Nitartha Digital Library
Tibetan
 
no previousཤོག་ལྷེབ་ ༡ ནས་ ༡༠༠ བར།next

ཤོག་ལྷེབ་ ༡ ནས་ ༡༠༠ བར།


KMC013_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གསང་བའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་པ་ཟབ་མོ་རྣམ་འབྱེད་ཅེས་བྱ་བ་བཞུགས་སོ། །


KMC013_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་གསང་བའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་ཞལ་གདམས་དང་བརྒྱུད་པའི་མན་ངག་གིས་བརྒྱན་ཏེ་ཅུང་ཟད་བྲི་བར་འདོད་ན། རྗེ་བཙུན་དམ་པ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དུ་གཅིག་པ་རྩ་རྒྱུད་ཀྱི་བླ་མ་ཐམས་ཅད་དང་ཡེ་ཤེས་ཀྱི་རྣལ་འབྱོར་མའི་ཚོགས་ཐམས་ཅད་ཀྱིས་བཟོད་པར་མཛད་དེ་བཀའས་གནང་ཞིང་བྱིན་གྱིས་རློབ་པ་དང་། ལས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ཀྱིས་སྣོད་མིན་ལ་སྦ་ཞིང་སྣོད་ལྡན་ལ་ཕན་ཐོགས་པར་འགྱུར་བའི་ཕྲིན་


KMC013_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛད་དུ་གསོལ་ལོ། །འདི་ལ་གཉིས། ཡིད་ཆེས་པའི་ཁུངས་དགོད་པ་དང་། སྒྲུབ་ཐབས་དངོས་སོ། །དང་པོ་ནི། དེ་ཡང་རྒྱལ་བའི་བསྟན་པ་ཐམས་ཅད་ནི་མཐར་ཐུག་རྡོ་རྗེའི་ཐེག་པའི་ཚུལ་ཆེན་པོར་རོ་གཅིག་པ་སྟེ། ཐེག་པ་གཅིག་སྟེ་ཐེག་པ་གཉིས་པ་མེད། །ཐེག་པ་གསུམ་པ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་ཐེག་པ་གཅིག་པོའང་མཐར་ཐུག་རྡོ་རྗེའི་ཐེག་པ་བླ་མེད་ཁོ་ནར་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཀྲལ་ཞིང་། བདེ་མཆོག་རྩ་རྒྱུད་ལས། སངས་རྒྱས་རོལ་པ་བསམ་མི་ཁྱབ། །མདོ་སྡེ་བྱ་བ་སྤྱོད་པ་རྣམས། །རྣལ་འབྱོར་གསང་མཐའི་དབྱེ་བ་ཉིད། །ཅེས་སོ། །


KMC013_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བླ་མེད་དེ་ཉིད་ཀྱང་གནས་སྐབས་སུ་གདུལ་བྱའི་དབང་གིས་ཕ་རྒྱུད་མ་རྒྱུད་གཉིས་སུ་གནས་ཏེ། དགྱེས་རྡོར་ལས། སྐྱེས་བུ་རྣམས་ནི་གདུལ་དོན་དུ། །རྣལ་འབྱོར་རྒྱུད་ནི་རབ་ཏུ་བསྟན། །བཙུན་མོ་རྣམས་ནི་བསྡུ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་རབ་བཤད། །ཅེས་སོ། །མ་རྒྱུད་ཀྱང་གུར་ལས། མཁའ་འགྲོ་བདེ་དང་རྒྱ་མཚོ་བདེ་དང་ནམ་མཁའ་དང་། །ཞེས་སོགས་བཅུ་གསུམ་དུ་ཡོད་པ་ལས་དཀྱིལ་འཁོར་གྱི་གཙོ་བོ་ལྟ་བུ་ནི་འཁོར་ལོ་སྡོམ་པའོ། །ངེས་དོན་དུ་རྒྱུད་ཐམས་ཅད་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་ཡིན་པར་དུས་འཁོར་ལས་བཤད་པ་ལྟར་དཔལ་རང་བྱུང་ཞབས་ཀྱིས་ཆེས་གསལ་བར་བཞེད་དོ། །བོད་ཕལ་ཆེར་ནི་བླ་མེད་ལ་ཕ་མ་གཉིས་མེད་གསུམ་དུ་ཕྱེ་བའི་དུས་འཁོར་ཁོ་ན་གཉིས་མེད་དུ་འཆད་པ་དང་། བུ་དོང་ཆོས་ཀྱི་རྒྱལ་པོས་དགྱེས་རྡོར་ཟབ་པའི་གཉིས་མེད་རྒྱུད་དང་དུས་འཁོར་རྒྱ་ཆེ་བའི་གཉིས་མེད་ཀྱི་རྒྱུད་དོ་ཅེས་རང་སྟོབས་ཀྱིས་འཆད་པར་མཛད་དོ། །རྗེ་ལོ་ཙཱ་བ་ཆེན་པོས་ནི་ཕ་མའི་རྒྱུད་གཉིས་ཀའི་ཡང་སྙིང་ལྟ་བུ་འཁོར་ལོ་སྡོམ་པར་བཞེད་དེ། ཕ་རྒྱུད་གསང་བ་འདུས་པ་ཐོབ། །མ་རྒྱུད་མ་ཧཱ་མཱ་ཡ་


KMC013_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། །སྙིང་པོ་དགྱེས་པའི་རྡོ་རྗེ་ཐོབ། །ཡང་སྙིང་བདེ་མཆོག་འཁོར་ལོ་ཐོབ། །ཅེས་གསུངས་སོ། །བདེ་མཆོག་ཡབ་ཡུམ་སོ་སོར་མ་ཕྱེ་བའི་རྒྱུད་རྩ་རྒྱུད་ལེའུ་ང་གཅིག་པ་མངོན་བརྗོད་བླ་མ་སྡོམ་འབྱུང་ནམ་མཁའ་དང་མཉམ་པ་མཁའ་འགྲོ་རྒྱ་མཚོ་རྣམས་དང་ཕྱོགས་མཐུན་རྡོ་རྗེ་མཁའ་འགྲོ་སྔ་ཕྱི་ཁྲག་འཐུང་མངོན་བྱུང་ར་ལི་བཛྲ་ཨ་ར་ལི་རི་གི་ཨ་ར་ལི་རྣམས་དང་། ཡུམ་རྐྱང་གི་རྒྱུད་ལ་ཕག་མོ་ཞལ་བཞི་མའི་རྒྱུད་མངོན་པར་བྱང་ཆུབ་པ་བརྟག་པ་བརྒྱད་པ་དང་ཕག་མོ་མངོན་འབྱུང་སྔ་ཕྱི་དང་རིག་པ་འཛིན་མའི་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པ་ཅེས་མཻ་ཏྲྀ་མཁའ་སྤྱོད་མའི་རྒྱུད་ཆུང་ངུ་ཞིག་དང་ཕྱོགས་མཐུན་རྣལ་འབྱོར་མ་ཀུན་སྤྱོད་དང་རྣམ་འབྱོར་མ་བཞི་ཁ་སྦྱོར་གྱི་རྒྱུད་བརྟག་པ་བདུན་པ་སྟེ་ད་ལྟ་བོད་ཡུལ་ན་གྲགས་ཆེ་བར་བཞུགས་པ་ནི་འདི་ཙམ་ཞིག་སྟེ། གཞན་དུ་ན་བདེ་མཆོག་མངོན་པར་བརྗོད་པ་འབུམ་པ་ཆེན་པོ་དང་ནམ་མཁའ་དང་མཉམ་པ་འབུམ་པ་དང་ནམ་མཁའ་རྒྱ་མཚོ་ལ་སོགས་པའི་རྒྱ་མཚོ་ལྔ་དང་། ཡུམ་གྱི་རྒྱུད་རྒྱས་པ་རྣམས་ནི་མཁའ་འགྲོ་མའི་ཕྱག་ནས་རྒྱ་བོད་དུ་མ་ཕེབས་ལ། དེ་དག་གི་མན་ངག་ཟུར་དུ་བཀོལ་བ་


KMC013_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་གཞུང་དྲུག་དང་མཁའ་སྤྱོད་མའི་རིགས་མང་པོ་དང་། རིམ་ལྔ་སྦྱོར་དྲུག་སོགས་ཆེས་མང་པོ་གྲུབ་པའི་སློབ་དཔོན་ས་ར་ཧ་དང་། ཀླུ་སྒྲུབ་དང་། ལཱུ་ཡི་པ་དང་། ཛཱ་ལནྡྷ་ར་བ་དང་། ནག་པོ་ཞབས་དང་། ཏེ་ལོ་ནཱ་རོ་དང་། ཤ་ཝར་སོགས་མང་པོས་སྤྱན་དྲངས་ཏེ་རྒྱ་བོད་དུ་ཆེས་དར་བར་གྱུར་ལ། ལམ་དེ་དག་ལ་བརྟེན་ནས་དངོས་གྲུབ་ཐོབ་པའང་ཉི་ཟེར་གྱི་རྡུལ་ཙམ་བྱུང་བ་ཡིན་ནོ། །བོད་ཀྱི་མཁས་པ་དུ་མས་ད་ལྟ་བོད་ཡུལ་ན་ཡོད་པའི་རྒྱུད་ཀྱི་དུམ་བུ་འདི་རྣམས་སུ་མ་མཐོང་བ་ཙམ་དང་རང་གི་འདོད་པ་དང་མ་མཐུན་པ་ཙམ་ཁོ་ནས་རྒྱུད་སྡེ་ཀུན་ལས་མ་བཤད་དོ་ཅེས་འགོག་པར་སྣང་མོད། མཁས་པའི་རྣམ་འགྱུར་ནི་མ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། བསྟན་བཅོས་རྣམས་ནི་རྙེད་སླ་སྟེ། །དེ་ཡི་སྦྱོར་བ་རྙེད་པར་དཀའ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། གྲུབ་མཐའ་མན་ངག་སྤྱོད་ཡུལ་ཏེ། །མཁས་པ་རྣམས་ཀྱིའང་སྤྱོད་ཡུལ་མིན། །གྲུབ་མཐའ་མངོན་སུམ་ལས་ཤེས་བྱ། །མན་ངག་ཡང་ནི་རྗེས་དཔག་ལས། །ཤེས་བྱ་བླ་མའི་ཞལ་ལས་ཀུན། །དེ་མཁས་སངས་རྒྱས་སྤྱོད་ཡུལ་ལོ། །བྱིས་པའི་རིགས་ཀྱི་རྣམ་ཤེས་ཀྱི། །མངོན་ང་


KMC013_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཅན་སྤྱོད་ཡུལ་མིན། །ཞེས་ཡང་དག་པའི་ལྟ་བ་གྲུབ་པའི་མཐའ་མངོན་སུམ་གྱིས་རྟོགས་པར་བྱས་ནས་མངོན་སུམ་གྱིས་ཇི་ལྟར་མཐོང་བའི་རྗེས་སུ་དཔག་པས་མན་ངག་སྦས་དོན་རྣམས་ཤེས་ལ། དེ་གཉིས་ཀའང་གྲུབ་པའི་བླ་མ་དམ་པའི་ཞལ་ལས་རྟོགས་དགོས་པར་བཤད་ཀྱི། རྟོག་གེའི་ཤེས་པས་ཁེངས་པའི་མངོན་པའི་ང་རྒྱལ་ཅན་གྱིས་རྒྱུད་དང་མན་ངག་གི་ཡི་གེ་ཙམ་བཀླགས་པ་དང་ཚོགས་བཤད་ཙམ་ལས་སྦས་དོན་དང་དངོས་གྲུབ་རྙེད་པར་ནི་རྡོ་རྗེའི་ཐེག་པར་བཤད་པ་མ་མཐོང་ལ། དེང་སང་བོད་ན་བཞུགས་པའི་རྒྱུད་སྡེ་ཁ་ཅིག་འདིར་མ་མཐོང་བ་ཙམ་ལས་རྒྱུད་སྡེ་ཀུན་ལས་བཤད་པ་མེད་ཅེས་སྒྲོག་ན་ནི། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་པའང་མ་གྲུབ་པར་འགྱུར་རོ། །མདོར་ན་མན་ངག་དང་བྲལ་བའི་རྒྱུད་ལས་གྲུབ་པ་རྙེད་པ་ནི་མ་ཡིན་ལ། མན་ངག་སྙིང་པོར་བཀོལ་བ་ཉམས་སུ་བླངས་པས་རྒྱུད་ལ་མ་བསྟེན་པར་གྲུབ་པ་ཐོབ་པ་ནི་བགྲང་ལས་འདས་པ་ཡིན་ནོ། །དེས་ན་མཁས་སམ་བླུན་ཡང་རུང་སྟེ་མ་དད་ཀྱང་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའི་ཕྱིར་སྨོད་པར་མི་བྱ་སྟེ། མཚམས་མེད་པ་


KMC013_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལས་ཀྱང་དམ་པའི་ཆོས་སྤངས་པ་ལྕི་བར་གསུངས་ཅིང་རང་གཞན་གྱི་གྲུབ་མཐའ་ལ་སྨད་པའི་རྩ་ལྟུང་གིས་འཇིགས་པའི་ཕྱིར་དང་། བདེ་མཆོག་རྩ་རྒྱུད་ལས། ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨོད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་འདིར་བདག་གི་ཡུལ་མ་ཡིན། །བདག་གིས་ཆོས་ཉིད་མི་ཤེས་ཡིན། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །ཞེས་བཤད་པ་ཤེས་པར་བྱའོ། །མདོར་ན། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྒྱ་མཚོ་ལྟ་བུ་ལས་སྙིང་པོའི་སྙིང་པོར་གྱུར་པ་འདི་ནི་སྤྱིར་རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་ཞབས་ཀྱིས་མཁའ་འགྲོའི་སྲོག་སྙིང་མཐའ་དག་ནུབ་ཕྱོགས་ཨོ་རྒྱན་ནས་བླངས་ཏེ་དཔལ་ནཱ་རོ་ཞབས་ལ་བུམ་པ་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་བསྩལ་ནས་བྷོ་ཊའི་མ་རིག་མུན་པ་སོལ་ཞེས་རྗེ་མར་པ་སྣོད་ལྡན་དུ་ལུང་བསྟན་ལ། རྗེ་ནཱ་རོ་ཞབས་ཉིད་ཀྱིིས་ཀྱང་རྡོ་རྗེ་རྣལ་འབྱོར་མ་ལས་མངོན་སུམ་དུ་གསན་ནས་མན་ངག་སྙན་རྒྱུད་དང་ཞལ་གཟིགས་ལྷན་ཅིག་པའི་གསང་བའི་སྒྲུབ་ཐབས་འདི་མཛད་དེ་རྗེ་མར་པ་ལྷོ་བྲག་པ་ཆེན་


KMC013_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་སྐྱེད་རྫོགས་ཟུང་འབྲེལ་དུ་གནང་ཞིང་། ནག་པོའི་ཚེས་བཅུ་ལ་དུར་ཁྲོད་སོ་སའི་གླིང་དུ་སོང་དང་མཁའ་འགྲོ་མ་ལྷན་ཅིག་སྐྱེས་མས་རྗེས་སུ་འཛིན་པར་འགྱུར་རོ་ཞེས་གསུངས་ནས་རང་གི་རྒྱལ་ཚབ་ཏུ་ཁ་བ་ཅན་འདུལ་བར་མངའ་གསོལ་ཏེ། བུ་སེང་གེ་ཁྱུང་གི་ཕྲུག་གུ་བཞིན། །སློབ་མ་བས་ཀྱང་ཡང་སློབ་བཟང་། །ཞེས་ལུང་བསྟན་པ་ལྟར། སོ་སའི་གླིང་དུ་དཔལ་ལྡན་ལྷན་ཅིག་སྐྱེས་མ་དང་དངོས་སུ་མཇལ་ཏེ་དབང་བཞི་བརྡའི་སྒོ་ནས་བསྐུར། ཤེལ་གྱི་གྲི་གུག་གིས་ཐུགས་ཀ་ཁ་ཕྱེ་ནས་སྔགས་ཀྱི་འཁོར་ལོ་བསྟན། སྐྱེད་རྫོགས་བླ་མས་གསུངས་པ་ཇི་ལྟ་བ་ཉིད་གནང་ནས་རྡོ་རྗེའི་གདན་དུ་སྟོན་པའི་ཚེམས་མཆེ་བ་ལྟོས་ལ་བོད་དུ་སོང་ཞིག་ཞེས་ལུང་བསྟན། རྡོ་རྗེའི་གདན་དུ་ཚེམས་མཆེ་བ་གཟིགས་པས་སྐྱེད་རྫོགས་ཀྱི་མན་ངག་བླ་མ་དང་མཁའ་འགྲོས་ཇི་ལྟར་གསུངས་པ་དེ་ཉིད་ཏཱ་ལའི་ལོ་མ་ལ་ལི་ཁྲིས་སིངྒ་ལའི་ཡི་གེར་བྲིས་པ་བརྙེད་དེ་སྤྱན་དྲངས། སྐྱེད་རིམ་བླ་མ་དང་མཁའ་འགྲོའི་གསུང་ཇི་ལྟ་བ་དྲོ་བོ་ལུང་སྲང་སྟེང་དུ་ཟིན་བྲིས་སུ་མཛད་དེ་མར་པའི་ཞལ་གདམས་བཅོ་ལྔ་པ་ཅེས་གྲགས་ཏེ། དང་པོ་གསང་སྒྲུབ་དངོས་


KMC013_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞལ་གདམས། སྨན། ཟས། གོས། སྐྱབས་སུ་སྤྱད་པ་སྟེ་ལྔ། དྲུག་པ་གདོན་ལ་བརྟུལ་ཞུགས་བྱ་བ། བདུན་པ་མཁའ་འགྲོ་གནད་ནས་བསྐུལ་བ། བརྒྱད་པ་ལམ་དུ་རྟེན་འབྲེལ་སྒྲིག་པ། དགུ་པ་ཕྱག་རྒྱ་ལམ་དུ་བྱ་བ། བཅུ་པ་དམ་ཚིགབཅུ་གཅིག་པ་ཉམས་པ་གསོ་བ། བཅུ་གཉིས་པ་སློབ་མ་རྗེས་འཛིན། བཅུ་གསུམ་པ་དུས་བཟང་གི་མཆོད་པ། བཅུ་བཞི་པ་དབང་དུ་བྱ་བ། བཅོ་ལྔ་པ་བགེགས་བསལ་བའི་ཞལ་གདམས་རྣམས་ཡིན་ནོ། །སྣོད་ལྡན་གྱི་སློབ་མའི་གཙོ་བོ་རྗེ་མི་ལ་མཐུ་ཆེན་ལ་སྐྱེད་རིམ་ལྷན་ཅིག་སྐྱེས་མ་གཞུང་ཞལ་གདམས་རྒྱས་པར་གནང་། རྫོགས་རིམ་རླུང་སེམས་གཉིས་མེད་ཀྱི་གཙོ་ཆེ་བ་རྣམས་གནང་ནས་གནད་ཁ་ཅིག་ཤོག་དྲིལ་དུ་བྱས་པ་ཕྱག་རྒྱས་མནན་ཏེ་མ་འོངས་པ་ན་རྩ་རླུང་གི་གེགས་ཅིག་འབྱུང་བས་དེའི་ཚེ་ལྟོས། དེ་བར་མ་ལྟ་ཞེས་ཕྱག་གིས་གཏད། མདོར་ན། བླ་མས་ཅི་གསུང་སྒྲུབ་པ་དེ། །མི་ལ་རྡོ་རྗེ་རྒྱལ་མཚན་ཡིན། །གདམས་ངག་སྒྲུབ་པ་དེ་ཙུག་ལགས། །ཞེས་པ་ལྟར། ཁྱོད་ལ་སྦད་དང་གཞན་ལ་བྱིན། །གལ་ཏེ་སྲང་ལ་གཅལ་ཡོད་ན། །སུམ་འགྱུར་བས་ཀྱང་མི་ལྷག་རི། །ཞེས་དབུ་སྨྱུང་མཛད་དེ་


KMC013_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཐམས་ཅད་ཚང་སྤྲུགས་སུ་གནང་ནས། གཙང་སིལ་མ་ལ་ཡི་ལ་རྩེ་ན། །བསྟན་མ་བཅུ་གཉིས་ཀྱི་གསུ་མ་ཡོང་། །སང་ཉིན་འགྲོ་བའི་ལམ་བར་ལ། །དཔའ་བོ་མཁའ་འགྲོའི་སྐྱེལ་མ་ཡོད། །ཅེས་ལམ་གྱི་ལུང་བསྟན་དང་། ཕ་ཡུལ་ཞེན་པའི་མཁར་ཞིང་ན། །མི་རྟག་སྒྱུ་མའི་སློབ་དཔོན་ཡོད། །ཨ་ནེ་སྲིང་མོའི་ཉེ་འཁོར་ལ། །སྒྱུ་མ་བཤིག་པའི་གདམས་ངག་ཡོད། །ཅེས་ཡུལ་དུ་ཕེབས་དུས་ཀྱི་ལུང་བསྟན་དང་། ཡུལ་མི་རྩིས་ཆུང་རང་ཡུལ་དེར། །འཕྲལ་གཡེང་བ་མེད་པའི་དགེ་སྦྱོར་ཡོད། །ཟས་དཀོར་ཟས་མེད་པའི་རང་ཟས་ལ། །བདེ་བ་ལྷ་ཡི་ཕམ་ཕབས་ཡོད། །ཅེས་ཐོག་མར་འཁྲུངས་ཡུལ་དུ་ཞིང་རིན་གྱིས་འཚོ་བ་གྱིས་ལ་སྒོམས་ཅིག་པ་དང་། མི་མེད་ལུང་པའི་བྲག་ཕུག་ན། །འཁོར་འདས་རྗེ་བའི་ཚོང་དུས་ཡོད། །མཚམས་དམ་པོ་མི་མེད་ཁྱི་མེད་ན། །རྟགས་མྱུར་དུ་མཐོང་བའི་སྒྲོན་མེ་ཡོད། །གྲིབ་དངས་པ་ལྷ་ཡི་གཞལ་ཡས་ན། །རང་དོན་ཆེན་འགྲུབ་པའི་ལྟད་མོ་ཡོད། །ཅེས་དེ་ནས་མི་མེད་ཀྱི་རི་ཁྲོད་གཞན་དུ་རྩེ་གཅིག་པར་སྒོམ་དགོས་པ་དང་། ནད་མེད་ཟྭ་ཡི་ཚོགས་འཁོར་ལ། །མ་མཁའ་འགྲོ་མཉེས་པའི་


KMC013_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཡོད། །ཅེས་ཟྭའི་དཀའ་ཐུབ་གྱིས་ཅིག་པ་དང་། འཕྲུལ་འཁོར་གནད་ཀྱི་ཁ་བསྒྱུར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཅེས་རླུང་སེམས་གཉིས་མེད་ཀྱི་འཕྲུལ་འཁོར་ཙན་ཐབས་ཀྱི་རྡེག་ཚོག་གིས་རྩ་མདུད་འགྲོལ་བ་དང་། མི་ལ་རས་པའི་སྙིང་རུས་ལ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡོད། །མར་པ་ལོ་ཙཱའི་བུ་བརྒྱུད་ལ། །གཏམ་སྙན་མང་པོའི་ཡོང་སྒོ་ཡོད། །ཅེས་ལུང་བསྟན་ཞིང་། རྒོད་དེ་ལ་བུ་གཅིག་བྱུང་བ་དེ། །འགྲན་གྱི་དོ་མེད་ཅིག་ཡོང་བ་ཡིན། །བྱ་བྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་རྒྱུད་ཀྱི་བསྟན་པ་དར་བ་ཡིན། །ཞེས་རྗེ་སྒམ་པོ་པ་རྒྱུད་འཛིན་དང་བཅས་པ་ལུང་བསྟན། རྒྱལ་ཚབ་ཏུ་དབུགས་འབྱིན་མཛད། འཁྲུངས་ཡུལ་དུ་བྱོན་ནས་ལུང་བསྟན་རྣམས་རིམ་བཞིན་ཇི་ལྟ་བར་ཐོག་ཏུ་བབ་སྟེ་འཕྲུལ་འཁོར་གྱི་ཁ་བསྒྱུར་ལ་བརྟེན་ནས་གྲུབ་པ་ཐོབ་སྟེ་སྐལ་ལྡན་མཐའ་ཡས་པའི་དོན་མཛད། སྐུ་ཚེའི་མཐར་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ཏིང་ངེ་འཛིན་གྱི་རྒྱལ་པོ་འཛིན་པའི་ཕྱིར་དགེ་སློང་འཚོ་བྱེད་དུ་གྱུར་པ་དེ་རྗེས་སུ་བཟུང་ནས་ལོངས་སྤྲུལ་དངོས་སུ་མཐོང་བའི་བར་ཚེགས་ཆུང་ངུས་ཁྲིད་ཆོས་


KMC013_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ད་གཟོད་མཐོང་བར་འགྱུར་གྱི་དེ་བརྟན་ནས་སྒམ་པོ་བདར་གྱི་རི་བོར་ཚོགས་པ་སྐྱོངས་ཅིག་ཅེས་ལུང་བསྟན། སྐྱེད་རིམ་ལྷན་ཅིག་སྐྱེས་མ་ཡི་དམ་དུ་གནང་། སྐྱེལ་ཐུང་གི་སར་ཁྱོད་ལའང་ཉམས་ལེན་འཕེལ་འགྲིབ་ཅིག་འབྱུང་བའི་དུས་སུ་འདི་དགོས་པ་ཡིན་ཞེས་རྫོགས་རིམ་རླུང་སེམས་གཉིས་མེད་གནང་། རྗེ་སྒམ་པོ་པས་ཀྱང་རླུང་སེམས་གཉིས་མེད་སྐུ་ཉམས་སུ་བསྟར་བས་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་པོ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ནམ་མཁའ་དང་མཉམ་པ་འཁྲུངས་ཏེ་སྐལ་ལྡན་གྱི་སྐྱེས་བུ་གངྒ་སྟོང་གི་བྱེ་མ་སྙེད་སྨིན་གྲོལ་དུ་མཛད། ཁྱད་པར་སྐྱེད་རྫོགས་འདི་གཉིས་བསྐལ་བཟང་གི་སངས་རྒྱས་སེང་གེ་ཤཱཀྱའི་བསྟན་པ་ལ་ཚངས་པར་སྤྱོད་པ་རྗེ་དུས་གསུམ་མཁྱེན་པ་ལ་གནང་ནས། བུ་ཁྱོད་སྒྲུབ་པ་ཁམས་ཀྱི་ཀམ་པོ་གངས་རར་གྱིས། འགྲོ་དོན་དབུས་གཙང་ཁམས་གསུམ་ཁྱབ་པར་འབྱུང་ངོ་ཞེས་ལུང་བསྟན། རྗེ་དུས་མཁྱེན་གྱིས་སྐྱེད་རྫོགས་འདི་གཉིས་ལ་བསྟེན་ནས་མཆོག་གི་རྟོགས་པ་མཐར་ཕྱིན་ཏེ་སྤྲུལ་པའི་སྐུ་རྒྱུན་མི་འཆད་པར་བྱིན་གྱིས་བརླབས་ཅིང་སྐལ་ལྡན་མཐའ་ཡས་པ་སྨིན་གྲོལ་དུ་མཛད། དེ་


KMC013_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རས་ཆེན་བསོད་ནམས་གྲགས་པ། སྤོམ་བྲག་པ་བསོད་ནམས་རྡོ་རྗེ། གྲུབ་ཐོབ་ཀརྨ་པཀྴི། གཉན་རས་དགེ་འདུན་འབུམ། རྗེ་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་པ། རྗེ་རོལ་པའི་རྡོ་རྗེ། དཔལ་མཁའ་སྤྱོད་དབང་པོའི་བར་དུ་སྐལ་ལྡན་ལ་མན་ངག་གི་སྙིང་པོ་སྙན་རྒྱུད་དུ་བསྟན་པས་གྲུབ་པ་ཐོབ་པ་མང་དུ་བྱོན་ཡང་གཞུང་ཞལ་གདམས་སོགས་ཤིན་ཏུ་སྦ་བར་མཛད་པས་ལྷ་ཁྲིད་ལ་སོགས་པའི་མཚན་དུ་མ་ཐོགས་ཅིང་དེང་སང་གི་ལྟ་བུར་མཆོག་དམན་ཐམས་ཅད་ཀྱིས་སྤྱོད་པ་ནི་མ་ཡིན་ནོ། །དེའི་ཚེ་རྒྱལ་བ་གར་གྱི་དབང་པོ་གང་འདུལ་གྱི་སྤྲུལ་པའི་སྐུ་འཛིན་པ་དཔལ་མཁའ་སྤྱོད་དབང་པོས་བཅོམ་ལྡན་འདས་མ་ཉིད་ལས་གང་འདུལ་དུ་རྒྱ་ཆེར་དཔེལ་ཞིག་པའི་གནང་བ་ཐོབ་ནས་སློབ་མའི་ཚོགས་བགྲང་ལས་འདས་པ་ལ་གསུངས་ཏེ། དེ་ཡང་ལས་དང་པོ་པ་ཡུན་རིང་པོས་སྨིན་པར་བྱ་དགོས་པ་རྣམས་ལ་ཝཾ་སྐྱེད་མའི་སྒྲུབ་ཐབས་ཉུང་ངུར་དྲིལ་བ་བསྟན་ནས་ཕྱི་སྒྲུབ་ཀྱི་མིང་དུ་མཛད་དེ་གྲངས་བསྙེན་འབུམ་ཕྲག་བཞིས་རྒྱུད་སྨིན་པ་ལ་འགོད། དེ་ནས་གཞུང་ཞལ་གདམས་ཀྱི་སྒྲུབ་ཐབས་དངོས་ལ་ནང་སྒྲུབ་ཀྱི་མིང་དུ་མཛད་དེ་བསྟན་ནས་ཟླ་


