གླེང་གཞི་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་བདུན་པ།
དེ་ནས་ཡང་གསང་བ་པའི་བདག་པོས་ལང་ཀའི་བདག་པོ་ལ་བོས་ཏེ་སྨྲས་པ། ལང་ཀའི་བདག་པོ་དེ་དག་ལས་ཁྱད་པར་དུ་ངེས་པའི་གསང་སྒོ་ལྡེ་མིག་གསུམ་གྱིས་འབྱེད་པ་ཡང་འདི་ལྟ་སྟེ། དམ་པ་རྣམས་ཀྱི་གསང་བའི་སྒོ། །ཡན་ལག་མདོ་དང་རྩ་བ་ཡི། །འབྱེད་འགྲོལ་ངེས་པར་འབྱིན་པ་ཡིས། །དེ་ཉིད་ངེས་པར་མཐོང་བའོ། །འབྱེད་པ་རྒྱུ་དང་རྩ་བ་དང་། །འབྲེལ་པའི་ཚིག་དང་ངེས་པ་དང་། །སྦྱོར་བས་ཡན་ལག་རྫོགས་པ་ཡིན། །བརྗོད་འབྱུང་ཀུན་ལ་ངེས་པར་འགྲོ། །རྒྱུ་བཞི་གང་བྱུང་ཆེད་ཕྱིར་ན། །རྒྱུ་ཡི་ངོ་བོ་བྱིན་གྱིས་བརླབས། །ལུང་བསྟན་ཉིད་དུ་ངེས་པར་སྣང་། །རྩ་བའི་ཡན་ལག་གང་དག་གིས། །མདུན་བསུ་གུས་དང་དྲི་བ་དྲིས། །སྐབས་ལས་གླེང་དུ་ལངས་པའོ། །འབྲེལ་པ་ཡན་ལག་རྣམ་པ་བཞི། །རྗོད་དང་བརྗོད་བྱ་འབྲེལ་དགོངས་ལས། །ཐ་མ་གཉིས་བཞིར་འདྲེན་པའོ། །འདྲེན་པ་གང་འདིར་རྣམ་པ་བཅུ། །ལྟ་ཉིད་དེ་བཞིན་སྒོ་འབྱེད་དང་། །སྤྱིར་སྡུད་པ་དང་འབྱོར་པར་འདྲེན། །རང་རྐྱེན་ལྡེམ་དགོངས་གལ་པོ་ཉིད། །མ་བཅོས་དེ་ཉིད་མཚོན་པའི་དཔེ། །ཆོ་རོལ་སྣྲེལ་ཞི་རྣམ་པ་བཅུ། །མེ་ལོང་བཅུ་དང་རྣམ་སྦྱོར་བས། །སྒྲོན་མས་མུན་པའི་རྫས་ཚོལ་སྦྱར། །ངེས་པ་བཞི་བཞི་བཞིར་སྦྱར་བས། །བཅུ་གཉིས་ཡན་ལག་བཞིར་ཀུན་སྣང་། །སྦྱོར་བ་བཞི་པ་ལྔ་གཉིས་བཞི། །ཡན་ལག་ལྔར་སྣང་དེ་སྦྱར་ལྔ། །རྟོག་འཇུག་དྲུག་ཅུ་གཅིག་ཐབས་དང་། །ཡན་ལག་དྲུག་ཏུ་རྫོགས་པའོ། །ལང་ཀའི་བདག་པོ་གང་འདིར་ཡན་ལག་དྲུག་ནི་འདི་ལྟ་སྟེ། རྒྱུའི་ཡན་ལག་དང་། རྩ་བའི་ཡན་ལག་དང་། འབྲེལ་པའི་ཡན་ལག་དང་། འདྲེན་པའི་ཡན་ལག་དང་། ངེས་པའི་ཡན་ལག་དང་། སྦྱོར་བའི་ཡན་ལག་གོ། །ལང་ཀའི་བདག་པོ་དེ་ལ་རྒྱུའི་ཡན་ལག་ནི་གང་འབྱུང་བའི་རྒྱུར་གྱུར་པ་སྟེ། འདི་ལྟ་སྟེ། ཡོངས་སུ་རྫོགས་པ་དྲུག་གོ། །ལང་ཀའི་བདག་པོ་དེ་ཡང་འདི་ལྟར་འདི་སྐད་བདག་གིས་ཐོས་པ་ཁོ་ན་ཉིད་ངེས་པར་སྣང་བའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ཐ་སྙད་དང་བྲལ་བ། བླ་དགས་ཐམས་ཅད་ལས་འདས་པ། ནམ་མཁའ་ཆེན་པོ་ཀུན་ལ་ཁྱབ་པའི་བདག་ཉིད་མངོན་སུམ་མི་གནས་མཚོན་དུ་མེད་པ་ཡོངས་སུ་རྫོགས་པའི་རྒྱལ་པོ་དེས་ཡོངས་སུ་ཁྱབ་པའི་གནས་རྫོགས་པའི་སྤྱིར་ཆིབ་ཅེས་བྱ་བ་ནམ་མཁའི་དབྱིངས་བདེ་བ་ཆེན་པོའི་ངང་། ཐམས་ཅད་སངས་རྒྱས་པ་མཁྱེན་པར་དགོད་པ། ཀུན་གཞི་ཆོས་ཀྱི་ཕོ་བྲང་ཡེ་འབྱམ་རྨད་དུ་གྲགས་པ། རྒྱ་ཕྱོགས་སུ་ཡོངས་སུ་མ་ཆད་པ། ཆོས་ཉིད་ཀྱི་ནམ་མཁའ་བརྗོད་དུ་མེད་པ་ལ་ཡེ་ཤེས་ཀྱི་ཉི་མ་དཔག་ཏུ་མེད་པར་ཤར་བ། མཐའ་དང་དབུས་མེད་ཅིང་ཀུན་དུ་རྒྱ་མཉམ་པ་བདལ་ཁྱབ་ཆེན་པོ་ཞེས་བྱ་བའི་ཞིང་ཁམས་ན། གང་དུ་ཡང་མི་གནས་པ་ཆེན་པོ། གང་ལ་ཡང་མི་ཆགས་ཆགས་པའི་བདག་ཉིད། ཅི་ལ་ཡང་མི་མཛད་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ། མི་སྐྱེ་མི་འགག་རྣམ་གྲོལ་རྣམ་དག །དངོས་པོར་མ་ཡིན་ནམ་མཁའི་རང་བཞིན། མ་བཅོས་མ་བྱས་ཡེ་ནས་ཇི་བཞིན། འཁོར་བ་མི་སྤོང་ཡེ་བདལ་ཁྱབ་པ། དུག་གསུམ་མི་སྤོང་སྨན་པ་ཆེན་པོ། ཅིར་ཡང་མི་དམིགས་དམིགས་པ་ཀུན་འབྱུང་། ཚིག་གི་ལམ་ཆད་བརྗོད་པ་ཀུན་འབྱུང་། གང་དང་མ་འདྲེས་གཅིག་ཏུ་ཡོངས་སུ་རྫོགས་པ། ཀུན་ནས་ཀུན་དུ་ངང་བཟང་པོ་མི་ནུབ་པའི་ཏོག་ཆེན་པོར་ཡེ་ཤེས་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་དང་འདུ་འབྲལ་མེད་པར་ཀུན་དུ་འུབ་ཆུབ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་བཞུགས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཚིག་འདི་སྐད་མཐུན་འཇུག་ཐབས་སུ་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་བླང་དོར་མི་མངའ་བྱིན་གྱིས་བརླབས་ཀྱི་དབང་ཕྱུག །འདོད་པ་ཀུན་འབྱུང་མི་ཟད་མཛོད་ཀྱི་བཀོད་པ། ཆེ་བ་ཀུན་སྤྱོམ་དམ་པར་རོལ་པའི་གཟི་བརྗིད་དང་། བརླབས་སུ་གཅོད་པའི་སྤྱོད་པ་ཆེན་པོས་སྐྱོད་པ་དེ་རྨད་དུ་བྱུང་དོན་འདི་ཉིད་གླེང་བའི་གནས། ཚོགས་ཆེན་རྫོགས་པའི་གཞི། རྩལ་ཆེན་རྫོགས་པའི་ས། བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་ན་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་མཐའ་དང་དབུས་མེད་ཅིག་རྩེ་མོ་ཀུན་དུ་རྒྱ་མཉམ་པ། རིན་པོ་ཆེའི་རྒྱལ་བོས་རྣམ་པར་བརྒྱན་པ། མུ་ཏིག་གི་ལྕང་ལོ་དང་། ཆུན་འཕྱང་དང་། ལྡ་ལྡིས་མཛེས་པ། རྩིབས་ཀུན་དུ་ཉི་མ་དང་ཟླ་བ་རངས་པ་དང་། མ་རངས་པ་འཕྱོ་བས་གསལ་བཏབ་ཅིང་འཕྲོ་བཀོད་པ། སྐར་མ་དང་ཤིན་ཏུ་སྐར་མ་ངག་གིས་གཟེར་སྤྲས་པ། རིན་པོ་ཆེའི་ཀ་བ་བརྒྱད་ཟུག་པ། ཉི་མ་དང་ཟླ་