Nitartha Digital Library
Tibetan
 
previousསློབ་པའི་བཤེས་གཉེན་བྱོན་ཚུལ། next

སློབ་པའི་བཤེས་གཉེན་བྱོན་ཚུལ།

ལྔ་པ་དེའི་རྗེས་སུ་སློབ་པའི་བཤེས་གཉེན་བྱོན་ཚུལ་ལ་གཉིས། རྒྱ་གར་དུ་བྱོན་ཚུལ་དང་། བོད་དུ་བྱོན་ཚུལ་ལོ། །དང་པོ་ནི། རྒྱ་གར། ཁ་ཆེ། ཨུ་རྒྱན། གསེར་གླིང་། ལི་ཡུལ། བལ་པོ་རྣམས་སུ་དངོས་སློབ་པཎྜི་ཏ་དང་། གྲུབ་ཐོབ་དུ་མ་དང་། དེ་དག་གི་ཡང་ཉིང་སློབ་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་ལ། བི་ཀྲ་མ་ཤི་ལར་ཡང་སློབ་མ་པཎྜི་ཏ་རཏྣ་ཀིརྟི། ཏ་ཐཱ་ག་ཏ་རཀྵི་ཏ། སུ་མ་ཏི་ཀིརྟི། བཻ་རོ་ཙ་ན་རཀྵི། བཱ་ལོ་ཀ་ན་ཀཱ་ཤཱི་ལ་སོགས་པ་སུམ་ཅུ་ཙམ་ཡོད་ཀྱང་། ཐུན་མོང་མ་ཡིན་པའི་སློབ་མ་ལྔ་ནི། པཎྜི་ཏ་ཆེན་པོ་བི་ཏོ་པ། དྷརྨཱ་ཨ་ཀ་ར་མ་ཏི། དབུ་མ་སེང་། བཤེས་གཉེན་གསང་བ། སའི་སྙིང་པོ་རྣམས་ནི་ཇོ་བོ་དང་རྟོགས་པ་བྱིན་རླབས་མི་མཉམ་ཡང་། མཁྱེན་པ་མཉམ་པ་ཙམ་དུ་གྲགས་སོ། །གཉིས་པ་བོད་དུ་བྱོན་ཚུལ་ནི། གངས་རིའི་ཁྲོད་འདིར་རབ་ཏུ་བྱུང་བ་དང་སྐྱེ་བོ་ཕལ་ཆེ་བས་ཆོས་ཐོབ་ཅིང་བཀའ་དྲིན་གྱིས་ཁྱབ་པ་ལས། དེ་རྣམས་ཀྱི་ནང་ནས་ཆོས་བརྒྱུད་འཛིན་པ་ལ་སློབ་མ་གྲགས་ཆེ་བ་བྱོན་ཚུལ་དང་། སློབ་མ་མཆོག་བྱོན་ཚུལ་ལོ། །དང་པོ་ནི། མངའ་རིས་སྐོར་གསུམ་ནས་ལྷ་བྱང་ཆུབ་འོད་དང་། ཕོ་བྲང་ཞི་བ་འོད། ལོ་ཆེན་རིན་བཟང་། རྒྱ་བརྩོན་སེང་། ནག་ཚོ་ལོ་ཙཱ་བ། ལོ་ཆུང་ལེགས་ཤེས། མང་ཡུལ་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ། འབྲོ་ལོ་ཙཱ་བ་ཤེས་རབ་འོད། ལོ་ཙཱ་བ་དགེ་བློ། ལོ་ཙཱ་བ་ཤཱཀྱ་བློ་གྲོས། གོ་མི་བསྒོམ་ཆེན། འདུལ་འཛིན་གཟུས་རྡོ་རྗེ་རྒྱལ་མཚན། གནས་བརྟན་གསེར་བཟོ་རྣམས་བྱོན་པ་ལས། ལྷ་བཙུན་པས་ཇོ་བོ་ཆེན་པོའི་ཆོས་མང་དུ་མཁྱེན། འཇིག་རྟེན་དབང་ཕྱུག་གི་ཞལ་གཟིགས། མངོན་ཤེས་ལྔ་ཐོབ་བོ། །ལོ་ཆེན་རིན་ཆེན་བཟང་པོ་ནི། རིགས་ཁ་ཆེའི་གཡུ་རི་གཡུ་སྒྲ་བྱ་བ། ཡབ་གཞོན་ནུ་དབང་ཕྱུག ཡུམ་ཅོག་རོ་ཀུན་བཟང་ཤེས་རབ་བརྟན་མ། ལྕམ་སྲིང་བཞི་ཡོད་པའི་གཅེན་ཤེས་རབ་དབང་ཕྱུག་གི་གཅུང་རིན་ཆེན་དབང་ཕྱུག་ཏུ་སྐུ་སྐྱེ་བ་བཞེས། དགུང་ལོ་བཅུ་གསུམ་ལ་མཁན་པོ་ལེགས་པ་བཟང་པོ་ལས་རབ་ཏུ་བྱུང་སྟེ། མཚན་རིན་ཆེན་བཟང་པོར་གསོལ། དེའི་མོད་ལ་འདུལ་བ་རྒྱ་ཆེར་འགྲེལ་ཐུགས་སུ་ཆུད། དེ་ནས་རྒྱལ་པོའི་བཀས་ཁ་ཆེར་བྱོན། ལོ་ཙཱ་མཁས་པར་བསླབས། པཎྜི་ཏ་ཀ་ར་རྣམ་གསུམ་སོགས་རྒྱ་གར་གྱི་པཎ་གྲུབ་དུ་མ་ལ་གཏུགས། ཐེག་པ་མཐའ་དག་གི་ཆོས་ལ་སྦྱངས། བསྟན་པ་ལ་བྱ་བ་ཆེར་མཛད། ཨ་ཏི་ཤ་དང་པུ་རངས་སུ་མཇལ་ཏེ། གུ་གེ་ཁྲི་ཐང་པས་མཛད་པའི་ལོ་ཆེན་གྱི་རྣམ་ཐར་ལས། དགུང་ལོ་བརྒྱད་ཅུ་རྩ་བདུན་ལ་མཇལ་བར་གསུངས། ཇི་ལྟར་མཇལ་བའི་ཚུལ་སོགས་ནི་གོང་དུ་བཤད་པ་ལྟར་ཡིན་ལ། གཞན་ཡང་ཡོ་ག གསང་འདུས། བདེ་མཆོག་སོགས་ཀྱི་དབང་དང་རྒྱུད་ཀྱི་བཤད་པ། མན་ངག་སོགས་ཐེག་པ་གོང་འོག་གི་ཆོས་མཐའ་དག་གིས་ཐུགས་ཚིམ་པར་མཛད། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་གནང་བས་རྟོགས་པ་ཁྱད་པར་ཅན་འཁྲུངས་པས་ལྷག་པར་དད་དེ། ལྷ་རྟེན་དང་དཔེ་མ་གཏོགས་པ་གང་ཡོད་ཕུལ། ཇོ་བོས་དབུས་སུ་ལོ་ཙཱ་ལ་འགྲོ་དགོས་གསུངས་པས། ང་རྒས་པས་མི་ནུས་ཞུས། འོ་ན་སྒྲུབ་པ་བགྱིས་གསུངས་པས་མཉེས་ཏེ། ལོ་ཙཱ་བ་ཆེན་པོ་ལ་པཎྜི་ཏའི་བླ་མ་དྲུག་ཅུ་ཡོད་ཀྱང་། ཇོ་བོ་ཉིད་མ་གཏོགས་པ་གཞན་རྣམས་ཀྱིས་སྒྲུབ་པ་ལ་མ་ཆུད། དེ་ནས་ལོ་ཙཱ་བས་སྒོ་གསུམ་རིམ་དུ་བྱས་པ་ལ། དམ་བཅའ་བའི་ཡི་གེ་གསུམ་བྲིས་ཏེ་སྒྲུབ་པ་མཛད་པས། གསང་འདུས་དང་བདེ་མཆོག་གི་ཞལ་གཟིགས། དགུང་ལོ་དགུ་བཅུ་རྩ་བརྒྱད་ལ་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བདུན་སྐར་མ་རྟ་པ་ཡོད་པའི་ཉིན་མཁའ་སྤྱོད་དུ་གཤེགས་པར་གུ་གེ་ཁྲི་ཐང་པས་གསུངས་སོ། །

རྒྱ་བརྩོན་སེང་གཙང་སྟག་ཚལ་དུ་འཁྲུངས། རྟེན་དགེ་བསྙེན་ཟེར་ཏེ་ཕྱིས་རབ་ཏུ་བྱུང་བ་མཛད། རྒྱ་གར་དུ་ཇོ་བོ་ལ་ཆོས་མང་དུ་གསན། འཇམ་དབྱངས་ཀྱི་སྤྲུལ་པར་ཆོས་ཀྱི་འབྱུང་གནས་སུ་བཤད་ཅིང་བལ་པོར་སྐུ་གཤེགས། ལོ་ཙཱ་བ་ནག་ཚོ་ནི། ཡུལ་གུང་ཐང་། གདུང་ནག་ཚོ། མཚན་ཚུལ་ཁྲིམས་རྒྱལ་བ། འདུལ་བ་འཛིན་པར་གྲགས། རྒྱ་བརྩོན་སེང་ལ་མངོན་པ་མཁས་པར་བསླབས། དགུང་ལོ་ཉེར་བདུན་ལ་རྒྱ་གར་དུ་ཇོ་བོ་ཆེན་པོ་སྤྱན་འདྲེན་དུ་བྱོན། ལོ་བཅུ་དགུའི་བར་ཚུལ་བཞིན་དུ་བསྟེན། ཐུན་མོང་གི་ཡོན་ཏན་རྣམས་རྫོགས་པར་མཛད། ནག་ཚོ་སྙེ་ཐང་ནས་མངའ་རིས་སུ་འབྱོན་ཁར། ཇོ་བོས་བསླབ་བྱ་མང་དུ་མཛད་དེ། དམ་ཚིག་གསུམ་བཀོད་ཀྱི་སྐུ་ཕྱག་ཏུ་བཟུང་ནས་བྱིན་རླབས་མཛད། འདུལ་བ་མདོ་རྩ་དང་། གསང་བ་འདུས་པའི་རྒྱ་དཔེ་དང་། འགྲོ་ཆོས་སུ་ཐུན་མོང་མ་ཡིན་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་སྐོར་སོགས་སྦས་ཆོས་ཉི་ཤུ་གནང་སྟེ་ལུང་བསྟན་མང་དུ་མཛད། ཇོ་བོ་རང་གི་སྐུ་མཐེ་བོང་ཙམ་སེང་ལྡེང་ལ་བྲིས་ཏེ་གའུར་བཅུག་ནས་གུང་ཐང་པའི་དཔུང་པ་ལ་བཏགས། མཉེས་མཉེས་རྒྱ་ཆེར་མཛད། ཇོ་བོ་ལ་གུང་ཐང་པས་ཀྱང་ལན་གསོལ་ཏེ་ཕྱི་བཞག་རྣམས་འབྲོམ་ལ་བཞག རྣལ་འབྱོར་པས་ཀྱང་ནག་ཚོ་ལ་བསླབ་བྱ་ཇི་ལྟར་མཛད་པའི་ཚུལ་རྣམས། སྙེ་ཐང་དུ་མཛད་པའི་ཞུ་ལན་དང་། རྣལ་འབྱོར་པའི་བསྟོད་ཡིག་ཏུ་གྲགས་པར་གསལ་ལོ། །དེ་ནས་མངའ་རིས་སུ་བྱོན་ནས་ལུང་བསྟན་པ་བཞིན་སྒྲུབ་པ་མཛད་པས། འཇམ་དཔལ་རྡོ་རྗེ། སྒྲོལ་མ། ཡི་གེ་དྲུག་པ་རྣམས་ཞལ་གཟིགས། མངོན་ཤེས་ཀྱང་མངའ་ལ། དེ་ལས་སློབ་བརྒྱུད་ཕྱག་སོར་བ་སོགས་བྱོན་ཚུལ་འོག་ཏུ་འཆད་དོ། །ལོ་ཆུང་ལེགས་ཤེས་ནི་འཁྲུངས་ཡུལ་མངའ་རི་པུ་ཧྲང་པ། བལ་པོར་ཐང་བི་ཧ་ར་བྱ་བ་རྒྱལ་པོས་བཞེངས་པའི་གཙུག་ལག་ཁང་དུ་རྔོག་རིན་ཆེན་རྒྱལ་མཚན་གྱིས་ཞུས་སྣ་བྱས་ཏེ་མཇལ། རྡོ་རྗེ་འབྱུང་བ། གཙུག་དགུ། ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་ཆོག་བསྟོད་འགྲེལ་དང་བཞིའི་རྒྱ་དཔེ། གསང་འདུས་ཀྱི་ཆོས་སྐོར་ཞུ་བའི་རྟེན་དུ་ཕུལ་ནས། ཇོ་བོ་དང་། ལོ་ཙཱ་བས་བསྒྱུར། དེ་ནས་ཡོ་ག་རྣམས་གསུངས་ཏེ་བོད་དུ་ཇོ་བོའི་ཡོ་གའི་འཁོར་འདུས་པ་དང་པོ་ལོ་ཆུང་ལེགས་ཤེས་ཡིན་གསུངས། ལོ་ཙཱ་བ་དགེ་བློ་ནི། ལོ་ཆེན་གྱི་སློབ་མ་རིག་པ་ཅན་གྱི་ཁྱེའུ་ལྔའི་ནང་ནས། གཉིས་ཁ་ཆེར་ཚད་པས་གྲོངས། གསུམ་ནི་སྨྲ་ལོ་ཙཱ་བ་དགེ་བའི་བློ་གྲོས། མང་ཝེར་གྱི་ལོ་ཙཱ་བ་བྱང་ཆུབ་རྩེ་མོ། ལྗང་ལོ་ཙཱ་བ་རིན་ཆེན་གཞོན་ནུ་དང་གསུམ་ལས། འདི་ཉིད་དང་པོ་སྟེ། ལོ་ཆེན་ལ་མཁས་པར་སྦྱངས། ཇོ་བོ་ཆེན་པོའི་དྲུང་དུ་ཆོས་མང་དུ་ཞུས་ཡུན་རིང་དུ་བསྟེན། ལམ་སྒྲོན་སོགས་འགྱུར་མང་དུ་མཛད་དོ། །གོ་མི་སྒོམ་ཆེན་ནི། ཇོ་བོ་ལ་ལོ་ཆེན་གྱི་རྣལ་འབྱོར་རྒྱུད་ཀྱི་སྐོར་གསན་པའི་དུས་སུ་སྦྱོང་རྒྱུད་དང་། གཙུག་དགུའི་དབང་དང་། རྒྱུད་ཀྱི་བཤད་པ་སོགས་གསན་ཏེ་ད་ལྟ་ཡང་གོ་མི་ནས་བརྒྱུད་པ་ཀུན་རིག་སོགས་བསྣུར་ལུགས་སུ་གྲགས་པ་རྣམས་སོ། གཟུས་རྡོ་རྗེ་རྒྱལ་གྱིས་དང་པོར་ཀླུ་མེས་ཅན་དུ་བྱོན་ཏེ་མདོ་རྩ་འགྲེལ་པ་དང་བཅས་པ་སོགས་འདུལ་བའི་གཞུང་རྣམས་ལ་མཁས་པར་སྦྱངས། དེ་ནས་ཇོ་བོའི་དྲུང་དུ་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་གསན་ཏེ། ངས་བསླབས་པའི་ཆོས་ཐམས་ཅད་ཀྱང་ལམ་དུ་སོང་གསུངས། འདི་ལ་བུ་ཆེན་བཞི་སྟེ། སྟོད་དུ་ཞང་ཞུང་པ་རྒྱལ་བའི་ཤེས་རབ། འཛིམ་པུ་གཞོན་ཚུལ། དབུས་སུ་འབྲོམ་སེང་དཀར། བསྟོད་པ་ཡེ་ཤེས་བླ་མ། དེ་རྣམས་ཀྱི་སློབ་མ་རྒྱ་འདུལ་འཛིན་ཡིན་ལ། འདིས་དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞུགས། གྲྭ་བ་འདུལ་བའི་བཤད་ཉན་ཕེར་བ་སྟོང་ཕྲག་ལྷག་པ་སོགས་བྱུང་སྟེ། བོད་དུ་འདུལ་བའི་བཤད་གྲྭ་རྣམས་དང་། འདུལ་འཛིན་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་པ་རྣམས་ཕལ་ཆེར་འདི་ལས་མཆེད་ཅིང་། ཨ་ཏི་ཤ་ནས་བརྒྱུད་པའི་ཆོས་སྐོར་ལ་ཉམས་ལེན་མཛད་པས་སློབ་བརྒྱུད་དུ་གྱུར་པ་ཡིན་ནོ། །

གཞན་ཡང་གློ་བོའི་ཡུལ་ནས་སྟོན་པ་ཡང་རབ་སོགས་དང་། གཙང་སྟོད་ནས་གྲགས་སྟོན་ཆེ་ཆུང་གཉིས། ལེགས་འབྲེལ་ཆེ་ཆུང་གཉིས་བྱོན། གཙང་སྨད་ནས་འགར་མགོས་ཡོལ་གསུམ་ཞེས་གྲགས་ཆེ་བས། དེ་དག་གི་ལོ་རྒྱུས་ཅུང་ཟད་བཤད་ན། རོང་པ་འགར་དགེ་བ་གསལ་གྱིས་ཇོ་བོ་ལ་མདོ་སྔགས་ཀྱི་ཆོས་མང་དུ་ཞུས། ཁྱད་པར་ལཱུ་ཧི་པའི་དབང་བཀའ། ལྷ་སྦས་ཀྱི་འགྲེལ་པ་ལ་བརྟེན་པའི་བཤད་བཀའ། ཆོས་ཚན་དགུ་ལ་སོགས་པའི་རྫོགས་རིམ་ཡོངས་སུ་རྫོགས་པར་གསན་ནས། དེས་ལྷ་རྗེ་བསྟོད་པ། སྟེང་པ་ཟླ་གསལ་སོགས་ལ་བརྒྱུད་དོ། །རྗེ་འགོས་ནི། རུས་འགོས། ཡབ་ཡུམ་རུས་གཅིག་པས་ཁུག་པ། ལྷས་ཕུག་ཏུ་འཁྲུངས་པས་ལྷས་བཙས་ཏེ། གྱི་ཇོ་ཟླ་བའི་འོད་ཟེར་དང་འགྲོགས་ཏེ་རྒྱ་གར་དུ་བྱོན། སྤྱིར་པཎྜི་ཏ་བདུན་ཅུ། མཁའ་འགྲོའི་བླ་མ་གཉིས་ལ་ཆོས་གསན། དེའི་ཚེ་པཎྜི་ཏ་མཉམ་པོ་ལའང་། འདུས་པ་ལ་ཁ་ཟིན་ཆེ་བར་སྣང་བས། ཐོག་མར་གསང་འདུས་ལ་སློབ་གཉེར་མཛད་དེ། འདུས་པ་ལ་མཁས་པའི་པཎྜི་ཏ་བཅུ་ཙམ་བསྟེན་པའི་ནང་ནས། ཡུལ་བྷཾ་ག་ལའི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཞེས་རྒྱ་གར་དུ་འདུས་པ་གསན་པའི་དཔོན་སློབ་ཡིན་ལ། ཇོ་བོའི་གསང་འདུས་འཕགས་སྐོར་ཐམས་ཅད་མངའ་ཞིང་། བོད་དུ་ཡང་ཆོས་མང་དུ་གསན་ཏེ་རྩ་བའི་སློབ་མ་ཡིན། སྤྱིར་སྔགས་ཐམས་ཅད། ཁྱད་པར་དུ་གསང་བ་འདུས་པ་ལ་མཁས་པར་གྲགས། འདི་ལ་སློབ་མ་རྒྱུད་ཀྱི་ཀ་བ་ཚུགས་པ་བཞི། མན་ངག་གི་གདུང་ཐེག་པ་བརྒྱད། ལས་ཚོགས་དང་འཕྲིན་ལས་ལ་མཁས་པ་ལྕམ་དང་གྲལ་མ་ལྟར་དཔག་ཏུ་མེད་པ་བྱོན་ནོ། །ཡོལ་ཆོས་དབང་ནི། སྐུ་མཆེད་གསུམ་སྟེ། ཡོལ་དྲང་སྲོང་། ཡོལ་ཐོག་འབེབས་དང་གསུམ་ཀ་ཇོ་བོའི་དངོས་སློབ་ཏུ་གཏོགས་པ་ཡིན་ཡང་། འདིར་དང་པོ་སྟེ། ཇོ་བོ་གཙང་ཉང་ཚོ་གནས་སུ་ཕེབས་དུས། ཇོ་བོའི་ཞལ་ནས། ད་ནངས་ཐོ་རངས་ནམ་མཁའ་ལ་ཧྲིཿདཀར་པོ་སྒྲ་དང་བཅས་པ་ཅིག་བྱུང་། བཅུ་གཅིག་ཞལ་གྱི་སྐུ་ལི་མ་འདི་ལ་ཕོག དེ་ལས་འོད་འཕྲོས་བོད་ཐམས་ཅད་འོད་ཀྱིས་ཁྱབ་ནས་འོད་དེ་བན་ཆུང་གཞོན་ནུ་ཞིག་ལ་ཕོག་པས། དེའི་སྒྱུ་ལུས་འོད་གསལ་དུ་ཤར་བ་རྨིས་གསུངས། ཉི་མ་རྩེ་ཤར་ལ་ཡོལ་ཆོས་དབང་བཙུན་ཆུང་ལོ་བཅུ་དྲུག་ལོན་པ་གཅིག་གིས་དར་དང་གསེར་ཕུལ། བདག་ལ་ཐུགས་རྗེ་ཆེན་པོའི་གདམ་ངག་ཞིག་ཞུ་ཟེར་བས། ཇོ་བོ་དགྱེས་ནས་བཅུ་གཅིག་ཞལ་གྱི་སྐུ་དེ་ཡང་གནང་། སྤྱན་རས་གཟིགས་དང་། རྟ་མགྲིན་སོགས་ཀྱི་ཆོས་སྐོར་རྣམས་སྔ་ཕྱིར་རྫོགས་པར་གནང་། ཐུགས་རྗེ་ཆེན་པོ་ཞི་ཁྲོ་མང་དུ་ཞལ་གཟིགས་ཏེ་དངོས་གྲུབ་བརྙེས་སོ། །གཞན་ཡང་སྟོད་ལུང་གནམ་གྱི་རྫིང་ཁ་བ། མལ་ཤེས་རབ་སེམས་པས་ཇོ་བོ་ལ་ཡུན་རིང་དུ་བསྟེན་ཏེ། བསྒོམས་པས་སྨིན་མཚམས་ནས་འོད་ཟེར་བྱུང་། དེའི་རྗེས་སེམས་བཅུག་ནས་བསྒོམས་པས་ཞིང་ཁམས་མང་པོ་མཐོང་བ་བྱུང་སྟེ། ཇོ་བོ་ལ་ལམ་དུ་འགྱུར་རམ་ཞུས་པས། ཞི་གནས་ཀྱི་ཆ་མཐུན་ཡིན། བླ་མ་མཚན་ཉིད་དང་ལྡན་པས་ཟིན་ན་ལམ་དུ་འགྱུར་གསུངས། ཡང་ལན་ཅིག་སྙེ་ཐང་ན། ཇོ་བོའི་གཟིམ་ཆུང་དུ་ཁོང་རྟོགས་པ་འབུལ་བ་ལ། ཁུ་སྟོན་གྱིས་ལྐོག་ཉན་བྱས་པས། ས་ཐོབ་པ་ཙམ་དུ་མངོན་ཏེ། ཁོང་ཕྱིར་བྱུང་བའི་རྗེས། ཁུ་སྟོན་གྱིས་ཇོ་བོ་ལ། དེ་སུ་ལགས། རྟོགས་པ་ཇི་ཙམ་དུ་འདུག་ཞུས་པས། མལ་ཤེས་རབ་སེམས་དཔའ་བྱ་བ་ཐེག་པ་ཆེན་པོའི་སྦྱོར་ལམ་དྲོ་ལ་ཉེ་བར་འདུག་གསུངས། དེ་གར་སོང་ཞུས་པས། ཁོ་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པས་རླུང་ཤོད་ངར་གྱི་ལ་ལ་སླེབས་སོང་། རང་སྒྲེང་ལ་འགྲོ་བར་འདུག་གསུངས། འདིས་སྟོད་ལུང་ཚ་ཐོག་གི་དགོན་པ་བཏབ་སྟེ། སྤྱན་སྔའི་རབ་བྱུང་མཛད་པའི་མཁན་པོ་ཡིན་ནོ། །དབུས་ནས་ཁུ་རྔོག་འབྲོམ་གསུམ་གྲགས་ཆེ་བས་དེ་རྣམས་ཀྱི་ལོ་རྒྱུས་འོག་ཏུ་འཆད་ལ། གཞན་ཡང་རྔོག་བྱང་ཆུབ་འབྱུང་གནས། རླན་ཡེ་ཤེས་ཤེས་རབ། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གསུམ་ལ། ཐེག་ཆེན་གདུང་རྒྱུད་རྟེན་མཛད་གསུམ་དུ་གྲགས། ཀ་བ་སྟོན་པ་ཤཱཀྱ་དབང་ཕྱུག རག་ཤི་སྟོན་པ་ཚུལ་ཁྲིམས་གཞོན་ནུ། རྨ་སྟོན་པ་ཤཱཀྱ་བྱང་ཆུབ། དར་སྟོན་པ་བྱང་ཆུབ་དཔལ། སྦ་སྟོན་པ་གཡུ་རུང་རིན་ཆེན། གར་མི་སྟོན་པ་ཡོན་ཏན་གཡུ་རུང་། རྒྱུས་སྟོན་པ་ཆོས་ཀྱི་རྒྱལ་པོ། བང་སྟོན་ཆོས་ཀྱི་རྒྱལ་མཚན། འདང་འཇང་སྟོན་པ། ཞང་སྣ་ཆུང་སྟོན་པ། ལྷབ་མི་སྟོན་པ་ཤེས་རབ་འོད་ཟེར་ཏེ་དབུས་ཀྱི་སྟོན་ཆེན་བཅུ་གཅིག་གོ །ཞང་བཙུན་ཡེར་པ་བ་ཡེ་ཤེས་འབར། ས་ཕུག་པ་ཞུ་སྒོམ། མཁའ་རུ་བ་ཆེན་པོ་གྲགས་པ་སྔ་མ་སྟེ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པ་གསུམ་མོ། །གཞན་ཡང་རྔོག་སྒོམ་ཡོན་ཏན་རྒྱལ་པོ། སྒོམ་པ་དད་པ་བླ་མ། རྣལ་འབྱོར་པ་གཡུང་དྲུང་རྒྱལ་མཚན། སུམ་པ་མཐུ་ཆེན། སྒྲོ་ཨརྻ་བྱང་ཆུབ། ཁུ་སེངྒེ་རྒྱལ་མཚན་རྣམས་བྱོན་ཅིང་། ཞང་བཙུན་ཡེར་བ་པ་ཡེ་ཤེས་འབར་ནི། རྗེ་བཙུན་བྱམས་པ་ལ་ཆོས་གསན་པར་གསུངས་ཤིང་། པོ་ཏོ་པའི་གནས་ཀྱི་སློབ་དཔོན་ཡིན་ལ། ཕྱིས་ཀྱི་ཞང་ཡེར་འབར་བ་རྟེན་སྐྱ་བོ་བླ་མ་ཞང་གི་བླ་མ་དང་མི་ཅིག་ལ། དེ་རྣམས་ཇོ་བོ་ཆེན་པོའི་ཐུན་མོང་མ་ཡིན་པའི་སློབ་མ་ཡིན་ནོ། །གཞན་ཡང་མར་པ་ལོ་ཙཱ་ལ་དབང་རིན་ཆེན་ཕྲེང་བ་གནང་། ཁྱུང་པོ་རྣལ་འབྱོར་ལ་སེམས་བསྐྱེད། བྱམས་ཆོས། བདེ་མཆོག གསང་འདུས། གཤེད་བསྐོར་དང་བཅས་པ་གནང་། མར་པ་དོ་བ་དང་། པུ་ཧྲང་ལོ་ཆུང་ལ་བདེ་མཆོག་གི་བསྐོར་རྣམས་གནང་། བ་རི་ལོ་ཙཱ་ལ་སྒྲའི་སྐོར་རྣམས་གནང་སྟེ། མདོར་ན་གངས་རིའི་ཁྲོད་འདིར་སྐྱེས་མཆོག་ཀུན་ལ་བཀའ་དྲིན་གྱིས་ཁྱབ་པར་མཛད་དོ། །ཁམས་ནས་རྣལ་འབྱོར་པ་ཆེན་པོ་དཔལ་ལྡན་དགོན་པ་བ། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། ཕྱ་དར་སྟོན་པ་དང་བཞི་ལ་ཁམས་པ་སྐུ་མཆེད་བཞི་ཞེས་གྲགས་པ་དེ་རྣམས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོད་ན། རྣལ་འབྱོར་པ་ཆེན་པོ་འཁྲུངས་ཡུལ་མདོ་སྨད་ཙོང་ཁ་ཡོས་བུ་ལོ་བ། གདུང་རུས་ལུང་། མཚན་བྱང་ཆུབ་རན། ལོ་སུམ་ཅུ་རྩ་གཉིས་ལ་དབུས་སུ་བྱོན། ཇོ་བོ་དང་ཐོག་མར་མང་ཡུལ་བཟོར་གནས་སུ་མཇལ། ལོ་དགུ་བསྟེན། དཔལ་ལྡན་དགོན་པ་བ། མདོ་ཁམས་སྟོད་ཀྱི་ལྡན་མ་སྒ་པའི་སྒྲོལ་མ་ལྷ་ཁང་པ། གདུང་རུས་འཛེང་། འབྲུག་ལོ་པ། མཚན་དབང་ཕྱུག་རྒྱལ་མཚན། མདོ་ཁམས་ནས་དང་པོ་ཀཾ་པོ་རི་པ་བྱ་བའི་གྲུབ་ཐོབ་གཅིག་ལ་གཏད་ནས་བྱོན། མངའ་རིས་ན་པཎྜི་ཏ་བྱོན་འདུག་བྱ་བ་གསན་པས། ཇོ་བོ་དང་ཉ་མཚོ་གནས་རྙིང་དུ་མཇལ། རྣལ་འབྱོར་པ་དང་གཉིས་ལ་ཇོ་བོས་ཐུན་མོང་གི་ཆོས་བཞིས་རྒྱུད་སྣོད་རུང་དུ་མཛད་ནས། ལྷ་འདི་དང་ལས་འབྲེལ་འདུག་གསུངས་ཏེ། དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་ཐབས་གནང་ནས་བསྒྲུབས་པས། བཟླས་པ་སྟོང་ཕྲག་བརྒྱད་བརྒྱད་སོང་ནས་ཞལ་གཟིགས། ཇོ་བོ་ལོ་དགུ་བསྟེན། རྣལ་འབྱོར་པ་ཤེས་རབ་རྡོ་རྗེས་ཇོ་བོ་ལོ་ལྔ་བསྟེན་ཅིང་། ཕྱིས་རྔོག་ལེགས་ཤེས་དང་ལྷན་དུ་བཞུགས་ཏེ་གསང་ཕུར་སྐུ་གཤེགས་སོ། །ཕྱ་དར་སྟོན་པས་ཀྱང་ཇོ་བོ་ལོ་ལྔ་བསྟེན་ཏེ་སྙེ་ཐང་དུ་བོད་སྟོན་རྣམས་ཀྱིས་ཕར་ཕྱིན་གསུང་བ་ཞུས་པས། ཐོག་མར་པཎྜི་ཏའི་བཤད་ལུགས་དང་། དེ་ནས་ཇོ་བོ་ཉིད་ཀྱི་བཞེད་པ། སྟོན་པ་བཞིའི་སྒོ་ནས་ཁྲིད་ཚུལ་གསུངས་པས། ཕྱ་དར་སྟོན་པས་ཟིན་བྲིས་སུ་བཏབ་པས་ཤིན་ཏུ་ལེགས་པ་ཅིག་བྱུང་། ཕར་ཕྱིན་ཁམས་ལུགས་མར་གྲགས་ཏེ། ཁོང་ཕར་ཕྱིན་ལ་རྩལ་ཐོན་པར་གསུངས། གཉིས་པ་ཆོས་བརྒྱུད་འཛིན་པའི་སློབ་མ་མཆོག་བྱོན་ཚུལ་ལ་གསུམ། བཤེས་གཉེན་སྟོན་པ་བྱོན་ཚུལ། དགེ་བཤེས་གསང་ཕུ་བ་བྱོན་ཚུལ། ནག་ཚོའི་རྗེས་སློབ་བྱོན་ཚུལ་ལོ། །དང་པོ་ནི། དེ་རྣམས་ཀྱི་ནང་ནས་ཇོ་བོ་ཆེན་པོའི་ཆོས་ཀྱི་བརྒྱུད་འཛིན་པའི་མཆོག་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཡིན་ཏེ། འཁྲུངས་ཡུལ་བྱང་རྩ་དགྱེ་མོ་ཕྱོགས་སུ་མཛད། གདུང་རུས་འབྲོམ་གྱི་ནང་ཚན་བྲག་གསུམ། ཡབ་ལྟག་སྐུ་བཞེར། ཡུམ་ཁུ་རྡོ་འོད་བཟའ་གཉིས་ཀྱིས་སྲས་སུ་ཤིང་ཕོ་འབྲུག་ལ་འཁྲུངས། གཞུར་ཞང་པོའི་སར་གཡུང་ཆོས་མགོན་ལ་ཀློག་བསླབས། སློབ་གཉེར་མཛད་ཀྱིན་ཡོད་པའི་དུས། རྒྱལ་གྱི་ཞང་ཆེན་པོ་ལ་དགེ་བསྙེན་གྱི་སྡོམ་པ་བླངས། དེ་ནས་དགུང་ལོ་བཅུ་བདུན་བཞེས་པ་ལ། སེ་བཙུན་དབང་ཕྱུག་གཞོན་ནུ་ཁམས་ནས་ཡར་བྱོན། རྒྱ་གར་དུ་འབྱོན་པར་བཞེད་དེ། བལ་ཡུལ་བར་བྱོན། ལོ་གཅིག་ན་སླར་ལོག་པ་དང་མཇལ་ཁྲིད་པར་ཞུས་པས། སང་རེད་ཤོག་གསུངས་བས། ཚོང་པ་དང་འགྲོགས་ཏེ་བྱོན། ཁམས་སུ་ལོ་ཧྲིལ་པོ་བཅུ་དགུ་སེ་བཙུན་ལ་བསྟེན། མདོ་སྔགས་ཀྱི་ཆོས་མང་དུ་གསན་མཁས་པར་གྱུར་ཏེ་དགེ་བསྙེན་ཆོས་འཕེལ་དུ་གྲགས། སྙིང་རྗེ་པད་དཀར་དུ། བྱང་ཕྱོགས་སུ་བསྟན་པ་ལ་དད་པ་ལྷར་སྐྱེ་ཞིང་། རབ་བྱུང་ཆོས་བཞིན་མི་སྤྱོད་པ་ལོག་པར་ལྟུང་། དེར་དགེ་བསྙེན་ཆོས་འཕེལ་ཞེས་པ་རྫུ་འཕྲུལ་དང་ལྡན་པ་འབྱུང་། ཞེས་པ་དང་། སངས་རྒྱས་ཕལ་པོ་ཆེར་ཡང་། བྱང་ཕྱོགས་སུ་དགེ་བསྙེན་ཆོས་འཕེལ་བྱ་བ་འབྱུང་ཞེས་འབྲོམ་སྟོན་པ་ཉིད་ལུང་བསྟན་པ་ཡིན་ནོ། །དེ་ནས་འབྲོམ་གྱི་དགོངས་པ་ལ། དལ་འབྱོར་མི་ལུས་ཐོབ་པར་དཀའ་བ་སྐྱེད་པའི་དུས་འདིར་ཆོས་རྣལ་མ་གཅིག་བྱེད་ན་འདི་ཙམ་གྱི་ཆོག་གམ་མི་ཆོག རྒྱ་གར་མཁས་པ་གཅིག་ལ་དྲི་བ་ལ་བར་དུ་ལོ་ཙཱ་བ་མི་དགོས་པ་བྱེད་དགོངས་ཏེ་པཎྜི་ཏ་སྒྲའི་ཚེར་མ་བྱ་བ་ལ་བི་ཝརྟ་ལ་སོགས་པ་བསླབས། ཁ་ཅིག་སྨྲྀརྟི་ཉྫཱ་ན་དང་གཅིག་པར་འདོད། དེ་ནས་ལོ་ཙཱ་མཁས་པར་བསླབས། དེ་ནས་སེ་བཙུན་གྱི་ཞལ་ནས་ཕ་དང་ཕྲད་པར་སོང་གསུངས་ཏེ། དགུང་ལོ་སོ་བརྒྱད་འགྲོ་བ་ལ་ཡར་བྱོན། བྱང་འཕྲང་ཁ་སོགས་ཆུ་ཁར་ཕེབས། འཕྲང་ཁ་བེར་ཆུང་གིས་ར་སྒྲེང་གི་དགོན་པ་ཕུལ། མངའ་རིས་སུ་ལྷ་བླ་མས་པཎྜི་ཏ་སྤྱངས་ཏེ་ཕེབས་པ་སྔར་ནས་གསན་ཀྱང་། དེའི་ཚེ་རིང་པོར་མི་ཐོགས་པར་རྒྱ་གར་དུ་འབྱོན་པར་འདུག་ཟེར་བས། མཚན་ཐོས་པ་ཙམ་གྱིས་དད་པ་ལྷག་པར་སྐྱེས་ཏེ་ཡར་བྱོན། ཇོ་བོ་དཔོན་སློབ་པུ་ཧྲང་ན་བཞུགས་པ་ལ། སྒྲོལ་མའི་ཞལ་ནས། ད་ནི་ཞག་གསུམ་དྲོས་དང་བཞི་བོད་ཀྱི་ཨུ་པཱ་ས་ཀ་འབྱོན་པས་བྱིན་གྱིས་རློབས་ཤིག་གསུངས། ཇོ་བོས་ཀྱང་དེའི་སྟ་གོན་མཛད། ཨུ་པཱ་ཉེ་བ། ཨ་ས་ཀ་གནས་པ་སྟེ་མཚམས་སྦྱར་བས། ཨུ་པཱ་ས་ཀ་ཉེ་བར་གནས་པའམ། དགེ་བསྙེན་ལ་འཇུག་ལ། པའི་རིང་ཆ་ཆད་པ་དང་། སེ་ཀ་ཅེས་པ་མ་དག་སྟེ། ཨུ་པ་སེ་ཀ་དགེ་བསྙེན་མ་ལ་འཇུག་གོ །དེ་ནས་རྟའི་ལོ་རང་ལོ་སོ་དགུ་ལ་ཇོ་བོ་དང་མཇལ། བྱིན་གྱིས་བརླབས། དབང་སྐུར། འཇམ་དཔལ་རྡོ་རྗེའི་སྐུ་ཡང་གནང་། ཁྱོད་བླ་མ་རྣམས་དང་། སྒྲོལ་མས་ལུང་བསྟན་པའི་སློབ་མ་ཡིན་པས་ངའི་རྩར་སྡོད། ངའི་བཀའ་བརྒྱུད་འདི་ལ་གསོལ་བ་ཐོབ་དང་བྱིན་རླབས་ཡོད་ཀྱིས། བྱིན་རླབས་འབྱུང་གི་གསུངས། དེའི་ཚེ་ཇོ་བོ་ཉིད་ཀྱང་རྒྱ་གར་དུ་ལོག་པར་བཞེད། ལོ་ཙཱ་བ་ཡང་སྔར་གྱི་ཆད་ཡོད་པས་ཕར་བསྐྱལ་བར་བཞེད་པ་ལ། སྟོན་པས་ཀྱང་བཞུགས་པར་ཞུ་མ་ནུས། འོན་ཀྱང་ཐབས་ལ་མཁས་པས་དབུས་ན་རྒྱལ་བློན་གྱི་བཞེངས་པའི་གཙུག་ལག་ཁང་ཡོད་ཚུལ་དང་། དགེ་འདུན་གྱི་སྡེ་མང་དུ་བཞུགས་པ་རྣམས་ཇོ་བོ་ཕེབས་པར་མོས་ཚུལ་དང་། བོད་སྟོན་རྣམས་ལ་ཡང་ཆད་ཡོད་པ་བཞིན་འཕྲིན་ཡིག་བཏང་བ་སོགས་གོང་དུ་བཤད་པ་ལྟར་དཀའ་མ་དུ་མས་བོད་དུ་སྤྱན་དྲངས་ཏེ་སྟོན་པས་ལོ་ངོ་བཅུ་གསུམ་ཚུལ་བཞིན་དུ་བསྟེན་ཅིང་། བཤེས་གཉེན་སྟོན་པ་ལ་བླ་མ་ལྔ་ཡོད་པ་ནི། དང་པོར་ཀློག་བསླབ་པའི་སློབ་དཔོན། གཞུའི་ཀུན་དགའ་ར་བའི་གཡུང་ཆོས་མགོན། རྒྱལ་གྱི་ཞང་ཆེན་པོ། སེ་བཙུན་དབང་ཕྱུག་གཞོན་ནུ། པཎྜིཏ་སྒྲའི་ཚེར་མ་ཅན། ཇོ་བོ་ནི་འགྲན་གྱི་དོ་མེད་ཡིན་ལ། སྤྱིར་ཇོ་བོའི་ཆོས་ཐམས་ཅད་ཐུགས་ལ་མངའ་བ་ཡིན་ཏེ། མི་འཆུག་བསྡམས་པ་ལས་ཀྱང་། ཇོ་བོའི་ཞལ་ནས། གཞུང་བཟང་ཁྱོད་ནི་ཚངས་སྤྱོད་སྡོམ་པས་ཕྱུག །སྨོན་འཇུག་སེམས་སྐྱེད་ལག་ལེན་སྙིང་རྗེས་མཛད། །དབང་བཞི་ཡོངས་རྫོགས་གསང་བ་ཕྱིར་མི་སྒྲོག །སྡོམ་གསུམ་ཁྱོད་ཀྱི་རྒྱུད་ལ་རྫོགས་པར་གནས། །དེ་དག་ཀུན་གྱི་ལམ་རིམ་ལག་ལེན་རྣམས། །རིམ་པ་བཞིན་དུ་ཉམས་ཁྲིད་བསྐྱངས་པ་ལས། །ཀུན་ལ་ཐོགས་མེད་ཁྱོད་ཀྱི་བློ་ལ་རྫོགས། །གཞན་ཡང་བསླབ་བསྡུས་སྤྱོད་འཇུག་ལ་སོགས་པ། །དོན་ཡོད་གོ་སྟེ་སེམས་ལ་ཕན་པའི་ཆོས། །བརྒྱ་དང་བཅུ་གསུམ་ཁྱོད་ཀྱིས་དག་པར་བསླབས། །གསང་བ་གཞན་ལ་བསྟན་པར་དཀའ་བ་ཡང་། །སྦས་པའི་ཆོས་རྣམས་ཁྱོད་ཀྱིས་ལོན་པར་མཛད། །ཁྱོན་ནི་ཞུ་མཁས་ཁོ་བོ་སྣོད་ལ་རྟོག །ལྷ་རྣམས་ཀུན་ལ་བག་ཆགས་བཞག་པའི་ཕྱིར། །སྒྲུབ་ཐབས་སྟོང་ཕྲག་ཉི་ཤུ་རྩ་བཞིའི་ཁྲིད། །ཁོ་བོ་ཕྱོགས་འདིར་བོས་པའི་དགོས་པ་དང་། །སྡོམ་གསུམ་དོན་དུ་གཉེར་བར་འདོད་པ་ལ། །སོ་སོའི་ལག་ལེན་རིམ་པར་དཀྲོལ་བ་ལགས། །ཞེས་སོགས་མང་དུ་གསུངས་པ་སོགས་ཀྱིས་ཤེས་སོ། །ཁྱད་པར་དུ་རྒྱལ་བས་ལུང་བསྟན་པ་ཤིང་རྟ་ཆེན་པོ་གཉིས་ཀྱི་གདམས་པའི་བཅུད། རྒྱལ་བའི་བཀའ་བསྟན་བཅོས་ཐམས་ཅད་འགལ་མེད་དུ་ཉམས་སུ་ལེན་པའི་ལམ་མ་ནོར་བའི་གདམས་ངག་ཁྱད་པར་ཅན་དཔལ་ལྡན་ཨ་ཏི་ཤ་ལ་མངའ་བ་དེ་གཙོ་བོར་འབྲོམ་སྟོན་པས་ཐོབ་པར་མཛད་ཅིང་། བཤེས་གཉེན་སྟོན་པའི་རྗེས་འཇུག་སྐུ་མཆེད་གསུམ་ལ་སོགས་པ་རྣམས་ལ་ཡང་བཀའ་གདམས་པ་ཞེས་མཚན་དུ་གྲགས་ལ། སྟོན་པས་མཛད་པའི་ལྷ་ཆོས་བདུན་ལྡན་ཆུང་བ་ལས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་པོ་སྟེ། །གདམས་པ་སྐྱེས་བུ་གསུམ་གྱིས་ཕྱུག་པ་ཡིན། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། །འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར། །ཞེས་པ་ནས། བདག་གི་བླ་མ་འགྲན་གྱི་དོ་མེད་འདི། །ཚུལ་ཁྲིམས་གོས་ཅན་ལྟ་བའི་རྣལ་འབྱོར་པ། །ཡེ་ཤེས་ལུས་ཅན་མཚན་དང་དཔེ་བྱད་ལྡན། །ལོག་པའི་ཆོས་ལས་ངེས་པར་འདས་པ་ཡིན། །ཨེ་མ་ཡ་མཚན་བསམ་གྱིས་མི་ཁྱབ་པའི། །བདེ་བར་གཤེགས་པ་རྒྱལ་བ་གཉིས་པ་འདིའི། །བརྒྱུད་པར་བཅས་པའི་རྗེས་སུ་འབྲང་དུ་བྱུང་། །དེ་ཡིས་ཁོ་བོ་བོད་དུ་ལུས་བླངས་ཀྱང་། །བསོད་ནམས་མི་ཆུང་ཤིན་ཏུ་སྐལ་བ་བཟང་། །ཞེས་པའི་བར་གསུངས་སོ། དེ་ལྟར་འབྲོམ་སྟོན་ཇོ་བོ་དང་མཇལ་བའི་དུས་དང་། བསྟེན་པའི་ལོ་གྲངས་ལ་མི་མཐུན་པ་མང་ཡང་འདི་ལས་གཞན་དུ་འདོད་པ་མ་དག་པར་མངོན་ནོ། །ཇོ་བོ་དགའ་ལྡན་དུ་གཤེགས་ནས། ཀ་བ་ཤཱཀྱ་དབང་ཕྱུག་སོགས་བོད་སྟོན་རྣམས་ཀྱིས་ཇོ་བོའི་འདས་མཆོད་ཆེན་པོ་སྙེ་ཐང་དུ་བཏང་། སྟོན་པས་སྙེ་ཐང་དུ་ལོ་གཅིག་བཞུགས། ཇོ་བོའི་གདུང་དང་རྟེན་གསུམ་སོགས་སྤྱན་དྲངས་ཏེ། ཤིང་མོ་ལུག་གི་ལོ་ལ་ར་སྒྲེང་དུ་བྱོན། དགོན་པའི་ས་སྤྱད་གཟིགས་པས་ཤིན་ཏུ་ལེགས་པར་དགོངས་ཏེ། བྲག་སེང་གེའི་ཞོལ་དུ་མནལ་ལམ་བརྟགས་པས། དབུ་རྩེའི་ས་ན་གསེར་གྱི་མཆོད་རྟེན་འདུག་པའི་འོད་ཟེར་ལས། དབུ་རྩེ་དགའ་འཇི་ར་སེར་ལྷག་གེ་བ་མང་པོ་བྱུང་ནས་བོད་ཡུལ་ཐམས་ཅད་འོད་ཀྱིས་གང་བར་བྱས་ཏེ་ཚུར་འདུས་ཤུག་པའི་གསེབ་ཐམས་ཅད་གང་བ་དང་། གཞན་ཡང་འཆིང་དཀར་བ་མར་གྱི་ཕུང་པོ་དང་། ཕ་འོང་ཐང་རིན་པོ་ཆེའི་ཕུང་པོར་སོང་བ་ལ་སོགས་པའི་བལྟས་ཁྱད་པར་ཅན་མང་པོ་རྨིས་ཏེ། ནང་པར་སུམ་པ་མཐུ་ཅན་དང་། རྣལ་འབྱོར་པ། དགོན་པ་བ་གསུམ་གྱིས་བལྟས་བཟང་ངམ་ཞུས་པས། བཟང་གསུངས་ནས། དགོན་པ་འདེབས་པར་ཐག་བཅད། ས་འདུལ་ལ་བརྒྱད་སྟོང་པ་འགྲེལ་པ་དང་བཅས་པ་གསུངས། མེ་ཕོ་སྤྲེའུ་ལོ་ལ་དགོན་པ་གོང་དང་། གཟིམ་ཁང་རྣམས་མཛད། མེ་མོ་བྱའི་ལོ་ས་ག་ཟླ་བའི་ཚེས་གཉིས་ལ་ས་ཆོག་མཛད། དཔལ་གསང་བ་འདུས་པ་ལྷ་བཅུ་དགུའི་ཐིག་བཏབས་ཏེ། ཀ་གཉིས་མའི་རྨང་བཏིང་། གུར་དཀར་ཕེབས། ཇོ་བོའི་གདུང་དང་། དངུལ་གདུགས་ཅན། འཇམ་དཔལ་རྡོ་རྗེ་ལས་སོགས་པ་བཞུགས། བཟོ་བོ་བི་རི་རྣལ་འབྱོར་བྱ་བས་ཀ་གཉིས་མ་རྒྱ་ཕིབས། ཁྱམས་སྟོད་ཀ་བ་བཅུ་གཉིས་རྣམས་བྱ་ལོ་རང་ལ་གྲུབ་པར་མཛད། རྟེན་གསར་བཞེངས་པ་རྣམས་ཀྱི་རབ་གནས་སོགས་རྣལ་འབྱོར་པ་གོང་འོག་གིས་གྲོགས་མཛད་དེ་ཕུན་སུམ་ཚོགས་པར་གྲུབ་ནས། ཇོ་བོའི་གདུང་བཞུགས་པའི་ཁྱུང་མགོ་གྲུབ་ནས། འདི་མན་ཆད་ལ་བྱེད་པ་པོ་གཅིག་འོང་གིས་གསུངས་ནས། འཛིམ་རྡོ་ཡོན་ཏན་འབར་ལ། ཁྱོད་འཇིག་རྟེན་གྱི་ཤེས་ཆེ་བས་གྱིས། ཁོ་བོས་ཚེ་འདིའི་རྣམ་རྟོག་ཡོངས་བློ་ཅིག་བགྱི་གསུངས་ཏེ། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །ཞེས་སོགས་གསུངས་ཤིང་། འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་མཛད་དོ། །དེ་དུས་རྣལ་འབྱོར་པ་ཕྱག་ཁྲི་མཆོག ཇོ་བོ་ལོ་ལྔ་བསྟེན་པ་དེ་ར་སྒྲེང་ན་བཞུགས་པ་ལ་ཁོ་བོ་མཚམས་ཤིག་བྱེད་པ་ཡིན་གསུངས་ནས། འཇིག་རྟེན་གྱི་རྣམ་པར་རྟོག་པ་ལ་མཚམས་པོ་ཆེ་མཛད་དེ་ཤུག་སིབ་ན་གང་དགར་བཞུགས་ནས་རྩེ་གཅིག་ཏུ་སྒྲུབ་པ་མཛད། དགུང་ལོ་ཞེ་གཉིས་འགྲོ་བའི་དུས་བཤེས་གཉེན་སྟོན་པས་འཁོར་ཅིག་ལ་བདུད་རྩིའི་ཀ་པཱ་ལ་གང་བཀུར་ཏེ། ཕྱག་ཁྲི་མཆོག་ལ་གཏད་པ་གསོལ་ནས་མཁའ་སྤྱོད་དུ་གཤེགས་སོ། །དེ་ལྟར་བཤེས་གཉེན་སྟོན་པ་ཐུགས་ཟབ་ལ་སྐྱེལ་ཆེ་བ་མཁྱེན་པ་རྒྱ་མཚོ་ལྟ་བུ་མངའ་བ་དེས། མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་ར་སྒྲེང་དེ། བོད་ཀྱི་སྡེ་པ་གང་གི་ཡང་ཕྱོགས་སུ་མ་ཆད་པ། བི་ཀྲ་མ་ཤཱི་ལའི་གནས་ཆུང་། ཇོ་བོའི་གདན་ས། རྣལ་འབྱོར་གོང་འོག་རྣམས་ཀྱི་སྒྲུབ་གནས། བོད་ཀྱི་སྤྱི་མཆོད་ཁྱད་པར་ཅན་འདི་བྱུང་བ་ཡིན་ནོ། །དེ་ཡང་སྔོན་གྱི་ཡི་གེ་ལས། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་བྱང་དུ་མི་རྒོད་འདུལ་བ་ལ་བྱོན་དུས། ར་སྒྲེང་དུ་ཕེབས་ཏེ་དབུ་སྐྲ་གཏོར་ནས། འདིར་སྤོས་ཤིང་རྒྱས་པར་གྱུར་པའི་ཚེ། གནས་འདིར་ངའི་སྤྲུལ་པ་འབྱུང་། ཞེས་གསུངས་པ། བཤེས་གཉེན་སྟོན་པ་ཡིན་པར་བཞེད་དོ། །དེ་ལྟ་བུའི་ར་སྒྲེང་དེར་སངས་རྒྱས་ཀྱི་བསྟན་པ། ཨ་ཏི་ཤའི་ཆོས་སྲོལ་དྲི་མ་མེད་པ་རྣམས་བཙུགས་ཏེ། སྤྱིར་ལས་དང་སྐལ་ལྡན་གྱི་སློབ་མ་བརྒྱད་ཅུ་ཙམ་སྨིན་པར་མཛད་ཅིང་། ཁྱད་པར་དུ་སྐུ་མཆེད་རིན་པོ་ཆེ་གསུམ་ཇོ་བོ་ཉིད་ཀྱི་སྙེ་ཐང་དུ་ལུང་བསྟན་ཏེ། འབྲོམ་རྗེ་ཐུབ་པའི་བསྟན་པ་ལྔ་སྟོང་གནས། །འོན་ཀྱང་བོད་དུ་ཆོས་སྤྱོད་ཇི་ལྟར་དར། །བདག་གིས་བསྟན་པ་སྐྱོང་སྐྱེད་བྱས་པ་ཡིན། །ད་ནི་ལེགས་པར་གཞི་བཞེངས་ཚར་བ་ཡིན། །ཆོས་འདི་ལེགས་པར་སྐྱོངས་ཤིག་རྒྱལ་བ་འབྲོམ། །མཐའ་རྒྱ་བྱང་ནས་སྐྱེད་ཅིག་སྙིང་སྟོབས་ཅན། །ཕོ་རུས་རྣམ་ཐར་ཟུངས་ཤིག་ ཁྲོལ་གཞུང་ཅན། །ཕ་གཅིག་བུ ་གཅིག་ཡིན་ནོ་སྙིང་ལ་སོམས། །ཤེས་དང་། བདག་གིས་བསྟན་པ་འདི་ནི་ཁྱོད་ལ་གཏད། །ལོ་སྐོར་གཅིག་གི་བར་དུ་བྱང་ཕྱོགས་སུ། །ཆོས་ཀྱི་ཆར་པ་ཕོབས་ལ་གཞན་དོན་མཛོད། །དེ་ནས་ཁྱོད་ཀྱི་ཡོན་ཏན་མ་ལུས་པ། །གང་ཟག་གཅིག་གིས་བླང་བར་མི་ནུས་ཀྱིས། །ལས་ཅན་བརྒྱད་ཅུར་བགོས་ལ་མཐའ་རྒྱ་སྐྱོད། །གཙོ་བོ་སྤྲུལ་པའི་སྐུ་མཆེད་གསུམ་པོ་ལ། །གཞུང་དང་མན་ངག་ཐུན་མོང་གསུམ་བྱིན་ལ། །ལྷག་ཆད་མེད་པར་རང་གི་གདན་ས་གཏོད། །གནས་ཀྱི་གདན་སར་ཨ་མེས་ཆེན་པོ་བསྐོས། །དེ་ནས་ཞེན་ཅིང་ཆགས་པ་མ་བྱེད་པར། །དགའ་ལྡན་གནས་སུ་བདག་གི་དྲུང་དུ་ཤོག །ཅེས་བཤེས་གཉེན་སྟོན་པ་བསྟན་པའི་བདག་པོར་བྱིན་གྱིས་བརླབས་ཤིང་། ཆོས་ཀྱི་གདན་ས་སྐུ་མཆེད་གསུམ་དང་གནས་ཀྱི་གདན་ས་རྣལ་འབྱོར་པ་དང་བཅས་པ་ལུང་བསྟན་ཅིང་། ལས་ཅན་བརྒྱད་ཅུའི་ནང་ནས་གྲགས་ཆེ་བ་གོང་དུ་བཤད་པའི་ཁམས་པ་སྐུ་མཆེད་བཞི་དང་། གཞན་ཡང་ཁམས་ནས་རྣལ་འབྱོར་པ་བྱམས་པའི་བློ་གྲོས། ཡོངས་རྫོགས་རྣལ་འབྱོར་པ། ལྷོ་བྲག་ནས་རྣལ་འབྱོར་པ་ཕྱག་ཁྲི་མཆོག བཙུན་པ་དགེ་སྐྱོང་སོགས་དང་བི་རི་རྣལ་འབྱོར་པ། སྟོང་རྩན་ནམ་གོ རྒྱུ་ར་གཞོན་ནུ་འོད་ཟེར། ལྷབ་མི་ཤེས་རབ་གཡུང་དྲུང་། སྒོམ་པ་རིན་ཆེན་བླ་མ། གཙང་པ་ཇོ་པད། ཀ་བ་རྒྱ་དཀར། མར་བ་ཇོ་ལེགས། བྲན་ཀ་ཇོ་བཙུན། སུམ་སྒོམ་དབང་ཕྱུག་འོད་ཟེར། རྣལ་འབྱོར་པ་གཡུང་དྲུང་རྒྱལ་མཚན་སྟེ་འདི་རྣམས་ཇོ་བོ་དང་སྟོན་པ་ཐུན་མོང་པའི་སློབ་མ། ཡི་དམ་ལྷ་ཞལ་གཟིགས་པ། སྐྱེས་བུ་ཆེན་པོའི་ལམ་ལ་བཞུགས་པ་ཤ་སྟག་གོ །སྲས་ཀྱི་ཐུ་བོ་ནི་སྐུ་མཆེད་གསུམ་པོ་ཉིད་ཡིན་ལ། ཁ་ཅིག་ཁམས་ལུང་པ་དང་སྐུ་མཆེད་བཞིར་ཡང་འདོད་དེ། འདིས་ཡུང་ངའི་ཁམས་ལུང་དུ་དགོན་པ་བཏབ། འགྲོ་དོན་མཛད་ཅིང་ལོ་གོ་བཞི་བཞུགས་སོ། །

གཞན་ཡང་ཞང་ཡེ་ཤེས་རྒྱལ་མཚན། བྲག་རྒྱབ་པ་གཉན་སྟོན་ཤཱཀྱ་འབྱུང་། མངའ་རིས་པ་འདུལ་འཛིན་རུག་པའི་ཞང་ཆེན་པོ། རྣམ་ཐར་གཙང་བའི་ཀ་སྐྱོག་པ་ཆེན་པོ། འཛིན་སྒོམ་ཡོན་ཏན་འབར། སྒྲོ་བྱང་ཆུབ་ཚུལ་ཁྲིམས། ཨ་མི་ཐར་པ་རྒྱལ་མཚན། ཨ་མི་སྨན་ལ་སོགས་པ་དེ་རྣམས་བཤེས་གཉེན་སྟོན་པའི་སློབ་མ་ཐུན་མོང་མ་ཡིན་པར་གྲགས་ཆེ་བ་རྣམས་ཡིན་ནོ། །དེ་ལྟར་སློབ་མ་རྣམས་སྨིན་པར་མཛད་དེ། ལོ་དགུར་བསྟན་པའི་མངའ་བདག་མཛད་ནས་དྲུག་ཅུ་རེ་གཅིག་པ་འབྲུག་ལོ་ལ་ར་སྒྲེང་ནས། རྗེ་བཙུན་བྱམས་པའི་དྲུང་ན་ཇོ་བོ་རྗེ་ཉིད་ལྷའི་བུ་ནམ་མཁའ་དྲི་མ་མེད་པ་ཞེས་བྱ་བར་བཞུགས་པའི་དྲུང་དུ་གཤེགས། བཀའ་གདམས་ཀྱི་གསུངས་རབ་དག་ལས། སྟོན་པ་ནི་ལྷའི་བུ་རྒྱལ་བ་རྒྱལ་མཚོ། ཀ་བ་ཤཱཀྱ་དབང་ཕྱུག་ནི་ལྷའི་བུ་ཤཱཀྱ་དྲི་མེད། རྔོག་ལེགས་ཤེས་ནི་ལྷའི་བུ་ཤེས་རབ་སྒྲོན་མ། ལོ་ཙཱ་བ་ནག་ཚོ་ནི་ལྷའི་བུ་ཚུལ་ཁྲིམས་ལྡན་ཞེས་བྱ་བར་འགྱུར་བར་གསུངས་སོ། །དེའི་སྲོལ་འཛིན་བྱོན་ཚུལ་ལ་གསུམ། ར་སྒྲེང་དུ་བྱོན་ཚུལ། སྐུ་མཆེད་གསུམ་བྱོན་ཚུལ། དེ་ལས་འཕེལ་བའི་སློབ་བརྒྱུད་བྱོན་ཚུལ་ལོ། །དང་པོ་ནི། རྣལ་འབྱོར་པ་ཆེན་པོས་སྟོན་པ་ཡང་ལོ་དགུ་བསྟེན། ར་སྒྲེང་གི་གདན་ས་ལོ་བཅུ་གཉིས་མཛད་པའི་རིང་། དགོན་པ་གོང་ནས་ཕྱིར་བྱོན། ད་ལྟ་དབུ་རྩེ་ཀ་བ་བཅུ་དྲུག་མའི་ས་དེར་གཟིམ་ཆུང་མཛད། དེ་དུས་ཞང་ཕྲེང་ཁ་ཟེར་ཆུང་གི་སྲས་དགྲ་བཅོམ། དེའི་སྲས་བེར་བརྒྱུད་དར་མ་ཡེ་ཤེས་ཀྱིས་ཀ་གཉིས་མའི་ཁྱམས་རྨད། ཁྱམས་ཆུང་། ནག་ཚང་གསུམ་མཛད་དེ་རབ་གནས་རྣལ་འབྱོར་པ་ཆེན་པོས་མཛད། གྲྭ་ས་མང་དུ་བཙུགས། གདུལ་བྱ་དུ་མ་སྨིན་པར་མཛད་དེ་དགེ་འདུན་སམ་བརྒྱ་ཙམ་འདུས། དྲུག་ཅུ་རྩ་གཉིས་པ་འབྲུག་ལོ་རྒྱལ་ཟླའི་ཚེས་བརྒྱད་ལ་ར་སྒྲེང་ནས་གཤེགས། དཔེ་ལ་ལར། རྟ་ལོ་བ་ཡོས་ལ་གཤེགས་པས་བདུན་ཅུ་ཐམ་པ་བཞུགས་ཟེར་བ་ཡང་སྣང་ངོ་། །དེ་ནས་དཔལ་ལྡན་དགོན་པ་བ་གདན་སར་བསྐོས། སྟོན་པ་ཡང་ལོ་དགུ་བསྟེན་པ་རྣལ་འབྱོར་པ་དང་འདྲ། ར་སྒྲེང་གི་གདན་ས་ལོ་བཅུ་མཛད། དགོན་པ་གོང་དུ་བཞུགས་ནས། སྣེའུ་ཟུར་བ་ལ་སོགས་པའི་སློབ་མ་མང་དུ་སྨིན་པར་མཛད་དེ་དྲུག་ཅུ་རྩ་བདུན་པ་ཁྱི་ལོའི་མངོན་པར་བྱང་ཆུབ་པའི་ཉ་ལ་ར་སྒྲེང་དུ་གཤེགས། དགོན་པ་བ་ལ་སློབ་མ་མང་དུ་བྱོན་པའི་མཆོག བུ་ཆེན་བཅུ་ནི། ཀླུང་ཤོད་རུག་པའི་ཞང་ཀ་མ་བ་ཤེས་རབ་འོད། ཁ་རག་སྒོམ་ཆུང་། རོག་ཆོར་བུ་བ་སྨྲ་བའི་སེང་གེ མཐའ་བཞི་སྒོམ་པ། འཕན་ཡུལ་རྒྱལ་དུ་སྙན་སྣ་མོ་བ་དང་། འབྲི་གོ་ཏེ་ལུང་པ་ཚུལ་ཁྲིམས་སྐྱབས་གཉིས། དར་ཡུལ་དུ་ཆུ་སྒོམ་གཞོན་ནུ་སྙིང་པོ་དང་། ཚུལ་སྒོམ་ཡེ་ཤེས་རྒྱལ་མཚན་གཉིས། འཕན་ཡུལ་གཉའ་ར་སྨན་འཛར། འགར་འདུལ་འཛིན། སྤྲས་མཐོང་པ་སར་སྣེའུ་ཟུར་བ་རྣམས་སོ། །དེ་རྣམས་ཀྱི་ནང་ནས་ཆོས་རྒྱུད་འཛིན་པའི་མཆོག སྣེའུ་ཟུར་བ་ཡིན་ཏེ། འདིའི་ལོ་རྒྱུས་ཅུང་ཟད་འོག་ཏུ་འཆད་དོ། །དེ་རྣམས་རྣལ་འབྱོར་བ་དང་ཐུན་མོང་བའི་སློབ་མ་ཡིན་ཀྱང་། དགོན་པ་བའི་བུ་ཆེན་དུ་ཡི་གེ་རྙིང་མ་རྣམས་སུ་བགྲང་པ་བཞིན་འདིར་ཡང་བཀོད་པ་ཡིན་ནོ། །ཁ་རག་སྒོམ་ཆུང་ནི། གཙང་དུ་སྐུ་འཁྲུངས། ལམ་པོ་གནས་སུ་མཁན་པོ་མར་སྒོམ་ལས་རབ་ཏུ་བྱུང་སྟེ། མཚན་དབང་ཕྱུག་བློ་གྲོས་སུ་བཏགས། དང་པོ་སྦ་སྒོམ་བསོད་ནམས་ཡེ་ཤེས་བྱ་བ་ཇོ་བོའི་སློབ་མ་ཅིག་ལ་ཆོས་གསན། དེ་ནས་ར་སྒྲེང་དུ་བྱོན་ལོ་དྲུག་བཞུགས་ནས། རྣལ་འབྱོར་པ་དང་། དགོན་པ་བ་གཉིས་ལ་ཆོས་མང་དུ་གསན། སྒོམ་ཆུང་པའི་ཐུགས་དགོངས་ལ། ད་ནི་རང་གིས་ཀྱང་ཆིག་སྐྱ་ཐུབ་སྟེ་འོང་སྙམ་སྟེ། ཉུང་མའི་ས་བོན་ཕུལ་གང་ཁྱེར་ནས་སྤྲས་ཀྱི་སྣེའུ་ཀེ་རུ་རུ་བྱོན། དབྱར་ལོ་ཐུག་གསོལ། དགུན་ཉུང་ཐུག་ལ་ཕྱེ་བུན་རེ་བཏབ་ནས་གསོལ་གྱིན་ལོ་བཅུ་གཅིག་སྒྲུབ་པ་རྩེ་གཅིག་ཏུ་མཛད། དེ་ནས་ཁ་རག་ཏུ་བྱོན་ནས་སྒྲུབ་པ་མཛད་པས། ཁ་རག་སྒོམ་ཆུང་ངུ་གྲགས། ཁ་ཅིག་མཐོ་ཆོས་དང་། ཨཾ་ཡིག་བདུན་ཅུ་རྣམས་སྤྲས་བྲག་རྒྱབ་ཏུ་མཛད་ཟེར་ཏེ། རྣམ་ཐར་ན་ཁ་རག་ཤར་དུ་མཛད་གསུངས་སོ། །འདིས་རྣལ་འབྱོར་པ་གོང་འོག་གི་གསུང་ལ་རྟེན་ནས་ལམ་རིམ་དོན་ཚན་བཅུ་གཉིས་སུ་བསྡུས་པ་མཛད་དེ། ཁ་རག་བསྐོར་གསུམ་དུ་གྲགས་པའི་གཅིག་ཡིན་ནོ། །བདུན་ཅུ་རྩ་ལྔ་ལ་གཙང་གི་ཕུག་ནག་པོ་བྱ་བར་གཤེགས་ཁར། ལྷོ་པ་ལ་སྐྱེས་པའི་ཡུལ་སྤོངས། ཉེ་དུ་དང་ཐག་བསྲིངས། བཤེས་གཉེན་རྟག་ཏུ་བསྟེན། ཧྲུལ་པོའི་གོས་གྱོན། དམན་པའི་ས་ཟུང་། ངན་པའི་ཟས་ཟོ། ལོ་ཚོད་ཆུ་བཞིན་དུ་འཐུངས་ལ་སྒྲུབ་པ་གྱིས་གསུངས་པའི་གདམས་ངག་གནང་སྟེ། རུས་པ་ལྷག་རལ་རོལ་ཚོ་བསྡུས་ལ། བྱང་ར་སྒྲེང་ན་དཔལ་ལྡན་དགོན་པ་བའི་སྐུ་འབུམ་ཡོད་པ། དེའི་གྲིབ་མ་དང་སེར་བུ་ཕོག་སར་སྐྱོལ་ཅིག་གསུངས་ཏེ། དེ་ལྟར་བྱས་སོ། །དེ་ནས་ར་སྒྲེང་དུ་དཔལ་ལྡན་དགོན་པའི་རྗེས་སུ། པོ་ཏོ་བས་གདན་ས་ལོ་གསུམ་མམ། གཅིག་མཛད་ཀྱང་ཟེར་ཏེ། ཞང་ཆོས་རྒྱལ་ལ་སོགས་པ་ཁམས་པ་མ་རུང་པ་འགའ་ཞིག་གིས་བཞུགས་དབང་མ་བྱུང་པ་དང་། པོ་ཏོ་བ་རང་གི་མནལ་ལམ་དུ་ཡང་། ཞིང་ས་མ་དུལ་བ་སོགས་བྱུང་བས། དེར་མ་བཞུགས་པར་སྐུ་མཆེད་གསུམ་པོ་དཀའ་ཐུབ་ཀྱི་སྒོ་ནས་རི་སུལ་རྣམས་སུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་ངེས་མེད་དུ་ཐུགས་དམ་དང་། གཞན་ཕན་གོང་འཕེལ་མཛད་པས། ར་སྒྲེང་དུ་གདན་ས་ལ་བར་སྟོང་ལོ་སུམ་ཅུ་ཙམ་དང་། ཆོས་ཚུལ་ལ་ཡང་དར་རྒུད་ཆེར་བྱུང་། དེ་ནས་སྐུ་མཆེད་གསུམ་གཤེགས་ནས་ལོ་གཅིག་གཉིས་ན། མཐའ་བཞི་སྒོམ་པ་བྱ་བ། སྟོན་པ་ལ་ཡང་ཐུག་ཅིང་། སྐུ་མཆེད་གསུམ་གྱི་སློབ་མ་ཡིན་པ། ཡིད་དམ་གྱི་ལྷ་མང་པོ་ཞལ་གཟིགས་ཅིང་། གཞན་དོན་འཕྲིན་ལས་ལ་དབང་འབྱོར་པ་དེས་བླ་མའི་གདན་ས་ཉམས་པའི་གཏམ་གསན་པས། ར་སྒྲེང་དུ་བྱོན་གནས་ཚུལ་རྣམས་གཟིགས་ཏེ། ཤར་པ་བ་ཞོའི་ཁང་པ་གནས་ན་བཞུགས་པ་དང་། བྱ་ཡུལ་བ་ཆེན་པོ། གླང་རི་ཐང་པ། ཀ་མ་པ། ལོར་སྡིང་པོ་བ་རྣམས་ཀྱི་དྲུང་དུ་བྱོན་ནས། ཁྱེད་རྣམས་བླ་མའི་གདན་ས་ལ་ཕྱིར་མིག་ལྟ་ན་དུས་ལ་བབ་ནས་འདུག་གསུངས་ཏེ་བསྐུལ་བས། དེ་རྣམས་ཀྱིས་གྲོགས་མཛད་འབུལ་བ་ཆེན་པོ་བྱུང་སྟེ། ར་སྒྲེང་དུ་གྲྭ་ཚང་ཡང་མང་དུ་བཙུགས། བུད་མེད་དང་། ར་ལུགས་རྣམས་ཕུད། ཆོས་ཁྲིམས་ཤིན་ཏུ་དམ་པ་དང་། དགེ་འདུན་མང་པོ་ཡང་བཞུགས་པར་མཛད་དེ་ཆོས་སྲོལ་ཆེར་བཙུགས། ཚོགས་དཔོན་བཤེས་གཉེན་མཐའ་བཞིས་ལོ་ཤས་སུ་མཛད་དོ། །ཁྱད་པར་ཤར་བ་པས། ཀ་གཉིས་མའི་ནུབ་ཏུ་དབུ་རྩེ་ཀ་དགུ་མ་གཅིག་དང་པོར་བཞེངས་པ། ཕྱིས་དཔོན་གྱད་པ་དང་། ཟེར་གུ་ཆོས་གྲགས་གཉིས་ཀྱིས་མགོ་བྱས་བཟང་འདུས་བཅུ་དྲུག་བྱ་བས་བདག་རྐྱེན་བྱས་ནས། ཀ་ཆེན་བཅུ་དྲུག་ཡོད་པ་ལྷོ་སྒོར་བསྟན། ཉིས་ཐོག གསེར་འབྲུ། གསེར་བྱ་གཉིས་དང་བཅས་པ་བཞེངས། དེའི་ཁྱམས་སྨན་སྒང་ཕྱུག་པོ་བྱ་བས་བྱས་སོ། །པོ་ཏོ་བ་བཞུད་ནས། ལོ་མང་པོའི་བར་དུ་མཐའ་བཞི་ལ་སོགས་པ་སྒྲེས་པ་རེས་གྲལ་དབུ་ཙམ་མ་གཏོགས། གདན་སར་མིང་བཏགས་པ་དང་། འཆད་ཉན་སོགས་ཆེར་མེད་ལ་སྐབས་ཞིག་ཏུ་རྔོག་བློ་ལྡན་ཤེས་རབ་ལ་ཕུལ་བས། གསང་ཕུ་དང་སྦྲེལ་ཏེ་ལོ་ཁ་ཡར་དུ་ཆོས་བར་ཟླ་བ་གཅིག་གཉིས་ཙམ་བཞུགས་པ་ཡང་མཛད་དོ། །དེ་ནས་ཀ་གཉིས་མ་བཞེངས་ནས་ལོ་དགུ་བཅུ་རྩ་གསུམ་ལོན་པ་ས་ཕོ་འབྲུག་གི་ལོ་ལ་ཀ་བ་ཉི་ཤུ་རྩ་བཞི་མ་བཞེངས་པའི་སྦྱིན་བདག བྲང་ཁ་བེར་ཆུང་གི་བརྒྱུད་པ་སེའོ་གཞོན་ཚུལ་ཞེས་པ། སྤྱིར་ར་སྒྲེང་གི་སྐོར་དུ་ཞབས་ཏོག་ཆེར་མཛད། ཁྱད་པར་དབུ་རྩེ་ཀ་བ་ཉི་ཤུ་རྩ་བཞི། ཀ་གཉིས་མའི་ཤར་ཕྱོགས་སུ་བཞེངས་པར་འདོད་པ་ལ། རིན་ཆེན་སྒང་དུ་སངས་རྒྱས་དབོན་སྟོན་ལ་ས་སྤྱད་ཞུས་པས། ཤར་ནུབ་ནས་རྡོ་གཉིས་ཁྱེར་ཤོག་གསུངས་ཏེ། དེ་ལ་གཟིགས་པས། ཤར་ཕྱོགས་སུ་ཀླུའི་རྒྱལ་པོའི་ཕོ་བྲང་ལ་གནོད་པར་འདུག་པས། ནུབ་ཕྱོགས་སུ་གྱིས་གསུངས་པས། བཤེས་གཉེན་ཞང་འོད་འཇོ་བས་ར་སྒྲེང་དུ་ལོ་བཅུ་གཉིས་བཞུགས་པའི་བཅུ་པའི་ཐོག་ཏུ་ས་ཆོག་མཛད། རྨང་བཏིངས། དེ་ནས་ལོ་གཉིས་ལྕགས་ཕོ་རྟའི་ལོ་བདུན་ཏུ་རྩ་གསུམ་པ་བྱ་ཟླའི་ཚེས་བཅོ་ལྔ་ལ་གཤེགས། འཕན་ཡུལ་ཇོག་པོ་འཆད་ཁར་བྱོན་པའི་བཤེས་གཉེན་ནམ་མཁའ་འབུམ་གྱི་བླ་མ་དེ་ཡིན་ནོ། །