KMC013_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དང་འབུམ་ཕྲག་བཅུ་དྲུག་གིས་མཚན་མ་རྙེད་པ་ལ་འགོད། སླར་ཡང་ཞལ་གཉིས་མར་བསྒྱུར་ཏེ་གསང་སྒྲུབ་ཀྱི་མིང་དུ་མཛད་ནས། ཧཱུྃ་གིས་མཁའ་འགྲོ་གནད་ནས་བསྐུལ། །ཞེས་བྱ་བའི་ལས་ཚོགས་ཧྲཱིཿཕཊ་ལ་ཡང་སྦྱར་ཏེ་ཟླ་བ་དྲུག་དང་འབུམ་ཕྲག་བཅུ་དྲུག་གིས་དྲོད་ཐོབ་པར་འགྱུར་ལ། དེ་ནས་ཡབ་ཀྱི་ཡིག་བདུན་འབུམ་ཕྲག་བཞི་བཟླས་ནས་སྤྱོད་པ་ལ་འཇུག་ནུས་སུ་སྨིན་པར་མཛད་དེ་ལྷ་ཁྲིད་ཅེས་བྱ་བར་ཡོངས་སུ་གྲགས་པ་ཡིན་ལ། དཔལ་མཁའ་སྤྱོད་པའི་གསུང་ལ་རྗེ་དེ་བཞིན་གཤེགས་པ་དང་ལྷ་གཟིགས་པ་དང་ཆོས་ཀྱི་མིང་ཅན་ཏེ་སོ་སོས་ཟིན་བྲིས་མཛད་པས་ཟིན་བྲིས་གསུམ་ཞེས་བྱུང་ངོ་། །བཾ་སྐྱེད་མ་དང་ཞལ་གཉིས་མ་སྐྱེད་རྫོགས་འདི་ལ་མེད་མི་རུང་མ་ཡིན་ཡང་འདིའི་ཕྱི་སྒྲུབ་དང་གསང་སྒྲུབ་ཏུ་བསྡུ་བར་མཛད་པ་ནི་གདུལ་བྱ་རིམ་སྐྱེས་པ་རྣམས་རིམ་གྱིས་བཀྲི་བ་རྒྱལ་སྲས་རྣམས་ཀྱི་ཐབས་མཁས་པའི་སྒོ་བླ་ན་མེད་པ་ཡིན་ལ། དེ་དག་རང་གཟོར་མཛད་པའང་མ་ཡིན་ཏེ་རྗེ་དུས་མཁྱེན་གྱི་བཀའ་འབུམ་དུ་བཾ་སྐྱེད་མའི་ཆོས་སྐོར་ཤིན་ཏུ་མང་བར་བཞུགས་ཅིང་ཅུང་ཟད་མི་གཉན་པས་རྒྱ་ཆེར་


KMC013_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དཔེལ་བའི་ཕྱིར་དོན་གྱིས་ཕྱི་སྒྲུབ་ཏུ་གནས་ལ། ཞལ་གཉིས་མ་ལ་འདི་བས་ཟབ་པའི་གསང་བར་སྒྲུབ་རྒྱུ་ནི་ཅུང་ཟད་ཀྱང་མེད་མོད་ཀྱང་ཞལ་གཉིས་མའི་སྐོར་ལའང་དེང་གསང་སྒྲུབ་ཀྱི་མཚན་དུ་གསུངས་པའི་ཕྱིར་རོ། །གཞན་ཡང་དེར་ཧྲཱིཿསྐྱེད་མ་ཆེ་བ་སྐུ་གསུང་ཐུགས་ཀྱི་རྒྱུད་མཛད་མ་དང་། གཞུང་ཞལ་གདམསའདི་དང་། ཞལ་བཞི་མ་དང་། སྙིང་འཕྲོག་དམར་མོ་དང་། བཀའ་སྡོད་སྤྱང་ཞོན་མ་སྟེ་ཕག་མོའི་རིགས་བདུན་ལས། རྒྱུད་མཛད་མ། གསང་སྒྲུབ་ཞལ་གཉིས། གསང་སྒྲུབ་འདི་དང་འདིའི་མངོན་རྟོགས་རྣམས་ན་རོའི་རྒྱ་གཞུང་དང་། ཞལ་བཞི་མ་ལ་ཨིནྡྲ་བོ་དྷི་བར་པའི་རྒྱ་གཞུང་དང་ན་རོའི་རྒྱ་གཞུང་སྟེ་གཉིས་ཡོད་ལ། དེ་རྣམས་ཀྱི་ཡིག་ཆ་ཤིན་ཏུ་རྒྱས་པར་བཞུགས་ཅིང་དེ་ཕལ་ཆེར་རྗེ་མར་པས་སྤྱན་དྲངས་པ་ཡིན་ལ། ཞལ་གཉིས་མ་ནི་དཔལ་རྒ་ལོ་དང་དངུལ་ཆུ་བཻ་རོ་པ་ལ་ཡང་གསན། ཞལ་བཞི་མའི་སྒྲུབ་ཐབས་ཟབ་པ་ནི་ཨིནྡྲ་བོ་དྷི་བར་པ་ལ་རྗེ་དུས་མཁྱེན་གྱིས་གསན་པ་ཡིན་ནོ། །ཡང་མངོན་པར་ཤེས་པ་ལྔ་དང་ལྡན་པའི་སྐྱེས་ཆེན་འཇམ་དབྱངས་ཆེན་པོ་དོན་གྲུབ་འོད་ཟེར་གྱིས་འདི་ཉིད་ཀྱི་སྒྲུབ་ཐབས་ལོག་རྟོག་ཀུན་སེལ་


KMC013_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་མཛད་དེ་མཚུར་ལུགས་སུ་གྲགས་སོ། །དབང་པོ་རྣོན་པོའི་དབང་དུ་མཛད་ནས་གསང་བའི་སྒྲུབ་པ་གཞུང་ཞལ་གདམས་ནས་ཇི་ལྟར་བསྟན་པ་འདི་ཉིད་ཁོ་ན་ལ་ཅིག་ཆར་དུ་འཇུག་པ་ནི་སྔོན་གྱི་ཕྱག་བཞེས་རྙིང་པ་སྟེ་སྐབས་འདིར་ནི་སྒྲུབ་ཐབས་འདི་ཉིད་གསང་སྒྲུབ་ཏུ་མཛད་ཀྱི་ཞལ་གཉིས་མ་ཆེད་དུ་ལེན་པར་མི་མཛད་དོ། །རྗེ་དེ་བཞིན་གཤེགས་པ་ནས་སོག་དབོན་རིགས་པའི་རལ་གྲི་དང་སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས། དེ་གཉིས་ཀ་ལ་རྗེ་མཐོང་བ་དོན་ལྡན་གྱིས་གསན་ནས་སྒྲུབ་ཐབས་ཉི་ཟླ་ལྟར་གྲགས་པ་འདི་མཛད་དོ། །དེ་ནས་བྱང་སེམས་དཔལ་འབྱོར་དོན་གྲུབ། རྗེ་ཆོས་གྲགས་རྒྱ་མཚོ། རྗེ་བཙུན་ཕྲིན་ལས་ཞབས་ཀྱི་བཀའ་དྲིན་ལས་བདག་གིས་ལན་དུ་མར་ཐོབ་ཅིང་རྗེ་ཀརྨ་པ་བརྒྱད་པ་རྒྱལ་བ་མི་བསྐྱོད་ཞབས་ལས་ཁྱད་པར་དུ་འདིའི་བཀའ་དྲིན་ཐོབ་བོ། །ཡང་རྗེ་བླ་མས་གར་དབང་ཆོས་ཀྱི་གྲགས་པ་ལ་ཡང་གསན་ཞིང་ལྷའི་མིང་ཅན་དང་ཆོས་ཀྱི་མིང་ཅན་གྱི་ཟིན་བྲིས་རྣམས་ནི་དཔལ་མཁའ་སྤྱོད་པ་ནས་འཁྲུལ་ཞིག་བསོད་ནམས་འབུམ། གྲགས་པ་འོད་ཟེར། སློབ་དཔོན་བླ་མ་རྒྱལ་མཚན། ཞྭ་


KMC013_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཅོད་པན་འཛིན་པ་བཞི་པ། རྗེ་ཕྲིན་ལས་ཞབས་ཀྱི་བཀའ་དྲིན་ལས་ཐོབ་བོ། །དེ་ལྟར་བདག་གི་རྩ་རྒྱུད་ཀྱི་བླ་མ་དེ་ཐམས་ཅད་ཀྱང་བཅོམ་ལྡན་འདས་མའི་སྒོ་ནས་དངོས་གྲུབ་བརྙེས་པ་ཤ་སྟག་སྟེ་དེའི་ངོ་མཚར་བའི་གཏམ་རྣམས་ནི་རང་རང་གི་རྣམ་པར་ཐར་པ་ལས་ཤེས་སོ། །དེས་ན་རྗེ་ས་སྐྱ་པས། རྡོ་རྗེ་ཕག་མོའི་བྱིན་རླབས་ནི། །མར་པ་ལྷོ་བྲག་པ་ལ་མེད། །ཅེས་དང་། །ཕྱི་ནས་ཕག་མོའི་བྱིན་རླབས་དང་། །ཞེས་ཆོས་ལོག་ཏུ་འདྲེན་པ་སོགས་ནི་ཚངས་པ་ཆེན་པོའི་མཛད་པ་ཁོ་ན་སྟེ་ཁོ་བོས་བཀག་པའི་ཕྱིར་ཞེས་པ་ཁོ་ན་རིགས་པའི་མཐར་ཐུག་ཡིན་ནོ། །ཡང་དེའི་རྗེས་འབྲང་ཁ་ཅིག་ན་རེ། སྐོར་ནེ་རུ་པ་བྱ་བ་ལོག་ཆོས་པ་ཅིག་གིས་ཕག་མོ་བརྡ་བཞིའི་དབང་བྱ་བའི་རྫུན་དབང་བྱས་པ་དེ་དགག་པ་ཡིན་ཟེར་བ་ཡང་ཆ་མེད་པར་སྨྲ་བ་ལ་རིངས་པ་ཡིན་ཏེ། སྐོར་ནེ་རུ་པ་ཆེན་པོ་ནི་མངའ་བདག་མཻ་ཏྲྀ་པའི་དངོས་སློབ་ལོ་ཙཱ་བ་ཆེན་པོ་ཅིག་ཡིན་ལ། རྗེ་མཻ་ཏྲྀ་པ་ལས་མཚན་བརྗོད་དང་རྙོག་མེད་དང་རྩ་རྒྱུད་རབ་ཏུ་མི་གནས་པ་དང་བཤད་རྒྱུད་བསམ་གྱིས་མི་ཁྱབ་པ་དང་གསང་བ་གཉིས་སུ་མེད་པའི་རྒྱུད་རྣམས་ཞུས་ནས་སྤྱན་དྲངས་པས་སྐོར་ནེ་


KMC013_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རུ་པའི་རྒྱུད་ལྔ་ཞེས་གྲགས་ཅིང་། དེ་ཐམས་ཅད་ཀྱང་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པའི་ལྟ་སྒོམ་དུ་འགྲེལ་བར་མཛད་དོ། །གཞན་ཡང་གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུགཨ་མ་ན་སི་ཀ་རའི་ཆོས་སྐོར་ཉེར་བཞི་རྣམས་སྤྱན་དྲངས་ཏེ་གཙོ་བོར་འཆད་པས་ཨ་མ་ན་སི་པ་ཞེས་གྲགས་ཅིང་། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཀྱང་དེ་རྣམས་ཞུས་ཏེ། ང་ལ་ད་ལྟ་སློབ་མ་ཡུངས་ཀར་བྲེེ་གསུམ་གྱི་གྲངས་དང་མཉམ་པ་ཡོད་ཀྱང་། ཆོས་ཐམས་ཅད་རྫོགས་པ་ནི་ཁྱུང་པོ་རྣལ་འབྱོར་ཁྱོད་ལས་མེད་དོ་གསུང་ངོ་ཞེས་བཤད་པ་དེ་ཡིན་ལ། དེས་ཕག་མོའི་སྐོར་ཡང་མང་དུ་སྤྱན་དྲངས་མོད། ཕག་མོ་བརྡ་བཞིའི་དབང་ནི་ལུགས་དེ་ལ་མེད་དོ། །ཕྱིས་རྗེ་མཻ་ཏྲྀ་པའི་ཁྱད་སློབ་བཞི་ལས་རྒྱ་གར་ཕྱག་ནའི་སློབ་མ་བལ་པོ་ཨ་སུས་བོད་དུ་ས་ར་ཧའི་དོ་ཧ་གཙོ་བོར་གསུངས་ལ། དོ་ཧ་བརྡ་བཞིའི་དབང་ཞེས་པ་མཻ་ཏྲྀ་ནས་བརྒྱུད་པ་ཅིག་ལུགས་དེ་ལ་ཡོད་ཀྱང་ཕག་མོའི་དབང་མ་ཡིན་ནོ། །དེས་ན་ཕག་མོ་བརྡ་བཞིའི་དབང་ནི་སྐུ་གསུང་ཐུགས་ཀྱི་རྒྱུད་མཛད་མའི་དབང་ལ་བརྡ་བཞིའི་དབང་དང་ཕྱག་རྒྱ་ཆེན་པོ་རྡོ་རྗེ་ཡེ་ཤེས་ཀྱི་དབང་ཞེས་བཤད་པ་


KMC013_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། ཞལ་གཉིས་མའི་བྱིན་རླབས་ལ་ཡང་མཚན་དེ་ལྟར་དུ་གསུངས་པ་ཡོད་དོ། །བརྡ་བཞིའི་དབང་འདི་དག་ཡང་དབང་པོ་རྣོན་པོ་དེས་འདུལ་ནུས་ལ། རྡོ་རྗེ་སློབ་དཔོན་རིག་པ་གྲུབ་ཅིང་གདུལ་བྱའི་ཁམས་རྒྱུད་ཤེས་པས་བསྟན་པས་སྐབས་དོན་གྲུབ་པར་འཆད་པ་ཡིན་གྱི་ཉན་པ་པོ་རྙེད་དོ་ཅོག་ལ་འདི་ཁོ་ན་བསྐུར་བར་བྱའོ་ཞེས་འཆད་པ་མ་ཡིན་པས་རྟོག་གེའི་ཆུ་ཐིགས་ཙམ་གྱི་ཆེར་བསྙེམས་ཏེ་ཆོས་ཀྱི་རྒྱ་མཚོ་ཆེན་པོ་རྣམས་ཟིལ་གྱིས་གནོན་པར་རློམ་པའི་སྐྱེ་བོ་རྣམས་ཀྱི་ངག་ཚད་མར་མ་བྱེད་ཅིགསྡིག་པའི་གྲོགས་པོས་བསླུས་པས་ནི་སྲིད་པ་དང་ངན་འགྲོའི་འཇིགས་པ་ཐམས་ཅད་སྐྱེད་པ་ཡིན་ནོ། །སྒྲུབ་ཐབས་དངོས། གཉིས་པ་སྒྲུབ་ཐབས་དངོས་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གདམས་ངག་དངོས། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་སྐད་དུ། ཤྲི་བཛྲ་ཡོ་གི་ནི་གུ་ཧྱ་སཱ་དྷ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་འབྱོར་མའི་གསང་བའི་སྒྲུབ་ཐབས་ཅེས་བྱ་བ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་རྗེ་ལོ་ཙཱ་བས་མཚན་གྱི་དོན་དང་འགྱུར་གྱི་ཕྱག་ཏུ་བཀོད་པའོ། །


KMC013_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དང་ཐུན་མོང་དངོས་གྲུབ་ནི། །གསོལ་བ་གང་བཏབ་འཐོབ་འགྱུར་བ། །ཡིད་བཞིན་ནོར་བུ་ལྟ་བུ་ཉིད། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །ཅེས་པ་ནི་རྗེ་ནཱ་རོ་པ་ཉིད་ཀྱི་རྩོམ་པར་འཇུག་པའི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་རེ་བ་མ་ལུས་པ་སྐོང་བར་ནུས་པའི་ཡིད་བཞིན་གྱི་ནོར་བུ་ཡང་དག་པ་ནི་རྡོ་རྗེ་རྣལ་འབྱོར་མ་འདི་ཉིད་ཡིན་གྱི་ལྷ་མིའི་ནོར་བུ་གཞན་རྣམས་ཀྱིས་ནི་སྲིད་པའི་འབྱོར་པ་ཁོ་ན་ལས་གཞན་སྦྱིན་པར་མི་ནུས་པའོ། །རྡོ་རྗེའི་རྣལ་འབྱོར་མ་དེ་ཉིད་བསྒྲུབས་པས་མཆོག་གི་དངོས་གྲུབ་རྡོ་རྗེ་འཛིན་པའི་གོ་འཕང་སྡོང་པོ་ལྟ་བུ་མངོན་དུ་བྱེད་ལ། ཐུན་མོང་གི་དངོས་གྲུབ་རལ་གྲི་དང་མཁའ་ལ་སྤྱོད་པ་སོགས་ཡལ་ག་དང་འདྲ་བ་ནི་དེའི་ཞར་ལས་འབྱུང་བའོ། །གང་བསྒྲུབ་པར་བྱ་བ་བཅོམ་ལྡན་འདས་མ་དེ་ཉིད་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཡུམ་རྡོ་རྗེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཏེ། བརྟག་གཉིས་ལས། ཤེས་རབ་ཕ་རོལ་ཕྱིན་མ་ཉོན། །ཞེས་དང་། ཕྱག་ཐིག་ལས།


KMC013_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོའི་རང་བཞིན་ནི། །ལྷ་མོ་ཆེན་མོ་དེ་ནི་ཁྱོད། །ཅེས་སོ། །འདི་ལ་ཡང་ཕར་ཕྱིན་ཐེག་པར་བཅོས་མིན་རང་བཞིན་གྱིས་རྣམ་པར་དག་པའི་ཆ་ལ་རང་བཞིན་ཤེས་ཕྱིན་དང་། དེ་ཁོ་ན་ཉིད་རྟོགས་པའི་ཆ་ནས་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གཞིའི་གནས་ཚུལ་ཇི་ལྟ་བར་མངོན་དུ་མཐར་ཐུག་པར་བྱས་པའི་ཆ་ནས་འབྲས་བུའི་ཤེས་ཕྱིན་ཞེས་གནས་སྐབས་ཀྱི་དབྱེ་བས་བཤད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་འཕགས་པ་བཞི་ཀའི་ཡང་སྐྱེད་པ་དང་གསོ་བ་དང་བཞེད་དོན་གྲུབ་པའི་ཡུམ་སྟེ། མངོན་རྟོགས་རྒྱན་ལས། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ། ཞེས་བཤད་པ་ལྟར་རོ། །སྔགས་བླ་མེད་དུ་ནི་རྟོགས་པར་བྱ་བའི་ཆ་ནས་མཆོག་ཏུ་མི་འགྱུར་བ་ཕྱག་རྒྱ་ཆེན་པོ་སྟེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཆོས་བདག་མེད་པའི་ལམ་ནས་སུ། །དཀྱིལ་འཁོར་དམ་པར་ཞུགས་པ་ནི། །ཤེས་རབ་ཕ་རོལ་ཕྱིན་སྤྱོད་མ། །ཞེས་སོ། །དེ་བཞིན་དུ་ཐབས་དང་ཤེས་རབ་ཀྱི་རྐྱེན་གྱིས་གཟོད་མ་ནས་གནས་པའི་ཡེ་ཤེས་སྣང་བར་བྱས་པ་ལྷན་ཅིག་སྐྱེས་པ་དང་། སེམས་ལ་རང་དབང་དུ་


KMC013_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིང་ཐེག་དམན་གྱི་གནས་པ་བསྲེགས་ནས་བདེ་བའི་རང་བཞིན་གྱི་རྒྱུ་བའི་ཕྱིར་མཁའ་འགྲོ་མ་ཞེས་བྱ་སྟེ། མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་མ་ཡིས་ནམ་མཁའ་གང་། །སླར་ཡང་ལྷན་སྐྱེས་རྫོགས་བྱང་ཆུབ། །རྣལ་འབྱོར་མ་ནི་ལྷན་སྐྱེས་གཟུགས། །ལྷན་སྐྱེས་ཡི་གེ་རྣལ་འབྱོར་མ། །རྣལ་འབྱོར་མ་ཡིས་ལྷན་སྐྱེས་ཟོས། །སླར་ཡང་རྣལ་འབྱོར་མ་ཟ་འགྱུར། །ཞེས་དང་། རྡོ་རྗེ་མཁའ་འགྲོར། ནམ་མཁར་ཀུན་ཏུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཅེས་དང་། རྒྱུད་ཕྱི་མར་དེ་འགྲེལ་བ་ན། ནམ་མཁའི་སྒྲས་ནི་སེམས་ལ་བྱ་སྟེ་ཇི་ལྟར་ནམ་མཁའ་ཁམས་ལ་སོགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པ་བཞིན་དུ་ཐམས་ཅད་ཀྱི་གོ་སྐབས་སྟེར་བའི་ཕྱིར་རོ། །ཡང་ན། ཉན་ཐོས་ལ་སོགས་པའི་གནས་པ་བསྲེགས་པས་ན་ནམ་མཁའ་སྟེ་ནམ་མཁའ་དེར་བདུད་རྩིའི་རང་བཞིན་གྱིས་རྒྱུ་ཞིང་སྤྱོད་པས་ནའོ། །ཞེས་སོ། །ཤེར་ཕྱིན་དེ་ཡང་ཕར་ཕྱིན་ཐེག་པར་སྤྲོས་པ་ཉེ་བར་ཞི་བ་ཙམ་ལ་བཤད་ཀྱང་། གསང་སྔགས་སུ་ནི་ཐབས་མཁས་པའི་སྒོ་ཆེས་མང་བའི་ཕྱིར་ཞལ་ཕྱག་དང་བཅས་པ་ལྷའི་རྣམ་པ་ཅན་དང་། ཨ་ཡིག་


KMC013_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཡིག་འབྲུ་དང་། གྲི་གུག་ལ་སོགས་པ་ཕྱག་མཚན་དང་། དེ་བཞིན་དུ་རྩ་དང་རླུང་དང་ཐིག་ལེ་དང་སྟོང་པ་དང་བདེ་བ་དང་ཟུང་དུ་འཇུག་པ་སོགས་མཐའ་ཡས་པའི་སྒོ་ནས་བཤད་ལ། མིང་གི་རྣམ་གྲངས་ཀྱང་དོན་དམ་པའི་བདེན་པ་དང་། ཆོས་ཉིད་ཀྱི་སྐུ་དང་། རྡོ་རྗེ་བཙུན་མོ་དང་། རྡོ་རྗེའི་རྣལ་འབྱོར་མ་དང་། རང་བཞིན་གྱིས་འོད་གསལ་བ་དང་། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དང་། ཨེ་ཡིག་དང་། གསང་བ་མཆོག་གི་དགྱེས་པ་སོགས་དུས་ཀྱི་འཁོར་ལོ་དང་སྤྱོད་པ་བསྡུས་པའི་སྒྲོན་མེར་དོན་དམ་པའི་བདེན་པའི་མིང་གི་རྣམ་གྲངས་ཇི་སྙེད་གསུངས་པ་ལྟ་བུ་ཡིན་ལ། ཁྱད་པར་དུས་ཀྱི་འཁོར་ལོར་སྣ་ཚོགས་ཡུམ་དང་། འཁོར་ལོ་སྡོམ་པར་རྡོ་རྗེ་ཕག་མོ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་རྣམ་པར་སྣང་མཛད་མ་དང་། དགྱེས་པའི་རྡོ་རྗེར་རྡོ་རྗེ་བདག་མེད་མ་དང་། དཔལ་འདུས་པར་རེག་བྱ་རྡོ་རྗེ་མ་ཞེས་བྱ་བ་ལ་སོགས་པའི་མཚན་དང་སྐུ་མཐའ་ཡས་པར་འགྱུར་ལ། དེ་དག་ཀྱང་ཡབ་དུས་ཀྱི་འཁོར་ལོ་དང་འཁོར་ལོ་སྡོམ་པ་སོགས་དང་ཐ་དད་པ་ནི་མ་ཡིན་ཏེ། སྤངས་རྟོགས་དབྱེར་མེད་པ་ནི་རྫོགས་པའི་སངས་རྒྱས་ཡིན་


KMC013_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལ་སྤངས་པ་ཕུན་ཚོགས་རང་དོན་ཆོས་ཉིད་ཀྱི་སྐུ་བྲལ་འབྲས་ཀྱི་ཆ་ནི་ཡུམ་གྱི་མཚན་དང་རྣམ་པར་སྣང་ཞིང་། ཡེ་ཤེས་ཕུན་ཚོགས་གཟུགས་ཀྱི་སྐུ་བདེ་བ་ཆེན་པོ་རྣམ་སྨིན་གྱི་འབྲས་བུའི་ཆ་ནི་ཡབ་ཀྱི་རྣམ་པར་སྟོན་ལ། གཉིས་ཀའང་གཟོད་ནས་དབྱེར་མེད་པ་ཉིད་ནི་གདུལ་བྱ་ཆགས་ཅན་གྱི་ངོར་ཁ་སྦྱོར་གྱི་སྐུར་བཞེངས་པ་སྟེ། རྒྱུའི་དུས་སུ་ཚོགས་གཉིས་ཞི་ལྷག་སྟོང་ཉིད་སྙིང་རྗེ་སོགས་ཟུང་འཇུག་ཏུ་བསྒྲུབས་པས་སྲིད་ཞིའི་མཐའ་སྤངས་ཏེ་ཟུང་འཇུག་རབ་ཏུ་མི་གནས་པ་ཁ་སྦྱོར་བདུན་ལྡན་གྱི་གོ་འཕང་འགྲུབ་པའི་དོན་ཏོ། །རྣམ་པར་དག་པའི་ཚུལ་འདི་ལྟ་བུ་མི་ཤེས་པར་ཁྲིག་པའི་འདོད་ཆགས་ཀྱིས་ལྷ་ཞལ་སྦྱོར་དུ་རློམ་པ་སོགས་ནི་སངས་རྒྱས་པའི་གསང་སྔགས་ཡང་དག་མ་ཡིན་ཏེ། ཕྱི་རོལ་པའི་དབང་ཕྱུག་ཡབ་ཡུམ་དུ་སྒྲུབ་པ་དང་མཚུངས་པའི་ཕྱིར་རོ། །དུས་ཀྱི་འཁོར་ལོ་ལས་རང་འོད་ཀྱི་རིག་མ་དང་རྒྱུད་ཐ་དད་པའི་རིག་མ་གཉིས་ཀྱི་རྣམ་གཞག་དང་དགག་སྒྲུབ་མཛད་པ་ནི་ཕྱག་རྒྱ་དག་གིས་རྒྱས་གདབ་པའི་སྐབས་སུ་གསུངས་ཀྱི་རྣམ་པར་དག་པའི་དབང་དུ་མཛད་པ་ནི་མ་ཡིན་ནོ། །མདོར་ན། གདུལ་བྱའི་དབང་


KMC013_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡབ་ཡུམ་དུ་བསྟན་པར་ཟད་ཀྱི་རང་བཞིན་ཐ་དད་པ་མ་ཡིན་ཏེ། མཁའ་འགྲོ་རྒྱ་མཚོར། སངས་རྒྱས་གཟུགས་ནི་རྣལ་འབྱོར་མ། །རྡོ་རྗེ་འཛིན་པའི་གཟུགས་ཅན་མ། །གནས་ཀྱི་གཟུགས་ནི་རྣལ་འབྱོར་མ། །བྱས་དང་བྱེད་པའང་དེ་ཉིད་དོ། །ཅེས་དང་། ཕག་མོའི་གཟུགས་ནི་མཐའ་ཡས་པའང་། །སྤྲོས་པ་དྲ་བ་སྡོམ་པའོ། །ཞེས་དང་། རྣལ་འབྱོར་མ་ཀུན་སྤྱོད་ལས། དེ་ལ་ཧེ་རུ་ཀ་དཔལ་རྒྱུད། །སེམས་ནི་དྲི་མེད་ཡིན་པར་བཤད། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །དེ་ཉིད་དང་ནི་ཐམས་ཅད་འབྱུང་། །ཞེས་སོ། །དེ་ཉིད་ཀྱང་དབྱེ་ན་གསུམ་སྟེ། ཆོས་ཉིད་ཀྱི་སྐུ་སྤྲོས་པ་ཉེར་ཞི་ཕྱག་རྒྱ་ཆེན་པོ་འོད་གསལ་བའི་གནས་ནི་དོན་གྱི་རྡོ་རྗེ་རྣལ་འབྱོར་མ་དང་། ལྟེ་བའི་དབུས་གནས་རྣལ་འབྱོར་མ། །ཞེས་སོགས་ཀྱི་བརྗོད་བྱ་ལྟེ་བར་ཙཎྜ་ལི་ཁམས་གསུམ་སྐད་ཅིག་གིས་སྲེག་པའི་ངོ་བོས་གནས་པ་ནི་བརྡའི་རྡོ་རྗེ་རྣལ་འབྱོར་མ་སྟེ་འདི་གཉིས་ནི་སྔ་མ་སྐྱེ་མེད་རླུང་སེམས་གཉིས་མེད་དང་། ཕྱི་མ་བདེ་ཆེན་རླུང་སེམས་གཉིས་མེད་དེ་གཙོ་བོར་རྫོགས་རིམ་གྱིས་སྒྲུབ་བོ། །


KMC013_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཕྱག་གི་རྣམ་པར་བཞེངས་པ་ནི་རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་སྟེ། དེ་ལ་ཡང་སངས་རྒྱས་ཐམས་ཅད་དང་རང་བཞིན་གཅིག་པའི་ངོ་བོས་དཔལ་འཁོར་ལོ་སྡོམ་པའི་ཡུམ་གྱི་རྣམ་པར་སྟོན་པ་ནི་ཆོས་སྐུ་རྟགས་ཀྱི་རྡོ་རྗེ་རྣལ་འབྱོར་མ་དང་། ཡུལ་ཉེར་བཞི་སོགས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་གྱི་གཙོ་མོར་རབ་གཏུམ་མ་ལ་སོགས་པའི་མཚན་གྱིས་བཞུགས་པ་ནི་ལོངས་སྐུ་རྟགས་ཀྱི་རྣལ་འབྱོར་མ་དང་། ས་འོག་ས་སྟེང་ས་བླ་སོགས་མདོར་ན་སྲིད་རྩེ་ནས་མནར་མེད་ཀྱི་བར་གྱི་འགྲོ་བའི་གནས་ཐམས་ཅད་དུའང་རྣལ་འབྱོར་མ་སོ་བདུན་ལ་སོགས་པའི་འགྱུར་བ་མཐའ་ཡས་པའི་འགྲོ་བའི་དོན་མཛད་པ་ནི་སྤྲུལ་སྐུ་རྟགས་ཀྱི་རྣལ་འབྱོར་མ་ཞེས་བྱ་སྟེ། འདི་རྣམས་ནི་གཙོ་བོར་སྐྱེད་རིམ་ལྷན་ཅིག་སྐྱེས་མ་ཉིད་ཀྱིས་གྲུབ་པར་བྱེད་དོ། །འདི་དག་གི་ཕྱིར་སྒྲུབ་ཐབས་ཀྱི་མཇུག་སྡུད་དུ། བརྡ་དོན་རྟགས་ཀྱི་ཕག་མོར་ཕྱག་འཚལ་ཏེ། །ཞེས་དང་། སྨྲ་བསམ་བརྗོད་སོགས་བློ་ཡི་ཡུལ་ལས་གྲོལ། །སྐྱེ་སོགས་མཐའ་བྲལ་ཤེས་རབ་ཕ་རོལ་ཕྱིན། །ཞེས་དོན་དང་། ལྷ་མོའི་ཚུལ་སྣང་ཞེས་པས་རྟགས་དང་། སྒྱུ་མའི་ཕྱག་རྒྱ་ཆེ་ཞེས་པས་


KMC013_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའི་རྡོ་རྗེ་རྣལ་འབྱོར་མ་ངོས་འཛིན་པར་མཛད་པ་ཡིན་ནོ། །དེ་ཉིད་སྒྲུབ་པའི་ཐབས་བཅོམ་ལྡན་འདས་མ་ཉིད་ཀྱིས་ཇི་སྐད་བསྟན་པ་དེ་ཉིད་འདིར་བརྗོད་པར་བཞེད་ནས་རྩོམ་པར་དམ་བཅའ་བར་མཛད་དོ། །ཕག་མོ་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་ཐོག་མར་ཡང་། དེ་ནས་རྣལ་འབྱོར་བཤད་བྱ་བ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའོ། །ཕྱི་མ་ལས་ཀྱང་ཕྱི་མ་སྟེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཕག་མོ་ཡི་ནི་གཙོ་མོ་ཉིད། །རྣལ་འབྱོར་རྣམས་ཀྱི་གྲུབ་སྟེར་བའོ། །རྣལ་འབྱོར་མ་ལུས་རྣམས་ཀྱི་ཡང་། །སྙིང་པོའི་རྣལ་འབྱོར་བཏུས་པའོ། །ཞེས་གསུངས་སོ། །སྒྲུབ་ཐབས་དེ་ཡང་ཐུན་མོང་བ་ཙམ་ཞིག་གམ་ཞེ་ན་མ་ཡིན་ཏེ་ཞལ་གདམས་ལས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཉམས་སུ་ལེན་པར་འདོད་པས་ཅེས་ཆེས་གསང་བའི་སྒྲུབ་ཐབས་སྟོན་པར་གསུངས་ལ། གསང་བའི་དོན་ཡང་སམྦྷུ་ཊ་ལས། ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང་ཚངས་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་བའོ། །ཞེས་ཡི་གེའི་དོན་གྱིས་འཇིག་རྟེན་པ་དང་ཐེག་དམན་གྱི་ཡུལ་མ་ཡིན་པར་བཤད་ལ། སྦས་དོན་


KMC013_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྙེད་པར་དཀའ་བའི་གསང་བའི་སྤྱོད་པ་རྨད་བྱུང་སྟོན་པའི་ཕྱིར་གསང་བའི་སྒྲུབ་པ་ཅེས་བྱའོ། །བོད་ཀྱི་མཁས་པ་དུ་མས་གྲུབ་པའི་གསེབ་ལམ་འདི་དག་ནན་གྱིས་བཀག་ནས་སླར་རང་ཉིད་ཟང་ཟིང་གི་ཆེད་དུ་ལྷ་ཚོགས་བདག་དང་འདོད་པའི་རྒྱལ་པོ་སྡིག་ཏོ་ཅན་སོགས་ལ་སྐྱབས་གནས་ཀྱི་སྙིང་པོར་བཟུང་ནས་དེ་དག་གི་སྒྲུབ་ཐབས་ལ་གསེར་ཆོས་ཀྱི་ཡང་སྙིང་དུ་བྱེད་པ་འདིས་ནི་རྟོག་གེའི་ཚིག་འབྲུ་ཙམ་གྱིས་དྲེགས་པ་མང་པོ་དགའ་བ་སྐྱེད་པར་ནུས་ཀྱང་ཆོས་ལས་བྱུང་བའི་དཔྱོད་ལྡན་རྣམས་ངོ་ཚ་བར་འགྱུར་ཏེ། ཚོགས་ཀྱི་བདག་པོ་ནི་བགེགས་ཀྱི་རྒྱལ་པོ་བཱི་ན་ཡཱ་ཀ་ཡིན་ལ། དེ་དང་གང་བདུད་སྡིག་ཏོ་ཅན་ལ་སྐྱབས་གནས་སུ་བྱེད་པ་དེ་སངས་རྒྱས་སུ་ཞིག་གི་ཉན་ཐོས་སུ་འགྱུར། དང་པོར་སྐྱབས་སུ་འགྲོ་བའི་བསླབ་བྱ་ལའང་སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་ཕྱག་མཆོད་མི་བྱེད་ཅེས་སྨྲས་ནས་མཐར་སྡེ་སྣོད་དང་རྒྱུད་སྡེ་ཐམས་ཅད་ཕྱིའི་ཆོས་སུ་བྱས་ནས་ཡང་སྙིང་འདི་འཇིག་རྟེན་པའི་ལྷ་གྲུབ་པ་ལ་བྱེད་ན། རི་དྭགས་རྔ་མ་མ་བསྟན་ན། །བོང་ཤ་བཙོང་བར་ག་ལ་ནུས། །ཅེས་གསུང་པ་དེ་ཉིད་དུ་


KMC013_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་དག་སངས་རྒྱས་ཀྱི་རྒྱུད་ལས་བཤད་དོ་སྙམ་ན། སྡིག་ཅན་གྱི་སྒྲུབ་ཐབས་ནི་རྒྱུད་ལས་གསུངས་པ་མ་མཐོང་ལ། ཚོགས་བདག་གི་སྒྲུབ་ཐབས་ཀྱང་འཇིག་རྟེན་པའི་དངོས་གྲུབ་ཕྲ་མོ་འདོད་པ་དམ་པའི་ཆོས་ལ་འཇུག་མི་ནུས་པ་རྣམས་ཀྱི་ཆེད་དུ་བསྟན་པ་སྟེ་མཆོག་གི་དངོས་གྲུབ་འདོད་པ་རྣམས་ནི་ཐུན་མོང་གི་དངོས་གྲུབ་འདོད་པར་མི་བྱེད་དེ། ཐུན་མོང་མ་ཡིན་པ་གསང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ལུང་འཕགས་པ་ལྷས་སྤྱོད་བསྡུས་སུ་དྲངས་པ། དེ་ལས་གཞན་ཡང་ཐམས་ཅད་མཁྱེན་པའི་དངོས་གྲུབ་འདོད་པའི་ཕྱིར་དངོས་གྲུབ་གང་ཅི་ཡང་རུང་བ་ཚོལ་བར་མི་བྱེད་དོ། །འཇིག་རྟེན་རྒྱང་འཕེན་པའི་ངག་གི་དངོས་གྲུབ་དང་མན་ངག་གཞུག་པའི་དངོས་གྲུབ་དང་བུམ་པ་བཟང་པོ་དང་ས་འོག་དང་རྒྱལ་སྲིད་དང་རྒྱས་པ་དང་དབང་དུ་བྱ་བ་དང་མངོན་སྤྱོད་ཀྱི་དངོས་གྲུབ་རྣམས་དོན་དུ་གཉེར་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་ཆེན་པོའི་དོན་དུ་དངོས་གྲུབ་ཕྲ་མོའི་འདོད་པ་སྐྱེད་པར་མི་བྱའོ། །རྣམ་པར་མི་རྟོག་པའི་དངོས་གྲུབ་འབའ་ཞིག་ལ་སེམས་རྩེ་གཅིག་པར་འགྱུར་བར་བྱའོ། །ཞེས་བཤད་དོ། །ལོག་རྟོག་


KMC013_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སེལ་དུ་ཡང་། པཎ་གྲུབ་བ་ར་ཅོ་ཁི་ཆོས་སྐོར་འདི། །ཆོས་ཁོང་སྙིང་པོ་མེད་པར་འཆད། །མོན་བུ་པུ་ཊའི་རྗེས་གནང་ལ། །སྦས་པའི་ཟབ་ཆོས་གསེར་དང་བརྗེ། །མཁས་པའི་བདེན་དྲང་བློ་ཚད་ལགས། །ཅེས་དང་། ཀྱེ་མ་ཆོས་ལོག་ཏུ་འགྱུར་བའི། །རྒྱ་གཞུང་འདི་དག་སྐལ་པ་ངན། །ལོ་པཎ་དེ་དག་བསོད་ནམས་དམན། །སྐྱབས་གསུམ་འདི་ཙམ་འཛོམས་ནུས་པ། །མཁས་བྱེད་མཐུ་སྟོབས་ཆེ་ལགས་སོ། །ཞེས་གསུངས་སོ། །གཉིས་པ་གདམས་ངག་དངོས་ལ་བཞི། ཇི་ལྟར་སྒྲུབ་པའི་ཚུལ། གྲུབ་ནས་སྤྱོད་པ་བྱ་ཚུལ། སྲུང་བྱའི་དམ་ཚིགམཐར་ཐུག་གི་འབྲས་བུའོ། །དང་པོ་ལ་གསུམ། སྐྱེད་རིམ། རྫོགས་རིམ། ཡན་ལག་གི་དོན་ཏོ། །དང་པོ་ལ་བཞི། གང་དུ་སྒྲུབ་པའི་གནས། ནམ་སྒྲུབ་པའི་དུས། སྒྲུབ་པའི་བཀོད་པ་བཤམ་པ། སྒྲུབ་པ་དངོས་སོ། །དང་པོ་ནི། རི་བོའི་རྩེ་དང་དུར་ཁྲོད་དང་། །ཤིང་གཅིག་དྲུང་དང་ཕུག་སྟོང་དང་། །བས་མཐའ་དབེན་པའི་གནས་རྣམས་སུ། །ཞེས་པ་སྟེ། རི་བོ་ཆེན་པོའི་རྩེ་ནི། རིག་པ་འཛིན་པ་རྣམས་དང་མཁའ་འགྲོའི་གཙོ་མོ་རྣམས་འདུ་བའི་གནས་ཡིན་པས་དངོས་གྲུབ་ཉེ་བ་


KMC013_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་བཞིན་དུ་དུར་ཁྲོད་ནི། བརྒྱད་པོ་ལ་སོགས་པ་རྟག་པར་དུར་ཁྲོད་དུ་གྲགས་པ་རྣམས་དང་རོ་བཞིའི་ཚོགས་པ་དང་ལྡན་པའི་གནས་ཀྱང་རེས་འགའ་བའི་དུར་ཁྲོད་དུ་གྲགས་པ་ཡིན་ཏེ་དེ་དག་ཏུ་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་འདུའོ། །ཤིང་གཅིག་ནི། ནགས་ཚལ་ཆེན་པོའི་དབུས་ན་ལྗོན་ཤིང་གཅིག་ཁོ་ན་རྒྱལ་པོའི་ཚུལ་དུ་གནས་པའི་ས་ཕྱོགས་དགོན་དྲུང་ལྟ་བུར་ལྗོན་ཤིང་རྐང་གཅིག་པ་གཅིག་པོར་གནས་པའམ་ཇི་སྲིད་འདོམ་ཞེ་དགུའི་བར་རམ་རང་གི་གྲིབ་མས་སླེབ་པ་དེ་སྲིད་དུ་ལྗོན་ཤིང་གཞན་མེད་པའི་སྡོང་ཆེན་ནམ་ཐ་ནའང་ངོ་ཙམ་ན་རིགས་གཅིག་པའི་ཤིང་གཞན་མེད་པ་སྟེ་ཞིང་སྐྱོང་རྣམས་རྣམས་འདུ་བའི་གནས་སོ། །དགོན་པའི་ཕུག་སྟོང་གྲོང་ཁྱེར་རྙིང་པའི་ཤུལ་ནི། ཕྲ་མེན་མ་ཤ་ཟའི་མཁའ་འགྲོ་རྣམས་འདུ་བའི་གནས་སོ། །བས་མཐའ་ནི། གྲོང་ལས་དཔག་ཚད་དུ་སོང་བ་ནི་དགོན་པ་སྟེ་མཁའ་འགྲོ་སྣ་ཚོགས་པ་འདུའོ། །དབེན་པ་ནི། གང་ན་སྐྱེ་བོའི་རྒྱུ་འགྲོར་མེད་པ་སྟེ། རྗེ་མི་ལས། ཉིན་པར་སྐྱེ་བོའི་འདུ་འཛིས་དབེན་པ། མཚན་མོ་སྒྲ་དང་ཀླག་ཅོས་དབེན་པ། ཆོམ་རྐུན་གྱི་རྒྱུན་ལམ་མེད་པ། ཅེས་


KMC013_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟ་བུ་སྟེ། དེ་དག་ནི་མ་རྒྱུད་སྤྱིའི་གནས་དང་ཐུན་མོང་བ་ཡིན་ལ། ཞལ་གདམས་ལས། ཁྱད་པར་དུ་བྲག་དམར་པོ་ཁ་ནུབ་ཏུ་ལྟ་བ་བྱ་ཐལ་གྱིས་མ་གོས་པ་གསུངས་པ་ནི་སྐྱེད་རྫོགས་འདིའི་ཐུན་མོང་མ་ཡིན་པའི་སྒྲུབ་གནས་སོ། །མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཀྱང་། རི་སུལ་ཚང་ཚིང་ཕུག་རྣམས་དང་། །ཆུ་བོའི་འགྲམ་དང་འདུས་པ་དང་། །རྒྱ་མཚོ་ཆེན་པོའི་འགྲམ་དག་དང་། །ཤིང་གཅིག་པ་དང་ཁང་སྟོང་དང་། །མ་མོའི་ཁྱིམ་དང་དུར་ཁྲོད་དང་། །སྐྱེད་མོས་ཚལ་མཆོག་སྣ་ཚོགས་དང་། །ལྷ་ཁང་དག་ནི་མཆོད་རྟེན་གནས། །ཁྱིམ་མམ་ཡང་ན་བཞི་མདོ་རུ། །འདོད་པ་ཐམས་ཅད་རབ་སྟེར་བས། །སྒྲུབ་པ་པོ་ཡིས་བསྒྲུབ་པར་བྱ། །ཞེས་བཤད་དོ། །དེ་བཞིན་དུ་བདེ་མཆོག་རྩ་རྒྱུད་ལས། རྣལ་འབྱོར་མ་དྲུག་ཀུ་ལུ་ཏར། །མྱ་ངམ་ཡུལ་ན་མ་མོ་རྣམས། །སིནྡུར་གནས་པ་ལཱ་མ་སྟེ། །རིགས་ཀྱི་གཙོ་མོ་ནཱ་ག་རར། །སཽ་རཥྚ་དང་ལམྦ་ཀར། །རིགས་ཀྱི་ལྷ་མོ་རྣམས་གནས་སོ། །ཞེས་སོགས་ནས། གསེར་གླིང་དུ་ནི་སྨེ་ཤ་ཅན། །ཞེས་པའི་བར་དུ་ཡུལ་ཉེར་བཞི་པོ་སོ་སོར་མཁའ་འགྲོའི་རིགས་གང་གནས་པ་


KMC013_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཅིང་། རྒྱུད་གཞན་ལས་ཡུལ་སོ་གཉིས་ལའང་དེ་ལྟར་གསུངས་པས་མཁའ་འགྲོ་གནས་པའི་ས་དེ་དག་ཏུ་དངོས་གྲུབ་མྱུར་ལ། དེ་ལྟ་བུ་མ་གྲུབ་ན་དབེན་ཞིང་ཡིད་དུ་འོང་བའི་གནས་སུ་སྒྲུབ་སྟེ་སྔར་མང་དུ་བསྟན་པ་རྣམས་ཀྱང་གདུལ་བྱའི་མོས་ཁམས་ཀྱིས་བསྟན་པའི་ཕྱིར་ཏེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས། གནས་ནི་བསྟན་པར་བྱས་དེའམ། །གང་དུ་ཡིད་ནི་དགའ་བ་རུ། །སྒོམ་པ་སྣ་ཚོགས་སར་འདོད་པས། །དེར་ནི་དངོས་གྲུབ་ཡང་དག་འགྲུབ། །གདུལ་བྱའི་བསམ་པའི་སྦྱོར་བ་ཡིས། །སྒོམ་པའི་དབྱེ་བ་མང་བ་ཡིན། །ཞེས་སོ། །ཞར་བྱུང་སྒྲུབ་པོའི་གང་ཟག་ཡང་། རྒྱུད་དེར། ཕྱི་རོལ་རྣམ་རྟོག་མེད་པ་དང་། །ཀུན་ཏུ་རྣམ་རྟོག་ཆོས་ཉིད་དང་། །སྤྱོད་དང་དོགས་པ་མེད་པ་དང་། །ཀུན་ཏུ་སེར་སྣ་རྣམ་སྤངས་ཏེ། །ཆོས་གྲངས་དང་ནི་རྒྱུ་སྐར་མེད། །བསྙེན་གནས་ཆོ་ག་གཙོར་མེད་སྟེ། །དག་དང་མ་དག་གང་ཡང་མེད། །ཆུ་ཡི་གཙང་སྦྲ་བྱ་བ་མེད། །དུས་དང་ཚད་ལས་རྣམ་པར་གྲོལ། །གཙང་སྦྲའི་སྤྱོད་པ་རྣམ་པར་སྤངས། །ཅེས་སློབ་མའི་རིགས་དང་། རང་རྒྱུད་སྔགས་དང་རྣལ་འབྱོར་ཤེས། །སེམས་ཅན་ཀུན་གྱི་དོན་བརྩོན་པས། །


KMC013_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྨིན་པའི་གོ་རིམ་དང་བཅས་ཏེ་གསུངས་པས་ཕྱི་ནང་གི་རྟོག་གེ་བ་མ་ཡིན་པ། སེར་སྣ་མེད་པ། གཡོ་སྒྱུ་དང་དྲེགས་པ་དང་བྲལ་བ། གཙང་སྦྲ་ལ་གཅིག་ཏུ་མ་ཞེན་ཞིང་ཕྱི་ནང་གི་དམ་ཚིག་གི་རྫས་རྣམས་བློར་ཤོང་བ། ཐེག་དམན་གྱིས་སྡོམ་པ་དང་གཟའ་སྐར་གྱི་རྒྱུ་བ་སོགས་ལ་ཧ་ཅང་མ་ཞེན་པ། སྙིང་རྗེའི་བདག་ཉིད་ཅན་སེམས་ཅན་ཐམས་ཅད་སྐྱབ་པའི་སླད་དུ་ཞུགས་པ། ལམ་འདི་ལ་མོས་པ་དེ་ལྟ་བུ་ནི་ཆོས་འདིའི་སྣོད་ཡིན་ལ། ཕྱག་རྒྱ་ཆེན་པོ་གྲུབ་པའི་རྡོ་རྗེའི་སློབ་དཔོན་གྱིས་འདི་ཉིད་ཀྱི་བྱིན་རླབས་ཀྱིས་རྒྱུད་སྨིན་པར་བྱས་ཏེ་སྐྱེད་རྫོགས་ཀྱི་ལམ་བསྟན་ཏེ་ཤེས་པར་གྱུར་པ་ན་དེས་སེམས་ཅན་གྱི་དོན་དུ་དུས་ཐུང་ངུས་བྱང་ཆུབ་འདོད་པའི་ཕྱིར་སྒྲུབ་པར་བྱེད་དོ། །གལ་ཏེ་སློབ་མ་ཕྱིས་སྣོད་རུང་དུ་འགྱུར་ནའང་ད་ལྟ་རྣམ་རྟོག་མང་བ་ཡིན་ན་སྨིན་བྱེད་ཀྱི་དབང་རྒྱས་པར་བྱས་ཏེ་ཟིན་བྲིས་རྣམ་གསུམ་ཇི་ལྟ་བའི་རིམ་པས་ཁྲིད་པས་སློབ་མ་ཆུད་མི་འཛའ་བར་འགྱུར་རོ། །དེས་ན། ཅིག་ཆར་བ་ཡི་སྨན་ཆེན་དེ། །རིམ་གྱིས་པ་ཡི་དུག་ཆེན་ཡིན། །ཞེས་སོགས་བཤད་པ་ལྟར་སློབ་མའི་རྒྱུད་ཚོད་ཇི་ལྟ་བས་དཀྲི་དགོས་ཏེ་སྨིན་བྱེད་


KMC013_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དབང་པོ་ཡང་རབ་རྡོ་རྗེ་སློབ་དཔོན་གྱི་ཞལ་མཐོང་བའམ་བྱིན་གྱིས་བརླབས་པ་ཙམ་གྱིས་སྨིན་གྲོལ་ཅིག་ཆར་དུ་འབྱུང་བ་ཡང་ཡོད་ལ། དབང་པོ་རྣོན་པོ་རྣམས་ནི་ཏིང་ངེ་འཛིན་གྱི་བྱིན་བརླབས་ཙམ་གྱིས་རྒྱུད་ལ་ཡེ་ཤེས་སྐྱེ་བས་ལམ་ལ་ཐེ་ཚོམ་མི་ཟ་ཞིང་ཡིད་ཆེས་པར་འགྱུར་བས་དེ་ལ་རྒྱུད་སྨིན་པ་ཅེས་ཟེར་རོ། །གང་ཟག་རང་བཞིན་གྱིས་མཚན་རྟོག་ཤས་ཆེ་བའམ་ཚེ་འདིར་ལྟ་བ་སྣ་ཚོགས་པའི་འདམ་རྫབ་ཀྱི་གཤོང་བུ་རྟོག་གེའི་ཆུས་བཀང་བའི་རྫིང་བུར་གསང་སྔགས་ཀྱི་འོ་མའི་སྣོད་ལན་སྟོང་དུ་བཤལ་བའི་ཐ་མའི་ཆུ་ཐིགས་ཙམ་བླུག་ནས་རྡོ་རྗེ་ཐེག་པའི་འོ་མའི་རྒྱ་མཚོ་ཞེས་བྱ་བ་ནི་འདི་ཡིན་གྱི་དཀར་ཞིང་མངར་བའི་བཅུད་ལ་འོ་མར་འཛིན་པ་རྣམས་ནི་གཏི་མུག་གི་ཕུང་པོའོ་ཞེས་སྒྲོག་པས་འཚོ་བར་བྱེད་པའི་སློབ་དཔོན་བོད་ཡུལ་ན་ཆེས་མང་བ་ཡིན་པས་དེ་ལྟ་བུར་འཁྲིད་པས་སེམས་མི་བསྲུན་པར་བྱས་པ་རྣམས་ལ་ནི་སྤྲོས་པའི་བྱ་བ་མང་པོ་དང་བཅས་པའི་ཆོ་ག་རྒྱས་པའི་སྨིན་བྱེད་ཀྱིས་ཡིད་རང་བར་བྱ་སྟེ། དེའི་ཕྱིར་རྗེ་དོན་ལྡན་ཞབས་ཀྱིས་ཞལ་གདམས་ནས་བྱུང་བའི་བྱིན་རླབས་ལ་དཀྱིལ་འཁོར་དུ་འཇུག་པ་དང་རིག་པའི་དབང་


KMC013_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སོགས་ཀྱི་སྤྲོས་པ་བསྐྱེད་དེ་དབང་རྟུལ་དབང་རྣོན་དུ་ཁས་འཆེ་བ་རྣམས་ཚིམ་པར་མཛད་པ་ཡིན་ལ། ཞལ་གདམས་ལས་བྱུང་བའི་བྱིན་བརླབས་ཉིད་ནི་དབང་རྣོན་གྱི་སྨིན་བྱེད་དུ་གསུངས་པ་ཡིན་ནོ། །དེས་ན་སློབ་མའི་རྒྱུད་ཚོད་བཞིན་དཀྲི་རྒྱུ་ཅི་ཡང་མེད་པར་ཟང་ཟིང་འགུགས་པའི་ལྕགས་ཀྱུ་ཆོས་ལ་བྱེད་པ་སློབ་དཔོན་གྱི་གཟུགས་བརྙན་དུ་མས་ཐལ་བའི་རི་མོས་ཁང་བཟང་གི་གཟུགས་བརྙན་ཙམ་བྲིས་པའི་འགྲམ་དུ་སངས་རྒྱས་སྟོང་དང་ཕྲད་ཀྱང་དལ་འབྱོར་རྙེད་དཀའི་བློ་ཙམ་ཡང་རྒྱུད་ལ་མི་སྐྱེ་བའི་དྲེད་པོ་ནོར་ལྡན་དུ་མ་བསགས་པ་ལ་གྲངས་ཉེར་ལྔ་ལ་སོགས་པར་བཅད་དེ་མིག་རས་ཀྱིས་བཀྲིས་ནས་བཞག་སྟེ་དཀྱིལ་ཆོག་གི་བཤར་སྦྱང་བྱེད་ཅིང་སྐབས་སུ་རྔ་བརྡུང་དྲིལ་འཁྲོལ་དང་ཆུ་ཐིགས་འཐོར་བ་སོགས་བྱེད་ཅིང་དེ་ཙམ་གྱིས་སློབ་མར་བསྡུ་བས་འཚོ་བ་འདི་དག་ལ་ནི་སྨིན་མ་སྨིན་ཅི་ཡང་ཡོད་པར་མ་མཐོང་སྟེ་སློབ་མ་དེ་དག་གི་སྔ་མ་དང་ཕྱི་མའི་བློ་ལ་ཁྱད་པར་ཅུང་ཟད་ཀྱང་མི་སྣང་བར་མངོན་སུམ་གྱིས་མཐོང་ལ། དེང་སང་བོད་ཡུལ་འདིར་འདི་ལྟ་བུ་ཞིག་ལ་སྨིན་བྱེད་བྱས་མ་བྱས་ཅེས་རླུང་ལྟར་དུ་སྒྲོག་པར་


KMC013_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཡང་། འདི་ལ་ནི་སློབ་དཔོན་དེ་ལ་གལ་ཏེ་སྔགས་སྡོམ་ཡོད་ན་གསང་སྒྲོགས་ཀྱི་ལྟུང་བ་འབྱུང་བ་ཙམ་ཞིག་དང་ཟང་ཟིང་ཅུང་ཟད་བརྙེད་པ་ཙམ་ཞིག་འབྲས་བུར་སྣང་ངོ་། །དེས་ན་ཇོ་བོའི་ལམ་ཡིག་ལས་སྒྲུབ་ཐབས་ཞུ་བ་ཁ་ཅིག་ལ་རིམ་པར་བྱས་སམ་གསུང་མ་བགྱིས་ཞུས་པས་རིམ་པ་བྱས་ཀྱང་བོད་ཀྱི་རིམ་པས་གོ་མི་ཆོད་པར་སྣང་། བོད་དད་པ་ཆེ་བས་དབང་གི་སྣོད་དུ་རུང་བའི་སློབ་མ་ཡོད་སྲིད། དབང་བསྐུར་ནུས་ཀྱི་བླ་མ་མི་འདུག་ཞེས་གསུངས་པས། ག་ཡ་དྷ་ར་དང་འགོས་འབྲོག་ཟུར་ཆེན་སོགས་ཕྲིན་ལས་རྒྱས་དུས་དེར་དེ་སྐད་གསུངས་ན་ཕྱི་རབས་པ་ཟས་ཚོལ་བ་ཁོ་ནའི་ཆེད་དུ་ཞུགས་པ་དག་ལ་ལྟ་སྨོས་ཀྱང་ཅི་དགོས། ཁྱེད་རྣམས་དབང་ལ་ཐུགས་རྩིས་ཆེ་བ་ངོ་མཚར་ཆེ་མོད་ཀྱང་དབང་ཉིད་གང་ཡིན་དང་སྨིན་ན་ཅི་འདྲ་ཞིག་ཡོང་སོགས་ངོ་མཁྱེན་པར་མ་མཛད་ན་མདོ་ལས་མི་ཞིག་ཙནྡན་གྱི་བསྔགས་པ་བརྗོད་པས་འཚོ་བ་ལས་ཕྱིས་གཞན་ཞིག་གིས་ཙནྡན་དེ་ཁྱེད་ལ་ཡོད་དམ་ཞེས་དྲིས་ན་ཁོ་བོས་མ་མཐོང་ངོ་ཞེས་ཟེར་བ་ལྟར་ཆོས་ཀྱི་བསྔགས་པས་འཚོ་ལ་ཆོས་སྒྲུབ་པར་མི་བྱེད་པ་དག་མ་འོངས་པ་ན་འབྱུང་བར་


KMC013_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་འདིར་སོང་ཉེན་འདུག་པས་གཟབ་པར་མཛད་འཚལ་ལོ། །མདོར་ན་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཁྲོ་དང་བཅས་ཅིང་རྟོག་གེར་གུས། །ན་སོ་དག་ནི་ཡོལ་བ་དང་། །གང་ཡང་དགེ་སློང་དངོས་གནས་དང་། །ཞེན་དང་ཆགས་པས་བཅིངས་པ་ལ། །རིན་ཐང་མེད་པའི་རིན་ཆེན་ནི། །དེ་ལ་བཤད་པར་མི་བྱའོ། །གང་ཡང་ང་རྒྱལ་མེད་པ་དང་། །སྒྱུ་མེད་བདག་ཏུ་མི་འཛིན་ཞིང་། །དེ་བཞིན་ཆོས་ལ་མངོན་པར་དད། །དེ་ལ་མན་ངག་སྦྱིན་པར་བྱ། །གཞན་དུ་ན་ནི་ལྟུང་བར་འགྱུར། །ཞེས་བཤད་པས་སློབ་མ་ཡོངས་སུ་བརྟགས་ཏེ་ཟང་ཟིང་མེད་པའི་སེམས་ཀྱིས་གང་གི་སྣོད་དུ་རུང་བའི་ཐེག་པ་དེས་བསྡུ་བར་བྱས་ནས་དོན་གྲུབ་པར་བྱ་ཡི་ཟང་ཟིང་དང་གྲགས་པ་འདོད་པའི་ཕྱིར་ཐ་སྙད་གྲུབ་པ་ཙམ་གྱིས་ཚིམ་པར་མི་བྱའོ། །ཁ་ཅིག་ལུས་གྲུ་བཞིའི་དག་པ་སྦྱོང་དགོས་པའི་ཕྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་གྲུ་བཞི་ཁོ་ན་སྨིན་བྱེད་ཀྱི་དཀྱིལ་འཁོར་དུ་དགོས་ཀྱི་ཆོས་འབྱུང་དང་གནས་འདྲ་སོགས་ཀྱི་དབྱིབས་དང་ཏིང་ངེ་འཛིན་གྱི་དབང་སོགས་ཀྱིས་སྨིན་བྱེད་དུ་མི་འགྱུར་ཞིང་། རྡོ་རྗེ་ཕག་མོ་ཉིད་ལས་ཀྱང་། དབང་བསྐུར་ཐོབ་


