རྗེ་བཙུན་བླ་མ་མུས་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ།
རྗེ་བཙུན་བླ་མ་མུས་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།། དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོའི་གསུང་རབ་རྒྱ་མཚོ་བློ་གྲོས་རྒྱ་མཚོས་ཡོངས་བཟུང་སྟེ། །རྒྱལ་སྲས་རྒྱ་མཚོའི་སྤྱོད་པ་རྒྱ་མཚོ་བརྩོན་པ་རྒྱ་མཚོས་ལེགས་བསྒྲུབ་པས། །མདོ་རྒྱུད་རྒྱ་མཚོའི་དགོངས་པ་རྒྱ་མཚོ་ལག་ལེན་རྒྱ་མཚོའི་ཚོགས་བཅས་ཀྱིས། །སྐལ་ལྡན་རྒྱ་མཚོའི་དད་པ་རྒྱ་མཚོར་གདམས་པ་རྒྱ་མཚོས་གཏམས་མཛད་རྒྱལ། །སྐྱོན་མེད་ཡོན་ཏན་ཀུན་གྱི་མཛོད་མངའ་ཁྱོད་ཀྱི་རྣམ་ཐར་མ་ལུས་པ། །གྲངས་མེད་ལྕེ་ཡིས་བསྐལ་པར་བརྗོད་ཀྱང་བས་པར་མི་འགྱུར་དེ་ལྟ་ནའང་། །བསླུ་མེད་ངག་གིས་ཐུན་མོང་གྲགས་པ་ཙམ་ཞིག་འདིར་ནི་བརྗོད་པ་ལ། །ཟོལ་མེད་དད་པའི་ཡིད་ལྡན་དོན་གཉེར་ཚོགས་རྣམས་དགའ་བས་ཉན་པར་གྱིས། །རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་ནས་སྙིགས་མའི་དུས་སུ་གངས་རིའི་ཁྲོད་འདིར་མིའི་གཟུགས་སུ་སྤྲུལ་ཏེ། འགྲོ་བ་རྣམས་ཀྱི་དོན་མཛད་པའི་བདག་ཉིད་ཆེན་པོ་ལྷ་དང་བཅས་པའི་འཇིག་རྟེན་ན། དཀོན་མཆོག་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་ངོ་མཚར་ཆུ་རྒྱུན་ཞེས་བྱ་བ་ཚིགས་སུ་བཅད་པ་བདུན་ཅུ་པ་ཞིག་སྔར་རྣམ་པར་སྤེལ་བ་ལས། སླར་ཡང་དེ་ཉིད་ཀྱི་དོན་རྣམ་པར་འགྲེལ་པ་ཅིག་གྱིས་ཤིག་ཅེས་ཡུལ་མཆོག་ལ་དད་པ་དང་ལྡན་པ་དག་གིས་བསྐུལ་བའི་ཕྱིར་ན་ངོ་མཚར་རྒྱ་མཚོ་འདི་འབྲི་བ་ལ་སྐྱོན་མེད་དོ། །འདི་ལ་གསུམ་སྟེ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན། བརྩམ་པར་བྱ་བ་གཞུང་གི་དོན། རྩོམ་པ་མཐར་ཕྱིན་པ་མཇུག་གི་དོན་ནོ། །དང་པོ་ལ་མཚན་གྱི་དོན། མཆོད་པར་བརྗོད་པ། བཤད་པ་དམ་བཅའ་བ་དང་གསུམ་ལས། དང་པོ་ནི། རྗེ་བཙུན་བླ་མ་དམ་པ་མུས་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་ཆུ་རྒྱུན་ཞེས་བྱ་བ་ཞེས་པ་སྟེ། རྗེ་བཙུན་དམ་པའི་ཡོན་ཏན་མ་དྲོས་པའི་མཚོ་ལས་བྱུང་ཞིང་། མཐོང་བ་དང་ཐོས་པ་དག་གིས་ངོ་མཚར་གྱི་དཔལ་བསྐྱེད་ལ། གདུལ་བྱ་རྣམས་ཀྱི་དད་པའི་རྒྱ་མཚོར་འཇུག་པའི་ཕྱིར་ན་དེ་སྐད་ཅེས་བྱའོ། །གཉིས་པ་ལ། ལམ་སྟོན་པ་པོ་སངས་རྒྱས་ལ་མཆོད་པར་བརྗོད་པ། དངོས་གྲུབ་སྟེར་བ་པོ་བླ་མ་ཉིད་ལ་མཆོད་པར་བརྗོད་པ་དང་གཉིས་ལས། དང་པོ་ནི། རྒྱལ་བ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཞེས་པའོ། །གཉིས་པ་ནི། དཀོན་མཆོག་མཁྱེན་པའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། འདིའི་མཚན་གྱི་དོན་མཁྱེན་བརྩེ་ནུས་པ་གསུམ་དང་སྦྱར་ནས། དེ་ཉིད་ཀྱང་རིགས་གསུམ་གྱི་རྒྱལ་བ་གསུམ་དང་མཚུངས་པར་སྟོན་པའོ། །ནས་ཞེས་པ་ནི་ལྷག་མ་འདྲེན་པའི་ཚིག་གོ །གསུམ་པ་ནི། སྐྱེས་ཆེན་དམ་པའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། སྐྱེས་བུ་ཆེན་པོ་འདི་ཉིད་ངེས་པའི་དོན་དུ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་ཕྱི་དང་ནང་གི་མངོན་པར་བྱང་ཆུབ་པའི་ཚུལ་གྱིས་མངོན་པར་རྫོགས་པར་སངས་རྒྱས་ནས། སླར་ཡང་འཇིག་རྟེན་གྱི་ཁམས་གཞལ་དུ་མེད་པ་ན། སྤྲུལ་པ་དཔག་དུ་མེད་པས་སེམས་ཅན་གྱི་དོན་མཛད་པར་ངེས་པའི་ཕྱིར་ན་རྣམ་པར་ཐར་པ་མ་ལུས་པ་ནི་སུས་ཀྱང་བརྗོད་པར་མི་ནུས་ཏེ། ཚད་གཟུང་དུ་མེད་པའི་ཕྱིར་རོ། །དེའི་ཆ་ཤས་ཞིང་འདིར་སྐལ་བ་མཉམ་པའི་གདུལ་བྱ་རྣམས་ལ་ཐུན་མོང་དུ་སྣང་བ་རྒྱ་མཚོ་ལྟ་བུ་ལས་དད་པའི་བློ་གྲོས་ཀྱི་སྙིམ་པས་བཅུས་ཏེ། བདག་ཉིད་ཀྱང་དམ་པ་འདི་ལྟ་བུ་ལས་གདམས་པ་འདི་ལྟ་བུ་ཐོབ་བོ་སྙམ་དུ་ཡིད་ཚིམ་པ་དང་། གཞན་དག་ལ་ཡང་དད་པའི་ཆུ་རྒྱུན་མ་སྐྱེས་པ་སྐྱེད་པ་དང་། སྐྱེས་པ་སྤེལ་བའི་ཕྱིར་དུ་རང་ཉིད་ཀྱིས་མཐོང་བ་དང་། ཡིད་ཆེས་པ་ལས་ཐོས་པ་དང་། ཡང་དག་པའི་གཏན་ཚིགས་ལས་ངེས་པ་རྙེད་པ་རྣམས་བརྗོད་པར་བྱའོ་ཞེས་པའི་དོན་ཏོ། །གཉིས་པ་ལ་གསུམ་སྟེ། ཡོན་ཏན་རྟོགས་པའི་ཆེད་དུ་རྣམ་ཐར་བརྗོད་པ། བསོད་ནམས་སྤེལ་བའི་ཆེད་དུ་རྒྱུན་བཤགས་བྱ་བ། འབྲས་བུ་འགྲུབ་པའི་ཆེད་དུ་སྨོན་ལམ་གདབ་པའོ། །དང་པོ་ལ་བརྒྱད་དེ། རིགས་ཁྱད་པར་ཅན་དུ་འཁྲུངས་པའི་ཚུལ། ངེས་འབྱུང་གི་བསམ་པས་བསྐུལ་བའི་ཚུལ། བསྟན་པའི་སྒོར་ཞུགས་པའི་ཚུལ། ཐོས་བསམ་གྱིས་རྒྱུད་སྦྱངས་པའི་ཚུལ། བསྒོམ་པས་ཉམས་སུ་བླང་བའི་ཚུལ། བླ་མ་ལྷ་ཡིས་རྗེས་སུ་བཟུང་བའི་ཚུལ། འབྲས་བུས་བསྟན་པ་ལ་བྱ་བ་བྱས་པའི་ཚུལ། བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གཞན་བསྟན་པའོ། །དང་པོ་ནི། རྒྱ་ཆེན་སྨོན་ལམ་ཞེས་སོགས་ཚིགས་བཅད་གཅིག་སྟེ། འགྲོ་བ་མགོན་མེད་པ་རྣམས་ཀྱི་མགོན་དུ་གྱུར་ཅིག་ཅེས་པའི་སྨོན་ལམ་གྱིས་སྔོན་བསགས་པའི་ཚོགས་གཉིས་ཀྱི་ཆུ་གཏེར་བསྲུབས་པ་ལས། སྡེ་སྣོད་ གསུམ་དང་རྒྱུད ་སྡེ་བཞིའི་བསྟན་པར་གསེར་གྱི་རི་བོས་བསྐོར་བའི་གངས་རིའི་ཁྲོད་འདིར་དལ་འབྱོར་གྱི་ལྷུན་པོ་བརྙེས་ཏེ། དེ་ཡང་དབུས་གཙང་རུ་བཞིར་གྲགས་པའི་གཡས་རུ་བྱང་གི་ཆ་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་བྱིན་གྱིས་བརླབས་པའི་སྐྱེས་ཆེན་དུ་མ་བྱོན་པའི་མུས་ཀྱི་ལུང་པའི་སྟོད། རྟ་མོ་གླིང་སྐྱ་ཞེས་བྱ་བར། ཡབ་དཀོན་མཆོག་བཟང་པོ་ལོ་སོ་བཞི་ལོན་པའི་དུས་སུ། ཡུམ་ནམ་མཁའ་སྐྱོང་ལས། ས་ཕོ་འབྲུག་གི་ལོ་ལ་རྗེ་འདི་ཉིད་འཁྲུངས་པའི་མཚན་དཀོན་མཆོག་དར་ཞེས་བྱའོ། །དེ་ཡང་འདིའི་རིགས་ཞང་། རུས་པ་ལྡོང་ཡིན་ལ། ཡབ་མེས་ཞང་འོད་ལྡན་དེས་མུས་སུ་བྱོན། དེའི་སྲས་པོ་ཞང་གཡུང་ངེ་བཅུ་གཅིག་ཞལ་ལ་ཐུགས་དམ་དུ་མཛད་པས་ལོ་གྱ་དྲུག་ཐུབ། དེའི་སྲས་དཀོན་མཆོག་བཟང་པོ་སྟེ། ནམ་མཁའ་བློ་གྲོས་པ་ལ་རབ་བྱུང་ཞུས་པའི་མཚན་དཀོན་མཆོག་དཔལ། དེ་ནས་ཇོ་ནང་པ་ནམ་ཆོས་པ་ལ་དོན་ཞགས་དང་། སྦྱོར་དྲུག་ཞུས། མུས་ཆེན་ནམ་མཁའི་རྣལ་འབྱོར་པ་ལས་ཁྲིད་ཟབ་མོ་འགའ་ཞིག་ཞུས་ཏེ། དོན་ཞགས་ཀྱི་གཟུངས་དང་ཡི་གེ་དྲུག་པ་ལ་ཐུགས་དམ་མཛད་པ་ཞིག་སྟེ། དེས་ན་རྗེ་འདི་ཉིད་ནི་སྐྱེས་བུ་དམ་པའི་རིགས་སུ་འཁྲུངས་པ་ཡིན་ནོ། །གཉིས་པ་ནི། གཞོན་ནུ་ཉིད་ནས་ཞེས་སོགས་ཚིགས་བཅད་གཅིག་སྟེ། རྗེ་འདི་ཉིད་ཆུང་ངུའི་དུས་ནས་ཕྱི་རོལ་གྱི་དངོས་པོའི་འགྱུར་བ་ཙམ་ལ་བརྟེན་ནས་ཀྱང་མི་རྟག་པའི་བློ་སྐྱེས་ཏེ། འཇིག་རྟེན་ཐམས་ཅད་ལ་ཞེན་པ་ལོག་པ་དང་། ཕྱོགས་མཐའ་མེད་དུ་མི་དང་། བ་གླང་དང་། རི་དྭགས་སོགས་རབ་ཏུ་མང་པོ་ཡོད་པ་ལ་དཔག་ནས་འཁོར་བ་མཐའ་མེད་དུ་རྟོགས། ངེས་འབྱུང་གི་བློ་དྲག་པོ་སྐྱེས་པ་དང་། དགུང་ལོ་གཉིས་གསུམ་ཙམ་ན་ཡབ་ཡུམ་གྱི་རུམ་དུ་གཟིམས་པའི་དུས་སུ་སྣང་བ་བདེན་མེད་དུ་རྟོགས་པའི་ཏིང་ངེ་འཛིན་སྐྱེས་པ་དང་། རྩེད་མོ་རྩེ་བའི་དུས་སུ་ཡང་རྡོ་བ་དང་ཚ་ཁང་གི་ལྷ་ལ་སོགས་པ་ཆེ་བ་རྣམས་ལ་ཆུང་བ་རྣམས་བཏུད་ནས་བཙུན་པ་གྱིས། དབང་བསྐུར་ཞུས་ཞེས་བྱ་བ་ལ་སོགས་པ་ལས་ཐ་མལ་གྱི་རྩེད་མོ་མི་མཛད་པ་དང་། བྲག་ཕུག་སོགས་སུ་སླེབས་པའི་ཚེ་སྒོམ་བྱེད་པའི་རྣམ་འགྱུར་མཛད་པ་སོགས་རྣམ་པ་ཐམས་ཅད་དུ་དགེ་བ་བསྒྲུབ་པར་བཞེད་པའི་ངང་ཚུལ་ཅན་ཡིན་པར་གྲག་གོ །དེ་ནས་དགུང་ལོ་དགུ་ཚུན་ཆད་དུ་བླ་མ་གུ་རུ་པ་ཞེས་བྱ་བ་དང་། བླ་མ་མཁའ་འགྲོ་བ་ཞེས་བྱ་བའི་བུད་མེད་ཅིག་དང་། བླ་མ་ནམ་མཁའ་བློ་གྲོས་པ་རྣམས་ལ་ཆོས་ཅུང་ཟད་གསན་ནོ། །གསུམ་པ་ནི། བསྟན་ལ་འཇུག་ཚེ་ཞེས་སོགས་ཚིགས་བཅད་གཅིག་སྟེ། དགུང་ལོ་དགུ་བཞེས་པའི་དུས་སུ། མཁན་པོ་རྒྱལ་སྲས་ཐོགས་པ་མེད་པའི་དངོས་སློབ་དབང་འོད་བཟང་པོ། སློབ་དཔོན་དཔལ་འོད་པ་ལས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཁན་པོ་ལས། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་། ཐེག་པ་ཆེན་པོའི་བློ་སྦྱོང་ཟིན་བྲིས་མ། འགྲོ་མགོན་དཔལ་ཡེ་བས་མཛད་པའི་རྒྱལ་སྲས་པའི་རྣམ་ཐར་གྱི་ལུང་རྣམས་གསན་ནོ། །བཞི་པ་ལ་གཉིས་ཏེ། འདྲེན་པ་གཞན་ལས་ཇི་ལྟར་གསན་པའི་ཚུལ། འདྲེན་པ་མཆོག་ལས་ཇི་ལྟར་གསན་པའི་ཚུལ་ལོ། །དང་པོ་ནི། ཐོས་པ་རྒྱ་མཚོའི་ཞེས་སོགས་ཚིགས་བཅད་བདུན་ཏེ། སྐྱེས་བུ་དམ་པ་རྣམས་ནི་སྐྱེ་བ་ཐམས་ཅད་དུ་ཡང་དག་པའི་ལམ་ལ་གོམས་པའི་སྟོབས་ཀྱིས། གཞོན་ནུའི་དུས་ཉིད་ནས་ཐོས་པ་རྒྱ་མཚོའི་གླིང་དུ་འཇུག་པར་མཛད་དོ། །དེ་ཡང་འདི་སྐད་ཐོས་ཏེ། དགུང་ལོ་བཅུ་གསུམ་བཞེས་པ་ན། མུས་ཀྱི་ཆོས་སྡེ་གླེ་ལུང་ཞེས་བྱ་བར། ཆེན་པོ་བྱང་སེང་བ་སྐུ་མཆེད་ཀྱི་དྲུང་དུ་བྱོན་ཏེ། ཕར་ཕྱིན་དང་སྤྱོད་འཇུག་ལ་ཐུགས་སྤྱོད་མཛད། བར་སྐབས་སུ་བླ་མ་ནམ་མཁའ་ཆོས་བཟང་པ་ལ་དུས་འཁོར་ཡོངས་རྫོགས་ཀྱི་དབང་། འཇིགས་བྱེད་ཀྱི་དབང་གསན་ཅིང་། བྱང་སེང་བ་ལས་ཕར་ཕྱིན་བུ་ཊཱིཀ་གི་སྐབས་དང་པོའི་ལུང་དང་། ཞིང་མོ་ཆེ་བའི་བློ་སྦྱོང་ཡང་གསན་ཏེ། བཅོ་བརྒྱད་པ་ན་ཆོས་སྡེ་དེ་ཉིད་དུ་བཤད་པ་དང་། དེའི་དགའ་སྟོན་རྒྱ་ཆེན་པོ་མཛད་དོ། །ཉི་ཤུ་པ་ན་མུས་ཀྱི་གནས་གསར་ཞེས་བྱ་བའི་གཙུག་ལག་ཁང་དུ། གྲུབ་པའི་དབང་ཕྱུག་ཆེན་པོ་མཉམ་མེད་ནམ་མཁའི་རྣལ་འབྱོར་པའི་ཞབས་དྲུང་དུ་བྱོན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་ཁྲིད་ཞུས་ནས། སྤྱིར་གཅོད་ཁྲིད་ལ་ཐུན་དྲུག་ཏུ་བྱེད་པ་ཡིན་ན་ཡང་། ཐུན་གྱི་བྱེ་བྲག་མེད་པར་ཉིན་མཚན་ཁོར་ཡུག་ཏུ་བརྩོན་པ་དྲག་པོས་བསྒོམ་པས་ཐུགས་དམ་གྱི་གཟིགས་སྣང་མང་པོ་དང་། བྱམས་པ་དང་སྙིང་རྗེ་ཚད་མེད་པ་ཐུགས་རྒྱུད་ལ་འཁྲུངས། ཁྱད་པར་དུ་བླ་མའི་རྣལ་འབྱོར་བསྒོམ་སྟེ། ཡུམ་གྱི་སྐྱེ་བ་ཕྱི་མ་གང་ཡིན་བསྟན་དུ་གསོལ་ཞེས་གསོལ་བ་དྲག་ཏུ་བཏབ་ནས་གཟིགས་པས། འདི་དང་འདི་ཡིན་ཞེས་པའི་མཚན་མ་ལན་གཉིས་སུ་བྱུང་བ་སོགས་ཀྱི་ཉམས་རྟོགས་ཁྱད་པར་ཅན་མང་དུ་འཁྲུངས་སོ། །དེ་ནས་དེའི་ཆོས་སྐོར་ལ། སྐྱེ་མེད་དོ་པ་ནས་བརྒྱུད་པའི་གཅོད་ཀྱི་ཁྲིད། མ་གཅིག་སོགས་ཀྱི་ལོ་རྒྱུས། གྲྭ་པ་ཧག་གི་ལོ་རྒྱུས། རྒྱ་ནག་གཅེར་བུའི་བཀའ་བརྒྱུད། སྨ་ར་སེར་པོའི་བཀའ་བརྒྱུད། བཀའ་ཚོམས་ཀྱི་གཞུང་། བཀའ་ཚོམས་ཀྱི་གཞུང་ལན་སོ་ལྔ་པ། ཨཱརྻ་དེ་བའི་ཚིགས་བཅད་ཆེ་ཆུང་གཉིས་འགྲེལ་པ་དང་བཅས་པ་དང་། ངོ་སྤྲོད་ལྟ་བའི་སྐོར། ཉམས་ལེན་སྤྱོད་པའི་སྐོར། བོགས་འདོན་གེགས་སེལ་གྱི་སྐོར། ལམ་རིམ་པ་བཅུ་གསུམ་ལ་སོགས་པ་མ་གཅིག་གི་ཆོས་སྐོར་ཡོངས་སུ་རྫོགས་པ་གསན་ནོ། །ཉེར་གཅིག་པ་ལ་ངམ་རིངས་ཀྱི་ཆོས་སྡེ་ཆེན་པོར་སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་པ་དང་། དེའི་སློབ་ཆུང་དགེ་བའི་བཤེས་གཉེན་སངས་རྒྱས་བློ་གྲོས་པ་དཔོན་སློབ་ཀྱི་དྲུང་དུ་བསྙེན་ཏེ། གཙོ་བོར་ཕར་ཚད་ལ་ཐུགས་སྦྱོངས། སངས་རྒྱས་བློ་གྲོས་པ་ལས་ཇོ་བོའི་ཆོས་ཆུང་བརྒྱ་རྩའི་ལུང་རྣམས་གསན་ཏེ། ཉེར་གསུམ་པ་ལ་ཆོས་གྲྭ་དེ་ཉིད་དུ་གྲྭ་སྐོར་ཡང་མཛད་དོ། །ཉེར་བཞི་པ་ལ་བཟང་ལྡན་གྱི་མཁས་པ་ཆེན་པོ་ཐུགས་རྗེ་དཔལ་བ་ལ་སྟོད་ལྷོར་བྱོན་པའི་ཆག་ཕྱིར་བྱོན། ལོ་གཅིག་ཙམ་བཞུགས་ནས་ལུང་རིགས་ལེགས་པར་སྦྱངས་ནས་དངོས་སྟོབས་རིགས་པའི་དབང་ཕྱུག་ཆེན་པོར་གྱུར་ཏེ། ཕ་རོལ་གྱི་རྒོལ་བ་གང་ལ་ཡང་མི་འཇིགས་པའི་སྤོབས་པ་ཐོབ་པར་གྱུར་ཏོ། །ཉེར་ལྔ་པ་ལ་འཛམ་གླིང་མཁས་པའི་དབང་པོ་གཡག་སྤྲུག་སངས་རྒྱས་དཔལ་ལ་སྟོད་ལྷོར་ཕེབས་པ་དང་མཇལ་ཏེ། ཕར་ཕྱིན་གྱི་བཤད་པ་ཚར་ཕྱེད་དང་གཉིས། མདོ་སྡུད་པ། མི་གཡོ་བ་དཀར་པོའི་སྒྲུབ་ཐབས་ཀྱི་ལུང་། དབུ་མ་ལུགས་ཀྱི་སེམས་བསྐྱེད་རྣམས་གསན་ཏེ། དེ་ཉིད་ཀྱི་ལོར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་གྲྭ་སྐོར་མཛད་དེ་བཤད་པ་དང་སྟོན་པ་ལ་ཀུན་གྱིས་མཐུན་སྣང་དུ་གྲུབ་པར་གྱུར་ཏོ། །ཉེར་དྲུག་པ་ལ་མདོག་གི་ཚ་སྣ་ཞེས་བྱ་བའི་གཙུག་ལག་ཁང་དུ། གངས་ཅན་མཁས་པའི་གཙུག་རྒྱན་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པ་དང་མཇལ་ཏེ་འཆག་ཕྱིར་བྱོན། ལུང་རིགས་ལ་ཐུགས་སྦྱངས་ནས། ཉེར་བདུན་པ་ལ་གནས་གསར་དུ་ཆོས་རྗེ་ནམ་མཁའི་རྣལ་འབྱོར་པ་ལ་འཇལ་དུ་བྱོན་པས། སྔར་གཅོད་ཁྲིད་ཞུས་པའི་དུས་ཀྱི་དགེ་སྦྱོར་གྱི་བརྩོན་པ་དྲག་པོ་དང་། ཉམས་རྟོགས་ཀྱི་འཁྲུངས་ལུགས་ཁྱད་པར་ཅན་རྣམས་ལ་ཐུགས་དགྱེས་པའི་སྟོབས་ཀྱིས་ད་ནི་གུ་ཅིག་ཞུས་ནས་དགེ་སྦྱོར་ལ་དྲིལ་བ་ཅིག་འཐད་ཅེས་པའི་ཞལ་ད་གནང་བ་ལ། འདུལ་མངོན་དང་དབུ་མ་རྩ་འཇུག་སོགས་པུ་སྟི་འགའ་ཡར་ཞིག་ལ་གྲྭ་སྐོར་བྱས་ནས། དེ་ནས་དགེ་སྦྱོར་ལ་དྲིལ་བ་ཞུ་ཞེས་ཞུས་པས། ཆོས་ཀྱི་དོན་གོ་ན་གྲྭ་སྐོར་མ་བྱས་ཀྱང་ཉེས་པ་མེད། དོན་མ་གོ་ན་གྲྭ་སྐོར་བྱས་ཀྱང་དགོས་པ་མེད་པས་ཅིས་ཀྱང་དགེ་སྦྱོར་ལ་དྲིལ་བ་དྲག་ཅེས་གསུང་། འོ་ན་དེ་ལྟར་བྱེད་པ་ཞུ་ཞུས་ནས། ཐོག་མར་ནི་གུ་ཆོས་དྲུག་གི་ཁྲིད་བྱིན་རླབས་དང་བཅས་པ། སེམས་འཆི་མེད་རྣམས་ཀྱི་ཁྲིད་ཞུས་ནས། ཆོས་དྲུག་རྡོ་རྗེའི་ཚིག་རྐང་། ཚིག་གསལ་ཐེམ་ཡིག མུས་ཆེན་པས་མཛད་པའི་ཁྲིད་ཡིག སྒྱུ་མ་ལམ་རིམ་རྩ་འགྲེལ་སྒྱུ་མ་གཏན་ལ་དབབ་པ། སྒྱུ་ལུས་འཛིན་པ་རང་གྲོལ། ལམ་དྲི་མ་མེད་པ་ལ་སོགས་པའི་ནི་གུའི་ཆོས་སྐོར་རྫོགས་པར་ཞུས། ཡང་ནཱ་རོ་ཆོས་དྲུག་གི་ཁྲིད་ཞུས་ནས་ནཱ་རོའི་ཁྲིད་ཡིག་ཐབས་ལམ་ཚིགས་བཅད་མ་ལ་སོགས་པ་ནཱ་རོ་ཆོས་དྲུག་གི་ཆོས་སྐོར་རྫོགས་པར་གསན། ཡང་ཕྱག་རྒྱ་ཆེན་པོ་སྙིང་པོ་དོན་གྱི་ཁྲིད་ཡིག་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་རྣམས་དང་། ཡང་དགོན་པའི་རི་ཆོས་ཡོན་ཏན་ཀུན་འབྱུང་ལ་སོགས་པ་རི་ཆོས་ཀྱི་སྐོར་རྣམས་དང་། བློ་སྦྱོང་རྩེ་མོ་གཉིས་པ་ལ་སོགས་པ་བློ་སྦྱོང་གི་སྐོར་འགའ་ཞིག་དང་། ཞི་བྱེད་སྐམ་ལུགས་ཀྱི་ཁྲིད་ཞུས་ནས་ཞི་བྱེད་བླ་མ་བརྒྱུད་པའི་ལོ་རྒྱུས་ཆེ་ཆུང་གཉིས་ལ་སོགས་པའི་ཞི་བྱེད་ཀྱི་སྐོར་ཡོངས་སུ་རྫོགས་པ་གསན་ཏེ། དེ་དག་ཀྱང་མིང་རྐྱང་ཙམ་དུ་མ་ལུས་པར་སོ་སོའི་ཉམས་རྟོགས་རྣམས་རྒྱུད་ལ་སྐྱེས་སྐྱེས་ཀྱི་བར་དུ་བརྩོན་པ་དྲག་པོས་བསྒོམས་པས། ཆོས་རྗེའི་ཞལ་ནས་ཁྱོད་ལ་ཉམས་རྟོགས་འདི་དང་འདི་འདྲ་བྱུང་འདུག་གོ་ཞེས་ངོ་སྤྲོད་ཀྱང་མཛད། གཞན་ཡང་དབང་གི་སྐོར་ལ། ཚེ་དཔག་མེད། ཀུན་རིག འཇིགས་བྱེད་རོ་ལངས་བརྒྱད་སྐོར། བདེ་མཆོག་དྲིལ་བུ་པ་རྣམས་ཀྱི་དབང་གསན་ནོ། །ཉེར་བརྒྱད་པ་ལ་སླར་ཡང་ཆོས་རྗེ་རྒྱལ་མཆོག་པའི་ཆག་ཕྱིར་བྱོན་ཏེ། སོ་གཅིག་པའི་བར་དུ་ལུས་དང་གྲིབ་མ་བཞིན་དུ་འབྲལ་བ་མེད་པར་བསྟེན། སྤྱོད་ལམ་གྱི་ཀྱང་མཉེས་པར་བྱས་ཏེ། ཕར་ཕྱིན། ཚད་མ། དབུ་མ། མངོན་པ་ཀུན་ལས་བཏུས། འདུལ་བ་མདོ་རྩ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་གཞུང་རྣམས་ལེགས་པར་སྦྱངས་པར་མཛད་དོ། །དེའི་ཚེ་ཀུན་བཏུས་ཀྱི་ཊཱིཀ་དང་། མཛོད་ཆེན་གྱི་ཊཱིཀ་ཤོག་བུ་བཅུ་བཞི་ཙམ་ཆོས་ཐུན་རེ་ལ་གསུངས་པ་རྣམས་རྗེ་འདི་ཁོ་ནས་བསྐྱོར་བ་དང་། དབུ་མའི་སྤྱི་དོན་དགག་སྒྲུབ་དང་། ལུང་རབ་ཏུ་མང་པོ་དང་བཅས་པ་རྣམས་ཀྱང་། རྗེ་འདི་ཁོ་ནས་བཟུང་ནུས་པས། ཆོས་རྗེ་རྒྱལ་མཆོག་པས་ཤེས་རབ་ཆེ་བའི་མཚན་གཞི་གཅིག་ལ་ཕྱོགས་ཀུན་ཏུ་བསྒྲགས་པར་མཛད་དོ། །ཁྱད་པར་དུ་སུམ་ཅུ་པ་ལ་དངུལ་ཆུའི་ཆོས་རྫོང་དུ། བླ་མ་གསེར་གླིང་པ་ནས་བརྒྱུད་པའི་ཐེག་པ་ཆེན་པོའི་བློ་སྦྱོང་ཉམས་ཁྲིད་དུ་ཞུས་ནས་བསྒོམས་པས། བྱང་ཆུབ་ཀྱི་སེམས་གཉིས་ཀྱི་རྟོགས་པ་སྐྱེས་པའི་ཚུལ་ནི་འོག་ཏུ་བརྗོད་པར་བྱའོ། །སོ་གཅིག་པ་ས་ཕོ་ཁྱི་ལོ་ལ་སྙིགས་དུས་ཀྱི་ཐུབ་དབང་གཉིས་པ་རོང་སྟོན་ཆོས་རྗེ་བཟང་ལྡན་དུ་བཞུགས་པའི་དྲུང་དུ་བྱོན་ཏེ། ཕར་ཕྱིན་གྱི་སྐབས་བཞི་པ་དང་། རྣམ་འགྲེལ་གྱི་གཞན་དོན་ལེའུའི་བཤད་པ་དང་། རྗེ་དེ་ཉིད་ཀྱིས་མཛད་པའི་དབུ་མའི་སྟོང་ཐུན་རྣམས་གསན་ནོ། །དེའི་སྟོན་རྗེ་དེ་ཉིད་དང་། ས་བཟང་ན་ཆོས་རྗེ་རྒྱལ་མཆོག་པ་བཞུགས་པ་གཉིས་ཀྱི། ཆོས་རྗེ་ནམ་མཁའ་བའི་དྲུང་དུ་གདམས་ངག་ཟབ་མོ་ཞུ་བའི་སྙན་ཞུས་ལ་བཏང་སྟེ། བླ་མའི་དྲུང་དུ་ཞུས་ནས། དམ་པ་དེ་ཉིད་གནས་གསར་དུ་གདན་དྲངས། རོང་སྟོན་ཆོས་རྗེ་ཟླ་བ་གཉིས་ཙམ་བཞུགས་ཏེ། ནི་གུ་དང་བདེ་མཆོག་སྙན་བརྒྱུད་སོགས་གདམས་ངག་དུ་མ་གསན་ནས་ལ་སྟོད་ལྷོ་ལ་ཐེགས། ཆོས་རྗེ་རྒྱལ་མཆོག་པ་དེའི་དགུན། ཕག་ལོའི་དཔྱིད་དབྱར་རྣམས་ལ་དེ་ཉིད་དུ་བཞུགས་ནས། བོ་དོང་དུ་གདན་དྲངས་པའི་ཆག་ཕྱི་རྗེ་འདི་ཉིད་ཀྱིས་མཛད། སླར་གནས་གསར་དུ་བྱོན་ཏེ་ནི་གུ་ལ་སོགས་པའི་ཁྲིད་རྣམས་བསྐྱར་མ་ཞུས། ཆོས་འཕྲོ་རྣམས་ཕལ་ཆེར་རྫོགས་ནས། བྱི་ལོ་ནག་པ་ཟླ་བའི་ཚེས་བཅུ་དྲུག་ལ་ཆོས་རྗེ་ནམ་མཁའ་བ་བདེ་བར་གཤེགས་པའི་གསོལ་འདེབས། གཤེགས་རྫོངས། གདུང་རུས་སཱཙྪ་བཏབ་པ། ཕྱི་རྟེན་ཚུན་ཆད་གྲུབ་སྟེ་ཐུགས་དགོངས་རྫོགས་པར་མཛད་དོ། །དེ་ནས་སྔར་ངམ་རིངས་སུ་མཁན་ཆེན་སངས་བློ་བས་གྲྭ་ཚང་གི་བཤད་ཉན་དགོས་གསུངས་པ་བཟློག་ཀྱང་། དེའི་གླེང་བསླངས་བྱུང་གི་དོགས་ནས་དབྱར་དང་སྟོན་གཉིས་ཕྱི་བ་ཁུང་སོགས་ཀྱི་ལུང་སྟོང་དུ་གཅིག་པུར་བཞུགས་ནས་ཐུགས་དམ་མཛད། དགུན་རྫིང་ལུང་དུ་བཞུགས་པས། གླང་ལོའི་དཔྱིད་མཁན་ཆེན་སངས་བློ་བས་ཅིས་ཀྱང་གྲྭ་ཚང་གི་བཤད་ཉན་གྱིས། མི་ཀུན་ཁྱོད་བསྟེན་མ་ཤེས་ཞེས་ང་ལ་འཐབ་ཏུ་འོང་བར་འདུག་གསུངས་པ་ལ། འདོད་བཞེད་མེད་པའི་རྒྱུ་མཚན་ཞུས་ནས། གླང་ལོའི་མཇུག་ཏུ་ལྷ་སར་བྱོན། སྟག་ལོའི་ཆོ་འཕྲུལ་ཆེན་པོ་ལ་ཕྱག་དང་བསྐོར་བ་ལ་སོགས་བསགས་སྦྱངས་ཀྱི་རྣལ་འབྱོར་མཛད། དེ་ནས་ཉང་སྟོད་དུ་ཆོས་རྗེ་རྒྱལ་མཆོག་པ་བཞུགས་པའི་དྲུང་དུ་བྱོན་ཏེ། མཁན་པོ་གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་གངས་ཅན་ཀུན་དགའ་དཔལ། ལས་ཀྱི་སློབ་དཔོན་དོན་རིན་པ། གསང་སྟེ་སྟོན་པ་ཆོས་རྗེ་རྒྱལ་ཚབ་པ། ཆོས་རྗེ་རྒྱལ་མཆོག་པ་ལ་སོགས་པ་དད་པའི་དགེ་འདུན་ཉི་ཤུ་རྩ་གསུམ་གྱི་དབུས་སུ་སོ་ལྔ་པ་ཆུ་ཕོ་སྟག་གི་ལོ་ཨ་མི་ཡོལ་དུ་བསྙེན་པར་རྫོགས་པར་མཛད་དོ། །དེ་ནས་བོ་དོང་བར་ཆོས་རྗེ་རྒྱལ་མཆོག་པའི་ཕྱག་ཕྱི་མཛད་ནས། མུས་སུ་བྱོན་ཏེ། སོ་དྲུག་པ་ཡོས་ལོ་ལ་མུས་སུ་བཞུགས་པའི་ཚེ། ཤོག་བུ་ཚལ་དུ་བླ་མ་ནམ་ཆོས་པ་བདེ་བར་གཤེགས་པའི་ནུབ་མོར། རྗེ་འདིའི་མནལ་ལམ་དུ། བླ་མ་ནམ་ཆོས་པ་བདེ་བ་ཅན་དུ་གཤེགས། ཁྱོད་ཀྱང་ད་ནས་ལོ་བཞི་བཅུ་ཞེ་གཉིས་ན་བདེ་བ་ཅན་དུ་འགྲོ་བ་ཡོད་ཅེས་ཟེར་བ་ཅིག་བྱུང་གསུང་ངོ་། །དེའི་སྟོན་ཆོས་རྗེ་རྒྱལ་མཆོག་པ་ཆུ་འདུས་སུ་བཞུགས་པས། བཤད་ཉན་ལ་ཤོག་གསུངས་པའི་ཕོ་ཉ་ཕྱག་རྟགས་དང་བཅས་པ་ཕེབས། བཤད་ཉན་མི་བྱེད་ཀྱང་། དེའི་རྒྱུ་མཚན་དང་། ས་སྐྱར་བཀའ་ལུང་ཞུ་རུ་འགྲོ་བའི་ཞལ་ད་ཞུ་བ་ལ་དེ་མ་ཐག་བྱོན་པས། ཆོས་རྗེ་དགེས་ནས། སྡེ་དེའི་རིགས་བཟང་བ་དང་། ནོར་ཕྱུག་པའི་གྲྭ་པ་སྤྲོད་པ་དང་། འཇིག་རྟེན་གྱི་ཟང་ཟིང་མང་པོ་འོང་བའི་ཞལ་ད་གནང་གིན་འདུག་ཀྱང་། ཐུགས་ལ་འཕྲོད་པ་ཙམ་མ་བྱུང་བར། སྔར་ངམ་རིངས་སུ་སློབ་དཔོན་སངས་བློ་བ་ལ་རིགས་བཟང་བ་ལྷའི་དབང་པོ་བརྒྱ་བྱིན། ནོར་ཕྱུག་པ་རྣམ་ཐོས་ཀྱི་བུ་བྱུང་ཀྱང་འདོད་པ་མེད་ཅེས་པའི་ཞུ་ཕོད་ཕུལ་བ་དེ་ཐུགས་ལ་མངའ་བས། འདི་ལྟ་བུའི་ཞལ་ད་གནང་བས་སྒོ་མེད་ཅེས་ཞུས་ཏེ། ཞུ་བ་དཀའ་སེ་བ་ཞིག་ལ་གྲུབ་བོ། །དེ་དག་གི་སྐབས་སུ་ཡོངས་འཛིན་གཞན་ལས་དམ་པའི་ཆོས་ཇི་ལྟར་གསན་པའི་ཚུལ་ནི། བྱང་སེང་བའི་གཅུང་པོ་མཁན་ཆེན་བསྟན་བཟང་པ་ལ་བ་རི་བའི་བསྐང་བཟློག་གསན། བྱང་སེང་བའི་སློབ་ཆུང་བཀྲ་ཤིས་རྒྱལ་བ་ལ་འདུལ་བའི་གླེང་འབུམ་གསན། མཁན་ཆེན་བསྟན་རྒྱལ་བ་ལ་བུ་སྟོན་ཆོས་འབྱུང་དང་། དོན་ཞགས་ལྷ་ལྔའི་དབང་ལ་སོགས་པ་གསན། བླ་མ་ཀུན་བློ་བ་ལ་སྤྱོད་འཇུག་དང་འདུལ་བ་ལུང་ལ་སོགས་པ་གསན། གངས་པ་ཀུན་དགའ་བཟང་པོ་པ་ལ་སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་གསན། སྤོས་ཁང་བ་རིནརྒྱལ་བ་ལ་ཆེད་དུ་བརྗོད་པའི་ཚོམས་གསན། གནས་རྙིང་པ་རིན་རྒྱལ་བ་ལ་ཞི་བྱེད་ཀྱི་སྐོར་པུ་སྟི་དྲུག་ཙམ་གསན། བདག་ཆེན་གཞི་ཐོག་པ་བློ་གྲོས་རྒྱལ་མཚན་པ་ལ་ཚད་མའི་ཐུན་ཚགས་གསན། མི་ཉག་ཇོ་གདན་དཔལ་བཟང་བ་ལ་ཆོས་ཅུང་ཟད་དང་། མངའ་རིས་པ་བྷ་དྲྭ་ཤྲཱི་ལ་ཕྱག་དྲུག་པའི་སྐོར་ཁ་ཅིག་དང་། ཇོ་ནང་དུ་སྒྲུབ་པ་མོ་དབུས་མ་ལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་གསན། ཧོར་བཀའ་བཞི་པ་སེང་གེ་རྒྱལ་མཚན་ལ་གྲུབ་ཐོབ་བརྒྱད་ཅུའི་བསྟོད་པ་དང་། ལམ་འབྲས་པ་བློ་བཟང་བ་ལ་ལམ་ཟབ་དང་བླ་མ་བཀའ་བཞི་པ་དཔལ་ལྡན་སེང་གེ་ལ་ས་སྡེའི་པུ་སྟི་བཞི་ཙམ་དང་། བྱང་ཆེན་དུ་བྱ་བྲལ་བ་བསོད་བློ་བ་ལ་མ་ཎིའི་ལུང་རྣམས་གསན། ཐེག་ཆེན་ཆོས་རྗེའི་དྲུང་དུ་བདེ་མཆོག་ལོ་ཧི་པའི་དབང་། དབུ་མ་ལུགས་ཀྱི་སེམས་བསྐྱེད་གསན། བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ལ་འཇུག་པའི་བཤད་པ་དང་། རྟེན་འབྲེལ་སྙིང་པོའི་ཁྲིད་རྣམས་གསན། མདོག་གློ་མཁན་པོ་ཡོན་ཏན་དཔལ་མགོན་པ་ལ་འདུལ་བ་མདོ་རྩ། རྒྱ་ཆེར་འགྲེལ་འོད་ལྡན་ལ་སོགས་པ་གསན། གཙང་གཞུང་པ་སློབ་དཔོན་ཚུལ་བཟང་བ་ལ་དཔེ་ཆོས་རིན་སྤུངས་དང་། ལྷ་ས་གྲུ་ཁུང་པ་སློབ་དཔོན་སངས་རྒྱས་འཕེལ་བ་ལ་ཕར་ཕྱིན་གཡག་ཊཱིཀ་ཆེན་མོའི་ལུང་དང་བཤད་པ་གསན། ཤར་པ་སློབ་དཔོན་ཀུན་ལེགས་པ་ལ་གཟུངས་གྲྭ་ལྔའི་དབང་དང་། མཁྱེན་རབ་དབང་ཕྱུགས་གྲགས་པ་དཔལ་བཟང་པོ་ལ་མཚན་བརྗོད་ཀྱི་ལུང་གསན། བླ་མ་ཕྱི་མ་དྲུག་པོ་འདི་ལས་འདྲེན་པ་མཆོག་ལས་གསན་པའི་རྗེས་སུ་གསན་པ་ཡིན་ནའང་། ས་བཅད་ཀྱི་ཚོམས་མི་འཁྲུགས་པར་བྱ་བའི་ཕྱིར་དུ་འདིར་ཕྱོགས་གཅིག་ཏུ་བྲིས་སོ། །གཉིས་པ་ལ་གཉིས་ཏེ། གདམས་པ་ཐོབ་པའི་རྒྱུ། གདམས་པ་གསན་པའི་ཚུལ། གསང་ཆེན་རྒྱུད་སྡེའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། སྐྱེས་བུ་དམ་པ་རྣམས་ནི་དགེ་བའི་བཤེས་གཉེན་རྒྱ་མཚོ་ལྟ་བུ་བསྟེན་ཀྱང་། ཚོང་དཔོན་གྱི་བུ་ནོར་བཟང་བཞིན་དུ་སླར་ཡང་གདམས་པ་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་ཚོལ་བ་ལ་ངོམས་པ་མེད་པར་མཛད་དོ། །དེ་ཡང་འདི་སྐད་ཐོས་ཏེ། ཆོས་རྗེ་ནམ་མཁའི་རྣལ་འབྱོར་པ་དེ་བདེ་མཆོག་ལོ་ནག་དྲིལ་གསུམ་ལ་ཐུགས་དམ་གྱི་གཙོ་བོར་མཛད་ཅིང་། བསྔགས་པ་ཡང་ཆེ་བ་དང་། མཁན་ཆེན་སངས་བློ་བས་ད་བཤད་ཉན་མི་མཛད་ན། སྔགས་ཀྱི་གྲྭ་ས་ཅིག་ཏུ་སྔགས་ཕྱོགས་ཀྱི་