར་སྣང་མཛད། མཁའ་འགྲོ་མ་བཞི་ལ་ནི་རིན་ཆེན་འབྱུང་ལྡན། སྒོ་མཚམས་མ་རྣམས་ལ་ནི་དོན་ཡོད་གྲུབ་པས་དབུ་བརྒྱན་པར་བྱའོ། །དེ་ནས་སྙིང་ཁའི་ས་བོན་གྱི་འོད་ཀྱིས་ཕྱི་རོལ་གྱི་ཡུལ་གཟུགས་ལ་སོགས་པ་ཐམས་ཅད་མཆོད་པའི་ལྷ་མོའི་གཟུགས་སུ་གྱུར་ཏེ་བདག་ལ་མཆོད་པར་བསམ་མོ། དེ་ནས་དཀྱིལ་འཁོར་གྱི་ལྷའི་ཞལ་ནས་བསྟོད་པ་འཐོན་པ་མངོན་དུ་བྱས་ཏེ། ཁྱོད་ནི་རྣལ་འབྱོར་མ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ལས་བདེ་ལེགས་ཐོབ། །དེར་ནི་རྒྱུ་དང་མི་རྒྱུའི་འགྲོ་རྣམས་དག །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་པར་མཛད། །སྒྱུ་མའི་སྤྲུལ་པས་དོན་རྣམས་གྲུབ་པར་མཛད། །མགོན་པོ་བདེ་ཆེན་དཔལ་ལྡན་དགྱེས་པར་བཞེངས། །ཞེས་བསྟོད། དེ་ནས་དམ་ཚིག་གི་རྫས་སམ། ཡང་ན་ཡིད་ཀྱི། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་ཐོད་པའི་སྒྱིད་པོ་གསུམ་གྱི་སྟེང་དུ། ཨ་ལས་བྱུང་བའི་ཐོད་པའི་ནང་དུ་བདུད་རྩི་རྣམ་པ་ལྔ། སྟེང་དུ་ཨོཾ། ཨ་ལས་བྱུང་བའི་ནང་ཟླ་བའི་དཀྱིལ་འཁོར་གྱི་ཁ་གཅོད་ཀྱི་དབུས་སུ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རུ་བསྒོམ་སྟེ། ཨོཾ་ཨ་ཧཱུྃ་ཞེས་བརྗོད་པས་བདུད་རྩི་ཞུ་བར་གྱུར་ཏེ་ཡེ་ཤེས་ཀྱི་བདུད་རྩི་ཞུ་བ་དང་གཉིས་སུ་མེད་པར་བྱ་སྟེ། ལྷ་ཚོགས་རྣམས་ཀྱི་ལྕེ་རྡོ་རྗེ་རྩེ་ལྔ་པའི་རྣམ་པས་མྱང་བར་བྱའོ། །དེ་ནས་འཁོར་ལོའི་གནས་སྔགས་ཀྱི་ཕྲེང་བ་བཀོད་ལ། མཁའ་གསང་བྱིན་གྱིས་བརླབས་ཏེ། ཁ་སྦྱོར་དབུས་ན་ས་བོན་གནས། །ཐིག་ལེ་གཉིས་པ་མི་འགྱུར་བ། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །རྣལ་འབྱོར་པ་ཡི་རྟག་ཏུ་བསྒོམ། །ཞེས་གསུངས་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱའོ། །དེ་ལས་སྐྱོ་བར་གྱུར་ན་བཟླས་པའི་མན་ངག་ཇི་ལྟ་བ་བཞིན་དུ་བཟླས་པར་བྱའོ། །སྔགས་ནི་འདི་ཡིན་ཏེ། དེ་ནས། ཨོཾ་ཤྲི་བཛྭ་ཧེ་ཧེ་རུ་རུ་ཀྃ་ཧཱུྃ་ཧཱུྃ་ཕཊ་ཌ་ཀི་ནི་ཛ་ལ་སཾ་བྷ་ར་སྭཱཧཱ། ཨོཾ་ཧྲི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། རྗེ་བཙུན་གྱི་སྙིང་པོ་དང་། ཉེ་བའི་སྙིང་པོའོ། །ཨོཾ་སརྦ་བྷུད་དྷ་ཌ་ཀི་ནི་ཡེ། བཛྭ་ཝ་ཎ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྭ་བཱཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལྷ་མོའི་སྙིང་པོ་དང་། ཨོཾ་ཌ་ཀི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ལཱ་མ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཁཎ་ཌ་རོ་ཧི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་རུ་པི་ཎི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཀ་ཀ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ལུ་ཀ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤ་ན་ཀ་ཀྵྼེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སུ་ཀ་ར་ཀྵྼེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དྷ་ཏི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དུ་ཏེ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་དྃ་ཥྚི་ནི་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཡ་མ་མ་ཐ་ན་ཡེ་ཧཱུྃ་ཧཱུྃ་ཕཊ། དཔའ་བོ་རྣམས་ཀྱི་སྔགས་སོ། །བསྒོམ་པ་ཡིས་དུབ་ནས་རྫོགས་པའི་རིམ་པ་བསྒོམ་པར་འདོད་ན། ཨ་ལི་དང་ཀ་ལིའི་རང་བཞིན་གྱི་འོད་ཟེར་སྤྲོས་ཏེ། བརྟན་གཡོ་ཐམས་ཅད་ལྷའི་རང་བཞིན་དུ་གསལ་བ་ལས། བདག་ཉིད་ཀྱི་ཞལ་དུ་བསྡུས་ཏེ། ལྟེ་བར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལ་གནས་པའི་རྡོ་རྗེ་སེམས་དཔའ་རྣལ་འབྱོར་མ་དང་བཅས་པའི་ལྷའི་གཟུགས་སུ་ཡུད་ཙམ་བསྒོམས་ནས། བཅོམ་ལྡན་འདས་ཡབ་ཡུམ་རྡོ་རྗེ་སེམས་དཔའ་བསྡུས་ཏེ། དེ་ཉིད་ཀྱང་གཉིས་སུ་མེད་པར་ཞུ་བ་ལས་ཧཱུྃ་གི་རྣམ་པ། དེ་ཉིད་ཀྱང་རིམས་ཀྱིས་བསྡུས་ཏེ་གོང་བུ་དང་ན་དའི་གཟུགས་ལས་རྣམ་པར་འདས་ནས་བསམ་གྱིས་མི་ཁྱབ་པའི་རང་བཞིན་དུ་བསྒོམ་པར་བྱའོ། །ཐུན་མཚམས་ཀྱི་གཏོར་མ་དང་ཕྱི་རོལ་གྱི་མཆོད་པ་ལ་སོགས་པ་ནི་མཆོད་འཕྲེང་དུ་བསྟན་ཟིན་ཏོ། །བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་གྱི་མངོན་བར་རྟོགས་པ་འདི་ནི། གྲགས་པ་རྒྱལ་མཚན་ལ་སོགས་པ་རྣམས་ཀྱིས་བསྐུལ་ཕྱིར་བསྡུས་པ་ལ་དགའ་བ་རྣམས་ཀྱི་དོན་དུ། བྱི་བ་ལོ་ཟླ་བ་བཅུ་པའི་ཚེས་བརྒྱད་ལ། ཡར་ལྷ་ཤམ་པོའི་མགུལ་དུ། རང་བྱུང་རྡོ་རྗེས་སྦྱར་བའོ། །མངོན་པར་རྟོགས་པ་རྒྱས་པ་ལ་དགའ་བ་རྣམས་བླ་མ་གཉན་རས་ཀྱིས་མཛད་པ་ལ་ལྟ་བར་བྱའོ། །དཔལ་ལྡན་གཉིས་མེད་ཨ་བ་དྷུ་ཏི་པའི། །མངོན་པར་རྟོགས་པ་གསལ་བར་སྡེབས་པ་ལས། །འདི་ལ་འཇུག་རྣམས་རིམ་གཉིས་དོན་མཐོང་ཞིང་། །ཚེ་གཅིག་རྡོ་རྗེ་འཆང་གི་ས་ཐོབ་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ༈ འཁོར་ལོ་སྡོམ་པའི་མཆོད་འཕྲེང་བཞུགས་སོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདུད་བཞི་འཇོམས་མཛད་དཔལ་ལྡན་ཧེ་རུ་ཀ་དཔལ་གཙོ། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་ཡི་གཟི། །རྡོ་རྗེ་ཡན་ལག་མ་དང་གཉིས་མེད་རབ་སྦྱོར་བས། །མཆོག་མཐའ་དབུ་མའི་རང་བཞིན་དེ་ལ་བདག་ཕྱག་འཚལ། །དེ་ལ་རེ་ཤིག་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་བརྩོན་པས། ཕྱི་རོལ་གྱི་མཆོད་པ་ལ་སོགས་པ་ནང་དང་ཕྱི་རོལ་གྱི་བདག་ཉིད་ཀྱི་མཆོད་པའི་རིམ་པ་ལ་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི། རྗེས་སོ། །ཐོག་མར་གནས་ཡིད་དང་མཐུན་པར་དུས་ཁྱད་པར་ཅན་ལ་དཀྱིལ་འཁོར་ལ་དྲི་དང་ཆང་དང་བདུད་རྩི་ལྔས་བྱུགས་ལ། ཆུ་གསུམ་དང་མཆོད་པ་དང་གཏོར་མ་ལེགས་པར་བཤམས་ལ། དེ་ནས་མཆོད་པའི་རྫས་རྣམས་བདུད་རྩི་ལྔའི་ཆུ་དང་སྭ་བྷ་ཝས་བསངས་ལ། དེའི་རྗེས་སུ་མཆོད་པ་རྣམས་དཔག་ཏུ་མེད་པར་བྱིན་གྱིས་བརླབ་བོ། །ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་གྱིས་བགེགས་བསལ་བར་བྱས་ཏེ། གཏོར་མ་བྱིན་ནས་བདེན་པའི་ཚིག་གིས་བགེགས་བསྐྲད་པའི་འོག་ཏུ། སྐུའི་འོད་ཀྱིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་མེ་ལྕེ་འབར་བ་རབ་ཏུ་མི་བཟད་པའི་ཀློང་ནས་ཁྲོ་བོ་དཔག་ཏུ་མེད་པས་བགེགས་ཐམས་ཅད་བརླག་པར་བསམ་ཞིང་། ཧཱུྃ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །མ་ལུས་ཕྱོགས་ནས་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་བདག་ལ་གསོན། །བདག་ནི་དཔལ་ལྡན་རྡོ་རྗེ་འཛིན། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །ལྷ་དང་ལྷ་མིན་གསང་བའོ། །བརྗེད་བྱེད་ལ་སོགས་བགེགས་ཀྱི་ཚོགས། །ས་འདིར་མ་འདུག་གཞན་དུ་དེངས། །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་མེ་ལྟར་འབར་བ་ཡིས། །ཀླད་པ་ཚལ་པ་བརྒྱར་འགས་ཤིང་། །འཇིག་པར་འགྱུར་བ་གདོན་མི་ཟ། །ཞེས་བྱ་བ་དང་སུམ་བྷ་ནིས་བགེགས་བསྐྲད་དོ། །རྡོ་རྗེ་ར་བ་ལ་སོགས་པ་དྲུག་བྱ་ཞིང་། ཁ་གདོང་མ་ལ་སོགས་པ་རྣམས་ཀྱིས་བགེགས་བཅོམ་སྟེ་ཕུར་བུས་གདབ་པར་བྱའོ། །དེ་ལྟར་སྔོན་དུ་འགྲོ་བའོ། །དངོས་གཞི་ལ་གཉིས་ཏེ། དཀྱིལ་འཁོར་བསྒྲུབ་པ་དང་། མཆོད་པའོ། །དང་པོ་ནི་དཀྱིལ་འཁོར་དྲི་དང་ཆང་གིས་བྱུགས་ཏེ། ལྷ་ལྔ་དང་། བཅུ་གསུམ་པ་དང་། དྲུག་ཅུ་རྩ་གཉིས་པ་ལ་སོགས་པ་སོ་སོའི་གཞུང་ལྟར་ཚོམ་བུ་དགོད་པ་སྔོན་དུ་འགྲོ་བས། བསྐྱེད་ཆོག་གང་རུང་གིས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བསྐྱེད་དོ། །བདག་ཉིད་ཡན་ལག་བདུན་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་ལྷར་བསྐྱེད་པར་བྱའོ། །ཡང་ན་སྔོན་དུ་ཚོམ་བུ་ལ་སོགས་པ་མ་གྲུབ་ན་བདག་ཉིད་བསྐྱེད་པ་དང་དུས་མཉམ་དུ་མདུན་དུའང་ལྟའོ། །དེ་དག་ལ་གོ་ཆ་སྐུ་གསུང་ཐུགས་བྱིན་གྱི་བརླབ་པའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ནི། ཧཱུྃ། ཁྱབ་བདག་དངོས་པོ་ཀུན་གྱི་རང་བཞིན་ཅན། །གནས་མེད་འགྲོ་འོང་བྲལ་བ་ནམ་མཁའ་བཞིན། །གཤེགས་དང་བྱོན་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ། །བདུད་དཔུང་འཇོམས་མཛད་དཔལ་ལྡན་ཧེ་རུ་ཀ །བླ་མ་ཡིད་དམ་མཁའ་འགྲོ་འཁོར་དང་བཅས། །བདག་གིས་དད་པས་དེང་འདིར་སྤྱན་འདྲེན་ན། །དམིགས་མེད་ཐུགས་རྗེའི་དབང་གིས་འདིར་གསལ་མཛོད། །ཨེ་ཨ་ར་ལི་ཞེས་བྱ་བ་ལ་སོགས་པས་སྤྱན་དྲངས། དེ་ནས། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་བསྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་བཞུགས་སུ་གསོལ་ཞིང་ཛ་ཧཱུྃ་བྃ་ཧོས་གཉིས་སུ་མེད་པར་བྱའོ། །དེ་དག་ནི་དཀྱིལ་འཁོར་བསྒྲུབ་པའོ། །གཉིས་པ་མཆོད་པ་ལ་གསུམ། སྔོན་འགྲོ་དང་། ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་མཆོད་པའོ། །དང་པོ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲི་ཙཀྲ་སྃ་བྷ་ར་མ་ཌ་ལ་སརྦ་བྷི་ར་ཡོ་གི་ནི་ཨརྒྃ་པྲ་ཏི་ཛ་ཡེ་ཧཱུྃ། ཞེས་ཡོན་ཆབ་དང་། དེ་བཞིན་དུ་གྷན་དྷེ་ཞེས་དྲི་ཆབ་དང་། པ་ཏྱྃ་ཞེས་ཞབས་བསིལ་དབུལ་བར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔགས་ཀྱི་མཆོད་པ་ནི། ཨོཾ་ན་མོ་བྷ་ག་བ་ཏེ་ཝི་རེ་ཤ་ཡ། མ་ཧཱ་ཀ་ལྤ་ནི་སན་ནི་བྷ་ཡ། ཛ་ཌ་མ་ཀུ་ཌོད་ཀ་རཱ་ཡ་ཌྃ་་ཀ་ར་ལོ་གྲ་བྷི་ཤ་ཎ་མུ་ཁ་ཡ། སྲ་ཧ་སྲ་བྷུ་ཛ་བྷ་སུ་ར་ཡ་པ་ར་ཤུ་པ་ཤོ་ཌ་ཤུ་ལ་ཁ་ཊྃ་ག་ཌ་རི་ནི། བྷྱ་གྲ་ཛྭི་ཙ་མ་ར་དྷ་ར་ཡ། མ་ཧཱ་དྷུ་མ་བྲ་བྷཱ་ཀ་ར་ཝ་པུ་ཤ་ཡ། ཧཱུྃ་ཧཱུྃ་ཕཊ་ཞེས་བྱ་བ་དང་། དཔའ་མོ་རྣམས་ཀྱི་རང་མིང་གི་མཐར་ཧཱུྃ་ཕཊ་སྦྱར་བའི་སྔགས་དང་། སྙིང་པོ་དང་ཉེ་བའི་སྙིང་པོ་སྦྱར་བའི་སྔགས་དང་། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བྷན་དྷ་བྷན་དྷ། ཏྲ་ས་ཡ། ཏྲ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲོཾ་ཧྲོཾ། ཧྲ་ཧྲ། ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷ་ཀྵ་བྷ་ཀྵ། བ་ས་རུ་དྷ་རི། ཨནྟྲ་མ་ལ། བ་ལྃ་བྷི་ཎེ། གྷྲི་་གྷྲི་། ས་བྷ་ལ་ག་ཏ་བྷུ་ཛིཾ་ག་པར་པཱྃ་པ། ཏ་རྫ་ཡ་ཏ་རྫ་ཡ། ཨ་ཀ་དྷྱ་ཨ་ཀ་དྷྱ། ཧྲིཾ་ཧྲིཾ་ཛྙྱཱོཾ་ཛྙྱཱོཾ། ཾ་ཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ་ཕཊ། ཞེས་པ་དང་། ཨོཾ་ན་མོ་བཱ་ག་ཝ་ཏེ་བཛྭ་བྷ་ར་ཧི་བྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཨརྻ་ཨ་པ་ར་ཛི་ཏེ་ཏྲེ་ལོ་དྷ་མ་དྷ་མ་ཧཱ་བིརྻ་ཤ་རེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་སརྦ་བྷུདྷ་བྷ་ཡ་བྷ་ཧེ་མ་ཧ་བཛྭེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྭ་ཨ་པ་ནི་ཨ་ཛི་ཏེ་པ་ཤྱྃ་ཀ་རི་ནི་ཏྲ་བྷྲ་མ་ཎ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཤོ་ཥ་ཎི་རོ་ཥ་ཎི་ཀྲོ་དྷ་ཀ་ར་ལེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་ཏྲ་ས་ནི་མ་ར་ནི་པྲ་བྷ་དྷ་ནི་ཨ་པ་ར་ཛ་ཡེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བི་ཛཾ་ཡེ་ཛ་བྷ་ན་སྟྃ་བྷ་ནི་མོ་ཧ་ནི་ཧཱུྃ་ཧཱུྃ་ཕཊ། ཨོཾ་ན་མོ་བཛྭ་བྷ་ར་ཧི་མ་ཧ་ཡོ་ཀི་ནི་ཀ་མི་ཤ་རེ་ཁ་གེ་ཧཱུྃ་ཧཱུྃ་ཕཊ། ཞེས་བྱ་བ་དང་། སྔགས་རིངས་ལ་སོགས་པ་རྣམས་ཀྱིས་མཆོད་དོ། །གསུམ་པ་ཐུན་མོང་གི་མཆོད་པ་ལ་གསུམ་སྟེ། མཆོད། བསྟོད། གཏོར་མའོ། །མཆོད་པ་ལ་བཞི་སྟེ། ཕྱི་དང་། ནང་དང་། གསང་བ་དང་། དེ་ཁོ་ན་ཉིད་དོ། །དང་པོ་ལ་གཉིས། པི་ཝང་མ་ལ་སོགས་པའི་ལྷ་མོ་བཅུ་དྲུག་ནམ་མཁའི་ཁམས་གང་བ་ལ་སྤྲོས་ཏེ། མཆོད་པ་ནི། རྡོ་རྗེ་ལྷ་མོ་པི་ཝང་སྦྲེང་། །མཐའ་གཉིས་རྡོ་རྗེ་ དྲིལ་བུ ་བསྣམས། །རོལ་པའི་ཁྲོ་བོ་སྐུ་མདོག་སྔོ། །རྗེ་བླ་མ་ཡི་དམ་མཁའ་འགྲོ་མཆོད། །ཨོཾ་ཨཾ་བཛྭ་བྷ་ནེ་ཧཱུྃ། རྡོ་རྗེ་ལྷ་མོ་གླིང་བུ་འབུད། །མཐའ་གཉིས་རྡོ་རྗེ་ དྲིལ་བུ ་བསྣམས། །རོལ་པའི་ཁྲོ་བོ་སྐུ་མདོག་སེར། །རྗེ་བླ་མ་ཡི་དམ་མཁའ་འགྲོ་མཆོད། །ཨོཾ་ཨཾ་བཛྭ་ཝང་སེ་ཧཱུྃ། རྡོ་རྗེ་ལྷ་མོ་རྫ་རྔ་བརྡུང་། །མཐའ་གཉིས་རྡོ་རྗེ་ དྲིལ་བུ ་བསྣམས། །རོལ་པའི་ཁྲོ་བོ་སྐུ་མདོག་དམར། །རྗེ་བླ་མ་ཡི་དམ་མཁའ་འགྲོ་མཆོད། །ཨོཾ་ཨཾ་བཛྭ་མུ་རན་ཛེ་ཧཱུྃ། རྡོ་རྗེ་ལྷ་མོ་རྔ་ཆེན་བརྡུང་། །མཐའ་གཉིས་རྡོ་རྗེ་ དྲིལ་བུ ་བསྣམས། །རོལ་པའི་ཁྲོ་བོ་སྐུ་མདོག་ལྗང་། །རྗེ་བླ་མ་ཡི་དམ་མཁའ་འགྲོ་མཆོད། །ཨོཾ་ཨཾ། བཛྭ་མུ་ཀུན་དྷེ་ཧཱུྃ། བཞད་པ་རྡོ་རྗེ་ལྷ་མོ་ནི། །དམར་སྐྱ་ཕྱག་གཉིས་བཞད་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གིས་དགྱེས་པར་རོལ། །ཨོཾ་ཨཾ་བཛྭ་ཧ་སེ་ཧཱུྃ། སྒེག་པ་རྡོ་རྗེ་ལྷ་མོ་ནི། །སྔོན་མོ་ཕྱག་གཉིས་སྒེག་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གིས་དགྱེས་པར་རོལ། །ཨོཾ་ཨཾ་བཛྭ་ལ་ཀྵྼེ་ཧཱུྃ། གླུ་ཡི་རྡོ་རྗེ་ལྷ་མོ་ནི། །སེར་མོ་ཏིང་ཏིང་ཤག་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གིས་དགྱེས་པར་རོལ། །ཨོཾ་ཨཾ་བཛྭ་གྷིར་ཏི་ཧཱུྃ། གར་གྱི་རྡོ་རྗེ་ལྷ་མོ་ནི། །ལྗང་ཁུ་ཕྱག་གཉིས་གར་དང་བཅས། །མཐའ་གཉིས་ཐོད་པ་ཅང་ཏེའུ་བརྡུང་། །གསང་བ་མཆོག་གིས་དགྱེས་པར་རོལ། །ཨོཾ་ཨཾ་བཛྭ་ནིར་ཏི་ཧཱུྃ། །མདོག་དཀར་རྡོ་རྗེ་མེ་ཏོག་ནི། །གཡས་པ་མེ་ཏོག་ཅང་ཏེའུ་བསྣམས། །གཡོན་པ་ཐོད་པ་ཁ་ཊྶཱྃ་ག །མཆོག་རྣམས་རྡོ་རྗེ་དབྱིངས་བརྙེས་མཛོད། །ཨོཾ་ཨཾ་བཛྭ་པུ་ཥྤེ་ཧཱུྃ། མདོག་མཐིང་རྡོ་རྗེ་བདུག་སྤོས་ནི། །གཡས་ན་བདུག་སྤོས་ཅང་ཏེའུ་བསྣམས། །གཡོན་པ་ཐོད་པ་ཁ་ཊྶཱྃ་ག །མཆོག་རྣམས་རྡོ་རྗེ་དབྱིངས་བརྙེས་མཛོད། །ཨོཾ་ཨཾ་བཛྭ་དྷུ་པེ་ཧཱུྃ། །མདོག་དམར་རྡོ་རྗེ་མར་མེ་ནི། །གཡས་ན་མར་མེ་ཅང་ཏེའུ་བསྣམས། །གཡོན་ན་ཐོད་པ་ཁ་ཊྶཱྃ་ག །མཆོག་རྣམས་རྡོ་རྗེ་དབྱིངས་བརྙེས་མཛོད། །ཨོཾ་ཨཾ་བཛྭ་དྷེ་པེ་ཧཱུྃ། མདོག་དཀར་རྡོ་རྗེ་དྲིལ་ཆབ་ནི། །གཡས་ན་དྲི་ཆབ་ཅང་ཏེའུ་བསྣམས། །གཡོན་ན་ཐོད་པ་ཁ་ཊྶྃ་ཁ། །མཆོག་རྣམས་རྡོ་རྗེ་དབྱིངས་བརྙེས་མཛོད། །ཨོཾ་ཨཾ་བཛྭ་གྷན་དྷེ་ཧཱུྃ། །གཟུགས་ཀྱི་རྡོ་རྗེ་མེ་ལོང་བསྣམས། །དཀར་མོ་གཡས་ན་ཅང་ཏེའུ་བསྣམས། །གཡོན་ན་ཐོད་པ་ཁ་ཊྶཱྃ་ག །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་བཛྭ་དྷར་ཤེ་ཧཱུྃ། །རོ་ཡི་རྡོ་རྗེ་རོ་སྣོད་བསྣམས། །དམར་མོ་གཡས་མཐའ་ཅང་ཏེའུ་བརྡུང་། །གཡོན་པ་ཐོད་པ་ཁ་ཊྶྃ་ཁ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨ་བཛྭ་ར་བེ་ཧཱུྃ། །རེག་གི་རྡོ་རྗེ་ན་བཟའ་བསྣམས། །ལྗང་ཁུ་གཡས་མཐའ་ཅང་ཏེའུ་བརྡུང་། །གཡོན་པ་ཐོད་པ་ཁ་ཊྶཱྃ་ག །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨ་བཛྭ་སྤར་ཤེ། ཧཱུྃ། ཆོས་དབྱིངས་རྡོ་རྗེ་ཆོས་འབྱུང་བསྣམས། །དཀར་མོ་གཡས་མཐའ་ཅང་ཏེའུ་བརྡུང་། །གཡོན་པ་ཐོད་པ་ཁ་ཊྶཱྃ་ཀ །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨ་བཛྭ་དྷ་རྨེ་ཧཱུྃ། ཞེས་མཆོད་ནས། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་འབུལ་བ་ནི། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་འབུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་རད་ན་པུ་ཙི་ཏེ་ཨ་ཧཱུྃ། དེ་ནས་བདེ་བར་གཤེགས་པ་འགྲེའོ། །ནོར་བུའི་རིན་ཆེན་འདི་འབུལ་བས། །བཀྲེས་ཞིང་འཕོངས་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ནི་རད་ན་པུ་ཙི་ཏི་ཨ་ཧཱུྃ། །བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་ནས། ཤེས་རབ་དབྱིངས་ཀྱི་དོན་རྟོགས་ཤིང་། །ཐབས་དང་ཤེས་རབ་འབྲེལ་པར་ཤོག །ཝ་ནི་ཏེ་རད་ན་པུ་ཙི་ཏེ་ཨ་ཧཱུྃ། །བློན་པོ་རིན་ཆེན་འདི་འབུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་མ་ཧཱ་ཏ་རད་ན་པུ་ཙི་ཏི་ཨ་ཧཱུྃ། །གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་བས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨོཾ་ཧ་ཏི་རད་ན་པུ་ཙི་ཏེ་ཨ་ཧཱུྃ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་ནི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་འགྲོ་བར་ཤོག །ཨོཾ་དུ་རང་ཀ་ཨ་ཤ་རད་ན་པུ་ཙི་ཏེ་ཨ་ཧཱུྃ། བདེ་བར་གཤེགས་པ་ཐམས་ཅད་ལ། །དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་ནས། །འཇིགས་བྲལ་མཆོག་ནི་ཐོབ་པར་ཤོག །ཁད་ཀ་རད་ན་པུ་ཙི་ཏི་ཨ་ཧཱུྃ། དེ་དག་ནི་ཕྱི་ཡི་མཆོད་པའོ། །གཉིས་པ་ནང་གི་མཆོད་པ་ནི འདོད་ཡོན་ལྔས་ཁྱབ་ཚད་མཆོད་པར་དམིགས་ཏེ་འབུལ་བ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ནས་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཅིག་བླ་མེད་གྲུབ་མཆོག་སྩལ་ཏུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རུ་པ་པུ་ཙ་མེ་ག་ས་མུན་ཏྲ་ཀྵྨྱ་ར་ར་ན་ས་མེ་ཡེ་ཧཱུྃ། ཕྱོགས་དུས་ཀུན་ནས་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཅི་མཆིས་པ །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཅིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པའི་མཐར། ཤ་པ་ཏ་པུ་ཙ་མེ་ག་ས་མུན་ཏྲ་ཀྵྨྱ་ར་ན་ས་མ་ཡ་ཧཱུྃ། ཕྱོགས་དུས་ཀུན་ནས་ཙན་དན་སྦྲུལ་སྙིང་དང་། །ཨ་ཀར་ལ་སོགས་དྲི་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཅིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །གྷན་དྷེ་པུ་ཙ་མེ་ག་ས་མུན་ཏྲ་ཀྵྨྱ་ར་ན་ས་མ་ཡེ་ཧཱུྃ། །ཕྱོགས་དུས་ཀུན་ནས་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟན་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཅིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ར་ས་པུ་ཙ་མེ་ག་ས་མུན་ཏྲ་ཀྵྨྱ་ར་ན་ས་མེ་ཡེ་ཧཱུཾ། ཕྱོགས་དུས་ཀུན་ནས་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱ་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ཅིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །སྤར་ཤེ་པུ་ཙ་མེ་ག་ས་མུན་ཏྲ་ཀྵྨྱ་ར་ར་ན་ས་མ་ཡེ་ཧཱུྃ། ཞེས་མཆོད་པ་ལྔས་མཆོད་ནས། དེ་ནས་བདུད་རྩིའི་མཆོད་པ་ནི་ལག་པའི་མཆོད་པ་སྔོན་དུ་མ་སོང་ན སྐབས་འདིར་བྱས་ཏེ་འབུལ་བར་བྱའོ། །སྔོན་དུ་སོང་ན་པད་མའི་སྣོད་ནས་འཐེབ་སྲིན་གྱིས་རང་རང་གི་སྔགས་ཀྱིས་འབུལ་བར་བྱའོ། །ནང་གི་མཆོད་པའོ། །གསུམ་པ་གསང་བའི་མཆོད་པ་ནི། ལྷ་ཐམས་ཅད་གཉིས་སུ་མེད་པར་སྙོམས་པར་ཞུགས་ནས། བདེ་བ་ཆེན་པོས་ལྷག་པར་མཉེས་པར་བསམ་ཞིང་། ཕྱག་རྒྱ་བཅས་ལ། དེ་ནས་དེ་ཁོ་ན་ཉིད་མཆོད་བྱ་མཆོད་བྱེད་དང་བྲལ་བའི་ངག་ལས་མཉམ་པར་བཞག་གོ །དེ་ནི་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །གཉིས་པ་བསྟོད་པ་ནི། གོང་དུ་སྔགས་ཀྱི་སྐབས་སུ་བཤད་པའི་རྐང་པ་བརྒྱད་པ་གཉིས་དང་། ཨོཾ་རྒྱལ་བའི་སྤྲུལ་པ་དུས་མཐའི་མེ་ལྟར་རབ་ཏུ་འཇིགས་མཛད་ཅིང་། །རྃ་རྃ་རྣམ་འཕྲུལ་ཨུད་དཔལ་སྔོ་འདྲ་ཉི་མ་བརྒྱ་ཡི་གཟི། །རྡོ་རྗེ་དང་ནི་ཁ་ཊྶཱྃ་གར་བཅས་ཨོཾ་ཨོཾ་དག་དང་ལྡན། ཚངས་དང་ལྷ་ཆེན་ཁྱབ་འཇུག་མགོ་བཅད་དབུ་ཡི་ཅོད་པན་མཛད། །ཧཱུྃ་ཧཱུྃ་ཕཊ་ཕཊ་ཧ་ཧ་ཞེས་བྱ་ཁྲོ་བོ་དང་བཅས་པའི། །མི་ཡི་སེང་གེ་དྲེགས་པ་འཇོམས་མཛད་འཇིགས་པ་ཞབས་གནོན་ཅིང་། །ཨ་ལ་ཡི་སྒྲ་སྒྲོགས་བགེགས་རྣམས་ཡོངས་སུ་འདུལ་བར་མཛད། །ཅང་ཏེའུ་སྒྲ་སྒྲོགས་ལྷ་ཆེན་ཁྱབ་འཇུག་སྟག་གི་སྤགས་པ་བསྣམས། །ཐུགས་རྗེ་ཆེར་སྤྲུལ་རབ་ཁྲོས་ཛ་ཧཱུྃ་བྃ་ཧོ་ཧཱུྃ་ནི་མཛད་པ་ཅན། །གངས་རི་ཕོ་མོ་ཞབས་ཀྱིས་མནན་ཅིང་ཀུ་ཙར་རབ་ཏུ་བཞུགས། །ལྷ་རྣམས་མགོ་ལ་ཞབས་ཀྱིས་མནན་ནས་བདེ་གཤེགས་ལྔ་ཡི་དབུ་རྒྱན་ཅན། །ལྷ་རྣམས་ཐམས་ཅད་འཁོར་གྱི་འཁོར་ལོ་ཡོངས་སུ་བསྐོར་མཛད་པ། །ཧུ་ལུ་ཧུ་ལུ་ཛིཾ་ཛིཾ་ཏྲེཾ་བྃ་རྒྱུ་མའི་ཐོད་རློན་གྱིས། །ཕྲེང་བ་མཛད་ཅིང་རྡོ་རྗེ་མཁའ་འགྲོ་འཇིགས་པ་ཁྲོ་བ་ཡིས། །ཀླུ་སྒྲ་མི་བཟད་ཧུ་ལུ་ཧུ་ལུས་རབ་ཏུ་རྨོངས་མཛད་དེ། །རྡོ་རྗེ་ཆེན་མོ་མ་མ་ཀིས་ནི་སྐུ་ལུས་རྣམ་པར་བརྒྱན། །དུར་ཁྲོད་རབ་ཏུ་འཇིགས་ཤིང་གར་གྱི་འཁོར་ལོའི་ཚོགས་སྐྲག་མཛད། །ཀ་ཧ་ཀ་ཧའི་བཞད་སྒྲ་ཧི་ཧི་གནོད་སྦྱིན་སྐྲག་རེངས་མཛད། །བརྐྱང་བསྐུམ་ཚུལ་གྱིས་བཞུགས་ཤིང་བིང་ནི་ཤ་ནས་ལུས་ལ་རྣམ་པར་བརྒྱན། །བསྐལ་པ་གྲངས་མེད་རྒྱུན་མི་ཆད་པའི་དུས་ཀྱི་མཐར་ཡང་ནི། །ཧ་ན་ཧ་ན་ད་ཧ་ད་ཧ་ཕཊ་ཀྱི་མཛད་པ་ཅན། སྟོང་པའི་ངང་ལས་སྐུ་གསུང་ཐུགས་ཀྱི་སངས་རྒྱས་རྣམ་པར་འཕྲོས། །ཕྱིན་ཅི་ལོག་ཞེན་ལྡང་ན་མཐའ་དང་མ་ལུས་མེད་མཛད་ཅིང་། །གུ་ལུ་གུ་ལུ་ཛིཾ་ཛིཾ་ཡྃ་ཡྃ་དག་གིས་ཞི་བར་མཛད། །ནམ་མཁའི་མཐའ་དང་མཉམ་པའི་ཏིང་འཛིན་ཐུགས་ནི་རྣམ་པར་སྨིན། །བདེ་བ་ཆེན་པོའི་མགོན་པོ་ཁྱོད་ནི་མྃ་མྃ་ཞེས་ནི་མཛད་པ་ཅན། །སེམས་ཅན་དོན་དུ་ཐུགས་རྗེ་ཆེན་པོས་དགྱེས་པར་མཛད་པ་པོ། །ཨ་ལི་ཀ་ལིའི་རྣལ་འབྱོར་པ་ཡི་སྡོམ་པ་གསང་བར་མཛད་པ་ཅན། །བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མ་ཡི་དམ་ཚིག་མ་ལུས་སྟོན་པར་མཛད་པ་ཡི། །དཔལ་ཆེན་ཧེ་རུ་ཀ་དཔལ་བརྟན་གཡོའི་བདག་པོ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པས་ཅི་རིགས་པར་བསྟོད་པར་བྱའོ། །གསུམ་པ་གཏོར་མའི་མཆོད་པ་ནི། ཚོགས་ཀྱི་ཡོ་བྱད་རྣམས་མེ་རླུང་གི་སྦྱོར་བས་བྱིན་གྱིས་བརླབས་ཏེ་ཕུད་གཏོར་མར་འབུལ་ཞིང་། དེ་ནས། ཅི་ལྟར་བཤམས་པ་དེ་དག་སྭ་བྷ་བས་སྦྱངས་ཏེ། ཡྃ་ལས་རླུང་། རྃ་ལས་མེ། ཀྃ་ལས་ཐོད་པའི་སྒྱིད་པོ། ཨ་ལས་སྣོད་ཀ་པ་ལ། ནང་དུ་གྷོ་ཀུ་དྷ་ཧ་ན། བྷི་མུ་མ་ར་ཤུ་ལས་ཤ་ལྔ་བདུད་རྩི་ལྔ། ཧཱུྃ་བྷྲུྃ་ཨཱཾ་ཛིཾ་ཁྃ་ལས་ཡེ་ཤེས་ལྔའི་བདག་ཉིད་དུ་དམིགས་ཏེ། ཨོཾ་ཨཱ་ཧཱུྃ་ཟླ་བའི་དཀྱིལ་འཁོར་དང་བཅས་པ་ཁ་ཆོད་ཀྱི་ཚུལ་དུ་བལྟས་ནས། འོད་ཟེར་འཕྲོས་ཏེ་ཡེ་ཤེས་ཀྱི་བདུད་རྩི་བཀུག་ཅིང་རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ཨོཾ་ཨ་ར་ལི་ཞེས་བྱ་བའི་སྔགས་དང་། སོ་སོའི་སྔགས་ཀྱིས་དཀྱིལ་འཁོར་འཁོར་ལོ་ལ་ཕུལ་ཏེ། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་པར་བསམ་མོ། །དེ་ནས་འཇིག་རྟེན་པ་རྣམས་ལ་ཁ་ཁ་ལ་སོགས་པའི་སྔགས་ཀྱིས་འབྱུང་པོ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །དེ་དག་ཐམས་ཅད་ལ་པི་ཝང་མ་ལ་སོགས་པའི་ཕྱི་ནང་གི་མཆོད་པ་དང་། བསྟོད་པའི་བྱེ་བྲག་ཅི་རིགས་པར་བསྟོད་དོ། །འདོད་པའི་དོན་ལ་གསོལ་བ་གདབ་ཅིང་། ཡི་གེ་བརྒྱ་པས་མ་ཚང་བ་ཁ་བསྐང་བར་བྱའོ། །དེ་ནས་ལས་བྱེད་པས་པད་མ་ལ་སོགས་པའི་སྣོད་དུ། ཐབས་ཤེས་རབ་ཀྱི་རྫས་བཟུང་ནས། ངག་ཏུ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་ཟ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་ཅིག་པ་ཉིད་དུ་བཞེས། །ཨ་ཧོ་སུ་ཀ་ཞེས་བརྗོད་དོ། །ལེན་པ་པོས་ཀྱང་པད་བསྐོར་དང་བཅས་པས། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་དང་འཛིན་པ་རྣམས་པར་དག །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨལ་ལ་ཧོ་ཞེས་བླང་ངོ་། །དེ་ནས་དཔའ་བོ་དང་རྣལ་འབྱོར་མའི་རང་བཞིན་གྱིས་ནང་གི་སྦྱིན་བསྲེག་ལྟར་ལོངས་སྤྱད་དོ། །ཚོགས་ཀྱི་རྣལ་འབྱོར་ལྡན་པ་ཡིས། །ལྷ་སྔགས་ཏིང་འཛིན་མི་འབྲལ་ཞིང་། །དམ་ཚིག་རྫས་རྣམས་ལེགས་པར་སྤྱད། །བདེ་དང་སྟོང་པའི་དོན་དྲན་བྱ། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །བག་མེད་རྒོད་ཡང་གྱུར་པ་སྤང་། །རྡོ་རྗེའི་གླུ་སོགས་བླང་བྱ་ཞིང་། །ཚུལ་བཞིན་སྤྱད་པས་དངོས་གྲུབ་འགྱུར། །དེ་དག་ནི་དངོས་གཞིའི་ཆོ་གའོ། རྗེས་ཀྱི་ཆོ་ག་ལ་ལྷག་མ་རྣམས་བསྡུས་ལ་དངོས་སམ་ཡིད་ཀྱིས་འབར་བའི་ཕྱག་རྒྱས། ཆང་གི་ཁ་ཆུ་བཏབ་ལ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་ཨ་ཀ་རོའི་མཐར། ཨོཾ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙི་ཏ་བྷ་ལིང་ཏ་བྷ་ཀྵ་སི་སྭཱཧཱ། ཅེས་པ་གསུམ་མམ་བདུན་གྱིས་ལྷག་མ་ལ་དབང་བའི་འབྱུང་པོ་ཐམས་ཅད་ལ་སྦྱིན་པར་བྱའོ། །གཉིས་པ་བཀྲ་ཤིས་བརྗོད་པ་ནི། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་བྱུང་ཞིང་། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །རྡོ་རྗེ་ཕག་མོའི་པད་མར་རྡོ་རྗེ་རོལ་མཛད་མ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཕྱོགས་ཀྱི་པད་མའི་འདབ་མ་ལ། །རིགས་ཀྱི་ཡུམ་བཞི་དཔའ་བོ་ཕྱོགས་བཞིའི་ཞལ་ལ་གཟིགས། །པད་མའི་མུ་ཁྱུད་གྲི་གུག་ཕྲེང་བས་རྣམ་པར་མཛེས། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཚམས་ཀྱི་པད་མའི་འདབ་མ་ལ། །བྱང་ཆུབ་སེམས་དང་ཙན་དན་གུར་གུམ་དྲི་ཆེན་ཆུ། །དག་པའི་སྣོད་མཆོག་དགའ་བའི་རེག་པ་རྣམ་པར་སྤྱོད། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ནམ་མཁའི་དབྱིངས་ལས་ལེགས་སྤྱོད་པ། །འཁོར་ལོ་སྔོན་པོ་རྩིབས་བརྒྱད་མུ་ཁྱུད་རྡོ་རྗེའི་ཕྲེང་། །གནས་དང་ཉེ་བའི་གནས་སོགས་དཔའ་བོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ས་སྟེང་དག་ལ་ལོངས་སྤྱོད་པའི། འཁོར་ལོ་དམར་པོ་རྩིབས་བརྒྱད་མུ་ཁྱུད་པད་མའི་ཕྲེང་། །ཞིང་དང་ཉེ་བའི་ཞིང་སོགས་དཔའ་བོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་འོག་འགྲོའི་གནས་ལ་ལེགས་སྤྱད་པའི། །འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་འཁོར་ལོའི་ཕྲེང་། །འདས་དང་ཉེ་བའི་འདས་སོགས་དཔའ་བོ་གཉིས་མེད་རོལ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཕྱོགས་བཞི་དག་དང་མཚམས་རྣམས་སུ། །ཁ་གདོང་ལ་སོགས་མ་མོ་ཡིད་འོང་གཟུགས་གཉིས་ལྡན། ཐུགས་རྗེས་འགྲོ་བའི་དོན་མཛད་གདག་པ་ཀུན་འདལ་བའི། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དྲན་པ་ཉེར་བཞག་བཞི་རྣམས་དང་། །ཡང་དག་སྤོང་བ་རྫུ་འཕྲུལ་རྐང་བ་དབང་པོ་སྟོབས། །བྱང་ཆུབཕྱོགས་རྣམས་སུམ་ཅུ་རྩ་བདུན་ཡོངས་རྫོགས་པའི། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རིན་ཆེན་ཕ་གུས་མཛེས་པའི་གཞལ་ཡས་ཁང་། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་ཏུ་བརྒྱན་གྱུར་ཅིང་། །མུ་ཏིག་རྒྱན་ཕྲེང་གསེར་གྱི་ དྲིལ་བུ ་ལེགས་དཔྱད་པའི། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་རྟ་བབས་པད་མའི་འཁོར་ལོ་གདགས་ཀྱིས་མཛེས། །རི་དྭགས་བ་དན་བཅུ་དྲུག་ལེགས་པར་དཔྱངས་པ་ལ། །རླུང་བསྐྱོད་པ་ལས་ཆོས་ཀྱི་དྲིལ་བུའི་སྒྲ་འབྱུང་བའི། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་དར་ཁྲོད་བརྒྱད་ཀྱིས་ཡོངས་བསྐོར་བའི། །བྱང་ཆུབ་ཤིང་མཆོག་བརྒྱད་ནི་རབ་ཏུ་མཛེས་གྱུར་ཅིང་། །ཤ་ཟའི་གདོང་གཅན་བརྒྱད་ནི་རབ་ཏུ་གནས་གྱུར་པའི། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཡེ་ཤེས་མེ་བརྒྱད་འབར་བ་དང་། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་བརྒྱད་ནི་འདས་པ་ལས། །དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད་ནི་ལྷག་གྱུར་པའི། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་ཐུགས་རྗེའི་ཆུ་བཞི་འབབ་པ་དང་། །ཁ་གདོང་ལ་སོགས་གདོང་ཆེན་བརྒྱད་ཀྱིས་ཡོངས་སུ་བསྐོར། །རྣལ་འབྱོར་རྣལ་འབྱོར་མ་རྣམས་དར་ཁྲོད་བརྒྱད་ཀྱི་ནང་ན་མཛེས། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །གསུམ་པ་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་ནི། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །གྲུབ་པ་གསོལ་བ་བྱོན་པ་བཞིན། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་བྱོན་པར་མཛད་པར་ཞུ། །རྫོགས་སངས་རྒྱས་དང་ལྷ་རྣམས་དང་། །དེ་སྲས་རྣམས་དང་ཚངས་ལ་སོགས། །འཇིག་རྟེན་སྐྱོང་རྣམས་ཆོ་ག་འདིས། །མ་ཚང་མ་དག་བཟོད་པར་མཛོད། །ཞི་དང་བཀྲ་ཤིས་བདེ་ལེགས་ཤོག །ཡོན་བདག་དོན་ཆེན་བྱས་ནས་སུ། །སངས་རྒྱས་ཡུལ་དུ་གཤེགས་ནས་སུ། །སླར་ཡང་འབྱོན་བར་མཛོད་ཅིག་མུ། །གཙོ་བོ་ནུས་པ་མ་མཆིས་ཤིང་། །མ་འཚལ་བའམ་མ་རྙེད་པས། །མ་ཚང་པའམ་ལྷག་གྱུར་པ། །བྱས་པ་དེ་ནི་བཟོད་པར་མཛོད། །གསང་སྔགས་ཉམས་དང་བྱ་བ་ཉམས། །ཆོ་ག་ཉམས་པར་གྱུར་པ་རྣམས། །དེ་ནི་ལྷ་མོས་བཟོད་པར་འོས། །མངའ་བདག་མ་ཡིས་གནང་བར་ཞུ། །ལྷ་མོ་ཚད་མ་དམ་ཚིག་ཚད། །དེ་ཡི་གསུང་བརྗོད་མཆོག་ཏུ་ཚད། །བདེན་པ་དེ་དག་གིས་ལྷ་མོས། །བདག་དང་རྗེས་འཛིན་རྒྱུ་རུ་ཤོག །ཅེས་བརྗོད། དཀྱིལ་འཁོར་གྱི་འཁོར་ལོ་ཡི་གེ་བརྒྱ་པའི་སྔགས་བཟླས་ཏེ་བསྡུ་བར་བྱའོ། །འདིར་བརྗོད་པའི་རིམ་པ་ཡིས། །ཟབ་མོའི་རིམ་པ་ཇི་ལྟ་བར། །འཁོར་ལོ་སྔོན་དའང་གང་གསུངས་པ། །གཞན་དུ་ཐམས་ཅད་བྱ་བ་ཉིད། །ཟླ་ཕྱེད་ངོ་ཡི་ཚེས་བཅུ་ལ། །གཉིས་ཁར་ལྷ་མོ་མཆོད་པར་བྱ། །གཞོན་ནུ་མའམ་རྣལ་འབྱོར་མ། རྟག་ཏུ་ཆོ་ག་བཞིན་ཚིམ་བྱ། ཞེས་གསུངས་པའི་རིམ་པ་རྣམས་ལ་མན་ངག་ཇི་ལྟ་བ་བཞིན་དུ་དར་བར་བྱའོ། །བཞི་པ་དེ་ལྟར་མཆོད་པའི་བསོད་ནམས་དེ་དག་ནམ་མཁའ་དང་མཉམ་པའི་དོན་ད། བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བར་བྱའོ། །དེ་དག་ནི་རྗེས་ཀྱི་ཆོ་གའོ། །བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ཕྱི་རོལ་གྱི་མཆོད་པའི་ཆོ་ག་གསལ་བར་བྱེད་པ་ཞེས་བྱ་བ་རྫོགས་སོ། །འདི་བཀོད་དགེ་བས་བདག་དང་འགྲོ་དྲུག་སེམས་ཅན་རྣམས། །ཧེ་རུ་ཀ་དཔལ་བདེ་སྟོང་གཉིས་སུ་མེད་པའི་དཔལ། །འབྲས་བུའི་མངའ་བདག་དེ་དང་གཉིས་སུ་མེད་གྱུར་ཅིང་། །ཐབས་ཀྱི་རོལ་པས་སྲིད་ཞི་གཉིས་སུ་གར་བྱེད་ཤོག །འདི་ལས་འགལ་འཁྲུལ་གྱུར་པ་རྣམས། །བླ་མ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། སྦྲུལ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་ལ་ལྷ་སྟེངས་ཀྱི་རི་ཁྲོད་དུ་རང་བྱུང་རྡོ་རྗེས་དར་བའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག། །། ༈ བདེ་མཆོག་ལྷ་བཅུ་གསུམ་མའི་དབང་གི་ཆོ་ག་བཞུགས་སོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་དུ་རྟོག་པའི་ཡིད། །ལམ་དུ་ཞུགས་ཏེ་འཆིང་བྱེད་པའི། །མཆོག་མཐའ་དབུ་མའི་ལམ་གྱིས་ནི། །དོན་སྟོན་དེ་ལ་ཕྱག་འཚལ་ལོ། །ཡིད་ཀྱི་རྒྱུན་ནི་བཟློག་བྱའི་ཕྱིར། །རྒྱུ་ལ་འབྲས་བུའི་རྒྱས་གདབ་པ། །ལམ་དུ་ངེས་པར་སྣང་བའི་ཐབས། །བླ་མའི་གསུང་ལྟར་བཤད་པར་བྱ། །སློབ་དཔོན་སློབ་མ་གནས་དང་དས། །ཡོ་བྱད་ཡོངས་སུ་ཚང་ནས་ནི། །རྣམ་གསུམ་རྣམ་པ་བཅུ་བཞི་ཡི། །ཚུལ་གྱིས་བསྒྲུབ་བྱ་གཞན་དུ་མིན། །དེ་ལ་འདིར་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པས། མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་གྲངས་དང་མཚན་མའི་བསྙེན་པ་རྫོགས་ཤིང་། སློབ་མ་བཟང་པོས་གསོལ་བ་གདབ་པ་སྔོན་དུ་འགྲོ་བས། ལས་ལ་གསུམ་སྟེ། ས་ཆོག །སྟ་གོན། དངོས་གཞིའོ། །དང་པོ་ལ་བཞི། ས་སླང་བ་དང་། བརྟག་པ་དང་། དང་བ་དང་། བསྲུང་ཞིང་བྱིན་གྱིས་བརླབས་པའོ། །དང་པོ་ནི་དཀྱིལ་འཁོར་གང་དུ་བྲི་བའི་གནས་དེར་ཚོམ་བུ་དགོད་ཅིང་། མཆོད་པ་དང་གཏོར་མ་བཤམས་ཏེ། ལྷའི་རྣལ་འབྱོར་དང་ལྡན་པས་སའི་ལྷ་མོ་སེར་མོ་ལག་ན་བུམ་པ་ཐོགས་པ་བསྐྱེད་ཅིང་དགུག་སྟེ། ཆུ་བཞི་དང་མཆོད་པ་ལྔས་མཆོད་ཅིང་བསྟོད་དེ་གསོལ་བ་གདབ་པ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱིས་ཁྱད་པར་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྟོབས་བཅོམ། །རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི། །ཞེས་བརྗོད་པས་གནང་བ་བྱིན་པར་བསམ་ཞིང་། ཕྱོགས་དེའི་གཞི་བདག་ལ་གཏོར་མ་བྱིན་པར་བྱའོ། །དེ་ནས་གཉིས་པ་བརྟག་པ་ནི། །དཀར་པོ་ལ་སོགས་ཁ་དོག་ལྔ། །ཤིང་དོང་གྱོ་དུམ་གསེགས་མ་སོགས། །སྐྱོན་རྣམས་ཀུན་དང་རབ་བྲལ་བ། །དེ་ནི་ཤིས་པའི་མཚན་མ་བརྗོད། །གསུམ་པ་དང་བ་ནི། སྭ་བྷ་བའི་སྔགས་དང་རྩེ་གསུམ་གྱི་ཕྱག་རྒྱ་ས་ལ་བསྣུན་ཅིང་། ཧཱུྃ་ཧཱུྃ་ཞེས་ཉེས་པའི་ཚོགས་དང་ངོ་། །དེ་ནས་མཚན་ཉིད་དང་ལྡན་པའི་སྟེགས་བུ་ལེགས་པར་བྱས་ཏེ། ཉི་མ་དང་པོའི་བྱ་བའོ། །དེ་ནས་ཉི་མ་གཉིས་པའི་སྔ་དྲོ། བཞི་པ་བསྲུང་ཞིང་བྱིན་གྱིས་བརླབ་པ་ནི། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་འདག་ཅིང་རྒྱན་བགོས་ཏེ། ལས་བྱེད་པས་ཤར་ཕྱོགས་ནས། མཆོད་པ་དང་བསྟོད་པའི་ཡན་ལག་ཅི་རིགས་སུ་བྱས་ནས་བསྐུལ་བ་ནི། མཁའ་འགྲོ་མ་ཡི་ང་རྒྱལ་གྱིས། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་གཙོ་བོ་བཤད་དུ་གསོལ། །ཅེས་སོ། །ཡང་བྱང་ཕྱོགས་ནས་ལ་མའི་ང་རྒྱལ་གྱིས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་གོས་པ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ཞེས་སོ། །ནུབ་ཕྱོགས་ནས་དམ་སྐྱེས་མའི་ང་རྒྱལ་གྱིས། ཞི་བའི་ཆོས་ནི་མཆོག་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམ་དོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ཞེས་སོ། །ལྷོ་ཕྱོགས་ནས་གཟུགས་ཅན་མའི་ང་རྒྱལ་གྱིས། །མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་ཀུ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། །ཞེས་སོ། །དེ་ནས་རྐང་པ་གཉིས་སུ་ཧཱུཾ་ལས་རྡོ་རྗེ་དང་མིག་གཉིས་སུ་མ་དང་ཏ་ལས་ཟླ་བ་དང་ཉི་མ་བསམས་ཏེ། རྡོ་རྗེའི་ལྟ་བས་ཐམས་ཅད་དུ་བལྟས་ལ་གཡོན་གྱིས་ དྲིལ་བུ ་བཟུང་། གཡས་ཀྱིས་རྡོ་རྗེ་གསོར་ཞིང་ཁ་ཊྶཱྃ་ག་ལེགས་པར་འཁྱུད་ནས་བགེགས་བསྐྲད་པར་བྱའོ། །ས་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱིས། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲིན་པོ་ལ་སོགས་པ་གནས་ཀྱི་བདག་པོ་གང་སུ་ཡང་རུང་བ་ཁྱོད་བྱེར་ཅིག །མྱུར་དུ་སོང་ཅིག །འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་སོང་ཅིག །གང་དག་མི་འགྲོ་བ་དེ་དག་ངའི་རྡོ་རྗེ་འབར་བ་དང་། ཁ་ཊྶཱྃ་ག་འདིས་སྤྱི་བོ་རྣམ་པ་བརྒྱར་འགས་པར་བྱའོ་ཞེས་བརྗོད་དོ། །གཡས་བརྐྱང་གཡོན་བརྐྱང་ས་ག་ཟླུམ། །མཉམ་པའི་རྐང་སྟབས་ལ་སོགས་པའི། །གར་གྱིས་ཀུན་ཏུ་བསྐོར་བྱ་ཞིང་། །བགེགས་ལ་སོགས་པ་བསྐྲད་པར་བྱ། །ཞལ་བཞི་ལ་སོགས་སྔགས་ཀྱིས་ནི། །ཕུར་བུ་དྲ་བ་གུར་བྱའོ། །འདི་དག་གིས་ནི་སའི་ཆོ་གའོ། །གཉིས་པ་སྟ་གོན་ལ་བཞི་ལས། ལྷ་སྟ་གོན་དང་། བུམ་པ་དང་། སྦྱིན་བསྲེག་དང་། སློབ་མ་སྟ་གོན་ནོ། །དང་པོ་ལ་གསུམ་ལས་གདན་དགོད་པ་ནི། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་ལྷ་གྲངས་དང་མཉམ་པ་དགོད་ཅིང་། ཚོམ་བུ་མཉམ་པ་བཀོད་ནས་མཆོད་པ་བཤམ། གཉིས་པ་བསྐྱེད་ཅིང་མཆོད་བསྟོད་བྱ་བ་ནི། བདུད་རྩི་མྱང་བ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་བསྐྱེད་ལ། ཡེ་ཤེས་ཀྱི་འཁོར་ལོ་དགུག་ཅིང་། མཆོད་པ་དང་བསྟོད་པ་ཅི་རིགས་སུ་བྱའོ། །གསུམ་པ་སྙན་གསན་དབབ་པ་ནི། གཉིས་མེད་ཡེ་ཤེས་ལས་བྱུང་པ། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པ་གཙོ་བོ་ཁྲག་འཐུང་དཔལ། །ཕག་མོ་ལྷན་ཅིག་ཡང་དག་ལྡན། །གང་ཞིག་ཕྱོགས་བཅུའི་དཔའ་བོ་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་བཞེས་པས། །ནང་པར་དཀྱིལ་འཁོར་བྲི་བགྱི་འཚལ། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །ཉེ་བ་རུ་ནི་མཛད་པའི་རིགས། །ཞེས་སྙན་གསན་དབབ་ནས། གནང་བ་བྱིན་པར་བསམ་མོ། །གཉིས་པ་བུམ་པ་སྟ་གོན་ནི། ལེགས་པར་བཤམས་ཏེ། བདག་བསྐྱེད་པ་དང་ཐ་དད་མེད་པར་བུམ་པ་གཞལ་ཡས་ཁང་གི་རྣམ་པའི་ནང་ད། བཅོམ་ལྡན་འདས་འཁོར་དང་བཅས་པ་བསྐྱེད་ལ། བཟླས་པའི་མན་ངག་ལྟར་བསྙེན་པར་བྱའོ། །ལས་བུམ་ལ་བགེགས་མཐར་བྱེད་དང་། ཁན་དྷ་རོ་ཧི་གང་རུང་བསྐྱེད་ཅིང་བཟླས་པ་བྱའོ། །དེ་དག་ཐམས་ཅད་ལ་མཆོད་བསྟོད་ཅི་རིགས་པ་བྱས་ཏེ། སླར་ཡེ་ཤེས་ཀྱི་ཆུར་བྱིན་གྱིས་བརླབ་པོ། །སྦྱིན་བསྲེག་ནི་གཞན་དུ་ཤེས་སོ། །བཞི་པ་སློབ་མ་སྟ་གོན་དུ་གནས་པ་ལ་གཉིས་ཏེ། དོར་བ་དང་སྟ་གོན་དངོས་སོ། །དང་པོ་ལ་གསུམ་ལས། ཐོག་མར་ཁྲུས་བྱ་ཞིང་མཎྜྻལ་ཕུལ་ལ་གསོལ་བ་གདབ་པ་ནི། རྡོ་རྗེ་ཁྲོས་པ་མཛེས་པ་ཡི། །བདག་གི་སྟོན་པ་དགའ་ཆེན་ཁྱོད། །སེམས་ཅན་ཀུན་གྱི་དོན་བརྩོན་པ། །མགོན་པོ་དམ་ཚིག་བདག་ལ་སྩོལ། །བསྒོམ་པའི་ཆོས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་རྩོལ། །ཀུན་དུ་རྟོག་པ་སྤངས་པ་ཡི། །གྲོང་ཁྱེར་ཉམས་དགར་འཇུག་པར་འཚལ། །ཞེས་ལན་གསུམ་གསོལ་བ་གདབ་པོ། །དེ་ནས་གཉིས་པ་སློབ་མ་རྣམས་གཞན་དོན་ལ་བསྐུལ་བ་ནི། འདི་ལྟར་ལམ་ཐེག་པ་ཆེན་པོ་ལ་འཇུག་པར་བྱེད་པ་ལ། གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་རྩེ་གཅིག་པ་དགོས་སོ་ཞེས་གདམས་པ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་ནི་འཇིག་རྟེན་ཕ་རོལ་གཉེར། །སླར་ཡང་དད་དང་ལྡན་པ་ཡིས། །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་པར་བྱ། །འདི་ཡི་འབྲས་བུ་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །འབད་པ་མེད་པར་འདི་འབྲས་འགྲུབ་། །ཞེས་པས། འདི་ལྟར་དོན་ད་གཉེར་བ་བསམ་པ་བརྟན་པོ་དང་ལྡན་པས། མྱུར་དུ་སངས་རྒྱས་ཐོབ་པར་འགྱུར་ཏེ། དས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ལམ་ཟབ་མོ་འདི་ལ་བརྟེན་ནས་འབྲས་བུ་མངོན་དུ་བརྙེས་པ་ཡིན་པས། ཁྱེད་རྣམས་ཀྱང་དེ་ལྟར་བསྒྲུབས་ཤིག །ཅེས་བརྗོད་དེ། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱེད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་དུ་ཡང་མ་བྱོན་དང་། །ད་ལྟར་བྱུང་བའི་དཔའ་བོ་གང་། འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་བ་ཡིས། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤེས་རབ་ཀྱིས། །ལུས་དང་གཉིས་མེད་ཀུན་མཁྱེན་མཉེས། །གསང་སྔགས་སྤྱོད་པ་མཉམ་མེད་མཉེས། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་ཟད་པའི། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་གཉིས་མེད་པའི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་དེ་དག་གི་དོན་ཡང་ཅུང་ཟད་བཤད་དོ། །དེ་ནས་གསུམ་པ་ནི་གཉིས་ལས། དང་པོར་ཚོགས་བསགས་པའི་དོན་དུ་ཡན་ལག་བདུན་པ་བྱས་ཏེ། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། བླ་མ་རྣམས་དམིགས་ལ་མཆོད་པ་རྣམས་ཀྱིས་མཆོད་ལ་ཕྱག་འཚལ་ཏེ། སྡིག་པ་བཤགས། བསོད་ནམས་ལ་རྗེས་སུ་ཡིད་རང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ། ལམ་རྟེན་ཅིང་དགེ་བ་གཞན་དོན་དུ་བསྔོ་བའི་བསམ་པ་བསྐྱེད་དེ། ལད་མོ་གྱིས་ཞེས་བརྗོད་དེ། ཕྱོགས་བཅུ་དས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །མ་ལུས་བདག་ལ་དགོངས་སུ་གསོལ། །འཁོར་བ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ཐུག་གི་བར། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །ལུས་ངག་ཡིད་གསུམ་སྒོ་ནས་ནི། །སྡིག་པ་དཔག་མེད་བགྱིས་པ་དང་། །བགྱིད་དུ་བསྩལ་དང་ཡིད་རང་ངོ་། །ཁྱེད་ཀྱི་སྤྱན་སྔར་བཤགས་པར་བགྱིད། །སླན་ཆད་བདག་ནི་མི་བགྱིད་དོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་རང་རྒྱལ་ཉན་ཐོས་ཀྱིས། །ཡན་ལག་རྣམས་ཀྱང་བཟུང་བར་བགྱིད། །འགྲོ་རྣམས་ཀུན་གྱི་དགེ་བ་ལ། །བདག་ནི་རྗེས་སུ་ཡིད་རང་ངོ་། །བདེ་གཤེགས་ཆོས་སྐུ་ལ་བཞུགས་ཏེ། །འགྲོ་བ་ཀུན་ལ་ཕན་དོན་ད། །ཆོས་ཀྱི་འཁོར་ལོ་བསྐོར་བ་བགྱི། བདག་ནི་རྟག་ཏུ་གསོལ་བ་འདེབས། །བདེ་གཤེགས་མཛད་པ་མཐར་ཕྱིན་ནས། །མྱ་ངན་འདའ་བར་བཞེད་པ་ལ། །བསྐལ་པའི་མཐའ་མར་བཞུགས་པར་ནི །བདག་ནི་རྟག་ཏུ་གསོལ་བ་འདེབས། །ལུས་ངག་ཡིད་གསུམ་དགེ་བ་དེ། །བགྱིས་སམ་བགྱིད་དུ་སྩལ་པ་གང་། །རྗེས་སུ་ཡིད་རང་དེ་དག་ནི། །འགྲོ་རྣམས་ཀུན་གྱིས་ཐོབ་པར་ཤོག །བདེ་མཆོག་ཤེས་རབ་བདག་ཉིད་ཅན། །བླ་མར་བཅས་པ་ཐམས་ཅད་ལ། །བདག་ནི་རྟག་ཏུ་གསོལ་བ་འདེབས། བདག་གིས་ལུས་འདི་འབུལ་བ་ཡིས། །ཐེག་པ་དམན་ལ་མི་འཇུག་ཅིང་། །ཐེག་མཆོག་བླ་ན་མེད་པ་ཡི། །ལམ་ཅིག་བདག་ལ་བསྟན་དུ་གསོལ། །ཞེས་བརྗོད་དེ། དེའི་རྗེས་སུ་གཉིས་པ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པའི་ཆོ་ག་རྒྱས་བསྡུས་ཅི་རིགས་པ་སྦྱིན་པར་བྱའོ། །ཤིན་ཏུ་བསྡུས་པར་བྱེད་ན། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲུང་ད། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པའི་བསམ་པས་ངག་ཏུ་བརྗོད་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཅི་ལྟར་དས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་ནི་བསྐྱེད་པར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་མོ། །གཉིས་པ་སྟ་གོན་དངོས་ལ་ལྔ་ལས། དང་པོ་རིགས་བརྟག་པའི་དོན་དུ་སོ་ཤིང་སྦྱིན་པ་ནི། མཎྜྻལ་ལྟ་བུའི་སྟེང་དུ་དོར་དུ་གཞུག་པ་ནི། སློབ་དཔོན་གྱིས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ལ་སྦྱིན་པར་བྱའོ། །དེ་ནས་དེའི་རྩེ་མོས་སོ་འབྲུ་བ་ཙམ་དང་། སོས་ནེམ་ཙམ་བྱས་ལ་ཐལ་མོའི་བར་དུ་བཅུག་ནས། མདུན་དྲང་པོར་དོར་བར་བྱའོ། །དེའི་རྩེ་མོ་གྱེན་དུ་འགྲེང་ན། མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཤར་དུ་བལྟས་ན་གྲུབ་ཆེན་བརྒྱད་འབྱུང་ལ། ལྷོར་བལྟས་ན་འཇིག་རྟེན་པའི་དངོས་གྲུབ་འགྲུབ་ལ། ནུབ་ཏུ་བལྟས་ན་ཆོས་སྨྲ་བ་ལ་དབང་བར་འགྱུར་ཞིང་། བྱང་དུ་བལྟས་ན་འཕྲིན་ལས་རྣམ་བཞི་འགྲུབ་པར་འགྱུར་རོ། །ཐུར་དུ་བལྟས་ན་ས་འོག་གི་དངོས་གྲུབ་འགྲུབ་པོ། །ཡང་ཕྱོགས་བཞི་ལ་འཕྲིན་ལས་རྣམ་བཞི་ལ་ཤིས་པར་བསྟན་ནོ། །གཉིས་པ་དྲི་མ་དག་པའི་དོན་དུ་སྐྱོར་ཆུ་བླུད་པ་ནི། མ་ད་ན་བྱིན་གྱི་བརླབས་ལ། ཧུབ་རེ་འཐུང་དུ་བཅུག་ནས། ངག་ཏུ། ཨོཾ་བི་ཧྲི་དེ་བྷུད་དྷ་དྷརྨཱ་པ་པྃ་ན་མ་དྱ་ཤོ་དྷ་ཡ། སརྦ་པི་ཀ་རྨ་ས་ཡ་ཧཱུྃ། ཞེས་བརྗོད་དོ། །གསུམ་པ་བར་ཆད་ཞི་བར་དོན་དུ་བསྲུང་སྐུད་གདགས་པ་ནི། སྐུད་པ་དམར་པོ་ལ་སྔགས་ཀྱི་མདུད་པ་རེ་བྱས་ལ་སྐྱེས་པའི་དཔང་པ་གཡོན་དང་། བུད་མེད་ཀྱི་གཡས་ལ་གདགས་སོ། །བཞི་པ་རྨི་ལམ་བརྟག་པ་ནི་དོན་དུ་ཀུ་ཤ་སྦྱིན་ལ། ཀུ་ཤའི་ཆུན་པོ་གཉིས་བྱས་ལ་ཅིག་ལག་པ་གཡས་སུ་གཏད་ལ། བཛྭ་སྭ་ཏྭ་ཞེས་བྱའོ། །ཅིག་གཡོན་དུ་གཏད་ལ་བཛྭ་ཏིག་ཎ་ཞེས་བརྗོད་དེ། གནས་དེ་ཉིད་དུ་གཡས་ཀྱི་ཀུ་ཤ་སྔས་སུ་བཅུག་ལ། གཡོན་གྱི་ཀུ་ཤ་སྟན་འོག་ཏུ་བཅུག་ནས་ཉལ་ལ་རྨི་ལམ་ཐོབ་ཅིག་ཅེས་བྱའོ། །ལྔ་པ་སྤྲོ་དགའ་བསྐྱེད་པའི་དོན་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་བཤད་པ་ནི། ཁྱེད་རྣམས་མ་ཡེངས་པར་ཉོན་ཅིག་བྱས་ལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཐམས་ཅད་མཁྱེན་པ་འབྱུང་མི་འགྱུར། །རྒྱ་ལམ་ན་ཡང་རེས་འགའ་ཞིག །ཨུ་དམ་འབར་བའི་མེ་ཏོག་བཞིན། །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་སངས་རྒྱས་བྱེད་པ་ཡིན། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་བྱས་པ་ཡི་སྡིག་པ་གང་། །དེ་ཀུན་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ། །ཞེས་བརྗོད་པའི་དོན་ཡང་ཅུང་ཟད་བཤད་དོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་དང་ཚོགས་དང་གཏོར་མ་བྱས་ཏེ། ནང་པར་གྱི་དས་སུ་རྨི་ལམ་དྲིས་ལ་རྨི་ལམ་ངན་ན་ཞལ་བཞི་པའི་སྔགས་ཀྱིས་བཟློག་པར་བྱའོ། །བཟང་པོ་རྨི་ན་དངོས་གྲུབ་རབ་ཕྱག་རྒྱ་ཆེན་པོ། འབྲིང་གྲུབ་ཆེན་བརྒྱད་ཐ་མ་ཡང་ཚེ་དང་ལོངས་སྤྱོད་འགྲུབ་བོ། །ཞེས་ལུང་བསྟན། དེ་དག་ནི་ནུབ་གཉིས་པའི་ཆོ་གའོ། །གསུམ་པ་དཀྱིལ་འཁོར་ཞག་གི་ཆོ་ག་ལ་གཉིས་ཏེ། དཀྱིལ་འཁོར་གྱི་བྱ་བ་དང་། །དབང་བསྐུར་བའོ། །དང་པོ་ལ་ཐིག་གདབ་པ་དང་། བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་བྲི་ཞིང་ཕྱག་མཚན་དགོད་པའི་བར་ཚོགས་པས། དཀྱིལ་འཁོར་བྲི་བའོ། །གཉིས་པ་དཀྱིལ་འཁོར་བསྒྲུབ་པ་ལ་གཉིས་ལས། དམ་ཚིག་བསྒྲུབ་པ་ནི། མཆོད་པ་ལ་སོགས་པ་བཤམས་ཏེ། རྡོ་རྗེ་སློབ་དཔོན་གྱིས་མཆོད་པ་སྔོན་དུ་འགྲོ་བས། རྡུལ་ཚོན་གྱི་དཀྱིལ་འཁོར་འཁོར་ལོ་བསྐྱེད་དོ། །དེ་ནས་མན་ངག་བཞིན་དུ་ཡེ་ཤེས་པ་བཀུག་ཅིང་། སྟ་གོན་གྱི་ལྷ་དང་གཉིས་སུ་མེད་པར་བྱས་ཏེ། དེ་ཉིད་དུ་གཞུག་པར་བྱའོ། །དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པས་ལེགས་པར་བརྒྱན་པའོ། །གཉིས་པ་སློབ་དཔོན་བདག་ཉིད་དབང་བྱིན་བརླབས་དང་ལྡན་པར་བསྒྲུབ་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་གསལ་བར་དམིགས་པའི་མདུན་དུ་མཆོད་པ་ལ་སོགས་པ་སྔོན་ད༧ུ་སོང་བས་ཚིགས་སུ་བཅད་པ་འདོན་སྟེ། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །བདེ་མཆོག་འཁོར་ལོ་བདག་བསྒྲུབ་མཛོད། །དཀོན་མཆོག་ཡོན་ཏན་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་གྲུབ་མཛོད། །ཤིན་ཏུ་དགའ་བའི་ཀུན་གྱི་མཆོག གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་བདག་ཉིད་ཅན། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ཕྱག་རྒྱ་མཆོག །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་པ་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཆོག་གི་དམ་ཚིག་མཆོག །ཅེས་སོ། །དེ་ནས་ཚིགས་སུ་བཅད་པ་རྣམས་ཀྱིས་བདེན་པའི་བྱིན་བརླབས་བྱ་སྟེ། ཤེས་རབ་ཐབས་བདག་དཀྱིལ་འཁོར་ད། །བདེན་པ་གང་གི་ཡེ་ཤེས་མཆོག །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །དེ་བཞིན་དེ་ཁོ་ཉིད་ལས་བྱུང་། །བདེན་པ་འདི་ཡིས་དཀྱིལ་འཁོར་ད། །གཟུགས་བརྙན་གསལ་བ་སློབ་མ་ནི། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་སོ། །དེ་ནས་ཆོ་གའི་རིམ་པ་ཅི་རིགས་པས་ངག་ཏུ་བརྗོད་ཅིང་ཏིང་ངེ་འཛིན་གཙོ་ཆེ་བའི་ཚུལ་གྱིས་དབང་བླང་བར་བྱའོ། །ད་ནི་དབང་བསྐུར་བ་དངོས་ལ་གསུམ། འཇུག་པ་དང་། དངོས་གཞི་དང་། རྗེས་སོ། །དང་པོ་ལ་ཕྱི་ནང་གཉིས་ལས་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་ལ་ལྔ་ལས། དང་པོ་ནི་ལས་ཀྱི་བུམ་པས་ཁྲུས་བྱས་ཏེ། མཎྜྻལ་ཕུལ་ཞིང་ཡོལ་བའི་ཕྱི་རོལ་དུ་གནས་པ་ལ། སློབ་དཔོན་གྱིས་ཀུན་ལ། ཀྱེ་དགའ་ཞིང་སྡུག་པ་ཁྱོད་སུ་ཡིན་ཞེས་དྲི་བར་བྱ། དེ་ནས་ཀུན་གྱིས་ཀྱེ་བདེ་བ་ཆེན་པོ། བདག་ནི་སྐལ་བ་བཟང་པོ་བོ་ཞེས་ལན་གསུམ་བརྗོད་དོ། །སངས་རྒྱས་མཆོག་གི་དམ་ཚིག་ནོད་འཚལ་ལོ། །ཁྱོད་ནི་དེ་ལྟར་ཡིན་ཕན་ཆོད་འཁོར་ལོ་བདེ་མཆོག་དམ་ཚིག་གི་དཀྱིལ་འཁོར་དུ་སེམས་བསྐྱེད་ཅིག