KMC013_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དམ་ཚིག་ལྡན། །ཞེས་གསུངས་པས་དབང་བསྐུར་གཞན་མ་ཐོབ་པ་ལ་ཕག་མོའི་བྱིན་རླབས་ཀྱིས་སྨིན་བྱེད་དུ་མི་འགྱུར་རོ་ཞེས་འཆད་པར་མཐོང་ཡང་ལེགས་པར་བཤད་པ་ནི་མ་ཡིན་ཏེ། སྨིན་བྱེད་ཀྱི་དཀྱིལ་འཁོར་རྡུལ་ཚོན་ཁོ་ན་དགོས་ན་དབང་གོང་མ་གསུམ་གྱིས་སྨིན་པ་མི་སྲིད་པར་འགྱུར་ཏེ། གསང་དབང་ལུས་དཀྱིལ་དང་གསུམ་པ་ཤེས་རབ་དང་བཞི་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་ཐོབ་པར་རང་གིས་ཀྱང་ཁས་བླངས་ཅིང་དེ་དག་རྡུལ་ཚོན་གྱི་དཀྱིལ་འཁོར་མ་ཡིན་པའི་ཕྱིར། འདོད་ན་ནི་སྨིན་པ་ངོ་མ་ཤེས་པར་ཟད་དེ་བླ་མེད་ཀྱི་སྨིན་བྱེད་སྤྲོས་པ་རྒྱས་པ་ཁོ་ནའི་ཚེ་ཡང་དང་པོར་ལྟ་གོན་གྱིས་སློབ་མའི་སྐལ་པ་བརྟགརུང་བར་ཤེས་ན་ཆས་སུ་བཅུག་སྟེ་ཐུན་མོང་རིགས་ལྔ་དང་རྡོ་རྗེའི་སེམས་སྐྱེད་ཀྱི་སྡོམ་པས་བསྡམས་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བཅུགདམ་ཚིག་བསྒྲགས་ཏེ་རྒྱུད་བརྟན་པར་བྱས་ནས་ཡེ་ཤེས་ཕབ་པས་རྒྱུད་ལྷས་བྱིན་གྱིས་བརླབས་པས་ཐ་མས་ཀྱང་བདེ་སྟོང་གི་ཡེ་ཤེས་ཀྱི་སྣ་ཅུང་ཟད་རྙེད། མེ་ཏོག་དོར་བས་ལྷག་པའི་ལྷ་ངོས་བཟུང་བ་རྣམས་ཀྱིས་དཀྱིལ་འཁོར་སྟོན་རུང་དུ་སྨིན་པ་ཡིན་ཏེ་གཞན་དུ་ལྷ་


KMC013_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་དུ་བཞེངས་པ་མཐོང་བ་ལ་མ་དད་པ་སྐྱེ་དོགས་པ་ལས་རིམ་པ་དེ་རྣམས་བྱས་པས་དམ་ཚིག་གི་ཆད་པས་འཇིགས་ཅིང་བྱིན་རླབས་ཀྱིས་རྒྱུད་འགྱུར་བའི་ཕྱིར་ལྷ་ཡབ་ཡུམ་མཐོང་བ་ལ་མ་དད་པ་མི་སྐྱེ་བས་སོ། །དེ་ལྟར་སྨིན་པ་ལ་དཀྱིལ་འཁོར་བསྟན། དེ་ཉིད་བཤད་པས་བླ་མ་དང་དཀྱིལ་འཁོར་ལ་ཡིད་ཆེས་ཅིང་དད་པ་ནི་བུམ་དབང་བསྐུར་རུང་དུ་སྨིན་པའོ། །དེ་ལ་རིག་པའི་དབང་ལྔ་བསྐུར་བས་ཕུང་ལྔའི་མ་དག་པ་སྦྱངས་ནས་ཕུང་པོ་ལྔ་རིགས་ལྔར་ངོ་སྤྲད། རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བྱིན་སྔགས་ཀྱི་དབང་བསྐུར་སློབ་དཔོན་གྱི་དབང་རྣམས་བྱས་པས་གནས་སྐབས་ཀྱི་སློབ་དཔོན་དུ་རུང་ཞིང་སྣོད་བཅུད་རིགས་ལྔར་ཤེས་ནས་ཐ་མལ་དུ་ལྟ་བ་དང་བྲལ་བ་ནི་བུམ་དབང་ཐོབ་པ་སྟེ། ལུས་དཀྱིལ་ལྟ་བ་དང་གསང་རྫས་མཁའ་གསང་ནས་ལེན་པ་སོགས་ལ་མཚན་རྟོག་མི་སྐྱེ་བའི་ཕྱིར་གསང་དབང་བསྐུར་རུང་དུ་སྨིན་པའོ། །དེ་ལ་གསང་དབང་བསྐུར་བས་ཆན་ལ་ཕབ་ཀྱིས་ཐེབས་པ་ལྟར་སྒོ་གསུམ་བྱིན་གྱིས་བརླབས་པས་གསལ་སྟོང་གི་ཡེ་ཤེས་དགའ་བདེས་ཁྱད་པར་དུ་བྱས་པ་རྒྱུད་ལ་སྐྱེས་ཏེ་དབྱིབས་ལ་ལྷར་ཞེན་པ་


KMC013_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་ནི་གསང་དབང་ཐོབ་པ་སྟེ། འདོད་ཆགས་ཀྱི་རྟོག་པས་འཆིང་བར་མི་ནུས་ཅིང་ལམ་དང་ལམ་མ་ཡིན་པར་རྟོག་པའི་མཚན་རྟོག་ཆུང་ངུར་གྱུར་པས་བླ་མའི་བཀས་ཤེས་རབ་མའི་བརྟུལ་ཞུགས་ལེན་པ་ལ་མཚན་རྟོག་མི་སྐྱེ་བས་ན་དབང་གསུམ་པ་བསྐུར་རུང་དུ་སྨིན་པའོ། །དེ་ལ་གསུམ་པའི་དབང་བསྐུར་བས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་བདེ་བས་བྱིན་གྱིས་བརླབས་ནས་ཆོས་ཐམས་ཅད་བདེ་སྟོང་རང་རིག་པའི་ངོ་བོར་རོ་གཅིག་པར་ཤེས་པ་ནི་དབང་གསུམ་པ་ཐོབ་པ་སྟེ། ཆོས་ཐམས་ཅད་གཟོད་མ་ནས་དག་པར་བསྟན་པ་ལ་མི་དངང་ཞིང་ཁོང་དུ་ཆུད་པར་འགྱུར་བས་དབང་བཞི་པ་བསྐུར་རུང་དུ་སྨིན་པ་ཅེས་བྱའོ། །དེ་ལ་དབང་བཞི་པ་བསྐུར་བས་རང་རིག་དང་བདེ་སྟོང་དུ་འཛིན་པ་དག་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་དོན་དམ་པ་གཞོན་ནུ་མའི་པྲ་ལྟར་མཐོང་ནས་ཐེ་ཚོམ་གྱི་འཆིང་བ་ཆད་པ་ནི་དབང་བཞི་པ་ཐོབ་པ་སྟེ་དབང་དོན་ཇི་ལྟར་རྟོགས་པ་དེ་ལྟར་རྩེ་གཅིག་ཏུ་སྒོམ་པ་ནི་གྲོལ་བྱེད་ཀྱི་ལམ་ཡིན་ལ། སྨིན་གྲོལ་དེ་གཉིས་ཀྱི་སྒོ་ནས་མཆོག་གི་དངོས་པོ་ཡང་དག་པར་གྲུབ་པ་ན་རྡོ་རྗེའི་སློབ་དཔོན་ཉིད་དུ་བཀས་


KMC013_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བའམ་དབང་བསྐུར་ཏེ་ཆོས་ཀྱི་རྒྱལ་པོར་འགྱུར་བ་ཡིན་ནོ། །དེ་བས་ན་རྒྱུད་སྨིན་པ་ཅེས་བྱ་བ་ནི་སེམས་བརྟན་པོར་གྱུར་ཏེ་སྔར་མ་སྨིན་པའི་དུས་ཀྱི་བློ་གྲོས་ངན་པ་རྣམས་ཀྱི་དབང་དུ་མི་འགྲོ་བས་སྲིད་ཞི་ལ་མི་ཆགས། ལུས་དང་ལོངས་སྤྱོད་ལ་མི་ཞེན། ཟབ་མོའི་ཆོས་ལ་མི་སྐྲགབླ་མས་བསྟན་པའི་ལམ་ལ་ཐེ་ཚོམ་མེད་པར་རྒྱུད་ལ་ཡེ་ཤེས་ཀྱི་སྣ་བརྙེད་པ་ཅིག་ཡིན་ལ། ཤིན་ཏུ་ཐ་མས་ཀྱང་དབང་ཇི་ཙམ་ཐོབ་པ་དེ་དང་དེའི་སྤྱོད་པ་དང་རྫས་དང་བཟའ་བཏུང་སོགས་གཞན་ནམ་བླ་མས་སྤྱོད་པར་མཐོང་ན་དེ་ལ་དབང་དེའི་སྤྱོད་པར་སྣང་ངོ་སྙམ་དུ་དྲན་པས་མ་དད་པ་མི་སྐྱེ་བ་ཞིག་མེད་ན་སྨིན་པར་ཅིས་འཇོག་གཟུ་བོར་སོམས་ཅིགགལ་ཏེ་ཁོ་བོ་ཅག་གི་འདི་ལ་ད་ལྟ་དངོས་སུ་རྒྱུད་ལ་སྐྱེ་རྒྱུ་མེད་ཀྱང་ཤེས་པ་ལ་ས་བོན་གདབ་པའི་ཚུལ་དུ་མ་འོངས་པ་ན་འབྱུང་རྒྱུ་ལྐོག་གྱུར་དུ་ཡོད་པས་འདི་ལ་སྨིན་པ་ཟེར་རོ་ཞེ་ན། འོ་ན་གསང་སྔགས་མངོན་སུམ་གྱི་ལམ་དུ་ཅིས་འཇོགདེ་ལྟ་ན། གཅིག་ནས་ཉི་ཤུ་ལྔ་ཡི་བར། །བྱ་བ་ལ་སོགས་པའི་གྲངས་བཅད་ཀྱང་ག་ལ་དགོས་ཏེ་བ་ལང་དང་གནག་གི་ཁྱུ་ལྟ་བུ་ལའང་ཁྱེད་ཅག་གི་


KMC013_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དེ་བསྐུར་བར་རིགས་ཏེ། སྐྱབས་འགྲོའི་སྐབས་སུ་སྐྱབས་སུ་མཆིའོ་སྙམ་པའི་བློ་སྐྱེ་ནི་མི་དགོས། སྡོམ་བཟུང་གི་སྐབས་སུ་འདི་བྱའོ་འདི་མི་བྱའོ་སྙམ་པ་ནི་མི་དགོས། དེ་བཞིན་དུ་བསམ་པ་རང་གི་འོག་འགྱུ་ཇི་ལྟར་བསམ་པ་རྒྱ་འབྱམས་སུ་བཏང་བ་ལ་བླ་མས་རྫས་རྣམས་མགོ་ལ་གཏུག་ཞིང་རང་གིས་ཁ་ཐོན་བྱས་པ་ཁོ་ནས་ཕ་རོལ་པོ་ལྐོག་གྱུར་དུ་སྨིན་པའི་ཕྱིར་རོ། །དེས་ན། རྩ་མཆོག་རྩེ་ལ་གླང་ཆེན་བརྒྱ། །སྔོན་ཆད་མ་མཐོང་ཡོད་དོ་ཅེས། །དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །ངོ་མཚར་བཅས་པ་སུ་བརྗོད་སྩོལ། །ཞེས་པ་འདི་དྲན་པར་གྱུར་ཏོ། །གཞན་ཡང་བྱང་ཤམྦྷ་ལར་འཇམ་པའི་དབྱངས་གྲགས་པས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་བློས་བསླང་བའི་དཀྱིལ་འཁོར་དུ་བཅུག་སྟེ་སྨིན་པར་བྱས་པ་དེའང་ཁྱེད་ལ་སྨིན་བྱེད་དུ་མི་འགྱུར་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་མ་ཡིན་པའི་ཕྱིར་རོ། །མ་གྲུབ་སྟེ། རྡུལ་གྱི་ཚོགས་ཡིན་པའི་ཕྱིར་རོ་སྙམ་ན། འོ་ན་ཆོས་འབྱུང་དང་ནས་འདྲ་སོགས་ཅིའི་ཕྱིར་རྡུལ་མ་ཡིན། ཁྱེད་ལ་རྡུལ་ཚོན་དང་རས་བྲིས་ཀྱང་གཅིག་ཁོ་ནར་འགྱུར་ཏེ། འདོད་ན་ཐ་དད་དུ་འབད་པས་བཤད་པ་


KMC013_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སོ། །སྤྱིར་རས་བྲིས་ཀྱང་ཁྱེད་ཅག་འདོད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་རས་ལ་བྲིས་པ་དེ་ནི་མ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་དང་ཆོ་ག་ཞིབ་མོ་དང་ངན་སོང་སྦྱོང་རྒྱུད་སོགས་ལས་རས་བྲིས་ཇི་ལྟར་བཤད་པ་རྣམས་གཟིགས་ནས་སླད་ཀྱིས་ངོས་འཛིན་པར་མཛོད་ཅིག ། ཡང་རྒྱུ་དུས་ཀྱི་དབང་རྡུལ་ཚོན་ཁོ་ན་ལས་བསྐུར་དགོས་སོ་ཟེར་བའང་། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ཉིད་ལྟ་ན་མེ་ལོང་དགོས། །ཅེས་པ་ཉིད་ཐོག་ཏུ་བབ་པ་ཡིན་ཏེ། རྒྱུ་དུས་ཀྱི་དབང་གོང་མ་གསུམ་མེད་པ་ཞིག་གམ་ཡོད་ན་དེ་གསུམ་རྡུལ་ཚོན་ལས་ཇི་ལྟར་ལེན་པ་ཡུན་རིང་དུ་བསམ་པར་རིགས་སོ། །རྡུལ་ཚོན་ཡང་གྲུ་བཞི་པ་ལས་གཞན་པས་དབང་བསྐུར་མི་ཐོབ་ན་མཁའ་འགྲོ་རྒྱ་མཚོ་ལ་ཡང་དམ་ཚིག་གི་འཁོར་ལོ་ཁོ་ན་མ་གཏོགས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་ག་ལས་དབང་མི་ཐོབ་པར་འགྱུར་ཞིང་། གལ་ཏེ་དུས་འཁོར་ནས་བཤད་པ་འཁོར་ལོ་སྡོམ་ཆེན་གྱི་དཀྱིལ་འཁོར་ལས་དབང་བསྐུར་ན་ཡང་གཏན་མི་ཐོབ་པར་འགྱུར་ཏེ། དེ་ཟླུམ་པོ་སྒོ་བརྒྱད་ཡིན་པའི་ཕྱིར། གཞན་ཡང་གྲུ་བཞི་པར་སློབ་དཔོན་གྱིས་བཟུང་བའི་ཆ་


KMC013_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡིན་ནམ་སློབ་མས་བཟུང་བའི་ཆ་ནས་ཡིན། སློབ་མས་བཟུང་བའི་ཆ་ནས་ཡིན་ན་སློབ་མས་དཀྱིལ་ཁོར་གྲུ་བཞིར་མ་མཐོང་ན་དབང་མི་ཐོབ་ཅེས་བཤད་པའི་ཡིད་ཆེས་ཀྱི་ལུང་སྟོན་ཞིགསློབ་དཔོན་གྱིས་གྲུ་བཞིར་མཐོང་བ་དགོས་ན་སློབ་དཔོན་དབྱིབས་དང་ཁ་དོག་གི་འཛིན་པ་དང་བྲལ་བ་ཞིག་བྱུང་ན་ཇི་ལྟར་བྱ། སྤྱིར་ཡང་རྡོ་རྗེ་སློབ་དཔོན་མཆོག་གིས་སྐལ་མཆོག་ཅིག་ཆར་དུ་འདུལ་བ་ལ་དབང་བཞི་རིམ་འཇུག་ཡང་མཐའ་གཅིག་ཏུ་དགོས་པ་མ་ཡིན་ཏེ། དཔལ་ས་ར་ཧས་ལྷོ་ཕྱོགས་བཻ་ཏའི་ཡུལ་དང་། ཨིནྡྲ་བོ་དྷིས་ནུབ་ཕྱོགས་ཨོ་རྒྱན་དང་། ཏེ་ལོ་པས་ཡུལ་ཁམས་ཆེན་པོ་བཅུ་གཉིས་སྟོངས་པར་མཛད་དེ། དེ་རྣམས་ཀྱི་བྱ་དང་རི་དྭགས་ཡན་ཆད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་བཀོད་པར་གྲུབ་པ་དེ་དག་གི་གླུའི་གླེང་གཞིར་བྱུང་ལ། དེའི་ཚེ་བྱ་དང་རི་དྭགས་སོགས་ལ་ཀུ་ཤའི་སྔས་སྟན་འགྲེམས་པ་དང་རྨི་ལམ་བརྟག་པ་དང་མིག་དར་འཆིང་བ་སོགས་མཛད་པར་མ་ཐོས་ལ། གྲུབ་པའི་ངོ་མཚར་གྱི་གླེང་བ་འདི་དག་ཡང་ཁྱེད་དག་གི་ཐུགས་ལ་མི་འཚམ་མོད་ཀྱི། ཁོ་བོ་ཅག་ནི་སྐྱེས་བུ་དམ་པ་དེ་དག་གི་མཛད་པ་ལ་ཡིད་


KMC013_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ཅིང་རྣམ་པ་ཀུན་དུ་ཕྱག་བགྱིད་དོ། །ཆོས་འབྱུང་དང་ནས་འདྲ་སོགས་ཀྱི་དཀྱིལ་འཁོར་རང་གཟོར་འཆད་པ་ནི་རྒྱུད་དང་རྒྱ་གཞུང་མཐའ་དག་ལ་བརྒལ་བ་ཡིན་ཏེ། དགྱེས་རྡོར་ལས། རྡོ་རྗེ་བཙུན་མོའི་བྷ་ག་ནི། །ཨེ་ཡི་རྣམ་པའི་ཆ་བྱད་གཟུགས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཅན་ན་རྟག་ཏུ་བཞུགས། །ཅེས་དང་། ནམ་མཁའི་ཁམས་སུ་བ་ག་བསམ། །ཞེས་དང་། ནམ་མཁའི་ཁམས་ནི་པདྨ་ལ། །བ་ག་ཞེས་བྱ་ཡེ་ཤེས་བརྗོད། །སྒོམ་པ་ཅེས་བྱ་སྙོམས་འཇུག་ཉིད། །དེ་ཡི་བདེ་བ་འཁོར་ལོར་བརྗོད། །ཅེས་དེའི་ངེས་དོན་དང་། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི། །མཁའ་མཉམ་དེ་ཐབས་ལྡན་པ་ལ། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ཅེས་དང་། བདེ་མཆོག་མངོན་བརྗོད་བླ་མར། ཧེ་རུ་ཀ་དཔལ་ཡེ་ཤེས་མཆོག །བ་གའི་པདྨའི་དཀྱིལ་འཁོར་ནི། །ཕག་མོའི་སྐུ་ལུས་མཆོག་གྱུར་པ། །དེ་ནི་དཀྱིལ་འཁོར་འདུས་པ་སྟེ། །དཀྱིལ་འཁོར་བདེ་ཆེན་མཆོག་ཡིན་ནོ། །ཞེས་ཕྱི་ནང་གི་ཆོས་འབྱུང་ནི་དཀྱིལ་འཁོར་གྱི་མཆོག་ཏུ་བཤད་པ་དང་། བརྟག་གཉིས་ཀྱི་སྙིང་པོའི་དཀྱིལ་འཁོར་སྤྲོ་བའི་ལེའུར། བདག་མེད་མ་


KMC013_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འོ་མཛད་ནས། །ཅེས་སོགས་ཀྱང་སྦས་དོན་དུ་ཆོས་འབྱུང་གི་དཀྱིལ་འཁོར་ཡིན་པར་བཤད་དེ། ན་རོ་འགྲེལ་ཆེན་དུ་རྡོ་རྗེ་བདུད་རྩིའི་ལུང་། གསང་བའི་པདྨ་མཱ་མ་ཀཱི། །དཀྱིལ་འཁོར་གྲུ་གསུམ་བྲི་བར་བྱ། །པདྨ་འདབ་བརྒྱད་བྱས་ནས་ནི། །ཟེའུ་འབྲུ་སྦས་པའི་སྤྱོད་ཡུལ་ཉིད། །དེ་ཡི་དབུས་སུ་རང་རིག་ཉིད། །ཐབས་དང་ཤེས་རབ་རང་བཞིན་ཅན། །ཞེས་དྲངས་སོ། །ཅིའི་ཕྱིར་ཆོས་ཀྱི་འབྱུང་གནས་ཅེས་བྱ་ཞེ་ན། ཆོས་ཀྱི་ཕུང་པོ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ཏེ། དྲི་མེད་འོད་ལས། ཕྱག་རྒྱ་ཆེན་མོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་ཅན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ནི་ཆོས་འབྱུང་གི་སྒྲས་བརྗོད་པར་བྱའོ། །དེའི་ཕྱིར་ཆོས་འབྱུང་ལས་ཆོས་ཐམས་ཅད་རང་བཞིན་མེད་པར་འགྱུར་རོ། །རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་ཀྱི་གཞིར་གྱུར་པའི་ཕྱིར་རོ། །ཞེས་དང་། ཏོག་རྩེ་པས། ས་ནི་བཅུ་གསུམ་ཞེས་གྲགས་པ། །རྡོ་རྗེ་འཛིན་པ་ཅན་དགེ་བ། །གྲུ་


KMC013_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྣམ་པར་ཡང་དག་འབྱུང་། །ཆོས་འབྱུང་ཞེས་ནི་དེ་ལ་བཤད། །ཅེས་དང་། རྒྱུད་མཐའ་དག་གི་གླེང་གཞིར་རྡོ་རྗེ་བཙུན་མོའི་བ་ག་ལ་བཞུགས་སོ་ཅེས་བཤད་ཅིང་། དེ་ཉིད་ཀྱང་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ལྷ་ནི་དཀྱིལ་འཁོར་པ་དང་བཅས། །དམ་ཆོས་ལ་སོགས་ཐམས་ཅད་རྣམས། །ཆོས་ཀྱི་འབྱུང་གནས་ནང་དུ་སྟེ། །བཞུགས་པ་གང་གི་གནས་རྣམས་སུ། །དུས་ཐམས་ཅད་དུ་རང་གནས་པའོ། །ཨེ་ཡི་ཡི་གེའི་གནས་བསྒྲུབས་ནས། །ཝཾ་ཡིག་རྡོ་རྗེ་སེམས་དཔའ་ཅན། །ཞེས་སོགས་ཀྱིས་གླེང་གཞི་བཤད་ཅིང་། དེ་བཞིན་དུ་སམྦུ་ཊ་དང་རྡོ་རྗེ་ཕྲེང་བ་སོགས་དུ་མ་ལས་བཤད་ཅིང་། དཔལ་དུས་ཀྱི་འཁོར་ལོར་ཐིག་ལེ་སྟོང་པ་ཡི་གེ་དྲུག་གིས་ཨེ་ཡིག་སྟོང་པ་ཉིད་ཀྱི་དངོས་པོ་སྒྲུབ་ཅིང་། སྟོང་པ་ཆེན་པོ་ཡི་གེ་ལྔས་ཝཾ་ཡིག་བདེ་བ་ཆེན་པོའི་བདག་ཉིད་བསྒྲུབས་ནས་མིང་གི་རྣམ་གྲངས་མཐའ་ཡས་པས་བསྟན་ཞིང་། བརྗོད་བྱ་དོན་གྱི་ཨེ་ཝཾ་ལས་ཆོས་ཀྱི་ཕུང་པོ་ཐམས་ཅད་འབྱུང་བར་བསྟན་ནས་མཎྜལ་མཆོད་ཆོག་ལ་སོགས་པར་ཨེ་ཝཾ་དབྱེར་མེད་དུ་སྦྱོར་བ་ཉིད་ཡང་དག་པའི་དཀྱིལ་འཁོར་དུ་བཤད་ལ། དེ་ནི་ཆོས་


KMC013_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཡང་ཡོད་དེ། ཨེ་ཡིག་ཆོས་འབྱུང་ལ་ཝཾ་ཡིག་པདྨ་ཟླུམ་པོ་ཉེ་བར་གནས་པའི་ཕྱིར་དང་། ཆོས་འབྱུང་གི་ཁུང་བུ་རེ་རེ་ཞིང་ཡང་ཝཾ་ཡིག་དགའ་བ་འཁྱིལ་བ་གནས་པའི་ཕྱིར། སྤྱིར་ཡང་བླ་མེད་ལ་རྡུལ་ཚོན་ཁོ་ནའི་དབང་དུ་བྱས་ནས་ཀྱང་གྲུ་བཞི་པ་ནི་བུམ་དབང་གཙོ་བོར་སྟོན་པའི་དཀྱིལ་འཁོར་དང་། ཟླུམ་པོ་ནི་གསང་དབང་གཙོ་བོར་སྟོན་པ་དང་། ཆོས་འབྱུང་ནི་དབང་གསུམ་པ་གཙོ་བོར་སྟོན་པ་ཡིན་ལ། ཡང་དག་པར་ན་རྡུལ་ཚོན་གྱི་དཀྱིལ་འཁོར་དང་གྲུ་བཞི་པ་སོགས་སུ་མཐའ་གཅིག་ཏུ་ཞེན་པ་ནི་དཀྱིལ་འཁོར་གྱི་དེ་ཉིད་མི་ཤེས་པར་ཟད་ལ། འདི་ནི་དཀྱིལ་འཁོར་ཡིན་ལ། འདི་ནི་མིན་ནོ་སྙམ་པས་ནན་ཏན་དུ་ཞེན་པ་ནི། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །ཅེས་པའི་རྩ་ལྟུང་འདྲེན་བྱེད་དུ་ཟད་ཅིང་། ཀུན་རྫོབ་ཏུ་ཆོས་འབྱུང་གི་དབྱིབས་ཙམ་ལའང་སྡང་བར་བྱེད་པ་ནི། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཅེས་པའི་རྩ་ལྟུང་གི་ཆ་ཤས་འདྲེན་བྱེད་ཡིན་ཏེ། རྒྱུད་སྡེ་འོག་མར་ཡང་། ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོང་བར་མི་བྱའོ། །ཞེས་བཤད་ན་


KMC013_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་དུ་ནི་མཚན་རྟོག་མཐའ་དག་ནས་འགོག་དགོས་པའི་ཕྱིར། ཆོས་འབྱུང་གི་དཀྱིལ་འཁོར་སོགས་ལ་ཞེན་པས་སྨད་པ་འང་དབང་གསུམ་པའི་དཀྱིལ་འཁོར་སྨད་པར་འགྱུར་རོ། །སྤྱིར་ཡང་དྲན་པ་ཉེ་བར་བཞག་པ་བཞིས་གྲུ་བཞི་དང་ཡང་དག་སྤོང་བ་བཞིས་སྒོ་བཞི་སོགས་བྱང་ཕྱོགས་སོ་བདུན་གྱི་དག་པར་བཤད་ལ། རྙོག་མེད་ཀྱི་རྒྱུད་ལས་ཡེ་ཤེས་ལྔའི་རང་བཞིན་གྱིས་གྲུ་བཞི་དབུས་དང་ལྔར་སྣང་བར་གསུངས་ལ། དེ་དག་ནི་གྲུ་བཞི་ཉིད་ལས་གཞན་ལ་མེད་པ་མ་ཡིན་ཏེ་རྩ་སོ་བདུན་དང་ཡུལ་སོ་བདུན་དང་ཁམས་སོ་བདུན་སོགས་ལའང་སྦྱར་བཤད་དུ་བྱེད་ཅིང་ཡེ་ཤེས་ལྔ་ཡང་ཁ་དོག་ལྔ་ལ་སོགས་པས་ཀྱང་མཚོན་ནུས་པའི་ཕྱིར་དང་། འདུས་པ་ལས་རིགས་རྒྱ་བསྡུས་པས་རིགས་ལྔ་དང་དེ་རིགས་གསུམ་དང་དེ་རྡོ་རྗེ་འཆང་གི་རིགས་གཅིག་གི་སྐུར་བསྡུ་བར་མཛད་པ་ལྟར་བྱང་ཕྱོགས་སོ་བདུན་ཐམས་ཅད་ཀྱང་དོན་དམ་པའི་བདེན་པ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དུ་བསྡུ་བས་ཆོས་འབྱུང་གི་གཞལ་ཡས་ཁང་དུ་བསྟན་ལ། རྡོ་རྗེ་བཙུན་མོའི་སྐྱེ་གནས་དང་འདུས་མདོའི་རྩ་མདུད་རང་བཞིན་གྱིས་ཆོས་འབྱུང་དུ་གནས་


KMC013_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཕྱི་ནང་གི་སྦྱར་བཤད་དུ་མའི་རྟེན་འབྲེལ་གྱི་དབང་ལས་ཆོས་འབྱུང་གི་དཀྱིལ་འཁོར་དུ་གསུངས་ལ། གྲུ་བཞི་པ་སོགས་ཀྱང་སྦྱར་བཤད་ཀྱི་རྟེན་ཅིང་འབྲེལ་འབྱུང་གི་དབང་ལས་གསུངས་པར་ཟད་ཀྱི་ཡི་དམ་ལྷའི་ཁང་པ་གྲུ་བཞིར་བརྩིགས་པ་ཡིན་གྱི་གྲུ་གསུམ་དུ་མ་བརྩིགས་སོ་ཞེའམ། གྲུ་གསུམ་དུ་བརྩིགས་ཀྱི་གྲུ་བཞིར་མ་བརྩིགས་སོ་ཞེས་ནན་ཆེར་གྱིས་བཟུང་བར་མི་བྱ་སྟེ། གཞན་དུ་ན་ནི་མཁས་པ་དང་བྱིས་པའི་ཁྱད་པར་མེད་པར་འགྱུར་ཏེ། སངས་རྒྱས་པའི་ནང་ན་བྱེ་བྲག་ཏུ་སྨྲ་བས་ཀྱང་དོན་རང་མཚན་མ་གཏོགས་རགས་པའི་དབྱིབས་སོགས་རང་མཚན་གྱི་རྫས་གྲུབ་ཏུ་མི་སྨྲ་ན་སྔགས་བླ་མེད་པར་ཁས་འཆེ་བ་སུ་ཞིག་དེ་ལྟར་སྨྲ་སྟེ། དབང་གོང་མ་གོང་མའི་ཚེ་འོག་མའི་དཀྱིལ་འཁོར་རྣམས་དྲང་དོན་དུ་བསྟན་ནས། མཐར་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་རྟོགས་པ་ལ་འགོད་དགོས་པའི་ཕྱིར་དང་། སངས་རྒྱས་གཅིག་ཉིད་ཆགས་བཅས་དང་ཆགས་བྲལ་སོགས་གང་ལ་གང་གིས་འདུལ་བར་སྣང་བ་དེ་བཞིན་དུ་དཀྱིལ་འཁོར་གཅིག་ཡང་རྣམ་པ་གང་གིས་འདུལ་བ་དེར་སྣང་བ་ཡིན་ཏེ། དེང་སང་བྱིས་པའི་སློབ་དཔོན་