སློབ་གཉེར་རྒྱ་ཆེ་རབ་ཅིག་མཛོད་གསུངས་པ་ལ་བརྟེན་ནས། རྡོ་རྗེ་ཐེག་པའི་བཀའ་ལུང་རྒྱ་ཆེན་པོ་གསན་པར་བཞེད་དེ། སྔར་ཉང་སྟོད་དུ་ཆོས་རྗེ་རྒྱལ་ཚབ་པ་ལ་ཆག་ཕྱིར་འགྲོ་བའི་སྙན་ཞུས་ཕུལ་ན་ཡང་སྟབས་ཤིག་གིས་མ་ཐོན། དེ་ནས་ཆོས་རྗེ་རྒྱལ་མཆོག་པའི་ཆག་ཕྱིར་བོ་དོང་དུ་ཕེབས་པའི་ཚེ། ཤངས་པ་ཀུན་མཁྱེན་པའི་དྲུང་དུ་འབྱོན་པར་བཞེད་དེ། ཆོས་རྗེ་ལ་ཞུས་པས་དེ་འཐད་གསུངས་ནས། རིན་སྤུངས་པའི་གསེར་ཡིག་པ་ཅིག་ལ་སྦྲག་ཡར་མཛད་པ་ཡིན་ནའང་། དེའི་ནངས་པར་རང་དུ་འབྱོན་མ་བཞེད་པར་དེ་ཉིད་དུ་བཞུགས་སོ། །དེ་རྗེས་ཡུན་མི་རིང་བ་ཞིག་ནས། ཉག་རེ་གྲགས་པ་སྐམ་པོ་ཟེར་བ་དེ། ཆོས་རྗེ་རྒྱལ་མཆོག་པའི་དྲུང་དུ་བསྙེན་རྫོགས་ཞུ་རུ་བྱུང་བ་ལ། སྤྱིར་ས་སྐྱའི་ལོ་རྒྱུས་དང་། བྱེ་བྲག་ཏུ་བླ་མ་ཀུན་དགའ་བཟང་པོ་དེ་ཡོན་ཏན་ཆེ་ཞིང་། སྒལ་ཚིགས་བཟང་བ་ཅིག་ཡིན་པར་གྲགས་པ་ཅི་འདྲ་ཡིན་དྲིས་པས། ཁོང་ན་རེ། སྤྱིར་གསུང་རབ་སྤྱི་ལ་མཁས། ཁྱད་པར་བདེ་དགྱེས་ལ་སོགས་པ་ས་སྐྱ་པའི་ཆོས་སྐོར་ལ་ཤིན་ཏུ་མཁས་ཤིང་། སྒལ་ཚིགས་བཟང་ཟེར་བ་ཡང་སྡེ་དཔོན་སོགས་ལ་བསྟེན་ཕྱོགས་མི་མཛད་པ་མ་གཏོགས། གྲྭ་པ་ལ་ཤིན་ཏུ་བརྩེ་བས་ཉམ་ཆུང་གི་བླ་མ་ཡང་དག་པ་ཅིག་ཡོད་ཟེར་བ་གསན་མ་ཐག་ཏུ། རྟག་ཏུ་ངུས་ཆོས་འཕགས་ཀྱི་གཏམ་ཐོས་པའམ། སེ་སྟོན་ཀུན་རིག་གིས། མུ་གུ་ལུང་གི་ཐད་ཀྱི་སྤྲིན་དཀར་པོ་མཐོང་བ་ལྟར། ཐར་པའི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་ཡིན་པར་ངེས་ཤེས་གཏིང་ནས་འཁྲུངས་ཏེ། དེའི་ཞབས་དྲུང་དུ་བསྙེན་ནས་བདེ་མཆོག་ལོ་ནག་དྲིལ་གསུམ་གྱི་ཆོས་སྐོར་ཡོངས་སུ་རྫོགས་པར་ཞུས་ཏེ། གཡེང་བ་ཆེ་ཆུང་གང་གི་ཡང་དབང་དུ་མ་སོང་བར་ཉམས་ལེན་ལ་དྲིལ་བ་ཅིག་བྱ་དགོས་སོ་སྙམ་པའི་གོ་ཆ་དང་རྟག་ཏུ་མ་བྲལ་བར་མཛད་དོ། །དེའི་སྟོབས་ཀྱིས། ཡོས་ལོའི་མཇུག་ཏུ་ཆུ་འདུས་ནས་ཚུར་རེས་ས་སྐྱར་བྱོན། ཤཱཀ་བཟང་སྐུ་འབུམ་ན་དྲུག་པ་རྡོ་རྗེ་འཆང་གི་ངོ་བོ་རྗེ་བཙུན་ཀུན་དགའ་བཟང་པོ་བཞུགས་པའི་དྲུང་དུ། མཁན་ཆེན་ཤཱཀ་བཟང་བ་བརྒྱུད་དེ། བདག་ལ་ལོ་ནག་དྲིལ་ གསུམ་གྱི་ཆོས་སྐོར་ཡོངས་སུ་རྫོགས་པ། རྩ་རྒྱུད ་ཀྱི་བཤད་པ་དང་བཅས་པ་ཅིག་སོས་ཀ་ཚུན་ལ་རྫོགས་པར་གནང་དགོས་ཞུས་པས། ད་ལྟ་མཚམས་དམ་པ་ཅིག་ལ་ཡོད། འདི་ཚོ་ལ་ལྟ་རྟོག་གྱིས་གསུངས་ནས་བདེ་མཆོག་གི་དཔེ་ཆ་འགའ་ཞིག་གནང་བྱུང་སྟེ། དེའི་ངང་ལ་ཟླ་བ་གཉིས་ཙམ་སོང་ནས། སོ་བདུན་པ་ཤིང་ཕོ་འབྲུག་གི་ལོ་ཤར་བའི་ཚེ། མཁས་གྲུབ་གཞོན་ནུ་སེང་གེ་བ་ལ་ཞུ་བ་བསྐུར་ཏེ། དེ་མ་ཐག་ཏུ་མཇལ་ནས། བླ་མ་ལ་མི་ཕྱེད་པའི་དད་པ་སྐྱེས་ཤིང་། བླ་མས་ཀྱང་ཐུགས་དགེས་པའི་སྒོ་ནས་རྗེས་སུ་འཛིན་པར་མཛད་དོ། །གཉིས་པ་ནི། བླ་མ་མཆོག་ལས་ཞེས་སོགས་ཚིགས་བཅད་དྲུག་སྟེ། སྐྱེས་བུ་དམ་པ་རྣམས་ནི་ཡོངས་འཛིན་མཆོག་ལས་གདམས་པ་རྒྱ་མཚོ་ལྟ་བུ་ཐོས་ཤིང་། ཡོན་ཏན་གྱི་མཛོད་དུ་གྱུར་པ་ནི་ཆོས་ཉིད་དོ། །དེའང་འདི་སྐད་ཐོས་ཏེ། ཆོས་རྗེ་བཟང་པོའི་ཞབས་ཀྱི་དྲུང་དུ་མཇལ་མ་ཐག་ནས་བརྩམས་ཏེ། འབྲུག་ལོའི་སྟོན་ཚུན་ཆད་ལ་བདེ་དགྱེས་གསང་ གསུམ་གྱི་སྨིན་བྱེད་ཀྱི་དབང་། བསྐྱེད་རྫོགས་ཀྱི་མན་ངག རྒྱུད ་ཀྱི་བཤད་པ་དང་བཅས་པ་གསན་ཅིང་། དེ་ནས་རྡོ་རྗེ་ཕྲེང་བ། ཀྲྀ་ཡ་ས་མུཙྪ་དང་བཅས་པ་ལ་སོགས་པའི་ཆོས་ཀྱི་བཀའ་དྲིན་དཔག་ཏུ་མེད་པ་ནོས་པ་མཛད་དོ། །མེ་ཕོ་རྟའི་ལོའི་ནང་དུ། ཆོས་རྗེ་བཟང་པོའི་ཞབས་བར་ཆད་ཀྱི་མཚན་མ་བསལ་བའི་ཆེད་དུ། སྐུ་མཚམས་ལ་བཞུགས་ནས། སྐུ་མཚམས་གྲོལ་བའི་ཞག་གཅིག་གི་གོང་དུ། རྗེ་འདི་ཉིད་དང་། མངའ་རིས་པ་བླ་མ་དཀོན་མཆོག་འོད་ཟེར་གཉིས་སྐུ་མདུན་དུ་བོས་ནས། སྤྱིར་ཐུགས་དམ་གྱི་གཟིགས་སྣང་དང་། བར་ཆད་སེལ་ཚུལ་སོགས་མང་དུ་གསུངས་ཏེ། ད་ལན་སྐྱོན་དུ་སོང་ན་ཡང་གཞན་སེམས་ལ་འཕྲེང་བ་ཅིག་ཀྱང་མེད། བྱ་སྤྱོད་གཉིས་ཀྱི་བསྟན་པ་འདི་འདོད་པ་བཞིན་སོས་མ་ཐུབ་པ་འདི་དང་། ཁྱེད་རང་གི་ཕན་ཐོགས་མི་ཐོགས་གང་ཡིན་ཀྱང་། ཁྱོད་སློབ་དཔོན་དཀོན་རྒྱལ་ལ་ལམ་འབྲས་ཚང་མ་ཞིག་མ་འཕྲོད་པ་འདི་འཕྲེང་བར་འདུག་ཅེས་གསུང་ངོ་། །དེ་ལ་རྗེ་འདི་ཉིད་ཐུགས་ཞེད་པ་ཅིག་ཀྱང་བྱུང་ཞིང་། བླ་མ་ཐུགས་དགོངས་གང་ལ་གཏད་ཀྱང་ད་ལམ་འབྲས་ཤིག་ཞུས་ནས་དགེ་སྦྱོར་གྱི་མཐིལ་དེ་ལ་བྱེད་དགོས་པ་འདུག་སྙམ་པ་འཁྲུངས་སོ། །དེ་ནས་ཆོས་རྗེའི་དྲུང་ནས་བདག་མུས་སུ་ཕྱིན་ནས། འཁོར་ལོ་བདེ་མཆོག་གི་དགེ་སྦྱོར་ཅིག་བྱེད་པ་ལགས་ཞུས་པས། ད་དུང་ངེད་ལ་གསུང་ངག་ལམ་འབྲས་ཡོད་པས་དེ་ཉོན་ཅིག་གསུངས་པ་ལ། ལམ་འབྲས་ཞུ་བ་ལ་འབུལ་བ་མང་པོ་དང་། དཀའ་སྤྱད་མང་པོ་དགོས་པའི་ལོ་རྒྱུས་འདུག་པས། བདག་ལ་དེ་ལྟ་བུའི་ནུས་པ་མེད་ལགས་ཞུགས་པས། ཆོས་རྗེའི་ཞལ་ནས། སྔོན་གྱི་དུས་ན་བསྟན་པ་ཡར་སོས་དུས་སུ་སོང་བས། གདུལ་བྱ་རྣམས་ཆོས་ལ་དོན་གཉེར་དང་། ཆོས་ཕྱོགས་སུ་དཀའ་སྤྱད་དང་། ལོངས་སྤྱོད་གཏོང་ཕོད་ཆེ་བས་གདུལ་བྱའི་རྒྱུད་ལ་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་པའི་ཆེད། སྔོན་གྱི་བླ་མ་རྣམས་ཀྱིས་ལོངས་སྤྱོད་མང་པོ་འབུལ་བཞེས་མཛད་པ་ཡིན། དེང་སང་བསྟན་པ་འགྲིབ་ནས་གསུང་ངག་ལ་སོགས་པའི་བཀའ་ཆད་ལ་ཁད་དུ་སོང་འདུག་པས། གདུལ་བྱ་སྣོད་ལྡན་བྱུང་ན་གསུང་ངག་དང་དབང་བསྐུར་ལ་སོགས་པ་བརྡལ་གཏོད་ལྟ་བུ་བྱས་ནས་ཀྱང་། བསྟན་པའི་རྒྱུན་ལ་ཕན་དུ་རེ་བྱེད་དགོས་པའི་དུས་སུ་སོང་འདུག་པ་ཞེས་གསུངས་སོ། །འདི་ནི་ད་ལྟ་གསུང་ངག་རིན་པོ་ཆེ་ལ་སོགས་པའི་བཀའ་སྲོལ་རྣམས་བཟུང་ནས་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་མཛད་པའི་རྟེན་འབྲེལ་ཁྱད་པར་ཅན་གཟིགས་པ་ཡིན་པར་ངེས་སོ། །དེ་ནས་རྟ་ལོའི་དབྱར་གསུང་ངག་རིན་པོ་ཆེ་གསན་ནས་ཐུགས་ཉམས་སུ་བཞེས་ཏེ། སྟོན་མུས་སུ་ཕེབས་ནས། ལུག་ལོ་ལ་མུས་སུ་བཞུགས་པའི་ཚེ། བླ་མ་ནམ་བློ་བས་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཕན་པ་དང་། བྱེ་བྲག་ཏུ་ཕྱོགས་འདིའི་དགེ་འདུན་རྣམས་དང་། བྱ་ཉ། རི་དྭགས་རྣམས་ཀྱི་མགོན་སྐྱབས་མཛད་དགོས་ཞུས་ནས་དགོན་པ་ཡང་ཕུལ་ཏེ། ཁོང་རང་དཔོན་སློབ་རྣམས་ཀྱིས། ཀྱེ་རྡོར་དང་ཀུན་རིག་ལ་སོགས་པའི་བཀའ་མང་དུ་ཞུས་ནས། དེ་དག་གི་ལག་ལེན་གྱི་སྲོལ་ཡང་འཛུགས་པར་མཛད་དོ། །དེའི་སྟོན་ཆོས་རྗེ་བཟང་པོའི་ཞབས་མངའ་རིས་སུ་དཔོན་པོ་ཨ་མེ་དཔལ་གྱིས་གདན་དྲངས་པའི་རྗེས་སུ། གསང་སྔགས་དབོན་པོ་གཞོན་ནུ་བཟང་པོ་སོགས་གྲོགས་མཆེད་བདུན། ཆོས་རྗེའི་བཀའ་ཞལ་དང་བཅས་ཏེ། རྗེ་འདི་ཉིད་གདན་འདྲེན་བྱུང་བས། ཞེ་གཅིག་པ་སྤྲེའུའི་ལོ་ལ་ས་སྐྱར་ཕེབས། དབྱར་ཤཱཀ་བཟང་སྐུ་འབུམ་དུ་བཞུགས་ནས། ཁམས་གཙང་གི་གྲྭ་པ་རྣམས་ལ་རང་རང་གི་བློ་དང་འཚམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །དེའི་སྟོན་ཆོས་རྗེ་མངའ་རིས་ནས་ཕེབས་མ་ཐག་ཏུ། སླར་ཡང་གསུང་ངག་རིན་པོ་ཆེ་ཟླ་བ་བདུན་གྱི་བར་དུ་ཉམས་ཁྲིད་དུ་ཞུས། དང་པོར་བདུན་ཅུ་ཙམ་གྱིས་ཞུས་ཀྱང་། ཕྱིས་རྗེ་འདི་ཉིད་སོགས་བཅུ་བཞི་ཙམ་ཞིག་གིས་མཐར་ཕྱིན་པར་མཛད་ནས། གཞིར་གནས་ཀྱི་རྟེན་དཀྱིལ་འཁོར་བཞི་ལ་སྨིན་བྱེད་ཀྱི་དབང་བཞི་བསྐུར་ཞིང་། གྲོལ་བྱེད་ཀྱི་ལམ་བཞི་བསྒོམ་པས་སོ་སོའི་ལྟ་བ་བཞི་རྒྱུད་ལ་སྐྱེས་ཤིང་། གྲུབ་མཐའ་བཞི་དང་། འབྲས་བུ་བཞི་འདྲེན་པའི་སྙན་བརྒྱུད་བཞིས་གདམས་པར་མཛད་དེ། རྒྱུ་དུས་དང་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ། ཉམས་མྱོང་མཚན་ཉིད་པ་སྐྱེས་པས་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས། གང་ཡང་ཏིང་ངེ་འཛིན་དུ་བསེལ་ཤེས་པས་གདམས་ངག་གི་སརྒ་མ་ལོག དེའི་སྟོབས་ཀྱི་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་པས་མོས་གུས་ཀྱི་བསམ་པ་ཚིམ་པར་མཛད་པ་ཡིན་ནོ། །དེའི་ཆོས་སྐོར་ལ་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ལས། དང་པོ་ནི། ཞང་དགོན་པ་བ་ནས་བརྒྱུད་པ། རྗེ་བཙུན་གྱི་གླེགས་བམ་དཀར་ཆག་ཏུ་ཐེབས་པ་རྣམས་ཡིན་ལ། དེ་ཡང་ཚད་མ་བཞི་སྟོན་པ་ལས། བསྟན་བཅོས་ཚད་མ་ལ་འགྲེལ་པ་གཉགས་མ། སྐབས་ཀྱི་ཡིག་ཆུང་ཉེར་གཉིས། དོན་བསྡུས་མའི་ཚིགས་བཅད་དེ་ཉེར་བཞི། ཉམས་མྱོང་ཚད་མ་ལ་གཞུང་ལས་འཕྲོས་པའི་ཆོས་བཅུ་བདུན། རྩ་བ་མེད་པའི་ལམ་འབྲིང་པོ། རང་གི་རྩ་བ་ཅུང་ཟད་དང་བཅས་པའི་ལམ་བསྡུས་པ། ཁྲིད་ཀྱི་གཞུང་ཤིང་ཆེན་པོ་བཞི། རྟོགས་པ་སྐྱེད་པར་བྱེད་པའི་ཆོས་ལྔ། ལམ་ཟབ་མོའི་ཡིག་ཆ། མན་ངག་ཕྲ་མོའི་རྐང་གྲངས་གཞན་དུ་ཁ་འཕངས་པ་སྟེ་སུམ་ཅུ། བླ་མ་ཚད་མ་ལ་བླ་མ་རྒྱ་བོད་ཀྱི་ཡི་གེ་གཉིས། ལུང་ཚད་མ་ལ་ལུང་སྦྱོར་ཁ་འཕངས་དང་བཅས་པ་བཞི་སྟེ། དྲུག་ཅུ་པོ་དེ་དག་ཡོངས་སུ་རྫོགས་པར་གསན་ནོ། །མན་ངག་ཕྲ་མོའི་རྐང་གྲངས་པོད་དམར་མའི་ནང་དུ་བཞུགས་པ་རྣམས་དང་། ཕྱིས་གསན་པ་གཞུང་བཤད་སྲས་དོན་མ། གཞན་ཡང་དམར་གྱིས་མཛད་པའི་བླ་མའི་རྣམ་ཐར་ཞིབ་མོ་རྡོ་རྗེ་དང་། གཞུང་བཤད་དམར་མ། བར་སྟོན་གྱི་ཟིན་བྲིས་སོགས་རབ་ཏུ་མང་པོ་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་ཚད་མ་དང་པོ་གསུམ་སྟོན་པ་པོད་ནག་མར་གྲགས་པ་རྣམས་ཡོངས་སུ་རྫོགས་པར་གསན་ཏེ། སོ་སོའི་ཕྱག་ལེན་དང་སྐབས་ཀྱི་གོ་བ་རྣམས་ལ་སྒྲོ་འདོགས་ཆོད་པར་མཛད་པ་ཡིན་ནོ། །གཉིས་པ་ཉེ་བརྒྱུད་ལ་རྣལ་འབྱོར་དབང་ཕྱུག་གིས་ས་ཆེན་ལ་གནང་བ་དང་། ས་ཆེན་གྱིས་རྗེ་བཙུན་ལ་གནང་བ་གཉིས་ལས། དང་པོ་ནི་ལམ་སྦས་ཏེ་བཤད་པ། ལམ་ཟབ་བླ་མའི་རྣལ་འབྱོར། རྣལ་འབྱོར་དབང་ཕྱུག་གི་བསྲུང་བ་གཉིས་ལ་སོགས་པ་ཡིན་ལ། གཉིས་པ་ནི་བརྡ་དོན་གསལ་བ་སྟེ། དེ་དག་ཀྱང་ཁྲིད་བྱིན་རླབས་དང་བཅས་པ་རྫོགས་པར་གསན་ནོ། །གཞན་ཡང་ལམ་སྐོར་ལ། ངག་དབང་གྲགས་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ། ཏོག་རྩེ་བའི་བསམ་མི་ཁྱབ། ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ། ནག་པོ་པའི་ཨོ་ལ་པ་ཏི། ཡོན་པོ་བསྲང་བ། པདྨ་བཛྲ་གྱི་ལམ། ཌོམྦི་པའི་ལྷན་ཅིག་སྐྱེས་གྲུབ། ཨིནྡྲ་བྷཱུ་ཏའི་ཕྱག་རྒྱའི་ལམ་དང་བརྒྱད། ཞར་བྱུང་ལ་དག་པ་གསུམ་གྱི་ཁྲིད། གཏུམ་མོའི་དམིགས་པ་ཉི་ཤུ་རྩ་དགུ། སྒོ་དྲུག་ཆོས་འབྲེལ་ལ་སོགས་བསམ་གྱིས་མི་ཁྱབ་པ་གསན་ཏེ། མདོར་ན་ལམ་འབྲས་ལམ་སྐོར་ཞར་བྱུང་གི་ཆོས་རྣམས། ཆོས་རྗེ་བཟང་པོའི་ཞབས་ཀྱིས། རྗེ་བུདྡྷ་ཤྲཱི་ལ་གསན་པའི་གསན་ཡིག་ནང་ལྟར་བུམ་པ་གང་བྱོའི་ཚུལ་དུ་བཞུགས་པ་ཡིན་ནོ། །གསུང་ངག་རྫོགས་ནས་ཨེ་ཝཾ་ཆོས་ལྡན་གྱི་གཞི་འཛུགས་པ་ལ། ཆོས་རྗེའི་ཆག་ཕྱིར་ཞེ་གཉིས་པ་ས་མོ་བྱའི་ལོ་ལ་ངོར་དུ་ཕེབས། དེའི་སྟོན་ཆོས་རྗེའི་ཞལ་ནས། ད་འདི་རུ་སྡོད་ལ་བཤད་ཉན་གྱིས་གསུངས་པ་ལ། ཕ་རྒན་ཅིག་ཡོད་པ་དེ་ལ་སྔར་ཞབས་ཏོག་ཆེར་མ་འཕྲོད་པས་ཤི་ཁ་སྔས་མགོ་ན་ཡོད་པ་ཙམ་ཞིག་དགོས་པས་ཡར་འགྲོ་བར་བགྱི་ཞུས་ནས། མུས་སུ་ཕེབས་ཏེ་ལོ་བཞི་བཞུགས། གླང་ལོ་ལ་ཡབ་རྒན་གཤེགས་པའི་ཞེ་དགུའི་བར་དུ་ཀུན་རིག་གི་ཆོ་ག་མཛད་པས། མནལ་ལམ་དུ་ཡབ་རྒན་གད་གཡང་ཞིག་ལ་འཆར་ལ་ཁད་འདུག་པ་ལ། ལག་པ་ནས་འཐེན་ནས་བདེ་ས་ཞིག་ཏུ་བཞག་པ་རྨིས་གསུངས་སོ། །དེ་ཉིད་ཀྱི་ལོ་ཆོས་རྗེ་རྒྱལ་མཆོག་པ་ཁྲོ་ཕུར་སྨོན་ལམ་མཛད་པའི་དྲུང་དུ་མཇལ་དུ་བྱོན་ནས། ཨེ་ཝཾ་ཆོས་ལྡན་དུ་ཡང་བྱོན་པས། ཆོས་རྗེའི་ཞལ་ནས་སྔར་བཞིན་ཞལ་ད་གནང་བ་ལ། ད་རུང་རུས་པ་ལ་སཱཙྪ་འདེབས་པ་སོགས་ཀྱི་བྱ་བ་འགའ་ཞིག་དགོས་པས་ཡར་འགྲོ་ཞུས་ནས་མུས་སུ་བྱོན་ནས་ལོ་གཅིག་བཞུགས་སོ། །མདོར་ན་ས་སྐྱར་སྔར་ལོ་གསུམ། ཕྱིས་ཟླ་བ་བདུན། ཨེ་ཝཾ་ཆོས་ལྡན་དུ་ལན་བརྒྱད་ཕེབས་ནས། དམ་པའི་ཆོས་གསན་པའི་རྣམ་གྲངས་རྒྱས་པར་ནི་འདིར་བརྗོད་པར་མི་ནུས་ལ། མདོར་བསྡུས་པ་ཙམ་ཞིག བསྟན་པའི་གོ་རིམ་དང་བསྟུན་ནས་བརྗོད་ན། ཕ་རོལ་ཏུ་ཕྱིན་པའི་ཆོས་སྐོར་ལ། དབུ་མ་ལུགས་དང་། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་གཉིས། རྒྱལ་སྲས་ཐོགས་མེད་པས་ཆོས་རྗེ་བུདྡྷ་པ་ལ་གནང་བའི་བློ་སྦྱོང་དོན་བདུན་མའི་ཁྲིད། ཆོས་རྗེ་ཤར་པ་ནས་རྒྱུད་པའི་ཞེན་པ་བཞི་བྲལ་རྣམས་ཞུས་ནས། སྐྱེས་ཚོམས་དད་པའི་གཞུང་། བསླབ་སྤྱོད་ལྟ་བའི་གཞུང་། ས་རྒྱན་སྤྱོད་པའི་གཞུང་སྟེ་བཀའ་གདམས་གཞུང་དྲུག་དུ་གྲགས་པ་དང་། མདོ་སིལ་བུ་བ་བཅུ་བདུན། མཆིམས་ནམ་མཁའ་གྲགས་ཀྱི་ས་བཅད་དང་བཅས་པ་ལ་སོགས་རབ་ཏུ་མང་པོ་གསན་ནོ། །རྡོ་རྗེ་ཐེག་པའི་སྐོར་ལ་དབང་། རྒྱུད། མན་ངག རྗེས་གནང་། ལུང་དང་ལྔ་ལས། དང་པོ་དབང་གི་སྐོར་ལ། རིགས་ གསུམ་སྤྱི་དབང་། ཚེ་དཔག་མེད་ལྷག་དགུ། གཙུག་ཏོར་གདུགས་དཀར། གཟུངས་གྲྭ་ལྔ་ལ་སོགས་པ་བྱ་རྒྱུད ་ཀྱི་དབང་དུ་མ་དང་། ཨ་ར་པ་ཙ་ན་ལྷ་ལྔ། མི་འཁྲུགས་པ་ལྷ་དགུ་ལ་སོགས་པ་སྤྱོད་རྒྱུད་ཀྱི་དབང་དང་། རྡོ་རྗེ་དབྱིངས་དཀྱིལ་ཆོག་ལུགས། འཇམ་དཔལ་གསང་ལྡན། ནམ་མཁའ་དྲི་མེད་ཆུང་བ། གཙུག་དགུ། རྩ་སྐྱ་བ་ནས་བརྒྱུད་པའི་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས། ས་ལུགས་ཀྱི་ཀུན་རིག་སྟེ། རྣལ་འབྱོར་ རྒྱུད་ཀྱི་དབང་དང་། གཤེད་དམར་ལྷ་ལྔ་མ། ལྷ་བཅུ་གསུམ ་མ། དགྲ་ནག འཇིགས་བྱེད་ཞེ་དགུ་མ། རོ་ལངས་བརྒྱད་སྐོར། གསང་བ་འདུས་པ་རིགས་ གསུམ་ལ་སོགས་པ་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད ་ཀྱི་དབང་དུ་མ་དང་། ཀྱེ་རྡོ་རྗེ་བིརྺ་པའི་ལུགས་གཉིས། མཚོ་སྐྱེས་ཀྱི་ལུགས། ནག་པོ་པའི་ལུགས་ཏེ་བཀའ་བབས་བཞིར་གྲགས་པ་དང་། རྩ་རྒྱུད་ཀྱི་བདག་མེད་མ། གུར་བསྡུས། སཾ་བུ་ཊ། རྡོར་དབྱིངས། ཀྱེ་རྡོར་བཅུ་བདུན་མ། སྒྲོལ་མ་ལུས་དཀྱིལ། སྒྲོལ་མ་བཅུ་བདུན་མ། སངས་རྒྱས་ཐོད་པ། མ་ཧཱ་མཱ་ཡཱ། འཁོར་ལོ་བདེ་མཆོག་ལོ་ནག་དྲིལ་གསུམ། རྡོ་རྗེ་མཁའ་འགྲོ། དྲིལ་བུ་ལྷ་ལྔ། ལྭ་བ་པའི་བཅུ་གསུམ་མ། མཻ་ཏྲི་བཅུ་ གསུམ་མ། སྡོམ་འབྱུང་སྟེ་རྣལ་འབྱོར་ཆེན་པོ་ཤེས་རབ་ཀྱི་རྒྱུད ་ཀྱི་དབང་བསྐུར་བ་རྣམས་གསན་ནོ། །གཉིས་པ་ལ་བྱ་བ་སྤྱིའི་རྒྱུད་ཆེན་བཞི་དང་། སོ་སོའི་རྒྱུད་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་སྟོན་པ། བྱ་རྒྱུད་སྤྱིའི་རྣམ་པར་གཞག་པ་དང་། སྤྱོད་པའི་རྒྱུད་ཐམས་ཅད་ཀྱི་དོན་ཕྱོགས་གཅིག་ཏུ་བསྡུས་པ་སྤྱོད་རྒྱུད་སྤྱིའི་རྣམ་པར་གཞག་པ་དང་། པཎྜི་ཏ་དྷརྨཱ་ཕ་ལ་ནས་བརྒྱུད་པའི་ངན་སོང་སྦྱོང་རྒྱུད་ཀྱི་མན་ངག་གི་བཤད་པ་དང་། ནཱ་རོ་པ་ནས་བརྒྱུད་པའི་རྟོགས་བདུན་གྱི་མན་ངག་གི་བཤད་པ་དང་། གསང་འདུས་རྩ་རྒྱུད་འགྲེལ་ཆེན་སྒྲོན་མེ་གསལ་བ་དང་བཅས་པའི་བཤད་པ་དང་། མར་པ་ནས་བརྒྱུད་པའི་མ་ཧཱ་མཱ་ཡཱའི་བཤད་པ་དང་། བིརྺ་པ་ནས་བརྒྱུད་པའི་ཀྱེ་རྡོ་རྗེའི་ རྒྱུད་གསུམ ་གྱི་བཤད་པ། བླ་མ་གོང་མའི་ཆོས་སྣ་བཅུ་ གསུམ་དང་བཅས་པ་དང་། ནཱ་རོ་པ་ནས་བརྒྱུད་པའི་བདེ་མཆོག་རྩ་བའི་རྒྱུད ་དང་། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་བཤད་པ་རྣམས་གསན་ཏེ། ཐོས་བསམ་གྱི་མཐར་ཕྱིན་པར་མཛད་ནས། བཀའ་སྲོལ་གང་གི་ལུགས་ཡིན་པ་དང་། བཀའ་སྲོལ་དེའི་འཆད་ཚུལ་ཇི་ལྟར་ཡིན་པ་དང་། བཤད་ཚུལ་དེས་བཤད་པས་ལམ་གྱི་སྲོལ་ཇི་ལྟར་ཐོན་པའི་ཚུལ་རྣམས་ལ་འཁྲུལ་པའི་དྲི་མ་ཟད་ཅིང་སྒྲོ་འདོགས་ཆོད་པར་མཛད་པ་ཞིག་གོ །གསུམ་པ་མན་ངག་ལ། བསྐྱེད་རིམ། རྫོགས་རིམ། ཐུན་མོང་བསྒྲུབ་པའི་མན་ངག་གསུམ་ལས། དང་པོ་ལ། ཀྱེའི་རྡོ་རྗེ། འཁོར་ལོ་བདེ་མཆོག གསང་བ་འདུས་པ། གཤིན་རྗེའི་གཤེད་ལ་སོགས་པའི་བསྐྱེད་པའི་རིམ་པ། བཀའ་སྲོལ་དེའི་ལུགས་ཐུན་མོང་མ་ཡིན་པ་རྣམས་ནི་ལུགས་གཞན་དང་མ་འདྲེས་པ་རྣམས་དང་། ཐུན་མོང་བ་སྦྱང་གཞི་སྦྱོང་བའི་ཚུལ་ལ་སོགས་པ་རྣམས་ནང་ཕན་ཚུན་མི་འགལ་ཞིང་། རྒྱུད་སྡེའི་དགོངས་པ་གྲུབ་ཐོབ་ཀྱིས་བཀྲལ་བ་ཇི་ལྟ་བ་དང་། དེ་ལ་ཡང་ཕྱི་ནང་གི་བསྐྱེད་པའི་རིམ་པའི་ཁྱད་པར་དང་། ནང་བསྐྱེད་པའི་རིམ་པ་ལ་ཡང་། རྒྱུད་སྡེའི་ཁྱད་པར་གྱིས་ཟབ་ཁྱད་ཀྱི་རིམ་པ་ཇི་ལྟར་ཡོད་པ་དང་། དེ་ལ་གཞན་དག་གིས་རྟོགས་པས་བརྟགས་པའི་ལུགས་རྣམས་ལུང་རིགས་ཀྱིས་ཅི་ལྟར་དགག་པའི་ཚུལ་རྣམས་ལེགས་པར་གསན་ཅིང་སྒྲོ་འདོགས་ཆོད་པར་མཛད་དེ། རང་གིས་བསྒོམས་ན་ས་ལམ་ཆོད་ཅིང་། གཞན་ལ་བསྟན་ན་གདུལ་བྱ་མི་བསླུ་བར་མཛད་པ་ཡིན་ནོ། །གཉིས་པ་རྫོགས་པའི་རིམ་པ་ལ། རྡོ་རྗེ་འཇིགས་བྱེད་ཀྱི་རྭ་རྩེ་སེམས་འཛིན། གཤེད་དམར་གྱི་ཤིན་ཏུ་སྤྲོས་མེད། གསང་བ་འདུས་པ་འཕགས་ལུགས་ཀྱི་རིམ་པ་ལྔ། ཀྱེ་རྡོ་རྗེ་སོགས་ལ་བརྟེན་པའི་སྔར་སྨོས་པའི་ལམ་སྐོར་དགུ། འཁོར་ལོ་བདེ་མཆོག་དྲིལ་བུ་པའི་རིམ་པ་ལྔ། ནག་པོ་སྤྱོད་པའི་རིམ་པ་བཞི་པ། རྩ་དབུ་མ་ལམ་གྱི་ཡན་ལག་དང་བཅས་པ། བདེ་མཆོག་དཀར་པོའི་ཁྲིད། བདེ་མཆོག་སྙན་བརྒྱུད། དུས་ཀྱི་འཁོར་ལོའི་ཟབ་ལམ་རྡོ་རྗེ་རྣལ་འབྱོར། སྦྱོར་བ་ཡན་ལག་དྲུག་ལ་སོགས་པའི་རྫོགས་རིམ་རྣམས་གསན་ཅིང་ཐུགས་ཉམས་སུ་བཞེས་པར་མཛད་དོ། །གསུམ་པ་ཐུན་མོང་སྒྲུབ་པའི་མན་ངག་ལ། རབ་རིག་འཛིན་མཁའ་སྤྱོད་འཁོར་ལོས་སྒྱུར་བ་སྒྲུབ་པ་སོགས་དང་། འབྲིང་གྲུབ་པ་ཆེན་པོ་བརྒྱད། དམན་པ་ཞི་སོགས་ཀྱི་ལས་རབ་འབྱམས་སྒྲུབ་པའི་ཚུལ། རྒྱུད་སྡེ་ལས་གསུངས་པ་བརྒྱུད་པའི་མན་ངག་ལས་བྱུང་བ་རྣམས་དང་། ཁྱད་པར་དུ་དམར་པོ་སྐོར་གསུམ ་ལ་བརྟེན་ནས་ལས་སྒྲུབ་ཚུལ་གྱི་བྱེ་བྲག་མང་པོ་དང་། རྡོ་རྗེ་ནག་པོ་ཆེན་པོ་དང་། མགོན་པོ་གདོང་བཞི་པ་ལ་བརྟེན་ནས་ལས་སྒྲུབ་ཚུལ་གྱི་བྱེ་བྲག་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་གསན་ནོ། །བཞི་པ་རྗེས་གནང་གི་སྐོར་ལ། རྡོ་རྗེ་རྣམ་འཇོམས་དང་། འཕགས་མ་སྒྲོལ་མ་ལ་སོགས་པ་བར་ཆད་ཞི་བའི་ལྷ་རྣམས་དང་། དོན་ཞགས་ལྷ་ལྔ་མ། བཅུ་གཅིག་ཞལ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་རྒྱས་པའི་ལྷ་རྣམས་དང་། སྒྲོལ་མ་དཀར་མོ་དང་། གཙུག་ཏོར་རྣམ་རྒྱལ་ལ་སོགས་པ་ཚེ་རྒྱས་པའི་ལྷ་རྣམས་དང་། འཇམ་དཔལ་གྱི་རིགས་རབ་ཏུ་མང་པོ་དང་། ཤེར་ཕྱིན་དཀར་མོ་མི་གཡོ་བ་དཀར་སྔོན་ལ་སོགས་པ་བློ་གྲོས་རྒྱས་པའི་ལྷ་རྣམས་དང་། ཛམྦྷ་ལ་དང་། ནོར་རྒྱུན་མ་ལ་སོགས་པ་ནོར་རྒྱས་པའི་ལྷ་རྣམས་དང་། དམར་པོ་སྐོར་གསུམ་ལ་སོགས་པ་འགྲོ་བ་དབང་དུ་སྡུད་པའི་ལྷ་རྣམས་དང་། ནག་པོ་ཆེན་པོ་ལྕམ་དྲལ་དང་། མགོན་པོ་གདོང་བཞི་པ་ལ་སོགས་པ་བསྟན་པ་བསྲུང་ཞིང་དྲག་པོའི་ལས་སྒྲུབ་པའི་ལྷ་རྣམས་ཀྱི་རྗེས་གནང་རབ་ཏུ་མང་པོ་དང་། སྒྲུབ་ཐབས་རྒྱ་མཚོར་གྲགས་པ་རྗེས་གནང་ཉིས་བརྒྱ་དང་སུམ་ཅུ་རྩ་བགྲངས་པ་དང་། སྒྲུབ་ཐབས་བརྒྱ་རྩར་གྲགས་པ་རྗེས་གནང་དགུ་བཅུ་གོ་དྲུག་བཞུགས་པའི་རྗེས་གནང་གི་རིགས་རབ་ཏུ་མང་པོ་གསན་ནོ། །གཞན་ཡང་བིརྺ་པའི་ལུགས་ཀྱི་རྡོ་རྗེ་རྣམ་འཇོམས་ཀྱི་བྱིན་རླབས་དང་། ནཱ་རོ་མཁའ་སྤྱོད་ལ་སོགས་པ་མཁའ་སྤྱོད་ཀྱི་རིགས་མང་པོའི་བྱིན་རླབས་དང་། བདེ་མཆོག་དཀར་པོའི་བྱིན་རླབས་ལ་སོགས་པ་བྱིན་རླབས་ཀྱི་རིགས་མང་པོ་གསན་ནོ། །ལྔ་པ་ལུང་གི་སྐོར་ལ། རྒྱུད་འབུམ་གཟུངས་འདུས། གཟུངས་འབུམ་རྣམས་དང་། དེ་དག་གི་དགོངས་འགྲེལ་ལ། རྒྱུད་སྡེ་འོག་མ་གསུམ ་གྱི་རྒྱ་གཞུང་འགའ་ཞིག་དང་། གཤིན་རྗེའི་གཤེད་ནག་པོའི་སྐོར་འགའ་ཞིག་དང་། དམར་པོ་ལ་བིརྺ་པའི་བསྐྱེད་རྫོགས་ཀྱི་གཞུང་དྲུག་ལ་སོགས་པ་དང་། གསང་བ་འདུས་པ་འཕགས་པ་ཡབ་སྲས་ཀྱིས་མཛད་པའི་གཞུང་རྣམས་དང་། དེའི་རྗེས་འབྲང་ནག་པོ་པ་ལ་སོགས་པའི་གཞུང་རྣམས་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་ཀུན་ཏུ་བཟང་པོ། རྫོགས་རིམ་གྲོལ་བའི་ཐིག་ལེ་སྟེ་གཉིས་དང་། མར་མེ་མཛད་བཟང་པོའི་དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པ་ལ་སོགས་པ་འདུས་པའི་རྒྱ་གཞུང་རྣམས་དང་། ཀྱེའི་རྡོ་རྗེའི་བཀའ་སྲོལ་གསུམ་ལ་གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུར་གྲགས་པ་རྣམས་དང་། འཁོར་ལོ་བདེ་མཆོག་ལ་ལོ་ཧི་པས་མཛད་པའི་དཔལ་མངོན་པར་རྟོགས་པ་སྨད་ལྔ་དང་བཅས་པ་དང་། དྲིལ་བུ་སྐོར་གསུམ། ནག་པོ་གཞུང་དྲུག་ལ་སོགས་པ་གྲུབ་ཆེན་གྱི་གཞུང་དང་། རྒྱུད་ཀྱི་འགྲེལ་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལྔའི་བཀའ་འབུམ། ཆོས་རྗེ་ཉིད་ཀྱི་བཀའ་འབུམ་ལ་སོགས་པ་བོད་ཀྱི་ལེགས་བཤད་ཀྱི་ལུང་རབ་ཏུ་མང་པོ་གསན་ནོ། །དེ་དག་ཀྱང་ཐོས་བསམ་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། ཡང་དག་པར་ན་གོང་དུ་སྨོས་པའི་ཁྲིད་དེ་དག་ཞུས་པའི་དུས་ཉིད་ནས་བསྒོམ་པས་ཉམས་མྱོང་རྒྱུད་ལ་སྐྱེས་པར་མཛད་ཅིང་། བར་སྐབས་སུ་རི་ཁྲོད་དབེན་པ་རྣམས་སུ་བཞུགས་ནས་ཀྱང་ཉམས་ལེན་ལ་དྲིལ་བ་ཡིན་ནོ། །ལྔ་པ་ལ་གཉིས་ཏེ། སྤྲོས་པ་བཅད་ནས་ཉམས་ལེན་ལ་བཞུགས་པའི་ཚུལ། ཉམས་ལེན་ཇི་ལྟར་མཛད་པའི་ཚུལ་གཏན་ལ་དབབ་པའོ། །དང་པོ་ནི། རྒྱ་ཆེན་ཐོས་པས་ཞེས་སོགས་ཚིགས་བཅད་གཅིག་སྟེ། སྐྱེས་བུ་དམ་པ་རྣམས་ནི། ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པའི་ཡང་དག་པའི་ལྟ་བའི་དོན་དབེན་པའི་གནས་སུ་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ནི་ཆོས་ཉིད་དོ། །དེ་ཡང་འདི་སྐད་ཐོས་ཏེ། ཞེ་བདུན་པ་ཤིང་ཕོ་སྟག་གི་ལོ་ལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས་པ་ན། ཆོས་རྗེའི་ཞལ་ནས་ད་འདི་རུ་སྡོད་ལ་བཤད་ཉན་གྱིས། གདན་སའི་མིང་བཏགས་འདོད་ནའང་བྱེད་པས་ཆོག བེར་ཐུལ་འདྲ་གོན་པ་དང་། མཆོད་ཆ་དང་རྟེན་གསུམ་སོགས་འདོད་ནའང་། བླ་བྲང་ནས་ལོང་ལ་བེད་གཅོད་གྱིས། བདག་ཆེན་གྲགས་བློ་བའི་དབོན་པོ་ཞིག་ཡོད་པ་འདི་རབ་བྱུང་བྱེད་པའི་སློབ་དཔོན་ཡང་འཚོལ་བ་ཡིན་གསུངས་པ་ལ། བདག་ལ་འདི་ལྟ་བུ་སྤྲོས་པ་མེད་པའི་རྒྱུ་མཚན་ཐུགས་ལ་མངའ་རྒྱུ་ཡིན། ཞེ་ལ་འདོད་པ་ཡོད་ཀྱང་ཁ་ལ་འདོད་པ་མེད་པ་སྐད་སྟོན་པའི་སྤྱོད་པ་ནི་ཅི་ཡང་མེད་སྙམ་ནས། དེ་དག་ལ་འདོད་བཞེད་མེད་པའི་རྒྱུ་མཚན་དང་། ཚེ་དང་སྒྲུབ་པ་སྙོམས་པར་འདོད་པའི་རྒྱུ་མཚན་རྣམས་རིམ་པར་ཞུས་ནས། ཡོས་ལོ་ལ་ཡར་ཕེབས་པར་རྩོམ་པ་ན། ཆོས་རྗེའི་དྲུང་དུ། ཡར་སླེབ་ནས་ལོ་གསུམ་དུ་མཚམས་དམ་པ་གཅིག་བྱེད། དེ་ནས་ཀྱང་ཕལ་ཆེར་མཚམས་ཀ་བྱེད་པར་ཞུ་ཞུས་པས། ཆོས་རྗེའི་ཞལ་ནས། སྤྱིར་སངས་རྒྱས་སྒྲུབ་པ་ལ་གནས་ལུགས་རྟོགས་པའི་ཤེས་རབ་ཕུན་སུམ་ཚོགས་པ་གཅིག་དགོས། དེ་ཡང་གསང་སྔགས་ཀྱི་རྫོགས་རིམ་ཟབ་མོ་ལ་བརྟེན་ནས་སྒྲུབ་པའི་ཚུལ་ཡོད་ཀྱང་། དེ་འགྲུབ་པར་དཀའ་བས། ཐོས་བསམ་ལ་བརྟེན་ནས་བསྒྲུབ་པ་ཁེ་ཆེ། དེ་ལ་ཡང་གཞན་ལ་ཉན་པ་བས། རང་གི་ཅུང་ཟད་ཤེས་ནས་འཆད་པར་འདི་ཤེས་རབ་སྐྱེ་ཕུལ་ཆེ་བས། ཡར་ཕྱོགས་སུ་དོན་གཉེར་བ་རེ་རེ་ཙམ་བྱུང་ན་སྣ་ལེན་མཛོད་གསུངས་པ་ཐུགས་ལ་བཞག་ནས་མུས་སུ་བྱོན་ཏེ། དེའི་དབྱར་ཆུ་བཟང་དགོན་པར་བཞུགས་ནས་བསགས་སྦྱང་གི་རྣལ་འབྱོར་གཙོ་བོར་མཛད་དོ། །དེའི་སྟོན་བཞུགས་ནས་ཞེ་དགུ་པ་འབྲུག་ལོ་ཚང་མ་ལ་ལྷ་གོང་རི་ཁྲོད་དུ་རྩ་སྔགས་ཨཱཥྚའི་བསྙེན་པ་འབུམ་ཕྲག་བདུན། ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ། མཇུག་ཏུ་ཤཱ་ས་ན་འབུམ་ཕྲག་བཞི་དང་བཅས་པ་གདན་གཅིག་གི་སྟེང་དུ་མཛད་དོ། །དེ་ནས་ལྔ་བཅུ་པ་སྦྲུལ་གྱི་ལོ་ལ་ལུང་པ་དེའི་ཉ་དང་རི་དྭགས་སོགས་སྐྱོབས་པ་དང་། བཤད་སྒྲུབ་ཀྱི་བསྟན་པ་རྒྱུན་མི་ཆད་པའི་རྟེན་འབྲེལ་ཁྱད་པར་ཅན་གཟིགས་ནས། གླིང་ཁ་བདེ་བ་ཅན་གྱི་དགོན་པ་བཏབ་སྟེ། དེ་ཉིད་ཀྱི་ལོར་ནི་གུ་ལམ་འབྲས་ལ་སོགས་པའི་ཟབ་ཆོས་བཙུགས། དེར་བཞུགས་པའི་དགེ་འདུན་ཐམས་ཅད་གཞི་ཚུལ་ཁྲིམས་རྣམ་པར་དག་པའི་སྟེང་དུ། ཕ་རོལ་ཏུ་ཕྱིན་པའི་བློ་སྦྱོང་གིས་རྒྱུད་སྦྱངས་ནས། གསུང་ངག་ལ་ཐུགས་དམ་མཛད་དེ། རབ་ཚེ་དང་སྒྲུབ་པ་མཉམ་པ་དང་། འབྲིང་ཐུན་བཞིའི་རྣལ་འབྱོར། ཐ་མ་ཐུན་གཉིས་ཀྱི་རྣལ་འབྱོར་ཉམས་སུ་ལེན་པ་ལ་བཀོད་པར་མཛད་ཅིང་། བདེ་དགེས་གསང་གསུམ་དང་ཀུན་རིག་གི་ཕྱག་ལེན་རྣམ་པར་དག་པའི་སྒྲུབ་མཆོད་ཀྱི་རྒྱུན་ཡང་འཛུགས་པར་མཛད་དོ། །དེ་ནས་བཟུང་སྟེ་གཙོ་བོར་སྒྲུབ་པ་ལ་གཞོལ་ཞིང་། ཆོས་རྗེའི་གསུང་དང་དུ་ལེན་པའི་རྒྱུ་མཚན་གྱིས་སྐབས་སྐབས་སུ་གདུལ་བྱ་སྐལ་ལྡན་རྣམས་ལ་གསུང་ངག་ལ་སོགས་པ་ཟབ་མོའི་ཆོས་ཀྱིས་ཚིམ་པར་མཛད་པའི་ངང་ནས། ང་གཉིས་པ་ལ་ཨེ་ཝཾ་ཆོས་ལྡན་དུ་ལན་ཅིག་ཕེབས། སླར་ང་དགུ་པ་མེ་ཕོ་སྟག་གི་ལོ་ལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ནས་གསུང་ངག་ཞུས་པའི་ཚེ། ཆོས་རྗེ་བཟང་པོའི་ཞབས་གསུང་ངག་གི་དམ་ཚིག་གིས་བཤད་པ་ཡན་རྫོགས་ནས། ཡངས་པའི་ས་ཆེན་པོ་ལ་དབང་བསྒྱུར་བ་རིན་སྤུངས་པ་སྐུ་མཆེད་ཀྱིས་གདན་དྲངས་ཏེ། རྗེ་འདི་ཉིད་ལ་ལམ་འབྲས་པ་རྣམས་ལ་བདག་མེད་མའི་དབང་བསྐུར་ཞིག་གྱིས་ལ་ལྟ་བ་འཁོར་འདས་དབྱེར་མེད་ཤོད། འཁར་རྔ་འདི་ས་སྐྱ་པཎྜི་ཏའི་ཆོས་རྔ་ཡིན་པས་ཆོས་བརྡ་ཐོང་གསུངས་ནས་གཤེགས་པའི་རྗེས་སུ་བཀའ་བཞིན་བསྒྲུབ་པ་ལ་ཟླ་བ་གཉིས་བཞུགས་སོ། །དེ་ནས་དཔལ་ནཱ་ལེནྡྲར་རོང་སྟོན་ཆོས་རྗེའི་སྤྱན་སྔར་མཇལ་དུ་བྱོན་ནས། ཕར་ཕྱིན་ཁྲིད་ཡིག མི་གཡོ་བ་དཀར་པོའི་རྗེས་གནང་། སྒོམ་རིམ་ཐ་མའི་བཤད་པ་རྣམས་གསན་ནས། དེ་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཆེ་བར་གྲགས་པ། གླང་ཐང་སྤྱན་སྔ་བ་ཀུན་དགའ་རྒྱ་མཚན་པ་ལ་སོགས་པས་ཆོས་ཞུ་བའི་ཆེད་དུ་ཐབས་ཀྱིས་གདན་འདྲེན་པར་མཛད་ན་ཡང་། དེར་མ་བཞུགས་པར་མུས་སུ་བྱོན་ནོ། །རེ་གཅིག་པ་ལ་ཆོས་རྗེ་བཟང་པོའི་ཞབས་མངའ་རིས་སུ་ཐེགས་པའི་རྗེས་སུ། ཕྱག་རྟགས་དང་བཀའ་ཞལ་ལ་བརྟེན་ནས། ཨེ་ཝཾ་ཆོས་ལྡན་དུ་གསུང་ངག་ལ་སོགས་པའི་ཟབ་ཆོས་དུ་མས་དེར་བཞུགས་པའི་དགེ་འདུན་རྣམས་ཚིམ་པར་མཛད་ནས་ལོ་གཅིག་བཞུགས། སླར་ཡང་རེ་ གསུམ་པ་དང་རེ་བདུན་པ་ལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཤིང་། ཕྱི་མ་ལ་རྒྱུད ་འབུམ་ལ་སོགས་པའི་ཆོས་མང་དུ་གསུངས་སོ། །དེའི་སྟོན་མུས་སུ་ཕེབས་ནས་དབེན་གནས་བསམ་གཏན་ཕུག་བརྩིགས་ཏེ། རེ་བརྒྱད་པ་ཕག་གི་ལོ་ལ་སྐུ་མཚམས་དམ་པར་མཛད་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་སོ། །གཉིས་པ་ལ་གཉིས་ཏེ། ཕ་རོལ་དུ་ཕྱིན་པའི་ཉམས་ལེན་མཛད་ཚུལ། རྡོ་རྗེ་ཐེག་པའི་ཉམས་ལེན་མཛད་ཚུལ་ལོ། །དང་པོ་ལ། དོན་དམ་བྱང་ཆུབ་ཀྱི་སེམས་ཉམས་སུ་བླང་ཚུལ་ནི། དབེན་གནས་དངུལ་ཆུར་ཞེས་སོགས་ཚིགས་བཅད་གཅིག་སྟེ། དངུལ་ཆུར་བློ་སྦྱོང་ཞུས་ནས་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཚེ། སྣང་བའི་དངོས་པོ་ཐམས་ཅད་དངུལ་ཆུའི་རྒྱ་མཚོ་བཞིན་དུ་ཚུགས་མི་ཐུབ་པར་རྣམ་པར་གཡོ་ཞིང་། རྩིག་པ་དང་རི་ལ་སོགས་པ་ལ་ཐོགས་མེད་དུ་འཇུག་ནུས་པའི་ཉམས་མྱོང་རྒྱུད་ལ་སྐྱེས་པར་མཛད་དོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཉམས་སུ་བླངས་པའི་ཚུལ་ནི། རྒྱུན་ཆད་མེད་པར་ཞེས་སོགས་ཚིགས་བཅད་བཞི་སྟེ། ཐེག་པ་ཆེན་པོའི་བློ་སྦྱོང་གི་དོན་བསྒོམ་པའི་གནས་སྐབས་ཐམས་ཅད་དུ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་གོམས་པར་མཛད་པའི་སྟོབས་ཀྱིས། རི་ཁྲོད་དབེན་པ་རྣམས་སུ་བཞུགས་པའི་ཚེ། གནའ་བ་ལ་སོགས་པའི་རི་དྭགས་འདུས་ནས་ལ་ལ་པང་དུ་ཉལ། ལ་ལས་རྒྱབ་ནས་ཕུལ་ཏེ། བུ་ཆུང་ངུ་བ་མ་ལ་བཏུད་པ་བཞིན་མིག་རིག་རིག་ཞལ་དུ་བལྟས་པར་གྱུར་ཏོ་ཞེས་ཐོས་སོ། །ཡང་རི་ཁྲོད་ཅིག་ཏུ་གནའ་མོ་ཅིག་དང་། གནའ་ཁྱི་ཅིག་མཉམ་དུ་གསོས་པས་ཕན་ཚུན་བྱམས་སེམས་ལྡན་པར་གྱུར་ཏེ། ནམ་ཞིག་ཁྱི་ཡུལ་དུ་ཁྲིད་པའི་ཚེ། གནའ་མོས་ཁྱི་ལ་བལྟས་ནས་མར་ལ་འགྲོ། རྗེ་ལ་བལྟས་ནས་ཡར་འོང་བའི་ཙབ་ཙོབ་ཏུ་གྱུར་ཏོ་ཞེས་གསུངས་སོ། །གཞན་ཡང་སྙིང་རྗེ་ཆེན་པོ་གཡོས་པའི་སྟོབས་ཀྱི། མཚན་ཐོག་ཐག་ཏུ་བཤུམས་པ་ལ་སོགས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ཕྱིར་ན། རེ་གསུམ་པ་ལ་བུ་ལེ་རོང་དུ་ཆོས་རྗེ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་པའི་དྲུང་དུ་མཇལ་དུ་བྱོན་པའི་ཚེ། བློ་སྦྱོང་དོན་བདུན་མའི་ཁྲིད་དང་། བློ་སྦྱོང་གི་རྒྱ་གཞུང་དང་། བོད་གཞུང་གི་ལུང་རབ་ཏུ་མང་པོ་གནང་ནས། ད་ཆོས་བདག་པོའི་ལག་ཏུ་འཕྲོད་པས་བློ་བདེ། ཁྱོད་ཀྱིས་བློ་སྦྱོང་འདིའི་བཀའ་མ་ཆད་པ་གྱིས་གསུངས་ནས་ཆོས་འདིའི་བདག་པོར་དབང་བསྐུར་བར་མཛད་དོ། །གཉིས་པ་ལ་གཉིས་ཏེ། མཉམ་གཞག་གི་ཉམས་ལེན་དང་། མཉམ་པར་མ་གཞག་པའི་ཉམས་ལེན་ནོ། །དང་པོ་ནི། དབང་གིས་མཚོན་པའི་ཞེས་སོགས་ཚིགས་བཅད་ལྔ་སྟེ། དང་པོས་ལྟ་བ། གཉིས་པས་ཕྱི་བསྐྱེད་རིམ། གསུམ་པས་ནང་བསྐྱེད་རིམ། བཞི་པས་རྫོགས་རིམ་ཉམས་སུ་བླང་ཚུལ་དང་། ལྔ་པས་བསྒོམས་པ་ལས་བྱུང་བའི་དྲོད་རྟགས་བསྟན་ནོ། །དེ་ཡང་བདག་ཉིད་ཆེན་པོ་འདིས་ཉམས་ལེན་ཐམས་ཅད་ལ་དབང་གིས་མཚོན་པའི་ལྟ་བ་བརྗོད་བྲལ་ཟུང་འཇུག་གིས་རྒྱས་བཏབ་ནས་ཉམས་སུ་བླང་བར་མཛད་པའི་སྟོབས་ཀྱིས། སྲིན་པོ་གདོང་དུ་རི་ཁྲོད་མཛད་པའི་ཚེ། བྲག་ཆེན་པོ་རལ་ནས་ཆ་ཐེར་དུམ་བུར་བཏང་ཞིང་། མཐའ་རྡོ་ཕུང་གིས་ནོན་པའི་ནང་དུ་སྐུ་ལུས་ལ་ཅུང་ཟད་ཙམ་ཡང་གནོད་པ་མེད་པར་བཞུགས་སོ། །ཕྱི་བསྐྱེད་པའི་རིམ་པ་བསྒོམ་པའི་ཚེ། སྒྲ་ཚུལ་དང་མངོན་བྱང་ལ་སོགས་པའི་བསྐྱེད་ཆོག་ཐམས་ཅད་སྦྱང་གཞི་སྦྱོང་བྱེད་སྦྱོར་བ་ལ་གནད་དུ་བསྣུན་ཅིང་། ནང་བསྐྱེད་རིམ་བསྒོམ་པའི་ཚེ། འཁོར་ལོ་ལྔ་དང་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་རྩ་ཐིག་རྣམས་ལ་གནད་དུ་བསྣུན་ནས་བསྒོམ་པས་ཐ་མལ་གྱི་སྣང་བ་ཡེ་ཤེས་ལྔར་འཆར། རྩ་རླུང་རྒྱལ་བས་བྱིན་གྱིས་བརླབས་པར་མཛད་པ་ཡིན་ནོ། །རྫོགས་རིམ་བསྒོམ་པའི་ཚེ། རྒྱུད་སྡེ་ནས་གསུངས་པའི་རྩ་རླུང་ཐིག་ལེའི་རྣལ་འབྱོར་དང་། རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་ལ་སོགས་པས་གཟུང་འཛིན་བསྐྱེད་པའི་རླུང་སེམས་དབུ་མར་བཅུག་ནས་བདེ་སྟོང་མཆོག་གི་ཡེ་ཤེས་མངོན་དུ་མཛད་དེ། ཤཱཀ་བཟང་སྐུ་འབུམ་དུ་ཆོས་རྗེའི་དྲུང་དུ་འཁྲུལ་འཁོར་མཛད་པའི་ཚེ། ཏིང་ངེ་འཛིན་ལ་ཡུན་རིང་པོ་ཅིག་སོང་འདུག དེའི་སྟོབས་ཀྱིས་ཕྱིས་ཨ་མར་རྒྱབ་པའི་ཚེ། ཏིང་ངེ་འཛིན་བཟང་པོ་རེ་སྐྱེ་བ་ཡིན་གསུངས་པ་ལྟ་བུའོ། །དེ་ལྟར་རིམ་གཉིས་ཀྱི་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ཀྱིས་ལུས་ཉམས་དང་། སེམས་ཉམས་དང་། གཞན་སེམས་ཤེས་པ་ལ་སོགས་པའི་ཡོན་ཏན་མངོན་དུ་མཛད་དེ་ལྷ་གོང་རི་ཁྲོད་དུ་དགེ་བཤེས་སེངྒེ་གྲགས་པ་ལ་ཁམས་ཕྱོགས་ཀྱི་རྣམ་རྟོག་དུ་མ་སྐྱེས་པའི་ནངས་པར། དེ་ལྟ་བུའི་རྟོག་པ་འོག་འགྱུ་མ་བྱེད་པར་དགེ་སྦྱོར་གྱིས་གསུངས་པ་དང་། བླ་མ་དབོན་པོ་ལ་ཆགས་པའི་རྣམ་རྟོག་མངོན་གྱུར་དུ་སྐྱེས་པའི་ཚེ། གདོང་ལ་ཕྱག་མཛུབ་བཙུགས་ནས། སྡུག་ཕྲུག་འདི་ལ་རྟོག་ངན་རྒྱུས་བྱུང་ངས་ཨེ་བཤད་གསུངས་པ་ལ། མི་གསུང་བར་ཞུ་ཞེས་ཞུས་སོ་ཞེས་ཁོང་རང་གཉིས་ལས་ཐོས་སོ། །གཉིས་པ་ནི། འཁོར་ལོ་བདེ་མཆོག་ཅེས་སོགས་ཚིགས་བཅད་བཞི་སྟེ། དང་པོ་གཉིས་ཀྱིས་བཟླས་པའི་རྣལ་འབྱོར། གསུམ་པས་ཐུན་མཚམས་ཀྱི་བྱ་བ། བཞི་པས་བཟའ་བ་དང་། ཉལ་བ་དང་། ལྡང་བའི་རྣལ་འབྱོར་གསུམ་བསྟན་ཏོ། །དེ་ཡང་བདག་ཉིད་ཆེན་པོ་འདིས་འཁོར་ལོ་བདེ་མཆོག་དང་། འཇམ་དབྱངས་དང་། གཤིན་རྗེ་གཤེད་དང་། མ་ཧཱ་ཀཱ་ལ་དང་། སྤྱན་རས་གཟིགས་ལ་སོགས་པའི་གསང་སྔགས་བྱེ་བ་དུ་མ་རབ་ཏུ་བཟླས་པར་མཛད་དེ། ཡིག་དྲུག་བྱེ་བ་བདུན་སོང་གསུངས་ཤིང་། གཞན་རྣམས་ལ་ཡང་རྒྱུན་དུ་ཐུགས་དམ་མཛད་པར་སྣང་ངོ་། །ཁྱད་པར་རྩ་སྔགས་ཨཱཥྚ་སྔར་འབུམ་ཕྲག་དྲུག ལྷ་གོང་དུ་འབུམ་ཕྲག་བདུན་བཟླས་པས་མནལ་ལམ་དུ་ཡི་དམ་གྱི་ལུང་བསྟན་པར་ངེས་ཏེ། རྒྱུ་དུས་ཀྱི་དབང་བསྐུར་ཞིག་གི་དུས་སུ། མཚན་མའི་བསྙེན་པ་ཐ་མ་མིང་གདགས་སུ་རུང་ཙམ་བྱུང་བས་ཞེས་གསུངས་པ་དང་། ཨེ་ཝཾ་ཆོས་ལྡན་དུ་བཞུགས་པའི་ནུབ་གཅིག་གླིང་སྐྱའི་རྒྱབ་རི་དེ་ན་ག་ཡ་དྷ་རའི་བུམ་ཆུ་ཡིན་ཟེར་བའི་ཆུ་ཆེན་པོ་སྐྱ་ཆིལ་བ་ཅིག་བརྡོལ་བྱུང་བས། དེ་མ་ཐག་ཏུ་ཆོས་གོས་ལ་གཤོག་པ་མཛད་ནས་གླིང་སྐྱའི་བྲག་ལ་འཕུར་སོང་བ་རྨིས་གསུངས་པ་དང་། ཡང་བདེ་མཆོག་གི་བསྙེན་པ་མཛད་པའི་ཚེ། རི་ངོས་ཆེན་པོ་ཅིག་བདེ་མཆོག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་ཅིག་གིས་ཁེབས་འདུག་པར་སྨིས་གསུངས་སོ། །ཐུན་མཚམས་ཀྱི་གནས་སྐབས་སུ་མཆོད་གཏོར་ལ་སོགས་པ་དགེ་བའི་བྱ་བ་འབའ་ཞིག་གིས་དུས་འདའ་བར་མཛད་ཅིང་། སྤྱོད་ལམ་གྱི་ཚེ། ལྷག་པའི་ལྷའི་ཐབས་ལ་མཁས་པ་དང་། ལྷ་སོ་སོའི་ཐབས་ལ་མཁས་པ་གང་རུང་གིས་སྣང་བ་ཐ་མལ་དུ་མ་ལུས་པར་མཛད་ལ། རྣལ་འབྱོར་གཞན་རྣམས་ཀྱང་ཚུལ་བཞིན་དུ་ཉམས་སུ་ལེན་པར་མཛད་དོ། །ཁྱད་པར་དུ་མནལ་དུ་སོང་བའི་གནས་སྐབས་ཀུན་དུ། ཨོཾ་གསུམ་མམ། བདེ་མཆོག་གི་སྔགས་གང་རུང་སྒྲ་ལྷང་ལྷང་དང་བཅས་ཏེ་གསུང་བར་དྲུང་ན་གནས་པ་དག་གིས་ངེས་པར་གྱུར་ཏོ། །དྲུག་པ་ནི། ཏིང་ཀྲོལ་གནས་སུ་ཞེས་སོགས་ཚིགས་བཅད་གསུམ་སྟེ། གཡའ་མ་ཏིང་ཀྲོལ་དུ་རི་ཁྲོད་མཛད་པའི་ཚེ། ནུབ་གཅིག་མནལ་ལམ་དུ་བུད་མེད་སྨུག་ཚོན་མ་ཅིག་གིས་སྟོན་པའི་གསེར་སྐུ་ཅིག་གཏད་ནས་ས་སྐྱ་པཎྜི་ཏའི་བསྟན་པ་འདི་ཉམས་འདུག་པས། ད་ཁྱོད་ཀྱིས་འབད་པ་ཆེན་པོ་གྱིས་ལ་སློངས་ཤིག་ཟེར་བ་རྨིས་ཞེས་ཐོས་སོ། །ཡང་རྫིང་ལུང་དུ་ཐུགས་དམ་མཛད་པའི་ཚེ། འཕགས་པ་སྤྱན་རས་གཟིགས་མངོན་སུམ་དུ་གཟིགས་ཤིང་། ལྷོ་ཕུག་ཏུ་བླ་མ་བཟང་སྐྱོང་བ་དང་ལྷན་ཅིག་རི་ཁྲོད་མཛད་