བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག
གཉིས་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག བརྩམ་བྱ་བསྟན་བཅོས་ཀྱི་རང་བཞིན་རྒྱས་པར་བཤད་པ། བརྩམས་པ་ཡོངས་སུ་རྫོགས་པའི་བྱ་བ་གསུམ་ལས། དང་པོ་ལ། དགེ་ལེགས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་ལ་བསྟོད་པར་འོས་པ། དམིགས་པའི་སྒོ་ནས་རང་བཞིན་བརྗོད་དེ་དེ་ལ་བསྟོད་པ་གཉིས། དང་པོ་ལ། འཕགས་པའི་གང་ཟག་ཐམས་ཅད་སྙིང་རྗེ་སོགས་ཆོས་གསུམ་ལས་འཁྲུངས་པར་བསྟན། ཆོས་གསུམ་གྱི་ནང་ནས་ཀྱང་སྙིང་རྗེ་ཆེན་པོ་གཙོ་བོར་བསྟན་པ་གཉིས། དང་པོ་ནི། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང༌། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །སྐྱེས་བུ་མཆོག་གི་བྱ་བ་དབུ་མ་ལ་ཟབ་རྒྱས་ཀྱིས་འཇུག་པའི་བསྟན་བཅོས་འདི་རྩོམ་པ་ན། ཐོག་མར་ཡུལ་ཁྱད་ཅན་ལ་མཆོད་བསྟོད་ཀྱི་དགེ་རྩ་བསགས་ནས་རྩོམ་པར་རིགས་ལ། དེ་ཡང་ཉན་རང་རྣམས་ལས་རྫོགས་སངས་ལ་མཆོད་བསྟོད་རིགས་ཤིང༌། རྫོགས་(༣༦བ)
སངས་ལས་བྱང་སེམས་ལ་དེ་རིགས་ལ། དེ་ལས་ཀྱང་རྒྱལ་དང་རྒྱལ་སྲས་ཀྱི་སྙིང་རྗེ་ཆེན་པོ་སོགས་ཆོས་གསུམ་ལ་མཆོད་བསྟོད་འོས་སོ་ཞེས་རིམ་པ་ལྟར་སྟོན་པ་ནི། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་ལས་སྐྱེས་པ་ཡིན་ཏེ། ཉན་རང་གི་རྣམ་གྲོལ་དེ་དག་ནི་དེ་བཞིན་གཤེགས་པས་ཆོས་བསྟན་པའི་མཐུས་བསྐྱེད་པའི་ཕྱིར། ཐུབ་དབང་ནི་བཅོམ་ལྡན་འདས་ཁོ་ནའི་དབང་དུ་བྱས་ཀྱི། ཐུབ་པ་ཙམ་ནི་ཉན་རང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡིན་ཏེ། སྒོ་གསུམ་བསྡམས་པས་དུལ་བའི་ཕྱིར། བཅོམ་ལྡན་འདས་ཐུབ་པའི་དབང་པོར་འཇོག་པའང་ཆེས་འཐད་དེ། སྤངས་རྟོགས་སོགས་ཆོས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པར་གྱུར་ཅིང༌། དེའི་བཀས་ཉན་ཐོས་སོགས་ལ་མངའ་བསྒྱུར་བའི་ཕྱིར། འོ་ན་རང་རྒྱལ་གཞན་ལ་མི་བལྟོས་པར་རང་གི་གྲོལ་བ་མངོན་དུ་བྱེད་པ་ཡིན་ན་དེ་ཐུབ་དབང་ལས་ཇི་ལྟར་སྐྱེས་ཤེ་ན། དང་པོར་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་པ་ལས་རང་རྒྱལ་གྱི་རིགས་ཅན་གྱིས་རྟེན་འབྲེལ་གྱི་ཆོས་ཟབ་མོ་ཐོས་ནས་མཐོང་ཆོས་དེར་མྱ་ངན་ལས་མ་འདས་ཀྱང་མྱོང་ངེས་ཀྱི་ལས་ཀྱི་རྣམ་སྨིན་གཞན་དུ་རང་རྒྱལ་གྱི་རིགས་ཅན་དེ་རྫོགས་པའི་སངས་རྒྱས་མེད་པའི་སྐབས་བབ་ཏུ་མྱང་འདས་མངོན་དུ་བྱེད་པ་ཉིད་ཀྱིས་ཐུབ་དབང་ལས་འཁྲུངས་པར་གྲུབ་བོ། །ཉན་ཐོས་ཞེས་པའི་སྒྲ་ཇི་ལྟར་ན། ཡང་དག་པའི་གདམས་པའི་འབྲས་བུ་ཐོབ་པ་གཞན་ལ་ཐོས་སྒྲོགས་སུ་བྱེད་པས་ཉན་ཐོས་ཞེས་བརྗོད་དེ། འདི་ལྟར་བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་སོགས་རང་གི་རྟོགས་དོན་གཞན་ལ་སྒྲོགས་པར་བྱེད་པའི་ཕྱིར་དང༌། ཡང་ན་རྫོགས་སངས་ཀྱི་ལམ་སྟོན་པ་ལས་ཐོས་ནས་དེ་དོན་གཉེར་ལ་སྒྲོགས་པར་བྱེད་པའི་(༣༧ན)