དེ་ནས་གཞོན་ཚུལ་གྱི་ཀ་བ་ཉི་ཤུ་རྩ་བཞི། ཉི་ཐོག ལྷོ་སྒོར་བསྟན། སྤེན་བད་གསེར་འབྲས་མཛེས་པ་བྱས། དེའི་ཁྱམས་སྨད་རྩོང་ཁ་ཤཀ་འབྱུང་གིས་བཞེངས། དེ་རྣམས་ཀྱི་རབ་གནས་པ་སངས་རྒྱས་དབོན་སྟོན་གྱིས་མཛད་དོ། །ཞང་འོད་འཇོ་བ་གཤེགས་ཁར་དགོན་པ་དང་གདན་ས། དགོན་འོད་འཇོ་བ་ལ་གཏད་ཀྱང་། ར་སྒྲེང་པ་གཞན་རྣམས་ཀྱིས་མ་ཕུལ་བ། སྒང་ཐང་དཀར་བས་ཐང་དཀར་དང་། ར་སྒྲེང་སྦྲེལ་ནས་ལོ་ཉི་ཤུ་རྩ་དགུ་གདན་ས་མཛད། ཆུ་མོ་བྱ་ལ་གཤེགས། དེར་རྗེས་སྔར་གྱི་འབྲེལ་པས་ཞང་འོད་འཇོ་བའི་སློབ་མ་དགོན་འོད་འཇོ་བ་ཡང་ཟེར། ཞོགས་པ་ཆེན་པོར་གྲགས་པ་དེས་གདན་ས་ལོ་བཅུ་དྲུག་མཛད། དེ་ནས་སྒང་ཐང་དཀར་བའི་རྗེ་དང་གཉིས་སུ་གྱེས་པས། དགོན་གོང་འོག་གཉིས་སུ་གྲགས་པ་བྱུང་ངོ་། གཉིས་པ་སྐུ་མཆེད་རིན་པོ་ཆེ་གསུམ་བྱོན་ཚུལ་ནི། དེ་ལྟར་བཤེས་གཉེན་སྟོན་པས་ར་སྒྲེང་དུ་བཀའ་གདམས་ཀྱི་ཆོས་སྲོལ་རྣམ་པར་དག་པ་བཙུགས་ཏེ་བཞུགས་པའི་དུས་སུ་འཕགས་པ་སྐུ་མཆེད་གསུམ་གྱི་བྱོན་ཚུལ་བཞིན་དུ་བསྟེན་ཏེ་ཡོན་ཏན་རྣམས་རྫོགས་པར་མཛད་དོ། །དེ་ཡང་བཤེས་གཉེན་ཕུ་ཆུང་བ་ནི། རྒྱལ་གྱི་རའི་ཕུ་ཆུང་དུ་ལྕགས་མོ་ལུགས་ལ་འཁྲུངས། རུས་ཟུར་ཚང་། ཡབ་ཡུམ་འབྱོར་པ་ཆུང་ཡང་གསེར་ཞོ་དོ་བསྣམས་ནས། རྒྱལ་ལྷ་ཁང་དུ་ཞང་ཆེན་པོ་ལ་རབ་ཏུ་བྱུང་སྟེ། མཚན་གཞོན་ནུ་རྒྱལ་མཚན་དུ་བཏགས། ཁུ་སྟོན་ལ་ཕར་ཕྱིན་འགྲེལ་པ་དོན་གསལ་ཚར་བཅོ་ལྔ་དང་། འདུལ་མངོན་ལ་སོགས་པ་མང་དུ་གསན་ཏེ་ཐོས་པ་ཆེར་མཛད། སྣེ་ཐང་དུ་ཇོ་བོ་ལ་ཆོས་ཀྱི་འབྲེལ་པ་ཞུས་པས། མི་རྟག་པ་རང་འཁྲུངས་སུ་བྱུང་སྟེ་གང་ལ་ཡང་ཞེན་ཆགས་མེད་པའི་བློ་སྐྱེས་གསུངས། དེ་ནས་ར་སྒྲེང་དུ་བྱོན་པས། སྐུ་མཆེད་གཞན་གཉིས་ཀྱང་བྱོན་ཏེ་རྟེན་འབྲེལ་དང་། ཕ་རོལ་ཏུ་ཕྱིན་པའི་གདམས་ངག བསླབ་ཕྱོགས། སྤྱོད་ཕྱོགས་ཀྱི་སྐོར་རྣམས་ཞུས། ལོ་བདུན་བསྟེན། ཁོང་རང་ལ་ཆོས་ཞུས་མང་དུ་བྱུང་ཡང་། ཤ་ཟུག་བཟང་པོ་རང་བཟའ་བའི་དུས་ཡིན། གཞན་ལ་སྟེར་བའི་དུས་མིན་གསུངས་ནས་སྒྲུབ་པ་གཙོ་བོར་མཛད་པས། བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་། ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ཤེས་རབ་ཁྱད་པར་ཅན་འཁྲུངས། ཡི་དམ་མང་པོའི་ཞལ་གཟིགས། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་བཀའ་གཙོ་བོར་བབས། དེ་ནས་སྐུ་མཆེད་གསུམ་འབྲལ་མེད་དུ་སྒྲུབ་པ་མཛད་ཀྱིན་བཞུགས། ཕྱིས་ཡུང་ངའི་ཕུ་ཆུང་དུ་བཞུགས་ནས་ཀྱང་སྒྲུབ་པ་གཙོ་བོར་མཛད་དེ། བྲག་གི་དཀྱིལ་ན་གསེར་བྲེ་ཡོད་པ་མངོན་པར་མཁྱེན་པའི་དགོངས་ནས་ཕྱག་འཁར་གྱིས་རེག་པས་རང་བྱེ་སྟེ་བཏོན་པའི་རྗེས་དང་། གཟིམ་ཁང་གི་ནུབ་ན་བྲག་ལ་ཕྱག་མཛུབ་བཙུགས་སར་སྒྲུབ་ཆུ་དང་། ཞབས་རྗེས་དང་། དབུ་ཞྭའི་རྗེས་ཡིན་ཟེར་བ་ཡང་ད་ལྟ་བར་དུ་ཡོད་པར་གྲགས། འདི་ལ་སློབ་མ་གྲགས་ཆེ་བ། ཤ་ཕོ་སྒང་པ་དང་། འབན་ཚུལ་ཁྲིམས་རྒྱལ་བ་ཞེས་པ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པ་དང་། ཞོགས་སུ་འཁྲུངས་པ་སྡིང་པ་ཤེས་རབ་རྒྱ་མཚོ་དང་། ཞོགས་ཕུའི་ཀརྨ་བྲག་པ་རྒྱུན་དུ་བཟང་སྤྱོད་ལ་ཞལ་འདོན་མཛད་པ་ལ། ཆུ་ལེན་དུས་བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ །ཞེས་པའི་སྐབས་སུ་མཁའ་སྤྱོད་དུ་གཤེགས་པ་སོགས། སྒྲུབ་པ་སྙིང་པོར་མཛད་པ་ཉི་ཤུ་ཙམ་བྱོན་ནོ། །སྤྱིར་སྐུ་མཆེད་གསུམ་གྲྭ་པ་ལ་རེས་སུ་ཆད་པ་མེད་པས། ཆོས་ཀྱི་འབྲེལ་པ་ལ་ཁྱད་པར་མེད་དོ། །དེ་ནས་པོ་ཏོ་བ་གཤེགས་པའི་གདུང་ཆ་ལྔར་བགོས་ཏེ། ཆ་གཅིག་དང་། ཐུགས་བཞུགས་པའི་དངུལ་གྱི་མཆོད་རྟེན་ཁྲུ་བཞི་པ་ཅིག་བྱས་པ། ཕུ་ཆུང་པས་གསན་པས། དངུལ་ལས་བྱས་ན་ངའི་གྲོགས་པོའི་གདུང་མ་འོངས་པ་ན་མི་ངན་གྱི་གྲོག་མོར་ཕུང་ངོ་འོངས་དོགས་འདུག་སྟེ། ད་བྱས་སྟིངས་རབ་གནས་ང་ལ་བབས་པས། དབྱར་རྒྱལ་གྱི་དོ་བོ་དགོན་པར་འགྲོ་བའི་ཞོར་ལ་བྱ་གསུངས་ནས་ཚུལ་ཁར་རབ་གནས་མཛད། ཁྱི་ལོའི་སྟོན་ཡུང་ངའི་ཕུ་ཆུང་དུ་བྱོན། བདུན་ཅུ་རྩ་དྲུག་བཞེས་པ་རྒྱལ་ཟླའི་ཉི་ཤུ་གཉིས་ལ་གཤེགས། ལ་ལར་པོ་དོ་དགོན་པར་གཤེགས་ཟེར་བ་ཡང་འདུག་གོ །བཤེས་གཉེན་པོ་ཏོ་བ་ནི། འཁྲུངས་ཡུལ་སྤྲས་བྲ་འོ་ཐང་། གདུང་རུས་གཉོས། ཡབ་སྐུ་བཤེན་སྲིད་ལ་དབང་ཕྱུག ཡུམ་མེ་མོ་བྱ་བའི་སྲས་སུ་མེ་མོ་ཡོས་ལ་འཁྲུངས། བྱིས་པའི་དུས་སུ་ཡབ་ཀྱི་མཆོད་གནས་མ་སྒོམ་བྱ་བ་ལ་སྒོམ་བསླབ་པར་ཞུས་པས། ཁོང་གི་ཞལ་ནས། ཐོས་པ་ཨེན་གཅིག་མ་བྱས་པའི་སྒོམ་མཆན་ཁུང་བས་ཕུ་ཐག་ཐུང་གསུངས། བྱིས་པའི་དུས་ནས་བྱང་ཆུབ་ཀྱི་སེམས་སྐྱེས་ཐོབ་ཏུ་མངའ་བར་ཤ་ར་བའི་བསྟོད་པ་ནས་གསུངས། དེ་ནས་ཡེར་པར་རྔོག་བྱང་ཆུབ་འབྱུང་གནས་དང་། རླན་ཚུལ་ཁྲིམས་བྱང་ཆུབ་ལ་མཁན་སློབ་ཞུས་ནས་རབ་ཏུ་བྱུང་། མཚན་རིན་ཆེན་གསལ་དུ་བཏགས། ཇོ་བོ་ཆེན་པོ་ལ་ཡང་དེའི་དུས་ཡེར་པ་མཇལ། དགེ་བཤེས་སྟོན་པ་བྱང་དུ་འབུལ་བའི་གསེར་སྒྲུབ་པ་ལ་བཞུད་འདུག་པས། ནག་ཚོས་ལོ་ཙཱ་མཛད། སྒོམ་རིམ་ཚར་གཅིག་གསན། དེ་ནས་ཁུ་སྟོན་གྱི་དྲུང་དུ་བྱོན་མཚན་ཉིད་ཀྱི་ཆོས་མང་དུ་གསན། ཡེར་པའི་ཞང་བཙུན་ལ་གནས་ཀྱི་སློབ་དཔོན་ཞུས། དེ་ནས་ར་སྒྲེང་དུ་བཤེས་གཉེན་སྟོན་པའི་དྲུང་དུ་དབྱར་དེ་གདམས་ངག་གཅིག་ཞུས་ནས་ཁམས་སུ་འབྱོན་དགོངས་པ་ལ། སྐུ་མཆེད་གསུམ་ལྷན་གཅིག་ཏུ་ཐོག་མར་ལམ་རིམ་དང་། སྤྱོད་འཇུག་གསན་ནས། བདག་ནི་གྲོལ་བ་དོན་གཉེར་ལ། །སྙེད་དང་བཀུར་སྟིས་འཆིང་མི་ནུས། །ཞེས་པའི་སྐབས་ཀྱི་མན་ངག་གསུངས་པའི་ཐད་དུ་ཐུགས་སྣ་འགྱུར་ཏེ། ཚེ་འདིའི་རྣམ་རྟོག་སྐྱུར་ནས་བཤེས་གཉེན་བསྟེན་པ་ཡིན་གསུངས། སྟོན་པ་ལོ་བདུན་བསྟེན་ནས་ཡོན་ཏན་ཐམས་ཅད་རྫོགས་པར་ཐོབ། ཐུགས་རབ་ཆེ་བས་ཤིན་ཏུ་མཉེས། སྟོན་པ་གཤེགས་ཁར། སྐུ་མཆེད་གསུམ་གྱི་ཐུགས་ལ་འཇིགས་སར་སྐྱེལ་མས་བོར་བ་འདྲ་བ་ཅིག་ཡོང་པར་འདུག་ན། ད་སུ་ལ་བརྟེན་སྙམ་སྟེ་སྤྱན་ཆབ་བྱུང་བས། མངོན་ཤེས་ཀྱིས་མཁྱེན་ནས། ངས་ཁྱེད་གསུམ་བརྟེན་པ་སུ་ཡང་མ་མཐོང་བས། ད་ཕྱིན་གསུམ་ཡན། ལྔ་མན་དཔུང་སྟེང་ཆོས་ལ་དགེ་བའི་བཤེས་གཉེན་མདོ་སྡེ་ལ་གྱིས། སེམས་བཟང་པོར་གྱིས་དང་ཁྱད་པར་ཅན་ཅིག་དང་། འཕྲད་དེ་ཡོང་གིས་གསུངས། མདུན་ན་ཇོ་ལེགས་ཡོད་པས་སེམས་བཟང་པོ་བྱ་བ་བྱང་ཆུབ་ཀྱི་སེམས་ལ་ཟེར་བ་མ་ལགས་སམ། ཞུས་པས། ཡིན་མོད་གསུངས་པས་དེ་སྔ་ནས་མ་གོ་རྒྱུས་མེད་པ་ལ། དེས་གསལ་བཏབ་པ་འདྲ་བ་ཅིག་བྱུང་ནས། དེའི་ཐབས་ལྐོག་ཏུ་མན་ངག་ཏུ་ཡང་གསུངས། ཚོགས་སུ་ལུང་དང་སྦྱར་ནས་ཀྱང་གསུངས། ཐ་ན་བཀའ་སྐྱོན་ཚུན་ཆོད་ཀྱིས་ཀྱང་དེའི་ཐབས་གསུངས་ནས་ཡོད་པས་ལོ་གཉིས་ཙམ་དུ་མྱ་ངན་བསངས་པ་འདྲ་བ་ཅིག་བྱུང་། ཕྱིས་སེམས་བཟང་པོ་བྱེད་པ་ལ། ཁོང་རང་དགོས་པར་སོང་བས་མྱ་ངན་ལ་སངས་དུས་མ་བྱུང་གསུངས། ར་སྒྲེང་ནས་བྱོན་ཏེ་སྐུ་མཆེད་གསུམ། དང་པོ་ཀླུང་ཤོད་ན་མགོར་བཞུགས། དེས་ནས་གནས་ངེས་མེད་དུ་སྒྲུབ་པ་མཛད། ཐུགས་གཏིང་ཟབ་པས་ཡོན་ཏན་འདི་ཡོད་ཆེར་མི་གསུང་ཡང་། བྱང་ཆུབ་ཀྱི་ཐུགས་རང་འཁྲུངས་ཀྱི་ཚུལ་དུ་མངའ། ཡི་དམ་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། མངོན་པར་ཤེས་པ་རྒྱ་ཆེན་པོ་དང་ལྡན་པའི་ཚུལ་བསམ་གྱིས་མི་ཁྱབ་བོ། །གཞན་ཕན་མཛད་པའི་ཐོག་མར་ལམ་སྒྲོན། ཡོན་ཏན་མཐའ་ཡས་པར་བསྟོད་པ། བསླབ་བཏུས་སོགས་གསུངས་པས་གྲངས་སུམ་བརྒྱ་ཙམ་བྱུང་། དེ་ནས་རིམ་གྱིས་འཕེལ་ཏེ། གྲྭ་པ་ཉིས་སྟོང་ཙམ་འདུས། དེ་ཐམས་ཅད་ཀྱང་ཚེ་འདི་བློས་ཐོང་པ་ཤ་སྟག་ཡོད་པར་གྲགས། རམ་སྡིངས་མ་བསྲུང་ན་བཞུགས་དུས་ཆ་རྐྱེན་མེད་པས་གོས་ཅུང་ཟད་གནང་བ་ལ། འདི་ཡེ་མི་གནང་བར་ཞུ། བདག་གི་བློ་ཆུད་ཟོས་ནས། ཟད་དུས་དགེ་བཤེས་ཀྱིས་གནང་སྟེ་འོང་སྙམ་ནས་བརྣབ་སེམས་སྐྱེ་ཞུས་པས་ཁྱེད་མ་འཛོམས་སྙམ་ནས་ཡིད་ཆད་མི་དགོས། ང་གནས་བརྟན་བཅུ་དྲུག་གི་གཅིག་ཡིན་པས་ང་དང་མཇལ་བས་བསོད་ནམས་ཆེ་གསུངས། ཕྱིས་གནས་བརྟན་ཡན་ལག་འབྱུང་གི་སྤྲུལ་པར་ཞལ་གྱིས་བཞེས། ཟང་ཟིང་གི་དངོས་པོ་བྲེ་གང་ཡང་འཛིན་ཆགས་མི་མཛད། ཕྱིས་པོ་ཏོར་བཞུགས་ནས་གཟིམ་ཆུང་ཀ་གཉིས་མ་དཔེ་ཁང་དུ་གྲགས་པ་སོགས་ལ་བརྟེན་ནས་བཞུགས། གཞན་ཕན་མཆོག་ཏུ་གྱུར་ཏེ་དགུང་ལོ་དོན་དགུ་བཞེས་པ་བྱ་ལོ་ལ་པོ་ཏོར་ཡི་དམ་མང་པོ་ཞལ་གཟིགས། ཤར་ཕྱོགས་ཀྱི་ནམ་མཁའ་ལ་ལྷས་རོལ་མོ་དང་བཅས་ཏེ་སྤྱན་དྲངས་པ་སྣང་བ་ལས་དག་པ་རྣམས་ཀྱིས་མཐོང་། དེ་ན་ཕྱག་ཐལ་མོ་སྦྱར་ཏེ་སེམས་ཅན་རྣམས་ཀྱི་སྐྱབས་དང་མགོན་དུ་གྱུར་ཅིག་གསུངས་ཏེ་གཤེགས། གདུང་བཞུ་བས་ཐུགས་ལྗགས་དང་། རིང་བསྲེལ་ཁ་དོག་སྣ་ལྔ་མང་དུ་བྱོན། དེ་ནས་སྲས་ཆེན་བརྒྱད་ཀྱི་ཀ་བ་རེ་བཙུགས་པའི་དབུ་རྩེ་ཀ་བརྒྱད་མ་དང་། ཞང་སྟོན་ཤར་བ་པས་སྔར་གྱི་ཆོས་རའི་ས་ལ་ཁྱམས་ཀ་བ་ཉི་ཤུ་རྩ་ལྔ་ཡོད་པ་བཞེངས་སོ། །སྔོན་གྱི་གཏམ་བརྒྱུད་ལ་པོ་ཏོའི་སྒོ་ལ་སུ་འཛུལ་རྒྱལ། སྡིངས་མའི་ཆུ་ལ་སུ་འཐུང་རྒྱལ་ཟེར་བ་ལ་ཁ་ཅིག་པོ་ཏོའི་སྒོ་སྟེང་དུ། སྡིངས་མ་བའི་གཟིམས་ས་མཛད་པས་ཟེར་ཀྱང་། པོ་ཏོ་བ་ཆོས་གསུངས་བའི་སྒོ་ནང་དུ་སུ་ཚུད་རྒྱལ་ཟེར་བའི་དོན་ཡིན་ཞེས་བཀའ་གདམས་པའི་བླ་མ་གོང་མ་རྣམས་གསུང་བར་གྲགས། རྒྱས་པར་དོན་དུ་གཉེར་ན་རྣམ་ཐར་ཆེ་ཆུང་གཉིས་ལ་སོགས་པར་བལྟའོ། །འདི་ལ་སློབ་མའི་མཆོག་བཀའ་བབས་བརྒྱད་པ་སོགས་པ་བཀའ་གདམས་གཞུང་པའི་སྲོལ་འཛིན་བྱོན་ཚུལ་འོག་ཏུ་འཆད་དོ། །གྲུབ་པའི་དབང་ཕྱུག་ཆེན་པོ་སྤྱན་སྔ་ནི། འཁྲུངས་ཡུལ་ཉན་གྱི་སྣང་ར་སྒང་། གདུང་རུས་དབས། ཡབ་ཤཱཀྱ་རྡོ་རྗེ། ཡུམ་ལི་མོ་ཡེ་ཤེས་སྒྲོན་གྱི་སྲས་སུ་ལྕགས་མོ་བྱ་ལ་འཁྲུངས། མཚན་སྟག་ཚབ་འབར་དུ་བཏགས། བྱིས་པའི་དུས་སུ་ཡུམ་གྱི་པང་དུ་ཁྱེར་ནས། གྲོང་འདུལ་བྱ་བ་ལ་ཕུང་པོ་ལྔའི་རབ་བྱེད་གསན་པས་ཕུང་པོ་འདི་ལྔར་འབྱེད་ཚོད་ཀྱིས་མཐར་སྟོང་པ་ཉིད་དུ་འདུག་སྙམ་དུ་རང་བཞིན་མེད་པའི་དོན་ཐུགས་སུ་ཆུད། དགུང་ལོ་བཅུ་གཉིས་ལ་གོང་མོ་སྣང་པ་བྱ་བ། རང་བཞིན་གྱི་རྣལ་འབྱོར་མ་ཅིག་བྱོན་རྫོགས་རིམ་ཟབ་པ་ཅིག་གནང་ནས་འདི་སྒོམས་གསུངས་ཏེ་མི་སྣང་བར་གྱུར། ཕྱིས་དེའི་སྟེང་དུ་སླེབ་པ་དཔལ་ལྡན་དགོན་པ་བས་གནང་བ་དེ་མིན་པ་མ་བྱུང་གསུངས། ལོ་བཅོ་བརྒྱད་ལ་ཏོད་ལུང་ཚ་ཐོག་དགོན་པར་མལ་ཤེས་རབ་སེམས་དཔའ་ལ་རབ་ཏུ་བྱུང་། མཚན་ཚུལ་ཁྲིམས་འབར་དུ་བཏགས། དེར་ཡུམ་གྱི་རྨི་ལམ་དུ་དུང་དཀར་གཅིག་བུས་པ་འཛམ་བུ་གླིང་བྱིན་གྱིས་ཐོས་པ་ཅིག་བྱུང་བས། ངའི་བུ་དེ་རབ་ཏུ་བྱུང་ནས་གྲགས་པ་ཡང་ཆེ་བ་ཅིག་འོང་བར་འདུག་གསུངས། སློབ་གཉེར་མཛད་དུས་ཚ་ཐོག་དགོན་པར་འབྱོན་པའི་ཞོར་ལ་ཇོ་བོ་སྙེ་ཐང་ན་མོ་ཆེར་བཞུགས་པ་དང་མཇལ་ཏེ་སེམས་བསྐྱེད་གསུངས་པ་གསན་དེའི་དུས་སྤྱི་བོར་ཕྱག་བཞག སཾསྐྲྀ་ཏའི་སྐད་དུ་བཀྲ་ཤིས་ཀྱི་ཚིགས་བཅད་མང་པོ་མཛད། གསེར་གླིང་པའི་བུམ་པ་པདྨའི་མཆུ་ཅན་གནང་། ངའི་ཆོས་བརྒྱུད་འཛིན་པ་ཅིག་འོང་གསུངས། དེ་ནས་ལན་ཚ་རབ་དང་། རུག་པར་སྡེ་སྣོད་ཀྱིས་གསན་སྦྱོང་མང་དུ་མཛད། རྒྱ་གར་རྡོ་རྗེ་གདན་ཆོས་ཀྱི་འབྱུང་ཁུངས་ཡིན་པས་དེར་འབྱོན་དགོངས་ཏེ། ལོ་ཙཱ་དང་རྒྱ་གར་གྱི་ཡིག་སྣ་མང་དུ་བསླབས། དེའི་ཚེ་སུམ་རུག་བར་བྱོན་ནས། འདི་རྣམས་ཕལ་ཆེར་དགྲ་འདྲེས་རྩེར་བ་དང་། ལྟོ་དོན་དུ་གཉེར་བ་ཤ་སྟག་ཡིན། ཆོས་བྱ་བསམ་ནས་རབ་ཏུ་བྱུང་བ་ནི་ཁྱོད་དང་། ཞང་བཙུན་གཉིས་ཡིན། སྙིང་ནས་ཆོས་བྱེད་ན་ར་སྒྲེང་དུ་དེངས་ཟེར་ནས་ཡུམ་གྱིས་ཁྲིད་ནས། དགུང་ལོ་ཉེར་དྲུག་ལ་འབྲོམ་སྟོན་པ་དང་མཇལ། སྤྱན་སྔའི་ཞལ་ནས། ངའི་མ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་པས་འདིར་བསྐྱལ་བ་ཡིན་གསུངས། རྒྱ་གར་དུ་འགྲོ་བའི་ཆོས་འདྲ་ཞུས་པས། སྟོན་པའི་ཞལ་ནས། ཁྱོད་རྡོ་རྗེ་གདན་དུ་མ་འགྲོ ངས་རྗེས་སུ་འཛིན་པ་ཡིན། ཚེས་གྲངས་འདི་ལ་ལམ་རིམ་གྱི་དབུ་འཛུགས་གསུངས་ཏེ་བྱོན། ཉི་མ་ཤར་བ་དང་འཛོམས་པས་རྟེན་འབྲེལ་བཟང་གསུངས་ཏེ། ལམ་རིམ་གྱིས་ཁྲིད་པས་ཇི་ལྟ་བ་བཞིན་ཐུགས་ལ་འཁྲུངས། སྐུ་མཆེད་གཞན་གཉིས་དང་ལྷན་ཅིག་གཞུང་གི་བཤད་པ་གསན། སྤྱན་སྔའི་ཞལ་ནས། ཟིན་ངེས་པ་རེ་ལའང་ལན་གསུམ་གསུམ་སྟོན་པའི་སྤྱན་སྔར་བསྐྱར་ནས་ཤོག་བུ་དམར་པོ་ལ་བྲིས་ཡོད་གསུངས། ནུབ་ཅིག་མནལ་ལམ་དུ་རྡོ་རྗེ་གདན་དུ་བྱོན་པ་རྨིས་ཏེ། ཇོ་བོ་ཤེས་རབ་དབང་ཕྱུག་བྱ་བ་རྡོ་རྗེ་གདན་ལ་ལན་གསུམ་སྐོར་བ་ཅིག་དང་། ལོ་རྒྱུས་རྣམས་ཞུ་ཐུབ་བྱས་པས་ཅིག་པར་བྱུང་། རྒྱ་གར་དུ་མི་ཐོན་པ་ལ་ལྟ་བར་འདུག་པས་དེའི་དམ་བཅའ་མ་གྲུབ་པའི་སྡིག་སྦྱོང་དུ། ངས་ཚ་ཚ་བསགས་ན་རི་དེའུ་ཙམ་འོང་བ་བཏབ་གསུངས། སྟོན་པ་ལོ་བདུན་ཚུལ་བཞིན་དུ་བསྟེན། གཟིམས་གཡོག་ཀྱང་མཛད། རྒྱུན་དུ་སྤྱན་སྔར་བཞུགས་པས་མཚན་ཡང་དེ་ལྟར་དུ་གྲགས། ཡོན་ཏན་ཐམས་ཅད་རྫོགས་པར་མཛད། དེ་དུས་སྟོན་པས་ཐེག་པ་ཆེན་པོ་གསང་སྔགས་ལ་འོ་སྐོལ་ཕ་སྤད་གཉིས་ཙམ་ཡིན་གསུངས་པའི་ཡོངས་རྫོགས་རྣལ་འབྱོར་པས་ཞུས་སྣ་མཛད་དེ་གསང་སྔགས་ཀྱི་ཆོས་མང་པོ་སྐུ་མཆེད་གཞན་གཉིས་ལ་ཐུགས་རྒྱུས་མེད་པར་ལྐོག་ཆོས་སུ་སྣང་བས་ཡོངས་རྫོགས་རྣམ་འབྱོར་པ་དེ་ང་ལ་དྲིན་ཆེ་གསུངས། སྟོན་པ་གཤེགས་ནས་ཟང་ཟིང་གི་དགོས་སྐལ་མེད་དེ། ཆོས་ཀྱི་དགོས་སྐལ་ངེད་གསུམ་གྱིས་ཐོབ་གསུངས། དེ་ནས་ཇོ་བོའི་དངོས་སློབ་གྲགས་ཆེ་བ་རྣམས་ལ་བསྟེན་པའི་དམ་བཅའ་མཛད་དེ། རྣལ་འབྱོར་པ། དགོན་པ་བ། ཤེས་རབ་རྡོ་རྗེ། ཕྱག་དང་སྟོན་པ་སོགས་དང་། གསང་ཕུར་རྔོག་ལེགས་ཤེས་ལ་ཡང་ཟླ་བ་བཅོ་བརྒྱད་བསྟེན། ར་སྒྲེང་དུ་ཟླ་བ་རེ་ལ་ནས་བྲེ་ལྔ་ལ་བརྟེན་ཏེ་སྒྲུབ་པ་མཛད་དུས། ཡི་དམ་གྱི་ལྷས། རིགས་ཀྱི་བུ་དལ་འབྱོར་གྱི་མི་ལུས་ཐོབ་པ་དྲན་ནམ་གསུངས་ནས། མནལ་སངས་ཏེ་ཉིན་མཚན་གཡེལ་མེད་དུ་ཐུགས་དམ་མཛད་པས། རྣལ་འབྱོར་པའི་ཞལ་ནས། བུ་ཁམས་བག་རེ་བསང་གསུངས་པས། དལ་འབྱོར་རྙེད་པར་དཀའ་བ་འདི་བསམ་ན། སྐད་ཅིག་ཀྱང་གཡེལ་མ་ནུས་གསུངས། བསྐྱེད་རིམ་ལ་བརྟན་པ་ཐོབ་པར་རང་ལུས་མི་གཡོ་བའི་སྐུར་གཟིགས། མི་གཡོ་བའི་བསྙེན་པ་དུང་ཕྱུར་དགུ་སོང་། སྤྱན་རས་གཟིགས་པདྨ་གར་དབང་དང་། འཇམ་དཔལ་བརྟན་པའི་འཁོར་ལོ་ལ་སོགས་པ་ཞལ་གཟིགས། ཕ་འོང་ཐང་དུ་གྲུབ་ཆེན་ཀླུའི་བྱང་ཆུབ་དང་མཇལ། ཆོས་ཞུ་དགོངས་པ་ན་མི་སྣང་པར་གྱུར། རང་དད་གུས་ཆུང་པ་ཡིན་ནམ་དགོངས་ནས། བདག་བྱིན་རླབས་ཀྱི་སྒོར་བཞུགས་ནས་གསོལ་བ་བཏབ་པས། དངོས་སུ་བྱོན་ནས་བྱིན་གྱིས་བརླབས། ཆོས་བཞི་ཚན་བཞི་ལ་སོགས་པ་གསུངས་པ་ནི། གཉིད་དང་རྨི་ལམ་གྱི་དཔེས། སྣང་བ་འདི་འཁྲུལ་པར་ཤེས་པའི་རྣལ་འབྱོར། ཆབ་དང་ཆབ་བྲོལ་གྱི་དཔེས། སྣང་སྟོང་དབྱེར་མེད་དུ་ཤེས་པའི་རྣལ་འབྱོར། བུ་རམ་གྱི་མི་གཟུགས་ཀྱི་དཔེས། སྣང་གྲགས་ཀྱི་ཆོས་ཐམས་ཅད་རོ་གཅིག་ཏུ་ཤེས་པའི་རྣལ་འབྱོར་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་གསུངས། ཐམས་ཅད་སེམས་སུ་རྟོགས་པས་ཆོས་ཐམས་ཅད་ལ་སྐུར་པ་མི་གདབ་སེམས་སངས་རྒྱས་སུ་རྟོགས་ཀྱང་དགེ་བའི་བཤེས་གཉེན་མི་སྤངས། རང་ལ་འཁོར་བ་དང་ངན་སོང་གི་དོགས་པ་མེད་ཀྱང་སྡིག་པ་མི་དགེ་བ་ཕྲ་མོ་ཙམ་ཡང་སྤངས། རང་དང་སེམས་ཅན་ཐ་དད་མེད་པར་རྟོགས་ཀྱང་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མི་སྤང་གསུངས། ཏིང་ངེ་འཛིན་སེམས་ལ་ཞོགས། ཡང་དག་དོན་ལ་ལྟོས། བྱམས་དང་སྙིང་རྗེ་བསྒོམ། ལྷ་སྐུ་འཇའ་ཚོན་ལྟ་བུར་སྦྱོངས་གསུངས། ཨ་སྐྱེ་བ་མེད་པ། རླུང་མཚན་མ་མེད་པ། སེམས་རང་བཞིན་མེད་པ། རེ་ཤིག་ལུས་ལ་བརྟེན་པ་ཡིན་ཞེས་སོགས་མང་དུ་གསུངས་སོ། །

དེ་ནས་སྐུ་མཆེད་གསུམ་སོ་སོར་བྱོན་ནས། རླུང་ཤོད་ཕྱོར་བ་སོགས་གནས་ངེས་མེད་དུ་གཞན་དོན་རྒྱ་ཆེར་མཛད། དགུང་ལོ་དྲུག་ཅུ་ལ་ཉན་དུ་ཕེབས། ར་སྒྲེང་བཏབ་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འགྲོ་བའི་ལྕགས་མོ་བྱ་ལོ་ལ། ཇོ་བོ་ཡབ་སྲས་ཀྱི་ལུང་བསྟན་པ། ལོའི་གཙུག་ལག་ཁང་གསང་བ་འདུས་པའི་ཐིག་བཏབ་ནས་རྨང་བཏིང་། དབུ་རྩེ་ཁྱམས་སྟོད་དང་བཅས་པ་དང་། འགྲན་གྱི་དོ་མེད་ལྔ་ལ་སོགས་པ་བཞེངས་ནས་དེའི་དུས་གླང་རི་ཐང་པ། ཉན་གྱི་ཚན་པར་དཔོན་སློབ་སྟོང་ཙམ་དང་། ཤར་བ་པ་སློབ་མ་མང་པོ་བཅས་ཏེ་ཆོས་གསན་ཅིང་། མཁར་ལས་ཀྱི་གྲོགས་མཛད་པས་དགོན་པ་མྱུར་དུ་གྲུབ། དབུ་རྩེའི་རྒྱབ་ཏུ་སྒྲུབ་ཆུ་དང་། བཀྲིས་མཆེད་ལྔའི་བླ་ཡེའི་རབ་གནས་ལ་ན་ག་བྷོ་དྷི་དངོས་སུ་སྤྱན་དྲངས་ཚུལ་སོགས་ཀྱི་སྙན་གྲགས་ཀྱང་འབྱུང་ངོ་། །ལོར་ལོ་བརྒྱད་བཞུགས། དགེ་འདུན་བདུན་བརྒྱ་ཙམ་འདུས། ལོ་ནས་སྙུག་གྲུམ་དགོན་པར་འབྱོན་པའི་ལམ་དུ། ཕ་བོང་དཀར་ལེབ་བྱ་བའི་སྟེང་ནས་བྱ་ཡུལ་གྱི་རྒྱབ་རི་གཟིགས་པས། རི་དེ་རྒྱལ་བའི་གཙུག་ཏོར་འདྲ། །ཡན་ལག་བརྒྱད་ལྡན་ཆུ་བོ་འབབ། །དེ་ཡི་ཤར་ལྷོ་ཕྱོགས་མཚམས་ན། །ཚེ་དང་ལྡན་པའི་དགོན་གནས་ཡོད། །རི་བྱ་ཡུལ་ཕ་གིའི་ཐད་དུ་གཙུག་ལགས་ཁང་བཞེངས་ནས་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་གྱིས། ཞེས་ལུང་བསྟན། དེར་ཞབས་རྗེས་ཀྱང་བྱོན། དེ་ནས་སྙུག་གྲུམ་དུ་ལོ་གསུམ་བཞུགས་བླ་མ་དང་ཡི་དམ་མང་པོ་ཞལ་གཟིགས། ང་ནི་ཚོགས་ཡོངས་སུ་རྫོགས་པའི་གང་ཟག་ཡིན། ངའི་རྡོ་རྗེའི་གདན་འདི་ཡིན་གསུངས་སོ། །གཙང་པ་རིན་པོ་ཆེའི་ཞལ་ནས། བར་དོར་མཆོག་གི་དངོས་གྲུབ་བརྙེས་པའི་གསུངས་ཡིན་གསུངས་སོ། །དགུང་ལོ་དོན་གཅིག་བཞེས་པ། ལུག་ལོའི་སྨིན་དྲུག་ཟླ་བའི་ཉེར་གཉིས་སྙུག་གྲུམ་དུ་གཤེགས། འདི་ལ་སློབ་མའི་མཆོག་བསྒོམ་བཞི། འགྲན་གྱི་དོ་མེད་གསུམ་ལ་སོགས་པ་བཀའ་གདམས་གདམ་ངག་པའི་སྲོལ་འཛིན་བྱོན་ཚུལ་འོག་ཏུ་འཆད་དོ། །དེ་ཡང་སྐུ་མཆེད་གསུམ་པོ་འདི་ཁོང་རང་གསུམ་གྱི་གསུང་ལྟར་ན་གནས་བརྟན་ཆེན་པོ་བཅུ་དྲུག་གི་རྣམ་འཕྲུལ་དུ་བྱེད། རིགས་གསུམ་མགོན་པོའི་སྤྲུལ་པར་བྱེད་པ་ནི། ལམ་ཡིག་ལས། བལ་ཡུལ་གྱི་འཕགས་པ་ཤིང་ཀུན་ལ་ནམ་གྱི་གུང་མི་མ་ཡིན་རྣམས་སྐོར་བ་བྱིན་པའི་ཁྲོད་དུ་རྡོ་རྗེ་ཕག་མོའི་གྲུབ་པ་ཐོབ་པ་གཅིག་གིས་སྐོར་བ་བྱས་པས་གླིང་བུའི་སྐད་འདྲ་བའི་གླུ་ལས། སྔོན་དང་སྔོན་གྱིས་དུས་ཙ་ན། །ཐུགས་དགོངས་བླ་ན་མེད་པ་དེ། །ཇོ་བོ་ཨ་ཏི་ཤ་ལ་ཡོད། །རྟོགས་པ་བླ་ན་མེད་པ་དེ། །ཇོ་བོ་ཨ་ཏི་ཤ་ལ་ཡོད། །ད་ལྟ་མ་རིག་འཁྲུལ་པར་འཁྱམས། །ཟེར་བ་དང་། ཡང་། ཨ་ཏི་ཤ་ཡི་གདུང་ཚོབ་པ། །འཕགས་པ་སྐུ་མཆེད་གསུམ་པོ་ཡིན། །ཅིག་ཙམ་ལྷོ་བྲག་མཚམས་ན་ཡོད། །འཕགས་པ་འཇམ་དཔལ་གཉིས་སུ་མེད། །ཅིག་ཙམ་བལ་པོའི་ཡུལ་ན་ཡོད། །འཕགས་པ་ཝ་ཏི་གཉིས་སུ་མེད། །ཅིག་ཙམ་མང་ཡུལ་གྲོང་ན་ཡོད། །འཕགས་པ་པུ་གང་གཉིས་སུ་མེད། །ཟེར་བ་གསན་པས་དེའི་དོན་ནི་བརྟེན་དེ་རྣམས་རིགས་གསུམ་མགོན་པོ་དངོས་དང་ཁྱད་མེད་པས། དེ་རྣམས་གྱི་སྤྲུལ་པ་ཡིན་པར་བྱེད། ཅེས་བླ་མ་གོང་མ་རྣམས་ཀྱི་གསུང་ལས་འབྱུང་བ་དང་། ཡང་བཀའ་གདམས་གླེགས་བམ་གྱི་རྒྱལ་བུ་ཆགས་པ་མེད་པའི་སྐྱེས་རབས་ལས། བླ་ལ་ཆགས་པ་མེད་པའི་ཞལ་ནས། སྲས་ཀྱི་སྙིང་པོ་ཆགས་པ་མེད། །བདག་གི་རབ་འབྱིན་མགོན་པོ་གྱུར། །དེ་བཞིན་ཁྱེ་འུ་སྟོང་ཕྲག་དག །ལྔ་རྡོ་སྙིགས་མ་མ་རུང་ཚེ། །ཁྱེད་ཀྱིས་སྲིད་འཛིན་འགྲོ་བ་སྐྱོང་། །མཐའ་འཁོབ་ཡུལ་གྱི་དབུས་སུ་བྱེད། །རིན་ཆེན་ཕྲེང་བ་བསྟན་པའི་དཔལ། །ནོར་བུ་རྩེགས་པ་བཞིན་དུ་སྐྱོང་། །ས་བཅུའི་མགོན་པོ་འཇམ་པའི་དཔལ། །བསྟན་པ་རིན་ཆེན་གསལ་བར་བྱེད། །ས་བཅུའི་དབང་ཕྱུག་སྤྱན་རས་གཟིགས། །སྟོན་པའི་རྒྱལ་མཚན་འཛིན་པར་བྱེད། །ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན། །ཚུལ་ཁྲིམས་མེ་ལྕེ་རབ་འབར་ཏེ། །འཆལ་པའི་བུད་ཤིང་བསྲེག་པར་བྱེད། །ཅེས་གསུངས་པས་ཀྱང་རིགས་གསུམ་མགོན་པའི་སྤྲུལ་པར་གྲུབ་པ་ཡིན་ནོ། །དེ་ལྟར་བཤེས་གཉེན་སྟོན་པ་ལ། ལས་ཅན་གྱིས་སློབ་མ་བརྒྱད་ཅུ་ཙམ། མཚོ་ལ་པདྨས་བརྒྱན་པ་ལྟར་བྱོན་པ་ལས། ཆོས་ཀྱི་བརྒྱུད་པ་འཛིན་པའི་མཆོག་འཕགས་པ་སྐུ་མཆེད་གསུམ་ཡིན་ནོ། །གསུམ་པ་དེ་ལས་འཕེལ་བའི་སློབ་བརྒྱུད་བྱོན་ཚུལ་ལ་གཉིས། པོ་ཏོ་བ་ནས་བརྒྱུད་པ། བཀའ་གདམས་གཞུང་པའི་སློབ་མ་རྣམས་བྱོན་ཚུལ། རྗེ་སྤྱན་སྔ་ནས་བརྒྱུད་པ་བཀའ་གདམས་གདམ་ངག་པའི་སློབ་མ་རྣམས་བྱོན་ཚུལ་ལོ། །དང་པོ་ནི། པོ་ཏོ་བ་ལ་སྤྱིར་སློབ་མ་མང་དུ་བྱོན་ཀྱང་། གྲགས་ཆེ་བ་མཐའ་ཆེན་བརྒྱད། དབུས་ཀྱི་ཉི་ཟླ་ཟུང་གཅིག་ཅེས་པ་ལྟར་ན། གཙང་དུ་རམ་སྣང་གཉིས། མཉལ་དུ་གླིང་གཉོས་གཉིས། དོལ་དུ་འབེ་རོག་གཉིས། ཁམས་སུ་བྱ་ཕག་གཉིས་དང་། དབུས་སུ་གླང་ཤར་གཉིས་རྣམས་ཡིན་ལ། བཀའ་བབས་བརྒྱད་དུ་བྱེད་ན། བྱ་ཕག་གཉིས་མི་འདྲེན་པར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བདག་གཞན་བརྗེ་ནུས་པའི་བཀའ། གླང་རི་ཐང་པ་རྡོ་རྗེ་སེང་གེ་ལ་བབས། བཀའ་འགྱུར་རོ་ཅོག་ལ་གཞུང་བཤད་འཆད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་བསྙེས་པ་འདྲ་བ་ཡོད་པའི་བཀའ། ཤར་ར་བ་ཡོན་ཏན་གྲགས་ལ་བབས། གསུང་རབ་ཐམས་ཅད་སྐྱེས་བུ་གསུམ་གྱི་གདམས་ངག་ཏུ་དྲིལ་ནས། སྨན་པ་མཁས་པས་ནད་བརྟགས་ཏེ་ནད་ཐོག་ཏུ་སྨན་བཏང་བ་འདྲ་བ་ཡོད་པའི་བཀའ། སྣང་གྲེའུ་ལྷས་པ་ཡེ་ཤེས་རྒྱལ་མཚན་ལ་བབས། སྟོང་ཉིད་ཀྱི་བལྟ་བས་དངོས་པོ་དང་མཚན་མར་འཛིན་པ་ཐམས་ཅད་འཇིག་ནུས་པ་ཡོད་པའི་བཀའ། རམ་སྡིངས་མ་བ་འབྱུང་གནས་རྡོ་རྗེ་ལ་བབས། རྩོད་པ་པཎྜི་ཏའི་རྒོལ་བ་ཡང་བཟློག་ནུས་པ་ཡོད་པའི་བཀའ། དོལ་པ་ཤེས་རབ་རྒྱ་མཚོ་ལ་བབས། བླ་མ་ལ་སངས་རྒྱས་དངོས་ཀྱི་མོས་གུས་རྒྱུན་ཆད་མེད་པའི་བཀའ། གཉལ་པ་ཆོས་འབར་ལ་བབས། དང་ཚུགས་མཆོག་ཟུང་ཅིག་ལ་འགྲན་ནུས་པ་ཡོད་པའི་བཀའ། གྲབ་པ་ཡོན་ཏན་འོད་ལ་བབས། རྒྱུན་དུ་དཀོན་མཆོག་གི་དྲུང་དུ་མཆོད་པ་ཁྲ་ལམ་མེ་བ་འབུལ་བ་ཡོད་པའི་བཀའ། དགེ་བཤེས་བྲག་དཀར་བ་ལ་བབས་སོ། །དེ་ཡང་གླང་རི་ཐང་པ་ནི། འཁྲུངས་ཡུལ་འཕན་ཡུལ་གཉའ་གོང་གསེར་མ་གཤོང་། ཡབ་ཇོ་བོ་དར་མ་མདོ་བཟང་གི་སྲས་སུ་རྟ་ལོ་ལ་འཁྲུངས། རུས་ཞུགས་ཚངས། ཁོང་རང་གི་ཞང་བོ་བཤེས་གཉེན་གྲོག་མོ་མཁར་པ་ལ་རབ་ཏུ་བྱུང་། མཚན་རྡོ་རྗེ་སེངྒེར་བཏགས། རྒྱལ་བ་འོད་དཔག་ཏུ་མེད་པའི་སྤྲུལ་པར་བྱེད་ལ། སྔོན་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་སུ་སྤྲུལ་ནས་བསྟན་པ་ཆེར་གསལ་བར་མཛད་ཅིང་། འདིར་གདུལ་བྱ་བློ་དམན་པ་རྣམས་ཀྱི་ངོར། དང་པོ་ཤིན་ཏུ་བཀྲེན་པའི་ཚུལ་མཛད་དེ། ལོ་ན་སྤྱན་སྔ་བ་ལ་ཆོས་གསན་དུས། ཡོས་པར་བ་རེས་གདན་ནོན་མཛད་ཀྱིན་བཞུགས། དེ་ནས་བསོད་སྙོམས་མཛད་པའི་བསྙེན་པ་གང་བྱུང་སྤྱིར་དགེ་འདུན་དང་། ཁྱད་པར་པོ་ཏོ་བ་དཔོན་སློབ་ལ་དྲངས་པས། སྐུ་བསོད་སྐྱེས་པ་ལྟར་མཛད་དེ། གྲྭ་པ་ཉིས་སྟོང་ཙམ་འཚོགས་པའི་རྒྱགས་ཁོང་རང་གིས་གནང་། གནས་ངེས་མེད་དུ་བཤད་སྒྲུབ་ཟུང་འབྲེལ་དུ་མཛད། གཙོ་བོར་པོ་ཏོ་བ་ལ་ཡུན་རིང་དུ་བསྟེན། ཕུ་ཆུང་བ་དང་། ཁམས་ལུང་བ་ཆེན་པོ་སོགས་ལ་ཡང་ཆོས་གསན། པོ་ཏོ་བ་གཤེགས་ནས། ཐང་གྲོང་ལྟག་ཏུ་གཏོར་མ་མཛད་དུས། གཏོར་སྡེར་བྱ་རོག་གིས་ཁྱེར་ཏེ་གླང་ཐང་གི་ཤར་རི་དེའུ་དེའི་ཁར་བཞག་པས། དཔོན་ཤཱཀྱ་བྱ་བས་ཞབས་ཏོག་བྱས་ཏེ་དེར་ལོ་གསུམ་སྒྲུབ་པ་མཛད། ཞོལ་དུ་སྒྲུབ་ཆུ་ཡང་བྱུང་། ཉིན་མཚན་དབྱེར་མེད་དུ་བྱང་ཆུབ་སེམས་ཀྱི་ཏིང་ངེ་འཛིན་སྒོམ་པའི་མདངས་ལ། ཀླུ་མོ་སྤུན་གསུམ་གྱིས་གླང་ཐང་གི་གནས་ཕུལ། དགེ་འདུན་གྱི་སྡེ་འཛུགས་པར་ཞུས། ཕྱིས་རི་དེའི་སྟེང་ནས་ཡར་འཕུར་ཏེ། ཐུགས་དམ་གྱི་ཕྲེང་བ་སྐྱུར་སར་ཁྲོན་པ་བྲུས། དབུ་ཞྭ་སྐྱུར་སར་བླ་བྲང་བྱས་ཏེ་དགོན་པ་བཏབ། སློབ་མ་མང་དུ་འདུས། བཀའ་གདམས་གཞུང་དྲུག ལམ་སྒྲོན་སོགས་ལ་འཆད་ཉན་མཛད་ཅིང་། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ཁོ་ན་གཙོ་བོར་མཛད་དེ། གསུང་ལས་ཀྱང་། ཁོ་བོས་རླུང་ཐ་མལ་དུ་གཏོང་མ་མྱོང་གསུངས། ཞལ་བཞུགས་རིན་གླང་ཐང་གི་ལྕགས་རིའི་ནང་དུ་སྲོག་ཆགས་རྣམས་ཅིག་ལ་ཅིག་མི་འཚོ་བར་གྲགས། དགུང་ལོ་བདུན་ཅུ་པ་ཡོས་ལོ་ས་ག་ཟླ་བའི་ཉེར་གསུམ་ལ་དཔེའི་ཆུ་ལུང་དུ་གཤེགས། རྒྱ་ལྕགས་རི་གོང་ཁ་བ་ནི། ཁམས་སུ་གླང་རི་ཐང་པའི་སྙན་པ་ཐོས་པས། དབུས་སུ་ཆོས་ལ་འབྱོན་པའི་འདུན་པ་ཡོད་པས། གླང་རི་ཐང་པས་མཁྱེན་ནས་དེར་བྱོན། བགེགས་བསྐྲད། གཏོར་མས་བྱིན་གྱིས་བརླབས་པས་མིའི་ལུས་སུ་གྱུར། སྲིན་མོ་ཅིག་གི་གནོད་པས་ཕོ་བོ་དྲུག་འདས། ཁོང་རང་ཡང་སྔགས་ཀྱི་བཅིངས་ཏེ། ཁྱིའི་ལུས་སུ་བསྒྱུར་ཀྱང་། གླང་རི་ཐང་པ་ལ་མཇལ་བར་མགྲོན་པོའི་ཕྱི་ལ་ཡོང་། སྲིན་མོ་མནན་དུ་སླེབ་པ་ན། གླང་རི་ཐང་པས་མཁྱེན་ནས་དེར་བྱོན། བགེགས་བསྐྲད། གཏོར་མས་བྱིན་གྱིས་བརླབས་པས་མིའི་ལུས་སུ་གྱུར། སྟོང་ཉིད་སྙིང་རྗེ་ཐུགས་སུ་ཆུད་དེ་སློབ་མའི་མཆོག་ཏུ་གྱུར། ཇོ་བོའི་སློབ་མ་བཤེས་གཉེན་བལ་པོ་བས་བཏབ་པའི་ལྕགས་རི་གོང་ཁར་བཞུགས་པས་རྒྱ་ལྕགས་རི་བར་གྲགས། གཞན་ཡང་སློབ་མ་ཆེ་བ་དགེ་བཤེས་ལྕགས་ཞིང་བ། ཁྱུང་པོ་རྣལ་འབྱོར། རཱ་ལོ་ཙཱ་བ། གཉན་ཆེན་པོ། ཞང་ཞུང་པ། མདོ་སྡེ་པ་སོགས་བྱོན་ལ། ཞང་ཤ་ར་བ་ཆེན་པོ་ནི། པ་ཚབ་རོམ་པོའི་རྒྱུད་དུ་ཁྱི་ལོ་ལ་ཡུམ་ཕྱུགས་སྐྱོང་བའི་དུས་རྡོ་ལེབ་སྟེང་དུ་འཁྲུངས་ཏེ། དེ་ལ་ཞབས་རྗེས་ཀྱང་བྱོན། དགུང་ལོ་བཅོ་བརྒྱད་ལ་རླུང་ཤོད་ཕྱོར་བར་བྲོས་ཏེ་རབ་ཏུ་བྱུང་། མཚན་ཡོན་ཏན་གྲགས་སུ་བཏགས། དེ་ནས་སྤྱན་སྔ་ཕྱོར་ཕུར་སྐུ་འཚམས་མཛད་པའི་སར་མཇལ། ཟླ་བ་བཞི་མཚམས་ཁྲོད་དུ་བཞུགས་ཏེ་ཆོས་གསན། ད་ངའི་གྲོགས་པོའི་རྩར་རྒྱུགས་གསུངས་པས། སྟག་ལུང་དུ་པོ་ཏོ་བའི་སྤྱན་སྔར་བྱོན། གྲྭ་པ་ལོ་དགུ ནང་མི་ལོ་དགུ་སྟེ་བཅོ་བརྒྱད་བསྟེན། ཞར་ལ་ཕུ་ཆུང་པ་དང་། སྤྱན་སྔ་ལ་འདོད་ཆོས་རྫོགས་པར་གསན། པོ་ཏོ་བ་གཤེགས་ནས། ཡོན་ཏན་གྱི་རྗེས་སུ་འབྲང་བའི་འཁོར་རྣམས་དང་ལྷན་ཅིག་ཐོག་མར་རླུང་ཤོད་དུ་བྱོན་ཏེ་ཚོགས་བསྡུས། དེ་ནས་གནས་ངེས་མེད་དུ་འཆད་ཉན་མཛད་པས། གྲྭ་པ་ཉིས་སྟོང་བརྒྱད་བརྒྱ་ཙམ་འདུས། དེ་རྣམས་ཕལ་ཆེར་ཆོས་དོན་དུ་གཉེར་བ་ཤ་སྟག་གོ །དེ་ཡང་བཤེས་གཉེན་སྟོན་པ། རྣལ་འབྱོར་བ། དགོན་པ་བ། སྐུ་མཆེད་གསུམ་པ། སྣེའུ་ཟུར་པ། ཤ་ར་བ་རྣམས་ལ་བཀའ་གདམས་ཞལ་བརྒྱད་དུ་གྲགས་སོ། །རམ་སྡིངས་མ་བ་འབྱུང་གནས་རྡོ་རྗེ་ནི། ཁོང་ལ་རྣམ་ཐར་ཆེ་ཆུང་གསུམ་འབྱུང་བའི་སྐྱེ་བ་བཅུ་དྲུག་པའི་རྣམ་ཐར་དུ་བདག་ཉིད་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཙ་ན། བསྐལ་པ་སྟོང་གི་སྐྱེ་བ་དྲན་ཏེ། ཡབ་ཡུམ། བླ་མ་དང་། ཆོས་གང་ལ་བཞུགས་པ། རུས་དང་རིགས་དང་། གནས་དང་ས་ཕྱོགས་ཐམས་ཅད་ཀྱང་དྲན། དུས་རྒྱུན་དུ་ས་ལེ་བ་ནི། སྐྱེ་བ་བཅུ་དྲུག་དྲན་ནོ་ཞེས་གསུངས་ལ། གཙང་དུ་རམ་སྡིངས་མ་བ་ཡི་ཆོས་སྡེ་བཏབ། གཞི་བདག་གི་མཛོ་མོ་དཀར་མོ་ཅིག་ཕུལ་བ་ས་ལ་ཐིམ་པས། ཆུ་མིག་ཁྱད་པར་ཅན་ཞིག་བྱུང་སྟེ། རྒྱ་གར་གྱི་མདའ་ཆུ་ཁྲོན་པ་སྐྱེས་དང་ཁྱད་མེད་སུས་འཐུངས་ཀྱང་རྒྱལ་གསུངས། ལྷོ་བྲག་སྡིངས་མ་བ་དེའོ། །དོལ་པ་ཤེས་རབ་རྒྱ་མཚོ་ནི། ཇོ་བོ་དོལ་དུ་ཕེབས་དུས་ཡུལ་འདི་ནས་བྱང་ཆུབ་སེམས་དཔའ་རྟགས་མཚན་ཅན་ཞིག་འབྱུང་། ཞེས་ལུང་བསྟན་ཏེ། ཕག་ལོ་ལ་འཁྲུངས། ཞོགས་ཡ་གད་ཀྱི་གཙུག་ལག་ཁང་བཞེངས། བེའུ་བུམ་སྔོན་པོའི་རྩ་ཚིག་སོགས་མཛད། དོལ་པ་དམར་གཞུང་དུ་གྲགས་ཏེ། འཁོར་ཉིས་སྟོང་ཙམ་འདུས། བདུན་ཅུ་རྩ་གསུམ་པ་ཕག་ལོ་རྒྱལ་ཟླའི་ཚེས་བཅུ་གསུམ་ལ་གཤེགས། སློབ་མ་ཆེ་བ་བདེ་གཤེགས་ཕག་མོ་གྲུབ་པ་སོགས་བྱོན་ཀྱང་། ཆོས་བརྒྱུད་འཛིན་པའི་མཆོག་ལྷ་དོན་སྟོང་པ་དང་། དེའི་སློབ་མ་འབྲི་སྒང་པ་སོགས་ཡིན་ནོ། །ལྷ་དོན་སྟེང་པས་བེའུ་བུམ་སྔོན་པོའི་རྩ་ཚིག་འགྲེལ་པ་མཛད་དོ། །གྲབ་པ་ཡོན་ཏན་འོད་ནི། འཕན་ཡུལ་གྲབ་ཏུ་འཁྲུངས། བཞུགས་གནས་གྲབ་ཕུའི་ཕོ་བྲང་སྡིངས་ཏེ། ཁོང་རང་གཞོན་དུས་ནས་ཐོས་པ་ཆེ་བས། དང་པོ་པོ་ཏོ་བ་ལ་ཆོས་ཀྱི་ཚོད་ལྟར་བྱོན་ཀྱང་། ཕྱིས་མི་ཕྱེད་པའི་དད་པ་སྐྱེས་ཏེ། ལྐོག་ཆོས་ལོ་བཅུ་དྲུག་གསན། པོ་ཏོ་བའི་གསུང་བགྲོས་བསྒྲིགས་པ། དཔེ་ཆོས་རྩ་འགྲེལ་མཛད་དོ། །དགེ་བཤེས་བྲག་དཀར་བ་ནི། སྤྲེའུ་ལོ་ལ་འཁྲུངས། འཁོར་བཞི་བརྒྱ་ཙམ་འདུས། དཔེ་ཆོས་གསན་པའི་ཆེད་དུ་གྲབ་པའི་སློབ་མ་མཛད། བརྒྱད་ཅུ་ཐམས་པ་ཡོས་ལོའི་དགུན་ཟླ་ཐ་ཆུང་གི་ཉེར་གཉིས་ལ་གཤེགས། དེའི་སློབ་མ་སློབ་དཔོན་བྱང་ཆུབ་སྣང་བ་པ། དེའི་སློབ་མ་གྲུབ་ཐོབ་གཅེས་སྒོམ། དེའི་སློབ་མ་སྐྱེར་སྒང་པ་ལ་སོགས་པ་བྱོན་ནོ། བཀའ་བབས་རྣམས་ཀྱི་ནང་ནས་ཞང་སྟོན་ཤ་ར་བ་པོ་ཏོ་བའི་ཆོས་སྲོལ་འཛིན་པའི་མཆོག་སྟེ། འདི་ལ་སློབ་མའི་མཆོག་བཀའ་བབས་ལྔར་གྲགས་པ་ནི། བྱང་ཆུབ་ཐུགས་ཀྱི་བཀའ་བབས་བྱ་འཆད་ཁ་བ། བྱིན་རླབས་ཀྱི་བཀའ་བབས་གཏུལ་སྟོན་བློ་གྲོས་གྲགས། གཞུང་བཤད་ཀྱི་བཀའ་བབས་དམ་པ་སྟབས་ཁ་བ། རྣམ་ཐར་གྱི་བཀའ་བབས་ཉི་མའི་འདུལ་འཛིན། ལོངས་སྤྱོད་ཀྱི་བཀའ་བབས་རྣལ་འབྱོར་ཤེས་རྡོར་རོ། །དང་པོ་བྱ་འཆད་ཁ་བ་ནི། འཁྲུངས་ཡུལ་ལོ་རོ། གདུང་རུས་ཇ། ཡབ་འཕགས་པ་སྐྱབས། ཡུམ་བསོད་ནམས་སྐྱིད་ཀྱི་སྲས་སུ་སྦྲུལ་ལོ་ལ་འཁྲུངས། སློབ་དཔོན་དྭགས་པོ་གཙང་འདུལ་ལ་རབ་བྱུང་ཞུས། མཚན་ཡེ་ཤེས་རྡོ་རྗེར་བཏགས། གཉལ་དུ་ངོར་རྗེ་བཙན་པོའི་ཆོས་འཁོར་ལ་བྱོན་པས། བ་རི་ལོ་ཙཱ་བ། རྔོག་ལོ་ཙཱ་བ་སོགས་སྡེ་སྣོད་འཛིན་པ་མང་པོ། གྲུབ་མཐའི་རྣམ་དབྱེ་འབྱེད་པ་གཟིགས་པས། ཆོས་འཚོལ་བ་ལ་མོས་ཏེ་བྱོན། གཡེ་ཆུང་གི་སྒྲེ་དགོན་པ་ན་སྤྱན་སྔའི་སློབ་མ་སྒྲེ་པ་ཆེན་པོ་བཞུགས་པ་དང་མཇལ། བསྙེན་རྫོགས་ཀྱི་མཁན་པོ་ཞུས་པས་མ་གནང་། ཁྱད་པར་གླང་རི་ཐང་པའི་སློབ་མ་ལྕགས་ཞིང་པ་ལ་བློ་སྦྱོང་ཚིག་བརྒྱད་མ་གསན་པས་དད་ནས། པོ་ཏོ་བའི་སློབ་མ་དོལ་པ་དང་། སྒྲེ་བ་ཇོ་གདན་ཚ་རོང་པ་དང་། དགས་པོ་གཙང་འདུལ་མཇལ་དུ་བྱོན་པ་ལ། མཁས་སློབ་ཞུས་ནས་བསྙེན་རྫོགས་མཛད་དེ། ཤ་མི་ལ་འདུལ་བ་གསན། དེ་ནས་ཡར་ལུང་དུ་བྱོན་ཏེ་བཤེས་གཉེན་མང་པོ་བསྟེན། ཁྱད་པར་གླང་རི་ཐང་པའི་སློབ་མ་ལྕགས་ཞིང་པ་ལ་བློ་སྦྱོང་ཚིག་བརྒྱད་མ་གསན་པས་དད་ནས། པོ་ཏོ་བའི་སློབ་མ་དོལ་པ་དང་། ལུང་སྣང་པ་གཉིས་ལོ་བཞི་བསྟེན། དོལ་པ་ལ་བེའུ་བུམ་སྔོན་པོ་ཡང་གསན། དེ་ནས་དགུང་ལོ་སུམ་ཅུ་ལ་གླང་རི་ཐང་པ་ལ་གཏད་ནས་བྱོན་ཀྱང་མ་མཇལ་བར། ཤ་ར་བ་ཞོའི་ཁང་པར་གནས་ན་བཞུགས་པ་དང་མཇལ། དང་པོར་ཚོགས་ཆོས་གསན། དེ་ནས་བློ་སྦྱོང་རྩད་ཆོད་དེ་ཉམས་ཁྲིད་དུ་ལོ་དགུ་བསྐྱངས་པས། བདག་གཅེས་འཛིན་གྱི་འཕྲི་བ་ཆོད་པ་ཅིག་བྱུང་གསུངས། སྟོན་ཆོས་ལ་བྱ་ཡུལ་དུ་བྱོན། སྤྲུལ་སྐུ་བྱ་ཡུལ་བ་ལ་གདམས་ངག་གི་སྐོར་རྣམས་རྫོགས་པར་གསན། འཕན་ཡུལ་དུ་བྱོན་ནས་ཀྱང་ཤ་ར་བ་ཡུན་རིང་དུ་བསྟེན། དེ་ནས་གནས་ངེས་མེད་དུ་ཐུགས་དམ་གྱི་གཙོ་བོ་བློ་སྦྱོང་ལ་མཛད་ཅིང་བཀའ་དོག་པ་ལ། ཕྱིས་འགྲེས་བུ་སྒོམ་ཆེན་སྡིངས་སུ་ཉེར་གནས་ལ་ཁྱོད་ཀྱི་སློབ་མ་འདི་རྣམས་ལ་མར་ཁུའི་སྐྱོགས་འདྲེན་གྱིས་མིང་སྟོན་བྱེད་གསུངས་ནས། དོན་བདུན་གྱི་ས་བཅད་མཛད་དེ་ཚོགས་ཆོས་སུ་གསུངས། དེ་ནས་མལ་གྲོར་བྱོན། འཆད་ཁ་རྙིང་མ་བཏབ། ལོ་བཅུ་གཅིག་ཏུ་ཆོས་གསུངས་པས་སློབ་མ་སྟོང་ཙམ་འདུས། དེ་ནས་མཐའ་ཕུར་ཟླ་བ་བརྒྱད་བཞུགས། ཁྱད་པར་གྱི་སྲས་སེ་སྤྱིལ་བུ་བ། རན་ཚན་རབ་ཀྱི་རྣལ་འབྱོར་བྱང་སེང་། རང་པོ་བོ་དྷི་ས་ཏྭ། དགས་པོ་ཉང་སོགས་དང་། ཡབ་སྲས་གཉིས་ཀའི་སློབ་མ་རྣལ་འབྱོར་བྱང་སེང་གིས་གྲོ་ས་དགོན་པ་བཏབ། གཞན་ཡང་ལྷོ་པ་ཐམས་ཅད་མཁྱེན་པ་སོགས་མང་དུ་བྱོན། བདུན་ཅུ་རྩ་ལྔ་པ་ལུག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་ལྔ་ལ་མཐའ་ཕུར་གཤེགས། གདུང་བཞུ་བས་ཐུགས་ལྗགས་སོགས་བྱོན། གསེར་གྱི་མོ་ཏོག་གི་ཆར་བབས་པར་གྲགས་ཏེ། རྒྱས་པར་བློ་སྦྱོང་གི་བྱུང་ཚུལ་དང་། རྣམ་ཐར་ཆེ་ཆུང་དུ་བལྟའོ། །དེའི་ཁྱད་པར་གྱི་སྲས་སེ་སྤྱིལ་བུ་བ་ནི། འཁྲུངས་ཡུལ་ལྷོ་སྟོད་དེར་མ་སྒང་། གདུང་རུས་སེ། དགུང་སྙིང་གླང་ལོ་པ། རབ་བྱུང་དང་བསྙེན་རྫོགས་གཉིས་ཀའི་མཁན་པོ་ཆ་བས་མཛད། མཚན་ཆོས་ཀྱི་རྒྱལ་མཚན་དུ་བཏགས། བྱ་འཆད་ཁ་བ་དང་མཇལ། ཡུན་རིང་དུ་བསྟེན་ཅིང་། ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་མཛད། སྔར་བྱ་འཆད་ཀྱི་ལུང་བསྟན་པ་བཞིན་འཆད་ཁ་གསར་མ་བཏབ། འཆད་ཁ་པ་ཆེན་པོའི་ནང་རྟེན་དུ་སྐུ་ལྡེར་རིན་པོ་ཆེ་དང་། ཕྱི་རྟེན་གྱི་མཆོད་རྟེན་ལ་སོགས་པ་བཞེངས་ནས་ཀླུང་ཤོད་དུ་བྱོན། སྤྱིལ་བུའི་དགོན་པ་བཏབ་སྟེ་རྣམ་གཡེང་སྤངས་ནས། སྟོད་དུ་མཁར་གོང་ལ་ག སྨད་དུ་ཉུང་ཞིང་སྣང་དུ་མཚམས་ཐོ་བརྒྱབས་ནས། ལོ་བདུན་དུ་མཚམས་མི་འདའ་མཛད། དེ་ནས་བྲག་དཀར་གནས་བརྟན་སོགས་ཀྱིས་སྤྱན་དྲངས་ནས་འཆད་ཁར་དགུན་ཆོས་ལ་བྱོན། གདུལ་བྱ་དུ་མ་སྨིན་པར་མཛད་ནས་དྲུག་ཅུ་རྩ་དགུ་པ་བྱ་ལོའི་དབྱར་ཟླ་ར་བའི་ཚེས་བཅུ་གསུམ་ལ་སྤྱིལ་བུར་གཤེགས། འདི་ལ་སློབ་མའི་མཆོག་ལྷ་ཆེན་པོ། གྱ་ཡངས་པ་ཐང་པ། ཉན་ལྷ་ལྡིངས་པ་སོགས་མང་དུ་བྱོན་པ་ལས། ལྷ་ཆེན་པོ་ནི། ཡབ་ཇོ་བོ་རྣལ་འབྱོར། ཡུམ་སྣ་ནམ་ཟའི་སྲས་སུ་སྟག་ལོ་ལ་ཕོ་བྲང་ཁང་དམར་དུ་འཁྲུངས། དགུང་ལོ་བཅོ་ལྔ་ལ་རྒྱ་དུར་གྱི་མཁན་པོ་ཀླུབ་དཀར་དང་། གཙང་པ་ཁྱུང་པོ་ལ་མཁན་སློབ་ཞུས། བྱ་པར་རབ་ཏུ་བྱུང་སྟེ། མཚན་བྱང་ཆུབ་རིན་ཆེན་དུ་བཏགས། དེ་ནས་བྱ་འཆད་ཁ་བའི་སྐུ་འདྲ་གཟིགས་པས་དད་པའི་རྐྱེན་བྱས་ཏེ་དགེ་བཤེས་སེ་དང་མཇལ། ཆོས་མང་དུ་ཞུས། ཉི་ཤུ་རྩ་བཞི་ལ་རྒྱ་སར་སྒང་ནས་མཁན་པོ་རླན་སྤྱན་དྲངས་ཏེ་བསྙེན་པར་རྫོགས། གཞན་ཡང་ཁ་ཆེ་པཎ་ཆེན་ལ་སོགས་པ་མང་དུ་བསྟེན། སེ་སྤྱིལ་བུ་བ་གཤེགས་ནས། འཆད་ཁ་སྤྱིལ་བུའི་གདན་ས་མཛད། བཀའ་འགྱུར་གྱི་ལུང་བཞུགས་པས། ལྷ་ལུང་གི་དབང་ཕྱུག་ཏུ་གྲགས། སངས་རྒྱས་སྨན་བླ་སོགས་ཡི་དམ་མང་པོའི་ཞལ་གཟིགས་པ་རྣམ་ཐར་དུ་གསལ། འབྲུག་ལོ་བདུན་ཅུ་རྩ་ལྔ་ལ་འཆད་ཁར་གཤེགས། ལྷ་འགྲོ་མགོན་ནི། ཡབ་ཇོ་འབག་གི་སྲས་སུ་རྟ་ལོ་ལ་འཁྲུངས། ལོ་བཅུ་དྲུག་པ་ལ་འཆད་ཁར་ཁུ་བོའི་དྲུང་དུ་དགེ་བསྙེན་ཞུས། དེ་ནས་སྐྱུར་མོ་ལུང་དུ་སྦ་ཏི་ལ་རབ་ཏུ་བྱུང་སྟེ། མཚན་དབང་ཕྱུག་འོད་དུ་བཏགས། དེ་ནས་པོ་ཏོར་དགེ་བཤེས་གནས་བརྟན་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས། ལྷ་ཆེན་པོ་གཤེགས་ནས་གདན་ས་མཛད། མི་གཡོ་བའི་གྲུབ་པ་བརྙེས་པས་སྟག་ཤམ་ཅན་དུ་ཡང་གྲགས། གདུལ་བྱ་མང་པོ་སྨིན་པར་མཛད་ནས་བདུན་ཅུ་རྩ་བཞི་པ་ལུག་ལོ་ཟླ་བ་དགུ་པའི་ཉེར་གཅིག་ལ་སྤྱིལ་བུར་གཤེགས། ལྷ་བྲག་ཁ་བ་ནི། ཇོ་བོ་ཤཱཀྱ་བཀྲ་ཤིས་ཀྱི་སྲས་སུ་ཁྱི་ལོ་ལ་འཁྲུངས། ལྷ་འགྲོ་མགོན་དང་མཇལ་ཏེ་རབ་ཏུ་བྱུང་། མཚན་ཡེ་ཤེས་བློ་གྲོས་སུ་བཏགས། སྦས་པ་སྟོན་གཞོན་སོགས་ལ་ཆོས་རྣམས་རྫོགས་པར་གསན། འཆད་ཁ་སྤྱིལ་བུའི་གདན་ས་མཛད། སུམ་ཅུ་རྩ་བདུན་ལ་གཤེགས། དེ་ནས་ཇོ་འཕེལ་གྱི་སྲས་ལྷ་དབང་ཕྱུག་ཡེ་ཤེས། འབྲུག་ལོ་པ། ཟུར་ཁང་པ་སྔ་བར་གྲགས་པས་གདན་ས་མཛད་དེ་དྲུག་ཅུ་ལ་གཤེགས། དེ་ནས་གྲགས་པ་རིན་ཆེན་གྱི་སྲས་ལྷ་བློ་གྲོས་འོད་བྱ་ལོ་པ། གདན་ས་ལོ་བཞི་བཅུ་མཛད་དེ། ལྷ་རིན་ཆེན་སེང་གེ མཁན་ཆེན་སེངྒེ་རྒྱལ་མཚན་སོགས་སྨིན་པར་མཛད། དྲུག་ཅུ་རྩ་བཞི་ལ་གཤེགས། མཁན་ཆེན་སེངྒེ་རྒྱལ་མཚན་པའི་སྐུ་ཆེ་བའི་ཡོན་ཏན་རྣམས། ཇོ་བོ་བརྟན་སྒོམ་དཔལ་གྱིས་བྱས་པའི་རྣམ་ཐར་དུ་གསལ་ལ། དེ་ལ་སློབ་མ་རྗེ་བཙུན་ཡེ་མགོན་པ། བྱང་སེམས་ར་སྒྲེང་པ་ཤཱཀྱ་བསོད་ནམས་སོགས་མང་དུ་བྱོན་ནོ། །རྒྱ་ཡངས་པ་ཐང་པ་ནི། གདུང་རུས་རྒྱ། མཚན་ཉི་མ་དབང་ཕྱུག