སྨད་ལས་དྲག་པོ་དགྲ་བགེགས་བསྒྲལ་བའི་ལས་རིམ།
སྨད་ལས་དྲག་པོ་དགྲ་བགེགས་བསྒྲལ་བའི་ལས་རིམ་བཞུགས་སོ། །
དེང་སང་གཏོར་ནག་པར་བུ་གྲགས་པའི་འབོད་རྦད་བསད་གསུམ་གྱི་ཟིན་བྲིས་ནི། །དེ་ལ་གོང་གཏོར་བསྐང་གསོ་སོགས་བཅས་ལ། གཏོར་མའི་སྨད་སུམ་ཆ་ཤིང་གྲིས་བཅད་པའི་སྨད་ཆ་བྲུབ་ཁུང་དུ་བྱས་པའི་ནང་དུ། ཤོག་ལིང་སྙིང་ཁར་རྦད་སྔགས་དང་ཐ་མ་ཤཱ་ས་དཀྱུས་སམ། ཏྲག་རཀྵས་བསྐོར་བའམ། ཟན་ལིང་བཅུག །མཚམས་ལེགས་པར་སྦྱར་རོ། །བསྣོལ་ཐབས་ཀྱི་ཟུར་གསུམ་དུ་དྲེགས་པ་རྐྱ་གསུམ་གྱི་དམར་གཏོར་གསུམ་བཞག །དཔལ་བཤོས་བརྒྱད་དམ་མཐེབ་ཀྱུ་མང་པོས་བསྐོར། རྩང་དང་
མཚེ་ཉུངས་སོགས་ཀྱིས་བརྒྱན། འོག་བྲུབ་ཁུང་ནང་དུ་ལིང་ག་རྐྱང་པའམ་ཁ་སྦྱོར་ཕྱག་ལེན་བཞིན་བཅུག །ཐུན་གཏོར་ལ་འཇུག་རྒྱུ་དང་། ཐུན་གཏོར་ཕུལ་སར་བཀོད་རྒྱུའི་ལིག་ག་གཉིས་དང་། ཐུན་རྫས་སོགས་མཐོང་བ་བརྒྱུད་པ་བཞིན་དུ་བྱའོ། །སྔོན་འགྲོ། བསང་བརྔན་ཆབ་གཏོར། སཱཙྪ། གསུང་སྒྲོགས་རྣམས་བྱས་ལ། བསྐང་གསོ་རྒྱས་པ་ཞིག་བཏང་། ཕྱི་ཉིན་ཐོར་ཐུན་ལ། བུམ་ནག་མ། སྲུང་སྔགས་གང་མང་བཅས་དང་། གཏོར་ཆེན་འོག་གི་ལིང་ག་དང་ཐུན་གཏོར་ལ་དམིགས་པའི་འགུག་གཞུག་
གསུམ། བསད་བསྔགས་སོགས་ཉུང་ཙམ་དང་། མ་དག་མ། བྱང་ཕྱོགས་དུར་ཁྲོད་མ་དཀྱུས་ལྟར་བྱའོ། །སྔ་ཐུན་ལ། རྒྱས་པར་བསྐང་གསོ་ཆེན་མོའམ། སྔགས་འགྲོ་ཆེ་སྟབས། མངོན་རྟོགས་ཆེན་མོ་དང་། སྤྱན་འདྲེན་མཚལ་མ་ལྟར་བྱས་ལ་སྤྱན་འདྲེན་གྱི་སྐབས། སྤྱན་འདྲེན་གྱི་དམིགས་པ་དང་བཅས་པས། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་དེ་ཝ་རཀྵ་སོགས་སྤྱན་འདྲེན་བརྒྱ་སྐོར་དང་། ལོང་བྱུང་ན་རྣམ་སྲས་སོགས་འཁོར་ལྔར་གྲགས་པ་རྣམས་བཏང་། བསྐང་གསོ་བསྡུས་པ་དང་བདག་བསྒྲུབ་མ་ཚང་མ་བཏད་ངོ་། །བསྙེན་པའི་དམིགས་པ་རྣམས་དང་བཅས་ཞལ་སྦྱོར་སྐུ་གསུང་ཐུགས་ཀྱི་སྙིང་པོ་གསུམ་སྦྲེལ་མའམ། ཡཀྵ་བེ་ཏ་ལི་སྟོང་ཙམ་བཟླས། ཁྱད་པར་དུ་མ་མགོན་འཁོར་བཅས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་སྨུགས་ནག་བྱང་ཕྱོགས་དང་། བྱང་ཤར་མཚམས་དང་སྟེང་འོག་ཕྱོགས་བཅུར་འཕྲོས་པས། ཡེ་ཤེས་སེམས་དཔའ་མ་མགོན་འཁོར་བཅས་འཇིག་རྟེན་གྱི་དྲེགས་པ་ཕོ་མོ་ཐམས་ཅད་སྔོན་གྱི་དམ་ཚིག་དྲན་ནས་ཆར་བབ་པ་
ལྟར་བྱོན་ནས་བདག་མདུན་གཉིས་དང་ཁྱད་པར་མདུན་བསྐྱེད་འཁོར་བཅས་སིབ་སིབ་ཐིམ་པར་བསམས་ལ། ཨོཾ་ཏྲཀ་རཀྵ་དུན་ཏིང་མ་སོགས་ཤམ་བུ་ཁ་བསྒྱུར་བ་འདོན། སུམ་བརྒྱ་བཞི་བརྒྱ་སོགས་གྲངས་སྐབས་དང་བསྟུན། དེ་ནས་ཐུན་གཏོར་དགུག་བཞུགས་སོགས་དང་། ཨ་ཀ་ས་མ་ར་ཙ་ཡན་ཐུན་གཅིག་བྱེད་དོ། །ཡང་མཆོད་གཏོར་གསོས་ནས། གསོལ་ཁ་དང་བསྐང་བ་རྒྱས་པ་བཏང་རྗེས་བདག་སྒྲུབ་མ་དང་། བསྙེན་པ། ཐུན་གཏོར་སོགས་ནས་བཀྲ་ཤིས་ཡན་ཆད་བྱས་ལ་ཉལ་ལོ། །དེ་སྐབས་སྔགས་རྒྱུན་བྱེད་ན་སྤྱན་འདྲེན་སྔགས་དང་། རུ་མ་རཀྵ་ཉིད་དོ། །དེ་ལྟ་བུའི་ཞག་བདུན་ནམ་རྟགས་མ་བྱུང་བར་བྱེད་པ་ནི་འབོད་པའི་སྐབས་སོ། །སྔར་མགོན་པོ་བསྙེན་པ་མ་ཐེམ་པ་ཞིག་ཡིན་ན་ཞག་བཅུ་བཞིའམ་ཉེར་གཅིག་ཙམ་ལ་བསྙེན་པ་དངོས་བྱས་རྗེས་འདི་ལྟར་ཞག་བདུན་ཙམ་བྱེད་པ་ལེགས་སོ། ༈ །དེ་ནས་བསྙེན་པ་ཡན་ཆད་བཤད་མ་ཐག་པ་དེ་ལྟར་ལས་བྱས་སྤྱན་འདྲེན་སྔགས་བདུན་ཙམ་དང་། དུམ་དུམ་