ཕྱིར་ཉན་ཐོས་ཞེས་བརྗོད་ལ། དེའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་ལའང་ཉན་ཐོས་ཀྱི་སྒྲ་སྦྱར་བ་ཡོད་དེ། དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་ཐོས་པ་མི་ཟད་པར་བཟུང་སྟེ། གཞན་ལ་སྟོན་པའི་ཆ་ནས་བྱང་སེམས་དེ་ཉན་ཐོས་དང་འདྲ་ཆོས་སུ་སྦྱར་བའི་ཕྱིར་ཏེ། ཉན་ཐོས་ཀྱི་སྒྲའི་འཇུག་པ་དེ་ལྟར་ན་བྱང་སེམས་ཀྱང་ཉན་ཐོས་ཞེས་བརྗོད་པའི་ཕྱིར་རོ། །དེ་ལྟར་ནའང་དེ་ལྟའི་བྱང་སེམས་དེ་ཐེག་པ་གསུམ་གྱི་ལམ་གྱིས་རབ་ཏུ་ཕྱེ་བའི་ཉན་ཐོས་དེ་ནི་མ་ཡིན་ཏེ། རྫོགས་སངས་ཀྱི་ལམ་ཐོས་པ་རང་གིས་སྒྲུབ་པ་བྱེད་པའི་ཕྱིར་དང༌། ཉན་ཐོས་ཀྱི་ཐེག་པར་གནས་པའི་ཉན་ཐོས་དེ་རྫོགས་སངས་ཀྱི་ལམ་གཞན་ལ་སྒྲོགས་པར་བྱེད་ཀྱང་རང་ཉིད་ཀྱིས་ལམ་དེ་དོན་དུ་མི་གཉེར་བའི་ཕྱིར། དེས་ན་ཉན་ཐོས་ཀྱི་སྒྲ་འཇུག་པ་ཙམ་གྱིས་ཐེག་པ་གསུམ་གྱི་ཟླས་ཕྱེ་བའི་ཉན་ཐོས་པ་ཡིན་ཅེས་དོགས་པ་ནི་འཛངས་པའི་བློ་ཅན་ལ་ག་ལ་སྐྱེ། འདིར་འདི་ཤེས་པར་བྱ་དགོས་ཏེ། དཔལ་རང་བྱུང་རྡོ་རྗེས་ཟབ་མོ་ནང་དོན་དུ། ཕྱི་ནང་ཉན་ཐོས་སྤྱོད་ཡུལ་མིན། །ཅེས་འབྱུང་བའི་ཉན་ཐོས་དེ་ལུགས་འདིར་འབྱུང་བའི་སྒྲ་སྦྱོར་ཚུལ་གྱི་ཉན་ཐོས་དེ་མ་ཡིན་ཏེ། འདིར་ཉན་ཐོས་ཀྱི་སྒྲ་སྦྱོར་ཚུལ་གཉིས་ལས་མ་གསུངས་པའི་སྒྲ་སྦྱོར་ཚུལ་གཉིས་པོ་དེ་ཕྱི་རོལ་པ་ལ་མེད་པའི་ཕྱིར། རྟགས་རིམ་བཞིན་ཕྱི་རོལ་པ་ལ་རང་ཉིད་འཁོར་བ་ལས་ཐར་ཐབས་ཡང་དག་པ་ཉམས་སུ་བླངས་ནས་འདི་ལྟར་ཐར་ཞེས་སྒྲོགས་པའང་མེད་ཅིང༌། ཕྱི་རོལ་པས་རྫོགས་སངས་ཀྱི་ལམ་རྫོགས་སངས་ལ་ཐོས་ནས་(༣༧བ)
གཞན་གྲོལ་བའི་ཆེད་དུ་སྒྲོགས་པའང་མེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཕྱི་རོལ་པས་ལམ་དེ་རྣམ་གྲོལ་གྱི་ལམ་དུ་མི་འདོད་པའི་ཕྱིར། དེ་ལྟར་ནའང་ཕྱི་རོལ་པ་ལ་ཉན་ཐོས་ཀྱི་སྒྲ་སྦྱར་བ་མི་འགལ་ཏེ། དབང་ཕྱུག་སོགས་ལ་ཉན་པའི་ངག་གཞན་ལ་སྒྲོགས་པར་བྱེད་པ་ལ་བསམས་ནས་དེར་འདོགས་པ་ལ་གེགས་བྱེད་མེད་པའི་ཕྱིར། གང་ཟག་དེ་ནི་གང་ཟག་དེའི་ཉན་ཐོས་དང་སློབ་མའོ་ཞེས་སྤྱི་སྒྲ་འཇུག་པ་འཇིག་རྟེན་ན་གྲགས་པ་བཀག་པ་མེད་པ་བཞིན་ནོ། །ཐེག་པ་གསུམ་ལ་བརྟེན་ནས་མྱང་འདས་ཀྱི་གོ་འཕང་མངོན་དུ་མཛད་པ་དེ་ཐམས་ཅད་ལ་སངས་རྒྱས་ཀྱི་སྒྲ་བཤད་འཇུག་ཙམ་ཡོད་པ་ཡིན་ཏེ། སྒྲ་དེ་ནི་དེ་ཁོ་ན་ཉིད་རྟོགས་པ་པོ་ལ་ཉེ་བར་འདོགས་པའི་ཕྱིར། དེ་ལྟ་བུའི་སངས་རྒྱས་ཞེས་ཉེ་བར་བཏགས་པ་དེ་ལ་རབ་རྫོགས་པའི་སངས་རྒྱས་དང༌། དམན་པ་ཉན་ཐོས་དགྲ་བཅོམ་པའི་སངས་རྒྱས་དང༌། འབྲིང་དུ་གྱུར་པ་རང་སངས་རྒྱས་ཞེས་བརྡར་བྱེད་དོ། །དེ་ལའང་རང་སྒྲའི་དོན་ནི་སྲིད་པ་ཐ་མར་བླ་མ་ལ་མ་བལྟོས་པར་རང་བྱུང་གི་ཡེ་ཤེས་བརྙེས་པའི་ཆ་ནས་དེར་བཞག་གོ། །འདིར་ཁ་ཅིག་སངས་རྒྱས་ལ་གསུམ་ཡོད་པས། རང་རྒྱལ་དེ་སངས་རྒྱས་འབྲིང་པོ་ཡིན་པར་སློབ་དཔོན་ཟླ་བའི་ཞབས་བཞེད་ཅེས་གླེང་བ་ནི་རང་གི་བློ་གྲོས་ཀྱི་ཟོང་འདིའོ་ཞེས་བསྟན་པར་ཟད་དེ། སངས་རྒྱས་དངོས་ནི་ཤེས་བྱའི་ཁོང་འདིར་རྫོགས་པའི་སངས་རྒྱས་ལས་གཞན་མེད་པས། སངས་རྒྱས་དེ་ལྟ་བུ་ལ་འགྲན་གྱི་ཟླ་མེད་ན་དེ་དང་མཉམ་པའི་སངས་རྒྱས་གཉིས་པ་དང་གསུམ་པ་སོགས་ག་ལ་སྲིད་པའི་ཕྱིར། འོན་ཏེ་ཉན་རང་སོགས་ལ་སངས་རྒྱས་ཀྱི་སྒྲ་བཤད་འཇུག་ཡོད་ཙམ་གྱིས་དེ་སངས་རྒྱས་རང་ཡིན་པར་འགྱུར་སྙམ་ན། མཚན་དཔེ་དང་ལྡན་པའི་འཁོར་ལོས་སྒྱུར་རྒྱལ་རབ་ཏུ་(༣༨ན)
བྱུང་བ་ཞིག་ལའང་སངས་རྒྱས་ཀྱི་མཚན་དཔེ་ཆ་མཐུན་ཡོད་པ་ལ་བསམས་ནས། དེ་ལ་སངས་རྒྱས་འཁོར་ལོས་སྒྱུར་བ་རབ་ཏུ་བྱུང་བ་ཞེས་བཏགས་པའི་ཚེ་དེ་སངས་རྒྱས་ཡིན་ནམ། རྫོགས་པའི་སངས་རྒྱས་ནི་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ཡིན་ཏེ། དེས་བསགས་སྦྱང་ལ་འབད་ཅིང་ལམ་ལ་ནན་ཏན་དུ་བྱས་བའི་རྒྱུ་ལས་བྱུང་བའི་ཕྱིར། འོ་ན་བྱང་ཆུབ་སེམས་དཔའ་ལ་རྒྱལ་བའི་སྲས་ཞེས་བརྗོད་པ་མ་ཡིན་ནམ་ཞེ་ན། རྒྱལ་བས་ཆོས་བསྟན་ནས་དེ་བསྐྲུན་པའི་བདག་རྐྱེན་མཛད་པའི་ཕྱིར་བདེན་ཡང་འདིར་ནི་རྒྱལ་བའི་རྒྱུ་རྒྱལ་སྲས་ཡིན་པར་མི་འགལ་ཏེ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་གནས་གྱུར་ནས་རྒྱལ་བ་བཅོམ་ལྡན་འདས་ཉིད་དུ་འགྱུར་བའི་ཕྱིར་དང༌། རྒྱལ་བ་ཐམས་ཅད་ཀྱང་དང་པོར་རྒྱལ་བའི་སྲས་པོ་ཉིད་སློབ་དཔོན་དུ་བཟུང་ནས། སློབ་དཔོན་དེས་བདག་རྐྱེན་གྱི་རྒྱུར་གྱུར་པའི་མཐུ་ལས་འབྲས་བུ་རྒྱལ་བ་ཉིད་འབྱུང་བའི་ཕྱིར། རྒྱུར་འགྱུར་ཚུལ་འདི་ཡང་ཐ་སྙད་དུ་རྒྱུ་འབྲས་རིས་མཐུན་གྱི་གནས་སྐབས་ལ་མི་འཁྲུལ་བ་དང༌། འབྲས་བུ་བསྐྱེད་པ་ལ་འབྲས་བུ་ཡོངས་སུ་འཛིན་པའི་བྱེད་པོར་སོང་བའི་ཆ་ནས་རྒྱུར་བཞག་པའོ། ། རྒྱུར་འཇོག་བྱེད་དང་པོ་དེ་ལའང་སེམས་དཔའ་སངས་རྒྱས་ཀྱི་རྒྱུ་ཡིན་ཅེས་པ་དེ་བསྟན་བཅོས་འདིར་སློབ་དཔོན་འདིས་སེམས་དཔའི་རྒྱུད་ཀྱི་བདེར་གཤེགས་སྙིང་པོ་ལྟ་བུ་སངས་རྒྱས་ཀྱི་རྒྱུ་ཡིན་ཞེས་མི་བརྗོད་ཀྱི། འདིར་བྱང་ཆེན་སྒྲུབ་པའི་བྱང་ཆུབ་སེམས་དཔའི་གང་ཟག་དེ་སྒྲིབ་གསུམ་གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང༌། མཁྱེན་གཉིས་ཀྱི་ཡེ་ཤེས་རྒྱས་པ་ན་གང་ཟག་དེ་ལ་སངས་རྒྱས་ཞེས་འདོགས་པ་ཡིན་ནོ། །རྒྱུ་སེམས་དཔའ་ལ་བསྟོད་པས་འབྲས་བུ་སངས་རྒྱས་(༣༨བ)