སྤང་པའི་དགོན་པ་བཏབ། དགུང་ལོ་ལྔ་བཅུ་བཞུགས། དེ་ནས་གདན་ས་ཡང་མང་དུ་ཉན་ལྷ་སྡིངས་པས་ཉན་གྱི་ལྷ་སྡིངས་བཏབ། བློ་སྦྱོང་གི་བླ་མ་བརྒྱུད་པར་རམ་པ་ལྷ་སྡིངས་པ་ཞེས་འབྱུང་ལ། སྟོད་ལུང་མདར་རམ་པ་ལྷ་སྡིངས་ཞེས་པའི་དགོན་པ་ཡོད་པས། འདི་དང་བླ་མ་གཅིག་མི་གཅིག་བརྟག་པར་བྱའོ། །རམ་པ་ལྷ་སྡིངས་པ་ནས། སངས་རྒྱས་དབོན། སློབ་དཔོན་ཡོན་ཏན་དཔལ། མཁན་ཆེན་བདེ་པ་དཔལ། མཁན་ཆེན་བཀའ་བཞི་བ། རིན་པོ་ཆེ་བསོད་གྲགས་པ། རྒྱལ་སྲས་ཐོགས་མེད་པ་སྟེ། དེ་རྣམས་ཀྱི་རྣམ་ཐར་ཆོས་རྗེ་མཚལ་མིན་པ་བསོད་ནམས་བཟང་པོས་མཛད་པར་གསལ་ལོ། །བྱིན་རླབས་ཀྱི་བཀའ་བབས་གཏུམ་སྟོན་བློ་གྲོས་གྲགས་ནི། གདུང་རུས་གཏུམ། འཁྲུངས་པ་ལྕགས་མཁར་སྟེ། ཤ་ར་བ་སོགས་བཀའ་གདམས་ཀྱི་བླ་མ་མང་དུ་བསྟེན། དེ་ནས་སྣར་གྱི་མདའི་ཐང་ལ་ལོ་ར་ཡོད་པར་སྤྱིལ་བུ་མཛད་དེ། ཆུ་མོ་བྱའི་ལོ་ལ་གཞི་བཙུགས་སྣར་ཐང་གི་དགོན་པ་བཏབ་སྟེ། ལོ་བཅུ་བཞི་བཞུགས། གྲྭ་པ་སྟོང་ཙམ་འདུས་པའི་གྲགས་ཆེ་པ་རྡོ་སྟོན་རྡོ་རྗེ་གྲགས། བདུད་རྩི་གྲགས་ཞག་བཙུན་རྡོ་རྗེ་འོད། སྒ་སྟོན་ཤེས་རབ་གྲགས་རྣམས་ལས་རྡོ་རྟོན་རྡོ་རྗེ་གྲགས་ལ་ཉིད་ཀྱི་དགོན་པ་འདི་བཟུང་ལ་འགྲོ་དོན་སྐྱོངས་གསུངས་ནས། ཁོང་རང་བྱང་རྟ་སྡེའི་ཆོས་ལུང་དུ་ཐུགས་དམ་ལ་བཞུགས་ཏེ། ཆོས་ལུང་སྐུ་གཤེགས་སུ་གྲགས། རྡོ་སྟོན་གྱི་གདན་ས་ལོ་ཉི་ཤུ་མཛད། དེ་ནས་ཞང་བཙུན་རྡོ་རྗེ་འོད་ཀྱིས་གདན་ས་ལོ་བརྒྱད་མཛད། དཔལ་ལྡན་གྲོ་མོ་ཆེ་བ་ནི། གདུང་རུས་གྲོ། འཁྲུངས་ཡུལ་ཆུ་སྒོ་བ། མཚན་བདུད་རྩིའི་གྲགས། ཡི་དམ་མང་པོ་དང་གནས་བརྟན་བཅུ་དྲུག་ཞལ་གཟིགས། སྣར་ཐང་གི་དབུ་རྩེ་རྙིང་མ་བཞེངས། གདན་ས་ལོ་སུམ་ཅུ་སོ་དགུ་མཛད། དེ་ནས་ཞང་སྟོན་ཆོས་ཀྱི་བླ་མས་གདན་ས་ལོ་བཅུ་མཛད་དེ། དེ་ནས་སངས་རྒྱས་སྒོམ་པས་གདན་ས་ལོ་བཅུ་མཛད་དེ། ཚོགས་ཆོས་ཆེན་མོར་གྲགས་པ་དང་། ལམ་སྒྲོན་ཊཱིཀྐ་སོགས་མཛད་ཅིང་། དབེན་གནས་བྱང་ཆེན་བཏབ། གཉལ་ཞིག་གི་སློབ་མ་གྲགས་པ་སེངྒེ་སྤྱན་དྲངས་ཏེ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས། དེ་ནས་འཆིམ་ནམ་མཁའ་གྲགས་པ་ཞེས་བྱ་བ། གདུང་རུས་འཆིམ། ཉང་སྟོད་སྨོན་གྲོའི་ཤུ་ཁའུ་བྱ་བར་སྐུ་འཁྲུངས། གནས་བརྟན་བཅུ་དྲུག་གི་གཅིག་ཏུ་གྲགས། མཁྱེན་རབ་དང་འཕྲིན་ལས་ཆེ་བས་རྩོམ་ཆོས་མང་དུ་མཛད་ཅིང་། གདན་ས་ལོ་སུམ་ཅུ་རྩ་དྲུག་མཛད། ཆོས་རྒྱལ་འཕགས་པའི་བླ་མ་ཡང་མཛད་ནས། ཆོས་འཁོར་ཆེན་པོ་ཅིག་གི་གྲལ་དབུ་ལ་སྤྱན་འདྲེན་ཞུས། དེ་ནས་སྐྱེ་སྟོན་པར་གྲགས་པས་གདན་ས་ལོ་བཅོ་ལྔ་མཛད་དེ། སྣར་ཐང་གི་གཙུག་ལག་ཁང་ཆེ་བ་དང་ལྕགས་རི་སོགས་མཛད། དེ་ནས་ཆོས་རྗེ་ཉི་མ་བ། མཁན་ཆེན་འདུལ་བ་འཛིན་པ། འཆིམ་བློ་བཟང་གྲགས་པ་སོགས་དཔལ་སྣར་ཐང་དུ་བཀའ་གདམས་པའི་བཤེས་གཉེན་བཟང་ལ་མང་བ་རིམ་པར་བྱོན་པ་ཡིན་ནོ། །གཞུང་བཤད་ཀྱི་བཀའ་བབས་དམ་པ་སྟབས་ཁ་བས། སྟབས་ཁ་གྲྭ་པའི་སྒང་། འདོད་འཇོ་ཆོས་ཀྱི་སྒང་། ཁྲ་ཕུ་ལོངས་སྤྱོད་ཀྱི་སྒང་སྟེ་དགོན་པ་གསུམ་བཏབ། གྲྭ་པ་བརྒྱད་བརྒྱ་ཙམ་འདུས། གྲགས་ཆེ་བའི་ཞང་བཞི་ནི། ཞང་སྟོན་འདོད་འཇོ་བ་དར་མ་གཡུང་དྲུང་། ཞང་སྟོན་ཁང་མོ་ཆེ་བ། ཞང་སྟོན་ཤོ་མ་ར་བ། ཞང་སྟོན་གཙོ་ཐང་པ་ཆེན་པོའོ། །ཐུགས་ཀྱི་སྲས་བཞི་ནི། སྒང་ཐང་དཀར་བ་རྡོ་རྗེ་རིན་ཆེན། གུ་ར་བ་ཚུལ་ཁྲིམས་རྡོ་རྗེ། སྟབས་ཁའི་རྣལ་འབྱོར་པ་ནམ་མཁའ་རིན་ཆེན། ཁྲ་ཕུ་བ་འདུལ་བ་འཛིན་པའོ། །འདོད་འཇོ་ཞང་སྟོན་དར་མ་གཡུང་དྲུང་ལ་གཏད། དེ་ནས་རོང་སྟོན་ཁ་པོ་ཆེས་བསྐྱངས་སོ། །ཁྲ་ཕུ་འདུལ་འཛིན་པས་བསྐྱངས་ཏེ། དེ་ལས་འཕེལ་བའི་ཞང་སྟོན་དར། གྲབ་ཕུ་བ་ཆེན་པོ། དེའི་སློབ་མ་བཙན་དགོན་པ་བ་སོགས་བྱོན་ཏེ་རྒྱས་པར་མ་སྤྲོས་སོ། །གཉིས་པ་རྗེ་སྤྱན་སྔ་ནས་བརྒྱུད་པ་བཀའ་གདམས་གདམ་ངག་པ་རྣམས་བྱོན་ཚུལ་ནི། རྣལ་འབྱོར་གྱི་དབང་ཕྱུག་སྤྱན་སྔ་ལ་སློབ་མའི་མཆོག་སྒོམ་བཞི། འགྲན་གྱི་དོ་མེད་གསུམ་དང་། གཞན་ཡང་མཁར་ཕུ་བ། རོལ་པོ་རྡོ་རྗེ། གཡོ་ནས་སྒྲེ་པ་ཆེན་པོ། ཞང་སྟོན་དཔལ་བརྩེགས། རྒྱ་རྩེ་སྒྲོ་བ། འཕན་ཡུལ་གྱི་སྒྲོ་ལག་པ་ཆེན་པོ། ཞང་ཀ་མ་བ་ཆེན་པོ་ཤེས་རབ་འོད། ཀུ་མ་ར་ཤཱཀྱ། སྐུ་སྲུང་སྟོན་པ། འདུལ་འཛིན་ལ་གུར་སྟོན་པ། འཆང་བུ་བ་ཆེན་པོ། དགག་དབྱེ་ཤེས་རིན་སོགས་མིང་ཆེན་ཉི་ཤུ་རྩ་ལྔ་ཙམ་བྱོན་པའི་དགག་དབྱེ་ཤེས་རིན་གྱི་ཉན་ཆེར་སྒྱེས་ཀྱིས་མཆོད་ཁང་བཞེངས། སྤྱིར་གྲྭ་པ་བདུན་བརྒྱ་ཙམ་འཚོགས་པའི་སྒོམ་བཞི་ནི། ཟར་པ་ཟག་སྒོམ་རྡོ་རྗེ་ཡེ་ཤེས་ཀྱིས་མལ་གྲོ་ཟར་གྱི་མཆོད་ཁང་བཞེངས། རུག་པ་སྟོན་སྒོམ་གྱིས་ཀླུང་ཤོད་རུག་པའི་མཆོད་ཁང་བཞེངས། མང་ར་སྒོམ་པ་བརྩོན་འགྲུས་འབར་གྱིས་ཐང་སྐྱའི་དགོན་པ་བཏབ། དབུ་རྩེ་གསར་མ་བཞེངས། རལ་པ་སེང་སྒོམ་གྱིས་རླུང་ཤོད་ངོར་གྱི་མཆོད་ཁང་བཞེངས། འགྲན་གྱི་དོ་མེད་གསུམ་ནི། སྟོན་ལུང་པ་ཆེན་པོ། བྱ་ཡུལ་བ་ཆེན་པོ། སྙུག་གྲུམ་པ་ཆེན་པོའོ། སྙུག་གྲུམ་པས་ཀླུང་ཤོད་མདར་སྙུག་གྲུམ་དགོན་པ་བཏབ། སྟོད་ལུང་པ་ཆེན་པོ་ནི། འཁྲུངས་ཡུལ་སྟོད་ལུང་གསེར་ཕུག དགུང་སྙིང་སྤྲེའུ་ལོ་པ། རབ་ཏུ་བྱུང་པ་ཁྱུང་པོ་ཇོ་བསོད་ལ་མཛད། མཚན་རིན་ཆེན་སྙིང་པོར་བཏགས། གཙང་ཕྱོགས་ལ་གཞོན་ནུ་ནས་མཚན་ཉིད་ཀྱི་སློབ་གཉེར་ལ་བྱོན་ནས། བླ་མ་སེང་གེ་སྒྲ་གཅན་འཛིན་བཟང་པོ་དང་། པཎྜི་ཏ་འབུམ་ཕྲག་གསུམ་པ་སོགས་མཁས་པ་མང་པོ་ལ་མདོ་སྔགས་ཀྱི་གསན་སྦྱོང་རྒྱ་ཆེར་མཛད། རྩོད་པ་ཡང་བཟང་། དེ་ནས་སྟོད་ལུང་ཐག་མར། དབུས་གཙང་གི་སྟོན་ཆེན་ཐམས་ཅད་འཚོགས་ནས་ཆོས་ཀྱི་བགྲོས་གླེང་འབའ་ཞིག་མཛད་པས། ཁོང་གིས་ཀྱང་གྲྭ་སྐོར་ལ་བྱོན། རྩོད་པ་མཛད་པས། ཀློ་ཀྱ་གཙོ་རྒན་བྱ་བས་ཉན་ནས། ཁོང་ན་རེ་བོད་དབུས་གཙང་གི་སྟོན་ཆེན་འདི་ཙམ་ཅིག་ཉིན་རེ་བཞིན་འཚོགས་ནས། མར་འཁོར་བ་ཡོང་ལུགས། ཡར་ཐར་པ་སྒྲུབ་ལུགས་ཀྱི་ཆོས་ཚིག་བཞི་པ་ཅིག་མེད་པར། ཀླད་པ་གས་གས་བ་གླང་དཀར་ཟལ་ལ་འཆི་བ་འདི་བྱུང་རེ་ཆེ་ཟེར་བ་གསན་པས། ཁོས་ཀྱང་དེ་ཙམ་ཅིག་གོ་འདུག་ན། ད་རྒྱ་གར་དུ་ཆོས་འཚོལ་བ་ལ་འགྲོ་དགོངས་ནས་བྱོན་པ་དང་། མཁའ་རུ་བའི་གྲྭ་བ་དགེ་སློང་སྣམ་སྦྱར་ཕྲག་པར་བཞག་པ་ཚུལ་ཁྲིམས་ཀྱི་དྲི་བྲོ་བ་ཅིག་དང་མཇལ་ཏེ། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པ་མཚོ་ལ་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བགྱི། །ཞེས་གསུངས། དེ་སུས་མཛད་བྱས་པས། ཇོ་བོའི་གསུང་ཡིན་ཟེར། གང་ནས་བྱོན་བྱས་པས། མཁའ་རུ་དགོན་པ་ནས་འོང་ཟེར་བས། མཁའ་རུར་བྱོན། སྐྱབས་འགྲོའི་ཆོས་སྐོར་གསུངས་པ་གསན། དེ་ནས་མཁའ་རུ་བས་ལུང་བསྟན་ནས། ར་སྒྲེང་དུ་རྣལ་འབྱོར་པ་ཆེན་པོའི་སྤྱན་སྔར་བྱོན། ལྟ་བའི་དྲི་བ་མང་པོ་མཛད་པས། སྟོན་པ་སྔོན་དུ་ཐབས་གོམས་པས་རྒྱུ་སྨིན་དགོས་པ་ཡིན་གསུངས་ནས་ཐོག་མར་སྐྱབས་འགྲོ་དང་། བྱམས་སྙིང་རྗེ་ནས་རིམ་གྱིས་ཁྲིད་དེ་ཆོས་མང་དུ་གསན་ནོ། །དེ་ནས་སྤྱན་སྔ་སྐུ་མཚམས་ལ་བཞུགས་པས། རྣལ་འབྱོར་པས་མཇལ་སྣ་མཛད་དེ་ཆོས་གསན། རྩ་བའི་བླ་མ་ཞུས། དེ་ནས་རྣལ་འབྱོར་པ་ལོ་དགུ། དགོན་པ་བ་ལོ་ལྔ་བསྟེན། སྤྱན་སྔ་ལོ་བདུན་འབྲལ་མེད་དུ་བསྟེན་ཏེ་བཀའ་གདམས་ཀྱི་ཆོས་ཐམས་ཅད་རྫོགས་པར་གསན། གསེར་སྲང་བརྒྱད་བརྒྱ་འབུལ་བར་དམ་བཅས་ཏེ། ཕྱེད་ཕྱག་ཏུ་ཕྱིན་པ་ལ་སྤྱན་སྔ་གཤེགས་པས། བཞི་བརྒྱའི་ཚབ་ཏུ་དགུང་ལོ་དོན་གཉིས་ལ། ལམ་པའི་གཙུག་ལག་ཁང་གི་རྨང་བཏིངས་ཏེ་རྫོགས་པར་གྲུབ། སྐུ་གསུང་ཐུགས་ཀྱི་རྟེན་སྔ་ཕྱི་དཔག་ཏུ་མེད་པ་བཞེངས་པའི་གྲགས་ཆེ་བ་ལ། རབ་གནས་ཀྱི་དུས་སུ་སྤྱན་སྔ་པ་ལ་ཆོས་གསུངས་པའི། འཇམ་དཔལ་དཔའ་བོའི་སྐུ་ལ་སོགས་པ། རྒྱུད་སྦྱངས་མ་བདུན་དང་། རྣལ་འབྱོར་པས་རབ་གནས་མཛད་པ། པོ་ཏོའི་གསུང་འབྱོན། མཁའ་རུའི་ལྗང་སྐྱེས། བཙན་འགྲོའི་ཆུ་ཁོལ་ཞེས། རྟེན་རྟགས་ཐོན་གསུམ་དུ་གྲགས་པ་སོགས་རྟེན་མང་དུ་བཞེངས། སྤྱན་དང་མངོན་པར་ཤེས་པ་མངའ། ཡི་དམ་མང་པོས་ཞལ་གཟིགས། བདེན་གཉིས་ཀྱི་རྟོགས་པ་ཐུགས་ལ་འཁྲུངས། འགྲོ་དོན་རྒྱ་ཆེར་མཛད་དེ། སློབ་མ་རྟོགས་ལྡན་སྡིངས་པོ་བ་སྣུབ་ཆོས་འབར། དགེ་བཤེས་ལྷ་བཟོ། ཁྱུང་ཁམས་པོ་ཆེ། ཀློག་སྐྱ། དགེ་བཤེས་ཟར་པ། བྱ་འདུལ་འཛིན། དགེ་བཤེས་གནས་བརྟན་ལ་སོགས་པ་རྟོགས་པ་དང་། གཞན་ཕན་ལ་མངའ་བརྙེས་པ་མང་དུ་བྱོན་ནོ། །དེ་ནས་སྟོད་ལུང་པ། དགེ་བཤེས་ལྷ་བཟོ་ལ་གདན་པས་གཏོད་དགོངས་པ་ལ། ལྷ་བཟོས་མངོན་ཤེས་ཀྱི་རིག་ནས། གྲམ་རྟ་ཆད་སྐད་པར་བཞུགས་པས། གླེན་པ་ལྷ་བཟོ་དེ་བྱུང་ན་བསླབ་བྱ་འདྲ་བྱ་རྒྱུ་ཡོད་པ་ཡིན་ཏེ་མ་བྱུང་། ད་དགེ་བཤེས་ཀློག་སྐྱ་དང་། ཟར་པ་གཉིས་ཀྱི་འདི་དང་མལ་གྲོ་ཟར་གཉིས་སྤྱི་ལ་སྐྱོང་གསུངས། དེར་ཡོད་པ་རྣམས་ཀྱི་རྗེས་སུ་རྟེན་བཞེངས་སོགས་ཇི་ལྟར་བྱེད་ཞུས་པས། སྤུར་འདི་གཡའ་ཕུ་རུའི་རྩེ་ལ་སྐྱོལ། རྟེན་མ་བཞེངས་གསུངས། འོ་ན་སྤྲུལ་སྐུ་བྱ་ཡུལ་བ་རྟེན་བཞེངས་པ་འདུག་ན་ཇི་ལྟར་བྱེད་ཞུས་པས། ང་ཁོང་ལ་དྲིན་ཆེ་བ་ཡིན། ལོ་བདུན་འགྲོ་བ་ནས་བསྐྱངས། བླ་མ་སྤྱན་སྔ་རྣལ་འབྱོར་ལྟ་བུ་ལ་སྤྲད། ཁོང་རང་ཇི་ལྟར་དགོངས་པ་མཛད་དུ་ཆུག་གསུངས། དེ་ནས་སྐུ་གཤེགས་ཁར། ངས་དོན་ཁྱད་པར་ཅན་གྲུབ་པ་ཡིན། ཞེས་ལན་གསུམ་གསུངས། དྲུང་ན་ཡོད་པས། ཡི་དམ་གྱི་ལྷ་ཞལ་གཟིགས་པ་ཡིན་ནམ་ཞུས་པས། ཡི་དམ་ཀྱི་ལྷ་ཟེར་ནས་མིག་ཧུ་རེ། རྣ་བ་ཅོ་རེ་བ་ཡོད་པ་ཡིན། ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་ཅིང་། ཀུན་རྫོབ་ཏུ་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་གསུངས་ཏེ། བརྒྱད་ཅུ་རྩ་ལྔ་པ་སྤྲེའུ་ལོ་མངོན་པར་བྱང་ཆུབ་པའི་ཟླ་བའི་ཚེས་བརྒྱད་ལ་ལམ་པ་དགོན་པར་གཤེགས། སང་ལྷ་བཟོ་དཔོན་སློབ་ཀྱིས་ཀྱང་ཕེབས། ཉ་ག་མོ་པས་མདངས་མ་གིར་བཞུགས་པས་མ་བྱུང་ཞུས་པས། ཚེ་དང་ལྡན་པ། མི་ཐེག་པའི་ཁུར་ཆེན་པོ་ཅིག་བཀུར་བར་འདུག་པས་བསྡད་པ་ཡིན། བླ་མ་དང་འདང་མཇལ། བཟོད་གསོལ་ཀྱང་ཚར་གསུངས། དེར་ཀློག་སྐྱའི་ཞལ་ནས། ང་རྒས་པས་ཡ་གིར་མི་ཐོན། ཁྱོད་ཀྱི་ཟར་སྐྱོངས་གསུངས། ཟར་པའི་ཞལ་ནས། ང་ཡང་བླ་མའི་གདན་ས་དགའ་སྟེ། ངས་ཟར་བསྐྱངས་ཤིག་གསུངས། དེ་ནས་བྱ་ཡུལ་བ་ཆེན་པོས་ཀྱང་ཕེབས། སྔར་གྱི་ཞལ་བཀོད་རྣམས་སྙན་དུ་གསོལ་པས། གཞི་འདི་ལ་ཟན་ཀྱི་དགོས་པའི་དགོངས་པ་ཡིན་ཡོང་གསུངས་ཏེ། ཆས་རྐྱེན་ཐམས་ཅད་དང་། སོལ་བ་ཚུན་ཆད་དབུ་སྟོད་ནས་དྲངས་ཏེ་གདུང་ཁང་ཆེན་པོ་བཞེངས་སོ། །སྤྲུལ་པའི་སྐུ་བྱ་ཡུལ་བ་ནི། མདོ་ཏིང་འཛིན་གྱི་རྒྱལ་པོ་ལས། ཕྱི་མའི་ཚེ་ན་ཏིང་ངེ་འཛིན་པ་དག །ལྔ་བརྒྱ་ལས་ནི་མི་ཉུང་དེ་འབྱུང་སྟེ། །མདོ་སྡེ་མཆོག་འདི་རྒྱ་ཆེར་བཟུང་བ་ལ། །དེ་དག་སྔོན་དུ་འདྲེན་པ་གཞོན་ནུ་ཡིན། །ཞེས་ལུང་བསྟན་ཏེ། འཁྲུངས་ཡུལ་སྟོད་ལུང་གོ་ག་ལུང་གི་གྲོང་མཁའ་རོག གདུང་རུས་གཉོས། ཡབ་གཡུང་དྲུང་འབར། ཡུམ་སྟོད་ལུང་པའི་ལྕམ་སྲིང་ལྗང་ཟ་ལྕམ་བུ་སྟེ། ཡོས་ལོ་ལ་འཁྲུངས། དགུང་ལོ་བདུན་ལ་སྟོན་ལུང་པ་ཆེན་པོ་དང་མཇལ། ལོ་བཅུ་གཉིས་ལ་སྟོད་ལུང་ཚ་ཐོག་དགོན་པར། རྣལ་འབྱོར་པའི་སློབ་མ་སྒོམ་པ་བྱང་གྲགས་དང་། སྤྱན་སྔའི་སློབ་མ་སྒོམ་པ་ཡེ་ཤེས་རྒྱལ་མཚན་གཉིས་ལ་མཁན་སློབ་ཞུས་དགེ་ཚུལ་མཛད། མཚན་གཞོན་ནུ་འོད་དུ་བཏགས། དེ་ནས་སྟོད་ལུང་པ། མལ་གྲོ་ཟར་དུ་འབྱོན་པའི་ཕྱག་ཕྱིར་བྱོན། ལོ་བཅུ་ཞབས་ཏོག་ཚུལ་བཞིན་དུ་མཛད། ཐུགས་འཛིན་ཡངས་པས་བསླབ་སྤྱོད་གཞུང་ཆེ་ཆུང་རྣམས་ཚེགས་མེད་པར་ཐུགས་སུ་ཆུད་པར་མཛད། དེ་ནས་སྤྱན་སྔ་ཆོ་བ་ན་བཞུགས་པ་ན། སྟོད་ལུང་པ་དཔོན་སློབ་གཉིས་ཀྱིས་མཇལ་དུ་བྱོན་པས་མངོན་ཤེས་ཀྱིས་གཟིགས་ནས་སྟོད་ལུང་པ་ལ། ཇོ་བོ་སྟོན་པ་རེ་སྐྱེད་འཁོར་འདི་ལྟ་བུ་ཡོད་པ། ཤེས་ཡང་ཡང་གསུངས་པས། བླ་མ་མཉེས་པར་དགོངས་ཏེ་ཕུལ། ལོ་བཅུ་གསུམ་ཞབས་ཏོག་ཚུལ་བཞིན་དུ་མཛད་པས། སྤྱན་སྔ་མཉེས་པའི་གསུང་མང་པོ་དང་། བྱིན་རླབས་ཞུགས་ཏེ། ནང་མ་གཅིག་ལ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་ཚིག་དོན་ཐུགས་ལ་འཁྲུངས། སྤྱན་སྔ་ལ་དཔོན་སློབ་ནཱ་ག་བོ་དྷི་དང་མཇལ་བ་བདེན་ནམ་ཞུས་པས། བཙུན་ཆུང་འདི་འདིར་བཅུག་པའི་ཆོས་མི་འདྲ་བ་གསུངས། ཕྱི་གཤེགས་ཁར་ངས་སློབ་དཔོན་ནཱ་ག་བོ་དྷི་དང་དངོས་སུ་མཇལ། ཆོས་མང་དུ་ཞུས། རྩ་བའི་བླ་མར་བྱེད་པ་ཡིན། ཁྱོད་རང་ཡང་གསོལ་བ་ཐོབ་དང་རྗེས་སུ་འཛིན་པར་འདུག་གསུངས། མདོར་ན་སྤྱན་སྔའི་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་མངའ་ཞིང་། སྤྱན་སྔ་སྙུག་གྲུམ་དུ་གཤེགས་ནས་སྐུ་གདུང་བཞུ་བའི་དུས། ཐུགས་ནམ་མཁའ་ལ་འོད་དང་བཅས་སྟེ་སྤྲུལ་སྐུ་ཆེན་པོའི་པང་པར་བབས་པ། ཕྱིས་བྱ་ཡུལ་གྱི་གདུང་ཁང་དུ་བཞུགས་སོ། །སྙུག་གྲུམ་དུ་སྐུ་མཚམས་ལོ་དགུ་མཛད། དེ་ནས་ཚོགས་བསྡུས་ཏེ། ཐོག་མར་བུལ་གྱི་ར་བ་དཀར་པོར་དགོན་པ་བཏབ། དགེ་འདུན་ལྔ་བརྒྱ་ཙམ་འདུས། དེའི་ཚེ་རྗེ་བཙུན་མ་སྒྲོལ་མ་ལ་སོགས་པ་ཡི་དམ་མང་པོ་ཞལ་གཟིགས། ནཱ་ག་བོ་དྷི་ལ་དངོས་སུ་ཆོས་གསན། དེ་ནས་གདུལ་བྱ་བསམ་གྱིས་མི་ཁྱབ་པ་དང་། དགོན་པ་འབུལ་བ་ཡང་མང་དུ་བྱུང་བ་ལ། བླ་མ་དང་སྒྲོལ་མས་ལུང་བསྟན་པའི་གནས་བྱ་ཡུལ་དུ་དགོན་པ་འདེབས་དགོངས་ཀྱང་། ཡོན་བདག་རྣམས་ཐེ་ཚོམ་བསལ་བའི་ཕྱིར། བཤེས་གཉེན་མཐའ་བཞི་སྤྱན་དྲངས་ཏེ། དགོན་པ་ཐམས་ཅད་ནས་རྡོ་རེ་བླངས་པ་ལ་ས་སྤྱད་མཛད་པས། སེ་གཡའ་བའི་གཡུང་དྲུང་གི་ཕུལ་བ་བྱ་ཡུལ་ནས་བླངས་པའི་རྡོ་ལ་སའི་སྤྱད་བཟང་བར་ལུང་བསྟན་པས། གཞན་རྣམས་ཀྱང་མ་དགའ་བ་མེད་པར་མཛད་དེ། ལོ་དགོན་པ་བཏབ་ནས་ལོ་ངོ་ཉི་ཤུ་རྩ་གཉིས་པ་ཆུ་ཕོ་རྟའི་ལོ་ལ་གཙུག་ལག་ཁང་གི་རྨང་བཏིངས་ནས་ལོ་བཅུ་གསུམ་རྟ་ལོའི་ནང་ཚུན་ལ་དགོན་པ་རྫོགས་པར་གྲུབ། དེའི་ཚེ་སྤྱན་སྔ་བ་མནལ་ལམ་དུ་བྱོན་ནས། སྣམ་སྦྱར་གསེར་མདོག་ཅན་བསྐོན་པ་རྨིས་པས། བླ་མས་སྣང་བ་བྱུང་གསུངས་ནས། མཁན་པོ་བྱ་འདུལ་འཛིན། ལས་སློབ་མང་ར་སྒོམ་པ། གསང་སྟོན་རྒྱ་ཤེས་རབ་འབར་གྱིས་མཛད་དེ་བསྙེན་པར་རྫོགས། བྱ་ཡུལ་དུ་དགེ་འདུན་ཉིས་སྟོང་ལྔ་བརྒྱ་ཙམ་འདུས། དེ་དུས་བྱ་ཡུལ། ཀླུང་ཤོད། མལ་གྲོ་གསུམ་དུ་དུས་གཅིག་ལ་གྲལ་དབུ་མཛད་པ་དང་། མདོ་སྨད་དུ་ངང་ཚང་བའི་གཙུག་ལག་ཁང་གི་རབ་གནས་དང་། དྭགས་པོར་ཤ་བ་གླིང་པའི་མཆོད་རྟེན་གྱི་རབ་གནས་ཞུས་པས། དུས་ཚོད་ཚེས་གྲངས་འདི་ལ་མཆོད་པ་རྒྱ་ཆེན་པོ་བཤོམས། གསོལ་བ་ཐོབ། ངས་གཟིམས་ཆུང་འདིའི་སྟེང་ནས་རབ་གནས་བྱེད་པ་ཡིན་གསུངས་ཏེ། ཀུན་གྱིས་མཐོང་བར་གཙུག་ལག་ཁང་དང་། མཆོད་རྟེན་སྟེང་དུ་ཕྱག་ནས་བབས་པས། དེ་ནས་སྤྲུལ་སྐུར་གྲགས། མི་མ་ཡིན་མང་པོ་ལ་ཆོས་གསུངས་པ་དང་། བསྐྱེད་རྫོགས་ཀྱི་རྟོགས་པ་མངའ་བ། མངོན་ཤེས་མང་དུ་གསུངས་པ་སོགས་དོན་དུ་གཉེར་ན་རྣམ་ཐར་ཆེ་ཆུང་དང་། གཙུག་ལག་ཁང་བཞེངས་ཚུལ་རྒྱས་པར་རྟེན་བཤད་ཀྱི་ཡི་གེར་གསལ་ལོ། །དེ་ལྟར་སློབ་མ་མང་དུ་སྨིན་གྲོལ་ལ་བཀོད། འགྲོ་དོན་རྒྱ་ཆེར་མཛད་དེ་དགུང་ལོ་དྲུག་ཅུ་རྩ་བཞི་པ་རྟ་ལོ་ལ་བྱ་ཡུལ་དུ་གཤེགས། དེ་ནས་གཞི་བྱེས་ཀྱི་གྲྭ་པ་མང་པས། སྐུ་གདུང་བཞུགས་པ་དང་བཞུ་བ་ལ་མ་འཆམས་པས། སྐུ་སྟོད་རྡོ་རྒྱུས་ཀྱིས་པང་ཁེབས་ཀྱིས་དྲིལ་ནས། སྐུ་སྨད་བཞུ་ཕུལ་བས་སྤུར་དུད་ཀྱིས་གང་ཁྱབ་ཏུ་རིང་བསྲེལ་འབྱུང་བ་དང་། དུང་གཡས་འཁྱིལ། སྒྲོལ་དཀར། རྣམ་རྒྱལ་མཆོད་རྟེན་རྣམས་བྱོན་ནོ། །སྤྲུལ་སྐུ་ཆེན་པོ་ལ་སློབ་མ་ཉིས་སྟོང་རེ་འདུས་པའི་ནང་ནས་ཏིང་ངེ་འཛིན་སྐྱེས་པ་ལྔ་བརྒྱ། དགེ་བཤེས་ཇག་རྩེ་འཆང་བ་བརྒྱ་དང་བཅུ། དེའི་ནང་ནས་གྲགས་ཆེ་བ། ཕྱིའི་ཆེན་པོ་བརྒྱད། ནང་གི་ཆེ་པོ་བརྒྱད། ཐུགས་ཀྱི་སྲས་བཞི་དང་། རྗེ་སྒམ་པོ་པར་གྲགས་པ་དྭགས་པོ་ལྷ་རྗེ་སོགས་པ་བྱོན་པའི། ཕྱིའི་ཆེན་པོ་བརྒྱད་ནི། མདོ་སྨོན་ནས་ངང་ཚང་པ་ཆེན་པོ། གྲགས་མར་ཆེན་པོ། དྭགས་པོར་ཤ་པ་གླིང་པ་ཆེན་པོ། ལྷོར་ལྷ་རྒྱ་རི་བ་དང་། དགེ་གཡེལ་བ་ཆེན་པོ། སྟོད་ལུང་དུ་རྣམ་པར་བ་དང་། ཉ་ག་མོ་པ་ཆེན་པོ། དཀོན་མཆོག་འོད་ཟེར། གཙང་དུ་མུས་སྨན་པ་ཆེན་པོ་དང་བརྒྱད་དོ། །ནང་གི་ཆེན་པོ་བརྒྱད་ལ། ཁྲོམ་ཞེར་ཆེན་པོ་འབྲུག་ལོ་པ། མཚན་རིན་ཆེན་འོད། སྐམ་སྐམ་དང་། བྲག་པར་སོགས་དགོན་པ་མང་དུ་བཏབ། དོན་གཅིག་བར་བཞུགས་སོ། །སྙུག་གྲུམ་པ་ཆེན་པོ་ནི། སྔ་ཕྱི་གཉིས་བྱུང་པའི་ཕྱི་མ་ཡིན་ནོ། །མལ་གྲོར་བུལ་པ་ཆེན་པོ་ནི། རུས་ཀློག་སྐྱ། དགུང་སྟེང་ཡོས། མཚན་དབང་ཕྱུག་རིན་ཆེན། བྱ་ཡུལ་བ་ཆེན་པོ་དང་ཐོག་མར་འབྲོམ་དུ་མཇལ། རྒྱལ་སྟེང་གི་དགོན་པ་བཏབ། དོན་གྲུབ་བཞུགས་སོ། །སྐུ་འཇོལ་པ་ཆེན་པོའམ། བ་ངར་བ་ཆེན་པོར་གྲགས་པས། བ་ངར་གྱི་མཆོད་ཁང་བཞེངས། འཕན་ཡུལ་དུ་རྟ་པ་ཞང་སྒོམ་ཆེན་པོས་རྟ་ཕུའི་དགོན་པ་བཏབ། འབྲོམ་དུ་བཀྲ་ཤིས་སྒང་པ་ཆེན་པོས་སྨོན་གྲོང་གི་དགོན་པ་བཏབ། རྒྱ་མིག་མང་པ་ཆེན་པོ་དང་བརྒྱད་དོ། ཐུགས་ཀྱི་སྲས་བཞིའམ་ལྔ་ནི། རྒྱ་པར་སྒང་ནས། རྒྱ་ཆེན་པོས་རྒྱ་པར་སྒང་གི་མཆོད་ཁང་གསར་རྙིང་གཉིས་བཞེངས། འཕན་ཡུལ་ཆར་རྗེ་ནས་སྣུབ་མཆོད་ནས། དགོན་མཁའ་རུ་བ་ལ་གསུམ་བྱོན་པའི་བར་པ་དང་། གཙང་པ་རིན་པོ་ཆེ་དང་བཞི། སྲས་ལྔར་བྱེད་ན། སྒྱེར་སྒོམ་ཆེན་པོ་གཅིག་ཡིན་ལ། དཔེ་ཁ་ཅིག་ཏུ། ནང་གི་ཆེན་པོར་བགྲང་པ་ཡང་སྣང་བས། མི་འདྲ་བ་ཅུང་ཟད་འདུག་ཀྱང་རྣམ་ཐར་གཙོ་བོར་བྱས་སོ། །དྭགས་པོ་ལྷ་རྗེ་ནི་སྙིང་རྗེ་པད་དཀར་དུ། དགེ་སློང་འཚོ་བྱེད་ཅེས་བྱ་བ་ཐེག་ཆེན་པ་འབྱུང་། ཞེས་ལུང་བསྟན་ཏེ། འཁྲུངས་ཡུལ་མཉལ་བདོ་གཉེར་གཉི་བ། དབུ་རྩོ་རྒྱ་ལ་འབར་གྱི་སྲས་སུ་ས་མོ་ལུགས་ལ་འཁྲུངས། དགུང་ལོ་ཉེར་ལྔ་ལ་དྭགས་པོར་མར་ཡུལ་བློ་ལྡན་དང་། ཤར་པ་གླིང་པ་ལ་རབ་བྱུང་བསྙེན་རྫོགས་ཞུས། མཚན་བློ་གྲོས་གྲགས་པར་བཏགས། བཀའ་རྒྱུད་གསེར་ཕྲེང་དུ། སྐྱ་མིང་དར་མ་གྲགས་དང་། ཆོས་མཚན་བསོད་ནམས་རིན་ཆེན་ཟེར། དེ་ནས་བྱ་ཡུལ་བ། ཤ་པ་གླིང་པ། དགེ་བཤེས་སྒྲེ་བ། སྙུག་གྲུམ་པ། རྒྱ་ལྕགས་རི་གོང་ཁ་བ་དང་ལྔ་ལ་བཀའ་གདམས་གསན། དེ་ནས་སྒྲུབ་པ་བྱ་དགོངས་ནས་ཁོང་རང་གི་ཡབ་མེས་ཀྱི་བརྩིགས་པའི་གསེར་ཁ་བྱ་བའི་གཙུག་ལག་ཁང་ཡོད་སར་བྲང་ཁང་བརྩིགས། ཕ་ཞིང་ལ་ཡོན་བདག་བྱས་ཏེ་སྒྲུབ་པ་བྱེད་པའི་དུས། ཉིན་ཅིག་ལྕགས་རིའི་ལྷོ་ཕྱོགས་སུ་སྐྱོ་སངས་ལ་བྱོན་པ་ན། སྤྲང་པོ་གསུམ་ལས། རྗེ་བཙུན་མི་ལའི་སྙན་པ་གསན་པས། དད་པའི་རྐྱེན་བྱས་ཏེ། ཕ་ཞིང་གསེར་ཞོ་བཞི་དང་ཆ་ཞོ་གང་ལ་བཙོངས་ནས། དགེ་བཤེས་རྒྱ་ལྕགས་རི་བ་དང་། བྱ་ཡུལ་པ། སྙུག་གྲུམ་ལ་རྣམས་ལ་ཕྱི་ཕྱག་མཛད་པས། བྱ་ཡུལ་བའི་ཞལ་ནས། ཁྱེད་རྣལ་འབྱོར་པ་ཁྱི་ཐུལ་ཅན་གྱི་སྤྱན་སྔར་མ་འགྲོ ཅིས་ཀྱང་འགྲོ་ན་ངེད་ཀྱི་རྟགས་རྣམ་ཐར་མ་དོར་བ་ཤོག་ཅིག ལར་སེར་ཁ་ལ་ཕན་ན་ཁྱི་ཚིལ་ཡང་སྨན་ཡིན། ཟངས་ངེད་ཀྱི་བརྡུངས་ནས་ཟངས་སྐད་མི་ཡིས་འདོན་པ་ཅིག་འོང་བར་འདུག་སྟེ། ཐབས་མེད་གསུངས། སྙུག་གྲུམ་པའི་ཞལ་ནས། ཁྱོད་ཀྱི་ང་རྒས་ཁར་མ་བོར་བ་ཤོག་ཅིག་གསུངས། དེ་ནས་མི་ལ་དང་མཇལ་གདམས་ངག་གི་ཐུགས་ཚིམ་པར་མཛད། འཕྲིན་ལས་མཐའ་ཡས་ཤིང་། དགས་ལྷ་སྒམ་པོར་དགུང་ལོ་བརྒྱད་ཅུ་བར་དུ་བཞུགས་ཤིང་། རྣམ་ཐར་རྒྱས་པ་བཀའ་བརྒྱུད་གསེར་ཕྲེང་སོགས་སུ་གསལ་ལོ། །འདི་དག་བཀའ་གདམས་ཀྱི་བརྒྱུད་པ་དངོས་སུ་མི་འཛིན་ཀྱང་། བཀའ་ཕྱག་ཟུང་འབྲེལ་བས་གྲགས་པས་སློབ་མའི་ཁོངས་སུ་གཏོགས་པ་ཡིན་ནོ། །དེ་ནས་ལོ་བྱ་ཡུལ་གྱི་གདན་པ་རིམ་པར་བྱོན་པའི་ཚུལ་ནི། སྤྱན་སྔ་རྣལ་འབྱོར་གྱི་དབང་ཕྱུག་སྐུ་གཤེགས་ནས། ལོར་གནས་བརྟན་གྱི་བུ་གཞོན་ནུ་སྨོན་ལམ་གྱིས་གདན་ས་ལོ་དགུ དེ་ནས་རྟོགས་ལྡན་སྡིངས་པོ་བ་སྣུབ་ཆོས་འབར་གྱིས་གདན་ས་ལོ་གསུམ། དེ་ནས་གནས་བརྟན་སྨོན་ལམ་བློ་གྲོས་ཀྱིས་ཟླ་བ་བཅོ་བརྒྱད་བྱས། ཡང་སྡིངས་པོ་བས་ལོ་དྲུག་དྲིལ་བས་ལོ་དགུ་མཛད། བདུན་ཅུ་རྩ་བརྒྱད་ལོར་གཤེགས། དེ་ནས་གཙང་པ་རིན་པོ་ཆེ་བྱོན་ནས་གདན་ས་མཛད་དོ། །བྱ་ཡུལ་དུ་སྤྲུལ་སྐུ་ཆེན་པོ་གཤེགས་ནས། དགེ་བཤེས་རྒྱ་སྤྲེའུ་ལོ་པས་གདན་ས་ལོ་ལྔ་མཛད། དྲུག་ཅུ་རྩ་བཞི་པ་རྟའི་ཟླ་བའི་ཉེར་བརྒྱད་ལ་བྱ་ཡུལ་དུ་གཤེགས། དེ་ནས་སྣུབ་མཆོད་གནས་ཁྱི་ལོ་པ་གཞོན་ནུ་རྒྱལ་མཚན་གྱིས་ལོ་ཉི་ཤུ་རྩ་བཞི་མཛད། བརྒྱད་ཅུ་རྩ་དྲུག་པ་མངོན་པར་བྱང་ཆུབ་པའི་ཟླ་བའི་ཚེས་བརྒྱད་ལ་བྱ་ཡུལ་དུ་གཤེགས། དེ་ནས་ལོ་བརྒྱད་གདན་ས་བ་མེད་པའི་རྗེས་ལ། ལོར་གཙང་པ་རིན་པོ་ཆེའི་རྗེས་སུ་རིན་པོ་ཆེ་གླང་ལུང་པ་བཞུགས་པ། མལ་གྲོ་འདར་སྟོན་མོའི་གྲལ་དབུ་ནས་བྱ་ཡུལ་དུ་གདན་དྲངས། དེ་ནས་བྱ་ཡུལ་གྱི་གདན་ས་སྦྲེལ་བའི་སྲོལ་བྱུང་ངོ་། །གཙང་པ་རིན་པོ་ཆེ་ནི་འཁྲུངས་ཡུལ་གཙང་གི་རྔུབས་ཡུལ་རོལ། གདུང་རུས་སྣུབ། ཡབ་སྣུབ་ཨ་ལ་ལ། ཡུམ་རལ་ཆགས་བཟང་ལྕམ་གྱི་སྲས་སུ་འབྲུག་ལོ་ལ་འཁྲུངས། མཚན་ནམ་མཁའ་རྡོ་རྗེར་བཏགས། དཔེ་ཁ་ཅིག་ཏུ་རྡོ་རྗེ་རྒྱལ་མཚན་ཞེས་པ་ཡང་སྣང་། རྟེན་ཚངས་སྤྱོད་ཀྱི་དགེ་བསྙེན་མཛད། གཞོན་ནུའི་དུས་ནས་ཆོས་ཐམས་ཅད་རྨི་ལམ་སྒྱུ་མའི་ཉམས་དང་། མཁའ་འགྲོ་མང་པོ་ཞལ་གཟིགས། དེ་ནས་གཉན་ལོ་ཙཱ་བ་རྒྱ་གར་ནས་བྱོན་པ་དང་མཇལ་ཏེ། མདོ་སྔགས་ཀྱི་ཐོས་པ་རྒྱ་ཆེར་དང་། ཁྱད་པར་སྔགས་ལ་མཁས་པར་སྦྱངས། བོད་ཀྱི་མཁས་པ་མང་པོ་ལ་ནི་ངས་ཐུག ད་རྒྱ་གར་དུ་འགྲོ་དགོངས་ཏེ། དིང་རིར་དམ་པ་མཇལ་བར་བྱོན་པས། ཆོས་མི་གསུང་པར་བརྡ་ཆོས་བཞི་མཛད་པའི་ཅིག རྡོ་དཀར་པོ་ཤར་ཕྱོགས་སུ་འཕངས་སོང་པ། དམ་པ་ཀུན་དགའ་ལ་དྲིས་པས་ཁྱོད་ཀྱི་ཡོངས་འཛིན་ཤར་ན་ཡོད་ཟེར་བའི་བརྡ་ཡིན་ཟེར་བས། ལྷ་སར་ཇོ་བོ་མཇལ་བ་དང་། ཡེར་པར་སྒྲུབ་པ་ལ་བྱོན་པས། བྱ་ཡུལ་བ་ཆེན་པོ་འབྲོམ་སྨོན་གྲོང་དུ་ཆོས་བར་ལ་བྱོན་པའི་ཆོས་ཉན་པ་མང་པོ་དང་འཕྲད་དེ། སྤྲུལ་སྐུ་བྱ་ཡུལ་བ་ལ་ཆོས་ཉན་དུ་འགྲོ་ཟེར། དེ་ལ་ཡོན་ཏན་ཅི་ཡོད་བྱས་པས། གཞན་ནི་མ་ཤེས། བླ་མས་བྱིན་གྱིས་བརླབས་པ་ཅིག་ཡིན་པར་འདུག་ཟེར། ཁོང་གིས་ཀྱང་ཚོད་བལྟ་བའི་ཕྱིར། ཆོས་རའི་མཐར་བཞུགས་པས། སེམས་ལ་ཕན་པ་མང་དུ་བྱུང་སྟེ། མཇལ་བས་མི་ཕྱེད་པའི་དད་པ་འཁྲུངས། ཕྱག་ཕྱིར་བྱ་ཡུལ་དུ་བྱོན་ནས་ལོ་བཅུ་བཞི་བསྟེན། བཀའ་གདམས་ཀྱི་ཆོས་ཐམས་ཅད་རྫོགས་པར་གསན། ཡི་དམ་མང་པོ་ཞལ་གཟིགས། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས། ཕྱིས་ལོར་བྱོན་པ་ལ་མཁའ་འགྲོ་མ་དུང་ཕྲེང་ཅན་མང་པོས་བསུ་བ་མཛད་དེ། རྡོ་རྗེ་གདན་གྱི་ཆོས་སྐྱོང་དང་གཅིག་པར་སྣང་གསུངས། དགུང་ལོ་རེ་གཅིག་ལ་དགའ་ལྡན་དུ་བྱོན་པའི་མནལ་ལམ་བྱུང་པས། སྒྲོལ་མ་དཀར་མོའི་སྒྲུབ་པ་མཛད། ལོའི་གདན་སར་ལོ་བཅོ་ལྔ་བཞུགས་ཏེ། བརྒྱད་ཅུ་རྩ་ལྔ་པ་ཟླ་བ་བཞི་པའི་ཚེས་བརྒྱད་ལ་ལོར་གཤེགས། འདི་ལ་སློབ་མ་དགེ་བཤེས་འགར་ལ་སོགས་པ་བུ་བཞི་དང་། ཚེ་བློས་ཐོངས་པ་བཅུ་བཞི་ལ་སོགས་པ་བྱོན་ཏེ་འདིར་མ་སྤྲོས་སོ། །དེའི་སློབ་མ་རིན་པོ་ཆེ་གླང་ལུང་པ། འཁྲུངས་ཡུལ་སྟོད་ལུང་ཚུར་བུ། ཡབ་རྡོ་རྗེ་གྲགས་ཀྱི་སྲས་སུ་ཡོས་ལོ་ལ་འཁྲུངས། ལོ་བཅུ་དགུ་ལ། པ་ཚབ་ལོ་ཙཱ་བ་ལས་རབ་ཏུ་བྱུང་སྟེ། མཚན་བརྩོན་འགྲུས་གཞོན་ནུར་བཏགས། ཟུར་ཆོས་པ་གཅིག་ལ་འདུལ་བ་མཁས་པར་བསླབ། ཉ་ག་མོ་བ་ལ་ལོ་བདུན་ལམ་རིམ་ཁྲིད་ཚར་གཅིག་བསྐྱངས་པས། ཇི་ལྟར་འདོད་པ་བཞིན་བློ་བཀོལ་དུ་བཏུབ་པ་བྱུང་གསུངས། ཉེར་བདུན་ལ་སྣོན་གྱི་གྱད་པར་བྱ་འདུལ་འཛིན། ཆ་པ་ཆོས་སེང་། བཙུན་པ་ཆོས་མཆོག་གསུམ་ལ་བསྙེན་པར་རྫོགས། དེ་ནས་ལོར་གཙང་པ་རིན་པོ་ཆེ་ལོ་ལྔ་བསྟེན། ཆོས་མང་དུ་གསན། དད་གུས་ཚད་མེད་པ་འཁྲུངས་པས་རྟོགས་པ་བཟང་པོ་མང་དུ་འཁྲུངས་ལ། སྔོན་དུ་ལོའི་གདན་ས་ལོ་བཅུ་གཉིས་དང་། དེ་ནས་ལོ་བྱ་ཡུལ་སྦྲེལ་ནས་ལོ་དྲུག་སྟེ་བཅོ་བརྒྱད་མཛད། བདུན་ཅུ་རྩ་ལྔ་པ་ལ་བྱ་ཡུལ་དུ་གཤེགས། གླང་ལུང་པའི་དུས་སུ་ཆོས་རྗེ་འཇིག་རྟེན་མགོན་པོ་བྱ་ཡུལ་དུ་བྱོན་ཏེ། ཁྲོམ་ཤེར་དང་གཉིས་ལ་བཀའ་གདམས་ཀྱི་ཆོས་གསན་པའི་དུས་སུ། དེ་གཉིས་ཀྱི་སློབ་མ་སྐྱོ་རིན་པོ་ཆེ་ལ་ངེད་དབེན་གནས་བྱོན་པའི་ས་ཅིག་དགོས་གསུངས་པས། གཞོའི་ཕུ་ན་འབྲི་ཕྱུགས་འཇོག་པའི་སེ་ནགས་ཡོད་པ་ཕུལ། དགོན་པ་བཏབ་ཏེ་འཕྲིན་ལས་རྒྱས་པའི་ཚུལ་གཞན་དུ་གསལ་ལོ། །གླང་ལུང་པའི་རྗེས་སུ་སེ་རྣལ་འབྱོར་པ་བསོད་ནམས་རྒྱལ་མཚན་འཁྲུངས་ཡུལ་གཞུང་། ཡབ་སེ་ཤེས་རྡོར་ཀྱི་སྲས་སུ་འཁྲུངས། གླང་ལུང་པའི་ཕྱག་ཕྱིར་ཡུན་རིང་བཞུགས། བླ་མཆོད་པ་ལོ་འགའ་དང་། ལོ་བྱ་ཡུལ་གྱི་གདན་ས་ལོ་དགུ་མཛད་ནས། གྲོག་གི་དབྱེ་ཕུ་དགོན་པ་བཏབ་པའོ། །སངས་རྒྱས་སྒོམ་པ་ནི། འཁྲུངས་ཡུལ་གཞུང་། ཡབ་འབེ་སྤྱན་རས་གཟིགས་ཀྱི་སྲས་སུ་འབྲུག་ལོ་ལ་འཁྲུངས། ལོ་བཅུ་བཞི་ལ་འདུལ་བ་འཛིན་པ་སྦལ་ཏིའི་སར་རབ་ཏུ་བྱུང་། མཚན་རྡོ་རྗེ་གཞོན་ནུར་བཏགས། དེ་ནས་ལོ་བཅོ་བརྒྱད་ལ་གླང་ལུང་པ་སྟོད་ལུང་དུ་བྱོན་པ་དང་མཇལ། ལོ་བཅུ་བཞི་བསྟེན། རྟོགས་པ་ཁྱད་པར་ཅན་འཁྲུངས། དེ་ནས་ལ་མོ་ལྷ་ཁང་དུ་ལོ་དྲུག་སྐུ་མཚམས་མཛད། སོ་བརྒྱད་ལ་ར་མོ་ཆེར་མཁན་པོ་སྦལ་ཏི་ལ་བསྙེན་རྫོགས་ཞུས། འདུལ་བ་མཁས་པར་བསླབས། ལོར་བྱོན་ནས་ཞེ་བཞི་ལ་ལོ་བྱ་ཡུལ་གྱི་གདན་སར་བྱོན། གླང་ལོ་བར་བདུན་ཅུ་བཞུགས། ཟླ་བ་བཞི་པའི་ཚེས་བཞི་ལ་ལོར་གཤེགས། དེ་ནས་གཙང་པ་ཇོ་སྲས་ཀྱི་ལོ་དགུ་མཛད། ལོའི་དབུ་རྩེ་གསར་མ་བཞེངས། ཟེམ་རིན་པོ་ཆེ་ནི། ཡུལ་ཧ་མ་མདོའི་དེའུ་གོང་བྱ་བ། ཕག་ལོ་ལ་ཡབ་པ་ཡག་རྩེ་མོའི་བུར་འཁྲུངས། ལོ་བཅུ་བདུན་ལ་ལོར་སངས་རྒྱས་སྒོམ་པའི་སྤྱན་སྔར་བྱོན་པས། སྔོན་ལ་གྲོ་སར་སོང་གསུངས་ནས་རྣལ་འབྱོར་བྱང་སེང་ལ་རབ་བྱུང་ཞུས། མཚན་གྲགས་པ་སེང་གེར་བཏགས། འདུལ་བ་དང་། ཇོ་བོ་ནས་བརྒྱུད་པའི་ཆོས་མང་དུ་གསན། ལོ་ལྔ་བཞུགས། ཡར་ལམ་རིན་ཆེན་སྒང་དུ་སངས་རྒྱས་དབོན་ལ་ཆོས་ཞུས། དེ་ནས་ཧ་མ་མདོར་ལོ་བཞི་སྒྲུབ་པ་མཛད་པས་སངས་རྒྱས་པདྨ་གར་དབང་ཞལ་མཇལ། དེ་ནས་བྱ་ཡུལ་དུ་སངས་རྒྱས་སྒོམ་པ་ལ་ཚོགས་ཆོས། ལྐོག་ཆོས་ཐམས་ཅད་རྫོགས་པར་མཛད། ཐུགས་དམ་བུམ་པ་དབུ་ཐོག་ཏུ་བཞག་པས་ཏིང་ངེ་འཛིན་ཁྱད་པར་ཅན་འཁྲུངས། ར་སྒྲེང་དུ་བྱོན་དུས་ཇོ་བོ་འཇམ་དཔལ་རྡོ་རྗེས་ཆོས་གསུངས། ལོ་བྱ་ཡུལ་གྱི་གདན་ས་ལོ་བཅོ་བརྒྱད་མཛད། དྲུག་ཅུ་རྩ་དྲུག་པ་འབྲུག་ལོ་ཟླ་བ་གཉིས་པའི་ཉི་ཤུ་ལ་གླང་ལུང་དུ་གཤེགས། འདི་ལ་སློབ་མའི་མཆོག་བཟང་པོ་དྲུག་ཏུ་གྲགས་པའི། རི་མེར་བ་ཆེན་པོས་ལྷོ་རི་མེར་གྱི་དགོན་པ་བཏབ། འོད་གསལ་སྒང་པ་ནི། འཁྲུངས་ཡུལ་འོན་བྲ་མ་ཐང་། དོན་སྟེང་པ་ལ་རབ་བྱུང་ཞུས། གྲོ་སར་རྣལ་འབྱོར་བྱང་སེང་ལ་འདུལ་བ་སོགས་བསླབས། ཕར་འབྱོན་པར་ཆས་པ་ལ། སྣ་ར་སྨན་རྩར་ཟེམ་ཕེབས་པ་དང་མཇལ་བས་མི་ཕྱེད་པའི་དད་པ་སྐྱེས། ལོ་དགུ་བསྟེན། འདིས་ཞོགས་ཀྱི་འོད་གསལ་དགོན་པ་བཏབ་བོ། སྨད་ཀྱི་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན། འདིས་དུམ་བུ་རིའི་དགོན་པ་བཏབ། གཞན་ཡང་དྭགས་པོ་སྤྱི་ཐེར་འབྲི་སྒང་པ། ཆོས་རྒྱལ་ཁམས་ལུང་པ་རྣམས་བྱོན། ཁམས་ལུང་པའི་འཁྲུངས་ཡུལ་ཉན་ཀ་ཀ་བ། གདུང་རུས་དབས། ཡབ་རྣལ་འབྱོར་མགོན་པོའི་སྲས་སུ་འབྲུག་ལོ་ལ་འཁྲུངས། བྱིས་པ་ནས་ཟེམ་རིན་པོ་ཆེ་ལོར་ཕར་འབྱོན་མར་འབྱོན་མཛད་པ་དང་མཇལ་རེས་ཀྱིས་སེམས་ཕྲོགས་པ་བཞིན་བྱུང་། ལོ་བཅུ་གཉིས་ལ་ཟེམ་བྱ་ཡུལ་དུ་བཞུགས་པ་ལ་རབ་བྱུང་ཞུས། མཚན་རིན་ཆེན་སེང་གེར་བཏགས། དེ་ནས་ཕྱག་ཕྱིར་ལོ་བདུན་བཞུགས། ཚོགས་ཆོས་རྣམས་རྫོགས་པར་གསན། ཟེམ་ཀྱི་ཞལ་ནས། ཁྱོད་ངའི་ཡོན་ཏན་འདི་རྣམས་རྩད་ཆོད། བསྙེན་རྫོགས་གྱིས་གསུངས་པས། ཟེམ་ལམ་དགོན་དུ་ཕེབས་པ་ལ་སྐྱོར་མོ་ལུང་གི་མཁན་པོ་ཞིག་པོ་བྱ་བ་མཇལ་དུ་བྱུང་དུས་བསྙེན་རྫོགས་དང་། འདུལ་བ་ཡང་གསན། དེ་ནས་ཟེམ་ལ་ལྐོག་ཆོས་རྣམས་ཞུས། མ་འོངས་པ་ན་འདི་ལྟར་གྱིས་ཀ་ལུང་བསྟན་མང་པོ་མཛད། ཟེམ་གཤེགས་ནས། རི་ཡེར་པ་གདན་སར་སྤྱན་དྲངས་ཀྱང་། ཁྱེད་རང་གི་ཕ་གི་ན་འོས་པ་ཅིག་ཆོས་སྐྱོང་གི་བདག་ཏུ་བཟུང་འདུག་གསུངས་ནས་ལུང་བསྟན་མཛད་དེ་མ་བྱོན། ཁོང་ཡུ་ངའི་ཁམས་ལུང་དུ་བྲོས་ཏེ་དེ་ནས་སྤྱན་དྲངས་པས། མཚན་ཡང་དེ་ལྟར་གྲགས། ཉི་ཤུ་རྩ་ལྔ་ལ་གདན་སར་བསྐོས་ཉི་ཤུ་རྩ་བདུན་མཛད། ལོའི་མཆེད་ཁང་གི་ཁྱམས་སྨད། གླིང་བསྐྱེད་པ། གསེར་ཐོག་སོགས་བཞེངས་པས་བཀའ་དྲིན་ཆེ་ཞིང་། ལྔ་བཅུ་ང་གཉིས་པ་རྟ་ལོ་ཟླ་བ་གཉིས་པའི་ཉེར་ལྔ་ལ་ཀ་ཕུག་ཏུ་གཤེགས། ཡར་ལུང་ཇོ་བོའི་ཆོས་འབྱུང་དུ་འདིའི་དུས་སུ་བཀའ་གདམས་ཀྱི་བཤེས་གཉེན་གྲགས་ཆེ་བ་ཐུས་ཆེན་བརྒྱད་དུ་གྲགས་པ་བྱུང་ཞེས་བཤད་དོ། སངས་རྒྱས་ཇོ་བོ་ནི་འཁྲུངས་ཡུལ་རྒྱ་སར་སྒང་། ཡབ་ལྷའི་བརྒྱུད་པ་ཇོ་བོ་བསོད་ནམས་མགོན་གྱི་སྲས་སུ་སྦྲུལ་ལོ་ལ་འཁྲུངས། གཞོན་ནུ་ནས་སངས་རྒྱས་སྒོམ་པ་ཤར་ཕྱོགས་དང་བའི་འོད་ཀྱི་འཇིག་རྟེན་ན་བཞུགས་ཟེར་བའི་དབྱངས་འཐེན་པ་གསན་པས་མཚན་ཐོས་པ་ཙམ་གྱིས་དད་གུས་སྐྱེས། བཅུ་གཉིས་ལ་ཟེམ་གླང་ལུང་དུ་བཞུགས་པ་ལ་རབ་བྱུང་ཞུས། མཚན་དབང་ཕྱུག་གཞོན་ནུར་བཏགས། ཉི་ཤུ་རྩ་གཉིས་ལ་ཟེམ་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས་བཀའ་གདམས་ཀྱི་ཆོས་ལ་སོགས་པ་གསན་སྦྱོང་མཛད། ལྔ་བཅུ་རྩ་གཉིས་ལ་ལམ་དགོན་གྱི་གདན་སར་བྱོན་ལོ་དགུ་མཛད། དྲུག་བཅུ་ལ་ལོ་བྱ་ཡུལ་གྱི་གདན་སར་བྱོན་པའི་དུས་མངོན་ཤེས་མང་དུ་གསུངས་བྱ་ཡུལ་གཙུག་ལག་ཁང་དང་། གླིང་གི་ཞིག་གསོས་སོགས་མཛད་དེ་བཀའ་དྲིན་ལྷག་པར་ཆེ་ཞིང་། བླ་མ་ཡི་དམ་ཆོས་སྐྱོང་མང་པོ་ཞལ་གཟིགས། གདན་ས་ལོ་བཅོ་བརྒྱད་མཛད། བདུན་ཅུ་དོན་བདུན་བྱ་ལོ་དབྱུག་གུ་ཟླ་བའི་ཚེས་བཅུ་བར་དུ་བཞུགས། སངས་རྒྱས་སྟོན་པ་ནི། འཁྲུངས་ཡུལ་ལྷོ་བྲག་གྲུ་ཤུམ་སྒོ། ཡབ་སུམ་པ་བཀྲ་ཤིས་ཀྱི་སྲས་སུ་བྱི་བ་ལོ་ལ་འཁྲུངས། བཅུ་བཞི་ལ་ཁམས་ལུང་པའི་དྲུང་དུ་རབ་བྱུང་ཞུས། མཚན་ཚུལ་ཁྲིམས་སེང་གེར་བཏགས། ཉི་ཤུ་ལ་མཁན་པོ་དགེ་གཡོ་བ་ལ་བསྙེན་པར་རྫོགས། འདུལ་བ་མཁས་པར་མཁྱེན། དེ་ནས་ལོ་བྱ་ཡུལ་གྱི་ཆོས་སྐྱོང་རྣམས་ཀྱི་བསུ་བ་བྱས་པའི་སྣང་བ་བྱུང་བ་དང་དུས་མཚུངས་པར། སངས་རྒྱས་ཇོ་བོས་ཤོག་གསུངས་ཏེ་བྱ་ཡུལ་སྟེང་ཁང་དུ་བསྐོས། ཇོ་བོ་ཆེན་པོ་ཞལ་གཟིགས། དེ་ནས་གདན་སར་བྱོན་ཏེ་ལོ་བཅུ་དྲུག་མཛད། ལོ་བྱ་ཡུལ་དུ་ཆོས་ཁྲིམས་ཤིན་ཏུ་དམ་པ་དང་། བཀའ་གདམས་ཀྱི་སྲོལ་བཟང་པོ་བཙུགས། གླང་ལོ་བར་དྲུག་ཅུ་རྩ་གཉིས་བཞུགས། སངས་རྒྱས་སྒོམ་པ་གསར་མ་འཁྲུངས་ཡུལ་ལོ་རོ་ཐུ་ཤུལ། ཡབ་སུམ་པ་བརྒྱད་སྟོང་དཔལ་གྱི་སྲས་སུ་འབྲུག་ལོ་ལ་འཁྲུངས། གཞོན་ནུའི་དུས་མཚོ་སྣ་པ་ལ་དགེ་ཚུལ་ཞུས། མཚན་ཚུལ་ཁྲིམས་ཤེས་རབ་ཏུ་བཏགས། དེ་ནས་བྱ་ཡུལ་དུ་བྱོན་ནས་སངས་རྒྱས་ཇོ་བོ་དང་སྟོན་པ་ལ་བསྙེན་རྫོགས་ཞུས། བཀའ་གདམས་ཀྱི་ཆོས་རྫོགས་པར་གསན། ཁྱད་པར་དུ་སངས་རྒྱས་སྟོན་པ་ལ་སྔགས་ཀྱི་རྫོགས་རིམ་གསན་པས། འོད་གསལ་ཀྱི་རྟོགས་པ་འཁྲུངས། དེ་ནས་ལམ་དགོན་གྱི་གདན་ས་ལོ་གསུམ་མཛད་དུས་ཐུགས་སྐྱོ་བ་ཅུང་ཟད་སྐྱེས་ཏེ་ཤམ་པོ་གངས་ལ་བཞུགས་པ། ལོ་བྱ་ཡུལ་གྱི་གདན་སར་སྤྱན་དྲངས་ནས་ལོ་བཅུ་གསུམ་མཛད། ང་དགུ་པ་སྟག་ལོ་བྱ་ཡུལ་དུ་གཤེགས། སངས་རྒྱས་དབོན་པོ་གཞོན་ནུ་སྨོན་ལམ་དགས་པོར་སྤྲེའུ་ལོ་ལ་འཁྲུངས། དྭགས་པོ་སྤྱི་ཐེར་གྱི་དབོན་པོར་གྲགས། རྒྱལ་སྟེང་གི་གདན་ས་ལོ་མང་རབ་དང་། དེ་ནས་གདན་ས་གོང་ལོ་གསུམ་མཛད། བདུན་ཅུ་རྩ་གཉིས་པ་ལུག་ལོ་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་ལོར་གཤེགས། རིན་པོ་ཆེ་བཅུ་བཞི་པ་རླུང་ཤོ་ཤོ་ནག་ཐང་བྱ་བར། ཡབ་སེང་གེའི་སྲས་སུ་ཡོས་ལ་འཁྲུངས། གདུང་རུས་རྩི། ལོ་བཅོ་ལྔ་ལ་ལུག་རུར་སངས་རྒྱས་ཇོ་བོ་ལ་རབ་ཏུ་བྱུང་། མཚན་ཚུལ་ཁྲིམས་མགོན་པོར་བཏགས། ལོ་བཞི་བསྟེན། ཚོགས་ཆོས་རྫོགས་པར་གསན། བཅུ་དགུ་ལ་བྲག་ཚབ་ཏུ་བསྙེན་རྫོགས་མཛད། དེ་ནས་སྐྱོར་མོ་ལུང་དང་། ཐང་སག་དུ་འདུལ་བ་དང་དབུ་མ་མཁས་པར་སྦྱངས། སངས་རྒྱས་སྟོན་པ་ལོ་བཅུ་གསུམ་བསྟེན། ལྐོག་ཆོས་རྫོགས་པར་གསན། ཡི་དམ་ཞལ་གཟིགས་པ། མངོན་ཤེས་མངའ་བ་སོགས་རྣམ་ཐར་དུ་གསལ། འཁོར་རྣམས་ལ་ངེད་ཡན་ཆད་དུ་བཀའ་བརྒྱུད་འདི་ལ་དམ་ཚིག་དང་ལྟ་སྤྱོད་ལ་ལྷད་དང་ཟེགས་མེད། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས། ཉམས་རྟོག་རྒྱུན་ཆད་མེད་པ་ཡིན་པས། ཁྱེད་ཞབས་རྟོག་བྱེད་པ་དོན་དང་ལྡན་པ་ཡིན་གསུངས། བྱ་ཡུལ་གྱི་མཁན་པོ་ལོ་གསུམ། ལམ་དགོན་གྱི་གདན་ས་ལོ་བརྒྱད། གདན་ས་ཆེ་བ་ལོ་ཉི་ཤུ་རྩ་གཉིས་མཛད་དེ། བདུན་ཅུ་རྩ་གཅིག་པ་གླང་ལོ་ཟླ་བ་དགུ་པའི་ཚེས་བཅུ་བཞི་ལ་ལོར་གཤེགས། སྟོད་ལུང་པ་རིན་ཆེན་སྙིང་པོའི་སྤྲུལ་པར་གྲགས་སོ། །རིན་པོ་ཆེ་གནམ་གང་པ་འཁྲུངས་ཡུལ་འོལ་ཁ། གདུང་རུས་བྱེན། ཡབ་ཆོས་སྐྱོང་བསམ་མེའི་སྲས་སུ་ཁྱི་ལོ་ལ་འཁྲུངས། ལོ་བཅུ་གཅིག་ལ་རྒྱས་སྟེང་དུ་སངས་རྒྱས་དབོན་པོ་ལ་རབ་ཏུ་བྱུང་། མཚན་གཞོན་ནུ་ཡེ་ཤེས་སུ་བཏགས། མཁན་ཆེན་ཆ་རུ་བ་ལ་འདུལ་བ། སྤྱོད་འཇུག གདམས་ངག་སྐོར་མང་དུ་གསན། བཅུ་དགུ་ལ་རིན་པོ་ཆེ་ཚུལ་ཁྲིམས་མགོན་པོ་ལ་བསྙེན་རྫོགས་ཞུས། ངེད་ཀྱི་གཟིམས་གཡོག་བགྱིས། ཟིན་བྲིས་ཐོབ་གསུངས་པས་དེ་ལྟར་མཛད་དེ། ཚོགས་ལྐོག་གི་ཆོས་རྫོགས་པར་གསན་པས། ཐུགས་རབ་ལ་མཉེས་ཏེ་བློ་གྲོས་རྣམས་དག་ཅེས་གསུངས། ལོ་ཉེར་དྲུག་ལ་རྒྱས་སྟེངས་སུ་བསྐོས་བཅོ་ལྔ་མཛད། དེ་ནས་རིན་པོ་ཆེ་བཅུ་བཞི་པས། ཐུབ་པའི་གསེར་སྐུ། དབུ་ཞྭ། སྟན་རིམ་སོགས་གནང་ནས་བྱིན་གྱིས་བརླབས། བཞི་བཅུ་ལ་གདན་སར་བྱོན་ལོ་སོ་བཞི་མཛད། དོན་གསུམ་པ་ཁྱི་ལོ་ཟླ་བ་གཉིས་པའི་གནམ་གང་བར་དུ་བཞུགས། རིན་པོ་ཆེ་ཚེས་བཅུ་པ་འཁྲུངས་ཡུལ་འོལ་ཁ་གདུང་རུས་ལྗང་། ཡབ་དཔོན་དཀར་གྱི་སྲས་སུ་འབྲུག་ལོ་ལ་འཁྲུངས། ལོ་བཅུ་བཞི་ལ་རིན་པོ་ཆེ་བཅུ་བཞི་པ་རབ་བྱུང་ཞུས། མཚན་ཆོས་ཀྱི་རྡོ་རྗེར་བཏགས། ཉེར་གཅིག་ལ་བྱ་ཡུལ་དུ་རིན་པོ་ཆེ་དེ་ཉིད་ཀྱི་དྲུང་དུ་བསྙེན་རྫོགས་མཛད་དེ། དལ་དང་འབྱོར་པ་བརྙེད་དཀའ་བས། །འདི་དག་ཇི་ལྟ་བཞིན་དུ་སྒྲུབས། །གསུངས་པའི་སྐབས་སུ་ཐུགས་ལ་ངེས་ཤེས་སྐྱེས་ཏེ། ཚུལ་ཁྲིམས་མིག་འབྲས་བཞིན་དུ་སྲུངས་གསུངས། བཅུ་བཞི་པ་ལོ་དགུ་བསྟེན། བཀའ་གདམས་ཀྱི་ཆོས་རྫོགས་པར་གསན། གསང་སྔགས་ཀྱང་མནོས་ཏེ། འདུལ་མངོན། སྤྱོད་འཇུག་སོགས་མཁས་པར་སྦྱངས། བྱེས་ཀྱི་མཁན་པོ་ལོ་གསུམ། རྒྱས་སྟེངས་སྤྱན་པས་སྦྲེལ་བ་ལོ་ཉི་ཤུ་རྩ་བརྒྱད། གདན་ས་གོང་ལོ་བརྒྱད་མཛད། བདེ་མཆོག་སོགས་ཞལ་གཟིགས་པ། མགོན་པོ་ལྷོ་ནུབ་པ་བྲན་བཞིན་དུ་འཁོལ་བ་སོགས་རྣམ་ཐར་དུ་གསལ། བདུན་ཅུ་རྩ་གསུམ་པ་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བར་དུ་བཞུགས། རིན་པོ་ཆེ་བཅོ་བརྒྱད་པ་དགུང་སྙིང་ཡོས། ཞོགས་སུ་འཁྲུངས། རིན་པོ་ཆེ་གནམ་གང་པ་ལ་རབ་བྱུང་བསྙེན་རྫོགས་ཞུས། མཚན་བློ་གྲོས་རིན་ཆེན་དུ་བཏགས། འོད་གསལ་གྱི་གདན་ས་ལོ་བདུན། གདན་ས་གོང་ལོ་བརྒྱད་མཛད་དེ། བཞི་བཅུ་རྩ་དྲུག་པ་བྱི་བ་ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་བརྒྱད་བར་དུ་བཞུགས། རིན་པོ་ཆེ་རིན་ཆེན་རྒྱལ་མཚན། ཡབ་ལྷས་པ་དཔོན་རྡོར་གྱི་སྲས་སུ་གྲོ་བཞིར་བྱི་བ་ལོ་ལ་འཁྲུངས། རབ་བྱུང་དང་བསྙེན་རྫོགས་རིན་པོ་ཆེ་གནམ་གང་པ་ལ་ཞུས། མགོན་པོ་གྲི་གུག་ཞལ་གཟིགས། བླ་མ་བཅོ་ལྔ་བསྟེན། གདན་ས་ལོ་ཉི་ཤུ་རྩ་གསུམ་མཛད། ལྔ་བཅུ་རྩ་དགུ་པ་ཁྱི་ལོ་ཟླ་བ་དང་པོའི་ཚེས་བཅོ་ལྔ་བར་བཞུགས། ཡོངས་འཛིན་ཆེན་པོ་ཚུལ་ཁྲིམས་དར་གྱི་ཞལ་སྔ་ནས། ཡབ་དཔོན་བསམ་འགྲུབ་དང་། ཡུམ་སོག་མོ་རྡོ་རྗེ་སྒྲོན་གྱི་སྲས་སུ་ཤིང་ཕོ་སྟག་ལ་ལྕས་བར་འཁྲུངས། དགུང་ལོ་བཅུ་གསུམ་ལ་གུགས་རྫོང་དུ་སློབ་དཔོན་ཚུལ་རྒྱལ་བ་ལ་རབ་ཏུ་བྱུང་། མཚན་ཚུལ་ཁྲིམས་དར་དུ་བཏགས། ཉི་ཤུ་རྩ་ལྔ་ལ་རིན་པོ་ཆེ་ཆོས་ཀྱི་རྡོ་རྗེའི་དྲུང་དུ་བསྙེན་རྫོགས། སྐྱོར་མོ་ལུང་དུ་སློབ་དཔོན་བསམ་གཏན་དོན་གྲུབ་དང་། གྲོ་སར་མར་སྟོན་དབུ་མ་པ་སོགས་ལ་འདུལ་བའི་སྡེ་སྣོད་མཐའ་དག་ལ་མཁས་པར་སྦྱངས། མཁན་ཆེན་སངས་རྒྱས་དཔལ་བ་དང་། ཆོས་རྗེ་ཐམས་ཅད་མཁྱེན་པ་སོགས་ལས། ཤེར་ཕྱོགས་བྱམས་ཆོས་མཐའ་དག་ཐུགས་སུ་ཆུད་པར་མཛད། ཐང་སག་ཏུ་ཟླ་གྲགས་གསར་མ་དང་། སློབ་དཔོན་ཚུལ་དཔལ་བ་ལ་དབུ་མའི་གཞུང་ཆེ་ཆུང་མཐའ་དག་གསན། རིན་པོ་ཆེ་རིན་ཆེན་རྒྱལ་མཚན་སོགས་བླ་མ་ལྔའི་དྲུང་དུ་བཀའ་གདམས་ཀྱི་ཆོས་སྐོར་རྣམས་དང་། ཆོས་རྗེ་ཀུན་བཀྲས་པ་སོགས་ལ་ས་ལུགས་ཀྱི་ཆོས་སྐོར་དང་། ཞ་ལུ་གྲགས་པ་རྒྱལ་མཚན་པ་ལ་བུ་ལུགས་ཀྱི་ཆོས་བསྐོར་དང་། གདན་ས་ཐེལ་དུ་ཆོས་རྗེ་བསོད་ནམས་རྒྱལ་མཚན་པ་ལ་ཕྱག་རྒྱ་བའི་ཆོས་བསྐོར་དང་། རྟོགས་ལྡན་སྔོ་ཉལ་མ་དང་། དྲུང་རིན་རྒྱལ་བ་ལ་དུས་འཁོར་རྒྱུད་འགྲེལ་སོགས་ལ་མཁས་པར་མཛད། མདོར་ན་མཁས་གྲུབ་ཀྱི་བླ་མ་སུམ་ཅུ་ཙམ་བསྟེན་ཏེ། བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་ཚིག་དོན་ལ་མངའ་བརྙེས་པར་མཛད་དེ། མཁས་པའི་གྲགས་པས་ཕྱོགས་ཀུན་ཁྱབ། འཆད་ཉན་སོགས་གཞན་ཕན་རྒྱ་ཆེར་མཛད་དེ། སློབ་མའི་མཆོག