ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།
བདག་ནི་སྐྱེ་བ་ཐམས་ཅད་དུ། །མཉམ་མེད་དྭགས་པོ་བཀའ་བརྒྱུད་དང་། །ཁྱད་པར་དཔལ་ལྡན་ཀརྨ་པ། །སྤྱི་གཙུག་རྒྱན་དུ་མི་འབྲལ་ཤོག །ཅེས་པ་འདི་ནི་དཔལ་འཛམ་ཐང་གི་ཆོས་སྡེ་ཆེན་པོར་བཞུགས་དུས་རྗེ་བཙུན་དབང་ཕྱུག་རྡོ་རྗེ་ཉིད་ཀྱིས་རྗེ་ཞྭ་དམར་པ་ལྔ་པའི་ཕྱག་ཏུ་ཤོག་བུ་ཕུལ་ཏེ་ཕྱག་བྲིས་ཤིག་གནང་དགོས་གསུངས་པ་ལ་རྣམ་ཐར་བསྟོད་པར་མཛད་པའོ།། །།རྗེ་དགུ་པའི་མཚན་དོན་འགྲེལ་བའི་སྒོ་ནས་བསྟོད་པ་ནི། རྟོགས་དང་སྤངས་པ་ཕུན་ཚོགས་རྒྱུའི་སངས་རྒྱས། །ཚོགས་གསུམ་འཁོར་ལོ་བསྐོར་བའི་རྡོ་རྗེ་འཆང་། །མདོ་སྔགས་བསྟན་པའི་བདག་པོར་བསྟོད་པའི་ཕྱིར། །དཔལ་ལྡན་བླ་མའི་མཚན་རབ་བརྗོད་པར་འདོད། །གཉིས་སུ་མེད་པའི་ཡེ་ཤེས་དཔལ་དང་ལྡན། །ཇི་ལྟ་ཇི་སྙེད་མཁྱེན་པའི་དཔལ་དང་ལྡན། །མཐའ་གཉིས་ལས་འདས་མྱང་འདས་དཔལ་དང་ལྡན། །དེ་ཕྱིར་རྟོགས་པ་ཕུན་ཚོགས་དཔལ་དང་ལྡན། །ལེགས་པར་སྤངས་ཕྱིར་སྐྱོན་གྱིས་ཁྱོད་མི་ཕམ། །མ་ལུས་སྤངས་ཕྱིར་ཉེས་པས་ཁྱོད་མི་ཕམ། །
མི་ལྡོག་སྤངས་ཕྱིར་དྲི་མས་ཁྱོད་མི་ཕམ། །སྤངས་པ་ཕུན་སུམ་ཚོགས་ཕྱིར་ཁྱོད་མི་ཕམ། །རང་དོན་སྤྲོས་བྲལ་ཆོས་ཀྱི་དབང་ཕྱུག་ཉིད། །གཞན་དོན་ལྷུན་གྲུབ་ཆོས་ཀྱི་དབང་ཕྱུག་ཉིད། །བྲལ་སྨིན་ཡོན་ཏན་ཆོས་ཀྱི་དབང་ཕྱུག་ཉིད། །རྒྱུ་ཡི་སངས་རྒྱས་ཆོས་ཀྱི་དབང་ཕྱུག་ཉིད། །ཐབས་མཁས་ཡོངས་སུ་རྫོགས་པའི་རྡོ་རྗེ་ཉིད། །མི་བྱེད་གཞོམ་དུ་མེད་པའི་རྡོ་རྗེ་ཉིད། །བདེ་ཆེན་གཅིག་པུའི་རང་བཞིན་རྡོ་རྗེ་ཉིད། །བསོད་ནམས་ཚོགས་རབ་བསགས་པའི་རྡོ་རྗེ་ཉིད། །ཆོས་ཀུན་ཆོས་ཀྱི་ཕྱག་རྒྱར་གར་གྱི་དབང་། །ཙཎྜི་དམ་ཚིག་ཕྱག་རྒྱར་གར་གྱི་དབང་། །སྟོང་ཉིད་ཕྱག་རྒྱ་ཆེན་མོར་གར་གྱི་དབང་། །ཡེ་ཤེས་ཚོགས་རབ་བསགས་པ་གར་གྱི་དབང་། །ཟག་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་སྙིང་། །སྒྲིབ་གཉིས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྙིང་། །འཕོ་འཛག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྙིང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྙིང་པོ་ཉིད། །རིགས་
ཀུན་གཅིག་ཏུ་བསྡོམས་པའི་ཁྱབ་བདག་མཆོག །ཁྱབ་བྱེད་རྡོ་རྗེ་འཆང་བའི་ཁྱབ་བདག་མཆོག ། ཁ་སྦྱོར་རྡོ་རྗེ་སེམས་དཔའི་ཁྱབ་བདག་མཆོག །དེ་ཕྱིར་འབྲས་རྒྱུད་ཁྱབ་བདག་རྡོ་རྗེ་འཛིན། །སྡེ་སྣོད་བསྟན་པའི་གསལ་བྱེད་ཉི་མ་མཆོག །རྒྱུད་སྡེ་བསྟན་པའི་སྣང་བྱེད་ཉི་མ་མཆོག །གདུལ་བྱ་སྨིན་བྱེད་བསྟན་པའི་ཉི་མ་མཆོག །དེ་ཕྱིར་བསྟན་པའི་ཉི་མ་ཡོངས་སུ་གསལ། །དཔལ་ལྡན་བླ་མའི་མཚན་ཙམ་འཛིན་པ་ལས། །གཞན་དུ་བསྒྲུབ་པའི་མཆོད་པ་མེད་པ་ཡི། །བདག་དང་བདག་འདྲའི་གདུལ་བྱ་མ་ལུས་པ། །མཚན་མཆོག་ཐོས་གྲོལ་ཆེན་པོས་གྲོལ་གྱུར་ཅིག །ཅེས་ཞྭ་དམར་པ་དྲུག་པས་སྦྱར་བའོ།། །།རྗེ་ཆོས་དབྱིངས་རྡོ་རྗེའི་སྐུ་བསྟོད་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་མཉམ་པ་ལས། །ལྷག་པའི་ཐུགས་རྗེ་ཆེན་པོ་མངའ་བརྙེས་པ། །འཕགས་མཆོག་སྤྱན་རས་གཟིགས་དབང་དགེ་སློང་གཟུགས། །རྣམ་རོལ་ནམ་ཡང་འགྱུར་མེད་བརྟན་ལ་འདུད། །རྒྱལ་སྲས་
གཞན་གྱིས་བཟུང་བའི་ཞིང་ཁམས་དང་། །གདུལ་བྱ་སྙིགས་མ་ལས་ཀྱང་ཆེས་སྙིགས་མ། །འཕགས་མཆོག་ཁྱོད་ཀྱིས་ཡོངས་སུ་བཟུང་ལགས་ན། །ཐུགས་རྗེ་ཆེན་པོས་སྐྱོང་བར་མཛད་ལ་འདུད། །སེམས་ཅན་ཁམས་ལ་ཉིན་མཚན་ལན་དྲུག་ཏུ། །གཟིགས་ནས་བྱམས་པར་མཛད་པ་དེ་ལྟ་བུ། །ཕ་དང་མ་དང་གཉེན་བཤེས་སུས་ཀྱང་མིན། །བྱམས་ཆེན་བྱམས་པས་སྐྱོང་བར་མཛད་ལ་འདུད། །མཐོ་རིས་ཐར་པའི་བདེ་མཆོག་སྦྱིན་པ་དང་། །སྲིད་ཞིའི་གདུང་སེལ་པདྨ་མཆོག་འཆང་བ། །ཐུགས་རྗེའི་ཕྱག་གིས་འགྲོ་འདི་མི་གཏོང་བར། །ཐབས་མཁས་འགྲོ་རྣམས་སྐྱོང་བར་མཛད་ལ་འདུད། །དུས་འདི་ནས་བཟུང་བསྐལ་པ་དུ་མའི་བར། །རྣམ་པར་གྲོལ་བའི་ཕྲིན་ལས་རྒྱ་མཚོ་ཡིས། །ཐར་འདོད་ཐར་པའི་ལམ་སྟོན་ཁྱོད་ཁོ་ན། །བདག་སོགས་གདུལ་བྱ་རྗེས་སུ་འཛིན་མཛད་གསོལ། །ཞེས་གར་དབང་དྲུག་པས་མཛད་པ་དང་། ཚུལ་ཁྲིམས་ཡོན་ཏན་ཞིང་གི་དཔལ་ལྡན་
ལ། །ཏིང་འཛིན་རྫུ་འཕྲུལ་དཔལ་དང་ལྡན་པས་སྤྲས། །ཤེས་རབ་སྟོབས་བཅུ་མངའ་བའི་དཔལ་ལྡན་གསལ། །དཔལ་ལྡན་ཆོས་དབྱིངས་མཆོག་གི་རྡོ་རྗེར་འདུད། །མཁྱེན་པ་འཇིག་རྟེན་གསུམ་གྱི་འདྲེན་པར་འཁྲུངས། །བརྩེ་བ་འཇིག་རྟེན་གསུམ་གྱི་འདྲེན་པར་རྟག །ནུས་པ་འཇིག་རྟེན་གསུམ་གྱི་འདྲེན་པར་རྒྱལ། །མཁྱེན་བརྩེ་ནུས་ལྡན་ཆོས་དབྱིངས་རྡོ་རྗེར་འདུད། །ངོ་བོ་ཉིད་སྐུ་སྐུ་བཞི་ལྷུན་གྲུབ་སྐུ། །ལོངས་སྤྱོད་རྫོགས་སྐུ་སྐུ་བཞི་ལྷུན་གྲུབ་གསུང་། །སྤྲོས་བྲལ་ཆོས་སྐུ་སྐུ་བཞི་ལྷུན་གྲུབ་ཐུགས། །སྐུ་བཞི་ལྷུན་གྲུབ་ཆོས་དབྱིངས་རྡོ་རྗེར་འདུད། །གཞི་དུས་འོད་གསལ་ཆོས་དབྱིངས་མི་འགྱུར་བ། །ལམ་དུས་ཆོས་དབྱིངས་མི་འགྱུར་ངོ་བོར་འཕྲོད། །འབྲས་དུས་ཆོས་དབྱིངས་མི་འགྱུར་མངོན་དུ་གྱུར། །ཆོས་དབྱིངས་འགྱུར་བ་མེད་པའི་རྡོ་རྗེར་འདུད། །ཞིང་ཁམས་ཀུན་ཏུ་ཁྱབ་པ་སྐུ་ཡི་གསང་། །ཁམས་དབང་ཀུན་ཏུ་ཁྱབ་པ་
གསུང་གི་གསང་། །ཐུགས་རྗེས་ཀུན་ཏུ་ཁྱབ་པ་ཐུགས་ཀྱི་གསང་། །གསང་གསུམ་ཀུན་ཁྱབ་ཆོས་དབྱིངས་རྡོ་རྗེར་འདུད། །སྐྱེ་མེད་རྟག་པའི་རྡོ་རྗེ་སྤྲུལ་པའི་སྐུ། །འགག་མེད་རྟག་པའི་རྡོ་རྗེ་ལོངས་སྤྱོད་རྫོགས། །གནས་མེད་རྟག་པའི་རྡོ་རྗེ་ཆོས་ཀྱི་སྐུ། །མི་འཇིག་རྟག་པའི་ཆོས་དབྱིངས་རྡོ་རྗེར་འདུད། །དགོས་འདོད་འབད་མེད་སྩོལ་བ་ཡིད་བཞིན་གྱི། །ནོར་བུ་དཔག་བསམ་ཤིང་གི་སྙིང་པོ་ལས། །བདེ་ལེགས་ཕྱོགས་བཅུར་རྒྱས་པ་ཟླ་མེད་པ། །ཕྲིན་ལས་མངོན་པར་མཐོ་བའི་དཔལ་དེར་འདུད། །བླ་མ་རྒྱལ་བ་མཆོག་གི་མཚན་དོན་ལས། །བརྩམས་པའི་རྣམ་དཀར་དགེ་བ་གང་མཆིས་དེས། །སངས་རྒྱས་བྱང་ཆུབ་སེམས་དཔའི་བཤེས་གཉེན་རྣམས། །མི་འབྲལ་བསྟེན་པའི་སྐལ་བ་ལྡན་ཕྱིར་བསྔོ། །ཞེས་པ་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱིས་སྦྱར་བའོ།། །།རྗེ་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས་པ་ནི། མཁྱེན་བརྩེའི་རང་བཞིན་མཆོག་གི་བདག་ཉིད་ཅན། །རྒྱལ་བ་ཀུན་དང་ཕྲིན་
ལས་མཉམ་པ་ལས། །ལྷག་པའི་ཐུགས་རྗེ་མངའ་བའི་ཀརྨ་པ། །ཡེ་ཤེས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཚོགས་གཉིས་རྫོགས་པའི་མཚན་དཔེའི་སྐུ་མངའ་བ། །མཐོང་བ་ཙམ་གྱིས་མངོན་མཐོ་ངེས་ལེགས་ཀྱི། །རྣམ་པར་གྲོལ་བའི་བདེ་བ་མཆོག་སྟེར་བ། །ཡེ་ཤེས་རྡོ་རྗེའི་ཞབས་ལ༴ ཆོས་རྣམས་ཀུན་ལ་ཡེ་ཤེས་སྔོན་འགྲོ་ཞིང་། །ཡན་ལག་དྲུག་ཅུའི་ཆོས་སྒོ་མཐའ་ཡས་པ། །ཅིག་ཅར་སྟོན་ལ་འཇིགས་མེད་བསྙེམས་བྲལ་བ། །ཡེ་ཤེས་རྡོ་རྗེའི་ཞབས་ལ༴ ཟག་མེད་ཆོས་དབྱིངས་ཟབ་ཅིང་ཡངས་པ་ལ། །བདེ་ཆེན་འགྱུར་བ་མེད་པ་སྤྲོས་དང་བྲལ། །མཁྱེན་པའི་ཡེ་ཤེས་ཆགས་ཐོགས་མི་མངའ་བ། །ཡེ་ཤེས་རྡོ་རྗེའི་ཞབས་ལ༴ བྲལ་སྨིན་ཡོན་ཏན་བྱེ་བའི་རང་བཞིན་ལ། །ལེགས་བྱས་དུ་མ་འབྱུང་བའི་དབང་གི་རྒྱལ། །འགྲོ་བ་ཡོངས་ཀྱི་རེ་བ་སྐོང་མཛད་པ། །ཡེ་ཤེས་རྡོ་རྗེའི་ཞབས་ལ༴ ཕན་བདེ་མ་ལུས་འབྱུང་བའི་གནས་གཅིག་
པུ། །གང་འདུལ་ཐབས་ཀྱིས་རྣམ་འཕྲུལ་ཅིར་ཡང་སྟོན། །འབད་མེད་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་ཅན། །ཡེ་ཤེས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་བའི་བླ་མ་ཡེ་ཤེས་རྡོ་རྗེ་ཡི། །བྱིན་རླབས་གདུལ་བྱའི་རྒྱུད་ལ་འཇུག་པ་དང་། །ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་ཤོག །ཅེས་པ་གར་དབང་བདུན་པས་མཛད་པའོ།། །།རྗེ་བྱང་ཆུབ་རྡོ་རྗེ་ལ་གསོལ་བ་འདེབས་པ་ནི། དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ་ཉིད། །ཉོན་མོངས་བྱང་ཞིང་ཡེ་ཤེས་ཆུབ་པ་ཡི། །མི་འགྱུར་རྡོ་རྗེའི་ལམ་ལ་འགོད་མཛད་པ། །སྐུ་བཞིའི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཚོགས་གཉིས་རིན་ཆེན་རྒྱ་མཚོར་འཁྲུངས་པའི་སྐུ། །མཚན་དཔེའི་དཔལ་གྱི་གཟི་བརྗིད་མངོན་མཐོ་བས། །བདུད་སྡེའི་དཔུང་ཚོགས་མ་ལུས་ཞི་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །གསུང་གཅིག་སྒྲ་དབྱངས་ཀུན་གྱི་རྗེས་འཇུག་ཅིང་། །ཡན་
ལག་དྲུག་ཅུའི་དབྱངས་ལྡན་འགག་མེད་པར། །རྨད་བྱུང་ཆོས་ཀྱི་འཁོར་ལོ་བསྐོར་བའི་དཔལ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐུགས། །སྙིགས་དུས་འགྲོ་ལ་བྱམས་པའི་འོད་སྣང་ཅན། །བློ་གྲོས་དཀྱིལ་འཁོར་མཆོག་ཏུ་རྒྱས་མཛད་པ། །མཁྱེན་བརྩེའི་བདག་ཉིད་ཞབས་ལ་གསོལ་བ་འདེབས། །གསང་གསུམ་ཡོན་ཏན་འཁོར་ལོའི་མཛོད་འཛིན་ཅིང་། །དགོས་འདོད་མ་ལུས་སྩོལ་བའི་རིན་ཆེན་མཆོག །རྗེ་བཙུན་བླ་མ་བྱང་ཆུབ་རྡོ་རྗེ་ཡི། །བྱིན་རླབས་གདུལ་བྱའི་རྒྱུད་ལ་འཇུག་གྱུར་ཅིག །ཅེས་པ་གར་དབང་བརྒྱད་པས་སྩལ་བ་ལ། །ཕྱི་ནས་བཀའ་འབངས་སི་ཏུ་པས་གསོལ་འདེབས་སུ་བསྒྱུར་བ་ལགས། །མཐོན་མཐིང་ཅོད་པན་འཆང་བ་བཅུ་གསུམ་པ་རྗེ་བཙུན་བདུད་འདུལ་རྡོ་རྗེའི་རྣམ་ཐར་གསོལ་འདེབས་ནི། རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་སྤྱན་རས་གཟིགས། །བསམ་མི་ཁྱབ་པའི་སྒྱུ་འཕྲུལ་གར་རོལ་བ། །རྡོ་རྗེ་ཅན་དངོས་སྐུར་བསྟན་སེམས་
དཔའ་ཆེ། །བདུད་འདུལ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་བསྟན་པའི་སྙིང་པོ་སྒྲུབ་བརྒྱུད་ཀྱིས། །ཉིན་བྱེད་འགྲོ་ལ་འཆི་མེད་དཔལ་སྟེར་བ། །མཁས་དང་གྲུབ་པའི་ཁྱུ་མཆོག་ཡོངས་ཀྱི་གཉེན། །རྣམ་བཞིའི་ཕྲིན་ལས་རྒྱས་པའི་སྡེ་ལ་འདུད། །ཟླ་བྲལ་མཉམ་མེད་ཐུབ་པའི་དབང་པོ་ཡི། །རིང་ལུགས་རྒྱལ་མཚན་འཛིན་པའི་མངའ་བདག་མཆོག །འཁོར་བ་ཇི་སྲིད་གནས་དང་དེ་སྲིད་བར། །རྣམ་འཕྲུལ་རྒྱུན་མི་འཆད་པར་སྟོན་ལ་འདུད། །རིགས་གསུམ་གདུལ་བྱའི་དོན་སླད་སྤྲུལ་སྐུའི་ཚུལ། །གཟིགས་པ་རྣམ་ལྔས་བསྙལ་དྭགས་ལ་དགོངས་ཏེ། །པད་འབྱུང་རྡོ་རྗེའི་བཀའ་ཡི་ལུང་ཇི་བཞིན། །ཛྙཱན་ཌཱཀིའི་བརྡའ་ཡི་བསྐུལ་ལ་འདུད། །འཐུང་གཅོད་རྗེས་མཐུན་བསིལ་རི་ན་བུན་ཅན། །ཆུ་ཀླུང་མེ་ཡི་ཕྱོགས་རྒྱུ་རིགས་དང་རུས། །རྣམ་པར་དག་པའི་གནས་དེར་ཀརྨ་པ། །གསལ་བར་ལུང་བསྟན་རྗེས་སུ་གནང་ལ་འདུད། །གླང་ལོ་
ཁྲུམས་ཀྱི་ཟླ་བའི་ཡར་ཚེས་ལ། །ཕུན་ཚོགས་ལྟས་བཟང་དང་བཅས་སྐུ་འཁྲུངས་ནས། །ལུས་ཅན་སྐྱེ་དགུའི་མགོན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དབུགས་དབྱུང་སྩོལ་ལ་འདུད། །སྐབས་དེར་བྱིས་པ་དར་དཀར་རལ་ག་ཅན། །ཤེལ་སྣོད་ཀ་མ་ལ་ཐོགས་འཇའ་འོད་ཀློང་། །གླུ་གར་རོལ་རྩེད་སྣ་ཚོགས་ཅིར་ཡང་བསྒྱུར། །རྡོ་རྗེ་བེར་ཅན་མེ་ཏོག་འཐོར་ལ་འདུད། །ཡེ་ཤེས་དབྱིངས་ནས་སྐུར་བཞེངས་ལས་བཞིར་སྟོན། །དོན་དམ་ཉིད་ལས་གཞན་སྣང་གུད་དུ་མེད། །དེ་སྐད་སྨྲ་ཞིང་ཧ་ཧའི་གད་རྒྱང་སྒྲོགས། །བླ་མ་མགོན་པོ་དབྱེར་མེད་ཞབས་ལ་འདུད། །གང་སྐུ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས། །ངོ་མཚར་དུ་མས་སྤྲས་པའི་རྒྱལ་སྲས་ཀྱི། །སྤྱོད་པའི་གྲགས་སྙན་ས་གསུམ་ཀུན་ཁྱབ་ནས། །གྲུབ་པའི་གནས་མཆོག་མཚུར་ཕུར་བྱོན་ལ་འདུད། །རྒྱལ་བ་དང་པོར་མི་འཇིགས་སེང་གེའི་ཁྲིར། །མངའ་གསོལ་མགོན་ཁྱོད་ཉིན་
བྱེད་འོད་སྟོང་བཞིན། །མུན་པར་འཐོམས་པའི་སྐྱེ་བོ་ཇི་སྙེད་པར། །ཡང་དག་ལམ་སྟོན་རྣམ་འདྲེན་ཁྱོད་ལ་འདུད། །སྡེ་སྣོད་གསུམ་དང་ཤེས་བྱའི་གནས་རྣམས་ཀུན། །མ་ལུས་ཐུགས་སུ་ཆུད་ནས་རྒྱལ་བའི་བསྟན། །ཡོངས་རྫོགས་འཛིན་པའི་ཞབས་སེན་ནོར་བུའི་འོད། །ཚངས་དབང་གཙུག་གིས་མངོན་པར་བཏུད་ལ་འདུད། །གནམ་ལྷ་ཤེལ་གིང་དཀར་སོགས་མཐུ་ཆེན་གྱི། །རྩལ་ལྡན་ཚོགས་ཀྱང་གུས་པས་རབ་བསྙེན་ཅིང་། །མཐའ་བཞིའི་དྲེགས་ལྡན་ཁེངས་པ་ཡོངས་སྐྱངས་ནས། །ཐུགས་རྗེའི་ཆར་གྱིས་སྨིན་གྲོལ་བཀོད་ལ་འདུད། །གཞན་ཡང་རིགས་དྲུག་བག་ཉལ་རྣམས་ཀྱི་རྒྱུད། །བྱིན་རླབས་འོད་ཀྱིས་རང་སྐད་ཆོས་སྒྲ་སྟོན། །བདེན་པ་མཐོང་བའི་ལས་ཅན་བསམ་ལས་འདས། །སངས་རྒྱས་གཉིས་པ་དངོས་སུ་བྱོན་ལ་འདུད། །དུས་གསུམ་རྒྱལ་དང་ཉན་ཐོས་གནས་བརྟན་སོགས། །འཕགས་ཡུལ་གྲུབ་བརྙེས་ཡི་དམ་ལྷ་ཆོས་སྐྱོང་། །ཞལ་
