སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ལས་ཞི་བའི་ལས་བྱང་འབྲིང་པོ་དང་འབྲེལ་བའི་རིམ་གཉིས་ཀྱི་རྣལ་འབྱོར་གསལ་བའི་བསྙེན་ཡིག་དངོས་གྲུབ་རིན་པོ་ཆེའི་ཟ་མ་ཏོག ངག་དབང་དཔལ་བཟང་།
སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ལས་ཞི་བའི་ལས་བྱང་འབྲིང་པོ་དང་འབྲེལ་བའི་རིམ་གཉིས་ཀྱི་རྣལ་འབྱོར་གསལ་བའི་བསྙེན་ཡིག་དངོས་གྲུབ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཞབས་ཀྱི་པདྨོར་རྣམ་པ་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། དེ་ཡང་ཇི་སྐད་དུ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །སྔགས་དང་ཕྱག་རྒྱ་རབ་བརྟན་ན། །དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར། །ཞེས་ཐུན་མོང་གི་དངོས་གྲུབ་དངོས་སུ་འགྲུབ་ཅིང་། མཆོག་གི་དངོས་གྲུབ་སྒྲུབ་པའི་གཞིར་མེད་དུ་མི་རུང་བ། རྣལ་འབྱོར་ཆེན་པོའི་ལམ་བསྐྱེད་པའི་རིམ་པ་ལ་བསླབ་པར་འདོད་པ་དག་གིས། དང་པོ་སྔགས་ཀྱི་འཇུག་སྒོ་སྨིན་བྱེད་དབང་གི་རིམ་པ་ཕྱི་ཕན་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་དང་བཅས་པ་ནོས། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་རྣམ་པར་དག་པ་ཉིད་མེད་ན་བསྐྱེད་རྫོགས་གང་ལ་འཇུག་ཀྱང་འབྲས་བུ་མེད་པར་མ་ཟད་ངན་སོང་ལས་འགྲོ་ས་མེད་པས། དམ་ཚིག་གི་གནས་འདི་ཤིན་ཏུ་གལ་ཆེ་བ་ཞིག་ལགས་པས། དེ་ཅུང་ཟད་བཤད་ན། གསང་བ་སྙིང་པོ་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་དག་སྟེ། །ཞེས་རྩ་བ་ལྔ་དང་། ཡན་ལག་གི་དམ་ཚིག་བཅུར་གསུངས་པས། རྩ་བ་ལྔ་པོ་འདི་མི་སྲུང་བར་སྔགས་ལ་ཞུགས་པ་རང་གཞན་ཕུང་ལ་སྦྱོར་བ་ལས་མེད་པས། དེ་ཡིད་ལ་འཇགས་པ་ཅུང་ཟད་འགོད་པ་ལ། དང་པོ་བླ་མེད་མི་སྤང་བ་ནི། ཡུལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལྷག་པ་དོན་དམ་བདེན་པ་དང་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་གཉིས་པོ་ལ་ཡིད་ཆེས་ཀྱི་ངེས་པར་ལྟ་བསྒོམ་སྤྱོད་པ་གསུམ་གྱིས་ཉམས་སུ་ལེན་པར་བྱ་བ་ལས་ལོག་ལྟས་མི་སྤང་ངོ་། །གཉིས་པ་བླ་མ་བཀུར་བ་ནི། ཡུལ་དབང་བསྐུར་རྒྱུད་འཆད་མན་ངག་སྟོན་པའི་བླ་མ་གསུམ་སྒོ་གསུམ་གཡོ་སྒྱུ་དང་ཟོལ་ཟོག་མེད་པར་ཅི་མཉེས་ལས་ཐུགས་དང་འགལ་བའི་བྱ་བ་སྣེ་གཅིག་ཙམ་ཡང་སྤང་བའོ། །གསུམ་པ་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་ནི། ཡུལ་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་གསུམ་དང་། ཕྱག་རྒྱ་ལ་བཅའ་བ་དམ་ཚིག་གི་ཕྱག་རྒྱ་དང་། བཀྲོལ་བ་ལས་ཀྱི་ཕྱག་རྒྱ་དང་། བསམ་པ་ཆོས་ཀྱི་ཕྱག་རྒྱ་དང་། ལྷ་སྐུ་ཕྱག་རྒྱ་ཆེན་པོ་དང་བཞི་པོ་རྣམས་བརྩོན་པས་མི་འདོར་བར་ལོ་ཟླས་བར་མི་ཆོད་པར་བརྩོན་པར་བྱའོ། །བཞི་པ་མཆེད་ལ་བྱམས་པར་བྱེད་པ་ནི། སྤྱི་ཡུལ་དྲུག་གསུངས་ཀྱང་། ཕྱི་མ་བཞི་འདི་ཡུལ་ཤིན་ཏུ་གཉན་པས་ཉེ་བའི་མཆེད་དེ་སྔགས་ཀྱི་ཐེག་པར་ཞུགས་པ་དང་། འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་པའི་སྤུན་དང་། དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་གཅིག་པའི་སྤུན་ལྟ་བུ་ཡིན་པས་དེ་གསུམ་ནི་ཡང་དག་པའི་ལམ་དུ་ཞུགས་པའི་མཆེད་དང་། དེའི་ནང་ནས་ཀྱང་འདྲེས་པའི་མཆེད་ནི་ལྷག་པར་བྱམས་པར་བྱ་བའི་ཡུལ་ཡིན། བྱམས་ལུགས་ནི་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་ལྷག་བསམ་གྱིས་བརྩེ་གདུང་རྒྱུན་མི་བཅད་པར་བྱའོ། །ལྔ་པ་གསང་བའི་དོན་མི་སྨྲ་བ་ནི། གསང་བའི་ཡུལ་ནི། སྔགས་ཀྱི་དམ་ཚིག་ཉམས་པ་དང་། དམ་ལས་ལོག་པ་དང་། དམ་ཚིག་མེད་པ་དཀྱིལ་འཁོར་མ་མཐོང་བ་དང་། ནང་འདྲེས་མ་འདྲེས་ཐམས་ཅད་ལ་གསང་དགོས། གསང་ཚུལ་ནི། སྤྱིར་སྔགས་ཀྱི་ཚིག་དང་དོན་གྱི་གནས་རྣམས་སྣོད་མ་ཡིན་པ་ལ་གསང་བར་བྱ་བ་ཡིན་མོད། ཁྱད་པར་དུ་གསང་དོན་བཅུ་ནི། གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷའི་མིང་གཟུངས་དང་གྲུབ་རྟགས་གསང་། །ཞེས་སྤྱིར་དུས་ནམ་ཡང་གསང་དགོས་པ་སྤྱི་གསང་བཞི་ནི། སྔགས་ཀྱི་ལྟ་བ་ཟབ་མོ་མཉམ་པའི་བདེན་གཉིས་དབྱེར་མེད་ཀྱི་དོན་བློ་འཕང་དམའ་བ་རྣམས་ལ་གསང་། སྦྱོར་སྒྲོལ་གྱི་སྤྱོད་པ་བརླང་པོ་ནི་ཐམས་ཅད་ལ་གསང་། ཡི་དམ་གྱི་ལྷའི་མིང་དང་སྔགས་དང་གྲུབ་པའི་རྟགས་རྣམས་ནི་ནང་མ་འདྲེས་པའི་མཆེད་ལ་བསྟན་ན་དམ་ཚིག་ཉམས་པར་འགྱུར་ཞིང་མ་འདྲེས་པ་ལ་བསྟན་ན་རང་གི་དངོས་གྲུབ་འགྲུབ་པ་ལ་ཤིན་ཏུ་གེགས་ཆེན་པོ་སྐྱེད་པས་རྣམ་པ་ཀུན་ཏུ་གསང་བར་བྱའོ། །བར་གསང་བཞི་ནི། རང་གི་སྒྲུབ་པའི་གནས་དང་། སྒྲུབ་པའི་དུས་ཚོད་དང་། སྒྲུབ་པའི་གྲོགས་མཆེད་དང་གཟུངས་མ་དང་། སྒྲུབ་པའི་རྫས་ཡོ་བྱད་དང་བཅས་པ་བཞི་པོ་སྒྲུབ་པ་མཐར་མ་ཕྱིན་བར་དུ་གསང་བར་བྱའོ། །གསང་འོས་དང་གཉེར་གཏད་གཉིས་ཀྱི། དང་པོ་ནི། གསང་བར་འོས་པ་རྫས་དང་སྤྱོད་པ་གཞན་ཕལ་པས་མཐོང་ཐོས་སུ་མི་རུང་བ་རྣམས་གསང་བའོ། །གསང་བར་གཉེན་གཏད་ནི། སློབ་དཔོན་དང་མཆེད་ལྕམ་གྱིས་གསང་བར་གདམས་པ་རྣམས་ནི་དུས་ནམ་དུ་ཡང་གསང་བར་བྱ་དགོས་སོ། །དེ་ལྟར་རྩ་བ་ལྔ་པོ་འདི་ནི། ཤིང་ལྗོན་པའི་རྩ་བ་ལྟར་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་པས་རྩ་བ་ལྔ་ཞེས་གསུངས་སོ། །དེའང་བྱང་སེམས་དང་སྔགས་རྒྱ་གཉིས་བསྒྲུབ་པའི་དམ་ཚིག་དང་། གཞན་གསུམ་སྲུང་བའི་དམ་ཚིག་གི་མཆོག་སྟེ་རྩ་བ་ལྔ་པོ་སྲུང་ན་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་ལ། མ་སྲུང་ཞིང་ཉམས་པར་གྱུར་ན་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་འགྱུར་བས་འདི་ལྔ་སྲུང་བ་ཅི་ནས་གལ་ཆེ། ཡན་ལག་གི་དམ་ཚིག་མི་སྤང་བ་ལྔའམ་མི་འདོར་བ་ལྔ་ནི། རྩ་བའི་དམ་ཚིག་གི་གྲོགས་སུ་དགོས་པ་འོབ་མཚམས་ཀྱི་ར་བ་ལྟ་བུ་ཡིན་ཀྱང་དེ་བསྡུ་ན་གོང་མ་ཁྱད་པ་ཅན་གྱིས་སྒྲུབ་པའི་ཆོས་སྨན་ལ་ལོངས་སྤྱོད་པ་དང་། ཆོས་ཐམས་ཅད་བདེན་གཉིས་རིས་མེད་དུ་མཉམ་པ་ལ་ཤེས་འཇུག་གི་དགོངས་པ་ཟབ་མོས་དེ་ལས་མི་འདའ་བར་མཉམ་པའི་དམ་ཚིག་ལ་གནས་པས་འཐུས། དེ་ལྟར་དབང་ཐོབ་དམ་ཚིག་ལ་གནས་པའི་གང་ཟག་གིས་བསྙེན་སྒྲུབ་ལ་འཇུག་པར་བྱ་དགོས་པ་གཞིར་བཞག་ནས། དེ་ནས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་བསྙེན་པ་བཏང་བའི་ཚུལ། བླ་མ་གོང་མའི་ཞལ་རྒྱུན་བཞིན་འཆད་པ་ལ། གཞི་ཤེས་པའི་ལྟ་བས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཏན་ལ་དབབ་པ། རྐྱེན་འཇུག་པའི་མཚན་ཉིད་བསྒོམ་པས་ཉམས་སུ་བླངས་པ། ལམ་གྱུར་གྱི་འབྲས་བུ་རིག་འཛིན་གྱི་གོ་འཕང་ལ་སྦྱོར་བའི་ཚུལ་གསུམ་དུ་བསྡུས་ནས་འཆད་པའི་དང་པོ་ལ་སྤྱིར་མ་ཧཱའི་རྒྱུད་ཀྱི་དངོས་པོ་བཅུ་ངེས་པ་ཞིག་ཅི་ནས་དགོས་ཀྱང་སྐབས་འདིར་ལྟ་བའི་གནད་དེ་འཆད་པར་བྱ་སྟེ་དེ་ཡང་གཞི་དང་ལམ་དང་འབྲས་བུ་གསུམ་གྱི་སྒོ་ནས་ཤེས་པར་བྱ་བ་ལ། དང་པོ་གཞི་ལ་གཉིས་ཏེ། ཧེ་རུ་ཀ་གལ་པོ་ལས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི། །ལྷག་པའི་ཆོས་སྐུ་བཅིང་གྲོལ་མེད། །ཅེས་དང་། རྩ་རྒྱུད་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱི་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིས་སོ་སོར་འཛིན། །ཅེས་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ནི་སེམས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་དབྱིངས་སྟོང་པའི་ཆ་ནས་དབྱིངས་དོན་དམ་དང་། རང་བཞིན་འོད་གསལ་བའི་ཆ་ནས་ཡེ་ཤེས་དོན་དམ། དེ་གཉིས་དབྱེར་མི་ཕྱེད་པ་ཟུང་འཇུག་དོན་དམ། ཕྱི་མ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡི་ལྡོག་པ་ལྔར་ཕྱེ་བས་ལྷག་པའི་དཀོར་བདུན་ངོ་བོ་ཉིད་བདེན་པ་དབྱེར་མེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཉིད་ཡུལ་ཅན་སེམས་ཀྱི་གནས་ལུགས་སུ་བཞུགས་པ་དེ་སེམས་ཅན་ཐམས་ཅད་རིགས་གཅིག་གི་ཚུལ་དུ་བཞུགས་པས་བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ་པར་གསུངས་པ་དེ་ཡིན་ལ། རྫས་གཅིག་གི་ཁྱབ་པར་བསྟན་པ་གཏན་མིན་པས། དེ་ལྟ་བུའི་གནས་ལུགས་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་དེ་ཐོས་བསམ་གྱི་ཤེས་རབ་ཀྱིས་ཚོགས་ལམ་པས་དོན་སྤྱིའི་ཚུལ་གྱིས་རྟོགས། སྦྱོར་ལམ་པས་དེ་ལ་མྱོང་བ་ཐོན། མཐོང་ལམ་པས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བར་མངོན་སུམ་ཡུལ་རང་གསལ་དུ་རྟོགས་དགོས་པའི་གོ་བ་སྤྱིར་བཏང་ནས་ལས་དང་པོ་པའི་སྐབས་སུ་གཏན་ཚིགས་ཆེན་པོ་བཞིས་གཏན་ལ་ཕབ་ནས་ངེས་པའི་བློ་ཁྱད་པར་ཅན་བསྐྱེད་པ་ལ་ལྟ་བ་ཞེས་བྱའོ། །དེ་ཡང་ལྟ་བའི་ངེས་པ་བསྐྱེད་པ་ལ། གཉིས་པ་འཁྲུལ་པ་བཏགས་པའི་གཞི་འདི་ཉིད་ཆོས་ཅན་དུ་མ་བཟུང་ན་དེའི་ཆོས་ཉིད་དེ་ལོགས་སུ་གཞལ་མི་ཤེས་པས། དེ་ངོས་བཟུང་བའི་ཕྱིར། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་གསུངས་པས། སེམས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་བདེ་བར་གཤེགས་པའི་སྙིང་པོ་བདེན་པ་དབྱེར་མེད་དེ་ལྟར་ཡིན་པ་ལ། རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པས་རང་ངོ་མ་ཤེས། གཞིའི་གནས་ཚུལ་དེ་ལ་སྣང་ཚུལ་གཟུང་འཛིན་བདེན་པར་ཞེན་པའི་དབང་གིས་ཡུལ་མེད་ཡུལ་དུ་བཟུང་བ། སེམས་མེད་སེམས་སུ་བཟུང་བའི་ལོག་རྟོག་སྟེ། དེ་སྟོན་པར་བཞེད་ནས། རྩ་རྒྱུད་ལས། བདག་དང་བདག་གི་གཞན་རྣམས་ནི། །ལོག་པ་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྤྱོད་པས། །གཞན་དུ་གཡོ་བ་ཅི་ཡང་མེད། །ཅེས་གཞན་རང་རྒྱུད་པས་འཁོར་རྩ་བདག་འཛིན། ཐལ་འགྱུར་པས་བདེན་འཛིན་ལ་བཞེད་ཀྱང་། འདིར་ནི་མ་རིག་པ་ལོག་པར་རྟོག་པའི་ཤེས་པ་ཉིད་ལ། རྩ་རྒྱུད་ལས། ཨ་ཧོཿ སྲིད་རྩིའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད། །ཅེས་པས། དེས་བཟུང་ཚུལ་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བློས་ཕར་བཏགས་པ་ཙམ་ལས་ཡུལ་གྱི་སྟེང་ན་རང་རྒྱུད་པ་ལྟར་རང་གི་མཚན་ཉིད་ཀྱིས་གྲུབ་པར་མི་བཞེད་པས། ལོག་རྟོག་ཉིད་ལ་ཉིད་སྤྱོད་པས། །ལོག་རྟོག་སྒྱུ་མ་ཉིད་ཀྱང་ངོ་། །ཞེས་གསུངས། འཁྲུལ་པའི་ཆོས་ཐམས་ཅད་མ་རིག་པའི་རོལ་པས་ལོག་པར་རྟོག་པའི་ཆོ་འཕྲུལ་འབའ་ཞིག་པ་འདི་ལྟར་སྣང་བ་ནི། ལོག་རྟོག་གི་རྒྱུན་སྔ་མ་ཉིད་ལ་ཕྱི་མ་ཉིད་སྤྱོད་པ་རྨི་ལམ་གྱི་སྣང་བ་ལྟར་ལོག་པར་རྟོག་པའི་འཕྲུལ་སྣང་ཙམ་ཉིད་ལས་གཞན་དུ་འཁྲུལ་པའི་རྒྱུ་ཕྲ་ཞིང་ཟབ་པ་ཅི་ཡང་ཡོད་པ་མ་ཡིན་ཏེ། དེའི་རྒྱུ་མ་རིག་པས་བདག་དང་། ཕུང་པོ་ལྔ་དང་། ཞེན་པའི་རྒྱུན་རྣམས་སུ་སྣང་བ་ཉིད་ཀྱི་ཕྱིར། དཔེར་ན་རྨི་ལམ་གྱི་སྣང་བ་བཞིན་ནོ། །དེ་ལྟར་ན་མ་ཧཱ་ཡོ་ག་རང་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་བཞག །རྩ་རྒྱུད་ལས། ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ། །ཞེས་གསུངས། དེ་ཡང་ཐ་སྙད་པའི་ཤེས་ངོར་སྣང་ཡང་རྣམ་པར་དཔྱད་ན་ལོག་རྟོག་ཙམ་ཡང་ཡོད་པ་མ་ཡིན་པས་འཁོར་བ་སྣང་ཙམ་ཉིད་ནས། ཡང་དག་པར་མ་གྲུབ་པ་ལྷག་པའི་བདེན་པ་དབྱེར་མེད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དེ་དོན་དམ་བདེན་པ་དང་། སྒྱུ་མ་ལྟ་བུར་རང་སྣང་མ་འགགས་པར་ལྷ་རྟོག་དབྱེར་མེད་དུ་བཞུགས་པས་དེ་ངེས་པ། སྔགས་རང་ལུགས་ཀྱི་བདེན་པ་གཉིས་སུ་འཇོག་པས་རྒྱུའི་ཐེག་པ་དང་བསྲེ་བར་མི་བྱའོ། །དེས་ན་རིག་པའི་དགག་བྱ་ལོག་རྟོག་བདེན་པར་ཞེན་པ་དེ་ཡིན་ལ། ལམ་གྱི་དགག་བྱ་འཁྲུལ་པའི་ཤེས་པ་ལ་མ་དག་པར་སྣང་བ་དེ་ཉིད་འོག་ཏུ་འཆད་པའི་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་གསུམ་གྱིས་བསྐྱེད་རིམ་སྒོམ་པ་དེས་དགག་དགོས་པ་ཡིན་ལ། བསྐྱེད་རིམ་གྱི་སྒོམ་པ་དེ་ལྟ་བ་ཡིན་པར་ཁས་ལེན་ནུས་པའོ། །དེས་ན་ཐ་མལ་གྱི་སྣང་ཞེན་འགོགས་པ་ལ་བསྐྱེད་རིམ་གྱི་ཡུལ་གསུམ་གྱད་དུ་མ་གྱུར་གྱི་བར་གོམས་པས་དཔེར་ན་མི་སྡུག་པ་གོམས་པས་ས་གཞི་ཀེང་རུས་ཀྱི་སྣང་བར་འཆར་བ་བཞིན་དུ་གོམས་པས་ཐ་མལ་མ་དག་པའི་སྣང་བ་ལྡོག་ནུས་ཀྱང་ད་དུང་དེ་ལ་གྱ་ནོམ་ལྷར་ཞེན་གྱི་སྣང་བ་ཡོད་པ་དེས་འཆིང་བས་དེ་འགོགས་པ་ལ་རྫོགས་རིམ་གྱི་ལམ་གྱིས་རླུང་སེམས་ཀྱི་འཛིན་པ་དབུ་མའི་དབྱིངས་སུ་བཅིང་ནས་དཔེ་དང་དོན་གྱི་འོད་གསལ་རིམ་གྱིས་རང་རྒྱུད་ལ་འདྲེན་པའི་སྟོབས་ཀྱིས་རྗེས་ཐོབ་ན་ལྷར་ཞེན་གྱི་འཛིན་པ་དེ་ཡང་སྒྱུ་མ་ལྟར་འཆར་དགོས་པའི་གནད་རྣམས་ཟིན་པར་བྱས་ནས། ལོག་རྟོག་བདེན་པར་ཞེན་པ་དེ་དགག་པ་ལ། རྟོགས་པ་བཞིའི་གཏན་ཚིག་གིས་གྲུབ་མཐའ་མཉམ་རྫོགས་ཆེན་པོའི་རང་བཞིན་དུ་གཏན་འབེབ་ཅིང་ངེས་པར་བྱ་བའི་ཕྱིར། རྩ་རྒྱུད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་རླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས། དང་པོ་ནི། འདི་ལྟར་ལོག་པའི་རྟོག་པ་དང་དེའི་སྣང་བ་ཉིད་ཀྱང་འབྱུང་བཞིའི་འཕོ་འགྱུར་ནམ་མཁའི་ངང་ལས་མ་གཡོས་བཞིན་དུ་དོན་ལ་ཆོས་ཉིད་བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པ་ལས་གཞན་དུ་གཡོ་བ་ཅི་ཡང་མེད་པ་ནི། རྒྱུ་གཅིག་པའི་རྟགས་ཀྱིས་སྒྲུབ་པ་སྟེ། དེ་ཆོས་ཅན་དུ་བཀོད་ན། འདི་ལྟར་སྣང་བའི་འཁོར་འདས་ཀྱི་སྣང་བ་ཆོས་ཅན། རྒྱུ་སྐྱེ་བ་མེད་པ་སྟོང་པ་ཉིད་དུ་རོ་གཅིག་སྟེ། བདེན་པའི་གཅིག་དང་དུ་མ་བྲལ་བའི་ཕྱིར། དཔེར་ན་འཇིམ་པའི་བུམ་པ་བཞིན། ཞེས་སོ། །དེས་མཚོན་ཆོས་ཐམས་ཅད་བློས་བརྟགས་པ་ཙམ་ལས་བདེན་པའི་གཅིག་དང་དུ་མ་བྲལ་བའི་ཕྱིར་རོ། །གཉིས་པ་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ནི། ཇི་ལྟར་ལོག་རྟོག་གི་རྒྱུན་རྣམ་པར་དག་པས་ཆོས་ཐམས་ཅད་སྟོང་ཉིད་ཀྱི་དབྱིངས་སུ་རྒྱུ་གཅིག་ན་སྣ་ཚོགས་སུ་སྣང་བ་མི་རིགས་སོ། །ཞེས། སྟོང་པ་ཉིད་རྟེན་འབྲེལ་རང་བཞིན་མེད་པའི་འཆར་ཚུལ་དུ་གོ་བ་རྙེད་པའི་ངོར། སྟོང་པ་ཉིད་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་དེ། རྟེན་འབྲེལ་འགགས་པ་མེད་པའི་འཆར་ཚུལ་ལྷ་རྟོག་དབྱེར་མེད་པ་ལ་ངེས་པ་སྐྱེ་བའི་ཕྱིར། དེ་ཡང་སྐྱེ་མེད་མཚོན་པ་ཨའི་ཚུལ་ཏེ། གསུང་གི་རང་བཞིན་དེ་ཉིད་ལ་ཅིར་ཡང་མི་འགགས་པས་དབང་བསྒྱུར་བ་མཚོན་པ་ཨུའི་ཚུལ་ཏེ་སྐུའི་རང་བཞིན། དེ་གཉིས་མཚམས་སྦྱར་བ་གཉིས་མེད་དུ་རྟོག་པ་རིག་པ་ཡེ་ཤེས་ལྔར་གསལ་བ་མཚོན་བྱེད་ༀ་གྱི་ཚུལ་དུ་རྟོགས་པ་ཐུགས་ཀྱི་རང་བཞིན་ཏེ། དེ་དག་མཚོན་པ་ལ། ཆོས་ཅན་དུ་འགོད་ན། འདི་ལྟར་མ་དག་པའི་སྣང་བ་འདི་ཆོས་ཅན། ལྷ་རྟོག་དབྱེར་མེད་དུ་འཆར་དུ་རུང་སྟེ། ཡི་གེ་ཨ་ཨུ་ༀ་གསུམ་གྱིས་མཚོན་པ་རྟེན་འབྲེལ་རང་བཞིན་མེད་པ་སྐུ་གསུང་ཐུགས་སུ་འཆར་བའི་ཕྱིར། དཔེར་ན་སྐྱུ་རུ་རང་བཞིན་ས་བོན་འོ་མས་བྲན་པ་བཞིན་ནོ། །ཞེས་སོ། །སྔ་མ་དེ་གཉིས་ཀྱིས་ལམ་གྱི་གནད་ལྟ་བ་བདེན་པ་གཉིས་ལ་སྒྲོ་འདོགས་བཅད་ནས། གསུམ་པ་འདི་བདེན་གཉིས་དབྱེར་མེད་དུ་རྟོགས་པ་དེ་གོམ་ན་དེ་བཞིན་རྟོགས་ནས་གོམ་ན་མངོན་དུ་གྱུར་ནུས་སམ། ནུས་ན་ཕྱིར་མི་ལྡོག་གམ་སྙམ་ན། འདི་ལ་སྤྱིར་བློས་རྟོགས་ཚད་མངོན་དུ་གྱུར་དགོས་པ་མིན་ཀྱང་། འདིར་ནི་བདེན་པ་དབྱེར་མེད་སྐུ་ཐུགས་ཟུང་དུ་འཇུག་པ་ཉིད་རྟོགས་ནས་གོམ་ན་མངོན་དུ་འགྱུར་བར་མ་ཟད་སླར་མི་ལྡོག་པར་ངེས་པ་བསྐྱེད་པའི་སླད་དུ་ཆོས་ཅན་འགོད་ན། ཡེ་ཤེས་ཀྱི་རོལ་པ་ཆོས་ཅན། ཁྱོད་ཇི་ལྟར་རྟོགས་ནས་གོམས་ན་ཁྱོད་ཇི་ལྟ་བ་བཞིན་མངོན་དུ་འགྱུར་ནུས་པའི་ཕྱིར། དཔེར་ན་ཆབ་རོམ་ཆུར་ཞུ་བའི་ནུས་པའམ་བྱིན་བརླབས་ཡོད་པ་བཞིན། ཞེས་སོ། །བཞི་པ་གཏན་ཚིགས་དེ་རྣམས་ཚད་མ་གང་གིས་རྟོགས་ནུས་སྙམ་ན། མངོན་སུམ་བཞི་ལས་འཕགས་པའི་མངོན་སུམ་འདི་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་བློ་ཡིན་པའི་ཕྱིར་དང་། དེ་ལྟར་དམིགས་པའི་བློ་དེ་དྲི་མ་ཟད་བྱེད་ཡིན་པའི་ཕྱིར་དང་། དེ་དང་ལྡན་པའི་གང་ཟག་དེ་ཉེས་ཟད་ཡིན་པའི་ཕྱིར་ན་རྗེས་དཔག་ལོང་བ་བརྒྱུད་པ་ལྟ་བུར་མ་ཡིན་པར་གཞན་འཕགས་པའི་མངོན་སུམ་ལ་ཐུག་དགོས་པའི་ཕྱིར། ཡེ་ཤེས་ཀྱི་རོལ་པ་ཁྱོད་ཆོས་ཅན། དེ་ལྟར་རང་རིག་མངོན་སུམ་གྱི་ཡུལ་མེད་རང་གསལ་དུ་རྟོགས་ནུས་ཏེ། འཕགས་པའི་མངོན་སུམ་ཡིན་པའི་ཕྱིར། དཔེར་ན་ཆོས་དབྱིངས་མངོན་སུམ་མཐོང་བ་བཞིན་ཞེས། གཞན་གྱི་མངོན་སུམ་རྗེས་དཔག་གི་རྟགས་སུ་འགོད་པ་ཚད་མའི་སྤྱི་སྐད་ཡིན་ཏེ་ཡུལ་མེ་ཏོག་ལྡན་གྱི་བྲག་རྫོང་ན་ཆོས་ཅན་ཆུ་མེད་དེ། ལྷས་སྦྱིན་གྱིས་མ་མཐོང་བའི་ཕྱིར། ཞེས་པ་བཞིན་མངོན་སུམ་པའི་རྟགས་ཀྱིས་མངོན་སུམ་རྟོགས་པ་ཡོད་ཅེས་བཀོད་ན་ཆོག་གོ། །འདི་ལྟར་གཏན་ཚིགས་སྔགས་ཀྱི་བདེན་པ་གཉིས་ལ་ངེས་པ་ཐུན་མིན་དུ་འགྲོ་བར་བྱ་དགོས། སྒྱུ་འཕྲུལ་གྱི་མན་ངག་པདྨའི་མན་ངག་ལྟ་བའི་ཕྲེང་བ་ན་འདི་དག་ལས། གོང་མའི་མན་ངག་གི་ངོ་སྤྲོད་ཞིག་གསུང་མ་གནང་བས་འདི་མ་ཧཱ་ཡོ་གའི་ལྟ་བའི་གནད་ཤིན་ཏུ་གལ་ཆེ་བར་སྣང་བས་དེ་བཞིན་ངེས་དགོས་པ་རྣམས་ཀྱིས་གཞི་ཤེས་པའི་མཚན་ཉིད་ལྟ་བ་བསྟན་ནས། གཉིས་པ་ལམ་གྱི་རྣམ་པར་བཞག་པ་ལ་སྤྱི་དང་བྱེ་བྲག་གཉིས་ཀྱི། དང་པོ་རྒྱུད་ཀྱི་དངོས་པོ་བཅུ་ལས་དང་པོ་ལྟ་བ་ནི་གཞི་ཤེས་པར་བྱ་བ་དང་མར་འབྲེལ། འབྲས་བུ་ཐོབ་པར་བྱ་བ་དང་ཡར་འབྲེལ་བས། གཞིའི་གནས་ལུགས་རྟོགས་ཚུལ་དང་འབྲེལ་བས་གཞི་དང་མཉམ་དུ་བསྟན་ནས། ལམ་རྒྱུད་ཕྱི་མ་སྤྱོད་པ་དང་། དབང་དང་། དམ་ཚིག་དང་། མཆོད་པ་དང་། སྔགས་དང་། ཏིང་ངེ་འཛིན་དང་། སྒྲུབ་པ་དང་དགུའོ། །དེ་དག་ངེས་པར་བྱ་བ་ལ་རྒྱུད་ཀྱི་བཤད་པ་ཐོས་བསམ་གྱི་ཤེས་རབ་ཀྱིས་ངེས་པ་སྤྱིར་བཏང་ནས། འདིར་ནི་བྱེ་བྲག་ཏུ་གྱུར་པ་ཏིང་ངེ་འཛིན་ནམ་རྐྱེན་འཇུག་པའི་མཚན་ཉིད་བསྒོམ་པ་ལ་བསྐྱེད་རིམ་དང་རྫོགས་པའི་རིམ་པ་གཉིས་བསྒོམ་པ་རྒྱུད་འདིའི་ལམ་གྱི་གཞུང་ཤིང་ལྟ་བུ་ཡིན་པས། དང་པོ་ཐ་མལ་མ་དག་པའི་སྣང་ཞེན་གྱི་གཉེན་པོ་ཐབས་བསྐྱེད་པའི་རིམ་པ་རྒྱ་ཆེ་བའི་ཕྱོགས་ཇི་ལྟར་གོམ་པ་ནི་གཙོ་བོར་སྦྱོར་ལམ་དྲོད་ཐོབ་པ་ཚོགས་སྒྲུབ་དང་འབྲེལ་ནས་བཤད་པ་རྒྱུད་ཀྱི་དངོས་བསྟན་ཡིན་པའི་ཤུགས་ཀྱིས་འཕང་བ་གཙོ་བོ་ལས་དང་པོ་པའི་སྐབས་ནས་ཐབས་བསྐྱེད་པའི་རིམ་པ་ལ་ཇི་ལྟར་གོམ་པ་ལ་གསུམ། སྔོན་འགྲོ་དང་། དངོས་གཞི། རྗེས་ཀྱི་བྱ་བ་དང་གསུམ་ལས། དང་པོ་གང་དུ་སྒྲུབ་པའི་གནས་རྒྱུད་ལས་བཤད་པ་བཞིན་མཚན་ཉིད་ཚང་བ། གོང་མས་ཞབས་ཀྱིས་བཅག་པ། བཀྲ་ཤིས་ཤིང་བྱིན་རླབས་དང་ལྡན་པ་གཞི་བདག་དཀར་པོའི་ཕྱོགས་ལ་དགའ་བ། སྐྱེ་བོའི་འདུ་འཛིས་དབེན་པ་ཞིག་ནི་ངེས་པར་དགོས་པ་སྤྱིར་བཏང་ལ། བྱེ་བྲག་ཏུ་དུས་འཁོར་རྩ་རྒྱུད་ལས། གང་དུ་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་རྒུ་རྣམས། །བདེ་གནས་ས་འཛིན་རྩོད་པ་མེད། །དེར་ནི་རྣལ་འབྱོར་ཡོ་ག་བརྩམ། །ཞེས་དང་། སྒོས་ནི། བསྡུས་རྒྱུད་ལས། གང་དུ་སེམས་ནི་རབ་ཏུ་ཚིམ་པར་གྱུར་པ་དེར་ནི་སྒྲུབ་པ་བྱའོ་མི་ཡི་བདག་པོ་ཀྱེ། །ངེས་པར་འཇམ་པའི་མལ་ཆ་དག་དང་རྟེན་ལ་ཉེ་བར་འདུག་ལ་སྔར་བརྗོད་སྲུང་བ་བྱས་ནས་ནི། ཞེས་དང་། དགོངས་འདུས་ལས། ཡིད་མཐུན་བྱུང་ན་གྲོང་ཁྱེར་ཡིན་ཡང་རུང་། །ཞེས་རྒྱུན་གྱི་ཉམས་ལེན་གྱི་གནས་ལ་ངེས་པ་མེད་པར་ཡང་གསུངས་ལ། མདོར་ན་རང་གང་དུ་ཡིད་དགའ་ཞིང་ཉེར་འཚེ་མེད་པ་དེར་བསྒོམ་པར་གསུངས་ལ། དུས་ཚོད་ཡང་རྒྱུད་ལས། ཤིན་ཏུ་སྐར་མ་རྒྱལ་ལ་གཏད། །ཚེས་གྲངས་ཡར་གྱི་ངོ་ལ་བྱ། །གསུངས་པས་ལས་དང་པོ་པས་ཟླ་བ་ལྔ་པའི་ཚེས་བཞི་ནི་གུ་རུ་རིན་པོ་ཆེས་དགོངས་འདུས་ལས་གསུངས་པའི་གཟའ་ཕུར་བུ་སྐར་མ་རྒྱལ་འཛོམ་པའི་བཀྲ་ཤིས་པའི་དུས་ཡིན་པས། དེར་སྒྲུབ་པའི་དབུ་འཛུག་པ་ལ། གནས་ཁང་ཕྱག་དར་དང་ཞི་ཁྲོའི་གཏོར་མ་དཀར་དམར་གཉིས་དང་སྨན་རཀ་ཉེར་སྤྱོད་བཅས་དང་། འཛོམ་ན་རྒྱུད་མགོན་ལེགས་ལྡན་གྱི་གཏོར་མ། བརྟན་མ་རྒྱུན་བཞག་བཅས་དང་། སྒོ་དྲུང་དུ་ཐོ་དཀར་པོ་བརྩིགས། ཐོ་བྱང་ལ་ཕྱག་ན་རྡོ་རྗེའི་སྐུའམ་སྔགས་བྱང་། རྒྱལ་ཆེན་བཞིའི་སྔགས་བྱང་གཤམ་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། སོགས་བྲིས་ཏེ་པྲ་རྩིས་མནན་པ་དང་། རང་གི་གདན་འོག་ཏུ་ས་དཀར་གྱི་གཡུང་དྲུང་གཡས་འཁྱིལ་དང་། ཀུ་ཤ་རྩེ་མོ་ནང་བསྟན་གྱིས་རྒྱ་གྲམ་གྱི་རྣམ་པར་བཀོད་པའི་སྟེང་། བསམ་གཏན་གྱི་འབོལ་ཆུང་མདུན་དམའ་བ་ཕྱི་ནས་ཅུང་ཟད་མཐོ་བར་བཏིང་ནས་ཕྱི་དྲོ་དབང་གི་དུས་སུ་སྒྲུབ་པའི་དབུ་འཛུག་དགོས་ལ། དེ་ཡང་རྒྱུན་བཤགས་སྔོན་དུ་སོང་ནས་སྒོ་དྲུང་དུ་ཕྱིན་ནས། རྒྱལ་ཆེན་གྱི་གཏོར་མ་བཞིའམ་གཅིག་གིས་འཐུས་པས། དེ་དང་ཉེར་སྤྱོད་བཅས་བཤམས་པ་བྱིན་གྱིས་བརླབས་ནས། གང་དག་འདིར་གནས་སོགས་དང་། དེའི་མཐར་རྒྱལ་ཆེན་བཞིའི་སྔགས་ལ་ཉེར་སྤྱོད་དང་གཏོར་མའི་སྔགས་བཏགས་པས་ཐོ་འཛུག །དེ་ཡང་རྒྱལ་ཆེན་ཡུལ་འཁོར་སྲུང་དྲི་ཟའི་དཔུང་དང་བཅས་པས་ཤར་ནས་ལྷོའི་བར་དུ་ཕྲེང་བས་སྦྲེལ་བ་ཞིག་སོགས་བཤད་རྒྱུ་ཡོད་ཀྱང་། ཞལ་རྒྱུན་ལ། རྒྱལ་པོ་ཆེན་པོ་རྣམས་སྔོན་གྱི་དམ་ཚིག་གི་དབང་གིས་སྒྲུབ་པ་པོ་སྲུང་བ་ཆོས་ཉིད་ཡིན་པས། ཕྱོགས་སོ་སོ་ན་རྒྱལ་ཆེན་བཞི་རང་རང་གི་དཔུང་དང་བཅས་པ་དམག་གི་ཕྲུ་མ་བཞིན་བཞུགས་པར་བསམ་པས་ཆོག་ཅེས་གསུངས། དེ་ནས་བགེགས་གཏོར་བཏང་བ་ལ་དཀྱིལ་ཆོག་གི་ནང་ལྟར་རང་ཉིད་ཞེ་སྡང་རྡོ་རྗེའི་ང་རྒྱལ་ལ་གནས་པས་གཏོར་མ་བྱིན་གྱིས་བརླབས་ཏེ། རང་གི་ཚེ་རབས་ཀྱི་ལན་ཆགས་པའི་བགེགས་ཀྱི་བདག་པོ་དང་བདག་མོ་རྣམས་ལ་འདོད་ཡོན་བསམ་གྱིས་མི་ཁྱབ་པའི་དངོས་པོར་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བསྔོས་ཏེ། བདག་གི་བྱང་ཆུབ་སྒྲུབ་པའི་གེགས་དང་བར་ཆད་མ་བཏང་བར་བདེན་པའི་ཚིག་གིས་དཀྲོལ། གལ་ཏེ་མི་ཉན་ཅིང་གདུག་པའི་སེམས་ཀྱིས་འདུག་ན་ཁྲོ་བོ་འཆོལ་བའི་ཚོགས་སྤྲོས་ཏེ་ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་སོགས་དང་ཧཱུྃ་བཞིའི་སྔགས་ཐུན་གྱིས་གཟིར་ཞིང་སྒྲུབ་པའི་གནས་ཀྱི་ཕ་མཐར་བསྐྲད། ཧཱུྃ་ཞེས་བརྗོད་པས་སོགས་ནས་མཚོན་ཆ་ལྔའི་སྲུང་བའི་འཁོར་ལོ་ཕྱི་ནང་རིམ་པ་ལྔ་པ་བྱ་སྒོང་ལྟར་སྲུབ་མེད་པ་ཕྱི་རོལ་ནས་ཡེ་ཤེས་ཀྱི་མེ་དང་མེ་དཔུང་གི་རང་བཞིན་ཁྲོ་ཆུང་གི་ཚྭ་ཚྭ་འཕྲོ་བ་རང་གི་གནས་ཀྱི་གནམ་ས་འབྱར་བར་སྣང་བའི་ནང་ཚུན་ཆད་དུ་བསྒོམ། ནམ་མཁའི་མཐའ་ཚུན་ཆད་ཟེར་བ་དེ་མ་བརྟགས་པའི་གཏམ་ཡིན། དེ་ལ་དགོས་པ་ལྷག་པོ་མེད། འདི་དང་རྒྱལ་ཆེན་ཐོ་འཛུག་གཉིས་ཀྱི་སྐབས་དམིགས་གསལ་ཡོད་ན་དམིགས་རྡིལ་བཞག །འོན་ཀྱང་མཚམས་མ་གྲོལ་བར་དུ་སུ་འཇུག་མ་དགོས་ན་ཤིན་ཏུ་ལེགས། སྲུང་འཁོར་འདི་མཚམས་མ་གྲོལ་བར་བསྡུ་རིམ་གྱི་དུས་སུ་མི་བསྡུ་བར་ཐུན་རེ་རེ་བཞིན་གསལ་འདེབས་པ་དང་། དགོང་མོ་ཉལ་ཁའི་དུས་སུ་ཆེར་གསལ་བཏབ་སྟེ་ཉལ་བར་བྱ་དགོས་པ་དཔལ་སྤྲུལ་རིན་པོ་ཆེའི་གསུང་རྒྱུན་ཡིན། དེ་ནས་བཤགས་པ་ནས་བསྙེན་པའི་བར་ནར་འདེད་ཀྱིས་བསྙེན་པ་སྟོང་རྩ་ཙམ་སོང་བ་དང་། སྲོད་ཀྱི་སྐབས་དེ་ཉིད་ལ་ཚོགས་མཆོད་རྒྱས་པ་ཞིག་བྱས་ཏེ་འཇུག་ཆོག་རྣམས་རྫོགས་པར་བྱས་ཏེ་ཉལ། ཕྱི་ཉིན་ཐོ་རེང་གི་དུས་སུ་མལ་ནས་ལྡང་སྟེ་གོས་ཚགས་ལེགས་པར་བསྒོས་ཏེ་སྟན་ལ་འདུག་ནས། རང་རང་གི་ལུགས་ཀྱི་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པས་རྒྱུད་ལེགས་པར་སྦྱང་། འབུམ་ལྔ་ཙམ་ཚང་བར་བྱེད་ན་འདིར་སྦྱང་། མིན་ཀྱང་སྔོན་འགྲོ་བློ་ལྡོག་བཞིས་རྒྱུད་འཁུལ་ནུས་པ་ཞིག་ཁག་ཆེ་བས། དེ་ཉིན་བདུན་ནམ། བདུན་ཕྲག་གསུམ་ལ་ལེགས་པར་བློ་སྦྱང་། དེ་བར་ལས་བྱང་བཏང་མི་དགོས། སྲུང་བའི་འཁོར་ལོ་དེ་ཡིད་ཀྱིས་གསལ་གདབ། ཁྱད་པར་དངོས་གྲུབ་ཀྱི་གེགས་སྦྱང་ནས་རྒྱུད་སྣོད་རུང་དུ་བྱ་བ་ལ། ཡེ་ཤེས་སྐུ་མཆོག་གི་བཤགས་པ་དང་འབྲེལ་བའི་ཕྱག་དང་བཤགས་པ་ཅི་ནུས་སུ་བསགས། དེ་ལྟར་སྔོན་དུ་འགྲོ་བའི་རིམ་པས་སྤྱིར་རྒྱུད་སྦྱང་པས། ཕན་ཡོན་བགེགས་དང་བར་ཆད་ཞི་བ་དང་། ལྷ་མཉེས་པས་རྒྱུད་བྱིན་གྱིས་བརླབ་པར་མྱུར་བ་དང་། དངོས་གཞིའི་ཏིང་ངེ་འཛིན་ལ་བློ་གོམས་སླ་བ་དང་། ཚོགས་གཉིས་དང་ཁྱད་པར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་དང་། གཞི་ལམ་འབྲས་གསུམ་གྱི་རྟེན་འབྲེལ་ཁྱད་པར་ཅན་འགྲིམས་ཤིང་རྒྱུད་སྨིན་པ་དང་། ཚེ་རབས་ཐམས་ཅད་ལྷག་པའི་ལྷས་རྗེས་སུ་འཛིན། གནས་སྐབས་སུ་ལས་དང་དངོས་གྲུབ་ཀྱི་ཁྱད་པར་རབ་འབྱམས་ལ་དབང་བ་སོགས་དགོས་པ་དཔག་ཏུ་མེད་པ་ཡོད་པས་སྔོན་དུ་བྱ་བ་རྣམས་གལ་ཆུང་དང་དོན་མེད་མི་བསམ་པར་གནད་དུ་སྨིན་པར་བྱ་དགོས་པ་ཡིན་ནོ། །གཉིས་པ་དངོས་གཞི་སྒྲུབ་པ་ལ་དངོས་སུ་འཇུག་པ་ལ་བསྐྱེད་རྫོགས་གཉིས་ཀྱི་དང་པོ་ལ། ཐུན་རྣམས་ཀྱི་སྔ་དྲོའི་ཐུན་ལ་ལས་བྱང་རྒྱས་པ་ཞིག་བཏང་། ཕྱི་མ་རྣམས་ལ་ཚོགས་བསགས་དང་མཚོན་ཆ་ལྔའི་སྲུང་འཁོར་སྔགས་ཙམ་དང་། ཉེར་སྤྱོད་སྨན་རག་གཏོར་མ་བཅས་སྔགས་ཙམ་དང་། དངོས་གཞི་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནས་ལྷ་བསྐྱེད་ཡོངས་སུ་རྫོགས་པའི་བར་རྣམས་ནར་འདེད་ཀྱིས་བཏང་། དབང་བསྐུར་བྱིན་རླབས་གཉིས་སྔགས་ཙམ་གྱིས་འཐུས་ལ། སྤྱན་འདྲེན་བཞུགས་གསོལ་གཉིས་གཞུང་གི་ཚིག་སྔགས་བཅས་པ། ཀུན་བཟང་བཞི་བསྣོལ་སྨན་རག་གཏོར་མ་རྣམས་སྔགས་ཙམ་དང་། བསྟོད་པ་རྣམ་དག་དྲན་པ་ཡིན་པས་ག ཞུང་བཞིན་དུ་བཏང་ནས། གཟོད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནས་རིམ་པར་སེམས་དམིགས་པ་ལ་བསླབ་ནས་ཐུན་གྱི་སུམ་ཆ་གཉིས་དང་། ཆ་ཕྱི་མ་ལ་བསྙེན་པ་བཟླ་བར་བྱའོ། །དགོང་ཐུན་གྱི་མཇུག་ཏུ་ལེགས་ལྡན་གྱི་གཏོར་བསྔོ་ཡང་བྱའོ། །འདི་ནི་ལམ་ངེས་རྫོགས་ཀྱི་དབང་དུ་བྱ་བ་ཡིན་པས་བཀའ་གཏེར་གཉིས་ཀར་ཆོ་གའི་འགྲོས་འདི་སྦྱར་ཆོག་པས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། གཞུང་གི། དངོས་རྣམས་ཉིད་ན་དངོས་མེད་པ། །སོགས་ཚིགས་བཅད་གཅིག་བརྗོད་ནས། འདི་བསྒོམ་ཚུལ་ལ་གཉིས། རིག་པ་སྤྱི་བླུགས་སུ་འཇོག་པ་དང་། དཔྱད་པའི་རྗེས་ལ་འཇོག་པ་གཉིས་ཞེས་ཞལ་རྒྱུན་དུ་འབྱུང་བ་བཞིན། དང་པོ་ནི། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་དུ་སྔར་གྱི་གཏན་ཚིགས་ཀྱིས་ངེས་པས། ཡུལ་སྐྱེ་མེད་ཀྱི་རྣམ་པ་ལ་བློས་རྩིས་མེད་དུ་འཇོག་པའོ། །གཉིས་པ་ནི། རྒྱུད་ལས་གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིབས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །ཞེས་པས། རང་གི་སེམས་ལ་ཡོད་པའི་རྒྱུ་མཚན་ལ་ཡང་དཔྱད་ན་གང་ཡང་མི་རྙེད་པས་དབྱིབས་དང་ཁ་དོག་ཕོ་མོ་མ་ནིང་མཚན་མེད་དང་། རྒྱལ་རིགས་སོགས་རིགས་བརྒྱུད། སྐྱེ་འགགས་གནས་གསུམ་དུ་བརྟགས་ཀྱང་གང་ཡང་གྲུབ་པ་མེད་པར། རྒྱུད་ལས། ཆོས་རྣམས་མིང་དུ་བཏགས་པ་ཙམ། །ཞེས་གསུངས་པས། མིང་དང་བརྡས་ཕར་བཏགས་པ་ཙམ་མ་གཏོགས། རང་བཞིན་གྱིས་བདེན་པར་གྲུབ་པ་མེད་ངེས་སྙམ་པའི་ངེས་པ་རྙེད་ངེས་སུ་དཔྱད་ནས། དེ་ནས་སྟོང་ཉིད་ཀྱི་དོན་སྤྱི་ལ་སེམས་གྲིམ་ལྷོད་སྙོམས་པར་རྩེ་གཅིག་ཏུ་བཞག །ཤེས་པ་ཁོང་ལྷོད་ལ་བཞག །འཛིན་སྟོང་གི་ངར་ཆ་མ་ལྷོད་པར་བཞག །ངར་ཆ་ཤོར་ན་ཡང་སེམས་གྲིམ་དུ་བཏང་། ཡང་རྣམ་རྟོག་འཚུབས་ནས་དམིགས་པ་མི་གསལ་ན་ཅུང་ཟད་ལྷོད་ལ་ཁོང་སྒྲིམ། རྟོག་པ་ཆེར་འཕྲོས་ན་སྒོམ་འཕྲོ་བཅད་ལ་དེ་མ་ཐག་དམིགས་པ་གསལ་བཏབ་པ་དེ་ལ་སེམས་གཅིག་ཏུ་གཏད། ཡང་དམིགས་པ་ཡིད་ཡུལ་ནས་བརྗེད་ནས་སྒོམ་རྒྱུ་བློ་ཡུལ་ན་མེད་པར་རྣམ་རྟོག་ཕྲ་མོ་ཤར་ནས་འདུག་ན་འོག་འགྱུ་བྱ་བ་ཡིན་པས་དེའི་འཕྲོ་རྦད་ཀྱིས་བཅད། རྣམ་རྟོག་རྒྱ་འབྱམས་སུ་སོང་ན་སྐྱོན་ཆེ་བས་སླར་དེ་འདྲ་མི་འབྱུང་བར་བྱེད་སྙམ་པའི་ཞེ་བཅད་དྲག་པོ་བྱ། ཁམས་ཉོག་པ་དང་གཉིད་བྲོ་བ་སོགས་བྱུང་ན། གདོང་ལ་ཆུ་ལྕག་བྲབ་པ་དང་ཁྲུས་བྱ། གོས་སྲབ་ཏུ་གཏོང་། མཐོ་ཞིང་བསིལ་སར་སྡོད། ཤེས་པ་ཡེར་ན་ཟས་བཅུད་ཅན་བརྟེན། གོས་དྲོ་བར་བྱ། གནས་མུན་པ་ཅན་དང་དམའ་སར་སྡོད། དེ་དག་གིས་མ་སེལ་ན་རེ་ཞིག་བསྒོམ་འཕྲོ་བཅད་ལ་ངལ་གསོ། བསྒོམ་མི་ནུས་པའི་ལེ་ལོ་སྐྱེ་ན། མ་བརྩོན་པའི་ཉེས་དམིགས་དང་། བརྩོན་འགྲུས་ཀྱི་ཕན་ཡོན་དམ་པ་གོང་མའི་རྣམ་ཐར་རྣམས་དྲན། འདོད་ཡོན་གྱིས་སེམས་གཡེང་ན། འདོད་ཡོན་ལ་ཆགས་པ་དང་། འབྲས་བུ་འཁོར་བའི་ཉེས་དམིགས་དྲན་ནས་ཞེན་འཁྲིས་རྦད་ཀྱིས་བཅད། དམིགས་པའི་གསལ་སྣང་ཁྱད་པར་ཅན་སྐྱེ་ན་ཅུང་བཟད་ངལ་གསོ། ཡང་འཕྲོ་འཐུད་དེ་བསྒོམ། སྐབས་རེར་གསལ་མི་ཐེབས་པའི་ཨུ་ཐུག་བྱུང་ན། ད་དུང་ནན་ཏན་མི་བྱེད་པར་སྒོམ་འཕྲོ་བཅད་ལ་རེ་ཞིག་ངལ་གསོ། ཡང་བསྒོམ་ན་སྒོམས་ལ་མྱོང་བའི་སྣེ་ཟིན་ནས་འོང་། ཏིང་ངེ་འཛིན་བསྒོམ་དུས་དང་། ལྷ་བསྒོམ་པའི་སྐབས་གང་ལ་སྔ་མ་ལ་བརྟན་པ་མ་ཐོབ་པར་དམིགས་པ་གཞན་དང་གཞན་ལ་སྤོ་ནས་བསྒོམ་པ་ནི་ཏིང་ངེ་འཛིན་གྱི་སྐྱོན་ཤིན་ཏུ་ཆེ་བ་ཡིན་པས། བློ་གཞན་དུ་མི་འགྲོ་བར་དམིགས་པ་དེ་ཁོ་ན་ལ་བསྒྲིམ་པ་དེ་བསྒོམ་དགོས། འདི་ནི་ཐོག་མཐའ་བར་གསུམ་གྱི་སེམས་འཛིན་ཐམས་ཅད་ལ་ཤིན་ཏུ་གལ་ཆེ་བས། སྒོམ་ཚུལ་དེ་ཡན་ལ་བཤད་ཚུལ་ཆོས་རྗེ་མི་ཕམ་གྱིས་སྤྱི་དོན་འོད་གསལ་སྙིང་པོ་ལས་ཉེས་པ་ལྔ་སྤང་། འདུ་བྱེད་བརྒྱད་བརྟེན། སེམས་གནས་པའི་ཐབས་དགུའི་སྒོ་ནས་བསྒོམ་དགོས་གསུངས་པ་ཤིན་ཏུ་ཟབ་པའི་མན་ངག་ཏུ་སྣང་བས། དེ་ལྟར་གོམ་ན་རིམ་གྱིས་སེམས་ཇེ་གནས་སུ་འོང་བའི་སྟེང་ནས་ཉམས་ལྔ་རིམ་པར་འབྱུང་བས་དེའི་ཚུལ་ནི། དེ་ལ་བསམ་གཏན་མི་འགྲུབ་པའི་ཉེས་པ་ལྔ་ནི། ལེ་ལོ་དང་། གདམས་ངག་བརྗེད་པ་དང་། བྱིང་རྒོད་དང་། གཉེན་པོ་འདུ་མི་བྱེད་པ་དང་། བྱིང་རྒོད་ཞི་ན་ཡང་ཧ་ཅང་རྩོལ་བས་འདུ་བྱེད་པའོ། །དེ་ལ་དང་པོ་གཉིས་ཀྱིས་ཏིང་ངེ་འཛིན་ལ་འཇུག་པའི་སྦྱོར་བ་ལ་གེགས་བྱེད། གསུམ་པས་དངོས་གཞི་དང་། ཐ་མ་གཉིས་ཀྱིས་ཏིང་ངེ་འཛིན་གོང་འཕེལ་དུ་འགྱུར་བ་ལ་གེགས་བྱེད་པས་དེ་དག་སྤོང་བའི་གཉེན་པོ་བརྒྱད་ནི། དད་པ། འདུན་པ། རྩོལ་པ། ཤིན་སྦྱང་། དྲན་པ། ཤེས་བཞིན། སེམས་པ། སེམས་འདུ་བྱེད་བཏང་སྙོམས་ཏེ། དང་པོ་བཞིས་ལེ་ལོ་སྤོང་སྟེ། ཏིང་ངེ་འཛིན་ཐོབ་པ་ལ་དད་པས་འདུན་ཅིང་། དོན་དུ་གཉེར་ནས་རྩོལ་བ་བསྐྱེད་པས་ཤིན་ཏུ་སྦྱང་བ་ཐོབ་སྟེ། ལེ་ལོ་སྤངས། གདམས་ངག་མི་བརྗེད་པའི་དྲན་པ་དང་། བྱིང་རྒོད་བྱུང་ན་རྟོག་པ་སྤོང་བའི་གཉེན་པོ་འདུ་བྱེད་སེམས་པ་དང་། བྱིང་རྒོད་ཞི་ཚེ་རྣམ་རྟོག་འདུ་མི་བྱེད་པའི་བཏང་སྙོམས་སུ་གནས་པ་རྣམས་ནི་གདམས་ངག་བརྗེད་པ་ལ་སོགས་པའི་གཉེན་པོ་རིམ་པ་བཞིན་ནོ། །ཚུལ་དེ་ལྟ་བུས་ཏིང་ངེ་འཛིན་སྒྲུབ་པ་སྟོབས་དྲུག་དང་ལྡན་དགོས་ལ། དེ་ཡང་ཐོས་པ། བསམ་པ། དྲན་པ། ཤེས་བཞིན། བརྩོན་འགྲུས། ཡོངས་སུ་འདྲེས་པའི་སྟོབས་སོ། །ཡིད་ལ་བྱེད་པ་བཞིའི་གནས་སྐབས་ཅན་གྱི་སེམས་གནས་པའི་ཐབས་དགུ་རིམ་པར་སྒྲུབ་དགོས་པས། ཡིད་བྱེད་བཞི་ནི། བསྒྲུབ་སྟེ་འཇུག་པའི་ཡིད་བྱེད། ཆད་ཅིང་འཇུག་པའི་ཡིད་བྱེད། ཆད་པ་མེད་པར་འཇུག་པའི་ཡིད་བྱེད། རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་བཞིའོ། །དེ་ལྟར་སེམས་གནས་པའི་ཐབས་དགུའི་སྒོ་ནས་འཇོག་པ་ལ། མདོ་ལས། འཇོག་པར་བྱེད། བསྡུས་ཏེ་འཇོག་པར་བྱེད། བརླན་ཏེ་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། དུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། ཏིང་ངེ་འཛིན་དུ་བྱེད། ཅེས་གསུངས་པས། དེ་ཡང་ཐོས་པས་འཇོག །བསམ་པས་རྒྱུད་དུ་འཇོག །དྲན་པས་དམིགས་པ་ལ་སླར་བརླན་ཏེ་འཇོག་པ་དང་ཉེ་བར་འཇོག །ཤེས་བཞིན་གྱིས་དུལ་བ་དང་། ཞི་བར་བྱེད་དེ་འཇོག །བརྩོན་འགྲུས་ཀྱི་རྣམ་པར་ཞི་བས་རྩེ་གཅིག་ཏུ་ཡོངས་སུ་འདྲིས་པས་སེམས་བྱིང་རྒོད་དང་བྲལ་བའི་མཉམ་པར་འཇོག་པ་དང་འགྲུབ་པས་དེ་ཡང་ཡིད་ལ་བྱེད་པ་བཞིའི་སྒོ་ནས། སེམས་དང་པོ་གཉིས་ཀྱི་སྐབས་ཡིད་བྱེད་དང་པོ་བསྒྲིམ་སྟེ་འཇུག་པའི་ཡིད་བྱེད་གཙོ་བོར་དགོས་ལ། གསུམ་པ་ནས་བདུན་པའི་བར་དུ་ཆད་ཅིང་འཇུག་པའི་ཡིད་བྱེད་དགོས་ལ། བརྒྱད་པའི་དུས་ན་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་དགོས། དགུ་པའི་དུས་ན་རྩོལ་བ་མེད་པར་འཇུག་པའི་ཡིད་ལ་བྱེད་པ་དགོས་སོ། །དེ་ལྟར་གནས་སྐབས་དགུ་པོ་དེ་དག་ཀྱང་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་ལྟ་བུ་དང་། ཐོབ་པའི་ཉམས་རོང་ཁུང་དོག་མོའི་ཆུ་ལྟ་བུ་དང་། གོམས་པའི་ཉམས་ཆུ་ཀླུང་ལྟ་བུ་དང་། བརྟན་པའི་ཉམས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་དང་། མཐར་ཕྱིན་པའི་ཉམས་རི་བོ་ལྟ་བུའི་ཉམ་ལྔ་རིམ་པར་སྐྱེ་བས། ད་ནི་ཚུལ་དེ་དག་གནད་མཐུན་པར་ཉམས་སུ་ལེན་པའི་མན་ངག་ཏུ་བསྟན་ན། ཏིང་ངེ་འཛིན་མ་ཐོབ་པའི་སྐྱོན་དང་། ཐོབ་པའི་ཡོན་ཏན་དང་། སེམས་བཞག་ཐབས་ཀྱི་གདམས་ངག་ཐོབ་པའི་སྟོབས་ཀྱིས་ཏིང་ངེ་འཛིན་སྒོམ་པ་ལ་དད་འདུན་བསྐྱེད་ལ་ཤིན་ཏུ་བསྒྲིམ་པའི་རྩོལ་བས་ལེ་ལོ་སོགས་སྤང་སྟེ་དམིགས་པའི་ཡུལ། གང་དམིགས་སུ་བསལ་བ་དེའི་དོན་ལ་བཞག་པར་བྱ་བ་ནི་ཐབས་དང་པོའོ། །དེའི་ཚེ་ན་སྐད་ཅིག་ཀྱང་མི་སྡོད་པར་རྣམ་རྟོག་གློག་བཞིན་གཡོ་ན་ཡང་། རྩོལ་བ་བསྐྱེད་དེ་ཡང་ཡང་སྦྱང་། རྣམ་རྟོག་མང་དུ་སོང་བ་འདྲ་ན་སྐྱོན་མིན་ཏེ། སྔར་སེམས་ལ་བལྟ་མ་མྱོང་བས། ད་རྣམ་རྟོག་ངོས་ཟིན་པ་ཡིན་གོང་མ་དག་གིས་ཞལ་ནས། རྣམ་རྟོག་མང་དུ་སོང་བ་འདྲ་ན་སེམས་སྤྲོ་ཤི་ནས་ང་ལ་སྒོམ་མི་སྐྱེ་སྙམ་པ་བྱུང་ན། དེ་དུས་སེམས་སྤྲོ་བ་བསྐྱེད་དགོས་ཏེ། སྒོམ་སྐྱེ་བའི་སྔ་རྟགས་ཡིན་གསུངས་པ་བཞིན་ཤེས་དགོས་སོ། །ཏིང་འཛིན་གྱི་གདམས་ངག་ཐོས་པའི་དོན་བསམ་པའི་སྟོབས་ཀྱིས་དམིགས་པ་སྔ་མ་ལ་གནས་པའི་རྒྱུན་མཐུད་ཅི་ནུས་སུ་བྱ་བ་ཐབས་གཉིས་པའོ། །ཐབས་དང་པོ་འདི་གཉིས་ཀྱི་དུས་ན་གནས་པའི་རྒྱུན་འབྱུང་དཀའ་ཡང་། བསྒྲིམ་ཞིང་བསྒྲིམ་པའི་ཡིད་བྱེད་ཀྱི་རྒྱུན་དེ་ལ་བཞག་པར་བྱའོ། །སེམས་སྐར་མདའ་བཞིན་དུ་གཡོ་བ་དེ་དམིགས་པ་སྔ་མའི་རྒྱུན་ལས་གཞན་དུ་གཡེང་བའི་ཚེ། ཆུ་དྲག་པོ་ལམ་སྲོལ་དུ་འཇུག་པ་ལྟར། དྲན་པས་སླར་ཡང་རང་ཤུལ་དུ་བླན་ཏེ་བཞག་པ་ནི་ཐབས་གསུམ་པའོ། །བཞག་ཐབས་དང་པོ་འདི་གསུམ་གྱི་དུས་ན་ཤོག་སྐྱ་རླུང་གིས་ཁྱེར་བའམ། རི་གཟར་གྱི་ཆུ་བཞིན་དུ་གཡོ་བའི་ཉམས་ཀྱི་སྐབས་ཡིན་པས། རྣམ་རྟོག་ཤུགས་དྲག་དེ་གནས་པའི་གོ་སྐབས་རྙེད་དཀའ་བས། དཔེར་ན་ཆུ་དྲག་པོ་ལ་ཆུ་ལོན་བརྩིགས་པ་ལྟར་སེམས་མི་ཞུམ་པར་འབད་པར་བྱའོ། །ཤིན་ཏུ་གདུལ་བར་དཀའ་བ་སེམས་ཀྱི་རྟ་རྒོད་དེ། དྲན་པའི་ཐག་པས་དམ་དུ་བཅིང་ཞིང་། ལྷོད་པའི་འདུ་བྱེད་བཏང་སྙོམས་ཀྱི་ར་བར་བཅུག་ལ། རྩོལ་བའི་སྲས་ཀྱིས་ཁ་ལོ་དྲང་བ་བཞིན་གཅེས་སོ། །ཡང་སྔ་མ་ལས་དྲན་པ་ཅུང་ཟད་སྟོབས་སུ་གྱུར་པའི་ཚེ་ན་དམིགས་ཡུལ་དེ་ཉིད་ལ་སེམས་ཅུང་ཟད་གནས་པར་རྩོམ་ན། རྩེ་གཅིག་པའི་ཚུལ་གྱིས་སེམས་ནང་དུ་བསྡུས་ནས་དམིགས་པ་ཁོ་ན་ལ་ཉེ་བར་འཇོག་པ་ནི་བཞི་པའོ། །དཔེར་ན་བྱ་རྒོད་གཟན་ལ་འཁོར་བ་བཞིན། བློ་དམིགས་པ་ལ་ཅུང་ཟད་འཁོར་བ་ཡིན་པས་དྲན་པའི་རྒྱུན་བརྟན་པར་བྱ་བ་གལ་ཆེའོ། །དེ་ནས་ཏིང་ངེ་འཛིན་ལ་ངང་གིས་སྤྲོ་བ་ཅུང་ཟད་སྐྱེ་ནས། བུང་བ་གནས་གཅིག་ཏུ་ཡུན་རིང་མི་སྡོད་པར་མྱུར་དུ་གཡོ་བཞིན་པར་རྩི་བཅུད་འཐུང་བ་ལྟར་བཞག་པ་ལ་མོས་པ་སྐྱེ་བའི་ཚེ་ན་སྔ་མ་ལྟ་བུའི་རྣམ་རྟོག་གི་གཡོ་བ་མི་བཟད་པ་རྣམས་ཅུང་ཟད་དུ་དུལ་བ་ཐོབ་པ་ནི་ལྔ་པའོ། །ཉེར་འཇོག་དང་དུལ་བ་འདི་གཉིས་གནས་སྐབས་དང་པོ་རྣམས་ལས་ཅུང་ཟད་བཞག་པ་དེ་ཡིན་པས་ཐོབ་པའི་ཉམས་ཞེས་བྱ་སྟེ། ཏིང་ངེ་འཛིན་སྐྱེ་བའི་མགོ་དང་པོར་རྩོམ་པའམ་དྲོད་ཅུང་ཟད་ཐོབ་པ་ཡིན་ནའང་། དཔེ་རོང་ཁུང་གི་ཆུ་ལྟར་རྣམ་རྟོག་ཕྲ་བ་མང་པོ་བྲེལ་བཞིན་འཚུབ་པའི་རྒྱུན་འགྲིགས་པ་ཡོད་དོ། །དེ་ལྟར་ནའང་རི་གཟར་གྱི་ཆུ་ལས་རོང་ཁུང་ཆུ་ཅུང་ཟད་དལ་བ་ལ་དཔེར་བྱས་པའོ། །དུལ་བ་འདིའི་སྐབས་ན། བུམ་པར་ཆུད་པའི་བུང་བ་མ་བཏང་བར་གཞན་དུ་འགྲོ་དབང་མེད་པ་བཞིན། དམིགས་པ་ལ་སེམས་གཏད་པའི་ཚེ། དམིགས་པ་ཡིད་ཡུལ་ནས་མི་འབོར་ཀྱང་། རྟོག་པ་གཡོ་བ་རྒྱུན་མི་ཆད་པ་ཡིན་ལ། དེའི་དུས་ན་དམིགས་པ་དེ་ཡི་ངང་དུ་མི་བསྒུལ་བར་ཤེས་བཞིན་གནས་པ་གཅེས་སོ། །དེ་ལྟར་ཤེས་བཞིན་དུ་དེར་གནས་ཚེ་བྱིང་རྒོད་བྱུང་ན་དེ་བསལ་ཕྱིར་སེམས་པས་སོ་སོའི་གཉེན་པོ་ཚུལ་བཞིན་འདུ་བྱེད་པའི་སྒོ་ནས་གེགས་སུ་གྱུར་པའི་རྣམ་རྟོག་སྣ་ཚོགས་རང་བཞིན་དུ་འདུ་བ་དེ་ཞི་བར་བྱ་བ་ནི་དྲུག་པའོ། །དེ་ལྟར་ཞི་བར་གྱུར་ན་བྱིང་རྒོད་ཀྱི་སྐྱོན་མེད་པའི་ཆུ་རྙོགས་མ་དྭངས་པ་ལྟར། དེ་མི་བསྒུལ་བར་བཞག་སྟེ། སྐྱེས་བུ་ངལ་གསོ་བ་ལྟར་བཏང་སྙོམས་ཀྱི་ངང་ལ་ཤེས་བཞིན་དུ་གནས་པར་བྱའོ། །རྣམ་རྟོག་ཅུང་ཟད་ཞི་བའི་ཚུལ་དེ་གོང་འཕེལ་དུ་གྱུར་པ་ལས། རྣམ་རྟོག་རྣམས་རྒྱས་བྱེད་ཀྱི་གནས་སུ་གྱུར་པ་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་། ཆུ་རྙོགས་རིམ་གྱིས་དྭངས་པ་བཞིན་ཉེ་བར་ཞི་བའི་ཚུལ་གྱིས་གཡེང་བ་སྤོང་བ་ནི་བདུན་པའོ། །གཡེང་བའི་སྐྱོན་རྣམས་ཐག་བསྲིང་བར་གྱུར་པ་ཞི་བ་དང་ཉེར་ཞི་གཉིས་པོ་འདིའི་ཚེ་ན་གོམས་པའི་ཉམས་ཆུ་ཀླུང་ལྟ་བུ་ཞེས་བྱ་སྟེ། ཆུ་ཀླུང་དལ་བ་རྒྱང་ནས་གཡོ་བ་མེད་པ་ལྟར་སྣང་ཡང་དྲུང་ནས་བལྟས་ན་བར་མ་ཆད་པར་འགྲོ་བ་བཞིན་དུ། སེམས་གནས་པ་ལྟར་སྣང་ཡང་། ཞིབ་ཏུ་བརྟགས་ན་གཡོ་བ་ཕྲ་མོ་མང་བ་ཡིན་ནོ། །དེ་ཡི་དུས་ན་བརྩོན་པས་གོང་ནས་གོང་དུ་སྤེལ་བར་བྱ་བ་གལ་ཆེའོ། །བླན་འཇོག་ནས་བརྩམ་སྟེ་འདིའི་བར་དུ་བྱིང་རྒོད་ཀྱིས་བར་བཅད་ནས་སླར་དམིགས་པ་ལ་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན་པས་ཤེས་བཞིན་དང་སེམས་པ་དང་བཏང་སྙོམས་གསུམ་གྱིས་ཅི་རིགས་པར་འདུལ་བ་གལ་ཆེ། བརྩོན་པ་བསྐྱེད་པའི་སྟོབས་ཀྱིས་སྔ་མ་ལས་ཁྱད་པར་གྱི་རྩོལ་བ་མ་བཏང་ན་རྟོག་པས་བར་བཅད་མི་ནུས་པར་དམིགས་པ་ལ་རྩེ་གཅིག་གནས་པ་ནི་འདུ་བྱེད་དང་བཅས་པའམ། རྩེ་གཅིག་པ་ཞེས་བྱ་བ་བརྒྱད་པའོ། །འདི་ལ་བརྟན་པའི་ཉམས་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་ཟེར་ཏེ་དམིགས་པ་གནས་ཤིང་རྩོལ་བ་དང་བཅས་ན་རྒྱུན་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་ཀྱི་སྐབས་ཡིན་ལ། འདི་དུས་དམིགས་པ་ལ་བཏང་སྙོམས་སུ་འཇོག་པ་གལ་ཆེའོ། །འདུ་བྱེད་དང་བཅས་པའི་སྐབས་དེ་གོང་ནས་གོང་དུ་འཕེལ་བ་ལས་རྩོལ་བ་མི་དགོས་པར་ངང་གིས་འཇུག་པའི་མཉམ་བཞག་ཐོབ་པ་སེམས་གནས་དགུའི་ཐ་མ་སྟེ། འདོད་སེམས་རྩེ་གཅིག་པ་ཞེས་ཀྱང་བྱ་ལ། སྔ་མ་རྣམས་གོམས་ཤིང་ཡོངས་སུ་འདྲིས་པའི་སྟོབས་ཀྱིས་ཐོབ་པ་ཡིན་ནོ། །མཐར་ཕྱིན་པའི་ཉམས་རི་བོ་ལྟ་བུ་གཡོ་འགུལ་མེད་པ་འདི་ནས་མགོ་བརྩམ་སྟེ་འབྱུང་བའོ། །འདོད་སེམས་རྩེ་གཅིག་པ་དེ་གྲུབ་ན། སེམས་གཏད་པའི་དམིགས་པ་ལ་རྩོལ་བ་མེད་པར་གནས་ལ། སྤྱོད་ལམ་ཀུན་ཏུ་ངང་གིས་གནས་ཤིང་། རང་གར་ཅི་ཡང་མི་བསམ་པར་བཞག་ན་སྣང་བ་འགགས་ཤིང་སེམས་ནམ་མཁའ་དང་འདྲེས་པ་ལྟ་བུའི་ཉམས་འཆར་ལ། དེ་ལས་ལང་བ་ན། ལུས་གློ་བུར་དུ་བྱུང་བ་སྙམ་པ་དང་། ཆགས་སྡང་གི་རྟོག་པ་ཤུས་ཇེ་ཆུང་ལ་སོང་། གསལ་ཉམས་ཆེ་དུས་དངོས་པོའི་རྡུལ་ཕྲན་བསྒྲང་ཐུབ་པ་ལྟ་བུའི་བདེ་གསལ་མི་རྟོག་གསུམ་གྱི་ཉམས་ཅི་རིགས་པ་སྐྱེའོ། །གཉིད་ཀྱང་ཏིང་ངེ་འཛིན་དང་འདྲེས་པ་ལྟ་བུ་དང་། རྨི་ལམ་ཕལ་ཆེར་དག་པར་འབྱུང་ཡང་། ད་དུང་ལུས་སེམས་ཤིན་སྦྱང་གི་བདེ་བ་འདྲེན་མི་ཐུབ་ན་ཞི་གནས་མཚན་ཉིད་པ་མིན་ན་ལྷག་མཐོང་ག་ལ་ཡིན། སེམས་གནས་པའི་ཉམས་ཐན་ཐུན་ལ་ས་ལམ་མཐོན་པོར་རློམ་པར་མི་བྱ་བར་ལམ་གྱི་གནད་ལ་མཁས་པར་བྱ་དགོས་པས། དེ་འདྲའི་འདོད་སེམས་རྩེ་གཅིག་པ་དེའི་ངང་དུ་གོམས་པར་བྱས་པས་ལུས་དང་སེམས་ལས་སུ་རུང་བར་གྱུར་པ་ནི་ཤིན་སྦྱང་ཞེས་བྱ་སྟེ། སེམས་དེ་རྟ་ཤིན་ཏུ་དུལ་བ་རང་དབང་དུ་གྱུར་པ་བཞིན་དུ་བསྐྱེད་རྫོགས་ཀྱི་དམིགས་པ་ལ་ཇི་འདོད་འདོད་དུ་བཀོལ་དུ་བཏུབ་ཅིང་། སེམས་ལ་འཚེར་བག་སོགས་མི་བདེ་བ་ལྟ་བུའི་གནས་ངན་ལེན་དང་ཡོངས་སུ་བྲལ་བའི་བདེ་བ་དང་། དེའི་སྟོབས་ཀྱིས་ལས་སུ་རུང་བའི་རླུང་ལུས་ལ་རྒྱུ་བས་ལུས་ལྡང་བ་སོགས་བཀོལ་དུ་མི་བཏུབ་བའི་གནས་ངན་ལེན་དང་བྲལ་ནས། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་། འོ་མའི་ཆུ་རྒྱུན་དྲོན་མོས་བཀྲུས་པ་ལྟར་བདེ་བའི་རྣམ་པ་དང་། དེ་འདྲའི་ཤིན་ཏུ་སྦྱང་བ་དེ་དང་པོར་རགས་པ་དེ་ནས་ཕྲ་བ་རིམ་བཞིན་སྐྱེ་ལ། རགས་པའང་དང་པོ་ཕྲ་མོ་ནས་བརྩམ་མཐར་ཡོངས་སུ་རྫོགས་པ་གསལ་པོར་འབྱུང་ཞིང་། རགས་པ་དེས་སེམས་གཡོ་བས་ན་རིམ་བཞིན་དེའི་ཤུགས་ཟད་ནས་གྲིབ་མ་ལྟར་སྲབ་པའི་ཤིན་སྦྱང་ཕྲ་མོ་མི་གཡོ་བ་ཏིང་ངེ་འཛིན་དང་མཐུན་པ་འབྱུང་ངོ་། །དེ་ལ་ཞི་གནས་ཞེས་བྱ་ལ། ཚུལ་དེས་བསྐྱེད་རྫོགས་གང་བསྒོམས་ཀྱང་ཚད་དང་ལྡན་པ་འབྱུང་བ་ཡིན་པས་འདི་ལྟར་ཉམས་ལྔ་མཐར་ཕྱིན་པར་བསྒོམ་པ་ནི་གལ་ཆེ་བས། དང་པོ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་སྒོམ་ཚུལ་ལ་སྦྱར་ནས་ཞི་གནས་སྒྲུབ་ཚུལ་རྒྱས་པར་བཤད་པའོ། །སྟོང་པ་ཆེན་པོའི་ཏིང་ངེ་འཛིན་བསྒོམ་པའི་དགོས་པ་ཆོས་ཀྱི་སྐུ་ལ་གཟུགས་སྐུ་འཆར་བའི་རྟེན་འབྲེལ་མངོན་དུ་བྱ་བ་དང་། འདི་མན་ཆད་ཀྱི་བསྐྱེད་པ་ཐམས་ཅད་ཡེ་སྟོང་རྫོགས་པ་ཆེན་པོས་ཟིན་པས་དངོས་པོ་དང་མཚན་མར་ཞེན་པའི་མདུད་པ་ལས་གྲོལ་བའི་དགོས་པ་ཡོད་དོ། །དེ་ཡང་ལམ་བསྒྲོད་ཚུལ་གྱི་དབང་དུ་བྱས་ན། སྟོང་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་ཚོགས་ལམ་ཆུང་ངུ་། སྙིང་རྗེ་སྒྱུ་མའི་ཏིང་ངེ་འཛིན་གྱིས་འབྲིང་པོ། རྒྱུའི་ཏིང་ངེ་འཛིན་ལས་ཕྱག་རྒྱའི་ལྷར་གསལ་བ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་གྱིས་ཚོགས་ལམ་ཆེན་པོ་བསྒྲོད་དགོས་པས་མདོ་སྔགས་གཉིས་ཀའི་ལུགས་ལྷག་མཐོང་གི་གོ་བ་ཙམ་གྱི་སྟེང་ནས་ཞི་གནས་མཚན་ཉིད་པ་ཞིག་སྒྲུབ་པས་ཚོགས་ལམ་བསྒྲོད་དགོས་པ་ལ་ཁྱད་པར་མེད། སྦྱོར་ལམ་ལ་སྐབས་འདིར་ཕྱག་རྒྱ་སྤྲོས་བཅས་ཀྱི་འཕོ་བར་གསུངས་པ་ལ། དེ་ལ་གཟོད་རྫོགས་རིམ་གྱི་མན་ངག་མ་བསྣན་ན་མི་བསྒྲོད་པས་རྫོོགས་རིམ་གྱིས་རླུང་སེམས་དབུ་མར་ཐིམ་པའི་སྟོབས་ཀྱིས་དྲངས་པའི་ལྷག་མཐོང་དཔེའི་ཡེ་ཤེས་ལ་མྱོང་བ་ཐོན་པ་ཞིག་གིས་བསྒྲོད་དགོས་ལ། མཐོང་ལམ་དུ་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པ་དོན་གྱི་འོད་གསལ་སྐྱེས་ནས་དེའི་རྗེས་སུ་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་ལྡང་བར་གསུངས་པ་བཞིན་ངེས་པར་བྱས་ནས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཉམས་ལྔ་མཐར་ཕྱིན་པར་བྱས་ནས། སེམས་རང་བཞིན་ངང་གིས་ཏིང་ངེ་འཛིན་ལ་འཇུག་པ་ཞིག་གི་བར་སྒོམ་ནུས་ན་ཕྱི་མ་འདི་རྣམས་ལ་དཀའ་བ་ཆེར་མེད་པར་དམིགས་རྣམས་སྤོས་ནས་སྒོམ་ན་ཡུན་མི་རིང་བར་ཏིང་ངེ་འཛིན་ཁྱད་པར་ཅན་འགྲུབ་པའོ། །གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་བརྗོད་ནས། དེ་བཞིན་ཉིད་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་སྒོམ་ནས། སྙིང་རྗེ་དེ་ལ་སེམས་རྩེ་གཅིག་པས་བརྟན་པ་མ་ཐོབ་པར་བསྒོམ་པའོ། །དེའི་དགོས་པ་སྟོང་པ་མཐའ་གཅིག་ཏུ་ཞེན་པ་གྲོལ་ནས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་ངང་ནས་རང་རིག་པ་རང་བྱུང་གི་ཡེ་ཤེས་གསལ་ལ་འཛིན་པ་མེད་པ་སྦྱོར་ལམ་དུ་འཆར་བ་ནི་དེ་ཡི་དགོས་པའོ། །གསུམ་པ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་གྱི་སྔ་རོལ་དུ། རྒྱུའི་ཏིང་ངེ་འཛིན་བསྒོམ་པ་ལ། དངོས་པོ་མེད་ལས་སོགས་བརྗོད་ནས། དེ་ཡང་ངོ་བོ་སྟོང་པ་ཉིད། གདངས་སྙིང་རྗེ་ཆེན་པོ། རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་རྣམ་པ་ཡི་གེ་ཨ་དཀར་པོར་བསྒོམ་པར་བྱ་སྟེ། རྒྱུད་ལས། ཨ། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །སོགས་གསུངས་པས། ཨ་དེ་ལ་སེམས་ཤིན་ཏུ་བརྟན་པ་བསམ་གཏན་གྱི་དངོས་གཞི་མ་འགྲུབ་པར་བསྒོམ། དེ་བརྟན་པ་ན། དེ་ལས་ཨ་དཀར་པོ་གྲངས་མེད་པ་འཇིག་རྟེན་དུ་སྤྲོ་བའོ། །འདི་ལ་ཏིང་ངེ་འཛིན་གྱི་བརྟན་པ་ཁྱད་པར་ཅན་ཐོབ་ན་འོག་གི་ལྷ་བསྐྱེད་པ་དང་སྔགས་བཟླ་བ་སོགས་ལ་མི་ལྟོས་པར་ཞི་རྒྱས་དབང་དྲག་གི་ལས་བསམ་གྱིས་མི་ཁྱབ་པ་རྣམས་སྒྲུབ་པ་རང་དབང་འབྱོར་བ་ཡིན་ཏེ། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་སོ། །དེ་ནས་ལྷ་བསྒོམ་པ་ལ། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་བསྒོམ་པ་གཉིས་ཀྱི་དང་པོ་ལ། འོད་གསལ་བའི་སེམས་ཉིད་ལ་གཞལ་ཡས་ཁང་གི་བཀོད་པ་ཅི་ཡོད་པ་དེ་ཉིད་ཀུན་བཟང་ཞི་བ་བཞུགས་པའི་གནས་ཡིན་པས་འདིར་དེ་བསྐྱེད་པ་ནི། གཞི་དབང་ཆེན་གྱི་དཀྱིལ་འཁོར་གསལ་བ། སེམས་ཉིད་ཨ་དཀར་པོ་སོགས་ནས་འབར་བའོ། །སོགས་བརྗོད་ནས་གསལ་བར་བསྐྱེད། གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། རི་རབ་སོགས་ནས། རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན་བར་བརྗོད་ནས་གསལ་བར་བསྐྱེད། གསུམ་པ་གདན་ནས་ལྷ་བསྐྱེད་པ་ཡོངས་སུ་རྫོགས་པའི་བར་ལན་གཅིག་གསལ་བཏབ་ནས། གཟོད་གཙོ་བོ་ཕྱག་རྒྱ་གཅིག་པའི་ལྷར་སྣང་ལ་གསལ་འདེབས་པ་ལ་གསུམ། ལྷ་སྣང་ལ་བསླབ་པ། ང་རྒྱལ་ལ་བསླབ་པ། དག་དྲན་ལ་བསླབ་པའོ། །དང་པོ་ལ་གཉིས་ཏེ། ལྷའི་རྣམ་པ་སྤྱི་ལ་སེམས་འཛིན་པ་དང་། བྱེ་བྲག་ལ་སེམས་འཛིན་པའོ། །དང་པོ་ནི། དེ་ཡང་ཐོག་མ་ནས་དཀྱིལ་འཁོར་ཡོངས་རྫོགས་བསྒོམས་ཀྱང་གསལ་སྣང་འགྲུབ་དཀའ་བས་གཙོ་རྐྱང་ཞིག་བསྒོམ་སྟེ་དེ་ལ་གསལ་སྣང་ཐོབ་ནས་རིམ་གྱིས་དཀྱིལ་འཁོར་སོགས་བསྒོམ་པ་ལ་བསླབ་དགོས་པས། རང་གི་མདུན་དུ་དཀར་ཆ་ཡོད་སར་ཞལ་བསྟན་པའི་ཡི་དམ་གྱི་སྐུ་ཐང་མཚན་ཉིད་ཚང་ཞིང་ཆེ་བ་དྭངས་པ་ཞལ་སྤྱན་ཡོ་བ་སོགས་སྐྱོན་མེད་པ་མཛེས་པ་ཞིག་བཀྲམ། དེ་ཡང་གཏེར་ཆེན་ཡབ་སྲས་ཀྱི་ཕྱག་བཞེས་སྨིན་གླིང་གི་ཕྱག་རྒྱུན་ལ་ཁྲིད་ཐང་ཞེས་ཡུལ་བཀོད་དང་ལྷ་མགྲོན་མང་པོ་མེད་པའི་སྐུ་ངོ་ཐོག་གཙོར་འདོན་བྱས་པ་ཞིག་མཛད་སྲོལ་ལྟར་ཡོད་ན་ལེགས། དེའི་མདུན་དུ་མཆོད་པ་མཚོན་བྱེད་ཙམ་བཤམས། ཐག་ཉེ་བར་རང་གི་སྟན་བཏིང་། ལུས་གནད་དང་ལྡན་པས་ཐོག་མར་མདུན་གྱི་ཐང་ཀ་ལ་མིག་ཅེར་གྱིས་བལྟས་ཏེ་སྐུའི་རྣམ་པ་ངེས་པར་བྱས་ལ་རིག་པ་བསྒྲིམ་ལ་ཅུང་ཞིག་བཞག །ཡང་མིག་བཙུམ་ལ། དེའི་ཐང་ཀའི་དེ་དང་འདྲ་བ་ཞིག་ཨེ་གསལ་བལྟ། མི་གསལ་ན་ཡང་མིག་ཕྱེ་ལ་སྔར་བཞིན་རྒྱུན་ཅི་རིགས་པར་སེམས་མ་ཡེངས་པར་བལྟ། ཡང་མིག་བཙུམ་ལ་སྔར་བཞིན་བསྒོམ། དེ་སྔར་རེས་མོས་ཀྱིས་བསྒོམ་ནས་མཐར་མིག་བཙུམ་དུས་མདུན་གྱི་ཐང་ཀའི་སྐུ་དེ་འདྲ་བ་ལམ་ལམ་གསལ་ན། དེ་རང་གི་ལུས་ལ་ཚུར་སྤོ་སྟེ་བསྒོམ། དེ་ཡང་ཐོག་མར་རང་གི་ལུས་ལ་སྐུའི་རྣམ་པ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་གདན་དང་བཅས་ཝལ་གྱིས་གསལ་གདབ། དེ་ཡང་ཡོངས་སུ་རྫོགས་པར་གསལ་གསལ་ན་དེ་དག་ལ་སེམས་བཟུང་བས་ཆོག །དེ་ཙམ་མི་གསལ་ན་ཐོག་མར་ཡོངས་རྫོགས་གསལ་འདེབས་ཐེང་གཅིག་བྱས་ནས། དེ་ནས་སྐུ་མདོག་དཀར་དམར་ལ་སོགས་པའི་བྱེ་བྲག་དང་། ཞལ་ཕྱག །ཕྱག་མཚན། ཞི་ཁྲོ་སོ་སོའི་རྒྱན་ཆ་དང་རྣམ་འགྱུར་བཞུགས་སྟངས། གདན་ཁྲི། འོད་ཟེར་གྱི་ཕུང་པོ་བྱེ་བ་ཕྲག་དྲུག་དྲུག་འཕྲོ་བ། ཁྲོ་བོ་ཡིན་ན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་ལམ་གྱིས་གསལ་བཏབ། དེ་དག་ལ་ཡུད་ཙམ་ཞིག་བསྒོམ་སྟེ་འཕྲོ་བཅད། ཡང་ཞིབ་མོ་གསལ་འདེབས་ཐེང་གཅིག་བྱས་ཏེ་སྔར་བཞིན་སེམས་བཟུངས། མི་གསལ་ན་སྔར་བཞིན་བྲིས་སྐུ་ལ་བལྟ། དེ་ལྟར་ཡང་ཡང་བྱ་ཞིང་ཉིན་མོའི་ཐུན་གཉིས་ལ་བྲིས་སྐུ་ལ་བལྟ་བ་དང་རང་ལྷ་བསྒོམ་པ་སྤེལ་མ་བྱ། ཐུན་རེ་ལ་འདི་ཙམ་གྱི་ངེས་པ་མེད། ཡང་མཚན་ཐུན་གཞན་གཉིས་ལ་ལྷ་སྐུའི་རྣམ་པ་གསལ་རུང་མི་གསལ་རུང་རེས་བསྒྲིམ་སྟེ་གསལ་འདེབས་དང་འཕྲོ་བཅད་གྱིན་བསྒོམ་རེས་རང་ལྷ་ཡིན་སྙམ་པའི་ང་རྒྱལ་བྱ། རེས་ལྷའི་རྣམ་པ་ཡོད་ཚུལ་ཙམ་ལ་ཤེས་པ་ངལ་གསོ་ཕྱིར་ཀློད་གྱིན་བསྒོམ། སྐབས་འགར་དེའི་བོགས་འདོན་དུ་བྲིས་སྐུ་ལ་ཤེལ་སྒོའམ། མེ་ལོང་གི་འོད་གང་རུང་འཆར་དུ་བཅུག་སྟེ་གཞན་ལ་མ་ཡེངས་པར་དེ་ཁོ་ན་ལ་ཡུན་རིང་དུ་བལྟ། ཡང་མིག་བཙུམ་ནས་རང་ཉིད་ཀྱང་དེ་དང་འདྲ་བར་ཡུད་ཙམ་རེ་བསྒོམ། ཉིན་པར་གྱི་ཐུན་ཐམས་ཅད་དུ་དེ་གས་དུས་འདའ་བར་བྱ། ཐུན་མཚམས་མཚན་མོའི་གུང་དུ་གང་ཡང་ཡིད་ལ་མི་བྱེད་པར་རང་བབ་ཏུ་ལྷོད། ཡང་ན་གཉིད་ཚིམ་པར་ལོག །དེ་ལྟར་སྒོམ་གྱི་སྣ་མ་སུན་པར་རྩེ་གཅིག་ཏུ་གཞུར་བས་ཟླ་བ་དྲུག་ལ་སོགས་པར་དུས་ཐུང་ངུས་གསལ་སྣང་ཁྱད་པར་ཅན་རྫོགས་པར་འགྱུར་ལ། འདི་དག་གི་ཐུན་མཚམས་ཐམས་ཅད་དུ་ལུས་ངག་གི་བྲེལ་བ་ཐམས་ཅད་སྤངས། སེམས་རྣམ་རྟོག་རྒྱ་འབྱམས་སུ་མ་སོང་བ་ལྷའི་གསལ་སྣང་དང་མ་བྲལ་བར་བྱའོ། །གཉིས་པ་བྱེ་བྲག་ལ་སེམས་འཛིན་པ་ལ་གཉིས་ཏེ། རྒྱན་མེད་པ་དང་། རྒྱན་ཅན་ལ་སེམས་འཛིན་པའོ། །དང་པོ་ནི། དེ་ལྟ་བུའི་ལྷ་སྐུའི་གསལ་སྣང་སྤྱི་ཙམ་པའི་འཛིན་སྟངས་མ་ཤོར་བའི་ངང་ནས། བྱེ་བྲག་ཏུ་ཞི་བའི་རིགས་ལ་གཙུག་ཏོར་རམ་སྨིན་མཚམས་དང་། ལྷ་སྐུ་ཁྲོ་ཆགས་དང་ཁྲོ་བོ་ཡིན་ན་སྤྱན་དབུས་ནས་ཐོག་མར་སེམས་བཟུང་། དེ་ཡང་སྤྱན་དབུས་མར་དཔེར་མཚོན་ན། དབུས་གནག་པ་མཐའ་སྐྱ་བ། སྤྱན་རྩ་དམར་ཤིག་གེ་བ། སྤྱན་གཡོན་པ་གྱེན་ལ་བསླང་བ་ལྟ་བུ་སྨིན་མ་དང་བཅས་པ་ཞིག་ཡིད་ཀྱིས་ཡང་ནས་ཡང་དུ་སྒོམ་ལ། གསལ་ཐེབས་པ་ན་དེ་སེམས་མདུང་ཚུགས་སུ་གཏོད་པ་ནི། རབ་བསྒོམ་པས་གསལ་འདེབས་པ་ཞེས་བྱའོ། །དེ་གསལ་མ་ཐེབས་ན་འབྲིང་ངག་ཏུ་བརྗོད་ཅིང་གསལ་འདེབས་ཏེ་དབུས་གནག་པ་སོགས་བརྗོད་པས་དེ་བཞིན་གསལ་འདེབས། དེས་ཀྱང་མི་གསལ་ན་ཐ་མ་བྲིས་པས་གསལ་འདེབས་པ་ཞེས་སྤྱན་དབུས་མ་རི་མོ་མཚན་རྫོགས་ལེགས་པར་བྲིས་པ་ཉེ་རིང་འཚམས་པར་བཞག །མིག་ཕྱེད་བཙུམ་རན་པར་བལྟས་ལ། གསལ་སྣང་ཤར་བ་ན་མིག་བཙུམ་སྟེ། དེ་ལྟ་བུ་ཞིག་རང་གི་སྨིན་མཚམས་སུ་ཡོད་པར་བསྒོམ་ལ་གསལ་འདེབས། གང་ལྟར་ཡང་སེམས་གྲིམ་ལྷོད་རན་པར་རྩེ་གཅིག་ཏུ་བཞག་གོ། །འདི་དག་གི་སྐབས་ན་ཏིང་ངེ་འཛིན་གྱི་གེགས་བྱིང་རྒོད་ཀྱི་སྐྱོན་སེལ་ཚུལ། ཏིང་འཛིན་དང་པོའི་སྐབས་ན་བཤད་ཟིན་ཀྱང་། ལས་དང་པོ་པས་མན་ངག་གི་ཁོག་འཁྲོལ་བ་དཀའ་བས་འདིར་ཡང་འཆད་དགོས་པས་དེ་ལྟ་ན། ཏིང་འཛིན་སྒོམ་པའི་དུས་སུ། ཤེས་པ་ཁོང་ལྷོད། འཛིན་སྟངས་ཀྱི་ངར་ཆ་མ་ཤོར་བར་གྲིམས་སུ་བཏང་། རྣམ་རྟོག་འཚུབས་ནས་མི་གསལ་ན་ཅུང་ཟད་ཀློད་ལ་ཁོང་བསྒྲིམ། རྟོག་པ་ཆེར་འཕྲོ་ན་འཕྲོ་རྦད་ཀྱིས་བཅད། དེ་མ་ཐག་དམིགས་རྟེན་ལ་གཏོད། ཡང་དམིགས་རྟེན་དེ་བློ་ཡུལ་ན་མི་གསལ་བར་ཡོད་ལ་འཛིན་སྟངས་ཀྱི་ངར་ཆ་ཤོར་ན་བྱིང་བ་རག་པ་ཡིན་ལ། དམིགས་རྟེན་དེ་བློ་ཡུལ་ནས་བསྐྱུད་ནས་སེམས་འདི་དྲན་མེད་པར་འདུག་ན་བྱིང་བ་ཕྲ་མོ་ཡིན་པས། འདི་གཉིས་ཏིང་ངེ་འཛིན་གྱི་གེགས་ཤིན་ཏུ་ཆེ་ཤོས་ཡིན་པས། སེམས་བསྒྲིམ་སྟེ་དམིགས་པའི་འཛིན་སྟངས་ཀྱི་ངར་དང་གསལ་ཆ་མ་ཤོར་བར་བྱ་བ་གནད་དུ་ཆེ། དམིགས་རྟེན་བརྗིད་ནས་འོག་འགྱུ་དང་རྣམ་རྟོག་རགས་པ་རྒྱ་འབྱམས་སུ་སོང་ན། སླར་དེ་འདྲ་མི་འབྱུང་བར་བྱེད་སྙམ་པའི་ཞེ་བཅད་དྲག་པོ་བྱ། ཁམས་ཉོག་པ་དང་གཉིད་བྲོ་བ་སོགས་བྱུང་ན། གདོང་ལ་ཆུ་ལྕག་འདེབས། ཁྲུས་བྱ་གོས་སྲབ་ཏུ་བཏང་། མཐོ་ཞིང་བསིལ་སར་བསྡོད། ཡང་ཤེས་པ་ཡེར་ཡེར་པ་བྱུང་ན། ཟས་བཅུད་ཅན་བརྟེན། གོས་དྲོ་བར་བྱ། གནས་མུན་པ་ཅན་དང་དམའ་སར་བསྡོད། དེ་དག་གིས་མ་སེལ་ན་ཅུང་ཟད་ངལ་གསོ། སོས་པ་དང་ཡང་བསྒོམ། བསྒོམ་ལ་མི་སྤྲོ་བའི་ལེ་ལོ་སྐྱེ་ན་མི་བརྩོན་པའི་ཉེས་དམིགས་དང་། བརྩོན་པའི་ཕན་ཡོན་བསམ་ལ་སྤྲོ་ཤུགས་བསྐྱེད། དམ་པ་གོང་མའི་དཀའ་སྤྱད་ཀྱི་རྣམ་ཐར་དྲན། འདོད་ཡོན་གྱི་སེམས་གཡེང་ན། རྒྱུ་འདོད་ཡོན་ལ་ཆགས་པའི་ཉེས་དམིགས་དང་། འབྲས་བུ་འཁོར་བའི་ཉེས་དམིགས་དྲན་པས་ངེས་འབྱུང་གི་ཤུགས་དྲག་ཏུ་བསྐྱེད་ལ་ཞེན་འཁྲིས་རྦད་ཀྱིས་བཅད། གསལ་སྣང་ཁྱད་པར་ཅན་བསྐྱེད་པ་ན་ཅུང་ཟད་ངལ་གསོ། ཡང་འཕྲོ་མཐུད་དེ་བསྒོམ་སྐབས་འགར་གསལ་མི་ཐེབས་པའི་ཧུ་ཐུག་བྱུང་ན། འོང་དུ་རེ་བའི་ནན་ཏན་བསྐྱེད་ན་བསྒོམ་གྱིས་སྣ་སུན་ཁུར་ནས་ཕྱིས་སྒོམ་སྙིང་མི་འདོད་པ་འབྱུང་བས། ནན་ཏན་མི་བྱེད་པར་རེ་ཞིག་ངལ་གསོ། ངལ་སོས་ནས་བསྒོམ་པས་མྱོང་བས་སྣེ་ཟིན་འོང་། ལྷ་གཅིག་བསྒོམ་དུས། དེ་མི་གསལ་བར་ལྷ་གཞན་གསལ་བ་དང་། ཏིང་ངེ་འཛིན་གཞན་ལ་སེམས་ཟིན་པ་སོགས་རྣམ་རྟོག་གི་དུག་ཡིན་པས། དེ་ལ་སེམས་མི་འཕྲོ་བར་རྩ་བའི་དམིགས་པ་ཁོ་ན་ལ་གཏད་དགོས་ཏེ། ཀུན་མཁྱེན་ཆེན་པོས། རེས་དེར་གཏད། རེས་གཞན་དུ་གཏད་ན་དམིགས་པའི་ས་ཟིན་མེད་པས་ཤིན་ཏུ་སྐྱོན་ཆེ་གསུངས་པས། སེམས་འཛིན་ཉི་ཚེ་ཙམ་ལ་རྫོགས་པ་ཆེན་པོའི་མཐོ་སྒྲོས་ཞིག་བཏགས་ནས་མི་ཚེ་དོན་མེད་དུ་བྱེད་པ་ལ་འཕང་ནས། འདིར་ཏིང་ངེ་འཛིན་སྐྱོན་མེད་པར་སྒྲུབ་པའི་གནད་བསླང་སྟེ་བཤད་པ་ཡིན་པས་ཡིད་ཆེས་པའི་གནས་སོ། །རྩ་རྒྱུད་ལས། གང་གི་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་བཏུལ་ནས་སུ། །སོགས་གསུངས་པའི་དོན་དེ་བཞིན་དུ་ངེས་དགོས་སོ། །དེ་ལྟར་སྤྱན་དབུས་མ་ལ་གསལ་སྣང་ལེགས་པར་ཐེབས་པའི་ཉམས་བརྟན་པོ་བྱུང་བ་ན། རིམ་གྱི་སྤྱན་གཡས་གཡོན། ཤངས། ཞལ། ཚེམས། ལྗགས། སྙན། མགུལ། སྐུ་སྐེད། སྐུ་སྨད། ཕྱག་ཞབས། གདན་ཁྲི། ཞི་བའི་འོད་ཟེར་དང་། ཁྲོ་བོ་ཡིན་ན་མེ་རིའི་བར་དུ་སྐུ་ཆ་ཤས་ནས་སེམས་བཟུང་ལ། དངོས་སུ་ལག་པས་རེག་པའམ། མིག་ཤེས་ཀྱི་མཐོང་རྒྱུ་ཡོད་པ། ཡུལ་གསུམ་གྱད་དུ་གྱུར་པའི་མཚན་མ་བརྟན་པོ་མ་བྱུང་གི་བར་དུ་བསྒོམ་པར་བྱའོ། །གཉིས་པ་ནི་དེ་ལྟར་སྐུ་གཅེར་བུ་རྒྱན་མེད་ལ་སེམས་འཛིན་པ་རྫོགས་ནས། དེ་ཉིད་ལ་འཛིན་པ་མ་ཤོར་བའི་ངང་ནས། རྒྱན་གྱི་བྱེ་བྲག་རེ་རེ་བཞིན་དུ་སེམས་བཟུང་བར་བྱ་སྟེ། རིན་པོ་ཆེའི་རྒྱན་ཅན་རྣམས་ཀྱི་དབུའི་ཐོར་ཚུག་གི་རྩེ་རྒྱན་ནོར་བུའི་ཏོག་ནས། རུས་པའི་རྒྱན་ཆ་རྣམས་ཀྱི་སྤྱི་བོ་རུས་པའི་འཁོར་ལོ་ལེབ་མོའི་དབུས་ཀྱི་ཁོང་སེང་ནས་ཐོན་པའི་ཐོར་ཚུག་གི་ཏོག་ཟླུམ་པོའི་རྣམ་པ་སོགས་ནས་བཟུང་། དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། དཔུང་གདུབ། ཞབས་གདུབ། སྐ་རགས། དོ་ཤལ། སེ་མོ་དོའམ། དོ་ཤལ་ཐུང་བ། སྟོད་གཡོགས་དང་སྨད་གཡོགས་སོགས་དར་གྱི་ཆས་གོས་དང་། གཞན་ཡང་རིན་པོ་ཆེ་དང་རུས་པའི་རྒྱན་གྱི་རིགས་དང་། ཁྲོ་བོ་ལ། གླང་ཀོ །ཞིང་ལྤགས། སྟག་ཤམ་སོགས་ཁྲོ་ཆས། ཞི་ཁྲོ་སོ་སོའི་ཕྱག་མཚན་གྱི་ཁྱད་པར་གྱིས་མཚོན་ཏེ། རྒྱན་གྱི་བྱེ་བྲག་རེ་རེ་ནས་སེམས་བཟུང་ཞིང་གསལ་སྣང་བརྟན་པོ་མ་བྱུང་བར་དུ་བསྒོམ། དེ་དག་ལ་རབ་བསྒོམ་པ། འབྲིང་བརྗོད་པ། ཐ་མ་བྲིས་པས་གསལ་འདེབས་དགོས་པ་གསར་རྙིང་གི་མཁས་གྲུབ་ཆེན་པོ་རྣམས་ཞལ་མཐུན་པས། རྙིང་མ་བ་ཡིན་ན་གྱེར་བསྒོམ་ཁོ་ན་ཡིན་ཅེས་པའི་གཏམ་སྙིང་པོ་མེད་པར་མཐོང་ངོ་། །བྱིང་རྒོད་ཀྱི་སྐྱོན་བཅོས་པ་སོགས་ཇི་སྐད་བཤད་པ་བཞིན་གང་དགོས་པའི་དུས་སུ་ཉམས་སུ་བླང་ངོ་། །ཅུང་ཟད་བརྟན་པ་ཐོབ་པ་ན་རེས་རིམ་གྱིས་གསལ་གདབ། རེས་ངེས་མེད་དུ་གསལ་གདབ། རེས་ཅིག་ཆར་དུ་གསལ་གདབ་པ་སོགས་ཀྱིས་ཏིང་ངེ་འཛིན་ལ་རྩལ་སྦྱང་། སྣང་བའི་ང་རྒྱལ་སྲ་སྲ་འཐས་འཐས་སུ་རྡོ་རྗེའི་ཆོས་མདུན་དང་ལྡན་པར་གསལ་འདེབས་དགོས་པ་གུ་རུ་རིན་པོ་ཆེས་ཕུར་ཊིཀ་འབུམ་ནག་ལས་གསུངས། སྟོང་པའི་ང་རྒྱལ་ལ་ལྷ་དེ་ཡང་དཔྱད་ན་གཅིག་དང་དུ་མའི་བདེན་པ་དང་བྲལ་བ། དྭངས་གསལ་རྙོགས་པ་མེད་པ་ནམ་མཁའ་འཇའ་ཚོན་དང་། ཆུ་ཟླ་ལྟ་བུ་ལ་རྩེ་གཅིག་ཏུ་གཏད་པས་མཚོན་རྟེན་འབྲེལ་རང་བཞིན་མེད་པ་ལ་འགལ་འདུས་སྐྱོན་མེད་པར་བསླབ་པར་བྱའོ། །དེ་ལྟར་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་བརྟན་པ་ཡན་ཆད་ཀྱིས་ཚོགས་ལམ་ཆེན་པོ་བསྒྲོད་ནས། འདི་ནས་གཟོད་རྫོགས་རིམ་གྱི་མན་ངག་གི་སྣོན་མ་བཏབ་ནས། ཐུན་གྱི་སྟོད་ཆ་ལ་བསྐྱེད་རིམ་དང་སྨད་ཆ་ལ་རྫོགས་རིམ་བསྒོམ་པའམ། ཡང་ན་ཉིན་མོ་བསྐྱེད་རིམ་དང་མཚན་མོ་རྫོགས་པའི་རིམ་པ་འོག་ནས་འབྱུང་བ་བསྒོམ་པ་སྟེ། རྩ་རྒྱུད་ལས། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག །ཅེས་སོ། །དེ་ལྟར་གཙོ་རྐྱང་ལ་གོམས་ནས། འཁོར་གྱི་དཀྱིལ་འཁོར་གཟོད་སྤྲོ་བར་བྱ་དགོས་པས། གོ་རིམ་ལ་བསླབ་པ་ཞེས་རང་གི་མདུན་ནས་བརྩམ་སྟེ་རྣམ་པར་སྣང་མཛད་སོགས་འཁོར་སོ་སོའི་སྐུ་མདོག་དང་། ཕྱག་མཚན། རྒྱན་ཆ་ལུགས། རྟེན་གཞལ་ཡས་ཁང་། དུར་ཁྲོད། སྲུང་འཁོར། འོག་གཞིའི་བར་མངོན་རྟོགས་ནས་ཇི་ལྟར་འབྱུང་བ་བཞིན་མ་འདྲེས་པར་རེ་རེ་ནས་ཡོངས་སུ་རྫོགས་པར་གསལ་གདབ། དེ་ལ་གོམས་ནས་གཟོད་དཀྱིལ་འཁོར་སྤྲོ་བར་བྱ་བ་སྟེ། རྩ་རྒྱུད་ལས། ཐབས་དང་ཤེས་རབ་ལྡན་འབྱོར་ན། །མ་བསྐྱོད་མ་བསྒུལ་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་ཡུམ་འཕྲོར་འགྱུར། །དེ་ལྟར་ལྡན་པའི་གཙོ་མཆོག་གིས། །རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །བཅུ་གཉིས་དྲུག་གི་འོད་འཕྲོ་བར། །ཞེས་པ་བཞིན། གཙོ་བོ་གཅིག་ལ་སངས་རྒྱས་སྟོང་གི་དཀྱིལ་འཁོར་སྤྲོས་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དེ་ལྟར་སྤྲོ་བ་ལ་སེམས་སྦྱང་། སྒྱུ་འཕྲུལ་ལས་གཞན་གྱི་དཀྱིལ་འཁོར་ཞིག་ཡིན་ན། ལྷ་གྲངས་གཞལ་ཡས་ཁང་སོགས་ཉིས་ལྡེབ་དང་སུམ་ལྡེབ་ལ་སོགས་པ་དང་མཐར་རྟེན་བརྟེན་པ་དང་བཅས་པ་ཅིག་ཆར་དུ་གསལ་བའི་བར་དུ་སྦྱང་། དེ་ནས་མ་ངེས་པ་ལ་བསླབ་པ་ནི། དཀྱིལ་འཁོར་ལ་རྒྱ་ཆེ་ཆུང་། ལྷ་གྲངས་མང་ཉུང་། སྐུ་མདོག །ཞལ་ཕྱག་ཚད། ཕྱག་མཚན་བཞུགས་སྟངས། རྒྱན་ཆས། ཉམས་འགྱུར་སོགས་མ་ངེས་པ་དང་། མང་པོ་ཉུང་ངུར་བསྡུ། ཉུང་ངུ་མང་པོར་སྤེལ། རྟེན་ཆེ་བ་ལ་བརྟེན་པ་ཆུང་བ་སོགས་ཏིང་ངེ་འཛིན་ལ་ཅི་འདོད་འདོད་དུ་རྩལ་སྦྱང་ཁྱད་པར་ཅན་སྒྲུབ་ནས་ལས་རུང་ཁྱད་པར་ཅན་ཐོན་ནས། སོ་སོའི་ཐད་ཀར་གསལ་སྣང་ཐོན་པ་ན་གོ་རིམ་ལ་ལོབ་པའི་ཚད་ཡིན་ཀྱང་། ད་དུང་བརྟན་པ་ཐོབ་པའི་ཕྱིར་ཡུན་བསྲིང་བར་བྱའོ། །དེ་ཡང་བསྙེན་བསྒྲུབ་རྣམ་པ་བཞིས་རྣམ་པར་བཞག་པས་ས་ལམ་ཆོད་ཚུལ་གསང་བ་སྒྱུ་འཕྲུལ་པའི་ཆོས་སྐད་ཐུན་མོང་མ་ཡིན་པ་ལགས་པས། དེ་ལྟར་ན་ཏིང་ངེ་འཛིན་དང་པོ་གསུམ་གྱིས་ཚོགས་ལམ་བསྒྲོད་པ་བསྙེན་པ་དང་། ཕྱག་རྒྱ་སྤྲོས་བཅས་ཀྱི་ཏིང་ངེ་འཛིན་ལ་དབང་ཐོབ་པ་ཉེ་བའི་བསྙེན་པ་སྦྱོར་ལམ་དང་པོ། དེ་ནས་ཡོ་བྱད་ལྔ་དང་ལྡན་པས་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཟླ་བ་དྲུག་གམ་སྤོགས་ཆོག་དང་བཅས་པའི་དུས་སུ། རྟ་བབས་ཀྱི་སྟེང་དུ་རིགས་བཞི་ཚོམ་བུའི་དཀྱིལ་འཁོར་བསྒོམས་པས་སྦྱོར་ལམ་བཞི་བསྒྲོད་པ་སྒྲུབ་པ། དེ་ནས་སྲོད་ལ་དགྲ་ལས་དངོས་གྲུབ། གུང་ལ་ལྷ་ལས་དངོས་གྲུབ། ཐོ་རངས་ཡུམ་ལས་དངོས་གྲུབ་བླངས་ཏེ། ཐིག་ལེ་ཡས་བབས་ཀྱི་མཐའ་ན་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། མས་བརྟན་གྱི་མཐའ་ན་རང་བཞིན་ལྷན་ཅིག་སྐྱེས་པའི་དོན་གྱི་འོད་གསལ་རྒྱུད་ལ་སྐྱེས་ནས། རྗེས་ཐོབ་ན་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་ལྡང་བ་ནི་སྒྲུབ་པ་ཆེན་པོ་མཐོང་ལམ་གྱི་ཡེ་ཤེས་ཡིན་པས། རྩ་རྒྱུད་ལས། དེ་ལ་སོགས་ཏེ་བསམ་མི་ཁྱབ། །ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །འདུལ་བའི་དོན་རྣམས་སོ་སོར་སྟོན། །ཞེས་པ་བཞིན་ནོ། །ཉན་ཐོས་ཀྱི་ལུགས་ཀྱི་ཆོས་མཆོག་དེ་མ་ཐག་པའི་ཡེ་ཤེས་ཞེས་དུས་ཐུང་ངུ་ཞིག་ལས་མེད་ལ། འདིར་ནི་ཐེག་པ་ཆེན་པོའི་སྦྱོར་ལམ་ལ་ནང་གསེས་བཅུ་གཉིས་སུ་དབྱེ་བ་ཡོད་པ་བཞིན་ཤེས་དགོས་སོ། །ད་ཐུན་མཚམས་སུ་བསླབས་པ་ནི། ཐུན་མཚམས་སུ་ཡང་སྔ་མ་དེ་བཞིན་བསླབས་པས། ཞག་མང་པོར་སོང་ཡང་ཡུན་མི་ཚོར། ཚ་གྲང་བཀྲེས་སྐོམ་སོགས་ཀྱི་གཡེང་རྐྱེན་གྱིས་མི་གནོད་པ་བྱུང་ན་ཐུན་མཚམས་ལ་ལོབ་པ་ཞེས་བྱའོ། །དེ་ལྟར་བསྒོམ་པས་ལོབ་ཚད་ཁྱད་པར་བ་ནི། བྲིས་སྐུ་ལ་ཉི་འོད་ཕོག་པ་སོགས་བཀྲག་ཆེ་བ་ལ་བལྟ་དུས། རང་གིས་བསྒོམ་པའི་ཡིད་ངོར་གསལ་བའི་ལྷ་སྐུའི་བཀྲག་མདངས་དེ་ཟིལ་གྱིས་གནོན་ནས་རང་གི་བསྐྱེད་རིམ་ནག་ནོག་ཏུ་གྱུར་ན་མི་མཉམ་པར་ལོབ་པ་ཞེས་བྱ་ལ། དེ་གཉིས་བཀྲག་ཆེ་ཆུང་མེད་ན་མཉམ་པར་ལོབ་པ་ཞེས་བྱའོ། །མིག་བཙུམ་ནས་ལྟ་སྐུའི་གསལ་སྣང་ལ་རྩེ་གཅིག་ཏུ་གནས་འཕྲོར་མིག་ཕྱེས་ཏེ་ལྟ་སྐུ་ལ་བལྟས་ཚེ་ལྷའི་བཀྲག་མདངས་དེ་དག་ཕར་ཟིལ་གྱིས་གནོན་ནས་ནག་ཆེམ་པའམ། ཐལ་བ་ཕྱུར་གྱིས་འགྲོ་ན་ལྷག་པོར་ལོབ་པ་ཞེས་ཁ་དོག་ལ་ལོབ་པའི་ཚད་ཡིན། དམིགས་པ་རྒྱ་ཆེ་ཆུང་སོགས་གང་འདོད་དུ་འཕྲལ་འཕྲལ་བསྒྱུར་ལ་རང་དབང་འབྱོར་བ་གོ་རིམ་ལ་ལོབ་པའི་ཚད། དུས་འདི་ཙམ་ཏིང་ངེ་འཛིན་ལ་གནས་པར་བྱའོ་སྙམ་པའི་ འཕེན ་པ་གང་བཏང་བ་དེ་ཙམ་དུ་གནས་ཐུབ་ན་ཐུན་མཚམས་ལ་ལོབ་པའི་ཚད་ཡིན། བརྟན་པའི་ཚད་ནི། དེ་རྣམས་ལ་རྐྱེན་གྱིས་མི་གནོད་ཅིང་། ནམ་འདོད་དུ་ཐོགས་པ་མེད་པ་དེ་ཡི་ཚེ་བརྟན་པ་ཐོབ་པ་ཡིན་ནོ། །དེ་ལྟར་རང་ལྷར་བསྒོམ་པ་ལ་འབྱོར་ན་ཐོག་མར། མདུན་དུ་མིག་གིས་མཐོང་བའི་དངོས་པོ་གང་རུང་བསྒོམ་པ་བདེ་བ་ཞིག་ལྷར་བསྒོམ། དེ་གསལ་ན་རིམ་པས་རྒྱ་བསྐྱེད་དེ་མཐར་སྣོད་བཅུད་རྟེན་དང་བརྟེན་པར་བཅས་པ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྒོམ་པ་ལ་བསླབ་པར་བྱའོ། །ད་ནི་གཉིས་པ་ང་རྒྱལ་ལ་བསླབ་པ་ནི། རང་ཉིད་མི་ཐ་མལ་པ་ཡིན་ནོ་སྙམ་པའི་འདུ་ཤེས་དེ་ཆེད་ཀྱིས་སྤངས་ནས། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། སངས་རྒྱས་ཀུན་གྱི་ངོ་བོ་ལྷག་པའི་ལྷ་གང་གསལ་བཏབ་པ་དེ་ཉིད་དངོས་ཡིན་སྙམ་པའི་ང་རྒྱལ་བྱེད་པ་དང་། དེ་ནས་རང་ཉིད་ལྷ་སྐུར་གསལ་བའི་སྤྱན་ནི་ལྷག་པའི་ལྷ་དེ་དངོས་ཀྱི་སྤྱན་ཡིན། ཞལ་ནས་སྐུ་ལུས་ཕྱག་ཞབས་ལ་སོགས་པ་རེ་རེ་ནས། ལྷ་དངོས་ཀྱི་དེ་དང་དེ་ཡིན་སྙམ་པ་དང་། ངག་ཀྱང་ལྷ་དངོས་ཀྱི་གསུང་། ཡིད་ཀྱང་ལྷ་དངོས་ཀྱི་ཐུགས་ཡིན་སྙམ་དུ་བསྒོམ་པ་དང་། དེ་ནས་རང་ལྷག་པའི་ལྷར་གསལ་བ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སྣང་ཆ་ལས་ནམ་མཁའི་ཁམས་ཐམས་ཅད་དུ། སེམས་ཅན་སོ་སོའི་སྣང་ངོར། སྐུ་གང་ལ་གང་འདུལ་གྱི་བཀོད་པས་འགྲོ་དོན་མཛད་པ་དང་། གསུང་སྒྲ་དབྱངས་རྣམ་པ་ཐམས་ཅད་པས་སེམས་ཅན་གྱི་བསམ་པ་དང་མཐུན་པར་ཆོས་སྟོན་པ་དང་། ཐུགས་དོན་དམ་དང་ཀུན་རྫོབ་ཀྱི་ཤེས་བྱ་ཐམས་ཅད་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་མངོན་སུམ་དུ་མཁྱེན་པ་ལ་སོགས་པའི་ཡི་དམ་གྱི་ལྷའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་རེ་རེ་ནས་ང་ལ་ཡོད། དེའི་ཕྱིར་ང་ལྷག་པའི་ལྷ་དངོས་ཡིན་སྙམ་དུ་བསྒོམ་པ་ལ་བསླབས། དེ་ལྟ་བའི་ལྷའི་ང་རྒྱལ་གྱི་རྣམ་པ་ཡིད་ལ་ལམ་གྱི་ཤར་བྱུང་བ་ན། དེའི་ངང་ལ་འཛིན་སྟངས་གསལ་བར་བྱས་ལ་རྩེ་གཅིག་ཏུ་སེམས་བཟུང་ཚུལ་གོང་ལྟར་བྱས་ལ། མཐར་རང་ལྷ་དེ་དངོས་སུ་སོང་བ་ལྟ་བུར་དངོས་ཀྱི་འདུ་ཤེས། བཅོས་མིན་གྱི་འདུ་ཤེས་བཅོས་མིན་དུ་རྒྱུན་པར་འཆར་བའམ། རེ་ཞིག་གམ། ནམ་བསྒོམ་པའི་ཚེ་ཡོང་བ་དང་། དུས་ནམ་གྱི་བར་དུ་བཞག་ཀྱང་འཁྱོང་བ་བྱུང་ན་ལོབ་པའི་ཚད་ཡིན་ནོ། །གསུམ་པ་དག་པ་དྲན་པ་ལ་བསླབས་པ་ནི། དག་པ་དྲན་པ་འདི་དག་རྒྱུན་དུ་མངོན་རྟོགས་ནམ་སྒོམ་པའི་ཚེ་དྲན་པར་བྱ་དགོས་མོད། འདིར་ནི་ཐོག་མར་བསྒོམ་པར་བྱ་བའི་ཕྱིར་དེ་དང་དེ་ལ་མོས་པ་ཤུགས་དྲག་ཏུ་བསྐྱེད་ནས་བསླབ་པ་ཡིན་ཏེ་རྒྱས་པར་སོ་སོའི་སྒྲུབ་ཐབས་དང་རྒྱུད་ཀྱི་རྣམ་བཤད་རྣམས་སུ་རྒྱ་ཆེར་གསུངས་པ་ལྟར་ཤེས་དགོས་ལ། འདིར་མདོར་བསྡུས་སུ་བརྗོད་ན། དེ་ཡང་ལྷ་སྐུའི་རྣམ་པ་འདི་དག་ལས་ཉོན་གྱིས་དབང་མེད་དུ་སྐྱེ་བ་བཟུང་བའི་འབྱུང་ལུས་རགས་པར་གྲུབ་པ་ལྟ་བུ་མ་ཡིན་པར་འབྲས་བུ་མཐར་ཕྱིན་པའི་ལྷ་རྡོ་རྗེ་མི་བསྐྱོོད་པ་སོགས་ལྷ་སོ་སོའི་གསང་བ་གསུམ་གྱི་ཡོན་ཏན་དེ་དང་དེ་གདུལ་བྱའི་ངོར་མཚོན་པར་བྱ་བའི་ལྷ་རྟགས་སུ་སྣང་བའི་ཕྱིར་གསང་ཆེན་སྔ་འགྱུར་པའི་སྒྲུབ་ཐབས་རྣམས་སུ་ལྷའི་སྐུ་མདོག་ཕྱག་མཚན་རེ་རེ་ནས་ཆེ་བའི་ཡོན་ཏན་གྱི་རྟགས་བསྟོད་དང་། ཆོས་ཉིད་དོན་གྱི་སྟོད་པ་འབྱུང་བ་རྣམས་ཀྱི་དོན་བཞིན། འདིར་ནི་ཆོས་ཉིད་དོན་གྱི་བསྟོད་པ་གཞུང་བཞིན་དུ་ངེས་པར་བྱས་ནས་མདོར་བསྡུས་དག་པ་དྲན་པའི་དོན་ལ་བསླབས་པ་ནི། དེ་ལྟར་སྣང་སྲིད་ལྷའི་འཁོར་ལོ་སོ་སོར་དག་པ་དྲན་པ་ནི། ཆོས་ཅན་ལྷ་དང་ལྷ་མོའི་དག་པ་ཞེས་བྱ་ལ། གཞི་གནས་ལུགས་ཡེ་ནས་རང་རིག་ཡེ་ཤེས་མཉམ་རྫོགས་ཆེན་པོར་གནས་པ་གསལ་འདེབས་ཕྱིར་སྒྲུབ་ཐབས་སོ་སོའི་སྦྱོར་མཆོད་སོགས་ཀྱི་སྐབས་སུ་འབྱུང་བ་ལྟར་ལྷ་ཡབ་ཡུམ་མཉམ་སྦྱོར་གྱི་དམིགས་པ་གསལ་བཏབ་པའམ། བསྐྱེད་རྫོགས་ཟུང་འབྲེལ་དུ་བསྒོམ་ཚེ་རྫོགས་རིམ་གྱི་ལུས་ལ་གནད་དུ་བསྣུན་པས་བདེ་ཆེན་ཆ་མཐུན་ཙམ་ཤར་བས་ཀྱང་བསྐྱེད་རིམ་ལ་རྒྱས་འདེབས་པ་སྟེ། གང་ལྟར་ཀྱང་རྗེས་ཆགས་བདེ་བ་ཆེན་པོའི་རྩིས་ཟིན་པར་བྱེད་པ་ནི་རང་རིག་བདེ་ཆེན་གྱི་དག་པ་དང་། དེ་ཡང་སྣང་ཆ་སྒྱུ་མ་ལྟ་བུ་ལ་ངོ་བོ་བྱུང་གནས་འགྲོ་གསུམ་སྐྱེ་འགགས་གནས་གསུམ་གྱི་ངོས་བཟུང་ཐམས་ཅད་བྲལ་བའི་ལྟ་བས་རྒྱས་བཏབ་སྟེ། སྣང་སྟོང་ཟུང་འཇུག་ཏུ་བསྒོམ་པ་ནི། ཆོས་ཉིད་དེ་བཞིན་ཉིད་ཀྱི་དག་པ་སྟེ། དག་དྲན་རེ་རེ་ལ་ལྟ་བས་དུག་དབྱུང་བ་གལ་ཆེ། དེ་ལྟར་ཐོག་མར་ངེས་ཤེས་ཤུགས་དྲག་བསྐྱེད་དེ་བསྒོམ་པ་ལོབ་ན། ལྷ་ཡི་རྣམ་པ་དེ་ཤར་ཙམ་ན། དག་པ་དེ་དང་དེའི་ངོ་བོར་འདུ་ཤེས་པ་བཅོས་མིན་དུ་འབྱུང་ཞིང་། དེའི་ཚེ་དག་པ་དྲན་པ་གོམས་ཤིང་ལོབ་པའི་ཚད་ཡིན། ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམ་པ་ཟླ་བ་རེ་རེ་བྱས་ནས། ཕྱག་རྒྱ་གཅིག་པའི་ཏིང་འཛིན་མན་ཆད་ཟླ་བ་དགུ་སྟེ་ཁྱོན་བསྡོམ་ལོ་གཅིག་གི་བར་དུ་བསྙེན་པ་བཏང་ལ་གཙོ་བོ་རྣམ་པ་གསལ་བ་ང་རྒྱལ་བརྟན་པ་རྣམ་དག་དྲན་པ་གསུམ་མཐུན་གྱི་ཆ་གཉིས་ལ་བསྒོམ་རྒྱུ་དང་། སུམ་ཆ་གཅིག་ལ་བསྙེན་པ་བཏང་ན། གཙོ་བོར་བྱེ་ཆུང་གཅིག །འཁོར་རིགས་བཞི་ལ་འབུམ་ཕྲག་བཞི། སེམས་དཔའ་ཡབ་ཡུམ་ལ་ཁྲི། ཀུན་བཟང་ཡབ་ཡུམ་ལ་འབུམ་འཕྲག་གཅིག །ཐུབ་པ་དྲུག་སྒོ་བ་བཞི་ལ་ཁྲི་རེ་དགོས། བསྡུས་པའི་དབང་དུ་ན། གཙོ་བོ་མི་བསྐྱོད་པ་འབུམ་ཕྲག་བཞི། འཁོར་རིགས་བཞི་ལ་འབུམ་ཕྲག་རེ་དང་། དེ་ཕྱིན་ཆད་ལ་ཁྲི་རེ་བཟླས་ན་བསྙེན་པ་ལས་རུང་ཙམ་ཡིན། གཉིས་པ་རྫོགས་པའི་རིམ་པ་བསྒོམ་པ་ལ། ཕྱག་རྒྱ་གཅིག་པ་ཡན་ཆད་ཀྱི་ཏིང་ངེ་འཛིན་ཉམས་ལྔ་མཐར་ཕྱིན་པ་ན། གཟོད་རྫོགས་པའི་རིམ་པ་ལ་འཇུག་པ་ལས། དང་པོ་ནས་རྫོགས་པའི་རིམ་པ་བསྒོམ་པ་ནི་སྔ་འགྱུར་བའི་ལམ་གྱི་གནད་ཁྲིད་ཚུལ་མ་ཤེས་པས་ནོངས་སོ། །དེས་ན་བསྐྱེད་རིམ་ལ་བརྟན་པ་མཐར་ཕྱིན་པའམ་བརྟན་པ་ཅུང་ཟད་ཙམ་ཐོབ་པ་ན། དེ་ནས་རྫོགས་པའི་རིམ་པ་བསྒོམ་པ་ནི། སྔོན་འགྲོ་ལམ་གྱི་གནད་ལ་གསུམ། རྩ་སྦྱང་བ་སྟོང་རའི་གནད་ནི། རང་ཉིད་གཙོ་རྐྱང་དུ་བསྒོམ་པའི་འཁོར་ལོ་བཞིའི་དབུས་ན་རོ་རྐྱང་ཀུན་འདར་མ་གསུམ་ཀ་བའི་ཚུལ་དུ་ཡོད་པའི་ནང་སྦུག་སྟོང་སང་ངེ་བ་ལ་དམིགས་པ་བཟུང་བས། གཙོ་བོར་དབུ་མའི་ནང་ཕྲུ་མ་ཕུས་གདབ་པ་ལྟ་བུ། དང་པོ་མདའ་སྨུག་ཙམ། དེ་ནས་སྤོས་དོང་ཙམ། དེ་ནས་ཞོ་ཟོ་ཙམ། དེ་ནས་ལུས་ཐམས་ཅད་དབུ་མའི་ནང་ཙམ་བསྒོམ། འདིས་ནི་རླུང་སེམས་ཐམས་ཅད་དབུ་མར་ཚུད་པའི་གནད་ཡོད་དོ། །དེ་ནས་ལུང་སྦྱང་བ་སྲོག་གི་གནད་ནི། དེ་ལྟར་དབུ་མ་དང་འཁོར་ལོ་བཞི་སྟོང་པར་གསལ་བའི་གཡས་གཡོན་རོ་རྐྱང་གི་ཡར་སྣ་གཉིས་ནས་སྨིན་མཚམས་ནས་སྣ་བུག་གི་ནང་གཉིས་ལ་ཟུག་ཅིང་། མར་སྣ་གཉིས་ལྟེ་བའི་འོག་སོར་བཞིའི་ཆ་སྤུན་གུའི་ཐད་ནས་དབུ་མར་བུག་པའི་ཚུལ་དུ་དབུ་མར་ཚུད་པར་བསམ་ལ། རླུང་རོ་བུས་ནས་རླུང་ཕྱིར་འཕང་དུས་ནད་དང་སྡིག་སྒྲིབ་ཕྱིར་སངས་སངས་སོང་བར་བསམ། དེ་ནས་ནང་དུ་འདྲེན་དུས་སྣོད་བཅུད་བརྟན་གཡོའི་བདེན་འཛིན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་བཅས་པ་རླུང་གི་རྣམ་པས་སྣ་བུག་ནས་རོ་རྐྱང་གི་ནང་ནས་བྱུང་བ་དབུ་མའི་མར་སྣ་ནས་ནང་དུ་ཚུད་པར་བསམ་ལ། སྟེང་རླུང་ལྟེ་བར་མནན། འོག་རླུང་ཅུང་ཟད་བསྐུམ་ལ། འཇམ་རླུང་བུམ་པ་ཅན་དལ་བུས་འཛིན་ཅིང་། མི་ཐུབ་པ་ན་དལ་གྱིས་ཕྱིར་བཏང་། རང་བབ་ཀྱིས་འབྱུང་རྔུབས་ལས། ཆ་བབས་སུ་འཛིན་པ་ནི་གནད་ཡང་དག་པའོ། །དེ་ལྟར་བྱས་པས་རླུང་སྐྱོན་མེད་པ་ངང་གིས་ཟིན་ཞིང་འབྱོང་ངོ་། །དེ་ནས་ཐིག་ལེ་སྦྱོང་བའི་གནད་ནི། གཏུམ་མོའི་རྣལ་འབྱོར་བསྒོམ་པ་ལ། ལྟེ་བའི་ཐད་སྤྲུལ་པའི་འཁོར་ལོའི་དབུས་སུ་དབུ་མའི་ནང་ན། མེའི་དྭངས་མ་རྒྱ་ཁབ་ཀྱི་རྩེའམ། ཡུངས་དཀར་གྱི་འབྲུ་ཙམ་གསལ་ལ། དེ་ཡང་ཨ་ཤད་ཀྱི་རྣམ་པ་ཅན་རེག་བྱ་ཤིན་ཏུ་ཚ་བ་གཅིག་བསྒོམ་ལ་རོ་རྐྱང་གི་རླུང་དབུ་མའི་མར་སྣར་ཞུགས་པའི་མེ་སྦར་བས། དེ་ཡང་མེ་རྟ་རྔའི་ཉག་མ་ཙམ་དུ་འབར་བར་བསམ་ལ་རླུང་དང་དམིགས་པ་སྦྱང་། དེ་ལྟར་གོམས་པས་དབུ་མའི་མར་སྣའི་ནང་རླུང་གིས་གང་བས་ཡེ་ཤེས་ཀྱི་རླུང་དུམ་གཅིག་གསར་དུ་སྐྱེས། དེའི་སྟོབས་ཀྱིས་མེ་ཡང་ཆེར་འབར། ལྟེ་བའི་ངོས་དང་རྐེད་པ་དྲོད་ཀྱིས་འཁོར་བ་བྱུང་ན་གཟོད་གཏུམ་མོ་སྦར་ནས་སྔ་མའི་མེ་དེ་ལས་ཆེར་འབར་རིམ་བཞིན་སྤྱི་བོའི་ཧཾ་ལས་ཐིག་པ་ཆེར་བབས་པས་དབུ་མའི་ནང་ཁེངས། དྭངས་མས་འཁོར་ལོ་བཞིའི་རྩ་འདབ་སྟོང་པ་རྣམས་གང་བ་ལ་སེམས་མ་ཡེངས་པར་བསྒོམ་པས། བདུད་རྩི་དབུ་མའི་ནང་ནས་བབས་པའི་རེག་པ་ལུས་སེམས་ཀྱིས་མྱོང་ནས་སེམས་བདེ་སྟོང་ཆེན་པོར་ངང་གིས་འཆར་རོ། །དེ་ནས་དངོས་གཞི་ཁྱད་པར་ཅན་གྱི་གནད་ཡས་བབས་ཀྱི་ཡེ་ཤེས་དང་། མས་བརྟན་གྱི་ཡེ་ཤེས་དང་། ཀུན་ཏུ་བཟང་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་གསུམ་ལས་དང་པོ་ལ་བཞི། ཀུན་ཏུ་བཟང་པོའི་མན་ངག །ཀུན་ཏུ་བཟང་མོའི་མན་ངག །སྦྱོར་བ་དག་པའི་མན་ངག །ཁྱབ་བདལ་ཆེན་པོའི་མན་ངག་རྣམས་རྒྱུད་ཀྱི་ལེའུ་བཅུ་གསུམ་པ་མན་ངག་གི་ལེའུ་ལས་བསྟན་པ་ལྟར་བསྒོམ་པ་ལ། དང་པོ་བདེ་ཆེན་འཁོར་ལོའི་མན་ངག་ནི། འཁོར་ལོ་བཞིའི་དབུས་ན་དབུ་མ་ཡེ་ཤེས་ཀྱི་རྩ་ལ་དྭངས་མ་དཀར་དམར་འདྲེས་པ་ཉུང་འབྲུ་ཙམ་གྱི་རྟེན་ལ་འོད་ལྔའི་གོང་བུ་སྲན་མའི་རྡོག་པོ་ཙམ་རེ་བསམ་པའི་དང་པོ་སྤྱི་གཙུག་གི་དྭངས་མ་ཉུང་འབྲུ་ཙམ་ལ་མགྲིན་པའི་དྭངས་མ་འོད་དང་བཅས་པའི་དྲོད་ཀྱིས་ཞུ། བྱང་ཆུབ་སེམས་ཀྱི་ཐིག་པ་སྐྲའི་ཉག་མ་ཙམ་བབས་པས་སྤྱི་བོའི་རྩ་འདབ་དང་། མགྲིན་པའི་རྟེན་གྱི་དྭངས་མ་ལ་ཞུགས། ཚད་མེད་པའི་བདེ་བས་ཁྱབ་པར་བསམ་ལ་འཇམ་རླུང་གྲངས་མང་བར་བཟུང་། གཉིས་པ་སྙིང་གའི་འོད་དང་། དྭངས་མའི་དྲོད་ཀྱིས་མགྲིན་པའི་དྭངས་མ་བཞུས། ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་དང་། སྙིང་གའི་རྟེན་ལ་ཞུགས། ཟག་པ་མེད་པའི་བདེ་བ་སྐྱེ་བར་བསམ་ལ་རླུང་བཟུང་། གསུམ་པ་དེ་ནས་ལྟེ་བའི་འོད་དང་ཐིག་ལེའི་དྲོད་ཀྱིས་སྙིང་གའི་རྟེན་གྱི་དྭངས་མ་ཞུ་བས་ཆོས་ཀྱི་འཁོར་ལོའི་རྩ་འདབ་དང་། ལྟེ་བའི་རྟེན་གྱི་ཐིག་ལེ་ལ་ཞུགས། མཆོག་ཏུ་བདེ་བའི་ཡེ་ཤེས་སྐྱེ་བར་བསམ་ལ་རླུང་བཟུང་། བཞི་པ་དེ་ནས་སྙིང་གི་འོད་རྟེན་གྱི་དྭངས་མའི་དྲོད་མར་སོང་། ལྟེ་བའི་རྟེན་གྱི་དྭངས་མ་ཞུ་བའི་དྭངས་མ་རླངས་པའི་ཚུལ་གྱིས་རགས་པ་མ་ཡིན་པར་ཕྲ་ལ་དྭངས་པས་སྤྲུལ་པའི་འཁོར་ལོའི་རྩ་འདབ་དང་རོ་རྐྱང་དང་དབུ་མའི་ནང་ཀུན་ཁྱབ་པར་ཞུགས་པའི་ཉེ་བར་ཞི་བའི་བདེ་བས་ཁྱབ། དགའ་བ་བཞིའི་ཡེ་ཤེས་སྐྱེ་བར་བསམ་ལ་འཇམ་རླུང་བཟུང་། འདི་དག་གི་ཚེ་ན་དགའ་བ་རེ་ཞིག་དངོས་གནས་པ་སྐྱེ་བ་མིན་ཀྱང་སེམས་མི་རྟོག་པར་བཞག་ནས་དེ་ཡེ་ཤེས་ཡིན་པར་བློ་བཞག་ནས་གོམས་ན་གོམས་པའི་སྟོབས་ཀྱིས་ཁམས་ཞུ་ནུས་པས་དགའ་བ་དངོས་གནས་པ་དང་། དེས་དྲངས་པའི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བ་ནི་གཏུམ་མོ་བསྒོམ་པའི་ལག་རྗེས་ཡིན་པས་ཐེ་ཚོམ་མི་དགོས་པའི་མན་ངག་ཁྱད་པར་ཅན་ཡིན་ནོ། །དེ་ནས་གཉིས་པ་མས་བརྟན་གྱི་ཡེ་ཤེས་ལ་བཞི་ལས། དང་པོ་ནི་སྙིང་གའི་འོད་ལས་ཟེར་འཕྲོས་ཏེ་ལྟེ་བར་སོང་བ་ཐིག་ལེ་རྟེན་དང་བཅས་ཇེ་ཕྲ་ཇེ་ཆུང་ལ་ཡར་འདུས་སྙིང་གའི་འོད་དང་ཐིག་ལེ་ལ་ཐིམ་པའི་ངང་དུ་སེམས་མི་རྟོག་པར་བཞག་གོ། །ཡང་འོད་ཟེར་མགྲིན་པར་འཕྲོས་ཇེ་ཕྲ་ལ་སྙིང་གར་འདུས་པའི་ངང་ལ་བཞག །ཡང་འོད་ཟེར་སྤྱི་བོའི་ཐིག་ལེ་རྟེན་དང་བཅས་པ་ལ་ཕོག་པས་ཇེ་ཕྲ་ཇེ་ཆུང་ལས་སྙིང་གར་འདུས་པའི་ངང་ལ་བཞག་གོ། །ཡང་སྙིང་གའི་རྩ་འདབ་ཀྱི་དྭངས་མ་ཡང་རྟེན་གྱི་དྭངས་མ་འདུས། དེ་ཡང་བརྟེན་པ་ཐིག་ལེ་སྲན་མ་ཙམ་ལ་འདུས། འོད་ལྔ་པོ་ཡང་དབུས་ཀྱི་མཐིང་ག་ནམ་མཁའ་ལྟ་བུའི་ངང་ལ་འདུས། དེ་ཡང་མདངས་ཇེ་ཕྲ་ལས་མཐར་ཡིད་ལ་མི་ཕྱེད་པར་ཀུན་ཏུ་བཟང་མོ་ཆོས་ཉིད་སྟོང་པ་ཆེན་པོའི་དབྱིངས་སུ་དག་པའི་ངང་ལ་མཉམ་པར་བཞག་གོ། །དེ་ལྟར་ཡང་དང་ཡང་དུ་གོམས་པས་རླུང་དང་ཕྲ་ཐིག་ལ་སེམས་ཟིན་པས། རླུང་སེམས་གནད་གཅིག་པས་སེམས་གང་དུ་ཟིན་པ་དེས་རླུང་རྣམས་ཐིམ་ནས་སྟོང་པ་བཞིའམ་དགའ་བ་བཞིའི་ཡེ་ཤེས་ཁྱད་པར་ཅན་སྐྱེ་ནས་རླུང་སེམས་ཀྱིས་བསླད་པ་དང་བྲལ་བའི་དཔེ་དོན་གྱི་འོད་གསལ་གང་ཡང་རུང་བ་ཤར་ནས་དེའི་རྗེས་སུ་རླུང་ལྡང་བར་རྩོམ་ནས་སྣང་བཞི་ལུགས་ལྡོག་གི་ཚུལ་གྱིས་ཐོབ་པའི་མཇུག་ཏུ། སྣང་བ་གསུམ་གྱི་འོད་གསལ་གྱིས་རྒྱུ་བྱས། འོད་ཀྱི་ཐིག་ལེ་བསྒོམ་རྒྱུ་རླུང་འོད་ཟེར་ལྔ་པས་རྐྱེན་བྱས་ནས་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་རྟེན་དང་བརྟེན་པའི་རྣམ་པར་རྩོལ་མེད་དུ་ལྡང་བ་ཡིན་ནོ། །མཆེད་པའི་ཐོག་ཏུ་ཐོན་པ་ན་ལུས་རིག་པ་འཛིན་པ་ལས་ལྷ་སྐུར་ལྡང་བ་དཀའ་བས། ཐོབ་པ་དང་མཉམ་དུ་ལྷ་སྐུར་ལྡང་བ་ནི། རྩ་རྒྱུད་ལེའུ་འདི་ཉིད་ལས། སྙིང་པོ་ཐིག་ལེ་མཉམ་སྦྱོར་ནས། །བདེ་ཆེན་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པ་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མ་རང་སྣང་བ། །རོལ་མོའི་དཀྱིལ་འཁོར་མཐའ་ཡས་མཆོག །གསུངས་པ་འདི་བཞིན་ངེས་པ་ལས། དུས་འཁོར་བ་ཡི་སྟོང་གཟུགས་དང་། རྫོགས་ཆེན་པའི་སྣང་བའི་འཆར་ཚུལ་དང་ནམ་ཡང་བསྲེ་བར་མི་བྱའོ། །འོ་ན་དཔེ་དོན་གྱི་འོད་གསལ་གྱི་རྗེས་སུ་ལྷ་སྐུར་ཇི་ལྟར་ལྡང་སྙམ་ན་བསྐྱེད་པའི་རིམ་པ་ལ་གོམས་གོམས་པའི་ནུས་པ་རླུང་སེམས་གཉིས་ལ་ཆེས་ཐེང་བས། བསྐྱེད་རིམ་གྱི་རྣམ་དག་དྲན་པའི་སྐབས་ཐུན་མཚམས་ལ་ལོབ་པ་ཞེས་བྱ་བ་དེའི་དགོས་པ་ཡིན་པས་སོ། །དེ་ལྟར་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་མདོར་བསྡུས་སུ་བསྟན་ནས། ད་ནི་རྩ་བའི་གསུམ་པ་འབྲས་བུ་ལ་གཉིས། གནས་སྐབས་དང་། མཐར་ཐུག་གི་འབྲས་བུའོ། །དང་པོ་དེ་ལྟར་གོམས་པས་དབང་པོའི་རྣམ་ཤེས་རྣམས་ཡུལ་ལ་འཕྲོ་བའི་རྒྱུན་ཁེག་པས་དབང་ཤེས་ཀྱི་བཞོན་པའི་རླུང་རྣམས་ནང་དུ་ལྡོག །ཉེ་བའི་རྟགས་སུ་མིག་སྔར་ཁང་པ་དུ་བས་ཁེངས་པ་ལྟ་བུ་སོགས་སྔོ་ལོང་ལོང་པོ་དང་། བྱེ་ཐང་ལ་ཉི་འོད་ཕོག་པ་རྒྱང་ནས་བལྟས་ཚེ་ཆུ་རྒྱུག་པ་ལྟ་བུ་སོགས་ཤིག་ཤིག་བར་སྣང་སྨིན་རྒྱུ་ལྟ་བུར་མཐོང་བ་དང་། སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་མེ་འབར་བ་ལྟར་དམར་ཙག་ཙག་གི་འོད་འཕྲོ་བ་སོང་བ་དང་། མར་མེ་འབར་བ་ལྟ་བུའི་ལྷབ་ལྷབ་འབར་བར་སྣང་བ་དང་། སྤྲིན་མེད་པའི་ནམ་མཁའ་དྭངས་པ་ལྟར་གསལ་སྟོང་མཐའ་དབུས་མེད་པར་གནས་པའི་སྣང་བ་འཆར་བ་སྟེ། མཚན་ལྟས་ལྔ་ཉམས་ཀྱི་ཚུལ་དུ་འཆར་བ་དང་། རྨི་ལམ་གྱི་ལྟས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་སོ་སོར་བཞུགས་པ་མཐོང་བ་དང་། སངས་རྒྱས་དང་བདག་མཚུངས་པར་བདག་ལྷར་གསལ་བའི་སྐུ་མདུན་རྒྱབ་ཏུ་ཕྱི་ནང་མེད་པར་ཕྱོགས་ཐམས་ཅད་དུ་ཞལ་ཐ་ལེར་མཐོང་བ་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་ལྷར་གྱུར་པ་ལ་ཕྱག་མཆོད་མཛད་པར་མཐོང་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་ཆོས་ཟབ་མོ་སྟེར་བ་དང་བཤད་པར་རྨི་བ་སྟེ་རྟགས་ཀྱི་མཆོག་ལྔ་དང་། གཞན་ཡི་དམ་སྐུ་གཟུགས་ཞལ་འཛུམ་པ་དང་། འོད་བྱུང་བ་དང་། སྐུ་མ་མཐོང་ཡང་གསུང་ཐོས་པ་དང་། ལྷ་མོའི་གླུ་དབྱངས་ཐོས་པ་དང་། གཞལ་ཡས་ཁང་ལས་སྒྲ་བྱུང་བ་ཐོས་པ་དང་། གྲོགས་པོ་དམ་པ་ཞེས་བྱང་སེམས་རྣམས་ཀྱི་འབོད་པ་དངོས་སམ་རྨི་ལམ་དུ་འབྱུང་ངོ་། །དེ་དག་ཀྱང་གོང་དུ་བཤད་པའི་རྟོགས་པ་དང་རྒྱུད་ཚོད་དེ་དག་སླེབས་པ་རྣམས་ལ་བྱུང་ན་ཡང་དག་པའི་ལྟས་སུ་གོ་ལ། དེང་སང་རང་རེ་ཐ་མལ་པ་ལ་རང་གར་ལྟས་དེ་རིགས་འོང་དོན་མེད་པར་འོང་ན་གདོན་གྱི་ཆོ་འཕྲུལ་ལམ་བར་ཆད་ཀྱི་ལྟས་སམ་རླུང་ལ་སོགས་པ་ནད་ཀྱིས་འཕྲུལ་ལམ་བག་ཆགས་ཀྱི་སེམས་རྨིས་ཙམ་དུ་ཟད་ཀྱི་དོན་མེད་པར་ཤེས་པར་བྱ་སྟེ། སེམས་རྒྱུད་ལ་ཉམས་དང་རྟོགས་པའི་དྲི་ཙམ་མི་བྲོ་བཞིན་དུ་དེ་དག་ཡིན་དུ་རེ་བའི་ཨོ་ཟོབ་བྱེད་པའི་རང་གི་དེ་ཉིད་གསལ་བར་བྱེད་པ་ཁོ་ནའོ། །གཞན་ཡང་བཤད་དགོས་པ་མང་ཡང་ཚོགས་ཆེན་འདུས་པའི་སྐབས་ན་འཆད་པར་སྤྲོའོ། །གཉིས་པ་ནི། རྩ་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་གོམས་པས་ལྟ་སྤྱོད་ཟུང་འབྲེལ་དུ་འབྱོར་བའི་སྒྲུབ་བྱེད་ཐབས་ཀྱི་ངེས་པ་མི་གཏོང་བའི་གཟུངས་ཀྱང་ཡིན་ལ། དེ་དག་ས་བོན་དང་ཆུ་ལུད་ལྟར་འབྲས་བུར་སྨིན་བྱེད་ཀྱི་རྒྱུ་དང་རྐྱེན་ཡང་ཡིན་ཏེ། ལྟ་བ་རྟོགས་ནས་སྟོང་ཆེན་དང་ཀུན་ཏིང་ལ་གནས་པ་བསྙེན་པ་དང་། ཕྱག་རྒྱ་གཅིག་སྤྲོས་ནི་ཉེར་བསྙེན་དང་། ཚོགས་སྒྲུབ་ནི་སྒྲུབ་པ། དེ་འབྲས་མཐོང་ལམ་ཐོབ་མ་རག་པའམ་ཐོབ་པ་ནི་སྒྲུབ་པ་ཆེན་པོ་སྟེ། དེ་དག་གང་གི་དུས་སུ་ཡང་རྟོགས་གོམས་གཉིས་ཀྱི་འབྲས་བུས་འབྱིན་ནུས་ཀྱི་མཐུ་ཅན་དུ་གང་གིས་སྐུ་གྱུར་པའི་ཚེ་ཟག་མེད་སློབ་པའི་ལམ་རིག་འཛིན་བཞི་དང་། མི་སློབ་རྒྱལ་བ་སྐུ་ལྔའི་གོ་འཕང་ཐོབ་ནས་སངས་རྒྱས་ཀྱི་ཞིང་ཀུན་ཏུ་གྲགས་པར་འགྱུར་བས། ཚོམ་བུ་ཚོགས་སུ་སྒྲུབ་པའི་མཐའ་ན་སྲོད་ལྷ་དང་། གུང་ལ་དགྲ་དང་། ཐོ་རངས་ཡུམ་ལས་དངོས་གྲུབ་བླངས་པས། ཐིག་ལེ་ཡས་བབས་ཀྱི་མཐའ་ན་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། མས་བརྟན་གྱི་མཐའ་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐོང་ལམ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེས་ནས། དེའི་རྗེས་ཐོབ་ཏུ་བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་ལྡང་བ་ལ་ཁྱད་པར་མེད་ཀྱང་། འདི་ལ་བརྩོན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ཆེ་བ་རྣམས་ཀྱིས་ཟག་བཅས་ཀྱི་ཕུང་པོ་དྭངས་མའི་ལུས་སུ་གྱུར་ནས་འཆི་བ་མེད་པ་ཚེ་ལ་དབང་བའི་རིག་འཛིན་ཐོབ་པས་རྣམ་སྨིན་རིག་འཛིན་ལས་ཡོན་ཏན་ལྷག་པར་བཅས་པའི་ཕྱིར་ལྷག་བཅས་ཀྱི་རིག་འཛིན་ནམ་ཚེ་དབང་རིག་འཛིན། ལམ་ཡོངས་སུ་མ་རྫོགས་བར་དུ་ཚེ་ལ་དབང་བའོ། །དེ་ལྟར་བརྩོན་ཏིང་ཤེས་རབ་ཀྱི་སྟོབས་ཅུང་ཟད་ཞེན་པ་དག་གིས་དེ་ལྟར་དྭངས་མའི་ལུས་སུ་གྱུར་མ་ནུས་པ་རྣམ་སྨིན་རིག་འཛིན་ནམ་ལྷག་མེད་མྱང་འདས་ཞེས་ལམ་རིམ་ལས་གསུངས་སོ། །ལམ་རིམ་ལས། ནུས་པ་ཐོབ་དང་མ་ཐོབ་པས། །མཐོང་ལམ་གཉིས་སུ་ཕྱེ་བ་ཡིན། །ཞེས་རྣམ་སྨིན་བར་ཚེའི་བར་ཆད་པ་བར་དོར་ས་གཉིས་པར་སྤང་རྟོགས་ན་འཕར་ནས་ས་དགུ་པའི་བར་ཕྱག་ཆེན་རིག་འཛིན་དང་། བཅུ་ནས་རྒྱུན་མཐའི་བར་ལྷུན་གྲུབ་རིག་འཛིན་ལ་བཞེད་པ་འདི་ཟུར་གྱི་རིག་འཛིན་ཆེན་པོ་རྣམས་ཀྱིས་བཞེད་པ་བླ་ན་མེད་པ་ཡིན་པས་གཞན་དུ་དྲང་བར་མི་བྱའོ། །རིག་འཛིན་བཞི་པོ་དེ་དག་གིས་འཕགས་པ་སློབ་པའི་ས་བཅུ་ཆོད་ཚུལ་ལས་དགོངས་སྤྱོད་རྒྱ་མཚོ་དག་མཉམ་བདེན་པ་དབྱེར་མེད་ལ་གོམས་པ་ཆེས་ཆེ་བས། རྣམ་སྨིན་དང་ས་བརྒྱད་པ། ཚེ་དབང་དང་དགུ་པ། ཕྱག་ཆེན་དང་ས་བཅུ་པ། ལྷུན་གྲུབ་རིག་འཛིན་དང་བཅུ་གཅིག་ཀུན་ཏུ་འོད་དང་དགོངས་སྤྱོད་མཉམ་པ་ཡིན་ལ། རྗེས་ཀྱི་ཡོན་ཏན་གྱི་ཐོབ་ཚུལ་མཚན་ཉིད་ཐེག་པ་དང་མི་འདྲ་བ་ལམ་རིམ་ལས། མཉམ་པར་བཞག་ལས་མ་གཡོས་ཤིང་། །སྟོང་གི་འཇིག་རྟེན་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་འཇིག་རྟེན་དང་། ཞིང་ཁམས་གྲངས་མེད་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་ཞིང་ཁམས་སུ། རྔོན་དང་སྨད་ཚོངས་ལ་སོགས་པ། སྤྲུལ་པའི་ལུས་ཀྱི་འདུལ་བར་བྱེད། །ཅེས་པས། དགོངས་པ་དག་མཉམ་བདེན་པ་དབྱེར་མེད་ལ་མཉམ་པར་བཞག་བཞིན་པ་ལས་མ་གཡོས་པར། དུས་སྐད་ཅིག་རེ་རེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་བརྒྱ་ཡི་ཞིང་གི་རྡུལ་སྙེད་ཀྱི་གྲངས་ཀྱི་སངས་རྒྱས་ཀྱི་ཞལ་མཐོང་བ་དང་། རང་གི་ལུས་དེ་སྙེད་སྟོན་པ་དང་། འཁོར་དེ་སྙེད་དང་། སེམས་ཅན་དེ་སྙེད་འདུལ་བ་དང་། ཏིང་ངེ་འཛིན་གྱི་སྒོ་དེ་ཉིད་ལ་འཇུག་པ་དང་། ཆོས་ཀྱི་སྒོ་དེ་སྙེད་སྟོན་པ་དང་། ཞིང་དེ་སྙེད་གཡོ་བ་དང་། འོད་ཟེར་དེ་སྙེད་འགྱེད་པ་རྣམ་སྨིན་རིག་འཛིན་གྱི་ཡོན་ཏན་དང་། ཚེ་དབང་རིག་འཛིན་སྟོང་གསུམ་འཇིག་རྟེན་བརྒྱ་རྩི་གཞིར་བྱས་པའི་སྟོང་ཕྲག་གི་འཇིག་རྟེན་གྱི་རྡུལ་སྙེད་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་མཐོང་བ་སོགས་དང་། ཕྱག་ཆེན་རིག་འཛིན་དུས་སྐད་ཅིག་ལ་སྔ་མ་དེ་རྩི་གཞིར་བྱས་པའི་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་ཕྲག་བཅུ་ཡི་རྡུལ་སྙེད་ཀྱི་གྲངས་དང་། ལྷུན་གྲུབ་རིག་འཛིན་དུས་སྐད་ཅིག་ལ། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུའི་རྡུལ་སྙེད་དང་མཉམ་པའི་སངས་རྒྱས་མཐོང་བ་སོགས་མཚན་ཉིད་ཐེག་པ་ལས་ཆེས་ཁྱད་པར་ཡོད་པ་རྣམས་ཤེས་པར་བྱའོ། །ད་ནི་རྩ་བའི་གསུམ་པ་སྒྲུབ་པ་རྗེས་ཀྱི་བྱ་བ་ནི། བར་ཆད་མེད་པའི་ལམ་ལ་ཚོགས་སྒྲུབ་པའི་དབང་དུ་བྱས་ཏེ། སྔོན་འགྲོ་ཤོམ་བྱེད་ཅིང་ནུབ་དང་པོ་འགོ་འཛིན་གྱི་བསྙེན་པ་ལ་འཇུག་པ་དང་བཅས་པ་ནི་བསྙེན་