ཆོས་རྗེ་དགེ་བ་རྒྱལ་མཚན། ཟད་པ་བློ་རྒྱམ། ཟད་པ་པདྨ་བཟང་པོ། ཆོས་རྗེ་བློ་བརྟན་པ། ཁམས་སུ་ལྷ་འབྲི་སྟོན་པ་སོགས་མང་དུ་བྱོན། ཤེར་ཕྱོགས་གསུངས་བའི་ཚེ་མེ་ཏོག་གི་ཆར་འབབ་པ། ཡི་དམ་དང་ཆོས་སྐྱོང་ཞལ་གཟིགས་པ་སོགས་རྒྱས་པར་རྣམ་ཐར་དུ་གསལ་ལ། ལོར་བྱེས་པ་མཁན་པོ་ལོ་ལྔ། གཟིམ་འོག་ལོ་གསུམ། གདན་ས་གོང་ལོ་བཅུ་བདུན་མཛད། བདུན་ཅུ་དོན་ལྔ་པ་འབྲུག་ལོ་ཟླ་བ་བཅུ་གཅིག་པའི་ཉེར་དྲུག་བར་དུ་བཞུགས། རྗེ་བསོད་ནམས་ལྷའི་དབང་པོ་ནི། བྱམས་མགོན་གཉིས་པ་རིན་པོ་ཆེ་ཚུལ་ཁྲིམས་དར་ལས་བསྙེན་རྫོགས་མཛད་དེ། བཀའ་གདམས་ཀྱི་ཆོས་བསྐོར་ཕལ་ཆེར་གསན། རོང་སྟོན་ཐམས་ཅད་མཁྱེན་པ། བྱང་ར་སྒྲེང་པ་སེམས་དཔའ་ཆེན་པོ་ཤཱཀྱ་བསོད་ནམས། ར་སྒྲེང་པ་རིན་ཆེན་གྲགས་པ། ཆོས་རྗེ་ཀུན་དགའ་རྒྱལ་མཚན་པ། དྭགས་པོ་འཇམ་དབྱངས་བཀྲ་ཤིས་རྣམ་རྒྱལ། དུས་ཞབས་དོན་གྲུབ་ཀུན་དགའ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་སོགས་ཡོངས་འཛིན་མང་དུ་བསྟེན་ནས་མདོ་སྔགས་རབ་འབྱམས་ཀྱི་དབང་ལུང་ཁྲིད་མན་ངག་སོགས་ཀྱི་གསན་པ་དཔྱིས་ཕྱིན་པར་མཛད་ཅིང་། དཔལ་ལོ་དགོན་པའི་སྤྱན་སྔ་ལོ་མང་དུ་མཛད། དགུང་ལོ་དོན་དྲུག་གི་བར་དུ་སྤྱིར་བསྟན་པ་དང་། ཁྱད་པར་བཀའ་གདམས་ཀྱི་བསྟན་པ་ཆེས་ཆེར་གསལ་བར་མཛད་ཅིང་བཞུགས་སོ། །སྤྱན་སྔ་ངག་དབང་ཆོས་ཀྱི་གྲགས་པ་ནི། ཡབ་སྟོང་དཔོན་འཕགས་པ་དཔལ་དང་། ཡུམ་སྤྱོད་ཡུལ་མཚོ་གཉིས་ཀྱི་སྲས་སུ་ལྕགས་མོ་གླང་གི་ལོ་སྐུ་བལྟམས། བསོད་ནམས་ལྷའི་དབང་པོ་ལས་རབ་ཏུ་བྱུང་། མཚན་ངག་དབང་ཆོས་གྲགས་རྒྱལ་མཚན་དཔལ་བཟང་པོར་བཏགས། འཇམ་དབྱངས་ཀུན་དགའ་ཆོས་བཟང་ལས་བསྙེན་པར་རྫོགས། མཁན་པོ་དེ་ཉིད་དང་། ཆོས་རྗེ་བློ་གྲོས་རྒྱལ་མཚན། རྗེ་མཁྱེན་རབ་རིན་ཆེན་མཆོག་གྲུབ། སྙུག་ལ་པཎ་ཆེན་ངག་དབང་གྲགས་པ། སྔགས་འཆང་རིན་ཆེན་རྣམ་རྒྱལ། མུས་ཆེན་སངས་རྒྱས་རིན་ཆེན། ས་ལོ་ཐམས་ཅད་མཁྱེན་པ། རྗེ་བྱམས་པ་ཆོས་ཀྱི་ཉི་མ། བདག་ཆེན་ངག་གི་དབང་ཕྱུག་སོགས་བླ་མ་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀྱི་བསྡུས་པའི་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་ཕ་མཐར་གསོན། ཐུགས་དམ་ལ་གཅིག་ཏུ་གཞོལ་བས་ཉམས་དང་རྟོགས་པའི་དབང་ཕྱུག་ཏུ་གྱུར། སྙིགས་དུས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་ཡབ་སྲས་སྐུ་མཆེད་སོགས་ཀྱི་བཀའ་གདམས་ཀྱི་ཆོས་བུམ་པ་གང་བྱོར་གསན་པའི་བླ་མར་བསྟེན། ལོ་བྱ་ཡུལ་སོགས་བཀའ་གདམས་ཀྱི་དགོན་གནས་རྣམས་ཀྱི་གདན་ས་སྐུ་ཚེ་རིལ་པོར་མཛད། སྤྱི་དང་བྱེ་བྲག་གི་བསྟན་པ་ཡར་ངོའི་ཟླ་བ་ལྟར་རྒྱས་པར་མཛད་དེ། དགུང་ལོ་བརྒྱད་ཅུ་རྩ་དགུ་པ་སྦྲུལ་ལོ་སྨིན་དྲུག་ཟླ་བའི་ཉེར་ལྔའི་ཉིན་བདེ་བར་གཤེགས་སོ། །དེ་ལྟ་བུའི་སྐྱེས་ཆེན་དམ་པ་དེ་ཉིད་ཀྱི་སྐུའི་རྣམ་པར་སྤྲུལ་པ་བདག་གི་བླ་མ་སྤྱན་སྔ་རིན་པོ་ཆེ་བྱམས་པ་ཀུན་དགའི་མཚན་ཅན་འདི་ཉིད་ནི། ལུག་ལོ་བཀྲ་ཤིས་པའི་དགེ་མཚན་དང་བཅས་ནས་སྐུ་འཁྲུངས། མཁས་གྲུབ་ཀྱི་བླ་མ་དུ་མ་ལས་གསན་པ་རྒྱ་མཚོའི་ཕ་རོལ་དུ་གསོན་ཏེ། ལུང་དང་རྟོགས་པའི་ཡོན་ཏན་བསམ་གྱི་མི་ཁྱབ་པའི་མངའ་བདག་ཏུ་གྱུར། ལོ་དང་བྱ་ཡུལ་སོགས་བཀའ་གདམས་ཀྱི་དགོན་གྲྭ་ཆེན་པོ་རྣམས་ཀྱི་གདན་ས་མཛད་བཞིན་པར་ད་ལྟ་དགུང་ལོ་ལྔ་བཅུ་རྩ་གཉིས་ཀྱི་སྟེང་ན་བཞུགས་པ་འདི་ཉིད་སྟེ། ཡོངས་འཛིན་དམ་པ་འདི་ཉིད་ཀྱི་རྣམ་པར་ཐར་པ་རྒྱས་པ་ནི་ལོགས་སུ་འཆད་པར་ཤ་ཆགས་པས་འདིར་མ་སྤྲོས་སོ། །བདག་ཅག་གི་ཡོངས་འཛིན་དམ་པ་འཇམ་མགོན་གྲུབ་པའི་དབང་ཕྱུག་བསོད་ནམས་དབང་པོ་དང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པའི་མཚན་ཅན། ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་བཙུན་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་རྣམས་ཀྱི་ངོ་མཚར་བའི་མཛད་པའི་ཆ་ཤས་མཐའ་དག་ནི་སྔར་ནས་ལོགས་སུ་བཤད་ཅིང་། འཆད་པར་གྱུར་པའི་རྣམས་ཐར་ཀྱི་ཡི་གེ་བྱས་པ་དག་ལས་ཁོངས་སུ་ཚུད་པར་བྱ་ཞིང་། འདིར་སྐབས་སུ་བབས་པ་དགེ་པའི་བཤེས་གཉེན་བཀའ་གདམས་པ་རྣམས་ནས་བརྒྱུད་པའི་ཆོས་ཚུལ་རྣམས་བདག་གི་བླ་མ་སོ་སོས་གསན་པ་དང་། རང་ཉིད་ཀྱིས་ཇི་ལྟར་ཐོས་པའི་ཚུལ་མདོ་ཙམ་བརྗོད་ན། འཇམ་དབྱངས་བསོད་ནམས་དབང་པོས་ནི་སྤྱན་སྔ་ངག་དབང་ཆོས་གྲགས་དང་། ཡབ་སྔགས་འཆང་ཆེན་པོ་གཉིས་ལས་བཀའ་གདམས་པའི་ཆོས་རྣམས་རྫོགས་པར་གསན་ཞིང་། སྔགས་འཆང་གྲགས་པའི་མཚན་ཅན་གྱིས་རང་གི་ཡབ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན་གྱི་དྲུང་དུ་རྒྱས་པར་གསན་ལ། རྗེ་བཙུན་མུས་པ་ཆེན་པོ་དང་མཁན་ཆེན་ངག་དབང་ཆོས་གྲགས་གཉིས་ཀྱི། ལོ་ནས་སྤྱན་སྔ་རིན་པོ་ཆེའི་ངག་དབང་ཆོས་གྲགས་ཀྱི་དངོས་སློབ་པཎ་ཆེན་ནམ་མཁའ་དབང་ཕྱུག་དང་། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ་སོགས་ཀྱི་དྲུང་དུ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་ཁྲིད། གཞུང་དྲུག་གི་ལུང་། ཆོས་ཆུང་བརྒྱ་རྩ། ལྷ་བཞིའི་ཁྲིད། རིན་སྤུང་བསྐོར་གསུམ། བཀའ་གདམས་གླེགས་བམ་ཡོངས་རྫོགས། བློ་སྦྱོང་གི་སྐོར་སོགས་མཐའ་ཆོད་པར་གསན་ཞིང་། དེ་ལྟར་འཇམ་པའི་དབྱངས་སྐུ་མཆེད་དང་། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། སྤྱན་སྔ་ཀུན་དགའ་དོན་གྲུབ། མཁན་ཆེན་འཇམ་པའི་དབྱངས་ངག་དབང་ཆོས་གྲགས། གཞན་ཡང་བརྒྱུད་ལྡན་གྱི་བླ་མ་ཡིད་ཆེས་ཅན་དུ་མའི་དྲུང་དུ་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་བདག་གིས་དགེ་བའི་བཤེས་གཉེན་བཀའ་གདམས་པ་ནས་བརྒྱུད་པའི་ཆོས་སྐོར་རྣམས་དྭང་འདོད་ཡིད་ཆེས་ཀྱི་དད་པ་བླ་ན་མེད་པའི་སྒོ་ནས་འབད་རྩོལ་ཆེན་པོས་རྫོགས་པར་མནོས་ཤིང་། ལྷག་པར་སྔོན་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤས་འབྲོམ་སྟོན་པ་ལ་ཐུགས་ཀྱི་སྲས་གཅིག་པུ་ལྟ་བུར་མཛད་པ་ལྟར་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་རྗེ་བཙུན་མུས་པ་ཆེན་པོ་དེ་ཉིད་ཀྱིས་ཁོ་བོ་ཅག་ལ་ཐུགས་རྗེའི་སྤྱན་རས་ཀྱི་བུ་གཅིག་པ་ལྟར་འཚོ་བར་མཛད་པའི་སྐལ་བ་མཆོག་ཀྱང་ཐོབ་པ་ལགས། གོང་དུ་སྨོས་པའི་སྟོད་ལུང་པའི་སློབ་མ་ལ་གྲགས་ཆེ་བ་སྡིངས་བུ་བ། ཀློག་སྐྱ། དགེ་བཤེས་ཟར་པ། དགེ་བཤེས་ལྷ་བཟོ་བ། ཁྱུང་ཁམས། བྱ་འདུལ་འཛིན་དང་དྲུག་ལས། སྟོད་ལུང་པའི་དགོངས་པ་ལོན་པ་ཕྱི་མ་གསུམ་ཡིན་ཏེ། ལྷ་བཟོས་མངོན་ཤེས་ལྔ་ཐོབ། སྟོད་ལུང་པ་འཁོར་ལོ་བདེ་མཆོག་དང་གཉིས་སུ་མེད་པར་གཟིགས་གསུངས། ཁྱུང་ཁམས་ཀྱི་སྒྱུ་ལུས་ཀྱི་རྟོགས་པ་བརྙེས། སྟོད་ལུང་པའི་ཞལ་ནས། ཁྱོད་ཀྱི་གདུལ་བྱ་གཙང་དུ་ཡོད་པས་དེར་སོང་། དགོན་པ་ཐོབ། སློབ་མ་བསྡུས་ལ་བདེན་གཉིས་ཤོད། ངའི་བདེན་གཉིས་འདི་མ་དོར་ཅིག་གསུངས་པས། ཁྱུང་ཁམས་གཙང་ལ་འབྱོན་ཁར། བདེན་གཉིས་དང་ཁྱུང་ཁམས་གཙང་ལ་བཞུད། བདེན་ནམ་མི་བདེན། ཕ་བོང་འཕེན་གཡག་ལ་དྲིས་གསུངས་ནས་ཕྱག་མཁར་བརྡབས་པས་ཚལ་པར་གས། དེ་ནས་ཉང་རོ་ཐ་མཚལ་དུ་བྱོན་ནས་སྡིངས་བུ་དགོན་པའི་རྨང་བཏིངས། བདེན་གཉིས་ཆོས་ཚན་བཅུ་གཉིས་སུ་བསྡུས་པ་གསུངས། གཞན་ཕན་བསྐྱངས་པས་སློབ་མ་མང་དུ་འཕེལ་ལོ། བྱ་འདུལ་འཛིན་ནི་འཁྲུངས་ཡུལ་གཙང་རོང་གཡུང་གི་ནང་གི་སྙ་པ། ཡབ་བྱ་རྒྱལ་བ་ལ་སྲས་གཉིས་ཡོད་པའི་གཅུང་པོ། ལྕགས་མོ་ལུག་ལ་འཁྲུངས། གཞོན་ནུའི་དུས་རོང་མནར་མདའ་ཚ་དམར་གྱི་གཙུག་ལག་ཁང་དུ་འབྲེ་ཤེས་རབ་འབར། ཆོས་གཞི་ལ་བྱོན་པ་དང་མཇལ་དུ་བྱོན་པས། ཕར་ཕྱིན་གསུངས་པའི་ལམ་ཤེས་ཀྱི་སྐབས་སུ་སླེབ་ཆོས་གསན་པས། ལྷའི་མེ་ཏོག་གི་ཆར་འབབ་པ་མཐོང་། དད་པ་སྐྱེ་པས། ཡབ་ལ་ཞུས་པས། རབ་ཏུ་བྱུང་། མཚན་བརྩོན་འགྲུས་འབར་དུ་བཏགས། འབྲེའི་ཞལ་ནས། རབ་ཏུ་བྱུང་བས་འདུལ་བ་བསླབ་དགོས་པས་ཐོག་པར་འདུལ་བ་སློབས་གསུངས་པས། ལྡན་དུ་སོག་ཚུལ་ཁྲིམས་བླ་མ། དེ་ནས་རྒྱ་འདུལ་འཛིན་དང་། རྨ་ཚོ་ལ་འདུལ་བ་གསན་ཅིང་མཁས་པར་གྱུར། དེ་ནས་རྒྱ་ཚ་ཞང་ཡེ་ལ་དབུ་ཚད་དང་། དཀར་ལོ་ཙཱ་བ་ལ་ཡོ་ག་བསླབས། འགོ་ནས་བཤད་ཉན་མཛད་པའི་སྐབས་སུ་དཔེ་ཆ་རྣམས་ཁམས་པའི་གྲྭ་པས་བརྐུས་པས། ཐུགས་སྐྱོ་བ་སྐྱེས་ཏེ་སྟོད་ལུང་པའི་དྲུང་དུ་བཀའ་གདམས་ཞུ་རུ་བྱོན་པས། ཡོན་ཏན་ཆེ་བའི་ང་རྒྱལ་གྱིས་དང་པོར་ཕྱག་མ་བྱས་པ་སོགས་སྤྱོད་པ་འགའ་ཞིག་ལ་རྟེན་ནས། སྟོད་ལུང་པའི་བཀའ་བཀྱོན་དྲག་ཏུ་མཛད་དེ་བསྐྲད། དེར་ལོག་ནས་བྱོན། སྟོད་ལུང་ཟམ་ཁར་བསླེབས་པ་ན་འགྱོད་པ་སྐྱེས་ཏེ། ཆོས་ཞུར་འོང་པ་ལ་དེ་ལྟར་བྱེད་པ་ང་མ་བདེན་སྙམ་དུ་དགོངས་པ་དང་། སྟོད་ལུང་པའི་ཞལ་ནས་ཉེ་གནས་ལ། ད་ཁོ་འགྱོད་པ་སྐྱེས་ནས་འདུག་གི་མར་གདན་དྲོངས་ལ་ཤོག་གསུངས། གདན་དྲངས་བཀུར་བསྟི་བྱས། དེར་བཀའ་གདམས་ཀྱི་གདམས་ངག་ཐམས་ཅད་ཡོངས་སུ་རྫོགས་པར་གསན་ནས་ཐུགས་དམ་གྱི་གཙོ་བོ་མཛད་དོ། །དེ་ནས་ཟུལ་ཕུར་བཤད་གྲྭ་བཙུགས་ཏེ་ཚོགས་ལོ་དགུའི་བར་དུ་བསྐྱངས། མདོ་རྩའི་ཊཱིཀྐ་ཆེ་ཆུང་དང་འདུལ་པ་སྤྱིའི་རྣམ་གཞག་མཛད། དེའི་ཚེ་བསམ་ཡས་དཔེ་དཀར་གྱི་བར་ཆད་རྩོམ་པའི་ཕྱིར་བཙུན་པར་སྤྲུལ་ནས་ཞབས་ཏོག་ལོ་མང་དུ་བྱས་ཀྱང་། འདུལ་བ་དང་འགལ་བའི་མཛད་པ་ན་བཟའི་སྤུ་ཕྱིར་བསྟན་ཏེ་གྱོན་པ་ཙམ་མ་གཏོགས་སྐྱོན་མ་བརྙེད་པས་དཔེ་དཀར་ཡང་དད་པར་གྲགས་སོ། །དེ་ལྟར་བཀའ་གདམས་ཀྱི་མན་ངག་ལ་ཉམས་ལེན་མཛད། བུ་ཆེན་འདུལ་བ་ལ་མཁས་ཤིང་འགྲོ་དོན་ཕུན་སུམ་ཚོགས་པ་བདུན་ཅུ་རྩ་དྲུག་བྱུང་པའི་ནང་ནས། དབུས་ཀྱི་བུ་ཆེན་གསུམ་ནི། ཀ་པ་དར་སེང་། རྣལ་འབྱོར་བྱང་སེང་། རྗེ་མོ་ཆོས་སེང་དང་གསུམ། གཙང་ནས་གཙང་ངུ་རིན་སྐྱབས། རྩིས་པ་གཞོན་ནུ་སེང་གེ་སོགས་བྱོན། དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེར་མཛད། དགུང་ལོ་བདུན་ཅུ་དོན་དྲུག་བཞེས་པ་ལ་ཟུལ་ཕུར་སྐུ་གཤེགས། གདུང་བཞུ་བས་ཐུགས་ལྗགས་རིང་བསྲེལ་སོགས་མང་དུ་བྱོན་ནོ། །དེ་ནས་སྒྱེར་སྒོམ་ཆེན་པོ་ནས་བརྒྱུད་པ་ཅུང་ཟད་བཤད་ན། དང་པོ་ཡར་ལུང་འཕྱོང་རྒྱས་ཀྱི་བང་སོ་པདྨ་ཅན་བྱ་བ། ཡོན་བདག་ཉི་མ་མགོན་གྱི་སྲས། སྒྱེར་ཤེས་རབ་སྐྱབས་ཟེར་བ་དབུ་རུ་སྣོན་མདའི་རོག་སྣར་ཡུལ་འཆུགས། བཙུན་མོ་ཚལ་སྟོད་ནས་ཀླུ་ལྕམ་བྱ་བ་ཁབ་ཏུ་བཞེས། སྲས་གསུམ་བྱུང་བ། ཁྲེ་ལ་སྟག བུ་མོ་སྟག ཁྲེ་ལ་དར་རོ། ཆེ་བ་ཁྲེ་ལ་སྟག་རབ་ཏུ་བྱུང་སྟེ། སྒོམ་པ་ཤེས་རབ་གྲགས་ཟེར། ཆུང་བ་ཁྲེ་ལ་དར་དགུང་ལོ་བཅུ་གཉིས་ལ་སྣོན་ཕུ་གཉེར་དུ། སྤྲུལ་སྐུ་བྱ་ཡུལ་བས་མཁན་པོ་མཛད། ཞང་སྙིང་ཕུག་པས་སློབ་དཔོན་མཛད་ནས་རབ་ཏུ་བྱུང་སྟེ། མཚན་གཞོན་ནུ་གྲགས་སུ་བཏགས། དགུང་ལོ་བཅུ་བདུན་ལ་སྣེའུ་ཟུར་དུ་བྱོན་ལོ་དགུ་བཞུགས། སྣེའུ་ཟུར་པ་གཤེགས་ནས་བྱ་ཡུལ་པ་ཆེན་པོ་ལོ་ལྔ་བསྟེན། བཀའ་གདམས་ཀྱི་ཆོས་སྐོར་རྫོགས་པར་ཞུས། སློབ་མ་བརྒྱད་བརྒྱ་ཙམ་བྱོན་པའི་ནང་ནས་གྲགས་ཆེ་བ། སྦ་བྱ་ཟུར་དང་གསུམ། དགེ་བཤེས་གཡོར་སྟོན། སྐྱིས་སྟོན། ལྷོ་བྲག་སྟོན་པ། དམར་སྟོན། ཁམས་སྟོན། སྟོན་པ་འོད་ཟེར་བླ་མ། སྨོན་ལམ་བཟང་པོ། སྟོན་པ་གཞོན་ལེགས་སོགས་བྱོན། སངས་རྒྱས་དབོན་སྟོན་ནི་འགྲན་གྱི་དོ་མེད་ཡིན་ནོ། །མེ་མོ་བྱ་ལ་ར་སྒྲེང་བཏབ་ནས་ལོ་དྲུག་ཅུ་རེ་གཉིས་སོང་ནས། ས་མོ་ཕག་ལ་རིན་ཆེན་སྒང་གི་གཙུག་ལག་ཁང་རྙིང་མ་བཞེངས། བླ་མའི་གདན་ས་ལ་སྒོ་བཏོན་གསུངས་ནས་བྱ་ཡུལ་ཕྱོགས་སུ་བསྟན། ཇོ་བོ་མི་གཡོ་བ། དམ་ཚིག་གསུམ་བཀོད། ཇོ་བོ་འཇམ་དཔལ་རྡོ་རྗེའི་ཞལ་གཟིགས། སྣེའུ་ཟུར་པ་དང་། བྱ་ཡུལ་བའི་གསུངས་བགྲོས་སྒང་བསོས་ནས། ལམ་རིམ་པོ་ཏི་བཞི་མ་དང་། གཉིས་མ་བྱ་བ་སངས་རྒྱས་དབོན་སྟོན་སོགས་ལ་གནང་བས། སངས་རྒྱས་དབོན་སྟོན་གྱིས་ཟིན་བྲིས་སུ་བཏབ། གདན་སར་ལོ་ལྔ་བཅུ་བཞུགས། གྱ་གཉིས་ལ་གཤེགས། སངས་རྒྱས་དབོན་སྟོན་ནི། སྒྱེར་སྒོམ་ཆེན་པོའི་སྤུན་ཟླ་སྒྱེར་བུ་མོ་སྟག་ཞེས་པ་དང་། ཡུམ་ཤ་མོ་རྡོག་གེའམ། ཤ་མོ་འདོ་ལེ་ཞེས་པ་ལ་སྲས་གསུམ་བྱུང་བའི་ཆེ་བ་ཡོན་བདག་ཡ་པོ་ཞེས་པ་དགེ་འདུན་དང་དཀོན་མཆོག་ལ་དད་པ་ཅིག་བྱུང་། བར་པ་སངས་རྒྱས་དབོན་སྟོན། ཆུང་བ་སློབ་དཔོན་སྟོན་པ། ཁོང་གིས་ཆོས་སྐྱོང་གྲི་གུག་ཞལ་གཟིགས། སངས་རྒྱས་དབོན་སྤྲུལ་སྐུ་བྱ་ཡུལ་བའི་སྐུ་སྐྱེར་བྱེད་པས། སྒྱེར་བསྒོམ་གྱི་ཞལ་ནས། ངས་བླ་མའི་གསུང་གཅིག་ལ་བརྟེན་ནས་བཙུན་ཆུང་འདི་ལ་བྱམས་པར་བྱས་པ་ཡིན་གསུང་། སངས་རྒྱས་དབོན་དགུང་ལོ་བཅུ་བདུན་ལ་དགེ་བཤེས་འབན་ཐང་པས་མཁན་པོ། དྭགས་པོ་བང་རིམ་པ་འདེའུ་བསྒོམ་གྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། མཚན་གཞོན་ནུ་འབྱུང་གནས་སུ་བཏགས། ལོ་བཅུ་དགུ་ལ་སྐྱི་སྨད་དུ་བྱོན། དགེ་བཤེས་ཉང་རན་དང་། དགེ་བཤེས་ཁ་ཆེས་མཁན་སློབ་མཛད་དེ་བསྙེན་པར་རྫོགས། འཕན་ཡུལ་མདར་ཀ་བ་དར་སེང་ལ་འདུལ་བ་དང་། གཞན་ཡང་སྡེ་སྣོད་མང་དུ་གསན། །དེ་ནས་ལོ་བཅོ་བརྒྱད་ཀྱི་རིང་ལ་སྒྱེར་བསྒོམ་རང་བསྟེན་ནས་གསུང་རབ་མཐའ་དག་དང་། ལུང་མན་ངག་རྫོགས་པར་གསན། ཡི་དམ་ཆོས་སྐྱོང་དཔག་ཏུ་མེད་པ་ཞལ་གཟིགས། རྒྱ་མའི་དབུ་རྩེ་གསར་མ་བཞེངས་པ་དང་། རིན་ཆེན་སྒང་གི་གླིང་རྒྱ་བསྐྱེད་པ། ཕྱོགས་ཀྱི་གཙུག་ལག་ཁང་དང་། རྟེན་གསུམ་མང་པོའི་རབ་ཏུ་གནས་པ་སོགས་འགྲོ་དོན་རྒྱ་ཆེ་ཞིང་། སངས་རྒྱས་སྐལ་ལྡན་ཤིང་རྟ་ཞེས་པར་འགྱུར་བར་ཞལ་གྱིས་བཞེས། སྤྱན་རས་གཟིགས་ཀྱི་སྤྲུལ་པར་ཡང་གྲགས། རྒྱས་པར་དོན་དུ་གཉེར་ན། ཁུ་དཔོན་གྱི་རྣམ་ཐར་ཐུན་མོང་བ་ཆེ་བ་གཅིག་དང་། མཆོད་ཁང་བཞེངས་ཚུལ་བཀྲ་ཤིས་ལེབ་བརྒྱད་མ་བྱ་བ་ལྷོ་པ་དབུ་མ་པ་ཟེར་བའི་སློབ་མ་ཅིག་གི་བྱས་པ་དང་། རི་བོ་མཎྜལ་རྩེར་བྱོན་པའི་རྣམ་ཐར་རྣམས་སུ་གསལ་ལོ། །སློབ་མ་རྟོགས་ལྡན་བཟང་མོ་བ། ནགས་སྤོ་བ། ཟུང་ཆུ་སྤོ་པ། ནག་མོ་སང་ཡོན་དང་མོ་བཞིར་གྲགས་པ་རྣམས་སོ། གདན་སར་ལོ་བཞི་བཅུ་བཞུགས་ཏེ་བདུན་ཅུ་དོན་གཉིས་པ་སྨལ་པོ་ཟླ་བའི་ཚེས་བཞི་ལ་རྒྱ་མ་གནས་སུ་གཤེགས། རྟོགས་ལྡན་བཟང་མོ་བ་ནི། ཡུལ་དྭགས་པོ་བྲད་ལྷ་ས་བ། གདུང་རུས་སྤྱིལ། ཡབ་རྣལ་འབྱོར་ཇོ་སྟག་ལ་སྲས་གསུམ་ཡོད་པའི་འབྲིང་པོ། མཚན་གཞོན་ནུ་སེང་གེ་ཟེར། བྱིས་པའི་དུས་དྭགས་པོ་སྒམ་པོ་བ་ལ་ཕྱག་རྒྱ་བའི་ཁྲིད་འགའ་དང་། བྱ་ཡུལ་བའི་སློབ་མ་བོ་ཐང་བ་ལ་བཀའ་གདམས་ཀྱི་ཆོས་སྐོར་དང་། པུ་གུ་དོར་ས་ཆེན་གྱི་སློབ་མ་གཤེན་རྡོ་རྗེ་སེང་གེ་ལ་ས་སྐྱ་པའི་ཆོས་སྐོར་གསན། བཅུ་དགུ་ལ་གེམ་ཆུང་དུ་ཞང་བན་ལ་བསྙེན་རྫོགས་མཛད། དེ་ནས་སངས་རྒྱས་དབོན་བློ་མདའ་གྲོང་མོ་ཆེ་ན་སློབ་མ་མང་པོ་ལ་བཀའ་གདམས་ཀྱི་ཆོས་སྐོར་གསུང་བ་དང་མཇལ་བས་དད་དེ་ཉི་ཤུ་རྩ་བརྒྱད་ནས་རིན་ཆེན་སྒང་པའི་གྲྭ་པ་མཛད་ཡུལ་རིང་དུ་བསྟེན། བཀའ་གདམས་ཀྱི་ཆོས་རྫོགས་པར་གསན། དེ་ནས་བསམ་ཡས་ཕུའི་བཟང་མོ་དགོན་པ་བཏབ། བདུན་ཅུ་རྩ་བདུན་པ་ཆོ་འཕྲུལ་ཟླ་བའི་ཚེས་བཞི་ལ་བཟང་མོ་དགོན་པར་གཤེགས། ཁོང་གི་སློབ་མ་ཇོ་གདན་ལྷས་ཕུ་བས། ལྷས་ཕུ་དགོན་གསལ་དང་། ལྷ་དགེ་འདུན་སྒང་པས་དགེ་འདུན་སྒང་བཏབ། གཞན་ཡང་འཕན་ཡུལ་ཟོང་དགོན་པ་སོགས་བྱུང་། ནགས་མོ་བས། བྱོན་གྱི་ནགས་མོ་དགོན་པ་བཏབ། ཟུང་ཆུ་མོ་པས་འཕན་ཡུལ་མདའི་ཟུང་ཆུར་དགོན་པ་བཏབ་ཏེ། ཕྱིས་སྤོས་པ་གྲབ་ཀྱི་སས་ཁང་ཡིན་ནོ། གོང་དུ་སྨོས་པ་སྣེའུ་ཟུར་པ་ལས་འཕེལ་ཚུལ་ནི། སྣེའུ་ཟུར་པ། གདུང་རུས་བཙོས་པོ། སྤྲས་མཐོང་པ་སར་བྱ་ལོ་ལ་འཁྲུངས། བྱིས་པའི་དུས་ནས་ཏིང་ངེ་འཛིན་རང་འཁྲུངས་སུ་མངའ། རབ་ཏུ་བྱུང་ནས་མཚན་ཡེ་ཤེས་འབར་དུ་བཏགས། དགོན་པ་བ་སྐུ་མཆེད་གསུམ་ལ་སོགས་པ་བླ་མ་མང་དུ་བསྟེན། དགོན་པ་བ་དང་ཐོག་མར་མཇལ་བའི་དུས། ཐུགས་ཁ་ནས་ཐུབ་པའི་སྐུ་འོད་འཕྲོ་བ་ཅིག་བྱོན་ནས་སྣེའུ་ཟུར་པ་ལ་ཐིམ་པས་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས། བླ་མ་ལ་གུས་པ། བྱང་ཆུབ་ཀྱི་སེམས་གནས་པ་བརྟན་པ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྣམས་འཛོམ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ཞལ་གཟིགས་པ་ཆོས་ཉིད་ཡིན་གསུངས། གཞན་ཡང་སྒྱུ་ལུས་ཀྱི་རྟོགས་པ་བརྙེས་པས། རང་ལུས་མི་གཡོ་བའི་སྐུར་ལྡང་ནུས་པ་དང་། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་ཞིང་། དགོན་པ་བ་དང་། སྐུ་མཆེད་གསུམ་གྱི་གསུང་ཕྱོགས་གཅིག་ཏུ་བསྒྲིགས་པའི་བསྟན་རིམ་མཛད། དགུང་ལོ་དོན་དྲུག་བཞུགས། གདུང་བཞུས་པས་རིང་བསྲེལ་དཔག་ཏུ་མེད་པ་དང་། ལྷའི་སྤོས་ཀྱི་དྲིས་སྣེའུ་ཟུར་གྱི་གནས་ཐམས་ཅད་ཁྱབ་པ་སོགས་རྣམ་ཐར་དུ་གསལ་ལོ། །སློབ་མ་བདུན་བརྒྱ་ཙམ་བྱུང་བའི་ནང་ནས་གྲགས་ཆེ་བ་བཞི་ནི། ལྷ་བཀའ་གདམས་པ། ཐག་མ་པ་ཆེན་པོ། བྱང་སེམས་ཟླ་བ་རྒྱལ་མཚན། དགུན་པ་ལྷ་རྗེ་ཐུགས་རྗེ་རྒྱལ་མཚན་རྣམས་དང་། གཞན་ཡང་གཙང་ནས་གྲང་པོ་ལུང་པ་ཞེས་འཕགས་པ་དོན་ཞགས་དང་། བཅུ་གཅིག་ཞལ་གྱི་ཆོས་བདག་ཏུ་བྱེད་པ་དང་། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ཅེས་གྲགས་པ་རྣམས་སོ། །འདི་རྣམས་བཀའ་གདམས་གདམས་ངག་པ་གཙོ་བོར་བྱེད་པས་དེའི་ཕྱོགས་སུ་གཏོགས་ཞེས་ཡར་ལུང་ཇོ་བོའི་ཆོས་འབྱུང་དུ་འབྱུང་ངོ་། །སྤྱི་བོ་ལྷས་པ་ལ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་རབ་བྱུང་བསྙེན་རྫོགས་ཀྱི་སློབ་དཔོན་ཞུས། བཀའ་གདམས་གཞུང་གདམས་ངག་གི་ཆོས་རྣམས་གསན་པར། རྣམ་ཐར་ངོ་མཚར་སྣང་བ་ལས་གསུངས་ཏེ། ཐག་མ་པའི་སློབ་མ། ནམ་མཁའ་སེང་གེ་ཡང་སྟོད་ལུང་ཐག་མར་བྱོན། དེ་ནས་ནམ་མཁའ་རྒྱལ་པོ། སེང་གེ་བཟང་པོ། རྒྱལ་སྲས་བཟང་པོ། གསང་བའི་བདག་པོས་བྱིན་གྱིས་བརླབས་པ་ནམ་མཁའ་རྒྱལ་མཚན་དང་བཞི་ནི་ལྷོ་བྲག་ཐིག་ཕྱིར་བྱོན་ནོ། །