བསྟན་ཟབ་དོན་སྙིང་པོའི་བཅུད་མཐའ་དག །གང་སྐུའི་བུམ་པ་བཟང་དེར་གཏམས་ལ་འདུད། །ཡིད་བཞིན་བསམ་འཕེལ་ཇོ་ཤཱཀ་མཆོག་གཉིས་དྲུང་། །གདེངས་ཅན་སུན་བཟློག་སྨོན་ལམ་བདེན་སྟོབས་དང་། །འཕགས་པ་ཝ་ཏིར་མཆོད་པའི་སྤྲིན་སྤྲོ་བས། །ངོ་མཚར་མངོན་སུམ་སྙན་ཤལ་འཛིན་དེར་འདུད། །འཛམ་གླིང་སྤྱི་དང་བྱེ་བྲག་གངས་ལྗོངས་འདིར། །འགྲོ་བའི་དཔལ་མགོན་ཁྱོད་ཉིད་ལས་གཞན་སུ། །ས་ཟླའི་རི་དབང་ཇི་བཞིན་ལྷམ་མེར་གསལ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཁྱོད་ལ་འདུད། །ལྔ་བདོའི་ལང་ཚོ་ཆེས་ཆེར་ངོམས་པའི་དུས། །དམུ་རྒོད་རང་རྒྱུད་ཞུགས་ལྕེས་གཞོམ་རྣམས་ལ། །ཚད་མེད་སྙིང་རྗེའི་ཆུ་ཡིས་བརླན་པར་མཛད། །སར་གནས་བྱང་ཆུབ་སེམས་དཔའ་ཆེན་པོར་འདུད། །མེ་སྤྲུལ་ཆོ་འཕྲུལ་ཅན་གྱི་ཉེར་བཞི་ལ། །དགོངས་པ་ཆོས་དབྱིངས་ཐིམ་པའི་སྣང་བ་བསྟན། །མེ་ཏོག་ཆར་འབབ་ལྷ་ཡི་རོལ་མོ་ལྡིར། །
སྐལ་ལྡན་རྒྱུད་སྨིན་བྱིན་རླབས་སྩོལ་ལ་འདུད། །རྒྱལ་བའི་རྣམ་ཐར་རྒྱ་མཚོའི་ཕ་རོལ་སོན། །གཞལ་བར་དཀའ་ཡང་ཟེགས་མ་འཐོར་བའི་དགེས། །མ་འོངས་བསྐལ་བཟང་དྲུག་པ་སེང་གེ་ཡིས། །རྗེས་གཟུང་བླ་མེད་བྱང་ཆུབ་སྤྱོད་པར་ཤོག །རྣམ་དག་ངེས་གསང་ཀར་བརྒྱུད་རིན་ཆེན་བསྟན། །མཐའ་ཀླས་སྲིད་མཐར་ཁྱབ་པའི་ལེགས་བྱས་ཀྱིས། །ཐོས་བསམ་སྒྲུབ་པ་སྙིང་པོར་སྤེལ་བྱེད་པའི། །རྒྱལ་བ་མཆོག་དེའི་དགོངས་པ་རྫོགས་བྱེད་ཤོག །ཅེས་པའང་རྒྱལ་བའི་ཕྲིན་ལས་པ་དགེ་སློང་ནོར་བུ་གང་ནས་དཀའ་གནང་བཞིན་སི་ཏུ་སྤྲུལ་སྐུ་པདྨ་ཉིན་བྱེད་དབང་པོས་གསོལ་བ་བཏབ་པའོ། །རྒྱལ་དབང་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ལ་གསོལ་བ་འདེབས་པ་ནི། མཆོག་གི་ཡེ་ཤེས་རྟག་བརྟན་ལྷུན་གྲུབ་ཏུ། །གདོད་ནས་བཞུགས་པ་རྒྱལ་ཀུན་ངོ་བོ་ཉིད། །མ་འགག་སྙིང་རྗེའི་རོལ་པ་ཧེ་རུ་ཀ །དཀྱིལ་འཁོར་གཙོ་བོར་བཞེངས་ལ་གསོལ་བ་འདེབས། །དཔལ་ལྡན་ལྷུན་རྫོགས་འོད་གསལ་སྙིང་པོའི་དོན། །སྤྲོས་པས་
བརྟགས་མིན་ཀུན་བཟང་དགོངས་ཀློང་ཆེར། །མ་བཅོས་རང་གསལ་བདེན་པས་ལྟ་ངན་འཇོམས། །ཐེག་པ་མཆོག་གི་རྡོ་རྗེར་གསོལ་བ་འདེབས། །ཀུན་རྫོབ་ཕྱོགས་ཀྱིས་ནམ་ཡང་བསླད་མིན་ཅིང་། །དོན་དམ་རྒྱལ་བའི་གཟིགས་པར་དབང་འབྱོར་བས། །ངེས་དོན་བསྟན་འགྲོའི་མིག་ལྟར་འགྱུར་བའི་ཕྱིར། །མཆོག་གི་ཉི་མ་ཆེན་པོར་གསོལ་བ་འདེབས། །རྒྱ་ཆེན་དོན་ཟབ་ཆུ་རླུང་མ་ལུས་པ། །ཀུན་དགའི་ཐུགས་ཀྱི་ཆུ་གཏེར་ལ་འཇུག་ནས། །དོན་བཟང་ཡིད་བཞིན་ནོར་བུ་སྤེལ་མཛད་པ། །ལྷར་བཅས་འགྲོ་བའི་བླ་མར་གསོལ་བ་འདེབས། །རྡོ་རྗེ་གསུམ་གྱི་བྱིན་རླབས་བདག་སོགས་ཀྱི། །རྒྱུད་ལ་རབ་ཞུགས་དོན་གཉིས་ལྷུན་གྱིས་གྲུབ། །སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་རྒྱས་པ་དང་། །དགེ་ལེགས་སྣང་བས་ས་གསུམ་ཀུན་ཁྱབ་ཤོག །ཞེས་ཐམས་ཅད་མཁྱེན་པ་རྒྱལ་དབང་བཅུ་བཞི་པའི་ཞབས་བརྟན་ཀུན་མཁྱེན་འབྲུག་པ་རིན་པོ་ཆེའི་རྡོ་རྗེའི་གསུང་ཉིད་གསོལ་འདེབས་སུ་ཞབས་
བསྒྱུར་བའོ།། །།རྒྱལ་དབང་ཀརྨ་པ་ཐེག་མཆོག་རྡོ་རྗེའི་རྣམ་ཐར་གསོལ་འདེབས་ནི། ས་གསུམ་ཀུན་ཁྱབ་མཚན་སྙན་ལྷ་ཡི་རྔ། །བསྒྲགས་པས་མ་རིག་གཉིད་སློང་སྙིང་རྗེའི་གཏེར། །རྒྱལ་ཀུན་འཕྲིན་ལས་དབང་ཕྱུག་ཀརྨ་པ། །ཐེག་མཆོག་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བསྐལ་མང་གོང་ནས་སྲིད་མཚོར་བྱིང་བའི་འགྲོ། །བྱམས་བརྩེའི་ཕྱག་གིས་འདྲེན་པར་དམ་བཅས་ནས། །བསིལ་ལྡན་ལྗོངས་འདིར་སྐྱེས་རབས་མུ་ཏིག་ཕྲེང་། །བརྒྱུད་མར་སྤྲུལ་པའི་རོལ་གར་སྟོན་ལ་འདུད། །གང་ཁྱོད་བདུད་ཚོགས་འདུལ་བའི་རྡོ་རྗེ་ཡིས། །འབྱུང་འགྱུར་རྡོ་རྗེའི་ལུང་གིས་བསྐུལ་བ་ལྟར། །གཟིགས་པ་རྣམ་ལྔས་ཟླ་ནང་ཡིད་ལྷུང་དུ། །རྗེ་རིགས་ཆེན་པོར་ལྷུམས་སུ་ཞུགས་ལ་འདུད། །མེ་སྤྲུལ་རྒྱལ་ཟླའི་དབང་ཕྱོགས་ཚེས་བཅུའི་ཉིན། །བལྟམས་མ་ཐག་ཏུ་དྲན་པ་མངོན་བཞག་ནས། །སྐྱིལ་ཀྲུང་དང་བཅས་དབྱངས་གསལ་བཟླ་བ་སོགས། །འགྲོ་བའི་ཡོན་གནས་དམ་པར་སྟོན་ལ་
འདུད། །རིང་མིན་ཉིད་དུ་རྣམ་འདྲེན་མཆོག་རྣམས་ཀྱི། །རྡོ་རྗེའི་ལུང་དང་མཚན་གྱི་དྲིལ་བསྒྲགས་ཤིང་། །དུས་གསུམ་མཁྱེན་དྲུང་གཙུག་ཕུད་བསིལ་བ་དང་། །རིགས་ཀྱི་ཅོད་པན་སྤྱི་བོར་བཅིངས་ལ་འདུད། །གདན་ས་ཆེན་པོ་མཚུར་ཕུར་སྤྱན་དྲངས་ཤིང་། །སྡོམ་པ་གསུམ་ལྡན་ཕྱི་ནང་རིགས་པའི་གནས། །རྡོ་རྗེ་ཐེག་པའི་སྨིན་གྲོལ་གསན་བཞེས་སོགས། །ཡོངས་རྫོགས་བསྟན་པའི་བདག་པོར་གྱུར་ལ་འདུད། །སྣང་བརྙན་གསར་བསྐྲུན་ས་ཟླའི་དུས་སྟོན་དང་། །གཙུག་ལག་ཉམས་གསོ་སློབ་ཚོགས་སྨིན་གྲོལ་བཀོད། །སྲོག་གིས་ཕོངས་རྣམས་མི་འཇིགས་སྐྱབས་སྦྱིན་སོགས། །འཕྲིན་ལས་དཔེ་ཟླས་བསྐྲུན་དུ་མེད་ལ་འདུད། །རྒྱ་བོད་ཧོར་སོགས་ཡུལ་གྲུ་མཐའ་དག་གི །རྒྱལ་བློན་འབངས་འཁོར་ཁྱིམ་བདག་བགྲང་ཡས་ཀྱིས། །གཙུག་ན་ཞབས་སེན་ཟླ་བ་རབ་བཀོད་ནས། །བྱང་གྲོལ་དམ་པར་དབུགས་དབྱུང་མཛད་ལ་འདུད། །
ཐུན་མིན་ཡུལ་དུས་མངོན་པར་མཁྱེན་པ་དང་། །སྣ་ཚོགས་སྤྲུལ་བསྒྱུར་རྡོ་བར་ཞབས་ཀྱི་རྗེས། །གཞན་སེམས་མཁྱེན་སོགས་གང་གི་ཡོན་ཏན་མཐའ། །སྲིད་པའི་མཐའ་ཡང་བརྗོད་དཀའ་སྟོན་ལ་འདུད། །སློབ་མའི་ཐུ་བོ་རྒྱལ་མཆོག་དབྱར་རྔ་པ། །ཏཱའི་སི་ཏུ་དཔའ་བོའི་དབང་ཕྱུག་དང་། །མཆོག་གྱུར་གླིང་པ་ལ་སོགས་མཁས་གྲུབ་ཀྱི། །སྐྱེས་མཆོག་དམ་པར་བསྟན་པ་གཏད་ལ་འདུད། །ས་འབྲུག་ཆོ་འཕྲུལ་ཟླ་བའི་དོན་གཅིག་ལོར། །གཟུགས་སྐུའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བརྟུལ། །འཇའ་འོད་གུར་ཁྱིམ་ལྷ་མིའི་མཆོད་སྤྲིན་སོགས། །ངོ་མཚར་དུ་མའི་དཔལ་དུ་འབར་ལ་འདུད། །སྐུ་གདུང་རིང་བསྲེལ་འགྲོ་བའི་མཆོད་འོས་སླད། །རྡོ་རྗེའི་རང་བཞིན་མཉེན་ལྕུག་དང་བཅས་པར། །བྱིན་རླབས་སླར་ཡང་གདུལ་བྱའི་མགོན་ཉིད་དུ། །ལུང་བསྟན་དབུགས་དབྱུང་རྩོལ་བར་མཛད་ལ་འདུད། །དེ་ལྟར་ཁྱོད་ཀྱི་རྣམ་པར་ཐར་པའི་ཚུལ། །ཅུང་ཟད་
བསྟོད་པས་བདག་ཅག་སྐྱེ་ཀུན་ཏུ། །འབྲལ་མེད་རྗེས་བཟུང་མ་འོངས་སེངྒེའི་སྒྲས། །ཆོས་ཀྱི་བདུད་རྩི་མཆོག་ལ་སྤྱོད་པར་ཤོག །ཅེས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་རྫོགས་པའི་སངས་རྒྱས་དཔལ་ཀརྨ་པ་ཐེག་ པ་མཆོག་གི་རྡོ་རྗེའི་རྣམ་ཐར་གསོལ་འདེབས་འདི་ལྟར་དགོས་ཞེས། དབུ་ཀརྨ་ཚེ་དབང་འབུམ་ནས་ལྷ་རེག་བཅས་བསྐུལ་བ་དང་། ཁྱད་པར་བཀའ་དྲིན་མཚུངས་མེད་སྐྱབས་མགོན་འབྲུག་ཆེན་ཐམས་ཅད་གཟིགས་པ་སྐུ་འཕྲེང་དགུ་པ་དཔལ་ལྡན་མི་ཕམ་ངེས་དོན་ཆོས་ཀྱི་རྒྱ་མཚོ་འཕྲིན་ལས་དོན་ཀུན་གྲུབ་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེས་གསེར་ས་ལ་སྒྲམ་གྱི་མེ་ཏོག་དང་། ལྷ་རྫས་རབ་དཀར་བཅས་བཀའ་སྩལ་སྤྱི་བོར་ཕེབས་པ་གུས་པས་མཆོད་དེ་གང་གི་རྗེ་དབོན་དུ་གཏོགས་པ་ཤཱཀྱའི་བཙུན་པ་ཀརྨ་ཚེས་དབང་ཀུན་བཟང་ངེས་དོན་བསྟན་འཛིན་སྨྲ་བའི་དབང་ཕྱུག་ཞེས་བགྱི་བས་སྦྱར་བ་ཚེ་རབས་ཀུན་ཏུ་རྗེ་བཙུན་ཀརྨ་པས་རྗེས་སུ་འཛིན་ཅིང་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་དབང་བཅོ་ལྔ་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་ནི། ཚེ་འོད་དཔག་མེད་རིགས་དང་དཀྱིལ་འཁོར་བདག །ངེས་པ་ལྔ་ལྡན་གར་དབང་ནམ་མཁའི་རྒྱལ། །གངས་ཅན་འདྲེན་
མཆོག་སངས་རྒྱས་སྤྲུལ་པའི་སྐུ། །མཁའ་ཁྱབ་བདེ་བའི་རྡོ་རྗེར་གསོལ་བ་འདེབས། །ཆོས་ཀུན་དབྱིངས་སུ་གདོད་ནས་བྱང་ཆུབ་སྟེ། །མཐའ་ཡས་སྐུ་དང་ཞིང་གི་རྣམ་འཕྲུལ་གྱིས། །རབ་འབྱམས་རྒྱལ་བ་སྲས་བཅས་ཕྲིན་ལས་མཛད། །འཇིག་རྟེན་གསུམ་གྱི་མགོན་པོར་གསོལ་བ་འདེབས། །སངས་རྒྱས་ཀུན་དང་སྤངས་རྟོགས་དབྱེར་མེད་ཀྱང་། །འཁོར་བའི་ཕ་མཐའ་ཐུགས་རྗེ་ཆེན་པོས་བཟུང་། །སྙིགས་དུས་སྐྱེ་རྒུའི་སྐྱབས་གཅིག་ཀརྨ་པ། །རྒྱལ་དབང་མཁའ་ཁྱབ་རྡོ་རྗེར་གསོལ་བ་འདེབས། །ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་མཆོག །ཆོས་སྒོ་དུ་མས་རིས་མེད་འགྲོ་བ་འདུལ། །མཐོང་ཐོས་དྲན་རེག་ཐར་པའི་ལམ་ལ་སྦྱོར། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པའི་གཟི་བརྗིད་རབ་འབར་བས། །ས་གསུམ་མུན་པ་ཀུན་སེལ་དགེ་ལེགས་ཀྱི། །ཕན་བདེའི་དགའ་ཚལ་ཡོངས་སུ་བཞད་མཛད་པ། །
བསྟན་འགྲོའི་ཉི་མ་ཆེན་པོར་གསོལ་བ་འདེབས། །ཐུགས་བསྐྱེད་སྨོན་ལམ་རྣམ་ཐར་བསམ་ཡས་མཐུས། །སངས་རྒྱས་གཉིས་པའི་ཕྲིན་ལས་སྣང་བ་ཡིས། །བདག་སོགས་རྗེས་འཇུག་གདུལ་བྱར་གྱུར་པ་ཀུན། །སྒོ་གསུམ་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །རྟག་བརྟན་ཡོངས་གྲུབ་དངོས་ཀུན་དེ་བཞིན་ཉིད། །འོད་གསལ་སེམས་ཀྱི་རྡོ་རྗེ་བདེ་བ་ཆེ། །སྐྱེ་འགགས་འཕོ་འགྱུར་གྲལ་བ་གཉུག་མའི་གཤིས། །ཚེ་གཅིག་མངོན་སངས་རྒྱས་པར་བྱིན་གྱིས་རློབས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང་། །ཡི་དམ་ལྷ་ཡི་དངོས་གྲུབ་གཅིག་འདུས་པ། །འགྲོ་བའི་བླ་མ་མཁའ་ཁྱབ་རྡོ་རྗེ་ཡིས། །སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །ཅེས་པའང་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་གང་དེའི་ཞབས་བརྟན་གསོལ་འདེབས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་དེ་ཉིད་ཕྱིས་གསོལ་འདེབས་སུ་ཞལ་སྒྱུར་བ་པོ་ནི་སི་ཏུའི་མིང་འཛིན་པདྨ་དབང་མཆོག་རྒྱལ་པོའོ།། །།རྒྱལ་མཆོག་བཅོ་
ལྔ་པ་ཆེན་པོའི་རྣམ་ཐར་གསོལ་འདེབས་བཞུགས་སོ། །སྲིད་ཞིའི་ཞིང་དུ་དུས་གསུམ་རྒྱལ་རྣམས་དང་། །རྒྱལ་སྲས་དཔའ་བོ་ཆེན་པོ་མ་ལུས་པའི། །ཕྲིན་ལས་བདག་ཉིད་མི་བསྐྱོད་ཅོད་པན་ཅན། །མཁའ་ཁྱབ་རྡོ་རྗེ་བླ་མའི་ཞབས་ལ་འདུད། །ཁྱོད་ནི་གདོད་ནས་ཞི་བར་སངས་རྒྱས་སར། །གཤེགས་ཤིང་ད་ལྟར་བདེ་ལྡན་མངོན་དགའི་ཞིང་། །སྤྱན་རས་གཟིགས་དབང་མི་འཁྲུགས་རྒྱལ་པོ་དང་། །གངས་ཅན་མགོན་པོ་བླ་མའི་ཞབས་ལ་འདུད། །གཅིག་ཉིད་དུ་མར་འཆར་བ་ཆུ་ཟླའི་གར། །གཅིག་ཏུ་བཟུང་བ་བྱིས་པའི་བློ་ཉིད་ཀྱང་། །བསྐལ་བཟང་འདི་ལ་མཆོག་གི་སྤྲུལ་པའི་སྐུ། །ཚར་དུ་དངར་བ་བླ་མའི་ཞབས་ལ་འདུད། །ཟླ་མེད་ཐེག་པ་མཆོག་གི་རྡོ་རྗེ་ཉིད། །བསམ་བཞིན་ཉང་སྟོད་ཤེལ་དཀར་རྒྱལ་རྩེའི་ཆར། །ཡབ་ཡུམ་ལྷ་གཟིགས་རིགས་ལ་ལྕགས་ལུག་ལོར། །མཚན་དཔེའི་དཔལ་འབར་བླ་མའི་ཞབས་ལ་འདུད། །དེ་ཚེ་ལྷ་རྣམས་འཇའ་གུར་མེ་ཏོག་ཆར། །ཀུན་ཏུ་
བྲེས་པས་ཤིས་པའི་སྣང་བ་སྤེལ། །སྐྱེས་བུ་ཆེན་པོས་ལྟ་སྟངས་གཟི་བྱིན་གྱིས། །སྣང་སྲིད་ཟིལ་གནོན་བླ་མའི་ཞབས་ལ་འདུད། །སྔོན་གནས་རྗེས་དྲན་ལྐོག་གྱུར་གཟིགས་པ་དང་། །བྱིན་རླབས་ཙམ་གྱིས་བགེགས་དཔུང་བཞི་ལ་སོགས། །ངོ་མཚར་སྣང་བས་དཔལ་ལྡན་ཀརྨ་པའི། །ཡང་སྲིད་འཁྲུལ་བྲལ་བླ་མའི་ཞབས་ལ་འདུད། །ཀུན་གཟིགས་མི་འགྱུར་དབང་གི་རྒྱལ་པོ་སོགས། །ཡབ་སྲས་དགོངས་པས་ངོས་འཛིན་མེ་གླང་ལོར། །མཁའ་ཁྱབ་རྡོ་རྗེར་མཚན་གསོལ་འོག་མིན་གནས། །མངའ་གསོལ་ཁྲིར་འདོན་བླ་མའི་ཞབས་ལ་འདུད། །ལྷ་ཆེན་སྤྱན་སྔར་ཀུན་གཟིགས་དབྱར་རྔ་བས། །དབུ་སྐྲ་གཙུག་ཕུད་བཞེས་ཤིང་ཡིག་རིགས་སོགས། །སྐྱེས་སྦྱང་སྟོབས་ཀྱིས་ཚེགས་མེད་ཐུགས་སུ་ཆུད། །ཡོན་ཏན་ཡར་འཕེལ་བླ་མའི་ཞབས་ལ་འདུད། །རྗེ་དབོན་མཆོག་ཟུང་འཇམ་མགོན་རྣམ་གཉིས་སོགས། །ཡོངས་འཛིན་དུ་མ་བསྟེན་ལས་
གསན་བསམ་དང་། །བསླབ་གསུམ་ཚུལ་ཁྲིམས་རིམ་གཉིས་རྣལ་འབྱོར་སོགས། །ཉམས་བཞེས་གཡེལ་མེད་བླ་མའི་ཞབས་ལ་འདུད། །དགུང་ལོ་བདུན་ནས་ཚིག་དོན་ཕུན་ཚོགས་པའི། །འཆད་བརྩམ་བཀའ་བབ་སྔོན་འདས་སྐྱེས་རབས་དང་། །མ་འོངས་འབྱུང་འགྱུར་སྟོན་ལ་ཟླ་བྲལ་བ། །དུས་གསུམ་ཀུན་མཁྱེན་བླ་མའི༴ སྤང་ཕུག་ལ་སོགས་གསོལ་འདེབས་གདུལ་བྱའི་ངོར། །རབ་གནས་ཟངས་ཐལ་གསོད་པ་བསོ་ནུས་དང་། །ཙཱ་རུ་ཏྲ་སོགས་སྐུ་དང་མཛད་ཕྲིན་གྱིས། །རྫུ་འཕྲུལ་དབང་བསྒྱུར་བླ་མའི༴ ཁྱད་པར་འཇམ་མགོན་རྗེ་བཙུན་བླ་མ་ཡིས། །ཕྱག་རྫོགས་དོན་བརྒྱུད་ཕ་ནོར་བུ་ལ་གཏད། །ཟུང་འཇུག་གསེར་རིའི་ཕྲེང་བར་བཞུགས་པ་ཡི། །སྒྲུབ་བརྒྱུད་གཙུག་བརྒྱན་བླ་མའི༴ བསྙེན་སྒྲུབ་ཐུགས་དམ་འཁོར་ཡུག་ལ་གཞོལ་བས། །ལྗགས་བཟླས་དུང་ཕྱུར་ལངས་དང་ལྷག་པའི་ལྷས། །ཞལ་གཟིགས་ལུང་བསྟན་དག་སྣང་འབྱམས་ཀླས་པ། །གྲུབ་
པའི་དབང་ཕྱུག་བླ་མའི༴ མཚོ་སྐྱེས་མ་ཧཱ་གུ་རུ་ཡབ་ཡུམ་གྱི། །ཡེ་ཤེས་སྐུ་ཡིས་རྗེས་བཟུང་རྟེན་བྱིན་རླབས། །གསང་མཛོད་ཆོས་ནོར་གཏེར་ལ་དབང་འབྱོར་བ། །པདྨའི་རྒྱལ་ཚབ་བླ་མའི༴ བཀའ་བསྟན་མཛོད་ལྔ་ལ་སོགས་སྨིན་གྲོལ་གྱིས། །ཡབ་སྲས་རིས་མེད་སློབ་ཚོགས་སྐྱོང་བ་དང་། །དགོན་གནས་ཉམས་གསོ་གསར་འདེབས་ལ་སོགས་པས། །བསྟན་འཛིན་དབང་པོ་བླ་མའི༴ དེ་ལྟར་འགྲོ་དོན་མཛད་ནས་ཆུ་ཁྱིའི་ལོ། །དགུང་ལོ་ང་གཉིས་ཕེབས་ནས་མ་འོངས་པའི། །སྤྲུལ་སྐུ་འབྱུང་འགྱུར་ལ་སོགས་ཞལ་ཆེམས་ཀྱིས། །བསྟན་པ་སྐྱོང་མཛད་བླ་མའི༴ རྟག་འཛིན་ཅན་ངོར་ནག་ཟླའི་ཉེར་དྲུག་ལ། །མཁའ་སྤྱོད་ཆེན་པོར་ཚོམ་བུ་འབུམ་གྱི་གཙོར། །གཤེགས་ནས་གཟུགས་སྐུ་བསྡུས་ཚེ་སྒྲ་འོད་བཅས། །ས་ལམ་ཡོངས་རྫོགས་བླ་མའི༴ སྐུ་གདུང་རིན་ཆེན་མཉེན་ལྕུག་ཞུན་ཐིག་ལས། །དད་ལྡན་རྣམས་ལ་རིང་བསྲེལ་ཕུང་པོར་བབ། །ལྷ་
