རྦད་བསྐུལ།
ཤྲཱི་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་ཡེ་ན་མོ༔ གསང་སྔགས་ཆོས་ལ་མ་དད་བརྙས༔ ཞིང་བཅུ་ཚང་བའི་དགྲ་བགེགས་ལ༔ བཀའ་སྲུང་གནད་ནས་བསྐུལ་བར་བྱ༔ དེ་ཡང་རྟེན་གཏོར་སྨན་རཀ་ཕུད་ཀྱིས་བྲན༔ རུ་དར་ནག་པོ་ནམ་མཁར་འཕྱར༔ དར་ནག་ཕོད་ཀ་མ་རལ་བགོ༔ གདོང་ལ་དུར་ཁྲོད་སོལ་བ་བྱུག༔ བདག་མདུན་བསྐྱེད་རྫོགས་གསལ་བར་བསྒོམ༔ མ་ཡེངས་རྩེ་གཅིག་རིག་པ་བསྒྲིམས༔ ཧུར་བྱུང་དར་འདོན་ནུས་རྩལ་སྤྲུག༔ གུས་པའི་ཡིད་ཀྱིས་དྲན་རིག་བརྟེན༔ གདུང་བའི་ང་རོས་འདི་སྐད་དོ༔ ཧཱུྃ། མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ ལས་ཀྱི་མགོན་པོ་ཏྲཀྴད་བདུད༔ ཤིན་ཏུ་དྲག་ཏུ་ཁྲོས་པའི་ཚེ༔ སྣང་སྲིད་འཁོར་འདས་འཇིགས་པར་བྱེད༔ རིགས་དྲུག་འཁོར་ལོ་གཞོམ་པར་བྱེད༔ རི་རབ་རྨིང་ནས་བསྒྱེལ་བར་བྱེད༔ རི་བྲན་ཚོགས་པོར་ འཕེན ་པར་བྱེད༔ མཐའ་ཡི་རྒྱ་མཚོ་ཧུབ་ཀྱི་རྔུབ༔ ལས་ཀྱི་རླུང་ནག་དགུ་ཀློང་འཁྱིལ༔ དུག་གི་མེ་དཔུང་དམར་ནག་འབར༔ གནམ་ལྕགས་ཐོག་སེར་སྐར་མདའ་ལྟུང་༔ གདུག་པའི་དུག་རླུང་མུན་ལྟར་གཏིབས༔ སྲོག་བདུད་ཤན་པ་ཏྲཀྴད་བདུད༔ སྐུ་མདོག་
དམར་ནག་འོད་དུ་འབར༔ སྤྱན་གསུམ་ཉི་ཟླའི་དཀྱིལ་འཁོར་འཁྲུགས༔ བལྟས་པས་སྲིད་གསུམ་མ་ལུས་སྲེད༔ ཞལ་ནས་དྲག་པོའི་ཐོག་སེར་ཁོལ༔ དམ་ཉམས་ལོག་འདྲེན་སྙིང་ལ་འབེབས༔ མཆེ་གཙིགས་ཁྲག་ཞག་རྒྱ་མཚོར་འབབ༔ སྟོང་གསུམ་ནད་ཀྱིས་འགེངས་པར་བྱེད༔ བདུད་བེར་ནག་པོའི་སུལ་རྣམས་ནས༔ ཤོ་རྡེལ་མཚོན་ཆ་ཐུན་ཟོར་འབེབས༔ ཕྱག་གཡས་མདུང་དར་སྲིད་རྩེར་ཕྱར༔ སྟེང་གི་ལྷ་དམག་ལས་ལ་འགྱེད༔ གཡོན་པས་བདུད་ཀྱི་སྟྭ་རེ་ཕྱར༔ འོག་ཕྱོགས་ཀླུ་དམག་ལས་ལ་འགྱེད༔ བདུད་ཀྱི་ཁྲམ་ཤིང་སྐེད་པར་བཅུག༔ གཤིན་རྗེའི་དམག་ཚོགས་ལས་ལ་འགྱེད༔ དུག་སྤྲུལ་གདུག་པས་ཡན་ལག་བརྒྱན༔ དུག་གི་ཁ་རླངས་དགྲ་ལ་འདེབས༔ སྟག་དོང་གཟིག་ཤུབས་དཔའ་ཆས་རྫོགས༔ ལྷ་སྲིན་སྡེ་བརྒྱད་ལས་ལ་འགྱེད༔ མདུད་མདའ་ལྟོང་དམར་དགྲ་ལ་འཕེན༔ བདུད་དམག་ས་ཡ་ལས་ལ་འགྱེད༔ བདུད་ཞགས་ནག་པོ་
དགྲ་ལ་འདེབས༔ མ་མོ་ས་ཡ་ལས་ལ་འགྱེད༔ ཁྱོད་ཀྱི་བརྡའ་དོན་ཕྱག་མཚན་ཡང་༔ གཅིག་ཏུ་མ་ངེས་སྣ་ཚོགས་ཏེ༔ རེས་འགའ་བེ་ཅོན་གཏུན་ཤིང་ཐོགས༔ དམ་ཉམས་དགྲ་བོའི་ཀླད་ཁྲག་གཏོར༔ རེས་འགའ་ཐོད་དབྱུག་ཐོ་བ་ཐོགས༔ དམ་ཉམས་དགྲ་བགེགས་ཐལ་བར་རླག༔ རེས་འགའ་ཁ་ཊྭཱཾ་གྲི་ཐོད་ཐོགས༔ ཕ་རོལ་བྱད་མའི་སྲོག་དབུགས་སྡུད༔ རེས་འགའ་ལྕགས་ཀྱུས་དགྲ་སྙིང་འདྲེན༔ ལས་ངན་བསྟན་བཤིག་སྙིང་ཁྲག་འཐུང་༔ རེས་འགའ་རལ་གྲིའི་འཁོར་ལོ་ཐོགས༔ བོན་དང་མུ་སྟེགས་མགོ་ལུས་ཕྲལ༔ རེས་འགའ་གནམ་ལྕགས་ཐོག་མདའ་འཕེན༔ ཉེས་བྱེད་དགྲ་བགེགས་ཧུར་ཐུམ་ལེན༔ རེས་འགའ་རྡོ་རྗེའི་ཕུར་བུ་འདྲིལ༔ དམ་སྲི་གདོན་བགེགས་ཕྱེ་མར་རླག༔ ཆིབས་སུ་རྟ་མཆོག་བྲ་ནག་ཆིབས༔ མགྱོགས་པའི་དཀྱུས་སྟངས་སྤྲིངས་སེ་སྤྲིང་༔ མྱུར་མགྱོགས་རྩལ་གྱི་སྟངས་སྟབས་འཕྱོ༔ སྲིད་གསུམ་འཁོར་འདས་ཡུད་
ཀྱིས་ཉུལ༔ སྟོབས་བཅུའི་རྩལ་ལྡན་ལས་ལ་ཆོས༔ ཕ་རོལ་དགྲ་བགེགས་བྱེད་མ་ཡི༔ དོན་སྙིང་ཕུང་ཁམས་ཟས་སུ་རོལ༔ འདོད་ཆགས་ཁྲག་ལ་སྐོམ་དུ་འཐུང་༔ ཞེ་སྡང་རུས་ལ་ཀྲུམ་ཀྲུམ་ཟོ༔ ཕྲག་དོག་པགས་ལ་གོས་སུ་གྱོན༔ བཞེས་ཤིག་རོལ་ཅིག་མཱ་ར་ཡ༔ གསང་ཡུམ་མ་གཤིན་ཀླུ་བདུད་བཙན༔ དུག་ལྔའི་ཁྲོ་གཏུམ་མེ་ལྟར་འབར༔ བདུད་བྱ་ས་ཡ་ཀླད་ལ་ལྡིང་༔ བདུད་ཁྱི་ས་ཡ་ཕྱི་ནས་འབྲང་༔ ཁྱུང་ཞོན་མོན་ཕོ་སྔོན་དུ་རོལ༔ འཕར་ཞོན་དམག་ཚོགས་གཡས་སུ་རྒྱུག༔ དོམ་ཞོན་དམག་ཚོགས་གཡོན་དུ་རྔམས༔ སྟོབས་ལྡན་གླང་ཆེན་རོལ་དུ་ཁྲིད༔ མོན་ཕོ་མོན་མོ་ལས་ལ་འགྱེད༔ ཐུགས་སྤྲུལ་བདུད་པོ་སྡེ་བརྒྱད་ཀྱང་༔ མཚོན་ཆའི་རྣོ་དབལ་ཟངས་སེ་ཟང་༔ རྟ་ནག་མགྱོགས་པའི་བོང་རྩལ་འཕྱོ༔ ཁྲོ་གཏུམ་གདུག་པའི་ཞེ་སྡང་འབར༔ བདུད་མགོན་ལས་ལ་ཆས་ཙམ་ན༔ སྲིད་གསུམ་འཁོར་འདས་གླིང་ཡུལ་ནས༔ བདུད་ཀྱི་དམག་