པའི་ཚེ། ཐོ་རངས་ཤིག་ཁོང་གི་ལུང་པ་འོད་ཀྱིས་ཁེངས་པ་མཐོང་ནས་བལྟས་པས། རྗེ་འདི་ཉིད་སྤྱན་རས་གཟིགས་ཕྱག་བཞི་པར་གནས་པ་ལ། ལྷོ་རྩའི་སྤྱན་རས་གཟིགས་དེ་འདྲ་བ་དཔག་ཏུ་མེད་པས་བསྐོར་ནས་ཕྱག་ཐལ་མོ་སྦྱར་ནས་བཏུད་པར་མཐོང་བ་དང་། ཡང་བདེ་བ་ཅན་གྱི་གཟིམས་ཁང་རྙིང་པ་ན་བཞུགས་དུས་ཤིག་བུད་མེད་ལས་དག་པ་ཅིག་གིས་སྤྱན་རས་གཟིགས་སུ་མཐོང་བའི་ལོ་རྒྱུས་ཀྱང་སྣང་ངོ་། །ར་ལུང་གི་བྲག་ལ་བཞུགས་པའི་དུས་སུ་ད་ལྟ་བོད་ན་ས་སྐྱ་པཎྜི་ཏའི་གྲྭ་པ་མང་པོ་མེད། གང་ཡོད་པ་འདིའི་དཔོན་པོ་ཁྱོད་ཀྱིས་བྱེད་དགོས་ཟེར་བ་ཅིག་རྨིས་གསུངས་སོ། །བསམ་གཏན་ཕུག་ཏུ་སྐུ་མཚམས་མཛད་པའི་དུས་སུ། རྗེ་ས་ཆེན་བྱོན་ནས། ཁྱོད་ཀྱིས་སྔོན་དབང་བསྐུར་ཐོབ་པའི་དཀྱིལ་འཁོར་འདི་ཡིན་གསུངས་ནས་གསང་འདུས་འཇམ་རྡོར་གྱི་དཀྱིལ་འཁོར་ཡིན་སྙམ་པ་ཅིག་བསྟན། ཡང་ཆོས་ཁྲི་ཆེན་པོ་མང་པོ་འདུག་པ་སུའི་ཡིན་དྲིས་པས། ས་སྐྱ་པ་ཡབ་སྲས་ཁུ་དབོན་རྣམས་ཀྱི་ཡིན་ཟེར། དེ་རྣམས་ལས་ཆེ་བ་ཅིག་འདུག་པ་དྲིས་པས། ཁྱོད་ཀྱི་ཡིན་ཟེར་བ་རྨིས། ཡང་ཞྭ་ལུའི་ས་ཆ་འདྲ་བ་ཅིག་ན་ཆོས་ཁྲི་ཆེན་པོ་གཉིས་འདུག་པ་དྲིས་པས། བུ་སྟོན་རིན་པོ་ཆེ་དང་། སེམས་དཔའ་ཆེན་པོ་གཉིས་ཀྱི་ཡིན་ཟེར། དེ་གཉིས་ལས་ཆེ་བ་ཅིག་འདུག་པ་དྲིས་པས། ཁྱོད་ཀྱི་ཡིན་ཟེར་བ་རྨིས། ཡང་ནུབ་གཅིག་ཆོས་རྗེ་རིན་པོ་ཆེས་མཆོད་སྟེགས་འདྲ་བ་ཞིག་ཁྲ་ཡལ་ཡལ་ཞིག་གཏད་ནས། འདི་ན་བཟའ་བྲག་ཕུག་པའི་ཡིན། ཁྱོད་གཞན་དོན་རྒྱུན་རིང་བའི་རྟེན་འབྲེལ་བྱེད་པ་ཡིན་ཟེར་བ་རྨིས་སོ། །བདུན་པ་ལ་གཉིས་ཏེ། རྒྱུ་རྒྱལ་ཚབ་ཏུ་དབང་བསྐུར་བའི་ཚུལ། འབྲས་བུ་ཕྲིན་ལས་མཛད་པའི་ཚུལ་ལོ། །དང་པོ་ནི། འདྲེན་པ་མཆོག་གིས་ཞེས་སོགས་ཚིགས་བཅད་གཉིས་ཏེ། སྐྱེས་བུ་དམ་པ་རྣམས་ནི། དམ་པ་གོང་མའི་སྲོལ་བཟུང་ནས། རྗེས་འཇུག་གི་གདུལ་བྱ་རྣམས་ཀྱི་མགོན་སྐྱབས་མཛད་པ་ནི་ཆོས་ཉིད་དོ། །དེ་ཡང་འདི་ལྟར་བསམ་གཏན་ཕུག་གི་སྐུ་མཚམས་གྲོལ་ནས། རེ་དགུ་པ་མེ་ཕོ་བྱི་བའི་ལོ་ལ་སྐལ་ལྡན་མང་པོ་ལ་གསུང་ཆོས་མང་པོ་བཙུགས་ཏེ། འཁོར་ལོ་བདེ་མཆོག་གི་ཆོས་སྐོར་མང་པོ་དང་། ལམ་འབྲས་ཀྱིཾ་སྣང་བ་གསུམ་གྱི་ཁྲིད་སོང་བའི་ཚེ། ཨེ་ཝཾ་ཆོས་ལྡན་ནས། ཆོས་རྗེའི་ཕྱག་རྟགས་དང་བཅས་ཏེ་གདན་འདྲེན་པར་བྱུང་ནས་ས་ག་ཟླ་བའི་ཚེས་བཅུ་ལ་བཏེག་སྟེ། ཉི་ཤུ་གསུམ་ལ་ཨེ་ཝཾ་ཆོས་ལྡན་དུ་ཕེབས་སོ། །དེ་ཡང་ཆོས་རྗེའི་དགོངས་པ་ལ། ཚེས་བཅུ་ཙམ་ལ་ཕེབས་སམ་སྙམ་ནས་བྱ་བྲལ་བ་ཨེ་བྱུང་ལྟོས་ཞེས་ཡང་ཡང་གསུངས་ཤིང་། ནམ་མཁའ་ལ་འཇའ་འོད་ཀྱི་བྱེ་བྲག་མང་པོ་དང་མེ་ཏོག་གི་ཆར་ཡང་མང་པོ་བྱུང་ངོ་། །བཅུའི་ཉིན་པར་ཡང་དེ་བཞིན་དུ་བྱུང་ཡང་། ཉི་ཤུ་ལྔའི་བར་བརྟན་པར་བཞུགས་པ་ནི། རྗེ་འདི་ཉིད་ལ་བསྟན་པ་གཏད་པའི་ཆེད་དུ་ཡིན་པར་ངེས་སོ། །དེ་ནས་ཉི་ཤུ་བཞིའི་ཉིན། ཞོ་བཅོ་བརྒྱད་ཡོད་པའི་གསེར་ཐིག་པོ་ཅིག་གིས་མགོ་བྱས། གསེར་ཞོ་སུམ་ཅུ་སོ་བགྲང་ཞིག་ཕུལ་ནས་མཇལ་བའི་ཚེ། ཆོས་རྗེ་ཉིད་ཀྱི་སྐུ་ཆོས་དང་། རྡོ་རྗེ་དྲིལ་བུ་དང་། རྗེ་ས་ཆེན་གྱི་ཡིན་ཐད་རྣམས་གནང་ནས། རྗེས་ཀྱི་བྱ་བ་འདི་ལྟར་གྱིས་ཀྱི་ཞལ་ད་མདོར་བསྡུས་དང་། འདི་དང་མུས་གཉིས་ཡར་འབྱོན་མར་འབྱོན་གྱིས་ལ་བསྟན་པའི་བྱ་བ་རྒྱུན་མ་ཆད་པར་མཛོད་གསུངས་ཏེ། དམ་པའི་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་དབང་བསྐུར་བར་མཛད་དོ། །གཉིས་པ་ལ་གསུམ་སྟེ། རྗེས་ཀྱི་བྱ་བ་མཛད་ཚུལ། ཆོས་ཀྱི་འཁོར་ལོ་བསྐོར་ཚུལ། འབྲས་བུ་བསྟན་འཛིན་བསྐྲུན་ཚུལ་ལོ། །དང་པོ་ནི། དམ་ཚིག་སྡོམ་ལ་ཞེས་སོགས་ཚིགས་བཅད་གསུམ་སྟེ། དམ་ཚིག་ལ་ཉེས་པའི་དྲི་མ་མེད་པ་དང་། བླ་མ་ལ་ལྷག་པའི་ལྷ་དང་དབྱེར་མེད་དུ་བལྟ་བའི་ཕྱིར་ན། དེའི་ཐུགས་དགོངས་རྣམས་ཇི་ལྟ་བ་བཞིན་བསྒྲུབ་པར་མཛད་དེ། ཆོས་རྗེ་ཉིད་ཀྱིས་ཞལ་དའི་ལུགས་བཞིན། ཕྱག་རྫས་ཀྱི་སྟེང་ནས་རྟེན་གསུམ་གྱི་དྲུང་དུ་མར་མེ་ཕྲེང་བ་ལ་སོགས་པའི་མཆོད་རྫས་ཆེད་དུ་བཞག་པར་འོས་པ་རྣམས་ནི་དེ་ལྟར་བཞག གདན་ས་ཆེན་པོ་དང་། གསང་ཕུ་དང་། ནཱ་ལེནྡྲ་ལ་སོགས་པའི་ཆོས་སྡེ་ཆེན་པོ་རྣམས་སུ་དགེ་འདུན་ལ་བསྙེན་བཀུར་བྱ་བར་འོས་པ་རྣམས་ནི་ཕུན་སུམ་ཚོགས་པར་བསྒྲུབས། ཨེ་ཝཾ་ཆོས་ལྡན་དུ་བཞུགས་པའི་དགེ་འདུན་རྣམས་ལ་གནང་བྱིན་མཛད་པར་འོས་པ་རྣམས་ནི་སྐབས་སུ་བབས་པར་བསྒྲུབས། གཤེགས་རྗེས་ཀྱི་གསོལ་འདེབས་དང་། ལོ་དུས་ཀྱི་དུས་ཆེན་རྣམས་ལ་རྣལ་འབྱོར་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་ཕྱག་ལེན་རྣམ་པར་དག་པའི་སྒྲུབ་མཆོད་ཀྱི་རྒྱུན་བཙུགས། ཟླ་བ་བྱུང་ངོ་ཅོག་གི་དུས་མཆོད་ལ་དགེ་འདུན་གྱི་བསྙེན་བཀུར་རྣམ་པར་དག་པ་ཡང་འཛུགས་པར་མཛད་དོ། །གཞན་ཡང་སྐུའི་རྟེན་དུ་ཆོས་རྗེ་ཉིད་ཀྱི་སྐུ་འདྲ་སྐུ་ཚད་མ་དང་། ཐུབ་པ་ཆོས་འཆད་མ་ཤིན་ཏུ་ཆེ་བ་ཟངས་གསེར་ལས་གྲུབ་པ་དང་། གསུང་གི་རྟེན་དུ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལྔ། ཆོས་རྗེ་ཉིད་དང་བཅས་པའི་བཀའ་འབུམ་དང་། ཐུགས་ཀྱི་རྟེན་དུ་གཙང་ཁང་གི་ནང་དུ། གདུང་ཚྭ་བཞུགས་པའི་མཆོད་རྟེན་ཤིན་ཏུ་ཆེ་བ་གསེར་གྱིས་སྤྲས་པ་དང་། ཕྱི་རོལ་དུ་བདེ་གཤེགས་མཆོད་རྟེན་བརྒྱད། རེ་རེ་ལ་ཡང་གསེར་གདུགས་གསེར་ཏོག་དང་བཅས་པ་རྣམས་ལོ་གཅིག་ལྷག་ཙམ་གྱི་ནང་དུ་ཡོངས་སུ་རྫོགས་པར་གྲུབ་སྟེ། ལྷ་བཟོ་བ་ཐམས་ཅད་ཀྱང་བསྙེན་བཀུར་དང་ཡོན་ལ་སོགས་པས་ཡིད་ཚིམ་པར་བྱས། གཟུངས་གཞུག་དང་། ཞབས་བསྡམས་དང་། རབ་གནས་རྣམས་ནི་རྒྱུད་སྡེ་དང་མཐུན་པར་མཛད་དེ། བཀྲ་ཤིས་ཀྱི་དཔལ་འབར་བར་བཞུགས་པ་ཡིན་ནོ། །སྐུ་གདུང་ལ་རིང་བསྲེལ་བྱུང་བ་རྣམས་ནི། གསེར་སྐུ་གཉིས་ཀྱི་ཐུགས་ཀར་བཞུགས་ཤིང་། ལྷག་མ་གདུང་ཐལ་དང་བཅས་པ་རྣམས་ལ་སཱཙྪ་ཁྲི་ཚོ་བདུན་བཏབ་ནས། ཕྱེད་བདེ་གཤེགས་མཆོད་རྟེན་བརྒྱད་དང་། གཙང་ཁང་གི་འབུམ་པའི་ནང་དུ་བཞུགས། ཕྱེད་གསེར་ལ་སོགས་པའི་ན་བཟའ་ཅན་དུ་བྱས་ཏེ། ཕྱོགས་ཕྱོགས་སུ་དད་པའི་རྟེན་དུ་སྦྱིན་པར་མཛད་དོ། །གཉིས་པ་ལ་གཉིས་ཏེ། མཛད་པའི་རིམ་པ་དང་སྦྱར་ནས་མདོར་བསྟན་པ། བསྟན་པའི་རིམ་པ་དང་བསྟུན་ནས་རྒྱས་པར་བཤད་པའོ། །དང་པོ་ནི། བླ་མ་མཆོག་གི་ཞེས་སོགས་ཚིགས་བཅད་གཅིག་སྟེ། སྐྱེས་བུ་དམ་པ་རྣམས་ནི་གཞན་ལ་ཕན་པར་འདོད་པའི་ལྷག་བསམ་དང་། གནས་ལུགས་ཚུལ་བཞིན་དུ་ངེས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་དམ་པའི་ཆོས་ཇི་ལྟར་བསྟན་པ་ཐམས་ཅད་གདུལ་བྱ་རྣམས་ཀྱི་བློ་དང་འཚམ་པར་དོན་དུ་གཉེར་བ་ནི་ཆོས་ཉིད་དོ། །དེ་ཡང་འདི་ལྟར་ཆོས་རྗེ་བཟང་པོའི་ཞབས་བདེ་བ་ཅན་དུ་གཤེགས་པའི་རྗེས་དེ་ནས་ལོ་གཉིས་ཀྱི་བར་དུ། དབང་། རྒྱུད། མན་ངག ལུང་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པར་བསྐོར་བར་མཛད་ཅིང་། དེ་ནས་དོན་གཅིག་པ་ས་ཕོ་སྟག་གི་ལོ་ལ་མུས་སུ་ཕེབས་ནས། བདེ་ལྡན་རི་ཁྲོད་ཀྱི་དགོན་པ་བཏབ། དེར་ཡང་གསུང་ངག་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་ནས། སླར་ཡང་དེའི་སྟོན་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ཏེ། སྔར་བཞིན་དུ་གདམས་པ་ཟབ་མོས་གདུལ་བྱ་རྣམས་ཚིམ་པར་མཛད། དེའི་ཚེ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་སྤུངས་པ་སྐུ་མཆེད་ཀྱིས་གདན་དྲངས་ནས། ཆོས་ཟབ་མོ་ཞུས་ཏེ། དེའི་སྟོན་ཡང་མུས་སུ་ཕེབས་ནས། དོན་གསུམ་པ་འབྲུག་གི་ལོ་ལ་བསམ་གཏན་ཕུག་ཏུ་སྐུ་མཚམས་ཤིན་ཏུ་དམ་པར་མཛད། སྦྲུལ་ལོ་ཤར་མ་ཐག་ཏུ་བདེ་ལྡན་རི་ཁྲོད་དུ་གསུང་ངག་ལ་སོགས་པའི་གདམས་པ་ཟབ་མོ་རྣམས་བཙུགས་ནས་ཆོས་འཕྲོ་རྣམས་རྫོགས་པའི་ཚེ། རིགས་ལྡན་པདྨ་དཀར་པོའི་སྤྲུལ་པ་ཏའི་སི་ཏུ་རྣམ་རྒྱལ་གྲགས་པ་དཔལ་བཟང་པོ་ཡབ་སྲས་དང་། ངམ་རིངས་ཆོས་སྡེའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་འབད་པ་ཆེན་པོས་གདན་དྲངས་ཏེ། ཆོས་སྡེར་ཕེབས་ནས། བདག་པོ་ཡབ་སྲས་ལ་དབང་བསྐུར་རྣམ་པར་དག་པ་དང་། ཆོས་སྡེའི་དགེ་བཤེས་རྣམས་ལ་གསུང་ངག་ལ་སོགས་པའི་དམ་པའི་ཆོས་ཀྱི་ཆར་ཆེན་པོ་ཕབ་སྟེ། རྣམ་གྲོལ་གྱི་ལོ་ཐོག་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ་སྤེལ་བར་མཛད་པ་ཡིན་ནོ། །སླར་ཡང་དེའི་སྟོན་ཨེ་ཝཾ་ཆོས་ལྡན་དུ་ཕེབས་ནས། ཕྱོགས་ཀྱི་དགེ་བའི་བཤེས་གཉེན་སྟོང་ཕྲག་ཙམ་འདུས་པ་ལ། གསུང་ངག་ལ་སོགས་པའི་གདམས་པ་ཟབ་མོ་བསྟན། ཡོ་བྱད་ཀྱི་དངོས་པོ་ཕྱག་ཏུ་བྱུང་བ་རྣམས་ལ། ལ་ལ་ནི་གསེར་གྱི་གན་ཇི་ར་བསྒྲུབས་ཏེ། གཙུག་ལག་ཁང་གི་སྟེང་དུ་བཙུགས། འགའ་ཞིག་ནི་གཙུག་ལག་ཁང་དུ་མཆོད་རྫས་ཀྱི་རྒྱུ་རུ་བཞག གཞན་དག་ནི། ཆེ་འགོ་རྣམས་ལ་གནང་སྦྱིན་དང་། དགེ་འདུན་སྤྱི་ལ་བསྙེན་བཀུར་མཛད། དོན་ལྔ་པ་རྟ་ལོའི་དཔྱིད་མུས་སུ་ཕེབས་ནས། བདེ་ལྡན་རི་ཁྲོད་དུ་དད་ལྡན་རྣམས་ལ་གདམས་པ་ཟབ་མོས་ཚིམ་པར་མཛད། དེའི་དགུན་སོ་སླར་ཡང་བྱང་པ་ཡོན་མཆོད་རྣམས་ཀྱིས་གདན་དྲངས་ནས་དཔལ་ངམ་རིངས་སུ་ཕེབས་ཏེ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར། སླར་ཡང་བདེ་ལྡན་རི་ཁྲོད་དུ་ལུག་གི་ལོའི་དབྱར་གསུང་ངག་ལ་སོགས་པའི་གདམས་པ་ཟབ་མོ་གནང་ནས། དེའི་དགུན་སོ་གླེ་ལུང་ཆོས་སྡེར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐོར་བར་མཛད་ཅིང་། དོན་བདུན་པ་སྤྲེའུ་ལོའི་དབྱར་ཟླ་བ་ལྔ་པ་དང་དྲུག་པ་རྣམས་ལ་མཚན་མ་བཟློག་པའི་ཆེད་དུ་ཐུགས་དམ་ཟབ་མོ་མཛད་ཅིང་། སླར་ཡང་བདག་ཆེན་བཞི་ཐོག་པ་ལ་སོགས་པའི་དམ་པ་རྣམས་ལ་ཆོས་ཀྱི་ཆར་གྱིས་ཚིམ་པར་མཛད་དོ། །གཉིས་པ་ལ། སོ་ཐར། བྱང་སེམས། རིག་འཛིན་སྔགས་ཀྱི་བསྟན་པ་སྤེལ་བའི་ཚུལ་གསུམ་ལས། དང་པོ་ནི། ལེགས་གསུངས་འདུལ་བའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། སོ་སོ་ཐར་པའི་སྡོམ་པ་དོན་དུ་གཉེར་བ་རྣམས་བློའི་རིམ་པ་དང་འཚམ་པར། དགེ་བསྙེན། དགེ་ཚུལ། དགེ་སློང་གི་སྡོམ་པ་ལ། དྲི་མ་མེད་པའི་ཆོ་གས་བཀོད་པར་མཛད་དེ། སྔར་ཆོས་རྗེ་བཟང་པོའི་ཞབས་ཞལ་བཞུགས་པ་ན། རྗེ་འདི་ཉིད་དང་གདན་འཛོམ་པའི་ཚེ། ཆོས་རྗེ་ངོར་པ་དང་། ཆོས་རྗེ་མུས་པ་ལྟ་བུའི་མཁན་སློབ་འཛོམ་པའི་དུས་སུ་བསྙེན་རྫོགས་ལ་འགྲོ་ཟེར་ནས། ཕྱོགས་མཐའ་དག་ནས་སྤྲིན་བཞིན་དུ་འདུས་པ་དང་། ཕྱིས་རང་ཉིད་ཀྱིས་མཁན་པོ་མཛད་པའི་སྒོ་ནས་རབ་བྱུང་དང་བསྙེན་རྫོགས་མཛད་པ་ཡང་བསམ་གྱིས་མི་ཁྱབ་བོ། །གཉིས་པ་ནི། ཨ་ཏི་ཤའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཆོས་རྗེ་རྒྱལ་མཆོག་པས་ཁྱོད་ཀྱིས་བློ་སྦྱོང་འདིའི་བཀའ་མ་ཆད་པར་གྱིས་གསུངས་པ་ལ་བརྟེན་ནས། དབྱར་དགུན་རྣམས་སུ་བློ་སྦྱོང་རེ་མ་ཆག་པར་གསུངས་ཤིང་། དོན་དུ་གཉེར་བ་ནམ་བྱུང་དུས་སུ་གསུངས་པར་མཛད་པས། བཀའ་སྲོལ་འདིའི་ཡང་བདག་པོར་གྱུར་ཅིང་། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་རྒྱས་པར་མཛད་པ་ཡིན་ནོ། །གསུམ་པ་ནི། ཐུན་མོང་ལམ་གྱི་ཞེས་སོགས་ཚིགས་བཅད་དྲུག་སྟེ། དང་པོས་དབང་བསྐུར་བ། གཉིས་པས་ རྒྱུད་བཤད་པ། དེ་ནས་གསུམ ་གྱིས་མན་ངག་གནང་བ། ཐ་མས་ལུང་གི་སྒོ་ནས་བསྟན་པ་སྤེལ་བ་བསྟན་ཏོ། །དེ་ཡང་བདག་ཉིད་ཆེན་པོ་འདིས་དབང་བསྐུར་བའི་ཚེ་ན་ཡང་། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། སློབ་མ་ལྷར་བསྐྱེད་པ་རྣམས་གདན་གསུམ་ཚང་བར་དག་བྱ་དག་བྱེད་ངོ་སྤྲད་ནས་བརྒྱུད་པ་བར་མ་ཆད་པའི་ཆོ་ག་རྣམ་པར་དག་པས་དབང་བསྐུར་བས་སྐུ་བཞིའི་ས་བོན་ཐེབས་པར་མཛད་པ་ཞིག་གོ །རྒྱུད་འཆད་པའི་ཚེ་མཐའ་དྲུག་ཚུལ་བཞི་ལ་སོགས་པ་འཆད་ཚུལ་རྣམ་པར་དག་པའི་སྒོ་ནས་ཟབ་དོན་གྱི་ནོར་བུ་སྟོན་པར་མཛད་པ་ཞིག་གོ །མན་ངག་གནང་བའི་ཚེ་བསྐྱེད་རྫོགས་ཀྱི་མན་ངག་ཟབ་མོ་རྣམས་ལ་རྟོག་གེས་བརྟགས་པའི་གྲུབ་མཐའ་རྣམས་ལུང་རིགས་ཀྱིས་བཀག་ནས་རྒྱུད་སྡེའི་དགོངས་པ་མན་ངག་བཞིན་སྟོན་པར་མཛད་པ་ཞིག་གོ །ཁྱད་པར་དུ་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྒོ་ནས་གངས་རིའི་ཁྲོད་ཀྱི་དོན་གཉེར་རྣམས་རྣམ་གྲོལ་གྱི་ལམ་ལ་བཀོད་པར་མཛད་དེ། སྔར་ཕན་ཆད་གསུང་ངག་ཚར་ཉི་ཤུ་རྩ་ལྔ་ཙམ་གསུང་བར་མཛད་དོ། །གཞན་ཡང་རྒྱུད་འབུམ་དང་། འདུལ་བ་ལུང་དང་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་རྣམས་དང་། བླ་མ་བརྒྱུད་པའི་བཀའ་འབུམ་གྱི་ལུང་རྣམས་ཀྱིས་ཀྱང་དྲི་མ་མེད་པའི་བསྟན་པ་སྤེལ་བར་མཛད་དོ། །གསུམ་པ་ནི། དེ་ལྟར་དྲི་མེད་ཅེས་སོགས་ཚིགས་བཅད་གཉིས་ཏེ། སྔར་བཤད་པ་དེ་ལྟར་རང་དོན་མཁྱེན་པ་དང་ཐུགས་རྗེ་ཕུལ་དུ་བྱུང་ཞིང་། གཞན་དོན་ཕྲིན་ལས་རྨད་དུ་བྱུང་བ་མཛད་པའི་སྟོབས་ཀྱིས་གངས་རིའི་ཁྲོད་ཀྱི་ཆེ་བར་གྲགས་པ་མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་བདག་ཆེན་བཞི་ཐོག་པ་ཀུན་དགའ་དབང་ཕྱུག་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ། བདག་ཆེན་བློ་གྲོས་དབང་ཕྱུག་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ། བདག་ཆེན་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། བདག་ཆེན་བཞི་ཐོག་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། བདག་ཆེན་ཤར་པ་ཡེ་ཤེས་དབང་ཕྱུག་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ་སྐྱེ་དགུའི་གཙུག་རྒྱན་རྣམས་ཀྱིས་ཀྱང་ཞབས་ཀྱི་པདྨོ་ལ་གཏུགས་ཤིང་གདམས་པ་ཟབ་མོ་ནོས་ཏེ་སྤྱི་བོའི་ཅོད་པཎ་དུ་ཁུར་བར་མཛད་དོ། །གཞན་ཡང་ལུང་རིགས་ལ་དབང་བསྒྱུར་བའི་མཁས་པ་ཆེན་པོ་བྱམས་ཆེན་མཁན་པོ་བསོད་ནམས་ཆོས་ཀྱི་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ། གླང་ཐང་སྤྱན་མངའ་བ་ཀུན་དགའ་རྡོ་རྗེ་སྐུ་མཆེད། དྲོ་པ་མཁན་པོ་ཆོས་ཀྱི་སྤྱན་ལྡན་ཤེས་རབ་བཟང་པོ། ངམ་རིངས་མཁན་པོ་ཀུན་དགའ་གྲུབ་དང་། མཁས་པ་སངས་རྒྱས་སེང་གེ མཁས་པའི་དབང་པོ་དོན་ཡོད་དཔལ་བཟང་པོ། བསྟན་པའི་རྩ་ལག་ཀུན་མཁྱེན་སངས་རྒྱས་འཕེལ། མཁྱེན་རབ་ཀྱི་དབང་ཕྱུག་ནམ་མཁའ་བསོད་ནམས་ལ་སོགས་པ་གངས་རིའི་ཁྲོད་ཀྱི་མཁས་པ་དག་གིས་ཁྱོད་ཀྱི་གསུང་ཐུབ་པའི་གསུང་ལྟར་གུས་པས་བསྟེན་ཅིང་ཕྱོགས་བཅུར་སྤེལ་བར་མཛད་དོ། །བརྒྱད་པ་ནི། རིས་བསྒྱུར་ཕྱོགས་ནི་ཞེས་སོགས་ཚིགས་བཅད་གསུམ་སྟེ། དོན་བདུན་པ་ཤིང་ཕོ་སྤྲེའུའི་ལོ་ཐ་སྐར་ཟླ་བའི་ཉི་ཤུ་གསུམ་ནས། དགུའི་བར་དུ་སྒྲུབ་པའི་གྲོགས་དང་བཅས་ཏེ། དབེན་གནས་བསམ་གཏན་ཕུག་ཏུ་བདུད་རྩིའི་རིལ་བུ་ཚུལ་བཞིན་དུ་བསྒྲུབ་པ་བར་ཆད་མེད་པར་མཐར་ཕྱིན་ཏེ། དྲི་བཟང་པོ་དང་མེ་ཏོག་གི་ཆར་ལ་སོགས་པའི་ལྟས་བཟང་པོ་ཡང་བྱུང་ངོ་། །སླར་ཡང་དབེན་གནས་དེ་ཉིད་དུ་སྐུ་མཚམས་དམ་པར་བཅད་ནས་རིམ་གཉིས་ཟབ་མོའི་ཏིང་ངེ་འཛིན་ལ་བཞུགས་ཏེ། ཤིང་མོ་བྱའི་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་བཅོ་ལྔ་ལ། བླ་མ་ནམ་མཁའ་དཔལ་བཟང་སྐུ་མདུན་དུ་མཇལ་བའི་ཚེ། ན་ནིང་ནས་རྗེ་ས་ཆེན་དང་མཇལ་བ་ལ་དཔེ་མེད་དུ་བྱེད་ན། ད་ལོ་ནི་རྣལ་འབྱོར་དབང་ཕྱུག་ཡང་མནལ་ལམ་དུ་བྱུང་གསུངས་པས། ཁོང་གི་ཞབས་ལ་འཇུས་ཏེ། ཆོས་རྗེ་རིན་པོ་ཆེ་ལ་དེ་ལྟ་བུ་ལོས་འོང་ཞུས་ཟེར་བ་ཐོས་སོ། །གཞན་ཡང་འདིའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་སྟེ། མཁས་གྲུབ་གཞོན་ནུ་སེང་གེ་པས་ས་ཆེན་གྱི་དངོས་སློབ། གཉན་ཕུལ་བྱུང་བའི་སྐྱེ་བ་ཡིན་པའི་མཚན་མ་མཐོང་བ་དང་། སྒོམ་སྡེ་ཕྲ་རལ་ལ་ཆོས་རྗེ་བཟང་པོའི་ཞབས་ཀྱིས་ཐོད་པ་བདུད་རྩིས་གང་བ་གནང་བ་རྗེ་འདི་ཉིད་ཀྱིས་གསོལ་བའི་རྨི་ལམ་བྱུང་བ་དང་། གྲུབ་ཐོབ་ཆེན་པོས་ཁྱོད་ཁ་རག་སྒོམ་ཆུང་གི་སྐྱེ་བ་ཡིན་ནོ་ཞེས་གསུངས་པ་ཡང་ཐོས་སོ། །གཞན་ཡང་ཟབ་དོན་འཆད་པའི་ཚེ་བློས་བརྟགས་ཀྱི་གྲུབ་མཐའ་རྣམས་ལུང་རིགས་ཉི་མའི་འོད་ཟེར་གྱིས་བསལ་ནས། ཟབ་དོན་གྱི་པད་ཚལ་འབྱེད་པ་འདི་ལྟ་བུ་ནི་དུས་མཉམ་པའི་མཁས་པ་སུས་ཀྱང་འགྲན་པར་མི་བཟོད་དོ། །ཕས་རྒོལ་དང་རྩོད་པའི་ཚེ། དངོས་སྟོབས་ཀྱི་རིགས་པ་གནམ་ལྕགས་ཀྱི་ཐོག་བབས་ནས་ལོག་རྟོག་གི་བྲག་རི་བསྙིལ་བ་ནི། འཕགས་ཡུལ་གྱི་ཕྱོགས་གླང་ཆོས་གྲགས་དང་ཚུལ་མཚུངས་ཏེ། ཉིད་ཀྱི་བླ་མ་རོང་སྟོན་ཆེན་པོ་དང་། སེམས་དཔའ་ཆེན་པོ་གཉིས་ཀྱིས་ཀྱང་རིགས་པའི་དབང་ཕྱུག་ཆེན་པོར་བསྔགས་ཤིང་། རབ་བྱུང་གིས་དབང་གསུམ་པའི་ལམ་བསྒོམ་དུ་མི་རུང་བ་དང་། མཚོན་བྱེད་དཔེའི་ཡེ་ཤེས་ལ་ལྷག་མཐོང་མེད་པར་འདོད་པ་ལ་བཏང་བའི་རིགས་པ་རྣམས་ནི། མཁས་རློམ་གཞན་སུ་ལ་ཡང་མ་མཐོང་ངོ་། །ལེགས་བཤད་རྩོམ་པའི་ཚེ་རྣ་བར་སྙན་ཅིང་འབྲེལ་ཆགས་ལ། མཁས་པ་དག་གིས་མཐོང་ན་སྔོན་མེད་པའི་རྟོགས་པ་བསྐྱེད་པ་ནི། རྗེ་ཉིད་ཀྱི་བཀའ་འབུམ་མཐོང་བས་བསལ་ལོ། །ཆོས་བརྒྱད་མགོ་སྙོམས་པ་ནི། ཀུན་ལ་གྲགས་ཤིང་ཁྱད་པར་དུ། ས་སྐྱ་འཁོན་གྱི་གདུང་བརྒྱུད་ལ་སོགས་པ་ཆེ་དགུ་དག་གིས་ཆོས་ཞུས་པས། སྐུ་ཚེ་ལ་མི་གཟན་ནམ་ཞུས་པས། དེ་ལ་དགའ་ཚོར་མེད་པས་སྐྱོན་མེད་གསུངས་པ་ལྟ་བུའོ། །ཡོ་བྱད་ཀྱི་འཛིན་པ་དང་བྲལ་བ་ནི། ཡོད་བྱད་ཕྱག་དུ་བྱུང་བ་ཐམས་ཅད་ལ་ཡང་ན་བླ་མ་ལ་འབུལ་བ། ཡང་ན་བླ་མའི་དུས་མཆོད། ཡང་ན་རྟེན་གསུམ་བཞེངས་པ། ཡང་ན་དགེ་འདུན་གྱི་བསྙེན་བཀུར་མཛད་པ་ལས། རང་དོན་དུ་ཏིལ་འབྲུ་ཙམ་ཡང་མི་འཆང་བ་མངོན་སུམ་དུ་གྱུར་པ་འདི་ཉིད་དོ། །རྒྱུ་མཚན་དེ་དག་གི་ཕྱིར་ན། སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ་སྟེ། དགུང་ལོ་དོན་བརྒྱད་བཞེས་པ་ན་ཡང་། ཨེ་ཝཾ་ཆོས་ལྡན་དང་། ངམ་རིངས་དང་། མངའ་རིས་གསུམ་ནས་གདན་འདྲེན་པ་ཅིག་ཅར་དུ་བྱུང་སྟེ། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བདག་ཅག་རྣམས་ཀྱི་ས་ཕྱོགས་ཞབས་ཀྱིས་བཅགས་ནས། ཞལ་བསྟན་པ་ཙམ་ཞིག་མཛད་ན་ཡང་། འགྲོ་བ་དཔག་ཏུ་མེད་པའི་དོན་དུ་འགྱུར་བ་ཡོད་དོ་ཞེས་ཞུས་སོ། །དེའི་ཚེ་རྒྱུད་སྡེ་འཛིན་པ་ཆེན་པོ་ཀུན་དགའ་དབང་ཕྱུག་པ། ཆོས་རྗེ་བཟང་པོའི་ཞབས་ཀྱི་བཀའ་བཞིན་དུ། ཨེ་ཝཾ་ཆོས་ལྡན་གྱི་གདན་སར་བསྐོས་ཏེ། བཤད་སྒྲུབ་རྒྱུན་མི་འཆད་པར་མཛད་དོ། །གཉིས་པ་བསོད་ནམས་སྤེལ་བའི་ཕྱིར། རྒྱུན་བཤགས་བྱ་བ་ལ་བདུན་ལས། ཕྱག་འཚལ་བའི་ཡན་ལག་ནི། སྲིད་ན་ཁྱོད་འདྲའི་ཞེས་སོགས་ཚིགས་བཅད་བཞི་སྟེ། དང་པོ་གཉིས་ཀྱིས་དཀོན་མཆོག་གི་སྒྲ་དོན། རྒྱུད་བླ་མ་ལས་དྲུག་གསུངས་པ་དང་སྦྱར། གསུམ ་པས་རྒྱལ་གྱི་སྒྲ་དོན་ཡབ་ཡུམ་སྲས་གསུམ་དང་སྦྱར། བཞི་པས་མཚན་གྱིས་སྒྲ་དོན་སྐུ་གསུང་ཐུགས་དང་སྦྱར་བའོ། །ཡན་ལག་ལྷག་མ་དྲུག་ནི། ཞིང་འདིར་དཀོན་པའི་ཞེས་སོགས་ཚིགས་བཅད་དྲུག་སྟེ། རེ་རེ་ཡང་རྗེ་ཉིད་ཀྱི་མཚན་དང་སྤེལ་བའོ། །གསུམ་པ་འབྲས་བུ་འགྲུབ་པའི་ཆེད་དུ་སྨོན་ལམ་གདབ་པ་ནི། དེང་ནས་གཟུང་སྟེ་ཞེས་སོགས་ཚིགས་བཅད་བཞི་སྟེ། དང་པོས་གདམས་པའི་རྒྱུ། གཉིས་པས་གདམས་པ་དངོས་ལ་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན། གསུམ་པས་རྡོ་རྗེ་ཐེག་པའི་ཉམས་ལེན། བཞི་པས་དེ་དག་གི་འབྲས་བུ་འགྲུབ་པར་སྨོན་པ་རྩོམ་པ་པོའི་མིང་དང་སྦྱར་བའོ། །གསུམ་པ་ནི། རྗེ་བཙུན་བླ་མ་ཞེས་སོགས་ཚིགས་བཅད་དྲུག་སྟེ། ཕྱིས་དྲུག་བསྣན་པ་ནི། དབེན་གནས་དངུལ་ཆུར་ཞེས་སོགས་ཚིགས་བཅད་གཅིག་དང་། ཏིང་ཀྲོལ་གནས་སུ་ཞེས་སོགས་ཚིགས་བཅད་གཉིས་དང་། རིས་བསྒྱུར་ཕྱོགས་ནི་ཞེས་སོགས་གསུམ་སྟེ་ཤིན་ཏུ་དག་ཅིང་ཡིད་ཆེས་པའི་གནས་སུ་གྱུར་ཏེ། གདུལ་བྱ་རྣམས་ཀྱི་དད་པའི་ཡིད་མཚོར་ཁྱབ་པར་བྱས་པ་ཡིན་ནོ། །ཡོན་ཏན་རྒྱ་མཚོའི་ཡོན་ཏན་ཆ་ཙམ་རྣམ་པར་བཤད་པ་ལས་བྱུང་བའི། །བསོད་ནམས་སེང་གེས་བསོད་ནམས་ཇི་སྙེད་བསགས་པ་དེ་ཡིས་ལུས་ཅན་ཀུན། །སྡུག་བསྔལ་རྒྱ་མཚོའི་སྡུག་བསྔལ་ཀུན་ནས་བརྒལ་ཏེ་བདེ་བ་དམ་པའི་གླིང་། །རྣམ་མང་འགྲོ་ལ་རྣམ་མང་ཕན་པ་བསྒྲུབ་པའི་སངས་རྒྱས་མྱུར་ཐོབ་ཤོག །རྗེ་བཙུན་བླ་མ་མུས་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ་འདི་ནི་རྗེ་དེ་ཉིད་ཀྱི་སློབ་མ་དད་པ་བརྟན་པོ་དང་ལྡན་པ་དག་གིས་བསྐུལ་ནས། རྗེ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་པ་དགེ་སློང་བསོད་ནམས་སེང་གེས་ཤིང་མོ་བྱའི་ལོ་སྣྲོན་གྱི་ཟླ་བའི་ཡར་ཚེས་བརྒྱད་ལ་གླིང་ཁ་བདེ་བ་ཅན་དུ་སྦྱར་བའོ།། ༈ །།རྣམ་པར་ཐར་པའི་ཁ་སྐོང་བཞུགས།། ༄༅། །ན་མོ་གུ་ར་ཝེ། རྗེ་བཙུན་དམ་པ་དཀོན་མཆོག་རྒྱ་མཚན་དཔལ་བཟང་པོ་དགུང་ལོ་བདུན་ཅུ་དོན་བརྒྱད་བཞེས་པ་ཡན་ཆད་ཀྱི་རྣམ་པར་ཐར་པ་རགས་རིམ་སྔར་བསྟན་ཟིན་པ་དེའི་ཁ་སྐོང་གི་ཚུལ་དུ་ཚིགས་སུ་བཅད་པ་སུམ་ཅུ་རྩ་གསུམ་པ་ཅིག་སྦྱར་ཟིན་པའི་དོན་འགྲེལ་འདིར་བརྗོད་པར་བྱའོ། །དེ་ཡང་སྔར་ལྷ་སར་བྱོན་པའི་དུས་སུ་དགུང་ལོ་བདུན་ཅུ་ཐུབ་པའི་མཚན་མ་བྱུང་གསུངས་པ་དང་། དེ་རྗེས་ལན་ཅིག་བདུན་ཅུ་དོན་ལྔ་ཐུབ་པའི་མཚན་མ་བྱུང་གསུངས་པ་དང་། བླ་མ་ནམ་ཆོས་པ་བདེ་བར་གཤེགས་པའི་ནུབ་མོའི་མནལ་ལམ་དང་བསྟུན་ན། བདུན་ཅུ་དོན་བདུན་པའི་སྟེང་དུ་བདེ་བ་ཅན་དུ་གཤེགས་རྒྱུར་སྣང་ན་ཡང་། བརྒྱད་ཅུ་གྱ་གཉིས་སམ། འདུལ་བ་པའི་ལུགས་ཀྱི་གྱ་གསུམ་གྱི་བར་དུ་བཞུགས་པ་ནི་གྲུབ་པའི་དབང་ཕྱུག་རྣམས་ཀྱི་མན་ངག་བདུད་རྩི་ལྟ་བུ་སྙིགས་དུས་སུ་མི་ཉམས་པའི་ཆེད་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པར་སྣང་སྟེ། དགུང་ལོ་དོན་གསུམ་བཞེས་པ་འབྲུག་ལོའི་ནང་དུ་དབེན་གནས་བསམ་གཏན་ཕུག་ཏུ་སྐུ་མཚམས་ལ་བཞུགས་པའི་ཚེ། མནལ་ལམ་དུ། ཆོས་རྗེ་ཀུན་དགའ་བཟང་པོའི་ཞལ་ནས། ཨོཾ་མ་ཎི་དྷ་རི་བཛྲི་ནི་སྭཱཧཱ། ཞེས་པའི་སྔགས་གསུངས་ནས་འདིའི་སྔགས་འབྲུའི་གྲངས་དང་མཉམ་པའི་ལོ་གྲངས་ཐུབ་ཅེས་པའི་ལུང་བསྟན་བརྙེས་པར་མཛད་པ་ལས་ཤེས་སོ། །དེ་ནས་དོན་བརྒྱད་བཞེས་པ་བྱ་ལོའི་དབྱར་གླིང་ཁ་བདེ་བ་ཅན་དུ། ཆོས་རྗེ་སྐུ་སྐྱེ་བ་ལ་སོགས་པའི་སྐལ་ལྡན་འགའ་ལ་གསུང་ངག་དང་། འཁོར་ལོ་བདེ་མཆོག་གི་བསྐྱེད་རྫོགས་ལ་སོགས་པའི་གདམས་པ་མང་པོ་གནང་ནས་དེའི་དགུན་སོ་ངམ་རིངས་སུ་ཕེབས་ཏེ། དགེ་བའི་བཤེས་གཉེན་ཉིས་སྟོང་ལྷག་པ་ལ་ཐེག་པ་ཆེན་པོའི་བློ་སྦྱོང་ལ་སོགས་པའི་གདམས་པ་དུ་མ་གནང་། དེའི་ནང་ནས་ཟབ་མོའི་ལམ་གྱི་སྐལ་བ་དང་ལྡན་པ་དགུ་བརྒྱ་ལྷག་པ་ལ་གསུང་ངག་རིན་པོ་ཆེ་ཆ་ལག་དང་བཅས་པས་སྨིན་པར་མཛད་ནས་ཁྱི་ལོ་ས་ག་ཟླ་བའི་ནང་དུ་མུས་སུ་ཕེབས། དེ་ནས་བཟུང་སྟེ་བདེ་བར་མ་གཤེགས་ཀྱི་བར་བདེ་བ་ཅན་དང་། བདེ་ལྡན་རི་ཁྲོད་དང་། གླེ་ལུང་རྣམས་སུ་བཞུགས་ནས། བདག་ཆེན་བློ་གྲོས་དབང་ཕྱུག་པ་དང་། སྲས་ཀྱི་ཐུ་བོ་གུང་རུ་ཤེས་རབ་བཟང་པོ་ལ་སོགས་པ། སྟོད་མངའ་རིས། སྨད་མདོ་ཁམས། བར་དབུས་གཙང་གི་དགེ་བའི་བཤེས་གཉེན་མཁས་བཙུན་དད་ལྡན་དཔག་དུ་མེད་པ་ཚོགས་པ་རྣམས་ལ་དབང་། རྒྱུད། མན་ངག