རཀྵ་ཡང་སྔར་ལས་ཉུང་དུ་བཏང་ངོ་། །དེ་ནས་བྲུབ་ཁུང་ཁ་ཡི་ཐུན་ལམ་གཅོད་པའི་ཕུར་པ་ཡང་དཔལ། དཀར་གཏོར་དམར་གཏོར་གཉིས་ཀྱང་བཤམས་ལ་ཐུན་གྱི་བསྙེན་པའི་མཚམས་ནས། ཧཱུྃ་དཔལ་ལྡན་བདེ་གཤེགས་སོགས་ཀྱི་སྐབས། འོད་ཟེར་ནག་པོ་འཕྲོས་ནས་འགྲོ་དྲུག་གི་ལས་དང་ཉོན་མོངས་པ་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པར་བསྡུས་ཏེ་དམིགས་པའི་དགྲ་བོར་ཐིམ་པས། ཁོ་ཡི་དུག་ལྔ་རྒྱས་པས་སེམས་མ་རུངས་པར་གྱུར་ཏེ་མི་དགེ་བཅུ་སྤྱད། སྐུ་གཟུགས་དང་ལྷ་ཁང་ཐམས་ཅད་བཤིག །ཕ་མ་དང་དགྲ་བཅོམ་པ་སོགས་བཀྲོང་ནས་ལོག་པའི་ལམ་ལ་ཞུགས་པའི་བསྒྲལ་བའི་ཞིང་དུ་གྱུར་པར་བསམ་པ་ནི་འཁོར་ལོ་སྡོམ་པའི་རྩ་རྒྱུད་ཀྱི་མན་ངག་ཐེབ་སླ་བའི་གདམས་པ་ཨྠྀི། བདག་གི་ཐུགས་ཀའི་ཧཱུྃ་ལས་སོགས་ཀྱི་སྐབས། རང་གི་ཐུགས་ཀ་ནས་ཁྲོ་བོ་མཐིང་ནག་ཐལ་མོ་སྦྱར་བ་དུ་མ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་འདི་སྐད་ཞུས་པར་བསམས། དམ་ཉམས་པའི་དགྲ་བོ་འདིས་སངས་རྒྱས་ཀྱི་
བསྟན་པ་བཤིག་སོགས་ནས་ཇི་ལྟ་བུ་ཡིས་སྐྱོབ་པར་བྱ། ཞེས་ཞུས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གནང་བ་བྱིན་པར་བསམ། གང་ཞིག་སོགས་ཁྲོ་བོ་རྣམས་རང་ཉིད་ལ་ཐིམ་པར་བསམ་མོ། །དེ་ནས་གཟུ་དཔང་གི་ཡུལ་ནི། རང་གི་མདུན་གྱི་ནམ་མཁར་པདྨ་འདབ་མ་འབུམ་ལྡན་གྱི་སྟེང་དུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་བཞུགས་པར་བསམ་ལ། རང་གི་མཆོད་སྤྲིན་རྒྱ་མཚོས་མཆོད་བཞིན་དུ། བདེན་རྫུན་གྱི་དབྱེ་བ་མཛད་པར་བསམ་ལ། གང་རྣམ་པར་དག་སོགས་དང་། ཧཱུྃ་ཐམས་ཅད་གཟིགས་ཤིག་སོགས་ནས། མི་དགེ་ནག་པོ་བསྒྲུབ། འདི་ཡང་ཞེས་པ་ཡན་ཆད་དགྲ་ལ་ཉེས་བསྒྲགས་ཡིན་པས། འདིས་བདག་ལ་འདི་ལྟ་བུ་ཞིག་བྱས་བསམ་པའི་ཞེ་སྡང་དམར་ལམ་མེ་བ་གཅིག་བྱའོ། །རིག་འཛིན་དམ་ལ་སོགས་ནས་མ་ཐོགས་བདག་གི་ལས་འདི་བསྒྲུབ། ཞེས་པའི་བར་གྱི་རང་མ་ཉེས་པའི་ཡུས་གསོལ་བ་སྟེ། རང་མ་ཉེས་པའི་ཚུལ་རྣམས་
སྐྱོ་དུང་ངེ་བ་ཏེ་དྲག་པོར་བྱས་ལ་མགོན་པོ་ལ་ཡུས་ཀྱི་བསམ་པ་དེ་བྱའོ། །དེ་ནས་དཾཥྚོད་སོགས་བྲུབ་ཁུང་དང་ལིང་ག་བསྐྱེད། དེ་ཡང་དམིགས་བསལ་ཡོད་པ་རྣམས་ཁོ་རང་ཅི་འདྲ་བར་བསྐྱེད། སྔོན་མ་ཏྲཾ་བསྒྲལ་དུས་ཀྱི་རྟེན་འབྲེལ་ཡིན་པས་མགོ་ལྷོ་ནུབ་སོགས། སྔར་རྩིས་རྣམས་སུ་ཤི་ལྡགས་བརྒྱངས་འདྲ་ཟེར་བ་དེ་ཡིན། འགྲོ་མགོན་རས་ཆེན་པའི་ལུགས་ཁུག་སླ་བའི་མན་ངག་ཕོ་མོ་ཁ་སྦྱོར་གྱི་མན་ངག་ནི། ཁོ་རང་གི་ཆུང་མའམ། དེ་མེད་ན་ཁོ་རང་དགའ་བའི་བུད་མེད་གཅིག་དང་ཁ་སྦྱོར་དུ་ཆགས་པ་སྤྱོད་བཞིན་དུ་ཡོད་པར་མགོན་པོའི་ཐུགས་ཀ་ནས་འོད་ཟེར་དམར་ནག་གཅིག་འཕྲོས་ནས་ཁོ་རང་སྙིང་གར་ཕོག་པས། འདོད་ཆགས་རྒྱས་ནས་སྦྱོར་མཚམས་ནས་ཆགས་པའི་འོད་ཟེར་དམར་པོ་འཕྲོས་པས་ཕོ་ཡིན་ན་མོ་དང་། མོ་ཡིན་ན་ཕོ་ལ་ཆགས་ནས་དངོས་སུ་བྱུང་ནས་ལིང་ག་ལ་ཐིམ་པར་བསམ་མོ། །དེ་ནས་བདག་མདུན་མགོན་པོའི་ཐུགས་ཀར་ཡ་ལས་གཤིན་རྗེ་དང་། ཧཱུྃ་ལས་མགོན་པོ། མ་ལས་མ་མོ་སོགས་ཡ་དུ་ཧཱུྃ་