ཚོགས་རླུང་ལྟར་འཚུབས༔ ཞིང་ཆེན་གཡབ་མོ་དགྲ་ལ་རྡེབ༔ ཁྲག་མཚོ་ཁོལ་མའི་གཞལ་ཡས་ནས༔ མ་མོའི་དམག་ཚོགས་མེ་ལྟར་འབར༔ ཁྲག་གི་ནད་རྐྱལ་དགྲ་ལ་འདེབས༔ མུན་ནག་གླིང་དགུའི་སྨག་རུམ་ནས༔ ལས་ཀྱི་དྲེགས་པ་ཆུ་ལྟར་ཁོལ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ ལས་བྱེད་རོ་ལངས་གྲངས་འདས་རྒྱུག༔ དགྲ་སྙིང་དམར་པོ་ཧབ་ཧབ་ཟ༔ དུར་ཤིང་ལྗོན་པའི་ཚལ་བརྒྱད་ནས༔ དུར་བྱ་ཀང་ཀ་གློག་ལྟར་འཇུམ༔ མཆོད་རྟེན་མེ་འབར་གནས་བརྒྱད་ནས༔ མ་མོ་མཁའ་འགྲོ་ཆུ་ལྟར་ཁོལ༔ ལས་ཀྱི་དྲེགས་པ་མཐུ་རྩལ་ཅན༔ སྟོབས་ལྡན་དཔའ་བོ་འཁོར་བཅས་ཀྱིས༔ མཐུ་རྩལ་གཏུམ་རྔམ་རྩལ་སྤྲུག་ལ༔ ཏིང་འཛིན་འབར་བའི་ཤུགས་སྐྱེད་ཅིག༔ བསྟན་དགྲ་ཕ་རོལ་བྱད་མ་རྣམས༔ ཕུང་ཁམས་སྐྱེ་མཆེད་དུམ་བུར་གཏུབ༔ རྡུལ་དུ་རློག་ཅིག་མཱ་ར་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་སུ་
ཏྲི་ཡ་མ་དུ༔ དགྲ་བོའི་སྲོག་རྩ་ལ་རྦད༔ སྙིང་ཁྲག་ལྗིབ་ལྗིབ༔ ཁྲག་རྩ་ལ་རྦད༔ དུམ་བུར་གཏུབ་གཏུབ༔ ཤ་རུས་ཕུང་ཁམས་རྡུལ་དུ་རློག་རློག༔ ཧཱུྃ་རྦད༔ དུ་རྦད༔ ཡ་རྦད༔ ཏྲི་རྦད༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ དགྲ་བགེགས་མ་ར་ཡ་ཕཊ༔ རྦད་རྦད༔ མྱོགས་མྱོགས༔ ཡཾ་ཡཾ༔ ཟློག་ཟློག༔ ཡང་ཡང་རྦད་བསྐུལ་དངོས་སུ་ཞལ་སྟོན་ཅིང་༔ དགྲ་བོའི་སྙིང་ཁྲག་དངོས་སུ་ལེན་པར་འགྱུར༔ དམ་མེད་ལག་ཏུ་མ་ཤོར་གཅེས་པར་ཟུང་༔ ཕྲིན་ལས་རབ་འབྱམས་ནམ་མཁའི་ཐོག་ལྟར་མྱུར༔ འདི་ནི་ཟབ་གནད་ཀུན་གྱི་སྙིང་པོ་ཡིན༔ དགྲ་བགེགས་དམ་སྲི་ཞག་བདུན་རྦད་པས་འཆི༔ སྙིང་ལ་འཆང་ཞིག་དམ་ཚིག་ཨེ་མ་ཧོ༔ ས་མ་ཡ༔ ཐུགས་རྒྱ་བརྡའ་ཐིམ༔ རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱི་གཏེར་མ་བསླད་མེད་པའོ༔ རྶ་ཪྨ་རྻ་རྒྱ་་ཨྠྀི༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།