ལུང་ལ་སོགས་པའི་སྒོ་ནས་རང་རང་གི་སྐལ་བ་དང་འཚམ་པར་སྨིན་གྲོལ་ལ་བཀོད་པར་མཛད་དེ། གླང་ལོའི་དཔྱིད་ཞིང་འདིའི་གཞན་དོན་རྫོགས་པས་ཐུགས་རངས་ཏེ། ཞིང་གཞན་དུ་གཤེགས་པར་བཞེད་ནས། གསུང་ངག་རྫོགས་པའི་རྗེས་སུ་འདི་ལ་ལམ་འབྲས་ཀྱི་རྗེས་མ་གྱིས་གསུངས། དེའི་དབྱར་ཁ་ནས་སྐུ་མཚམས་ལ་བཞུགས་པར་བཞེད་ན་ཡང་། ཆོས་རྗེ་གླང་ཐང་པ་ཕེབས་པས་སླར་ཡང་གསུང་ངག་ཚར་གཅིག་གནང་བར་མཛད་དོ། །གསུང་ངག་མ་རྫོགས་པའི་གོང་ཙམ་དུ་བཞི་སྡེ་མཁན་ཆེན་པས་གཙོ་མཛད་པ་རྣམས་ལ་ནག་པོ་རིམ་བཞི་གནང་སྟེ། ཆོས་འཕྲོ་རྣམས་རྫོགས་ནས་ཟླ་བ་དགུ་པའི་ཚེས་ཉི་ཤུ་ལ་ཆོས་རྗེ་གླང་ཐང་པ་དཔོན་སློབ་རྣམས་ངོར་དུ་ཐེགས། དེ་རྗེས་བདག་ཆེན་བློ་གྲོས་དབང་ཕྱུག་པ་བཞུགས་པར་བཞེད་ནས་ཞུ་བ་ནན་གྱིས་ཕུལ་བ་ལ། རྗེའི་ཞལ་ནས་ངེད་ད་ལོ་ལུང་ཕུག་ཡ་གི་དེ་ནར་འཆི་རུ་འགྲོ་བ་ཡིན། ང་ཤི་བའི་རྗེས་སུ་གྲྭ་བུ་སློབ་ཀྱི་འདུ་འཚོགས་དང་མཆོད་བསྔོ་ལ་སོགས་པ་འཇིག་རྟེན་གྱི་བརྡ་ཆད་མང་པོ་དང་། དེ་དག་གི་མགོ་མ་ལ་སློབ་མའི་དྲག་ཤོས་ས་སྐྱ་འཁོན་གྱི་གདུང་བརྒྱུད་བཞུགས་ཞེས་པའི་གཏམ་འདི་ལ་ཞེ་འདོད་དང་པོ་ནས་མེད་པ་ཡིན་པས་ཅིས་ཀྱང་བྱོན་མཛོད་ཅེས་པའི་ཞལ་ཏ་ནན་གྱིས་གནང་བས། བདག་ཆེན་པས་ཀྱང་བླ་མའི་ཐུགས་དགོངས་དང་བསྟུན་པར་མཛད་དེ་ཉི་ཤུ་དྲུག་ལ་བཏེག་པར་མཛད་དོ། །དེ་ནས་སྨིན་དྲུག་ཟླ་བ་སྔ་མའི་ཚེས་གསུམ་གྱི་བར་ཞག་བདུན་ལ། ལ་སྟོད་ལྷོ་བྱང་སོགས་ནས་རབ་བྱུང་བསྙེན་རྫོགས་སོགས་དོན་དུ་གཉེར་བ་མང་དུ་བྱུང་བ་རྣམས་ལ་སྐུ་གཟུགས་ཀྱིས་གང་ལྕོགས་མཛད་ནས། ཚེས་གསུམ་གྱི་ཉིན་བསམ་གཏན་ཕུག་ལ་བཏེག་སྟེ་དབེན་གནས་སུ་ཕེབས་ནས། ཇ་སྦྱོར་ཅིག་གི་རིང་ལ་ཞབས་དྲུང་ན་གནས་པ་རྣམས་ལ་ཞལ་ད་མང་དུ་གནང་ནས། དང་པོ་ནས་ཀྱི་བསམ་པ་ལ། མི་མེད་ཀྱི་ལུང་སྟོང་ཞིག་ཏུ་འཆི་ས་བྱེད་དགོས་སྙམ་པ་ཡོད་པ་དེ་འགྲུབ་བྱུང་། ད་ལྟ་ཤི་ཡང་སེམས་ལ་འཕྲེང་བ་གཅིག་ཀྱང་མེད། སྔར་བྱས་པའི་ལས་ལ་འགྱོད་པ་ཡང་མེད། འདི་བྱ་དགོས་སྙམ་པ་མ་གྲུབ་པ་ཡང་མེད། མི་ཡུལ་དུ་སྡོད་ཡུན་ཡང་རིང་པོ་ཡིན། གཞན་ལ་འདི་བྱ་འདི་གྱིས་ཀྱི་བཀོད་པ་ཡང་ཕོ་ལོ་བརྒྱད་ཅུ་གྱ་གསུམ་པ་ཞིག་གིས་མི་འོང་གསུངས་ནས་ཐུགས་སྤྲོས་པ་བཅད་པར་མཛད། ངའི་གན་དུ་དཀོན་བཟང་གཅིག་པུ་སྡོད། གཞན་སུ་ཡང་མ་སྡོད་གསུངས་པ་ལ་ཁོང་རྣམས་ཀྱིས་གུང་ཐུན་རན་འདུག་པས་ཐོག་མར་གུང་ཐུན་ཅིག་མཛད་ནས་དེ་རྗེས་གསོལ་ཇ་ཞིག་མཛད་དམ་ཞུས་པས་ཡུད་པ་ཅིག་ཁྱོམ་ཚོ་གྱིས་དེ་ནས་ཁྱེད་རང་ཐམས་ཅད་སོང་། ད་ཉིན་མཚན་ཁོར་ཡུག་ཏུ་དགེ་སྦྱོར་དུ་འགྲོ་བ་ཅིག་བྱེད་པ་མ་གཏོགས་པ་ཐུན་གྱིས་ངེས་པ་མི་འོང་གསུངས། དེ་ནས་བཟུང་སྟེ་ཟླ་བ་དེའི་ནང་དུ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། ཚེས་བརྒྱད་ཀྱི་བར་དུ་ཞབས་བསྐོར་སོགས་ཀྱང་མང་དུ་མཛད། དེ་ནས་སྐུ་ཤེད་ཅུང་ཟད་ཆུང་དུ་སོང་ནས་གླིང་ཁར་སྐུ་རིམ་ཉི་མ་གསུམ་ཙམ་བསྒྲུབས་ཏེ། སྔར་སྐུ་རིམ་ཡང་འདི་འདྲ་བསྒྲུབ་ཡོད། ད་དུང་སྐུ་རིམ་འདྲ་སྒྲུབ། ལྷ་རྗེ་ཅིག་ལ་ཡང་བསྟན་ན་དྲག་གམ་ཞུས་འདུག་པས། རིམ་གྲོ་བྱས་པ་ཁྱེད་རང་རྣམས་ལ་ཕན་པས་བྱས་པས་འོང་། ང་ལ་ནི་དབུས་གཙང་གི་བཙུན་པ་ཐམས་ཅད་འདུས་ནས་རིམ་གྲོ་བྱས། སྨན་པ་ཐམས་ཅད་འདུས་ནས་སྨན་བྱས་ཀྱང་། ད་ལོ་སྡོད་པ་མེད་གསུངས་ནས་མ་གནང་། ལྟས་ཅི་འདྲ་བྱུང་ཞུས་པས་ཁར་སིང་དབྱར་ཁ་ནས་གླིང་ཁའི་རི་འདི་རྟག་ཏུ་སྨུགས་པའི་རང་བཞིན་དུ་འཆར་བ་ཅིག་བྱུང་། དེ་ས་ཆུ་ལ་ཐིམ་པའི་རྟགས་ཡིན་གསུངས་པར་འདུག ཟླ་བ་དེའི་མཇུག་ཏུ་ཞག་བདུན་ཙམ་ཅིག་སྐོམ་དད་ཆེ་ནས་གསོལ་ཇ་མང་དུ་བཞེས་དགོས་པ་ཅིག་བྱུང་བ་དེ་ཆུ་མེ་ལ་ཐིམ་པའི་རྟགས་ཡིན་གསུངས་ཞིང་། རྟགས་ཕྱི་མ་གཉིས་ལ་འདི་ཡིན་མི་གསུངས། དེ་ནས་སྨིན་དྲུག་ཟླ་བ་རྟིང་མའི་ཚེས་གཉིས་ཀྱི་ནུབ་མོ། ཉི་མ་བརྒལ་ཙམ་གྱི་གོང་ནས་སྐུ་ཆོས་དང་། སྐུ་ཤམ་ཕུད་ནས་བཞག་པས། དེའི་ནུབ་མོ་མནལ་ལམ་དུ་ནམ་མཁར་སངས་རྒྱས་འཁོར་དང་བཅས་པ་བཞུགས་འདུག་པ་ཅུང་ཟད་མི་དགྱེས་པའི་རྣམ་པ་ཅན་དུ་འདུག མདང་དགོང་ཆོས་གོས་དང་ཤམ་ཐབས་བཞག་སྔས་པས་ལན་པ་འདྲ་གསུངས། དེ་ནས་མཁན་ཆེན་ཀུན་བློ་བ་སྐུ་མདུན་དུ་སྡོད་པས་ཆོག་པའི་ཞུ་བ་ནན་གྱིས་ཕུལ་བས་གནང་ནས་ཚེས་བཞིའི་ཉིན་པར་མཇལ་བའི་ཚེ། དེའི་ཉིན་སྐུ་ཁམས་བདེ་ནས་ཞལ་ད་མང་དུ་གནང་། ངེད་ལ་བླ་མ་དུ་མ་ཡོད་པའི་ནང་ནས་ཆོས་རྗེ་རིན་པོ་ཆེ་ཀུན་དགའ་བཟང་པོ་པ་དེ་ཤིན་ཏུ་སྐུ་དྲིན་ཆེ་བ་ཅིག་བྱུང་། དེའི་རྒྱུ་མཚན་བོད་དུ་རྡོ་རྗེ་ཐེག་པའི་ལམ་སྲོལ་ལ་བླ་མ་གོང་མ་ནས་བརྒྱུད་པའི་ལམ་སྲོལ་འདི་དང་། མར་པ་ནས་བརྒྱུད་པའི་རྔོག་གཞུང་གི་བཀའ་སྲོལ་དང་། ཤངས་པ་ནས་བརྒྱུད་པའི་ནི་གུ་སོགས་ཀྱི་བཀའ་སྲོལ་དང་། བུ་སྟོན་རིན་པོ་ཆེ་ནས་བརྒྱུད་པའི་ཡོ་གའི་བཀའ་སྲོལ་སོགས་མང་དུ་ཡོད་ཀྱང་། དུས་ཕྱིས་ཆོས་རྗེ་རི་བོ་དགེ་ལྡན་པས། གསང་སྔགས་ཀྱི་བཀའ་སྲོལ་ལ་གྲུབ་མཐའ་གསར་པ་རྐང་བཙུགས་ནས་བཤད་ཉན་གྱིས་གཏན་ལ་ཕབས་པར་མཛད། དེ་སྔར་གྱི་བཀའ་སྲོལ་དེ་དག་གང་དང་ཡང་མི་མཐུན་པ་འདུག་ཀྱང་། དབུས་གཙང་གི་དགེ་བའི་བཤེས་གཉེན་ཕལ་ཆེར་དེ་ལ་དད་པ་ཅིག་བྱུང་། དེ་ལ་ཆོས་རྗེ་རིན་པོ་ཆེས་གྲུབ་མཐའ་སྔ་ཕྱིའི་གནད་གཟིགས་ནས་དགག་སྒྲུབ་མང་དུ་མཛད། བླ་མ་གོང་མའི་བཀའ་སྲོལ་གྱི་རྐང་བཙུགས་ཏེ་དེའི་རྗེས་སུ་ཞུགས་པས་ཆོག་པ་ཅིག་བྱུང་བ་ཡིན། ལམ་འདི་ངེད་རང་གི་རྩོལ་བས་བྱུང་ན་ཚེ་གཅིག་ལུས་གཅིག་ལ་མཆོག་གི་དངོས་གྲུབ་སྒྲུབ་ནུས་པའི་ལམ་དུ་འདུག ངེད་རང་གི་སློབ་མ་རྣམས་ཀྱིས་ཀྱང་བཤད་ཉན་ལ་སོགས་པའི་རྩོལ་བས་བཀའ་སྲོལ་འདི་སྤེལ་བའི་ཐབས་ལ་འབད་དགོས་པ་འདུག བླ་མ་གོང་མའི་གསུང་རབ་འདིའི་སྟེང་དུ་རྟོགས་པ་གཞན་དང་མི་འདྲ་བ་ཞིག་ང་ལ་ཡོད་པ་ཡིན། བསྟན་པའི་རྒྱུན་ལ་ཕན་དུ་རེ་ནས་བསྐྱེད་རིམ་གྱི་གྲུབ་མཐའི་ཤན་འབྱེད་འདི་ཡང་བརྩམས་པ་ཡིན། ངེད་རང་ཡང་ཆོས་རྗེ་རིན་པོ་ཆེའི་དུས་ཐ་མའི་བཀའ་ལུང་དང་དུ་བླངས་ནས་བཤད་ཉན་བྱས་པས་ས་སྐྱ་པའི་བསྟན་པ་ལ་ཕན་པོ་བྱུང་། བཤད་ཉན་མ་དགོས་པར་ངེད་རང་འདོད་པ་ལྟར་གྱི་སྒྲུབ་པ་ཞིག་བྱེད་རྒྱུ་བྱུང་ན་ལུས་འདི་མ་སྤངས་པར་འགྲོ་དབང་ཡོད་པ་ཡིན། གང་ལྟར་ཡང་ཐོག་མ་མེད་པ་ནས་ལུས་ཇི་སྙེད་ཅིག་བླངས་ཀྱང་ད་ལན་གྱི་ལུས་འདི་ལས་དོན་ཆེ་བ་མ་བྱུང་འདུག་གསུངས་པ་སོགས་ཀྱི་ཐུགས་རངས་པའི་ཞལ་ད་མང་དུ་གནང་། དྲུང་ན་གནས་པ་རྣམས་ཀྱིས་ད་ལོ་ནག་པོ་རིམ་བཞི་ལ་མི་མང་བ་དང་། རབ་བྱུང་བསྙེན་རྫོགས་ལ་སོགས་མང་བས་ལན་ནམ་ཞེས་ལྐོག་ཏུ་གླེངས་འདུག་པས་དེ་མ་ཐག་གསན་ནས། དེ་དག་གང་གིས་ཀྱང་མ་ལན། ད་ལོ་མི་སྡོད་པར་ཤེས་ནས་བསྟན་པའི་རྒྱུན་ལ་ཕན་དུ་རེ་སྟེ་གང་ལྕོགས་བྱས་པ་ཡིན་གསུང་བར་འདུག་གོ །དེ་ནས་ཚེས་བརྒྱད་ཀྱི་བར་ཞལ་ད་གཞན་ཆེར་མི་གནང་བར། རེས་སྤྱན་ནམ་མཁའ་ལ་ཅེར་ཏེ་གཟིགས་ནས་འཛུམ་པ་མཛད། རེས་ཕྱག་དང་ཞབས་བཤུད་ཅིང་སྤྲུག་པ་འཁྲུལ་འཁོར་གྱི་རྣམ་པ་མཛད། རེས་སྐུ་ལུས་གར་སྟབས་ཀྱི་རྣམ་པ་མཛད་པ་སོགས་ཉིན་མཚན་ཁོར་ཡུག་ཏུ་ཉམས་ཀྱི་ངང་ལ་བཞུགས། ཚེས་བརྒྱད་ཀྱི་དགོངས་མོ་ཉི་མ་རྒས་ཙམ་ན། སྐུ་ལུས་གནད་བསྲང་། སྤྱན་བར་སྣང་ལ་གཟིགས། ཕྱི་རོལ་གྱི་སྤྲོས་པ་བཅད་ནས་ཏིང་ངེ་འཛིན་འབའ་ཞིག་ལ་བཞུགས། དེ་ཡང་བདེ་བར་གཤེགས་པའི་ཚུལ་མ་བསྟན་པའི་ཞག་བཞི་ཙམ་གྱི་གོང་ནས་སྐུ་ལུས་བྱིས་པ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། སྤྱན་དཀར་ནག་འབྱེས་ཤིང་སྤྱན་འབྲས་གནག་པ། སྙན་དང་། ཤངས་དང་། མཆུ་སྒྲོས་རྣམས་ཤིན་ཏུ་དོད་པ། ཞལ་གྱི་དཀྱིལ་འཁོར་གཉེར་མ་མེད་ཅིང་། དཀར་ལ་དམར་བའི་མདངས་ཆགས་པ་ཅིག་བྱུང་འདུག་པ་དེ། ཚེས་བརྒྱད་ནས་ཉི་ཤུ་ལྔའི་བར་དུ་ཡང་། སྐུ་མདངས་དེ་ཁོ་ནའི་ངང་དུ་བཞུགས། དེའི་སྟོབས་ཀྱིས་དྲུང་ན་གནས་པ་རྣམས་ཀྱང་བདེ་བར་གཤེགས་པའི་སྣང་བ་མ་བྱུང་ཞིང་། བྱ་དང་། རི་དྭགས་ལ་སོགས་པ་རྣམས་ཀྱང་གནས་གཞན་དུ་མི་འགྲོ་བར་ཉེ་འཁོར་དེ་ཉིད་དུ་གནས་པ་དང་། སྔར་མེད་པའི་དྲི་བཟང་པོ་ཁྱད་པར་ཅན་གྱིས་གཟིམས་ཁང་གི་ནང་རྒྱུན་དུ་ཁེངས་པ་བྱུང་འདུག་གོ །དེ་ནས་ཉི་ཤུ་ལྔའི་ཉིན་དབུ་ཕྲག་པ་གཡོན་ཕྱོགས་སུ་ཅུང་ཟད་ཡོ། ཞལ་མདངས་གློ་བུར་བ་དེ་ཡལ་ནས་སྔར་གྱི་སྐུ་བགྲེས་པའི་ཞལ་གདངས་ཙམ་དུ་སོང་། གནམ་གང་གི་བར་བཞག་ཀྱང་ཁྱད་གཞན་མ་བྱུང་ནས། ན་བཟའ་གཡེངས་པའི་ཚེ་ལུས་གནད་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་ལ། པུས་མོ་གཉིས་གཡོན་ཕྱོགས་སུ་ཅུང་ཟད་བསྣོལ། རྟིང་པ་གཉིས་ཀྱི་སྟེང་དུ་འཕོངས་ཀྱི་སྣག་པོ་ཆེ་བཞག ཕྱག་གཡས་པ་རྡོ་རྗེའི་ཁུ་ཚུར་གྱིས་མཆན་ཁུང་གཡོན་ནས་འཁྱུད། གཡོན་པ་སྡིགས་མཛུབ་དང་བཅས་ཏེ། དེའི་སྟེང་ནས་དཔུང་པ་གཡས་ལ་འཁྱུད། སྒལ་ཚིགས་དྲང་པོར་བསྲང་བ། རྒྱ་གར་གྱི་གྲུབ་ཆེན་ཨ་ཝ་དྷཱུ་ཏཱིའི་བཞུགས་སྟངས་སུ་འདུག་ཟེར། རྣམ་པར་ཐར་པ་འདི་ལས་དཔགས་ན། ཐུགས་བཞེད་བཞིན་སྒྲུབ་པ་མཛད་པ་བྱུང་ན་སྐུ་ལུས་མ་སྤངས་པར་མཆོག་གི་དངོས་གྲུབ་བརྙེས་པར་ཞལ་གྱི་བཞེས་འདུག་ཅིང་། འོན་ཀྱང་ཐོག་མ་མེད་པ་ནས་ལུས་ཇི་སྙེད་ཅིག་བླངས་ཀྱང་། ད་ལན་གྱི་ལུས་འདི་ལས་དོན་ཆེ་བ་མ་བྱུང་ཞེས་གསུངས་པའི་ཤུགས་ཀྱིས་བར་དོར་ཕྱག་ཆེན་མཆོག་གི་དངོས་གྲུབ་བརྙེས་པ་གདོན་མི་ཟ་བར་སྣང་ངོ་། །བདེ་བར་གཤེགས་ཁར་སྐུ་ལུས་ལ་མཚན་དཔེ་ཆ་མཐུན་བྱུང་བ་འདི་ནི། ཆོས་རྗེ་ས་སྐྱ་པཎྜི་ཏ་བདེ་བར་གཤེགས་ཁར་ལིང་ཆུ་རྩེར་ཐོ་རངས་ཤིག་དབུས་སུ་རྗེ་བཙུན་ཆེན་པོ། གཡས་སུ་བིརྺ་པ། གཡོན་དུ་ནག་པོ་པ་བྱོན་པ་གཟིགས་ཏེ། རྗེ་བཙུན་གྱི་ཞལ་ནས་སྐྱེ་བ་གསུམ་པ་ལ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་དུ་འགྱུར་བར་ལུང་བསྟན། བིརྺ་པ་དང་ནག་པོ་པ་གཉིས་ཀྱིས་མཐུན་འགྱུར་མཛད། བིརྺ་པས་ཐོད་པའི་བདུད་རྩི་ལ་སྲིན་ལག་གིས་རེག་པར་མཛད་དེ། ཁྱེད་ཀྱི་ལྗགས་རྐྱོངས་གསུངས་ནས་ལྗགས་ལ་ཐིག་ལེ་བྱས་པའི་སྣང་བ་བྱུང་བས། དེའི་ཚེ་རྟོག་པ་དང་རྟོག་མེད་ཀྱི་མཐའ་ལས་འདས་པ་བདེ་གསལ་མི་རྟོག་པའི་ཡེ་ཤེས། རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་ལ་ཡང་། འདི་ལས་ལྷག་པ་མེད་སྙམ་པ་འཁྲུངས། དེའི་ཚེ་གསང་བའི་གནས་སྦུབས་སུ་ནུབ་པ་དང་། དབུའི་གཙུག་ཏོར་བལྟ་བར་མི་མངོན་པ་སོགས་མཚན་དཔེ་རྣམས་བརྙེས་གསུངས་པ་དང་མཐུན་པར་འདུག་གོ། ༈ །།ལུས་ངག་ཡིད་གསུམ་ལོངས་སྤྱོད་དང་བཅས་པ། །དོན་ཡོད་རྣམ་བཞིས་བླ་མ་མཉེས་བྱས་ནས། །ཅི་མཛད་རྒྱལ་བའི་མཛད་པར་ལེགས་རྟོགས་ནས། །རྨད་བྱུང་ཕྲིན་ལས་བསྒྲུབ་ལ་བརྩོན་པར་ཤོག། །།དགེའོ།། །།