ལ་བསྟོད་པ་ཡིན་ཏེ། ཐེག་པ་གསུམ་ལ་མོས་པ་མཐའ་དག་ཐེག་པ་ཆེན་པོ་ཉིད་ལ་གཞུག་པའི་ཆེད་དུ་རྒྱུ་སེམས་དཔའ་ལ་བསྟོད་པའི་ཕྱིར་དང༌། རྫོགས་སངས་ཀྱི་སྨན་གྱི་ལྗོན་ཤིང་ཆེན་པོ་ཉེ་བར་འདོད་པ་ལ་རྒྱལ་སྲས་སྨན་ལྗོན་གྱི་མྱུ་གུ་ལེགས་པར་བཙལ་དགོས་པ་དཔེ་དོན་དུ་འབྱོར་པའི་ཕྱིར་རོ། དེས་ན་ཇི་སྐད་དུ། འོད་སྲུང་འདི་ལྟ་སྟེ། དཔེར་ན། ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་མ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། དེ་བཞིན་གཤེགས་པ་རྣམས་ལ་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་བྱུང་སྟེ། དེ་བཞིན་གཤེགས་པ་རྣམས་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་བྱུང་ངོ༌། །ཞེས་གསུངས་སོ། །སེམས་དཔའ་དེ་དེར་འཇོག་བྱེད་ཀྱི་རྒྱུ་གང་ཞེ་ན། འཆད་འགྱུར་གྱི་དམིགས་རྣམ་ཅན་གྱི་སྙིང་རྗེའི་སེམས་དང་དངོས་པོ་དང་དངོས་མེད་སོགས་མཐའ་ཐམས་ཅད་དང་བྲལ་བའི་གཉིས་སུ་མེད་པའི་བློ་སྟེ་ཤེས་རབ་དང༌། ཤེས་རབ་དེ་དང་མཚུངས་པར་ལྡན་པའི་གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་རྣམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ་ཡིན་ཏེ། ཁྱད་པར་བྱང་ཆུབ་སེམས་དཔར་འཇོག་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་ཉིད་ཡིན་པའི་ཕྱིར། འཕགས་པ་ཆོས་ཀུན་ཏུ་འགྲོ་བའི་མདོ་ལས། བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་ལས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བགྱིའོ། །ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དང་མཉམ་པའོ། །གློ་བུར་དུ་བྱུང་བ་མི་གནས་པ་ཆོས་ཐམས་ཅད་ནི་ཤེས་པར་བགྱི་བ་ཙམ་དང༌། ཤེས་པ་པོས་སྟོང་པའི་ཕྱིར་ཡོངས་སུ་ཤེས་པར་བགྱི་བ་ཙམ་དུ་བས་(༣༩ན)
པས་ན། ཆོས་ཉིད་འདི་ལྟ་བུ་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ་སྙམ་ནས། བྱང་ཆུབ་སེམས་དཔའ་ལ་སེམས་གང་སྐྱེ་བ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ཞེས་བགྱིའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་དང༌། བླ་ན་མེད་པའི་སེམས་དང༌། བྱམས་པས་བསྙེན་པའི་སེམས་དང༌། སྙིང་རྗེས་མི་བཟློག་པའི་སེམས་དང༌། དགའ་བས་འགྱོད་པ་མ་མཆིས་པའི་སེམས་དང༌། བཏང་སྙོམས་ཀྱི་དྲི་མ་མ་མཆིས་པའི་སེམས་དང༌། སྟོང་པ་ཉིད་ཀྱིས་མི་འགྱུར་བའི་སེམས་དང༌། མཚན་མ་མ་མཆིས་པས་སྒྲིབ་པ་མ་མཆིས་པའི་སེམས་དང༌། སྨོན་པ་མ་མཆིས་པས་མི་གནས་པའི་སེམས། ཞེས་སོགས་གསུངས་པའི་ཕྱིར་རོ། །ལུགས་འདིར་འབྱུང་བའི་གཉིས་སུ་མེད་པའི་བློ་སྟེ་ཤེས་རབ་བམ་ཡེ་ཤེས་དེ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སོ་སོར་ཕྱེ་ནས་ཆོས་གང་དང་གང་གི་རང་བཞིན་ཇི་ལྟ་བར་རྟོགས་བྱེད་ཡིན་ཏེ། ཤེས་བྱ་ཐམས་ཅད་ཀྱི་