གསུམ་གྱི་མན་ངག་ལྟར་དང་། ནག་པོ་ཡབ་ཡུམ་བཅུ་དྲུག །ཕྱོགས་ཅུའི་མགོན་པོ། དྲེགས་པ་དོན་གཉིས། དྲེགས་པ་རྐྱ་གསུམ་རྣམས་ལས་རང་འདྲ་བའི་སྤྲུལ་པ་དཔག་མེད་དང་། ལྷ་མོའི་ཐུགས་ཀའི་མ་ལས་མ་མོ་ནག་མོ་གོ་ཟུ་ནག་པོ་དང་། རེ་ལྡེ་གྱོན་པ་དྲེའུ་རྟ་དང་བོང་བུ་དང་འཕར་སྤྱང་སོགས་ཞོན་པ་དཔག་ཏུ་མེད་པ་དང་། སྤྱང་ཞོན་མ་བདུན། ཕུར་ བུ་མ་བདུན་གྱི་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་རྐེ་ནས་བཅིངས། ལྕགས་སྒྲོག་གིས་བསྡོམས། དྲིལ ་སྒྲས་མྱོས། རླུང་ནག་གིས་རྒྱབ་ནས་དེད། ཐོ་བ་དང་བེ་ཅོན་གྱིས་སྤྱི་བོ་ནས་བརྡུང་སྟེ་བྲུབ་ཁུང་གི་ལིང་ག་ལ་སིབ་སིབ་ཐིམ་པར་བསམ་ལ་འགུག་གཞུགས་རྒྱས་བསྡུས་རྣམས་གསུམ་བདུན་སོགས་བྱས་ཏེ། འགུགས་པའི་དམིགས་པ་དོན་ཚན་བདུན་པོ་གཞན་རྣམས་ཀྱང་བྱས་ལ། བླ་འགུགས་ཀྱི་བསྔགས། ཀཱ་ལ་རཱུ་པ་ཎི་སོགས་ནས། ལ་ར་ཛ་ཛཿཞེས་པ་དང་། དགྲ་བོའི་རླ་ཤ་རེ་མ་ཏི་སོགས། སྤྱི་དྲིལ་དུམ་དུམ་རཀྵ་ཉིད་སུམ་བརྒྱ་ཙམ་བཟླས་སོ། །དེ་ནས་ལྷ་
དབྱེ་ནི། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་སོགས་ནས་ཟ་བཞིན་པར་གྱུར་དང་། ཧཱུྃ་གང་ཞིག་ཤིན་ཏུ་མི་གཙང་སོགས་བརྗོད། དགྲ་བོ་དེ་སྐྱོབ་པའི་ལྷ་སྲུང་ཐམས་ཅད་ཀྱིས་སྤང་ནས་ལྷ་སྲུང་ཐམས་ཅད་མདུན་བསྐྱེད་ལ་ཐིམ་པར་བསམས། དེ་ཕྱིན་དམོད་བཅོལ་དང་ཕུར་གདབ་སོགས་མགྱོགས་ཙམ་ཟན་ལིང་ལ་བྱས་ནས་ཞལ་བསྟབ་དང་། གསོན་གཅིག་མ་དང་། འདས་བྱོན་མ་སོགས་བསྐུལ་གོང་འོས་ཀྱི་ཐུན་གཏོར་སྒོར་ཕུལ་ལོ། །ཐལ་རྡེབ་སོགས་བྱའོ། །ཡང་བཟློག་ཏྲིཀ་ཁྲོཾ་ཅན་འདི་ཚེ་བདག །རད་གླིང་། འཇའ་ཚོན། བདེ་གླིང་སྟེ་གཏེར་ཆེན་གསུམ་གྱི་གཏེར་ཆོས་གཅིག་བསྡུས་ཡིན་ནོ། །སྔ་ཐུན་ཚར་རོ། །དམིགས་པ་གསལ་ན་གསོལ་ཀས་སྤྱན་འདྲེན་མཆོད་བསྟོད་ཐམས་ཅད་ཚང་བ་ཡིན་པས། གསོལ་ཀ་དང་བསྐང་བ་རྒྱས་པས་ལས་བྱང་གི་གོ་ཆོད་པ་ཡིན་ཅིང་། བདག་བསྒྲུབ་མ་དང་བསྙེན་པ་སོགས་སྔ་ཐུན་ལྟར་ལ། ཧཱུྃ་དཔལ་ལྡན་བདེ་གཤེགས་སོགས་ནས་དགུག་གཞུག་ལྷ་དབྱེ་བསྒྲལ་བསྟབ་རྣམས་བཤད་
མ་ཐག་པའི་སྔ་ཐུན་བཞིན་བྱའོ། །གསོན་ཅིག་མ་སོགས་བསྐུལ་གང་རུང་དང་། ཧཱུྃ་རྒྱ་མཚོ་གླིང་མ་སོགས་ཀྱི་སྐབས་དྲེགས་པ་རྐྱ་གསུམ་ལས་ཡང་སྤྲུལ་དཔག་མེད་སྤྲོས་ནས་དམིགས་བྱ་དེ་མངོན་སུམ་དུ་བཀུགས་ནས་བྲུབ་ཁུང་དུ་གཞུག་པར་བསམས། དེ་བཞིན་དུ་ཁྲག་གི་བུད་མེད་སོགས་ཀྱི་སྐབས། སྤྱང་ཞོན་མ་བདུན་དང་། ཕུར་བུ་མ་བདུན་སོགས་ཀྱིས་དམིགས་བྱ་བཀུགས་པ་དང་། དཀར་མོ་རྐུན་མོ་སོགས་སྲིང་མོ་བཞི་སྟེ། གཽ་རཱི། ཙཽ་རཱི། པྲ་མོ་ཧཱ། བེ་ཏའི་རྣམས་སོ། །ཤར་ཕྱོགས་དབུགས་ལེན་སོགས་ནག་པོ་ཡབ་ཡུམ་བཅུ་དྲུག་དང་། རྩ་བཞི་དྲོད་སོགས་ནི་འབར་མ་དགུ་དང་། ཁྱོད་ཀྱི་རལ་པ་ཡང་དུས་བཞི་ལྷ་མོའོ། །ཤར་ཕྱོགས་སྐྱོང་མགོན་སོགས་ཕྱོགས་བཅུའི་མགོན་པོ་ཡིན་ཏེ། རྩ་བའི་སྤྲུལ་པ་བཞི་ནི་དྲག་པོའི་སྐབས་འདིར་མངོན་རྟོགས་དཀྱུས་མ་ལས་ཁྲོ་ཉམས་ཆེ་བ། སྤྲུལ་པ་རྣམས་ནི་ཁྲོ་བོ་དམར་ནག །འགུགས་པའི་སྐབས་ལྕགས་ཀྱུ་དང་། བསད་པའི་སྐབས་བྷནྡྷ་དང་ཕུར་པ་འཛིན་ནས་རང་རང་གི་
