རྣམ་པར་ཤེས་པ་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཀྱི་ཚིག་དོན་གོ་གསལ་དུ་འགྲེལ་པ་རང་བྱུང་དགོངས་པའི་རྒྱན།
རྣམ་པར་ཤེས་པ་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཀྱི་ཚིག་དོན་གོ་གསལ་དུ་འགྲེལ་པ་རང་བྱུང་དགོངས་པའི་རྒྱན་ཅེས་བྱ་བཞུགས་སོ། །
རྣམ་པར་ཤེས་པ་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས་ཀྱི་ཚིག་དོན་གོ་གསལ་དུ་འགྲེལ་པ་རང་བྱུང་དགོངས་པའི་རྒྱན་ཅེས་བྱ་བ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ལེགས་གསུང་ཚད་མ་གསུམ་ལྡན་དབྱངས། །དཔལ་གྱི་མགུར་ནས་སྒྲོགས་པ་ཡིས། །རྣམ་གྲོལ་ལམ་སྟོན་ཐུབ་པའི་དབང་། །རང་བྱུང་རྒྱལ་བར་གྲགས་ལ་འདུད། །འཁོར་འདས་ཆོས་ཀུན་རྣམ་ཤེས་དང་། །ཡེ་ཤེས་གཟུགས་ཏེ་དེ་ཡི་ཚུལ། །སྟོན་བྱེད་ཆོས་ཕུང་བརྒྱད་ཁྲིའི་བཅུད། །གང་འདི་སུས་རྟོགས་སྲཨད་མཐར་བྱེད། །
ཕྱོགས་ཙམ་གོ་ཞིང་མྱོང་བས་ཀྱང་། །སྙིང་བུམ་བདུད་རྩིའི་བཅུད་འཁྱིལ་ཏེ། །ཞི་བའི་ལང་ཚོ་བརྟས་པའི་ཕྱིར། །ཁྱད་འཕགས་གཞུང་འདི་དགྲོལ་བར་བྱ། །ཆོས་ཐམས་ཅད་ཀྱི་དེ་ཉིད་སྒྲིབ་བྲལ་དུ་གཟིགས་པས་སངས་རྒྱས་ཀྱི་ཡེ་ཤེས་ལ་མངའ་མཛད་པ། འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུར་བཞེངས་ནས་ཐུབ་བསྟན་ཉིན་མོར་བྱེད་པའི་ཕྲིན་ལས་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ། །རྒྱལ་དབང་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་མཛད་པའི་བསྟན་བཅོས་ཚིག་ཉུང་དོན་ཟབ་འདི་འཆད་པ་ལ་
གསུམ། བརྩམ་པ་ལ་འཇུག་བྱེད་ཀླད་ཀྱི་དོན། འཇུག་བྱ་གཞུང་གི་དོན། ཞུགས་ཟིན་མཇུག་གི་དོན་ནོ། །དང་པོ་ལ་གསུམ། བསྟན་བཅོས་ཀྱི་མཚན་བསྟན་པ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བའོ། །དང་པོ་ནི། རྣམ་ཤེས་དང་ཡེ་ཤེས་འབྱེད་པའི་བསྟན་བཅོས། ཞེས་གསུངས་ཏེ། འཁྲུལ་པ་དང་བཅས་པའི་སེམས་ཅན་ལ་འཁོར་བའི་རྩ་བ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཇི་ལྟར་ཡོད་པ་དང་། འཁྲུལ་པ་བྲལ་བའི་སངས་རྒྱས་ལ་མྱ་ངན་འདས་ཀྱི་རང་བཞིན་ཡེ་ཤེས་ཇི་ལྟར་སྣང་བ་དང་། དེ་གཞི་གཅིག་ལ་རྣམ་པར་ཐ་དད་དུ་སྣང་བའི་ཚུལ་རྣམ་པར་འབྱེད་པ་སྟེ། རྣམ་ཤེས་འཁྲུལ་པའི་སྐྱོན་འཆོས་ཤིང་ཡེ་ཤེས་དྲི་བྲལ་གྱི་རང་བཞིན་ཏུ་སྐྱོབ་པའི་ཡོན་ཏན་གཉིས་ལྡན་གྱི་ཕྱིར་ན་བསྟན་བཅོས་ཞེས་བྱ་བ་སྟེ། དབུ་ཞབས་བཙལ་སླ་ཞིང་གཞུང་དོན་མདོར་བསྟན་གྱི་ཚུལ་དུ་བསྟན་པར་བཞེད་ནས་དོན་དང་བྱེད་ལས་ལས་མཚན་དུ་བཏགས་པར་མཛད་དོ། །དེའང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། འཁོར་བ་རྣམ་རྟོག་ཙམ་
ཉིད་དེ། །རྣམ་རྟོག་མེད་པ་ཐར་པ་ཡིན། །ཅེས་གསུངས་པ་ལྟར། འཁོར་འདས་སུ་སྒྲོ་བཏགས་པ་ནི་སེམས་རྣམ་པར་རྟོག་པའི་དྲི་བཅས་དང་དྲི་མེད་ལ་དབྱེ་བས་ཕྱེ་བ་ཙམ་ཡིན་པས། །ཚུལ་འདི་རྟོགས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཕྱག་འཚལ་ལོ་ཞེས་པ་བཤད་གཞིར་དྲང་། གང་གིས་འཚལ་ན་བསྟན་བཅོས་རྩོམ་པ་པོ་རང་བྱུང་རྡོ་རྗེས་སོ། །དུས་གང་དུ་འཚལ་ན་འདི་ཉིད་རྩོམ་པའི་ཐོག་མར་རོ། །ཡུལ་གང་ལ་འཚལ་ན་སྤང་བྱ་གློ་བུར་གྱི་སྒྲིབ་པ་གཉིས་སངས་ཤིང་རྟག་བྱ་དྲི་བྲལ་མཁྱེན་གཉིས་རབ་ཏུ་རྒྱས་པའི་སངས་རྒྱས་དང་། བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་གཞན་དོན་དུ་སེམས་དཔའ་རྒྱལ་བའི་སྲས་སུ་གྱུར་པ་དུས་གསུམ་དུ་གཤེགས་ཤིང་བཞུགས་པ་ཐམས་ཅད་ལའོ། །ཚུལ་ཇི་ལྟར་ན་སྒོ་གསུམ་གུས་ཤིང་དད་པའི་ཚུལ་གྱིས་སོ། །དགོས་པ་གང་གི་ཕྱིར་ན། རྒྱུད་ལ་
བསོད་ནམས་ཀྱི་ཚོགས་འཕེལ་ཞིང་བར་ཆད་ཞི་བས་རྩོམ་པའི་བྱ་བ་མཐའ་ཕྱིན་པར་འགྱུར་བ་དང་། འཕྲལ་ཡུན་གྱི་བདེ་བ་མངོན་མཐོ་དང་ངེས་པར་ལེགས་པའི་ཕུན་ཚོགས་འཐོབ་པར་འགྱུར་བ་སྟེ། རྒྱལ་བའི་ཡུམ་ལས། རིགས་ཀྱི་བུ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ་ཞེས་བརྗོད་ན། དེ་ཐམས་ཅད་སྡུག་བསྔལ་གྱི་མཐར་ཕྱིན་པར་འགྱུར་རོ་ཞེས་གསུངས་སོ། །གསུམ་པ་ནི། ཐོས་དང་ནས། བརྗོད་པར་བྱ། ཞེས་གསུངས་ཏེ། རྗེ་ཉིད་ངེས་དོན་དུ་སངས་རྒྱས་ཀྱི་རྣམ་ཐར་འཛིན་པ་ཡིན་ཀྱང་གདུལ་བྱ་བྱིས་པའི་སྐྱེ་བོ་རྗེས་སུ་བཟུང་པའི་སླད་དུ་སོ་སྐྱེའི་གང་ཟག་ལྟར་བསྟན་ཏེ། དྲི་མ་མེད་པའི་ཚུལ་ཁྲིམས་ཀྱི་བསླབ་པར་གཞིར་བཞག །ཐོག་མ་ཉིད་དུ་དགེ་བའི་་བཤེས་གཉེན་མཁས་ཤིང་གྲུབ་པ་བརྙེས་པ་དུ་མའི་ཞལ་སྔ་ནས་ཐོས་པ་ཕྱོགས་མེད་དུ་མཛད། བར་དུ་མནོ་བསམ་གྱི་རྟོག་དཔྱོད་ཞིབ་མོས་ཐོས་པའི་དོན་ཐུགས་སུ་ཆུད་པ་ལ་རབ་ཏུ་བརྟེན་ནས། མཐར་ཐོས་བསམ་གྱི་དོན་དེ་ཉིད་ནང་དུ་
ཚུལ་བཞིན་བསྒོམས་ཏེ་བསྒྲུབས་པས་འབྲས་བུ་ལ་ཡང་དག་པར་སྦྱོར་བའི་ཕྱིར། རང་བྱུང་རྡོ་རྗེ་བདག་ཉིད་ཕྱི་འདུ་འཛི། ནང་ཉོན་མོངས། གསང་བ་འཁྲུལ་རྟོགས་གི་རྣམ་པར་གཡེང་བས་དབེན་པར་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མཉམ་པར་བཞག་སྟེ་འདུག་པར་གྱུར་པ་ན། འཁྲུལ་གྲོལ་གྱི་ཆོས་ཚུལ་ཟབ་མོ་འདི་ཇི་བཞིན་རྟོགས་ནས་མཁྱེན་པའི་ཡེ་ཤེས་ལ་གསལ་བར་སྣང་བ་སྟེ། དེ་ཉིད་རྗེས་ཐོབ་དམིགས་པ་མེད་པའི་ཐུགས་རྗེས་སྐལ་ལྡན་གྱི་གདུལ་བྱ་གཞན་དོན་གྱིས་རྟོགས་པའི་ཕྱིར་ཆེད་དུ་བརྗོད་པར་བྱའོ། །ཞེས་གདམས་ངག་རྣམ་ཐར་གྱི་སྒོ་ནས་འདོམས་པའང་ཡིན་ནོ། །དེའང་སངས་རྒྱས་གཉིས་པ་དབྱིག་གཉེན་གྱི་ཞལ་ནས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཅེས་གསུངས་པ་ལྟར། གང་ཞིག་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པའི་རྟེན་གྱིས་གང་ཟག་གིས། ཐོག་མ་ཁོ་ནར་ཡོན་ཏན་གྱི་གཞི་རྟེན་ཚུལ་ཁྲིམས་དྲི་མ་མེད་པ་ཞིག་བསྲུང་དགོས་ཏེ། བཤེས་སྤྲིང་
ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་གཞི་རྟེན་ལགས་པར་ཐུབ་པས་གསུངས། །ཞེས་གསུངས། ཚུལ་ཁྲིམས་དང་ལྡན་པས་ཐོས་པ་རྒྱ་ཆེན་པོ་བྱ་དགོས་ཏེ། ཅིའི་ཕྱིར་ན། སངས་རྒྱས་ཐོབ་པ་ལ་བདག་མེད་གཉིས་ཀྱི་དོན་རྟོགས་དགོས། དེ་རྟོགས་པ་ལ་བཀའ་དང་བསྟན་བཅོས་ཀྱི་དོན་གོ་བའི་ལུང་དང་རིགས་པ་ཤེས་དགོས། དེ་ཤེས་པ་ལ་ཐོས་པ་བྱེད་དགོས། དེ་མ་བྱས་ན་བདག་མེད་གཉིས་ཀྱི་དོན་མི་རྟོགས། དེ་མ་རྟོགས་ན་བདག་མེད་ཀྱི་སྒོམ་མི་ཤེས། བདག་མེད་སྒོམ་མ་ཤེས་ན་སྒོམ་བྱས་ཀྱང་སྒོམ་བྱུང་གི་ཤེས་རབ་མི་སྐྱེ་དེ་མ་སྐྱེས་ན་འཕགས་པའི་མཐོང་ལམ་སྐྱེ་མི་སྲིད། དེ་མ་སྐྱེས་ན་སྒོམ་པ་མཐར་ཐུག་གི་སངས་རྒྱས་འཐོབ་པ་མི་སྲིད་པ་ཡིན་ཏེ། ཐེག་སྡུས་ལས། ཐོས་སོགས་བག་ཆགས་མེད་པར་ནི། །དེ་འབྲས་སྐྱེ་བར་མི་རིགས་ཕྱིར། །ཅེས་པ་ལ་སོགས་པ་མང་དུ་གསུངས་སོ། །དེས་ན་ཐོས་པའི་ཤེས་རབ་མེད་ན། བླང་དོར་གྱི་ཆ་མི་ཕྱེད་པས་བྱ་བ་གང་བྱེད་ཀྱང་སྟོབས་ཆུང་། སྐྱེ་བ་ཐམས་ཅད་དུ་དབང་པོ་
བརྟུལ་པོར་འགྱུར། སྒོམ་བྱས་ཀྱང་བདག་འཛིན་གྱི་རྩ་བ་མི་ཆོད། དེ་ལ་སོགས་པ་ཉེས་དམིགས་མང་ངོ་། །ཐོས་པ་དང་ལྡན་ན། ཤེས་བྱ་ལ་མཁས་པས་བློ་མི་རྨོངས། རང་གི་བློ་གྲོས་རྒྱས་པས་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ། སེམས་ཀྱི་རྒྱུད་རྣམ་པར་གྲོལ་བས་བློ་བདེ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ། ཚེ་རབས་ཐམས་ཅད་དུ་ཤེས་རབ་ཕུན་སུམ་ཚོགས། དབང་པོ་རྣོ་ཞིང་ཐོས་པ་འཛིན། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་དང་མཇལ་ཞིང་ཆོས་ཀྱི་དོན་ལ་འབེལ་བའི་གཏམ་བྱེད་པར་ནུས། རང་གི་ཤེས་སྒྲིབ་སྦྱོང་། གཞན་ལ་ཆོས་ཀྱི་འཁོར་ལོ་ཕྱིན་ཅི་མ་ལོག་པར་བསྐོར་བ་ལ་སོགས་པའི་ཡོན་ཏན་འབྱུང་སྟེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཞེས་གསུངས་པ་དང་། དཀོན་མཆོག་
བརྩེགས་པ་ལས་ཀྱང་། །ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་སྡིག་པ་སྤོང་བར་བྱེད། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཐོས་བསམ་གྱི་ཤེས་རབ་མེད་ཅིང་བདག་མེད་གཉིས་ཀྱི་དོན་མ་གོ་བར་བླུན་སྒོམ་བྱས་ན་ཏིང་ངེ་འཛིན་ཅུང་ཟད་ཐོས་ཀྱང་ཉོན་མོངས་པའི་རྩ་བ་སྤོང་མི་ནུས་པས་འཁོར་བར་ལྟུང་སྟེ། དཔེར་ན་མུ་སྟེགས་རིངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱིས་ལོ་བཅུ་གཉིས་སུ་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་མཐར་ཕྱིན་པར་སྐྱེས་པ་ལྟ་བུ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱིས། །དེས་ནི་བདག་ཏུ་འཛིན་པ་འཇིག་མི་བྱེད། །དེ་ནི་ཉོན་མོངས་ཕྱིར་ཞིང་རབ་འཁྲུགས་ཏེ། །ལྷག་སྤྱོད་འདི་ནི་ཏིང་འཛིན་བསྒོམ་པ་བཞིན། །ཞེས་གསུངས་སོ། །ཐོས་བསམ་གྱི་ཤེས་རབ་ཟབ་མོའི་མིག་ཐོབ་ནས་བསྒོམ་པ་དོན་དུ་གཉེར་བ་ལས་ཤིན་ཏུ་བརྩོན་པས་བྱ་དགོས་ཏེ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་
ལས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ནས་བསྒོམ་པ་ལ་ནི་སྦྱོར་བ་སྟེ། །དེ་ལས་དངོས་གྲུབ་བླ་ན་མེད་པ་ཐོབ། །ཅེས་གསུངས་པ་དང་། འཕགས་པ་བྱང་ཆུབ་སེམས་དཔའི་ས་བཅུ་བསྟན་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག །བྱང་ཆུབ་སེམས་དཔའ་ལས་དང་པོ་བ་དེ་ནི་ཐོག་མ་ཉིད་དུ་ཁ་ཐོན་དུ་བསྐུལ་བར་བྱའོ། །མང་དུ་ཐོས་ནས་དབེན་པ་ལ་བསྐུལ་བར་བྱའོ། །ཞེས་གསུངས། སྒོམ་པ་དང་མི་ལྡན་ན་སྐྱོན་ཅི་ཡོད་སྙམ་ན། སྒོམ་པ་དང་མི་ལྡན་པའི་ཐོས་བསམ་རྐྱང་པས་དོན་དམ་པའི་བདེན་པ་མངོན་སུམ་དུ་མི་རྟོགས་ཏེ། ཕལ་ཆེ་ལས། ཅི་ལྟར་བུ་རམ་མངར་བའི་རོ། །བཤད་པས་མྱང་བར་མི་འགྱུར་ཏེ། །ནམ་ཞིག་བུ་རམ་ཟོས་པ་ན། །མངར་བའི་རོ་ནི་མྱང་བ་བཞིན། །སྟོང་པ་ཉིད་ཀྱི་དོན་དེ་དག །བཤད་པས་རོ་ནི་མྱང་མི་འགྱུར། །ནམ་ཞིག་དེ་ལ་བཏུད་བསྒོམས་ན། །རང་རིག་དེ་ལ་སྐྱེ་བར་འགྱུར། །ཅེས་གསུངས་སོ། །དེས་ན་ཐར་པ་དོན་ཏུ་གཉེར་བའི་
གང་ཟག་རྣམས་ཀྱིས། དང་པོར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱིས་སྒོ་གསུམ་དག་པར་བྱས་ནས། དེ་ནས་ཐོས་པའི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད། རིག་པའི་སྒོ་ནས་བསམ་བྱུང་གི་ཤེས་རབ་ཀྱིས་ཐོས་པའི་དོན་དེ་འཁྲུལ་མ་འཁྲུལ་ཡང་ཡང་བསམ་ཞིང་གོམ་པར་བྱ། དེ་ནས་མ་འཁྲུལ་བའི་དོན་དེ་སྦྱོར་དངོས་རྗེས་གསུམ་དང་ལྡན་པར་བསྒོམས་ན་འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་སྦྱོར་ལམ་དུ་བདག་མེད་གསལ་སྣང་ཐོབ་ཅིང་། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་མཐོང་ལམ་དུ་བདག་མེད་མངོན་སུམ་གྱི་ཚུལ་གྱིས་མཐོང་ཞིང་། སྒོམ་ལམ་དུ་དེ་གོམ་པར་བྱས་ལ། གོམས་པ་མཐར་ཐུག་པས་ཐར་པ་དང་ཐམས་ཅད་མཁྱེན་པ་དེ་ཐོབ་པ་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། ཚུལ་ཁྲིམས་ལ་གནས་ཏིང་ངེ་འཛིན་འཐོབ་ཏེ། །ཏིང་འཛིན་ཐོབ་ནས་ཤེས་རབ་སྒོམ་པར་བྱེད། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་དག་འཐོབ། །ཡེ་ཤེས་རྣམ་དག་ཚུལ་ཁྲིམས་ཕུན་སུམ་ཚོགས། །ཞེས་གསུངས་ཏེ། དཔེར་
ན་ཞིང་དང་། ས་བོན་དང་། ཆུ་ལུད་དྲོད་གསུམ་ཚང་ནའབྲས་བུ་སྟོན་ཐོག་དེ་འབྱུང་ལ། ཅིག་མ་ཚང་ན་འབྲས་བུ་དེ་མི་འབྱུང་བ་བཞིན། ཚུལ་ཁྲིམས་ཀྱི་ས་གཞི། ཐོས་པའི་ས་བོན། བསམ་སྒོམ་གྱི་ཆུ་ལུད་དྲོད་གཤེར་ཐམས་ཅད་ཚང་ན་སངས་རྒྱས་ཀྱི་འབྲས་བུ་བདེ་བླག་ཏུ་སྨིན་པ་ཡིན་ནོ། །རྩ་བའི་གཉིས་པ་གཞུང་གི་དོན་ལ་གསུམ། རྣམ་ཤེས་ཀྱི་ཕྱོགས་བཤད་པ། ཡེ་ཤེས་ཀྱི་ཕྱོགས་བཤད་པ། །དེ་དག་གི་དོན་མདོར་བསྡུའོ། །དེའི་དང་པོ་ལ་བཞི། འཁྲུལ་དང་མ་འཁྲུལ་པའི་རྩ་བ་སེམས་ཉིད་དུ་བཤད་པ། སྣང་བ་སེམས་སུ་སྒྲུབ་པ། སེམས་སྐྱེ་མེད་དུ་བསྟན་པ། འཁྲུལ་པའི་རྒྱུ་རྐྱེན་ཚོགས་བརྒྱད་བཤད་པའོ། །དང་པོ་ལའང་གསུམ། གཞན་གྱིས་ལོག་པར་རྟོག་པ། རྒྱལ་བས་ཇི་ལྟར་བསྟན་པ། རང་གིས་རྟོགས་ནས་སྟོན་ཚུལ་ལོ། །དང་པོ་ནི། ཁམས་གསུམ་ནས། བསྐྱེད་ཅེས་སྨྲ། ཞེས་གསུངས་ཏེ། རྣམ་པར་ཤེས་པས་བསྡུས་པ་འཁྲུལ་བའི་རང་བཞིན་ཅན། འདོད་པ་དང་གཟུགས་དང་གཟུགས་མེད་པའི་