མིའི་མཆོད་སྡོང་ཆེན་པོར་བཞུགས་སུ་གསོལ། །བསོད་ནམས་ཞིང་གྱུར་བླ༴ བདག་སོགས་སྐྱེ་ཀུན་བླ་མས་རྗེས་བཟུང་ཞིང་། །མ་འོངས་འདྲེན་པ་སེངྒེར་འཚང་རྒྱ་བའི། །འཁོར་གྱི་ཐོག་མར་ལུང་བསྟན་དབུགས་དབྱུང་བཅས། །ཆོས་ཀྱི་རྒྱལ་པོ་མཆོག་དང་དབྱེར་མེད་ཤོག །ཅེས་པའང་སྒྲུབ་བརྩོན་བླ་མ་ཀརྨ་ཐར་མཆོག་དང་ཀརྨ་ཆོས་དབྱིངས་ཀུན་ཁྱབ་ཟུང་ནས་བཀྲ་ཤིས་པའི་ལྷ་རྫས་རིན་ཆེན་གཉིས་པའི་རྟེན་བཅས་བསྐུལ་བ་ལ་སླར་ཡངས་གདན་ས་ཆེན་པོ་མཚུར་མདོའི་བྱང་འདྲེན་པ་ཀརྨ་འོད་ཟེར་དབང་དྲག་ནས་ལྷ་རེག་རྟེན་བཅས་ནན་བསྐུལ་མཛད་པར་རྟེན་སྐྱབས་མཆོག་རྡོ་རྗེ་འཆང་གི་བཀའ་འབངས་ཐ་ཤལ་པ་ཀརྨ་མཁྱེན་བརྩེའི་འོད་ཟེར་འབོད་པས་སྐུ་གདུང་རིན་པོ་ཆེའི་སྲི་ཞུ་བགྱིས་པའི་སྐབས་སེང་སུ་ཤར་མར་བྲིས་ཏེ་གསོལ་བ་བཏབ་པ་དགེ་ཞིང་བཀྲ་ཤིས།། །།རྒྱལ་བའི་དབང་པོ་བཅུ་དྲུག་པ་ཆེན་པོ་རང་བྱུང་རིག་པའི་རྡོ་རྗེའི་སྐུ་བསྟོད་བཞུགས་སོ། །ༀ་སྭསྟི་ན་མོ་གུ་རུ། བླ་མེད་བླ་མ་དུས་གསུམ་རྒྱལ་ཀུན་གྱི། །འཕྲིན་ལས་མ་ལུས་གཅིག་བསྡུས་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མ་ཀུན་མཁྱེན་ཀརྨ་པ། །རིག་པའི་རྡོ་རྗེའི་
ཞབས་ལ་ཕྱག་འཚལ་བསྟོད། །གྲངས་མེད་དུ་མར་གོམས་པའི་ཐུགས་བསྐྱེད་དང་། །གདུལ་བྱའི་ཚོགས་གཉིས་བསགས་པའི་ཉེར་ལེན་གྱིས། །མཚན་དཔེའི་སྐུ་མཆོག་མཐོང་གྲོལ་རིན་པོ་ཆེ། །རིག་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་བསྟོད། །ཟབ་ཞི་སྤྲོས་བྲལ་ཐེག་པ་གསུམ་གྱི་ཆོས། །གང་འདུལ་དེར་སྟོན་གསུང་གི་གསང་བའི་གནད། །གནས་ལུགས་ཇི་བཞིན་ཐོས་གྲོལ་རིན་པོ་ཆེ། །རིག་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་བསྟོད། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི། །བསམ་བརྗོད་ལས་འདས་བརྡ་དང་རྟགས་ཀྱི་དོན། །མ་རིག་མུན་སེལ་དྲན་གྲོལ་རིན་པོ་ཆེ། །རིག་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་བསྟོད། །སྐྱེ་བ་མེད་པ་དོན་གྱི་དེ་བཞིན་ཉིད། །རིག་རྩལ་འགགས་པ་མེད་པའི་སྒྱུ་འཕྲུལ་ལས། །འབྲེལ་ཚད་དོན་ལྡན་རེག་གྲོལ་རིན་པོ་ཆེ། །རིག་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་བསྟོད། །ཀུན་རྫོབ་དང་ནི་དོན་དམ་བདེན་པ་
ཡི། །མཐའ་བྲལ་ཟབ་ཅིང་རྒྱ་ཆེ་སྙིང་པོའི་དོན། །མཁྱེན་པའི་ཡེ་ཤེས་མཚུངས་མེད་འགྲོ་བའི་མགོན། །རིག་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་བསྟོད། །མཁའ་ཁྱབ་ཞིང་གི་ཡིད་ཅན་མ་ལུས་པ། །ཉེ་རིང་མེད་པར་དམིགས་མེད་སྙིང་རྗེ་ཡི། །བརྩེ་བ་ཆེན་པོས་རྟག་སྐྱོངས་འགྲོ་བའི་མགོན། །རིག་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་བསྟོད། །རྨད་བྱུང་སྟོང་དང་སྙིང་རྗེ་ཟུང་འཇུག་གིས། །རིགས་ཅན་བདུད་བཞིའི་གཡུལ་ངོ་ལས་རྒྱལ་བའི། །ནུས་པའི་དབང་ཕྱུག་གང་འདུལ་འགྲོ་བའི་མགོན། །རིག་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་བསྟོད། །རྒྱལ་བ་ཉིད་ལ་གདོད་ནས་གཤེགས་བཞུགས་སོགས། །སྒྲིབ་པ་ཕྲ་མོའི་ཆ་ཙམ་མི་མངའ་བའི། །སྤངས་པ་ཕུན་ཚོགས་བླ་མ་རྡོ་རྗེ་འཆང་། །རིག་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་བསྟོད། །བསྐལ་མང་གོང་ནས་སྲིད་དང་ཞི་བ་ཡི། །འགྱུར་མེད་རྩེ་མོའི་རྒྱལ་ཐབས་མངའ་བརྙེས་པ། །རྟོགས་པའི་བདག་ཉིད་བླ་མ་རྡོ་རྗེ་
འཆང་། །རིག་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་གསང་བ་གསུམ་གྱི་ཡོན་ཏན་ལས། །ཅུང་ཟད་ཞིག་ཀྱང་དཔག་པའི་ཡུལ་མིན་མོད། །འོན་ཀྱང་མོས་གུས་གདུང་བའི་དབང་བཙན་པོས། །ཆ་ཤས་ཙམ་གྱིས་བསྟོད་ཅིང་གསོལ་འདེབས་ན། །རྣམ་དག་རྩེ་གཅིག་ཡིད་ཀྱི་བདེན་སྟོབས་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱིས་ཐུགས་རྗེའི་མཐུས། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པར། །སྲིད་འདིར་སྐལ་བཟང་དགའ་སྟོན་བཞད་པར་ཤོག །ཅེས་པ་འདི་ནི་ཀུན་གཟིགས་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་མདུན་ནས། ལྷ་རེག་ཉིན་མོ་བདེ་ལེགས་དང་། རིན་ཆེན་དང་པོའི་མཎྜལ་རྒྱན་བཀོད་རྨད་དུ་བྱུང་བ་སྩལ་ཏེ། ཆོས་སྤྱོད་ཆེན་པོའི་ཁ་སྐོང་གསོལ་འདེབས་འདི་བཞིན་དགོས་ཞེས་བཀས་བསྐུལ་གནང་དོན་ལྟར་བདག་གི་བླ་མ་བཀའ་དྲིན་མཉམ་མེད། ཁྱབ་བདག་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ། སྐལ་ལྡན་ཡིད་ཀྱི་གདུང་བ་སེལ་བའི་སྒྲ་དབྱངས་ཚིགས་སུ་བཅད་པ་རྣམ་འདྲེན་མིའི་སེང་གེའི་ཚུལ་མཐོང་མཛད་པའི་གྲངས་ལྡན་འདི་ནི། ཀརྨ་པའི་གདན་ས་
འབྲས་མོ་ལྗོངས་དཔལ་བཤད་སྒྲུབ་ཆོས་འཁོར་གླིང་གི་གཙུག་ལག་ཁང་གི་དབུ་རྩེར། རྗེ་ཉིད་ཀྱི་ཞལ་སློབ་ཏཱ་ཡི་སི་ཏུ་པས་བྲིས་པ་བདག་དང་། ཕྱི་རབས་གདུལ་བྱ་རྣམས་ཀྱི་སེམས་ལ་བླ་མའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག། ༈ །།རྒྱལ་བའི་དབང་པོ་རིམ་པར་བྱོན་པ་ལ་བསྡུས་པའི་ཚུལ་གྱིས་གསོལ་བ་གདབ་པ་ནི། མ་འོངས་སངས་རྒྱས་དྲུག་པ་སེང་གེའི་མཚན། །ད་ལྟ་རྣམ་འཕྲུལ་དུ་མས་ཞིང་ཀུན་སྐྱོང་། །སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཆོས་ཀྱི་རྗེ། །དུས་གསུམ་མཁྱེན་པའི་ཞབས་ལ་གསོལ་བ་འདེབས། །ཡི་དམ་དབང་གྱུར་སྣང་སྲིད་དབང་དུ་འདུས། །སོག་པོ་མུ་སྟེགས་རྒྱལ་པོའི་དྲེགས་པ་བརྟུལ། །མེ་ཆུ་དུག་མཚོན་འབྱུང་པོའི་ནུས་པ་བཅོམ། །ཀརྨ་པཀྴིའི་ཞབས་ལ་གསོལ་བ་འདེབས། །མདོ་རྒྱུད་གཞུང་མང་འགྲེལ་མཛད་རྫུ་འཕྲུལ་གྱིས། །སྣ་ཚོགས་འགྲོ་ལ་སྙིང་པོའི་དོན་སྟོན་ཅིང་། །གྲུབ་ཆེན་བསྟན་པ་ཆེས་ཆེར་སྤེལ་མཛད་པ། །རང་བྱུང་རྡོ་རྗེའི་ཞབས་ལ༴ སྣ་ཚོགས་སྐད་ཀྱིས་རྣམ་མང་འགྲོ་བ་འདུལ། །མཐའ་བྲལ་རིག་པས་
སྨྲ་ངན་མཐའ་དག་སེལ། །ཡང་དག་ངག་གིས་བདེན་པའི་གནས་ལུགས་སྟོན། །རོལ་པའི་རྡོ་རྗེའི་ཞབས་ལ༴ མཚན་དང་དཔེ་བྱད་མཐོང་བས་རབ་དང་མཛད། །ཁམས་གསུམ་འགྲོ་བའི་བླ་མ་དེ་བཞིན་གཤེགས། །སྐལ་ལྡན་དགོས་པ་དངོས་གྲུབ་མཆོག་གིས་སྐོང་། །དེ་བཞིན་གཤེགས་པའི་ཞབས་ལ༴ གྲུབ་ཆེན་ཡི་དམ་མཁའ་འགྲོའི་ལུང་འདོམས་ཤིང་། །བརྟུལ་ཞུགས་རྫུ་འཕྲུལ་སྣ་ཚོགས་བཀོད་པ་ཅན། །མཐུ་སྟོབས་དྲེགས་པ་ཟིལ་གནོན་ལྷ་མིའི་མགོན། །མཐོང་བ་དོན་ལྡན་ཞབས་ལ༴ བསླུ་ཆོས་མཁན་དང་ནག་པོའི་རྩ་ལག་བཏུལ། །དཀོན་མཆོག་གསུམ་གྱི་མཆོད་རྟེན་རྒྱ་ཆེན་མཛད། །རང་སྲས་གྲུབ་པ་ཐོབ་པས་ས་ཆེན་ཁྱབ། །ཆོས་གྲགས་རྒྱ་མཚོའི་ཞབས་ལ༴ ཤེས་བྱའི་ཚུལ་འདིར་རྣམ་དཔྱོད་ཐོགས་མེད་ཀྱིས། །གསུང་རབ་དགོངས་དོན་འཆད་ལ་བསྙེངས་པ་བྲལ། །དེ་ཚུལ་སྤྱོད་ལ་རྣམ་གཡེང་གོ་སྐབས་མེད། །མི་
བསྐྱོད་རྡོ་རྗེའི༴ སླར་ཡང་ཚད་མེད་ཐུགས་རྗེའི་དབང་ཕྱུག་གིས། །འགྱུར་མེད་རྡོ་རྗེའི་སྐུ་གསུང་ཐུགས་སྤྲུལ་ནས། །ཞིང་འདིའི་འདྲེན་པར་བྱོན་པ་ཆོས་ཀྱི་རྗེ། །དབང་ཕྱུག་རྡོ་རྗེའི་ཞབས་ལ༴ དེ་ཉིད་མཆོག་དམན་བར་མའི་གདུལ་བྱའི་ངོར། །སྤྲུལ་སྐུ་ཆེན་པོའི་བཀོད་པ་བསྟན་ནས་ཀྱང་། །མཐོང་ཐོས་འབྲེལ་ཚད་དོན་ལྡན་མཛད་པ་ཡི། །ཆོས་དབྱིངས་རྡོ་རྗེ་ཞབས་ལ༴ དེ་ཉིད་བདག་སོགས་གདུལ་བྱར་གྱུར་པ་ཡི། །བསྐལ་པ་ཇི་བཞིན་ཐུགས་རྗེའི་རྣམ་རོལ་སྐུ། །སྐད་ཅིག་དྲན་པས་བདེ་ཆེན་མཆོག་སྩོལ་བ། །ཡེ་ཤེས་རྡོ་རྗེའི་ཞབས་ལ༴ བདེ་ཆེན་ཆོས་དབྱིངས་རྣམ་པར་མི་རྟོག་སྐུ། །ཟབ་གསལ་གཉིས་མེད་མཁྱེན་པའི་ཡེ་ཤེས་རྒྱས། །མ་རིག་མུན་སེལ་སྐྱེ་དགུའི་གཉེན་གཅིག་པུ། །བྱང་ཆུབ་རྡོ་རྗེའི་ཞབས་ལ༴ སྙིགས་མའི་རྣམ་འགྱུར་ཡིད་བསྲུབས་ལྟ་བུའི་དཔུང་། །མུན་པ་ལྟ་བུ་རྡོ་རྗེ་ཡེ་ཤེས་ཀྱི། །ཉི་མ་ཆེན་པོས་རྨེག་མེད་འཇོམས་མཛད་པ། །བདུད་
འདུལ་རྡོ་རྗེའི་ཞབས་ལ༴ མཁྱེན་རབ་མཛད་པ་ཐབས་མཁས་བསམ་མི་ཁྱབ། །མི་ཤིགས་རྡོ་རྗེ་ལྟ་བུའི་ཏིང་འཛིན་མངའ། །རྩོལ་མེད་ཐུགས་རྗེའི་བདག་ཉིད་འཇིག་རྟེན་མགོན། །ཐེག་མཆོག་རྡོ་རྗེའི་ཞབས་ལ༴ རབ་འབྱམས་རྒྱལ་ཀུན་འདུས་པའི་རྣམ་ཐར་དང་། །ཕྲིན་ལས་ཡོན་ཏན་མ་ལུས་གཅིག་བསྡུས་པ། །གངས་ཅན་མགོན་པོ་རྒྱལ་དབང་ཀརྨ་པ། །མཁའ་ཁྱབ་བདེ་བའི་རྡོ་རྗེར་གསོལ་བ་འདེབས། །ཆོས་དང་ཆོས་ཅན་གནས་ལུགས་མ་ནོར་བར། །ཇི་བཞིན་གཟིགས་ནས་མཁྱེན་པའི་ཡེ་ཤེས་རྒྱས། །འགྲོ་ཚོགས་ཡིད་ལ་ཀུན་དགའི་དཔལ་སྟེར་བ། །རིག་པའི་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ཐུབ་མཆོག་རྣམས་ཀྱི་བསྟན་པ་དྲི་མ་མེད། །མཐའ་ཡས་ཡོན་ཏན་བསྒྲུབ་པའི་ཐབས་སྟོན་ཅིང་། །བཤད་དང་སྒྲུབ་པ་རྣམ་དག་སྤེལ་བྱེད་པས། །ཀརྨ་པ་ཡི་དགོངས་པ་རྫོགས་བྱེད་ཤོག །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །དུས་
གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །ཀརྨ་པ་ཡིས་རྟག་ཏུ་རྗེས་བཟུང་ནས། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱོད་པར་ཤོག །སྐྱེ་བ་ཀུན་ཏུ་ཡོངས་འཛིན་དམ་པ་མཆོག །ཞྭ་ནག་ཅོད་པན་འཛིན་པ་ཁོ་ན་དང་། །ཡི་དམ་སྙིང་པོ་དཔལ་ལྡན་བདེ་བ་མཆོག །འཁོར་ལོ་སྡོམ་པས་རྗེས་སུ་འཛིན་གྱུར་ཅིག །སྐྱེ་བ་འདི་ནས་རིགས་བདག་མི་འཆོལ་ཞིང་། །བཅོམ་ལྡན་དྲག་པོའི་དཀྱིལ་འཁོར་འཛིན་བཞིན་དུ། །ཤེས་རབ་པདྨའི་བདུད་རྩི་འཐུང་བྱེད་ཅིང་། །བྱང་ཆུབ་སྙིང་པོར་སྲིད་པ་དག་བགྱིད་ཤོག །ཅེས་པ་འདིའི་རྩ་བ་མི་བསྐྱོད་ཞབས་ཀྱིས་མཛད་པ་ལ་ཕྱི་ནས་ན་རིམ་སོ་སོའི་སྐབས་སུ་ཁ་བསྐང་བའོ།། །།དེ་ནས་ཞྭ་དམར་ཅོད་པན་འཛིན་པ་ན་རིམ་ལ་གསོལ་བ་འདེབས་པ་ནི། མཁའ་ཁྱབ་ནམ་མཁའི་རྡོ་རྗེ་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་སྐུ་གར་དབང་རྡོ་རྗེ་འཆང་། །རྒྱལ་བ་དཀོན་མཆོག་ཡན་ལག་སྤྲུལ་པའི་སྐུ། །སྐུ་གསུམ་མངོན་དུ་མཛད་ལ་གསོལ་བ་འདེབས། །ཏཻ་ལོས་རྗེས་བཟུང་རྗེ་བཙུན་ཁོལ་པོ་
དགའ། །ནཱ་རོས་རྗེས་བཟུང་བྲམ་ཟེ་ཀུན་རིག་མཆོག །མི་ལས་རྗེས་བཟུང་གཞོན་ནུ་གསང་ཚོལ་ཞབས། །གྲུབ་པའི་དབང་པོ་གསུམ་ལ་གསོལ་བ་འདེབས། །ཟླ་འོད་གཞོན་ནུས་རྗེས་བཟུང་ཚུལ་ཁྲིམས་དཔལ། །དུས་གསུམ་མཁྱེན་པས་རྗེས་བཟུང་ནམ་མཁའ་འོད། །ཀརྨ་པཀྴིས་རྗེས་བཟུང་བཀྲ་ཤིས་གྲགས། །རྣལ་འབྱོར་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །རང་བྱུང་རྡོ་རྗེས་རྗེས་བཟུང་གྲགས་སེང་བ། །རོལ་པའི་རྡོ་རྗེས་རྗེས་བཟུང་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པས་རྗེས་བཟུང་ཆོས་ཡེས་པ། །ཞྭ་དམར་ཅོད་པན་ཅན་ལ་གསོལ་བ་འདེབས། །ཆོས་གྲགས་རྒྱ་མཚོས་རྗེས་བཟུང་ཆོས་ཀྱི་གྲགས། །མི་བསྐྱོད་རྡོ་རྗེས་རྗེས་བཟུང་དཀོན་མཆོག་འབངས། །དབང་ཕྱུག་རྡོ་རྗེས་རྗེས་བཟུང་ཆོས་ཀྱི་དབང་། །བསྟན་པའི་ཁུར་ཆེན་འདེགས་ལ༴ ཆོས་དབྱིངས་རྡོ་རྗེས་རྗེས་བཟུང་གར་གྱི་དབང་། །ཡོངས་འཛིན་དམ་པ་ཞྭ་
ནག་ཅོད་པན་གྱིས། །རྒྱལ་བའི་ཕྲིན་ལས་མཆོག་ཏུ་དབང་བསྐུར་བ། །ཆོས་ཀྱི་དོན་གྲུབ་ཞབས་ལ༴ རྗེ་བཙུན་བདུད་ཚོགས་འདུལ་བའི་རྡོ་རྗེ་ཡིས། །རྗེས་བཟུང་མཁྱེན་བརྩེ་ནུས་པའི་དཔལ་མངའ་བ། །ཁྱབ་བདག་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་མཆོག །མི་ཕམ་ཆོས་གྲུབ་རྒྱ་མཚོར་གསོལ་བ་འདེབས། །དེ་ལྟར་དྲུག་པ་སེང་གེ་ཀརྨ་པའི། །སྒྲུབ་བརྒྱུད་ནམ་མཁའི་མཐའ་ཀླས་སྤེལ་བའི་ཕྱིར། །ཕྲིན་ལས་རྒྱུན་མི་འཆད་པའི་སྤྲུལ་སྐུ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབ་ཏུ་གསོལ། །རིང་ནས་ཆོས་ཀུན་གཟིགས་པའི་སྤྱན་ཡངས་པ། །ཐུབ་བསྟན་གསལ་བར་མཛད་པའི་ཐུགས་རྗེ་ཅན། །གངས་ཅན་མཁས་དང་གྲུབ་པའི་རྒྱན་གཅིག་པུ། །དཀོན་མཆོག་ཡན་ལག་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་ཐེག་པའི་གྲུ་གཟིངས་ལ་བརྟེན་ནས། །དཔག་ཡས་སྲིད་པའི་མཚོ་ལས་ལེགས་བསྒྲལ་ཏེ། །ཟུང་འཇུག་ཡིད་བཞིན་ནོར་བུའི་དགའ་སྟོན་གྱིས། །