ཞོན་པ་ཅན་ཁོ་ན་སྤྲོས་དགོས་སོ། །རྡོ་རྗེ་དབང་ཕྱུག་སོགས་ནི་དབང་མོ་ཉེར་བརྒྱད་ཡིན་ཅིང་། རང་རང་གི་ཁྱོ་ཕོ་ཚངས་པ། དབང་པོ། སྲིན་པོ་སོགས་ཀྱང་བསྒྲགས་ནས་དྲག་པོའི་ལས་བྱེད་པར་བསམ་མོ། །དམག་རྒྱལ་མ་བཞི། དབང་ཕྱུག་ལྗང་སྔོན་སོགས་དྲེགས་པ་དོན་གཉིས་ཏེ། བཀུགས་ཟིན་ནས་བྲུབ་ཁུང་དུ་འཁོར་ལོ་རྩིབས་བརྒྱད་པའི་རྩིབས་ལ་བསྐྱོན་ནས་འཆོར་བ་མེད་པར་བསམ་མོ། །བསྟན་མ་བཅུ་གཉིས་ཀྱང་དྲག་པོའི་སྐབས་སྲིན་མོའི་དབྱིབས་ཅན་དུ་བསྒྱུར་དགོས་སོ། །དེ་ནས་ཐལ་རྡེབ་སོགས་བྱ། ཐུན་གཅིག་དང་སྲོད་ཐུན་ལ་མཚལ་མ་བསྡུས་པའི་བསྟོད་པ་ཡན་དང་། བདག་བསྒྲུབ་མ་བསྡུས་པ་བསྙེན་པ་སོགས་སྔ་ཐུན་ལྟར་ལས། བསྒྲལ་ལས་བསྡུས་པ་སྔ་མ་ལྟར་བླ་འགུགས་སྔགས་གང་མང་དགོས། དེ་ལྟ་བུའི་ཞག་པོ་བདུན་སོགས་རྟགས་དང་བསྟུན། ཐོར་ཐུན་བསྲུང་འཁོར་གྱི་སྐབས་སུ་དགུག་གཞུག་སྐབས། རང་འདྲ་བའི་སྲས་མཆོག་ནག་པོ་གྲངས་མེད་པ་སྤྲོོས་ནས་དགྲ་བགེགས་ཐམས་ཅད་བཀུག་སྟེ།
རྩིབས་ཀྱི་རྩེར་བསྐྱོན་ནས་དམར་ཉལ་ཉལ་དུ་གཏུབས་པ་རྣམས་བྱང་ཤར་བྷནྡྷའི་སྣོད་ཆེན་པོའི་ནང་དུ་སོགས་པ་དང། ཕོ་ཉ་རྣམས་ཀྱིས་ཤ་ཁྲག་འགའ་ཞིག་ཟོས། འགའ་ཞིག་མེ་དཔུང་གིས་བསྲེགས་པ་སོགས་ཀྱང་བསམ། དགུག་གཞུག་གི་སྐབས། འཁོར་ལོའི་རྩིབས་ཞབས་མའི་མར་སྣེས་བྱད་མའི་ལྕེས་བྲང་ཁེབ་པ་ལ་ཕུག་ནས། ཙིཏྟ་ཡང་འཛེར་བའི་ལྕེ་སྙིང་གཉིས་ཆར་གྱི་ནང་དུ་རྡོ་རྗེ་རྒྱ་གྲམ་ཞིག་འཁོར་བས་ཡིད་དང་ངག་གི་ནུས་པ་བརླག་པར་བསམ་བཞིན་དུ། དགྲ་བགེགས་དགུག་གཞུག་བསྟིམ་སོགས་བྱའོ། །རྒྱས་པར་རཀྴ་གསུམ་གྱི་མན་ངག་དུ་གསལ་ལོ། །དེ་ལྟ་བུའི་ཞག་བདུན་སོགས་རྟགས་དང་བསྟུན། དེ་ནས་བསད་པ་ཛཿརྡུང་དུ་བརྟགས་པའི་མན་ངག་ནི། སྔ་ཐུན་མཚལ་མའི་བསྙེན་པ་དགུག་གཞུག་སོགས་ཀྱི་སྔགས་གྲངས་ཉུང་དུ་གཏོང་ལྷ་དབྱེའི་རྗེས་དོར། སྟོང་པའི་ངང་ལས་པདྨ་དང་ཉི་མ་རོ་ལ་གནས་པའི་ཧཱུྃ་ཡིག་མཐིང་ནག་སོགས་ཕུར་ཆོག་ཚར་རྗེས། ཕུར་པ་ལག་ཏུ་ཐོགས་ལ། ཕུར་པའི་སྐུ་ལས་
ཕུར་པའི་སྐུ་ཆེ་ཕྲ་དཔག་ཏུ་མེད་པ་སྤྲོོས་ནས་དགྲ་བོ་མི་ནོར་འཁོར་དང་བཅས་པའི་སྟེང་དུ་རེ་རེ་ལ་རེ་རེ་བཏབ་པར་བསམས་ལ། ཧཱུྃ་ཧཱུྃ་ལས་བྱུང་བའི་སོགས་ཕུར་པ་བྲུབ་ཁུང་གི་ལིང་གར་བཏབ། རྣམ་ཤེས་སྤར་བ་འདི་ཕུར་གདབ་ཀྱི་གོང་དུ་བྱེད་པ་ཡོད་མོད། ཁུག་རྟགས་གཞིར་བཞག་སོད་རྟགས་སྔ་མ་མ་བྱུང་བར་མི་བྱེད་དོ། །རྟགས་ཕྱིར་འགྲོ་བའི་སྐྱོན་ཡོད་དོ། །ཞི་སྤར་ནི་སྙིང་ག་ཆོས་ཀྱི་འཁོར་ལོའི་གནས་སུ་རྣམ་ཤེས་དངས་མ་བདེ་གཤེགས་སྙིང་པོ་ཨཱཿདཀར་པོ་སྤྱི་བོ་ནས་ཐོན་ཏེ་འོག་མིན་དུ་རྡོ་རྗེ་འཆང་གི་ཐུགས་ཀར་བསྟིམ་པ་ཡིན་ལ། དྲག་སྤར་ནི། མདུན་བསྐྱེད་མགོན་པོ་ཚོན་གང་བ་གཅེར་བུ་སྟག་ཤམ་ཅན་གཅིག་འཕྲོས། དགྲ་བོའི་རྩིབས་ལོག་གཡས་པ་གྲི་གུག་གིས་གཤགས་ནས་ཁོག་པར་ཞུགས། གཡས་གྲི་གུག་གིས་སྙིང་ཚལ་པར་བཀས་ཏེ། ནང་གི་རྣམ་ཤེས་ཨཱཿདཀར་པོ་དེ་ཐོད་པར་བཅུག །གྲི་གུག་གིས་ཁ་བཀབ་སྟེ། ཚངས་བུག་ནས་རྒྱངས་ཀྱི་ཐོན་ཏེ་འོག་མིན་དུ་རྡོ་རྗེ་འཆང་གི་ཐུགས་ཀར་མགོན་པོ་དང་། རྣམ་
ཤེས་གཉིས་ཀ་ཐིམ་པར་བསམ་མོ། །ལྷ་མོའི་ཕྱག་གཡས་ཁ་ཊྭཱཾ་གིས་དགྲ་བོའི་སྙིང་དཀར་ནག་མཚམས་སུ་བརྒྱབ་ནས། སྙིང་ཚལ་པར་བཀས། རྣམ་ཤེས་ཨཱཿདཀར་པོ་དེ་གཡས་འོག་གི་ཕྱག་གི་ཕུར་པའི་དཔལ་རྩེས་ཐགས་སེ་བླང་ནས་མི་བསྐྱོད་པའི་ཐུགས་ཀར་འཕང་བ་ཡང་བསམ་མོ། །འདི་བསད་དམིགས་ཡང་ཡིན་པས། དང་པོ་ནས་རུང་ངོ་། །དེ་དག་གི་སྔ་ལོགས་སུ་བྱེད་རྒྱུ་འཚེར་བ་གསུམ་གྱི་ནང་ནས་ཚེ་བསོད་ཀྱིས་བདག་འཆོད་པ་ནི། དགྲ་བོའི་གནས་གསུམ་དུ་ཁོ་ཡི་ཚེ་བསོད་མཐུ་སྟོབས་ནུས་པ་ཐམས་ཅད་ཀྱི་ངོ་བོ་འབྲུ་གསུམ་བཀྲག་མདངས་དང་ལྡན་པར་ཡོད་པ། རང་གི་གནས་གསུམ་འབྲུ་གསུམ་འོད་ཀྱིས་ཚུར་བླངས་ཏེ་རང་ལ་ཐིམ་པས་བཀྲག་མདངས་འབར། ཁོ་རང་ནག་ཧྲུལ་ཧྲུལ་སོང་བར་བསམ་མོ། །དེ་ནས་བསད་པའི་དམིགས་པ་དངོས་ནི། ཧོམ་ཁུང་ནང་དུ་གནམ་ལྕགས་ལས་གྲུབ་པའི་མགོན་པོ་གཅེར་བུ་སྟག་ཤམ་ཅན་གྲི་ཐོད་འཛིན་པ། ཤ་ཟ་མི་བསྲུན་མ་ཁ་གདངས་ཤིང་མཆེ་བ་གཙིགས་