KMC013_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱིས་པའི་སློབ་མ་ལ་བསྐུར་བ་འདི་ཙམ་ལའང་ཁ་དོག་གི་མཐོང་བ་ཐ་དད་པ་འབྱུང་བར་ཐོས་ན་གྲུབ་པའི་ཡུལ་ལ་ལྟ་ཅི་སྨོས་པའི་ཕྱིར་རོ། །ཡང་ལྷ་སྐད་ཅིག་དྲན་རྫོགས་ཀྱི་སྒོམ་པ་ལོག་ཆོས་སུ་འཆད་པའང་སྐྱེད་རིམ་གྱི་ལས་དང་པོ་པའི་སྒོམ་པ་ལས་གཞན་སྐྱེད་རིམ་ཆེར་བྱང་བ་རྣམས་ཐུགས་ལ་མ་ཤོང་བའི་གཏམ་ཡིན་ཏེ། སྤྱིར་མངོན་བྱང་ལྔ་དང་རྡོ་རྗེ་གཞི་སོགས་གང་ལས་སྐྱེད་ཀྱང་མཐར་ལྷར་ལྡང་བའི་ཚེ་ནི་ཆུ་ལས་ཉ་ལྡང་གི་རྣམ་པས་ཅིག་ཆར་དུ་ལྡང་བ་ཡིན་གྱི་ལྷ་དབུ་ཡོད་ལ་སྐུ་ལུས་མེད་པ་སོགས་ཀྱི་རིམ་པ་སྒོམ་པ་པོ་སུ་ཞིག་གཟིགས། རྣལ་འབྱོར་པ་སྐྱེད་རིམ་ལ་དབང་བསྒྱུར་ཐོབ་པ་རྣམས་ནི་སྒྱུ་མ་མཁན་ཆེས་བྱང་བས་སྒྱུ་མ་སྤྲུལ་པ་ལྟ་བུར་ཡུངས་ཀར་བསྐོར་བའི་ཡུན་ཙམ་ལའང་དཀྱིལ་འཁོར་གྱི་འཁོར་ལོ་དུ་མ་སྤྲོ་ཞིང་བསྡུ་བར་ནུས་པ་དེ་ནི་སྐད་ཅིག་དྲན་རྫོགས་ཆེས་ཡང་དག་པའོ། །གཞན་ཡང་སྐྱེད་རིམ་གྱིས་སྐྱེ་གནས་གསུམ་པོ་གང་རུང་སྦྱོང་གི་བརྫུས་སྐྱེས་མི་སྦྱོང་བའི་རྒྱུ་མཚན་ཅི་ཞིགདེ་གྲུབ་སྟེ་སྐྱེ་གནས་བཞི་སོ་སོར་སྦྱོང་བའི་སྐབས་སུ་མངལ་འབྱིན་ནི་མངལ་སྐྱེས་སྦྱོང་བྱེད་དང་། མངོན་བྱང་ལྔས་སྐྱེད་


KMC013_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དྲོད་ཤེར་སྐྱེས་སྦྱོང་བྱེད་དང་། ས་བོན་ཕྱག་མཚན་གོང་བུ་ནི་སྒོང་སྐྱེས་སྦྱོང་བྱེད་དང་། སྐད་ཅིག་དྲན་རྫོགས་ནི་རྫུས་སྐྱེས་སྦྱོང་བྱེད་ཡིན་པ་ལས་སྐད་ཅིག་དྲན་རྫོགས་སུ་སྒོམ་པ་ལོག་ཆོས་སུ་ཁྱེད་འཆད་པའི་ཕྱིར། དེ་ལས་གཞན་པའི་བརྫུས་སྐྱེས་ཁོ་ན་སྦྱོང་བྱེད་ངོས་ཟུང་ཞིག གཞན་ཡང་མངོན་བརྗོད་བླ་མའི་རྒྱུད་ལས། ཅིག་ཆར་འཇུག་པའི་སྦྱོར་བ་ཡིས། །བདག་གི་ལུས་ནི་རྣམ་པར་བསམ། །སྔོ་ཞིང་དྲག་ལ་བཞིན་རྣམ་བསྒྱུར། །ཞེས་སོགས་བདེ་མཆོག་སྦྱངས་པའི་ཡོན་ཏན་དང་། ཡི་གེ་ལས་བྱུང་ཅིག་ཆར་ཚུལ། །ཅིག་ཆར་མཚན་མ་ཕྱག་མཚན་ཡིན། །ཅིག་ཆར་རྡོ་རྗེ་སེམས་དཔའ་སྟེ། །བདེ་བ་ཆེན་པོ་བླ་ན་མེད། །དེ་རུ་འཇུག་ཞིང་དེ་ཡི་ཚུལ། །ཅིག་ཆར་ཧེ་རུ་ཀ་དཔལ་མཆོག །ཞེས་བདེ་མཆོག་སྐུ་གསུང་ཐུགས་ཀྱི་གནས་ཀྱི་རིམ་པ་དང་། གསང་བ་མཆོག་ནི་བླ་ན་མེད། །སྐད་ཅིག་གིས་ནི་བདག་སྒོམ་པ། །ཧེ་རུ་ཀ་དཔལ་གཟུགས་སུ་བྱ། །ཅེས་བདེ་མཆོག་གཟུགས་སྣ་ཚོགས་པའི་སྒྲུབ་ཐབས་སོགས་ཅིག་ཆར་དུ་སྒོམ་པ་དུ་མ་བཤད་ཅིང་། སྡོམ་འབྱུང་ལས། དབང་པོ་རྣོན་པོས་སྐད་ཅིག་གི། །རྣམ་པས་སེམས་ཙམ་དཀྱིལ་འཁོར་


KMC013_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །སྐད་ཅིག་ཙམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་སྒོམ་པ་ནི། །ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་བ། །དེ་དབུས་སྐད་ཅིག་རྣམ་པ་ཡིས། །དཀྱིལ་འཁོར་བདག་པོ་རྣལ་འབྱོར་པའོ། །ཞེས་སོགས་རྒྱུད་དང་གྲུབ་པ་རྣམས་ཀྱི་གཞུང་ལས་མང་དུ་བཤད་པ་རྣམས་གཟིགས་པར་མཛོད་ཅིག་དང་། རང་གི་རྗེས་འབྲེང་རྣམས་ཕྱོགས་རེའི་མིག་གིས་དམ་ཆོས་སྤོང་བ་ལ་མི་འགོད་པའི་དགོས་པ་ཡོད་དོ། །གཞན་ཡང་ཆོས་སྒོ་ཞེས་བྱ་བ། །འདི་ཡི་མིང་གིས་འཁྲུལ་གཞི་བྱས། །ཅེས་སོགས་ཀྱིས་ཆོས་སྒོ་དབང་གིས་ཕྱེའོ་ཞེས་དགག་ཞིང་། ཡང་། དབང་བསྐུར་མེད་པས་གསང་སྔགས་མིན། །ཞེས་དབང་མ་བྱས་སོ་ཞེས་པའི་དགག་པ་གཉི་གའང་ཕྱོགས་སྔ་མ་གཅིག་ཁོ་ན་ལ་མཛད་པར་མཐོང་བས་ད་ནི། སེམས་ཅན་མང་པོ་བསད་ཀྱང་ངན་པ་ངན་པ་ཟེར། །སེམས་ཅན་མང་པོ་སྤྲུལ་ཡང་ངན་པ་ངན་པ་ཟེར། །བཱིཪྭ་བདག་གིས་ཇི་ལྟར་བྱ་བ་མ་ཤེས་སོ། །ཞེས་པ་ལྟར་ཁོ་བོ་ཅག་གིས་ད་ནི་ཅི་ཞིག་གསུང་པའང་མ་འཚལ་ཏོ། །དེས་ན་ཁོ་བོ་ཅག་ནི་གྲུབ་པའི་མན་ངག་བླ་


KMC013_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམ་པའི་བརྒྱུད་པ་ལས་འོངས་པ་ཉིད་ཚད་མར་བྱེད་ཀྱིས་གཞན་དུ་ན་བསམ་གྱིས་མི་ཁྱབ་པའི་ཡུལ་རྣམས་ལ་རང་བློའི་སྲང་གིས་ཚད་འཛིན་པར་ནི་མི་སྤྲོའོ། །གཞན་ཡང་ཏིང་ངེ་འཛིན་གྱི་དབང་གིས་སྨིན་བྱེད་དུ་མི་འགྱུར་ན་སོ་སྐྱེའི་སློབ་དཔོན་གྱིས་བསྐུར་བ་མ་ཡིན་པའི་དབང་མཚན་ཉིད་པ་མེད་པར་འགྱུར་ཏེ། འཕགས་པ་རྣམས་ལ་ནི་རྣམ་པ་རྫས་ལ་བརྟན་རུང་མ་བརྟན་རུང་ཏིང་ངེ་འཛིན་ཡེ་ཤེས་ཀྱི་ངོ་བོར་མ་གྱུར་པའི་དབང་ནི་དེ་དག་ལ་མེད་པའི་ཕྱིར་རོ། །ཕག་མོའི་དབང་དབང་མ་ཡིན་ཏེ་ཕག་མོའི་སྒྲུབ་ཐབས་དག་ལས། དབང་བསྐུར་ཐོབ་ཅིང་དམ་ཚིག་ལྡན། །ཞེས་གསུངས་པའི་ཕྱིར་ཞེས་པ་འདི་ནི་སྔོན་སངས་རྒྱས་ཀྱི་ཞིང་གང་དུ་ཡང་མ་གྲགས་པའི་རིགས་པ་ཅིག་སྟེ། འོ་ན་འདུལ་བའི་བསྙེན་རྫོགས་ཀྱིས་བསྙེན་རྫོགས་ཀྱི་གོ་མི་ཆོད་པར་ཐལ། འདུལ་བ་ཉིད་ལས་བསྙེན་པར་རྫོགས་ཟིན་པ་ཁོ་ན་ལ་འདུལ་བ་ཚངས་པར་གསུངས་པའི་ཕྱིར། དེས་ན་རྣམ་བཅད་ཡོངས་གཅོད་འདི་འདྲ་བ་གཟིགས་པ་ནི་ངོ་མཚར་ཆེའོ། །དེ་ལ་ནི་འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་ཅིང་དམ་ཚིག་དང་ལྡན་པ་ཅེས་འབྲུ་གཉེར་ཡང་ཀླན་


KMC013_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཀས་དབེན་ནོ། །འོན་ཡང་བརྒྱུད་པ་འདི་ནི་བདེན་པ་ཚད་མར་བྱེད་པའི་ཕྱིར་ཚིག་དེ་གཞུང་འདི་ནས་ཁོ་བོས་དྲངས་སོ་ཞེས་ཁྱེད་ཅག་གིས་གང་ལ་བསམས་པ་དེ་ཉིད་བརྗོད་ཅིག་དང་ཆོས་དེ་ཉིད་ཚད་མར་བྱས་ཏེ་ལན་གདབ་པར་བྱ་དགོས་ཀྱི་རྡོ་རྗེ་ཕག་མོ་བྱ་བའི་གཞུང་ཆོས་ཚན་གཅིག་ཁོ་ན་ལས་མེད་པ་ཅིག་ཁོ་བོ་ཅག་གིས་ནི་མ་མཐོང་ངོ་། །སྤྱིར་ཡང་སྔོན་དུ་དབང་གཞན་ཐོབ་ནས་དེ་ནས་ཕག་མོ་ལ་འཇུག་དགོས་པ་ཁོ་ནར་ཡང་མ་ངེས་ཏེ། མཁའ་འགྲོ་རྒྱ་མཚོ་ལས། ཐེག་པ་ཆེན་པོར་ཡོངས་སྨིན་ལ། །ཕྱི་ནས་སྔགས་ནི་བསྟན་པར་བྱ། །སྔོན་དུ་ཕག་མོའི་དཀྱིལ་འཁོར་ནི། །བྲི་བྱ་དེ་ནས་ཧེ་རུ་ཀའི། །ཞེས་སོ། །གཞན་ཡང་དགྱེས་རྡོར་གྱི་ཡུམ་བཀའ་བདག་མེད་མ་དང་གདན་བཞིའི་ཡུམ་བཀའ་ཡེ་ཤེས་དབང་ཕྱུག་མ་སོགས་ཀྱིས་སྨིན་བྱེད་དུ་རུང་བར་བྱེད་ཅིང་། བདེ་མཆོག་གི་ཡུམ་བཀའ་རྡོ་རྗེ་ཕག་མོ་ལ་རྒྱ་གཞུང་གི་སྒྲུབ་ཐབས་དང་མན་ངག་བྱུང་བཞིན་དུ་སྨིན་བྱེད་དུ་མི་རུང་བར་འཆད་པ་ནི་རྙེད་བཀུར་གྱི་ཆེད་དུ་ཆོས་དེ་འཛིན་པའི་གང་ཟག་ཁོ་ན་ལ་སྡང་ཤུགས་ཀྱིས་ཡིན་པར་མ་གྱུར་ཞིག་གོ། །གཞན་ཡང་ཕྱག་རྒྱ་ཆེན་


KMC013_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དངོས་གྲུབ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་རག་ལས་པར་སྨྲ་བ་ནི་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་ཁོ་བོས་མི་ཤེས་སོ་ཞེས་དམ་འཆའ་བ་ཁོ་ན་ཡིན་ལ། དབང་བཞི་པའི་ལམ་རྩ་རླུང་གི་རྦ་རླབས་སུ་འཆད་པའང་མན་ངག་སྦས་ཏེ་དྲང་དོན་གྱིས་དཀྲི་བར་བྱས་པ་ལ་ངེས་དོན་དུ་འཁྲུལ་པར་ཟད་དེ་དབང་བཞི་པ་བློ་འདས་ཀྱི་ཡེ་ཤེས་སུ་བསྟན་ནས་དེའི་ལམ་སྤྲོས་བཅས་ལས་རླུང་གི་རྔུབ་འཛིན་དུ་འཆད་པར་རིགས་ན་ནི་བུམ་དབང་བསྐུར་ནས་དེའི་ལམ་མི་སྡུག་པ་སྒོམ་པར་བཤད་ཀྱང་འགོག་རྒྱུ་ཅུང་ཟད་ཀྱང་མི་རྙེད་དོ། །དེ་བཞིན་དུ་བོད་མང་པོས་དབང་བསྐུར་བྱའི་སློབ་མ་ལ་གྲངས་ངེས་གསང་བ་སྤྱི་རྒྱུད་ཀྱི་ལུང་ཚད་མར་བྱས་ཏེ་དགོས་སོ་ཞེས་པའང་དེ་ལྟ་མ་ཡིན་ཏེ། སྤྱི་རྒྱུད་དེ་ནི། དཀྱིལ་འཁོར་སུམ་སྟོང་དག་དང་ནི། །ལྔ་བརྒྱ་བཤད་པ་གང་ཡིན་པ། །དེ་རྣམས་ངག་གི་སྤྱི་ཡི་རྒྱུད། །ཅེས་བྱ་རྒྱུད་རིགས་གསུམ་གྱི་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱའི་སྤྱི་རྒྱུད་ཡིན་པའི་ཕྱིར་དང་། རྣལ་འབྱོར་རྒྱུད་ལས་སེམས་ཅན་དཔག་མེད་ཀྱང་དཀྱིལ་འཁོར་དུ་གཞུག་པར་གསུངས་པ་དང་། དུས་ཀྱི་འཁོར་ལོར་སེམས་ཅན་ཐམས་ཅད་ཀྱང་ཏིང་ངེ་འཛིན་གྱིས་


KMC013_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་སྟེ་དབང་བསྐུར་སྟེར་བར་གསུངས་པའི་ཕྱིར་ཕྱོགས་གཅིག་ཏུ་ག་ལ་ངེས་ཏེ་རྒྱུད་མན་ངག་རང་རྐང་ཉིད་ཚད་མར་བྱ་དགོས་ལ། ཁྱད་པར་གྲུབ་པའི་སློབ་དཔོན་གྱིས་རྗེས་སུ་འཛིན་པ་ལ་ནི་སྐལ་པ་དང་མི་ལྡན་ན་ཟུང་དུ་གྱུར་མ་གྱུར་ལྟ་ཞོག་གཅིག་ཉིད་ཀྱང་རུང་བ་མ་ཡིན་ལ། སྐལ་པ་མཆོག་ནི་བཅོམ་ལྡན་འདས་ཀྱིས་རི་རབ་སུམ་ཅུ་རྩ་དྲུག་གི་རྡུལ་དང་མཉམ་པའི་རྣལ་འབྱོར་མའི་ཚོགས་དང་རྣལ་འབྱོར་གྱི་དབང་ཕྱུག་བྱེ་བ་ཕྲག་བརྒྱད་ཅུ་ཡང་དཀྱིལ་འཁོར་གཅིག་དང་རྒྱུད་གཅིག་གིས་བཏུལ་བའི་ཕྱིར་དང་། རྒྱལ་པོ་གྲགས་པས་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ཅིག་ཆར་དབང་བསྐུར་བའི་ཕྱིར་གྲངས་ཀྱི་མཐའ་ལ་ལྟོས་པ་མ་ཡིན་ནོ། །ཡང་གཞན་དག་དགྱེས་རྡོར་དང་དུས་འཁོར་ནི་གཉིས་མེད་ཀྱི་རྒྱུད་ཡིན་པས་དེ་གང་རུང་དུ་དབང་བསྐུར་ཐོབ་པས་རྒྱུད་དང་མན་ངག་ཐམས་ཅད་བསྟན་པར་བྱའོ་ཞེས་ཟེར་བའང་དཔྱད་པའི་གཞི་སྟེ། དྲང་བའི་དོན་དུ་ནི། རྣལ་འབྱོར་མ་རྒྱུད་དགྱེས་རྡོ་རྗེ། །ཞེས་དང་། སངས་རྒྱས་ཐམས་ཅད་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དང་། །ཞེས་མ་རྒྱུད་བཅུ་གསུམ་གྱི་དབྱེ་ངོར་བཤད་པས་མ་རྒྱུད་


KMC013_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྒྱ་བོད་ཀྱི་མཁས་པ་ཀུན་ལ་ཉི་ཟླ་ལྟར་གྲགས་པ་ཡིན་ལ། ངེས་པའི་དོན་དུ་ནི་འདུས་པ་ལས་ཀྱང་། རྣལ་འབྱོར་ཐབས་ཀྱི་ཚུལ་མིན་ཞིང་། །ཤེས་རབ་གཅིག་པོ་ཡིས་ཀྱང་མིན། །ཐབས་དང་ཤེས་རབ་གཉིས་མེད་པ། །རྣལ་འབྱོར་དེ་བཞིན་གཤེགས་པའི་ཚུལ། །ཞེས་སོགས་རྒྱུད་སྡེ་རང་རང་ལས་ཀྱང་བཤད་པའི་ཕྱིར་རྒྱུད་མཐའ་དག་གཉིས་སུ་མེད་པའི་རྒྱུད་ཡིན་ཏེ། བརྗོད་བྱ་ཐབས་ཤེས་ཟུང་འཇུག་ཏུ་སྟོན་ཞིང་གདུལ་བྱ་ཕ་མ་གཉིས་ཀ་འདུལ་བའི་ཕྱིར་ཏེ་རྒྱས་པར་དུས་ཀྱི་འཁོར་ལོ་ལས་རྟོགས་པར་བྱའོ། །དེ་ལྟ་མོད་ཀྱི། དེ་གཉིས་ཀྱང་རུང་དུ་དབང་བསྐུར་ཐོབ་པས་ཐམས་ཅད་ཀྱི་སྟོན་པ་པོར་རུང་བའི་དབང་དེ་གང་ཡིན། དེང་སང་ཁྱེད་ཅག་གིས་བསྐུར་བ་འདི་ཁོ་ན་ཡིན་ན་ནི་དབང་ཤུད་ཅིག་ཞུས་ནས་དེ་ནས་དཔེ་ཆ་གང་མཐོང་བཤད་ཆོག་པ་ལ་དེ་ལྟར་མི་བྱེད་པར་ཀྲྀ་ཡ་ནས་དུས་འཁོར་གྱི་བར་རྒྱུད་རེ་རེའི་ཡང་དབང་སྒྲུབ་ཐབས་མན་ངག་གི་སྲོལ་ཐ་དད་པ་རེ་རེ་ཁོ་ནའི་ཆེད་དུའང་ཛམ་གླིང་མཐའ་དག་ཉུལ་ཞིང་ལུས་སྲོག་དང་ལོངས་སྤྱོད་ལ་ལྟོས་མེད་དུ་བཙལ་ཏེ་ཡང་དག་པར་ཉམས་སུ་བླངས་ནས་སླར་གཞན་དོན་བྱེད་པ་ནའང་


KMC013_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བདག་གི་གྲུབ་པའི་སློབ་དཔོན་འདི་བཞེད་དོ། །འདི་ནི་འདི་ནས་བརྒྱུད་དེ་འོངས་སོ་ཞེས་ཐ་དད་པ་མ་འདྲེས་པར་འཆད་ཅིང་། ཆོས་འདི་དང་འདི་ལྟ་བུ་ནི་བདག་གིས་འདི་ལྟར་བཙལ་ཏེ་སློབ་དཔོན་འདི་ལས་ཐོབ་ལ། འདི་དང་འདི་ནི་སློབ་དཔོན་མ་རྙེད་པས་མ་ཐོབ་བོ་ཅེས་འཆད་པའི་ལོ་པཎ་སྔར་བྱོན་དེ་ཐམས་ཅད་ཁྱེད་ལྟར་ན་སྙིང་རྗེའི་གནས་སུ་སྣང་ངོ་། །གལ་ཏེ་ཁོ་བོ་ཅག་གིས་བསྐུར་བ་འདི་མ་ཡིན་ནོ་ཞེ་ན། ཁྱེད་ཅག་ལས་ལྷག་པའི་རྡོ་རྗེའི་སློབ་དཔོན་ནི་འགའ་ཡང་མེད་པར་ཞལ་གྱིས་བཞེས་པར་སྣང་ན་རྡོ་རྗེའི་སློབ་དཔོན་ཐམས་ཅད་ཀྱི་མཆོག་ངེས་ཀྱང་བསྐུར་བར་མི་ནུས་པའི་དབང་དེ་ནི་སུས་ཀྱང་ཐོབ་མི་སྲིད་པའི་ཕྱིར་དེ་སྐད་བཤད་པ་ལ་དགོས་པ་ཅི་ཞིག་ཡོད་དེ། བྱ་རོག་སོ་རྟོག་གམ་རི་བོང་གི་རྭ་སོར་བཞི་པ་མོ་ཤམ་གྱི་བུས་སྤྱི་བོར་བཞག་ན་སངས་རྒྱས་སུ་འགྱུར་རོ་ཞེས་བསྟན་པ་ཁོ་ནར་འགྱུར་བའི་ཕྱིར་རོ། །ཁྱེད་ལས་ལྷག་པའི་སློབ་དཔོན་མེད་པར་ཡང་ཞལ་གྱིས་བཞེས་པ་ཡིན་ཏེ། དེ་ཉིད་སྙིང་པོར་རྒྱ་བོད་ཀྱི་མན་ངག་པ་ཐམས་ཅད་ལ་འཇིག་རྟེན་པའི་སྙོམས་འཇུག་འདི་དག་ལས་ལྷག་པའི་


KMC013_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་མན་ངག་ནི་ཅུང་ཟད་ཀྱང་མེད་པ་ཡིན་ནོ་ཞེས་བཀོད་སྣང་བས། དེ་ལྟར་ན་རྒྱ་གར་གྱི་མན་ངག་པ་ནི་བཅོམ་ལྡན་འདས་དང་ས་ར་ཧ་དང་པདྨ་འབྱུང་གནས་དང་ཏེ་ལོ་ན་རོ་དང་ཨ་ཏི་ཤ་དང་དམ་པ་རྒྱ་གར་དང་གྲུབ་སྙིང་མཛད་པོ་རྣམས་ཡིན་པར་ངེས་ལ། བོད་དུ་ནི་ཕྱག་རྫོགས་ཞི་བྱེད་གཅོད་བློ་སྦྱོང་བ་རྣམས་ཡིན་པར་གདོན་མི་ཟ་བའི་ཕྱིར་རོ། །གཞན་ཡང་རྒྱུ་ལམ་འབྲས་བུ་གསུམ་གྱི་དབང་ཞེས་འཆད་པའི་ཚེ་དབང་དེ་གང་ཡིན། རྒྱུ་ལམ་གང་གི་དབང་ལ་འདོད་ན་ཡང་དེ་ལ་འབྲས་བུའི་དབང་དགོས་མེད་དུ་འགྱུར་ཏེ། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་ནི་རྡོ་རྗེ་འཆང་ཡིན་ལ་དེར་གྱུར་ཟིན་པའི་ཕྱིར་འབྲས་བུའི་དབང་ངོ་ཞེ་ན། རི་དྭགས་རྒྱུ་མཚན་དུ་བྱས་ནས་གྱད་བུ་ནོར་ལ་སྐུར་པ་བཏབ་པ་ལྟར། འབྲས་བུའི་དབང་རྒྱུ་མཚན་དུ་བྱས་ནས་རྒྱུའི་སྨིན་བྱེད་ཀྱི་དབང་ངོས་འཛིན་པའི་ཚེ་དགྱེས་རྡོར་དང་དུས་འཁོར་གང་རུང་གི་དབང་ཐོབ་ནས་རྒྱུད་ཐམས་ཅད་བསྟན་པར་བྱའོ་ཞེས་སྨྲ་བ་འདི་ནི་དབང་རྒྱུད་མན་ངག་ཐམས་ཅད་རང་གིས་མ་ཐོབ་པར་འཆད་པ་ལ་འགོད་པའི་ཐབས་ཟབ་མོར་སྣང་མོད། གཡོན་ཅན་རྣམས་ཁྱེད་ཀྱི་མན་


KMC013_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ངག་འདི་ལ་ནི་མ་ལྟོས་པར་དེ་ལྟར་བགྱིད་པར་སྣང་ངོ་། །གལ་ཏེ་དུས་འཁོར་ལས་དཀྱིལ་འཁོར་ཆེན་པོ་འདིར་དབང་བསྐུར་བ་དེ་ནི་རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང་མན་ངག་ཐམས་ཅད་ཀྱི་སྒྲུབ་པ་པོ་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བྲི་བ་པོར་བཤད་དོ་སྙམ་ན། དེ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་གི་མཐར་བཤད་ལ། དུས་ཀྱི་འཁོར་ལོར་བཤད་པའི་རྡོ་རྗེ་སློབ་དཔོན་དེ་ནི་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ་ཟེར་བ་ཡིན་ཏེ། དེར་བརྒལ་ལན་གྱི་སྐབས་སུ་རྡོ་རྗེ་སློབ་དཔོན་ནི་སངས་རྒྱས་ཉིད་ཀྱི་མཚན་ཡིན་ལ། བུམ་དབང་ཙམ་བསྐུར་བས་སངས་རྒྱས་ཉིད་དུ་འགྱུར་ན་དབང་ལྷག་མས་ཅི་ཞིག་བྱ་ཞེས་བཤད་པས། དེ་ལྟ་བུ་ནི་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་དུ་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ལ་གསུངས་པ་ཡིན་ལ། དེང་སང་བོད་ཡུལ་ན་ནི་ཡོ་བྱད་འདོད་པ་དག་གིས་དབང་བསྐུར་ཙམ་བླངས་ཅིང་མངོན་དཀྱིལ་ཁ་ཐོན་དུ་ལོབས་གྲངས་བསྙེན་ཙམ་བྱས་ནས་འཇིག་རྟེན་མཐུན་འཇུག་གིས་སྐྱེ་བོ་གནས་སྐབས་སུ་དགའ་བར་ནུས་ན་དེ་ནི་སློབ་དཔོན་རབ་ཏུ་འཇོག་པར་སྣང་བས་འདི་ནི་དུས་ཀྱི་འཁོར་ལོར་གང་


KMC013_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དེ་དང་ཕྱིན་ཅི་ལོག་སྟེ་ཉི་མ་དང་མུན་པ་ལྟ་བུ་ཡིན་ནོ། །འདི་འབྱུང་བར་ཡང་ལུང་བསྟན་ཏེ་འགྲེལ་ཆེན་དྲི་མེད་འོད་ཀྱི་ཁམས་ལེར། འཕགས་པའི་ཡུལ་འདིར་མ་འོངས་པའི་དུས་ན་རྡོ་རྗེ་སློབ་དཔོན་རྫས་ལ་བརྐམ་པ་དག་འབྱུང་བར་འགྱུར་ཏེ་ཕྱུག་པོ་རྫས་ཀྱིས་མངོན་པར་ཁེངས་པ་རྣམས་ཀྱི་ཁྱིམ་དུ་སོང་ནས་རྫས་ཀྱི་དོན་དུ་ཆོས་ཚོང་བར་བྱེད་པར་འགྱུར་བ་དང་རྫས་ལ་ཆགས་པས་སྐལ་པ་དང་མི་ལྡན་པ་རྣམས་ལ་འཇིག་རྟེན་ལས་འདས་པའི་དབང་སྟེར་བར་འགྱུར་བ་དང་། ཞེས་སོགས་ཀྱིས་སྐལ་མེད་ལ་ཆོས་སྟོན་པ་དང་། རྒྱལ་པོའི་མངག་གཞུག་པ་སོགས་བླ་མར་འགྱུར་བ་དང་། སྐལ་པར་ལྡན་ཡང་ནོར་མེད་ན་ཆོས་མི་སྟོན་པ་དང་། གདུག་པ་ཅན་ལ་ནོར་ཕྱིར་རྡོ་རྗེའི་ཚིག་འཆད་པ་དང་། རྡོ་རྗེའི་ཚིག་མི་ཤེས་པ་རྣམས་ཕན་ཚུན་རྩོད་པ་དང་། རྟོག་གེའི་མངོན་པའི་ང་རྒྱལ་གྱིས་རྒྱུད་རང་སྟོབས་ཀྱིས་འགྲེལ་བ་དང་། བདུད་རིས་རྣམས་སེམས་ཅན་གྱི་བླ་མར་གྱུར་ནས་རྡོ་རྗེའི་ཚིག་ཕྱིན་ཅི་ལོག་ཏུ་སྟོན་པ་དང་། དབང་བཞི་པ་གཉིས་སྤྲོད་ཀྱི་བདེ་བར་འཆད་པ་དང་། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པའི་དོན་གསུམ་པའི་