འགྲོ་ཀུན་ཡིད་ཀྱི་རེ་བ་སྐོང་བར་ཤོག །ཅེས་ཀརྨ་པ་བརྒྱད་པས་སོ། །ཡང་ན། ཀརྨ་པ་ཡི་བསྟན་པའི་ཁུར་ཆེན་འདེགས། །རྩ་དང་རླུང་དང་བྱང་ཆུབ་སེམས་འབྱོངས་ནས། །རྡོ་རྗེ་ཐེག་པའི་ལམ་བཟང་བདེར་བགྲོད་པ། །མཁས་གྲུབ་གྲགས་པ་སེང་གེའི་ཞབས་ལ་འདུད། །དེ་ཉིད་ཕྱི་མར་སྐྱེ་བའི་ཕྲེང་བ་ལ། །དབེན་པ་གསུམ་གྱི་བགྱི་བ་མི་གཡེལ་བར། །སྣང་བ་བདེ་བར་ཤར་བའི་ངང་ཚུལ་ཅན། རྟོགས་ལྡན་མཁའ་སྤྱོད་དབང་པོའི༴ དང་པོར་སྤྲོས་བྲལ་མངོན་སུམ་རྗེན་པར་མཐོང་། །བར་དུ་དེ་ལ་ཤིན་ཏུ་གོམས་ཤིང་འདྲིས། །མཐའ་མར་རེ་དོགས་འཕྲང་ལས་ངེས་གྲོལ་བའི། །རྣལ་འབྱོར་ཆོས་དཔལ་ཡེ་ཤེས༴ ཕུང་པོ་ལྔ་དང་ཉོན་མོངས་ལྔ་ལ་སོགས། །སྐུ་ལྔ་ཡེ་ཤེས་ལྔ་རུ་རྣམ་དག་ཅིང་། །ཀུན་རྫོབ་འཁྲུལ་པའི་དབང་དུ་མ་སོང་བའི། །སྤྱན་སྔ་ཆོས་ཀྱི་གྲགས་པའི༴ སྡོམ་པ་གསུམ་གྱིས་རང་རྒྱུད་ལེགས་སྨིན་ནས། །སྡེ་སྣོད་གསུམ་གྱི་ཚིག་དོན་
གཞན་ལ་འཆད། །འཁོར་བའི་བག་ཆགས་འཇོམས་པའི་སྙིང་སྟོབས་ཅན། །སྤྲུལ་སྐུ་དཀོན་མཆོག་ཡན་ལག༴ དཔག་པར་དཀའ་བའི་མཛད་ཕྲིན་རྨད་བྱུང་བ། །མཐོང་བ་ཙམ་གྱིས་གཞན་རྒྱུད་གྲོལ་ནུས་ཤིང་། །རྣམ་མང་འགྲོ་བའི་ཡིད་མུན་དྲུངས་འབྱིན་པ། །གར་དབང་ཆོས་ཀྱི་དབང་ཕྱུག༴ དེ་ཉིད་སྲིད་ཞིའི་དཔལ་དང་ལྡན་པའི་སྐུ། །ཡེ་ཤེས་རྡོ་རྗེ་སྤྲུལ་པའི་སྐུར་བཞེངས་པ། །གཞི་ལམ་འབྲས་བུ་སྙིང་པོ་རྡོ་རྗེ་འཆང་། །དཔལ་ལྡན་ཡེ་ཤེས་སྙིང་པོའི་ཞབས་ལ་འདུད། །ཐུབ་དབང་གསུང་གི་ལེགས་བཤད་བདུད་རྩིའི་མཚོ། །བློ་གྲོས་ཡངས་པའི་འཇུག་ངོགས་ལ་དྲངས་ནས། །ལུས་ཅན་ཕན་བདེའི་སྐྱེད་ཚལ་རྒྱས་མཛད་པ། །དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཞབས་ལ་འདུད། །བདེ་གཤེགས་ཀུན་གྱི་གསང་གསུམ་རྡུལ་བརྩེགས་ཀྱི། །ཡོན་ཏན་དུ་མའི་དཔལ་གྱིས་མངོན་པར་མཐོ། །སྲིད་ཞིའི་གདུང་བ་སེལ་བའི་གཉེན་གཅིག་པུ། །མི་ཕམ་ཆོས་གྲུབ་རྒྱ་མཚོའི་
ཞབས་ལ་འདུད། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཚེ་འདི་ཉིད་ལ་གནས་ལུགས་དོན་རྟོགས་ནས། །ས་དང་ལམ་རྣམས་རིམ་པར་བགྲོད་ནས་ནི། །གཉིས་སུ་མེད་པའི་ཡེ་ཤེས་མཆོག་ཐོབ་ཤོག །དེ་ནས་བྱེ་བྲག་ཏུ་གར་དབང་ལྔ་པའི་ཞབས་ལ་བསྟོད་པ་ནི། བསྐལ་མང་གོང་ནས་ཚོགས་གཉིས་རྫོགས་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་སྒྲོལ་བ་ལ། །ཕྲིན་ལས་འདོད་དགུར་སྒྱུར་ལ་མངའ་བརྙེས་པའི། །ཞྭ་དམར་ཅོད་པན་འཛིན་པ་རྣམས་ལ་འདུད། །རིགས་ཀྱི་བདག་པོ་པདྨ་གར་དབང་པོ། །དཀྱིལ་འཁོར་ཀུན་གྱི་རྒྱས་གདབ་ཆེན་པོ་པ། །རྡོ་རྗེའི་བརྟུལ་ཞུགས་གྲུབ་པ་ཆོས་ཀྱི་རྗེ། །དཀོན་མཆོག་ཡན་ལག་ཞབས་པད་སྤྱི་བོར་ལེན། །དཀོན་མཆོག་འགྲོ་བའི་མགོན་པོར་ལེགས་གྲུབ་ཅིང་། །ཡན་ལག་འབུམ་སྡེའི་ཆོས་སྒོ་དབྱེ་བ་ལ། །མི་འཇིགས་སྤོབས་པ་བརྙེས་པ་ཆོས་ཀྱི་རྗེ། །དཀོན་མཆོག་ཡན་ལག་ཞབས་ལ་
གསོལ་བ་འདེབས། །ལ་ལར་དགའ་ལྡན་ཆོས་ཀྱི་གཞལ་ཡས་སུ། །རྗེ་བཙུན་བྱམས་པའི་དཔལ་གྱི་ཚུལ་བཟུང་ནས། །ས་བཅུའི་སྤོ་ལ་གནས་པ་ཆོས་ཀྱི་རྗེ། །དཀོན་མཆོག་ཡན་ལག༴ གཞན་དུ་འཇིག་རྟེན་དབང་པོ་ཀརྨ་པའི། །བསྟན་པའི་ཁུར་ཆེན་འདེགས་པའི་ཐེག་པ་པ། །ཞྭ་དམར་ཅོད་པན་འཛིན་པ་ཆོས་ཀྱི་རྗེ། །དཀོན་མཆོག་ཡན་ལག་ཞབས་ལ་གསོལ་བ་འདེབས། །སླད་མའང་རྒྱལ་བ་ཀུན་གྱི་ཐུགས་རྗེའི་སྐུ། །ཀརྨ་པ་ཞེས་གྲགས་པ་གསལ་ལྡན་དེའི། །ཕྲིན་ལས་ཐ་གྲུ་རྒྱས་པའི་འཇུག་ངོགས་སུ། །བསྟན་པ་འཛིན་ལ་འཛམ་གླིང་རྒྱན་གྱུར་ཅིག །བཀའ་བརྒྱུད་བླ་མ་རྣམས་ཀྱི་སོགས་བྱའོ། །ཞེས་པའང་མི་བསྐྱོད་རྡོ་རྗེས་སོ།། །།རྒྱལ་མཆོག་དམར་ནག་གི་ཅོད་པན་འཆང་བཟུང་ཉིད་སྟོན་འཁོར་ཐ་མི་དད་དུ་ཞལ་གྱིས་བཞེས་པའི་སྒོ་ནས་བསྟོད་པ་ནི། དཀོན་མཆོག་དྭགས་བརྒྱུད་གྲལ་ན་འགྱུར་མེད་སྐུ། །སྒྲུབ་བརྒྱུད་མཐར་ཐུག་ཀརྨ་ཀཾ་ཚང་ལ། །གནས་ལུགས་རང་ཞལ་འཕྲོད་པའི་རྗེ་བཙུན་མཆོག །
དཀོན་མཆོག་ཡན་ལག་ཞབས་ལ་གསོལ་བ་འདེབས། །རྒྱལ་མཆོག་མཁྱེན་བརྩེའི་བདག་ཉིད་ཀརྨ་པ། །དེ་ཡི་སྐུ་གསུང་ཐུགས་གསང་འཛིན་པ་པོ། །སྟོན་འཁོར་ཐ་མི་དད་པ་ཆོས་ཀྱི་རྗེ། །དཀོན་མཆོག་ཡན་ལག༴ འདས་དང་མ་འོངས་ད་ལྟའི་སངས་རྒྱས་རྣམས། །འགྲོ་ལ་གང་འདུལ་སྤྲུལ་པའི་སྐུར་སྟོན་པས། །གངས་ཅན་ཞིང་འདིར་འདྲེན་མཆོག་ཀརྨ་པ། །དཀོན་མཆོག་ཡན་ལག༴ སྤྲུལ་པ་ཡང་སྤྲུལ་ཇི་ཙམ་ཅིར་བསྟན་ཀྱང་། །སྒྱུ་མའི་སྤྲུལ་པས་སླར་ཡང་སྒྱུ་འཕྲུལ་བཞིན། །དབྱེར་མེད་གཅིག་ཏུ་འདུས་པའི་ཀརྨ་པ། །དཀོན་མཆོག་ཡན་ལག༴ ཁྱད་པར་གངས་ཅན་ལྗོངས་འདིར་སྤྱན་རས་གཟིགས། །མི་བསྐྱོད་རྒྱས་གདབ་སྲས་ཀྱི་ཚུལ་བཟུང་ནས། །འགྲོ་བའི་རེ་འདོད་སྐོང་བའི་ཀརྨ་པ། །དཀོན་མཆོག་ཡན་ལག༴ འོད་དཔག་མེད་པའི་མཚན་མ་ཅོད་པན་ནི། །ཐོད་དུ་བཅིངས་ནས་འཁོར་བ་དོང་ནས་སྤྲུག །འགྲོ་དོན་བསམ་མི་ཁྱབ་
པའི་ཀརྨ་པ། །དཀོན་མཆོག་ཡན་ལག༴ ལ་ལར་སློབ་མ་ལ་ལར་བླ་མ་དང་། །ལ་ལར་ཡབ་སྲས་སྐུ་མཆེད་ལ་སོགས་པ། །དཔོན་སློབ་སྒྱུ་འཕྲུལ་སྟོན་པའི་ཀརྨ་པ། །དཀོན་མཆོག་ཡན་ལག༴ དཔོན་སློབ་ཚད་མའི་རྟེན་འབྲེལ་མཐར་ཕྱིན་པས། །རྟོགས་པ་དོན་གྱི་ཐུགས་རྒྱུད་གཅིག་ཏུ་གྱུར། །དཔོན་སློབ་དབྱེ་བ་མེད་པའི་ཀརྨ་པ། །དཀོན་མཆོག་ཡན་ལག༴ གྲུབ་ཐོབ་ཆེན་པོ་ཀརྨ་པཀྴི་ཡིས། །མ་འོངས་སྤྲུལ་སྐུ་ཟུང་གཅིག་ལུང་བསྟན་ཅིང་། །དེ་གཉིས་ཐུགས་རྒྱུད་གཅིག་ཏུ་ཞལ་བཞེས་པ། །དཀོན་མཆོག་ཡན་ལག༴ སེམས་དཔའ་རང་བྱུང་རྡོ་རྗེའི་ཞལ་སྔ་ནས། །ང་དང་མཉམ་པ་གྲགས་སེང་ཞེས་གསུངས་ནས། །དཔོན་སློབ་ཁྱད་པར་མེད་པའི་བཀའ་སྩལ་མཛད། །དཀོན་མཆོག་ཡན་ལག༴ སྣང་ཚུལ་བཀོད་པ་ཇི་ལྟར་བསྟན་ན་ཡང་། །ཀུན་རྫོབ་འཁྲུལ་ངོའི་རྟེན་འབྲེལ་མ་གཏོགས་པ། །དོན་དམ་དབྱིངས་ལ་ཁྱད་པར་ཅུང་ཟད་མེད། །དཀོན་མཆོག་ཡན་
ལག༴ ཀུན་རྫོབ་འཁྲུལ་པའི་ངོར་ཡང་དཔོན་སློབ་ཀྱི། །སྣང་ཚུལ་ལུ་གུ་བརྒྱུད་ལ་རྒྱུན་ཆད་མེད། །འཁོར་བ་སྲིད་དུ་མཛད་པ་མི་ཟད་པ། །དཀོན་མཆོག་ཡན་ལག་ཞབས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་སོགས་གདུལ་བྱ་གཉིས་སྣང་ཅན་མཐའ་དག །གཉིས་མེད་ཡེ་ཤེས་རང་ངོ་འཕྲོད་གྱུར་ཏེ། །དཔོན་སློབ་གཉིས་ལྟར་འགྲོ་དོན་ལྷུན་གྲུབ་ཤོག །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །རྒྱལ་བ་ཡབ་སྲས་འབྲལ་མེད་སྟེན་པ་དང་། །བསམ་པའི་དོན་ཀུན་ཆོས་བཞིན་འགྲུབ་གྱུར་ནས། །མཐར་ཐུག་ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག །ཅེས་པ་འདི་ནི་དད་པའི་ནོར་ཅན་ཆོས་མཛད་མ་ཀརྨ་རྣལ་འབྱོར་གྱིས་དོན་དུ་གཉེར་བའི་ངོར། ཞྭ་དམར་པ་ལྔ་པས་སྒྲུབ་གནས་པདྨ་ཁྱུང་རྫོང་དུ་བྲིས་པའོ།། །།གར་དབང་དྲུག་པའི་ཞབས་ལ་བསྟོད་ཅིང་གསོལ་བ་འདེབས་པ་ནི། རྒྱལ་བ་ཀུན་དངོས་དཔལ་ལྡན་བླ་མ་མཆོག །བདག་སོགས་གདུལ་བྱའི་ཚོགས་ལ་ཉེར་དགོངས་
ཏེ། །ཞིང་འདིར་སླར་ཡང་སྤྲུལ་པའི་སྐུར་བཞེངས་པ། །ཆོས་ཀྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །སྲིད་ཞིའི་དཔལ་གྱུར་རྡོ་རྗེ་གསུམ་གྱི་བདག །རིགས་ཀུན་གཙོ་བོ་གར་དབང་སྤྲུལ་པའི་སྐུ། །འཇིགས་མེད་ཆོས་ཀྱི་དབང་ཕྱུག་འགྲོ་བའི་མགོན། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱ་ཆེན་མཁྱེན་པའི་སྤྱན་ལྡན་ཆོས་ཀྱི་མཛོད། །མངོན་མཐོ་ངེས་ལེགས་མ་ནོར་ལམ་སྟོན་པ། །ཕན་བདེའི་འབྱུང་གནས་རྗེ་བཙུན་སྤྲུལ་པའི་སྐུ། །ཆོས་ཀྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །འདྲེན་པ་མཆོག་དེའི་མཛད་ཕྲིན་ཇི་ལྟ་བ། །རབ་འབྱམས་རྒྱ་མཚོའི་མཐའ་ཀླས་ཀུན་ཁྱབ་པ། །བསྟན་པའི་སྙིང་པོ་རྒྱ་ཆེར་སྤེལ་མཛད་པའི། །ཆོས་ཀྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །གང་གི་ཞབས་སེན་རིན་ཆེན་འོད་འབར་བ། །དྲེགས་ལྡན་རྣམས་ཀྱི་སྤྱི་བོས་གུས་མཆོད་ཅིང་། །ཀུན་ཀྱང་སྨིན་གྲོལ་ལམ་ལ་འགོད་མཛད་པའི། །ཆོས་ཀྱི་དབང་
ཕྱུག་ཞབས་ལ་གསོལ་བ་འདེབས། །བསླུ་མེད་དཀོན་མཆོག་གསུམ་དང་ཡི་དམ་ལྷ། །བུ་བཞིན་སྐྱོང་བའི་བཀའ་སྲུང་རྒྱ་མཚོ་དངོས། །མཚུངས་མེད་བླ་མ་མཆོག་གི་སྤྲུལ་སྐུ་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བདག་སོགས་གདུལ་བྱར་གྱུར་པའི་འགྲོ་བ་རྣམས། །མགོན་པོ་ཁྱོད་ཀྱིས་རྟག་པར་རྗེས་བཟུང་སྟེ། །ཚོགས་གཉིས་རྒྱ་མཚོའི་དཔལ་ལ་སྤྱོད་པ་དང་། །རྗེ་བཙུན་བླ་མའི་གོ་འཕང་འགྲུབ་གྱུར་ཅིག །ཅེས་གར་དབང་ཆོས་ཀྱི་དབང་ཕྱུག་གི་གསོལ་འདེབས་སུ་འབྲི་ཁུང་གྲོག་སྣར་བཛྲེ་ཤྭ་རས་སོ། །ན་མོ་གུ་རུ་མཉྫུ་ནཱ་ཐཱ་ཡ། གཞོན་ནུའི་མཛེས་སྐུ་མཚན་དཔེའི་དཔལ་དང་ལྡན། །འཇམ་པའི་གསུང་དབྱངས་དྲུག་ཅུའི་དཔལ་དང་ལྡན། །ཡེ་ཤེས་ཐུགས་ནི་མཁྱེན་བརྩེའི་དཔལ་དང་ལྡན། །བླ་མ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །པད་སྟེང་སྒེག་པའི་གར་གྱི་དབང་སྒྱུར་སྐུ། །འཆད་རྩོད་རྩོམ་པའི་གར་གྱི་དབང་ཕྱུག་གསུང་། །སྙིང་
རྗེའི་གར་གྱིས་འགྲོ་བ་དབང་སྡུད་ཐུགས། །བླ་མ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །ཆོས་ལ་རྟོག་བྲལ་ཉིད་ཀྱི་ཡེ་ཤེས་ནི། །ཆོས་ཀྱི་ཡུལ་ལ་མཚན་མར་མི་དམིགས་པར། །ཆོས་ཀུན་གསལ་བར་མཁྱེན་ནས་སྟོན་མཛད་པ། །བླ་མ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །འདོད་བདེ་ཆགས་བྲལ་ལམ་དུ་དབང་ཕྱུག་གྲུབ། །བསམ་གཏན་རོ་མྱོང་བྲལ་བར་དབང་ཕྱུག་གོམས། །གཟུགས་མེད་མ་འདྲེས་ཤེས་རབ་དབང་ཕྱུག་བརྙེས། །བླ་མ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །སེམས་ཀྱི་རྡོ་རྗེ་གཉུག་མའི་ཡིད་ལ་ཞུགས། །འཇམ་པའི་རྡོ་རྗེ་སྨྲ་མཁས་ངག་ལ་ཞུགས། །འཆི་མེད་རྡོ་རྗེ་བདེ་བའི་ལུས་ལ་ཞུགས། །བླ་མ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །ཤིན་ཏུ་སྦྱངས་པའི་བདག་ཉིད་དགའ་བའི་ལུས། །འབྱུང་འཇུག་གནས་པའི་རྡོར་བཟླས་དགའ་བའི་ངག །འོད་གསལ་ལྷན་ཅིག་སྐྱེས་པ་དགའ་བའི་ཡིད། །བླ་
མ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །ངལ་བའི་དོན་ཀུན་ཡོངས་སུ་གྲུབ་པ་དང་། །སྨིན་གྲོལ་དོན་ཀུན་ཡོངས་སུ་གྲུབ་པ་དང་། །གཞན་ཕན་དོན་ཀུན་ཡོངས་སུ་གྲུབ་གྱུར་པ། །བླ་མ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །སྲིད་པའི་གཡུལ་ངོ་ཤེས་པས་ཕམ་བྱས་ཤིང་། །ཞི་བའི་དཔུང་ནི་སྙིང་རྗེས་དེས་བཅོམ་ཕྱིར། །ཕྱོགས་རྣམས་ཐམས་ཅད་ལས་ཀྱང་རྣམ་པར་རྒྱལ། །རྒྱལ་སའི་གཞིར་གྱུར་ཁྱོད་ལ་གསོལ་བ་འདེབས། །བདག་དང་མཁའ་མཉམ་འགྲོ་བ་ཐམས་ཅད་ཀྱི། །མ་རིག་རྨོངས་པའི་དྲི་མ་ཀུན་བསལ་ནས། །ལྕེ་ལ་འཇམ་པའི་དབྱངས་ཀྱི་སྒྲ་སྐད་གྲུབ། །སྲིད་པའི་རྨོངས་པ་མཐར་བྱེད་ཉིད་དུ་ཤོག །ཅེས་ཞྭ་དམར་པ་དྲུག་པས་ཉིད་ཀྱི་མཚན་ལེགས་པར་བརྗོད་པ་སྟག་ལུང་མ་ཐང་ཆོས་ཀྱི་རྗེ་རིན་པོ་ཆེའི་ངོར་མཛད་པའོ།། །།ཞྭ་དམར་བདུན་པའི་གསོལ་འདེབས་ནི། རྒྱལ་བ་ཡེ་ཤེས་སྣང་བ་ཡི། །མཐའ་ཡས་རྒྱལ་བའི་ཞིང་ཀུན་དུ། །ཐར་པའི་ཕྱོགས་ནི་སྣང་བྱེད་པ། །
རྒྱལ་བ་མཆོག་ལ་གསོལ་བ་འདེབས། །གསོལ་བ་བཏབ་ན་དངོས་གྲུབ་གཉིས། །ཀུན་ཏུ་སྦྱིན་པར་བྱེད་པ་པོ། །རྒྱལ་ཀུན་ཁྱོད་ཀྱི་སྤྲུལ་པར་སྣང་། །རྒྱལ་བ་མཆོག་ལ་གསོལ་བ་འདེབས། །རྒྱལ་ཀུན་ངོ་བོ་ཁྱོད་གཅིག་པུ། །མོས་པ་དུ་མའི་སེམས་ཅན་ལ། །རྡོ་རྗེའི་སྐུ་གང་མཐོང་གྲོལ་བ། །རྒྱལ་བ་མཆོག་ལ་གསོལ་བ་འདེབས། །གང་གིས་ཐོས་ན་འཁོར་བ་ཡི། །སྒྲིབ་པ་ཀུན་ལས་ངེས་གྲོལ་བ། །གསུང་ཀུན་ངེས་དོན་ཆོས་རབ་སྟོན། །རྒྱལ་བ་མཆོག་ལ་གསོལ་བ་འདེབས། །མོས་པ་དུ་མའི་གདུལ་བྱ་ལ། །ཐུགས་རྗེའི་རོལ་པ་སྣ་ཚོགས་སུ། །སྟོན་མཛད་བདག་གི་སྐྱབས་གྱུར་པ། །རྒྱལ་བ་མཆོག་ལ་གསོལ་བ་འདེབས། །མོས་པའི་དད་པས་སྐྱབས་ཁྱོད་ལ། །ལན་མང་གསོལ་བ་འདི་བཏབ་ན། །ཐུགས་ཡིད་གཅིག་ཏུ་འདྲེས་པ་དང་། །མཉེས་པ་ཁོ་ན་སྒྲུབ་བཞིན་དུ། །བདག་ནི་རྗེས་སུ་འཛིན་པར་ཤོག །ཅེས་པ་རྗེ་བཙུན་ཆོས་དབྱིངས་རྡོ་རྗེས་མཛད་པའོ།། །།གར་དབང་
བརྒྱད་པའི་གསོལ་འདེབས་ནི། དཔལ་འབྱོར་སྲིད་ཞིའི་ཕུན་ཚོགས་ཀུན་གྱི་གཏེར། །ཟླ་མེད་ཐུགས་རྗེ་ཆེན་པོའི་སྤྱན་ཡངས་པ། །ཆོས་ཀྱི་ཆར་ཆེན་འབེབས་པའི་སྟོན་པ་པོ། །བདག་གཞན་དོན་གཉིས་གྲུབ་དེར་གསོལ་བ་འདེབས། །མཐའ་ཡས་རབ་འབྱམས་རྒྱུད་སྡེ་ཇི་སྙེད་ཀྱི། །དཀྱིལ་འཁོར་རྒྱ་མཚོའི་གཙོ་བོར་གར་གྱིས་རོལ། །དབང་ཕྱུག་ཡོན་ཏན་བརྒྱད་ཀྱིས་མངོན་མཐོ་བ། །ཁྱབ་བདག་རྡོ་རྗེ་འཛིན་དེར་གསོལ་བ་འདེབས། །རིགས་ཅན་སྐྱེ་དགུའི་སྐྱབས་དང་ཕྱག་གི་ཡུལ། །འགྲོ་བ་ཐམས་ཅད་སྒྲོལ་བའི་དེད་དཔོན་མཆོག །གང་འདུལ་ཐབས་ཀྱི་མཁྱེན་པས་མཁའ་ལྟར་ཁྱབ། །ཆོས་རྣམས་བདག་མེད་སྟོན་དེར་གསོལ་བ་འདེབས། །རྨད་བྱུང་སྤོབས་པའི་མཐུ་སྟོབས་ཉི་མའི་དབང་། །གང་གི་བློ་གྲོས་སྒྲིབ་བྲལ་དཀོན་མཆོག་ཉིད། །ཕྱོགས་ལས་རྣམ་པར་རྒྱལ་བའི་དགའ་སྟོན་གྱིས། །སྡེ་བཞིའི་པད་ཚལ་རྒྱས་མཛད་དེ་ལ་འདུད། །འདྲེན་པ་
མཉམ་མེད་ཆོས་ཀྱི་རྔ་ཆེན་སྒྲས། །ལྷར་བཅས་སྐྱེ་དགུའི་གདུང་བར་རབ་སེལ་ཞིང་། །ཇི་སྲིད་བསྐལ་པ་བྱེ་བ་དཔག་མེད་པར། །གང་གི་བསྟན་པ་ཕྱོགས་ཀུན་གསལ་གྱུར་ཅིག །ཅེས་པ་རྗེ་ཡེ་ཤེས་རྡོ་རྗེས་སྩལ་བའི་བརྟན་བཞུགས་ལ་བཀའ་འབངས་སི་ཏུ་པས་གསོལ་འདེབས་སུ་བཅོས་པ་ལགས།། །།དེ་ནས་གར་གྱི་དབང་པོ་བཅུ་པའི་གསོལ་འདེབས་ནི། བསྐལ་མང་སྔོན་ནས་དཀོན་མཆོག་ཡན་ལག་ཏུ། །མངོན་པར་རྫོགས་པའི་སངས་རྒྱས་ཉིད་གྱུར་ཀྱང་། །འཁོར་བ་སྲིད་དུ་སྤྲུལ་པའི་རོལ་རྩེད་ཀྱིས། །གདུལ་དཀའ་འདུལ་བར་མཛད་ལ་གསོལ་བ་འདེབས། །ཁྱད་པར་འཕགས་པའི་ཡུལ་དང་བོད་ཀྱི་ཆར། །ལ་ལར་ཉན་ཐོས་ལ་ལར་རྣལ་འབྱོར་པ། །ལ་ལར་རྒྱལ་པོ་ལ་ལར་ཐ་མལ་ཚུལ། །སྣ་ཚོགས་བཀོད་པ་འཛིན་ལ་གསོལ་བ་འདེབས། །ལྷག་པར་གངས་ཅན་འདི་ན་ཀརྨ་པའི། །བསྟན་པ་ཉི་འོད་ལྟ་བུར་བསལ་བའི་སླད། །སྟོན་འཁོར་ཐ་མི་དད་པའི་ཕྲིན་ལས་ཅན། །ཞྭ་དམར་ཅོད་པན་ཅན་ལ་
གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་དགོངས་པ་རོ་གཅིག་ཏུ། །གྱུར་པ་མཐའ་ཡས་མཁྱེན་པའི་མངའ་བདག་མཆོག །རྡོ་རྗེ་སློབ་དཔོན་ཆེན་པོའི་སྐུར་བཞེངས་པ། །ཆོས་གྲུབ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བདག་སོགས་སྐྱེ་བ་འདི་དང་ཚེ་རབས་ཀུན། །མགོན་པོ་ཁྱོད་ཀྱིས་རྟག་པར་རྗེས་བཟུང་ནས། །བྱང་ཆུབ་ལམ་གྱི་སྒྲུབ་པར་ནན་ཏན་དུ། །བསླབ་པས་རྒྱལ་བའི་དགོངས་པ་རྫོགས་བྱེད་ཤོག །ཅེས་ཆེ་ཚང་པའི་དབོན་པོ་སྒྲུབ་བརྒྱུད་ཀྱི་ངོར་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་སྤེལ་བ་ཛ་ཡནྟུ།། །།དེ་ནས་རྒྱལ་ཚབ་དམ་པ་རིམ་པར་བྱོན་པའི་གསོལ་འདེབས་ནི། ཚངས་སྤྱོད་དཔལ་དང་ལྡན་པ་རྒྱལ་བའི་སྲས། །ཞིང་འདིར་བཤེས་གཉེན་སྟོན་པར་གྲགས་པ་ལས། །སླར་ཡང་ཐེག་མཆོག་དམ་པའི་ཆོས་ཀྱི་དབྱངས། །འདོམས་མཛད་སྙིང་རྗེའི་སྐུ་ལ་ཕྱག་འཚལ་ལོ། །འགྲོ་བའི་དོན་དུ་ཕན་བདེ་སྒྲུབ་པ་ལ། །ལས་འབྲས་བསླུ་བ་མེད་པའི་བླང་དོར་སྟོན། །སྡུག་བསྔལ་མེ་རབ་ཞི་
བའི་པདྨོའི་མཚོར། །ཁྱུ་མཆོག་ལམ་སྟོན་མཁན་ལ་ཕྱག་འཚལ་ལོ། །ལོངས་སྐུའི་ཞིང་དུ་བྱང་ཆུབ་སེམས་དཔའ་ཆེ། །ཀུན་ཏུ་བཟང་པོའི་རྣམ་པར་རོལ་པའི་དཔལ། །ཐུབ་པའི་འཁོར་དུ་འཕགས་པ་ཀུན་དགའ་བོ། །སྤྲུལ་པས་ཞིང་ཁམས་ཁྱབ་ལ་ཕྱག་འཚལ་ལོ། །ཁྱད་པར་ལྷ་ལྡན་ལྗོངས་འདིར་མི་ཡི་ལྷ། །སྲོང་བཙན་དུས་སུ་ཆོས་བློན་ཆེན་པོ་མགར། །རིག་འཛིན་པདྨའི་དྲུང་དུ་སྔགས་འཆང་ཆེ། །མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་ཕྱག་འཚལ། །གྲུབ་ཆེན་མི་ལའི་ཐུགས་སྲས་ཞི་བ་འོད། །འཇའ་ལུས་རྡོ་རྗེའི་སྐུར་གྱུར་སླར་ཡང་ནི། །བསམ་བཞིན་དྲུག་པ་སེང་གེ་ཀརྨ་པའི། །རྒྱལ་ཚབ་རིམ་པར་བྱོན་ལ་གུས་ཕྱག་འཚལ། །དེ་ལྟར་ཕྱག་འཚལ་དད་ཅིང་ཡི་རང་དགེས། །འཁོར་བ་དོང་སྤྲུག་ཚེ་འདི་བློས་བཏང་གི །བསམ་སྦྱོར་གདུང་ཤུགས་སངས་རྒྱས་མཉན་པ་ལྟར། །མ་རྒན་དོན་དུ་རྡོ་རྗེ་འཆང་ཐོབ་ཤོག །བཙུན་པ་གྲགས་པ་མཆོག་དབྱངས་ཀྱིས་སོ།། །།དེ་ནས་བྱེ་བྲག་
ཏུ་རྒྱལ་ཚབ་གྲགས་པ་དཔལ་འབྱོར་ལ་བསྟོད་པ་ནི། ཁྱོད་སྔོན་པདྨ་སམྦྷས་བྱིན་བརླབས་ཤིང་། །གྲུབ་པའི་རྟགས་མཐོང་མཆོག་གི་དངོས་གྲུབ་བརྙེས། །ལུང་བསྟན་མཆོག་ཐོབ་རིག་པ་འཛིན་པ་པོ། །དཔལ་གྱི་དབང་ཕྱུག་གང་དེར་གསོལ་བ་འདེབས། །མཁའ་འགྲོའི་དབང་ཕྱུག་ཆེན་པོས་རྗེས་བཟུང་ཞིང་། །རླུང་སེམས་དབང་ཐོབ་གྲུབ་པ་མཐའ་རུ་ཕྱིན། །བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོར་གྲོལ། །རྗེ་བཙུན་ཞི་བ་མཆོག་ལ་གསོལ་བ་འདེབས། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་གྲུབ་བའི་དབང་ཕྱུག་ཀརྨ་པའི། །སྲས་ཀྱི་ཐུ་བོར་བྱིན་གྱིས་བརླབས་པ་ཡི། །སྨོན་ལམ་མཐར་ཕྱིན་གང་དེར༴ རྒྱལ་བའི་རྒྱལ་ཚབ་ཉིད་དུ་དབང་བསྐུར་ཞིང་། །སྤྲུལ་པ་དུ་མས་འགྲོ་བའི་དོན་མཛད་པ། །གང་ལ་གང་འདུལ་ཐབས་ལ་མ་རྨོངས་པའི། །སྤྲུལ་པའི་སྐུ་མཆོག་གང་དེར༴ དཀྱིལ་འཁོར་བཞི་རུ་དབང་བཞི་ཡོངས་རྫོགས་ཤིང་། །དགའ་
བཞིའི་ཉམས་མྱོང་ཡེ་ཤེས་མངོན་དུ་གྱུར། །རྡོ་རྗེ་འཛིན་པའི་ས་ལ་ལེགས་གནས་པ། །སྔགས་འཆང་ཆེན་པོ་གང་དེར༴ ལས་ཀྱི་རྩ་རླུང་ཐིག་ལེ་རྣམ་པར་དག །ཡེ་ཤེས་བདེ་བའི་རྡོ་རྗེ་ངོ་བོར་གྲུབ། །སྣང་སྲིད་འཁོར་འདས་ཁྱབ་གདལ་ཆེན་པོར་གྲོལ། །གྲུབ་པའི་རྣལ་འབྱོར་གང་དེར༴ གཟུང་འཛིན་མཚན་མའི་རྟོག་པ་ཀུན་དང་བྲལ། །ཀུན་ལ་མ་ཆགས་ཀུན་ཏུ་སྤྱོད་པའི་མཆོག །ཀུན་བྲལ་ཀུན་རྟོགས་ཀུན་མིན་ཀུན་ལས་འདས། །ཀུན་གྱི་དབང་ཕྱུག་གྲུབ་དེར་གསོལ༴ གནས་སྐབས་སྣ་ཚོགས་ཚུལ་གྱིས་འགྲོ་བ་འདུལ། །བཟང་ངན་ལུང་མ་བསྟན་དང་བཏང་སྙོམས་པ། །འབྲེལ་བ་ཐོགས་ཚད་འདྲེན་པའི་སྨོན་ལམ་ཅན། །སྙིང་རྗེ་སྟོབས་ཅན་གང་དེར་གསོལ་བ་འདེབས། །བདག་གིས་སྒོ་གསུམ་གུས་པས་བསྟོད་པ་ཡི། །བསོད་ནམས་གང་དེས་དེང་ནས་བྱང་ཆུབ་བར། །བདེ་ཆེན་གར་གྱི་རོལ་པ་ཁྱོད་ཉིད་དང་། །ནམ་ཡང་འབྲལ་མེད་བརྩེ་བས་རྗེས་
འཛིན་ཤོག །ཅེས་པ་འདི་ནི་ཨ་ཝ་དྷཱུ་ཏཱི་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གྲགས་པ་དཔལ་འབྱོར་ཉིད་ལ་ཉིད་ཀྱིས་བསྟོད་པའོ།། །།དེ་ནས་ཏཱའི་སི་ཏུ་རིམ་པར་བྱོན་པ་རྣམས་ཀྱི་གསོལ་འདེབས་ནི། དགེ་ལེགས་དུ་མའི་རྫུ་འཕྲུལ་མི་ཟད་པ། །ཞིང་ཁམས་རྒྱ་མཚོར་རྨད་བྱུང་རོལ་པ་ཅན། །རྒྱལ་ཀུན་ངོ་བོ་ཐུགས་རྗེའི་གཏེར་གཅིག་པུ། །དབང་ཕྱུག་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །གང་གི་རང་བཞིན་ཆོས་དབྱིངས་ཁྱབ་པའི་གཟུགས། །འགྲོ་བློ་མོས་པའི་ཤེས་གཞིར་རྟག་འཆར་བ། །རྡོ་རྗེ་གསུམ་དངོས་ཀུན་ཁྱབ་འགྱུར་བ་མེད། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཀརྨ་པའི། །རབ་འབྱམས་ཕྲིན་ལས་སྒྲུབ་ལ་དབང་སྒྱུར་བ། །ཏཱ་ཡི་སི་ཏུར་རབ་གྲགས་སྐྱེས་རབས་ཕྲེང་། །རིམ་པར་བྱོན་པ་རྣམས་ལ་གསོལ་བ་འདེབས། །རྒྱལ་ཚབ་བྱམས་མགོན་ཌོམྦི་ཧེ་རུ་ཀ །གཟུགས་ཅན་སྙིང་པོས་རྗེས་བཟུང་འབངས་སྟོབས་ཆེན། །ས་
ར་ཧ་པས་རྗེས་བཟུང་དཱ་རི་ཀ །རྡོ་རྗེའི་ས་ནོན་གསུམ་ལ་གསོལ་བ་འདེབས། །པདྨ་འབྱུང་གནས་རྗེས་བཟུང་གྱིམ་ཤང་ཞབས། །རྩོད་མེད་ནཱ་རོས་རྗེས་བཟུང་དགྱེས་མཛད་དངོས། །མཉམ་མེད་དྭགས་པོས་རྗེས་བཟུང་དབོན་སྒོམ་པ། །ཧེ་རུ་ཀ་དཔལ་གསུམ་ལ༴ དུས་གསུམ་མཁྱེན་པས་རྗེས་བཟུང་རས་ཆེན་ཞབས། །ཀརྨ་པཀྵིས་རྗེས་བཟུང་ཡེ་ཤེས་དབང་། །རང་བྱུང་རྡོ་རྗེས་རྗེས་བཟུང་རི་མགོ་བ། །ཕྲིན་ལས་དབང་སྒྱུར་གསུམ་ལ༴ རོལ་པའི་རྡོ་རྗེས་རྗེས་བཟུང་ཏའི་ཞིང་ཆེ། །དེ་བཞིན་གཤེགས་པས་རྗེས་བཟུང་ཆོས་རྒྱལ་མཚན། །དོན་ལྡན་རྗེས་བཟུང་བཀྲ་ཤིས་རྣམ་རྒྱལ་ཞབས། །འབྲེལ་ཚད་དོན་ལྡན་གསུམ་ལ༴ རང་བྱུང་ཀུན་མཁྱེན་རྗེས་བཟུང་བཀྲ་ཤིས་མཚན། །མི་བསྐྱོད་རྗེས་བཟུང་ཆོས་ཀྱི་གོ་ཆ་དང་། །དབང་ཕྱུག་རྡོ་རྗེས་རྗེས་བཟུང་ཆོས་ཀྱི་རྒྱལ། །བསྟན་པའི་སྲོལ་འཛིན་གསུམ་ལ༴ ཆོས་དབྱིངས་རྡོ་རྗེས་རྗེས་བཟུང་མི་ཕམ་པ། །ཡེ་
ཤེས་རྡོ་རྗེས་རྗེས་བཟུང་ལེགས་བཤད་སྨྲ། །བྱང་ཆུབ་རྡོ་རྗེས་རྗེས་བཟུང་ཆོས་ཀྱི་འབྱུང་། །བྱང་ཆུབ་སེམས་དཔའ་གསུམ་ལ་གསོལ་བ་འདེབས། །བདུད་འདུལ་རྡོ་རྗེས་རྗེས་བཟུང་ཉིན་བྱེད་དབང་། །ཐེག་མཆོག་རྡོ་རྗེས་རྗེས་བཟུང་ཀུན་ཏུ་བཟང་། །མཁའ་ཁྱབ་རྡོ་རྗེས་རྗེས་བཟུང་དབང་མཆོག་རྒྱལ། །པདྨའི་ལྗགས་ལྡན་གསུལ་ལ་གསོལ་བ་འདེབས། །གསོལ་བཏབ་མཐུ་ལས་བདག་སོགས་འགྲོ་བ་རྣམས། །ཚོགས་གསུམ་རྡོ་རྗེའི་ས་ནོན་ཀརྨ་པའི། །ཕྲིན་ལས་འདོད་དགུར་སྒྱུར་བའི་མངའ་བརྙེས་ཏེ། །གསང་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ཤོག །ཅེས་རྒྱལ་མཆོག་བཅུ་པའི་ཞབས་འབྲིང་པ་བསྒོམ་ཆེན་ཀརྨ་ཤེས་རབ་ཀྱིས་གསོལ་འདེབས་མཁའ་ཁྱབ་ཅི་འདྲ་བའི་སྐྱེས་རབས་གསོལ་འདེབས་ཤིག་དགོས་ཞེས་ནན་ཆེར་བསྐུལ་བར་བརྟེན་སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱིས་བསམ་གཏན་ཡིད་འོང་གླིང་གི་དབང་ཕྱུག་ཕུག་ཏུ་སྦྱར་བའོ།། །།བྱེ་བྲག་ཏུ་སི་ཏུ་ཆོས་ཀྱི་རྒྱལ་མཚན་ལ་བསྟོད་པ་ནི། ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཀརྨ་པའི། །བསྟན་
པའི་རྒྱལ་མཚན་ཕྱོགས་བརྒྱར་སྤེལ་བ་ལ། །དགེ་ལེགས་འདོད་དགུའི་འབྱུང་གནས་རིན་པོ་ཆེ། །དཔལ་ལྡན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །རྒྱུ་དང་འབྲས་བུའི་ཆོས་ཚུལ་ཇི་སྙེད་པ། །བློ་གྲོས་སྤོབས་པས་ཇི་བཞིན་ལེགས་རྟོགས་ཏེ། །འཆད་རྩོད་རྩོམ་ལ་འགྲན་པའི་ཟླ་བྲལ་བ། །ཆོས་ཀྱི་འབྱུང་གནས་ཞབས༴ མཁྱེན་བརྩེའི་དབང་ཕྱུག་རྒྱལ་བ་ཀརྨ་པས། །མངོན་པར་དབང་བསྐུར་ཆོས་ཀྱི་ཕྱག་རྒྱ་ཡིས། །རྒྱ་མཚོའི་མཐའ་ཀླས་ཀུན་ལ་ཁྱབ་མཛད་པ། །ལེགས་པའི་ལམ་སྟོན་ཞབས་ལ༴ སྟོན་པ་མཚུངས་མེད་རྗེ་བཙུན་ཀརྨ་པའི། །ཕྲིན་ལས་རབ་འབྱམས་སྒོ་བརྒྱ་འབྱེད་པ་ལ། །འདོད་དགུར་སྒྱུར་བའི་དབང་ཕྱུག་དམ་པ་མཆོག །བསྟན་པའི་ཁུར་འཛིན་ཞབས་ལ༴ ཀུན་གྱི་གདུང་སེལ་བཙུན་པའི་མཆོག་གྱུར་ཅིང་། །རྒྱ་ཆེན་བྱང་ཆུབ་སེམས་ཀྱི་བསམ་སྦྱོར་གྱིས། །ཀརྨ་པ་ཡི་བསྟན་པ་རྒྱས་མཛད་པ། །ཕན་བདེའི་འབྱུང་གནས་ཞབས་ལ༴ གང་
གི་བཀའ་ཡི་ཅོད་པན་རབ་བཅིངས་ནས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ལེགས་བྱས་ཀྱིས། །མ་ལུས་དབང་དུ་མཛད་པའི་ཕྲིན་ལས་ཅན། །རྗེ་བཙུན་ཁྱེད་ཀྱི་བཞེད་དོན་གྲུབ་གྱུར་ཅིག །རྒྱལ་བ་སྲས་བཅས་རྣམས་ཀྱི་ཐུགས་རྗེ་དང་། །བཀའ་སྲུང་དམ་ཅན་རྒྱ་མཚོའི་ནུས་མཐུ་དང་། །བདག་སོགས་རྣམས་ཀྱིས་མོས་པའི་བདེན་སྟོབ་ཀྱིས། །འགྲོ་མགོན་ཁྱོད་བཞིན་བདག་སོགས་འགྲུབ་གྱུར་ཅིག །ཅེས་སི་ཏུ་ཆོས་ཀྱི་རྒྱལ་མཚན་ལ་ཞོ་ཁ་འོར་གྱི་ཁང་བརྩེགས་ནས་བཛྲེ་ཤྭ་རས་སོ།། །།གར་དབང་བརྒྱད་པས་སྩལ་བའི་ཆོས་ཀྱི་སྤྱན་ཅན་དྲུག་པའི་ཞབས་བརྟན་ཕྱིས་གསོལ་འདེབས་སུ་བསྒྱུར་བ་ནི། སྟོན་པ་མཚུངས་མེད་རྒྱལ་དབང་ཀརྨ་པའི། །ཕྲིན་ལས་རབ་འབྱམས་འཛིན་ལ་མཆོག་མངའ་བའི། །གྲུབ་པའི་དབང་ཕྱུག་འགྲོ་མགོན་སྤྲུལ་པའི་སྐུ། །བསྟན་པའི་ཉིན་བྱེད་ཞབས་ལ་གསོལ་བ་འདེབས། །གང་གིས་ཟབ་གསང་གསུང་གི་མཛོད་འཛིན་ཅིང་། །གདུལ་བྱ་མོས་ལྡན་ཁམས་དབང་ཇི་བཞིན་དུ། །
ཐབས་མཁས་ཟབ་མོའི་ཆོས་ཚུལ་སྟོན་མཛད་པ། །གཙུག་ལག་ཆོས་ཀྱི་སྣང་བར་གསོལ་བ་འདེབས། །ཀུན་གྱི་གདུང་སེལ་ལྷག་བསམ་རིན་ཆེན་མཆོག །རྒྱ་ཆེན་བྱང་ཆུབ་སེམས་ཀྱི་བསམ་སྦྱོར་གྱིས། །བསྟན་པའི་ཁུར་ཆེན་འདེགས་ལ་མི་ངལ་བ། །ཆོས་ཀྱི་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །རབ་འབྱམས་རྒྱལ་བ་རྒྱ་མཚོའི་རིགས་ཀྱི་བདག །དཔལ་ལྡན་བླ་མ་རྗེ་བཙུན་བརྩེ་བའི་གཏེར། །རྒྱལ་མཆོག་ཆོས་ཀྱི་འབྱུང་གནས་དམ་པ་ཡིས། །སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །ཅེས་སོ།། །།སླར་ཡང་འཇམ་མགོན་དེ་ཉིད་ཀྱི་ཞབས་ལ་གསོལ་བ་འདེབས་པ་ནི། མཁའ་ཁྱབ་འགྲོ་བའི་མ་འདྲིས་མཛའ་བཤེས་མཆོག །རྒྱལ་ཀུན་ཡོངས་ཀྱི་གསང་གསུམ་འདུས་པའི་སྐུ། །རྡོ་རྗེ་སློབ་དཔོན་ཆོས་ཀྱི་འབྱུང་གནས་ལ། །རྣམ་ཀུན་མི་ཕྱེད་དད་པས་གསོལ་བ་འདེབས། །དྲུག་པ་སེང་གེ་དཔལ་ལྡན་ཀརྨ་པའི། །རྨད་བྱུང་ལྟ་བ་ཇི་བཞིན་སྤེལ་བ་ལ། །ཇི་ལྟ་ཇི་སྙེད་གཟིགས་
པའི་ཡེ་ཤེས་མངའ། །བསྟན་པའི་ཉིན་བྱེད་མཆོག་ལ་གསོལ་བ་འདེབས། །སྒྲུབ་བརྒྱུད་བསྟན་པ་འཛིན་སྐྱོང་མཐའ་ཡས་པའི། །མཆོག་ཏུ་གྱུར་པའི་བྱེད་པོ་བླ་ན་མེད། །ཏཱའི་སི་ཏུར་གྲགས་པ་དབྱར་གྱི་རྔ། །ཡོངས་སུ་ཁྱབ་དེར་སྙིང་ནས་གསོལ་བ་འདེབས། །གང་སྐུ་སྣང་སྟོང་གྲགས་སྟོང་བདེ་སྟོང་གི །བྱིན་རླབས་བདུད་རྩིས་རང་རྒྱུད་ལེགས་སྨིན་པས། །མ་རིག་འཁྲུལ་པའི་སྣང་བ་ཀུན་བྲལ་ནས། །བླ་མེད་སྐུ་བཞིའི་རྒྱལ་ས་འཛིན་པར་ཤོག །དེ་ལྟར་གསོལ་བཏབ་བགྱིད་པའི་དགེ་བའི་འབྲས། །ཕྱོགས་དུས་ཀུན་ཏུ་རྒྱལ་བསྟན་འཕེལ་ཞིང་རྒྱས། །འགྲོ་ཀུན་བདེ་སྐྱིད་དཔལ་གྱིས་ཡུན་དུ་འཚོ། །བཀྲ་ཤིས་དགེ་བའི་དཔལ་དང་ལྡན་པར་ཤོག །ཅེས་རྗེ་དེ་ཉིད་དང་མཆོག་གི་སྤྲུལ་སྐུའི་སྐུ་ཡི་རིམ་གྲོ་བ་ཆེན་པོ་ཀརྨ་དམ་ཆོས་ལྷུན་གྲུབ་ཀྱིས་བསྐུལ་བའི་ངོར་ཀརྨ་པ་བཅུ་གསུམ་པས་སྤེལ་བ་དགེ །པདྨའི་ལུང་ཟིན་ཉིན་བྱེད་དབང་པོ་ལྟར། །ཆེ་དགུའི་གཙུག་ན་མངོན་པར་རབ་མཛེས་པ། །དེ་