ཁམས་གསུམ་དུ་འཁོར་བའི་སེམས་ཅན་འདི་དག་ཐམས་ཅད་རྒྱུ་ཅི་ལས་བྱུང་བའི་ཚུལ་ནི། གྲུབ་མཐའ་ལ་མ་ཞུགས་པའི་བྱིས་པའི་སྐྱེ་བོ་རྣམས་ཀྱིས་རྟོག་དཔྱོད་མི་ཤེས་པས་ཅིའང་མ་རྟོགས་པ་དང་། གྲུབ་མཐའ་ལ་ཞུགས་པའི་མུ་སྟེགས་བྱེད་རྣམས་ཀྱིས་རྒྱུ་རྐྱེན་ལོག་པར་རྟོག་པ་དང་། ནང་པ་ཉན་ཐོས་པ་རྣམས་ཀྱིས་ཕྱོགས་ཙམ་རྟོགས་པ་ལས་སྣང་བ་སེམས། སེམས་སྟོང་ཉིད། སྟོང་ཉིད་རྟེན་འབྲེལ་དུ་འཆར་བའི་ཚུལ་ཡང་དག་པའི་དོན་ཇི་བཞིན་ཉིད་མ་རྟོགས་པས་སྒྲོ་སྐུར་མང་དུ་སྨྲ་བར་བྱེད་དོ། །དེའང་མུ་སྟེགས་གྲངས་ཅན་པ་རྣམས་ནི། བདེ་སྡུག་བཏང་སྙོམས་གསུམ་མམ། རྡུལ་མུན་པ་སྙིང་སྟོབས་གསུམ་ཆ་མཉམ་པའི་རྒྱུ་གཙོ་ཞེས་བྱ་བ་རྟག་པ། གཅིག་པུ། བེམ་པོ་ཡིན་པ། ལྐོག་ཏུ་གྱུར་པ། རྣམ་འཕྲུལ་སྤྲུལ་པ་ལ་མཐུ་ཐོགས་པ་མེད་པ་སྟེ། མཚན་ཉིད་ལྔ་དང་ལྡན་པ་ཡོད་པས། རྒྱུ་གཙོ་བོ་ལ་འབྲས་བུ་རྣམ་འགྱུར་ཡོད་པ་སྐྱེ་བས། བདག་ལས་བདག་སྐྱེ་བར་འདོད་པ་དང་དབང་ཕྱུག་པ་རྣམས་ནི། དབང་ཕྱུག་བྱ་བ་
གཅིག་པུ། རྟག་པ། གཡོ། ལྷ་ཡིན་པ། བཀུར་བྱ་ཡིན་པ། གཙང་བ། བྱེད་པ་པོ་ཡིན་པ། རང་དབང་ཅན་ཡིན་པ་སྟེ། །མཚན་ཉིད་བརྒྱད་དང་ལྡན་པ་གཅིག་ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱི་རྒྱུར་ཡོད་པས། །རྒྱུ་གཞན་ལས་འབྲས་བུ་གཞན་སྐྱེ་བར་འདོད་པ་དང་། ཁྱབ་འཇུག་པ་ལ་སོགས་ཀྱིས་ནི་མཚན་ཉིད་ལྔ་ལྡན་གྱི་བདག་དང་བྱེད་པ་པོ་གཞན་གྱི་ནུས་པ་གཉིས་ཀ་ལས་ཕྱི་ནང་གི་དངོས་པོ་རྣམས་བྱུང་བར་འདོད་པ་དང་། རྒྱང་ འཕེན ་པ་རྣམས་ཀྱིས་ནི། སྣོད་བཅུད་ཐམས་ཅད་རྒྱུ་མེད་པ་ལས་རང་བཞིན་གྱིས་བྱུང་བ་འདོད་དེ། ཇི་སྐད་དུ། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེ་མ་གཟང་རིང་རྣོ་བ་དང་། །རྨ་བྱའི་མདངས་ལེགས་གང་ཡིན་དེ་དག་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་ཟེར་ནས་འཇིག་རྟེན་མངོན་སུམ་གྱི་སྣང་ཚུལ་ཡང་རྒྱང་རིང་དུ་འདོར་བས་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་ནང་ནས་ཐ་ཆད་པའོ། །བྱེད་པོ་ཁས་ལེན་པ་ལའང་བོད་དུ་སྣོད་བཅུད་ལེགས་ཉེས་ཐམས་ཅད་སྒམ་
པ་ཕྱ་ཞེས་བྱ་བས་བྱས་པར་འདོད་པ་དང་། མུ་སྟེགས་པ་རྣམས་ཀྱིས་དབང་ཕྱུག་དང་། ཚངས་པ་དང་། ཁྱབ་འཇུག་གིས་བྱས་ཤིང་བདག་དང་འཇིག་རྟེན་བསྐྱེད་པ་ཡིན་ཞེས་སྨྲ་བར་བྱེད་དེ། དེ་དག་ནི་ལོག་པར་རྟོག་པའི་འཁྲུལ་པ་ཤ་སྟག་ཡིན་པས་རིང་དུ་འདོར་བར་བྱའོ། །ཡང་ནང་པའི་གྲུབ་མཐའ་བཞིའི་དང་པོ་ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་ཕྱི་རོལ་དུ་དོན་ཏུ་སྣང་བའི་དངོས་པོ་འདི་མི་བདེན་ཀྱང་། རྫས་རྡུལ་ཆ་ཤས་མེད་པ་དབང་པོའི་སྤྱོད་ཡུལ་མིན་པའི་དོན་དམ། །ནང་ཤེས་པ་སྐད་ཅིག་ཆ་མེད་སེམས་ཀྱི་རྡུལ་ཏེ་སྔ་མ་ལ་དངོས་པོ་གཞན་གྱིས་བཅོས་མི་ནུས་པ་དང། སེམས་རྡུལ་བློ་ཡིས་དཔྱོད་མི་ནུས་པས་རྟག་པ་དེ་འདུས་ནས་བསགས་རྡུལ་དབང་ཤེས་ཀྱི་ཡུལ་དུ་གྲུབ་པའི་ཀུན་རྫོབ་ཀྱི་དངོས་པོ་མི་རྟག་པའི་མཚན་ཉིད་འདི་གྲུབ་བོ་ཞེས། ཕྱི་རོལ་གྱི་དོན་གཟུགས་སྒྲ་དྲི་རོ་རེག་ཆོས་སོ་སོའི་རྡུལ་བདེན་པ་ཁས་ལེན་ནོ། །རྫས་རྡུལ་ལ་ཤེས་རབ་ཀྱིས་ཕྱོགས་དྲུག་གམ་བཅུར་ཕྱེ་བ་དང་། སེམས་རྡུལ་ལ་དུས་གསུམ་དུ་དབྱེ་ན་གྲུབ་པ་མེད་
པས་མི་འཐད་ལ། ཆ་ཤས་མེད་ན་རགས་པའང་རྩོམ་མི་ནུས་སོ། །ཡང་ཉན་ཐོས་མདོ་སྡེ་པས་ནི། ཕྱི་དོན་གཟུགས་སོགས་མངོན་སུམ་འདི་ནི་ཀུན་རྫོབ་ཡིན་པས་ཤེས་པ་ལ་མངོན་སུམ་དུ་མི་སྣང་སྟེ་དབང་པོ་དང་ཡུལ་འཕྲད་པ་ནའང་སྤོས་རྒྱའི་ཐལ་བའི་རི་མོ་འདྲ་བ་ཞིག་སྣང་བ་ཡིན་ལ། ཕྱི་དོན་རྣམ་པ་ཤེས་ལ་གཏོད་པར་བྱེད་པའི་དོན་རང་མཚན་པ་ནི་ཕག་གམ་ལྐོག་ན་མོ་ཡི་རྫས་སུ་བདེན་པར་ཡོད་པས། དེས་བདག་སྟེ་ནང་གང་ཟག་དང་ཕྱི་འཇིག་རྟེན་གྱི་ཁམས་སམ་ཡུལ་ཆོས་རྣམས་བསྐྱེད་པ་ཡིན་ཅེས་སྨྲའོ། །དེའང་མ་འཐད་དེ། ཕག་ན་མོ་དེ་ཤེས་པ་ལ་སྣང་ན་ཕག་ན་མོར་འགལ་ལ། མི་སྣང་ན་རྣམ་པ་ཡང་གཏོད་མི་ནུས་པར་འགྱུར་རོ། །གཉིས་པ་ནི། ཐམས་ཅད་ནས་རྣམས་ལ་གསུངས། ཞེས་པས་བསྟན་ཏེ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་པས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པ་རྫོགས་པའི་སངས་རྒྱས། འཇིག་རྟེན་ན་འགྲན་ཟླ་སྤངས་པའི་ཉག་མ་
གཅིག་པུ་དེས་ནི། ཁམས་གསུམ་པོ་འདི་དག་མ་རིག་པས་བསླད་པའི་སེམས་རྣམ་པར་རྟོགས་པའི་རང་གཟུགས་ཙམ་ལས་དོན་ལ་གྲུབ་པ་མེད་པར་གསུངས་ཏེ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་ས་བཅུ་པའི་མདོ་ལས་གསུངས་པ་དང་། ལངྐར་གཤེགས་པ་ལས་ཀྱང་། མེ་ལོང་ལ་ནི་གཟུགས་སྣང་ཡང་། །ཡིན་པ་མེད་པ་སྣང་བ་ལྟར། །སེམས་ཀྱི་སྣང་བ་མི་ཤེས་པར། །རྣམ་པར་རྟོག་པ་རྣམ་གཉིས་སྐྱེ། །རྣམ་རྟོག་བག་ཆགས་འབྲེལ་བ་ཡིས། །སྣ་ཚོགས་སེམས་ལས་བྱུང་བ་སྟེ། །མི་རྣམས་ལ་ནི་ཕ་རོལ་སྣང་། །འཇིག་རྟེན་ཁམས་ནི་སེམས་ཙམ་མོ། །ཞེས་གསུངས་པ་དང་། སྔགས་ལས་ཀྱང་། རིན་ཆེན་སེམས་ལས་ཕྱིར་གྱུར་བའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྣམ་པར་ཤེས་པའི་གནས་དོན་རྣམས། །ཕྱི་རོལ་གྱུར་པ་ཅུང་ཟད་མེད། །ཅེས་གསུངས་སོ། །དེས་ན་དངོས་པོ་འདི་རྣམས་མུ་སྟེགས་བྱེད་ཀྱི་འདོད་པ་ལྟར། བདག་ལས་ཀྱང་བདག་ཉིད་སྐྱེ་བ་མ་ཡིན་ཏེ་བདག་རང་གྲུབ་
ཟིན་ཡང་སྐྱེད་མི་དགོས་པ་དང་། གཞན་ལས་གཞན་སྐྱེ་བའང་མ་ཡིན་ཏེ། གཞན་ཅེས་པའང་བདག་ལ་ལྟོས་དགོས་ན་ལྟོས་གཞིའི་བདག་མེད་པར་སུ་ཞིག་གཞན་དུ་འཐད། འོན་ཀྱང་གཞན་གྱིས་གཞན་སྐྱེད་ན་ཉི་མས་མུན་པ་དང་རེ་ལྡེས་བུམ་པ་སོགས་བསྐྱེད་དགོས་པ་ལ་དེ་འདྲ་སྲིད་པ་མ་ཡིན་ནོ། །གཉིས་ཀ་འདུས་པ་ལས་ཀྱང་བསྐྱེད་པ་མིན་སྟེ་སྐྱོན་སྔ་མ་གཉིས་ཀར་འགྱུར་བའམ། ཡང་ན་བདག་གཞན་དུས་མཉམ་ནི་རྭ་གཡས་གཡོན་ལྟར་ཕན་ཚུན་རྒྱུ་རྐྱེན་དུ་མི་འཐད་དོ། །རྒྱུ་མེད་པ་ནི་དབང་པོའི་མངོན་སུམ་དུ་ས་བོན་ལས་མྱུ་གུར་སྐྱེ་བ་སོགས་མཐོང་བཞིན་པས་འཐད་པ་མིན་ལ། འོ་ན་ཇི་ལྟར་ཡིན་ཞེ་ན། འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ནི་དོན་དམ་པར་སྤྲོས་པའི་མཐའ་ལས་འདས་པའི་སྟོང་པ་ཉིད་ལ་ཀུན་རྫོབ་ཀྱི་སྣང་བར་རྒྱུ་དང་འབྲས་བུ་ཕན་ཚུན་གཅིག་ལ་གཅིག་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། གང་བརྟེན་ནས་བྱུང་བ་དེ་ཉིད་ལ་ནི། རང་གིས་ངོ་བོས་གྲུབ་པའི་བདེན་དངོས་ཀྱིས་སྟོང་པའོ། །
དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་རང་གི་ངོ་བོ་ཆུ་ཟླ་ལྟ་བུར་གཟུང་འཛིན་གཉིས་སུ་སྣང་བ་ནི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། སྣང་བ་ཙམ་དེ་ཉིད་ཀྱང་རང་བཞིན་གྱིས་སྤྲོས་པ་ཐམས་ཅད་དང་བྲལ་བ་རང་གི་ངོ་བོ་སྟོང་པ་ཉིད་དུ་བཞུགས་པ་ནི་ཆོས་ཉིད་དོན་དམ་པའི་བདེན་པ་ཡིན་ཏེ། ཡེ་ཤེས་སྙིང་པོས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་ཡིན། །ཞེས་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུད་པ་ལས་ཡང་། ཀུན་རྫོབ་ནི་གཉིས་སུ་སྣང་བའོ། །བདེན་པ་ནི་ཆུ་ཟླ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་མཚན་མ་ཐམས་ཅད་དང་བྲལ་བ་སྟེ། དེའི་གནས་ནི་སྟོང་པ་ཉིད་བཅོ་བརྒྱད་དོ། །ཞེས་གསུངས་སོ། །དེ་ལྟར་ཀུན་རྫོབ་གཉིས་སུ་སྣང་བ་དང་། དེའི་རང་བཞིན་སྟོང་པ་ཉིད་དོན་དམ་པའི་བདེན་པ་གཅིག་གམ་ཐ་དད་ཅེ་ན། གཅིག་པ་ཡང་མ་ཡིན་ཏེ། ཀུན་རྫོབ་བདེན་པ་འཁྲུལ་སྣང་དུ་གྲུབ་ཀྱང་དོན་དམ་དུ་མ་གྲུབ་ལ། དོན་དམ་བདེན་པ་ཆོས་ཉིད་དུ་གྲུབ་ཀྱང་ཀུན་རྫོབ་ཏུ་མ་གྲུབ་སྟེ། དཔེར་ན་ཆུ་ཟླར་སྣང་
བ་ཟླ་དངོས་སུ་མ་གྲུབ་ལ། ཟླ་དངོས་ཉིད་ཆུ་ཟླར་མ་གྲུབ་པ་བཞིན་ནོ། །གཅིག་པ་ཡིན་ན་ཀུན་རྫོབ་བདེན་པ་མཐོང་བས་དོན་དམ་བདེན་པ་མཐོང་བར་འགྱུར་བ་ལ་སོགས་པའི་སྐྱོན་བཞི་ཡོད་པར་དགོངས་འགྲེལ་ལས་གསུངས་སོ། །བདེན་གཉིས་ཐ་དད་པ་ཉིད་ཀྱང་མ་ཡིན་ཏེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པའི་ཚེ་དངོས་གནས་སུ་ཐག་པ་ཡོད་ལ་སྦྲུལ་མེད་ཀྱང་འཁྲུལ་སྣང་དུ་ཡོད་མེད་གཉིས་གཞི་གཅིག་ལ་ཚོགས་པས་ཐ་དད་མ་ཡིན་པ་ལྟར། ཀུན་རྫོབ་སྣང་བ་གང་དོན་དམ་སྟོང་ཉིད་དབྱེར་མེད་པས་ཐ་དད་དུ་གྲུབ་པ་མ་ཡིན་ནོ། །ཐ་དད་ཡིན་ན་དོན་དམ་བདེན་པ་ཀུན་རྫོབ་བདེན་པའི་ཆོས་ཉིད་མ་ཡིན་པར་འགྱུར་བ་ལ་སོགས་པ་སྐྱོན་བཞི་དགོངས་འགྲེལ་ལས་གསུངས་སོ། །དེས་ན་བདེན་པ་གཉིས་ནི་གཅིག་པ་ཉིད་དང་། ཐ་དད་པ་དང་རྣམ་པར་བྲལ་ཞིང་སྣང་སྟོང་དབྱེར་མེད་དུ་གནས་པ་ཡིན་ཏེ། ཡང་དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་
ཉིད་དོ། །ཞེས་གསུངས་སོ། །གཅིག་ཐ་དད་གཉིས་ཀ་མིན་པའི་རྫུན་པའང་མིན་ཏེ། ཀུན་རྫོབ་ནི་འཁྲུལ་ངོར་རྒྱུ་འབྲས་མི་བསླུ་བའི་ཕྱིར་དང། དོན་དམ་ནི་གནས་ལུགས་སུ་བདེན་པའི་ཕྱིར་རོ། །འོ་ན་གཉིས་ཀ་བདེན་པའོ་ཞེ་ན། ཀུན་རྫོབ་སྣང་ཡང་རང་བཞིན་མ་གྲུབ་པའི་སྟོང་པ་ཡིན་ལ། དོན་དམ་བློའི་སྤྱོད་ཡུལ་ལས་འདས་པས་བདེན་པར་གྲུབ་པའི་རྣམ་གཞག་རྣམ་པར་སྤངས་ཤིང་དམ་བཅའ་བྱར་མེད་དོ། །དཔེར་ན། སྒྱུ་མ་ནི་རྟ་གླང་གི་དངོས་པོར་བདེན་པར་མེད་ཀྱང་དེར་སྣང་བ་དང་། ལ་སོགས་པའི་ཁོངས་ནས། སྨྲིག་རྒྱུ། བྲག་ཆ། མིག་ཡོར། གཟུགས་བརྙན། འཇའ་ཚོན། སྤྲིན་གློག་རྣམས་མེད་བཞིན་ཏུ་སྣང་བ་དང་མཚུངས་པ་སྟེ། དབུ་མ་བྱང་ཆུབ་སེམས་འགྲེལ་ལས། མ་རིག་ནས་བརྩམས་རྒ་ཤིའི་བར། །མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། །བརྟེན་ནས་འབྱུང་བར་བྱ་བ་ནི། །ཁོ་བོས་རྨི་ལམ་སྒྱུ་འདྲར་འདོད། །ཅེས་པ་དང་། ན་རོ་པའི་ལྟ་བ་མདོར་བསྡུས་ལས་ཀྱང་། རང་རིག་སྤྲོས་བྲལ་དེ་ཉིད་ཀྱང་། །སྣང་ཞིང་
སྟོང་ལ་སྟོང་ཞིང་སྣང་། །དེ་ཕྱིར་སྣང་སྟོང་དབྱེར་མེད་དོ། །དཔེར་ན་ཆུ་ཡི་ཟླ་བ་བཞིན། །ཞེས་གསུངས་སོ། །དེས་ན་ཁམས་གསུམ་པོ་ཐམས་ཅད་དེ་ལྟ་བུར་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་ཚུལ་དེ་རྟོགས་པར་བྱེད་པའི་ཐབས་རྣམས་སེམས་ཅན་རྣམས་ལ་གསུངས་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ནས་གསལ་བརྗོད་བྱ། ཞེས་གསུངས་ཏེ། དེ་ལྟར་འཁྲུལ་པ་འཁོར་བ་རྣམ་ཤེས་ཀྱི་ཕྱོགས་དང་། མ་འཁྲུལ་པ་མྱང་འདས་ཡེ་ཤེས་ཀྱི་ཕྱོགས་གཉིས་པོའི་རྩ་བ་གང་ལས་ཇི་ལྟར་བྱུང་བ་ཡིན་ཅེས་རང་གིས་རྟོགས་ཤིང་གཞན་ལ་སྟོན་ནུས་པའང་རྒྱུ་རྐྱེན་རྟེན་འབྲེལ་ཟབ་མོ་ལ་བརྟེན་པ་ཡིན་ཏེ། དཔེར་ན། གཡའ་དག་པའི་མེ་ལོང་ལས་ནི་རང་གི་གཟུགས་བརྙན་བྱད་བཞིན་མཛེས་མི་མཛེས་རྟོགས་པ་ལྟར། བླ་མའི་མན་ངག་དང་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ལ་བརྟེན་ནས་ཐོས་བསམ་གྱི་ཤེས་རབ་བསྐྱེད་པས་བདེན་པ་གཉིས་ཀྱི་གནས་ཚུལ་གོ། དུ་བ་བྱུང་བ་ལས་མེ་ཡོད་པར་རྗེས་སུ་དཔོགས་པ་བཞིན་
སྒོམ་པའི་མངོན་རྟོགས་རྒྱུད་ལ་བསྐྱེད་པས་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱང་མཚོན་ཏེ། མདོར་ན་འཁོར་འདས་ཀྱི་ཆོས་ཐམས་ཅན་གདོད་ནས་སྤྲོས་པའི་མཐའ་ལས་འདས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ཅིའང་སྣང་བ་དེ་ཉིད། སྐྱེས་སྦྱང་ཤེས་རབ་ཟབ་མོ་ལ་བརྟེན་ནས་མ་ནོར་ཇི་བཞིན་རྟོགས་པར་གྱུར་པ་དེ། རྗེས་འཇུག་ལ་ཐུགས་བརྩེ་བས་བསྟན་བཅོས་འདིར་ནི་མ་སྦས་གསལ་བར་བརྗོད་པར་བྱའོ། །ཞེས་སོ། །གཉིས་པ་སྣང་བ་སེམས་སུ་བསྒྲུབ་པ་ལ་བཞི། འཇུག་ཤེས་ལྔའི་རྟེན་འབྲེལ་བཤད་ཅིང་དེ་སེམས་སུ་སྒྲུབ། སེམས་མ་ཡིན་པའི་ལོག་རྟོག་བསལ། བྱེད་པོ་གཞན་མེད་པའི་སྒྲུབ་བྱེད་བཀོད། དྲུག་པ་ཡིད་ཀྱི་འབྲེལ་བཤད་པའོ། །དང་པོ་ནི། སྒོ་ལྔའི་ནས་གྲུབ་པ་མེད། ཅེས་གསུངས་ཏེ། དེའང་རྒྱུའི་རྐྱེན་ཀུན་གཞིའི་རྣམ་ཤེས་ཉོན་ཡིད་དང་བཅས་པ་ལས་སྐྱེས་པའི། བདག་པོའི་རྐྱེན་མིག་རྣ་བ་སྣ་ལྕེ་ལུས་ཏེ་སྒོ་ལྔ་པོ་དེ་དང་འབྲེལ་བའི་རྣམ་པར་ཤེས་པ་དེ་མ་ཐག་པའི་ཡིད་དང་བཅས་པ་ནི། དམིགས་པའི་
རྐྱེན་སོ་སོའི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ལྔ་པོར་འཕྲད་ཅིང་འདུས་ཏེ་རེག་པ་ལ་བརྟེན་ནས། མཛེས་པ་སྙན་པ་སོགས་ཡུལ་འདོད་ཅིང་ཡིད་དུ་འོང་བ་བླངས་པས་ཉོན་མོངས་པ་འདོད་ཆགས་བསྐྱེད། མི་སྡུག་པ་དང་མི་སྙན་པ་སོགས་མི་འདོད་ལ་ཡིད་དུ་མི་འོང་བ་རྣམས་དོར་བས་ཞེ་སྡང་བསྐྱེད། བར་པ་བཏང་སྙོམས་ཀྱི་རང་བཞིན་མ་རྟོགས་པས་གཏི་མུག་བསྐྱེད་པས་ལས་བསགས། དེས་འཁོར་བར་འཁྱམས་པ་དེ་ཅིས་ལེན་ན། ཡུལ་སྣང་བདེན་ཞེན་བྱས་པས་ལེན་ནོ། །འོ་ན་གཟུང་ཡུལ་ལྔར་སྣང་བ་འདི་ལྟ་བུ་དག་ནི་རྒྱུ་རྐྱེན་གང་ལས་བྱུང་བ་ཡིན་ཅེ་ན། ཐོས་བསམ་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་མིག་དང་ལྡན་པས་ལེགས་པར་བརྟགས་ན། སེམས་རྣམ་པར་རིག་པའི་རྩལ་ལས་བྱུང་བའི་སྒོ་ལྔའི་ཤེས་པ་དེ་རྣམས་སོ་སོའི་ཡུལ་ལྔ་པོར་ཤར་བ་ཙམ་ལས་གཞན་ཏུ་གྱུར་པའི་རྒྱུ་རྐྱེན་ཉན་ཐོས་བྱེ་མདོས་འདོད་པའི་རྡུལ་ཕྲན་ནམ་ཕག་ན་མོ་དང་། སོགས་ཁོངས་ནས་མུ་སྟེགས་འདོད་པའི་བདག་དང་བྱེད་པ་པོ་ཕྱི་
རོལ་ན་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ཡང་། འཕགས་པ་ལྷའི་སྙིང་པོ་ཡེ་ཤེས་ཀུན་ལས་བཏུས་པ་ལས། ཆ་ཤས་ཅན་ཞེས་བྱར་མེད་ཅིང་། །ཕྱི་རོལ་དོན་དུ་གྲུབ་པ་མེད། །སོ་སོར་སྤང་བ་དམིགས་སུ་མེད། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །ཞེས་སོ། །གཉིས་པ་ནི། གང་ཚེ་ནས་འབྲེལ་མེད་ཕྱིར། ཅེས་གསུངས་ཏེ། གང་གི་ཚེ་ཕྱི་ཡུལ་གྱི་རྫས་གཟུགས་ལ་སོགས་པ་དེ་དག་ནང་མིག་ཤེས་སོགས་ལས་གཞན་པའི་དོན་བདེན་པར་ཡོད་ན་ཤེས་པ་དང་ཡུལ་གཉིས་བདག་ཉིད་གཅིག་པའི་འབྲེལ་བ་ཡོད་པ་མིན་ཅིང་། དེ་ལས་དེ་བྱུང་གི་འབྲེལ་པའང་མེད་པར་ཐལ། ཡུལ་ཤེས་ཀྱི་འཇུག་པས་བསྟན་ཏུ་མེད་ཅིང་རེག་གཟུགས་སུ་མ་གྲུབ་པས་ཐོགས་པ་མེད་པའི་རྣམ་པར་རིག་པ་ལས། དེ་དང་རྣམ་པ་འགལ་བ་བསྟན་མོད་ཐོགས་བཅས་ཀྱི་བེམ་པོའི་རྫས་མི་སྐྱེ་སྟེ། རྒྱུ་དངོས་མེད་ལས་འབྲས་བུ་དངོས་པོར་སྐྱེ་བ་རྫས་འགལ་བའི་ཕྱིར། གཏན་ཚིག་དེའི་ཕྱིར་ན་ཤེས་པ་དང་ཡུལ་གཉིས་དེ་ལས་དེ་བྱུང་གི་འབྲེལ་པ་མེད་པར་འདོད་དགོས་
སོ། །དངོས་སྨྲ་བས་དེ་ལྟར་འདོད་དོ་ཞེ་ན། དེ་ལྟ་ན་མིག་སོགས་ཤེས་པ་ལ་གཟུགས་སོགས་ཡུལ་རྣམས་ནི་སྣང་བར་མི་རིགས་པས་མི་སྣང་བར་ཐལ། དེ་གཉིས་འབྲེལ་བ་མེད་པའི་ཕྱིར་རོ། །དེར་སྣང་བ་ལ་ནི་དེའི་བདག་ཉིད་དམ། དེ་ལས་བྱུང་བ་ཡིན་པས་ཁྱབ་ལ། མ་འགྲེལ་ན་མི་སྣང་བས་ཀྱང་ཁྱབ་སྟེ། དཔེར་ན་རྨི་ལམ་དང་མ་མཐོང་བའི་དངོས་པོ་བཞིན་ནོ། །གཞན་ཡང་མིག་ཤེས་ཀྱིས་སྒྲ་མི་ཐོས་ཤིང་ལྕེ་ཤེས་ཀྱིས་གཟུགས་མི་མཐོང་བ་བཞིན་ནོ། །དོན་དེའི་ཕྱིར། ན་རོ་པའི་ལྟ་བ་མདོར་བསྡུས་ལས་ཀྱང་། སྣང་ཞིང་སྲིད་པའི་ཆོས་འདི་རྣམས། །རང་རིག་སེམས་ལས་གུད་ན་མེད། །སྣང་ཞིང་གསལ་བ་ཡིན་པའི་ཕྱིར། །དཔེར་ན་རང་རིག་ཉམས་མྱོང་བཞིན། །གལ་ཏེ་སེམས་དེ་མ་ཡིན་ན། །འབྲེལ་པ་མེད་ཕྱིར་མི་སྣང་ཐལ། །དེ་ལྟར་ཀུན་རྫོབ་གཏན་ལ་དབབ། །ཅེས་གསུངས་སོ། །གསུམ་པ་ནི། དེ་ཕྱིར་ནས་མིན་པར་རྟོགས། ཞེས་གསུངས་ཏེ། བཤད་མ་ཐག་པའི་གཏན་ཚིག་དེའི་ཕྱིར་ན། ཕྱིར་རོལ་
ཇི་ལྟར་སྣང་བ་འདི་དག་ནང་གི་ཤེས་པ་ལས་གཞན་པའི་ཡུལ་བདེན་པར་གྲུབ་པ་མེད་དེ། འདིའི་ངེས་པ་ཡང་ཐོག་མེད་ནས་གོམས་པའི་བག་ཆགས་ཀྱི་ཡིད་དེ་ཉིད་ལས་བྱུང་བའི་རང་གི་རྣམ་རྟོག་གི་ཡུལ་དུ་ཨུཏྤལ་འདུ་ཤེས་པའི་རིག་པ་དེ་རང་གི་བློ་ངོར་ཉམས་སུ་མྱོང་བ་བསལ་ལམ་མེར་འཆར་གྱི་དེ་དང་འབྲེལ་མེད་གཞན་གྱི་བློ་ངོའི་བུམ་པ་ལྟ་བུ་རང་ལ་མི་སྣང་བ་བཞིན་ཡིན་པའི་ཕྱིར་ན། ཕྲ་བ་ཆ་མེད་ཀྱི་རྡུལ་དང་རྒྱ་ཆེ་བ་རིའི་ལྗོངས་སོགས་ཕྱ་ལེ་བ་སྟེ་ཇི་ལྟར་སྣང་བ་ཤར་བ་དེ་དག་རང་ཉིད་ཡིན་ཏེ། གཏན་ཚིག་དང་རིག་པ་དེ་ཡི་དོན་གྱིས། ཕྱི་རོལ་ན་སེམས་ལས་གཞན་དུ་གྲུབ་པའི་དངོས་པོ་བདེན་པ་མེད་པའི་ཕྱིར། ཚངས་པ་དང་སོགས་ཁོངས་ནས་དབང་ཕྱུག་ཁྱབ་འཇུག་བདག་དང་རྡུལ་ཕྲན་ཕག་ན་མོ་དག་ནི་བྱེད་པ་པོ་ཡིན་པར་མི་འགྲུབ་ལ་དེ་ཀུན་སེམས་སྣང་ཙམ་ལས་བདེན་དངོས་ཅན་མིན་པར་རྟོགས་ཏེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུ་པདྨ་རྣམ་པར་རོལ་པས། འཇམ་དཔལ་ལ་སྨྲས་པ།
ཕྱིར་རོལ་གྱི་ཡུལ་རྣམས་བྱེད་པ་པོས་བྱས་སམ། ཅི་ལྟར་བལྟ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཕྱིར་རོལ་གྱི་ཡུལ་འདི་རྣམས་བྱེད་པ་པོས་བྱས་པ་མ་ཡིན་ཏེ། སེམས་རྣམ་པར་རྟོག་པའི་བག་ཆགས་མཐུ་བརྟས་པའི་དབང་གིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་དུ་བརྟས་ཀྱང་། རི་བོ་དང་། རྒྱ་མཚོ་དང་། ཉི་མ་ལ་སོགས་པ་སྲ་ཞིང་འཐས་པ་འདི་ལྟ་བུ་སྣང་དུ་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། རྣམ་པར་རྟོག་པ་བརྟས་པའི་དབང་གིས་འདི་ལྟར་དུ་སྣང་དུ་རུང་སྟེ། གྲོང་ཁྱེར་ཆེན་པོ་ཝ་ར་ཎ་སེར་རྒན་མོ་ཞིག་གིས་རང་གི་ལུས་སྟག་ཏུ་བསྒོམས་པས། གྲོང་ཁྱེར་གྱི་མི་ཐམས་ཅད་ཀྱིས་སྟག་ཏུ་མཐོང་ནས། མི་ཐམས་ཅད་བྲོས་ཏེ་གྲོང་ཁྱེར་སྟོང་པར་གྱུར་ཏོ། །དགེ་སློང་ཁ་ཅིག་རང་གི་ལུས་མི་གཙང་བར་བསྒོམས་པས་ཐམས་ཅད་རུལ་པ་དང་སུངས་པ་མཐོང་བ་བྱུང་ངོ་། །དེ་རྣམས་ཡུན་ཐུང་ངུས་ཀྱང་དེ་ལྟར་སྣང་ན། ཐོག་མ་མེད་པའི་བག་ཆགས་བརྟས་པས་ཅི་སྟེ་མི་སྣང་། ཞེས་བྱ་བ་ལ་
སོགས་པ་རྒྱ་ཆེར་གསུངས་སོ། །བཞི་པ་ནི། ཡིད་དང་ནས་དངོས་བདེན་མེད། ཅེས་གསུངས་ཏེ། ཚོགས་དྲུག་པ་ཡིད་དང་དེའི་ཡུལ་དུ་སྣང་བ་ཆོས་ཀྱི་འབྲེལ་པ་ཅི་ལྟར་འདོད་ཅེ་ན། དེ་ཡང་ཉིན་མོའི་དྲན་ཚོར་གྱི་བག་ཆགས་རྣམས་རང་ཉིད་གཉིད་ཀྱིས་ནོན་པའི་རྨི་ལམ་གྱི་དབང་ཡུལ་དུ་མངོན་སུམ་ལྟ་བུར་མཐོང་ཐོས་སུ་ཉམས་སུ་མྱང་བ་རྫུན་མེད་ཡིན་པ་བཞིན། ཡིད་ཀྱི་བག་ཆགས་སྔ་མར་བུམ་པའི་དྲན་པ་སྐྱེས་པ་དེ་ཉིད་དུ་འགག་ཀྱང་དེ་ལ་ཡང་རྣམ་རྟོག་ཕྱི་མས་སླར་ཡང་རིམ་པར་རྒྱུན་མཐུད་པའི་དམིགས་པ་ལ། མ་བརྟགས་པའི་ངོར་བུམ་པའོ་སྙམ་པའི་གཟུང་ཆོས་ཀྱི་བདེན་ཞེན་འཐས་པར་ཟད་ཀྱི་ཡིད་ལས་གཞན་པའི་ཆོས་ཀྱི་དངོས་པོ་ལོགས་སུ་བདེན་པར་གྲུབ་པ་མེད་དེ། རྨི་ལམ་ལ་རྡུལ་ཙམ་མ་གྲུབ་པར་སྣ་ཚོགས་སྣང་བའང་མེད་པ་ཁོ་ན་སྣང་བ་བཞིན། བུམ་པའི་བག་ཆགས་དང་དེའི་མཚན་ཉིད་དང་དེ་ལ་བདེན་རྟོག་སྐྱེ་བ་རྣམས་སྐད་ཅིག་དུ་མའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །གསུམ་པ་སེམས་སྐྱེ་མེད་དུ་བསྟན་པ་ལ་གཉིས།
དངོས་དང་། ལུང་གི་སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། དེ་ལྟར་ནས། གཉིས་མེད་མིན། ཅེས་གསུངས་ཏེ། འོ་ན་ཕྱིའི་དོན་བདེན་པར་མ་གྲུབ་ཀྱང་། ནང་གི་ཤེས་པ་གྲུབ་བམ་མ་གྲུབ་ཞེ་ན། མ་གྲུབ་སྟེ། །དཔེར་ན་ཕ་རི་བྱ་བ་དེ་ཚུར་རི་ལ་ལྟོས་པ་བཞིན། ཤེས་པ་ཤེས་བྱ་ལ་ལྟོས་པས། གཟུང་དོན་མེད་ན་འཛིན་པའི་ཤེས་པ་ཡང་མེད་པར་གྲུབ་སྟེ། མངོན་རྟོགས་རྒྱན་ལས། གལ་ཏེ་གཟུང་དོན་རང་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོས་སྟོང་པའི་བདག་ཉིད་དོ། །ཞེས་གསུངས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། བཟུང་བ་མེད་ན་དེར་འཛིན་མེད། །དེ་མེད་རྣམ་པར་ཤེས་པའང་མེད། །ཅེས་གསུངས་པ་དེ་ལྟར་གྱི་ཕྱིར་ན་ཚོགས་དྲུག་གི་ཤེས་པ་འདི་ལ་ཕྱི་རོལ་ཡུལ་གྱིས་བསྡུས་པའི་གཟུགས་སོགས་དོན་དུ་སྣང་བ་དང་། ནང་སེམས་ཅན་གྱིས་བསྡུས་པའི་མིག་དབང་སོགས་རྟེན་ཏུ་སྣང་བ་དང་། བདག་ཏུ་འཛིན་པའི་རྣམ་པར་ཤེས་པ་དང་། སེམས་ལས་བྱུང་
བ་ཡུལ་རྣམ་པར་རིག་པས་བླང་དོར་བྱེད་པ་སྟེ། མདོར་ན་སྣང་བའི་རྣམ་པ་གང་བྱུང་བ་འདི་རྣམས་སེམས་ཙམ་ཡིན་གྱི་རྒྱུ་གཞན་གྱིས་བྱས་པ་མ་ཡིན་ནམ་ཞེ་ན། བདག་ཅེས་བྱ་བ་གདོད་ནས་མ་གྲུབ་པས་བདག་གིས་བྱེད་པར་འགྱུར་བའང་མ་ཡིན། བདག་མེད་པ་ལ་གཞན་མི་འཐད་པས་ན་གཞན་དང་དེ་གཉིས་མེད་པས་གཉིས་ཀས་ཀྱང་མ་བསྐྱེད། བདག་གཞན་གཉིས་མེད་པའི་རྒྱུ་མེད་ཀྱིས་ཀྱང་བསྐྱེད་པ་མ་ཡིན་ཏེ། དབུ་མ་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། དེ་ཕྱིར་ནས་ སེམས་ཙམ་སྟེ། ཞེས་གསུངས་ཏེ། གོང་དུ་ཇི་སྐད་བཤད་པའི་རྒྱུ་མཚན་དེ་དག་གི་ཕྱིར་ན། རྒྱལ་བ་ཐམས་ཅད་མཁྱེན་པས་ཐེག་པ་ཆེན་པོའི་མདོ་སྡེ་སྤྱི་དང་། ཁྱད་པར་ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱིས་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ན་ཅི་སྙེད་པ། །དེ་སྙེད་
ཐམས་ཅད་སེམས་ཀྱིས་བྲིས། །ཞེས་སོགས་མཐའ་ཡས་པ་གསུངས་པ་སྟེ། འཁོར་བའི་ཆོས་ཐམས་ཅད་སེམས་འཁྲུལ་པའི་རང་གཟུགས་དང་། མྱང་འདས་ཀྱི་ཆོས་ཐམས་ཅད་སེམས་གཟུང་འཛིན་གྱི་དྲི་མ་དང་བྲལ་བའི་གཤིས་ལུགས་སྣང་བ་ཡིན་པས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལས་ཆོས་རྣམས་སེམས་ཙམ་དུ་གསུངས་པ་སྟེ། བྲམ་ཟེ་ཆེན་པོས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲེད་དང་མྱ་ངན་འདས་པ་ཡི། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོགས་གསུང་པ་ལྟར་རོ། །དོན་དེ་ཉིད་ལམ་གྱི་གནས་སྐབས་སུ་རྟགས་པའི་རིམ་པའང་དང་པོར་རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་བརྟེན་ནས་སེམས་ལས་གཞན་དུ་གྱུར་པའི་ཕྱི་རོལ་གྱི་དོན་མེད་པར་རྟོགས་ནས། དོན་མི་དམིགས་པ་སྐྱེའོ། །གཟུང་བ་མེད་ན་འཛིན་པ་མེད་པས། དོན་མི་དམིགས་པ་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་དུ་འཛིན་པ་ཡང་མི་དམིགས་པ་སྐྱེ་
སྟེ། དབུས་མཐའ་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་ནི། །མི་དམིགས་ངོ་བོ་ཉིད་དུ་གྲུབ། །ཅེས་གསུངས་སོ། །དེ་ལྟར་གཟུང་འཛིན་མ་གྲུབ་པའི་གནས་ལུགས་ཇི་བཞིན་དུ་རྟོགས་ན་ཆོས་ཀྱི་དབྱིངས་རྟོགས་པ་ཡིན་ཏེ། རྒྱན་ལས། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟགས། །བློ་དང་ལྡན་པ་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པ་ཆོས་ཀྱི་དབྱིངས་ལ་གནས། །ཞེས་གསུངས་པ་ཡིན་ནོ། །བཞི་པ་འཁྲུལ་བའི་རྒྱུ་རྐྱེན་ཚོགས་བརྒྱད་བཤད་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི་། འདི་ཡི་ནས་གསུངས་ཏེ། ཞེས་གསུངས་ཏེ། འཁོར་འདས་ཐམས་ཅད་སེམས་སུ་བཤད་པ་དེ་ལྟ་ན་ཡིན་ལུགས་ཇི་ལྟར་ཡིན་སྙམ་ན། དང་པོ་འཁོར་བ་འདི་ཡི་རྒྱུ་དང་རྐྱེན་དང་་དེ་གཉིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་བྱུང་བའི་ཚུལ་ཤེས་པར་གལ་ཆེ་བས། དེ་ཡི་ཚུལ་ནི། རྣམ་པར་ཤེས་པའི་ཚོགས་དྲུག་དང་། ཉོན་
མོངས་པ་ཅན་གྱི་ཡིད་དང་། ཀུན་གཞི་རྣམས་ཡིན་ནོ་ཞེས་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ལས་གསུངས་ཏེ། དེའང་ཀུན་གཞི་དེས་རྒྱུའི་རྐྱེན་བྱས་པས། ཚོགས་བདུན་འབྲས་བུར་གྱུར་པ་དེ་ལས་ཁམས་གསུམ་གྱི་ལས་དང་སྡུག་བསྔལ་ཐམས་ཅད་སོ་སོར་སྨིན་པ་དང་། ཡང་དེ་རྣམས་ཀྱི་བག་ཆགས་ཀུན་གཞི་ལ་བཞག་ནས་ཀུན་གཞིའི་ནུས་པ་བསྐྱེད་པས་ཀུན་གཞི་ཚོགས་བདུན་གྱི་འབྲས་ཞེས་ཀྱང་བྱ་སྟེ། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། ས་བོན་ཀུན་ལྡང་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ཉིད་འདོད། །ཅེས་གསུངས་སོ། །ཞར་བྱུང་དུ་ཤེས་པར་བྱ་བ་མྱ་ངན་ལས་འདས་པའི་རྟེན་འབྲེལ་ནི། དྲི་མ་མེད་པའི་ཆོས་སྐུའི་ཁམས་ད་ལྟར་ཡོད་པའི་ནུས་པས། ཕྱི་རོལ་ལྟར་སྣང་བའི་རྐྱེན་སངས་རྒྱས་ཀྱི་ཆོས་ཐོས་པས། ཆོས་སྐུའི་ཁམས་རང་ལ་ཡོད་པ་དང་། རང་གིས་ཐོབ་པར་ཡང་ནུས་ལ། ཡོན་ཏན་ཆེན་པོ་དང་ལྡན་པར་ཤེས་པའི་ཤེས་རབ་འབྱུང་ཞིང་གནས་དེ་ལ་དད་པར་འགྱུར་རོ། །དད་པ་ལ་བརྟེན་ནས་