པ། བདུད་ནག་པོ་རལ་པ་ཅན་འཇིག་རུང་གཉིས་ཀ་རལ་གྲི་འཛིན་པ། གཞན་ཡང་ཀེང་རུས་ལ་སོགས་མཚོན་ཆ་སྣ་ཚོགས་ཐོགས་པའི་སྤྲུལ་པ་དེ་རྣམས་ཀྱིས་དགྲ་བགེགས་ཀྱི་གཟུགས་ཕུར་དུམ་བུར་གཏུབས་པར་བསམ། མདུན་གྱི་མགོན་པོ་འཁོར་བཅས་ཀྱི་བེར་གྱི་སུལ་ནས་མཚོན་ཆ་དང་ནད་དུག་གི་ཆར་བབས་ནས་སྡུག་བསྔལ་དུ་བརླག་པར་བསམ་མོ། །ཡང་བདག་མདུན་མགོན་པོའི་ཕྱག་གཡས་ཀྱི་གྲི་གུག་ལས་ཧཱུྃ་མཐིང་གཅིག་དང་ལྷ་མོའི་ཏྲི་ཤུལ་རྩེ་ནས་བྷྱོཿམཐིང་ནག་གཅིག་སྤྲོས། དགྲ་བགེགས་ཀྱི་སྣ་བུག་གཡས་དང་གཡོན་ནས་སྙིང་གར་ཞུགས་པས་ཡི་གེ་གཉིས་གྲི་གུག་གི་འཁོར་ལོ་རྩིབས་དྲུག་པ་གཉིས་གྱུར་ནས་གཡས་གཡོན་དུ་དྲག་ཏུ་འཁོར། ཇེ་ཆེར་གྱུར་པས་སྙིང་དང་ནང་ཆ་གཟུགས་ཕུང་སོགས་དུམ་བུར་གཏུབ་པར་བསམ། བདག་མདུན་འཁོར་བཅས་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འོད་ཐུན་རྫས་ལ་ཕོག་པས་ནད་མཚོན་དུག་གི་ཆར་པར་གྱུར་ནས་དགྲ་བོའི་ལུས་ངག་ཡིད་གསུམ་རྡུལ་དུ་བརླག་པར་བསམ་མོ། །ཡང་
ལིང་གའི་སྙིང་གའི་ཛཿགཉིས་བྲིས་ཡོད་པ་དེ་ལ་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས། ཛཿགཉིས་པོ་གནམ་ལྕགས་ཀྱི་སྡིག་པ་ནག་པོ་མགོ་དགུ་རྭ་བཅོ་བརྒྱད་པ་ཤིན་ཏུ་མི་བསྲུན་མ་ཞེ་སྡང་འབར་བ་གཉིས་སུ་གྱུར་ནས། ཐོག་མར་སྙིང་ཁྲག་འཇིབ། དེ་ནས་སྙིང་དོན། ཤ་ཁྲག་ཐམས་ཅད་རིམ་པས་ཟོས་པར་བསམ་མོ། །དེའི་ཚེ་དུམ་དུམ་རཀྵ་ཉིད་བཟླ་ཞིང་ཐུན་རྫས་རྣམས་བརྡེག་གོ །ཧོ་དམ་ཉམས་པའི་དགྲ་བོ་འདི་ལ་རྣོ་བ་མཚོན་གྱི་སོགས་བརྗོད་དོ། འཁོར་ལོ་ཐ་མའི་ཕུར་བུ་མ་དང་། ཟངས་རལ་མ་དང་། མཚོན་འཁོར་མ་རྣམས་ཀྱི་སྤྲུལ་པ་ཡང་སྤྲུལ་རང་འདྲ་བ་དཔག་ཏུ་མེད་པས་དགྲ་བོའི་སྣ་བུག་ནས་ཞུགས་ཏེ་རོ་རྐྱང་སོགས་ཀྱི་གནས་ཐམས་ཅད་དུ་བརྒྱུད་དོ། །ནང་ནས་ཤ་ཁྲག་སོགས་གཏུབས། སྲོག་རྩ་བཅད། ཤ་ཁྲག་ཟོས་པར་བསམ་མོ། །སྤྱང་ཞོན་མ་བདུན་དང་། ཕུར་བུ་མ་རྣམས་ཀྱིས་ཕུར་བུས་བཏབ། གཞན་མ་མོ་མཁའ་འགྲོ་ཐམས་ཅད་ཀྱིས་ཀྱང་དུག་དང་།
ནད་མཚོན་གྱི་ཆར་ཕབ་སྟེ་རྡུལ་དུ་བརླག་པར་བསམ། མ་མོ་རཀྨོ་སོགས་ནས་གཟེར་བདུན་དང་དྲག་སྔགས་རྣམས་ཚར་གསུམ་ལྔ་སོགས་བརྗོད་དོ། །དེ་ནས་ཞལ་བསྟབ་སོགས་སྔ་མ་ལྟར་རོ། །དེ་ལྟ་བུའི་ཕྱི་ཐུན་དང་སྲོད་ཐུན་ལའང་ཕུལ་ལོ། །ཕྱི་ཐུན་ལ། ལས་འགྲིགས་རྒྱས་པ་བཏང་བའི་བསྐུལ་སོ་སོའི་མཐར། དུམ་དུམ་རཀྵ་ལ་རྦད་སྔགས་བཏགས་པ་དེ་བཟླས་ཤིང་ལྷ་དེ་དང་དེ་ཡི་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་སྤྲོས་ནས་དགྲ་བོ་ཐམས་ཅད་བསད་པའི་ལས་མཛད་པར་བསམ་མོ། །དེ་འདྲ་ཞག་བདུན་སོགས་བསྒྲུབ་ལ་དེ་ཚེའི་སྔགས་རྒྱུན་ནི་དུམ་དུམ་རཀྵ་བཤམ་དུ་བསྒྱུར་བ་ཉིད་ཁོ་ནའོ། །རྒྱལ་ཚབ་གྲགས་པ་དཔལ་འབྱོར་གྱིས་དགྲ་མིང་པོ་གསུམ་གྱི་ཆོས་རབ་གོང་འོག་ནས་བླངས་པའི་དགྲ་ཆོས་སུ་གྲགས་པ་དེ་སྦྱར་ན་ཡང་སྔགས་དང་དམིགས་པ་ནི་འདི་ཉིད་ཁོ་ན་ལས་ལྷག་པོ་མེད་པས་དེ་ལྟར་སྦྱར་ཤེས་པ་བྱ་ཞིང་ལིང་རོ་རྣམས་བསྟབ་ཀྱི་རྗེས་སུ། ཧཱུྃ་མ་ཧཱ་ཀཱ་ལ་མཐུ་ཆེན་ནག་པོ་ནི། སོགས་ཕྱིན་ཆད་སྦྱར་བས་ཡབ་ལེགས་