ཕྱིར་པདྨ་ཉིན་བྱེད་དབང་པོ་ཞེས། །མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་ཀུན་གསང་གསུམ་མཛོད་འཆང་སྤྲུལ་པའི་སྐུ། །དྭགས་བརྒྱུད་བསྟན་པའི་དཔལ་དང་མགོན་པོ་མཆོག །ཡེ་ནས་ཡིན་བཞིན་བསྟན་པའི་རྩ་ལག་མཆོག །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །འཕགས་མཆོག་རབ་འབྱམས་འདུས་སྐུ་མཚན་དཔེའི་བདག །ཡང་དག་སྙིང་པོའི་ཆོས་སྒོ་འབུམ་སྡེ་ཡིས། །སྐལ་ལྡན་སྨིན་གྲོལ་ལམ་བཟང་སྟོན་མཁས་པའི། །རིགས་ཀུན་ཁྱབ་བདག་བླ་མར་གསོལ་བ་འདེབས། །གདུལ་བྱ་མཆོག་དམན་བར་མའི་སྐྱེ་བོ་ཀུན། །མཐོང་ཐོས་དྲན་རེག་མངོན་མཐོ་ངེས་ལེགས་ཀྱིས། །ལམ་ལ་འགོད་མཛད་ཡིད་བཞིན་ནོར་བུའི་དཔལ། །བདག་སོགས་སྙིང་དབུས་ཐིག་ལེ་རྟག་པར་རོལ། །དཔལ་ལྡན་བླ་མར་གསོལ་བཏབ་དགེ་དེའི་མཐུས། །འཇིག་རྟེན་ཁམས་སུ་སྡུག་བསྔལ་མིང་མི་གྲགས། །རྫོགས་ལྡན་
ལང་ཚོ་གསར་དུ་རབ་བཞད་ནས། །ཀཾ་ཚང་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་ཀུན་མཁྱེན་བླ་མ་སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད་དབང་པོའི་ཞབས་བརྟན་བདེན་ཚིག་སླར་ཀརྨ་པ་བཅུ་བཞི་པས་སྒྱུར་བ་དགེ། ༀ་སྭ་སྟི། །རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་རང་གཟུགས་ཉིད། །འཕགས་མཆོག་སྤྱན་རས་གཟིགས་དབང་ཀརྨ་པའི། །ཕྲིན་ལས་མ་ལུས་སྒྲུབ་པ་སྤྲུལ་པའི་སྐུ། །ཏཱའི་སི་ཏུའི་ཞབས་ལ་གསོལ་བ་འདེབས། །ཆོས་འཁོར་རིམ་གསུམ་མཐར་ཐུག་དཔལ་ལྡན་པ། །བདེ་གཤེགས་སྙིང་པོ་འགྱུར་མེད་འོད་གསལ་ཆེ། །བསྟན་པ་ཇི་བཞིན་འཛིན་སྐྱོང་སྤེལ་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡང་དག་རླབས་ཆེན་དོན་གཉིས་སྒྲུབ་པ་ལ། །བར་དུ་གཅོད་པ་མཆེས་ཚད་ཕྱོགས་ཀུན་ལས། །ཡོངས་སུ་རྣམ་པར་གྲོལ་བའི་རབ་གྱུར་སྡེ། །ཕྱོགས་ལས་རྣམ་རྒྱལ་བླ་མར་གསོལ་བ་འདེབས། །རྡོ་རྗེ་ཐེག་པའི་རིང་ལུགས་བཀའ་བརྒྱུད་དང་། །པདྨའི་ངེས་
གསང་རྨ་མེད་ཟུང་འཇུག་ཆེའི། །ཉིན་ལྟར་བྱེད་པའི་དབང་པོའི་སྡེ་ཤར་ཕྱིར། །པདྨ་ཉིན་བྱེད་དབང་པོར་གསོལ༴ །བསླུ་མེད་དཀོན་མཆོག་ཀུན་འདུས་བླ་མ་ལ། །རྩེ་གཅིག་ཡིད་ཀྱིས་གསོལ་བ་བཏབ་པའི་མཐུས། །བདག་སོགས་འདི་ནས་སྐྱེ་ཚེ་ཐམས་ཅད་དུ། །མགོན་པོ་ཁྱོད་ཀྱིས་རྗེས་སུ་འཛིན་པར་ཤོག །ཅེས་སི་ཏུ་རིན་པོ་ཆེའི་ཞབས་བརྟན་བདེན་ཚིག་དཔའ་བོ་རྡོ་རྗེ་གཙུག་ལག་དགའ་བའི་མཛད་པ་སླར་གསོལ་འདེབས་སུ་ཀརྨ་པ་བཅུ་བཞི་པས་བསྒྱུར་བ་དགེའོ།། །།ཀུན་མཁྱེན་རྡོ་རྗེ་འཆང་བྱམས་མགོན་པདྨ་དབང་མཆོག་རྒྱལ་པོའི་སྐུ་བསྟོད་གསོལ་འདེབས་ནི། པདྨའི་རྒྱལ་ཚབ་མཆོག་གཏེར་འགྲོ་བའི་མགོན། །རྣམ་འདྲེན་སྐྱེ་རྒུའི་གཙུག་ན་རབ་མཛེས་པ། །བྱམས་མགོན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །སྡོམ་གསུམ་རྣམ་དག་ཁྱད་འཛིན་སྤྲུལ་པའི་སྐུ། །སྒྲུབ་བརྒྱུད་བསྟན་པའི་རྩ་ལག་ཉི་མའི་གཉེན། །སྔོན་བསྐྱེད་དམ་བཅའ་བཙན་པོ་བསྟན་པའི་དཔལ། །འཕགས་མཆོག་
ཐུགས་རྗེའི་འདྲེན་པར་གསོལ་བ་འདེབས། །ཡོངས་ཀྱི་སྤྲུལ་པའི་ཕ་རོལ་ཀུན་སོན་པས། །མཁྱེན་གཉིས་སྟོབས་བཅུ་མངའ་ལྡན་སྨིན་གྲོལ་གྱིས། །ལམ་བཟང་འདྲེན་པའི་དེད་དཔོན་ཆོས་ཀྱི་རྗེ། །མངོན་སྣང་འདྲེན་མཛད་བླ་མར་གསོལ་བ་འདེབས། །རྡུལ་གཅིག་ཞིང་མཆོག་རྡུལ་སྙེད་འགྲོ་བའི་མགོན། །མཐོང་ཐོས་དྲན་རེག་མངོན་ལེགས་འཕགས་པའི་ལམ། །ཐོས་བསམ་སྒོམ་པའི་གཞི་ཐོག་འབྲས་བུའི་ས། །བསླུ་མེད་དཀོན་མཆོག་ཀུན་འདུས་བླ་མ་ལ། །རྩེ་གཅིག་གདུང་ཤུགས་འབར་བའི་གསོལ་བཏབ་མཐུས། །རྫོགས་ལྡན་ལང་ཚོ་རབ་དགའི་དཔལ་ལ་སྤྱོད། །མགོན་པོ་ཁྱོད་ཀྱི་རྗེས་སུ་རབ་འཛིན་ནས། །སྐྱེ་བ་ཀུན་ཏུ་འབྲལ་མེད་བྱིན་གྱིས་རློབས། །དེ་ནས་དཔལ་ལྡན་དཔའ་བོ་ན་རིམ་གྱི་གསོལ་འདེབས་ཞྭ་དམར་བརྒྱད་པས་མཛད་པ་ནི། ངག་གི་དབང་ཕྱུག་གྲུབ་པ་ཤེས་འབྱུང་བློ། །རྡོ་རྗེ་རྣལ་འབྱོར་མ་དངོས་བདེ་སྐྱོང་བཟང་། །ཧེ་རུ་ཀ་དཔལ་རོལ་པ་
ཡེ་ཤེས་ཞབས། །མཆོག་དངོས་གྲུབ་པ་གསུམ་ལ་གསོལ་བ་འདེབས། །སྤྱན་རས་གཟིགས་དངོས་སངས་རྒྱས་རོང་སྟོན་རྗེ། །ཆོས་ཀྱི་རྒྱལ་པོ་རིན་ཆེན་གླིང་པའི་ཞབས། །རྩོད་མེད་སྤྲུལ་སྐུ་ཀློང་ཡངས་བདེ་བ་རྗེ། །མཆོག་གི་སྤྲུལ་སྐུ་གསུམ་ལ༴ ཡེ་ཤེས་སྐུ་བརྙེས་རྒྱལ་མཚན་དཔལ་བཟང་པོ། །བདེ་ཆེན་མཐར་ཐུག་བརྙེས་པ་དཔའ་བོ་རྗེ། །དམ་ཆོས་འཁྲུལ་མེད་སྨྲ་བའི་གཙུག་ལག་ཕྲེང་། །མཆོག་གི་ལམ་སྟོན་གསུམ་ལ༴ གཙུག་ལག་གཞུང་ལུགས་རྒྱ་མཚོ་སྨྲ་བའི་དབྱངས། །ཀུན་ཏུ་བཟང་པོ་ཕྲིན་ལས་རྒྱ་མཚོའི་དཔལ། །རྗེ་བཙུན་བླ་མ་གཙུག་ལག་དོན་ཀུན་གྲུབ། །མཆོག་གི་བདག་ཉིད་རྣམས་ལ་གསོལ་བ་འདེབས། །སངས་རྒྱས་གཉིས་པ་མཚོ་སྐྱེས་པད་འབྱུང་གི། །སྒྱུ་འཕྲུལ་རོལ་པས་སྙིང་པོའི་བསྟན་སྤེལ་བ། །རྡོ་རྗེ་གཙུག་ལག་དགའ་བའི་དབང་པོའི་སྡེ། །མཆོག་གི་གྲུབ་པ་གང་དེར༴ ཡང་སྲིད་ལེན་པའི་ལས་ཉོན་མ་མཆིས་ཀྱང་། །གང་འདུལ་
སྐྱེས་རབས་རྒྱ་མཚོ་སྟོན་མཛད་པའི། །རྩ་བ་བརྒྱུད་པར་བཅས་ལ་གསོལ་བཏབ་པས། །འགྲོ་ཀུན་ཚེ་འདིར་ཧེ་རུ་ཀ་འགྲུབ་ཤོག །འདི་དང་མ་འོངས་སྐྱེ་བ་ཐམས་ཅད་དུ། །ཡོངས་འཛིན་ཁྱོད་ཀྱི་བདག་སོགས་མགོན་མཛོད་ལ། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་བདུད་རྩི་ནི། །ནམ་ཡང་འབྲལ་བ་མེད་པར་སྩལ་དུ་གསོལ།། །།བྱེ་བྲག་ཏུ་སྐྱེས་ཆེན་གཙུག་ལག་ཕྲེང་བར་བསྔགས་པ་ནི། ཕུན་ཚོགས་འདོད་དགུའི་འབྱུང་གནས་ཆོས་ཀྱི་མཛོད། །ལེགས་བཤད་གཞུང་ལུགས་རྒྱ་མཚོའི་རྒྱལ་མཚན་ཅན། །དོན་གཉིས་ལྷུན་གྱིས་གྲུབ་པ་ཆོས་ཀྱི་རྗེ། །ཆོས་རྒྱལ་དོན་གྲུབ་ཞབས་ལ་གསོལ་བ་འདེབས །སྐྱེ་བར་དམ་པའི་མགོན་གྱིས་རྗེས་གཟུང་བའི། །རླབས་ཆེན་ཚོགས་གཉིས་བགྱི་བ་སྔོན་སོང་སྟེ། །དེང་སང་འཁྲུལ་མེད་བསྟན་ལ་རབ་ཞུགས་པ། །དགེ་སློང་གཙུག་ལག་ཕྲེང་བ་དེ་ལ་འདུད། །སྡེ་སྣོད་རྒྱུད་སྡེའི་ཚིག་དོན་ཤིན་ཏུ་བྱང་། །འཆད་རྩོད་རྩོམ་ལ་བློ་གྲོས་ཐོགས་པ་
མེད། །བདེན་གཉིས་དབྱེར་མེད་དོན་ལ་ངེས་པ་རྙེད། །སྐྱེས་ཆེན་གཙུག་ལག་ཕྲེང་བ་དེ་ལ་འདུད། །ལྷག་པའི་ལྷ་དང་མཁའ་འགྲོས་རྗེས་སུ་བཟུང་། །རྩ་རླུང་ཐིག་ལེའི་གནད་གསང་བདེ་བར་གྱུར། །སྒོ་གསུམ་རྡོ་རྗེ་གསུམ་གྱི་རྟེན་འབྲེལ་འགྲིགས། །རྟོགས་ལྡན་གཙུག་ལག་ཕྲེང་བ་དེ་ལ་འདུད། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བདེན་སྟོབས་དང་། །དཔལ་ལྡན་ཀརྨ་པ་ཡི་བྱིན་རླབས་ཀྱིས། །གཙུག་ལག་ཕྲེང་བའི་བཞེད་དོན་འགྲུབ་གྱུར་ཅིག །ཅེས་པ་འདི་ཀརྨ་པ་མི་བསྐྱོད་རྡོ་རྗེས་གཙུག་ལག་ཕྲེང་བ་ལ་བསྔགས་པར་མཛད་པའོ།། །།དེ་ནས་ཏྲེ་ཧོ་སྤྲུལ་པའི་སྐུ་རིམ་པར་བྱོན་པའི་གསོལ་འདེབས་ནི། རྒྱལ་མཆོག་ཚེ་དཔག་མེད་པའི་ཕྲིན་ལས་ཀྱི། །ཟློས་གར་སྤྲུལ་སྐུ་ཚར་དུ་དངར་བ་ཡི། །དཔལ་ལྡན་བླ་མ་རིམ་པར་བྱོན་རྣམས་ལ། །རྩེ་གཅིག་གུས་པ་ཆེན་པོས་གསོལ་བ་འདེབས། །ཨིནྡྲ་བྷཱུ་ཏི་ནཱ་ག་ཨ་རྫུ་ན། །ཤེས་རབ་བཟང་པོ་པཎ་ཆེན་ཕྱོགས་ཀྱི་
གླང་། །གསང་སྔགས་སྡོང་པོ་སྤྱན་སྔ་ཚུལ་ཁྲིམས་འབར། །རྣལ་འབྱོར་མཁས་མཆོག་རྣམས་ལ་གསོལ་བ་འདེབས། །མཉམ་མེད་འཇིག་རྟེན་གསུམ་གྱི་མགོན་པོ་དང་། །བསོད་ནམས་རྡོ་རྗེ་གྲུབ་ཆེན་རཏྣ་ཤྲཱི། །དོན་གྲུབ་འོད་ཟེར་ལ་སོགས་སྒྲུབ་བརྒྱུད་ཀྱི། །བསྟན་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །མཁས་གྲུབ་ཆོས་ཀྱི་རྒྱ་མཚོ་དཔག་བསམ་དབང་། །བསྟན་འཛིན་དར་རྒྱས་སྤྲུལ་པའི་སྐུ་མཆོག་ནི། །བྱང་ཆུབ་ཆོས་ཀྱི་སྙིང་པོ་འགྲོ་བའི་མགོན། །རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་དགེ་བའི་བྱིན་རླབས་ཀྱིས། །སྒྲུབ་བརྒྱུད་བསྟན་པ་དར་ཞིང་རྒྱས་པ་དང་། །བདག་སོགས་ཚོགས་གཉིས་མ་ལུས་རྫོགས་པ་ནས། །ཟུང་འཇུག་ཕྱག་ཆེན་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་རྗེ་བཙུན་བླ་མ་ཏྲེ་ཧོ་སྤྲུལ་སྐུ་ན་རིམ་གྱི་གསོལ་འདེབས་ཤིག་དགོས་ཞེས་བསམ་གཏན་ཡིད་འོང་གླིང་གི་བླ་མ་ཀརྨ་རབ་བརྟན་གྱིས་བསྐུལ་བའི་ངོར། གར་དབང་དཀོན་མཆོག་ཆོས་གྲུབ་
ཀྱིས་བྲིས་པ། མངྒ་ལཾ།། །།དེ་ནས་རྗེ་བཙུན་འདན་མ་གྲུབ་ཐོབ་ལ་གསོལ་བ་འདེབས་པ་ནི། རྙེད་བཀུར་ཆོས་བརྒྱད་གྲགས་པའི་རོ་རྣམས་ལ། །རི་དྭགས་དགྲ་ལ་འཇིགས་བཞིན་རབ་ཏུ་འབྲོས། །མནོག་ཆུང་ཚེ་འདིས་བསླུ་བར་མ་ནུས་པའི། །སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས། །ལས་དང་ཉོན་མོངས་འཁོར་བའི་རྒྱུ་རྣམས་ལ། །སྦྲུལ་ཆེན་དུག་བཞིན་མྱུར་དུ་སྤོང་བར་མཛད། །སྡུག་བསྔལ་རྩ་བ་བདེ་བར་མ་འཁྲུལ་བའི། །སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས། །ཁམས་གསུམ་འཁོར་བའི་བདེ་འབྱོར་ཐམས་ཅད་ལ། །ཚབས་ཆེན་ནད་ཀྱིས་གདུང་བཞིན་ངེས་པར་འབྱུང་། །ལྟར་སྣང་བདེ་བས་འདྲིད་པར་མ་ནུས་པའི། །སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས། །ལྷག་པར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ། །རི་དྭགས་ཐུམ་ཕྲལ་ལྟ་བུར་རབ་ཏུ་སྔངས། །སྣང་ཙམ་རྟག་འཛིན་དབང་དུ་མ་སོང་བའི། །སངས་རྒྱས་མཉན་པའི་
ཞབས་ལ་གསོལ་བ་འདེབས། །ཡོངས་འཛིན་དམ་ཆོས་བཅས་པའི་བསྒྲུབ་པ་ལ། །སྐོམ་པ་ཆུ་ལ་སྙེག་བཞིན་ལེགས་པར་བསྟེན། །བྱ་བ་ཕལ་པས་ཐུགས་ཡིད་མ་ཕྲོགས་པའི། །སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས། །རང་གི་དོན་དང་ལེ་ལོའི་རྣམ་རྟོག་ལ། །ཕྱིར་རྒོལ་གཤེད་མ་ལྟ་བུར་ལེགས་པར་གཟིགས། །ཆོས་ལྟར་བཅོས་པའི་དབང་དུ་མ་སོང་བའི། །སངས་རྒྱས་མཉན་པའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མ་ཁྱོད་སྐུ་ཅི་འདྲ་དང་སོགས་བརྗོད། འདིའང་ཀརྨ་པ་བརྒྱད་པས་སོ།། །།དེ་ནས་བརྒྱུད་འདེབས་ཀྱི་སྐོར་ལ་ཆོས་མཐའ་དག་གི་ཟུང་འཇུག་སྙིང་པོའི་དོན་གཅིག་ཏུ་རྟོགས་པའི་མཐར་ཐུག་དོན་གྱི་བརྒྱུད་པ་ལ་གསོལ་བ་འདེབས་པ་ནི། ན་མོ་གུ་རུ་བྷྱཿ ཟུང་འཇུག་བདེ་བ་ཆེན་པོའི་ཕོ་བྲང་ནས། །བདེ་གཤེགས་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་། །གཉིས་
མེད་མཁའ་དབྱིངས་དག་པའི་ཕོ་བྲང་ནས། །རྒྱལ་སྲས་ཏཻ་ལོ་པ་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་། །གསལ་སྟོང་འཇའ་ཚོན་ལྟ་བུའི་ཕོ་བྲང་ནས། །མཁས་མཆོག་ནཱ་རོ་པ་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་། །སྤྲོས་བྲལ་མཚན་མ་མེད་པའི་ཕོ་བྲང་ནས། །མར་པ་ལྷོ་བྲག་པ་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་། །སྣང་སྟོང་སྒྱུ་མ་ལྟ་བུའི་ཕོ་བྲང་ནས། །དབང་ཕྱུག་མི་ལའི་སྐུ་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་། །སྐྱེ་འགག་གནས་དང་བྲལ་བའི་ཕོ་བྲང་ནས། །མཉམ་མེད་སྒམ་པོ་པ་ལ་གསོལ་བ་
འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་། །ཟག་མེད་ཤེས་བྱ་ཀུན་མཁྱེན་ཕོ་བྲང་ནས། །དཔལ་ལྡན་དུས་གསུམ་མཁྱེན་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་། །དྲི་མེད་ཡོན་ཏན་ཕུན་ཚོགས་ཕོ་བྲང་ནས། །འགྲོ་མགོན་རས་ཆེན་པ་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །བླ་མ་མཁྱེན་པས་གཟིགས་ལ་ཐུགས་རྗེས་ཟུང་། འགྲེའོ། །བསྐྱེད་རྫོགས་བརྟན་པ་ཐོབ་པའི་ཕོ་བྲང་ནས། །རྒྱལ་སྲས་སྤོམ་བྲག་པ་ལ༴ རང་༴ བླ༴ སྣང་སྲིད་དབང་དུ་འདུས་པའི་ཕོ་བྲང་ནས། །གྲུབ་ཆེན་ཀརྨ་པ་ལ༴ རང་༴ བླ༴ ཤེས་དང་ཤེས་བྱ་ཀུན་མཁྱེན་ཕོ་བྲང་ནས། །མཁས་གྲུབ་ཨུ་རྒྱན་པ་ལ༴ རང་༴ བླ༴ རང་གཞན་དོན་གཉིས་གྲུབ་པའི་ཕོ་བྲང་ནས། །ཆོས་
རྗེ་རིན་པོ་ཆེ་ལ༴ རང་༴ བླ༴ སྣང་བ་ཆུ་ཟླ་ལྟ་བུའི་ཕོ་བྲང་ནས། །རྒྱལ་བ་གཡུང་སྟོན་པ་ལ༴ རང་༴ བླ༴ སྐུ་གསུམ་དབྱེར་མེད་ལྷུན་གྲུབ་ཕོ་བྲང་ནས། །རང་བྱུང་སྤྲུལ་པའི་སྐུ་ལ༴ རང་༴ བླ༴ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཕོ་བྲང་ནས། །མཚུངས་མེད་མཁའ་སྤྱོད་དབང་ལ༴ རང་༴ བླ༴ མཁྱེན་བརྩེ་ནུས་མཐུ་རྨད་བྱུང་ཕོ་བྲང་ནས། ཐུབ་ཆེན་ཆོས་ཀྱི་རྗེ་ལ༴ རང་༴ བླ༴ ཀུན་གཟིགས་དབང་འབྱོར་ལྷུན་གྲུབ་ཕོ་བྲང་ནས། །རིག་པའི་རལ་གྲིའི་ཞབས་ལ༴ རང་༴ བླ༴ ཟབ་ཡངས་རྣམ་ཐར་རྒྱ་མཚོའི་ཕོ་བྲང་ནས། །མཐོང་བ་དོན་ལྡན་ཞབས་ལ༴ རང་༴ བླ༴ ཆོས་རྣམས་མཁའ་ལྟར་དག་པའི་ཕོ་བྲང་ནས། །འཇམ་དཔལ་བཟང་པོའི་ཞབས་ལ༴ རང་༴ བླ༴ རྣམ་དག་ཕྲིན་ལས་རྒྱ་མཚོའི་ཕོ་བྲང་ནས། །དཔལ་འབྱོར་དོན་གྲུབ་ཞབས་ལ༴ རང་༴ བླ༴ ལྷུན་གྲུབ་རྒྱུན་མི་འཆད་པའི་ཕོ་བྲང་ནས། རང་བྱུང་མཚོ་སྐྱེས་ཞབས༴ རང་༴ བླ༴ ཆོས་དབྱིངས་རབ་འབྱམས་