KMC013_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཉིད་སླར་ཡང་ཟློས་ཏེ་བཞི་པར་འཆད་པ་དང་། མཁས་པའི་མངོན་པའི་ང་རྒྱལ་གྱིས་དབང་བསྐུར་བ་མེད་པར་གླེགས་བམ་མཐོང་ནས་རྡོ་རྗེ་ཐེག་པ་སྟོན་པའི་གདུག་པའི་སློབ་དཔོན་རྣམས་འབྱུང་བར་བཤད་དོ། །གལ་ཏེ་ས་ལམ་རྣམས་མ་ཐོབ་ཀྱང་རུང་སྟེ་དབང་བཅུ་གཅིག་བསྐུར་བ་དེ་ཁོ་ན་རྡོ་རྗེ་སེམས་དཔའོ་ཞེ་ན་དེ་ནི། ཡེ་ལེའི་འགྲེལ་ཆེན་དུ། འོན་ཡང་ཐམས་ཅད་མཁྱེན་པའི་ལམ་ཉམས་པ་དེ་ནི་ལོག་པའི་ང་རྒྱལ་གྱི་ཟིལ་གྱིས་མནན་པར་གྱུར་པ་ན་བདག་ཀྱང་རྡོ་རྗེ་སེམས་དཔའ་སྟོབས་བཅུ་པའོ་ཞེས་དེ་ལྟར་རློམ་པར་བྱེད་དོ། །འདི་ནི་སྟོབས་བཅུ་པ་མ་ཡིན་ཏེ། སྟོབས་བཅུ་པའི་འགལ་ཟླ་ཉི་ཚེ་བ་རྨོངས་པ་ཆེན་པོའོ། །འདིར་རྣལ་འབྱོར་པ་འདིའི་སངས་རྒྱས་ཉིད་ནི་སྔོན་མེད་པ་ཤིན་ཏུ་རྨད་དུ་བྱུང་བ་ཆེན་པོ་སྟེ་སྒྲིབ་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཞེས་གང་གསུངས་པའི་སངས་རྒྱས་དེར་སྣང་ངོ་། །དེས་ན་རྡོ་རྗེ་སློབ་དཔོན་གྱི་དབང་རྫོགས་པ་རྒྱུད་ཐམས་ཅད་ཀྱི་སྟོན་པ་པོར་གསུངས་པ་དེ་ཡང་གདུལ་བྱ་ཆེས་དག་པ་རྡོ་རྗེའི་སློབ་དཔོན་མཆོག་གིས་སྨིན་གྲོལ་དུ་བྱས་ཏེ་རྡོ་རྗེ་འཆང་ཆེན་པོར་དབུགས་ཕྱུང་བ་ལ་


KMC013_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྒྲ་ཇི་བཞིན་པ་དང་ངེས་པའི་དོན་ཡིན་མོད། སོ་སྐྱེའི་སློབ་དཔོན་ཆོ་ག་ཤེས་པ་ཙམ་གྱིས་བསྐུར་བ་འདི་ལ་ནི་སྤྲོས་པའི་ཆོ་ག་ཚང་བར་བྱས་ཀྱང་ཆོ་ག་མ་ཚང་བ་ཉིད་ཡིན་ཏེ། ཆོ་གའི་གཙོ་བོ་རྒྱུད་ལ་དབང་དོན་གྱི་ཡེ་ཤེས་སྐྱེ་བ་ཡིན་ལ། དེ་མེད་པའི་ཕྱིར་དབང་གི་གཟུགས་བརྙན་དུ་ཟད་པའི་ཕྱིར། དེས་ན་བུ་རམ་གྱི་དྲི་དང་ཁ་དོག་དང་དབྱིབས་ཆེས་འདྲ་བར་བཅོས་ཀྱང་བུ་རམ་གྱི་རོ་མངར་བ་ཉིད་མེད་ན་ནི་དེ་བུ་རམ་དུ་ག་ལ་འགྱུར། དེ་ལྟ་བུའི་དབང་བཅུ་གཅིག་པོ་ཡོངས་སུ་ཚང་བ་ལན་སྟོང་རྫོགས་པར་བྱས་ཀྱང་བྱིས་པ་ཉིད་དུ་གནས་པས་དེ་ལ་ནི་གསུང་དེ་དྲང་བའི་དོན་དང་སྒྲ་ཇི་བཞིན་པ་མ་ཡིན་པ་ཁོ་ན་སྟེ། དུས་འཁོར་བསྡུས་རྒྱུད་ཉིད་ལས། ངེས་པར་རྡོ་རྗེའི་རིགས་དག་ལ་ཡང་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ནི་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པདྨའི་རིགས་ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །ཞེས་པའི་དམ་ཚིག་རྣམས་བཞིན་ནོ། །གཞན་ཡང་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མངོན་དུ་བྱས་ཏེ་ཆོས་ཐམས་ཅད་རྣམ་པ་ཀུན་ཏུ་སངས་རྒྱས་པའི་གོ་འཕང་བརྙེས་


KMC013_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་ནས་དུས་འཁོར་གྱི་དབང་རྫོགས་པ་རྡོ་རྗེ་སེམས་དཔར་གསུངས་ཀྱི། བཏགས་པ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་དབྱིབས་ཀྱི་སྒོམ་པ་ཙམ་ལས་དེ་སྐད་དུ་གསུངས་པ་ནི་མ་ཡིན་ཏེ། སྐྱེད་རིམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་དུ་བྱས་པས་འཚང་རྒྱ་བ་མི་སྲིད་པའི་ཕྱིར་ཏེ། ཡེ་ལེའི་འགྲེལ་ཆེན་དུ། འདིར་དཀྱིལ་འཁོར་གྱི་འཁོར་ལོ་ཅན་གང་ཞིག་འདུས་པའི་དཀྱིལ་འཁོར་སྤྲོ་བར་བྱེད་པ་དེས་ནི་འཁོར་ལོ་སྡོམ་པ་ལ་སོགས་པ་སྤྲོ་བར་མི་ནུས་སོ། །གང་ཞིག་འཁོར་ལོ་སྡོམ་པ་སྤྲོ་བར་བྱེད་པ་དེས་ནི་འདུས་པ་ལ་སོགས་པ་སྤྲོ་བར་མི་ནུས་ཏེ། ཉི་ཚེ་བ་ཉིད་ཀྱི་ཕྱིར་རོ། །ཞེས་སོགས་ཆེས་རྒྱས་པར་བཤད་ཅིང་། མཐར་མགོན་པོ་བྱམས་པ་དང་ཐལ་བའི་དབང་པོ་ལུང་བསྟན་པ་དཔེར་མཛད་ནས་ལུང་བསྟན་པ་དེ་བཞིན་དུ་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་དུ་བྱས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འབྱུང་བར་འགྱུར་རོ་ཞེས་པ་ནི་འགའ་ཡང་མེད་དོ་ཅེས་བཤད་དོ། །མདོར་ན་དབང་ཡང་དག་པར་ཐོབ་པ་ནི་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ་བྱ་ཡི་དེ་མ་རྟོགས་ན་


KMC013_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐམས་ཅད་འབྲས་བུ་མེད་པ་ཡིན་ཏེ། ཡེ་ལེའི་འགྲེལ་ཆེན་ལས། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རབ་ཏུ་མི་གནས་པ་ནི་རྣལ་འབྱོར་པ་རྣམས་ལ་བླ་མ་དམ་པ་མ་ཡིན་པ་ལམ་དང་བྲལ་བས་རབ་ཏུ་རྟོགས་པར་བྱ་བར་མི་ནུས་སོ། །ལམ་དེ་ཡང་བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པ་སྟེ། དེ་ལྟར་དབང་བཞི་པ་མ་རྟོགས་པའི་ཕྱིར་དབང་ཐམས་ཅད་དོན་མེད་པར་འགྱུར་རོ། །ཞེས་སོ། །དེའི་ཕྱིར་དབང་བཞི་པ་གཉིས་སྤྲོད་དུ་འཆད་པ་དང་། གསུམ་པ་ཉིད་སླར་ཡང་ཟློས་ཏེ་བཞི་པར་འཆད་པ་དང་། ཕྱག་རྒྱ་ཆེན་པོ་རྟོག་དཔྱོད་ཀྱི་ཡུལ་དུ་སྨྲ་བ་སོགས་ཀྱང་ཁྱེད་ཅག་གི་ཕྱོགས་ལ་སྣང་ཞིང་། གླེགས་བམ་མཐོང་ནས་དབང་བསྐུར་མེད་པར་འཇུག་པ་འདི་ཡང་གྲུབ་པའི་མཐར་བྱས་ཏེ་སྒྲུབ་པར་བྱེད་ན་ཁོ་བོ་ཅག་གིས་ནི་ཀྱེ་མ་འདི་ཅི་ཞིག་ཞེས་བྱ་བ་ལས་གཞན་མི་ཤེས་སོ། །དེ་བས་ན་ལྡེམ་དགོངས་རྣམས་ལྡེམ་དགོངས་སུ་མ་ཤེས་པར་སྒྲ་ཇི་བཞིན་པར་འཆད་པས་ནི་ངན་འགྲོའི་ལམ་སྟོན་པ་ཡོད་དེ། ཁམས་ལེའི་འགྲེལ་ཆེན་ལས། སྔགས་ཀྱི་ཐེག་པ་ལ་ལྡེམ་པོར་དགོངས་པའི་སྐད་གཞན་མི་ཤེས་པས་སྲོག་གཅོད་པ་ལ་སོགས་པ་དང་ཚོགས་ཁང་དང་


KMC013_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་གི་རྫས་ལ་ཉེ་བར་ལོངས་སྤྱོད་པ་བྱས་པ་དང་རྟག་པ་དང་ཆད་པའི་ཕྱོགས་བཟུང་བས་ཕྱི་རོལ་གྱི་ཡུལ་ཉེ་བར་ལོངས་སྤྱོད་པ་ལ་ཆད་པར་གྱུར་ན་སློབ་དཔོན་གྱི་ཆ་ལུགས་ཀྱིས་དཀོན་མཆོག་གསུམ་ལ་ཅོ་དྲིས་ནས་དམྱལ་བར་འགྲོ་བར་འགྱུར་རོ། །ཞེས་སོ། །དབྱིབས་ནི་རྣམ་པ་ཉི་ཚེ་བ་ཙམ་ལྷུར་བྱེད་པ་མ་ཡིན་པར་བརྗོད་བྱའི་དོན་ཡང་དག་པའི་དབང་དུ་བྱས་ན་ནི་དཔལ་འདུས་པ་དང་འཁོར་ལོ་སྡོམ་པ་དང་དགྱེས་པའི་རྡོ་རྗེ་དང་དུས་ཀྱི་འཁོར་ལོ་སོགས་ཐམས་ཅད་ཀྱང་དོན་ཐ་དད་པ་མེད་པའི་ཕྱིར་གཅིག་གི་ལམ་ལས་རྡོ་རྗེ་འཆང་གི་རྟོགས་པ་མངོན་དུ་བྱེད་པ་ན་བྱང་ཆུབ་ཐ་དད་པ་མེད་པའི་ཕྱིར་ཀུན་མངོན་དུ་བྱེད་པའང་ཡིན་ཏེ། དགྱེས་རྡོར་ལས། གང་གིས་དགྱེས་རྡོར་རྗེ་མི་ཤེས། །དེ་ནི་ངལ་བ་དོན་མེད་འགྱུར། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས་ཀྱང་། རྒྱུད་འདི་རུ་ནི་དབང་བསྐུར་བས། །ཐམས་ཅད་ཀྱི་ནི་སྒྲུབ་པ་པོ། །རྒོད་དང་ལྟ་དང་ལག་འཛིན་དང་། །འཁྱུད་དང་གཉིས་སྤྲོད་ལ་སོགས་ལ། །དབང་བསྐུར་བར་ནི་གྱུར་པ་ཡིན། །ཐམས་ཅད་རྒྱུད་ལས་དམ་པའོ། །ཞེས་གསུངས་ཅིང་། རྒྱུད་


KMC013_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ལས་ཀྱང་འདི་ལྟ་བུར་གསུངས་པ་མང་དུ་ཡོད་དོ། །བརྗོད་བྱེད་ཚིག་གི་ཕྲེང་བ་སྒྲ་སྤྱིའི་རང་བཞིན་ལ་ཞེན་ཞིང་དབྱིབས་ཙམ་ལ་ལྷར་ཞེན་པའི་བྱིས་པའི་དཔོན་སློབ་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་འགྲམ་དུ་དཀྱིལ་ཆོག་གི་ཁ་ཐོན་བྱེད་པ་རྣམས་ཀྱིས་ནི་ཕན་ཡོན་དེ་མི་ཐོབ་སྟེ་དངུལ་ཆུའི་སྦྱོར་བ་ལ་ཕན་ཡོན་བཤད་པ་རྣམས་ནི་རོ་བསད་པ་དང་འཆིང་བའི་སྦྱོར་བ་ལ་གོམས་པ་བརྟན་པས་དེ་ལྟར་ཚུལ་བཞིན་བསྒྲུབས་པ་རྣམས་ལ་ཡིན་གྱི་དངུལ་ཆུ་མཐོང་བ་ཙམ་མམ་སྲང་ལ་འདེགས་ཤེས་པ་ཙམ་ལ་ནི་མ་ཡིན་ནོ། །གཞན་ཡང་དགྱེས་རྡོར་རམ་དུས་འཁོར་གྱི་དབང་བསྐུར་ཐོབ་པ་དེས་རྒྱུད་ཐམས་ཅད་སྟོན་པ་ལ་མི་དབང་བར་ཐལ། དེ་ལ་དབང་བསྐུར་ཡང་དེས་དབང་རྫོགས་པར་མ་ཐོབ་པའི་ཕྱིར། རྟགས་གྲུབ་སྟེ། དེས་དབང་བཞི་པ་མ་རྟོགས་པའི་ཕྱིར། ཁྱབ་སྟེ། འགྲེལ་ཆེན་ལས། དེ་ལྟར་དབང་བཞི་པ་མ་རྟོགས་པའི་ཕྱིར་དབང་ཐམས་ཅད་དོན་མེད་པར་འགྱུར་རོ། །ཞེས་སོ། །རྟགས་གྲུབ་སྟེ། དབང་དོན་གྱི་ཡེ་ཤེས་དེ་ཡེ་ཤེས་དངོས་མ་ཡིན་པའི་ཕྱིར་ཏེ། དེ་དཔེའི་ཡེ་ཤེས་ཡིན་པའི་ཕྱིར། མ་གྲུབ་ན་ནི་རང་གིས་རྒྱུད་སྡེ་སྤྱི་


KMC013_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དུ་ཕྱག་རྒྱ་པས་དོན་གྱི་ཡེ་ཤེས་སུ་འདོད་དེ་ཅེས་ཕྱོགས་སྔར་བཀོད་ནས། བརྙེས་པ་ལས་ཆེས་བརྙེས་པའི་བརྒལ་བརྟག་དུ་མ་བྱས་ནས་མཐར་ངེས་ན་དོན་གྱི་ཡེ་ཤེས་སུ་འདོད་པ་ལ་ནི་སྐྱོན་འདི་དང་གཞན་ཡང་ཡོད་པས་ཁོ་བོ་ཅག་དཔེ་ཙམ་དུ་འདོད་དོ་ཅེས་བྲིས་པ་དང་འགལ་ལོ། །གཞན་ཡང་གདུལ་བྱ་མཆོག་དམན་དང་རྒྱུ་ལམ་སོགས་གནས་སྐབས་ཅི་ཡང་མ་ཕྱེ་བར་དབང་དོན་དཔེའི་ཡེ་ཤེས་སོ་ཟེར་བ་འདིས་ནི་དོན་གྱིས་དབང་དོན་ཡིན་ན་དཔེའི་ཡེ་ཤེས་ཡིན་པས་ཁྱབ་པ་ཁས་བླངས་པར་སོང་སྟེ་སྐབས་དེར་རྣམ་པར་དབྱེ་བ་གཞན་ཅི་ཡང་མ་བྱས་སྣང་བའི་ཕྱིར་རོ། །གལ་ཏེ། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་པས་ཐོན་ནོ་སྙམ་ན། དེ་ནི་ལམ་དུས་ཀྱི་དོན་གྱི་ཡེ་ཤེས་དབང་དུས་སུ་སྐྱེས་པ་དེ་ཉིད་དཔེར་བྱས་ནས་འབྲས་དུས་ཀྱི་ཀུན་མཁྱེན་ཡེ་ཤེས་ཀྱང་དེ་ལྟ་བུ་ཡིན་ནོ་ཞེས་བཤད་པ་ཡིན་གྱི། ལམ་དུས་ཉིད་ཀྱིའང་དབང་དོན་གི་དཔེ་ཡིན་པར་བསྟན་པ་ག་ལ་ཡིན་ཏེ། སྐད་ཅིག་གཅིག་ལ་མཆོག་དགའ་བ། །རང་གི་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །


KMC013_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཞེས་པས་ལམ་ཉིད་ཀྱི་དོན་གྱི་ཡེ་ཤེས་སུ་གསལ་བར་བསྟན་པའི་ཕྱིར་རོ། །གལ་ཏེ་དཔེའི་ཡེ་ཤེས་ཡིན་ཡང་དབང་དོན་དངོས་མ་ཡིན་པའི་སྐྱོན་མེད་དོ་ཅེ་ན། འདྲ་བའི་ཕྱིར་ན་དངོས་མ་ཡིན། །ཞེས་པའི་གཞུང་ཚད་མར་ཁས་ལེན་པ་དང་འགལ་ལོ། །གཞན་ཡང་གསང་སྔགས་མངོན་སུམ་གྱི་ལམ་མ་ཡིན་པར་ཐལ། རྡོ་རྗེ་གསང་བའི་ལམ་ཡིན་པའི་ཕྱིར་ཏེ། དེའི་དབང་དོན་དཔེ་ཙམ་དུ་ཟད་པའི་ཕྱིར། འདི་ནི་གྲུབ་པ་རྣམས་ཀྱིས་བཀག་པའི་ཕྱོགས་འཛིན་པར་ཟད་དེ། ཌོམྦི་ཧེ་རུ་ཀའི་དབང་གི་ལྡེ་མིག་ལས། དབང་དུས་ཀྱི་ཆགས་བཅས་ཀྱི་ལམ་ལས་དགའ་བཞི་དང་སྟོང་བཞི་དང་སྐད་ཅིག་མ་བཞི་རྣམས་རྒྱས་པར་བཤད་ནས་དེའི་བཞི་པ་འཆད་པ་ན། ཡེ་ཤེས་འདི་ཉིད་སྐད་ཅིག་མ། །བསམ་གྱིས་མི་ཁྱབ་དུས་ཡིན་ནོ། །འདི་ཉིད་འོད་གསལ་ལམ་གྱུར་པ། །ཕྱག་རྒྱ་ཆེན་པོ་དག་པའི་གནས། །རང་བཞིན་འོད་གསལ་དྲི་མ་མེད། །སངས་རྒྱས་ཀུན་གྱི་ཐུགས་དགོངས་ཡིན། །སྐྱེ་མེད་མངོན་དུ་གྱུར་པ་ཡིན། །རྣལ་འབྱོར་དབང་ཕྱུག་ཀུན་གྱི་ལམ། །ད་རེས་བླ་མའི་དྲིན་གྱིས་བརྙེད། །ཨེ་མ་ངོ་མཚར་རྨད་ཀྱི་


KMC013_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །ཕྱག་རྒྱའི་རྐྱེན་གྱིས་རྟོགས་པ་ཡིན། །མངོན་སུམ་ལམ་དུ་གྲགས་པ་སྟེ། །བྱིན་རླབས་ལམ་དུ་གྱུར་པ་ཡིན། །ཞེས་གདམས་པའི་གནད་ཀྱིས་དོན་གྱི་ཡེ་ཤེས་རྟོགས་པར་བཤད་ནས། ཁ་ཅིག་དཔེ་ཞེས་ཟེར་བ་ནི། །ཡང་དག་དོན་ལ་རྒྱབ་ཕྱོགས་པའི། །བྱིས་པ་རྣམས་ཀྱིས་སྨྲ་བ་ཡིན། །དེས་ནི་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་མིང་ཙམ་ཐོས་པར་ཟད། །ཡེ་ཤེས་མ་མཐོང་སྔགས་པ་རྣམས། །འཁོར་བའི་ཆུ་བོས་ཁྱེར་བར་ཟད། །དཔེ་ཙམ་ཡིན་ན་དོན་དང་བྲལ། །མིག་རྒྱུའི་རྒྱུན་དག་མཐོང་བ་ལ། །ཆུ་བོའི་རྒྱུན་དང་མཚུངས་ལྟ་ན། །སྐྱེས་བུ་མཁས་པ་ཅང་ཡིན་ནམ། །དོན་བྱེད་མ་ནུས་འཁྲུལ་པའི་ཕྱིར། །ལོག་པའི་ཀུན་རྫོབ་དག་ཏུ་འགྱུར། །ནོར་བའི་ལམ་ནི་འཁྲུལ་པ་སྟེ། །ཡེ་ཤེས་དེ་ཡང་འཁྲུལ་པར་འགྱུར། །སྤང་བྱ་སྤོང་བར་མི་ནུས་ཕྱིར། །ཡེ་ཤེས་ཙམ་དུ་འང་མི་རུང་ངོ་། །དཔེ་ནི་འདྲ་བའི་ཕྱོགས་མཚུངས་ཏེ། །རི་མོར་བྲིས་པའི་མ་ཧེ་དེ། །མ་ཧེའི་གཟུགས་བརྙན་ཙམ་ཡིན་གྱི། །མ་ཧེའི་བྱ་བ་མི་ནུས་ཕྱིར། །འདྲ་བ་མཚོན་པས་དོན་བྱེད་མེད། །དེ་ཉིད་གོམས་པ་དོན་མེད་འགྱུར། །རྣམ་པའི་མཚན་ཉིད་ཚང་བ་ཡིས། །དཔེ་


KMC013_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་རྟོགས་པར་འདོད་པ་ནས། །སྒྱུ་མའི་བུད་མེད་ལྟར་འདོད་ན། །དཔེ་ཙམ་དུ་ནི་གྲུབ་གྱུར་ཀྱང་། །ཡེ་ཤེས་ཐ་སྙད་དམ་བཅའ་ཉམས། །ཅེས་དགག་སྒྲུབ་རྒྱས་པར་མཛད་དེ། དོན་བསྡུ་ན། དབང་དོན་མ་ཡིན་པར་ཐལ། དབང་དོན་གྱི་དཔེ་ཙམ་ཡིན་པའི་ཕྱིར། དཔེར་ན། མིག་རྒྱུ་ལ་ཆུ་བོར་འཛིན་པ་བཞིན་ནོ། །ཡང་དེ་ཆོས་ཅན། ལོག་པའི་ཀུན་རྫོབ་ཏུ་ཐལ་ཏེ། སྣང་ཡང་དོན་བྱེད་མ་ནུས་པའི་ཕྱིར། འདོད་ན། མཚོན་དོན་གྱི་ཡེ་ཤེས་དེའང་འཁྲུལ་པར་འགྱུར་རོ། །ཡང་དེ་ཆོས་ཅན། དཔེའི་ཡེ་ཤེས་སུའང་མི་རུང་བར་ཐལ། ཡེ་ཤེས་ཙམ་དུ་མི་རུང་བའི་ཕྱིར་ཏེ། སྤང་བྱ་སྤོང་མི་ནུས་པའི་ཕྱིར་ཏེ། རི་མོའི་མེས་སྲེག་མི་ནུས་པའམ། རི་མོའི་མ་ཧེས་མ་ཧེའི་བྱ་བ་མི་ནུས་པ་བཞིན་ནོ། །ཡང་དབང་དོན་དེ་ཆོས་ཅན། གོམས་པ་དོན་མེད་དུ་འགྱུར་ཏེ། དཔེ་ཙམ་ཡིན་པའི་ཕྱིར། གལ་ཏེ་རྣམ་པ་འདྲ་བས་དོན་བྱེད་ནུས་སོ་ཞེ་ན། མི་རོས་ཀྱང་མིའི་བྱ་བ་བྱེད་པར་ཐལ་ཏེ། རྣམ་པ་འདྲ་བའི་ཕྱིར། གལ་ཏེ་སྒྱུ་མའི་བུད་མེད་བུད་མེད་དངོས་མིན་ཡང་སྒྱུ་མ་མ་བཤིག་གི་བར་དུ་འདོད་པའི་ཡུལ་དུ་རུང་བ་བཞིན་ནོ་ཞེ་ན། དཔེ་ཙམ་ཡིན་མོད་ཡེ་ཤེས་སུ་འཇོག་བྱེད་མ་


KMC013_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ངོ་ཞེས་རིགས་པ་ཆེན་པོ་དྲུག་གིས་བཀག་ནས་སླར་རང་ལུགས་ཀྱང་། ཡོན་ཏན་ཐམས་ཅད་རྫོགས་པ་དང་། །གྲུབ་པ་མཐར་ཐུག་ཡེ་ཤེས་སུ། །ངེད་ཀྱང་འདོད་པ་མ་ཡིན་ཏེ། །དཔེར་ན་ཚེས་གསུམ་ཟླ་བའམ། །དཔེར་ན་རྒྱལ་པོའི་བུ་དག་ནི། །བཙས་མ་ཐག་པ་ལྟ་བུ་འམ། །སྡོང་པོའི་མྱུ་གུ་ལྟ་བུ་སྟེ། །སྔ་མ་དག་དང་ཁྱད་པར་ཆེ། །འདི་ནི་ཡེ་ཤེས་ཆེན་པོ་ལ། །ཆོས་སྐུ་སེམས་ཀྱི་ངོ་བོར་འདོད། །སེམས་ཉིད་ཡང་དག་ཀུན་རྫོགས་ཏེ། །སངས་རྒྱས་ཡེ་ཤེས་མཚུངས་པ་ཉིད། །སྒྱུ་འཕྲུལ་དྲ་བའི་ལམ་དུ་གསུངས། །ཅེས་རྣལ་མའི་ལན་མཛད་དེ་དེའི་ཕྱིར་ཁྱེད་ཀྱིས་བྲིས་པ་རི་བོ་ལ་མ་ཐོགས་པར་སོང་ཞིག་ལྕེབས་ཅིག་ཞེས་བྱ་བའི་ཅོ་དེ་དག་ནི་སླར་རང་ཉིད་ལ་དྲི་བར་འགྱུར་རོ། །གཞན་ཡང་ཁྱེད་ཀྱིས་ཕྱག་རྒྱ་པ་ཐམས་ཅད་ཀྱིས་ལས་དང་པོ་པའི་སྨིན་བྱེད་ཀྱི་དབང་དོན་གྱི་ཡེ་ཤེས་སུ་སྨྲའོ་སྙམ་པའང་རློམ་སེམས་ཀྱིས་སྨྲས་པ་ཡིན་ཏེ། མངའ་བདག་མཻ་ཏྲྀ་པ་དེ་དཔེའི་ཡེ་ཤེས་སུ་བཞེད་ཅིང་། རྗེ་ན་རོ་པ་ནི་དེ་དོན་གྱི་ཡེ་ཤེས་སུ་བཞེད་ལ། རྗེ་མར་པས། བླ་མ་གཉིས་བཞེད་པ་མཐུན་ཏེ། རྗེ་མཻ་ཏྲྀ་པས་འདོད་ཆགས་བདེ་ཆེན་


KMC013_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཆིང་མི་ནུས་པའི་གང་ཟག་ལ་དགོངས་ལ། རྗེ་ནཱ་རོ་པས་འཆིང་ནུས་པའི་གང་ཟག་ལ་དགོངས་སོ་ཞེས་བཞེད་དོ། །ཅེས་རིན་ཆེན་རྒྱན་འདྲར་བཤད་པ་རྣམས་མ་ཐོས་པར་ཟད་པས་སོ། །འོན་ཀྱང་ཁྱེད་ཅག་གི་འདོད་པ་དེས་ཡང་དག་པར་ན་དཔེའི་ཡེ་ཤེས་ཀྱང་ངོས་མ་ཟིན་ཏེ་ཆགས་པའི་གནས་སྐབས་བཞི་པ་ཁོ་ན་མྱོང་བ་ལ་དཔེའི་ཡེ་ཤེས་སོ་སྙམ་པར་ཟད་མོད། དེ་ནི་ཁྱི་ཕག་དང་བ་ལང་ཐམས་ཅད་ཀྱིས་ཀྱང་མྱོང་བ་ཉིད་དོ། །དེས་ན་རྗེ་མཻ་ཏྲྀ་པ་བཞེད་པའི་དཔེའི་ཡེ་ཤེས་སོགས་ནི་དེ་ལྟ་མིན་ལ། འདི་དག་ཏུ་དཔེ་དོན་གྱི་དབང་གི་ངོ་བོ། ཐོབ་མཚམས། བརྡ་ལ་སོགས་པ་རྣམ་པ་གཞན་གྱིས་དབང་དུ་འགྱུར་ཚུལ། སོང་བའི་ཚད། རྒྱུ་ལམ་གྱི་དབང་གི་ཁྱད་པར་སོགས་ལ་རྗེ་བཙུན་མར་པ་ཡབ་སྲས་ཀྱི་བཞེད་པ་རྨད་དུ་བྱུང་བ་ཁྱེད་ཅག་གི་རྣ་ལམ་དུ་མི་འཚམ་པ་དུ་མ་ཡོད་ཀྱང་། རྗེ་མི་ལས། རྣལ་འབྱོར་ཉམས་སུ་བླང་རྒྱུ་ལ། །རྒོལ་དང་ཕྱིར་རྒོལ་རྩོད་པར་འཕངས། །ཅེས་པ་ལྟར་རྟོག་གེའི་དབུ་བ་འདུས་པའི་ཕུང་པོ་ལ་གཅིག་ཏུ་ཞེན་པའི་རྒོལ་བ་ལ་བསྟན་དུ་འཕངས་པས་འདིར་ཡང་གསང་བ་མི་སྒྲོག་གོ། །དེ་ལྟར་མ་དག་པས་དག་པ་སུན་