ལྡན་གྱི་གཏོར་བཟློག་བྱེད་པ་ཡང་སྐབས་འགའ་ཞིག་ཏུ་མཛད་དོ། །ཉིན་ཐ་མ་ལ་བྲུབ་ཁུང་དང་གཏོར་མའི་ལིང་ག་ལ་བསྒྲལ་ལས་བྱའོ། །ཕུར་བུ་སོགས་ཀྱིས་རྨ་ཡོང་ངེས་དང་། གྲི་གུག་གིས་གཏུབས་ལ་གཏོར་ཆེན་དུ་ཞལ་བསྟབས་སྐབས་མེར་བསྲེག་གོ །ཛཿརྡུང་སྐབས་ཀྱི་ཐུན་གཏོར་རྣམས་སྒོར་འབུལ་དུས། དགྲ་བོའི་ཤ་ཁྲག་ལྷག་མ་མེད་དེ། གཏོར་རྫོང་སྐད་ཅིག་མཚོན་ཆར་གྱུར། ཞེས་པ་གྲི་གུག་དང་ཁ་ཊྭཱཾ་རྩེ་གསུམ་མེ་འབར་བར་གྱུར་པས། ཕོ་ཉ་ལས་མཁན་རྣམས་དགྲ་ཡུལ་དུ་སོང་བས་དགྲ་བོའི་གནས་ཧོམ་ཁུང་དུ། ཁོ་རང་རྣམས་གན་རྐྱལ་དུ་གནས་པའི་སྙིང་ཁར་བརྒྱབ་པས་རྗེས་ཤུལ་ཙམ་ཡང་མེད་པར་བསམ་མོ། །འཕང་བའི་ལས་རིམ་ནི། མཚལ་མ་འཁོར་ལྔ་བཅས་བསྒྲལ་ལས་རྒྱས་པར་བཏང་ངོ་། །ནང་ནས་ལས་བསྒྲིགས་རྒྱས་པ་གཏོར་རྫོང་དམག་ལྟོའི་རྣམ་པར་སྒྲོད་པ་ནི་གོ་བསར་གྱི་རྣམ་པ་ཡིན། །ཤར་ལ་སོགས་པས། དྲང་སྲོང་རཱ་ཧུལ་ལ་སོགས་པའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་རྡོ་རྗེ་འཆང་གི་
བཀའ། དམག་རོག་ཀྱི་ཚུལ་དུ་བསྡུས། སྒོ་བསྐུལ་ནི་གཏོར་ལྷ་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཏེགས་ནས་དམ་ཚིག་པ་རང་ལ་བསྡུ། གཏོར་མ་དྲེགས་པའི་དམག་དཔུང་མཚོན་ཆ་དུག་མེ་སོགས་སུ་བསྒྱུར་བའམ། མདུན་བསྐྱེད་སྤྲུལ་གཞིར་བཞག་པ། སྤྲུལ་པའི་དམག་ཚོགས་དགྲ་ཡུལ་དུ་བཤར་བའམ་གཞན་ཕན་དབང་པོའི་མདུན་བསྐྱེད་འཁོར་བཅས་དམག་ཐབས་སུ་བཤར་བར་གསུངས་པའི་ཕྱི་མ་འདི་ཤིན་ཏུ་རྩུབ་ཀྱང་དེའི་ལུགས་ལྟར་ན། ཕྱིའི་དམག་དཔོན་རྒྱལ་ཆེན་བཞི་དང་། གཙང་རིས་ཀྱི་མགོན་པོས་དམག་སྣ་དྲོངས། ནང་གི་དམག་དཔོན་དམག་རྒྱལ་མ་བཞིའི་དམ་ཅན་མོ་རྒྱུད་དང་། དྲེགས་པ་རྐྱ་གསུམ་གྱིས་དམ་ཅན་ཕོ་རྒྱུད་ཀྱི་དམག་དཔོན་མཛད། མ་མགོན་གཉིས་ཀྱང་ཞལ་སྦྱོར་མ་ཡིན་པར་སོ་སོར་འབྱོན། གཡས་སུ་ཡབ་ལེགས་ལྡན་རྟ་ནག་ལ་ཆིབས་པ། གཡོན་ཕྱོགས་སུ་སྟག་ལ་ཞོན་པ་གཉིས་ཙན་དན་གྱི་བིང་ཆེན་བསྣམས་པ། ལྷ་དམག་ཉི་ཁྲི་ཆིག་སྟོང་དང་བཅས་པ་དགྲ་ཡུལ་དུ་དམག་ལ་ཆས་པར་བསམ་
ཞིང་། མ་གཅིག་གཉན་དང་སོགས་ཚིག་དོན་ལྟར་བསམ་ཞིང་རོལ་མོ་བཅས། གཏོར་མ་ཁྱེར་ལ་འབུལ་སར་བཀོད་ལ་ལྷ་ཚོགས་ཐམས་ཅད་གཡས་ཕྱོགས་ཀྱི་ནམ་མཁའ་ས་གཞི་བར་སྣང་ཁྱབ་པར་བཤར་ཀྱིན་ཡོད་པ་ལ། ལིང་ག་གཏོར་མའི་སྨད་ཆ་སོགས་ལ་དམིགས་པའི་འགུག་གཞུག་ཚར་གསུམ་བྱས་ལ། དགྲ་བོའི་གནས་ཁང་ཧོམ་ཁུང་དུ་དགྲ་རྣམས་གན་རྐྱལ་དུ་གནས་པར་བསམ་ལ་གསེར་སྐྱེམས་མ་དག་མས་བྱིན་གྱིས་བརླབས། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་སོགས་ཀྱང་སྤྱན་དྲངས་པས་གསེར་སྐྱེམས་རྒྱ་མཚོར་ཕུལ་བར་བསམ། དགྲ་བོའི་མགོན་སྐྱབས་མ་བྱེད་པར་བདག་གི་མགོན་སྐྱབས་མཛོད་ཅིག་པར་ཞུ། སྒོ་འཕྲང་གི་ལྷ་ལ་ཡང་སྐུ་བཟུར་བ་དང་དགྲ་བགེགས་བསྒྲལ་བའི་གྲོགས་དན་གྱི་ཕྲིན་ལས་བཅོལ། དེ་ནས་ཟོར་བཅུ་པོ་གྲི་གུག་མེ་འབར་བས་དགྲ་བགེགས་ཐམས་ཅད་ཐལ་བར་བརླག་པར་བསམ་མོ། །དེ་ནས་བཞེས་འབོད་ཀྱི་སྙན་གསན་དབབ་ནས་དཔལ་མགོན་འཁོར་བཅས་གཡས་ཕྱོགས་