ཡངས་པའི་ཕོ་བྲང་ནས། །བཀྲ་ཤིས་དཔལ་འབྱོར་ཞབས་ལ༴ རང་༴ བླ༴ ཟབ་ཞི་སྤྲོས་དང་བྲལ་བའི་ཕོ་བྲང་ནས། །མི་བསྐྱོད་རྡོ་རྗེའི་ཞབས་ལ༴ རང་༴ བླ༴ དབྱིངས་དང་ཡེ་ཤེས་དབྱེར་མེད་ཕོ་བྲང་ནས། །དཀོན་མཆོག་ཡན་ལག་ཞབས་ལ༴ རང་༴ བླ༴ ཀུན་ཁྱབ་ཐུགས་རྗེ་ཆེན་པོའི་ཕོ་བྲང་ནས། །དབང་ཕྱུག་རྡོ་རྗེའི་ཞབས་ལ༴ རང་༴ བླ༴ འགྲོ་བའི་རེ་འདོད་སྐོང་བའི་ཕོ་བྲང་ནས། །ཆོས་ཀྱི་དབང་ཕྱུག་ཞབས་ལ༴ རང་༴ བླ༴ ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། །ཆོས་དབྱིངས་རྡོ་རྗེའི་ཞབས་ལ༴ རང་༴ བླ༴ མཁའ་ཁྱབ་རྡོ་རྗེ་འཛིན་པའི་ཕོ་བྲང་ནས། །ཡེ་ཤེས་སྙིང་པོའི་ཞབས་ལ༴ རང་༴ བླ༴ ཟབ་གསལ་གཉིས་མེད་ཆོས་དབྱིངས་ཕོ་བྲང་ནས། །ཡེ་ཤེས་རྡོ་རྗེའི་ཞབས་ལ༴ རང་༴ བླ༴ དོན་གཉིས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། །ཆོས་ཀྱི་དོན་གྲུབ་ཞབས་ལ༴ རང་༴ བླ༴ མཐའ་ཡས་འགྲོ་རྣམས་སྒྲོལ་བའི་ཕོ་བྲང་ནས། །
བྱང་ཆུབ་རྡོ་རྗེའི་ཞབས་ལ༴ རང་༴ བླ༴ དྲི་མེད་ཟབ་གསལ་གར་གྱི་ཕོ་བྲང་ནས། །ཆོས་ཀྱི་འབྱུང་གནས་ཞབས་ལ༴ རང་༴ བླ༴ ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་ཕོ་བྲང་ནས། །བདུད་འདུལ་རྡོ་རྗེའི་ཞབས་ལ༴ རང་༴ བླ༴ རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཕོ་བྲང་ནས། །ཆོས་གྲུབ་རྒྱ་མཚོའི་ཞབས་ལ༴ རང་༴ བླ༴ བདེ་སྟོང་ཆོས་དབྱིངས་འགྱུར་མེད་ཕོ་བྲང་ནས། །པདྨ་ཉིན་བྱེད་དབང་པོར་གསོལ་བ་འདེབས། རང་སེམས༴ བླ་མ༴ བྲལ་སྨིན་ཡོན་ཏན་ལྷུན་རྫོགས་ཕོ་བྲང་ནས། །ཐེག་མཆོག་རྡོ་རྗེའི་ཞབས༴ རང་༴ བླ་མ༴ རླུང་སེམས་དྷཱུ་ཏིར་དག་པའི་ཕོ་བྲང་ནས། །བློ་གྲོས་མཐའ་ཡས་ཞབས༴ རང་༴ བླ་མ༴ སྣང་སྲིད་རྣམ་དག་ལྷུན་གྲུབ་ཕོ་བྲང་ནས། །མཁའ་ཁྱབ་རྡོ་རྗེའི༴ རང་༴ བླ་མ༴ བདེ་ཆེན་འགྱུར་བ་མེད་པའི༴ པདྨ་དབང་མཆོག་ཞབས༴ རང་༴ བླ་མ༴ སྣང་སྟོང་སྤྲོས་པ་བྲལ་བའི་དབྱིངས་རོལ་ནས། །དཔལ་ལྡན་མཁྱེན་བརྩེའི་
ཞབས་ལ༴ རང་སེམས༴ བླ་མ༴ འགྱུར་མེད་ལྷན་སྐྱེས་རྒྱལ་བའི་ཕོ་བྲང་ནས། །རིག་པའི་རྡོ་རྗེའི་ཞབས་ལ༴ རང་སེམས༴ བླ་མ༴ སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་ནས། །རྩ་བའི་བླ་མའི་ཞབས༴ རང་༴ བླ༴ བདུད་བཞིའི་གཡུལ་ལས་རྒྱལ་བའི་ཕོ་བྲང་ནས། །རྡོ་རྗེ་རྣལ་འབྱོར་མ་ལ༴ རང་༴ ཡི་དམ་མཁྱེན་པས་གཟིགས་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་འཇོམས་མཛད་ཕོ་བྲང་ནས། །ཆོས་སྐྱོང་མ་མགོན་གཉིས་ལ་གསོལ་བ་འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཆོས་སྐྱོང་མཁྱེན་པས་གཟིགས་ལ་བར་ཆད་སོལ། །ཁྱེད་ལ་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་རྣམས་མ་རིག་མུན་པ་རབ་བསལ་ནས། །ཐར་པ་ཆེན་པོའི་ལམ་མཆོག་རབ་བགྲོད་དེ། །རྣམ་མཁྱེན་སངས་རྒྱས་གོ་འཕང་ཐོབ་པར་ཤོག །ཅེས་བཟུང་འཇུག་བརྒྱུད་པའི་གསོལ་འདེབས་སུ་རྗེ་ཀརྨ་པ་རོལ་པའི་རྡོ་རྗེས་ཙཱ་རིར་མཛད་པའོ།། །།དེ་ནས་ཕྱག་ཆེན་བརྒྱུད་
པའི་བླ་མ་ལ་གསོལ་བ་འདེབས་པ་ནི། དངོས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །ས་བཅུའི་དབང་ཕྱུག་བློ་གྲོས་རིན་ཆེན་ཞབས། །འཕགས་ཡུལ་གྲུབ་པའི་གཙོ་བོ་ས་ར་ཧ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །ཆོས་ཉིད་དོན་གཟིགས་འཕགས་པ་ཀླུ་སྒྲུབ་དང་། །ཕྱག་རྒྱ་ཆེ་བརྙེས་དཔལ་ལྡན་ཤ་བ་རི། །སྙིང་པོའི་དོན་གཟིགས་ཇོ་བོ་མི་ཏྲཱི་པ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ལྷོ་བྲག་པ། །གངས་ཅན་གྲུབ་པའི་གཙོ་བོ་མི་ལ་རྗེ། །རྒྱལ་བས་ལུང་བསྟན་དཔལ་ལྡན་སྒམ་པོ་པ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །རྒྱལ་བའི་ཕྲིན་ལས་མངའ་བདག་དུས་གསུམ་མཁྱེན། །མཐུ་སྟོབས་དབང་ཕྱུག་འགྲོ་མགོན་རས་ཆེན་ཞབས། །བསྐྱེད་རྫོགས་མཐར་ཕྱིན་རྒྱལ་སྲས་སྤོམ་བྲག་པ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །གདུལ་དཀའ་འདུལ་མཛད་དཔལ་ལྡན་ཀརྨ་པ། །དངོས་
གྲུབ་གཉིས་བརྙེས་གྲུབ་ཆེན་ཨུ་རྒྱན་པ། །འཛམ་གླིང་བསྟན་པའི་མངའ་བདག་རང་བྱུང་བ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །སྔགས་རིགས་གྲུབ་བའི་རྒྱལ་བ་གཡུང་སྟོན་པ། །འཛམ་གླིང་རྒྱན་གྱུར་རོལ་པའི་རྡོ་རྗེའི་ཞབས། །གནས་ལུགས་དོན་རྟོགས་རྟོགས་ལྡན་མཁའ་སྤྱོད་དབང་། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །ས་སྐྱོང་གཙུག་རྒྱན་ཆོས་རྗེ་དེ་བཞིན་གཤེགས། །མཁས་པའི་དབང་པོ་རཏྣ་བྷ་དྲའི་ཞབས། །སྲིད་ཞིའི་དཔལ་གྱུར་མཐོང་བ་དོན་ལྡན་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །རྡོ་རྗེ་འཆང་དངོས་འཇམ་དཔལ་བཟང་པོ་དང་། །ཐུགས་རྗེའི་བདག་ཉིད་དཔལ་འབྱོར་དོན་གྲུབ་ཞབས། །བྱིན་རླབས་འབྱུང་གནས་ཆོས་གྲགས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །མཚུངས་མེད་བླ་མ་གྲུབ་ཆེན་ཆོས་ཀྱི་རྗེ། །བཀྲ་ཤིས་དཔལ་འབྱོར་ཞེས་བྱར་རབ་གྲགས་པ། །
བསམ་བཞིན་སྐུ་སྤྲུལ་ཆོས་གྲགས་དཔལ་བཟང་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །འོད་དཔག་མེད་མགོན་ཞྭ་དམར་ཅོད་པན་འཛིན། །རིགས་དྲུག་ཁྱབ་བདག་རྒྱལ་མཆོག་ཀརྨ་པ། དཀྱིལ་འཁོར་ཀུན་བདག་དབང་ཕྱུག་རྡོ་རྗེའི་ཞབས། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །དཔག་མེད་འོད་མཚན་བྱིན་རླབས་འཆང་དེ་དང་། །ཨེ་ཡིག་ཕྱག་རྒྱ་ཆེན་པོ་སེང་གེའི་ཁྲིར། །ཝཾ་ཡིག་འགྱུར་མེད་ཆོས་དབྱིངས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། སྒྱུ་འཕྲུལ་དྲྭ་བའི་ཁ་སྦྱོར་རྡོ་རྗེ་སེམས། །འབྲས་རྒྱུད་ཁྱབ་བདག་གར་དབང་རྡོ་རྗེ་འཆང་། །མཆོག་གི་སྤྲུལ་སྐུ་ཡེ་ཤེས་སྙིང་པོའི་ཞབས། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །བདེ་སྟོང་དབྱེར་མེད་ལྷན་སྐྱེས་ཡེ་ཤེས་སྐུ། །གཞོམ་མེད་རྡོ་རྗེའི་གར་གྱིས་རྣམ་རོལ་བ། །རྒྱལ་ཀུན་ངོ་བོ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །
ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཇི་སྙེད་པར། །རྣམ་དཔྱོད་བློ་གྲོས་རྒྱས་པའི་ནུས་སྤོབས་ཅན། །ཚུལ་བཞིན་རྟོགས་པའི་དོན་གཉིས་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། ཁྱབ་བདག་གདོད་མའི་མགོན་པོ་ཆོས་ཀྱི་དབྱིངས། །མི་ཕྱེད་རྡོ་རྗེ་བཞི་ཡི་གར་རོལ་བ། །ཀུན་མཁྱེན་བླ་མ་བྱང་ཆུབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། སྟོང་ཉིད་མཛེས་མས་མངོན་འཁྱུད་རྡོ་རྗེ་འཆང་། །འཕོ་འགྱུར་བདེ་བ་འཛག་མེད་ལམ་བཅིངས་པ། །རྣལ་འབྱོར་བསྟན་པའི་ཉིན་བྱེད་གང་དེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །མི་ཤིག་སྙིང་པོའི་རང་བཞིན་མངོན་གཟིགས་ནས། །འགྱུར་མེད་ཡེ་ཤེས་མཆོག་ལ་དབང་བསྒྱུར་བ། །འཇིགས་མེད་བདུད་ཚོགས་འདུལ་བའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །གདུལ་བྱའི་ཁམས་དབང་མོས་པ་དུ་མའི་ངོར། །དེ་སྙེད་ཐུགས་རྗེའི་རོལ་
པ་ཅིར་ཡང་སྟོན། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །འཁོར་འདས་མཉམ་ཉིད་བདེ་ཆེན་འདུས་མ་བྱས། །དོན་དམ་ཆོས་སྐུའི་རང་ཞལ་ལེགས་སྟོན་པའི། །རིགས་ཀུན་ཁྱབ་བདག་པདྨ་ཉིན་བྱེད་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །ཡོངས་གྲུབ་ཡེ་ཤེས་དགོངས་པ་མཁའ་ལྟར་དག །ཚད་མེད་ཐུགས་རྗེའི་སྣང་བ་ཀུན་ལ་ཁྱབ། །འགྲོ་བའི་ཉི་མ་ཐེག་མཆོག་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །ཁྱབ་བདག་སྟོན་པ་སྐུ་ལྔའི་རྡོ་རྗེ་འཆང་། །བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོའི་དོན། །མངོན་གྱུར་སངས་རྒྱས་ཡོན་ཏན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །ཁྱབ་བདག་གདོད་མའི་ཀློང་གྲོལ་རྡོ་རྗེ་འཆང་། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཀརྨ་ཀ །ཐུགས་རྗེ་ཚད་མེད་མཁའ་ཁྱབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་
སྩོལ། །བྱམས་མགོན་ཐུགས་ཀློང་རོལ་པ་ཁྱབ་བརྡལ་དབྱིངས། །པདྨའི་རྒྱལ་ཚབ་རྒྱལ་བསྟན་འགྲོ་བའི་མགོན། །ཟབ་གསལ་མཚུངས་མེད་པདྨ་དབང་མཆོག་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །རིག་སྟོང་ཟག་མེད་ཆོས་དབྱིངས་རབ་འབྱམས་དང་། །བཻ་རོའི་རྣམ་འཕྲུལ་སྒྲུབ་བརྒྱུད་བསྟན་པའི་མགོན། །མཚུངས་མེད་འཇམ་མགོན་མཁྱེན་བརྩེའི་འོད་ཟེར་མཆོག །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །དུས་གསུམ་རྒྱལ་ཀུན་འདུས་ཞལ་ཆོས་ཀྱི་རྗེ། །རབ་འབྱམས་དཀྱིལ་འཁོར་གཙོ་བོ་རྡོ་རྗེ་འཆང་། །རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །གཞི་ལམ་འབྲས་བུའི་གནས་ལུགས་ཕྱག་རྒྱ་ཆེ། །གཉུག་མའི་རང་ངོ་སྤྲོད་མཛད་བཀའ་དྲིན་ཅན། །སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །དངོས་གྲུབ་གཉིས་སྩོལ་
ཡི་དམ་ལྷ་ཚོགས་དང་། །ཕྲིན་ལས་ཀུན་བདག་ཆོས་སྲུང་མའི་ཚོགས། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འཁོར་འདས་དངོས་ཀུན་བསལ་གཞག་སྤང་བླང་དང་། །ཡོད་མེད་ལ་སོགས་ཀུན་བྲལ་ཀུན་གྱི་གཞི། །གནས་ལུགས་གཞི་ཡི་ཕྱག་རྒྱ་ཆེ་རྟོགས་ཤོག །རྟོགས་བྱ་རྟོགས་བྱེད་རྟོགས་པ་མི་དམིགས་ཤིང་། །བསྒྲིབ་བྱ་སྒྲིབ་བྱེད་སྒྲིབ་པ་སྤངས་མེད་པར། །བགྲོད་བྱ་བགྲོད་བྱེད་ལམ་ལས་རབ་འདས་པའི། །ལམ་གྱི་ཕྱག་རྒྱ་ཆེན་པོ་མངོན་འགྱུར་ཤོག །ཐོབ་བྱ་ཐོབ་བྱེད་ཐོབ་པ་མ་དམིགས་ཤིང་། །སྤངས་ཐོབ་གཉིས་མེད་གཞི་འབྲས་དབྱེར་མེད་པ། །དངོས་བྲལ་དངོས་པོ་ཀུན་གྱི་རང་བཞིན་ཅན། །འབྲས་བུའི་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག །ཅེས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་བརྒྱུད་པའི་གསོལ་འདེབས་ཀརྨ་པ་ཆོས་གྲགས་རྒྱ་མཚོས་མཛད་པའོ།། །།ཟབ་ལམ་ནཱ་རོའི་ཆོས་དྲུག་གི་
བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་ནི། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་མ། །གསང་བའི་བདག་པོ་དཔལ་ལྡན་ས་ར་ཧ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །བདག་ཉིད་ཆེན་པོ་ཀླུ་སྒྲུབ་འཕགས་པ་ལྷ། །དཔལ་ལྡན་ཟླ་བ་གྲགས་པ་མ་ཏངྒི། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དཔལ་མཆོག་ལཱུ་ཡི་པ་དང་ཌེཾ་གི་པ། །དཱ་རི་ཀ་པ་སུ་ཁ་དྷཱ་རཱིའི་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དཔའ་བོ་ཌོམྦི་པ་དང་བི་ན་ས། །ལ་བ་པ་དང་ཨིནྡྲ་བྷཱུ་ཏིའི་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །མཁའ་འགྲོ་སྐལ་པ་བཟང་མོ་ཐང་
ལོ་པ། །ཤིང་ལོ་པ་དང་ཀརྞ་རི་པའི་ཞབས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །པྲ་ཛྙཱ་བྷ་དྲ་བདེ་ཆེན་རོལ་པའི་ཞབས། །ཐར་པའི་ལམ་སྟོན་ཇོ་བོ་མཻ་ཏྲཱི་པ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །ཛྙཱ་ན་གརྦྷ་བལ་པོ་བྱིན་རླབས་ཅན། །པནྡ་པ་སོགས་མན་ངག་རིག་པ་རྣམས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དྷརྨ་མ་ཏི་དྲི་མེད་བཤེས་གཉེན་མཚན། །བཞད་པ་རྡོ་རྗེ་དཔལ་ལྡན་སྒམ་པོ་པ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །བཛྲ་ཀཱིརྟི ་དཔལ་ལྡན་དུས་གསུམ་མཁྱེན། །འགྲོ་མགོན་རས་ཆེན་རྒྱལ་སྲས་སྤོམ་བྲག་པ། །གསོལ་བ་
འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དཔལ་ལྡན་ཀརྨ་པ་དང་གཉན་རས་ཞབས། །མཚུངས་མེད་རང་བྱུང་བ་དང་བཛྲ་ཤྲཱི། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །བླ་མེད་ཆོས་རྗེ་རྒྱལ་བ་ཀུན་གྱི་དངོས། །ཉམས་རྟོགས་དབང་ཕྱུག་དྲི་མེད་དཔལ་ཡེ་ཤེས། །གསོལ་བ༴ གསོལ༴ འགྲེའོ། །མཁྱེན་རབ་ཐུགས་རྗེའི་དབང་ཕྱུག་དེ་བཞིན་གཤེགས། །རྒྱལ་བ་ཀུན་དངོས་བླ་མ་རིན་པོ་ཆེ། །གསོལ་བ༴ གསོལ༴ སངས་རྒྱས་ཐམས་ཅད་འདུས་པའི་རིན་པོ་ཆེ། །ཐུགས་རྗེའི་བདག་ཉིད་མཐོང་བ་དོན་ལྡན་ལ། །གསོལ་བ༴ གསོལ༴ བླ་མེད་མཁྱེན་པའི་མངའ་བདག་འཇམ་དཔལ་བཟང་། །དཔལ་འབྱོར་དོན་གྲུབ་ཆོས་གྲགས་རྒྱ་མཚོ་ལ། །གསོལ་བ༴ གསོལ༴ མཆོག་གི་དངོས་གྲུབ་བརྙེས་པ་གྲུབ་པའི་