དམིགས་པ་དང་རྣམ་པ་མཐའ་དག་གཞལ་བྱར་བྱས་ནས་ཐ་སྙད་བསླུ་བ་མེད་པ་འཇལ་བྱེད་ཀྱི་ཚད་མ་ཉིད་དུ་གྲུབ་པའི་ཕྱིར། སེམས་ཙམ་པ་འདོད་པའི་གཉིས་མེད་ཀྱི་ཡེ་ཤེས་དེ་ནི་དེ་དག་དེ་ལྟར་རྟོགས་བྱེད་མ་ཡིན་ཏེ། ཁ་ཕྱིར་ལྟའི་ཤེས་བྱའི་དམིགས་རྣམ་མཐའ་དག་འཇལ་བྱེད་ནི་དེ་མ་ཡིན་ཅིང༌། ནང་ལྟ་ཤེས་པའི་ཤེས་བྱ་ལ་ནི་ཤེས་པའི་གཞལ་བྱ་དང་དེ་འཇལ་བྱེད་ཀྱི་གཟུང་འཛིན་གཉིས་ཀས་དབེན་པའི་གཉིས་མེད་ཀྱི་ཡེ་ཤེས་སུ་གྲུབ་པའི་ཕྱིར། དེས་ན་སེམས་ཙམ་རྣམ་བདེན་རྫུན་དག་གིས་འདོད་པའི་གཉིས་མེད་ཀྱི་ཡེ་ཤེས་ནི་དེ་དག་གི་གསུང་རབ་ལས་རྒྱ་ཆེར་འབྱུང་མོད་ཀྱི། གཉིས་མེད་ཀྱི་ཡེ་ཤེས་དེའི་བྱེད་པས་ཚོགས་གཉིས་སོག་པ་དང༌། སྒྲིབ་གཉིས་(༣༩བ)
སྤང་བའི་བྱ་བ་ཐ་སྙད་དུའང་བྱེད་མི་ནུས་ཏེ། ཁ་ཕྱིར་ལྟའི་ཤེས་བྱ་ལ་བྱ་བ་བྱེད་པའི་རྒྱུན་ཆད་ཅིང༌། ཁ་ནང་ལྟའི་ཤེས་བྱ་ལ་བྱ་བ་བྱེད་པ་ན་བྱེད་པ་དེ་རྟག་པ་ཐེར་ཟུག་ཏུ་ཐལ་བའི་ཕྱིར། རྟགས་ཕྱི་མ་མ་གྲུབ་བོ་ཞེ་ན། དེར་ཐལ། ཁ་ནང་ལྟ་གཉིས་མེད་ཀྱི་ཡེ་ཤེས་དེ་རང་གིས་རང་རིག་པ་ནའང་ཤེས་པའི་ངོ་བོ་ལ་སྐད་ཅིག་ཆ་མེད་ཅིང༌། ཡུལ་དང་ཡུལ་ཅན་རྫས་སུ་དབྱེར་མེད་པའི་བདེན་པར་གྲུབ་པའི་དོན་དམ་བདེན་པ་ཡིན་པའི་ཕྱིར། མ་ཁྱབ་བོ་སྙམ་ན། ཁྱབ་པར་ཐལ། ཆ་མེད་ཀྱི་ཡེ་ཤེས་བདེན་གྲུབ་དེ་དེར་རྟག་པ་གང་ཞིག དེ་རྟག་ན་དེའི་བྱེད་པ་དེ་རྟག་པ་ཐེར་ཟུག་ཏུ་སོང་བའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ཆ་མེད་ཀྱི་ཡེ་ཤེས་བདེན་གྲུབ་དེ་དེར་མ་གྲུབ་པར་ཐལ། དེ་དེར་གྲུབ་པ་དེ་དེར་རྟག་པ་མ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། ཆ་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཁོ་རྟག་པ་ཡིན་ལ། དེའི་བྱེད་པ་མི་རྟག་པ་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན་རྟག་པ་ལས་མི་རྟག་པ་འབྱུང་བར་ཐལ། ཆ་མེད་ཀྱི་ཡེ་ཤེས་བདེན་གྲུབ་རྟག་པའི་ངོ་བོ་ལས་དེའི་བྱེད་པ་མི་རྟག་པ་འབྱུང་བའི་ཕྱིར། འདོད་ན། རྒྱུ་འབྲས་འཆོལ་བར་ཐལ། འདོད་པ་དེའི་ཕྱིར། ཡང་དེ་ལས་དེ་འབྱུང་བའི་ཚེ་ཡེ་ཤེས་དེ་འགྱུར་རམ་མི་འགྱུར། དང་པོ་ལྟར་ན། ཆ་མེད་ཀྱི་ཡེ་ཤེས་བདེན་གྲུབ་དེ་མི་རྟག་པར་ཐལ། ཆ་མེད་ཀྱི་ཡེ་ཤེས་བདེན་གྲུབ་ལས་དེའི་བྱེད་པ་འབྱུང་བའི་ཚེ་ཆ་མེད་ཀྱི་ཡེ་ཤེས་འགྱུར་བའི་ཕྱིར། གཉིས་པ་ལྟར་ན། རྒྱུ་འབྲས་དུས་མཉམ་པ་དང༌། ཆ་མེད་ཀྱི་ཡེ་ཤེས་དེའི་བྱེད་པ་རྟག་ཏུ་འབྱུང་བར་ཐལ། ཆ་མེད་ཀྱི་ཡེ་ཤེས་བདེན་གྲུབ་དེ་མ་འགྱུར་བར་དེ་ལས་དེའི་བྱེད་པ་འབྱུང་བའི་ཕྱིར། ཡང་ན། དེ་དེ་ལས་འབྱུང་བ་མ་ཡིན་པར་ཐལ། དེ་ལས་དེ་འབྱུང་བའི་ཚེ་དེ་འགྱུར་བ་ཅུང་(༤༠ན)
ཟད་ཀྱང་མ་བྱས་པའི་ཕྱིར། ཞེས་པ་ནི་ཞར་ལས་འོངས་པའོ། །གཉིས་པ་ནི། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོ་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །སེམས་དཔར་འཇོག་བྱེད་ཀྱི་རྒྱུ་གསུམ་ལས། རྒྱུ་གཉིས་པོ་དེའང་སྙིང་རྗེའི་རྒྱུ་ལས་བྱུང་བའི་ཕྱིར། དང་པོ་སྙིང་རྗེ་ཉིད་ལ་བསྟོད་དེ། དཔེར་ན་ལོ་ཏོག་ཕུན་སུམ་ཚོགས་པ་ལ་ཐོག་བར་མཐའ་གསུམ་དུ་ཉེར་མཁོར་ས་བོན་དང་ཆུ་དང་སྨིན་པ་རྣམས་དགོས་ཏེ། མྱུ་གུ་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་ཟིན་གོང་དུ་འཕེལ་བ་དང༌། འབྲས་བུ་སྨིན་པས་མ་འོངས་པའི་འབྲས་བུ་ལེགས་པར་གནས་པའི་བྱ་བ་བྱེད་པའི་ཕྱིར། དཔེ་དེ་སྙིང་རྗེ་ལ་སྦྱར་ནས་བསྟོད་པ་ནི། སྙིང་རྗེ་ཆེན་པོ་ལ་བསྟོད་པའི་རྒྱུ་མཚན་གང་གི་ཕྱིར་ཞེ་ན། བརྩེ་བ་སྙིང་རྗེ་ཆེན་པོ་ཉིད་དུས་གསུམ་གར་རྒྱལ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་འདིའི་ཉེར་མཁོ་ཉིད་ཡིན་ཏེ། དང་པོར་དེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་དང་ནི་འདྲ་བའི་ཕྱིར་ཏེ། བྱང་སེམས་རྣམ་པ་གཉིས་ཀྱི་མྱུ་གུ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ཕྱིར། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་གཉིས་གཅིག་མེད་ན་གཅིག་མི་འབྱུང་བའི་ཚུལ་གྱིས་རྒྱུད་ལ་སྐྱེ་བ་ནི་དེའི་ངང་ཚུལ་ཡིན་ཏེ། མགོན་པོ་ཀླུས། ཐེག་པ་ཆེན་པོ་གང་ཞིག་ལས། །སྙིང་རྗེ་སྔོན་བཏང་ཀུན་སྤྱོད་དང༌། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཅེས་འབྱུང་བའི་ཕྱིར། བར་དུ་དེ་ལ་དེ་ཉེར་མཁོ་ཡིན་ཏེ། སྐྱེས་ཟིན་གྱི་བྱང་སེམས་དང་ཚོགས་གཉིས་ཀྱི་དགེ་བ་གོང་དུ་སྤེལ་བྱེད་ལ་ཆུ་དང་འདྲ་བའི་ཕྱིར་ཏེ། བྱང་སེམས་སྐྱེས་པར་གྱུར་ཀྱང་སྙིང་རྗེའི་ཆུས་ཡང་ཡང་མ་བཅུས་ན། སངས་རྒྱས་ཆེད་ཀྱི་ཚོགས་རྒྱས་པར་མ་བསགས་པ་གང་དག་དམན་པའི་མྱ་ངན་ལས་འདའ་བར་འགྱུར་བའི་ཕྱིར། ཐ་མར་དེ་ལ་དེ་ཉེར་མཁོ་ཡིན་ཏེ། སློབ་མ་(༤༠བ)
སོ་སྐྱེ་དང་འཕགས་པའི་ཚོགས་ཀྱིས་ཡུན་རིང་དུ་བསྟེན་བྱའི་ལོངས་སྤྱོད་པའི་གནས་ལ་ལོ་ཏོག་སྨིན་བྱེད་ལྟ་བུར་འདོད་པར་གྱུར་པའི་ཕྱིར་ཏེ། རང་དོན་ཆོས་སྐུ་ཐོབ་ཀྱང་སྙིང་རྗེས་ཡོངས་སུ་སྨིན་པའི་གཞན་དོན་གཟུགས་སྐུ་མེད་ན་སློབ་མའི་ཚོགས་ཀྱིས་ཡུན་རིང་པོར་ལོངས་སྤྱད་བྱར་མི་འགྱུར་བ་ལས་སྙིང་རྗེ་ཆེན་པོས་ཡོངས་སུ་སྨིན་པའི་གཞན་དོན་གཟུགས་སྐུ་ལ་སློབ་མ་སོ་སྐྱེ་དང༌། འཕགས་པའི་ཚོགས་ཀྱིས་ཡོངས་སུ་བསྟེན་བྱར་བྱས་ནས་ཕྲིན་ལས་ཀྱི་བརྒྱུད་པ་བསྐལ་པ་མ་སྟོང་གི་བར་ཡུན་རིང་དུ་འཕེལ་བར་འགྱུར་བའི་ཕྱིར། མདོ་སྡེ་རྒྱན་ལས།ཇི་ལྟར་མར་མེ་གཅིག་ལས་མར་མེའི་ཚོགས་རབ་མང༌། །དཔག་མེད་གྲངས་མེད་འབྱུང་ཡང་དེ་ལ་ཟད་པ་མེད། །དེ་བཞིན་སྨིན་པ་གཅིག་ལས་སྨིན་པའི་ཚོགས་རབ་མང༌། །གྲངས་མེད་དཔག་མེད་འབྱུང་ཡང་དེ་ལ་ཟད་པ་མེད། །ཅེས་འབྱུང་ངོ༌། །རྒྱུ་མཚན་བཤད་མ་ཐག་པ་དེའི་ཕྱིར་བསྟན་བཅོས་རྩོམ་པའི་ཐོག་མར་སློབ་དཔོན་ཟླ་བ་གྲགས་པ་བདག་གིས་སྙིང་རྗེ་ཆེན་པོ་བསྟོད་པར་བགྱིའོ། །གཉིས་པ་ལ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་བསྟོད་པ་དང༌། ཆོས་དང་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ལ་བསྟོད་པའོ། །དང་པོ་ནི། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཞིང༌། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །སྙིང་རྗེ་ལའང་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའི་སྙིང་རྗེ་དང་གསུམ་དུ་ཡོད་པའི་ཕྱིར་ཏེ། བློས་སེམས་ཅན་ནམ་གང་ཟག་རྫས་སུ་ཡོད་པར་སྒྲོ་བཏགས་ནས་དེ་ལྟ་བུའི་སེམས་ཅན་ལ་དམིགས་པ་དང༌། བློས་སེམས་ཅན་རྫས་སུ་མེད་པར་རྟོགས་ནས་ཕུང་པོ་ལ་སོགས་པའི་ཆོས་ཙམ་ལ་སེམས་ཅན་དུ་བཏགས་པ་ལ་དམིགས་པ་དང༌། བློས་གང་ཟག་དང་ཆོས་གཉིས་(༤༡ན)
ཀ་རང་བཞིན་མེད་པར་རྟོགས་ནས། རང་བཞིན་མེད་པ་ལ་སེམས་ཅན་ཙམ་དུ་ཉེ་བར་བཏགས་པ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པས་རབ་ཏུ་ཕྱེ་བའི་ཕྱིར། སྙིང་རྗེ་འདི་དག་སུ་ཞིག་གི་རྒྱུད་ལ་ལྡན་ཅེ་ན། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པའི་ལུགས་ལ། དང་པོ་སོ་སོ་སྐྱེ་བོ་དང༌། གཉིས་པ་ཉན་རང་དང༌། གསུམ་པ་རྒྱལ་སྲས་དང་སངས་རྒྱས་ལ་ཡོད་ཅེས་དང༌། གྲུབ་མཐའི་སྒོ་ནས་བཞག་ན། དང་པོ་མུ་སྟེགས་དང༌། གཉིས་པ་དངོས་སྨྲ་བ་དང༌། གསུམ་པ་དབུ་མ་པ་ལ་ཡོད་ཅེས་དང༌། ཐེག་ཆེན་གྱིས་མཚམས་ཀྱི་སྒོ་ནས་བཞག་ན། དང་པོ་ཐེག་ཆེན་གྱི་ཚོགས་སྦྱོར་དང༌། གཉིས་པ་མ་དག་ས་བདུན་དང༌། གསུམ་པ་དག་པ་ས་གསུམ་ཡན་ཆད་ན་ཡོད་པར་བཞེད་དོ། །ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པའི་ལུགས་འདིར་ནི་སྙིང་རྗེ་ཐ་མ་གཉིས་བློའི་ངོ་བོ་གཅིག་ལ་དམིགས་ཚུལ་གྱི་འཛིན་སྟངས་ཐ་དད་པ་ཙམ་དུ་བས་པས་འཕགས་པའི་གང་ཟག་ཐམས་ཅད་ལ་ཡོད་པར་འདོད་དོ། །འཇིག་རྟེན་འདི་ནི་བདག་གིར་ཞེན་པའི་དང་པོར་ངའོ་ཞེས་རྟོག་པས་ཡོད་པ་མིན་པའི་བདག་ལ་བདག་གོ་ཞེས་བདེན་པར་ཞེན་པར་གྱུར་ཅིང༌། དེའི་འོག་ཏུ ་ངར་འཛིན་གྱི་ཡུལ་ལས་གཞན་པའི་སེམས་ཅན་ཡིན་མིན་གྱི་དངོས་པོ་མ་ལུས་པ་ལ་བདག་གི་འདིའོ་ཞེས་དངོས་པོ་རྣམས་ལ་ཆགས་པ་བསྐྱེད་དོ། །དེས་ན་བདག་དང་བདག་གིར་ཞེན་པའི་སྐྱེ་བོ་འདི་ནི་ཟོ་ཆུན་གྱི་རྒྱུད་འཕྱན་པ་ལྟར་ལས་ཉོན་གྱི་དབང་གིས་རང་དབང་མེད་པར་མནར་མེད་ནས་སྲིད་རྩེའི་བར་གྱི་འཁོར་བའི་ཁྲོན་པ་ཆེན་པོར་ཐོག་མེད་ནས་བར་མེད་དུ་འཕྱན་པའོ། །དེའང་ཟོ་ཆུན་གྱི་རྒྱུད་ལ་ཐག་པས་བསྡམས་པ་དང༌། (༤༡བ)