མོས་པ་འབྱུང་ངོ་། །མོས་པ་ལས་ངེས་པར་འཇུག་པའི་བརྩོན་འགྲུས་འབྱུང་ངོ་། །དེ་ལ་བརྟེན་ནས་ཚོགས་གཉིས་བསགས་པས་དྲི་མ་དང་བྲལ་ལ་རྣམ་པར་དག་པའི་ཆོས་སྐུ་འབྱུང་སྟེ། རྒྱུད་བླ་མ་ལས། བསམ་མི་ཁྱབ་པའི་ཡུལ་འདི་ནི། །ཡོད་དང་བདག་འདྲས་ཐོབ་ནུས་དང་། །ཐོབ་པ་འདི་འདྲའི་ཕན་ཡོན་དང་། །ལྡན་ཞེས་དད་པས་མོས་པའི་ཕྱིར། །འདུན་བརྩོན་དྲན་དང་བསམ་གཏན་དང་། །ཤེས་རབ་ལ་སོགས་ཡོན་ཏན་སྣོད། །བྱང་ཆུབ་སེམས་ནི་དེ་དག་ལ། །རྟག་ཏུ་ཉེ་བར་གནས་པར་འགྱུར། །དེ་ནས་རྟག་ཏུ་ཉེར་གནས་པས། །རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག །བསོད་ནམས་ཕ་རོལ་ཕྱིན་རྫོགས་དང་། །ཡོངས་སུ་དག་པ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ཚོགས་དྲུག་བཤད་པ། དེ་མ་ཐག་རྐྱེན་ཉོན་ཡིད་བཅས་བཤད་པ། རྒྱུའི་རྐྱེན་ཀུན་གཞི་བཤད་པའོ། །དེའི་དང་པོ་ལའང་བཞི། ཚོགས་དྲུག་ངོས་བཟུང་བ། དམིགས་རྐྱེན་ངོས་བཟུང་བ། བདག་རྐྱེན་ངོས་བཟུང་བ། དེ་དག་
གང་ལས་བྱུང་བ་བཤད་པའོ། །དང་པོ་ནི། ཚོགས་དྲུག་ཤེས་པ་ནི། ཞེས་གསུངས་ཏེ། དེ་ལ་ཐོག་མར་གཟུང་འཛིན་ཉེ་བར་ལེན་པ་ཚོགས་དྲུག་གི་རྣམ་པར་ཤེས་པ་ནི་གང་ཞེ་ན། གཟུགས་འཛིན་པའི་མིག་གི་རྣམ་པར་ཤེས་པ་དང་། སྒྲ་འཛིན་པའི་རྣ་བའི་རྣམ་པར་ཤེས་པ་དང་། དྲི་འཛིན་པའི་སྣའི་རྣམ་པར་ཤེས་པ་དང་། རོ་འཛིན་པའི་ལྕེའི་རྣམ་པར་ཤེས་པ་དང་། རེག་བྱ་འཛིན་པའི་ལུས་ཀྱི་རྣམ་པར་ཤེས་པ་དང་། ཆོས་འཛིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་དྲུག་གོ །གཉིས་པ་ནི། དམིགས་རྐྱེན་ནས་ དྲུག་པོ་ཡིན། ཅེས་གསུང་ཏེ། རྣམ་ཤེས་དྲུག་པོ་དེ་རྣམས་ཀྱང་རང་བཞིན་གྱིས་ངོ་བོས་གྲུབ་པ་མི་སྲིད་ཅིང་རྐྱེན་བཞི་ལ་བརྟེན་ནས་འབྱུང་བ་སྟེ། དེའང་ཐོག་མར་དམིགས་པའི་རྐྱེན་ལ་ལྟོས་ཤིང་བལྟོས་བྱ་ཡུལ་དྲུག་ཡོད་པས་ལྟོས་བྱེད་རྣམ་ཤེས་ཀྱང་དྲུག་ཏུ་འགྱུར་ཏེ། དེ་དག་ཀྱང་གང་ཞེ་ན། གཟུགས་དང་སོགས་ཁོངས་ནས་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཏེ་ཡུལ་ལམ་དོན་ཏུ་གྲགས་པའི་རྣམ་གྲངས་ནི་དྲུག་པོ་དེ་
རྣམས་ཡིན་ནོ། །དེ་ལ་སྤྱིརཕུང་པོ་ལྔའི་དབང་དུ་བྱས་ནས་དབང་ཡུལ་རྣམས་རྐྱང་གཟུགས་ཀྱི་ཕུང་པོར་འདུ་སྟེ། རྒྱུའི་གཟུགས་ས་ཆུ་མེ་རླུང་གི་ཁམས་ཏེ་འབྱུང་བ་ཆེན་པོ་བཞི། འབྲས་བུའི་གཟུགས་འབྱུང་བ་བཞི་ལས་གྱུར་པ་དབང་པོ་ལྔ་དོན་ལྔ་དང་བཅུ། རྣམ་པར་རིགས་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་ཏུ་གསུངས་ཤིང་། འདིར་ནི་མིག་གི་ཡུལ་དུ་གྱུར་པའི་གཟུགས་ལ་སོགས་པའི་དོན་ལྔ་ལ་འཆད་དེ། དེ་དག་གི་ནང་གསེས་ཀྱི་དབྱེ་བ་ནི། མངོན་པ་མཛོད་ལས། གཟུགས་རྣམ་གཉིས་ཏེ་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །དྲི་ནི་རྣམ་བཞི་རོ་རྣམ་དྲུག །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་དང་། གཡེང་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲང་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་ཉིད། །ཅེས་སོགས་རྣམ་བཞག་རྒྱས་པར་འབྱུང་བ་དང་། ཆོས་ལ་འདུས་བྱས་དང་འདུས་མ་བྱས་གཉིས། །དེ་རེ་རེ་ལའང་བརྒྱད་བརྒྱད་དམ། འདུས་མ་བྱས་གསུམ་གྱི་རྣམ་གཞག་
སོགས་གཞན་ལས་ཤེས་པར་བྱའོ། །གསུམ་པ་ནི། བདག་རྐྱེན་ནས་དྭངས་པའོ། །ཞེས་གསུངས་ཏེ། རྣམ་ཤེས་དྲུག་གི་བདག་པོའི་རྐྱེན་ནི་སྐྱོན་མེད་ཀྱི་དབང་པོ་དྲུག་ཡིན་ཏེ། མིག་གི་དབང་པོ་ཟེར་མའི་མེ་ཏོག་ལྟ་བུ་དང་། རྣ་བའི་དབང་པོ་གྲོ་གའི་འཛེར་བུ་ལྟ་བུ། སྣའི་དབང་པོ་ཟངས་ཁབ་གཤིབས་པ་ལྟ་བུ། ལྕེའི་དབང་པོ་ཟླ་བ་ཕྱེད་དུ་བཀས་པ་ལྟ་བུ་སྟེ། །དབང་པོ་དེ་རྣམས་དབང་རྟེན་རྣམས་ཀྱི་ནང་ན་ཡོད་པར་འདོད་ཅིང་། ལུས་ཀྱི་དབང་པོ་བྱ་རེག་འཇམ་གྱི་པགས་པ་ལྟ་བུ་ལུས་ཐམས་ཅད་ལ་ཁྱབ་པར་བཤད་དོ། །དབང་པོ་ལྔ་ག་ཡུལ་གཟུགས་ཅན་དྭངས་པ། ཤེས་པ་ཡུལ་འཛིན་ནུས་སུ་བསྐྱེད་པའོ། །གཟུགས་ཅན་ཅེས་པའི་དོན་ནི། རྡུལ་ཕྲ་རབ་འདུས་པའམ་འབྱུང་བ་བཞིའི་རྒྱུ་ལས་བྱུང་བ་དང་། དྭངས་པ་ནི་མེ་ལོང་ལ་བཟུགས་བརྙན་གསལ་བ་ལྟར་རང་གི་གོ་སར་རྡུལ་གཞན་གྱིས་གོ་འགེགས་པར་རྣམ་པར་ཤེས་པ་དང་འབྲེལ་བས་ཡུལ་གསལ་བའི་དོན་ཏེ། འདིའང་ནང་གི་ས་བོན་ནམ་ནུས་པས་འབྲེལ་བ་ཡིན་པར་
བཤད། ཐེག་བསྡུས་སུ་ནི། ཀུན་གཞིའི་གཟུང་བའི་ཆ་དབང་པོ་ལྔར་སྣང་བ་ལ་བཞེད་དེ་ཐམས་ཅད་ཀྱང་འགལ་བ་མེད་དོ། །ཡིད་ཀྱི་དབང་པོ་ནི་དེ་མ་ཐག་པརཀུན་གཞི་ལ་སྐྱེ་བ་དང་འགག་པ་ཉིད་དང། དྲུག་པོ་འགག་མ་ཐག་པར་ཡིད་ཀྱི་ཁམས་སུ་བཤད་པ་དང་། ཀུན་གཞིའི་ནུས་པའི་བྱེ་བྲག་ལ་སོགས་པར་བཤད་ཀྱང་། དོན་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་སྒོ་བྱེད་པ་ཉིད་ཡིད་ཀྱི་སྐྱེ་མཆེད་དུ་རིགས་ཏེ། ཆོས་འདུས་བྱས་འདུས་མ་བྱས་ཀྱི་སྐྱེ་མཆེད་དང་དེ་གཉིས་ཡུལ་དང་ཡུལ་ཅན་དུ་རྟེན་ཅིང་འབྱུང་བའི་ཕྱིར་རོ། །བཞི་པ་ནི། གཉིས་ཀ་ ནས་ལ་བརྟེན་ཏེ། །ཞེས་གསུངས་ཏེ། དེ་ལྟར་ཡུལ་དྲུག་དབང་པོ་དྲུག་སྟེ་ཡུལ་ཡུལ་ཅན་གཉིས་ཀ་ཡང་སེམས་ལས་བྱུང་བ་མ་གཏོགས་པ་དོན་དམ་པར་གྲུབ་པ་མེད་དོ། །འོ་ན་སྣང་བ་འདི་ཅི་ཡིན་ཅེ་ན། ཕྱི་ཡུལ་དང་ནང་དབང་པོར་རབ་ཏུ་སྣང་བ་འདི་ནི། །ཐོག་མ་མེད་པའི་དུས་ནས་མ་རིག་པའི་དབང་གིས་བཟུང་འཛིན་གཉིས་སུ་མེད་པ་ལ་ཡོད་པར་རྟོགས་ནས་དེ་ཡི་བག་
ཆགས་ས་བོན་ཀུན་གཞི་ལ་བཞག་པའི་ཁམས་དེ་སད་པ་ལ་བརྟེན་ནས་སྣང་བ་ཡིན་ནོ། །ཕྱིའི་དོན་མཐོང་བའི་མིག་སོགས་རྣམ་པར་ཤེས་པ་ལྔ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་སྣང་ཡང་། འདི་ནི་ཀ་བའོ། བུམ་པའོ་སྙམ་པའི་ཁྱད་པར་མི་ཤེས་ཏེ། མིག་གི་རྣམ་པར་ཤེས་པས་སྔོན་པོ་ཤེས་ཀྱི། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ། །ཞེས་ལུང་ལས་འབྱུང་བས་སོ། །དེས་ན་དང་པོ་དབང་ཤེས་རྣམས་ལ་ཡུལ་རྣམས་སྣང་ཞིང་དེའི་ཁྱད་པར་ཤེས་པ་ནི་སེམས་བྱུང་འདུ་ཤེས་ཡིན་པས། སེམས་བྱུང་རྣམས་ཀྱི་ནང་ནས་ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས་ཀྱིས། གཟུགས་འདི་ནི་སྡུག་གོ །མི་སྡུག་གོ་སྙམ་པ་དང་། སྒྲ་འདི་སྙན་ནོ་མི་སྙན་ནོ་སྙམས་པ་ལ་སོགས་པར་འདུ་ཤེས་པ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་ནས་བྱུང་བ་ཡིན་ཏེ། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་གསུངས་སོ། །ཡིད་ཤེས་འདི་མི་འབྱུང་བའི་གནས་སྐབས་ནི། སློབ་དཔོན་དབྱིག་གཉེན་
གྱིས་སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །ཞེས་གནས་སྐབས་དེ་ལྔ་ན་ཡིད་ཤེས་རེ་ཞིག་ཀུན་གཞི་ལ་བསྡུས་པས་ཆོས་ལ་གཏོད་པ་མི་གསལ་བས། མི་འབྱུང་བའི་གནས་སྐབས་ཡིན་པར་གསུངས་པའང་ཤེས་པར་བྱའོ། །གཉིས་པ་དེ་མ་ཐག་རྐྱེན་ཉོན་ཡིད་དང་བཅས་བཤད་པ་ལ་གཉིས། མིང་གིས་མདོར་བསྟན། མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། དེ་མ་ཐག་དང་ཉོན་ཡིད་གཉིས། ཞེས་གསུངས་ཏེ། ཚོགས་དྲུག་སྐྱེ་འགག་གི་རྐྱེན་བཞིར་བཤད་པའི་དེ་མ་ཐག་རྐྱེན་བཞིར་བཤད་པའི་དེ་མ་ཐག་པའི་རྐྱེན་དེ་གང་ཡིན་སྙམ་ན། འདི་ལ་ཁ་ཅིག་དྲུག་པ་ཡིད་ཀྱི་ཆར་འདོད་པ་དང་། ཁ་ཅིག་དོན་ལ་མེད་པར་འདོད་ཡོད་ཀྱང་། དེས་ནི་ཉན་ཐོས་པ་ཚོགས་དྲུག་ལས་མི་འདོད་པའི་རྣམ་གཞག་ལ་བརྟེན་ནས། ཐེག་ཆེན་པ་ཚོགས་བརྒྱད་འདོད་པའི་ལུགས་མ་ཤེས་པར་ཟད་དོ། །དེས་ན་ཀུན་གཞི་ལ་གནས་པའི་ཡིད་ལ་ཆ་
གཉིས་སུ་བྱས་ཏེ། དེ་མ་ཐག་པའི་ཡིད་ཅེས་བྱ་བ་དང་། ཉོན་མོངས་པ་ཅན་གྱི་ཡིད་གཉིས་སུ་ཡོད་དོ། །གཉིས་པ་ལ་གསུམ། དེ་མ་ཐག་ཡིད་བཤད་པ། ཉོན་ཡིད་བཤད་པ། གཉིས་ཀའི་མཚན་ཉིད་མདོར་བསྡུ་བའོ། །དང་པོ་ནི། དྲུག་པོ་ནས་འདི་ཤེས་འགྱུར། ཅེས་གསུངས་ཏེ། དེ་མ་ཐག་པའི་ཡིད་ཀྱིས་བྱ་བ་ནི། རྣམ་པར་ཤེས་པ་ཚོགས་དྲུག་སྐྱེ་ན་ཡང་དེ་མ་ཐག་ཏུ་སྐྱེ་བའི་རྐྱེན་བྱེད། ཚོགས་དྲུག་འགགས་ན་ཡང་དེ་མ་ཐག་ཏུ་ཚོགས་དྲུག་གི་ནུས་པ་ས་བོན་ཀུན་གཞི་ལ་འཇོག་པའི་རྐྱེན་བྱེད་པའི་ཕྱིར། སྐྱེ་འགག་གཉིས་ཀའི་དེ་མ་ཐག་པའི་རྐྱེན་ཡིན་ནོ། །དེ་ཡང་ཚོགས་དྲུག་ནམ་འགགས་པ་ན་ཡིད་ཀྱི་ཁམས་དང་གཅིག་ཏུ་བཤད་པའི་དེ་མ་ཐག་པའི་རྣམ་པར་ཤེས་པས་ཀུན་གཞི་ལ་འཁྱེར་ཞིང་། ཡང་དེ་མ་ཐག་ཏུ་ས་བོན་ཐམས་ཅད་པ་ལས་ཆུ་ལས་རླབས་ཀྱི་རྐྱེན་བཞིན་དུ། ཀུན་གཞི་ལ་གནས་པའི་ཡིད་གཡོ་ཞིང་འཇུག་པས་དེ་མ་ཐག་པའི་ཡིད་འབྱུང་བ་སྟེ། ཚོགས་དྲུག་གི་རྐྱེན་གཅིག་ཏུ་འབྱུང་ན་དེ་མ་ཐག་པ་ཡང་
གཅིག་འབྱུང་གི་གཉིས་པ་མི་འབྱུང་ངོ་། །མང་པོ་འབྱུང་བའི་རྐྱེན་ཉེ་བར་གནས་ན་ཡང་དེ་སྙེད་ཅིག་འབྱུང་ངོ་། །དེས་ན་ཚོགས་དྲུག་པོ་སྔ་མ་འགགས་པ་ན་དེ་མ་ཐག་ཏུ་ཡང་ཕྱི་མའི་རྐྱེན་ཉེ་བར་སྦྱོར་བས་དེ་མ་ཐག་པ་ཡིན་ནོ། །དེའི་ཕྱིར་ཚོགས་དྲུག་སྐད་ཅིག་སྐྱེ་འགག་དུ་བྱེད་ཀྱི་གྲངས་བཞིན་དུ། དེ་མ་ཐག་པ་ཡང་གྲངས་དེ་དང་མཉམ་པར་འབྲེལ་ནས་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་དེ་གང་ལས་ཤེས་ཞེ་ན། ཞི་གནས་དང་ལྷག་མཐོང་ཟུང་འཇུག་གི་རྣལ་འབྱོར་དང་ལྡན་པའི་ཡིད་ཀྱིས་མངོན་སུམ་དང་ནི། རྒྱལ་བའི་བཀའ་ཟབ་ཅིང་རྒྱ་ཆེ་བའི་ཚུལ་རྣམས་ལས་ཡིད་འདི་རྗེས་སུ་དཔག་པས་ཤེས་པར་འགྱུར་རོ། །གཉིས་པ་ནི། འདི་ཡི་ནས་ཡིད་ཅེས་བྱ། ཞེས་གསུངས་ཏེ། དེ་མ་ཐག་པའི་ཡིད་འདི་ཡི་ཆ་ཤས་སུ་གྱུར་པ་ཉོན་ཡིད་ཅེས་གྲགས་པའང་ཀུན་གཞི་ལ་གནས་ནས་འབྱུང་སྟེ། དེའང་རང་གི་སེམས་ཉིད་དྲི་མ་མེད་པ་མ་རྟོགས་ཤིང་དྲི་མ་དང་བཅས་པའི་སེམས་ཉིད་ཀུན་གཞི་དེ་ལ་དམིགས་ནས་ངར་སེམས་པ་དང་། ང་རྒྱལ་ཏེ་མཆོག་
གོ་སྙམ་དུ་འཛིན་པ་དང་། ང་ལ་གཞན་ལས་གཅེས་པར་ཟུང་བའི་ཆགས་ཤིང་འཆུམ་པ་དང་། དེ་ཉིད་བདེན་མེད་དུ་མ་རྟོགས་པས་མ་རིག་པ་དང་བཅས་པ་སྟེ་ཉོན་མོངས་པ་བཞིས་རྟག་ཏུ་བགོས་པའི་ཕྱིར། གང་ཞིག་རིགས་པས་བརྟགས་ན་ཚུགས་མི་ཐུབ་པར་འཇིག་པར་འགྱུར་བའི་ཚོགས་ཏེ་གཞི་ཕུང་པོ་ལྔ་ལ་བདག་གིར་ཡིན་པར་འཛིན་པ་དང་། བདག་ཕུང་པོ་དང་ལྡན་པ་དང་། ཕུང་པོ་ལྔ་ལ་བདག་གནས་པ་དང་། ཕུང་པོ་ལྔ་བདག་ལས་བྱུང་བར་འཛིན་པས་ན་ཉི་ཤུ་དང་། དེའང་རེ་རེ་བཞིན་དུས་འདས་པ་དང་ད་ལྟར་དང་མ་འོངས་པ་གསུམ་དུ་ལོགས་ཞུགས་ཀྱིས་དྲུག་ཅུ་ཐམས་པ་དང་། སྤྱིར་རྟག་ཆད་གཉིས་སུ་འཛིན་པས་རེ་གཉིས་པོ་ཐམས་ཅད་བསྐྱེད་པའི་ཕྱིར། ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པ་ལས། དེ་ལ་གནས་ཏེ་རབ་འབྱུང་ཞིང་། །དེ་ལ་དམིགས་པས་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །བསྒྲིབས་ལ་ལུང་དུ་མ་བསྟན་པ། །ཉོན་མོངས་བཞི་དང་
རྟག་ཏུ་འགྲོགས། །ཞེས་གསུངས་ཏེ། འདི་ནི་རྣམ་པར་ཤེས་པ་ཉོན་མོངས་པའི་གནས་ཡིན་པས། འདི་ལ་ནི་ཚད་མ་མེད་ཅིང་ཚད་མ་མ་ཡིན་པའི་བློ་ཐམས་ཅད་སྐྱེ་བར་བྱེད་པ་ཡིན་ནོ། །འདིས་ནི་ཀུན་གཞི་བག་ཆགས་ཀྱིས་བསྒྲིབས་ལ་ངོ་བོ་ནི་ལུང་དུ་མ་བསྟན་པ་ཡིན་པས་ཀུན་བརྟགས་དང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་སྟེ་དེས་ན་ཡང་དག་པ་མ་ཡིན་པའི་ཀུན་རྟོགས་ཅེས་ཀྱང་བཤད་དོ། །འདི་ལས་ཁ་ནང་དུ་ལྟ་བའི་ཉོན་མོངས་པ་བསྒོམས་པས་སྤང་བར་བྱ་བ་རྣམས་འབྱུང་ཞིང་། འདིའི་རྐྱེན་གྱིས་ཚོགས་དྲུག་ཀྱང་དྲི་མ་ཅན་དུ་བྱས་པས་མཐོང་བས་སྤོང་བར་བྱ་བའི་ཉོན་མོངས་པ་ཁ་ཕྱིར་ལྟ་བ་རྣམས་འབྱུང་བ་ཡིན་ནོ། །གསུམ་པ་ནི། དྲུག་པོ་ ནས་ རྣམ་པར་གཉིས། ཞེས་གསུངས་ཏེ། དེ་གཉིས་ཀྱི་མཚན་ཉིད་མདོར་བསྡུས་ན་དྲུག་པོ་ཀུན་གཞི་ལ་འགག་མ་ཐག་པའི་ཡིད་ནི་རྣམ་ཤེས་ཚོགས་དྲུག་ཕྱི་མ་སྐྱེ་བར་བྱེད་པའི་གནས་སམ་མཚམས་སྦྱོར་བ་པོ་ཡིན་ལ། ཉོན་ཡིད་ཀྱིས་ནི་ཚོགས་དྲུག་ཉོན་མོངས་པ་ཅན་དུ་བྱེད་པའི་གནས་
སུ་འགྱུར་བས་ན། དེ་མ་ཐག་ཡིད་ནི་ཚོགས་དྲུག་སྐྱེད་པའི་ནུས་པར་རྡན་ལ། ཉོན་ཡིད་ཀྱིས་ནི་སྒྲུབས་པའི་ནུས་པ་དང་ལྡན་པ་དེའི་ཕྱིར། ཀུན་གཞི་ལ་གནས་པའི་ཡིད་དེ་ནི་རྣམ་པ་གཉིས་སུ་དབྱེ་བ་ཡིན་ནོ། །གལ་ཏེ་དེ་མ་ཐག་དེས་དད་པ་སོགས་རྣམ་བྱང་གི་ཤེས་པ་བསྐྱེད་ན་ནི་དེ་ཚེ་ཉོན་མོངས་པ་ཅན་མི་རྒྱུ་བས་དྲི་མ་མེད་པའི་ཡིད་ཅེས་མདོ་དག་ལས་གསུངས་སོ། །དེ་དག་གི་དོན་རྒྱས་པ་ཐེག་བསྡུས་ལས། དེ་ལ་ཡིད་ནི་རྣམ་པ་གཉིས། དེ་མ་ཐག་ཏུ་པར་རྐྱེན་བྱེད་པའི་གནས་སུ་གྱུར་པའི་ཕྱིར། རྣམ་པར་ཤེས་པ་འགག་མ་ཐག་པའི་ཡིད་ཅེས་བྱ་བ་རྣམ་པར་ཤེས་པ་སྐྱེ་བའི་གནས་དང་། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད། ཉོན་མོངས་པ་བཞི་པོ། འཇིགས་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པ་ང་རྒྱལ་དང་། བདག་ལ་ཆགས་པ་དང་། མ་རིག་པ་དང་རྟག་ཏུ་མཚུངས་བར་ལྡན་པ་སྟེ། དེ་ཡང་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་གནས་ཡིན་ནོ། རྣམ་པར་ཤེས་པ་ནི་གང་གནས་གཅིག་པོས་ནི་བསྐྱེད་ལ།
གཉིས་པས་ནི་ཉོན་མོངས་པ་ཅན་དུ་བྱས་ཏེ། ཡུལ་རྣམ་པར་རིག་པའི་ཕྱིར་རྣམ་པ་ཤེས་པའོ། དེ་མ་ཐག་པ་དང་ངར་སེམས་པའི་ཕྱིར་ཡིད་ནི་རྣམ་པ་གཉིས་སོ། །ཞེས་གསུངས་ཏེ། ཉོན་མོངས་པ་ནི་དེ་ངར་འཛིན་པའི་ཚིག་ཏེ། རྒྱུ་མཚན་འདིས་ན་ཁམས་གསུམ་དུ་འཁོར་བའི་འཁྲུལ་པ་ཐམས་ཅད་ཀྱི་རྩ་བ་ནི་འདི་ཡིན་ནོ། །དེའི་ཕྱིར་ཁམས་གསུམ་ལས་འདས་པའི་འགོག་པའི་སྙོམས་འཇུག་དང་། དགྲ་བཅོམ་པ་དང་། བྱང་སེམས་འཕགས་པའི་མཉམ་གཞག་ན་འདི་མེད་དོ། །འདུ་ཤེས་མེད་པའི་སྙོམས་འཇུག་ན་ཡོད་པའི་ཁྱད་པར་ཡང་ཤེས་པར་བྱའོ། །གསུམ་པ་རྒྱུའི་རྐྱེན་ཀུན་གཞི་བཤད་པ་ལ་གཉིས། མིང་གི་སྒོ་ནས་མདོར་བསྟན། ཁྱད་པར་གྱི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ཁྱད་པར་ ནས་ ཤེས་གསུངས་ཏེ། ཞེས་གསུངས་ཏེ། ཐེག་པ་ཆུང་ངུའི་བདག་མེད་རྟོགས་པའི་བློ་གྲོས་ལས་ཁྱད་པར་དུ་འཕགས་པ་ཆོས་ཉིད་ཀྱི་གནས་ལུགས་ཟབ་མོ་ཇི་བཞིན་རྟོག་པ་ནུས་པའི་བློ་གྲོས་དང་ལྡན་པའི་ཐེག་ཆེན་པ་རྣམས་ལ།
རྒྱལ་བ་ཐམས་ཅད་མཁྱེན་པས་ཚོགས་དྲུག་གི་རྒྱུའི་རྐྱེན་ཏུ་གྱུར་པ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་གསལ་བར་གསུངས་ཏེ། མངོན་པའི་མདོ་ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་དེ། །དམ་པ་དག་ལ་ངས་བཤད་དོ། །ཞེས་གསུངས་སོ། །དེའི་མཚན་ཉིད་མདོར་བསྡུས་པའང་སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་པའི་རབ་ཏུ་བྱེད་པ་ལས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །རྟག་ཏུ་རེག་དང་ཡིད་བྱེད་དང་། །ཚོར་དང་འདུ་ཤེས་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་བསྒྲིབས་ལུང་མ་བསྟན། །དེ་ནི་རྒྱུན་འབབས་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ །ཞེས་གསུངས་པ་ལྟར། ཀུན་ཏུ་རྟོགས་པའི་ཆོས་ཐམས་ཅད་འབྱུང་བའི་གཞིར་གྱུར་པས་ཀུན་གཞི་ཞེས་བྱ། དེ་ལ་རྣམ་པར་ཤེས་པའི་སྒྲ་དང་ལྡན་པ་ཇི་ལྟར་ཡིན་སྙམ་ན། དེ་བཞིན་ཉིད་དམ་བདེ་གཤེགས་སྙིང་པོ་ལའང་ཀུན་གཞིར་
བརྗོད་པའི་སྐབས་ཡོད་པས་ཁྱད་པར་དུ་འབྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་དོན་མཐོང་བ་ལ་བརྗོད་ན་འདིར་དོན་ཏུ་ཇི་ལྟར་བཞག་ཅེ་ན། རྣམ་སྨིན་དང་ས་བོན་ཐམས་ཅད་དང་ལྡན་པ་ཡུལ་དང་ཀུན་གཞིའི་གསལ་ཆ་ཡུལ་ཅན་ལྟར་གྱུར་ནས་རྣམ་པར་ཤེས་པ་ཚོགས་བདུན་གྱི་ཉེར་ལེན་ལས་ཕན་ཚུན་རྒྱུ་དང་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་ན་རྣམ་པར་ཤེས་པ་ཞེས་བྱའོ། །ཐམས་ཅད་དེར་བསགས་པའི་ཕྱིར་རྣམ་པར་སྨིན་པ་སྟེ་ཆར་ཆུ་ལས་རྒྱ་མཚོ་བཞིན་ནོ། །རྐྱེན་ཉེ་བར་བསྐྱེད་པ་ཐམས་ཅད་སྐྱེད་པའི་ཕྱིར་རྒྱུར་གྱུར་པའི་ཆ་ནས་ས་བོན་ཐམས་ཅད་པའོ། །ཀུན་ཏུ་འགྲོ་བའི་རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་དཔའ་དང་ལྔ་པོས་དུས་ཐམས་ཅད་དུ་བསྐོར་བས། སེམས་བྱུང་རྣམས་ཀྱང་རྣམ་པར་ཤེས་པའི་ཁྱད་པར་དུ་འགྱུར་བ་སྟེ། ཀུན་གཞིའི་འཁོར་ཚོར་བ་དེ་ནི་བཏང་སྙོམས་པ་ཡིན་ལ། ཀུན་གཞི་ཉིད་ནི་ངོ་བོ་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། །མེ་ལོང་གི་གསལ་བ་བཞིན་ནོ། །
རྒྱུན་འབབ་པའི་ཆུ་བོ་བཞིན་དུ་ཡུལ་དང་ཡུལ་ཅན་དང་དབང་པོའི་ས་བོན་རྒྱུན་ཆད་མེད་པར་འབབ་པ་ཡིན་ན། དགྲ་བཅོམ་ཉིད་ནི་དེ་ལྡོག་ཅེས་པ་ནི་སངས་རྒྱས་ལ་དགོངས་པ་སྟེ། ཉན་ཐོས་ཀྱི་དགྲ་བཅོམ་ལ་ནི་ཀུན་གཞི་ཡོད་པ་ཉིད་དོ། །འོན་ཀྱང་གང་ཟག་གི་བདག་ཏུ་འཛིན་པའི་ཉོན་ཡིད་ཀྱི་རྟེན་ལོག་པའི་ཆ་གཅིག་ལོག་པར་བཤད་དུ་རུང་ངོ་། །དེ་ལྟ་བུའི་ཀུན་གཞི་དེ་ནི་ཐེག་ཆུང་བ་རྣམས་ལ་མུ་སྟེགས་པའི་བདག་དང་དོན་གཅིག་པར་འཁྲུལ་དུ་དོགས་ནས་མ་བསྟན་པ་ཡིན་ཏེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་བས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཅེས་གསུངས་སོ། གཉིས་པ་ནི། འདི་ནི་ ནས་ ཞེས་ཀྱང་བྱ། ཞེས་གསུངས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ནི་ཁམས་གསུམ་དུ་འཁྲུལ་པའི་གཞི་དང་། དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡིན་པས་རྟེན་
གྱི་རྣམ་པར་ཤེས་པ་ཞེས་བརྗོད་པ་དང་། བག་ཆགས་ཀྱི་ས་བོན་དང་ལུས་ཐམས་ཅད་ཉེར་བར་ལེན་པའི་གནས་ཡིན་པས་གནས་ཀྱི་རྣམ་པར་ཤེས་པ་བརྗོད་པ་དང། གཞན་ཡང་དེ་ནི། བདག་དང་ཕུང་པོ་དང་འདོད་པ་དང་ལྟ་བ་བཞི་པོ་ཉེར་བར་ལེན་པས། ལུས་ཉིང་མཚམས་སྦྱོར་བ་སྦྲེལ་ཞིང་དེ་དག་མངོན་པར་འགྲུབ་པ་ཉེ་བར་འཛིན་པའི་ཕྱིར་ལེན་པའི་རྣམ་པར་ཤེས་པར་ཞེས་ཀྱང་གསུངས་སོ། །ཚོགས་བདུན་གྱིས་བསྐྱེད་པའི་ལས་དཀར་ནག་དང་ཡུལ་དབང་ཤེས་གསུམ་གྱི་ས་བོན་ཀུན་སོ་སོར་མ་འདྲེས་ཤིང་ངོ་བོ་དགེ་བའང་མི་དགེ་བར་ལུང་དུ་མ་བསྟན་པར་ཀུན་གཞི་དེར་བསགས་པས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། དཔེར་ན། ཆར་པ་ནི་ཆུ་བོར་འབབ་པའི་ཆུ་བོ་རྣམས་ཀྱང་རྒྱ་མཚོར་འབབ་ཅིང་བསགས་པ་ཇི་ལྟ་བ་བཞིན་ཡིན་ཏེ། དེའང་ཚོགས་དྲུག་ཆར་པ། ཡིད་ཀྱིས་ལས་བསགས་པ་ཆུ་བོ་ཀུན་གཞི་རྒྱ་མཚོ་ལྟ་བུའོ། །ལས་གང་ཡང་རུང་སྦྱོར་དངོས་རྗེས་གསུམ་རྫོགས་པ་ནི་ལས་བསགས་པ་
ཞེས་བྱ་སྟེ་འབྲས་བུ་ངེས་པར་འབྱིན་ནུས་ཅན་ཡིན་ལ། ལས་འགགས་ནས་དེའི་འབྲས་བུ་མ་སྨིན་པའི་བར་དེ་ལ་རྣམ་པར་སྨིན་པ་ཞེས་བརྗོད་པའང་ཤེས་པར་བྱའོ། །ཡང་རྐྱེན་ཚོགས་ན་དེ་མ་ཐག་ཏུ་རྒྱ་མཚོ་ལས་ཆུ་རླབས་གཡོ་ཞིང་འབྱུང་བ་བཞིན་དུ། ས་བོན་ཐམས་ཅད་པའི་ཀུན་གཞིའི་ལས་ཉོན་ཡིད་གཡོ་ཞིང་འབྱུང་བས་དེ་མ་ཐག་པའི་ཡིད་འབྱུང་སྟེ། ཀུན་གཞིའི་སྟེང་དུ་ཡོད་པའི་ས་བོན་རྣམས་ལ་འབྲས་བུ་སོ་སོར་མ་འདྲེས་པར་སྐྱེད་པར་བྱེད་པ་ཡིན་ཏེ། མངོན་པའི་མདོ་ལས། རྣམ་པར་ཤེས་པ་ཡིད་ལས་བྱུང་། །ཡིད་ནི་ཀུན་གཞི་ལས་བྱུང་སྟེ། །ཀུན་གཞི་ལ་ནི་ཆོས་རྣམས་ཀུན། །རྦ་རླབས་བཞིན་དུ་རྣམ་པར་གཡོ། །ཞེས་གསུངས་པ་དང་། མདོ་གཞན་ལས་ཀྱང་། ཇི་ལྟར་རླུང་གིས་བསྐྱོད་པའི་རྒྱ་མཚོ་ནི། །ཆུ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ། །ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་ལས། །རང་གི་ནུས་པ་རྣམ་ཤེས་ཙམ་ཞིག་འབྱུང་། །ཞེས་གསུངས་སོ། །དེས་ཕྱི་ནང་ཐམས་ཅད་སྐྱེད་པར་བྱེད་པས་ན་ས་བོན་ཀུན་
ལྡང་བའི་ཀུན་གཞི་ཡིན་པས་འདི་ལ་ནི་ཚོགས་དྲུག་གི་རྒྱུའི་རྐྱེན་ཞེས་བརྗོད་པ་ཡིན་ནོ། །ཐོས་སྒོམ་གྱི་ནུས་པས་ཚོགས་བདུན་ནང་དུ་ལོག་ན་བག་ཆགས་གསར་དུ་གསོག་པ་མེད་པས་ཆར་ཆུ་སྐོམ་པའི་རྒྱ་མཚོ་ལྟར་ཀུན་གཞི་སྐྱེད་པའི་རྒྱུ་མེད་པས་ཀུན་གཞི་དེ་ལྡོག་པའི་ཕྱིར། ཚོགས་བདུན་གྱི་རྐྱེན་ལ་ལྟོས་པས་རྐྱེན་གྱི་རྣམ་པར་ཤེས་པ་ཞེས་ཀྱང་གསུངས་པ་ཡིན་ནོ། །གཞན་ཡང་ཀུན་ནས་ཉོན་མོངས་པའི་ཆོས་དེ་རྣམས་ཀྱི་རྒྱུ་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་པ་ལྟར། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་དེའི་རྒྱུའི་རྐྱེན་དུ་རྣམ་པར་བཞག་སྟེ། རྒྱུའི་རྐྱེན་གཞན་མ་དམིགས་པའི་ཕྱིར་རོ། །དེ་དག་གི་ཚུལ་ཐེག་བསྡུས་ལས་རྒྱས་པར་འབྱུང་བ་ལྟར་འདི་ཡང་སྡུད་པའི་སྒྲས་ཞར་བྱུང་དུ་བསྟན་པ་གོ་དགོས་སོ། །དེ་ལྟར་བཤད་པའི་ཀུན་གཞི་དེ་དག་པའི་ཆ་ལ་རྣམ་བྱང་ཉིད་ཀྱི་རྒྱུའི་ཐ་སྙད་དུ་བརྗོད་པར་བྱེད་ན་རུང་གི །ཀུན་གཞིའི་རྣམ་པར་ཤེས་པ་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུར་
བཤད་ན་ནི་མི་རུང་སྟེ། རབ་ཏུ་མི་གནས་པའི་རྒྱུད་ལས། ཀུན་གཞི་ཀུན་གྱི་གཞི་ཡིན་ཀྱང་། །རྣམ་པར་བྱང་བའི་གཞི་མ་ཡིན། །ཅེས་གསུངས་སོ། །འོན་ཀྱང་འདི་ལ་བཤད་ཚུལ་མང་ངོ་། །འོ་ན་དཀར་པོའི་ཆོས་སངས་རྒྱས་ཀྱི་བྱང་ཆུབ་དང་དབྱེ་བ་མེད་པ་ཡང་དག་པའི་ལྟ་བ་ལ་བརྟེན་ནས་རྟོགས་པ་ཡང་ཀུན་གཞིའི་སྟེང་དུ་འཇོག་པ་མ་ཡིན་ནམ། རྣམ་པར་བྱང་བའི་ཆོས་དེ་དག་ཇི་ལྟར་བསྐྱེད་ཅེ་ན། འདི་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སེམས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྟེན་པ་སྟེ། དེའི་ཚུལ་རྒྱས་པ་ཀུན་མཁྱེན་རང་བྱུང་ཞབས་ཉིད་ཀྱིས་མཛད་པའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་འགྲེལ་པ་དང་བཅས་པ་ལས་རྟོགས་པར་བྱའོ། །གཞུང་དོན་གཉིས་པ་ཚོགས་བརྒྱད་གནས་གྱུར་པའི་ཡེ་ཤེས་སྐུ་དང་བཅས་པ་བཤད་པ་ལ་གཉིས། སྤྱི་དོན་མདོར་བསྟན། གཞུང་དོན་རྒྱས་པར་བཤད་པའོ། །དང་པོ་ནི། ཀུན་གཞིའི་རང་ངོ་མ་རིག་སྟེ་གཟུང་འཛིན་གཡོས་
པས་འཁྲུལ་པའི་རྒྱུ་བྱས་ནས། ཁམས་གསུམ་དུ་འཁོར་ཞིང་སེམས་ཅན་ཏུ་གདགས་པའི་བརྒལ་དཀའ་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་བྱུང་བ་ཡིན་ལ། སེམས་ཅན་གྱི་ཕུང་པོ་ལྔར་འཛིན་པའི་གློ་བུར་གྱི་དྲི་མ་དང་བྲལ་ནས་གནས་ཡོངས་སུ་གྱུར་པ་ནི་སྐུ་བཞིའི་བདག་ཉིད་ཅན་གྱི་ཡེ་ཤེས་ལྔར་ཤར་བ་སྟེ། མདོར་ན་སེམས་ཅན་དུ་གདགས་པའི་གཞི་ཕུང་པོ་ལྔ་དང་། དེའི་ཡང་ཉེར་ལེན་གྱི་རྒྱུ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཡིན་ལ། སངས་རྒྱས་ཀྱི་རྒྱུ་སེམས་ཅན་གྱི་ཕུང་པོ་ལྔ་གནས་འགྱུར་བ་ལས་བྱུང་བ་སྟེ། ཐེག་བསྡུས་ལས། ཡང་དབང་འབྱོར་བ་དུས་ཆོས་ཀྱི་སྐུ་ལ་དབང་འབྱོར་པ་ཐོབ་ཅེ་ན། མདོར་བསྡུ་ན་རྣམ་པ་ལྔས་འཐོབ་སྟེ། གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར་ཞིང་དང་། ལུས་དང་། མཚན་དང་། དཔེ་བྱད་བཟང་པོ་དང་། དབྱངས་མཐའ་ཡས་པ་དང་། སྤྱི་གཙུག་བལྟར་མི་མཐོང་བ་ལ་དབང་འབྱོར་པ་དང་། ཚོར་བའི་ཕུང་པོ་གནས་གྱུར་པའི་ཕྱིར། ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་པ་རྒྱ་ཆེ་བའི་བདེ་བར་
གནས་པ་ལ་དབང་འབྱོར་པ་དང་། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཐམས་ཅད་ཀྱིས་བསྟན་པ་ལ་དབང་འབྱོར་བ་དང་། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར། སྤྲུལ་པ་དང་། བསྒྱུར་བ་དང་། འཁོར་སྡུད་པ་དང་། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་པ་དང་། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཕྱིར། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོགས་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ལ་དབང་འབྱོར་པས། དབང་འབྱོར་པ་ཐོབ་པའོ། །ཞེས་གསུངས་ཏེ། དེ་ལ་ཕུང་པོ་བཞི་པོའི་གནས་གྱུར་ཚུལ་ལུང་དེ་ཉིད་ཀྱིས་གོ་བས། འདིར་རྣམ་པར་ཤེས་པ་གནས་གྱུར་པ་ལ་སངས་རྒྱས་ཀྱི་ཡེ་ཤེས་བཞིར་འགྱུར་བའི་ཚུལ་ཅུང་ཟད་བཤད་ན། དང་པོ་ཡེ་ཤེས་འཐོབ་པའི་རྒྱུ་བཞི་དང་། གནས་གྱུར་གྱི་རྒྱུ་བཞིར་གསུངས་ཏེ། དང་པོ་ནི། སྡེ་སྣོད་གསུམ་གྱི་ཆོས་ཐོས་ཤིང་འཛིན་པའི་ཤེས་རབ་ནི་མེ་ལོང་ལྟ་བུའི་རྒྱུ། སེམས་ཅན་ཐམས་ཅད་ལ་
སེམས་མཉམ་པ་ཉིད་སྒོམ་པ་ནི་མཉམ་ཉིད་ཡེ་ཤེས་ཀྱི་རྒྱུ། གཞན་ལ་ཆོས་སྟོན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྒྱུ། གཞན་གྱི་བྱ་བ་སྒྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་ཏེ། རྒྱན་ལས། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། ཡང་དག་ཆོས་རབ་སྟོན་ཕྱིར་དང་།། བྱ་བ་བསྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང་། །ཞེས་གསུངས་སོ། །གཉིས་པ་ནི། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཀུན་གཞི་ལ་གནས་པའི་ཡིད་གནས་གྱུར་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །ཡེ་ཤེས་དེ་དག་ཀྱང་བསྡུ་ན་ཇི་ལྟ་མཁྱེན་པ་དང་ཇི་སྙེད་མཁྱེན་པ་གཉིས་སུ་འདུ་སྟེ། དང་པོ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྣང་མེད་མཐར་ཐུག་པ་ནི་མཉམ་གཞག་ཇི་ལྟ་བ་མཁྱེན་པའི་ཡེ་