ཀྱི་ནམ་མཁའ་ནས་ཞལ་མེ་དཔུང་འབར་བ་གནམ་ས་ཙམ་གྱི་ནང་དུ་དགྲ་བོ་མི་ནོར་འཁོར་བཅས་གྱུར་མིད་དུ་བཞེས་པར་བསམ་ལ། །ཐུན་གཏོར་ལ་འཛུག་རྒྱུའི་ལིང་ག་དེ་གཏོར་ཆེན་དུ། མེ་ལྟ་བུའི་བསྲེགས་པར་བྱའོ། །དེ་ནས་ཆོས་སྐྱོང་འཁོར་བཅས་དང། བིང་གི་སྒོ་དགུ་ཕྱེས་པ་ལས་སྤྲུལ་པའི་ལྷ་ཀླུ་གཉན་དམག་རྣམས་དང་། རྣམ་སྲས་སྔགས་བདག་སོགས་ཀྱང་དྲག་པོའི་ལས་ལ་ཆས་ཏེ་དགྲ་ཡུལ་དུ་བྱོན་ནས་དགྲ་བོ་འཁོར་བཅས་རྡུལ་དུ་བརླག་ནས། རྗེས་ཤུལ་ཙམ་ཡང་མེད་པར་བྱས་བསམ་པ་སོགས་བསྐུལ་སོ་སོའི་ཚིག་དོན་ལྟར་བསད་པའི་ལས་མཛད་པར་བསམ། གསོན་ཅིག་མ་སོགས་བསྐུལ་རྣམས་བཏོན་ལ་གཏོར་མ་འཕང་། རིག་སྔགས་དེ་རྣམས་སླར་ཡང་མི་ལྡོག་པའི་ཆེད་དུ་རྡོ་རྗེ་བཀའ་བཟློག་སོགས་འདོན། འདི་ནི་དབང་མོ་ཉེར་བརྒྱད་ཀྱི་བཟློག་པ་ཡིན་པས་དམིགས་པ་ཟུར་པ་མི་དགོས། དེ་ནས་སེང་གདོང་མའམ། ཡང་བཟློག་ཏྲིཀ་ཁྲོཾ་ལྟ་བུ་ཞིག་བྱེད་པ་ཡང་། སྐབས་དེར་བདག་བསྐྱེད་གནས་འགྱུར་བྱེད་པ་
ལེགས་སོ། །གཏོར་མནན་སྐབས་ལྕགས་ལས་གྲུབ་པའི་ཁང་པ་མེ་རབ་ཏུ་འབར་བའི་ནང་དུ་དམིགས་བྱ་ཚུད་པར་བསམ་ལ་དགུག་གཞུག་བྱ། དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་དང་རི་རབ་ཀྱིས་མནན་པར་བསམ་པ་ཙམ་ལས་མི་དགོས་ལ། མནན་པ་སོགས་དགོས་ཚེ་ཀིང་ཀང་གི་མནན་དམིགས་སྦྱར་དགོས་སོ། །ཡར་ལོག་ནས་རྒྱལ་དབྱངས་ཀྱི་སྐབས་མདུན་བསྐྱེད་མ་མགོན་འཁོར་བཅས་ཀྱིས་དགྲ་བགེགས་རྣམས་བསྒྲལ་ཟིན་ནས་ཐུགས་དགྱེས་པས་འཛུམ་ཞལ་ཟླ་བ་ལྟར་མཛད་ནས་མདུན་བསྐྱེད་ཀྱི་ཕོ་བྲང་སྔར་ལྟར་འཁོད་པར་བསམ་ལ། བྲལ་དུ་འཁོད་ནས་སྲུང་འཁོར་དང་དངོས་གྲུབ་ལེན་ཆོག་རྣམས་བྱའོ། །བྲུབ་ཁུང་གི་ཤོག་ལིང་ཞལ་ཧམ་དུ་བྱེད་པའི་ཚེ། ཕུངས་སོགས་ཀྱི་སྟེགས་ནག་པོ་གྲུ་གསུམ་པ་ཞིག་ལ་རྡུལ་ཚོན་ནག་པོའི་ཆོས་འབྱུང་ཞིག་བྲི། དེ་སྟེང་དུག་ཤིང་སྐམ་པོ་གྲུ་གསུམ་བརྩེགས་ཙེ་ལ་ཞུན་དང་དཔལ་འབར་སོགས་ཚག་བྱ། དེ་ནས་དྲག་པོའི་མཆོད་པ་དང་སྨན་རཀ་དང་ཐུན་གཏོར་གཅིག་དང་ཤོག་
ལིང་དུམ་བུ་རྣམས་དང་ཟན་ལིང་སྤར་བཏབ་བརྒྱ་རྩ་བཤམས། ཐབ་མེ་སྦར། མཚལ་མའི་མཎྜལ་རཏྣ་མཎྜལ་སོགས་སོང་རྗེས། སྲིན་གཟུགས་མ་དང་རླུང་ནག་འཚུབ་མས་བསྟོད། ཧཱུྃ་ཤར་ཕྱོགས་བསྲེག་ཁང་སོགས་ཀྱི་མཐར། དུམ་དུམ་རཀྵ་ཉི་ཤུ་དང་སྤྲད། ལིང་ཆུང་དང་ཤོག་ལིང་ཉི་ཤུ་ཐབས་སུ་འཕང། དེ་བཞིན་གྱི་ལྷོ་ནུབ་བྱང་དབུས་སུ་ཉི་ཤུ་རེ་འབུལ་མཐར། འདས་བྱོན་མ་ལྟ་བུའི་ཐུན་གཏོར་འབུལ། རྗེས་ཆོག་སོགས་བྱས། དེ་ནས་མེ་རོ་འདི་ལ་ཁུག་ཅིག་ཅེས་པའི་འགུག་གཞུག་བྱས་རྗེས། མེ་དེ་དགྲ་བོ་དངོས་ཀྱི་ངོ་བོར་བསམ་ལ་བདག་བསྒྲུབ་མའི་འགབ་ཀྱི་དམོད་བཅོལ་དེ་བཏོན་ལ། ཁྲག་ཆུས་མེ་དེ་སོད་པར་བསད་ནས་ཐལ་བ་དགྲ་ཕྱོགས་སུ་དོར་བའམ་མནན་པ་སོགས་བྱའོ། །སྤྲོ་ན་ཕྱོགས་བཞི་སོ་སོར་ཐུན་གཏོར་རེ་ཕུལ་ནས་བསྐུལ་བ་རེ་བཏང་ཀྱང་ཆོག་གོ །བར་བར་དུ་ཚིལ་ཞུན་ཅུང་ཟད་ཀྱིས་མེ་གསོའོ། །འདི་ནི་ཤར་རྒྱལ་མོ་རོང་གི་ནོར་འཛིན་བདེ་བར་སྐྱོང་བའི་ཆོས་རྒྱལ་པདྨ་མ་ཎིའི་སྐུ་རིམ་དུ་འདི་འདྲ་དགོས་པ་ཤར་