བས་བརྒྱན་པ། རིན་པོ་ཆེའི་ཀ་རྒྱན་ལས། རིན་པོ་ཆེའི་གཙར་དང་འོད་ཟེར་ཀུན་དུ་འཕྲོ་བ། གདུང་ཆེན་པོ་བརྒྱད་རེའུ་རེས་བྲེས་པ། ཆོས་ཉིད་ཀྱི་བླ་རེ་ལ་རྡོ་རྗེའི་ཤར་བུ་བྱུང་བ། རྫུ་འཕྲུལ་གྱི་སྤྱིན་ཕུད་གཏིབས་བ། བྱང་ཆུབ་ཀྱི་ཆར་མངོན་པར་འབབ་པ། ཉོན་མོངས་པའི་གདུང་བ་སངས་པར་གྱུར་པ། ཡེ་ཤེས་ཀྱི་མྱུ་གུ་མངོན་པར་བསྐྱེད་པ་དང་། ཆོས་ཉིད་སྒྲ་མངོན་པར་སྒྲོགས་པ་ལས་ཀུན་གཞི་ཡེ་འབྱམ་རྨད་དུ་གྲགས་པའི་གླེང་སློང་བ། ཚིག་གི་བརྗོད་པ་དང་བྲལ་ཞིང་བཞིན་དང་མེ་ལོང་གི་ཚུལ་ལྟར་སྣང་བ། གཞལ་ཡས་ཁང་རྡོ་རྗེ་མངོན་པར་དགའ་བ། རྡོ་རྗེས་རྣམ་པར་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། གསེར་གྱི་ས་གཞི་བདལ་བ། མེ་ལོང་ངམ། ཆུ་ཤེལ་ལམ། ཆུ་དང་བའམ། གསེར་ཤིན་ཏུ་སྦྱངས་པ་ལྟར་མཉམ་ཞིང་སྙོམས་ལ་གསལ་ཞིང་འཚེར་བ་ལས་གཟུགས་བརྙན་བྱུང་བ། ནེམ་པ། འཕར་བ། འཇམ་པ། དག་པ། དང་བ། ལྡེམ་པ། མཉེན་པ། འབར་བ། འཕྲོ་བ། རྟོག་པ་མེད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་འོད་རང་བཞིན་གྱིས་བྱུང་ཞིང་ཟེར་ཀུན་དུ་འཕྲོས་པས། ཕྱི་ནང་གི་མུན་པ་ཡོངས་སུ་སེལ་བ། དབུ་རྩེ་འཁོར་ལོ་རྩིབས་བཞིར་འབར་བ། རྡོ་རྗེས་ཀུན་དུ་སྤྲས་པ། སྒོ་གསུམ་ཀུན་དུ་གསལ་བ་ལ། བ་ཏི་འོད་ཀྱི་མུ་ཁྱུད་ཡོངས་སུ་མ་ཆད་བ། ཉི་ཟླའི་གའུ་སུམ་བརྒྱུད་ཟུང་སྒྲིལ་དུ་འབར་བ། ཐེམ་སྐས་དང་རྟ་བབས་ཀྱིས་བརྒྱན་པ། གྲུ་ཆད་བཞིས་བརྒྱན་པ། བར་ཁྱམས་ཀྱིས་མཛེས་པ། ཧ་ར་དང་། ཧ་ར་ཆེན་པོས་བརྒྱན་པ། ཏྭ་ར་ན་ཡིས་བཟུང་བ། ཕྲེང་བས་མཛེས་པ། དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པ། ཟ་ར་ཚགས་ཀྱིས་བཀླུབས་པ། རྡོ་རྗེ་རིན་པོ་ཆེ་འབར་བས་ཀུན་དུ་མདངས་ཕྱུག་བ། དྲིལ་བུ ་གཡེར་ཀ་ལས་ཐེག་པ་ཆེན་པོ་ཆོས་ཀྱི་སྒྲ་སྒྲོགས་པ། ཆོས་ཀྱི་སྐུའི་གཟུགས་བརྙན་འབྱུང་བ། གཞི་ཡོངས་སུ་མཛེས་པའི་རྒྱན་རྡོ་རྗེ་མུ་ཁྱུད་མ་ཆད་པས་རྡོ་རྗེ་འགྲེང་བུ་དང་དྲ་བས་བརྒྱན་པ། ཏ་ལའི་ཤིང་ལྗོན་པ་སྐྱེས་པ་ལ་གསེར་གྱི་ཙོག་ཙོང་བྲེས་པ། རིན་པོ་ཆེའི་ཕྲ་མིག་གིས་སྤྲས་པ། བདུད་རྩིའི་ཆུ་རྒྱུན་འབབ་པ། ཕྱི་དང་ནང་མེད་ཀུན་ཡང་ནང་དུ་གྱུར་པ་ན། གར་ཡང་མ་འགགས་སྣང་བ་ཆེན་པོ། ཅི་ཡང་མ་གསུངས་རྒྱ་ཆེར་བཤད་པ། གང་ལ་ཡང་མི་དགོངས་ཏིང་ངེ་འཛིན་ཆེན་པོ་མངའ་ཐང་ཡོངས་སུ་རྫོགས་པའི་རྒྱལ་པོ་དེ་རྫོགས་ལོངས་སྤྱོད་པའི་འཁོར་བརྗོད་ཀྱི་མི་ལང་བའི་ཡང་མི་ལང་བ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་མི་བསྐྱོད་པ་ལ་སོགས་པ་རྡོ་རྗེ་གདུང་དང་། སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་བཏང་སྙོམས་ཆེན་པོ་ལ་སོགས་པ་ནོར་བུའི་གདུང་དང་སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་མཚན་མ་མེད་པ་ལ་སོགས་པ་པདྨའི་གདུང་དང་སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་སེམས་དཔའ་ཆེན་པོ་ལ་སོགས་པ་གཞོན་ནུའི་གདུང་དང་སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་རྣམ་མི་རིག་ལ་སོགས་པ་གླང་པོའི་གདུང་དང་སྡེའི་སངས་རྒྱས་ཐམས་ཅད་ཀུན་ཀྱང་ཐབས་སྤྲིན་ཕུང་ལྟ་བུ་དང་། ཤེས་རབ་ནམ་མཁའ་ལྟ་བུར་འབྲེལ་པ་ཤ་དག་དང་། གཙོ་བོ་དང་འཁོར་གྱི་ཚུལ་དུ་རྫོགས་ལོངས་སྤྱོད་པར་བཞུགས་སོ། །རྒྱ་ཆེར་བརྗོད་པ་ལྡེམ་དགོངས་སྦྱོར་བའི་ཚིག་འདི་སྐད་དུ་བཀྲི་བའི་ཐབས་སུ་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཆོ་འཕྲུལ་ཆེན་པོ་ཅིར་ཡང་སྣང་བའི་རྒྱལ་པོ་རྣམས་ནི་བྱ་བ་རྫོགས་པའི་གནས་བསོད་ནམས་གཏེར་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གནས་ཇི་བཞིན་པ་མོས་པ་ཅན་ཞེས་བྱ་བའི་ཞིང་ཁམས་ན། འཁོར་བ་འདྲེན་པའི་སངས་རྒྱས་དང་། སྣང་སྲིད་སྟོན་པའི་སྒྲོན་མ། གདུལ་བ་སེལ་བའི་སེམས་དཔའ། འགྲོ་དོན་མཛད་པའི་འཕགས་པ། ཐབས་མཁས་ཐུགས་རྗེའི་སྤྲུལ་པ། འབྱུང་བ་རྒྱུན་གྱི་བཅོམ་ལྡན་འདས་ཐུགས་རྗེ་རྟག་པའི་བདག་ཉིད་ཆེན་པོར་སྤྲུལ་པ་དེ་འཁོར་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་དག་དང་། སྟོན་པ་དང་ཉན་པའི་ཚུལ་དུ་རྣམ་པར་བཤད་པ་ཆེན་པོར་བཞུགས་ཏེ། ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ་དུ་སྣང་བར་སྟོན་འདོད་པ་རང་རྐྱེན་གྱི་ཚིག་འདི་སྐད་དུ་མ་བཀག་ཆོས་ཉིད་དུ་དགོངས་པ་རང་སྣང་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་གསང་བའི་སྐུ་བདེ་བ་ཆེན་པོ་དེ་ཆོ་འཕྲུལ་ཡོངས་སུ་རྫོགས་པའི་གནས། གཙུག་ཏོར་འཁོར་ལོས་སྒྱུར་བའི་ཁྱད་པར་ཟབ་མོ་གསང་བ་མཆོག་གི་དགྱེས་བ་ཡུམ་གྱི