ཤེས་ཡིན་ཏེ། བདེན་གཉིས་ལས། གང་ཚེ་ཤེས་དང་ཤེས་བྱ་དག །བདག་ཉིད་རྗེས་སུ་མི་མཐོང་ན། །དེ་ཚེ་མཚན་མར་མི་འབྱུང་ཕྱིར། གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་གསུངས་པ་བཞིན་ནོ། །དུས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རྫས་རིགས་མ་ལུས་པ་ཐམས་ཅད་སྒྱུ་མ་ལྟ་བུར་མངོན་སུམ་དུ་རྟོགས་པ་ནི། རྗེས་ཐོབ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཡིན་ཏེ། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཅེས་གསུངས་སོ། །དེའང་སངས་རྒྱས་ཀྱི་ཡེ་ཤེས་ལ་མཉམ་རྗེས་རིས་སུ་བཅད་པ་མེད་ཀྱང་མཁྱེན་ཚུལ་ཙམ་ལས་བཏགས་པའོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ་དྲུག །མེ་ལོང་ཡེ་ཤེས་ཆོས་སྐུར་བཤད་པ། མཉམ་ཉིད་ཡེ་ཤེས་བཤད་པ། སོར་རྟོགས་ཡེ་ཤེས་བཤད་པ། དེ་གཉིས་ལོངས་སྐུར་བཤད་པ། བྱ་གྲུབ་ཡེ་ཤེས་སྤྲུལ་སྐུར་བཤད་པ། ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད་སྐུར་བཤད་པའོ། །དང་པོ་ལ་གཉིས། དག་བྱ་དག་བྱེད།
དག་འབྲས་སྐུ་ཡེ་བཤད་པའོ། །དང་པོ་ནི། ཕྱི་ནང་ ནས་ གསུངས་པ་ཡིན། ཅེས་གསུངས་ཏེ། བཤད་མ་ཐག་པ་ཕྱི་ཡུལ་དང་ནང་ཤེས་པ་ཀུན་གྱི་བདག་ཉིད་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་འདི་ཉིད་གཟུང་འཛིན་ཐམས་ཅད་ཀྱི་གཞིའམ་རྩ་བ་མ་རིག་པ་དངོས་ཉིད་སངས་རྒྱས་ཀྱི་ས་ལ་སྒྲིབ་པར་བྱེད་པས་ན་སྤང་བྱ་ཀུན་གྱི་རྩ་བ་ཡིན་ཏེ། འདི་སྤོང་བྱེད་ཀྱི་གཉེན་པོའང་འཇིག་རྟེན་པའི་བསམ་གཏན་གྱིས་ལྟ་ཅི་སྨོས། ཉན་རང་བདག་མེད་རྟོགས་བའི་ཤེས་རབ་མཐར་ཐུག་པས་ཀྱང་སྤང་མི་ནུས་ཏེ། ས་བཅུ་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་པར་བྱ་བར་གསུངས་པ་ཡིན་ནོ། །གཉིས་པ་ནི། གང་ཐེ་ ནས་ བརྗོད་པ་ཡིན། ཅེས་གསུངས་ཏེ། གང་གི་ཚེ་ཅི་ལའང་མ་ཆགས་ཤིང་གང་དུའང་ཐོགས་པ་མེད་པས་སྒྲིབ་པ་ཕྲ་ཞིང་ཕྲ་བའི་གཉེན་པོར་གྱུར་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་ཀུན་གཞི་རྣམ་པར་བཅོམ་ནས་ཀུན་གཞི་དེ་ལོག་པ་དེའི་ཚེ། སངས་རྒྱས་ཀྱི་མེ་ལོང་ལྟ་བུའི་ཡེ་
ཤེས་འགྱུར་བ་ཡིན་ཏེ། སྒྲ་དོན་ཀྱང་། དཔེར་ན་མེ་ལོང་གཡའ་དག་པ་ལ་བརྟེན་ནས་གཟུགས་བརྙན་འབྱུང་དུ་རུང་བ་བཞིན་དུ། མེ་ལོང་ལྟ་བུའི་ཡེ་ཤེས་ལས་ཀྱང་ཡེ་ཤེས་གཞན་གསུམ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཟུགས་བརྙན་གྱི་ཚུལ་དུ་འཆར་བའི་ཕྱིར་ཏེ། རྒྱན་ལས། ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་རོ། །ཞེས་གསུངས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་དེ་ལ་ནི་ཡེ་ཤེས་གཞན་ཀུན་དང་ཤེས་བྱ་ཐམས་ཅད་སྣང་ཡང་ངར་འཛིན་མེད་པ་དང་། རྒྱ་ཡོངས་སུ་མ་ཆད་པས་དུས་རྟག་ཏུ་ལྡན་པ་དང་། སྒྲིབ་པ་ཐམས་ཅད་དང་བྲལ་ཤིང་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པས་དོན་གྱིས་གཏད་པའི་རྣམ་པར་ཤེས་པ་ལ་མ་གཏད་པ། མི་ཤེས་པ་མེད་པས་ཤེས་བྱ་ཐམས་ཅད་རྟོགས་ཤིང་། དེ་ལ་ཁ་ཕྱིར་ཕྱོགས་པས་འཛིན་པའང་མིན་ཏེ། རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡིར་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་གསུངས་སོ། །ཡང་མ་དག་པའི་གནས་
སྐབས་ན་ཀུན་གཞིའི་རྣམ་ཤེས་ཀྱིས་ཡིད་ཞེས་གཞན་གྱི་རྟེན་བྱེད་པ་ལྟར། སངས་རྒྱས་ཀྱི་སར་མེ་ལོང་ལྟ་བུའི་ཡེ་ཤེས་གཞན་གསུམ་གྱི་རྟེན་བྱེད་པ་ཡིན་ཏེ། རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོགས། །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་གསུངས་སོ། །དེས་ན་ཡེ་ཤེས་གསུམ་པོ་ཀུན་གྱི་རྒྱུ་མཚན་ཉིད་ཡིན་པའི་ཕྱིར་དང་། །ཡེ་ཤེས་གཞན་གསུམ་དང་ལོངས་སྤྱོད་རྫོགས་པའི་སྐུ་སྐྱེད་པའི་ཕྱིར། ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཅེས་རྒྱན་ལས་གསུངས་པ་ཡིན་ནོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་འདི་ལ་ནི་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་ཐེག་བསྡུས་ལས། སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་ནས་ཆོས་ཀྱི་སྐུ་འཐོབ་པའི་ཕྱིར་རོ། །ཞེས་གསུངས་པ་དང་། དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་། ཀུན་གཞི་མེ་ལོང་ཡེ་ཤེས་
ཏེ། །དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་མཐའ་ཐུག་པ་སྤྲོས་པ་ཐམས་ཅད་ཞི་ཞིང་སྣང་བ་མེད་པའི་ཡེ་ཤེས་མཆོག་ཐོབ་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡིན་ཏེ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་དེ་མི་གཟིགས་སོ། །ཞེས་གསུངས་པ་དང་། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལའང་གཉིས། དག་བྱ་དག་བྱེད། དག་འབྲས་ཡེ་ཤེས་བཤད་པའོ། དང་པོ་ནི། ཉོན་མོངས་ ནས་ རབ་བཅོམ་ནས། ཞེས་གསུངས་ཏེ། ཀུན་གཞིའི་རྣམ་ཤེས་ལ་དམིགས་ནས་རྟག་ཏུ་ངར་བཏགས་པའི་རྣམ་པས་འཇུག་པས། བདག་ཏུ་ལྟ་བ། བདག་ཏུ་རྨོངས་པ། བདག་ལ་ཆགས་པ། བདག་ཏུ་ང་རྒྱལ་བ་སྟེ་ཉོན་མོངས་བཞི་
དང་རྟག་ཏུ་མཚུངས་པར་ལྡན་པས་ངོ་བོ་ཐར་བ་ཐོབ་པ་ལ་སྒྲིབ་ཅིང་ལུང་དུ་མ་བསྟན་པའི་མཚན་ཉིད་ཅན་ཉོན་མོངས་པ་ཅན་གྱི་ཡིད་དུ་གྲགས་པ་དེ་ནི། ཉོན་མོངས་པས་ནམ་ཡང་འཕྲོག་པར་མི་ནུས་པའི་ཕྱིར་སེང་གེ་ལྟ་བུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་བས་རབ་ཏུ་བཅོམ་ནས་འཁྲུལ་པའི་དྲི་མ་ལྡང་བ་མེད་པར་གྱུར་པ་ལས་མཉམ་ཉིད་ཡེ་ཤེས་འཐོབ་པར་འགྱུར་རོ། །དེའི་སྒྲ་དོན་ནི། སློབ་ལམ་དུ་བདག་གཞན་མཉམ་པ་ཉིད་དུ་སྒོམས་པས་སངས་རྒྱས་ཐོབ་པའི་ཚེ་སྲིད་ཞི་མཉམ་པ་ཉིད་དུ་མཁྱེན་པའི་ཡེ་ཤེས་སོ། །གཉིས་པ་ནི། མཐོང་སྒོམ་ ནས་ ཞེས་སུ་བརྗོད། ཅེས་གསུངས་ཏེ། ཁ་ཕྱིར་ལྟ་བའི་རགས་པ་ཀུན་བཏགས་ཀྱི་ཉོན་མོངས་ནི་མཐོང་ལམ་གྱིས་སྤངས་ཤིང་། ཁ་ནང་དུ་ལྟ་བའི་ཕྲ་བ་ལྷན་སྐྱེས་ཀྱི་ཉོན་མོངས་པ་ནི་སྒོམ་ལམ་གྱིས་སྤངས་པས་ཉོན་མོངས་པ་མེད་ཅིང་། ལམ་གྱི་དུས་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་དག་པ་དང་། འཁོར་འདས་གང་གི་ཡང་ཕྱོགས་སུ་མ་ལྷུང་བའི་སྲིད་ཞི་གཉིས་ལ་མི་
གནས་པའི་ཞི་བ་བསྒོམས་པས། སངས་རྒྱས་ཀྱི་སར་སྲིད་ཞི་མེད་ཅིང་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པས་མཉམ་ཉིད་ཀྱི་ཡེ་ཤེས་ཞེས་བརྗོད་པ་ཡིན་ཏེ། རྒྱན་ལས། སྒོམ་པ་དག་པས་སེམས་ཅན་ལ། །མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། །མི་གནས་ཞི་བ་བཞུགས་ཡང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཞེས་གསུངས་སོ། །སྐབས་འདིར་མཐོང་སྒོམ་གྱི་སྤང་བྱ་ལ་དབྱེ་ན་མཐོང་སྤང་ནི་ཀུན་བརྟགས་ཀྱི་ཉོན་མོངས་ཏེ་འཇིག་ལྟ། མཐར་ལྟ། ལོག་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་སྟེ་ལྔ་དང་། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་ལྔ་སྟེ་བཅུས་སྡུག་བསྔལ་དང་ཀུན་འབྱུང་། འགོག་པ་དང་ལམ་སྟེ་བདེན་པ་བཞིར་ལོག་པར་ཞུགས་པས་འདོད་ཁམས་ན་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་དགུ་བཞི་སོ་དྲུག་པ་ཚན་གཉིས་ཏེ་དེ་ཀུན་བསྡོམ་པས་བརྒྱ་དང་བཅུ་གཉིས་དང་། སྒོམ་སྤང་ནི་ལྷན་སྐྱེས་ཀྱི་ཉོན་མོངས་འདོད་ཆགས།
ཁོང་ཁྲོ། ང་རྒྱལ། མ་རིག །འཇིག་ལྟ། མཐར་ལྟ་དང་དྲུག་འདོད་ཁམས་ན་ཡོད་ཅིང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་སྤངས་པས་ལྔ་རེ་སྟེ། དེའང་བསམ་གཏན་བཞི་དང་གཟུགས་མེད་བཞིར་དབྱེ་བས་གོང་མ་བརྒྱད་ལ་བརྒྱད་ལྔ་བཞི་བཅུ། འདོད་ཁམས་ཀྱི་དྲུག་བསྣན་པས་ཞེ་དྲུག་དེ་རེ་རེ་ཡང་ཆུང་ངུའི་ཆུང་ངུ་ནས་ཆེན་པོའི་ཆེན་པོ་བར་དགུས་བསྒྱུར་བས་བཞི་བརྒྱ་དང་བཅུ་བཞིར་བཤད་དེ་ཞིབ་པར་གཞུང་གཞན་ལས་ཤེས་པར་བྱའོ། །གསུམ་པ་ལ་གཉིས། དག་བྱ་དག་བྱེད། དག་འབྲས་ཡེ་ཤེས་བཤད་པའོ། །དང་པོ་ནི། དེ་མ་ ནས་ བཅོམ་པས། ཞེས་གསུངས་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་སྐྱེ་འགག་བྱེད་པའི་གནས་གྱུར་གྱི་རྒྱུད་པ། དེ་དག་བྱེད་པའི་གནས་དེ་མ་ཐག་པའི་ཡིད་བྱ་བ་དེ་ནི་ཚོགས་དྲུག་བསྐྱེད་ཅིང་དེས་འཛིན་པས་འཛིན་པ་ཞེས་བྱ་བ་སྟེ། དེས་རྣམ་པར་རྟོག་པ་བསྐྱེད་པས་ན་མིང་དུ་རྣམ་རྟོག་ཅེས་བྱ་བའང་ཡིན་ཏེ། གང་ལྟར་ན་ཡང་རྣམ་པར་རྟོག་པ་དེ་ནི། ཆོས་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་
དང་སྟོང་པ་དང་བདག་མེད་པར་རྟོགས་པ་ཡང་དག་པའི་ཤེས་རབ་དང་། ཡུལ་དང་སེམས་ཀྱི་ཀུན་ཏུ་བརྟགས་པ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པའི་ཏིང་ངེ་འཛིན་གྱིས་བཅོམ་པས་སོ་སོར་རྟོག་པའི་ཡེ་ཤེས་སུ་འགྱུར་རོ། །དེའི་སྒྲ་དོན་ནི། ཤེས་བྱ་ཇི་སྙེད་པ་དེ་སྙེད་སོ་སོར་སྐད་ཅིག་གིས་མ་འདྲེས་པར་ཐོགས་པ་མེད་པར་མཁྱེན་པའི་ཡེ་ཤེས་ཏེ། རྒྱན་ལས། སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་སོ། །གཉིས་པ་ནི། བཟོད་པ་ ནས་ ཡེ་ཤེས་ཏེ། ཞེས་གསུངས་ཏེ། ས་བརྒྱད་པའི་སྐབས་སུ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་ཆེན་པོ་ཐོབ་པ་དེའི་ཚེ་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པ་ཡིན་ཏེ། རྒྱན་ལས། ཡིད་ནི་གཞན་དུ་གྱུར་པ་ནི། །འབྱོར་དང་མཐུན་ཕྱོགས་མི་རྟོག་པའི། །ཡེ་ཤེས་ཤིན་ཏུ་དྲི་མེད་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ཞེས་གསུངས་སོ། །ཡང་བརྒྱད་པ་དེར་དོན་དང་བཅས་པའི་འཛིན་པ་གནས་གྱུར་པས།
རང་ཉིད་ཞིང་ཁམས་རྣམ་པར་དག་པ་ལ་དབང་འབྱོར་པས་གདུལ་བྱ་གཞན་ལ་ཡང་ཇི་ལྟར་འདོད་པ་བཞིན་བདེ་བ་ཅན་མངོན་དགའ་སོགས་དང་མཚུངས་པའི་ཞིང་དག་པའི་ལོངས་སྤྱོད་རྣམས་སྟོན་པ་ལ་དབང་འབྱོར་ཐོབ་པ་ཡིན་ཏེ། ཡང་རྒྱན་ལས། དོན་བཅས་འཛིན་པ་གནས་གྱུར་ན། །ཇི་ལྟར་འདོད་པའི་ལོངས་སྤྱོད་རྣམས། །བསྟན་ཕྱིར་ཞིང་ནི་དག་པ་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ཞེས་གསུངས་སོ། །ཡང་ས་བརྒྱད་པ་དེར་རྟོགས་པ་ཡིད་ཤེས་གནས་གྱུར་པས་ས་དགུ་པར་འདས་མ་འོངས་ད་ལྟའི་དུས་རྣམས་ཀུན་ཏུ་ཡེ་ཤེས་ཆགས་ཐོགས་མེད་པར་འཇུག་པ་ལ་དབང་བ་དང་། ས་བཅུ་པར་གང་ལ་གང་འདུལ་གྱི་ཕྲིན་ལས་སྣ་ཚོགས་པ་རྣམས་གདུལ་བྱ་ཀུན་ལ་ཐོགས་པ་མེད་པར་འཇུག་པ་ལ་དབང་སྟེ། རྒྱན་ལས། རྣམ་རྟོག་གཞན་དུ་གྱུར་པའི་ཕྱིར། །དུས་རྣམས་ཀུན་ཏུ་ཡེ་ཤེས་དང་། །ལས་རྣམས་ཀུན་ཏུ་ཐོགས་མེད་པའི། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ཐམས་ཅད་དག་པ་ས་
གསུམ་དུ་ཚང་བར་འབྱུང་བའང་རྒྱན་ལས། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་པ། །དབང་དེ་རྣམ་པ་བཞི་ཡིན་ནོ། །དབང་དེ་མི་གཡོ་ལ་སོགས་ཀྱི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །གཅིག་ལས་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེར་འདོད་པ་ཡིན། །ཞེས་གསུངས་སོ། །དེ་ལྟ་བུའི་རྣམ་པར་རྟོག་པ་གནས་ཡོངས་སུ་གྱུར་པ་མཐར་ཐུག་པ་ནི་སངས་རྒྱས་ཀྱི་སར་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བྱ་བ་དེ་བཞིན་ཡིན་ནོ། །བཞི་པ་ནི། དེ་ལྟར་ ནས་ ཞེས་སུ་བརྗོད། ཅེས་གསུངས་ཏེ། དེ་ལྟར་བཤད་མ་ཐག་པའི་མཉམ་པ་ཉིད་དང་སོ་སོར་རྟོགས་པའི་ཡེ་ཤེས་གཉིས་པོ་འདི་ནི། ལམ་གྱི་སྐབས་སུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྒོམ་པ་དག་པ་དང་། སྲིད་ཞི་གཉིས་ལ་མི་གནས་པའི་ཤེས་རབ་ཀྱི་སྒོམ་པ་རྣམ་པར་དག་པ་ལས་བྱུང་བ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་དེའི་ངོ་བོ་ནི། མཐའ་གཉིས་ལ་མི་གནས་པའི་ཞི་བ་ཆེན་པོའི་ངང་དུ་བཞུགས་པ་ཡིན་ལ།