KMC013_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པའི་དོགས་པའི་མཐའ་རྣམས་བསལ་ནས། ད་ནི་དོན་དངོས་ལ་འཇུག་པར་བྱ་སྟེ། མདོར་ན་རྡོ་རྗེའི་སློབ་དཔོན་མཆོག་གི་དངོས་པོ་གྲུབ་པས་སློབ་མའི་སྐལ་བ་དང་མོས་ཁམས་ཇི་ལྟ་བ་བཞིན་ཤེས་ནས་གང་ལམ་འདི་ལྟ་བུའི་སྣོད་དུ་རུང་བ་དེ་དག་ཐབས་དང་དུས་ཇི་ཙམ་གྱིས་སྨིན་པར་འགྱུར་བ་དེ་ཙམ་གྱིས་སྨིན་པར་བྱས་ཏེ་དེ་ནས་སྐྱེད་རྫོགས་ཀྱི་སྙིང་པོ་འདི་ལྟ་བུ་དག་བསྟན་པར་བྱའོ། །དེས་ན་རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོས་ཐོག་མར་བརྡའི་རྣམ་གྲངས་བཅུ་གཉིས་བསྟན་ནས་ན་རོ་པ་ཅུང་ཟད་སྨིན་པར་མཛད་ལ། དེ་ནས་དཀའ་བ་ཆེན་པོ་བཅུ་གཉིས་ཀྱིས་དབང་བཞི་རྫོགས་པ་སྟེ་ཡོངས་སུ་སྨིན་པ་དེའི་ཚེ་གྲོལ་བར་མཛད་པ་དང་། ཛཱ་ལནྡྷ་ར་པས་རྒྱལ་པོ་དྷ་རི་ཀ་པ་ལོ་བཅུ་གཉིས་སྨད་ཚོང་མའི་གཡོག་ཏུ་བཞག་པས་རྒྱུད་སྦྱངས་པ་དང་། ཡང་ཛཱ་ལནྡྷ་རི་ཞེས་བྱ་བའི་སློབ་དཔོན་གྱིས་རྒྱལ་བློན་གཉིས་འགྲོན་བུ་ལྔ་བཅུ་རེའི་ཆེད་དུ་ཆང་འཚོང་མ་ལ་བཙོངས་ནས་ལོ་བཅུ་གཉིས་གཡོག་ཏུ་བཞག་པས་སྨིན་པར་མཛད་པ་དང་། རྗེ་མར་པས་མི་ལ་མཐུ་ཆེན་ཡི་ཆད་ཆེན་པོ་བདུན་གྱིས་རྒྱུད་སྦྱངས་ཏེ་སྨིན་པར་མཛད་པ་དང་།


KMC013_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མི་ལས་སྒམ་པོ་པ་ལ་སྙན་རྒྱུད་ལྷན་ཅིག་སྐྱེས་མའི་ལུགས་སུ་དབང་སིནྡྷུ་རའི་དཀྱིལ་འཁོར་ལས་བསྐུར་བས་སྨིན་པར་མཛད་པ་སོགས་ཀྱང་ཡོད་དེ། མདོར་ན་སྨིན་པ་ཅེས་བྱ་བ་སློབ་མའི་རྒྱུད་རྡོ་རྗེ་ཐེག་པའི་དངོས་ཀྱི་སྣོད་རུང་དུ་ལེགས་པར་དུལ་ཞིང་ཡེ་ཤེས་སྐྱེ་ངེས་སུ་བྱས་པ་ཅིག་ཡིན་ལ། དབང་པོ་ཆེས་དམན་ནའང་སྔགས་སྤྱོད་ལ་མ་དད་པ་མི་སྐྱེ་ཞིང་མོས་པར་གྱུར་པ་ཙམ་ཞིག་དགོས་སོ། །གཉིས་པ་ནམ་སྒྲུབ་པའི་དུས་ནི། ཡར་གྱི་ངོ་ཡི་ཚེས་བཅུ་ལ། །ཞེས་དང་། ཞལ་གདམས་སུ་ཟླ་བ་གང་ཡང་རུང་བའི་ཡར་གྱི་ཚེས་བཅུ་ལ་ཞེས་པས་མཁའ་འགྲོའི་དུས་ཁྱད་པར་བ་ཡིན་པའི་ཕྱིར་ཚེས་བཅུ་ནས་སྒྲུབ་པ་ལ་འཇུག་གོ། །གསུམ་པ་སྒྲུབ་པའི་བཀོད་པ་བཤམ་པ་ནི། མཛེས་པའི་མཎྜལ་ཆག་ཆག་གདབ། །དྲི་དང་ཆང་གིས་བྱུག་པར་བྱ། །ཞེས་སྟེགས་བུ་དང་། ཆོས་འབྱུང་པདྨར་ལྡན་པ་བྲི། །རང་རང་ཕྱག་མཚན་སྟེང་དུ་དགོད། །མེ་ཏོག་དམར་པོའི་ཚོམ་བུའང་དགྲམ། །ཅེས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། མཚན་དང་ལྡན་པའི་ཀ་པཱ་ལར། །བཏུང་བ་བཟང་པོས་ལེགས་པར་གང་། །བདུད་རྩི་ལྔ་དང་རྩ་བརྒྱད་སྟོང་། །རིན་ཆེན་འབྲུ་དང་སྙིང་པོ་ལྔ། །གང་


KMC013_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རྫས་རྣམས་གཞུག་པར་བྱ། །ཞེས་ཐོད་པའི་དཀྱིལ་འཁོར་དང་། མ་ཉམས་མེ་ལོང་གཙང་མ་ལ། །ཤེས་རབ་མཚལ་དང་། །ཞེས་པས་མཁའ་འགྲོ་དབང་སྡུད་ཀྱི་དཀྱིལ་འཁོར་དང་། སིནྡྷུ་རས། ཆོས་འབྱུང་གྲུ་གསུམ་བསྣོལ་མར་བྲི། །དེ་དབུས་ཧྲཱིཿལས་གྱུར་པ་ཡི། །བདུད་བཞི་ལས་རྒྱལ་ཁྲོ་མོར་སྐྱེད། །ཕྱོགས་ཀྱི་པདྨ་འདབ་བཞི་ལ། །འབྱུང་བཞི་སྐྱེད་པའི་ས་བོན་ལས། །རིགས་བཞི་མཁའ་འགྲོ་རྣམ་བཞི་བསྐྱེད། །ལེབ་རྒན་དམར་པོའི་སྟེང་དུ་བཞག །ཞེས་སིནྡྷུ་རའི་དཀྱིལ་འཁོར་དང་། ཞར་ལ་མདུན་སྐྱེད་ཇི་ལྟར་སྐྱེད་པ་དང་། བདེ་བའི་སྟན་ལ་འདུག་ནས་ནི། །ཨོ་རྒྱན་ཕྱོགས་སུ་ཁ་བལྟས་ནས། །ཅེས་ཇི་ལྟར་འདུག་ཚུལ་དང་བཅས་པ་གསུངས་ཏེ། དེ་ཡང་བསྡུ་ན། ས་ཆོག་གི་བྱ་བ། སྟེགས་བུ་བཅའ་བ། དཀྱིལ་འཁོར་དྲུག་བཀོད་པ་སྟེ་གསུམ་ལས། དང་པོ་ལ། ས་བརྟག་པ། ས་བསླང་བ། བཟུང་བ། སྦྱང་བ་སྟེ་བཞི་ལས། བརྟག་པ་ནི། གོང་དུ་བཤད་པ་གནས་བརྟག་པ་ཉིད་ཀྱིས་གྲུབ་པ་སྟེ། གང་དུ་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བའི་སར་སྒྲུབ་པའི་ཕྱིར་རོ། །བསླང་བ་ལ་ཡང་སྣང་བ་མི་ལས་བསླང་བ་ནི།


KMC013_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེ་གཞན་གྱིས་བསླང་བ་མ་ཡིན་པ་ཉིད་ཀྱིས་ཚང་ལ་མི་སྣང་བ་ས་ལྷ་དང་། གཞི་བདག་ལས་བསླང་བ་ནི། སྔོན་འགྲོའི་གཏོར་མ་གཏོང་བ་སྟེ། དེའི་ཡང་ཐོག་མར་བསང་སྦྱང་སོགས་དཀྱིལ་འཁོར་གཞན་གྱི་བསང་ཆུ་ལས་ཐམས་ཅད་པའི་བྱ་བ་རྣམས་འདིར་ནང་མཆོད་ཀྱིས་བྱེད་དགོས་པའི་ཕྱིར་ཐོག་མར་ལག་མཆོད་བྱ་སྟེ། དེ་ཡང་གང་དུ་བྱ་བའི་སྣོད་ནི། སྡོམ་འབྱུང་གི་སྣོད་ཀྱི་མཚན་ཉིད་བརྟག་པའི་ལེའུར། བུད་མེད་ཐོད་པའང་མི་བཟུང་སྟེ། །ཅེས་དང་། དུམ་གསུམ་སྒྲུབ་པོའི་དངོས་གྲུབ་འགྱུར། །ཞེས་བཤད་པས་སྐྱེས་པར་ཐོད་པ་དུམ་བུ་གསུམ་པའམ་ཡང་ན་ཆ་གཅིག་པ་མཚན་ཉིད་དང་ལྡན་པ་སྟེ། མདོར་ན་དབྱིབས་ཁ་དོག་གཤོང་བུ་ཚངས་བུག་རི་མོ་སོགས་མཐའ་དག་ནས་དེར་བཤད་པའི་སྐྱོན་དང་བྲལ་ཞིང་ཡོན་ཏན་ཚང་བ་ལ་བྱ་ཡི། གཞན་ཐོད་པའི་རྣམ་གཞག་བམ་རིལ་ཐོད་མཁར་དང་རྐང་གཉིས་བྱ་འཕུར་དང་ལྷ་མོ་གནས་མཁར་སོགས་ནས་བཤད་པས་ནི་མི་བྱ་སྟེ་དེ་དག་མུ་སྟེགས་ཀྱི་གཞུང་ཡིན་པས་སོ། །ཐོད་པ་མཚན་དང་ལྡན་པ་འདི་ནི་མ་རྒྱུད་དུ་སྣོད་ཀྱི་མཆོག་ཡིན་པས་མི་གཙང་བའི་དོགས་པ་སོགས་མི་བྱ་


KMC013_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། མངོན་བརྗོད་བླ་མར། དུང་དང་ཉ་ཕྱིས་མུ་ཏིག་སྟེ། །གསུམ་ཆར་རྒྱུ་ལས་བྱུང་ཡིན་ན། །ཆོས་ཀྱི་སྐུ་ཡི་ལུས་ཅན་གྱི། །ཐོད་པ་ལ་ནི་སུ་ཞིག་སྨོད། །ཅེས་བཤད་དོ། །ལག་མཆོད་གང་ལ་བྱ་བའི་རྫས་ནི་མྱོས་བྱེད་ཀྱི་བཅུད་དེ། སྡོམ་འབྱུང་མྱོས་བྱེད་ཀྱི་ལེ་འུར། ཡེ་ཤེས་རྡོ་རྗེ་མནྡྷ་རར། །གྲགས་ཏེ་མཁའ་དབྱིངས་འོ་མའི་མཚོ། །འོ་མའི་རྒྱ་མཚོ་མཛེས་པ་ཡི། །བདུད་རྩི་བསྲུབས་པ་ཙམ་གྱིས་ནི། །དེ་ལས་སྐྱེས་པའི་ལྷ་མོ་ཆང་། །བུ་མོ་འདོད་པའི་གཟུགས་ཅན་མ། །ཞེས་སོགས་ཕྱི་རོལ་པ་གཞུག་པའི་ཕྱིར་རྒྱ་མཚོ་བསྲུབས་པ་ལས་ལྷ་མོ་ཆང་བྱུང་ཞིང་དེ་ལྷ་ཐམས་ཅད་ཀྱི་དགའ་མར་གྱུར་པའི་སྔོན་གྱི་གཏམ་རྒྱུད་དང་སྦྱར་ཏེ། མནྡྷ་ར་ཡི་དབུས་བྱུང་ནས། །ཆུ་བོ་ཀུན་ཏུ་གྱུར་ནས་ནི། །འོ་མའི་རྒྱ་མཚོ་ཞེས་བྱ་བར། །མར་དང་སྦྲང་རྩི་ལྟ་བུར་འབབ། །ཅེས་སོགས་དང་། ཇི་ལྟར་བྱ་བའི་ཚུལ་རྣམ་དག་དང་བཅས་པ་རྒྱས་པར་བཤད་ནས། མྱོས་བྱེད་ལས་གཞན་མཆོད་པ་མེད། །མར་མེ་སྦྱིན་སྲེག་མཆོག་མ་ཡིན། །བླ་མ་དང་བྲལ་ཆོས་མེད་དེ། །ཆོས་དང་བྲལ་བའི་གྲོལ་བ་མེད། །མྱོས་བྱེད་ལས་གཞན་དམ་ཚིག་ནི། །གང་ཡང་


KMC013_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་མ་ཡིན་ནོ། །ཞེས་བཤད་ཅིང་སྦྱངས་རྟོགས་སྦར་བར་མི་ནུས་པས་བག་མེད་དུ་བསྟེན་པ་ནི་དམྱལ་བའི་རྒྱུར་ཡང་བཤད་དེ། དེ་ཉིད་ཀྱི་འཕྲོར། བདུད་རྩིའང་འདི་ཉིད་དུག་འདི་ཉིད། །ཅེས་དང་། སྔགས་པ་ཆང་གིས་རྣམ་མྱོས་པ། །འདོད་ལ་བརྐམ་ཞིང་འཁྲིག་པར་སྲེད། །རྒོད་ཅིང་གླུ་ནི་དེ་བཞིན་ལེན། །ཐབ་མོ་ལ་བརྩོན་རྣམ་པར་འཁྲུལ། །ཞེས་སོགས་བཤད་དོ། །དེར་ཆང་གི་རིགས་མང་དུ་བཤད་ཀྱང་བསྡུ་ན་སྤྱིར་ཆང་སྣ་བཞི་སྟེ། དུས་འཁོར་འགྲེལ་ཆེན་ལས་ཀྱང་། འདིར་ཆང་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ཏེ། སྦྲང་རྩི་ལས་སྐྱེས་པ་དང་འབྲས་ལས་སྐྱེས་པའམ་ཤིང་ལས་སྐྱེས་པའམ་གཞན་པའོ། །ཞེས་དང་། དེའི་རྒྱུད་ལས། ཤེས་རབ་རང་བཞིན་སྦྲང་རྩི་དང་བཅས་བུ་རམ་ལས་སྐྱེས་འབྲས་ལས་སྐྱེས་སམ་ཤིང་སྐྱེས་ཏེ། །ཞེས་གསུངས་པས་འབྲས་ཆང་ལ་སོགས་པ་ནི་འབྲུའི་ཆང་སྟེ་འདིས་འབྲུའི་ཕྱེ་སོགས་ལས་བྱས་པ་བཅོས་མའི་ཆང་ཡང་ཉེ་བར་བསྡུའོ། །བུར་ཆང་གིས་ཤིང་གི་ཆང་ཇི་སྙེད་པ་བསྡུ་སྟེ་རྒྱ་གར་ནག་སོགས་ན་ལྗོན་ཤིང་ལས་འཛག་པའི་ཆང་དུ་མ་ཡོད་པར་གྲགས་སོ། །སྦྲང་ཆང་གིས་མེ་ཏོག་གི་ཆང་ཇི་


KMC013_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་པ་སྡུད་དོ། །རྒུན་འབྲུམ་གྱིས་མཛའ་ཏིའི་ཆང་སོགས་འབྲས་བུའི་ཆང་ཇི་སྙེད་པ་སྡུད་དེ། གཞན་ཡང་རྩ་བ་དང་སྡོང་བུ་དང་མདབ་མ་དང་ཐོ་གུ་དང་སྦྱར་བ་ལས་གྱུར་པ་སོགས་མང་དུ་ཡོད་པ་རྣམས་ཀྱང་འབྲུ་དང་ཤིང་དང་ལྡུམ་བུ་དང་འབྲས་བུ་སྟེ་གང་གི་རིགས་སུ་གཏོགས་པ་དང་གཙོ་ཆེ་བ་དེར་སྡུད་དོ། །དེ་དག་ལས་གང་བརྙེད་པའི་བཅུད་བླུགས་ཏེ་བདུད་རྩི་རིལ་བུ་དང་སྦྱར་བ་ནི་གང་ལ་བྱ་བའི་རྫས་སོ། །འདིར་སྒྲུབ་པ་ཁྱད་པར་བའི་དུས་སུ་ནི་སྐྱེ་བོས་སྨོད་པའི་འཇིགས་པ་མེད་པའི་ཕྱིར་ངེས་པར་མྱོས་བྱེད་ཀྱི་དམ་ཚིག་དང་ལྡན་པས་བྱ་ལ། དམ་རྫས་སུ་མིང་བཏགས་ནས་སྲེད་པའི་དབང་གིས་འཇོལ་ཉོག་ཏུ་སྤྱོད་པ་དེ་ནི་མདོ་སྔགས་ཀྱི་ལམ་པ་གང་གི་ཡང་བྱ་བ་མ་ཡིན་ནོ། །སྒྲུབ་པ་ལས་གནས་སྐབས་གཞན་དུས་བཟང་གི་མཆོད་པ་ལ་སོགས་པའི་ཚེ་ནི་རྟེན་ཉན་ཐོས་ཀྱི་དགེ་སློང་དུ་གྱུར་པའམ། དགེ་འདུན་གྱི་བཅས་པ་ལ་སོགས་པའི་དབང་ངམ། ཡུལ་དུས་ཀྱི་དབང་སོགས་ཀྱིས་སྐྱེ་བོས་སྨད་པའི་འཇིགས་པ་ཡོད་པའམ། ཨ་ཝ་དྷུ་ཏི་པའི་རྣལ་འབྱོར་པས་ཡོ་བྱད་མ་ཚང་བ་ཡིན་ནའང་ཇི་ལྟར་རིགས་པའི་སྣོད་དུ་འོ་མ་


KMC013_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆུ་གཙང་དང་རྡོ་རྗེའི་ཆུ་སོགས་ལ་བདུད་རྩིའི་རིལ་བུས་བྲན་པའང་བྱ་སྟེ། མདོར་ན་རྣམ་པར་རྟོག་པ་མེད་པ་ཉིད་དམ་ཚིག་གི་རྫས་ཀྱི་མཆོག་ཡིན་གྱིས་མཚན་མར་བཟུང་བ་ཐམས་ཅད་ནི་དམ་ཚིག་མ་ཡིན་པའི་རྫས་སོ། །དེ་བཞིན་དུ་ཤ་ཁྲག་གི་གཏོར་མ་དང་དམ་ཚིག་གི་རྫས་ཀྱི་ཤ་ཆང་གཞན་ཡང་གནས་སྐབས་འདི་ལྟ་བུ་ཡིན་ཏེ། འོན་ཡང་དེའི་ཆེད་དུ་བསད་པའི་ཤ་ཁྲག་དང་རིན་གྱིས་བརྙེད་པའི་ཤ་ཁྲག་ཡང་མ་ཡིན་ཏེ་གང་ཟ་བ་པོ་ཡོད་ན་གསོད་པ་པོ་ཡོད་པས་བསད་པའི་ཤ་གང་ལས་བླངས་པའམ་ཉོས་པ་དེ་དག་ནི་མཚན་མ་དང་བཅས་པ་ཁ་ན་མ་ཐོ་བའི་ཤ་ཡིན་པས་སྔགས་པས་དམ་རྫས་སུ་བཟའ་བར་མ་གནང་ལ། རང་བཞིན་གྱིས་ཤི་བ་ཡུལ་དུས་གང་ན་བཟའ་བའི་དོན་དུ་མི་གསོད་ཅིང་རང་གར་ཤི་བ་ཡང་འདོར་བ་དེ་དག་ནི་བརྙེད་པར་སླ་ལ་ཁ་ན་མ་ཐོ་བ་མེད་པ་ཡིན་པའི་ཕྱིར། དེ་དག་ལ་བཟང་ངན་དང་ཞིམ་མི་ཞིམ་སོགས་རོའི་འཛིན་པས་མ་བཅིངས་པར་ཡེ་ཤེས་སུ་རོ་བསྙོམས་ནས་རྣལ་འབྱོར་པས་སྤྱོད་པ་སྟེ། དེའི་ཕྱིར་ཤ་ལྔ་པོ་ནི་འཕགས་ཡུལ་དུ་ཤའི་ཕྱིར་གསོད་པ་མེད་པས་གནང་བ་ཡིན་ནོ། །གལ་ཏེ་ཡུལ་གང་ན་ཤ་


KMC013_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པོ་དེ་ལས་ཀྱང་འགའ་ཞིག་བཟའ་བའི་དོན་དུ་གསོད་པ་ཡོད་ན་དེ་དོར་ནས་ཡུལ་དེར་མཚན་མ་མེད་པར་གྲགས་པ་ཅིག་བཟུང་དགོས་པར་དུས་ཀྱི་འཁོར་ལོར་བཤད་ལ། དེའི་ཚེ་བོད་ཡུལ་འདིར་བ་ལང་ཤའི་ཆེད་དུ་གསོད་པ་ཡོད་པས་བ་ལང་གི་ཤའི་ཚབ་ཏུ་བྱ་རོག་གི་ཤ་ལྟ་བུ་གཞུག་པའང་དོན་གྱིས་ཐོབ་པར་ཡོད་དོ། །སྐྱེ་བོས་སྨོད་པ་ལ་སོགས་པའི་འཇིགས་པ་ཡོད་པའི་ཚེ་ནི་ཇི་ལྟར་དེ་དག་སྨོད་པར་མི་འགྱུར་བའི་ཁ་ཟས་དང་བཏུང་བ་སོགས་ཉིད་ཆོ་གས་བྱིན་གྱིས་རློབ་པ་སྟེ། དམ་ཚིག་གི་རྫས་མ་བསྟེན་པའི་ལྟུང་བ་ནི་ཤ་ལྔ་དང་བདུད་རྩི་ལྔའི་རིལ་བུ་ཡུངས་འབྲུ་ཙམ་ས་ལྡང་བའི་རྣལ་འབྱོར་གྱི་ཚེ་བསྟེན་པ་དང་། བདུད་རྩི་མྱང་བ་དང་སེམས་ཀྱིས་དམ་རྫས་ལ་མི་སྣང་བ་ཉིད་ཀྱིས་ཁེགས་ལ་མ་སྨིན་པའི་སྐྱེ་བོས་དམ་རྫས་མཐོང་བ་ལས་མ་དད་པར་གྱུར་ན་ཕར་ཕྱིན་ཐེག་པའི་གཞན་སེམས་མ་བསྲུངས་བའི་ཉེས་པ་དང་སྔགས་ཀྱི་གསང་སྒྲོགས་ཀྱི་ལྟུང་བ་འབྱུང་བའི་ཕྱིར་རོ། །དེས་ན་རྣལ་འབྱོར་པ་རང་གི་ངོར་ཆོས་ཐམས་ཅད་གཟོད་མ་ནས་དག་པའི་ཕྱིར་གཙང་མི་གཙང་བཟར་རུང་མི་རུང་སྨད་མི་སྨད་སོགས་ལ་


KMC013_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་ཞེན་དང་བྲལ་བས་རྣམ་རྟོག་གི་འཛིན་པས་མ་བཅིངས་ཅིང་ཀུན་རྫོབ་ཏུ་རྟེན་དང་ཡུལ་དུས་ཀྱི་སྐྱེ་བོའི་བློ་ལ་སོགས་པ་ཤེས་པས་དེ་དང་རང་གི་ལམ་གཉིས་ཀ་དང་མི་འགལ་བར་སྤྱོད་ཅིང་རང་ལ་བརྟེན་ནས་གཞན་རྒྱུད་ལ་ལྟུང་བ་མི་སོག་པར་བྱ་བ་ཡིན་གྱི། དེང་སང་བོད་ཡུལ་འདིར་ཕལ་ཆེར་གྱིས་དམ་རྫས་སུ་མིང་བཏགས་ནས་ཤ་བཟའ་ཞིང་ཚོ་བ་བསད་མ་ཐག་པ་སོགས་ཁྱིམ་པ་དག་སྦྱོར་དུ་འཇུག་པ་དང་རང་གི་འཁོར་གྱིས་ལག་བདར་ཏེ་སྲོག་དང་འབྲེལ་བ་དང་སྲོག་དང་འབྲེལ་དུ་བཅུག་པ་ལ་ཉོ་ཚོང་བྱེད་པ་སོགས་ཀྱིས་ཤ་ཆང་མེད་ན་གསང་སྔགས་མེད་པ་སྐད་དུ་བྱས་ཏེ་སྲེད་པས་ཁྱིམ་པ་ལྟར་འཇོལ་ཉོག་ཏུ་སྤྱོད་པ་དང་། ཁ་ཅིག་གིས་ཤ་ཆང་ལ་བྲམ་ཟེས་ཀུན་དོང་གི་ཕྲེང་བ་མཐོང་བ་ལྟར་རྒྱང་རིང་པོ་ནས་མིག་དང་སྣ་འགེགས་ཅིང་མི་གཙང་བ་འབུམ་ཕྲག་གི་དོ་ཟླ་མ་ཡིན་པར་བལྟས་ནས་འོ་མ་དང་བུར་ཆུ་སོགས་ལ་བདུད་རྩི་དང་ཟན་ལ་ཤ་ཁོག་གི་གཟུགས་བརྙན་བྱས་པ་ལ་བ་ལར་བྱེད་པ་དེ་གཉིས་ཀའང་དངོས་པོར་མངོན་པར་ཞེན་པ་ཡོད་ན་ནི་སྔགས་བླ་མེད་ཀྱི་ལམ་ཤེས་པའི་རྣམ་འགྱུར་དུ་མི་སྣང་ངོ་། །དེའི་ཕྱིར་རྗེ་མི་ལས།


KMC013_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ཕྱི་ནང་གཉིས་སུ་དབྱེ། །ཞེས་དང་། རྒྱུད་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང་། །ནང་དུ་འདུས་པའི་འཁོར་ལོས་དགའ། །ཞེས་གསུངས་པ་སྟེ། ཇི་སྲིད་ཕ་རོལ་གྱི་མ་དད་པ་བསྒྱུར་མི་ནུས་ཀྱི་བར་དུའོ། །ཚེ་འདིའི་རྙེད་བཀུར་ཉམས་ཀྱིས་དོགས་པས་འཇིགས་ཏེ་ཚུལ་ཁྲིམས་དང་དམ་ཆོས་ལ་ངོ་ལྐོག་གིས་ཚུལ་འཆོས་པ་ནི་གཡོན་ཅན་གྱི་སྤྱོད་པ་ཡིན་ལ། འདི་ནི་དེ་དང་ཕྱོགས་ཙམ་ཡང་མཚུངས་པ་མིན་ཏེ། སྔ་མ་ནི་འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་ལ་དམིགས་ནས་གནས་སྐབས་ཕ་རོལ་པོ་གསང་སྔགས་ཀྱི་ལམ་དང་གང་ཟག་ལ་སྨད་པའི་ཉེས་པ་སྲུང་བའི་ཕྱིར་ཡིན་ལ། ཕྱི་མ་ནི་འབྲས་བུ་ཚེ་འདིའི་རྙེད་བཀུར་ལ་དམིགས་ནས་གནས་སྐབས་རང་གི་བསྟོད་བཀུར་ཉམས་ཀྱིས་དོགས་པ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཕ་རོལ་པོ་གསང་སྔགས་ལ་སྨད་པའི་ཉེས་པ་སྲུང་ཞེ་ན། རྒྱལ་སྲས་རྣམས་ནི་བྱང་ཆུབ་ཀྱང་གཞན་དོན་དུ་སྒྲུབ་ཀྱི་བདག་དོན་དུ་མ་ཡིན་ལ། གཞན་ཕན་ཕྲ་མོ་རེའི་ཆེད་དུའང་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ལན་དུ་མར་ཡང་འདོར་བས་སྒྲུབ་དགོས་ལ། རང་ལ་བརྟེན་ནས་གཞན་ཉེས་པ་ཆེན་པོ་ལ་


KMC013_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་ན་དེས་གཞན་དོན་ཇི་ལྟར་ནུས། ཉེས་པའང་རྡོ་རྗེ་ཐེག་པའི་ལམ་དང་གང་ཟག་སྨད་པའི་གོང་ན་དེ་བས་འཇིགས་པའི་ཉེས་པ་གཞན་མེད་དེ་གནས་སྐབས་མཐོང་བའི་ཆོས་ལ་མཁའ་འགྲོ་དང་ཤ་ཟ་རྣམས་ཀྱིས་གསོད་པ་དང་འཇིགས་པ་ཆེན་པོ་བརྒྱད་དམ་བཅུ་དྲུག་པོ་གང་རུང་འབྱུང་ལ། ཕྱི་མར་སྣོད་པ་པོ་ཡང་གསང་སྔགས་པ་ཡིན་ན་རྡོ་རྗེའི་དམྱལ་བར་ལྟུང་ཞིང་གཞན་དུ་ཡང་ངན་སོང་གི་སྡུག་བསྔལ་མི་བཟད་པ་མྱོང་བའི་ཕྱིར་ཏེ། མདོར་ན་འཕགས་པ་དགྲ་བཅོམ་པ་དང་རང་སངས་རྒྱས་འབུམ་ཕྲག་དུ་མ་ལ་སྨད་པ་བས་རྡོ་རྗེའི་ཐེག་པའི་ལམ་དང་གང་ཟག་ལ་བསྟིངས་པ་རྣམ་པར་སྨིན་པ་ཆེས་མི་བཟསྙསྙང་བ་ཡིན་ནོ། །དེས་ན་ཕྱི་རོལ་གྱི་སྤྱོད་པ་མཛེས་མི་མཛེས་ཅུང་ཟད་ཀྱིས་གང་ཟག་དེའི་ཡིན་ཚུལ་རྟོགས་པར་མི་འགྱུར་ཏེ་སྤྱོད་པ་མཛེས་མཛེས་ཞི་ཞི་ལྟར་སྣང་ལ། ནང་དུ་མི་དགེ་བ་དྲག་ཞིང་རྩུབ་པ་རྒྱུད་མར་སྤྱོད་པའང་ཡོད་ལ། རྣལ་འབྱོར་གྱི་དབང་ཕྱུག་རིག་པ་གྲུབ་པ་དང་རྒྱལ་སྲས་ཆེན་པོ་རྣམས་གདུལ་བྱ་སྣ་ཚོགས་པ་འདུལ་བའི་ཕྱིར་སྤྱོད་པ་སྐྱེ་བོའི་ངོར་གདུག་ཞིང་རྩུབ་པ་མི་མཛེས་པར་སྟོན་པའང་དུ་མ་ཡོད་དེ། རྒྱལ་པོ་ཨིནྡྲ་བོ་དྷི་