དཔལ། །ཡེ་ཤེས་མཁའ་ལ་སྤྱོད་པ་མི་བསྐྱོད་བཟང་། །གསོལ་བ༴ གསོལ༴ གར་གི་དབང་ཕྱུག་མཆོག་གི་སྤྲུལ་པའི་སྐུ། །ས་གསུམ་ཀུན་ལ་དབང་སྒྱུར་ཆོས་ཀྱི་རྗེ། །གསོལ་བ༴ གསོལ༴ བདེ་ཆེན་ལ་རོལ་དགའ་བའི་རྡོ་རྗེ་དང་། །རྡོ་རྗེ་འཆང་དངོས་ཆོས་དབྱིངས་རྡོ་རྗེ་ལ། །གསོལ་བ༴ གསོལ༴ མི་ཕྱེད་དོན་གྱི་ཡེ་ཤེས་རྡོ་རྗེ་མངའ། །མཉམ་ཉིད་དཔལ་ལྡན་ཡེ་ཤེས་སྙིང་པོའི་ཞབས། །གསོལ་བ༴ གསོལ༴ རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་མཆོག །འགྲོ་བའི་འདྲེན་པ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ༴ གསོལ༴ བདེ་སྟོང་ལྷན་སྐྱེས་ཡེ་ཤེས་གཞོམ་མེད་སྐུ། །རྣམ་རོལ་ཀུན་མཁྱེན་ཆོས་ཀྱི་དོན་གྲུབ་ལ། །གསོལ་བ༴ གསོལ༴ རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་མོ་ཡིས། །དགྱེས་དགུར་རོལ་པའི་བྱང་ཆུབ་རྡོ་རྗེ་ལ། །གསོལ་བ༴ གསོལ༴ བཀའ་བརྒྱུད་རྣམ་ཐར་དྲི་མེད་ལམ་པོ་ཆེའི། །སྲོལ་འཛིན་ཆོས་ཀྱི་འབྱུང་གནས་ཞབས་དེ་ལ། །གསོལ་བ༴
གསོལ༴ འགྱུར་མེད་བདེ་བ་ཆེན་པོའི་ཆོས་ཀུན་ལ། །ཕྱག་རྒྱས་འདེབས་པ་བདུད་འདུལ་རྡོ་རྗེ་ལ། །གསོལ་བ༴ གསོལ༴ དུས་གསུམ་རྒྱལ་ཀུན་ཕྲིན་ལས་དབང་བསྒྱུར་བ། །མི་ཕམ་ཆོས་གྲུབ་རྒྱ་མཚོའི་ཞབས་དེ་ལ། །གསོལ་བ༴ གསོལ༴ རྒྱལ་ཀུན་གསང་གསུམ་བྱིན་རླབས་གཅིག་འདུས་པ། །མཚུངས་བྲལ་པདྨ་ཉིན་བྱེད་ཞབས་དེ་ལ། །གསོལ་བ༴ གསོལ༴ གསང་བའི་དགྱེས་པ་ཐམས་ཅད་བདག་ཉིད་དུ། །རྟག་བཞུགས་སངས་རྒྱས་ཐེག་མཆོག་རྡོ་རྗེ་ལ། །གསོལ་བ༴ གསོལ༴ དཀྱིལ་འཁོར་ཀུན་གཙོ་མཚུངས་མེད་རྡོ་རྗེ་འཆང་། །བདེ་སྟོང་འགྱུར་མེད་པདྨ་གར་དབང་ལ། །གསོལ་བ༴ གསོལ༴ ཟབ་གསལ་སྤྲོས་བྲལ་ཡེ་ཤེས་ཆེན་པོའི་དང་། །རྟག་བཞུགས་སངས་རྒྱས་མཁའ་ཁྱབ་རྡོ་རྗེ་ལ། །གསོལ་བ༴ གསོལ༴ སྐུ་བཞིའི་ངོ་བོ་མི་འགྱུར་དག་པའི་དཔལ། །གཟུགས་སྐུ་ཆགས་བྲལ་པདྨ་དབང་མཆོག་ལ། །གསོལ་བ༴
གསོལ༴ ཁྱབ་བདག་སྟོན་པ་སྐུ་བཞིའི་རྡོ་རྗེའི་འཆང་། །རྒྱལ་ཀུན་སྤྱི་གཟུགས་རིག་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ གསོལ་འདེབས་བྱིན་རླབས༴ མི་འགྱུར་རྟག་པ་དམ་པ་བདེ་བའི་གཤིས། །འགགས་མེད་གར་རོལ་དཀྱིལ་འཁོར་རྒྱ་མཚོའི་བདག །གསོལ་བ༴ གསོལ༴ དཔལ་ལྡན་འདུས་པ་སྡོམ་པ་ཡི་དམ་ལྷ། །རྒྱལ་བ་རྒྱལ་སྲས་དཔའ་བོ་ཌཱ་ཀིའི་ཚོགས། །གསོལ་བ༴ གསོལ༴ མ་ཧཱ་ཀཱ་ལ་གཉན་གྱི་རེ་མ་ཏི། །བཀའ་སྡོད་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་འདེབས་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །གློ་བུར་རྐྱེན་སྣང་ཅི་བྱུང་ཅི་ཤར་ཡང་། །ཡིན་ལུགས་ཇི་བཞིན་རྟོགས་པའི་རྐྱེན་གྱུར་ཏེ། །གནས་ལུགས་ནང་ནས་འཆར་བར་བྱིན་གྱིས་རློབས། །སྣང་བ་བདེན་འཛིན་མེད་པར་བྱིན་གྱིས་རློབས། །ཡུལ་ལ་ཆེད་འཛིན་
མེད་པར་བྱིན་གྱིས་རློབས། །དགྲ་ལ་སྡང་བ་མེད་པར་བྱིན་གྱིས་རློབས། །གཉེན་ལ་ཞེན་པ་མེད་པར་བྱིན་གྱིས་རློབས། །འགྲེའོ། །ནོར་ལ་བསག་བློ་མེད་པར༴ ཚེ་ལ་རྟག་འཛིན་མེད་པར༴ འཁོར་ལ་བདེན་འཛིན་མེད་པར༴ དོན་ལ་ཡེངས་པ་མེད་པར༴ ཉམས་ལ་མཐོ་དམན་མེད་པར༴ སེམས་ལ་གསལ་འགྲིབ་མེད་པར༴ རང་ལ་ངར་འཛིན་མེད་པར༴ གང་ལའང་འཆིང་བ་མེད་པར༴ ཅིར་སྣང་ཆོས་སྐུར་མཐོང་བར༴ རང་སེམས་ངོ་བོ་རྟོགས་པར༴ སྒོམ་མེད་ཡེངས་སུ་མེད་པར༴ གཅེར་མཐོང་རང་ངོ་ཤེས་པར༴ གཏུམ་མོ་སྒྱུ་ལུས་འབྱོངས་པར༴ རྨི་ལམ་འོད་གསལ་ཟིན་པར༴ བར་དོ་འཕོ་བ་འབྱོངས་པར༴ ཚེ་གཅིག་འཇའ་ལུས་འགྲུབ་པར༴ རྟག་ཏུ་བླ་མས་སྐྱོབ་པར༴ གེགས་སྐྱོན་ལམ་དུ་འགྱུར་བར༴ ཉོན་མོངས་རང་སར་གྲོལ་བར༴ བདེ་སྟོང་དབྱེར་མེད་རྟོགས་པར༴ བློ་ཆོས་སུ་འགྲོ་བར༴ ཆོས་ལམ་དུ་ལོངས་པར༴ ལམ་འཁྲུལ་པ་སེལ་
བར༴ འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། བཀའ་བབས་ཆུ་བོ་བཞིའི་བླ་མ་བརྒྱུད་པའི་གསོལ་འདེབས་ཀརྨ་པ་དེ་བཞིན་གཤེགས་པས་མཛད་པའོ།། །།ཆོས་དྲུག་གི་ཉེ་བརྒྱུད་ཟུང་འཇུག་བརྒྱུད་པའི་གསོལ་འདེབས་སྨོན་ལམ་དང་བཅས་པ་ནི། བདེ་སྟོང་དབྱེར་མེད་སྲིད་དང་ཞི་བའི་དཔལ། །ཐབས་ཤེས་རང་བཞིན་རྡོ་རྗེ་ དྲིལ་བུ ་འཆང་། །སྒྱུ་མའི་གར་གྱིས་རྣམ་རོལ་བཅོམ་ལྡན་འདས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཤེས་རབ་ཆེན་པོས་གཉུག་མའི་གནས་ལུགས་རྟོགས། །ཕྲིན་ལས་བཟང་པོས་གདུལ་བྱ་ཐར་ལམ་འདྲེན། །འཁོར་ལོ་སྡོམ་པའི་རྣལ་འབྱོར་ཏཻ་ལོ་པ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གཉིས་སུ་མེད་པའི་ཡེ་ཤེས་མཆོག་དང་ལྡན། །བཅུ་གཉིས་བཀའ་སྤྱད་དངོས་གྲུབ་རྣམ་གཉིས་བརྙེས། །གནས་ལྔ་རིག་པའི་པཎ་ཆེན་ནཱ་རོ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་ཀྱི་སྙིང་པོ་རྡོ་རྗེ་ཐེག་པའི་བཅུད། །གང་གི་བློ་གྲོས་
མཆོག་གིས་ཡོངས་སུ་འཛིན། །བསྟན་པའི་མངའ་བདག་ལྷོ་བྲག་མར་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བདེ་སྟོང་ཏིང་འཛིན་གར་གྱིས་རྣམ་བཞད་པའི། །ཟབ་ལམ་རྡོ་རྗེ་ཐེག་པའི་མངའ་བདག་མཆོག །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་མི་ལ་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བསོད་ནམས་ཡེ་ཤེས་གྲངས་མེད་དུ་མར་བསགས། །གངས་ཅན་སྒྲུབ་བརྒྱུད་གཙུག་གི་རིན་པོ་ཆེ། །ཟླ་འོད་གཞོན་ནུ་དྭགས་པོ་ལྷ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུབ་དབང་བསྟན་པའི་གསལ་བྱེད་ཆོས་ཀྱི་མཛོད། །སྙན་གྲགས་ཐུགས་རྗེའི་འོད་ཀྱིས་འཛམ་གླིང་ཁྱབ། །ས་ར་ཧ་ཡི་རྣམ་འཕྲུལ་ཀརྨ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གསོལ་བ་བཏབ་ན་དངོས་གྲུབ་རྣམ་གཉིས་སྩོལ། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཡོངས་ཀྱི་ཏོག །ཡིད་བཞིན་
ནོར་བུ་དྭགས་པོ་བཀའ་བརྒྱུད་ལ། །གསོལ༴ བྱམས་དང་སྙིང་རྗེའི་རྩ་བ་རབ་ཏུ་བརྟན། །བདེ་སྟོང་ཡལ་གའི་ཁྱོན་ནི་ཤིན་ཏུ་ཡངས། །དཔག་བསམ་ལྗོན་ཤིང་དྭགས་པོ་བཀའ་བརྒྱུད་ལ། །གསོལ༴ མཁྱེན་པའི་མཁའ་ལ་ཐུགས་རྗེའི་ཉི་འོད་ཤར། །སངས་རྒྱས་བསྟན་པའི་པད་ཚལ་མཐའ་དག་འབྱེད། །མ་རིག་མུན་སེལ་དྭགས་པོ་བཀའ་བརྒྱུད་ལ། །གསོལ༴ སྐྱེ་མེད་སྤྲུལ་སྐུ་འགག་མེད་ལོངས་སྤྱོད་རྫོགས། །གནས་མེད་ཆོས་སྐུ་དབྱེར་མེད་ངོ་བོ་ཉིད། །སྐུ་བཞིའི་དབང་ཕྱུག་དྭགས་པོ་བཀའ་བརྒྱུད་ལ། །གསོལ༴ གང་ལ་བརྟེན་ན་ཉེས་པའི་ཚོགས་ཀྱིས་དབེན། །ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་བ་ཡི། །དགོས་འདོད་ཀུན་འབྱུང་དྭགས་པོ་བཀའ་བརྒྱུད་ལ། །གསོལ༴ གནས་ལུགས་གཉུག་མའི་དོན་གྱི་ལྡེ་མིག་དང་། །ཞི་ལྷག་སྒྲོན་མེས་རྒྱལ་བའི་དགོངས་པ་མཆོག །ཐར་པའི་ལམ་སྟོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ༴ ཐབས་ཤེས་སྐྱ་བས་
བརྩོན་པའི་ཤུགས་བསྐྱེད་ནས། །ཕྲིན་ལས་གྲུ་ཡིས་འགྲོ་ཀུན་སྒྲོལ་བ་ཡི། །འགྲོ་བའི་དེད་དཔོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ༴ སྤྲུལ་པའི་གནས་སུ་འབར་བའི་ཙཎྜ་ལིས། །བདེ་ཆེན་ཟླ་བའི་དཀྱིལ་འཁོར་ཡོངས་སུ་བཞུས། །ཕུང་ཁམས་རབ་བསྲེགས་ཆོས་ཀྱི་འཁོར་ལོར་ནི། །ལྷན་སྐྱེས་བདེ་བ་མྱོང་བར་བྱིན་གྱིས་རློབས། །བཅུ་གཉིས་དཔེ་ཡིས་ཁྱད་པར་བྱས་པ་ཡི། །ཕྱི་ནང་ཆོས་ཀུན་བདེན་པས་རྣམ་པར་དབེན། །རང་ལུས་རྡོར་སེམས་མེ་ལོང་གཟུགས་བརྙེན་བཞིན། །གདོད་ནས་ལྷ་སྐུར་འཆར་བར་བྱིན་གྱིས་རློབས། །ཉིན་སྣང་སྒྱུ་མའི་འདུན་པ་རབ་བརྟན་ནས། །མགྲིན་པར་རླུང་སེམས་བརྟན་པ་ཐོབ་པའི་མཐུས། །རྨི་ལམ་ན་ཡང་ཆོས་ཀུན་རྨི་ལམ་ལྟར། །མཐོང་ནས་ངེས་པ་རྙེད་པར་བྱིན་གྱིས་རློབས། །ཀུན་རྟོག་རླུང་སེམས་དྷཱུ་ཏཱིར་དྭངས་པའི་མཐུས། །ཆོས་ཀུན་ནམ་མཁའི་དཀྱིལ་ལྟར་ཡོངས་སུ་དག །གཏི་མུག་མ་
སྤངས་ཆོས་དབྱིངས་ངོ་བོར་གྲོལ། །འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །གང་དུ་འཕོ་བའི་ཡུལ་སོགས་མ་དམིགས་ཀྱང་། །སྲོག་རྩོལ་རླུང་གི་རྒྱུ་བ་བརྟན་ཐོབ་ནས། །ནམ་ཞིག་འཁྲུལ་པའི་སྣང་བ་འཆར་བའི་ཚེ། །ཚངས་ནས་མདའ་ལྟར་འཕོ་བར་བྱིན་གྱིས་རློབས། །འཆི་བའི་རང་བཞིན་དོན་དམ་བདེན་པར་རྟོགས། །ཆོས་སྐུའི་ངང་དུ་འོད་གསལ་མ་བུ་ཕྲད། །དེ་ཡི་ངང་ནས་བར་དོ་སྒྱུ་མའི་གཟུགས། །མཚན་དཔེའི་རྒྱན་ལྡན་ཐོབ་པར་བྱིན་གྱིས་རློབས། །མདོར་ན་བདག་སོགས་སྐྱེ་བ་ཐམས་ཅད་དུ། །དལ་འབྱོར་མཆོག་ཐོབ་ཐེག་ཆེན་ལམ་ལ་ཞུགས། །རྡོ་རྗེ་ཐེག་པ་སྟོན་པའི་བླ་མ་དང་། །ནམ་ཡང་འབྲལ་བ་མེད་པར༴ ཐོག་མར་སྨིན་བྱེད་དབང་གིས་རྒྱུད་སྦྱངས་ནས། །གྲོལ་བྱེད་རིམ་གཉིས་ཟབ་མོའི་ལམ་མཆོག་གིས། །སྐུ་བཞིའི་དབང་ཕྱུག་ཁྱབ་བདག་རྡོ་རྗེ་འཆང་། །གོ་འཕང་བདེ་བླག་བརྙེས་པར༴ གནས་སྐབས་སུ་ཡང་འགལ་
རྐྱེན་མཐའ་དག་ཞི། །མཐུན་རྐྱེན་ཚེ་དང་དཔལ་འབྱོར་རྒྱས་པ་དང་། །ཆོས་བཞིན་སྤྱོད་པའི་གྲོགས་དང་ལྷན་ཅིག་ཏུ། །བསམ་པའི་དོན་ཀུན་འགྲུབ་པར༴ འཁྲུལ་པའི་དེ་ཉིད་ཤེས་པའི་རྣམ་དཔྱོད་ཀྱིས། །ཐ་ལམ་ཤེས་པ་རང་ངོ་མཐོང་བའི་ཚེ། །གསལ་སྟོང་འཛིན་མེད་སེམས་སུ་ཐག་ཆོད་ནས། །ཅིར་སྣང་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །ཞེས་པའི་འདི་ནི་རང་བྱུང་མཚོ་སྐྱེས་རྡོ་རྗེའི་རིགས་བདག་ཆེན་པོ་འཇམ་དཔལ་བཟང་པོས་མཛད་པའོ། །སྐྱེ་བ་ཀུན་དུ་སོགས་བྱའོ།། །།དེ་ནས་དྭགས་པོའི་བཀའ་བརྒྱུད་སྤྱི་ལ་གསོལ་བ་འདེབས་པ་ནི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་རྣམས་དང་། །འབྲི་སྟག་ཚལ་གསུམ་དཔལ་ལྡན་འབྲུག་པ་སོགས། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་
བརྒྱུད་བླ་མ་རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་རློབས། །ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། །ཚེ་འདིའི་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས། །མོས་གུས་སྒོམ་གྱི་འགོ་བོར་གསུངས་པ་བཞིན། །མན་ངག་གཏེར་སྒོ་འབྱེད་པའི་བླ་མ་ལ། །རྒྱུན་ཏུ་གསོལ་བ་འདེབས་པའི་སྒོམ་ཆེན་ལ། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོགས་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱ་བློ་དང་བྲལ་བར་བྱིན་གྱིས་རློབས། །རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་བཞིན། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ལ། །མ་འགགས་རོལ་པར་འཆར་བའི་སྒོམ་ཆེན་ལ། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་སོགས། ཞེས་
པའང་བན་སྒར་བ་འཇམ་དཔལ་བཟང་པོས་མཛད་པའོ།། །།བྱེ་བྲག་ཏུ་དཔལ་ལྡན་འབྲུག་པ་སྐུ་ཕྲེང་བརྒྱད་པ་མི་ཕམ་ཆོས་ཀྱི་སྣང་བ་པད་དཀར་བཞད་པའི་དགེ་མཚན་འགྱུར་མེད་རྡོ་རྗེ་སྙིང་པོ་མཆོག་ཏུ་གྲུབ་པའི་སྡེ་གང་གི་གསོལ་འདེབས་གསུང་བྱིན་བརླབ་ཆེད་དུ་བཀོད་པ་ནི། རྣམ་ཀུན་སྟོང་ཉིད་བདུད་རྩིའི་འོད་རླབས་དང་། །བདེ་བ་ཆེན་པོ་ཟླ་སྣང་རྒྱས་པའི་ཆ། །ནམ་ཡང་མི་འགྱུར་ཟུང་འཇུག་ཁ་སྦྱོར་སྐུ། །རྡོ་རྗེ་སེམས་དངོས་བླ་མར་གསོལ་བ་འདེབས། །རབ་དཀར་རྟོགས་པ་དོན་གྱི་བརྒྱུད་པའི་དུང་། །མ་སྨད་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ཀྱིས། །བཤད་སྒྲུབ་བསྟན་པའི་སྙན་པ་ཆེར་སྒྲོག་པ། །རྒྱལ་བའི་དགེ་མཚན་བཟང་པོར་གསོལ་བ་འདེབས། །སྐལ་ལྡན་བློ་ཡི་ཞིང་སར་སྨིན་གྲོལ་གྱི། །ངེས་གསང་བདུད་རྩིའི་ཆར་རྒྱུན་འབེབས་མཁས་པའི། །ཐུགས་རྗེའི་སྤྲིན་དཔུང་དཔལ་ལྡན་འབྲུག་གི་དབྱངས། །འཇིག་རྟེན་གསུམ་དུ་གསལ་དེར་གསོལ་བ་འདེབས། །བདག་ཀྱང་སྐྱེ་ཀུན་ཁྱེད་ཞབས་ཡིད་བཞིན་ནོར། །རབ་
གུས་བདེ་ཆེན་འཁོར་ལོར་བཅིང་པ་དང་། །ཟབ་རྒྱས་ཆོས་ལ་སྤྱོད་པའི་ལེགས་བྱས་ཀྱིས། །རིང་མིན་ཧེ་རུ་ཀ་དཔལ་འགྲུབ་པར་ཤོག །ཅེས་སོ།། །།དེ་ནས་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་གངས་ཅན་བསྟན་པའི་རྒྱན་བཞི་ལ་བསྟོད་པ་ནི། ཚོགས་གཉིས་ཆུ་གཏེར་གཏིང་མཐའ་ཡས། །རྣམ་དག་ཡོན་ཏན་ནོར་བུས་གང་། །རྨད་བྱུང་ཕྲིན་ལས་ཕྱོགས་བཅུར་འཕྲོ། །ཀུན་མཁྱེན་ཐུབ་པའི་ཞབས་ལ་འདུད། །མཐའ་བྲལ་ཟབ་མོའི་མཚོ་ལ་གནས། །གཞན་སྡེ་འདབ་བཟང་བྱེ་བ་ཡིས། །ལྟ་ཟེར་འགོག་པར་མ་ནུས་པའི། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་འདུད། །མངལ་གྱི་དྲི་མ་རིང་དུ་སྤངས། །མདོ་རྒྱུད་ཀུན་གྱི་ཕ་རོལ་སོན། །མུ་སྟེགས་རྒོལ་བ་བཟློག་མཛད་པ། །ཨཱརྱ་དེ་བའི་ཞབས་ལ་འདུད། །རྒྱལ་བ་ཉིད་ལ་གསུང་རབ་ཀུན། །གསན་ནས་རྒྱལ་བ་ཇི་བཞིན་དུ། །རྒྱལ་བའི་བསྟན་པ་རྒྱས་མཛད་པ། །འཕགས་པ་ཐོགས་མེད་ཞབས་ལ་འདུད། །སོ་སོར་སྐྱེ་བོའི་ཚུལ་བཟུང་ནས། །