དེའི་གྲོགས་ནི་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་ཞིང་། བྱེད་ལས་ནི་གདུལ་བྱ་རྣམས་ལ་རང་རང་གང་ལྟར་མོས་པ་བཞིན། རྣམ་པར་སྣ་ཚོགས་པའི་སངས་རྒྱས་ཀྱི་སྤྲུལ་སྐུ་སྟོན་པར་མཛད་དེ། རྒྱན་ལས། དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་སྟོན། །ཞེས་གསུངས་སོ། །སོར་རྟོགས་ཡེ་ཤེས་ཀྱི་ངོ་བོ་ནི། ཤེས་བྱ་ཇི་སྙེད་པ་མ་ལུས་ཤིང་མ་འདྲེས་པར་རྟོགས་པ་ཡིན་ལ། བྱེད་ལས་ནི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཅི་འདོད་པའི་འབྱོར་བ་སྟོན་པ་དང་། ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པའི་ཕྱིར་གསུང་ཆོས་སྟོན་པ་སྟེ། དེ་ཡང་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་དབྱངས་ཆེན་པོའི་ཆར་པ་འཁོར་གྱི་དཀྱིལ་འཁོར་རྣམས་སུ་འབྱུང་ཞིང་འབེབས་པར་མཛད་པ་ཡིན་ཏེ། རྒྱན་ལས། འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་ཅིང་། །ཐེ་ཚོམ་
ཐམས་ཅད་གཅོད་པའི་ཕྱིར། །ཆོས་ཀྱི་ཆར་ནི་རབ་ཏུ་འབེབས། །ཞེས་གསུངས་སོ། །འབྲས་བུ་ནི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་རྣམས་དང་རང་ཉིད་ལྡན་ཞིང་གཞན་ལའང་སྐྱེད་པར་བྱེད་པས་དེ་རྣམས་ཀུན་གྱི་གཏེར་ཆེན་པོ་ལྟར་གྱུར་པ་ཡིན་ཏེ། རྒྱན་ལས། ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ནའོ། །ཞེས་གསུངས་སོ། །ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་ཕྱིར་མཉམ་ཉིད་དང་སོར་རྟོགས་ཡེ་ཤེས་གཉིས་པོ་ནི་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ་ཞེས་སུ་བརྗོད་པ་ཡིན་ནོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ནི་ངེས་པ་ལྔ་དང་ལྡན་པ་ཡིན་ཏེ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན་བཞུགས་པ། འཁོར་ངེས་པ་སར་གནས་ཀྱི་བྱང་སེམས་ཀྱིས་བསྐོར་བ་དང་། སྐུ་ངེས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་། ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག་སྟོན་ལ། དུས་ངེས་པ་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པ་ཡིན་ཏེ། །རྒྱན་ལས།
ལོངས་སྤྱོད་རྫོགས་པ་ཁམས་གསུམ་དུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་། །མཛད་པ་དག་ནི་ཐ་དད་དོ། །ཞེས་གསུངས་སོ། །ལྔ་པ་ལ་གཉིས། དག་བྱ་དག་བྱེད། དག་འབྲས་སྐུ་ཡི་བཤད་པའོ། །དང་པོ་ནི། སྒོ་ལྔ་ ནས་ རྟོགས་པ་ལས། ཞེས་གསུངས་ཏེ། མིག་སོགས་དབང་པོ་སྒོ་ལྔའི་རྣམ་པར་ཤེས་པ་དང་། དྲུག་པ་ཡིད་གྱི་ཆ་གཅིག་སྟེ་སྒོ་ལྔའི་ཤེས་པ་ཁ་ཕྱིར་ཕྱོགས་པའི་ཆ་གཅིག་བཅས། སྦྱོར་ལམ་གྱི་ཡང་དག་པའི་ཀུན་ཏུ་རྟོག་པ་ལས་སྐྱེས་པའི་མཐོང་པའི་ལམ་གྱིས་སྤོང་བར་བྱེད་པ་སྟེ། མཐོང་ལམ་དེའང་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་སྟེ། བདེན་བཞིའི་ཚུལ་གྱིས་ཡོད་པའི་བདེན་པ་ཀུན་རེ་རེ་ལའང་ཆོས་ཤེས་བཞི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་། རྗེས་སུ་ཤེས་པ་སྟེ། ཡེ་ཤེས་བཞི་བཞིའི་རྣམ་པ་ཅན་ཏུ་ཡོད་ལ། དེའང་ཆོས་ཤེས་པའི་བཟོད་པ་ན་སྡུག་བསྔལ་བདེན་པའི་ཆོས་ཉིད་མངོན་སུམ་དུ་མཐོང་
བའི་ཟག་མེད་ཀྱི་ཡེ་ཤེས་དེས་སྡུག་བསྔལ་མཐོང་སྤང་གང་ཡིན་སྤོང་བར་བྱེད་དོ། །ལ་སོགས་པའི་ཁོངས་ནས་སྡུག་བསྔལ་ལ་ཆོས་ཀྱི་ཤེས་པ་ནི་བཟོད་པ་དེའི་འཇུག་ཐོགས་ཏུ་རྣམ་པར་གྲོལ་བ་སྟེ་སྡུག་བསྔལ་མི་སྐྱེ་བ་ཤེས་པ་མངོན་དུ་བྱེད་དོ། །སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་ཡེ་ཤེས་སྔ་མ་དེ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ་ཞེས་རང་ལ་མངོན་སུམ་དུ་གྱུར་པའི་ཟག་མེད་ཀྱི་ཤེས་རབ་བོ། །སྡུག་བསྔལ་རྗེས་ཤེས་ནི་སྔ་མ་རྗེས་བཟོད་དེ་ཉིད་རྟོགས་ཤིང་འཛིན་པར་བྱེད་པའི་ཤེས་རབ་ཡིན་ནོ། །ཀུན་འབྱུང་སོགས་གསུམ་ལའང་དེ་ལྟར་འགྲེས་སྦྱར་བའི་ཡེ་ཤེས་བཅུ་དྲུག་ཏུ་འགྱུར་བ་དག་གིས་ཆོས་ཉིད་ཀྱི་དོན་སྔར་མ་མཐོང་བ་མངོན་སུམ་གསར་དུ་མཐོང་ཞིང་དོན་དམ་པའི་བདེན་པ་རྟོགས་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་སུ་འགྱུར་རོ། །དེའི་སྒྲ་དོན་ནི། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་ཐབས་སྣ་ཚོགས་པ་འབད་རྩོལ་མེད་པས་སེམས་ཅན་གྱི་དོན་བྱ་བ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་སོ། །གཉིས་པ་
ནི། དབང་པོ་ནས་སྐུ་ཆེན་པོ། ཞེས་གསུངས་ཏེ། དེ་ལྟར་མཐོང་ལམ་དུ་བདེན་པ་རྟོགས་ཤིང་ས་དང་པོ་ཐོབ་པ་དེའི་ཚེ་མིག་སོགས་ཀྱི་དབང་པོ་ལྔ་རྣམ་པར་ཤེས་པའི་འཁྲུལ་པ་རྣམས་དག་ཅིང་གནས་གྱུར་ནས་ནི། དབང་པོ་རེ་རེས་ཀྱང་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དོན་ལྔ་ལྔ་ལ་འཇུག་པས་དོན་ཀུན་ལ་དབང་པོ་རེ་རེ་བཞིན་འཇུག་པ་དང་། སའི་ཡོན་ཏན་ཐམས་ཅད་ཀྱི་ཐོག་མར་གྱུར་པ་རབ་ཏུ་དགའ་བ་ལ་གནས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་འབྱོར་བ་ཡིན་ཏེ། དེ་ཡང་ས་དང་པོ་དེར་དུས་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱའི་ཞལ་ལ་ལྟ་བ་དང་། སངས་རྒྱས་བརྒྱ་ལ་ཆོས་ཉན་པ་དང་། སྤྲུལ་བ་བརྒྱ་འགྱེད་པ་དང་། དུས་བསྐལ་པ་བརྒྱར་སྟོན་པ་དང་། སྔོན་དང་ཕྱི་མའི་མཐར་བརྒྱད་ཡེ་ཤེས་འཇུག་པ་དང་། །ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་པ་དང་། དེ་ཙམ་བརྒྱ་ལས་ལྡང་བ་དང་། ཞིང་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱ་འོད་ཀྱིས་གསལ་བར་བྱེད་པ་དང་། ཆོས་ཀྱི་སྒོ་མོ་བརྒྱ་འབྱེད་པ་དང་། རང་
གི་ལུས་བརྒྱར་སྟོན་པ་དང་། ལུས་རེ་རེ་ལ་ཡང་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བ་སྟོན་པ་ལ་དབང་བ་ཡིན་ཏེ། རྒྱན་ལས། དབང་པོ་ལྔ་རྣམས་གནས་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །ཞེས་གསུངས་སོ། །གཞན་ཡང་ས་གཉིས་པ་ལ་ཡོན་ཏན་སྟོང་ཕྲག་བཅུ་གཉིས། ས་གསུམ་པ་ལ་འབུམ་ཕྲག་བཅུ་གཉིས། ས་བཞི་ལ་བྱེ་བ་ཕྲག་བཅུ་གཉིས། ས་ལྔ་པ་ལ་བྱེ་བ་ཕྲག་བརྒྱ་བཅུ་གཉིས། ས་དྲུག་པ་བྱེ་བ་སྟོང་ཕྲག་བཅུ་གཉིས། ས་བདུན་པ་ལ་བྱེ་བ་འབུམ་ཕྲག་བཅུ་གཉིས། ས་བརྒྱད་པ་ལ་སངས་རྒྱས་ཀྱི་ཞིང་འབུམ་ཕྲག་བཅུའི་རྡུལ་གྲངས་དང་མཉམ་པ་བཅུ་གཉིས། ས་དགུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་གྲངས་དང་མཉམ་པ་བཅུ་གཉིས། ས་བཅུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་བྱེ་བ་ཕྲག་བཅུའི་རྡུལ་གྲངས་དང་མཉམ་པ་བཅུ་གཉིས་ཀྱི་སྔར་བཞིན་སངས་རྒྱས་ཀྱི་ཞལ་ལྟ་བ་ལ་སོགས་པ་ལ་དབང་འབྱོར་བར་འགྱུར་ཞེས་
མདོ་སྡེ་ས་བཅུ་པ་ལས་གསུངས་པའང་ཞལ་ལས་ཤེས་པར་བྱའོ། །དབང་འབྱོར་བ་དེ་ཉིད་མཐར་ཕྱིན་པས་སངས་རྒྱས་ཀྱི་སར་བྱ་བ་གྲུབ་པའི་ཡེ་ཤེས་བྱ་བ་ཡིན་ཏེ། ཡེ་ཤེས་དེའི་བྱེད་ལས་ནི་འཇིག་རྟེན་གྱི་ཁམས་རྣམས་ཀུན་ཏུ་སྤྲུལ་པ་རྣམ་པ་སྣ་ཚོགས་པ་དཔག་ཏུ་མེད་པ་བསམ་དུ་མེད་པ་མཐའ་ཡས་པ་སྤྲུལ་པས་སེམས་ཅན་ཀུན་གྱི་དོན་བསྒྲུབ་པའོ། །དེ་ལྟར་ཡིན་པར་ཡང་། རྒྱན་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པའོ། །ཞེས་གསུངས་སོ། །དེ་ལྟ་བུའི་བྱ་བ་གྲུབ་པའི་ཡེ་ཤེས་འདི་ནི་སྐུ་གསུམ་གྱི་ནང་ནས་སྤྲུལ་པའི་སྐུ་ཆེན་པོ་རྣམས་ཡིན་ནོ། །དེ་ལ་སངས་རྒྱས་སྤྲུལ་པའི་སྐུ་ནི་མཐའ་གཅིག་ཏུ་མ་ངེས་པའི་སྤྲུལ་པ་སྣ་ཚོགས་ཀྱིས་གཞན་དོན་མཛད་པ་ཡིན་ཏེ། དབྱེ་ན་མཆོག་གི་སྤྲུལ་པ་མཛད་པ་བཅུ་གཉིས་སྟོན་པ་ཐུབ་པ་ལྟ་བུ་དང་། བཟོའི་སྤྲུལ་པ་དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བ་ལ་གླུ་དབྱངས་མཁས་པར་སྤྲུལ་པ་ལྟ་བུ་
དང་། སྐྱེ་བའི་སྤྲུལ་པ་རི་དྭགས་རུ་རུར་སྤྲུལ་པ་ལྟ་བུ་ཡིན་ཏེ། རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་གསུངས་སོ། །དེ་ལྟར་སེམས་ཡོད་རྣམ་ཤེས་དག་པ་ལས་སྐུ་གསུམ་དུ་འགྱུར་བའི་ཚུལ་ཡང་། མདོ་སྡེ་གསེར་འོད་དམ་པ་ལས། ཀུན་གཞིའི་རྣམ་པར་ཤེས་པ་སྤངས་པས་ཆོས་ཀྱི་སྐུ་སྟོན་ཏོ། །དེ་ལ་གནས་པའི་ཡིད་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་དག་པས་སྤྲུལ་བའི་སྐུ་སྟོན་ཏོ། །ཞེས་གསུངས་སོ། །དྲུག་པ་ལ་གཉིས། དངོས་དང་། སྐུའི་མཐའ་དཔྱད་པའོ། །དང་པོ་ནི། སེམས་ཡིད་ ནས་ ཉིད་སྐུར་བཞེད། ཅེས་གསུངས་ཏེ། སེམས་ཀུན་གཞི་དང་། ཡིད་ཉོན་ཡིད་དང་། རྣམ་པར་ཤེས་པ་ཚོགས་དྲུག་པོ་རྣམས་དྲི་མ་བྲལ་ཞིང་གནས་ཡོངས་སུ་གྱུར་པའི་སྐུ་གསུམ་མཛད་པ་ཕྲིན་ལས་དང་བཅས་པ་རྣམས་ནི། ཆོས་ཐམས་ཅད་ཀྱི་དབྱིངས་གཟུང་འཛིན་གྱི་
སྤྲོས་པ་ཀུན་དང་བྲལ་བའི་དཀྱིལ་འཁོར་དུ་དབྱེར་མེད་གཅིག་ཏུ་རྫོགས་པ་དང་། འཁོར་བ་དང་མྱང་འདས་སུ་གདགས་པ་མེད་ཅིང་རིགས་དང་དོན་ཐ་དད་མེད་པ་དང་། ཐོག་མ་དང་ཐ་མ་མེད་པ་དང་། གཅིག་པ་དང་ཐ་དད་མ་ཡིན་པ་དང་། རྣམ་པ་དེ་དག་གི་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བ་རུ་བཞུགས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ངོ་བོ་ཉིད་ཀྱི་སྐུར་བཞེད་པ་ཡིན་ཏེ། རྒྱན་ལས། ཐ་དད་རིག་དོན་མེད་ཕྱིར་དང་། རྫོགས་པ་ཐོག་མ་མེད་ཕྱིར་དང་། སངས་རྒྱས་གཅིག་ཡིན་དྲི་མེད་གནས། ཐ་དད་མིན་ཕྱིར་གཅིག་པའང་མིན། །ཞེས་བྱ་བས་བསྟན་པར་བཞེད་དོ། །ཡེ་ཤེས་དེའི་སྒྲ་དོན་ནི། །སྒྲིབ་གཉིས་ཀྱི་སྤྲིན་ལས་གྲོལ་ཏེ་ནམ་མཁའ་དག་པ་དང་འདྲ་བར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་བཞིན་ཉིད་ལས་འཕགས་པའི་ཆོས་དང་ཡེ་ཤེས་རྣམས་འབྱུང་བའི་གནས་སུ་གྱུར་པ་སྟེ། མདོ་ལས། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་ལྡན་དག་མཚན་ཉིད་ཅན། །ཅེས་སོགས་གསུངས་སོ། །གཉིས་
པ་ནི། རྒྱལ་བས་ནས་གཉིས་ཞེས་བརྗོད། ཅེས་གསུངས་ཏེ། རྒྱལ་བ་ཐམས་ཅད་མཁྱེན་པས་ཐེག་པ་ཆེན་པོའི་གཞུང་གཞན་ཁ་ཅིག་ཏུ་ནི་དེ་ལྟར་བཤད་པ་འདི་ལ་ཆོས་ཀྱི་སྐུ་ཞེས་བསྟན་པ་ཡོད་པས། དེའི་ཚེ་ནི་གོང་དུ་བསྟན་པ་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་ངོ་བོ་ཉིད་སྐུའམ་ཡེ་ཤེས་ཀྱི་སྐུར་བརྗོད་ལ། མཉམ་ཉིད་སོར་རྟོག་བྱ་གྲུབ་སྟེ་ཡེ་ཤེས་གཞན་གསུམ་ནི་གཟུགས་སྐུ་ལོངས་སྤྲུལ་གཉིས་སུ་བརྗོད་དོ། །སྐབས་འདིར་ཐེག་ཆེན་གསུང་རབ་སྤྱིའི་ལུགས་སུ། རང་དོན་ཆོས་ཀྱི་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་ཏེ་སངས་རྒྱས་སྐུ་གསུམ་དུ་གྲངས་ངེས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདིར་རྟེན་དང་བཅས་པར་བསྟན། །ཅེས་གསུངས་པ་ལྟར་རོ། །གཞུང་ཁ་ཅིག་ཏུ་ངོ་བོ་ཉིད་སྐུར་གསུངས་པ་ཉིད་ཆོས་སྐུ་དང་དོན་གཅིག་མིང་གི་རྣམ་གྲངས་སུ་བཞེད་པའང་ཡོད་དེ། ཐེག་བསྡུས་ལས། དེ་ལ་ངོ་བོ་
ཉིད་ཀྱི་སྐུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་སྟེ་ཆོས་ཐམས་ཅད་ལ་དབང་སྒྱུར་བའི་གནས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །ཡང་དེ་གཉིས་དབྱིངས་དང་ཡེ་ཤེས་ཀྱི་ལྡོག་པས་ཕྱེ་བའི་དབང་དུ་བྱས་ནས། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་སྤང་བྱ་བློ་བུར་གྱི་དྲི་མ་དང་བྲལ་བའི་སངས་རྒྱས་ཀྱི་ཆོས་ནི་ངོ་བོ་ཉིད་ཀྱི་སྐུ་དང་། དེས་རྟོགས་པ་ཡོན་ཏན་གྱི་སྡེ་ཚན་ཉི་ཤུ་རྩ་གཅིག་ནི་རྟོགས་པ་ཆོས་སྐུ་ཞེས་དབྱེ་ཞིང་དེ་དག་ངོ་བོ་ནི་གཅིག་ཏུ་འདུ་སྟེ། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཅེས་གསུངས་པ་ལྟར་རོ། །མདོར་ན་དག་པ་གཉིས་ལྡན་གྱི་ཆ་ངོ་བོ་ཉིད་སྐུ་དང་། ཡེ་ཤེས་མཐར་ཐུག་པའི་ཆ་ཆོས་ཀྱི་སྐུར་ཕྱེ་བ་ཡིན་པས་སྐུ་གསུམ་དུ་འདུ་ཞིང་། དེར་མ་ཟད་རང་དོན་དོན་དམ་ཆོས་ཀྱི་སྐུ་དང་གཞན་དོན་ཀུན་རྫོབ་གཟུགས་ཀྱི་སྐུ་སྟེ་སྐུ་གཉིས་དང་། ཁྱབ་བྱེད་ཆོས་ཀྱི་དབྱིངས་ལས་མ་