ཡང་བཀའ་གདམས་གཞུང་པའི་བརྒྱུད་པ། སེ་སྤྱི་ཕུ་བ་ཡན་སྔར་བཞིན་ལ། དེ་ནས་ལྷ་ལུང་གི་དབང་ཕྱུག་དང་། འགྲོ་མགོན་གྱི་སློབ་མ་ཟངས་ཆེན་པ་དར་མ་བསོད་ནམས། དེའི་སློབ་མ་མཚོ་སྣ་པ་ཆེན་པོ་ཤེས་རབ་བཟང་པོ། དེའི་སློབ་མ་མོན་གྲབ་པ་ཚུལ་ཁྲིམས་བཀྲ་ཤིས། དེའི་སློབ་མ་མཁན་ཆེན་ཆོས་སྐྱབས་བཟང་པོའོ། །ཡང་མཁན་ཆེན་ཆོས་སྐྱབས་པ་དང་། གསང་བདག་ནམ་མཁའ་རྒྱལ་མཚན་གྱི་དྲུང་དུ་རྗེ་བློ་བཟང་གྲགས་པས་བཀའ་གདམས་གཞུང་གདམས་ངག་གི་ཆོས་རྣམས་གསན་ནས་གྲོ་ལུང་པའི་བསྟན་རིམ་ལ་གཞི་མཛད་དེ། བྱང་ཆུབ་ལམ་སྒྲོན་གྱི་དོན་འགྲེལ་ལམ་རིམ་ཆེ་ཆུང་བརྩམས་ཏེ་བཀའ་གདམས་པའི་བརྒྱུད་འཛིན་དུ་ནན་གྱིས་འཇུག་པར་མཛད་དོ། །ཇོ་བོ་ཨ་ཏི་ཤའི་སྲས་ཀྱི་ཐུ་བོ་གཉིས་པ། རྔོག་ལོ་ཙཱ་བའི་བཤད་བརྒྱུད་འཛིན་པ་ནི་གངས་ཅན་གྱི་ལྗོངས་འདིར་བསྟན་པ་སྤྱི་ལ་བཀའ་དྲིན་ཆེ་བས། དེའི་བྱོན་ཚུལ་སྔོན་གྱི་ཡི་གེ་ལས་འབྱུང་བ་བཞིན་བཤད་ན། ཁ་བ་ཅན་གྱི་ལྗོངས་འབྲོག་ཚོ་དང་ཉེ་བའི་སར། སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུ་བྱ་བ་ལ། སྲས་ལྔ་ཡོད་པའི་ཆེ་ཤོས་རྔོག་ལེགས་པའི་ཤེས་རབ་ཀྱིས། སྤྱིར་ཇོ་བོ་ཆེན་པོ་ལོ་བཅུ་བསྟེན་ཅིང་ཕྱག་ཕྱིར་བྱོན་པའི་དུས་སུ། གསང་ཕུ་ལ་ཕྱག་མཛུབ་བཙུགས་ཏེ། ལུང་པ་ཡ་གིའི་ནང་ན་དུང་གཡས་སུ་འཁྱིལ་བ་འདྲ་བ་ཡོད། དེར་ལེགས་ཤེ་ཁྱོད་ཀྱིས་གཙུག་ལག་ཁང་ཐོབ་ལ། བཤད་ཉན་གྱིས། བསྟན་པ་ལ་ཕན་པར་འགྱུར། ཞེས་ལུང་བསྟན་པས། གསང་ཕུ་ནེའུ་ཐོག་གི་ས་ཆ་གཟིགས་ཏེ། བླ་མས་ལུང་བསྟན་པའི་གནས་དེ་ཡིན་པར་མཁྱེན་ནས། གསང་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་བཞེངས། བསྟན་པའི་བྱ་བ་མཛད་དེ། དང་པོར་དགེ་འདུན་ལྔ་བརྒྱ་ཙམ་འདུས་སོ། །དེ་ལས་འཕྲོས་པ་ལ་གཉིས། ལོ་ཙཱ་བ་བློ་ལྡན་ཤེས་རབ་ལས་སློབ་མ་འཕེལ་ཚུལ། མངའ་རིས་པ་ཤེས་རབ་རྒྱལ་མཚན་ལས་བཀའ་གདམས་གླེགས་བམ་བྱུང་ཚུལ་ལོ། །དང་པོ་ནི། ལེགས་ཤེའི་གཅུང་པོ་ཀླུང་ཁྲི། ཀླུ་བྱང་། ཆོས་སྐྱབས། ཐུབ་པ་བཞི་ལས། ཆོས་སྐྱབས་ཀྱི་སྲས་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཡིན་ཏེ། དེའང་ལྕགས་མོ་ཕག་གི་ལོ་ལ་སྐུ་འཁྲུངས། སྐྱེས་བུ་དམ་པ་དེས་སྐུ་ན་གཞོན་ནུའི་དུས་ནས། ཁུ་བོ་དང་། བཀའ་ཆུའི་སློབ་ཆུང་ཚུལ་ཁྲིམས་ཤེས་རབ་ལ་སོགས་པ་བསྟེན་ནས་རབ་ཏུ་བྱུང་། རྒྱུད་སྦྱངས། དགུང་ལོ་བཅུ་བདུན་ལོན་པའི་དུས། མངའ་རིས་སྟོད་ཀྱི་ལྷ་བླ་མ་བྱང་ཆུབ་འོད་ཀྱི་དབོན་པོ་མངའ་བདག་རྩེ་ལྡེས། རྒྱ་གར་དུ་ལོ་ཙཱ་སློབ་པ་ལ་བརྫངས་ཏེ་ཡུལ་དབུས་དང་ཁ་ཆེ་ལ་སོགས་པར་བྱོན། པཎྜི་ཏ་པད་རྫ་ན་དང་། འབུམ་ཕྲག་གསུམ་པ། པ་ར་ཧེ་ད་མ་ཧཱ་ཛ་ན། སུ་མ་ཏི་ཀིརྟི་དང་། སྐལ་ལྡན་རྒྱལ་པོ་ལ་སོགས་པ་མཁས་གྲུབ་མང་དུ་བསྟེན། རྒྱ་བལ་དུ་ལོ་བཅུ་བདུན་བཞུགས་ནས། མངའ་རིས་སྟོད་དུ་ཕེབས། མངའ་བདག་དབང་ལྡེ་དང་། ཁྲི་བཀྲ་ཤིས་དབང་ཕྱུག་བཙན་གྱིས་འགྱུར་གྱི་སྦྱིན་བདག་མཛད་ནས། ཚད་མ་རྒྱན་ལ་སོགས་པ་བསྟན་བཅོས་མང་དུ་བསྒྱུར། དེ་ནས་དབུས་སུ་ཕེབས། ཁུ་བོའི་གདན་ས་གསང་ཕུ་ནེའུ་ཐོག་དང་། ར་སྒྲེང་ལ་སོགས་པ་གནས་ཁྱད་པར་ཅན་མང་པོར་ཆོས་གསུངས། སློབ་མ་ཁྲི་ཕྲག་ལྷག་ཙམ་འདུས་པར་གྲགས་ཤིང་། དབུས་གཙང་། ལྷོ་བལ། མདོ་སྟོད་སྨད། ཤར་བཙོང་ཁ། རྒྱ་མི་ཉག་སོགས་སུ་གྲུབ་མཐའ་འཛིན་པའི་སློབ་མ་དང་། ཉིང་སློབ་ཏུ་མ་གྱུར་པ་མེད་ཅིང་། དབུས་གཙང་དུ་ལོ་བཅུ་བདུན་འགྲོ་དོན་མཛད། རྒྱས་པར་གྲོ་ལུང་པས་མཛད་པའི་རྣམ་ཐར་དུ་ཤེས་སོ། །དེའི་ཐུགས་སྲས་ཞང་ཚེ་སྤོང་ཆོས་ཀྱི་བླ་མ། ཞང་གྲོང་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲེ་ཤེས་རབ་འབར་བཞི་ལ་སྲས་ཀྱི་ཐུ་བོ་བཞི་ཟེར། གཞན་ཡང་གངས་པ་ཤེའུ། གུང་བུ་རྭ་ཅན། ཤམ་པོ་མི་ཏིག་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་སྨིན་པར་མཛད་པའི་ནང་ནས། ཞང་ཚེ་སྤོང་ཆོས་ཀྱི་བླ་མས་ནེའུ་ཐོག་གི་གདན་ས་ལོ་སུམ་ཅུ་སོ་གཉིས་མཛད། དེའི་རྗེས་གཉལ་བ་རི་ལུས་ལོ་གཉིས། རྣམ་པར་བས་ལོ་བརྒྱད་མཛད། དེ་ནས་གྲོ་ལུང་པ་གདན་སར་གདན་དྲངས་པས། གྲོགས་ཆོས་ཀྱི་སྤྱན་ལྡན་དེའི་གདན་ས་དྲོན་མོ་ལ་ཤེས་འདོད་ཡོད་ཀྱང་། རལ་རིལ་ཐམས་ཅད་ཀྱི་རྗེས་སུ་མི་བྱེད་གསུངས་པས། གོང་གི་བླ་མ་དེ་གསུམ་གྱི་སློབ་མ་དགེ་བའི་བཤེས་གཉེན་ཆ་པ་ཆོས་ཀྱི་སེང་གེས་ནེའུ་ཐོག་གི་གདན་ས་ལོ་བཅོ་བརྒྱད་མཛད་ཅིང་། སླར་ཡང་གྲོ་ལུང་པའི་སྤྱན་སྔར་བྱོན་ནས་སྒྲོ་འདོགས་བཅད་དེ། སློབ་མ་བསམ་གྱིས་མི་ཁྱབ་པ་བྱོན་པ་ལས། སྲས་ཀྱི་ཐུ་བོ་སེང་ཆེན་བརྒྱད་ནི། གཙང་ནག་བརྩོན་འགྲུས་སེངྒེ་། དན་འབག་སྨྲ་བའི་སེངྒེ་། བྲུ་ནག་བསོད་ནམས་སེངྒེ་། རྨ་བྱ་རྩོད་པའི་སེངྒེ་། རྩེགས་དབང་ཕྱུག་སེངྒེ་། ཉང་རན་པ་ཆོས་ཀྱི་སེངྒེ་། ལྡན་མ་དཀོན་མཆོག་སེངྒེ་། གཉལ་པ་ཡོན་ཏན་སེངྒེ་སྟེ། འགའ་ཞིག་གཙང་པ་འཇམ་སེང་འདྲེན་ནོ། །ཇོ་སྲས་བཞི་ནི། འཁོན་ཇོ་སྲས་རྩེ་མོ། རྔོག་ཇོ་སྲས་ར་མོ། ཁུ་ཇོ་སྲས་ནེ་ཙོ། སྙོས་ཇོ་སྲས་དཔལ་ལེ་རྣམས་སོ། །ཡང་འགར་དབང་གྲུབ། ཀོང་པོ་འཇག་ཆུང་། ལྷོ་པ་སྒོག་ཟན། ཡར་ཕུ་བ་བློ་གྲོས་སེངྒེ་བཞི་ལ་ཤེས་རབ་ཅན་བཞི་ཟེར། གཞན་ཡང་འཇད་པ་སྟོན་སྐྱབས། རྡོ་རྗེ་འོད་ཟེར་ལ་སོགས་པ་སྡེ་སྣོད་འཛིན་པ་མང་པོ་དང་། ཚུར་ཕུ་བ་གྲུབ་ཐོབ་དབུ་སེ། ཞང་ཚལ་པ། ཆོས་རྗེ་ཕག་མོ་གྲུབ་པ་ལ་སོགས་པ་མཁས་གྲུབ་དུ་མ་སྨིན་པར་མཛད་པའི་ནང་ནས། རྩེགས་དབང་ཕྱུག་སེངྒེས་གདན་ས་ལོ་ལྔ། དེ་གཉིས་ཀྱི་སློབ་མ་གཉལ་པ་དད་པ་བཟང་པོས་ལོ་བདུན། འཇམ་རྩེ་ནས་ལོ་བདུན་བྱས། འདི་ནས་གླིང་སྟོད་སྨད་གཉིས་སུ་གྱེས་པར་འདོད་དོ། །སྨད་པ་ལ་ཟད་པ་དར་མ་འོད་དང་། ཟད་པ་དོན་གྲུབ་གཉིས་ཀྱིས་ལོ་སུམ་ཅུ་མཛད། དེ་ནས་སློབ་དཔོན་འོད་ཟེར་མགོན་པོས་ལོ་སུམ་ཅུ་སོ་ལྔ་གདན་ས་མཛད་པ་ལ། སློབ་མ་སློབ་དཔོན་ཤཱཀྱ་གཞོན་ནུ། དོན་གྲུབ་དཔལ། ཁ་རག་པ་ལ་སོགས་པ་བྱོན་པའི་ཤཱཀྱ་གཞོན་གྱིས་གདན་ས་མཛད་དེ། དེ་ནས་རིམ་པ་ལྟར་བྱོན་ནོ། །གླིང་སྟོད་པ་ནི། འཇམ་རྩི་ནིའི་སློབ་མ་གཙང་པ་འཇམ་སེང་། དེའི་རྗེས་སུ་འཛིན་སྟོན་ཞུས་སྟོན། བློ་གྲོས་འབར་རྣམས་རིམ་པར་བྱོན། དེ་ནས་སློབ་དཔོན་གཉལ་ཞིག་འོན་བྱང་རྡོ་ནས་སྤྱན་དྲངས་ཏེ་གདན་ས་ལོ་བཅོ་བརྒྱད་མཛད་ཅིང་། སློབ་མ་བུ་དགུར་གྲགས་པ་ནི། ཟད་རིང་། ཕུ་དར་དཀོན། གཙང་པ་གླུ་གུ་རྣམས་ལ་སྔ་ཚར་བ་གསུམ། འུ་ཡུག་པ་བསོད་ནམས་སེངྒེ། བོ་དོང་རིན་ཆེན་སེངྒེ། སློབ་དཔོན་འཛམ་ནམ་གསུམ་ལ་བར་ཚར་གསུམ། རྒྱ་འཕྲེང་། འཇམ་གསར། སྐྱེ་བ་ནག་གསུམ་ལ་ཕྱི་ཚར་གསུམ་ཟེར་རོ། །དེ་ལྟར་སློབ་མ་མང་ཡང་གདན་ས་རྒྱལ་བ་པོ་སྟོན་གྱིས་བྱས། དེ་ནས་རྒྱ་འཕྲེང་པ་བདེ་བ་ཅན་ནས་སྤྱན་དྲངས་ཏེ་གདན་ས་མཛད། དེ་ནས་ཆུ་མིག་པ་སེངྒེ་དཔལ་གྱིས་གདན་ས་ལོ་བཅོ་བརྒྱད་མཛད། དེ་ནས་ད་ལྟའི་བར་དུ་གདན་ས་མ་ཆད་པར་བྱོན་པའོ། །ལོ་ཙཱ་བའི་བུ་ཆེན་ཁྱུང་རིན་ཆེན་གྲགས་ཀྱི་སློབ་མ། སྟོད་ལུང་རྒྱ་དམར། སྟག་པ་ཁ་ཆེ་སོགས་ལས་བརྒྱུད་པ་ཉང་སྟོད་གནས་གསར་ལ་སོགས་སུ་དར་རོ། །འབྲེ་ཤེས་རབ་འབར་གྱི་ཉང་སྟོད་གནས་རྙིང་དུ་ཕར་ཕྱིན་གྱི་གྲྭ་ས་བཙུགས་ཏེ། ལས་སྟོད་པ་དཀོན་མཆོག་འབར་ལ་སོགས་པ་སྨིན་པར་མཛད་དོ། །ཨར་བྱང་ཆུབ་ཡེ་ཤེས་ཀྱིས་གནམ་རྩེང་ལྡིང་དང་། གཞུ་ཀུན་དགའ་ར་བ་སོགས་སུ་ཆོས་གསུངས་ཏེ། གྲྭ་པ་དཔེ་འགྲེམས་དུས་གཅིག་ལའང་བརྒྱད་བརྒྱ་ཙམ་འདུས། གྲགས་ཆེ་བ་དཀར་ཆུང་རིང་མོ་སོགས་མང་དུ་བྱོན་ནོ། །གཞན་ཡང་གཉལ་ཞིག་གི་སློབ་མ་ལས་བརྒྱུད་པའི་ས་སྐྱ། ཞ་ལུ་སོགས་གཙང་གི་ཆོས་སྡེ་གྲགས་ཆེ་བ་རྣམས་སུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཏེ། མདོར་ན་རྔོག་ལོ་ཙཱ་བ་ཁུ་དབོན་ནས་བརྒྱུད་པ་རྣམས་ཨ་ཏི་ཤའི་སློབ་བརྒྱུད་ཀྱི་མཆོག་ཏུ་གཏོགས་ཤིང་། བསྟན་པ་སྤྱི་ལ་བཀའ་དྲིན་ཆེ་བས་ཟུར་ཙམ་སྨོས་པའོ། །གཉིས་པ་མངའ་རིས་པ་ཤེས་རབ་རྒྱལ་མཚན་ལས། གླེགས་བམ་བྱུང་ཚུལ་ནི། རྔོག་ལེགས་པའི་ཤེས་རབ་དེ་ཉིད་གསང་ཕུར་གྲྭ་པ་ལྔ་བརྒྱ་ཙམ་འདུས་ཏེ། གཞན་ཕན་སྐྱོང་བའི་དུས་སུ་དེ་རྣམས་ཀྱི་ནང་ནས་རྣམ་གཡེང་ལ་མི་དགའ་ཞིང་། འདོད་ཡོན་ལ་ཆེད་དུ་མི་བྱེད་པའི་བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན་ཞེས་པ་མངའ་རིས་སྟོད་པ། ཇོ་བོ་དང་འབྲོམ་གཉིས་ཀ་ལ་ཆོས་ཀྱང་ཐོས་པ་ཅིག་ཡོད་པ་དེ། འདུ་ཚོགས་ལ་མི་འོང་བར། གསང་ཕུའི་ནགས་ཁྲོད་ཅིག་ན་སྒོམ་འབའ་ཞིག་མཛད་ཀྱིན་བཞུགས་པ་ལ། དེ་དུས་རྔོག་གསང་ཕུ་བ། ནགས་གསེབ་ན་ཡར་སྐྱོ་སངས་ལ་བྱོན་པ་ན། བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན་དང་མཇལ་ནས། རྔོག་ལ་ཕྱག་འཚལ་བ་དང་། རྔོག་ན་རེ་ཁྱེད་བཟའ་བཏུང་། ལོངས་སྤྱོད་ལ་མི་བལྟ་བ་ངོ་མཚར་ཆེ། དུས་དེང་སང་རྣམ་གཡེང་སྤངས་ནས་འདི་ལྟ་བུའི་དགེ་སྦྱོར་བྱེད་པ་ལ་དཀའ་ལས་ཡོད། ཁྱེད་ཐུགས་དམ་གྱི་མཐིལ་ཅི་ལ་མཛད་གསུངས་པས་ཤེས་རབ་རྒྱལ་མཚན་ན་རེ། ཡོངས་འཛིན་དམ་པ་གསན་དུ་གསོལ། འདུས་བྱས་ཆོས་ནི་འདི་འདྲ་བ། །སྐྱེས་པའི་ཐ་མ་འཆི་བའི་ཆོས། །བསགས་པའི་ཐ་མ་འཛད་པ་ལ། །ཚེ་འདིའི་སྣང་བ་བག་རེ་ལ། །རྒྱུ་མཚན་ཅི་ཡང་མི་གདའ་བ། །དེ་བས་མི་རྟག་ཐུན་རེ་སྒོམ། །གསུངས་པས། རྔོག་གིས་དགོངས་པ་ལ། འདི་ཆོས་སྐད་ཐུན་མོང་བ་ཡིན། འདི་ལ་དགེ་སྦྱོར་གྱི་ཁྲིགས་དང་། དད་གུས་ཅི་འདུག་ལྟ་སྙམ་ནས། དྲི་ལན་མང་དུ་མཛད་པས། བཀའ་གདམས་གླེགས་བམ་རྔོག་གི་ཕྱག་ཏུ་བཞུགས་པ་ཤེས་རབ་རྒྱལ་མཚན་གྱིས་བཙད་ཆོད་དེ་ཞུས་པ། ཐོག་མར་བུ་ཆོས་ཀྱི་ལེའུ་དང་པོ། བྲམ་ཟེའི་ཁྱེའུ་གསལ་བར་སྐུ་སྐྱེ་བ་བཞེས་ཚུལ་སོགས་གསུངས། མདོར་ན་ཚིག་རེ་རེ་ལའང་བསླབ་པ་གསུམ། ལྷ་བཞི། རྗེས་དྲན་ལྔ་ཚང་བ་རེ་མཛད་དེ་བསླབ་གསུམ་ཡང་། ཚུལ་ཁྲིམས་བསྲུང་བ་དང་། གཞན་དོན་དུ་བསམ་པ་བཟང་པོ་བྱེད་པ་དེ་ཐམས་ཅད་བདེན་གཉིས་སུ་དྲིལ་ནས་ཉམས་སུ་ལེན་པ་དང་། ལྷ་བཞི་ནི། རབ་ཏུ་བྱུང་བའི་ཆ་ནས་ཤཱཀྱ་ཐུབ་པ། ཚད་མེད་པ་བཞི་ལ་དགེ་སྦྱོར་བྱེད་པའི་ཆ་ནས་ཐུགས་རྗེ་ཆེན་པོ། འགྲོ་དོན་བྱེད་པའི་ཆ་ནས་རྗེ་བཙུན་མ་སྒྲོལ་མ། གཉེན་པོ་བསྟེན་པའི་ཆ་ནས་མི་གཡོ་བ་དང་། རྗེས་དྲན་ལྔ་ནི། ལྷག་པར་སྒྲོལ་མ་འདི་སྐད་གསུངས། །སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས། །ཁྱོད་ཀྱི་རྗེས་འབྲང་ཁོ་མོས་སྐྱབས། །ཁོ་མོའི་གདམས་པ་འདི་ལོངས་ལ། །རྗེས་སུ་འབྲངས་ལ་བསྟན་པར་གྱིས། །སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། ངག་ནི་བཟླས་བརྗོད་རྒྱུན་པར་མཛོད། །འགྲོ་བ་མ་ལུས་ཕ་མར་སོམས། །སེམས་ཀྱི་གནས་ལུགས་སྟོང་པར་སྤྱོད། །ལྔ་པོ་དེ་ཡི་སྐྱ་བར་ནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་ཏེ། འདི་རྣམས་ཀྱི་ནང་དུ་གླེགས་བམ་གྱི་ཉམས་ལེན་འདུ་བར་བཞེད་ཅིང་། བཀའ་བབས་ཆེ་ཆུང་གང་ཟག་བློ་མཐོ་དམན་གྱི་རིམ་པས་འབྱེད་ཚུལ་གླེགས་བམ་ལས་གསུངས་པ་རྣམས་བསྟན་ནས། དེ་ནས་རྗེས་སུ་གླེགས་བམ་གྱི་པོ་སྟི་ཚང་བ་བཀའ་རྒྱ་དང་བཅས་ཏེ་གནང་། ཤེས་རབ་རྒྱལ་མཚན་གྱིས་ཀྱང་གནས་ངེས་མེད་དུ་བཞུགས་ནས་ཉམས་ལེན་མཛད་དོ། །དེ་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཕུ་ཆུང་པ་གཞོན་ནུ་རྒྱལ་མཚན་ལ་གནང་། དེས་ཀ་མ་བ་རྣལ་འབྱོར་པ་རིན་ཆེན་རྒྱལ་མཚན་ལ། དེས་སྟབས་ཁ་བ་ཞང་སྟོན་དར་མ་རྒྱལ་མཚན་ལ། དེས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་སྐྱེ་བྱང་ཆུབ་བཟང་པོ་ལ། དེས་ནམ་མཁའ་རིན་ཆེན་ལ་གནང་། དེ་དག་གི་ལོ་རྒྱུས་རྒྱས་པར་དོན་དུ་གཉེར་ན། གླེགས་བམ་གྱི་བྱུང་ཚུལ་ངོ་མཚར་རྨད་དུ་བྱུང་བའི་དཔལ་འབྱོར་ཞེས་པར་བལྟའོ། །ཞར་ལ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་ལོ་རྒྱུས་ནི། ཡར་ལུང་ཐང་པོ་ཆེ་དང་ལྷ་སྡིངས་སུ་བྱོན། སྤྱིར་ཇོ་བོའི་ཆོས་མང་དུ་མངའ། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྩལ་ཐོན། གཤིན་རྗེ་གཤེད་ཀྱི་ཞལ་གཟིགས། སློབ་མའི་མཆོག་མངོན་པ་ལ་མཁས་པ་བྲང་ཏི་དར་མ་སྙིང་པོ་སོགས་དང་། གླེགས་བམ་ལས། ན་ག་རཱ་ཛ་ལ་སོགས་པའི་འཁོར་ལྔ་བརྒྱ་ཙམ་ཡོད་ཅེས་འབྱུང་ངོ་། །གསུམ་པ་ནག་ཚོའི་རྗེས་སློབ་བྱོན་ཚུལ་ནི། ནག་ཚོ་ལོ་ཙཱ་བ་ལ། མངའ་རིས་སྐོར་གསུམ་དུ་སློབ་མ་མང་དུ་བྱོན་པ་ལ། དབུས་སུ་གྲགས་ཆེ་བ་རོང་པ་ཕྱག་སོར་བ་ཡིན་ཏེ། ཁོང་རང་གི་སྐྱེ་བ་བཅུ་གསུམ་དྲན་ཅིང་། མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ། སྒོམ་པའི་སྟོབས་ཀྱིས་རིག་པའི་གནས་ལ་མཁས་པ་དང་། དང་པོར་ཇོ་བོ་ཆེན་པོའི་གདམས་ངག་ཁོ་ན་རྩད་གཅོད་པ་ལ་ཇོ་བོའི་དངོས་ཀྱི་སློབ་མ་ཞང་བཙུན་ཡེར་པ་བ། ཡེར་པ་གཟིམ་ཁང་གི་སྒོམ་པ་དད་པ་བླ་མ། ར་སྒྲེང་དུ་བཤེས་གཉེན་སྟོན་པ། རྣལ་འབྱོར་པ་ཆེན་པོ། དཔལ་ལྡན་དགོན་པ་བ། མཁའ་རུ་བ་སྔ་མ། ལོ་ཙཱ་བ་ནག་ཚོ། ཇོ་བོ་ལེགས་དང་བརྒྱད། ཉིང་སློབ་མཁའ་རུ་བ་ཕྱི་མ། དགེ་བཤེས་ཡུང་ང་བ་དང་བཅུ་ལ་བསྟེན་ནས་བཤད་པ་དང་སྒྲུབ་པའི་གདམས་པ་དང་། ཇོ་བོའི་ལོ་རྒྱུས་རྩད་བཅད་པས། ཇོ་བོ་དངོས་ཀྱི་སློབ་མ་རྣམས་གསུང་མཐུན་པར་བྱུང་། ཉིང་སློབ་གཉིས་གསུང་མ་མཐུན་ཏེ། ཁྱད་པར་དུ་བསྟན་རིམ་གྱི་མཚན་འདོགས་ལུགས་ལ། མཁའ་རུ་བ་ཕྱི་མའི་ཞལ་ནས། བསྟན་པའི་སྲོལ་ཁ་བྱ་བ་ཡིན་གསུངས། ཡུང་ང་བའི་ཞལ་ནས། ཁྱོད་ཀྱི་སློབ་དཔོན་བློ་རྟུལ་བས་མ་ཟིན་པར་སྣང་། བླ་མ་རྣམས་བསྟན་པའི་རིམ་པ་ཞེས་གསུངས་པ་ཡིན། དེ་ཡང་། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །བྱ་བའི་དོན་ཡིན་གསུངས། དེ་ནས་རོང་པ་ཕྱག་སོར་བའི་དགོངས་པ་ལ། ཇོ་བོ་དངོས་ལ་ལོ་བཅུ་དགུ་བསྟེན་པའི་ལོ་ཙཱ་བ་ཆེན་པོ་དེ། ད་དུང་མངའ་རིས་གུང་ཐང་ན་བཞུགས་ཡོད་འདུག་པས། ཇོ་བོ་དངོས་སུ་བཞུགས་ཀྱང་ལོ་ཙཱ་བ་བར་དུ་འཇུག་དགོས་པས། དེ་རང་ལ་ཅིག་གཏུག་དགོས་དགོངས་ནས་མང་ཡུལ་དུ་བྱོན་པས། ལོ་ཙཱ་བ་ཆེན་པོ་དེ་གུང་ཐང་ཡང་ཐོག་གི་གཙུག་ལག་ཁང་ན་བཞུགས་པའི་དྲུང་དུ་བྱོན་ནས། དང་པོར་གསང་སྔགས་ཀྱི་གདམས་པ་ཆེ་ཆུང་མང་དུ་ཞུས་ནས་བག་ཕབ། དེ་ནས་ཕྱི་དེ་ལོ་ལ་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་པའི་གདམས་པ་དང་། ཇོ་བོ་ཆེན་པོའི་སྐུ་ཆེ་བའི་ཡོན་ཏན་དང་། བོད་དུ་སྤྱན་དྲངས་ལུགས་གསུང་བར་ཞུ་བ་ཕུལ་བས། ལོ་ཙཱ་བའི་ཞལ་ནས། དེ་ལ་ང་མཁས་པ་ཡིན། ལོ་དགུ་བསྟེན། བོད་དུ་ངས་སྤྱན་དྲངས་པས། ཇོ་བོའི་ལོ་རྒྱུས་ལ་ཤིན་ཏུ་མཁས་པ་ཡིན་ཏེ། ཁྱོད་མིན་པ་རྩད་གཅོད་པ་རང་ཡང་མ་བྱུང་གསུངས་ནས། ལོ་རྒྱུས་ཆེན་མོ་ལམ་ཡིག་དེའི་དུས་སུ་གསུངས། སྒྲུབ་པའི་གདམས་ངག་ཀྱང་མ་ལུས་པ་གནང་སྟེ། ཉིན་རེ་ལ་ཆོས་ཐུན་གསུམ་གསུམ་གསུངས། ཐེག་པ་ཆེན་པོ་སྔགས་ཀྱི་སྒོར་ཡང་བཅུག་སྟེ། དབྱར་རེ་ལ་སྔགས་ཀྱི་གླེགས་བམ་དྲུག་ཅུ་ཙམ་ཐོན་པར་བྱས་ཏེ་ལོ་གསུམ་བཞུགས། བསྟན་རིམ་གྱི་མཚན་འདོགས་ལུགས་ཀྱང་། ཡུང་ང་བའི་གསུང་བཞིན་དུ་འདུག་གསུངས། དེ་ནས་མར་འབྱོན་ཁར། ཁྱོད་ཀྱིས་སྒྲུབ་པའི་གནས་འདི་ལྟ་བུ་ཅིག་ཏུ་སྒྲུབས་ཤིག འཕགས་པ་སྤྱན་རས་གཟིགས་ཞལ་མཐོང་པར་འགྱུར་རོ་ཞེས། ལག་སོར་དགོན་པའི་ལུང་བསྟན་ཡང་མཛད། དེ་ནས་མར་ལ་སྐྱེལ་ཐུང་མཛད་དེ། འགྲོ་ཆོས་ཤིག་ཞུས་པས། གོང་ཐང་པའི་ཞལ་ནས། དལ་འབྱོར་རྟེན་ཅིག་ཤེས་རབ་ཅན། །ཚེ་འདི་ཇི་ལྟར་བྱས་ཀྱང་ཕྱི། །བླ་མེད་བྱང་ཆུབ་རྙེད་དཀའ་བས། །འབད་པ་ཆེན་པོ་བྱ་འཚལ་ལོ། །ཞེས་པ་ལ་བརྟེན་ནས་ཆོས་ཐུན་གཅིག་གསུངས། དེར་ཐེག་པ་ཆེན་པོ་མཐའ་དག་གི་ཆོས་མ་ལུས་པ་འདུས་པ་ཡིན་གསུངས། དེ་ནས་མར་བྱོན། ཕོད་མདོ་བས་སྣེ་ལེན་བཟང་དུ་བྱས་ཏེ། བསྟན་པ་ལ་ཕན་པའི་ཆོས་ཤིག་ཞུ་ཟེར་བས། མདོ་རྩ་དང་བསླབ་པ་ཀུན་ལས་བཏུས་པ་གཉིས་གསུངས། དེ་ནས་ཚེ་འདིའི་བྱ་བ་ཐམས་ཅད་ལིང་གིས་བསྐྱུར་ནས་བླ་མས་ལུང་བསྟན་པའི་གནས་ལག་སོར་དགོན་པར་བཞུགས་ཏེ། ཉེ་གནས་དང་ཡང་མི་མཇལ་བས། གསོལ་བ་བུག་སྒོ་ལ་བླངས་ཏེ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས། ལོ་གསུམ་ན་ཐུགས་རྗེ་ཆེན་པོའི་ཞལ་མཐོང་། ལུང་བསྟན་ཏེ། ཁྱོད་ཀྱིས་ཚེ་འདི་ཉིད་དུ་མཐོང་ལམ་ཐོབ་ནས། སློབ་མ་ཡང་སུམ་ཅུས་ཞལ་མཐོང་བར་འགྱུར་གསུངས། དེ་ནས་ལོ་ཉི་ཤུ་རྩ་བཞི་སོང་བའི་དུས་མནལ་ལམ་དུ་མཁའ་འགྲོ་མ་མང་པོ་བྱུང་ནས་ཇོ་བོའི་རིང་བསྲེལ་མ་སྦ་བར་སྟོན་ཟེར་ནས། རིང་བསྲེལ་སྡེར་གང་གཏད་པ་ལྷོ་ཕྱོགས་སུ་གཏོར་བ་ཞིག་རྨིས། ཕྱིས་རོང་པའི་བུ་བཞིར་གྲགས་པ་ལྷོར་འབྱུང་བ་ལ་ལྟ་བར་འདུག་གསུངས། དེ་ནས་པ་ཚབ་འཕྲང་ཁ་རྗེའི་འཁྲུག་པའི་འདུམས་མཛད་པ་ལ། ཕོད་མདོར་བྱོན་པ་དང་། རྨ་ཚོ་བྱང་རྡོར་ཟེར་བ་འདུལ་བ་འཛིན་པ་ཆེན་པོ་དེ་དང་མཇལ་བས། ཁོང་དད་དེ། སྐྱིད་ཤོད་འོན་ལྗང་རྡོར་སྤྱང་ཆོས་བཙུགས་པ་བས་དེའི་དུས་རྨ་ཚོའི་ཟུར་ཆོས་པ་ཆེ་བ་བཞིས་ཆོས་ཞུས་པས། རོང་པའི་བུ་བཞིར་གྲགས་པ་ནི། བྱ་འདུལ་བ་འཛིན་པ། རོག་འཆིང་ཕུ་བ། རྣམ་སྤར་བ། དགེ་བཤེས་ཞུ་ལན་པའོ། །རྒྱ་ར་སྟོན་བརྗིད་དགེ་བསྙེན་པས་བུར་མ་བགྲང་། དེ་ལྔས་ཇོ་བོའི་གདམས་པ་ཞུས། ཟིན་བྲིས་མཛད་པས་བྱ་འདུལ་བ་འཛིན་པས་གདམས་པ་དང་ལོ་རྒྱུས་ཉུང་འདུས་གཅིག་མཛད། འཆིང་ཕུ་བས་ལོ་རྒྱུས་ཉུང་འདུས་ལ་གདམས་པ་མང་བ་ཞིག་བྱས། རྣམ་སྤར་བས་ལོ་རྒྱུས་མ་བྲིས་པ་གདམས་ངག་རྣམས་བྲིས། ཞུ་ལན་པས་གདམས་ངག་དང་ལོ་རྒྱུས་གཉིས་ཀ་རྒྱས་པར་བྱས་ནས། ཁྱད་པར་དུ་ལོ་རྒྱུས་ཞིབ་པར་མཛད་དེ། མདོ་སྡེ་རྣམས་ལས། སངས་རྒྱས་ཀྱིས་ཡུལ་འདིར་གང་ཟག་འདི་ལ་ཆོས་འདི་གསུངས་བྱ་བ་ཡོད་པས། ཆོས་ཁུངས་བཙུན་པར་རྟོགས་པ་ལ་ལོ་རྒྱུས་འདི་གལ་ཆེ་བ་ཡིན་གསུངས་ནས་རྒྱས་བར་བྲིས། ཡི་གེ་དེ་ཐམས་ཅད་འདུལ་བ་འཛིན་པའི་ཕྱག་ཏུ་བྱུང་བས་ཁོང་གི་ཕྱོགས་གཅིག་ཏུ་བསྒྲིགས་པས། ཇོ་བོའི་ལམ་ཡིག་ཏུ་གྲགས། རྒྱ་ར་སྟོན་བརྗིད་ལ་སྔགས་ཀྱི་གདམས་པ་གཙོ་བོར་གནང་། འདིས་རྒྱ་རའི་དགོན་པ་བཏབ། གཞན་ཡང་། བ་སྤུ་བ་ཤེས་རབ་ཚུལ་ཁྲིམས་ཀྱིས་ཕྱག་སོར་བ་ཡུན་རིང་དུ་བསྟེན། ཇོ་བོ་ནས་བརྒྱུད་པའི་ཆོས་སྐོར། ཁྱད་པར་སྤྱན་རས་གཟིགས་ཀྱི་གདམས་ངག་ཐམས་ཅད་མ་ལུས་པར་གནང་། ལུང་བསྟན་ནས་ཐུགས་རྗེ་ཆེན་པོ་བསྒྲུབས་པས་ལོ་ལྔ་ན་ཞལ་མཐོང་། ཐེག་པ་ཆེན་པོ་སྦྱོར་ལམ་གྱི་རྟོགས་པ་བརྙེས་པ་ཡིན་གསུངས། བ་སྤུ་བས་འཕགས་གཅེས་སྒོམ་ཤེས་རབ་རྡོ་རྗེ་དང་། མངའ་རིས་པ་ཤེས་རབ་རྒྱལ་མཚན་གཉིས་ལ་གསུངས། དེ་གཉིས་ཚོགས་ལམ་ཆེན་པོ་བ་ཡིན་གསུངས། གཅེ་སྒོམ་གྱིས་ཐོག་མར་བྲག་ལྷ་ཀླུ་ཕུག་ཏུ་ལོ་བརྒྱད་སྒྲུབ་པ་མཛད་ནས། འཕགས་པའི་ཞལ་དངོས་སུ་མཐོང་ངོ་། །བླ་མ་མངའ་རིས་པ་ལ་རུ་མཚམས་ཀྱི་བྲག་ཕུག་ཏུ་བསྒྲུབས་པས་ཞལ་མཐོང་བར་འགྱུར་གསུངས་ནས་ལུང་བསྟན་ཏེ། བསྒྲུབས་པས་ལོ་བཞི་ན་ཞལ་མཐོང་། དུས་རྒྱུན་དུ་མི་མ་ཡིན་གྱིས་འཚོ་བ་དྲངས་གསུངས། དེ་གཉིས་ཀ་ལ་གྲུབ་ཐོབ་སྐྱེར་སྒང་པས་ཞུས་པས། ལོ་ཕྱེད་དང་བཞི་བསྒྲུབས་བས་ཞལ་མཐོང་ནས། སྙིགས་མའི་དུས་སུ་ཞལ་མཐོང་གི་བརྒྱུད་པ་མང་དུ་འབྱུང་གསུངས་ལུང་བསྟན་མཛད་དེ། སློབ་མ་ཡང་ལྔ་བཅུས་ཞལ་མཐོང་ངོ་། །དེས་སངས་རྒྱས་གཉན་སྟོན་ལ་གསུངས་ཏེ། སྐྱེར་སྒང་དུ་དབྱར་ཐོག་དགུན་ཐོག་བཅུ་གསུམ་བཞུགས། གདམས་ངག་གཅིག་བརྒྱུད་ཐམས་ཅད་མ་ལུས་པར་གནང་ནས། ལོ་གསུམ་བསྒྲུབས་པས། ཕྱག་བཞི་པ། ཁརྶ་པ་ཎི། བཅུ་གཅིག་ཞལ། ཕྱག་སྟོང་སྤྱན་སྟོང་རྣམས་ཞལ་མཐོང་། སློབ་མ་བཅུ་གཅིག་གིས་ཞལ་མཐོང་བའི་ལུང་བསྟན་མཛད་པ་བཞིན་བྱུང་གསུངས། དེ་ནས་དེ་ལྟ་ཡང་བརྒྱུད་པ་མ་ཆད་པར་བཞུགས་པ་དང་། གཞན་ཡང་ནག་ཚོ་ནས་བརྒྱུད་པའི་ཆོས་སྐོར། གསང་བ་འདུས་བའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལ་བརྟེན་པའི་མན་ངག་ལ་སོགས་པ་འགའ་རེ་གནང་ངོ་། །


previousསློབ་པའི་བཤེས་གཉེན་བྱོན་ཚུལ། next