ཅེས་བརྗོད། གཉིས་པ་གསོལ་བ་གདབ་པ་ནི། རྒྱས་པར་བྱེད་ན་ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་ལ་སོགས་པ་བྱའོ། །བྱེ་བྲག་ཏུ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །ཅེས་སོ། །དེ་ནས་སློབ་དཔོན་གྱིས་དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཞེས་བརྗོད་ནས་གདོང་བཅིང་སྟེ་ནང་དུ་གཞུག་པར་བྱའོ། །གསུམ་པ་ཕྱག་བྱ་བ་ནི། རིམ་པ་ལྟར་གནས་གསུམ་དུ་ཕྱག་བྱ་སྟེ། ཨོཾ་ན་མ་ཏེ་ཧཱུྃ། ན་མ་མི་ཧཱུྃ་སྭཱ་ཧཱ། ན་མོ་ན་མ་ཧཱུྃ་སྭཱ་ཧཱ། ཞེས་ཕྱག་བྱའོ། །བཞི་པ་བདུན་རྣམ་དག་དང་སེམས་བསྐྱེད་པ་ནི། སྟ་གོན་གྱི་སྐབས་ནས་བཤད་པ་ལྟར་རམ། ཡང་ན་སྡིག་པ་བཤགས་པ་ལ་སོགས་པའི་བསམ་པ་བསྐྱེད་དེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡིད་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །འགྲོ་བ་ཀུན་གྱི་དོན་གྱི་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ཞེས་ལན་གསུམ་གྱིས་ཐུན་མོང་གི་སེམས་བསྐྱེད་དོ། །དེ་ནས་རིགས་ལྔའི་དམ་ཚིག་དང་སྡོམ་པ་སྦྱིན་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འདི་ནི་སངས་རྒྱས་རིགས་ཡིད་འོང་། །སྡོམ་པ་བརྟན་པར་འགྱུར་པ་ཡིན། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་ དྲིལ་བུ ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བྱས་ཏེ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་གསལ་རྟག་ཏུ་ནི། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་མ་ལུས་གཟུང་། །འདི་ནི་པད་མའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ཞེས་བརྗོད་ཅིང་ཁས་བླང་ངོ་། །དེ་ནས་ཁྱད་པར་གྱི་སེམས་བསྐྱེད་པ་ནི། སློབ་མ་ལྷར་བསམ་པའི་སྙིང་ཁར་ཟླ་བའི་སྟེང་དུ་རྡོ་རྗེ་ཧཱུྃ་གིས་མཚན་པ་ལ་སེམས་གཏོད་ལ་བདེ་སྟོང་དུ་ཞོག་ཅིག་ཅེས་བརྗོད་དེ། ཨོཾ་ཡོ་ག་ཙིཏ་ཨུ་པ་ཏ་ཡ་མི། སུ་ར་ཏ་ས་མ་ཡ་སྟྃ། བྷོ་དྷེ་ཙི་ཏ་བཛྭ་ཡ་ཏ་སུ་ཁྃ། དེང་རྡོ་རྗེ་རྣལ་འབྱོར་སེམས་བསྐྱེད་ཅིག ཅེས་བརྗོད་དོ། །ལྔ་པ་ནི་སྐྱེས་པ་ལ་དཔའ་བོའི་གོ་ཆ། བུད་མེད་ལ་དཔའ་མོའི་གོ་ཆས་བསྲུང་བར་བྱའོ། །དེ་དག་ནི་ཕྱིའི་འཇུག་པའོ། །གཉིས་པ་ནང་གི་འཇུག་པ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གསུམ་ལས། ཕན་ཡོན་བསྒྲགས་པ་ནི། དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་སེམས་བསྐྱེད་པར་བྱས་ཏེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་མོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་གྱུར་ན། དངོས་གྲུབ་གཞན་ལྟ་ཅི་ཞིག་སྨོས་ཀྱིས། ཁྱོད་ཀྱིས་འཁོར་ལོ་མ་མཐོང་བ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱ་སྟེ། དམ་ཚིག་ཉམས་པར་གྱུར་ཏ་རེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་ཞུགས་པ་ནི། །གལ་ཏེ་ཚུལ་འདི་སྨྲ་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཅེས་སོ། །གཉིས་པ་ཆུ་བླུད་པ་ནི། མ་ཌ་ཎྃ་ལྕེ་ཐོག་ཏུ་བཞག་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འཐོབ། ཨོཾ་པཉྩྨ་ཨ་མྲི་ཏ་མུད་ཁ་ཀ་ཋ་ཋ་ཋ་ཧཱུྃ། གསུམ་པ་རྡོ་རྗེ་སློབ་དཔོན་གྱི་དམ་ཚིག་ནི། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། གང་ངས་འདི་བྱོས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱའོ། །ཁྱོད་ང་ལ་བརྙས་པར་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། གཉིས་པ་དངོས་གྲུབ་ལ་དྲུག་ལས། དང་པོ་ནི། མཎྜྻལ་ཕུལ་ནས་ངག་ཏུ། དཔའ་པོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་བརློབས་ལ། དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག ཅེས་བརྗོད་དོ། །དེ་ནས་གཉིས་པ་ལུས་ཀྱི་གནད་དང་ཏིང་ངེ་འཛིན་འབྲེལ་པས་ཇི་སྐད་བཤད་པའི་བདུག་སྤོས་བསྲེག་ཅིང་། སྔགས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་དབབ་པར་བྱའོ། །ཇི་སྲིད་ཕེབས་པའི་མཚན་མ་མ་བྱུང་གི་བར་དུའོ། །གསུམ་པ་རྡོ་རྗེའི་གླུ་བླང་བ་ནི། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་འདི། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །སྣང་ཙམ་ཉིད་ན་སེམས་སུ་འདུག །སེམས་རྣམས་ཀུན་གྱི་དེ་ཉིད་ནི། །བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྣམ་པར་མི་རྟོག་བསམ་མི་ཁྱབ། །གསལ་བ་དེ་ཡི་ངོ་བོར་སྣང་། །མོས་པ་དུ་མའི་སེམས་ཅན་ལ། །ཐབས་རྣམས་སྣ་ཚོགས་བསྟན་པ་སྟེ། །སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡིས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །བསམ་གྱིས་མི་ཁྱབ་གོ་འཕང་ཐོབ། །འདི་བླ་མ་རྣམས་ཀྱི་བྱིན་བརླབས་ཡིན། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་འགྱུར། །ཞེས་བརྗོད་ལ་ དྲིལ་བུའི་སྒྲ་ལྟ་བུ ་ལ་སེམས་གཏོད་ལ་རྩེ་ཅིག་ཏུ་ཀློད་ལ་ཞོག་ཅིག་ཅེས་བྱའོ། །བཞི་པ་མེ་ཏོག་དོར་བ་ནི། དཀྱིལ་འཁོར་གྱི་ཤར་ཕྱོགས་བསལ་ཞིང་དབུས་སྣང་བར་བྱས་ལ། མེ་ཏོག་ཐལ་མོའི་བར་དུ་བཅུག་ཅིང་བརྐྱང་ལ། ཁྱོད་ཀྱི་སྐྱེ་བ་སྔ་མའི་ལས་འཕྲོ་ཡོད་པའི་ཡི་དམ་ལྷ་ལ་ཕོག་པར་གྱུར་ཅིག་སྙམ་དུ་སེམས་ལ་ དྲིལ་བུ ་བསིལ་བ་དང་། དོར་ཅིག་བྱས་ལ་འདི་སྐད་དུ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་རྣམས་ཀྱི་ནི་རིགས་ཅི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །པྲཉྫྱ་ཛི་བཛྭ་ཧོ་ཞེས་བརྗོད་དོ། །གཉིས་པ་སློབ་དཔོན་གྱི་རིགས་གང་ལ་ཕོག་པ་བརྟགས་ལ་བླངས་པས། ལྷ་དེ་མེ་ཏོག་དང་གཉིས་སུ་མེད་པར་བསམས་ལ། སློབ་མའི་སྤྱི་བོར་བསྟིམས་ནས། འདི་སྐད་དོ། །སེམས་ཅན་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གཟུང་བར་གྱིས། །ཞེས་བརྗོད་དེ། དབུས་སུ་ནི་ཞེ་སྡང་རྡོ་རྗེ། ལྷ་མོ་བཞི་ལ་ནི་སེར་སྣ་རྡོ་རྗེ། སྒོ་མཚམས་མ་རྣམས་ལ་ནི་ཕྲག་དོག་རྡོ་རྗ། ལྔ་པ་སྤྱན་དབྱེ་བ་ནི། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་མ་མཛད། །མིག་ནི་ཡང་དག་འབྱེད་མཛད་དེ། །རྡོ་རྗེ་མིག་ནི་བླ་ན་མེད། །ཨོཾ་བཛྭ་ནེ་ཏྲ་ཨ་པ་ཧ་ར་པ་ཌ་ལཾ་ཧྲི། དྲུག་པ་དཀྱིལ་འཁོར་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང་། །དངོས་གྲུབ་ཕུན་ཚོགས་ཁྱོད་མངོན་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་པ་དང་། གསང་སྔགས་ལ་ཡང་བརྩོན་པར་གྱིས། ཞེས་བྱ་བ་དང་ཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་དག་པ་ལ་སོགས་པ་བསྟན་ཏོ། །དེ་དག་ནི་ནང་གི་འཇུག་པའོ། །ད་ནི་དབང་བསྐུར་བ་དངོས་ལ་གསུམ་ལས། དང་པོ་གསོལ་བ་གདབ་པ་ནི། ཕྱག་བྱས་ཏེ་མཎྜྻལ་ཕུལ་ནས། འདི་སྐད་དུ། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །ཞེས་ལན་གསུམ་མོ། །གཉིས་པ་དབང་ལ་བཞི་ལས། ཐོག་མ་བུམ་དབང་ལ་གཉིས་ཏེ། དངོས་དང་། དེ་དང་རྗེས་སུ་འབྲེལ་པའི་རྡོ་རྗེ་སློབ་དཔོན་ནོ། །དང་པོ་ལ་ལྔ་ལས། ཆུ་དབང་ནི་རྣམ་པར་རྒྱལ་བའི་བུམ་པ་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོར་སློབ་མའི་ལུས་གཞུག་ཅིང་། ཏིང་ངེ་འཛིན་བརྟན་ཏེ། ཅི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཞེས་རྩ་བའི་སྔགས་དང་ཨ་བྷི་ཥིཉྩྨ་ཏུ་མྃ་ཞེས་བརྗོད་དེ། དེ་དེ་རིགས་དྲུག་པ་འཁོར་ལོ་བདེ་མཆོག་འཁོར་ལོའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག རྣམ་པར་ཤེས་པའི་ཕུང་པོ་མི་དམིགས་པ་ལས། མེ་ལོང་ལྟ་བུའི་ཡེ་ཤེས་སུ་གནས་གྱུར་པ་ལ་དབང་བའི་ནུས་པ་བསྐྱེད། རིགས་དྲུག་པ་རྡོ་རྗེ་སེམས་དཔའ་ཡིས་དབུ་རྒྱན་པར་བསྒོམ་ཞེས་བརྗོད་དོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་རིན་ཆེན་རིགས་སུ་མངོན་པར་དགུག་ཅིང་བསྟིམ་སྟེ་ཅོད་པན་གྱི་དབང་སྦྱིན་པ་ནི། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡིས། །རིན་ཆེན་དག་པའི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་བར་བྱ། །ཨོཾ་ཤྲཱི་རཏྣ་ཧེ་ཧེ་རུ་རུ་ཀྃ་ཀྃ་ལ་སོགས་པས་དབང་བསྐུར། །དེ་ནས་སྣང་བ་མཐའ་ཡས་པད་མ་ཧེ་རུ་ཀའི་རྣམ་པར་དགུག་ཅིང་། རྡོ་རྗེའི་དབང་བསྐུར་བ་ནི། ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ནི་དབང་བསྐུར་ཏེ། །འདི་ནི་སངས་རྒྱས་ཐམས་ཅད་དེ། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ལོང་། །པད་མ་ཧེ་རུ་ཀ་ཞེས་པའི་སྔགས་ཀྱིས་དབང་བསྐུར་རོ། །དེ་ནས་དོན་ཡོད་གྲུབ་པ་ཧེ་རུ་ཀའི་རང་བཞིན་དུ་དགུག་ཅིང་། དྲིལ་བུའི་དབང་བསྐུར་བ་ནི། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཀར་མ་ཧེ་ཧེ་རུ་རུ་ཀྃ་ཞེས་བྱ་བའི་སྔགས་ཀྱིས་དབང་བསྐུར་རོ། །དེ་ནས་རྣམ་པར་སྣང་མཛད་ཧེ་རུ་ཀའི་རང་བཞིན་དུ་དགུག་ཅིང་རྡོ་རྗེ་དང་དྲིལ་བུས་འཁྱུད་པའི་ཚུལ་དུ་བྱས་ཏེ་མིང་གི་དབང་བསྐུར་བ་ནི། རྡོ་རྗེ་དྲིལ་བུས་ཡང་དག་འཁྱུད། །གཡོན་སྙེམས་མ་དང་སྒྲོས་འཛིན་མ། །གཉིས་མེད་གཉིས་འཛིན་རྣལ་འབྱོར་བདག །ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས། །ཤྲི་བྷུད་དྷ་ཧེ་ཧེ་རུ་རུ་ཀྃ་ཞེས་བྱ་བའི་སྔགས་དང་། ཀྱེ་དཔལ་རྡོ་རྗེ་གེ་མོ་དེ་དང་རྗེས་སུ་འབྲེལ་བའི་རྗེས་སུ་གནང་བ་གསུམ་སྟེ། ཐོག་མར་རྡོ་རྗེའི་བརཏལ་ཤུགས་ནི། སློབ་མ་ཧེ་རུ་ཀར་གསལ་བའི་ལག་པ་གཡས་སུ་དམ་ཚིག་གི་རྡོ་རྗེ་བྱིན་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཧེ་རུ་ཀ་དཔལ་བརཏལ་ཤུགས་ཅན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིད་དྷི་བཛྭ་ས་མ་ཡ་ཏི་སྟཾ། ཨེ་ཤ་ཏྃ་དྷ་ར་ཡ་མི་ཧཱུྃ་ཧ་ཧ་ཧ་ཧ་ཧོ་ཧོ། ཞེས་སྦྱིན་ནོ། །དེ་ནས་སྤྱོད་པ་དང་འབྲེལ་བའི་རྗེས་གནང་ནི། ཁ་ཊྶཱྃ་ག་ལ་སོགས་པ་ལག་ཏུ་གཏད་དེ། འདི་སྐད་དོ། །ཧེ་རུ་ཀ་དཔལ་ཁ་ཊྶཱྃ་ག །རྣལ་འབྱོར་མ་ནི་ཌ་མ་རུ། །རྡོ་རྗེ་ཁ་ཊྶཱྃ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་པ། །མཆོད་ཕྱིར་ཐོགས་དང་རྣལ་འབྱོར་བདག །ཁ་ཊྶཱྃ་ཁ་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །དེ་ནས་སྔགས་ཀྱི་རྗེས་གནང་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །རྩ་བའི་སྔགས་དང་ཡང་དག་ལྡན། །ཉི་ཤུ་རྩ་བཞི་སྔགས་ཀྱིས་ནི། །སྙིང་པོའི་དབང་བསྐུར་སྦྱིན་པར་བྱ། །ཞེས་སྙིང་པོའི་རྗེས་གནང་ལན་གསུམ་སྦྱིན་པར་བྱའོ། དེ་དག་ནི་བུམ་པའི་དབང་ངོ་། །གལ་ཏེ་དབང་གོང་མ་གསུམ་པོ་བསྐུར་བར་འདོད་ན། འདི་ཉིད་ཀྱི་སྐབས་སུ་བསྐུར་བར་བྱའོ། །དེ་ནས་བུམ་དབང་རྗེས་སུ་འབྲེལ་པའི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བར་འདོད་ན། ཁྱད་པར་ནི་འདི་ཡིན་ཏེ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ཆོས་ཀྱི་ཁྲི་སྟན་ལ་འདུག་ཏུ་བཅུག་ནས། ཧེ་རུ་ཀ་ཉིད་དུ་བསྒྲུབ་ཅིང་ཆུ་དབང་ལ་སོགས་པ་སྔོན་དུ་འགྲོ་བས། དངོས་གཞི་ནི། རྡོ་རྗེ་ དྲིལ་བུ ་སློབ་མའི་མགོ་ཐོག་ཏུ་བཞག་ནས། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་ དྲིལ་བུ ་ཆེན་པོ་ཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །དུས་འདི་ནས་ཁྱོད་ཀྱི་འཕྲིན་ལས་བཞིའི་སྒོ་ནས་སེམས་ཅན་ལ་དབང་བསྐུར་བ་དང་། རྒྱུད་པ་གཞན་ལ་སོགས་པའི་སྒོ་ནས་དོན་གྱིས་ཤིག །ཅེས་སོ། །དེ་ནས་ལག་པ་གཡས་སུ་རྡོ་རྗེ་གཏད་དེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག བཛྭ་སྭ་ཏྭ་ཧཱུྃ་ཞེས་སོ། དེ་ནས་གཡོན་པར་ དྲིལ་བུ ་གཏད་དེ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །དམ་པའི་སེམས་དཔའ་བྱེད་པར་འགྱུར། །ཞེས་སོ། དེ་ནས་རུས་པའི་རྒྱན་གཏད་དེ། འཁོར་ལོ་ཐོད་པ་རྣ་ཆ་དང་། །མགུལ་རྒྱན་གདུབ་གུ་སྐེ་རགས་དང་། །དོ་ཤལ་དང་ནི་རྣ་རྒྱན་ཏེ། །ཕྱག་རྒྱ་ཡིས་ནི་དབང་བསྐུར་རོ། །ཞེས་བྱ་བ་དང་། རྒྱས་པར་ནི་རིགས་ལྔ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་པར་དག་པ་བཤད་དོ། །མཆོད་པ་ལྔས་ཀྱང་སློབ་མ་ལ་ཡང་དག་པར་མཆོད་དོ། །དེ་ནས་རིགས་ལྔའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གནང་བ་ནི། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཅི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེའི་འཁོར་ལོ། ནོར་བུའི་འཁོར་ལོ། པད་མའི་འཁོར་ལོ། ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ཞེས་སྦྱར་རོ། །དེ་ནས་འཕྲིན་ལས་ཀྱི་རྗེས་གནང་ནི། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོན་སོགས་དང་། །བསོད་དང་བསྐྲོད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་བསྒྲུབ་པར་བགྱི། །རལ་གྲི་མིག་སྨན་ས་འོག་དང་། མཆིལ་ལྷམ་དེ་བཞིན་རི་ལུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགའ་བསྒྲུབ་པར་གྱིས། རྒྱས་པར་བྱེད་ན་གཞན་རྗེས་སུ་གནང་བ་རྣམས་ཀྱང་ནག་པོ་པ་ལས་བྱུང་པ་བཞིན་ནོ། །དེ་ནས་བུམ་དབང་དང་རྗེས་སུ་འབྲེལ་བའི་ལུང་བསྟན་པ་ནི། རྡོ་རྗེ་སློབ་དཔོན་གྱིས་ཆོས་གོས་སེང་གེའི་རྣ་བ་ལྟར་བྱས་ནས་མེའི་ཕྱག་རྒྱ་བྱས་ཏེ་མགོ་ལ་བཞག་ནས་ལུང་བསྟན་པ་ནི། འདི་ནི་ངས་ཁྱོད་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་དག་བྱའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཤྲི་ཧེ་རུ་ཀ་མ་སརྦ་ཏ་ཐཱ་ག་ཏ། སིད་དྷི་ས་མ་ཡང་སྟྃ། བྷུར་བྷུ་བ་སྭ། ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ་ཞེས་ལུང་བསྟན་ནོ། །གསང་དབང་དང་རྗེས་སུ་འབྲེལ་བའི་དབུགས་དབྱུང་བ་ནི། ལག་པ་སྤྱི་བོར་བཞག་སྟེ། ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་བསྟན་པ་དང་། །དེ་རིང་བདུད་ལས་རྣམ་རྒྱལ་ཞིང་། །ཕོ་བྲང་མཆོག་ཏུ་ཞུགས་པ་ཡིན། །དེང་ནི་སངས་རྒྱས་ཉིད་ཐོབ་པར། །ཁྱེད་རྣམས་འདིར་ནི་ཐེ་ཚོམ་མེད། །ཅེས་སོ། །བཞི་པ་དང་རྗེས་སུ་འབྲེལ་བའི་གཟེངས་བསྟོད་པ་ནི། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ལས་འདས་སོ། །ཞེས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དཔའ་བོ་དང་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་དང་གཏོར་མ་རྒྱས་པར་བྱས་ཏེ། འབྱུང་པོ་ལ་ལྷག་མས་ཚིམ་པར་བྱས་ནས། བཀྲ་ཤིས་དང་སྨོན་ལམ་རྒྱས་པར་བྱའོ། །ལྷ་བཅུ་གསུམ་པའི་དབང་གི་ཆོ་ག་ཡེ་ཤེས་ཀྱི་ཆུ་རྒྱུན་ཞེས་བྱ་བ་རྫོགས་སོ། །ཱུའི་པ་དང་དབྱེར་མེད་ལྟོ་ངར་པ། །ཨ་བ་དྷུ་ཏི་ཏེ་པུ་རས་ཆུང་ཞབས། །ཟངས་རི་པ་དང་འགྲོ་མགོན་པོང་བྲག་པ། །དྷརྨ་གྷུ་རུ་སྃ་གྷ་ལ་ཀྵ་ཡི། །མཛད་སྲོལ་འདི་ནི་རང་བྱུང་རྡོ་རྗེས་སྦྱར། །མེ་ཏྲི་པས་མཛད་བསྒྲུབ་པའི་ཐབས་དང་ནི། །རབ་གནས་གཞུང་དང་ལོ་རྒྱུས་རྣམ་པ་གསུམ། །མངོན་རྟོགས་དབང་ཆུ་འདི་རྣམས་ཕྱོགས་གཅིག་གོ །མཆོད་འཕྲེང་སྦྱིན་བསྲེག་བཟླས་པའི་མན་ངག་དང་། །ལག་མཆོད་གཏོར་མ་གཞན་དང་མཐུན་པའོ། །འདི་ལས་འགལ་དང་ནོར་འཁྲུལ་གྱུར་པ་རྣམས། །བླ་མ་མཁའ་འགྲོ་ཚོགས་ལ་བཟོད་པར་གསོལ། །དེ་ལས་བྱུང་བའི་དགེ་བ་དྲི་མེད་པས། །འགྲོ་རྣམས་རྡོ་རྗེ་འཆང་ཆེན་ཐོབ་པར་ཤོག །སྦྲུལ་ལོ་ཟླ་བ་བཅུ་པའི་ཡར་ཚེས་ལ། །ལྷ་སྟེངས་སུ་སྦྱར་བ་འདི། རྫོགས་སོ།། །།