པ། ཅི་ཙམ་སྒྲུབ་པའི་ཞག་གྲངས་ཕྱེད་ཚུན་ཆད་ནི་ཉེ་བའི་བསྙེན་པ་སྟེ། དེ་གཉིས་ལས་འོད་ཟེར་དཀར་པོ་སྤྲོས་པས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱེད་ནས། ནུབ་ཐ་མ་མ་གཏོགས་པའི་ཕྱེད་ཡན་ཆད་འོད་ཟེར་དམར་པོའི་འཕྲོ་འདུ་བསྣོལ་མས་དངོས་གྲུབ་བསྐུལ་ཞིང་བསྡུ་བས་བཅུད་དག་པར་བྱེད་པ་ནི་སྒྲུབ་པ་དང་། རྟགས་མཐོང་ནས་ནུབ་ཐ་མར་འོད་ཟེར་མཐིང་གའི་ཚུར་བསྡུ་བས་རྒྱུད་དག་པར་བྱེད་པ་ནི་སྒྲུབ་པ་ཆེན་པོ་སྟེ། དེ་དག་ནི་བསྙེན་པའི་ལུགས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ཞེས་བྱ་བ་སྟེ། དེ་ཡང་ཟླ་བ་གཅིག་ལ་དཔེར་མཚོན་ན། ལམ་རིམ་ལས། ཟླ་ཕྱེད་ཕྱེད་ཞལ་ཉེ་བསྙེན་དང་། །ལྷ་གསལ་འཕྲོ་འདུ་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་སྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བླང་བ་སྒྲུབ་ཆེན་པོ། །ཞེས་པས། དེ་ཡང་ལོ་གཅིག་གི་དབང་དུ་བྱས་ན། བསྙེན་པའི་སྟ་གོན་གྱི་བྱ་བ་ནས་ནུབ་དང་པོ་བསྙེན་པའི་མགོ་འཛུག་པ་ཡན་ཆད་བསྙེན་པའི་ཡན་ལག་དང་། དེ་ནས་ཟླ་བ་དྲུག་གི་བར་དུ་ཏིང་ངེ་འཛིན་གཙོ་བོར་བསྒོམ་ཞིང་བསྙེན་པ་ཟླ་བ་ནི་ཉེ་བསྙེན་དང་། དེ་ནས་ན་ཟླ་བ་དྲུག་གི་བར་དུ་སྒྲུབ་པ་ལ་གཙོ་བོར་འཛབ་ཁང་དབྱེ་ཞིང་། དཀྱིལ་ཆོག་གི་རྣམ་ཤེས་ནམ་མཁའ་སོགས་འཛབ་བསྐུལ་བྱས་ཏེ། མདུན་བསྐྱེད་གསལ་བཏབ་སྟེ་སྒྲུབ་པའོ། །དང་པོ་བསྐྱེད་རིམ་ལ་བསླབ་པའི་དུས་ན་མདུན་གྱི་ཐང་སྐུ་ལ་དམིགས་ཏེ་བསྒོམ་པ་ནི། གང་ཟག་དབང་པོ་འབྲིང་དང་ཐ་མའི་དབང་གིས་བསྐྱེད་རིམ་ལ་གསལ་སྣང་ཐོན་སླ་བའི་ཆེད་ཀྱིས་དང་པོ་དེ་ལྟར་གོམས་ནས། གསལ་སྣང་ཐོན་པ་ན། དེ་རང་གི་ལུས་ལ་སྤོས་ཏེ་བསྒོམ་པས། གཙོ་བོ་བདག་བསྐྱེད་ཁོ་ན་ཡིན་ལ། སྒྲུབ་པའི་སྐབས་འདིར་ནི་བདག་མདུན་གཉིས་ཀ་ལ་གསལ་སྣང་ཐོན་དགོས་པའི་ཁྱད་པར་ཡོད་པ་བཞིན་དུ་ཤེས་དགོས་སོ། །དེ་ནས་ཐ་མའི་ཞག་བདུན་གྱི་སྔོན་རོལ་དུ་མཆོད་པ་གསར་དུ་བཤམས། དངོས་གྲུབ་ཀྱི་རྫས་འགོད་ནས། བཟླས་པའི་ཚེ་དངོས་གྲུབ་བསྐུལ་བའི་སྔགས་རྩ་སྔགས་ལ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་གཤམ་གདགས་ནས་བཟླ། ནུབ་ཐ་མའི་ཐོ་རངས་ཀྱི་དུས་སུ་དངོས་གྲུབ་ཞུ་དགོས་པ་དུས་ཀྱི་གནད་ཁྱད་པར་ཡིན་ཏེ། དེ་ཡང་ནམ་ལངས་ཉིན་གུང་བར་སྣང་བའི་དུས། ཉིན་གུང་ནས་སྲོད་ཀྱི་བར་མཆེད་པའི་དུས། སྲོད་ནས་མཚན་གུང་བར་ཐོབ་པའི་དུས། དེ་ནས་ཐོ་རངས་ཀྱི་བར་རྣམས་ཉེར་ཐོབ་བམ་འོད་གསལ་གྱི་དུས་ཡིན་པས། རྒྱལ་བུ་དོན་གྲུབ་ཀྱིས་ཐོ་རངས་རྒྱལ་རྔ་བརྡུང་དུ་ཉེ་བ་ན་ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་མངོན་དུ་མཛད་པ་དང་། རྙིང་མའི་སྔགས་གཞུང་ཚད་མ་རྣམས་ནས། དེང་སང་སྐྱ་རེང་དང་པོ་ཤར། །རྡོ་རྗེ་སེམས་དཔའི་ནམ་ཡང་ལངས། །ཞེས་དང་། རྡོ་རྗེ་སྲིན་པོའི་ནམ་ཡང་ལངས། །ཞེས་པ་རྣམས་དུས་གནད་ཁྱད་པར་ཅན་འདི་ལ་དགོངས་པས། དེའི་ཚུལ་ནི། ནུབ་ཐ་མའི་མཚན་ཕྱེད་ཙམ་ནས་ཡར་ལངས་ཏེ། ལས་བྱང་རྒྱས་པ་ཚར་གཅིག་བསྙེན་པ་དང་བཅས་པ་མཆོད་བསྟོད་བཅས་གྲུབ་པར་བྱས། མདུན་བསྐྱེད་མི་བསྡུ་བར་བཞག་ནས། ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར་ནས། ལྷག་མ་དང་བརྟན་མ་ཡན་ཆད་གྲུབ་པ་དང་། དེ་ནས་དངོས་གྲུབ་ཀྱི་གེགས་སྡིག་པ་དང་ཉམས་ཆག་བཤགས་པ་ཡེ་ཤེས་སྐུ་མཆོག་ཚར་གསུམ་དང་། དངོས་གྲུབ་ཀྱི་བར་ཆད་བགེགས་བསལ་བ་ལ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་དང་། ཧཱུྃ་བཞིས་བགེགས་བསྐྲད། སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། དངོས་གྲུབ་ཀྱི་རྫས་ལ། མཁའ་ཁྱབ་ཀྱི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་བསྡུ་བ། འཕགས་མཆོག་ཐུགས་རྗེ་སོགས་བབ་དྲུག་འདས་བཞིས་བྱིན་དབབ། དེ་ནས་རྩ་སྔགས་ལ་དངོས་གྲུབ་བསྐུལ་བའི་གཤམ་བཏགས་ནས་བརྒྱ་རྩ་བཟླས། སྨན་ཐོད་ཆང་གིས་བཀང་བ་ཐོགས་ཏེ། གཞུང་གི་སྨན་མཆོད་ༀ་ཧཱུྃ་སངས་རྒྱས་ཀུན་དང་སོགས་ནས་བླ་མ་བརྒྱུད་པ་དཀྱིལ་འཁོར་གྱི་ལྷ་ཚོགས་བཅས་པར་ཕུལ་ནས། བདུད་རྩི་གུ་ཡའི་ལག་གི་ཕྱག་རྒྱས་གཏོར་བས་ཡེ་ཤེས་ཀྱི་བདུད་རྩིའི་ཟེག་མ་ནམ་མཁའ་ལ་སྤྲིན་བཞིན་ཆགས་པ་ལས་བདུད་རྩིའི་ཆར་ཆེན་པོ་བབས་ཏེ། ལྷ་ཚོགས་ཐམས་ཅད་མཉེས་ཤིང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། དེ་ནས་གཏོར་མ་དང་དངོས་གྲུབ་ཀྱི་རྫས་བཟའ་བཏུང་ཅི་རིགས་པ་རྣམས་ལ་ལོངས་སྤྱད་ནས། དམིགས་པ་རྫས་དེ་དག་ལྷའི་ངོ་བོར་ཤེས་པས་གནས་གསུམ་གྱི་འོད་ཟེར་བདག་ལ་ཐིམ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཐོབ་པར་བསམ་ལ། ༀ་བཛྲ་ས་མ་སོགས་དང་། ༀ། ཡེ་ཤེས་རྒྱལ་པོ་སོགས་བརྗོད་ནས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་རྣམས་བདག་ཉིད་ལ་ཐིམ་ནས་གཉིས་སུ་མེད་པའི་དངོས་གྲུབ་ཐོབ་པར་བསམ་ལ་མཉམ་པར་བཞག་གོ། །དེ་ནས་མཆོད་བསྟོད་དང་། ཉེར་བསྡུ། གོ་བགོ། ལུས་བསྲུང་བཅས་རྗེས་རྒྱས་པར་བྱས་ནས། དེ་ཉིན་ནས་ཞག་ཤས་བར་དུ་གནས་བཟུང་ཞིང་ཡི་དམ་ལ་གཏང་རག་གི་ཚོགས་ཅི་འབྱོར་པར་ཕུལ། ཁ་སྐོང་གི་ཞི་བའི་སྦྱིན་སྲེག་ཅི་རིགས་པར་བྱ། དེ་ནས་རྒྱལ་ཆེན་མཆོད་གཏོར་དང་། རྒྱལ་ཐོ་བཀྲོལ་ནས་ཞག་ཁ་ཤས་སུ་འདུག །དེ་ནས་རིམ་གྱིས་རྡོ་རྗེ་མཆེད་ལྕམ་དམ་ཚིག་གཙང་བ་རྣམས་དང་རིམ་གྱིས་འཕྲད་པར་བྱ་བ་ལས། ཐོ་བཀྲོལ་བ་དང་། མི་མང་པོ་དང་འཕྲད་པ་སོགས་བྱས་ན་གྲིབ་གནོན་ལྟ་བུས་ཧར་གྱིས་འཆི་བ་ཡང་ཐོས་པས་ཚོད་ཟིན་པར་བྱའོ། །དེ་དག་གིས་ལམ་ངེས་རྫོགས་ཀྱི་རིམ་པའི་དབང་དུ་བྱས་པ་ཡིན་ལ། ལས་དང་པོ་པས་བསྙེན་འབྲེལ་ཙམ་བྱ་བ་ལ། ཉིན་ཐུན་གཉིས་དང་མཚན་ཐུན་གཉིས་བཅས་བཞིས་འཇུག་བདེ་བས་ཉིན་མོའི་ཐུན་སྔ་དྲོ་ལ་ལས་བྱང་རྒྱས་པར་བཏང་། འཛབ་ཁང་དབྱེ་བ་དང་། དཀྱིལ་ཆོག་གི་འཛབ་བསྐུལ་བཅས་བསྙེན་པ་ཅི་ནུས་དང་། མཐར་མཇུག་བསྡུ་བ་ལ། བསྟོད་པ། བཤགས་པ། ཡེ་ཤེས་པ་བསྡུ་བ་གསུམ་གྱི་དང་པོ་བཞི་བསྟོད་བྱ་བར་གསུངས་པ་ལྟར་ན། ཧཱུྃ། རྣམ་ཤེས་རྣམ་དག་བཅོམ་ལྡན་སོགས་ཀྱིས་བསྟོད། གཉིས་པ། ཡེ་ནས་གཉིས་མེད་སོགས་ཀྱིས་ནོངས་པ་བཤགས། གསུམ་པ་ནི། རང་བཞིན་དང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གཉིས། རང་བཞིན་དབྱེར་མེད་དུ་རྟོགས་པའི་ཕྱིར། ༀ་བཛྲ་ས་མ་ཡ་ༀ་སོགས། ༀ། ཡེ་ཤེས་རྒྱལ་པོ་སོགས་ཀྱིས་རིག་པའི་མེ་ཏོག་དོར་ཞིང་། དངོས་གྲུབ་བསྐུལ་ནས། ༀ་བཛྲ་ས་མ་ཡ་ཧཱུྃ། ཞེས་བརྗོད་པས། ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་དུ་ཐིམ། ༀ་བཛྲ་ས་མ་ཡ་ཧོཿ ཞེས་དབང་དུ་གྱུར་ནས་དགྱེས་ཤིང་ཆགས་པར་བྱས། ཛཿཧཱུྃ་བྃ་ཧོཿ ཞེས་ཕྱག་རྒྱ་བཞིས་བརྟན་ཅིང་གསལ་བར་བྱས་ནས་ཡི་གེ་བརྒྱ་པ་བཟླའོ། །དེ་ནས་ཉེར་བསྡུ་གོ་བགོ་ལུས་སྲུང་བར་བྱའོ། །དེ་བཞིན་ཐུན་ཐམས་ཅད་དུ་ངེས་པའོ། །དེ་ནས་ཐུན་ཕྱི་མ་གསུམ་ལ། ལས་བྱང་དང་ལྷ་བསྐྱེད་པའི་གཞུང་ཚིག་རྣམས་རྒྱས་པར་མི་ལྕོགས་ན་ཀུན་མཁྱེན་ཆེན་པོའི་ངལ་གསོལ་དོན་ཁྲིད་ཀྱི་དགོངས་པ་འདི་བཞིན་བཏང་བས་འཐུས་ཏེ། བདག་དང་མཐའ་ཡས་སེམས་ཅན་རྣམས་སོགས། ཨེ་མ་ཧོཿངོ་མཚར་རྨད་ཀྱི་ཆོས། །སོགས་ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་ནས། ཏིང་ངེ་འཛིན་རྣམ་གསུམ། དངོས་རྣམས་ཉིད་ནས་སོགས་ཚིགས་བཅད་རྣམས་བརྗོད། བར་གྱི་ཚིག་ལྷུག་རྣམས་དོར་ནས། ཡི་གེ་མཆོག་ནི་བསྒོམ་པར་བྱ། །ཞེས་དང་། ཨ། རབ་ཏུ་བརྟན་གྱུར་ནས། བརྟན་བྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཞེས་དང་། དེ་ནས་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པ་ནས། ནམ་མཁའི་མཐའ་ཀླས་པར་འབར་བའོ། །ཞེས་པའི་བར་དང་། རི་རབ་ཀྱི་སྟེང་དུ་རྒྱུའི་ཨ་ལས་བྷྲཱུྃ་ཆད། སྥ་ར་ཎ་ཕཊཿ སཾ་ཧ་ར་ཎ་ཧཱུྃ། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། ཞེས་བརྗོད་ནས། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །སོགས་ནས། རོལ་མོ་སྤྲིན་ཕུང་བཞིན། །ཞེས་པའི་བར་བཏང་ནས། སེངྒེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །ཞེས་དང་། ཨ་ཉིད་སྣ་ཚོགས་པར་སྣང་བའི། །སོགས་ནས། མངོན་རྫོགས་རྒྱལ་པོ་དེ་ཉིད་ངེས། །ཨ་སྥ་ར་ཎ་ཕཊཿ ཅེས་དང་། གདན་ལ་རྫོགས་དང་སེམས་དཔའི་ཚུལ། །སོགས་ནས། དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །ཞེས་པས་གསལ་གདབ་ནས། བསྐུར། རློབ། དབབ། དྲང་། བསྟིམ། བརྟན། མཆོད་པ་རྣམས་སྔགས་ཀྱིས་བྱས་ནས། གཞུང་གི་བསྟོད་པ། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །སོགས་ནས། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོཿའི་བར་བརྗོད། དེ་ནས། ༀ་ཧཱུྃ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །ནས། བདག་ཅག་བསམ་པ་འགྲུབ་གྱུར་ཅིག །ཅེས་བཏང་ནས། ཡང་དག་དོན་གྱི་སྙིང་པོ་སོགས་ནས། འཛབ་ཅི་ནུས་སུ་བཟླའོ། །དེ་ནས་འཛབ་ཀྱི་རྗེས་བསྟོད་བཤགས། ཡེ་ཤེས་པ་བསྡུ་བ་བཅས་གྲུབ་ནས། ཉེར་བསྡུ་གོ་བགོ་ལུས་སྲུང་བར་བྱས་པས་འཐུས་པ་ཡིན་ནོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་རིག་རྣམས་ཀུན་གྱི་བདག་པོ་མཆོག་གི་ལམ། །སྲས་བཅས་རྒྱལ་བ་མ་ལུས་མི་ལུས་ལུས་པ་མེད་ཀུན་གྱིས། །ཀུན་ནས་བསྒྲོད་པ་གཅིག་པའི་ལམ་གྱི་མཐར་ཐུག་གྲུབ་པའི་སྐྱེ་བོ་འཇུག་པའི་གནས། །སྒྱུ་འཕྲུལ་དྲྭ་བ་ཆེན་པོ་བཤད་དང་རྩ་བའི་རྒྱུད་ཀྱི་གསང་ཆེན་ཐེག་པ་མཆོག་གི་རྩེ། །ལས་དང་ཡེ་ཤེས་དངོས་གྲུབ་འདོད་རྒུ་མ་ལུས་བསླུ་བ་མེད་པར་འབྱུང་བའི་གཞིར། །དང་པོའི་ལས་ཅན་འཇུག་དང་བར་དུ་ཉམས་ལེན་ངེས་པའི་གནད། །གནས་སྐབས་རིག་འཛིན་བཞི་དང་མཐར་ཐུག་འབྲས་བུས་མངོན་དུ་བྱེད་པའི་ཐབས། །ཤེས་འཇུག་འབྱོར་པའི་གཟུངས་ཀྱི་ཆིངས་ཀྱིས་བཅིངས་པའི་བསྙེན་བསྒྲུབ་ཡན་ལག་རྣམ་བཞིའི་འགྲོས། །རྣམ་དག་གཞུང་ལ་ཐོས་བསམ་བྱས་དང་མན་ངག་ཟབ་མོ་གོམས་པའི་མཐུས། །འདི་ན་སྐལ་བཟང་སྐྱེ་བོའི་འཇུག་ངོགས་གྲུབ་བརྙེས་བྱེ་བའི་ཐུགས་ཀྱི་གསང་མཛོད་མ་ལུས་པ། །ཐང་མར་བརྡལ་ནས་ཉུང་ངུའི་ངག་གིས་གདམས་འདི་རང་དང་སྐལ་མཉམ་རྗེས་འབྲངས་རྣམས། །བརྩེ་བའི་ཤུགས་ཀྱིས་སྙིང་པོར་དྲིལ་ནས་བརྗོད་པའི་གཏམ་འདི་ངོ་མཚར་དུས་ཀྱི་དགའ་སྟོན་ཡིན། །འདིས་ཐོབ་དགེ་བས་དཔལ་ལྡན་རྡོ་རྗེ་སེམས་དཔའ་དབྱིངས་ཕྱུག་རྡོ་རྗེ་བཙུན་མོར་དགྱེས་རོལ་པའི། །དགའ་ཆེན་རྟག་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཁ་སྦྱོར་བདུན་དང་ལྡན་པ་ཡིད་ཅན་འགྲོ་བས་ཐོབ་པར་ཤོག །ཅེས་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞི་བ་འབྲིང་པོའི་སྒྲུབ་ཐབས་ལ་བརྟེན་ནས་ལམ་ངེས་རྫོགས་དང་མོས་བསྒོམ་གྱི་ལམ་གྱིས་འཇུག་པ་འདི་ནི་བཀའ་དྲིན་མཚུངས་པ་མེད་པ་བསྟན་པའི་ཉི་མ་ཉིད། ཡིད་ལྷུང་བླ་མ་སྒྱུ་འཕྲུལ་བའམ། དགའ་རབ་མདུན་ནས་རྒྱུད་འདིའི་མན་ངག་གནད་རྣམས་གསན་ནས་ཐུགས་ཉམས་སུ་བཞེས་ཚུལ་གྱི་གསུང་རྒྱུན་དང་། ཨ་བུ་དཔལ་སྤྲུལ་རིན་པོ་ཆེས་ན་རག་དོང་སྤྲུག་གི་བསྙེན་པ་བཏང་ཚུལ་ཞལ་ནས་སྙན་དུ་བརྒྱུད་པ་བཀའ་དྲིན་ཅན་གྱི་དོང་སྤྲུག་གི་བསྙེན་ཡིག་གནང་བ་རྣམས་རྩ་བར་བཟུང་ནས། གོ་འཇོ་རག་དགོན་མཆོག་སྤྲུལ་བཤད་སྒྲུབ་རྒྱ་མཚོས་མདོ་སྒྱུ་གཉིས་ཀྱི་མཚམས་གྲྭ་གསར་འཛུག་གི་ཐུགས་བཞེད་ཀྱིས་སྔ་ཕྱིར་བསྐུལ་བ་དོན་ཡོད་པའི་ཕྱིར། གསང་བ་སྒྱུ་འཕྲུལ་གྱི་གནས་ལ་མོས་པ་ལམ་དུ་བྱེད་པ་པདྨ་ལས་འབྲེལ་རྩལ་གྱིས་སྤེལ་བ་ཕྱོགས་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།