གཏོགས་པའི་ཆོས་གཞན་མེད་པའི་ཕྱིར། ལྡོག་པ་ལ་དབྱེ་ན་ཐ་དད་ཀྱང་ངོ་བོ་ལ་དབྱེ་བ་བྱར་མེད་པ་ལ་དགོངས་ཏེ། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ནི་ཆོས་ཀྱི་བལྟ། །ཞེས་གསུངས་པས་ཆོས་སྐུ་གཅིག་པུར་ཡང་འདུ་བ་སོགས་དབྱེ་བསྡུ་མང་དུ་གསུངས་པ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་སྐུ་གསུམ་གཅིག་གམ་ཐ་དད་སྙམ་ན། ནམ་མཁའ་དང་ནམ་མཁའི་རང་བཞིན་ལ་དབྱེ་བར་བྱར་མེད་པ་བཞིན་དུ། ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་རྣམས་ཐ་དད་མེད་ལ། སངས་རྒྱས་རྣམས་ནི་སྔོན་གྱི་སེམས་ཅན་རེ་རེས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལས་བྱུང་བས་གཅིག་པ་ཡང་མ་ཡིན་ཏེ། རྒྱན་ལས། ཟག་མེད་དབྱིངས་ལ་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་པ་དང་། །སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། །སངས་རྒྱས་གཅིག་མིན་མང་པོའང་མིན། །ཞེས་གསུངས། འོན་ཀྱང་སངས་རྒྱས་རྣམས་ཀྱི་ཆོས་སྐུ་དང་ལོངས་སྐུ་ནི་གཅིག་ཡིན་ལ། སྤྲུལ་སྐུས་འགྲོ་དོན་མཛད་ཚུལ་སྔོན་གྱི་
སྨོན་ལམ་གྱི་རྗེས་སུ་འགྲོ་བས་ཐ་དད་པར་བཞེད་པའང་སྣང་ངོ་། །སངས་རྒྱས་སྐུ་གསུམ་པོ་དེའི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ནི་བསམ་གྱི་མི་ཁྱབ་ཅིང་རྩོལ་བ་དང་རྟོག་པ་མི་མངའ་བར་འཇིག་རྟེན་གྱི་ཁམས་ཇི་སྲིད་བར། གདུལ་བྱའི་བསམ་པ་དང་མཐུན་པར་ལྷུན་གྱིས་གྲུབ་པར་འཇུག་པ་དང་། ཉི་མའི་དཀྱིལ་འཁོར་དཔག་ཏུ་མེད་པ་ཤར་ཡང་དེ་ཐམས་ཅད་ཀྱི་བྱེད་ལས་ནི། འདམ་རྫབ་སྐམ། མུན་པ་བསལ། མྱུ་གུ་སྨིན་པར་བྱེད་པ་ལྟར། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱང་། འཁོར་བའི་འདམ་རྫབ་སྐོམ། མ་རིག་པའི་མུན་པ་སེལ། བྱང་ཆུབ་ཀྱི་མྱུ་གུ་སྨིན་པར་བྱེད་པས་སངས་རྒྱས་ཐམས་ཅད་ཕྲིན་ལས་གཅིག་ཏུ་འཇུག་པ་དང་། གདུལ་བྱ་འདུལ་བའི་དུས་ལ་བབས་པ་ན་སངས་རྒྱས་ཀྱི་ཕྲིན་ལས་དུས་ལས་ཡོལ་བ་མེད་ཅིང་ཕྲིན་ལས་དེའང་གང་ལ་གང་འདུལ་གྱི་ཚུལ་དུ་འབྱུང་བ་དང་། སེམས་ཅན་དཔག་ཏུ་མེད་པའི་དོན་བྱས་ཀྱང་སངས་རྒྱས་ཀྱི་ཕྲིན་ལས་ལ་ཟད་པ་མི་མངའ་ཞིང་སྐུ་གསུང་ཐུགས་ཀྱི་མཛད་པ་རྒྱ་ཆེ་ལ་ནམ་
མཁའ་དང་མཉམ་པ་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་ཆད་པར་འབྱུང་བ་ཡིན་ཏེ། དེ་དག་གི་ཚུལ་རྒྱས་པ་མདོ་སྡེ་རྒྱན་དང་རྒྱུད་བླ་མ་སོགས་ལས་ཤེས་པར་བྱའོ། །གསུམ་པ་དེ་དག་གི་དོན་མདོར་བསྡུ་བ་ནི། ཡེ་ཤེས་ ནས་ བདེན་པར་གསུངས། ཞེས་གསུངས་ཏེ། གོང་དུ་ཇི་སྐད་བཤད་པ་དེ་དག་གི་དོན་མདོར་བསྡུ་ན། སེམས་ཅན་ཐམས་ཅད་ཀུན་བརྟགས་གཟུང་འཛིན་གྱི་འཁྲུལ་པ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་ནས། གདོད་ནས་རང་བཞིན་གྱིས་བཞུགས་པའི་ཡེ་ཤེས་ལྔ་དང་སྐུ་བཞི་ཡི་རང་བཞིན་འགྱུར་བ་མེད་པར་མངོན་དུ་གྱུར་པ་ལ་སངས་རྒྱས་ཞེས་བྱ་བ་ཡིན་ཏེ། རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ལ་ནི་སངས་རྒྱས་སོ། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་བར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་སོ། །གཟུང་འཛིན་དུ་
སྣང་བའི་སེམས་དང་ཉོན་མོངས་པ་ཅན་གྱི་ཡིད་དང་རྣམ་པར་ཤེས་པའི་ཚོགས་དྲུག་གི་དྲི་མ་དང་ལྡན་པའི་ཀུན་གཞི་གང་ཡིན་པ་དེ་ནི་འཁྲུལ་པའི་རྩ་བ་དྲི་མ་དང་བཅས་པའི་ཀུན་གཞིའམ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ལ། ཚོགས་བརྒྱད་པོ་དེ་དག་གི་དྲི་མ་དང་ལྡན་བཞིན་ཏུ་རང་གི་ངོ་བོ་དྲི་མ་མེད་པའི་རང་བཞིན་དུ་བཞུགས་པ་ལ་ནི་རྒྱལ་བ་སྟེ། སངས་རྒྱས་ཀྱི་སྙིང་པོར་བརྗོད་ཅིང་དེ་ཉིད་གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ཏུ་འགྱུར་བ་མེད་པར་བཞུགས་སྟེ། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་ཕྱིར། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་པ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་སོ། །སངས་རྒྱས་ཀྱི་སྙིང་པོ་དེ་ལ་སྒྲིབ་པར་བྱེད་པ་ནི་མ་དག་པའི་ཀུན་ཏུ་རྟོག་པ་སྟེ། དེའང་འཕགས་པ་ཀླུས། དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་དུ་བ་ཁུག་རྣ་དང་། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་
སེམས། །འདོད་དང་གནས་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཅེས་གསུངས་པ་དང་། རྒྱལ་བ་བྱམས་པས། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང་། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་འཇིག་རྟེན་པའི་སྐྱེ་བོ། མུ་སྟེགས། ཉན་ཐོས། རང་རྒྱལ་བཞིའི་རྒྱུད་ལ་ཡོད་པ་མ་དག་པའི་སྒྲིབ་རྟག་རྣམ་པ་བཞི་སྟེ། དེ་རྣམས་འཇོམས་པར་བྱེད་པའི་གཉེན་པོའང་། དག་རྒྱུ་ལྷག་པར་མོས་པ་ལ། །སོགས་པའི་ཆོས་ནི་རྣམ་པ་བཞི། །ཞེས་སོགས་གསུངས་པ་ལྟར། ཡང་དག་པའི་ཀུན་ཏུ་རྟོག་པ་ལས་སྐྱེས་པའི་ཐེག་པ་ཆེན་པོ་ལ་མོས་ཤིང་དད་པའི་ས་བོན་བདག་མེད་རྟོག་པའི་ཤེས་རབ་ཀྱིས་བསམ་གཏན་ཏིང་ངེ་འཛིན་གྱི་མངལ་སྙིང་རྗེ་ཆེན་པོ་སྐྱེ་སྲིད་པའི་མ་མ་ལྟ་བུ་རྣམས་དང་ལྡན་པ་ལས་ལམ་ཞུགས་རྒྱལ་བའི་སྲས་པོར་འགྱུར་ཅིང་རིམ་གྱིས་ལམ་གོང་
ནས་གོང་དུ་འཕགས་པའི་རབ་ཀྱི་དབང་པོ་འཛིན་པ་ནི་ལམ་གྱི་བདེན་པར་གསུངས་སོ། །འདི་སྐབས་ཡང་དག་པའི་ཀུན་ཏུ་རྟོག་པ་ལས་སྐྱེས་པ་ནི་འཕགས་ཡུལ་ཤེས་རབ་ཀྱི་དབང་པོ་སྟེ། དེ་ཉིད་འཛིན་པའི་དོན་ཅན་ལམ་གྱི་བདེན་པར་གསུངས་པ་ཡིན་ནོ། །ཞེས་བཞེད་པ་ལྟར་ན། སྒྲ་དོན་དགུ་ལ་འཇུག་ཅིང་ཐམས་ཅད་འཛིན་པའི་དོན་ཅན་ཏུ་འགྱུར་བ་ལས་འདིར་ལམ་གྱི་ཆོས་ལ་སྦྱོར་བའི་ཚེ་ཐེག་ཆེན་ལམ་གྱིས་མཐའ་གཉིས་སུ་ལྟུང་བ་ལས་འཛིན་པའི་དོན་ཏུ་བཤད་པ་ཐམས་ཅད་མཁྱེན་པ་དཀོན་མཆོག་ཡན་ལག་གི་བཞེད་པ་ཡིན་ཅིང་། ཡང་ན། མོས་སྤྱོད་ཀྱིས་ཚོགས་ལམ་ན་སྤང་བྱའི་འཛིན་པ་དང་། སྦྱོར་ལམ་ན་གཉེན་པོའི་འཛིན་པ་དང་། མ་དག་པའི་ས་རྣམས་སུ་སྤང་གཉེན་གཉིས་མེད་ཀྱི་འཛིན་པ་དང་། དག་པ་ས་གསུམ་ན་སངས་རྒྱས་ཀྱི་འབྲས་བུའི་ཡོད་པས་ལམ་བདེན་དུ་གསུངས་ཞེས་སློབ་དཔོན་མཁས་པའི་དབང་པོའི་ཁྲིད་རྒྱུན་ཏུ་འབྱུང་ངོ་། །དེ་དག་གི་དོན་མདོར་བསྡུ་ན། ཆོས་ཉིད་བདེ་གཤེགས་སྙིང་པོ་ལ་གློ་བུར་
འཁྲུལ་པའི་དྲི་མ་སེམས་ཡིད་རྣམ་ཤེས་གསུམ་གྱིས་བསྒྲིབས་པ་སེམས་ཅན། དྲི་མ་དེ་ཉིད་གཉན་པོས་སྦྱོང་བས་བརྩོན་པ་ལམ་ཞུགས་ཀྱི་གང་ཟག །དྲི་མའི་སྦུབས་ལས་རྣམ་པར་གྲོལ་ཏེ་གདོད་ནས་བཞུགས་པའི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་ནི་སངས་རྒྱས་ཞེས་པ་སྟེ། རྒྱུད་བླ་མ་ལས། བདག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། །རྩ་བའི་གསུམ་པ་མཇུག་གི་དོན་ལ་གསུམ། གཞུང་འདི་བཤད་པའི་དགོས་པ། དེ་ཉིད་རྟོགས་པར་སྨོན་པ། གཞུང་མཛད་པའི་ཚུལ་བསྟན་པའོ། །དང་པོ་ནི། དོན་དམ་ ནས་ ཕྱིན་པར་འགྱུར། ཅེས་གསུངས་ཏེ། འཁྲུལ་པ་གློ་བུར་བའི་དྲི་མས་བསྒྲིབས་པའི་བྱིས་པ་དང་། སོ་སོའི་སྐྱེ་བོ་དང་། ཐེག་པ་དམན་པ་ལ་ཞུགས་པ་རྣམས་ཀྱིས་གནས་ལུགས་དོན་དམ་པའི་ཚུལ་ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་གཞུང་རྣམས་ལས་གསལ་བར་བསྟན་པ། རྣམ་
ཤེས་འཁོར་བའི་ཆོས་དང་། ཡེ་ཤེས་མྱང་འདས་ཀྱི་རང་བཞིན་འདི་ལྟ་བུ་མ་རྟོགས་པས། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་སོགས་པ་མ་རིག་པའི་སྒྲིབ་པས་རྨོངས་པ་རྣམས། ཐོག་མ་མེད་པ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར། ལས་ཀྱི་རླུང་ཤུགས་དྲག་པོས་བདས་ནས་རང་དབང་མེད་པར་འཁྱམས་པར་གྱུར་ཏོ། དེ་ལས་ཐར་བར་འདོད་པའི་བློ་གྲོས་ཅན་རྣམས། ཐེག་དམན་ལས་ཆེ་བ་བདུན་གྱིས་འཕགས་པའི་ཐེག་པ་ཆེན་པོའི་གྲུབ་བོ་ཆེ་འདི་ལ་བརྟེན་པ་མ་གཏོགས། ཐབས་གཞན་གང་གིས་སྡུག་བསྔལ་གྱི་རྒྱ་མཚོ་དེའི་ཕ་རོལ་དུ་ཕྱིན་པརའགྱུར་ཏེ་ཕྱིན་པར་མི་ནུས་སོ། །དེས་ན་མི་གནས་པའི་མྱང་འདས་ཆེན་པོ་ཐོབ་པར་འདོད་པ་རྣམས་ཀྱིས་ཐེག་པ་ཆེན་པོའི་ཚུལ་འདི་རྟོགས་པ་ཁོ་ན་གལ་ཆེ་བ་སྟེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཞེས་གསུངས་པ་ལྟར་རོ། །
གཉིས་པ་ནི། ཀུན་གྱིས་འདི་དོན་རྟོགས་པར་ཤོག །ཅེས་གསུངས་ཏེ། ཐོག་མ་མེད་པ་ནས་ཕ་མར་གྱུར་པའི་འགྲོ་བ་སྤྱི་དང་། ཁྱད་པར་སྐལ་ལྡན་གདུལ་བྱར་གྱུར་པ་ཀུན་གྱིས་རྣམ་ཤེས་དང་ཡེ་ཤེས་རྣམ་པར་དབྱེ་བ་ཐེག་པ་ཆེན་པོའི་སྙིང་པོ་བསྡུས་པའི་ཆོས་ཀྱི་ཚུལ་འདི་ཐོག་མར་ཐོས་པའི་ཤེས་རབ་ཀྱིས་གོ །བར་དུ་བསམ་པས་ཉམས་སུ་མྱོང་། མཐར་བསྒོམས་པས་གནས་ལུགས་ཇི་བཞིན་དུ་རྟོགས་ཏེ། འཁོར་འདས་ཀྱི་མཐའ་ལ་མི་གནས་པའི་བྱང་ཆུབ་ཆེན་པོ་མངོན་དུ་ཐོབ་པར་ཤོག །ཅེས་པའོ། །གསུམ་པ་ནི། རྣམ་ཤེས་ ནས་ སྦྱར་བའོ། །ཞེས་གསུངས་ཏེ། འཁྲུལ་བཅས་འཁོར་བའི་ཆོས་འབྱུང་བའི་གཞི་སེམས་ཅན་ལ་ཡོད་པའི་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། འཁྲུལ་བྲལ་མྱ་ངན་ལས་འདས་པའི་རང་བཞིན་སངས་རྒྱས་ལ་སྣང་བའི་ཡེ་ཤེས་ཀྱི་ཚུལ་རྣམ་པར་འབྱེད་པ་སྟེ་དོན་ཚུལ་བཞིན་ཏུ་གསལ་བར་བྱེད་པའི་བསྟན་བཅོས་དྲི་མ་མེད་པ་འདི་ཉིད། རབ་བྱུང་དྲུག་པའི་ནང་ཚན་ཕག་ལོ་ཟླ་བ་བཅུ་
པའི་དཀར་ཕྱོགས་ཀྱི་ཚེས་གཅིག་ལ། ཐབས་དམིགས་པ་མེད་པའི་སྙིང་རྗེ་ལས་རང་བྱུང་བ། ཤེས་རབ་སྟོང་པ་ཉིད་ཀྱི་རྡོ་རྗེས་སྲིད་ཞིའི་འཆིང་བ་མཐའ་དག་དགྲོལ་བར་མཛད་པ་དེས། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་མཚུར་ཕུ་བདེ་ཆེན་སྟེང་ཞེས་བྱ་བ་འདུ་འཛིས་དབེན་པའི་རི་ཁྲོད་དུ་གོ་སླ་དོན་བསྡུས་པའི་ཚུལ་དུ་ལེགས་པར་སྦྱར་བའོ། །ཞེས་སོ། །གཞུང་འདི་ལ་རང་བྱུང་ཞབས་ཀྱི་ས་བཅད། དེ་སྲས་ཤེས་རབ་རིན་ཆེན་རྒྱས་འགྲེལ། ཞྭ་དམར་ལྔ་པས་དེ་དོན་བསྡུས་པའི་མཆན་བུ། མཁས་དབང་ལྷ་ལུང་པས་རངསྟོབ་རྣམ་དཔྱོད་ཀྱི། ཆན་ཊཱི་ཀ་སོགསམཆིས་ནའང་རང་བྱུང་རྒྱལ་བའི་གསུང་སྒྲོས་ཉིད་གཅེས་པར་བཟུང་སྟེ་རྒྱས་བཤད་དུ་མ་སྤྲོས་པར་གོ་སླ་དོན་གསལ་གྱིས་འགྲེལ་ཆུང་དུ་བྲིས་པའོ། །གསུང་རབ་ཀུན་ལས་རྨད་བྱུང་བ། །ཐེག་པ་ཆེན་པོའི་ཡང་བཅུད་ནི། །ཉུང་ངུའི་ཚིག་གིས་རྒྱ་ཆེའི་དོན། །རྒྱལ་བ་གཉིས་པས་གསལ་བར་མཛད། །དེ་དོན་ཟབ་ཅིང་རྒྱ་ཆེ་བས། །བདག་བློས་ཇི་བཞིན་དཔོག་མིན་ཀྱང་། །ཕྱོགས་ཙམ་
ལྟ་བའི་བློ་ཡི་མིག། སྐལ་མཉམ་གཞན་གྱིས་ཐོབ་ཕྱིར་བྲིས། །རྣམ་ཤེས་འཁྲུལ་པའི་སྦུབས་ལས་གྲོལ། །སྐུ་དང་ཡེ་ཤེས་སྣང་བ་རྒྱས། །རྟག་ཅིང་ཁྱབ་པའི་ཕྲིན་ལས་ཀྱིས། །མཁའ་མཉམ་འགྲོ་བའི་དོན་བྱེད་ཤོག །རང་བྱུང་ཞབས་ཀྱི་གཞུང་ཆེ་ཆུང་གསུམ་ལ་ད་ལྟའི་བར་རྩ་བའི་ལུང་དང་བཤད་རྒྱུན་བར་མ་ཆད་པར་བཞུགས་པས། ཀུན་མཁྱེན་རྒྱལ་བ་གཉིས་པ་དེའི་གསུང་རབ་ལ་ཞབས་ཏོག་ཁོ་ནར་དམིགས་ཏེ་མཁས་པ་ཁྱད་གྲགས་འདོད་འགྲན་ཕྱིར་མ་ཡིན་པར་བཤད་རྒྱུན་རྣམ་དག་མ་ཆད་ཙམ་བྱུང་ན་སྙམ་པའི་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། མང་ཐོས་དགེ་སྦྱོང་གི་གཟུགས་བརྙན་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་བགྱིས་པ་དགེ་ལེགས་འཕེལ། །ཀུན་འབྱུང་ལ་སོགས་བདེན་པའི་དངོས་པོ་རྣམས། །རྣམ་བཅས་སྤྲོས་མཚན་བྲལ་བར་ཐོབ་པ་ཡི། །རྣམ་མེད་ཡེ་ཤེས་འཇུག་པ་མི་འགོག་པའི། །ཚུལ་གྱིས་འཁོར་ལོ་གསུམ་གྱི་བརྗོད་བྱ་བསྡུས། །འདི་ཡང་རིག་པའི་རྡོ་
རྗེའི་ཐུགས་བསྐྱེད་ལས། །སྤར་གྱི་སྣང་བརྙན་གསར་དུ་བསྐྲུན་འདི་དང་། །འགྲོགས་པ་ལྷུར་ལེན་ངེས་དོན་ཆོས་ཀྱི་སྒྲ། །སྲིད་མཐར་སྒྲོགས་པས་འགྲོ་བ་སྒྲོལ་ནུས་ཤོག ། །ཅེས་སྤར་བྱང་དུ་ཀརྨ་བསྟན་སྐྱོང་གིས་བྲིས་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།