འཕྲུལ་འཁོར་མཁན་གྱི་གཞན་དབང་ལ་རག་ལས་པ་དང༌། ཁྲོན་པར་འཁོར་བར་བྱེད་པ་དང༌། འོག་ཏུ་ངང་གིས་འགྲོ་ཞིང་སྟེང་དུ་འབད་ནས་དྲང་བར་བྱ་དགོས་པ་དང༌། ཆུའི་སྔ་ཕྱི་བར་གསུམ་གྱི་རིམ་པའི་ངེས་པ་མི་ཟིན་པ་དང༌། ཉི་མ་རེ་རེ་ཞིང་འཆག་པར་འགྱུར་བ་ལྟར། འགྲོ་བ་འདི་དག་ལས་ཉོན་གྱིས་ཆེས་བསྡམས་པ་དང༌། རྣམ་ཤེས་བསྐྱོད་པའི་གཞན་དབང་ལ་རག་ལས་པ་དང༌། སྲིད་རྩེ་ནས་མནར་མེད་བར་འཕྱན་པར་བྱེད་པ་དང༌། ངན་སོང་ལ་འཐུར་དུ་ངང་གིས་འཇུག་ཅིང་ལྷ་མིར་གྱེན་དུ་འབད་པས་དྲང་བར་བྱ་དགོས་པ་དང༌། ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཉོན་མོངས་པའི་རྟེན་འབྲེལ་གྱི་སྔ་ཕྱི་བར་གསུམ་གྱི་རིམ་པ་ངེས་པ་མི་ཟིན་པ་དང༌། ཉི་མ་རེ་རེ་ཞིང་སྡུག་བསྔལ་གསུམ་གྱིས་བཙོག་པར་བྱེད་པ་ན་སྐྱེ་བོ་འཁོར་བའི་དཔེའོ། །དེ་ལྟའི་འགྲོ་བ་སྡུག་བསྔལ་བ་ལ་སྙིང་རྗེས་སྐྱོབ་པར་སྤྲོ་བ་ཉིད་ཀྱིས་དང་པོར་བྱང་སེམས་སེམས་ཅན་ལ་དམིགས་པའི་ཞེ་སྡང་གི་དགྲ་མེད་པའི་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོར་གྱུར་པ་གང་ཡིན་པ་དེ་ལ་འདུད་དོ། །ཞེས་སྙིང་རྗེ་དང་དེ་ལྡན་གྱི་སེམས་དཔའ་གཉིས་ཀར་བསྟོད་པའོ། །གཉིས་པ་ནི། འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། །གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡི། །དཔེར་ན་ཆུ་ཤིན་ཏུ་དྭང་བ་རླུང་དྲག་པོ་མིན་པའི་ཤུགས་ཀྱིས་བསྐྱོད་པར་ཟླ་བའི་གཟུགས་བརྙན་འཆར་བ་འཆར་གཞི་དང་ལྷན་ཅིག་ཟླ་བ་དངོས་ལྟ་བུའི་མངོན་སུམ་ལྟར་སྣང་བ་ན། རྒན་པོས་ཟླ་བའི་གཟུགས་བརྙན་དང༌། དེའི་དམིགས་རྟེན་གྱི་ཡུལ་ཆུ་དང་བཅས་པ་སྐད་ཅིག་རེར་མི་རྟག་པ་དང༌། ཟླ་བ་རང་བཞིན་གྱིས་སྟོང་པར་ཤེས་པ་འབྱུང་བ་ནི་དཔེའོ། །དེ་སླར་དཔེ་དོན་དུ་སྦྱོར་ན། འཇིག་ལྟའི་མཚོར་མ་རིག་པའི་ཆུ་སྔོན་རྒྱ་ཆེན་པོར་ཚུལ་མིན་རྟོག་རླུང་གིས་གཡོ་བའི་ནང་(༤༢ན)
གི་རྟེན་ལ་འགྲོ་བ་སྟེ། སེམས་ཅན་ནམ་གང་ཟག་ནི་སྔོན་ལས་ཀྱི་རྟེན་འབྲེལ་ལས་ཟླ་བའི་གཟུགས་བརྙན་ལྟར་མདུན་དུ་སྣང་བ་ན། སེམས་དཔའ་སྙིང་རྗེའི་གཞན་དབང་ཅན་དག་གིས་མདུན་དུ་སྣང་བའི་ལས་ཉོན་ལ་བརྟེན་པའི་འགྲོ་བ་དེ་ནི་སྐད་ཅིག་རེར་མི་རྟག་པས་སྡུག་བསྔལ་བ་ཅན་གྱི་གཡོ་བ་དང༌། དེ་ལྟའི་ཆོས་དེ་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བའི་ཚེ་ན། གཡོ་བའི་སྡུག་བསྔལ་འཇོམས་བྱེད་དམ་ཆོས་བདུད་རྩིའི་རྒྱུ་ཕྱིན་ལོག་གི་རྟོག་པ་མ་ལུས་པ་དང་བྲལ་བ། འགྲོ་ཀུན་གྱི་གཉེན་གཅིག་པུ་སངས་རྒྱས་ཉིད་ཐོབ་པར་འདོད་པར་འགྱུར་རོ། །དེ་ལྟ་བུའི་བཅོམ་ལྡན་འདས་སྙིང་རྗེར་གྱུར་གང་དེ་ལ་འདུད་དོ་ཞེས་སྦྱར་རོ། །