་ལྷུམས་པདྨའི་སྙིང་པོ་རྒྱལ་བ་ཀུན་གྱི་སྐྲུན་པའི་ཕོ་བྲང་། གང་གི་དོན་ལ་གཤེགས་པའི་ཤུལ་སྲིད་པ་གསུམ་གྱི་སེམས་ཅན་སྨིན་པར་བྱེད་པའི་གཞི། ཆགས་པའི་རྟེན་འབྱུང་བའི་གནས། འགྲོ་བའི་ལམ་དུ་གྱུར་པ་དེ་དང་ཆ་མཐུན་དུ་བསྟན་པ་པདྨོ་ཅན་ཞེས་བྱ་བར་གྲགས་པའི་ཞིང་ཁམས་ན། ཐུན་མོང་མ་གྱུར་གསང་བའི་སྐུ་སྟེ། གསང་བའི་འཁོར་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་འདི་ལྟ་སྟེ། གསང་བའི་སེམས་དཔའ་ཆེན་པོ་རྡོ་རྗེ་མྱུར་བ་དང་། རྡོ་རྗེ་ཆེན་པོ་མགྱོགས་པ་དང་། རྡོ་རྗེ་ཆེན་པོ་རྣོན་པོ་དང་། རྡོ་རྗེ་ཆེན་པོ་འབྱུང་བ་དང་། རྡོ་རྗེ་ཆེན་པོ་འབྱེད་པ་དང་། རྡོ་རྗེ་ཆེན་པོ་ཆེ་བ་དང་། རྡོ་རྗེ་ཆེན་པོ་ཡངས་པ་དང་། རྡོ་རྗེ་ཆེན་པོ་ཟབ་པ་དང་། རྡོ་རྗེ་ཆེན་པོ་བརྟན་པ་དང་། རྡོ་རྗེ་ཆེན་པོ་སྣ་ཚོགས་ལ་སོགས་པ་ཤིན་ཏུ་གསང་བའི་འཁོར་འབྱུང་འཇུག་དང་བཅས་ཏེ། གང་ཐེ་ཚོམ་གཅོད་པ་དང་། ཆོང་བ་དང་། ཞུ་བར་སྡོག་པའི་ཚུལ་དུ་བཞུགས་སོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་རེ་རེ་ལ་ཡང་སྐའི་བྱེ་བྲག་འདི་ལྟར་སྣང་ཞིང་ཐ་དད་དུ་སྣང་བ་ཡང་མེད་དོ། །གཅིག་དང་ཐ་དད་པའི་ངོ་བོ་ལས་ཀྱང་གྲོལ་ལ། ལྷན་ནེ་ལྷང་ངེ་ལྷམ་མེ་ལྷག་གེར་ཀུན་ནས་ཀུན་དུ་སྣང་ངོ་། །དེའི་ཚེ་དེའི་དུས་ན་མི་ཆེན་པོའི་སྤྱོད་ཡུལ་ཐབས་ཀྱི་ཐེག་པ་ཆེན་པོའི་གསང་བའི་སྙིང་པོ་འདི་སྐུ་བཞི་རྣམ་པར་སྣང་བ་ལ་ཐོས་པ་ཕྱིན་ཅི་མ་ལོག་པའི་དོན་རྒྱལ་བའི་སྲས་དག་ལ་དེ་ཁོ་ན་ཉིད་ལྟར་བགྲོ་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་དགོངས་པ་མཉམ་པ་ཉིད་ལ་ཤར་བར་མཁྱེན་ནས་སྐུ་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་སོ། །གསུང་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་སོ། །ཐུགས་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་ཏེ། འཇུག་པའམ། ལྡོག་པའམ། རྣམ་པར་ལྡོག་པ་མི་དམིགས་སོ། །ལང་ཀའི་བདག་པོ་གཉིས་ནི་གང་བྱུང་བརྗོད་པ་གཉིས་ཉིད་དོ། །ལང་ཀའི་བདག་པོ་དེ་དག་ནི་རྒྱུའི་ཡན་ལག་ཅེས་བྱའོ། །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས་གླེང་གཞི་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་བདུན་པའོ།། །།