ཚེ་ཁྲོ་ཆུ་ཤུ་བྷ་འབྲུག་དགུ་གླིང་དུ་རྒྱལ་ཁམས་པའི་སྔགས་ནག་ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་བླ་མ་མཆོག་གི་ཞལ་ལུང་ཇི་ལྟ་བར་བྲིས་པ་ཛ་ཡནྟུ། ༈ །ལིང་ག་བྲི་བའི་མན་ངག་ནི། དུག་ཤོག་ལ་སྣག་ཚ་གཙང་མ་དུག་དང་ངན་ཁྲག་གིས་སྦགས་པས་དགྲ་གཟུགས་རྐང་ལག་བཅིངས་པའི་སྙིང་གར་ནྲྀ་དང་ཏྲི་ཛཿཁ་སྤྲོད་ཀྱི་བར་དུ་ལྟེབས། དཔུང་པ་གཡས་གཡོན་ལ་ཛཿཧཱུྃ། སྤུ་མོ་གཡས་གཡོན་ལ་བཾ་ཧོཿབཞི་བྲི། དཔྲལ་བར་དམིགས་གསལ་ཡོད་ཚེ་རུས་པ། སྤྱི་ལ་འུ་ཤང་ཀེག་ཀུང་ཇི་ཞེས་པ་བྲི། སྙིང་གར་ཀཱ་ལ་རུ་པ་སོགས་ལ་མིང་སྤེལ་ཡོད་པ་མིན། མགོ་ཕྱིར་བསྟན་ལ་བྲི། རྦད་སྔགས་ཀྱང་ཤོང་ན་བྲི། རྣ་བ་ལ་འོན། མིག་ལ་ལོང་། བླ་ལ་བླ་དྭགས་ཞེས་པ། བླ་གཡས་སུ་དམ་ཉམས་དགྲ་བོ་བྱི་བ་གླང་སྟག་ནས་ཕག་གི་ལོ་པ་གང་ཡིན་པ་ཁུག་བྲིས། བླ་གཡོན་དུ་དམིགས་བསལ་ཡོད་ན། བླ་དྭགས་ཀྱི་མིང་ཞེས་པ་ཡོངས་གྲགས་ཀྱི་མིང་ཡིན་པས་དེར་བྲི། འདོམས་སུ་ཚ་བོའི་མིང་བྲི། དཔུང་པ་ལ་ཆག །གྲུ་མོ་ལ་ཞྭ། ཞེས་བྲི།
ཕྱི་ནས་ཏྲག་རཀྵ་སོགས་ཀྱི། ཨི་དཾ་མ་མ་དུཥྚཾ་ཞེས་པའི་རྗེས་སུ་དྷེ་ཝ་བྷ་སིདྷ་ན་མའི་ཚབས་སུ་དགྲ་བོ་ཆེ་གེ་མོ། །ཁ་རྗེ་བསོད་ནམས་ཟས་ནོར་བཅས་ཁ་ཁ་ཁཱ་ཧི། སོགས་བྲི་དགོས་ཤིང་དེའི་རྗེས་ནས་ཛཿཁྲོམ་ཉེར་གཅིག་གི་བསྐོར། འཁྲུལ་འཁོར་ཁ་སྦྱོར་བྱེད་ན་དེ་འདྲ་བ་གཉིས་བྲིས་ལ་ཁ་སྦྱར་ནས་ལྟེབ་པར་བྱེད། ཆགས་མེད་པས་འོག་མ་ཡིག་མགོ་ཕྱིར་བསྟན་དང་། སྟེང་མ་ནང་བསྟན་ལྟ་བུ་ཞིག་གསུངས་ཀྱང་། གཤིན་རྗེ་གཤེད་སོགས་ཀྱི་འཁྲུལ་འཁོར་ནི་སྟེང་འོག་གཉིས་ཀ་སྔགས་མགོ་གཅིག་ཏུ་བསྟན་ལ་སྔགས་གཉིས་ལྟོ་འཕྲོད་པར་དགོས་པས་སྟེང་མ་ཡིག་མགོ་ནང་དུ་བྲི་དགོས་སོ། །བདག་གི་བླ་མས་ནི་ཁ་སྦྱོར་འདི་འདྲ་མི་མཛད་པས་ངེད་རང་ཚོའི་ལག་ལེན་ལྟར་གྱི་ལིང་རྐྱང་ཁོ་ནར་ཟུངས་ཤིག །ཐུན་གཏོར་ལ་འཛུག་པའི་ལིང་ག་སོགས་ཀྱང་དེ་དང་འདྲ་བས། སྙིང་གར་མིང་དང་། རྦད་སྔགས་མིང་ཞུགས་བྱས་པ། ཐ་མར་ཤཱ་ས་ནའམ། དུམ་དུམ་རཀྵས་བསྐོར་བ་ཞིག་ཀྱང་བྲི་བར་མཛད་སྣང་། ཛ་ཁྲོམ་ཞེས་པ་ནི། ཛཛཛཛ་འདི་
འདྲ་བ་སྟེ་ཉེར་གཅིག་ལས་མང་བ་དང་། ཉུང་བ་སོགས་མི་བྱའོ། །ཡང་བླ་འགུག་སྤྱི་སྔགས་སྙིང་གར་བཀོད་རྒྱུ་ནི། དགྲ་བོ་ཆྒཻའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུཾ་ཐུཾ་མྱོག་ཡེད་ཡེད། ཤ་མ་རུ་ཏི་ཁུག་ལིང་། མྱོག་ལིང་། ཐུམ་ཙ་མུནྟྲི་ཛཿཧཱུཾ་བྃ་ཧོཿ། །ཅེས་བྲི་བ་དང་། འདོན་པའི་སྐབས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྴ་བཻ་ཏ་ལི་ཧཱུྃ། དགྲ་བགེགས་ཛཿཧཱུྃ་སོགས་འདོན་པ་ཡང་རུང་ཞེས་གསུངས་སོ། །དེ་ལྟ་བུའི་ལིང་ག་ལ། ཟུག་རྫས་ནི་མིང་ཡིག་ལ་བྱུགས། དྲག་སྔགས་ལ་གྲི་ཁྲག་དང་དུག་སྣ་ཚོགས། ཟངས་ལྕགས་ཕྱེ་མ་རྣམས་བྱུག་དགོས་ཤིང་། སྤྱི་འགྲེ་ཙམ་ལ་མ་འབྱོར་ཀྱང་རུང་ངོ་། །ལྟེབས་ལུགས་ཀྱང་། ཁ་དང་གསང་གནས་སྤྲོད་པ་ནི་ཤི་ལྟེབས་སམ། རོ་ལྟེབས་སུ་གྲགས་པ་དེ་ཡི་གཡོན་མ་གཡས་ཀྱིས་གནོན་པ་ཉིད་དེ་གྲུ་གསུམ་བྱའོ། དེ་ལྟར་ལིང་ག་བྲི་བ་འདི་ཡང་། རྗེ་ཡི་ཞལ་ཁྲིད་དང་ཡོངས་འཛིན་དུ་མའི་མན་ངག་གི་བབས་དང་ལྡན་པས་གཅེས་པར་བཟུང་བའི་གདམས་པ་སྟེ་སྔགས་སྨྱོན་ཚེ་དབང་ཀུན་ཁྱབ་ཀྱིས་
གསང་གཏམས་སོ།། །།ཛ་ཡནྟུ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།