KMC013_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ལ་ཆེས་ཞེན་པའི་ཚུལ་དང་། སློབ་དཔོན་ལཱ་བ་པ་གཉིད་ཁོ་ན་ལོག་པའི་ཚུལ་དང་། ཤ་ཝ་རི་རྔོན་པའི་བརྟུལ་ཞུགས་འཛིན་པ་དང་། བི་ན་ས་དང་སུ་ཁ་དྷ་རི་ལ་སོགས་པ་ཆང་ཚོང་དང་ཚོགས་ཅན་མའི་ཐ་སྙད་མཛད་པ་དང་། དེ་བཞིན་དུ་གཅེར་བུ་པ་དང་ཀུན་ཏུ་རྒྱུ་དང་དབང་ཕྱུག་པ་དང་ཀླ་ཀློ་སོགས་ཀྱི་སྤྱོད་པས་སྔགས་ཀྱི་ལམ་སྦྱོང་བ་དང་། བོད་ཡུལ་དུའང་ཞང་གཡུ་བྲག་པ་དམག་དང་འཁྲུག་པ་མཛད་པ་ལྟ་བུ་ཡིན་ལ། ཀྲེ་བོ་མགོན་པོ་བྱ་བས་ཤ་བ་རྒྱུག་འགྱེལ་གྱི་མཐུ་ཁོ་ན་བཙོངས་པ་དབོན་སྟོན་སྐྱེར་སྒང་པས་གསན་པས་ཐུགས་མ་རངས་ཏེ་མི་གསོད་ཀྱི་གཤན་པ་ཅེས་ལན་འགའ་འབར་ཕྱིས་ཁོང་གྲོངས་ནས་སྤུར་སྦྱོང་ཚེ་སྐྱེར་སྒང་པས་རྨི་ལམ་བཟུང་ནས་གཟིགས་སུ་བྱོན་པས་སྤུར་ཁང་གི་སྟེང་ན་བདག་མེད་མ་ལྷ་མོ་བཅོ་ལྔ་ཁྲ་ཁད་དེ་བཞུགས་འདུག་པ་ཁོང་བྱོན་པ་དང་ཞལ་ནང་དུ་བསྒྱུར་ཏེ་གཟིགས་སུ་མ་བཏུབ། དེར་ཞལ་སྟོན་པས་གསོལ་བ་བཏབ་པས་ཁྱོད་ཀྱིས་གསང་སྔགས་ཀྱི་རྣལ་འབྱོར་པ་ལ་འབར་ཡོད་པས་བཤགས་པ་གྱིས་གསུང་། དེར་བཤགས་པ་ཚར་བ་དང་ཐམས་ཅད་ཞལ་ཕྱིར་བསྒྱུར་ནས།


KMC013_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སྤྱོད་པའི་རྣལ་འབྱོར་གྱི། །རྣམ་ཐར་དཔག་པར་མི་ནུས་ཀྱི། །ཐམས་ཅད་མཁྱེན་པར་མ་གྱུར་ཚེ། །གཞན་རྒྱུད་ཁོང་དུ་མི་ཆུད་པས། །མནར་མེད་སྐྱེ་བའི་ལས་ལ་སོམས། །རང་རྒྱུད་ངན་སོལ་དག་སྣང་སྦྱོངས། །མཐོལ་བཤགས་གཉིས་དང་འབྲལ་མ་བྱེད། །གསུང་སྐད་དེ་བཞིན་དུ་དམ་རྫས་ལ་རྟོག་པ་བྱས་པས་བར་ཆོད་དུ་གྱུར་པ་ཡང་། དབང་གི་ལྡེ་མིག་ལས། རིགས་ལྡན་དགེ་སློང་ཧོ་མི་ཎིས། །ཧ་རི་ཀེ་ལར་ཕྱིན་པའི་ཚེ། །མཁའ་འགྲོས་སྲོག་ནི་དབང་དུ་བྱས། །དེ་ཉིད་དུ་ནི་ནཱ་ག་རར། །ཁྲག་ཏུ་སྐྱུགས་ཏེ་དུས་བྱས་སོ། །ན་རྟོག་བྲམ་ཟེ་རྟོག་པ་ཡིས། །དེ་ཝི་ཀོ་ཊར་ཕྱིན་པ་ན། །རང་དབང་མེད་པར་སྲོག་བཅད་གྱུར། །ཞེས་པའི་ཕྱི་མ་ནི་ཡུལ་ན་ཏོག་གི་བྲམ་ཟེ་ཞིག་ལ་མཁའ་འགྲོ་མ་ཞིག་ཆུང་མར་ཡོད་པ་དེས་འབྲས་ཆན་ཕྱི་མ་འཚེང་ཀྱི་བར་ལ་ཉིན་ལམ་བཅུ་བཞིའི་ས་ནས་སྐྱེ་བདུན་ཞིག་གི་ཤ་བླངས་ཏེ་ཉིན་ལམ་བཅུ་བཞིའི་ས་ཡོད་པ་དེ་ཝི་ཀོ་ཊར་བསྐྱལ་ནས་འབྲས་ཆན་དྲངས་པས་ལག་པ་ཁྲག་གིས་གོས་པ་མཐོང་ནས་དྲིས་པ་ན་དེས་དྲང་པོར་སྨྲས་ཏེ་དོ་ནུབ་དེར་ཚོགས་ཀྱི་འཁོར་ལོ་ལ་འགྲོ། ཁྱེད་དང་འགྲོགས་པའི་སྐལ་


KMC013_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བའང་ཟད་དོ་ཅེས་སྨྲས་པ་དང་། བྲམ་ཟེས་བདག་ཡང་ཁྲིད་ཅིག་ཞེས་བྱས་པས་ཁྱོད་གཙང་སྦྲའི་རྟོག་པས་སྣོད་དུ་མི་རུང་ཟེར་དེར་རྟོག་པ་མི་བྱེད་ཀྱིས་ཁྲིད་ཅིག་ཞེས་ནན་གྱིས་བསྐུལ་བས་ཁས་བླངས་ཏེ་རྫུ་འཕྲུལ་གྱིས་སྐད་ཅིག་ལ་སླེབ་པ་ན་མཁའ་འགྲོའི་ཚོགས་ཀྱི་དབུས་སུ་སྐྱེ་བདུན་གྱི་ཤ་དམ་རྫས་སུ་བཀྱེ་ཞིང་ཁྱད་པར་ཐོད་པའི་ཀླད་པ་ཐུར་མས་བཀྱེ་བ་ན་ཁོ་སྐྱུག་བྲོ་བས་ལེན་དུ་མ་འདོད་དེར་གཙོ་མོ་དང་ཚོགས་ཐམས་ཅད་དང་ཆུང་མས་བསྐུལ་བས་ཀྱང་ཟར་མ་འདོད་དེ་ཟོས་ན་དེ་ཉིད་དུ་དངོས་གྲུབ་ཐོབ་པར་འགྱུར་སྐད། དེ་ནས་གཙོ་མོ་དེས་ནས་འབྲུ་བདུན་བྲམ་ཟེའི་ལག་པར་བླུག་སྟེ་པར་བ་བཙུམས་ལག་པས་བཟུང་ནས་མིག་ཚུམ་ཞིག་ཟེར་ཏེ། ད་ནི་ཞག་བདུན་ན་འདིར་ཤོག་ཞིག་ཟེར་སྐད་མིག་ཕྱེ་བ་དང་རང་གི་ཁྱིམ་ན་འདུག་སྟེ་ཞག་བདུན་ན་ཤི་ཞེས་རིན་ཆེན་རྒྱན་འདྲ་སོགས་སུ་བཤད་པའི་གཏམ་རྒྱུད་དེར་སྣང་། སྔགས་སྤྱོད་ལ་མ་དད་པས་བར་ཆད་དུ་གྱུར་པའང་། དེ་ཉིད་ལས། གསང་བའི་ཐེག་པ་འདི་ཉིད་དུ། །ཀུན་ཏུ་རྟོག་པར་མི་བྱ་སྟེ། །ཐེ་ཚོམ་ཞུགས་པར་གྱུར་པ་དག །དེར་དཔོན་དགའ་བ་རི་བོ་སྐྱེས། །


KMC013_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

འོད་མའི་ཚལ་དུ་ཕྱིན་པ་ན། །སྟོན་པའི་དགེ་སློང་དགའ་བའི་དབྱངས། །གསང་བའི་སྤྱོད་པ་ལ་ཞུགས་ཏེ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ལས། །ཀུནྡྷུ་རུ་ཡི་སྤྱོད་མཐོང་བས། །འདི་ནི་རྒྱུད་དུ་མ་གསུངས་ཅིང་། །རྡོ་རྗེ་ཅན་གྱི་སྤྱོད་མིན་སྙམ། །རྟོག་པ་སྐད་ཅིག་ཙམ་གྱིས་ནི། །ཤ་ཟས་ཁྱེར་ཏེ་བས་མཐའ་རུ། །ཤ་རུས་ཕྱེ་མར་བརླགས་པ་ཡིན། །ཞེས་དང་། སྔགས་སྤྱོད་ལ་ཐེ་ཚོམ་ཙམ་གྱིས་བར་ཆོད་དུ་གྱུར་པ་ཡང་། དེ་ཉིད་ལས། ཐེ་ཚོམ་བྱུང་ན་བར་ཆད་འབྱུང་། །གྲོང་ཁྱེར་ར་དར་སྐྱེས་པ་ཡི། །ཁྱིམ་བདག་རིགས་ཀྱི་དགེ་སློང་ནི། །ས་མ་ང་ནི་ཞེས་བྱ་བས། །ན་དི་ཀེ་རའི་གླིང་ཕྱིན་པས། །སློབ་དཔོན་བཟང་པོའི་ཞབས་ཅེས་པ། །ཐམས་ཅད་འཁོར་འདུས་པ་དང་བཅས། །དུར་ཁྲོད་སིནྡྷུ་ཞེས་བྱ་བར། །ཚོགས་ཀྱི་འཁོར་ལོའི་སྤྱོད་མཐོང་བས། །དགེ་སློང་སར་བུ་མ་དད་དེ། །དེ་ཚེ་དགེ་སློང་འདི་ལྟ་བུ། །ལོག་པའི་ལམ་དུ་ཞུགས་སྙམ་སྟེ། །རྟོག་དང་བཅས་ཏེ་སྤྱོད་པའི་ཚེ། །ཀེང་རུས་གཉིས་དང་ཤ་ཟ་གཅིག །གསུམ་གྱིས་བཟུང་སྟེ་ཁྱེར་ནས་ནི། །དངོས་སུ་ཟོས་པ་བྱུང་བ་ཡིན། །ཛཱ་ལནྡྷ་རའི་གནས་སུ་ནི། །བྷི་ན་ས་ར་ཞེས་བྱ་བས། །རྣལ་འབྱོར་ཕོ་


KMC013_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རོལ་པ་ལ། །རྒད་པ་ཙམ་གྱིས་ཁྲག་ཏུ་སྐྱུགས། །ཀ་ལིངྐ་ཡི་གནས་སུ་ནི། །བརྟུལ་ཞུགས་སྤྱོད་པ་ནག་པོ་པ། །གཅེར་བུ་མཚན་མོ་དུར་ཁྲོད་དུ། །རབ་ཏུ་རྒྱུ་ཞིང་འགྲོ་བའི་ཚེའི། །དགེ་སློང་ཨངྒ་དྷ་རི་ཞེས། །བྷི་ཀྲ་པུ་རའི་གནས་བརྟན་ཞིག །མཚན་མོ་གཅེར་བུ་རུས་རྒྱན་གོན། །དུར་ཁྲོད་ཆས་དང་བཅས་པ་ཡིས། །གར་གིས་རྒྱལ་པོའི་བུ་མོ་ལ། །སྐྱེད་ཚལ་ར་བར་སྤྱོད་མཐོང་བས། །དེ་དག་རྣམས་ལ་མ་དད་པས། །ཁྱོད་ལ་བར་ཆད་འབྱུང་ཞེས་གསུངས། །དེ་མ་ཐག་ཏུ་བྲོས་པ་ལས། །ཕྱིས་ནི་བཤགས་པར་འདོད་ན་ཡང་། །ཡུལ་མེད་གྱུར་པས་སྲོག་བཏང་ངོ་། །ཨོ་རྒྱན་ཡུལ་དུ་རང་བྱུང་བ། །སློབ་དཔོན་ལཱ་བ་པ་ལས་ནི། །གསང་བའི་སྤྱོད་པ་མཐོང་བ་ལས། །རྒྱལ་པོ་ཀླུ་སྙིང་མ་དད་པས། །དེ་ནི་མ་ཐག་ཏུ་འཛེ་ཡིས་ཟིན། །ཞེས་བཤད་དོ། །དེས་ན་གསང་སྔགས་བླ་མེད་ནི་རྟོག་པ་མེད་པས་ཁྱད་པར་དུ་བྱས་པ་ཡིན་པས་ཡུལ་སྲོལ་དང་འཇིག་རྟེན་གྱི་ཐ་སྙད་ཀྱིས་བགྲོད་བྱ་བགྲོད་མིན་བཟའ་བྱ་བཟའ་མིན་སོགས་དང་། ཉན་ཐོས་ཀྱི་སྤྱོད་པ་སོགས་འོག་མའི་གྲུབ་པའི་མཐའ་དང་སྤྱོད་པའི་ཀུན་རྟོག་གིས་མ་བསྡམས་ཅིང་སྲེད་ཞེན་


KMC013_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐ་མལ་དུ་ལྟ་བ་མེད་པ་ཅིག་གིས་གནས་སྐབས་སྐྱེ་བོས་སྨད་པར་མི་འགྱུར་བ་ཙམ་གྱིས་སྒྲུབ་ཅིང་། ནམ་ནུས་པ་ཐོབ་པ་ན་ནི་འཇིག་རྟེན་དང་འགལ་བའི་སྤྱོད་པ་ལ་ཞུགས་ཏེ་ནུས་པས་དེ་དག་གི་མ་དད་པ་ཟློག་ཞིང་སྔགས་ཀྱི་ཆེ་བ་འབྱིན་པ་སློབ་དཔོན་ཆེན་པོ་བཱིཪྭ་པ་དང་རྡོ་རྗེ་ དྲིལབུ next hit་པ་དང་ན་རོ་ཞབས་དང་མཻ་ཏྲྀ་པ་དང་གྲུབ་ཐོབ་ཨོ་རྒྱན་པ་ལྟ་བུ་ཡིན་ནོ། །དེ་ལྟར་ལག་མཆོད་ཀྱི་རྫས་འཕྲོས་དོན་དང་བཅས་པ་བཤད་ནས་ལག་མཆོད་དངོས་ནི་ཞལ་གདམས་ལས་ཕྱག་ལེན་ལ་ལྟོས་པའི་ཕྱིར་གོ་རིམ་འཁྲགས་འཁྲུགས་སུ་གསུངས་པ་རྣམས་ནཱ་རོ་ཡབ་སྲས་ཀྱི་ཕྱག་བཞེས་རིམ་བརྒྱུད་བཞིན་སྒྲུབ་ཐབས་ལས་ཇི་ལྟར་གསུང་པ་ཉིད་ཡིན་ནོ། །དེ་ཡང་སྤྱིར་རྒྱ་གར་ན་ལག་པ་གཡོན་པས་བཤང་གཅིའི་སྒོ་ཕྱི་བ་སོགས་བྱེད་པས་མི་གཙང་བར་གྲགས་པས་དེའི་རྟོག་པ་གཞོམ་ཞིང་རོ་མཉམ་པ་དང་མ་རྒྱུད་ཀྱི་དམ་ཚིག་ཁྱད་པར་བ་ཡིན་པའི་ཕྱིར་གསང་སྦྱང་སོགས་གཡོན་པས་བྱ་སྟེ། རྡོ་རྗེ་མཁའ་འགྲོར། འཇིག་རྟེན་པ་རྟག་གཡོན་ལ་སྤྱོད། །བརྟན་པ་དང་ནི་གཡོ་བ་ཡི། །འགྲོ་ཀུན་གཡོན་ལས་བྱུང་བས་ན། །གཡོན་གྱིས་མཆོད་ཅིང་གཡོན་བཟའ་


KMC013_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཞེས་དང་། གཡོན་གྱི་རྒྱུད་ནི་དམིགས་ནས་སུ། །སྐྱེ་བོ་གཡོན་གྱི་སྤྱོད་པ་བྱ། །ཐམས་ཅད་གཡོན་པས་བྱས་ན་ནི། །མྱུར་དུ་དངོས་གྲུབ་གྲུབ་པར་འགྱུར། །ཞེས་དང་། སྡོམ་འབྱུང་ལས། འཇིག་རྟེན་གསུམ་པོའི་རྒྱུ་མི་རྒྱུའི། །འགྲོ་ཀུན་གཡོན་ལས་བྱུང་བས་ན། །རྣལ་འབྱོར་མ་རྟག་གཡོན་ལ་སྤྱོད། །རྐང་པ་གཡོན་པ་སྔུན་དུ་དོར། །ལག་པ་གཡོན་གྱིས་མཆོད་པར་བྱ། །གཡོན་པ་ཡིས་ནི་ཚིམ་དང་ཟར། །ཞེས་སོགས་མ་རྒྱུད་ཕལ་ཆེར་ལས་བཤད་དོ། །དེས་ན་རྣལ་འབྱོར་པ་བཅོམ་ལྡན་འདས་མའི་ང་རྒྱལ་དང་ལྡན་པ་དེས་ལག་པ་གཡོན་གྱི་སོར་མོ་ལྔ་པོ་ཐེ་བོང་ས་ནས་ཐེའུ་ཆུང་ནམ་མཁའི་བར་དུ་འབྱུང་བ་ལྔ་དང་རིགས་ལྔ་སོགས་སུ་ལྷུན་གྱིས་གྲུབ་པའི་ཐེབ་སྲིན་ས་རླུང་ཐབས་ཤེས་སུ་སྦྱར་བས་ཆོས་འབྱུང་གི་རྣམ་པར་གྲུབ་པ་ལག་པ་སྟེང་དུ་ལྟ་བས་སྙིང་གི་ཐད་དུ་བཅས་ལ། སླར་ཐུར་དུ་སྣུབ་པའི་ཐེབ་སྲིན་གྱིས་ཐོད་པ་ནས་བདུད་རྩི་བླངས་ཏེ་ཐོད་པ་དང་ཆང་ལ་གཏོར་ལ་ལས་སྔགས་ཀྱིས་བགེགས་བསང་། འདིར་ལས་སྔགས་ནི་སྤྱིར་ཐབས་རྒྱུད་ལ་ལྷ་ཡབ་ལས་ལ་རྒྱུ་ཞིང་ཤེས་རབ་ཀྱི་རྒྱུད་ལ་ལྷ་མོ་ལས་ལ་རྒྱུ་བ་དང་


KMC013_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་མང་ཞིག་ལ་བྱང་གི་ལྷ་ལས་ལྷར་འགྱུར་བ་མང་བས་དེའི་ཚེ་འདིར་ལས་ཀྱི་མཁའ་འགྲོ་མ་ལས་ལྷར་རིགས་མོད་ཀྱང་གཞུང་ཞལ་གདམས་སུ་གསལ་ཁ་མ་བྱུང་བས་སྤྱི་འགྲོ་ཉིད་ཕལ་གྱིས་འཇུག་སླ་བར་གཟིགས་ནས་སྒྲུབ་ཐབས་སུ་ཕ་རྒྱུད་ཀྱི་ལུགས་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསང་བར་མཛད་ལ། དེ་བཞིན་དུ་ཁྱད་པར་ཐ་དད་པ་མེད་མི་རུང་མ་གཏོགས་ཚོགས་བསག་གི་ཡན་ལག་བདུན་པ་སོགས་ཕལ་ཆེར་དེང་སང་ཀུན་ལ་གྲགས་ཆེ་བའི་ཚིག་གིས་མཛད་པ་ནི་བློ་གྲོས་ཆུང་ངུ་རེ་རེ་འཇུག་སྲིད་ན་དེ་མང་བས་མི་སྐྲག་པའི་ཆེད་དུ་ཐུགས་རྗེས་དགོངས་པའོ། །སླར་སྭ་བྷཱ་ཝ་བརྗོད་པས་ཕྱག་རྒྱ་དེས་ཆང་གི་སྟེང་དུ་མདུན་ནས་གཡོན་བསྐོར་དུ་ཟླུམ་བསྐོར་བྱས་པས་བདུད་རྩིའི་རྒྱ་མཚོ་དཀར་མེར་བ་བསམ་པ་ནི་བདེ་བའི་བརྡའོ། །་ཨཱཿྃཧཱུ་ཞེས་ཟླུམ་བསྐོར་གྱི་ནང་དུ་མདུན་ནས་གཡོན་བསྐོར་དུ་ཆོས་འབྱུང་ཞིག་བྲིས་པ་ནི་བདེ་བ་སྟོང་པར་རྟོགས་དགོས་པའི་བརྡའོ། །ཧྲཱིཿཧ་རི་ནི་ས་ཞེས་དེའི་དབུས་སུ་ཐིག་ལེ་བྱས་ནས་ས་བོན་ལྔ་བཀོད་པ་སྟོང་པ་རང་རིག་འོད་གསལ་དུ་དག་པའི་བརྡའོ། །ས་བོན་དེ་ལས་ལྷ་མོ་ལྔར་


KMC013_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བཏབ་པ་ཆང་ནང་གི་དཀྱིལ་འཁོར་རོ། །སླར་ཡང་བདུད་རྩི་དང་ལས་སྔགས་ཀྱིས་ལག་པ་སོ་སོའི་བགེགས་བསང་། གཡས་པས་སྔར་གྱི་ཕྱག་རྒྱས་བདུད་རྩི་བླངས་ཏེ་གཡོན་པའི་ཐིལ་དུ་ཟླུམ་བསྐོར་ཆོས་འབྱུང་ས་བོན་ལས་སྔར་ལྟར་སྐྱེད་པ་ནི་ལག་པའི་དཀྱིལ་འཁོར་རོ། །ཞལ་གདམས་ལས་དཀྱིལ་འཁོར་འདི་གཉིས་ལའང་ཡེ་ཤེས་པ་གཞུག་པ་དང་མཆོད་བསྟོད་སོགས་རེ་རེ་ནས་གསུངས་མོད་ཀྱི་སྤྲོས་པ་ཉུང་བ་དང་ལག་ལེན་བདེ་ཞིང་ནམ་མཁའི་དཀྱིལ་འཁོར་ཉིད་འདི་གཉིས་ཀྱི་ཡེ་ཤེས་པར་འགྱུར་བའི་ཕྱིར་ཕྱག་ལེན་ལ་སྐབས་འདིར་མཆོད་བསྟོད་ལྷན་ཅིག་ཏུ་མཛད་དེ། དེ་ཡང་ལག་པ་གཡས་པས་སོ་སོའི་ཕྱག་རྒྱ་དང་སྔགས་ཀྱིས་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་དང་དང་བཅས་པས་མཆོད་པ་ནི་ཕྱིའི་མཆོད་པའོ། །ཐེབ་སྲིན་གྱིས་བདུད་རྩི་འཐོར་བ་ནང་གི་མཆོད་པའོ། །འཁྱུད་པའི་ཚུལ་གྱིས་གསང་བའི་མཆོད་པ་སྟེ་མཆོད་པ་གསུམ་གྱིས་མཆོད་ལ། གཡས་པའི་ཐལ་མོ་སྙིང་གར་བཞག་སྟེ་བསྟོད་པ་བྱའོ། །དེ་ནས་མདུན་གྱི་ནམ་མཁར་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་


KMC013_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་མོས་ཏེ་སྤྱན་འདྲེན་གྱི་ཚིག་དང་སྔགས་བརྗོད། གཡས་པ་འབར་བའི་ཕྱག་རྒྱ་ཕྱེད་པ་དཔྲལ་བར་བསྐོར་ཞིང་ཕེཾ་ཡིག་བརྗོད། མཆོད་པ་གསུམ་གྱིས་མཆོད། ཡབ་ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད་པ་ནི་ནམ་མཁའི་དཀྱིལ་འཁོར་རོ། །དེ་ལྟར་བརྡ་གསུམ། དཀྱིལ་འཁོར་གསུམ། མཆོད་པ་གསུམ་སྟེ་དོན་དགུས་ལག་མཆོད་གྲུབ་པར་རྗེ་བཙུན་མ་འདིའི་ཡིག་རྙིང་མཐའ་དག་ལས་གྲགས་པ་ཡིན་ལ། ནམ་མཁའི་དཀྱིལ་འཁོར་ཉིད་ལའང་རྒྱས་པར་ན་དམ་ཚིག་པ་ལྷ་ལྔ་ནས་དྲུག་ཅུ་རྩ་གཉིས་མའི་བར་ཇི་ཙམ་མོས་པ་སྐྱེད་ཡེ་ཤེས་པ་སྤྱན་དྲངས་ཅིང་བསྟིམ་གོ་ཆ་བཀོད་དབང་བསྐུར་བཟླས་པ་ཉུང་ཟད་དང་མཆོད་བསྟོད་ཀྱི་བར་བྱ། འབྲིང་དུ་དམ་ཚིག་པ་ཅིག་ཆར་གསལ་བཏབ་སྟེ་ཡེ་ཤེས་གཞུག་པ་སོགས་བྱ། བསྡུས་པའི་རྣལ་འབྱོར་ནི་དམ་ཡེས་དབྱེར་མེད་དུ་གནས་པ་སྤྱན་དྲང་བ་སྒྲུབ་ཐབས་ལས་ཟུར་གྱིས་གསུངས་པ་འདི་ཉིད་དོ། །དེ་ནས་ནམ་མཁའི་དཀྱིལ་འཁོར་ལག་པའི་དཀྱིལ་འཁོར་ལ་ཐིམ་པའི་རྐྱེན་གྱིས་ལག་པའི་ལྷ་ཚོགས་བདེ་བ་ཆེན་པོར་ཡབ་ཡུམ་དབྱེར་མེད་དུ་ཞུ་བ་ལ་ལག་པ་


KMC013_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཅུང་ཟད་སྲུབ་པས་གུར་ལྟར་བཀབ་སྟེ་གཡོན་དུ་བསྐོར་བས་ཆང་ནང་དུ་བླུགས་ཚུལ་གྱིས་ཆང་ནང་གི་ལྷ་ཚོགས་ལ་ཐིམ་པས་བདེ་སྟོང་གི་ཡེ་ཤེས་བདུད་རྩི་མཆོག་གི་ངོ་བོར་ཞུ་སྟེ་དབྱེར་མེད་དུ་འདྲེས་པར་བསམས་ལ། ལག་ཐིལ་གཉིས་ཅུང་ཟད་འཕུར་བའི་ཚུལ་དང་རྡོ་རྗེ་བསྡམས་པ་ལས་ཐེ་བོ་གཉིས་མཛུབ་མོ་གཉིས་ཐེའུ་ཆུང་གཉིས་རྣམས་སོ་སོར་རྩེ་སྤྲད་དེ་ཐད་ཀར་བརྒྱངས་པའམ། ཡང་ན་དེ་ལས་ཐེའུ་ཆུང་བསྣོལ་བ་ཡང་རུང་སྟེ་ཆོས་འབྱུང་སྐྱེ་གནས་ཀྱི་ཕྱག་རྒྱ་བཅས་པ་ཆང་གི་སྟེང་དུ་གཡོན་དུ་ལན་གསུམ་བསྐོར་ཞིང་ཡི་གེ་ལན་གསུམ་བརྗོད་པས། དང་པོས་སྐུའི་བདུད་རྩི་ཟླ་བ་ལྟར་དཀར་བ། གཉིས་པས་གསུང་གི་བདུད་རྩི་ཉི་མ་ལྟར་དམར་བ། གསུམ་པས་ཐུགས་ཀྱི་བདུད་རྩི་བཻ་ཌཱུརྱ་ལྟར་སྔོན་པོ་ཞུན་མ་ལྟ་བུར་བྱིན་གྱིས་བརླབ་བོ། །ལག་མཆོད་ཀྱི་ཚུལ་འདི་ནི་ཀུན་ལས་རྨད་དུ་བྱུང་བ་ཡིན་ཏེ། སྡོམ་འབྱུང་ལས། ཞི་བའི་བཏུང་བའང་ལྷ་མོ་སྟེ། །རྡོ་རྗེ་རྣམ་སྣང་མཛད་གཟུགས་གནས། །རྣམ་སྣང་མཛད་མའི་སྐུའི་དབུས་སུ། །ཧེ་རུ་ཀ་ནི་ཞུ་བར་གྱུར། །ཞེས་དང་། མཁའ་འགྲོ་རྒྱ་མཚོར། རྣལ་འབྱོར་མ་ནི་འདི་


KMC013_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན། །བདུད་རྩིའི་གཟུགས་སུ་བསྒོམ་པར་བྱ། །ཞེས་སོ། །དེ་ལྟར་བསྒྲུབས་པའི་བདུད་རྩི་འདིས་ནི་ས་དང་རྫས་ལ་སོགས་པ་དག་པར་བྱ་བ་དང་། ལྷ་དང་བླ་མ་སོགས་མཆོད་པ་དང་། རང་ཉིད་ཀྱི་དངོས་གྲུབ་ཏུ་སྤྱོད་པ་དང་། བགེགས་ཚར་བཅད་པ་སོགས་བྱ་བ་ཐམས་ཅད་བྱེད་དེ། སྡོམ་འབྱུང་ལས། བདུད་རྩི་དྲག་པོའི་གཟུགས་ཅན་མ། །འཕྲོག་དང་བྱ་བ་ལོངས་སྤྱོད་ལ། །དེ་ཕྱིར་སྙིང་པོ་བདུད་རྩི་ཡིན། །ཞེས་སོ། །ལག་མཆོད་ཀྱི་ཕན་ཡོན་ཀྱང་། རྣལ་འབྱོར་མ་ཀུན་སྤྱོད་ལས། ལག་པའི་མཆོད་པས་རྣལ་འབྱོར་པ། །དབུལ་བའི་འདོད་དོན་གྲུབ་པར་འགྱུར། །སེམས་ནི་གཞན་དུ་གྱུར་པ་དང་། །བཟའ་བཏུང་དགོས་སོགས་འཐོབ་པར་འགྱུར། །ལྷ་ཡི་མཆོད་པ་བྱས་ན་ནི། །དེ་ལ་བསམས་པ་རྣམ་གྲུབ་འགྱུར། །ཞེས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀུན་ཐོབ་པར་བཤད་དོ། །སྤྱིར་ཆང་གི་མ་དག་པ་སྦྱོང་བ་ལ། སྡོམ་འབྱུང་ལས་ཧཿཧོཿཧྲཱིཿགསུམ་གྱིས་སྦྱོང་ཞིང་ཡི་གེ་གསུམ་གྱིས་སྤེེལ་བ་དང་། རྒྱུད་གཞན་ལས་སྦྱང་རྟོགས་སྦར་བ་ཐ་དད་པ་དུ་མ་དང་། དུས་འཁོར་དུ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེས་སྦྱང་རྟོགས་བྱེད་པ་སོགས་


no previousཤོག་ལྷེབ་ ༡ ནས་ ༡༠༠ བར།next