འདུས་པ་མདོའི་དབང་གི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ། དྷརྨ་ཤྲཱི།
ཏ ནྟྲ ག མོ དེ ཤཱ ནྟཾ མ རྨ བྱ ཉྫ ན དཱི པ ནཱ མ སཾ གྲ ཧ སཱུ ཏྲ བྷི ཥི ཉྩ ས མཱ ནྱཱ རྠ བི ཧ ར ཏི སྨ། །
འདུས་པ་མདོའི་དབང་གི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
ༀ་སིདྡྷི་རསྟུ། འདུས་པ་ཆེན་པོ་མདོའི་དབང་གི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ། བླ་མ་དང་བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །ཨེ་གསང་ཀུན་ཏུ་བཟང་མོའི་མཁའ་དབྱིངས་སུ། །རང་རིག་ཡེ་ཤེས་མི་འགྱུར་མཆོག་བདེའི་ཝཾ། །གཉིས་མེད་འཁོར་ཞིའི་སྒྱུ་འཕྲུལ་ཟློས་གར་ཅན། །ཁྱབ་བདག་རྡོ་རྗེ་སློབ་དཔོན་སྤྱི་བོས་མཆོད། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་གང་ཆོས་ཀུན་གནས་ལུགས་གདོད་མའི་གཤིས། །དཀྱིལ་འཁོར་གསུམ་དུ་མ་འདྲེས་སྣང་ཡང་བྱང་ཆུབ་སེམས་སུ་ཡོངས་རྫོགས་པ། །ཀུན་ཁྱབ་སྲིད་དང་ཞི་བའི་དཔལ་གྱུར་སྐུ་ལྔའི་བདག་ཉིད་བཅོམ་ལྡན་འདས། །ཀུན་གྱི་སྔོན་རོལ་མངོན་པར་བྱང་ཆུབ་ཀུན་བཟང་གདོད་མའི་མགོན་དེས་སྐྱོངས། །གང་གི་རྣམ་འགྱུར་ཞི་དང་ཁྲོ་ཚུལ་སྒྱུ་མའི་མིག་འཕྲུལ་ངོ་མཚར་གཟུགས། །དཔག་མེད་ཡེ་ཤེས་རོལ་མོའི་སྤྲིན་འཕྲོ་དྭངས་པའི་མཚོ་ནང་གཟའ་སྐར་བཞིན། །ཤིན་ཏུ་རྣམ་དག་བདེ་གཤེགས་སྣང་བ་ཇི་སྙེད་ཇི་བཞིན་རྟེན་བརྟེན་པར། །མངོན་པར་འཆར་བ་འདུས་པ་ཆེན་པོའི་དཀྱིལ་འཁོར་འཁོར་ལོར་བཅས་ལ་འདུད། །དཔལ་ལྡན་གསང་བདག་དཔའ་བོའི་མཐུས་དྲངས་རིགས་ཅན་ལྔ་དང་སྐལ་ལྡན་ཛཿ དབང་བཞིའི་བཅུད་འདུས་རོ་ལངས་བདེ་བ་འགྲེལ་མཛད་བདེ་བ་གསལ་ལ་སོགས། །རྒྱ་བལ་བྲུ་ཤའི་ལོ་པན་ཚོགས་དང་ཁྱད་པར་ཁམས་གསུམ་འགྲོ་བའི་མགོན། །རྒྱལ་བའི་རྒྱལ་ཚབ་པདྨ་ཀ་རའི་ངོ་མཚར་རྣམ་ཐར་དད་བརྒྱའི་གསོས། །བསྐྱེད་རྫོགས་གསུམ་གྱི་ཆུ་གཏེར་ལ་རོལ་གྲུབ་གཉིས་ནོར་བུའི་གདེངས་ཀ་ཅན། །བཤད་སྒྲུབ་ཕྲིན་ལས་ཆུ་འཛིན་འཁྲིགས་ལས་ཕན་བདེའི་ཆར་འབེབས་ཀླུའི་དབང་པོ། །གནུབས་ཆེན་ཡབ་སྲས་ཟུར་ཆེན་མེས་དཔོན་གླན་སྟོན་རྡོ་རྗེ་འོད་ལ་སོགས། །ཕྱི་ནང་སྒྲུབ་གསང་དབང་བཞིའི་ཆུ་རྒྱུན་འབེབས་མཁས་རྩ་བརྒྱུད་བླ་མ་རྒྱལ། །འདུས་པ་མདོ་ཡི་བསྙེན་སྒྲུབ་རྣམ་བཞི་དང་། །འབྲེལ་བའི་ཟབ་རྒྱས་ཆུ་བོ་བཞི་ཡི་དབང་། །རྒྱུད་དང་མན་ངག་དགོངས་དོན་མ་འདྲེས་པར། །སྟོན་མཁས་འདི་ན་ཁོ་བོའི་ཡོངས་འཛིན་ཙམ། །གང་དེའི་དྲིན་ལས་རང་གི་རྟོགས་པའི་དོན། །དེ་ལྟར་གཞན་ལ་སྟོན་འདོད་ལྷག་བསམ་གྱིས། །དྲངས་པའི་སྤྱི་དོན་རྒྱུད་ལུང་མན་ངག་གནད། །གསལ་བྱེད་ལེགས་བཤད་སྒྲོན་མེ་དེང་འདིར་སྤྲོ། །དེ་ཡང་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཟུང་འཇུག་རོ་གཅིག་ཏུ་བཞུགས་པའི་བདག་ཉིད། འཕགས་མཆོག་རྣམས་ཀྱི་ཐུགས་སུ་ལེགས་པར་ཆུད་ཅིང་། ཐར་འདོད་ཀྱི་སྐྱེས་བུ་རྣམས་ཀྱིས་རྟོགས་པར་བྱ་བའི་ཡུལ་ནི། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་མཚན་ཉིད་ཅན། དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཉིད་དེ། སྤྱི་མདོ་དགོངས་པ་འདུས་པ་ལས། ཐམས་ཅད་བདག་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་གསུངས། དེ་ཡང་དཀྱིལ་འཁོར་རྣམ་པ་གསུམ་གང་ཞེ་ན། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཀྱི་རང་རྩལ་དུ་འདུ་ཞིང་། སེམས་ཉིད་སྐྱེ་མེད་སྤྲོས་པ་དང་བྲལ་བ་ནི་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཏེ། དེ་ལས། ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་མ་བཅོས་མ་སླད་མ་བྱུང་མ་སྐྱེས་ཇི་བཞིན་པའི་དེ་ཁོ་ན་ཉིད་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ། །ཞེས་སོ། །དེ་ཉིད་ཐམས་ཅད་དུ་མ་འགགས་པར་རང་སྣང་རིས་མེད་ཀུན་ཁྱབ་ཏུ་ཤར་བ་ནི། ཀུན་ཏུ་བཟང་པོ་རང་བྱུང་གི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཏེ། ཐམས་ཅད་ཀྱིས་དེ་ཉིད་དུ་སངས་རྒྱས་ཏེ་ཀུན་ལ་ཁྱབ་པའི་སླད་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ། །ཞེས་སོ། །དེ་གཉིས་ཀྱང་ངོ་བོ་ཐ་མི་དད་པར་ཟུང་འཇུག་ཏུ་གནས་པ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། ཐམས་ཅད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་མཐོང་ལགས་སོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཆོས་སྤྱི་སྐད་དང་བསྟུན་ན། སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཆོས་ཀྱི་དབྱིངས་འགྱུར་བ་མེད་པ་བདེ་བར་གཤེགས་པའི་སྙིང་པོའམ་ཀུན་གཞིའི་ཡེ་ཤེས་ཞེས་བསྙད་ཅིང་། དེ་ཉིད་ཀྱི་རང་བཞིན་ཤེས་བྱ་ཐམས་ཅད་ལ་རིས་མེད་ཀུན་ཁྱབ་དང་། ཁྱད་པར་ལུས་ཅན་རྣམས་ལ་མགོན་དང་བཅུད་དུ་བཞུགས་པས་ན། གནས་སྐབས་དང་མཐར་ཐུགས་གི་སྡུག་བསྔལ་བསལ་ཞིང་བདེ་བ་བསྐྱེད་པ་པོ་དང་རིག་པ་དང་གྲུབ་པའི་མཐའ་དུ་མ་དང་། ལམ་སྟོན་པ་པོ་ལ་སོགས་ཏེ་བདེ་བ་དམ་པའི་རྒྱུར་བརྟན་གཡོ་ཐམས་ཅད་པའི་རྣམ་པས་འགྲོ་བའི་དོན་སྤྱོད་པའམ་གདོད་མའི་མགོན་པོ་དེའི་རྣམ་འགྱུར་དུ་གསལ་ཞིང་། ཁྱད་པར་དྲི་མ་སྦྱོང་བའི་གཞི་གནས་ལུགས་དེ་ཉིད་ཀྱི་མདངས་འོད་སྦྱང་བྱའི་དྲི་མ་འཁོར་བའི་ཆོས་དང་འཛོམ་པ་ལས་སྦྱོང་བྱེད་ལམ་གྱི་རྣམ་པར་ཤར་ནས། དེས་སྦྱང་བྱ་སྦྱོང་བའི་གཉེན་པོར་གྱུར་པ་ཡིན་ལ། དེ་ཡང་དགོངས་འདུས་ལས། འདོད་ལ་ཞེན་དང་ངེས་པར་འབྱུང་། །གདུལ་དཀའ་དྲག་པོའི་ག དུལ་བྱའོ། །ཞེས་པས་ལས་རྒྱུན་གཅོད་པའི་ཕྲིན་ལས་འཚམས་པར་སྣང་བའི་དབང་དུ་བྱས་ཏེ། གང་ཞིག་འདེགས་པར་བྱ་བའི་ཡུལ་གདུལ་བྱ་གསུམ་དུ་ངེས་པར་བཤད་ཅིང་། དེ་གསུམ་གང་གིས་འདེགས་པར་བྱེད་པའི་རྩལ་ཡང་། དེ་ཉིད་ལས། འཁོར་ལོ་རྒྱུན་དང་དོན་དམ་ངེས། །ཆོ་འཕྲུལ་མངོན་པར་འབྱུང་བ་གསུམ། །ཞེས་པས་ཐེག་པ་གསུམ་དུ་འདུལ། དེ་གསུམ་གྱིས་ཇི་ལྟར་འདེགས་པར་བྱེད་པའི་ཐབས་ཀྱང་། དེ་ལས། རང་བཞིན་ཤུགས་དང་གཉེན་པོ་ཐབས། །ལས་རྒྱུན་གཅོད་པ་འབའ་ཞིག་གོ། །ཞེས་འདུལ་ཐབས་གསུམ་དུ་ངེས་ཏེ། དང་པོ་འདོད་ལ་ཞེན་པའི་གདུལ་བྱ་ཉོན་མོངས་པ་རགས་པ་མ་སྐྱེས་ཤིང་། ངེས་འབྱུང་གི་བློ་ཡང་མེད་པས་གནས་སྐབས་ཀྱི་བདེ་བ་ཙམ་དོན་དུ་གཉེར་བ་ལ། འཁོར་ལོ་རྒྱུན་གྱི་ཐེག་པས་རང་བཞིན་ཤུགས་ཀྱིས་འདུལ་ཐབས་འབྱུང་བ་ལྔར་ཤར་ནས། སྐྱེད་པའི་རྒྱུ། འཚོ་བའི་རྐྱེན། བརྟེན་པའི་གནས་ལ་སོགས་ཏེ་འདོད་པ་ཙམ་གྱི་བདེ་བ་ལ་སྦྱོར་བ་ཡང་གདོད་མའི་མགོན་པོ་དེའི་ཕྲིན་ལས་སོ། །གཉིས་པ་འཁོར་བ་ལས་ངེས་པར་འབྱུང་བར་འདོད་པའི་གདུལ་བྱ་ལ། དོན་དམ་ངེས་པའི་ཐེག་པས་གཉེན་པོ་ཐབས་ཀྱིས་འདུལ་བའི་ཐབས་བློའི་རིམ་པ་ལྟར་ཐེག་པ་དགུར་སྣང་ནས་ཉོན་མོངས་པ་སྤོང་སྦྱོང་དབང་དུ་བྱེད་པས་དོན་མཛད་པའི་ཕྲིན་ལས་སོ། །གསུམ་པ་གདུལ་དཀའ་དྲག་པོའི་གདུལ་བྱ་ལ། ཆོ་འཕྲུལ་མངོན་འབྱུང་གི་ཐེག་པས་ལས་རྒྱུན་གཅོད་པའི་ཐབས་ཀྱིས་འདུལ་བའི་ཐབས་འབྱུང་བ་ཁྲོས་པའི་ཆོ་འཕྲུལ་ཕྱི་ནང་གི་བསྐལ་བ་ཟུང་གསུམ་གྱིས་རྒྱུ་ཕྱི་སྣང་བ་དང་ནང་ཞེན་པའི་ལས་ངན་གྱི་རྒྱུན་མྱོང་ཐབས་ཀྱིས་སྦྱངས་པས། འབྲས་བུ་གནས་ངན་གྱི་སྡུག་བསྔལ་ལས་གྲོལ་བར་བྱེད་པའི་ཕྱིར་དོན་མཛད་པའི་ཕྲིན་ལས་སོ། །དེ་ལྟར་འདུལ་ཐབས་གསུམ་ལས། བར་པ་དོན་དམ་ངེས་པའི་ཐིག་པ་ནི། སྤྱིར་ལངྐར་གཤེགས་པ་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་པས་ཐེག་པའི་སྒོ་བསམ་གྱིས་མི་ཁྱབ་ཀྱང་། མདོ་བསྡུ་ན་རྣམ་པ་གསུམ་སྟེ། དགོངས་འདུས་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་པས་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་རང་བྱང་སེམས་གསུམ་དང་། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་བྱ་སྤྱོད་རྣལ་འབྱོར་གསུམ་དང་། དབང་སྒྱུར་ཐབས་ཀྱི་ཐེག་པ་བསྐྱེད་དང་རྫོགས་དང་ཡོངས་སུ་རྫོགས་པ་གསུམ་སྟེ། གདུལ་བྱ་བློ་རབ་འབྲིང་ཐ་གསུམ་རེ་རེ་ལའང་ནང་གསེས་ཀྱི་ཆུང་ངུའི་ཆུང་ངུ་སོགས་གསུམ་གསུམ་དུ་ཕྱེ་བས་དགུར་སྣང་བའོ། །འོ་ན་ལང་གཤེགས་སུ། ལྷ་ཡི་ཐེག་དང་ཚངས་པའི་ཐེག །ཅེས་གསུངས་པ་ལྟར་གྱི་ལྷ་མིའི་ཐེག་པ་འདིར་མི་སྟོན་པ་ཅི་སྙམ་ན། འདིར་ནི་འཁོར་བ་ལས་ངེས་པར་འབྱུང་བའི་གདུལ་བྱ་ལ་དགོངས་ནས་རྣམ་པར་གྲོལ་བའམ་ངེས་པར་ལེགས་པའི་ཐེག་པ་ཁོ་ན་བསྟན་མོད། འོན་ཀྱང་རིན་ཆེན་ཕྲེང་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་པ་ལྟར་མངོན་མཐོའི་སྐས་ལ་འཛེགས་ནས་ངེས་ལེགས་ཀྱི་ཐེག་པའི་ཁང་བཟང་དུ་འཇུག་པར་གསུངས་པས་ན། གདུལ་བྱ་རིམ་གྱིས་པ་ལ་ལམ་སྟེགས་སུ་སྦྱོར་བའམ། མ་སྦྱར་ཀྱང་ཐེག་པ་འདི་བདེ་འགྲོའི་རྟེན་སྒྲུབ་བྱེད་ཡིན་པས་སྔོན་དུ་འགྲོ་བ་དོན་གྱིས་ཐོབ་ཅིང་། དེ་ལྟ་ནའང་འདི་སྙམ་དུ། ལྷ་དང་མིའི་ཐེག་པས་བགྲོད་པར་བྱེད་པའི་རྟེན་ནི། ཕྱི་ནང་གཉིས་ཀ་ལ་ཡོད་པ་ལས། ཐར་པ་དོན་གཉེར་གྱི་བློ་མེད་ནའང་དཀོན་མཆོག་གསུམ་ལ་བྱ་བ་བྱེད་པར་མོས་པའི་སྒོ་ནས་སྐྱབས་སུ་འཛིན་པས་ནང་པའི་དབང་དུ་བྱས་པ་སོར་གཞག་ལྷ་མིའི་ཐེག་པ་ནི། རྣམ་གྲོལ་གྱི་ཐེག་པའི་ལམ་སྟེགས་སུ་འགྲོ་བར་རིགས་མོད། གཞན་དུ་སློབ་དཔོན་དཔའ་བོས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་སྒྲུབ། །ཅེས་གསུངས་པ་ལྟར་ཕྱི་རོལ་པའི་དབང་དུ་བྱས་པའི་ལྷ་མིའི་ཐེག་པ་ནི། ལོག་པར་རྟོགས་པའི་གྲུབ་མཐའ་ཡིན་པས། དེ་འདྲ་རྣམ་གྲོལ་གྱི་ལམ་སྟེགས་སུ་ཇི་ལྟར་འགྲོ་སྙམ་ན། ཕྱི་རོལ་པའི་བསྟན་པའང་རྒྱལ་བའི་གང་འདུལ་གྱི་ཕྲིན་ལས་སུ་སྣང་བས་ན་རྣམ་གྲོལ་གྱི་ལམ་སྟེགས་སུ་འགྲོ་བའི་སྐབས་ཡོད་དགོས་པས་སྐྱོན་མེད་དོ། །དེ་ལྟར་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་ཀྱིས་མཛད་པའི་ཐུགས་རྗེ་དཔྱངས་ཐག་གནས་ཀྱི་ལུང་ལས། ཐུགས་རྗེའི་འཇུག་པ་སྣ་ཚོགས་པས། །ཇི་ལྟར་འོས་པས་འདུལ་མཛད་དེ། །ཕྱི་རོལ་བྱེད་པའི་སྡེ་རྣམས་ལ། །དེ་དང་དེར་སྣང་སྟོན་པས་གསུངས། །ཞེས་འབྱུང་ཞིང་། རིགས་པས་ཀྱང་གྲུབ་སྟེ། ཕྱི་རོལ་པའི་རྟག་ཆད་ཀྱི་མཐའ་སྟོན་པའི་གཞུང་ལུགས་དེ་དག་ཀྱང་། ཤིན་ཏུ་རྨོངས་པའི་གང་ཟག་ལ་བློ་གྲོས་ཀྱི་འཇུག་པ་གསར་དུ་སྐྱེ་བའི་རྒྱུ་ཡིན་པས། ཐལ་འགྱུར་རྣམ་དག་འགོད་མཁན་གྱི་རྒོལ་བ་དང་འཕྲད་པའམ། བློ་གྲོས་ཤིན་ཏུ་བྱང་བའི་ཚེ་རང་སྟོབས་ཀྱིས་ཀྱང་ཡང་དག་པའི་ལམ་དུ་འཇུག་པའི་སྐབས་སྲིད་པས་ན། བརྒྱུད་ནས་རྒྱལ་བའི་ཕྲིན་ལས་སུ་འགྲོ་བ་ཡོད་དགོས་པ་ལ་དགོངས་ནས། དེ་ལྟར་གསུངས་མོད། འོན་ཀྱང་རེ་ཞིག་ཐར་ལམ་ལ་འཇུག་པའི་སྐལ་བ་མེད་པ་ལ་དེ་ལྟར་སྣང་བའི་ཕྱིར། གཞུང་དེ་དག་གི་ལུགས་སྐྱོང་བ་རྣམས་ཕྱིན་ཅི་ལོག་ལ་ཞུགས་པ་ཞེས་ཀྱང་གསུངས་སོ། །དེའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ལས་གཞན་དུ་རྣམ་པར་གྲོལ་བའི་ཐབས་སྟོན་པའི་ལམ་མེད་པས། དངོས་སུ་ན་རྒྱལ་བའི་བསྟན་པ་ཉིད་ཐར་འདོད་རྣམས་ཀྱིས་འཇུག་པར་བྱ་བའི་སྒོ་ཡིན་ལ། དེ་ཡང་དབྱེ་བསྡུའི་ཁྱད་པར་གྱིས་ཐེག་པ་གསུམ་མམ་དགུ་ཞེས་བརྗོད་མོད་ཀྱི། དེ་ལྟ་ནའང་ཆེས་ཐ་དད་པའི་རིམ་པ་གསུམ་མམ་དགུ་ཡོད་པ་ནི་མ་ཡིན་ཏེ། ཇི་ལྟར་ཞེ་ན། ཉན་རང་གི་ཐེག་པས་དངོས་སུ་ལམ་གྱི་ཆ་ཤས་ཙམ་སྟོན་པས། འབྲས་བུའང་ཐར་པའི་ཆ་ཤས་ཙམ་ཞིག་ཐོབ་པ་ཡིན་གྱི། རྣམ་གྲོལ་གྱི་ལམ་དང་འབྲས་བུ་ཡོངས་སུ་རྫོགས་པ་མི་སྟོན་ཅིང་། མཐར་ཐུག་ཐེག་པ་ཆེན་པོ་ལ་འཇུག་དགོས་པས་རང་རྐྱ་མ་ཐུབ་པའི་ཕྱིར་ཐེག་ཆེན་དུ་འདུ་ལ། ཐེག་པ་ཆེན་པོ་དེ་ལའང་། རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ཞེས་འབྱུང་བ་ལས། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི། མཐར་ཐུག་གི་འབྲས་བུར་བགྲོད་བྱེད་ཀྱི་ལམ་རྫོགས་པར་མི་འབྱུང་ཞིང་། སྔགས་ཀྱི་ཐེག་པས་ནི་ཡོངས་སུ་རྫོགས་པར་བསྟན་པས་འཕགས་པ་མ་ཟད། ཕ་རོལ་ཏུ་ཕྱིན་པའི་ལམ་དང་འབྲས་བུའི་རྣམ་པ་ཐམས་ཅད་རྡོ་རྗེ་ཐེག་པར་ཚང་ལ། སྔགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཕར་ཕྱིན་ཐེག་པར་མེད་ཅིང་། དོད་ཐུབ་ཀྱང་བཞག་ཏུ་མེད་པས་ན་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡང་རྡོ་རྗེ་ཐེག་པའི་ནང་དུ་དོན་གྱིས་འདུས་པ་ཡིན་ནོ། །དེ་ལྟར་ན་གང་འདུལ་གྱི་སྤྲུལ་པས་འགྲོ་བ་འདྲེན་པའི་ཐབས་སུ་གསུངས་པ་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་དང་། ཕྱི་ལུས་ངག་གི་དཀའ་ཐུབ་ཀྱིས་ནང་མཚན་མ་མེད་པའི་དོན་རིག་པར་བྱེད་པ་སྔགས་ཕྱི་བ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་སྟེ། དེ་དྲུག་གིས་མཐར་ཕྱིན་པར་བསྒྲུབ་པས་རང་རང་གི་ལམ་དེ་དང་དེས་ཐོབ་བྱའི་འབྲས་བུ་ཐོབ་པ་ཡང་། མཐར་གྱིས་ཆོས་ཐམས་ཅད་ལ་རིག་པ་རང་དབང་སྒྱུར་ཞིང་ཉོན་མོངས་པ་ལ་སྤྱད་ཀྱང་མི་འཆིང་བར་གྲོལ་བའི་ཐབས་མཁས་དང་ལྡན་པ་དབང་སྒྱུར་ཐབས་ཀྱི་ཐེག་པའམ། སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་དངོས་གྲུབ་གཞན་ནས་མི་འཚོལ་བར་རང་བྱུང་གི་ཡེ་ཤེས་སུ་གཏན་ལ་འབེབས་པས་ནང་རྒྱུད་ཅེས་གྲགས་པ་སྟེ། མི་འགྱུར་བའི་བདེ་བ་སྙིང་རྗེ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟུང་དུ་འཇུག་པའི་ལམ་མཆོག་བླ་ན་མེད་པ་བསྐྱེད་རྫོགས་རྣམ་པ་གསུམ་གྱི་ཐེག་པ་ལ་ཞུགས་ནས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་དགོས་པའི་ཕྱིར། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཆེས་མཆོག་ཏུ་གྱུར་པས་ཐེག་པ་ཐམས་ཅད་ཀྱི་རྩེ་མོར་སོན་པ་ནི་སྔགས་ནང་པ་བསྐྱེད་རྫོགས་གསུམ་ཡིན་ལ། དེའི་ནང་ནས་ཀྱང་འདིར་བསྐྱེད་པ་མ་ཧཱ་ཡོ་ག་དང་། ཡོངས་སུ་རྫོགས་པ་ཨ་ཏི་ཡོ་གའི་ཐེག་པ་གཉིས་ཀྱི་མཚམས་སྦྱོར་དུ་གྱུར་པ། རྫོགས་པ་ལུང་ཨ་ནུ་ཡོ་ག་འདུས་པ་ཆེན་པོ་མདོ་ཞེས་བྱ་བ་རྒྱུད་ལུང་ཐམས་ཅད་ཀྱི་ནང་ནས་ཟབ་ཅིང་རྒྱ་ཆེ་བ་དེ་ཉིད་འཆད་པར་བྱེད་པ་ཡིན་ནོ། ༈ །དེ་ལ་སྤྱིར་ལུང་ཨ་ནུ་ཡོ་གའི་ལུགས་ཀྱིས། རྟོགས་བྱ་གཞི་དང་། རྟོགས་བྱེད་ཀྱི་ལམ་གཉིས་རྣལ་འབྱོར་གསུམ་དུ་བསྡུས་ནས་བཤད་དེ། ཇི་སྐད་དུ། སྤྱི་མདོ་ལས། གྲོགས་པོ་དག །དེ་བས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པ་གང་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ནི། རྣལ་འབྱོར་རྣམ་པ་གསུམ་གྱིས་ཡོངས་སུ་འགྲེལ་པ་སྟེ། གསུམ་གང་ཞེ་ན། བྱ་བའི་རྣལ་འབྱོར་དང་། བྱ་བ་བྱེད་པའི་རྣལ་འབྱོར་དང་། བྱ་བ་མེད་པའི་རྣལ་འབྱོར་རོ། །ཞེས་དང་། རྩ་རྒྱུད་ཀུན་འདུས་ལ། ཆོས་ཐམས་ཅད་ནི་རྣལ་འབྱོར་རྣམ་པ་གསུམ་དུ་འདུས་པར་ཤེས་པར་བྱའོ། །གསུམ་གང་ཞེ་ན། རྒྱུའི་རྣལ་འབྱོར་དང་། རྐྱེན་གྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་རོ། །ཞེས་གསུངས་ཤིང་། རྩ་བཤད་ཀྱི་རྒྱུད་དེ་གཉིས་ཀྱི་ལུང་དོན་དགོངས་པ་གཅིག་ཏུ་སྒྲིལ་ནས་ཐ་སྙད་བཏགས་པ་ནི། མདོ་འགྲེལ་ལུང་བསྟན་མ་ལས། ཇི་སྙེད་ཆོས་རྣམས་འདིར་འདུས་ལ། །འདི་ཉིད་རྣལ་འབྱོར་གསུམ་དུ་གནས། །རྒྱུ་དང་རྐྱེན་དང་འབྲས་བུ་རྣམས། །བྱ་དང་བྱེད་དང་བྱ་མེད་དོ། །ཇི་སྙེད་ཆོས་རྣམས་ཐམས་ཅད་ཀུན། །ནང་དང་ཕྱི་དང་ཕྱི་ནང་ཆོས། །སངས་རྒྱས་སེམས་ཅན་དབྱེར་མེད་པ། །དང་པོའི་རྣལ་འབྱོར་དུ་བཤད་དོ། །ཞེས་དང་། དོན་བསྡུས་ལས་ཀྱང་། ཀུན་བཟང་ཐུགས་རྗེས་འགྲོ་དོན་དུ། །ཐེག་པ་གསུམ་སྣང་འདུལ་མཛད་པའི། །དོན་དམ་ངེས་པའི་ཐེག་པ་ལས། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བ་རྒྱུ་དང་བྱེད་པ་རྐྱེན། །བྱ་བྲལ་འབྲས་བུའི་རྣལ་འབྱོར་དག །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཅེས་པས་བྱ་བ་རྒྱུའི་རྣལ་འབྱོར། བྱེད་པ་རྐྱེན་གྱི་རྣལ་འབྱོར། བྱ་བྲལ་འབྲས་བུའི་རྣལ་འབྱོར་དང་གསུམ། དང་པོ་ནི། ཆོས་ཐམས་ཅད་ཀྱི་གཤིས་ལུགས་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་ཉིད་ཡིན་ཏེ། དེ་ལས། ཕྱི་ནང་བྱེ་བྲག་ཇི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པ། །ཤེས་པར་བྱ་བའི་རྒྱུད་དོན་ཡིན། །ཞེས་སོ། །གཉིས་པ་ནི། ལམ་གྱི་རྩོལ་བ་དང་བཅས་པའི་བྱེད་པས་འཁོར་བ་ལས་འདྲེན་ཞིང་རང་རང་གི་འདོད་པའི་འབྲས་བུ་ལ་འཇུག་པར་བྱེད་པ་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་སྟེ། དེ་ལས། རྩོལ་བཅས་སྤྱོད་པས་འདྲེན་འཇུག་པའི། །ཐེག་པ་དེ་ནི་བྱ་བྱེད་རྐྱེན། །ཞེས་སོ། །གསུམ་པ་ནི། སེམས་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་འབྲས་བུ་གཞན་ནས་འཚོལ་བའི་རྩོལ་སྒྲུབ་དང་བྲལ་བ་སྔགས་ཕྱི་ནང་གི་ཐེག་པ་སྟེ། དེ་ལས། གཞན་དུ་འབྲས་བུ་རེ་རྩོལ་མེད། །བསྒྲུབ་བྱ་ཉིད་ལ་ལམ་གནས་པས། །ཐབས་ཆེན་ཐེག་འདི་བྱ་བྲལ་བའོ། །ཞེས་སོ། །དེ་ལྟར་རྐྱེན་འབྲས་ཀྱི་རྣལ་འབྱོར་གཉིས་པོ་དེ་ལ་ཐུན་མོང་སྤྱིའི་ལམ་ཞེས་བྱ་ཞིང་། དེའི་ནང་ནས་ཀྱང་མདོ་ཁྱད་པར་ཅན་གྱི་ལམ་ལ་དབྱེ་ན། དེ་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས་ཐབས་ཀྱི་ངེས་པའི་ལམ་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས་སུ་གྲངས་ངེས་པ་ལས། དང་པོ་ནི། ཞུ་བདེ་འགྱུར་མེད་ཀྱི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒྲུབ་པའི་ཐབས་གང་ཞིག །འཁོར་ལོ་བཞིའི་སྒོམ་ཐབས་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་རིམ་གྱིས་འདྲེན་པའི་ཐབས་སྟེང་སྒོའི་མན་ངག་དང་། མཁའ་གསང་གཉིས་ཀྱི་སྙོམས་འཇུག་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ཅིག་ཅར་དུ་འདྲེན་པའི་ཐབས་འོག་སྒོའི་མན་ངག་གཉིས་ཏེ། དེ་ལས། རོལ་པའི་ཀ་ར་ལ་སོགས་པ། །མན་ངག་ཐབས་ཀྱིས་དེར་འཇུག་དང་། །ཞེས་གསུངས། གཉིས་པ་ནི། དེའི་འཕྲོས་ལས། ཐོས་བསམ་སྒོམ་པའི་ཚུལ་འགྲོ་བའོ། །དེར་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་ཡི་གེ་ཡི། །རྗེས་འཇུག །ཅེས་པས། རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བ་གཏན་ལ་དབབ་པ་ནི། ལམ་སྒོམ་པའི་སྔོན་དུ་འགྲོ་དགོས་ཏེ། དེ་ཡང་ཆོས་ཅན་ཤེས་བྱའི་དོན་ལ། ཤེས་བྱེད་རིགས་པའི་གཏན་ཚིགས་རྣམས་ཀྱིས་སོ་སོར་བརྟགས་པས། ཆོས་ཐམས་ཅད་གནས་ལུགས་ཆོས་ཉིད་ཇི་བཞིན་པ་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་བསམ་བརྗོད་དང་བྲལ་བར་གཏན་ལ་ཕེབས་པ་ནི་གྲུབ་མཐའ་འོ། །དོན་གྱི་རྗེས་སུ་འཇུག་པ་ནི། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པའི་རིམ་པ་ཡིན་ཏེ། བསྒོམ་བྱའི་དོན་ཆོས་ཉིད་སྙིང་པོ་ཇི་བཞིན་པའི་ངང་ལ། སྒོམ་བྱེད་ཀྱི་བློ་དེ་བཞིན་པར་གཞག་ནས་སྒོམ་པའི་ཕྱིར། དེ་ལྟར་ཡང་སྤྱི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་གཞག་ནས། །བརྗོད་པ་མེད་པའི་ངང་ཉིད་ལས། །མ་ཡེངས་རྒྱུན་དུ་དྲན་པའོ། །ཞེས་སོ། །ཡི་གེའི་རྗེས་སུ་འཇུག་པ་ནི། །མཚན་བཅས་ལྷའི་ཏིང་ངེ་འཛིན་སྒོམ་པའི་རིམ་པ་སྟེ། བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་བ་ལྟར་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་གསལ་ལ་མ་འདྲེས་པར་སྒོམ་པ་གཙོ་བོར་བྱེད་པའི་ཉམས་ལེན་ནོ། །དེ་ལྟར་ཡང་བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། །ཞེས་སོ། །དེ་ཡང་བློ་ཆེ་བ་ཅིག་ཅར་བས་ནི། ཆིག་ཆོད་དུ་རྟོགས་གོམས་མཐར་ཕྱིན་པར་བྱེད་པས་ས་ལམ་རིམ་པར་བགྲོད་པའི་རྩོལ་བ་དང་བྲལ་བ་ཡིན་ལ། བློ་ཆུང་འབྲིང་གཉིས་ནི། ས་བཅུས་བསྡུས་པའི་སློབ་ལམ་བཞི་རིམ་གྱིས་སམ། ཐོད་བརྒལ་གང་རུང་གིས་བགྲོད་ནས། །མི་སློབ་པའི་ལམ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་པ་སྟེ། དེ་ལ་ས་བཅུ་གང་ཞེ་ན། དང་པོ་འགྱུར་པ་མ་ངེས་པའི་ས། གཉིས་པ་བརྟེན་པ་གཞིའི་ས། གསུམ་པ་གལ་ཆེན་སྦྱོང་བའི་ས། བཞི་པ་བསླབ་པ་རྒྱུན་གྱི་ས། ལྔ་པ་བསོད་ནམས་རྟེན་གྱི་ས། དྲུག་པ་བརྟེན་པས་ཁྱད་པར་དུ་འགྲོ་བའི་ས། བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས། བརྒྱད་པ་གནས་པའི་མི་འགྱུར་བའི་ས། དགུ་པ་བརྡལ་བ་ཆོས་ཉིད་ཀྱི་ས། བཅུ་པ་རྫོགས་པ་ཅིར་ཆིབ་ཀྱི་ས་རྣམས་སོ། །དེ་དག་ཀྱང་། འདུན་པ་སྐྱེ་བའི་སྐབས་སོགས་ས་བཅུ་པོ་རེ་རེ་དང་སྦྱར་བའི་གནས་སྐབས་བཅུར། ཆོས་ཉིད་སྙིང་པོ་ཇི་བཞིན་པའི་རྗེས་སུ་འཇུག་པའི་རང་སའི་ལམ་ན་འཕར་བའི་རིམ་པ་ལྟར་བསྒོམས་པས། ས་བཅུ་རང་རང་གི་སྤྱད་བྱ། རྐྱེན་འགྱུར་ལས་ཀྱི་བག་ཆགས་རགས་ཕྲ་གཉིས་དང་། མངོན་དུ་རྒྱུའི་བག་ཆགས་རགས་འབྲིང་ཕྲ་གསུམ་དང་། ཀུན་འགྲོ་དང་། ལྷན་ཅིག་གནས་པ་དང་། བག་ལ་ཉལ་རགས་འབྲིང་ཕྲ་གསུམ་གྱི་སྒྲིབ་པ་རྣམས་རིམ་པར་དག་ནས། ས་གོང་མ་གོང་མ་ལ་སྦྱོར་བའི་གཡོ་བ་བྱང་ཆུབ་ཀྱི་སེམས་ལ་སོགས་ཏེ་སེམས་བཅུ་པོ། དཔེ་སྐར་མ་ཕྲ་མོ་ལྟ་བུ་ལ་སོགས་པ་བཅུ་དང་སྦྱར་ནས་བསྒྲོད་པར་རྩ་རྒྱུད་ཀུན་འདུས་ཀྱི་ལེའུ་གཉིས་པ་སོགས་མདོའི་རྩ་བཤད་ཀྱི་རྒྱུད་དང་མན་ངག་རྣམས་ལས་རྒྱ་ཆེར་གསུངས་སོ། །དེ་རྣམས་སློབ་པའི་ལམ་བཞིས་ཇི་ལྟར་བསྡུས་ཚུལ་ནི། ས་དང་པོ་དང་། གཉིས་པ་གཉིས་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་གྱིས་བསྡུས་ཏེ། དེ་ཐོབ་པས་སྤྱན་དང་མངོན་ཤེས་དང་རྫུ་འཕྲུལ་ཕྲ་མོས་སྤྲུལ་སྒྱུར་ནུས་པ་སོགས་མཐུན་མོང་གི་དངོས་གྲུབ་རྣམས་རིམ་གྱིས་གྲུབ་ཅིང་སངས་རྒྱས་སྤྲུལ་པའི་སྐུའི་ཞལ་མཐོང་པ་སོགས་ཚོགས་ལམ་གྱི་ཡོན་ཏན་རྣམས་འཆར་རོ། །དེ་ནས་ས་གསུམ་པ། བཞི་པ། ལྔ་པ་གསུམ་ནི་སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་གྱིས་བསྡུས་ཏེ། དེར་རླུང་སེམས་ཙམ་གྱིས་ལྷ་སྐུ་གྲུབ་ཅིང་། ཉིན་སྣང་མཚན་སྣང་གི་བར་མཚམས་མེད་པར་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་སོགས་སྦྱོར་ལམ་གྱི་ཡོན་ཏན་རྣམས་འཆར་རོ། །དེ་ཉིད་དུ་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་སྤྱད་པས། ཁུ་རྡུལ་རླུང་ཡིད་ཀྱི་འགྱུར་བདེ་རགས་པ་བཅོམ་སྟེ། འཇིགས་པ་ལྔ་དང་བྲལ་ཞིང་ཟག་པ་ཟད་ནས། དྲུག་པ་བརྟེན་པས་ཁྱད་པར་དུ་འགྲོ་བའི་ས་མཐོང་ལམ་དབུགས་ཆེན་ཕྱིན་པའི་རྣལ་འབྱོར་གྱིས་བསྡུས་པ། ཆོས་ཉིད་རང་མཚན་མངོན་སུམ་དུ་མཐོང་བའི་སྟོབས་ཀྱིས། བདེ་སྟོང་ཡེ་ཤེས་འོད་གསལ་ཡི་ལྷ་སྐུ་གྲུབ་ཅིང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་ཐོབ། །ལོངས་སྐུ་རིགས་ལྔའི་ཞིང་བགྲོད་ནས་ཆོས་ཉན་པ་སོགས་མཐོང་ལམ་གྱི་ཡོན་ཏན་ཐམས་ཅད་འཆར་རོ། །དེ་ནས་མཐོང་ལམ་འོད་གསལ་ལས་ལངས་པའི་རྗེས་ལ་མངོན་རྟོགས། བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་གྱིས་བསྡུས་པ་ཐོབ་པས། ཆོས་ཉིད་རྟོགས་པའི་ཡེ་ཤེས་དང་དག་པ་ལྷ་སྐུའི་སྣང་བ་རྒྱུན་མི་ཆད་པ་ཟུང་འཇུག་གི་སྐུ་གྲུབ་ཅིང་། དེ་ནས་ས་བརྒྱད་པ། དགུ་པ། བཅུ་པ་གསུམ་ནི་མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་བསྡུས་པ་ཡིན་ལ། དེ་ལྟར་སྒོམ་མཐར་གྱི་ལམ་གྱི་ས་བཞི་པོ་དེ་ཐུན་མོང་བ་ལྟར་ན། སྒོམ་ལམ་རྒྱུན་ཐ་དང་བཅས་པའི་ས་དགུས་བསྡུས་པས་ན། དེ་རྣམས་སུ་སྔར་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་སྟོང་འགྱུར་ནས། ཞིང་ཁམས་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་མཉམ་པའི་བར་དུ་རིམ་པར་འཕེལ་ཞིང་། ཆོ་འཕྲུལ་བཞི་དང་། དབང་བཅུ་ལ་སོགས་པའི་ཡོན་ཏན་རྣམས་འཆར་བ་ཡིན་ནོ། །དེ་ལྟར་སློབ་པའི་ལམ་བཞིར་ཟུང་འཇུག་གི་ལམ་ཉམས་སུ་བླངས་པས་མཐར་ཕྱིན་པའི་འབྲས་བུ་མི་སློབ་པའི་ལམ་བརྙེས་ཏེ། མདོ་སྡེ་རྒྱན་ལས། སྒོམ་པ་ཐ་མ་རྫོགས་ནས་ནི། །འོད་ཟེར་ཆེན་པོས་དབང་བསྐུར་བ། །ཞེས་འབྱུང་བ་ལྟར་སྔགས་ཀྱི་ཐེག་པར་སློབ་ལམ་གྱི་རྩེ་མོ་ས་བཅུ་རྒྱུན་གྱི་ཐ་མར་འདོད་ཆགས་ཆེན་པོའི་ལམ་གྱིས་འབྲས་བུའི་དབང་བསྐུར་བས་དགའ་བཞི་ལུགས་འབྱུང་ལྡོག་གི་མཐར་ཁུ་རྡུལ་ཕྲ་མོ་སྟེང་འོག་ཏུ་འགག་ཅིང་། དེའི་སྐད་ཅིག་གཉིས་པར་རླུང་ཕྲ་མོ་འགགས་པས། འགྱུར་བདེ་མྱོང་བའི་ཤེས་རིག་ཕྲ་མོའང་རྒྱུན་ཆད་པ་ན། སྤྱི་མདོ་ལས། གཞན་ནས་མ་བྱུང་རང་བྱུང་བ། །ཞེས་དང་། ལུང་བསྟན་མ་ལས། ཐ་མ་ཡིད་བཞིན་ནོར་བུ་ལྟར། །མ་བསགས་ཟད་འཕེལ་མེད་པའི་སྐུ། །གདུལ་བྱའི་དོན་སྣང་དངོས་གཞི་མེད། །ལྷུན་གྲུབ་ཡོན་ཏན་རང་སྣང་བའོ། །ཞེས་གསུངས་པ་ལྟར་གཞི་ལ་ཡོན་ཏན་ལྷུན་གྲུབ་ཏུ་བཞུགས་པ་ཉིད་མངོན་དུ་གྱུར་པ་ཙམ་ལས། དོན་དམ་པར་དྲི་མ་སྔར་ཡོད་བསལ་རྒྱུ་དང་ཡོན་ཏན་སྔར་མེད་སྒྲུབ་ཏུ་མེད་ཀྱང་། སྣང་ལུགས་ལ་གློ་བུར་གྱི་དྲི་མ་མཐའ་དག་བྲལ་སྟོབས་ཀྱིས་སྤོངས་རྟོགས་ཀྱི་ཡོན་ཏན་གསར་དུ་ཐོབ་པ་ལྟར་སྣང་སྟེ། མི་སློབ་པའི་ཟུང་འཇུག་འབྲས་བུའི་ཆོས་ལྔའམ་ཉི་ཤུ་རྩ་ལྔ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་དབང་འབྱོར་བས། རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་དོན་མཛད་དོ། །དེ་ལྟར་ཡང་དོན་བསྡུས་ལས། འབྲས་བུ་ཉིད་ནི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཉི་ཤུ་རྩ་ལྔས་བསྡུས་མཐའ་ཡས། །ལྷུན་རྫོགས་རྣམ་ཀུན་མཁྱེན་པའོ། །ཞེས་གསུངས་སོ། །དེ་ལྟར་ན་ཟག་བཅས་ཀྱི་ལམ་ཚོགས་སྦྱོར་དུ་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་ཟག་མེད་ཀྱི་ལམ་སློབ་པ་དང་མི་སློབ་པའི་ཟུང་འཇུག་གིས་བསྡུས་པའི་འབྲས་བུ་རྣམས་ནི། ལམ་བསྒོམས་པ་ལ་བརྟེན་ནས་ཐོབ་པའི་ལག་རྗེས་ཡིན་པས། ལམ་རིམ་པ་གཉིས་ལ་འབྲེལ་ཞིང་། རིམ་པ་གཉིས་པོ་དེ་རྟེན་དམ་ཚིག་དང་སྡོམ་པ་ལ་འབྲེལ། དེ་སྨིན་བྱེད་ཀྱི་དབང་ལ་འབྲེལ་བའི་ཕྱིར། དབང་བསྐུར་བ་ནི། རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་ཡང་ཡིན་ལ། ལམ་གྱི་དངོས་གཞི་ཡང་ཡིན་ནོ། །དེ་ལ་འཇུག་སྒོ་ཡིན་ཏེ། སྨིན་བྱེད་ཀྱི་དབང་ཐོབ་པ་སྔོན་དུ་མ་སོང་བར། གྲོལ་བྱེད་ཀྱི་ལམ་རིམ་པ་གཉིས་སྒོམ་པ་དང་། རྒྱུད་འཆད་ཉན་སོགས་བྱར་མི་རུང་བའི་ཕྱིར། དེ་སྐད་དུའང་སྒྱུ་འཕྲུལ་རྩ་རྒྱུད་སྙིང་པོ་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དང་། རྔམ་གློག་ལས། དབང་མཆོག་དམ་པ་མ་ཐོབ་པར། །སྒྲུབ་པ་ཅི་ཡང་མི་འགྲུབ་པས། །ཇི་ལྟར་དབང་བསྐུར་མཚན་ཉིད་ལགས། །ཞེས་དང་། མདོའི་མན་ངག་གསང་བ་ལས། དབང་མ་ཐོབ་པར་ལས་རྩོམ་པ། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་སོ། །ལམ་གྱི་དངོས་གཞི་ཡང་ཡིན་ཏེ། རྡོ་རྗེ་ཐེག་པའི་ལམ་མཐའ་དག་སྨིན་གྲོལ་གཉིས་སུ་འདུས་པར་གསུངས་པ་གང་ཞིག །ལམ་སྒོམ་པ་ལ་མ་ལྟོས་པར་སྐལ་ལྡན་ཁ་ཅིག་དབང་ཐོབ་ནས་དམ་ཚིག་མ་ཉམས་པ་ཉིད་ཀྱིས་སྐྱེ་བ་བདུན་ནམ་བཅུ་དྲུག་ནས་མཆོག་གྲུབ་པ་དང་། ཆེས་སྐལ་བ་དང་ལྡན་པ་ཁ་ཅིག་དབང་དུས་སུ་གྲོལ་བའང་ཡོད་དགོས་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། རྡོ་རྗེ་རྩེ་མོ་ལས། སྨིན་པ་དང་ནི་གྲོལ་བའི་ལམ། །སངས་རྒྱས་བྱང་ཆུབ་བསྟན་པའི་མཆོག །ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཀུན་འདུས་ལས། དབང་རྣམས་ལེགས་པར་རྫོགས་གྱུར་པས། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ཉམས་རབ་ཏུ་བསྲུང་བར་བྱ། །དེས་ནི་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་དང་། གསང་མཛོད་ལས། དབང་བསྐུར་ཡང་དག་བྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་སངས་རྒྱས་འགྱུར། །ཞེས་དང་། ཚོགས་འཁོར་དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ། །ཅེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། སྟོན་པས་སྤྲུལ་པའི་དཀྱིལ་འཁོར་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་དབང་བསྐུར་བས་དུས་དེ་ཉིད་དུ་རྒྱལ་པོས་ཟུང་འཇུག་གི་སྐུ་བརྙེས་པར་བཤད་པ་བཞིན། དབང་དུས་སུ་གྲོལ་བ་དགག་ཏུ་མེད་པའི་ཕྱིར་རོ། །འདིར་ལམ་གྱི་འཇུག་སྒོ་ཞེས་བྱ་བའང་། སངས་རྒྱས་ཀྱི་བསྟན་པ་ཐར་འདོད་རྣམས་ཀྱི་འཇུག་སྒོ་ཡིན་པ་བཞིན་ཏེ། ལམ་རིམ་པ་གཉིས་ཀྱང་དབང་གིས་ཇི་ལྟར་སྨིན་པ་དང་རྗེས་སུ་མཐུན་པའི་དབང་དོན་སྒོམ་པ་ཡིན་པའི་གནད་ཀྱིས་སོ། ༈ །དེ་བས་ན་འདིར་གང་བཤད་པར་བྱ་བའི་ཆོས་ནི། འདུས་པ་ཆེན་པོ་མདོའི་བསྙེན་སྒྲུབ་ཡན་ལག་བཞི་དང་འབྲེལ་བར་བསྐུར་བའི་དབང་གི་ཆུ་པོ་བཞིས་བསྡུས་པ་ཡོ་ག་བཞི་རྫོགས་ཀྱི་དབང་གི་དོན་ནོ། །དེ་གང་གིས་འཆད་ན། རྩ་བའི་རྒྱུད་ཀུན་འདུས་རིག་པའི་མདོ་དང་། བཤད་རྒྱུད་དགོངས་པ་འདུས་པ། གཞན་ཡང་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་དང་། ཧེ་རུ་ཀ་འདུས་པ་སོགས་མདོའི་རྒྱུད་ལུང་དགོངས་འགྲེལ་དང་བཅས་པ་དང་། དྲུག་གསུམ་བཅོ་བརྒྱད་ཀྱི་མན་ངག་རྣམས་གཙོ་བོར་བཟུང་། བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་ཀྱི་སྲོལ་མི་འདྲ་བ་དུ་མའི་ལས་ཐོ་དང་། ཆོག་སྒྲིགས་རྣམས་ཀྱི་ལེགས་ཆ་བླངས་ཏེ། རྫེ་བཙུན་བླ་མ་དམ་པ་མཁས་པ་ལ་དངོས་གྲུབ་ཀྱིས་བརྒྱན་པའི་དཔལ་རྣལ་འབྱོར་གྱི་དབང་ཕྱུག་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་དགོངས་པ་ཇི་ལྟ་བ་བཞིན་དུ་མ་འདྲེས་གཙང་དག་གི་སྒོ་ནས་སོ། །དེ་ལ་དྲུག་གསུམ་བཅོ་བརྒྱད་ཀྱི་མན་ངག་གང་ཞེ་ན། གཏད་རྒྱའི་རྩ་བ་ལས། དང་པོ་གབ་པའི་དབང་ལེ་དྲུག །སྤྱི་དབང་ཆེན་པོའི་གླེང་གཞི་དང་། །འདྲེན་པའི་ལས་བྱང་ཆེ་ལེ་དང་། །འདྲེན་པའི་ལས་བྱང་ཆུང་ལེ་དང་། །ཡོངས་སུ་གྲུབ་པའི་དབང་ལེ་དང་། །ལྟ་བ་ཡེ་འབྱམས་དབང་ལེ་དང་། །ཀུན་བཟང་ཐུགས་ཀྱི་གདམས་ལེ་སྟེ། །རྣམ་པར་དྲུག་ཏུ་ལུང་ཉེར་བསྡུས། །བར་དུ་དགོས་པའི་སྒྲུབ་ཐབས་དྲུག །དབང་དོན་བསྡུས་དང་དབང་དོན་འབྱེད། །དབང་དོན་རྒྱ་ཆེར་འབྱེད་པ་དང་། །ལས་ཐོ་རབ་གནས་བཤད་པ་དང་། །ན་རག་དོང་སྤྲུགས་བཤད་པ་དང་། །དྲུག་གིས་སྒྲུབ་པའི་དོན་རྣམས་བཤད། །ཐ་མར་དགོས་པའི་ཆ་རྐྱེན་དྲུག །སྦྱིན་སྲེག་ལྷག་ཆོག་དཀྱིལ་འཁོར་ཐིག །ཕྱི་ནང་གཉིས་ཀྱི་ཙ་ཀ་ལི། །བརྒྱུད་ཁུངས་གཏད་རྒྱའི་གླིང་གཞི་དྲུག །དྲུག་གསུམ་བཅོ་རྒྱད་ཡི་གེ་འདི། །སངས་རྒྱས་ཡེ་ཤེས་བདག་གིས་རྙེད། །སྣོད་ལྡན་རྣམས་དང་འཕྲད་པར་ཤོག །ཅེས་གསུངས་ཏེ། དེ་ལ་དབང་ལེ་དྲུག་ནི། རྒྱབ་བརྟེན་གྱི་རྒྱུད་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ་ལས་ལེའུ་དྲུག་ཕྱུང་བ་ཀལྤ་དུམ་བུའི་རྒྱུད་ཡིན་ལ། སྒྲུབ་ཐབས་དྲུག་དང་ཆ་རྐྱེན་དྲུག་ནི། སློབ་དཔོན་ཆེན་པོ་བདེ་བ་གསལ་མཛད་ཉིད་ཀྱིས་མཛད་པའོ། །དཔེ་ལ་ལར། ན་རག་གདོང་སྤྲུགས་ཀྱི་དོད་དུ་དབང་གི་མན་ངག་གསང་བ་བགྲངས་པའང་སྣང་ངོ་། ༈ །ཇི་ལྟར་འཆད་པའི་ཚུལ་ལ་གསུམ་སྟེ། རྟོག་ལྡན་འཇུག་ཕྱིར་བརྒྱུད་པའི་ལོ་རྒྱུས་བརྗོད་པས་ཡིད་ཆེས་བསྐྱེད། བཤད་བྱའི་དོན་ཁོང་དུ་ཆུད་ཕྱིར་སྔོན་རྗེས་ཀྱི་ཆུ་བོ་བཞིའི་དབང་གི་རང་བཞིན་གཏན་ལ་དབབ། གདུལ་བྱ་སྤྲོ་བ་བསྐྱེད་ཕྱིར་འཆད་ཉན་ཀྱི་ཕན་ཡོན་བསྟན་པས་འཇུག་བསྡུ་བའོ། །དང་པོ་ནི། སྤྱི་མདོ་ལས། ཀྱེ་གསང་བའི་བདག་པོ། ཉིད་ཀྱི་ཐེག་པ་ཆེན་པོ་གསང་བ་དམ་པ་འབྱུང་བའི་ཚུལ་སྟོན་པས་ལུང་བསྟན་པ་གཏམ་བརྒྱུད་དུ་བརྗོད་པའི་སྐབས་སུ། བརྒྱུད་པ་ཐབས་ཀྱིས་གྲགས་པ་ནའང་འབྱུང་ཞེས་བཀོད་པ་དེ་ཇི་ལྟར་བརྒྱུད་ཅིང་གང་དུ་གྲགས་པ་ལགས། སྨྲས་པ། ལངྐའི་བདག་པོ། དགོངས་པ་བརྒྱུད་དེ་ཚིག་ཏུ་གྲགས་པས་ལྷ་དང་མིའི་འཇིག་རྟེན་དུ་སྣང་བར་གྱུར་པ་ཡིན་ནོ། །ཞེས་གསུངས་པའི་དོན། ཇི་སྐད་དུ། རྒྱལ་བ་སེམས་དཔའ་རྣལ་འབྱོར་དང་། །དགོངས་རིག་རྣ་བར་བརྒྱུད་པ་སྟེ། །གང་ལ་ཐུག་གི་བར་དུའོ། །ཞེས་པས་གསུམ་སྟེ། རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་རིག་པས་བརྒྱུད་པ། གང་ཟག་རྣ་བར་བརྒྱུད་པའོ། །དང་པོ་ནི། བདག་ཅག་གི་སྟོན་པ་འདི་གཞི་གདོད་མའི་དབྱིངས་སུ་རིག་པའི་ཡེ་ཤེས་གྲོལ་བས། ཐོག་མ་མེད་པའི་དུས་ནས་མངོན་པར་བྱང་ཆུབ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང་དགོངས་པ་ཐ་མི་དད་པར་བཞུགས་པ་ལས། ཆོས་ཀྱི་སྐུའི་ཞིང་ཁམས་འོག་མིན་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྙིང་པོ་བྱང་ཆུབ་ཅེས་བྱ་བར། སྟོན་པ་ཆོས་ཀྱི་སྐུ་རྒྱལ་མཆོག་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ་ཉིད། རང་སྣང་གི་འཁོར་དེ་བཞིན་གཤེགས་པ་ལྔ་ལ་སོགས་ཏེ། རྒྱལ་ཚབ་སྐྱེས་བུ་བསམ་གྱིས་མི་ཁྱབ་པའི་དབུས་སུ། ཆོས་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དགོངས་པ་བརྗོད་དུ་མེད་པ་ཉིད། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སུ་རང་ཤར་བའི་ཚུལ་གྱིས་སྣང་བར་གྱུར་ཏོ། །དེ་ལྟར་ཡང་སྤྱི་མདོ་ལས། ཆོས་ཀྱི་སྐུའི་ཞིང་ཁམས་སྙིང་པོ་བྱང་ཆུབ་ཅེས་བྱ་བ་ན། རྒྱལ་མཆོག་སྐྱེས་བུ་ཞེས་བྱ་བ། རྒྱལ་ཚབ་སྐྱེས་བུ་བསམ་གྱིས་མི་ཁྱབ་པའི་འཁོར་དང་བཅས་ཏེ། སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་པར་གྱུར་བ་གསང་སྔགས་ཀྱི་ངོ་བོ་དེ་བཞིན་ཉིད་ལ་དགོངས་པ་ངེས་པར་འགྲེལ་ཏོ། །ཞེས་གསུངས། དེ་ཉིད་ཀྱི་ངང་ལས་གཞན་སྣང་ལོངས་སྐུའི་ཞིང་ཁམས་མངོན་པར་དགའ་བ་ལ་སོགས་པར། སྟོན་པ་རིགས་དྲུག་པ་ཉིད་འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་རིགས་ལྔར་བཞེངས་ཏེ། རང་རང་གི་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་ས་ཡའི་འཁོར་གྱིས་ཡོངས་སུ་བསྐོར་བའི་དབུས་ན། ཆོས་སེམས་ཉིད་འོད་གསལ་བའི་ཟུང་འཇུག་སྔགས་ཀྱི་ངོ་བོ་ཉིད་དགོངས་པ་བརྡའི་གསུང་གིས། དུས་འགྲོ་སྒྲོལ་གྱི་བར་དུ་རྒྱུན་མི་ཆད་པར་སྟོན་པ་ལས་མ་གཡོས་བཞིན་དུ། འཁོར་གྱི་སེམས་དཔའ་དེ་དག་གིས་ཀྱང་རང་གི་སྟོན་པ་ལ་ཉན་ནས། དེ་ཉིད་རང་བཞིན་སྤྲུལ་པའི་དག་ཞིང་རྣམས་སུ། རང་གི་ཉེ་བའི་འཁོར་གདུལ་བྱ་དག་པ་རྣམས་ལ་སྟོན་པར་བྱེད་ཅིང་། དེར་མ་ཟད་སྤྲུལ་པའི་སྐུ་ཡོངས་སུ་མྱ་ངན་ལས་འདས་པའི་འཁོར་རྣམས་ལའང་། ཆོས་ཉིད་མ་བཅོས་པའི་དོན་ཉིད་བརྡ་དང་ཚིག་གི་སྒོ་ནས་བགྲོ་བར་བྱེད་དེ། སྤྱི་མདོ་ལས། སངས་རྒྱས་མི་བསྐྱོད་པའི་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་རྡོ་རྗེ་འོད་ཟེར་གྱི་རྒྱན་གྱིས་རྣམ་པར་བརྒྱན་པ་ན། རྡོ་རྗེ་ཕུང་པོའི་རི་བོ་ལ། སྐྱེས་བུ་ཆེན་པོ་སེམས་དཔའ་རྡོ་རྗེ་ཞེས་བྱ་བར། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ས་ཡའི་འཁོར་དང་བཅས་ཏེ། སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་དེ་ཉིད། རང་གི་སྟོན་པ་ལ་ཉན་ཅིང་། རང་གིས་ཉེ་འཁོར་ལ་དེ་བཞིན་སྟོན་ཏེ། ཡོངས་སུ་འདས་ནས་ཀྱང་དེ་བཞིན་ཉིད་དུ་སྙད་པའི་སྒོ་ནས་དེ་རྣམ་པར་བགྲོ་བར་བྱེད་དོ། །ཞེས་གསུངས། དེ་བཞིན་དུ་ཞིང་ཁམས་དཔལ་དང་ལྡན་པ་དང་། བདེ་བ་ཅན་དང་། རྣམ་པར་དག་པ་དང་། བྱང་ཆུབ་སྙིང་པོ་ཅན་བཞིར། སྐྱེས་བུ་ཆེན་པོ་རྡོ་རྗེ་རིན་ཆེན་དང་། ཆོས་ཀྱི་སྤྲིན་དང་། རྡོ་རྗེ་ལས་དང་། རྡོ་རྗེ་འཛིན་པ་ཞེས་རིགས་གཞན་བཞི་ལའང་འགྲེས་སྦྱར་རོ། །དེའི་ངང་ལས་གདུལ་བྱ་དག་མ་དག་སྣ་ཚོགས་པའི་ངོར། མི་མཇེད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུར། འགྲོ་འདུལ་སྤྲུལ་པའི་སྐུ་ཐུབ་པའི་དབང་པོ་ལ་སོགས་ཏེ། མི་དང་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་གནས་རིས་སོ་སོར་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་པའི་ཚུལ་གྱིས། རང་རང་གི་སྐད་དང་མོས་པ་ཐ་དད་པས་ཆོས་སྟོན་པར་མཛད་དེ། དེ་ལས། སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་མོས་པ་ཅན་མི་མཇེད་ཀྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཞེས་བྱ་བ་རྡོ་རྗེ་གདན་གྱིས་རྣམ་པར་བརྒྱན་པ། ཞེས་སོགས་དང་། དེ་བཞིན་དུ་སེམས་ཅན་གྱི་རིས་བསམ་གྱིས་མི་ཁྱབ་པ། ཞེས་པ་ནས་གསང་སྔགས་ཀྱི་ངོ་བོ་དེ་ཉིད་རང་རང་གི་ཐུབ་པའི་དབང་པོ་ལ། རང་རང་གི་སྐད་དང་བརྡ་དང་མོས་པ་སྣ་ཚོགས་ཀྱིས་ཉན་ཅིང་། མིང་དང་མཚན་མ་ཐ་དད་པར་བརྟགས་པའི་སྒོ་ནས་རང་རང་གི་ཉེ་འཁོར་ལ་དེ་བཞིན་དུ་སྟོན་ཏོ། །ཞེས་པའི་བར་གསུངས་སོ། །དེ་ལྟར་སྐུ་གསུམ་དབྱེར་མི་ཕྱེད་པའི་རང་སྣང་གི་སྟོན་པ་ཆོས་ཀྱི་སྐུ་དང་། གཞན་སྣང་ལོངས་སྐུ་རིགས་ལྔ་དང་། སྤྲུལ་སྐུ་ཐུབ་པའི་དབང་པོ་རྣམས་ཀྱིས་ཀྱང་གསང་སྔགས་ཀྱི་དོན་དེ་ཉིད་དུས་ཐ་དད་པ་མ་ཡིན་པར་སྟོན་པར་མཛད་པ་ཡིན་ཏེ། སྒྱུ་འཕྲུལ་རྩ་རྒྱུད་ལས། དེ་ཚེ་མི་མཐུན་སྣ་ཚོགས་ལ། །སོ་སོ་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་། །ལས་འཕྲོའི་དབང་གི་སོ་སོར་སྣང་། །ཞེས་སོ། །དེ་ལྟར་ངེས་པར་བྱས་ཏེ། ཇི་ལྟར་བརྒྱུད་པའི་ཚུལ་ནི། སྟོན་པ་རིགས་དྲུག་པ་རྒྱལ་མཆོག་ཀུན་ཏུ་བཟང་པོས། རྒྱལ་ཚབ་སྐྱེས་བུ་རིགས་ལྔ་ལ། དེས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་སོགས་ལྷན་ཅིག་པའི་འཁོར་རྣམས་ལ་འབྲས་བུའི་དབང་བསྐུར་བའི་སྒོ་ནས་བརྒྱུད་དེ། སྤྱི་མདོ་ལས། གང་གིས་གང་ལ་གང་བརྒྱུད་པ། །དེ་བཞིན་ཉིད་དོ་དེའོ་ཞེས། །ཆོས་ཀྱི་རྒྱལ་པོས་རྒྱལ་ཚབ་ལ། །དགོངས་པ་གསང་བ་ངེས་པར་བརྒྱུད། །ཅེས་གསུངས་པའི་ཕྱིར་རོ། ༈ །གཉིས་པ་ལ་གཉིས་ཏེ། རིག་པ་འཛིན་པ་མི་མ་ཡིན་པ་ལ་བརྒྱུད་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པའོ། །དང་པོ་ནི། རྒྱལ་སྲས་སེམས་དཔའི་འཁོར་རྣམས་ཀྱི་ནང་ནས་རྒྱལ་སྲས་རིགས་གསུམ་གྱིས་གདུལ་བྱ་རང་རང་གི་ལུས་དང་བསམ་པ་དང་མཐུན་པར་སྣང་བས་བསྟན་ཅིང་དར་བར་མཛད་དེ། འཇམ་དཔལ་རྡོ་རྗེ་རྣོན་པོ་གཞོན་ཚུལ་མཛེས་པའི་སྐུར་བསྟན་པས། ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེས་རིན་ཆེན་འོད་འབར་ལ། དེས་སྐྱེ་དགུའི་བདག་པོ་ཚངས་པ་ལ། དེས་ཚངས་པ་ཀུན་གྲོལ་ལ། དེས་ཚངས་པ་གཙུག་ཕུད་འཛིན་ལ། དེས་དབང་པོ་བརྒྱ་བྱིན་ལ། དེས་ལྷའི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་བཤད་ཅིང་དར་བར་བྱས། སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུར་བསྟན་པས། ཀླུ་རྒྱལ་མགྲིན་པ་ནག་པོ་ལ་བཤད། དེས་ཀླུ་མོ་ཁ་འདུལ་མ་ལ། དེས་ཀླུ་མོ་འདུལ་ཚངས་མ་ལ། དེས་ཀླུ་ཡིད་འོང་དགའ་བ་ལ། དེས་ཀླུ་འཇོག་པོ་ལ། དེས་ཀླུའི་ཚོམ་བུ་འབུམ་སྡེ་ལ་བཤད་ཅིང་དར་བར་བྱས། ཕྱག་ན་རྡོ་རྗེ་འཇིགས་ཚུལ་སྡིགས་པའི་སྐུར་བསྟན་པས། གནོད་སྦྱིན་ཀུན་ཏུ་བཟང་པོ་ལ་བཤད། དེས་གནོད་སྦྱིན་ལག་ན་རྡོ་རྗེ་ལ། དེས་གནོད་སྦྱིན་གྲགས་ལྡན་ཕྱོགས་སྐྱོང་ལ། དེས་གནོད་སྦྱིན་སྐར་མདའ་གདོང་ལ། དེས་གནོད་སྦྱིན་ཚོམ་བུ་འབུམ་སྟེ་ལ་བཤད་ཅིང་དར་བར་བྱས་ཏེ། ལྷ་ཀླུ་གནོད་སྦྱིན་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་རིག་འཛིན་ཅིང་སངས་རྒྱས་རྣམས་ཀྱི་གདུང་འཚོབ་པར་གྱུར་ཏོ། །གཉིས་པ་ནི། ཐོག་མར་ལུང་བསྟན་བརྒྱུད་པའི་འབྲེལ་བསླང་བར་བྱ་སྟེ། སྤྱི་མདོ་ལས། འདི་ལྟར་མི་མཇེད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སྟོན་པ་རྡོ་རྗེ་ཐུབ་པའི་དབང་པོ་དེ། སྐྱེ་དགུའི་ཚེ་ལོ་བརྒྱ་པ་ལ་བྱུང་སྟེ། ཡུན་ཧ་ཅང་མི་རིང་བ་ཞིག་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་དགོངས་ནས། ཡུལ་ཡངས་པ་ཅན་ཞེས་བྱ་བར་འཁོར་མང་པོ་དང་ཐབས་གཅིག་ཏུ་བཞུགས་པ། དབྱར་གྱི་ངོ་གསུམ་འདས་ནས། འཇིག་རྟེན་གྱི་སློབ་མ་ལ་གདམས་ངག་གསུམ་འཇོག་པའི་སླད་དུ་འཁོར་འདུས་པ་རྣམས་ཀྱི་ནང་ན་རྫུ་འཕྲུལ་ཆེར་སྤྱོད་ལ་བཀའ་སྩལ་པ། རྫུ་འཕྲུལ་ཅན་ཁྱོད་དེངས་ལ། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་ངའི་སློབ་མ་གང་དག་འཁོད་པ། འདུ་བར་ཕྱོགས་པ་དག་གང་ཇི་སྙེད་པ་རྣམས་སྡུས་ཤིག །ངེས་པར་གཞག་པར་བྱ་བ་དག་ཡོད་དོ། །ཞེས་གསུངས་པ་དང་། རྫུ་འཕྲུལ་ཅན་དེས་ཆོས་ཀྱི་སྐད་ཅིག་གིས་གོ་བར་བསྒྲགས་ནས་ཐམས་ཅད་སྡུད་པ་ནི། འདི་ལྟ་སྟེ། རྒྱལ་བའི་ཞིང་གྱུར་རིགས་དྲུག་གང་སུ་དག །འདུ་བར་ངེས་ཤིང་ཕྱོགས་པ་ཀུན་ཉོན་ཅིག །དེང་འདིར་རྒྱལ་བས་བདུད་རྩི་གསུམ་འཇོག་གིས། །དུག་གསུམ་འཇོམས་པར་འདོད་པ་ཀུན་འདུས་ཤིག །ཅེས་གསུངས་པ་དང་ཚིག་དོན་ཆ་འདྲ་བར་ཤེར་ཕྱིན་སྒོ་མཐའ་ཡས་པ་ལས་ཀྱང་འབྱུང་ངོ་། །དེ་ལྟར་བསྒྲགས་པ་ན། དམ་པའི་རིགས་ཅན་ལྔ་ནང་དུ་ཡང་དག་འཇོག་པ་ལ་གནས་པས་མ་འདུས་ལ། དེ་ལས་གཞན་པའི་འཁོར་ཐམས་ཅད་འདའ་ཀ་ཞལ་ཆེམས་ཉན་པའི་ཆེད་དུ་སྟོན་པའི་སྤྱན་སྔར་ལྷགས་པ་ལ། བཀའ་སྩལ་པ། ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་ནི་མི་རྟག་པའོ། །འབྱོར་པ་ཐམས་ཅད་ནི་མཐར་རྒུད་པའོ། །དངོས་པོ་ཐམས་ཅད་ནི་ངེས་པར་འཇིག་པའོ། །གང་ཟག་གི་སྲོག་གི་དབང་པོ་ལ་སྐྱེ་འཆི་ཡོད་པའི་ཕྱིར། ང་ཡོངས་སུ་མྱ་ངན་ལས་འདའ་བས། སུ་དག་ཐེ་ཚོམ་མ་ཆོད་པ་རྣམས་དྲི་བ་གྱིས་ཤིག །ཅེས་བཀའ་སྩལ་པ་དང་། འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་ཞེས་བྱ་བ་སྟན་ལས་ལངས་ཏེ། སེང་གེའི་ལྟ་སྟངས་ཀྱིས་སྟོན་པའི་ཞལ་ལ་བལྟས་ཏེ་འདི་སྐད་ཅེས། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་ལ་མཐུན་མཇུག་ཏུ། །འདའ་བས་ཡོངས་སུ་འདུལ་བར་དགོངས། །ཁྱོད་ནི་འཇིག་རྟེན་སྒྲོན་མར་ཤར། །ལྷ་མིའི་འཇིག་རྟེན་ཐམས་ཅད་ཀྱི། །མུན་པའི་དཀྱིལ་འཁོར་ཀུན་གསལ་ནས། །སེམས་ཀྱི་དཀྱིལ་འཁོར་གསལ་མཛད་དེ། །ཞེས་སྔོན་དུ་འགྲོ་བས་དྲི་བ་ལྔ་དྲིས་པའི་དང་པོ། ས་དང་རྣམ་ཐར་ལ་སྤྱད་པས། བྱང་ཆུབ་ཐོབ་པར་འགྱུར་བ་ཡི། །འདྲེན་པའི་ཐེག་པ་རྣམ་གསུམ་ལ། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དཔག་གིས་མི་ལང་བའི། །ངེས་པའི་ཐེག་ཆེན་ཡོངས་མ་གསུངས། །ཞེས་རྒྱུའི་ཐེག་པ་སྔར་གསུངས་ནའང་། འབྲས་བུའི་ཐེག་པ་མ་གསུངས་པས་ད་ནམ་འབྱུང་ཞེས་ཞུས་པའོ། །དེའི་ལན་དུ་སྟོན་པས་དེ་ཁོ་ན་ཉིད་ངེས་པའི་ཐེག་པ་ཆེན་པོ་དེ་གནས་སྐབས་བཅུ་གཉིས་སུ་འབྱུང་བར་གསུངས་པའི་ནང་ཚན་བཅུ་པ། ལུང་ཆེན་ངེས་པར་བསྟན་པ་ནའང་འབྱུང་། ཞེས་གསང་སྔགས་ཕྱིས་འབྱུང་བར་གསུངས་པའི་དོན་འོག་ཏུ། རྗེས་སུ་འབྱུང་བར་ལུང་བསྟན་པའི་ལེའུ་བཞི་བཅུ་རྩ་གསུམ་པ་ལས་འདི་སྐད་ཅེས། ང་ནི་འདི་ནས་མི་སྣང་ན། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་སྣང་འགྱུར་ཏེ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྐའི་བདག་པོ་ལ་སོགས་པ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་ལུང་བསྟན་པ་ལྟར་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ། བཅུ་གཉིས་ནི་བཅུ་ཚན་གཉིས་ཏེ་ཉི་ཤུ་དང་། བརྒྱད་དང་བཅུ་གཉིས་ཞེས་པ་གྲངས་ཀྱི་གནས་གཞན་འགོད་པའི་རིག་པ་ལ་དགོངས་པས། དོན་ལ་ལོ་ཉི་ཤུ་རྩ་བརྒྱད་འདས་པ་ན། ལྷ་གྲགས་ལྡན་མཆོག་སྐྱོང་བློ་གྲོས་མཐའ་ཡས་དང་། ཀླུ་རྒྱལ་འཇོག་པོ་བློ་གྲོས་རྒྱ་མཚོ་དང་། གནོད་སྦྱིན་སྐར་མདའ་གདོང་བློ་གྲོས་དད་སེལ་དང་། སྲིན་པོ་ལངྐའི་བདག་པོ་མགྲིན་བཅུ་བློ་གྲོས་ཐབས་ལྡན་དང་། མིའི་དགེ་བསྙེན་ལི་ཙ་བཱི་དྲི་མེད་གྲགས་པ་བློ་གྲོས་རབ་ཞི་སྟེ། དམ་པའི་རིགས་ཅན་དྲྭ་མ་ལྔ་པོ་ནང་དུ་ཡང་དག་འཇོག་ལས་ལངས་པ་དང་། སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདས་པར་ཤེས་པས་མྱ་ངན་གྱིས་གདུངས་ཏེ། རང་རང་གི་མངོན་པར་ཤེས་པས་ལངྐའི་ཡུལ་གྱི་གྲོང་བརྡལ་གྱི་མཚོ་གླིང་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་རྫུ་འཕྲུལ་གྱི་བྱ་བས་འདུས་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡིད་ལ་བྱས་ཏེ་གདུང་ཚིག་སྨྲས་པ། ཨེ་མའོ་ཀྱི་ཧུད་ཨེ་མའོ་བློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ནས། ད་ལྟར་སྟོན་པ་འདས་འོག་ཏུ། །གདུང་འཚོབ་སྐྱེས་བུ་འབྱུང་འགྱུར་རམ། །ཨེ་མའོ་ཀྱི་ཧུད་ཨེ་མའོ་བློང་། །ཞེས་པའི་བར་གདུང་ཚིག་ཉེར་གསུམ་བཏོན་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་གསང་བའི་བདག་པོ་ལ། གསང་བ་པོ་ཡི་བདག་པོ་ཁྱོད། །སྔོན་གྱི་གོ་ཆ་ཡལ་ལམ་ཅི། །འཇིག་རྟེན་སྡུག་བསྔལ་མི་ཤེས་སམ། །སྙིང་རྗེའི་ས་ལ་བབས་ནས་ཀྱང་། །འཇིག་རྟེན་གདུང་བ་བསལ་བར་རིགས། །ཞེས་བསྐུལ་བས། གསང་བདག་གིས་གདུལ་བྱའི་ངོར་ཆོ་འཕྲུལ་བསྟན་ནས་ཞལ་གྱིས་བཞེས་པ་འདི་སྐད་དུ། འཇིག་རྟེན་ལོག་པའི་གཙོ་བོ་རྣམས། །སྐལ་དང་ལྡན་པར་ལུང་བསྟན་པ། །ལས་དང་སྐལ་བར་རབ་ལྡན་ཞིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པའི། །བསོད་ནམས་ཆེན་པོ་སྐལ་ཅན་རྣམས། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །ད་ལྟར་དུས་ལ་འདིར་བབས་ཀྱིས། །འཁོར་ལ་སྙིང་པོར་ལུང་བསྟན་ཕྱིར། །ཆོ་འཕྲུལ་རྣམས་ཀྱི་བྱིན་བརླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །ཇི་ལྟར་བཤད་ཅིང་ལུང་བསྟན་བཞིན། །སྐལ་ལྡན་རྣམས་ལ་བགྲོ་བར་བྱ། །དྲག་ཤུལ་ཅན་ཞེས་བྱ་བའི་རི། །དགོན་པ་ཆེན་པོའི་གནས་འདི་ནི། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱིས། །ཐེག་ཆེན་གསང་བ་འབྱུང་བའི་གནས། །ཐོག་མ་ཐ་མའི་དུས་མེད་པར། །དམ་པ་རྣམས་ཀྱིས་བསྔགས་པ་ཡིན། །ཐོག་མ་ཐ་མ་མེད་པ་ཡི། །རྒྱལ་བ་དཔག་ཏུ་མེད་པ་ཡིས། །དམ་པའི་དགོན་གནས་ཆེན་པོ་དེར། །སེམས་ཀྱི་དཀྱིལ་འཁོར་མེ་ལོང་བཞིན། །བསྟན་པ་དེ་ལྟར་བདག་གིས་ཀྱང་། །ཐོག་མ་ཐ་མ་མེད་པ་རུ། །བདག་གི་དམ་བཅའ་མི་འདོར་བས། །བསྐུལ་བའི་དུས་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་གསུངས་ནས་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས་གཤེགས་ཏེ། གནས་ལངྐའི་ཡུལ་གྱི་རི་བོ་མ་ལ་ཡའི་རྩེ་མོར། སྟོན་པ་གསང་བའི་བདག་པོ་ཉིད་ཀྱིས། འཁོར་དམ་པའི་རིགས་ཅན་ལྔ་སོགས་རིག་འཛིན་འདུས་པ་ཕལ་མོ་ཆེ་ལ། ཆོས་མདོ་དགོངས་པ་འདུས་པ་ལ་སོགས་རྒྱུད་དཔག་ཏུ་མེད་པ་སྔར་འོག་མིན་དུ་སྟོན་པ་རིགས་དྲུག་པས་གསུངས་པ་ཉིད་སླར་ཡང་འདིར་བཟླས་ཏེ། སྟོན་པ་གསང་བའི་བདག་པོའི་ཐུགས་ཀྱི་རིག་པ་ཇི་ལྟ་བ་བཞིན་དུ་འཁོར་རྣམས་ཀྱིས་རྟོགས་ཤིང་ཁོང་དུ་ཆུད་པའི་ཚུལ་དུ་བཤད། དུས་ནི་ཐུབ་དབང་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ཀྱི་དུས་ནའོ། །སྡུད་པ་པོ་ནི་ལིངྐའི་བདག་པོ་བློ་གྲོས་ཐབས་ལྡན་གྱིས་ཚིག་དང་ཡི་གེར་བསྡུས་པ་གསེར་གྱི་བྱང་བུ་ལ་བཻཌཱུརྱ་ཞུན་མས་བྲིས་ཏེ་གླེགས་བམ་དུ་བྱས་པ། དགོངས་པའི་རྩལ་བདུན་གྱིས་མདུན་གྱི་ནམ་མཁའ་ལ་སྦས་སོ། །དེ་ལྟར་ཡང་སྤྱི་མདོ་ལས། རྡོ་རྗེ་གསང་ཆེན་གསང་བ་ཡི། །ངེས་དོན་དམ་པའི་མཛོད་མཆོག་རྣམས། །འདིར་བགྲོས་གསལ་བར་བཤད་སྦྱར་ནས། །ལྷ་དང་མི་ཡི་རིག་འཛིན་ལ། །རིམ་པར་བརྒྱུད་དེ་གྲགས་པར་གྱུར། །ཞེས་སོ། །གསང་བདག་གི་ཆོས་འཁོར་བསྐོར་བའི་གནས་འདི་ཕྱོགས་གང་ན་ཡོད་ཅེ་ན། དེ་ལས། མི་ཡི་གནས་ཀྱི་འཇིག་རྟེན་ཁམས། །གླིང་བཞི་པ་ལ་འཛམ་གླིང་གི། །དྲག་ཤུལ་ཅན་ཞེས་བྱ་བའི་རི། །གནོད་སྦྱིན་འདུ་བའི་ས་ཡིན་ཏེ། །ཆོས་འཛིན་རིགས་ཀྱི་གྲུབ་གནས་སུ། །ཞེས་པས་གླིང་བཞིར་ཕྱེ་བའི་ཛམ་བུ་གླིང་གི་ནང་ཚན་གླིང་ཆུང་ཞིག་ཡིན་ལ། དེ་ཡང་མདོ་འགྲེལ་སྨན་པ་ལྕགས་འགྲོལ་ལས། ཟ་ཧོར་ཡུལ་གྱི་ཉེ་འཁོར་ན། །མཐུ་སྟོབས་ཞབས་བཅགས་མ་ལ་ཡ། །གནམ་ལྕགས་འབར་བའི་རི་རྩེ་ན། །ཞེས་པས་ཛམ་བུ་གླིང་གི་ཤར་ལྷོ་བྷཾ་ག་ལ་དང་ཉེ་བའི་གླིང་ཆུང་སྔོན་སྲིན་པོས་བཟུང་བས་ལངྐའི་ཡུལ་ཞེས་གྲགས་ཏེ། སྟོན་པ་ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་བུ་མགྲིན་བཅུས་སྤྱན་དྲངས་ནས། བློ་གྲོས་ཆེན་པོས་ཞུས་པ་ལངྐར་གཤེགས་པའི་མདོ་གསུངས་པའི་གནས་དེ་ཡིན་ལ། ཕྱིས་དེད་དཔོན་སེང་གེས་བཟུང་བས་དེང་སང་སིངྒ་ལའི་གླིང་དུ་གྲགས་སོ། །ཡུལ་དེའི་མཚན་ཉིད་ནི། རྒྱ་མཚོའི་ངོ་ལ་གནས་པའི་གླིང་ས་པདྨ་འདབ་བཞིའི་རྣམ་པ་ཅན་གྱི་དབུས་སུ་དྲག་ཤུལ་ཅན་ཞེས་བྱ་བའི་རི་བོ་མ་ལ་ཡ་སྟེ། ད་ལྟ་ཡུལ་དེར་ཁ་སྐད་དུ་སུ་མན་ཀཱུ་ཱུཊ་ཞེས་འབོད་པའི་རི་བོ་དབྱིབས་ཟླུམ་པོ་བང་རིམ་དྲུག་དང་ལྡན་པ་སུམ་གཅིག་ཡན་ཆད་རིའི་སྙིང་པོ་ལྟ་བུ་ངོས་ཁོ་ར་ཁོར་ཡུག་ཏུ་བྲག་རི་བརྩེགས་པ་མཐོ་ཞིང་གཟར་པོས་ཡོངས་སུ་བསྐོར་བས་སྐྱེ་བོ་ཕལ་གྱིས་བགྲོད་པར་མི་ནུས་པ་སྟེ། དེ་ལས། རྩེ་ན་རྩལ་གྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཁྱི་ཚུགས་པ། །སེང་གེ་གནམ་དུ་མཆོང་འདྲས་བརྒྱན། །རྩི་སྨན་རྩ་བརྒྱད་ཚང་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོངས་མི་ཚུགས། །སྤྱི་བོར་ཀ་ལནྟ་ཀ་ནི། །མི་གཉིས་གཅིག་པུར་གནས་པ་ཡི། །མཛོད་ལྡན་དེ་ཡི་ཚང་བཅས་པ། །སྐལ་ལྡན་རྣམས་ཀྱིས་བགྲོད་པར་སླ། །སྐལ་མེད་རྣམས་ཀྱིས་ཡོངས་མི་ཐར། །ཞེས་གསུངས་པ་ལྟར། རི་བོ་དེའི་རྩེ་མོ་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་། འདབ་ཞོལ་ན་གཅན་གཟན་གྱི་རྒྱལ་པོ་སྟག་གི་ཁྲ་ས། སྟེང་ན་བྱ་ཀ་ལནྟ་ཀའི་ཚང་བཅས་པས་ཆོས་ཐམས་ཅད་ཐིག་ལེ་ཉག་ཅིག་ཏུ་སྒྲོག་པ། རྩ་བར་བདུད་རྩིའི་ཆུ་མིག་རང་བརྡོལ་བ་དང་། མདུན་ན་མེ་ཏོག་གི་སྣམ་བུས་བྲེས་ཤིང་། ཙནྡན་ལ་སོགས་པ་སྨན་ཤིང་གི་ནགས་ཚལ་རྒྱས་པ། རི་དེའི་ཤར་ལྷོའི་ངོས་ན་ཏྲི་ཤང་ཨ་སུ་ར་ཞེས་པའི་བྲག་ཕུག་ཐོག་སུམ་རིམ་ཕུགས་སུལ་བརྒྱད་པ་ཉི་ཟླའི་རི་མོ་རང་སྣང་བ། སྒོ་ཟླ་གམ་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ་ཡོད་པར་བཤད་དོ། །དེ་ཡང་མདོ་ཆེན་པོ་ལས། ལངྐ་ཡུལ་གྱི་གྲོང་བརྡལ། མཚོ་ཀོ་ཁ་ཐང་དམར་གྱི་གླིང་། །བྱན་ལག་མཆོངས་ཀྱི་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ། ཞེས་རྒྱ་མཚོའི་དོ་ལ་གནས་པའི་གླིང་ཆུང་དེ་ལ་ཀོ་ཁ་ཐང་དམར་ཞེས་འབོད་པ་ནི། གླིང་དེར་སྲིན་པོ་ལངྐ་མགྲིན་བཅུ་བསད་པའི་ཁྲག་གིས་སྤགས་པའི་རྡོ་དམར་པོས་སྔ་དྲོ་ཙམ་གྱི་སའི་ཆ་ཁྱབ་པར་ཡོད་ཅེས་གྲགས་པས་བཏགས་ལ། གཞན་ཡང་རི་དེའི་རྩེ་མོར་དེ་བཞིན་གཤེགས་པ་བཞིའི་ཞབས་རྗེས་དང་། རིའི་རྩ་བ་དང་ཉེ་བའི་བྱང་ངོས་སུ་གུ་ཎ་ཝེ་ར་ཞེས་པའི་མཆོད་རྟེན་ཆེན་པོ་སོགས་དེ་བཞིན་གཤེགས་པའི་གདུང་རིང་བསྲེལ་བཞུགས་པའི་མཆོད་རྟེན་མང་པོ་དང་། གུ་ཎ་ཝེ་རེའི་ནུབ་ཕྱོགས་ན་བུདྡྷ་ཤ་ར་ཎ་ཞེས་པ་དེ་བཞིན་གཤེགས་པས་ཞག་བདུན་རྩ་བར་མཉམ་བཞག་ལ་བཞུགས་པའི་བོ་དེ་ཙེའི་ཤིང་གི་སྡོང་པོ་དང་། ནགས་ཚལ་ཐམས་ཅད་གླང་པོ་ཆེ་དང་། ས་ཐམས་ཅད་འབྲུ་དང་རིན་པོ་ཆེ་དང་། ཆུ་ཐམས་ཅད་མུ་ཏིག་དང་། ཁྱིམ་ཐམས་ཅད་པདྨ་ཅན་གྱིས་གང་བས་ཛམ་བུ་གླིང་ལས་ཡོན་ཏན་ཆེས་ལྷག་པ་ཡིན་ཞེས་གྲགས་སོ། ༈ །གསུམ་པ་གང་ཟག་རྣ་བར་བརྒྱུད་པ་ལ་གཉིས་ཏེ། རྒྱུད་ལུགས་མདོ་རྩ་བའི་དཀྱིལ་འཁོར་དུ་ཆུ་བོ་བཞི་རྫོགས་སུ་བསྐུར་བའི་དབང་གི་བརྒྱུད་ཚུལ་སྤྱིར་བཤད་པ་དང་། མན་ངག་ལུགས་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་སྟེ་ཆུ་བོ་བཞི་རྫོགས་སུ་བསྐུར་བའི་དབང་གི་བརྒྱུད་པའི་ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལའང་གཉིས་ཏེ། མི་ཡུལ་དུ་བསྟན་པ་བབས་ཚུལ་དང་། དེ་ལས་ཇི་ལྟར་བརྒྱུད་ཚུལ་ལོ། །དང་པོ་ནི། སྤྱི་མདོ་ལས། སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །ད་ལྟར་དུས་ལ་འདིར་བབ་ཀྱིས། །ཞེས་པའི་སྐབས་ཀྱི་འགྲེལ་པ་ལུང་བསྟན་མར། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ཛམ་བུ་གླིང་གི་ཤར་ཕྱོགས་སུ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །ཚེ་གཅིག་འདི་ལ་འགྲུབ་པ་ཡི། །གསང་བའི་ཐེག་པ་དམ་པ་ཞིག །ཕྱག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་སྣང་ངོ་། །དེ་བས་ན་བདག་ཀྱང་སྐལ་ལྡན་དུ་ལུང་བསྟན་པ་ནི་ཐོབ་བོ། །ད་ལྟར་དུས་ལ་བབ་པ་ནི་གདུང་བ་བཏོན་པ་དང་། ལོ་ཉི་ཤུ་རྩ་བརྒྱད་ལོན་པའི་ཕྱིར་རོ། །ཞེས་འབྱུང་བ་ལྟར། གསང་བདག་གིས་རི་མ་ལ་ཡའི་རྩེར་རིགས་ཅན་ལྔ་ལ་ཆོས་འཁོར་བསྐོར་བའི་བྱིན་བརླབས་ཀྱིས། ས་ཧོ་རའི་རྒྱལ་པོ་དྷརྨ་ཏ་ཛྙཱ་ནའི་སྲས་སྐལ་ལྡན་རྒྱལ་པོ་ཛཿསྟེ་མཚན་གཞན་ཨིནྡྲ་བྷཱུ་ཏིའམ་ལུང་བསྟན་རྡོ་རྗེ་ལ་རྨི་ལྟས་བདུན་ཤར་ཏེ། མི་ལས་རྒྱལ་རིགས་དྲྭ་མ་ཆེ། །རྒྱལ་བུ་རིགས་ཅན་ལྟས་སུ་ཤར། །ཞེས་པའི་སྐབས་ཀྱི་ལུང་བསྟན་མར། །མི་ལས་རྒྱལ་རིགས་ཞེས་པ་གཉིས་ནི། བདག་ཉིད་ལ་ལྟས་བདུན་ཤར་བ་སྟེ། འདི་ཡང་། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །ཀུན་གྱིས་དམ་པར་བསྒྲགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་གསུངས་པ་ལྟར་རྨི་ལྟས་བདུན་ལས་གཉིས་པ་དང་གསུམ་པ་གོ་བརྗེས་པ་ཙམ་མ་གཏོགས་ཚིག་དོན་གཉིས་ཀ་འདི་དང་འདྲ་བ་མདོ་འགྲེལ་ཡེ་ཤེས་སྣང་བ་རྒྱན་ལས་ཀྱང་འབྱུང་མོད། དེ་ལྟར་ནའང་རྨི་ལམ་བདུན་པོའི་དོན་བཤད་དང་འཁྲུགས་བསྡེབས་ཀྱི་གོ་རིམ་རྒྱལ་པོ་ཉིད་ཀྱིས་ཚིགས་སུ་བཅད་པའི་སྒོ་ནས་འདི་ལྟར་གསུངས་ཞེས་གྲགས་ཏེ། ཇི་སྐད་དུ། མདང་སུམ་བདག་ལ་རྨི་ལམ་འདི་ལྟར་རྨིས། །རི་བོ་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར། ཕྱག་ན་རྡོ་རྗེ་ཕོ་བྲང་གནས་བཞུགས་ཏེ། །སྐུ་ལས་འོད་འཕྲོས་སྣང་སྲིད་བྱི་དོར་བྱས། །གསུང་གི་སྒྲ་ཡིས་སྣང་སྲིད་གཡོ་ཞིང་འགུལ། །ཐུགས་ལས་འོད་འཕྲོས་བདག་གི་སྙིང་གར་ཐིམ། །ཉི་ཟླ་སྤྱི་བོ་རྐང་པའི་མཐིལ་དུ་ནུབ། །བདག་གི་ལྟོ་ན་སྣང་སྲིད་འཕྱོ་བ་རྨིས། །དང་པོ་འདི་ནི་བག་ཆགས་འབྱོངས་པའི་ལྟས། །དེ་ནས་བདག་དང་སངས་རྒྱས་མང་པོ་རྣམས། །རྨད་བྱུང་གསང་བའི་དོན་ལ་བགྲོ་བ་མཛད། །ཉི་ཟླ་པདྨ་སེང་གེའི་ཁྲི་སྟེང་ནས། །ཆོས་ཀྱི་འཁོར་ལོ་འགྲོ་ལ་བསྐོར་བ་རྨིས། །གཉིས་པ་ཡིན་ཏེ་ཆོས་ལ་དབང་ཐོབ་ལྟས། །དེ་ནས་མཁའ་ལ་རིན་ཆེན་སྤྲིན་འཁྲིགས་ཏེ། །སྙན་པའི་འབྲུག་བསྒྲགས་གསལ་བའི་གློག་འགྱུས་ནས། །རིན་ཆེན་ཆོས་ཀྱི་ཆར་ཆེན་བབས་པ་རྨིས། །གསུམ་པ་ཡིན་ཏེ་འདི་ནི་དགེ་བའི་ལྟས། །འགྲོ་ལ་ཐུགས་རྗེས་ཆོས་ཆར་འབེབས་པའི་རྟགས། །དེ་ནས་འཇིག་རྟེན་རིན་ཆེན་གྱིས་གང་སྟེ། །ནོར་བུ་འོད་འབར་འགྲོ་བའི་མུན་བསལ་ནས། །བདུད་རྩི་སྨན་གྱི་ཆུ་རྒྱུན་བབས་པ་ཡིས། །འགྲོ་བའི་ནད་རྙིང་རྟག་ཏུ་སྦྱངས་བྱས་ཤིང་། །འགྲོ་ཀུན་རྣལ་འབྱོར་ཞེས་སྒྲར་དར་དིར་དུ། །གྲགས་པར་བྱས་པ་རྨི་ལམ་བཞི་པ་སྟེ། །འགྲོ་ཀུན་རྡོ་རྗེའི་གྲལ་དུ་བཞག་པའི་རྟགས། །ཉི་མའི་དཀྱིལ་འཁོར་འོད་ཟེར་འབར་ནང་ནས། །དཔལ་བེའུ་སྒྲོམ་བུའི་ནང་ནས་གླེགས་བམ་ནི། །གསེར་ལ་བཻ་ཌཱུརྱ་ཡིས་ལེགས་བྲིས་པ། །མངོན་སུམ་བབ་པ་རྨིས་ཏེ་ལྔ་པ་ཡིན། །ཆོས་ཀྱི་རྒྱལ་པོར་དབང་ནི་བསྐུར་བའི་རྟགས། །དྲུག་པའི་རྨི་ལམ་གླེགས་བམ་དེ་དག་ལ། །སངས་རྒྱས་བྱང་སེམས་རིག་འཛིན་ཚོགས་མང་པོས། །ཡོན་ཏན་སྒྲོག་ཅིང་མཆོད་བསྟོོད་སྐོར་བྱེད་རྨིས། །རྨད་བྱུང་ཆེན་པོར་སྟོན་པའི་སྔ་ལྟས་ཡིན། །ཐ་མ་ནམ་མཁའི་དབྱིངས་ཀྱི་སྤྲིན་གསེབ་ནས། །ཆོ་འཕྲུལ་རང་སྒྲས་བདག་ལུང་སྟོན་པའི་ཚིག །རིམ་གྱིས་གསང་བ་དམ་པར་སྒྲ་སྒྲོག་རྨིས། །གསང་བ་དམ་པ་རྒྱ་ཆེར་སྒྲོགས་པའི་རྟགས། །ཞེས་གསུངས། དེའི་ལུང་བསྟན་པའི་སྒྲ་ནི་འདི་ཡིན་ཏེ། ལས་དང་སྐལ་བར་རབ་ལྡན་ཞིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པའི། །བསོད་ནམས་ཆེན་པོའི་དྲྭ་མ་ཁྱོད། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །ད་ལྟ་དུས་འདིར་མངོན་ཤར་གྱིས། །འཁོར་བའི་གཉེན་པོར་བྱ་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་བརླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་བསྟན་པར་བྱ། །ཞེས་པའོ། །དེའི་ལྟ་བུའི་རྨི་ལམ་རྣམས་ནང་པར་འཁོར་རྣམས་ལ་བཟླས་ཏེ། ལྟས་འདི་དག་དང་སྦྱར་ན་བདག་སྐལ་བ་དང་ལྡན་པར་ངེས་སོ། །ཞེས་གསུངས་པས་ཐམས་ཅད་ངོ་མཚར་སྐྱེས་ནས། ལེགས་སོ་ཨ་ཧོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོས་ཕོ་བྲང་གི་ཡང་ཐོག་ཏུ་བྱོན་པས་རྒྱུ་རིན་པོ་ཆེ་སྨུག་པོ་ལས་གྲུབ་པའི་གསང་བདག་གི་སྐུ་ཁྲུ་གང་བ་ཞིག་འདུག་པ་མཐོང་བས་དགྱེས་ཏེ། ཕྱག་མཆོད་སྐོར་བ་སྔོན་དུ་འགྲོ་བས་ཞབས་ལ་སྤྱི་བོས་གཏུགས་ཏེ། སྔོན་ཚེ་གོང་ནས་བསྒྲུབས་པ་ཡི། །ལས་ཀྱི་མཇལ་བའི་ལྷ་མཆོག་ཁྱོད། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ་། །ཨེ་མ་ངོ་མཚར་མཆོག་གི་སྐུ། །འདྲེན་པ་མཆོག་གི་དཔལ་ལགས་གྲང་། །མོས་པའི་གཟུངས་སུ་ལྷ་མཆོག་འཛིན། །ཞེས་གསུངས་ཏེ། ཡི་དམ་གྱི་ལྷར་བཟུང་ནས་ཟླ་བ་བདུན་གྱི་བར་བསྒྲུབས་པས་རྨི་ལམ་དང་མཐུན་པར་གླེགས་བམ་རྣམས་མངོན་སུམ་དུ་བབས་སོ། །དེ་ཡང་ཡུལ་གང་དུ་བབ་ཅེ་ན། ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་ཐབས་ཀྱི་ལམ་མཆོག་འདུས་པའི་རྒྱུད་ཀྱི་ལེའུ་ལྔ་པར། མ་ཧཱ་ཡོ་གའི་རྒྱུད་རྣམས་ནི་རྒྱལ་པོ་ཛའི་ཁང་སྟེང་དུ་འབབ་པར་འགྱུར་ལ། ཨ་ནུ་ཡོ་གའི་རྒྱུད་རྣམས་ནི་སིངྒ་ལའི་ནགས་ཚལ་དུ་འབྱུང་བར་འགྱུར་ཏེ། ཞེས་ལུང་བསྟན་པ་ལྟར། མ་ཧཱ་ཡོ་གའི་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་ནི་ཟ་ཧོར་གྱི་ཡུལ་དང་། མདོ་དགོངས་འདུས་སོགས་ལུང་ཨ་ནུ་ཡོ་གའི་རྒྱུད་རྣམས་ནི་ལངྐའི་ཡུལ་དུ་གྲགས་པ་སིངྒ་ལའི་གླིང་དུ་བབས་སོ། །དེར་རྒྱལ་པོས་གླེགས་བམ་རྣམས་ལ་བརྟགས་པས་རྟོགས་པར་འདུག་ཀྱང་། གདུལ་བྱ་རྒྱུད་ལ་རང་གར་འཇུག་པ་དགག་པའི་ཕྱིར། བརྡའ་མ་འཕྲོད་པའི་ཚུལ་མཛད་དེ། འཇིག་རྟེན་ན་མཁྱེན་པ་སུ་ཆེ་དྲིས་པས། ཨུ་པ་རཱ་ཛ་མཁྱེན་པ་ཆེ་ཟེར། དེ་སྤྱན་འདྲེན་དུ་མངགས་པས་འབྱོན་དུ་མ་བཞེད་ནས། ཚུར་སྤྱན་དྲོངས་ཤིག་དང་བརྟག་གོ་གསུངས་པས། གླེགས་བམ་རྣམས་བཀུར་སྟི་ཆེན་པོ་དང་བཅས་གླང་པོ་ཆེ་ལ་བཀལ་ནས་སྤྱན་དྲངས་ཏེ་བསྟན་པས་བརྡ་མ་འཇལ་ཏེ། འདི་བདག་ག ི་སྤྱོད་ཡུལ་དུ་མ་གྱུར་པས་རྒྱལ་པོ་ཉིད་ཀྱི་དགོངས་པའི་རྩལ་གྱིས་དཔག་འཚལ་ལོ་ཞེས་ཚུར་བསྲིངས་སོ། །ཡང་དྲིས་པས། སངས་རྒྱས་རིན་ཆེན་མང་གི་སྤྲུལ་པ་དགེ་སློང་ཀུ་ཀུ་རཱ་ཛ་མཁྱེན་པ་ཆེ་ཟེར་བས་སྤྱན་དྲངས་ཀྱང་མ་བྱོན་ཏེ། གླེགས་བམ་རྣམས་སྔར་ལྟར་བསྐུར་བ་ལ། དེས་བརྟགས་པས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ནས་བསྒྲུབས་པས་གྲུབ་སྟེ། ཕྱག་ན་རྡོ་རྗེས་བསྟན་པ་ལྟར་རྒྱལ་པོ་ལ་བཤད་དོ་ཡང་ཟེར། རྒྱལ་པོ་ཉིད་ཀྱིས་མཆོད་དེ་གསོལ་བ་བཏབ་པས་རྡོར་སེམས་ཞལ་མཐོང་གི་ལེའུ་རྟོགས་ནས། དེའི་གཞུང་བཞིན་དུ་བསྒྲུབ་པས། རྡོ་རྗེ་སེམས་དཔས་ཞལ་མངོན་སུམ་དུ་བསྟན་ཏེ། རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་ཅེས་གསུངས་པ་ལ། བདག་གིས་གླེགས་བམ་འདི་རྣམས་ཀྱི་དོན་རྟོགས་པའི་དངོས་གྲུབ་ཞུའོ་ཞེས་གསོལ་བས་ལན་དུ། རིགས་ཀྱི་བུ་རང་གི་ཕུང་པོ་སྦྱོངས་དང་། ཕྱག་ན་རྡོ་རྗེས་སྟོན་པར་འགྱུར་རོ་ཞེས་གསུངས་ནས་མི་སྣང་བར་གྱུར། དེ་ལ་སྤྲོ་བ་སྐྱེས་ཏེ་བསྒྲུབས་པས་ཕྱག་ན་རྡོ་རྗེ་མངོན་སུམ་བྱོན་ནས། རྡོ་རྗེ་ལན་གསུམ་ནམ་མཁའ་ལ་སྤར་ཏེ། སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ནས་སྡིག་པ་མེད། །ཅེས་དོན་གྱི་བསྟན་པ་དང་ཐེག་པ་ཐམས་ཅད་རྫོགས་པའི་དབང་བསྐུར། ཚིག་གི་བསྟན་པ་དགེ་བསྙེན་ལི་ཙ་བཱི་དྲི་མ་མེད་པ་ལ་ཞུས་ཤིག་ཅེས་ལུང་བསྟན་པ་ལྟར་བསྒྲུབས་པས་གླེགས་བམ་གྱི་དོན་མ་ལུས་པ་མཁྱེན་པར་གྱུར་རོ། །ཞེས་ལུགས་གཉིས་འབྱུང་བ། གང་ལྟར་བཤད་ཀྱང་མི་འགལ་ཏེ། རྒྱལ་པོ་ཉིད་ཀྱིས་རྟོགས་ཀྱང་གཟུ་ལུམ་ཅན་རྣམས་རང་གར་འཇུག་པ་དགག་པའི་ཕྱིར་ཀུ་ཀུ་རཱ་ཛ་ལ་བརྟེན་ནས་རྟོགས་པ་ལྟར་མཛད་པའི་ཕྱིར་རོ། །དེ་བས་ན་གཉིས་པོ་དྲང་ངེས་ཀྱི་ཁྱད་པར་ཡིན་པས། འདིར་ཕྱི་མ་ལྟར་རྒྱལ་པོ་རང་ཉིད་ཀྱིས་རྟོགས་པའི་ཕྱོགས་ལེགས་པ་ཡིན་ཏེ། ཉིད་ཀྱིས་མཛད་པའི་སྒྱུ་འཕྲུལ་ལམ་རྣམ་བཀོད་ལས། ཤར་ཕྱོགས་ཨིནྡྲའི་ལུང་པ་ན། །རྒྱ་ལུང་རྡོ་རྗེ་བརྩེགས་པར་རུ། །རིགས་ཅན་ཨིནྡྲ་བྷཱུ་ཏི་ངས། །གསང་བའི་བདག་པོས་མངོན་བསྟན་པའི། །སྒྱུ་འཕྲུལ་དྲྭ་བའི་སྒྲུབ་པ་ཡང་། །ཚོམ་བུ་ལྔ་བཅུ་སྟོང་དང་བཅས། །ཕྱག་ན་རྡོ་རྗེ་མངོན་གྲུབ་སྟེ། །སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བར་བསྐུར་ནས་སྡིག་པ་མེད། །དེ་ནས་ས་ལ་རེག་པར་བྱས། །ཞེས་དང་། སློབ་དཔོན་སངས་རྒྱས་གསང་བའི་ལམ་རིམ་ལས་ཀྱང་། འབྲེལ་བས་སྣང་ལ་མངོན་བརྟགས་པས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་ཉིད་སྒོ་ནས་དེ་ཉིད་གྲུབ། །བརྟན་པའི་དངོས་གྲུབ་དེ་ནས་ཐོབ། །དོན་དམ་བཅུད་ཀྱང་དེ་ནས་རྒྱས། །འདོད་པའི་བསམ་པ་དེ་རུ་འགྲུབ། །སྨོན་པའི་ལྷ་དང་དེ་རུ་མཇལ། །ཞེས་རང་གིས་རྟོགས་པར་བཤད་ཀྱིས། གཞན་ལ་བསྟེན་པར་མ་བཤད་པའི་ཕྱིར་དང་། ཨ་ཏི་ཟབ་དོན་སྙིང་པོའི་ལོ་རྒྱུས་ལས་ཀྱང་དེ་ལྟར་གསུངས་པའི་ཕྱིར་རོ། །འཕྲོས་དོན་གསང་སྔགས་བབས་ཚུལ་འདི་ལ། གཞན་གྱིས་བརྟགས་པའི་རྩོད་པ་འགོད་པ་དང་། དེ་སྤང་བའོ། །དང་པོ་ནི། མཁས་པ་དག །གླེགས་བམ་བལྟས་ནས་བསྒྲུབས་པས་འགྲུབ་ན། གསང་སྔགས་རང་ཉིད་ལེན་པར་འགྱུར་ཞིང་། བླ་མ་མེད་པར་མི་འགྲུབ་པར་བཤད་པ་དང་ཡང་འགལ་ལ། ཤར་ལྷོའི་མཚམས་དེ་ཨོ་རྒྱན་གྱི་ཡུལ་ཡིན་ཟེར་བའང་མངོན་སུམ་དང་འགལ་བས་རྫུན་གཏམ་མོ་ཞེས་གསུངས་སོ། །གཉིས་པ་ནི། སྐལ་མེད་ལ་དེ་ལྟར་འགལ་ཡང་སྐལ་ལྡན་ལ་ངེས་པ་མེད་པས་མི་འགལ་བ་ཡོད་དེ། ཅིའི་ཕྱིར་ཞེ་ན། སྐྱེ་བ་སྔ་མར་དམ་ཚིག་མ་ཉམས་པ་ཡིན་ན། འདིར་ལས་འཕྲོ་བཟང་པོས་གླེགས་བམ་བལྟས་ནས་འགྲུབ་པའང་མི་འགལ་བའི་ཕྱིར་དང་། ཚེ་འདིར་ཡང་དམ་ཚིག་མ་ཉམས་པ་སྟེར་མཁན་གྱི་སྐྱེ་བ་སྔ་མ འི་བླ་མ་ཡང་བླ་མ་ཡིན་དགོས་པའི་ཕྱིར་དང་། གསང་སྔགས་གང་དུ་བབས་པའི་གནས་ཤར་ལྷོ་མཚམས་ཀྱི་ཡུལ་དེའི་ངོས་འཛིན་སྔར་བཤད་པ་ལྟར་ཡིན་པས། དེ་ལ་ཨོ་རྒྱན་གྱི་ཡུལ་དུ་འབོད་པ་སྔ་འགྱུར་གྱི་གཞུང་ཁུངས་མ་གང་ནས་ཀྱང་མ་བཤད་པའི་ཕྱིར་རོ། །དེར་མ་ཟད་ཐུན་མོང་དུ་གྲགས་པའི་ལུང་གི་སྒྲུབ་བྱེད་ཀྱང་མང་དུ་ཡོད་དེ། དཔལ་སྡོམ་པ་འབྱུང་བའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་སྟེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ན། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེས་མཐུན་པའི་བྱིན་བརླབས་ཀྱིས། །རྒྱལ་པོ་ཛཿཞེས་བྱ་བ་ལ། །ལག་ན་རྡོ་རྗེས་སྣང་བར་བྱེད། །ཅེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། གསུང་རབ་འདིའི་ལོ་རྒྱུས་བཤད་ན། སྔོན་པ་སངས་རྒྱས་མི་ཡུལ་དུ་ལོ་བརྒྱད་ཅུ་བཞུགས་པའི་ཚེ་ན། སརྦ་བུདྡྷ་ས་མ་ཡོ་ག་དང་། གུ་ཧྱ་ས་མ་ཡ་ལ་སོགས་པ་འདུལ་ཞིང་། དེ་ནས་ཐེག་པ་དེ་དག་གི་སྣོད་དུ་གྱུར་པར་འཛམ་བུ་གླིང་གི་མི་ཡུལ་ན་མེད་པས་རྒྱལ་ཆེན་རིགས་བཞི་ལ་སོགས་པའི་གནས་ན། ལྷ་རྣམས་དང་སྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྣོད་དུ་གྱུར་ནས། དེའི་ཚེ་མདོ་སྡེ་དེ་ན་བཞུགས་སོ། །སླད་ཀྱིས་སངས་རྒྱས་མྱ་ངན་འདས་པའི་འོག་ཏུ་ཟ་ཧོར་གྱི་རྒྱལ་པོ་འཁོར་དང་བཅས་པ་ངོ་མཚར་དུ་གྱུར་ཏེ། ཆོས་ལ་དད་པ་དག་ཅིག་འདུས་པ་ཐེག་པ་དེའི་འདུལ་སྐལ་དུ་གྱུར་ཅིང་སྣོད་དུ་གྱུར་ནས། སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པ་མདོ་སྡེ་ཆེན་པོ་བཅོ་བརྒྱད་ཕྱག་ན་རྡོ་རྗེའི་བྱིན་བརླབས་ཀྱིས་ཟ་ཧོར་གྱི་ཡུལ་དུ་གཤེགས་པ་དང་། ཟ་ཧོར་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མདོ་སྡེ་དག་བལྟས་པས་བརྡ་མ་འཕྲོད་ནས། གང་གིས་ཤེས་མངོན་ཤེས་ཀྱིས་བལྟས་པ་ན། ཡུལ་དབུས་སུ་སློབ་དཔོན་ཀུ་ཀུ་རཱ་ཛ་ཉིན་རེ་བཞིན་ཀྱི་སྟོང་ལ་ཆོས་མཆད། མཚན་རེ་བཞིན་ཁྱི་དེ་དག་ལ་དམ་ཚིག་གི་ལོངས་སྤྱོད་མཛད་པ་ཞིག་བཞུགས་པ་དེ་ཐེག་པའི་སྣོད་དུ་གྱུར་ལ། བདག་གི་འདུལ་སྐལ་དུ་འགྱུར་བ་ཡང་འདྲ་ནས། རྒྱལ་པོས་ཕོ་ཉ་བཏང་སྟེ་སློབ་དཔོན་སྤྱན་དྲངས་པ་དང་། སློབ་དཔོན་གྱིས་མངོན་ཤེས་ཀྱིས་བཏགས་པས། བདག་གི་འདུལ་སྐལ་དུ་ཡང་བབ། བདག་ཀྱང་མདོ་སྡེ་དེའི་སྣོད་དུ་འགྱུར་བར་ཤེས་མོད་ཀྱི། འོན་ཀྱང་མདོ་སྡེ་དེ་དག་སྔར་མ་བལྟས་ནས། བརྒྱ་ལ་རྒྱལ་པོའི་ཐེ་ཚོམ་དག་མ་སེལ་བར་གྱུར་ན་མི་རུང་སྙམ་ནས་མདོ་སྡེ་ཚུར་བླངས་ཏེ་བལྟས་པ་ན། མགོ་མཇུག་གར་བལྟ་བའི་ཆ་མ་མཆིས་ནས། དེ་ཉིད་དུ་ལུས་བརྡབས་ཏེ། མགོན་མེད་དོ། །སྐྱབས་མེད་དོ། །ཞེས་བོས་པ་དང་། དཔལ་རྡོ་རྗེ་སེམས་དཔའ་མངོན་པར་གཤེགས་ཏེ། ཁྱོད་ཅི་འདོད་ཅེས་དྲིས་པས། བདག་མདོ་སྡེ་ཟབ་མོ་འདི་བལྟས་པ་ཙམ་གྱིས་ཤེས་པར་འདོད་ཅེས་གསོལ་པ་དང་། དེ་བཞིན་གནང་ངོ་། །དེ་ནས་སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པའི་གླེགས་བམ་རྣམས་མ་ཕྱེ་བར་དེ་དག་གི་དོན་ཡིད་ལ་མངོན་སུམ་དུ་གསལ་བར་གྱུར་ཏོ། །དེ་ནས་སློབ་དཔོན་དེ་ཟ་ཧོར་གྱི་ཡུལ་དུ་གཤེགས་ནས་རྒྱལ་པོ་འཁོར་དང་བཅས་པ་ལ་ཆོས་དེ་དག་བཤད་དོ། །དཔལ་རྡོ་རྗེ་སེམས་དཔས་ལུང་བསྟན་ནས་རྒྱལ་པོ་འཁོར་དང་བཅས་པ་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་བཀོད་ནས་སྒོམ་དུ་བཅུག་པས་རིམ་པ་ལྟར་རྒྱལ་པོ་འཁོར་བཅས་དང་། དེའི་སྲས་འཁོར་བཅས་དང་། སྲས་མོ་འཁོར་དང་བཅས་པ་རྣམས་ས་ལ་གནས་པའི་རིག་འཛིན་དུ་གྲུབ་བོ། །དེ་ནས་སྲས་མོ་དེས་རྒྱལ་བུ་ལ་ལུང་དང་མན་ངག་བཞག་པ་ལས་འཕེལ་བ་ནི་དིང་སང་གི་འདི་ལགས་ཏེ། ཞེས་བཤད་པ་དང་། བརྒྱ་བྱིན་སྡོང་པོས་མཛད་པའི་མཉམ་སྦྱོར་གྱི་འགྲེལ་པ་ལས་ཀྱང་། སྤྲུལ་པའི་སྐུ་འདས་ཕྱི་མའི་དུས་ཤིག་ཚེ། །རྒྱལ་བའི་བཀའ་གསང་འཛམ་གླིང་གནས་སུ་ཤར། །རྒྱལ་པོའི་ཁབ་ཏུ་སྤྱན་དྲངས་མཆོད་བྱས་ཏེ། །དགའ་ཞིང་གུས་བསྟོད་ལེགས་བལྟས་བརྡ་མ་འཇལ། །ཐུགས་རྗེའི་འབྲེལ་ཤུགས་གསང་སྔགས་འཛིན་པར་གྲགས། །དམ་པར་བཟུང་སྟེ་གླེགས་བམ་གཟིགས་པར་ཞུས། །སྒྱུ་འཕྲུལ་ཐིག་ལེ་སྟོང་པའི་དཀྱིལ་འཁོར་གཞུང་། །གྲུབ་ཐོབ་ལྷག་པའི་ལྷ་ཡིས་ལུང་བསྟན་མཛད། །རྡོ་རྗེ་ཐེག་པའི་གཞུང་ལུགས་སྣ་ཚོགས་མཐའ། །དམ་པ་རྣམས་ཀྱི་གདམས་པ་ཇི་བཞིན་པ། །མི་འགལ་ལེགས་པར་བསྡུས་ཤིག་ལེགས་བཀྲལ་ཏེ། །འགྲེལ་དང་བསྡུས་དོན་སྒྲུབ་ཐབས་མང་དུ་བསྟན། །ཞེས་གསུངས་ཤིང་། ལོ་ཙཱ་བ་གཟུ་དགའ་རྡོར་གྱིས། །ཤྲཱི་ན་ལེནྡཱའི་གཙུག་ལག་ཁང་དུ་པུསྟིའི་ཆར་བབས་པའི་བཀོད་པ་རི་མོར་བྲིས་པ་གཟིགས་པའི་ལོ་རྒྱུས་སོགས་མཁས་པ་ལ་གྲགས་པའི་གཏམ་ངེས་པ་ཅན་མང་དུ་སྣང་བས་ལོག་རྟོག་བསལ་ནས་ཤིན་ཏུ་ཡིད་ཆེས་པའི་གནས་སུ་བཟུང་བར་མཛོད་ཅིག ༈ །གཉིས་པ་དེ་ལས་ཇི་ལྟར་བརྒྱུད་ཚུལ་ལ་རྒྱ་བོད་གཉིས་ལས། དང་པོ་རྒྱ་གར་གྱི་བླ་མ་བརྒྱུད་པའི་ལོ་རྒྱུས་ནི། དེ་ལྟར་གསང་བདག་ཕྱག་ན་རྡོ་རྗེས་སྐལ་ལྡན་རྒྱལ་པོ་ཛཿལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད་པར་གྱུར་ནའང་། གསང་སྔགས་ལ་རང་དགར་འཇུག་པ་དགག་པའི་ཕྱིར། མིའི་རིག་འཛིན་དགེ་བསྙེན་ལི་ཙ་བཱི་དྲི་མེད་གྲགས་པ་བསྟེན་པའི་ཚུལ་བསྟན་ཏེ། དེ་ཉིད་ལ་རིན་པོ་ཆེ་ཨིནྡྲ་ནཱི་ལ་ཁྲུ་གང་ཕུལ་ནས། ཏྲི་ཤཾ་ཨ་སུ་རའི་བྲག་ཕུག་ཏུ་ཆུ་བོ་བཞིའི་དབང་རྫོགས་པར་ཞུས། གསང་མཚན་རྡོ་རྗེ་ཉི་འོད་རྩལ་དུ་བཏགས། །ཚིག་གི་བསྟན་པ་ཐམས་ཅད་ཀྱང་གསན། དེ་ལ་ཚིག་གི་བསྟན་པ་ཞེས་པ་ནི་རྒྱུད་སྡེ་རྣམས་ཀྱི་བཤད་པ་ཡིན་གསུང་། དེ་ནས་མ་ཧཱའི་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དང་། ལུང་གི་མདོ་ལྔ་མདོ་ཕྲན་དང་བཅས་པ་རྣམས་སོ་སོར་ཕྱེ་ནས་བཤད། སྤྱི་མདོའི་འགྲེལ་པ་ལུང་བསྟན་མ་དང་སྒྱུ་དྲྭའི་ལམ་རྣམ་བཀོད་སོགས་དགོངས་འགྲེལ་ཀྱང་མཛད། ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུས་འཁོར་ཚོམ་བུ་སྟོང་ལྔ་བཅུ་སྟེ་ཁྲི་ཕྲག་ལྔ་དང་བཅས་པ་བདེ་བ་ཆེན་པོའི་ལམ་གྱིས་རྡོ་རྗེ་འཆང་གི་སར་མངོན་དུ་གཤེགས་སོ། །རྒྱལ་པོ་ཛཿས་སྔར་རང་ཉིད་ལི་ཙ་བཱི་ལ་བརྟེན་པའི་དུས་འགྲོགས་པའི་གྲོགས་ཨུ་པ་རཱ་ཛ་དང་། རང་གི་སྲས་རྒྱལ་བུ་བུ་ཏྲི་གསུམ་ལ་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་གདམས་ངག་བཞག་སྟེ། ཨུ་པ་རཱ་ཛ་ལ་གྲོང་ཁྱེར་དཔལ་ཡོན་ཅན་དུ་དབང་བསྐུར། ཡོན་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཕུལ། གསང་མཚན་རྡོ་རྗེ་ཡང་དག་རྩལ། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་སྲས་གསུམ་ལ་དབང་བསྐུར་ཏེ། ཡོན་དུ་ལྷའི་རིན་པོ་ཆེ་བསམ་འཕེལ་ཕུལ། དེ་གསུམ་གྱི་གསང་མཚན་ནི། ཤ་ཀྲ་པུ་ཏྲིའམ་ཨིནྡྲ་བོ་དྷི་ལ་རྡོ་རྗེ་གསལ་མཛེས་རྩལ། ནཱ་ག་པུ་ཏྲི་ལ་ཐིག་ལེ་བསྐྱོད་མེད་རྩལ། གུ་ཧྱ་པུ་ཏྲི་ལ་རྡོ་རྗེ་གསལ་འཕྲོ་རྩལ་ཞེས་བཏགས། དེ་བཞི་ཀ་བདེ་བ་ཆེན་པོའི་ལམ་གྱི་ཉེ་རྒྱུ་སྤྱད་པས་རང་རང་གི་ཚོམ་བུ་དང་བཅས་ཏེ་རིག་འཛིན་གྱི་སར་གཤེགས། དེ་ལས་ནཱ་ག་པུ་ཏྲི་ནི་ཀླུ་བ་སུ་རིགས་དྲུག་གིས་ལོ་དགུའི་བར་དུ་གཞན་ལ་ཤོད་དུ་མ་བཅུག་ཅེས་ཀྱང་གྲགས་སོ། །སྲས་གསུམ་གྱི་ནང་ནས་ཨིནྡྲ་བོ་དྷིས། རྒྱལ་པོ་སིངྷ་པུ་ཏྲ་དང་། ཀུ་ཀུ་རཱ་ཛ་ཕྱི་མ་གཉིས་ལ་ཕྱིའི་རྒྱ་མཚོའི་འགྲམ་དུ་དབང་བསྐུར་ཞིང་བཤད། སིདྷས་བཻ་ཌཱུརྱ་སྔོན་པོ་ཕུལ། གསང་མཚན་རྡོ་རྗེ་འོད་ཟེར་རྩལ། ཀུ་ཀུ་རཱ་ཛས་རིན་པོ་ཆེའི་ དྲིལ་གཡེར་སྟོང་ཕུལ། གསང་མཚན་རྡོ་རྗེ་བདེ་མཆོག་རྩལ། གཉིས་ཀ་འཁོར་ཚོམ་བུ ་དང་བཅས་པས་རིག་འཛིན་གྱི་གནས་ཐོབ་བོ། །ཀུ་ཀུ་རཱ་ཛས་སློབ་དཔོན་ཆེན་པོ་རོ་ལངས་བདེ་བའི་དངོས་གྲུབ་ལ། གླང་ཆེན་སྣའི་བྲག་ཕུག་ཏུ་དབང་བསྐུར་ཞིང་བཤད། ལྷ་ཀླུ་མིའི་ཡུལ་གྱི་རྩི་སྨན་སྣ་ཚོགས་ཕུལ། གསང་མཚན་བདུད་འདུལ་དྲག་པོ་རྩལ་དུ་བཏགས། དེ་ཡང་རོ་ལངས་བདེ་བ་ནི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་མཚན་གྱི་རྣམ་གྲངས་ཏེ། རོ་ལངས་ཐལ་མདོག་དང་དགྱེས་པ་རྡོ་རྗེ་དང་བཞད་པ་རྡོ་རྗེ་ཞེས་ཀྱང་གྲགས། ཕྱག་ན་རྡོ་རྗེས་རྒྱལ་ཐབས་སྤྱི་བླུགས་རྫོགས་པའི་དབང་བསྐུར་ཞིང་། བསྟན་པའི་རྩེ་མོ་ཀློང་དགུ་བམ་པོ་ཉི་ཁྲི་ལ་སོགས་པ་རྫོགས་པ་ཆེན་པོའི་རྒྱུད་ལུང་ཐམས་ཅད་བཤད་པ་སློབ་དཔོན་གྱིས་གླེགས་བམ་དུ་བཀོད་དེ་ཌཱ་ཀི་མ་རྣམས་ལ་གཏད། མདོ་ཡོངས་རྫོགས་ཀྱི་དབང་གི་ཆུ་བོ་བྱེ་བྲག་པ་རྣམས་ཀྱི་བཀའ་ཡང་བབས། ཨ་ཌཱི་ཡ་ནའི་ཡུལ་དང་རྒྱ་གར་གྱི་མཚམས་མ་ག་ཏའི་ཕུག་ཏུ་ཚོགས་བསྒྲུབས་པས་འཁོར་ཁྲི་ཕྲག་གཅིག་དང་བཅས་པས་ཟུང་འཇུག་གི་སྐུ་བརྙེས་སོ། །དེས་སངས་རྒྱས་རྣམ་པར་གཟིགས་ཀྱི་སྤྲུལ་པ་སློབ་དཔོན་རྡོ་རྗེ་བཞད་པ་ལ་ཨུ་ཏ་པ་རའི་ཚལ་དུ་དབང་བསྐུར་ཞིང་བཤད། ཡོན་དུ་ནོར་བུའི་རིན་པོ་ཆེ་འོད་འབར་བ་ཕུལ། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ་དུ་བཏགས། བདེ་བ་ཆེན་པོའི་ལམ་གྱིས་མཆོག་གྲུབ། རྣལ་འབྱོར་རིག་པའི་ཉི་མ་ཞེས་བྱ་བ་མདོའི་ཟབ་ལམ་གཏན་ལ་འབེབས་པའི་བསྟན་བཅོས་ཀྱང་མཛད་དོ། །དེས་སློབ་དཔོན་པྲ་ཧསྟི་ལ་ག་ཛ་ནིའི་ཡུལ་ཆུ་བོ་སིནྡྷུའི་འགྲམ་དུ་དབང་བསྐུར་ཞིང་བཤད། ཡོན་དུ་རིན་པོ་ཆེ་ཀེ་ཀེ་རུ་ཕུལ། གསང་མཚན་ཐིག་ལེ་བདེ་བྱེད་རྩལ་དུ་བཏགས། སློབ་དཔོན་འདི་ནི་རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། ཐོར་ཅོག་ཡུལ་དུ་སྐྱེས་པ་དེས། །ཕྲིན་ལས་སྤྱོད་པ་གཙོ་བོར་སྟོན། །ཞེས་ལུང་བསྟན་པ་ལྟར། ཡུལ་ཨ་ཌཱི་ཡ་ན། རིགས་ས་ཧོ་རའི་རྒྱལ་རིགས། རབ་ཏུ་བྱུང་བའི་མཚན་ཤཱཀྱ་པྲ་བྷཱ་ཞེས་སྒྲུབ་སྡེའི་ཕུར་པ་ཕྲིན་ལས་ཀྱི་བཀའ་བབས་པ་དེ་ཉིད་ཡིན་ཏེ། ཕུར་པ་བཀའ་མའི་ཡིག་རྙིང་ལས། ཨོ་རྒྱན་ཐོར་ཅོག་ཅན་གྱི་ཡུལ། །རིགས་ནི་ཟ་ཧོར་རྒྱལ་པོའི་རིགས། །དགེ་སློང་མིང་ནི་ཤཱཀྱ་འོད། །སློབ་དཔོན་པྲ་ཆེན་ཧསྟི་རྩལ། །ཞེས་འབྱུང་བའི་ཕྱིར་རོ། །དེས་སློབ་མ་ཤཱཀྱ་གསུམ་ལ་ས་ཧོ་རའི་རྒྱལ་ཁབ་ཏུ་དབང་བསྐུར་ཞིང་བཤད། རང་རང་གི་བདོག་དགུའི་འབྱོར་པས་མཆོད། གསང་མཚན་ཤཱཀྱ་སེང་གེ་ལ་རྡོ་རྗེ་ཐོད་ཕྲེང་རྩལ། ཤཱཀྱ་པྲ་བྷཱ་ཆུང་བ་ལ་རྡོ་རྗེ་ཐིག་ལེ་རྩལ། ཤཱཀྱ་མུ་དྲ་ལ་རྡོ་རྗེ་ཐོགས་མེད་རྩལ་དུ་བཏགས། དེ་ལ་ཤཱཀྱ་སེངྒེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་སྤྲུལ་པའི་སྐུ་ཨ་ཌཱུ་ཡ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཏེ་དྷ་ན་ཀོ་ཥའི་མཚོ་དབུས་སུ་པདྨའི་སྡོང་པོ་ལས་སྐུ་འཁྲུངས། རིག་པའི་གནས་ཐམས་ཅད་ལ་བྱང་ཞིང་རིག་སྔགས་ཀྱི་མཐུས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལ་དབང་འབྱོར་ནའང་། མཆོག་གི་དངོས་གྲུབ་འདོད་པས་ཤཱཀྱ་པྲ་བྷཱ་ཆེན་པོ་སྟེ་པྲ་ཧསྟི་ལས་རབ་ཏུ་བྱུང་། མདོ་སྡེ་དང་གསང་སྔགས་ཕྱི་ནང་གི་རྒྱུད་མཐའ་དག་ཐུགས་སུ་ཆུད། དིང་སང་འཕགས་ཡུལ་དུ་གྲགས་པར་ཤར་ཕྱོགས་བྷངྒ་ལའི་ཡུལ་གྲོང་ཁྱེར་པཎྜུའི་བྱང་ངོས་པཪྴི་ཞེས་པའི་ནགས་ཀྱི་མཐོངས་ན་རི་དིའུ་ཞིག་ཡོད་པ་དེར་ཡིན་ཟེར། སྔར་བོད་དུ་གྲགས་པར་མཱ་ར་ཏི་ཀ་ཞེས་པའི་གནས་སུ་ལས་རྒྱ་པདྨ་ཅན་མནྡཱ་ར་བ་ལ་བརྟེན་ནས་བདེ་བ་ཆེན་པོའི་ལམ་གྱི་ཉེ་རྒྱུའི་སྤྱོད་པས་མཐོང་ལམ་འོད་གསལ་གྱི་སྐུ་ཚེ་ལ་དབང་བའི་རིག་འཛིན་གྲུབ། དེ་ནས་ནེ་པཱ་ལའི་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་དཔལ་ཧེ་རུ་ཀའི་སྒྲུབ་པ་ཚོམ་བུ་ལྔ་པའི་ཚོགས་ཀྱི་སྤྱོད་པས་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་ཏེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཧེ་རུ་ཀའི་གོ་འཕང་མངོན་དུ་མཛད། རྒྱ་བལ་བོད་ཡུལ་རྔ་ཡབ་གླིང་སོགས་སུ་མི་དང་མི་མ་ཡིན་གདུག་པ་ཅན་ཐམས་ཅད་བཏུལ། འགྲོ་བ་མཐའ་དག་རྫུ་འཕྲུལ་གྱིས་དད་པར་བྱས་ཏེ། དམ་པའི་ཆོས་ལ་བཀོད་པའི་ཕྲིན་ལས་ཀྱི་མཐའ་ནི་འདི་ཙམ་མོ་ཞེས་གཞལ་དུ་མེད། ཉེ་བརྒྱུད་ལ་རྒྱལ་པོ་ཛཿཉིད་ལའང་གསན་པར་ཨ་ཏིའི་ལོ་རྒྱུས་ལས་བཤད། སློབ་དཔོན་འདི་ནི་འཇམ་དཔལ་སྒྱུ་དྲྭ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། ཞེས་དང་། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། བཀའ་རྒྱུད་དེ་ཡི་དོན་འགྲེལ་བཅས། །མ་ལུས་གསལ་བར་བྱེད་པ་ནི། །དྷ་ན་ཀོ་ཥའི་མཚོ་གླིང་ལས། །པདྨའི་སྟེང་དུ་རྫུས་སྐྱེས་པ། །རྒྱལ་པོའི་སྲས་སུ་རབ་བསྐུལ་བའི། །རིག་པ་འཛིན་པ་དེར་སྣང་འགྱུར། །ཞེས་ལུང་བསྟན་ནོ། །དེས་ལྷའི་བཤོས་ཁང་དགུ་ཐོག་ཏུ་སློབ་དཔོན་དྷ་ན་རཀྵི་ཏ་ལ་དབང་བསྐུར་ཞིང་རྒྱུད་དང་གདམས་ངག་ཐམས་ཅད་བཤད། ཡོན་དུ་ལྷའི་བདུད་རྩི་བསིལ་མཆོག་གིས་མཆོད། གསང་མཚན་སེང་གེ་སྒྲ་སྒྲོགས་རྩལ་དུ་བཏགས། མདོའི་རྣམ་གྲངས་འཆད་པའི་བསྟན་བཅོས་ཀྱང་བརྩམས། ཡིག་རྙིང་འགའ་ཞིག་ཏུ་སློབ་དཔོན་འདི་ཤཱཀྱ་སེང་གེ་དང་གཅིག་ཅེས་གསུངས་པ་ནི། མདོའི་ཁོག་དབུབ་ཏུ་ཤཱཀྱ་སེང་གེས་ཞེས་པའི་རྣམ་དབྱེ་གསུམ་པའི་ས་སྒྲ་ཆད་དེ། ཤཱཀྱ་སེང་གེ་དྷ་ན་རཀྵི་ཏ་ཞེས་པའི་ཡིག་སྐྱོན་དང་། ཕུར་པའི་ལོ་རྒྱུས་འགར་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་རིགས་སྲི་ག་དྷ་རིའི་བུ་དྷ་ན་རཀྵི་ཏའམ་ཤཱནྟ་རཀྵི་ཏ་ཞེས་མཚན་འདྲ་བར་བྱུང་བས་ཀྱང་འཁྲུལ་ལམ་སྙམ་མོ། །སློབ་དཔོན་དྷ་ན་རཀྵི་ཏས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་རྡོ་རྗེའི་ཕུག་ཏུ་ཧཱུཾ་མཛད་རྡོ་རྗེ་ལ་དབང་བསྐུར་ཞིང་བཤད། གསང་མཚན་རྡོ་རྗེ་ཉི་འོད་རྩལ། འདིས་རྩ་རྒྱུད་ཀྱི་རྒྱ་བདུན་འགྲེལ་དང་། འགྲེལ་ཆུང་རྣལ་འབྱོར་སའི་སྒྲོན་མ་མཛད། དེས་སློབ་དཔོན་སྠི་ར་མ་ཏི་ལ་ག་རུམ་གྱི་བྲག་ཕུག་ཏུ་དབང་བསྐུར་ཞིང་བཤད། ཡོན་གསེར་ཏོ་ལ་བརྒྱ་ཕྲག་གིས་མཆོད། གསང་མཚན་རྡོ་རྗེ་ཡང་དག་རྩལ་དུ་བཏགས། མདོའི་སྐབས་འགྲེལ་རྣམ་པར་བཤད་པ་དང་། སྐབས་འགྲེལ་བྱེ་བྲག་ཏུ་བཤད་པ། དཀའ་གཅོད། ཐེག་པ་གསལ་བྱེད་སྒྲོན་མེ་ལ་སོགས་པའི་བསྟན་བཅོས་ཀྱང་བརྩམས། རྒྱ་གར་དང་ཏཱ་སིག་གི་མཚམས་ཨ་སུ་རའི་བྲག་ཕུག་ཏུ་ལས་ཀྱི་ཕྱག་རྒྱ་མ་ག་ག་སིདྡྷི་ལ་བརྟེན་ནས་དངོས་གྲུབ་ཐོབ། སློབ་དཔོན་འདིས་དྷ་ན་རཀྵི་ཏ་ལའང་ཐུགས་པར་གྲགས་ཏེ་རྒྱུད་དང་གདམས་ངག་གི་བཀའ་སྲོལ་ལུགས་གཅིག་ཡིན་པར་མངོན། དེས་སློབ་དཔོན་བདེ་བ་གསལ་མཛད་ལ་གྲོང་ཁྱེར་དཔལ་ཡོན་ཅན་དུ་དབང་བསྐུར་ཞིང་བཤད། ཅི་མཉེས་ཀྱི་དངོས་པོ་མཆོག་གིས་བཀུར། གསང་མཚན་དབང་ཕྱུག་འཇིགས་མེད་རྩལ་དུ་བཏགས། འདིས་སློབ་དཔོན་ཧཱུཾ་མཛད་རྡོ་རྗེ་ལའང་གསན་ཞེས་གྲགས། རིགས་སྔགས་གྲུབ་སྟེ་འཆི་མེད་ཀྱི་རིག་འཛིན་བརྙེས། མདོ་དབང་གི་ཡིག་སྣ་དྲུག་གསུམ་བཅོ་བརྒྱད་དང་། རྣལ་འབྱོར་གྱི་རིམ་པ་ཐེག་ཆེན་སྒྲོན་མེ་སོགས་བསྡུས་ཤིང་བརྩམས་སོ། །དེས་སྐལ་བ་མཆོག་ཏུ་གྱུར་པའི་སྐྱེས་བུ་བཞི་ལ་དབང་བསྐུར་ཏེ། མ་གྷ་དྷར་མདོ་མཁན་དྷརྨ་བོ་དྷི་ལ་དབང་བསྐུར། རྟ་དང་གླང་པོ་ཆེ་ཡོན་དུ་ཕུལ། གསང་མཚན་ཤེས་རབ་མཐར་ཕྱིན། རྩལ་དུ་བཏགས། མདོའི་དོན་བསྡུས་དང་། ཤེས་རབ་སྒྲོན་མེ། བཀོལ་མདོ་རྣམས་བརྩམས། ཤྲཱི་ན་ལེནྡཱར་མཁན་པོ་ཆོས་རྒྱལ་སྐྱོང་ལ་དབང་བསྐུར། འདོད་པའི་ཡོན་ཏན་ལྔས་མཆོད། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། རྒྱ་གར་གཙུག་ལག་དཔལ་དགེ་གཉིས་ལ། རྒྱལ་པོའི་ཁབ་ཏུ་དབང་བསྐུར། གསེར་བཟང་པོའི་ཡོན་ཕུལ། བ་སུ་དྷ་རའི་གསང་མཚན་རྡོ་རྗེ་ཐུགས་མཆོག་རྩལ། གཙུག་ལག་དཔལ་དགེའི་གསང་མཚན་རྡོ་རྗེ་གཙུག་ཏོར་རྩལ་ཞེས་བཏགས། དྷརྨ་བོ་དྷི། དྷརྨ་རཱ་ཛ། བ་སུ་དྷ་ར་གསུམ་གྱིས་བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ལ་རྒྱ་གར་གྱི་ཡུལ་དབུས་སུ་དབང་བསྐུར་ཞིང་། སུ་ཝ་ཪྞའི་དཀོར་ཆ་མང་པོས་སོ་སོར་མཆོད། གསང་མཚན་རྡོ་རྗེ་ལེགས་ཐོབ་རྩལ་དུ་བཏགས། ཡང་ཉེ་བརྒྱུད་ལ་དབང་བསྐུར་བ་པོའི་སློབ་དཔོན་དེ་གསུམ་ཀ་ས་དྷ་ན་རཀྵི་ཏ་ལའང་ཐོབ་ཅེས་འབྱུང་མོད། གཏད་རྒྱ་ལྟར་ན་དབང་བཀའི་བརྒྱུད་པ་དཀྱུས་སུ་བཀོད་པ་ཉིད་ཡིན་པར་གསལ་བས། བཤད་བཀའ་དང་མན་ངག་གི་བཀའི་ཉེ་བརྒྱུད་དུ་སྣང་ངོ་། །དེ་ལྟར་སྨོས་པའི་བརྒྱུད་པ་དེ་ཐམས་ཅད་ཀྱང་དབང་བརྒྱུད་ཙམ་དུ་མ་ཟད། རྒྱུད་ཀྱི་བཤད་བཀའ་དང་མན་ངག་གི་བཀའ་ཐམས་ཅད་འདུས་པའི་བརྒྱུད་ལུགས་ཏེ། བཤད་བཀའ་ལ་རྣམ་པ་གཅིག་ཏུ་ན། དྷ་ན་རཀྵི་ཏ་བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ཀྱིས་སྤྱན་དྲངས་ཏེ། མདོ་དགོངས་འདུས་བྲུ་ཤའི་ཡུལ་དུ་སྒྱུར་བར་བརྩམས་པ་ལ། མོས་པ་ཆུང་བས་མ་འགྱུར་ཏེ་བལ་ཡུལ་དུ་བྱོན། དེར་དྷརྨ་བོ་དྷི་དང་བ་སུ་དྷ་ར་ལ་བཤད། ཕྱིས་བྲུ་ཤའི་ཡུལ་དུ་མདོ་མཁན་དྷརྨ་བོ་དྷི་དང་། རིང་ལུགས་པ་ཆེན་པོ་དྷ་ན་རཀྵི་ཏའི་སྤྱན་སྔར་ལོ་ཙཱ་བ་ཆེ་བཙན་སྐྱེས་ཀྱིས་བྲུ་ཤའི་སྐད་དང་ཡི་གེ་ལས་བོད་སྐད་དུ་བསྒྱུར་ཞིང་། དེའི་དུས་སུ་མི་མ་ཡིན་ཞིག་གིས་འཛམ་བུ་གླིང་ན་མེད་པའི་ལྷའི་མེ་ཏོག་པ་ཏ་ལའི་མདོག་ཤིང་རྟའི་འཕང་ལོ་ཙམ་ཞིག་ལག་ཏུ་ཐོགས་ཏེ་འོངས་ནས། སུ་ལ་ཐོས་ཞེས་གླེང་བ་ན། མཁན་པོ་དག་གིས། དཔལ་རྡོ་རྗེ་སེམས་དཔའ་ཐོས་ཞེས་བརྗོད་པས། དེས་མེ་ཏོག་གཏོར་ཞིང་སྐོར་བ་ལན་གསུམ་བསྐོར་ཏེ་མངོན་པར་འདུད་ནས། གླང་པོ་ཆེའི་བརྟུལ་ཞུགས་ལྟ་བུས་ཐེ་ཚོམ་མེད་པར་བཀུར་ཞིང་། ཛི་ན་རཱ་ཛ་ཞེས་ཟེར་ནས་སླར་སོང་ངོ་། །དེ་ལ་མཁན་པོ་དག་ངོ་མཚར་ཆེར་སྐྱེས་ཤིང་། ལེགས་པའི་ཡོན་ཏན་ཡང་མང་དུ་བྱུང་ཞེས་གྲགས་ཏེ། རི་བོ་སྤོས་ངད་ལྡང་ལ་བྱང་ཆུབ་སེམས་དཔའི་སྤྲུལ་པ་གླང་པོ་ཆེ་ས་སྲུངས་བྱ་བ་ཞིག་གནས་པས། དེའི་ཆོ་འཕྲུལ་ཡིན་པར་སླད་ནས་རྟོགས་སོ་ཞེས་འབྱུང་ངོ་། །དེ་ལ་ལོ་ཙཱ་བ་ཆེ་བཙན་སྐྱེས་ནི། ཡུལ་ཡར་ལུངས་པ་ཡིན། སྐད་རིགས་གསུམ་ལ་སྦྱངས་ནས་ཕྱིས་བྲུ་ཤའི་ཡུལ་དུ་ཕྲིན་ལས་བསྐྱངས་པས་བྲུ་ཤའི་སློབ་དཔོན་དུ་གྲགས་ཤིང་། བྲུ་ཤའི་ཡུལ་དེ་ཁྲོམ་གེ་སར་གྱི་ཡུལ་དང་གཅིག་པར་བཤད་དོ། །དེ་ལྟར་རྒྱ་བལ་བྲུ་ཤའི་སློབ་དཔོན་དེ་ཐམས་ཅད་ཀྱང་། སྡེ་སྣོད་གསུམ་དང་གསང་སྔགས་ཕྱི་ནང་གི་རྒྱུད་སྡེ་མཐའ་དག་ལ་མཁས། རིག་པའི་གནས་སུ་གྱུར་པ་གང་ཡང་མི་མཁྱེན་པ་མེད། རིག་སྔགས་གྲུབ་པས་ཡེ་ཤེས་ཀྱི་ལྷས་མངོན་སུམ་དུ་དབང་བསྐུར་ཞིང་། ཡི་དམ་གྱི་ལྷ་དང་བཀའ་མཆིད་མོལ་བར་མཛད། རྡོ་རྗེའི་མཁའ་འགྲོ་ཐམས་ཅད་དབང་དུ་འདུས་ཤིང་བྲན་དུ་ཁོལ། རིམ་གཉིས་ཀྱི་ལམ་གྱིས་དངོས་གྲུབ་བརྙེས་པས་རིག་པ་འཛིན་པའི་ས་ལ་བཞུགས་པ་ཤ་སྟགས་ཡིན་ནོ། ༈ །གཉིས་པ་བོད་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས་ནི། སྔོན་རིག་འཛིན་པདྨ་སཾ་བྷ་ཝ་དང་། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་རྩ་རྒྱུད་རྡོ་རྗེ་བཀོད་པ་ཀུན་འདུས་ཀྱི་མདོ་བསྒྱུར་བས་མཚོན་ཏེ། འདུས་པ་མདོའི་རྒྱུད་མང་ཞིག་འགྱུར་ཞིང་སྐ་བ་དཔལ་བརྩེགས་ཀྱིས་མདོའི་བཀའ་འགྲེལ་མི་ཤེས་མདུད་འགྲོལ་ཞེས་པའང་མཛད་འདུག་པས་ན། དེ་དག་གི་བཤད་སྒྲུབ་ཀྱི་རྒྱུན་དང་དབང་བཀའ་ཡང་ཡོད་དགོས་པའི་ཕྱིར། བོད་འདིར་སྔར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་ཀྱི་དུས་ནས་ཀྱང་དར་མོད་ཀྱི། དེ་ལྟ་ནའང་དིང་སང་བཞུགས་པའི་དབང་བཀའ་དང་བཤད་སྒྲུབ་ཀྱི་རྒྱུན་འདི་རྣམས་ནི་གཙོ་བོར་ཕྱིས་གནུབས་ཆེན་གྱིས་རྒྱ་བལ་བྲུ་ཤའི་ཡུལ་དུ་བྱོན་ནས་གསན་པ་ལས་བརྒྱུད་པ་སྟེ། དེ་ལ་ལོ་ཙཱ་བ་ཆེན་པོ་གནུབས་སངས་རྒྱས་ཡེ་ཤེས་འདི་ནི། ཡབ་གནུབས་རིགས་གསལ་བ་དབང་ཕྱུག་དང་། ཡུམ་མཆིམས་མོ་བཀྲ་ཤིས་འཚོའི་སྲས་སུ། ཤིང་ཕོ་བྱི་བའི་ལོ་དཔྱིད་ཟླ་ར་བ་ལ། དབུས་རིའི་བརྒྱུད་སྒྲགས་ཀྱི་ཕུར་འཁྲུངས། ཕ་མེས་ཀྱི་དུར་ས་སྒྲགས་རི་བོ་ཆེར་ཙནྡན་གྱི་སྡོང་པོ་སྐྱེས་པ་ལ་རྒྱ་ནག་ཧྭ་ཤང་གིས་བརྟགས་ཏེ་སྤྲུལ་པའི་སྐུ་འཁྲུངས་པའི་ལྟས་ཡིན་པས་གསོ་བའི་ཆོ་ག་འདི་ལྟར་གྱིས་ཞེས་སྔོན་ནས་ལུང་བསྟན་པ་བཞིན་བསྒྲུབས། མཚན་སྐྱ་མིང་རྡོ་རྗེ་ཁྲི་གཙུག །ཆོས་མིང་སངས་རྒྱས་ཡེ་ཤེས། གསང་མཚན་རྡོ་རྗེ་ཡང་དབང་གཏེར་ཞེས་གྲགས། དགུང་ལོ་བདུན་ནས་འོ་བྲན་དཔལ་གྱི་གཞོན་ནུའི་ཕྱག་ཕྱིར་འབྲངས་ཏེ་རིག་པའི་གནས་ཐམས་ཅད་ལ་བྱང་བར་མཛད། རིག་འཛིན་འདུས་པ་རྩ་བའི་རྒྱུད་དུ། རཏྣ་བུདྡྷ་ཛྙཱ་ན་ཡིས། །ཁྱད་པར་སྐུ་ཡི་གསང་བ་སྟོན། །ཞེས་ལུང་བསྟན་པ་ལྟར་གཞོན་ནུའི་དུས་སློབ་དཔོན་ཆེན་པོ་པདྨ་ལ་བཀའ་བརྒྱད་ཀྱི་དབང་གསན་པའི་ཚེ་མེ་ཏོག་འཇམ་དཔལ་སྐུའི་དཀྱིལ་འཁོར་ལ་ཕོག་ཅིང་བསྒྲུབས་པས་གྲུབ་རྟགས་མངོན་དུ་ཕྱུང་། ཕྱིས་རྒྱ་བལ་གྱི་རུ་མཚམས་རྡོ་རྗེ་རྩེ་ལྔའི་ཕུག་ཏུའང་དབང་རྒྱུད་མན་ངག་མང་དུ་གསན། གཞན་ཡང་ཤྲཱི་སིདྷ། བི་མ་ལ། ཀ་མ་ལ་ཤཱི་ལ། དྷ་ན་དྷ་ལ། ཁྲག་འཐུང་ནག་པོ། ཤཱནྟིཾ་གརྦྷ། དྷ་ན་སཾ་སྐྲྀ་ཏ། སོ་ཀྱ་དེ་བ། དྷ་ན་རཀྵི་ཏ། བྲམ་ཟེ་གསལ་བའི་རྒྱན། དྷརྨ་བོ་དྷི། དྷརྨ་རཱ་ཛ། གཙུག་ལག་དཔལ་དགེ། བ་སུ་དྷ་ར། ཆེ་བཙན་སྐྱེས་སོགས་རྒྱ་བལ་བྲུ་ཤའི་ལོ་པཎ་རྣམས་དང་། བོད་ཀྱི་མཁས་པ་གཉགས་ལོ་ཡེ་ཤེས་གཞོན་ནུ། དེའི་སློབ་མ་དཔལ་གྱི་བུ་བརྒྱད་ཐམས་ཅད་དང་། དེའི་ནང་ནས་ཀྱང་སོགས་པོ་དཔལ་ཡེ་དང་། རྨ་གཉགས་ཐུན་མོང་གི་ཡང་སློབ་ཞང་རྒྱལ་བའི་ཡོན་ཏན་གཉིས་ལ་གཙོ་བོར་བསྟེན་ནས་མདོ་དང་སྔགས་ཕྱི་ནང་གི་རྒྱུད་སྡེ་མན་ངག་དང་བཅས་པ་མཐའ་དག་ལ་སྦྱངས་ཏེ་མཁས་པར་མཛད། རྒྱ་བལ་གྱི་ཡུལ་དུ་ལན་བདུན་བྱོན་ནས་རྒྱུད་དང་མན་ངག་ཆོག་ཡིག་བསྟན་བསྲུང་དང་བཅས་པ་མང་པོ་བསྒྱུར། ནུས་པ་ཕུན་སུམ་ཚོགས་པས་མངོན་སྤྱོད་ཀྱི་ཕྲིན་ལས་དང་རྫུ་འཕྲུལ་གྱིས་ཁེང་ལོག་སོགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཅིང་། ལྷ་སྲིན་ཐམས་ཅད་ཀྱིས་ཀྱང་སྟངས་ཕུལ། ཁྱད་པར་དགུང་ལོ་ལྔ་བཅུ་རྩ་བཞི་པ་མེ་སྦྲུལ་གྱི་ལོར་བལ་ཡུལ་དུ་བྱོན་ནས་བ་སུ་དྷ་ར་ལ་དབང་དང་གདམས་པ་དཔག་མེད་ཞུས་ཤིང་། ཆོས་ཕྱིར་གཏོང་བ་དང་དད་གུས་ཀྱིས་མཉེས་པར་མཛད་པས། རུའི་ཞལ་ནས། རྒྱ་གར་ན་ངའི་སློབ་དཔོན་གསལ་བའི་རྒྱན་ཞེས་བྱ་བ་ལོ་སྟོང་དྲུག་བརྒྱ་ལོན་པ་ཞིག་བཞུགས་ཀྱིས། དེའི་དྲུང་དུ་སོང་ལ་ཆོས་ཞུས་ཤིག་གསུང་བ་ལྟར་བྱོན་པས། ཝཱ་རཱ་ཎ་སཱིར་ཨཱ་ཙཱརྱ་གསལ་བའི་རྒྱན་གྱི་ཞལ་མཐོང་། ཆོས་མང་དུ་ཞུས། ཁྱད་པར་དུ་མདོ་ཡོངས་སུ་རྫོགས་པའི་དབང་དང་དགོངས་འདུས་ཀྱི་གདམས་ངག་ཀྱང་གསན། སློབ་དཔོན་འདི་ནི་བདེ་བ་གསལ་མཛད་དང་གཅིག་པར་རོག་བརྩོན་སེང་བཞེད། དེ་ནས་དགོངས་འདུས་ཀྱི་གཞུང་བཤད་ཞུས་པས། རུའི་ཞལ་ནས། དྷ་ན་རཀྵི་ཏ་དང་། དྷརྨ་བོ་དྷི་དང་། དྷརྨ་རཱ་ཛ་རྣམས་ཆེ་བཙན་སྐྱེས་ཀྱིས་སྤྱན་དྲངས་ནས་བྲུ་ཤའི་ཡུལ་དུ་བཞུད་པས། དེར་ཞུས་ཤིག་གསུངས་པ་ལྟར་། བྲུ་ཤའི་ཡུལ་དུ་བྱོན་ཏེ་ལོ་པཎ་བཞི་ལ་གཙོ་བོར་གཞུང་བཤད་དང་། གཞན་ཡང་དབང་བཀའ་དང་ཕྱག་བཞེས་ཀྱི་ཕྲ་གཅོད་སོགས་གདམས་ངག་གི་གནད་ལ་ཞུན་ཐར་བཅད་དེ་ཐུགས་བཅུད་ལོངས་པར་མཛད། དེ་ནས་གྲུབ་པ་བརྙེས་ཚུལ་ཀྱང་། ཉུག་གི་རྡོ་རྗེ་སྒྲོམ་བུར་ཟླ་བ་དགུ་ན་ཐུགས་རྒྱུད་གྲོལ་ཏེ་གནས་ལུགས་གཏན་ལ་ཕེབས། རྡོ་རྗེ་གདན་དང་གཡུང་དྲུང་རིན་ཆེན་གཏེར་གནས་སུ་གསང་བདག་གིས་ཞལ་མངོན་དུ་བསྟན་ནས་ཕྱག་མཚན་གྱི་རྡོ་རྗེ་ཕྱག་ཏུ་བབ་ཅིང་མིང་གི་དབང་བསྐུར། འོལ་མོ་ཚལ་དུ་དྲི་ཟའི་ཕྲུག་གུས་སངས་རྒྱས་ཀྱི་མཚན་གསོལ། གང་བཟང་དུ་གནོད་སྦྱིན་དང་གླིང་དགུའི་མཚོ་འགྲམ་དུ་ཀླུ་ཕྲུག་སྤུན་གསུམ་གྱིས་མཆོད། དུར་ཁྲོད་ལྷས་སུ་ཡི་དྭགས་ཕྲུག་གུས་ཞབས་ལ་གཏུགས། འོད་མའི་ཚལ་དུ་ཡ་མཱནྟ་ཀས་ཞལ་བསྟན་ནས་དབང་དང་དངོས་གྲུབ་སྩལ་ཞིང་། ལྷ་སྲིན་དབང་དུ་འདུས་ནས་གསང་སྔགས་ཀྱི་བདག་པོར་དབང་བསྐུར། མ་གཤིན་མཁའ་འགྲོ་དབང་ཕྱུག་རྣམས་བསྲུང་མར་གཏད། འཇམ་དཔལ་གྱིས་ལུང་བསྟན་པ་བཞིན་རྒྱ་གར་དུར་ཁྲོད་གསང་ལུང་ནག་པོར་ཨེ་ཀ་ཛཱ་ཊིས་དངོས་གྲུབ་ཀྱི་རྫས་བྱིན་པས་དབྱིངས་ལ་ཡེ་ཤེས་ཤར་ཏེ་ས་ཆེན་པོའི་རྟོགས་པ་མངོན་དུ་གྱུར། པདྨ་གར་དབང་དང་། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཞལ་གཟིགས་ཤིང་དབང་དང་དངོས་གྲུབ་ཐོབ། གཞན་ཡང་ཐོགས་པ་མེད་པའི་མངོན་ཤེས་དང་ལྷའི་སྤྱན་སོགས་མངའ། ཆུ་ལ་མི་བྱིང་ཞིང་རི་བྲག་ལ་ཐལ་ལེར་གཤེགས་པ་སོགས་ངོ་མཚར་བའི་རྣམ་ཐར་བསམ་གྱིས་མི་ཁྱབ། དོན་དུ་ན་མདོ་སྡེ་ལས་ས་བཞི་པའི་བྱང་ཆུབ་སེམས་དཔའ་ཡིན་པ་དང་། སྟོན་པ་འདས་ནས་ལོ་ཉིས་སྟོང་ན་འབྱོན་ཞེས་ལུང་བསྟན། མི་ཡུལ་དུ་ལོ་བརྒྱ་དང་བཅུ་གསུམ་གྱི་བར་དུ་བཞུགས་ནས། མདོའི་འགྲེལ་ཆེན་མུན་པའི་གོ་དང་། དཀའ་གཅོད་སྨྲ་བའི་མཚོན་ཆ། སྒྱུ་འཕྲུལ་བརྒྱད་ཅུ་པའི་མངོན་རྟོགས་འགྲེལ། རྫོགས་ཆེན་གྱི་མན་ངག་བསམ་གཏན་མིག་སྒྲོན་སོགས་བསྟན་བཅོས་རྩོམ་པ་དང་། བཤད་སྒྲུབ་ཀྱི་ཕྲིན་ལས་ཀྱིས་བསྐྱེད་རྫོགས་གསུམ་གྱི་བསྟན་པས་ས་སྟེང་ཁྱབ་པར་མཛད། མ་འོངས་པའི་དོན་དུ་ཆོས་དང་དྲག་སྔགས་མང་པོའང་གཏེར་དུ་སྦས། འདི་ལ་སློབ་མ་མང་ཡང་། ཁྱད་པར་དུ་འཕགས་པའི་སློབ་མ་ཐུགས་ཟིན་གྱི་སྲས་བཞི་སྲས་ཀྱི་དམ་པ་གཅིག་དང་ལྔ་བྱུང་སྟེ། སློབ་དཔོན་ཉིད་ཀྱི་མགུར་ལས། གནུབས་བན་ཡང་དབང་གཏེར། །ཤེས་རབ་ནགས་ཚལ་ལ། །ཡོན་ཏན་ལྗོན་ཤིང་འཁྲུངས། །སྣོད་ཀྱི་མཆོག་ལྔར་བླུགས། །གཅིག་གིས་རྩ་བ་ཁྱེར། །བློན་ཆེན་འཕགས་པ་ཡིན། །གཅིས་གིས་ལོ་མ་ཁྱེར། །ལེགས་པའི་སྒྲོན་མེ་ཡིན། །གཅིག་གིས་མེ་ཏོག་ཁྱེར། །དན་གྱི་ཡོན་ཏན་མཆོག །གཅིག་གིས་འབྲས་བུ་ཁྱེར། །ཡེ་ཤེས་དབང་ཕྱུག་ཡིན། །གཅིག་གིས་ཐམས་ཅད་ཁྱེར། །ཡོན་ཏན་རྒྱ་མཚོ་ཡིན། །ཞེས་གསུངས་པ་ལྟར། སྲས་བཞི་ནི། རྩ་བ་རྒྱུད་ལ་མཁས་པ་སྤ་གོར་བློན་ཆེན་འཕགས་པ། ལོ་མ་བདུད་རྩི་ལ་མཁས་པ་སྲུའི་སྟོན་པ་ལེགས་པའི་སྒྲོན་མེ། མེ་ཏོག་བརྒལ་ལན་ལ་མཁས་པ་དན་ཡོན་ཏན་མཆོག །འབྲས་བུ་ལྟ་དགོངས་ཀྱི་གནད་ལ་མཁས་པ་སོ་ཡེ་ཤེས་དབང་ཕྱུག་གོ། །སྲས་ཀྱི་དམ་པ་གཅིག་ནི། དེ་བཞི་ཀ་ལ་མཁས་པ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོའོ། །ཡང་མདོ་དབང་རང་གི་ལོ་རྒྱུས་རྣམས་སུ། ཁུ་ལུང་པ་ལ་དབང་རྒྱུད་གདམས་ངག་གི་བཀའ་བབས། སྲུ་ལ་དབང་བཞི་ཆུ་བོའི་བཀའ་བབས་ཞེས་ཀྱང་འབྱུང་ངོ་། །དེ་ལ་གནུབས་ཆེན་ཉིད་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ན་འབྱོན་པར་ལུང་བསྟན་པའང་ཉིས་སྟོང་ལ་ཉེ་བའི་རགས་རྩིས་ཏེ། དེང་སང་ཡོངས་གྲགས་ཀྱི་དུས་འཁོར་བའི་བསྟན་རྩིས་དང་བསྟུན་ཏེ་ཞིབ་མོར་བརྩིས་ན་ཆིག་སྟོང་བདུན་བརྒྱ་བཅུ་གཉིས་ན་བྱོན་པ་ཡིན། དེའི་རྒྱུ་མཚན་སྟོན་པ་ལྕགས་འབྲུག་ལ་གཤེགས་པའི་དབང་དུ་བྱས་ཏེ། དེ་ནས་ཉེར་བརྒྱད་པ་ས་སྤྲེལ་ལ་རྒྱལ་པོ་ཛའི་ཁང་སྟེང་དུ་གསང་སྔགས་བབས། དེ་ནས་ཆིག་སྟོང་དྲུག་བརྒྱ་བརྒྱད་ཅུ་གྱ་བཞི་པ་ཆུ་བྱི་ལ་གནུབས་ཆེན་འཁྲུངས། ཆུ་བྱི་འདི་ཁྲི་སྲོང་ལྕགས་རྟ་ལ་འཁྲུངས་པའི་ཞེ་གསུམ་པ་དང་། མེ་ལུག་ལ་སད་མི་མི་བདུན་རབ་ཏུ་བྱུང་བའི་དྲུག་པ་ཡིན། གནུབས་ཆེན་གྱི་དགུང་ལོ་བཅུ་བདུན་བ་ཞེས་པའི་ས་སྟག་ལ་ཁྲི་སྲོང་སྐུ་གཤེགས། དེ་ནས་ལོ་བརྒྱད་ཅུ་གྱ་ལྔ་པ་ཆུ་སྟག་ལ་གནུབས་ཆེན་གཤེགས་པས་ན། དར་མས་བསྟན་པ་བསྣུབས་པའི་འོག་ཏུའང་ལོ་སུམ་ཅུ་སོ་བདུན་ཙམ་བཞུགས་པར་མངོན་ནོ། །དེ་ཡང་སྔར་གྱི་ཡི་གེ་འགར། གནུབས་ཆེན་གྱི་སློབ་མ་ལ་བུ་བཞི་དང་དགེ་མཆེད་བཅོ་ལྔ་ཞེས་འདྲེན་ཅིང་། བུ་བཞི་སྔར་གྱི་ཐུགས་སྲས་བཞི་ཡིན་ལ། དགེ་མཆེད་བཅོ་ལྔའི་ཁྲོད་ནས་ལ་ལ་བཀའ་ཡོངས་སུ་རྫོགས་པ་ཐོབ་པའང་ཡོད་མོད། ཕལ་ཆེ་བས་གནུབས་ཆེན་ཞལ་མཐོང་ཙམ་ལས་ཆོས་མ་གསན་པས། དགེ་མཆེད་བཅོ་ལྔ་པོ་ཐམས་ཅད་སྲུ་ལེགས་སྒྲོན་གྱི་སློབ་མ་ཡིན་ཞེས་ཟེར་ཞིང་། དངོས་གྲུབ་བསྐུལ་ཚིག་ལས་ཀྱང་འབྱུང་ནའང་། དགེ་མཆེད་ཀྱི་ནང་ཚན་དུ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་བགྲངས་པའང་བྱུང་བས། དེ་འདྲ་གནུབས་ཆེན་གྱིི་ཐུགས་སྲས་འགྲན་ཟླ་མེད་པ་ཡིན་པས་སྲུ་ལ་གསན་པ་ཅི་འདྲ་སྙམ་བརྟགས་པའི་གནས་སུ་མཐོང་ངོ་། །འདིར་ཇི་ལྟར་བརྒྱུད་ཚུལ་ནི། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཞབས་ནས་ཐུགས་ཟིན་གྱི་སྲས་མཆོག་གཉིས་ལ་བརྒྱུད་པ་ལས། དང་པོ་ནི། གོང་གི་ལུང་བསྟན་ལས། ས་བཞི་པའི་བྱང་ཆུབ་སེམས་དཔའ་དེས་ས་གསུམ་པའི་བྱང་ཆུབ་སེམས་དཔའ་ཞིག་ལ་སྟོན་པར་འགྱུར་རོ། །ཞེས་པ་ལྟར་གནུབས་ཆེན་གྱི་ཐུགས་སྲས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་ཞེས་འོད་བྱེད་ཀྱི་ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་བརྒྱུད་དེ། ཡབ་གནུབས་ཁྲི་རྗེ་རྨུ་ཐོན་བཙན་དང་། ཡུམ་ཁྲོམ་བཟའ་འོད་ལྡན་གྱི་སྲས་སུ་གནུབས་ཡུལ་རོང་དུ་འཁྲུངས། དགུང་ལོ་སུམ་ཅུ་པ་ལ་རི་དྭགས་གཤོར་དུ་ཕྱིན་པས། རྗེ་སངས་རྒྱས་ཡེ་ཤེས་སྣར་གྱི་ཤུག་པ་ནག་པོར་བཞུགས་པ་དང་མཇལ་ཏེ། རུས་གང་ཡིན་གསུངས་པ་ལ། གནུབས་ཡིན་ཞུས་པས། འོ་སྐོལ་གཉིས་ཚེ་སྔ་མ་ཕ་བུར་འབྲེལ་ཞིང་རུས་ཀྱང་གཅིག །ཆོས་ཀྱི་ལས་འཕྲོའང་འདུག་གསུངས་ནས་ཆོས་སྒོར་བཅུག་པ་ལ། དབང་རྒྱུད་མན་ངག་བསྟན་པ་བསྲུང་བའི་ལས་ཁ་དང་བཅས་པ་ཐམས་ཅད་ཚང་སྤྲུགས་སུ་གནང་བས་བཀའི་བཅུད་དང་ཐུགས་ཀྱི་སྙིང་ཁུ་ཐམས་ཅད་བབས་ཏེ། ཁྱད་པར་གྱི་ཆོས་སྡེ་སུམ་ཅུ་རྩ་ལྔ་ལ་མཁས་པར་གྱུར། ཁྱད་པར་སྣར་གྱི་ཡང་གསང་བྲག་ཕུག་ཏུ་དབང་གི་ཆུ་བོ་བཞི་རྫོགས་པར་བསྐུར། དབང་གི་ཡིག་མད་བཅོ་བརྒྱད་གཏད། དབང་རྟགས་སུ་དབང་བསྐུར་རྒྱལ་པོའི་རྒྱུད་བྱིན། ཡོན་དུ་སྟོད་ཀྱི་ལས་སྒོ་ལན་གསུམ་བླངས་ཏེ། གཡུ་དཀར་པོ་འོད་འཛག །བེར་ཤ་བ་ཅན། རྟ་ཚལ་ནག་སེང་གེ། དར་མེན་གྱི་ན་བཟའ། ལ་རྫས་ཀྱི་དཀོར་ཆ་དང་རྩི་སྨན་དཔག་ཏུ་མེད་པ་ཕུལ། གསང་མཚན་རྡོ་རྗེ་གཏེར་བཞད་རྩལ་ལམ་རྡོ་རྗེ་རིག་འཛིན་གཏེར་དུ་གྲགས། གཞན་ཡང་སྐུ་ཚེ་སྔ་མའི་སྤུན་དུ་གྱུར་པ་རྒྱ་གར་གྱི་སློབ་དཔོན་དྷ་ན་དྷ་ལ་ཞེས་སྒྲ་སྐད་ཉི་ཤུ་རྩ་གཅིག་ལ་མཁས་ཤིང་འཆི་མེད་ཀྱི་རིག་འཛིན་གྲུབ་པ་དེས། རང་གི་ནུ་བོ་དགའ་ཆུང་རོང་ན་གྲོང་བན་ཞིག་ཏུ་སྐྱེས་པ་མངོན་ཤེས་ཀྱིས་མཁྱེན་ཏེ་ཕན་གདགས་པའི་ཕྱིར་རྐང་མགྱོགས་གྲུབ་པས་ནུབ་གཅིག་ལ་རོང་དུ་བྱོན་ནས་གཤིན་རྗེ་གཤེད་དམར་ནག་སོགས་ཆོས་དང་དྲག་སྔགས་ཟབ་ལ་མང་བ་སྩལ། ཡང་རྒྱ་གར་ཙནྡྲ་ཀིརྟི་ཞེས་བྱ་བས་ཀྱང་ཐེབས་རྒྱ་བཤད། ཁུ་ལུང་མཁར་གདོང་ལ་སོགས་པར་སྒྲུབ་པ་མཛད་པས། མཆོག་གི་དངོས་གྲུབ་ཆོས་ཉིད་ཀྱི་དོན་རྟོགས། ཟག་མེད་ཀྱི་མངོན་ཤེས་ཤར། འབྱུང་བ་ལ་རང་དབང་བསྒྱུར། ཐུགས་དམ་གྱི་ལྷ་དུ་མའི་ཞལ་གཟིགས། དམ་ཅན་རྣམས་བྲན་དུ་ཁོལ། རྗེའི་ཁེང་ལོག་གི་འགྲས་ཀྱིས་རང་གསོད་པའི་གཤེད་མ་བརྒྱད་བཏང་བ་སྤྲུལ་པ་རང་འདྲ་བ་བརྒྱར་སྤྲུལ་ནས་བཏུལ་བ་སོགས་རྫུ་འཕྲུལ་དང་། དྲག་སྔགས་ལ་རྟགས་ཐོན་པས་བསྟན་པ་བསྲུངས་ཏེ་ནུས་པ་ལ་མངའ་བརྙེས་པ་ཡིན་ནོ། །གོང་གི་ལུང་བསྟན་ལས། དེས་ས་གཉིས་པའི་བྱང་ཆུབ་སེམས་དཔའ་ཞིག་ལ་གཏོད་པར་འགྱུར། ཞེས་རྗེ་ཡོན་ཏན་རྒྱ་མཚོས་ས་གཉིས་པར་ལུང་གིས་ཟིན་པའི་སྲས་ཡེ་ཤེས་རྒྱ་མཚོ་ལ་བརྒྱུད་དེ། སྤྱིར་ཡོན་ཏན་རྒྱ་མཚོ་ལ་རིགས་ཀྱི་སྲས་སྔ་ཚར། བར་ཚར། ཕྱི་ཚར་གསུམ་ལས། སྔ་ཚར་གྱི་སྲས་གསུམ་བླ་མ་ལ་དམ་ཚིག་ཉམས་པས་ར་བ་གསུམ་དུ་སྤྱུགས། དེ་རྗེས་གླན་རྡོ་རྗེ་འབར་གྱི་སྲིང་མོ་སོ་མ་ལེགས་ཁབ་ཏུ་བཞེས་པ་ལ། གཅེན་ཡེ་ཤེས་རྒྱ་མཚོ། གཅུང་པདྨ་དབང་རྒྱལ། ལྕམ་ཨུཏྤལ་སྒྲོན་རྣམས་བྱུང་སྟེ་བར་ཚར་ཡིན། ཕྱིས་སྟག་རམ་དཔལ་གྱི་ལྕམ་ལ་ཕྱི་ཚར་གྱི་སྲས་གཉིས་བྱུང་བའི་གཅུང་རོ་ཟན་ནག་པོས་རྒྱུད་ཀྱི་རོ་ལངས་གྲུབ། དེའི་སྲས་བརྒྱུད་ལ་ཁྲོ་ཕུ་ལོ་ཙཱ་བ་སོགས་བྱུང་། དེ་ལྟར་སྲས་དྲུག་ལས་ཁྱད་པར་དུ་གྱུར་པ་ནི། བར་ཚར་གྱི་སྲས་གཉིས་ཡིན་ཏེ། གཅེན་ཡེ་ཤེས་རྒྱ་མཚོ་ནི། སྐུ་ཚེ་སྔ་མ་ལ་ཚོགས་བསགས་ཤིང་བཟོད་པ་གོམས་པས་སྐུ་བྱད་མཚར་ཞིང་ཐུགས་དུལ་བས་ཀུན་གྱི་ཡིད་དུ་འོང་། བླ་མ་ལ་མཆོག་ཏུ་གུས་པས་སྒོ་གསུམ་གྱི་ཞབས་ཏོག་ཅི་མཉེས་སུ་བསྒྲུབས་ཤིང་། ཤེས་རབ་དང་དད་བརྩོན་གྱི་སྤྱོད་པ་ཕུལ་དུ་གྱུར་པས་ཐུགས་ཀྱི་དགོངས་པ་ལོན་ཏེ། རྒྱུད་ལུང་མན་ངག་ཐམས་ཅད་གྱི་བདག་པོར་མངའ་བསྐུར། དབང་གི་མཛོད་ཐམས་ཅད་ཀྱི་བཅུད་བཏིགས་པས་ཡབ་ལ་མངའ་བའི་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ། ཁྱད་པར་ཁུ་ལུང་མཁར་ལུང་དུ་ཆུ་བོ་བཞིའི་དབང་བསྐུར། གསང་མཚན་རྡོ་རྗེ་དབང་གྲུབ་རྩལ་དུ་བཏགས། བསྙེན་སྒྲུབ་མཐར་ཕྱིན་པས་མཆོག་གི་དངོས་གྲུབ་གནས་ལུགས་ཀྱི་དོན་རྟོགས། ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས། སྐུ་ལུས་ལྷའི་དཀྱིལ་འཁོར་དུ་གཞན་ལ་སྟོན་པར་ནུས། དམ་ཅན་རྣམས་བྲན་དུ་འཁོལ། མི་མ་ཡིན་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ། མངོན་སྤྱོད་ཀྱི་ལས་གང་ལའང་འཕྲལ་དུ་རྟགས་འབྱིན་པས་ནུས་རྩལ་ཐོབ་པ་ཡིན་ནོ། །གཅུང་པདྨ་དབང་རྒྱལ་གྱིས་གཤིན་རྗེ་གཤེད་གྲུབ། ལས་གཤིན་གྱིས་སྲོག་སྙིང་ཕུལ། དབུས་སུ་གཙང་ཆབ་ལུད་པ་ལ་ཆུ་ཁར་སེང་ལྡེང་གི་ཕུར་བུ་བཏབ་པས་ཞག་གཅིག་ཉིད་ལ་འབེན་གང་ཙམ་དུ་ཕྱིར་འགྱུར་བ་དང་། བོན་པོ་ནུས་ཅན་དགུ་དུས་གཅིག་ཏུ་བསྒྲལ་བ་སོགས་མངོན་སྤྱོད་དྲག་པོའི་ལས་ལ་ཐོགས་པ་མེད་པའི་མཐུ་སྟོབས་སུས་ཀྱང་འགྲན་པར་མི་ནུས། ཁ་སྐད་དུའང་། མེ་རི་འབར་བ་དང་དུ་བཞེས་པ་ནི་འཇམ་དཔལ་བཤེས་གཉེན། བོད་དུ་བསྒྱུར་བ་པོ་ནི་དྷ་ན་དྷ་ལ། ཕྱག་ཏུ་བཞེས་པ་ནི་ཡོན་ཏན་རྒྱ་མཚོ། སྒྲུབ་པ་གདེངས་སུ་གྱུར་པ་ནི་པདྨ་དབང་རྒྱལ་ལོ། །ཞེས་གྲགས། གཅེན་ཡེ་ཤེས་རྒྱ་མཚོ་སློབ་མ་མང་ནའང་། མཆོག་ཏུ་གྱུར་པ་སྒྱུ་འཕྲུལ་དང་སེམས་ཕྱོགས་ཀྱི་བཀའ་བབས་པ་ཉང་ཤེས་རབ་མཆོག་དང་། མདོའི་བཀའ་བབས་པ་བྱང་ཆུབ་རྣམ་གསུམ་སྟེ། ཁོང་གསུམ་ལ་ཁུ་ལུང་མཁར་གདོང་དུ་ཆུ་བོ་བཞི་རྫོགས་ཀྱི་དབང་བསྐུར་བས། ཡོན་དུ་རྒྱ་སྟོན་བློ་གྲོས་བྱང་ཆུབ་ཀྱིས་གཡུ་དམར་གྱིས་སྣ་དྲངས་པའི་ནོར་མང་པོ་ཕུལ། གསང་མཚན་རྡོ་རྗེ་ལས་གྲུབ་རྩལ། མར་པ་ཡོན་ཏན་བྱང་ཆུབ་ཀྱིས་རྟ་བཟང་པོ་ཕུལ། གསང་མཚན་རྡོ་རྗེ་ལྷུན་གྲུབ་རྩལ། སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་ཀྱིས་ཁྲབ་དང་ལྷོ་རྫས་ཕུལ། གསང་མཚན་རྡོ་རྗེ་གྲུབ་མཆོག་རྩལ་དུ་བཏགས། དེ་གསུམ་ཀས་བསྐྱེད་རྫོགས་ལ་བརྟན་པར་ཐོབ། གཞན་དོན་ཕྲིན་ལས་ཀྱི་རྒྱུན་མར་པ་ནས་ཆེར་མ་མཆེད། གཞན་གཉིས་ཀྱིས་བཤད་སྒྲུབ་གྱི་སྒོ་ནས་གདུལ་བྱ་དཔག་མེད་སྨིན་གྲོལ་ལ་བཀོད་དེ། བསྟན་པ་རྒྱས་པར་མཛད། ཁྱད་པར་རྒྱ་སྟོན་བློ་གྲོས་བྱང་ཆུབ་ཀྱིས་ཁྲ་བོ་ཆེ་ཁྱིམ་ཕྱོགས་ཀྱི་ཐོ་གར་ནམ་མཁའ་ལྡེ་ལ་ཕུང་པོ་རི་བོ་ཆེར་ཆུ་བོ་བཞི་རྫོགས་ཀྱི་དབང་བསྐུར་ཞིང་། རྒྱུད་མན་ངག་དང་བཅས་པ་རྫོགས་པར་བཤད། ཡོན་དུ་ནས་ཁལ་བརྒྱ་དང་གླང་བཟང་པོ་ཞིག་ཕུལ། གསང་མཚན་རྡོ་རྗེ་དངོས་གྲུབ་གཏེར་དུ་གྲགས། སྤྱིར་བསྐྱེད་རྫོགས་གསུམ་དང་སྒོས་ལུང་ཨ་ནུ་ཡོ་ག་ལ་མཁས་ཤིང་གྲུབ་པའི་རྩེ་མོར་སོན་ཏེ། སྐུ་ཚེའི་སྟོད་ལ་ལྷོ་བྲག་གི་སྣ་ནམ་ཞང་མིག་ཡོན་པོ། ཤངས་ཀྱི་སྟོང་ཚབ་འཕགས་པ་རྒྱ་མཚོ། སྣ་ནམ་གྱི་འགར་སྟོན་ཚུལ་ཁྲིམས་བཟང་པོ། འུ་ཡུག་གི་དབྱར་གསལ་བའི་བྱང་ཆུབ་སྟེ་བཞི་ལ་བཤད། བར་དུ་ཞུ་སྟོན་བསོད་ནམས་ཤཱཀྱ་ལ་བཤད། ཐ་མར་ལྷ་རྗེས་ཟུར་པོ་ཆེ་ལ་བཤད་ཅེས་འབྱུང་། ཡང་གནུབས་ཆེན་གྱི་ཐུགས་ཟིན་གྱི་སྲས་དབང་བཞིའི་ཆུ་བོའི་བཀའ་བབས་སྲུ་སྟོན་ལེགས་པའི་སྒྲོན་མེས། ཉང་སྨད་རྒྱལ་ཆེན་གྱི་ཞུ་སྟོན་བསོད་ནམས་ཤཱཀྱ་ལ་དབང་བསྐུར་ཏེ། གསང་མཚན་ཕྲིན་ལས་མཐར་ཕྱིན་རྩལ་དུ་བཏགས། དེས་ཀྱང་ལྷ་རྗེ་ཟུར་པོ་ཆེ་ལ་བཤད་དོ། །དེ་ལ་ཟུར་པོ་ཤཱཀྱ་འབྱུང་གནས་ནི། མེས་ཟུར་ཨ་ཙ་རའི་སྲས་བཟང་མིག་པོ་ཆེ་ལ་སྲས་བཞི་བྱུང་བའི་ནང་ནས་མཆོག་ཏུ་གྱུར་པ་སྟེ། རྒྱལ་པོ་བཀའ་ཆེམས་ཆུང་བ་ཞིག་ནས་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ཟུར་ཚོ་བརྒྱུད་དུ་འབྱོན་པར་གསུངས་པ་དེ་ཡིན་ཞེས་གོང་མ་རྣམས་གསུང་ཞིང་། དེ་དང་མཐུན་པར་རྡོ་རྗེ་གླིང་པའི་གཏེར་ལུང་ལས་ཀྱང་གསལ་བར་བསྟན། རྟེན་ཚངས་པར་སྤྱོད་པ་ཡིན། ཆུང་ངུ་ནས་མཚན་ཉིད་དང་སྔགས་ཀྲི་ཡོག་ལ་སྦྱངས་ཤིང་། གླེའུ་ཀླུ་མོ་དང་མེས་པོ་ལ་སྒྱུ་འཕྲུལ་གྱི་བཤད་པའང་ཉན་མོད། དེས་ཐུགས་ཐག་མ་ཆོད་པར་ནགས་ཚལ་སྒྲིལ་གསུམ་གྱི་སློབ་དཔོན་རྣམས་ལ་གཏུགས་ཏེ། ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལ་སྒྱུ་འཕྲུལ་དང་སེམས་ཕྱོགས། ལྕེ་ལ་བདུད་རྩི། གཉན་ལ་ཐབས་ལམ། འདྲེ་ལ་ཀ་དག་ལྷུན་གྲུབ་ཀྱི་བཤད་ཐབས་ལམ་རིན་ཆེན་མོ། རོག་ལ་ཡང་དག །གཞན་ཡང་སྟོན་ཚབ་འཕགས་བྱང་སོགས་བླ་མ་བརྒྱད་ཅུ་ཙམ་བསྟེན་ནས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་མཛད་དེ། རྩ་རྒྱུད་དང་བཤད་རྒྱུད་དུ་ཕྱེ། རྩ་བ་དང་འགྲེལ་པར་བསྡེབས། རྒྱུད་དང་སྒྲུབ་ཐབས་སུ་སྦྲེལ། སྒྲུབ་ཐབས་དང་ཆོག་ཡིག་ཏུ་བསྡེབས་ནས་བཤད་སྒྲུབ་ཀྱི་བསྟན་པ་རྒྱས་པར་སྤེལ། ཁྱད་པར་སྐུ་ཚེའི་སྟོད་ལ་བཀའ་སྟོད་ཡེ་ཤེས་སྙིང་པོ་ལ་མདོ་དགོངས་འདུས་སོགས་གསན་པས། དེ་ཕྱིན་བཀའ་སྡེ་ཟུར་པར་གྲགས། བར་དུ་སྒྲོལ་གྱི་སེ་ཐོག་གི་ཕུར་ཐོ་གར་ནམ་མཁའ་ལྡེ་ལ་འདུས་པ་མདོའི་དབང་བཀའ། བཤད་བཀའ། མན་ངག་གི་བཀའ་ཐམས་ཅད་རྫོགས་པར་གསན། ཡོན་དུ་རྟ་བཟང་པོས་སྣ་དྲངས་པའི་ནོར་སྣ་མང་པོ་ཕུལ། གསང་མཚན་རྡོ་རྗེ་བདུད་འདུལ་རྩལ་དུ་གྲགས། སྐུ་ཚེའི་སྨད་ལ་ཞུ་སྟོན་བསོད་ནམས་ཤཱཀྱ་ལའང་མདོའི་དབང་དང་གདམས་པ་གསན། འཁོར་གསུམ་ཡོངས་དག་གི་དངོས་པོས་མཆོད། གསང་མཚན་རྡོ་རྗེ་ཞི་བ་རྩལ་དུ་བཏགས། སྒྲུབ་པ་མཛད་པའི་ཐོག་མ་རྟ་ནག་གི་འུག་ཚང་ཡོད་པའི་བྲག་ཕུག་ཁ་ཤར་བལྟ་ཞིག་ཏུ་ཡང་དག་བསྒྲུབས་པས་ལྷ་དགུའི་ཞལ་གཟིགས། མ་དག་པའི་སྣང་བ་འགོག་ནུས་པའི་བསྐྱེད་རིམ་ལ་བརྟན་པ་ཐོབ། སྟོང་ཉིད་ཀྱི་ལྟ་བ་དང་རྫོགས་རིམ་གྱི་ཡེ་ཤེས་ལ་དབང་འབྱོར། ལྷའི་མིག་དང་རྫུ་འཕྲུལ་ཐོགས་མེད་གྲུབ་པས་འུག་པ་ལུང་པ་ཞེས་གནས་ལས་མཚན་དུ་གྲགས། ཤངས་མདའ་སྲམ་པར་བཞུགས་ཚེ་ལྷོ་ཁའི་རི་ནས་ཤར་ན་རྡོ་རྗེ་སེམས་དཔའ་གཙོ་འཁོར་ལྔའི་ཞལ་གཟིགས། ཕྱིས་དེར་ལྷ་ཁང་བཞེངས་པ་ལ་འུག་པ་ལུང་དུ་གྲགས། དེ་ཉིད་དུ་ཐུགས་དམ་གྱི་ལྷ་མང་པོ་ཞལ་གཟིགས། དཔལ་ཆེན་པོ་དང་རྟག་ཏུ་མི་ལབ་པ་བཞིན་བཞུགས། པན་ནས་བྱང་དུ་གཟིགས་པས་རྒྱ་བོའི་རི་ཐམས་ཅད་ཁྲག་འཐུང་ང་བརྒྱད་ཀྱི་དཀྱིལ་འཁོར་དུ་གཟིགས། སྲམ་པར་བརྟེན་བཞེངས་དུས་སྐུ་ལུས་དཔལ་ཆེན་པོའི་སྐུར་བཞེངས་ནས་འཁོར་རྣམས་ལ་མངོན་དུ་བསྟན། དེ་དུས་འོག་གདོང་གི་ཀླུ་ལ་ལས་བཅོལ་བས་རྫ་མ་ཁ་ལ་རྒྱ་བཏབ་པ་ཞིག་ནས་ཆང་ཟད་མེད་བྱུང་བ་དང་། བསད་གསོ་གྲུབ་པས་རབ་གནས་ཀྱི་ཉིན་གྲོང་པའི་ཕྱུགས་རྣམས་གཡར་ནས་ཤ་སྟོན་བྱས་རྗེས་སོ་སོར་གཏད། སྲམ་མདའི་ཕ་བོང་ཁར་བྲོ་འཁྲབས་པས་ཞབས་རྗེས་བཞག་པ་ལ་ཟུར་ཆུང་པས་བྱིན་བརླབས་ཞུས་པའི་དབུའི་རྗེས་ཀྱང་ཡོད། འབྲོག་མི་ལོ་ཙཱ་བ་པཎྜི་ཏ་རྫོང་པའི་གསེར་གྱི་མ་ལྡངས་པ་ལ་ལྷ་རྗེས་ཐག་གི་རྒྱ་བོ་དང་ཉེ་བའི་གཞི་བདག་ཅིག་ལ་གསེར་བསླངས་པས་ཁུང་བུ་གཅིག་ཉིད་ནས་གསེར་སྲང་བརྒྱ་ཐོན་པ་བསྣམས་ཏེ་འབྲོག་མི་ལ་ཕུལ་བའི་ལན་དུ་བསམ་མི་ཁྱབ་ཀྱི་གདམས་པ་གནང་། ཉ་རིར་སྒྲོ་ཕུག་བརྩིགས་ཏེ་ཕྱི་སྐྱ་ལོངས་ཙམ་ན་ཟུར་ཆུང་པ་ལ་གཏད་ནས། དགུང་ལོ་རེ་གཅིག་པའི་ཐོག་འུག་པ་ལུང་དུ་སྐུ་གཤེགས་སོ། །དེ་ལ་སློབ་མ་མང་ཡང་། ཡོངས་སུ་གྲགས་པ་རྩེ་མོ་བཞི། རྩེ་ལྐོག་དང་ལྔ། སྒོམ་ཆེན་བརྒྱ་རྩ་བརྒྱད་ཅེས་གྲགས་པ་ལས། ཐུགས་སྲས་རྩེ་མོ་བཞི་ནི། ལྟ་སྒོམ་གྱི་རྩེ་མོ་བདེ་གཤེགས་རྒྱ་བོ་པ། སྒྱུ་འཕྲུལ་གྱི་བཤད་པ་ཕྱོགས་གཅིག་གི་རྩེ་མོ་མི་ཉག་འབྱུང་གྲགས། མཁྱེན་རབ་ཀྱི་རྩེ་མོ་ར་སའི་ཞང་འགོས་ཆུང་བ། སྒོམ་སྒྲུབ་ཀྱི་རྩེ་མོ་མཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོའོ། །རྩེ་ལྐོག་ནི་ཆོས་ཀྱི་སྟེང་དུ་མི་ཆོས་ཀྱི་ཕོ་ཟོའི་རྩེ་མོ་གྲམ་གྱི་རྩགས་བླ་མའོ། །ཡང་ལོ་རོག་དང་ལོ་ཐུང་སོགས་རྩེ་ལྐོག་བརྒྱད་དུ་འདོད་པའང་ཡོད་དོ། །ཁྱད་པར་མདོ་སེམས་ཀྱི་སྐོར་ཡོངས་རྫོགས་བདེ་གཤེགས་རྒྱ་བོ་པ་ཉིད་ལ་བཀའ་གཏད་དེ། འདིའི་ཡབ་ནི་ཟུར་ཨ་ཙ་རའི་སྲས་ཟུར་སྒོམ་བྱ་བ་དང་། ཡུམ་ཤེས་རབ་སྐྱིད་ཀྱི་སྲས་སུ་ཤིང་ཕོ་སྟག་གི་ལོ་ལ། ཐག་གི་རྒྱབ་རི་དཔལ་བཤོས་གནམ་དུ་བསླང་བ་ལྟ་བུའི་མདུན་རྒྱ་འབར་གདོང་བྱ་བར་འཁྲུངས། དགུང་ལོ་བདུན་ནས་འདྲི་ཀློག་དང་ཞི་ཁྲོའི་ཆོག་ཕྲིན་སོགས་རྩོལ་མེད་དུ་མཁྱེན། ཡབ་ཀྱི་ཕྱིར་འབྲངས་ནས་འུག་པ་ལུང་དུ་ཐེགས་པས། ལྷ་རྗེ་ཟུར་པོ་ཆེས། ཁྱོད་ཀྱི་རུས་གང་ཡིན། མིང་ལ་ཅི་ཟེར་གསུང་བ་ལ། རུས་ཟུར་ཆུང་ཆུང་ཞིག་ལགས། མིང་ཤེས་རབ་གྲགས་པ་བྱ་བ་ལགས་ཞུས་པས། འོ་ན་ཟུར་ཆུང་ཤེས་རབ་གྲགས་པ་ཟེར་བ་གྱིས་གསུང་། དེར་ཡབ་ལ་བཙུན་ཆུང་འདི་ངའི་རྩར་ཞོག་གསུང་བ་ལྟར་ལྷ་རྗེའི་དྲུང་དུ་བཞག་སྟེ། སློབ་གཉེར་བྱེད་དུ་བཅུག་པས། ཤེས་རབ་ཀྱི་རྩལ་ཆེ། རིག་པའི་རྣམ་འགྱུར་བཟང་། དད་བརྩོན་གྱི་གྲོགས་དང་ལྡན། སྒོ་གསུམ་གྱི་སྤྱོད་ལམ་གྱིས་ཀྱང་བླ་མའི་ཐུགས་ཟིན་ཏེ། དབང་བཀའ། བཤད་བཀའ། གདམས་ངག་གི་བཀའ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་སྩལ། ཁྱད་པར་འུག་པ་ལུང་གི་གཙུག་ལག་ཁང་དུ་མདོའི་དབང་ཆུ་བོ་བཞི་རྫོགས་སུ་བསྐུར་ཞིང་། གསང་མཚན་རྡོ་རྗེ་ལྷུན་གྲུབ་རྩལ་དུ་བཏགས། དེ་དུས་ཡུལ་སྣང་ཐམས་ཅད་འདུས་པ་ཆེན་པོའི་དཀྱིལ་འཁོར་དུ་གསལ་བ་ལས་བླ་མ་ཉིད་གཙོ་བོ་དང་དབྱེར་མེད་དུ་གཟིགས། དེ་ཡང་ཐོས་བསམ་མཛད་པའི་ཚེ་ཐོག་མའི་དུས་ཡོ་བྱད་བཀྲེན་པར་བྱུང་ཡང་། བླ་མའི་བཀའ་བཞིན་པན་ཁང་སྔོན་གྱི་ཕྱུག་མོ་མ་སྨད་ལ་བརྟེན་པས་དོན་གྲུབ་ཅིང་། དེ་རྟིང་ཁྱིམ་ལས་བྱུང་སྟེ། སྔར་གྱི་འཕྲོ་འཐུད་ནས་ཤེས་རབ་གསུམ་ལ་ལེགས་པར་སྦྱངས་པས། གཞུང་ལུགས་ཐམས་ཅད་ཐུགས་སུ་ཆུད་དེ་མཁྱེན་པ་རྒྱས། ཉམས་རྟོགས་ཀྱི་ཀློང་བརྡོལ། མི་མ་ཡིན་པ་ཐམས་ཅད་ཀྱིས་ཀྱང་ཞབས་ལ་བཏུད་དེ། ལུང་སྟོངས་ཀྱི་བྱེ་མའི་གསེབ་ཏུ་ཞལ་སྐྱེམས་དང་། རི་རྩེར་ཞལ་ཟས་འདྲེན་པ་སོགས་ཐུགས་ལ་གང་བཞེད་འབད་མེད་དུ་གྲུབ་པ་བྱུང་བས། ད་ནི་ངས་འགྲོ་དོན་བྱས་ཀྱང་འགྲུབ་པར་འདུག་སྙམ་ཙ་ན། བླ་མའི་ཞལ་ནས། ད་ཁྱོད་ཀྱིས་བཤད་པ་གྱིས་གསུངས་པས། ཟུར་ཆོས་བསྐྱངས་ཏེ་མདོ་དགོངས་འདུས་བཤད་པས་དུས་གཅིག་ལ་དཔེ་འགྲེམས་སུམ་བརྒྱ་བྱུང་། དེ་ཡང་རྗེ་འདི་ཆུང་ངུའི་དུས་མཆོད་རྟེན་ལ་ས་ལས་ཞབས་ཁྲུ་གང་ཙམ་དུ་འཕགས་ནས་བསྐོར་བ་མཛད་པ་དང་། སྲམ་པར་ཡང་དག་ལོ་སྒྲུབ་ཀྱི་དུས་སུ་རྩེ་མོ་བཞི་དང་དགོངས་པ་འགྲན་པའི་ཚེ་ཐམས་ཅད་དགོངས་པ་གཡོ་འགུལ་མེད་པར་བཞུགས་པ་ལས་ཁྱད་པར་ཟུར་ཆུང་པ་ཤིང་ཏཱ་ལ་གང་ཙམ་འཕགས་པ་དང་། ཟུར་ཆུང་བའི་རུ་ལའི་སྒྲ་སྒྲུབ་ཁང་གི་ཕྱི་ནང་དང་རི་ཟུར་འདས་ནས་ཉན་པ་རྣམས་ལ་གདངས་ཆེ་ཆུང་མེད་པ་བྱུང་བས། དེ་དུས་ཟུར་པོ་ཆེའི་ཞལ་ནས། རྩེ་མོ་གཞན་གསུམ་ལ་ཁྱེད་རྣམས་མཆེད་གྲོགས་མཉམ་པ་ཡིན་ཀྱང་། ཟུར་ཆུང་པའི་གྲིམ་མ་ལ་མ་འགོང་ཞེས་བསྔགས་པར་མཛད་པ་དང་། ལན་གཅིག་ཟུར་ཆུང་པ་འུག་པ་ལུང་གི་རྟེན་གཙོའི་ཐུགས་ཀར་ཐིམ་སོང་བའི་མོད་ལ་རྒྱ་ཕུབས་ཀྱི་སྟེང་ན་ལིང་ངེ་གཤེགས་པ་དང་། སྲམ་པའི་རབ་གནས་ཀྱི་ཚེ་གྲོང་པའི་ཕྱུགས་གཡར་ནས། ཟུར་པོ་ཆེས་ཟུར་ཆུང་ལ་ཁྱོད་ཀྱིས་སྒྲོལ་ལམ་གསོ་གསུང་བ་ལ། ཟུར་ཆུང་བས་གསོ་བར་ཞུས་པས། རུས་དགོངས་པ་ལ་བཞུགས་ཏེ་ཡུངས་ཀར་རེ་གཏོར་བས་ཕྱུགས་ཐམས་ཅད་སྤུངས་ཀྱིས་འགྱེལ། ཤ་སྟོན་ཟིན་རྗེས་ད་གསོས་ཤིག་གསུང་བ་ལ། ཀོ་བའི་སྟེང་དུ་རུས་པ་རྣམས་སྤུངས་ཏེ་སེ་གོལ་ལན་གསུམ་ཏོག་པར་མཛད་པས་ཐམས་ཅད་ལངས་ཏེ་སྔར་ལས་ཉམས་བཟང་བར་གྱུར། དེ་ནས་གཡས་རུ་ཁང་ཁྲིའི་ལྷ་ཁང་དུ་འཆད་ཉན་སྐྱོང་བའི་དུས་སུ་གྲྭ་པ་རྣམས་གོ་མ་ཆོད་མི་གསུམ་ལ་གཏད་ནས་སྐྱོང་དུ་བཅུག་སྟེ། བྲག་རྒྱ་བོར་སྒྲུབ་པ་ལ་གཤེགས་པ་ན། དང་པོར་ཆོ་འཕྲུལ་ཤིན་ཏུ་ཆེ་ཡང་མ་འཛེམ་པར་བཞུགས་ཏེ། རྡོ་རྗེ་སེམས་དཔའི་ཁང་བུར་ཞི་བ་ཕྱག་རྒྱ་བསམ་གཏན་གྱི་སྒོ་ནས་བསྒྲུབས་པས་རྡོ་རྗེ་སེམས་དཔའ་ཡེ་ཤེས་སྒྱུ་མའི་སྐུར་ཞལ་གཟིགས། ཐག་གི་ལུང་པ་ཐམས་ཅད་རྡོ་རྗེ་སེམས་དཔས་ཁེང་། སྣང་བ་ཟད་པར་གྱི་སྐྱེ་མཆེད་བརྙེས་ཤིང་། ཅིར་སྣང་ཐམས་ཅད་ལྷའི་རང་བཞིན་དུ་བཀྲ་ལམ་མེ་ཤར་བ་ལ། དེ་དག་ཀྱང་བཟང་རྟོག་གི་མཐུ་བརྟས་པ་ཡིན། ཡང་དག་པར་གཏད་སོ་མེད་སྙམ་དུ་དགོངས་ནས། བསམ་གཏན་གྱི་ཁང་བུར་རྫོགས་པ་ཆེན་པོ་རྩོལ་བྲལ་གྱི་ངང་ལ་བཞུགས་པས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་རྡུགས་མེད་པའི་རྫུ་འཕྲུལ་གྲུབ། སྐབས་ཤིག་མཚན་ཉིད་པའི་སྟོན་པ་རྦ་དགེ་མཐོང་བྱ་བས། ཁོ་རང་གི་སློབ་མ་སྟོན་པ་བཟང་བ་ཞིག་ལྷ་རྗེའི་དྲུང་དུ་རྩོད་པ་བྱེད་དུ་བཏང་བྱུང་བ་ལ། ཁོས་མདུན་ན་ཀ་བ་ཡོད་པ་ཆོས་ཅན་དུ་བཞག་ནས། ཀ་བ་ཆོས་ཅན་བྱས་པ་ལ། ལྷ་རྗེས། ཀ་བ་ཆོས་ཅན། ཁྱོད་འཇིག་རྟེན་རང་རྒྱུད་པའི་འཁྲུལ་ངོ་ལ་ཀ་བ་རང་རྒྱུད་དུ་སྣང་ཡང་། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དོན་ལ་ཀ་བ་གྲུབ་པ་མི་གདའ་གསུངས་ནས་ཕྱག་ཡུག་ཡུག་མཛད་པས། ཀ་བ་ལ་ཆགས་ཐོགས་མེད་པར་ཐལ་ལེར་སོང་། དེར་ཁོ་བོ་མཚར་སྐྱེས་ནས་རྗེའི་སློབ་མ་བྱས་པ་ནི་མ་ཐོག་བྱང་འབར་ཡིན་ནོ། །དེ་ལྟར་རྒྱ་བོར་ལོ་ཉི་ཤུ་རྩ་གཅིག་བཞུགས་པར་དགོངས་པ་ལ། ལོ་བཅུ་བཞིའི་ངོ་མཐོང་ཙ་ན། དེ་ནས་འབྱོན་དགོས་པའི་རྐྱེན་གཉིས་ཏེ། གཅིག་སྔར་གྲྭ་ས་སྐྱོང་དུ་བཅུག་པའི་སློབ་མ་གསུམ་གྱིས་རྒྱབ་ཚོལ་ཚོལ་ནས་མདུན་ཤོར་ཏེ། བསྟན་པ་མ་འཁྱོངས་པར་གོ་མ་ཆོད་དུ་སོང་བས་གྲྭ་ས་བསྐྱང་དགོས་པ་དང་། གཅིག་ཟུར་པོ་ཆེའི་ཕྱག་རྗེས་སྒྲོ་ཕུག་གི་ལྷ་ཁང་འཕྲོར་ལུས་པའི་འཇུག་སྐྱོང་དགོས་པས་བྱོན་པ་ཡིན་སྐད། གཞན་ཡང་སྐྱོ་བ སངས་ལ་བྱོན་ནས་དྲོ་གསོལ་བའི་སར་ཙནྡན་དཀར་པོ་གདུགས་ཙམ་ཞིག་སྐད་ཅིག་ལ་སྐྱེས། དེ་ཉིད་དུ་ཕྱིས་ལྷ་ཁང་བཞེངས་པ་ནི་མཁའ་འགྲོ་ལྷ་ཁང་དུ་གྲགས། ཡང་ཉང་རོར་ཁྱུང་པོ་གྲགས་སེས་རང་གི་གྲྭ་པ་སྟོན་པ་བཟང་པོ་སྐྱོ་མདའ་ཡང་གླན་བཞི་རྩོད་པ་བྱེད་དུ་བཏང་བ་ན། རྩོད་པ་བྱས་ཚད་མཚོ་ལ་ཁ་བ་བབས་པ་བཞིན་སོང་བས་སྤོབས་པ་བཅོམ། ཁོང་བཞི་ཡང་དད་པ་སྐྱེས་ཏེ་སང་ཕོད་སློབ་མར་འདུས་པ་ནི་ཐུགས་སྲས་ཀ་བ་བཞིའོ། །དེ་ཡང་ལྷ་རྗེ་ཟུར་ཆུང་པ་སྐུ་བསོད་རྒྱས་པས་བོད་ཀྱི་སྔགས་པ་ཐམས་ཅད་ཀྱིས་ཕྱག་འབུལ་ཞིང་གྲལ་གོང་དུ་བཀུར་བ་ལས། འགོས་ལོ་ཙཱ་བ་ན་རེ། ངེད་རང་གསར་མ་བ་ཚོ་ཁོ་ལ་ཕྱག་འཚལ་དོན་ཡང་མེད། གྲལ་ཞབས་སུ་སྒྲིག་དོན་ཡང་མེད་པས། ངེད་རང་ཚོ་ཁྲིམས་གྱིས་ཤིག་ཅེས་ཁྲིམས་བཅས་པ་ལས། ནམ་ཞིག་སྔགས་པ་ཐམས་ཅད་ཤངས་སུ་སྟོན་མོ་ཞིག་ལ་འཛོམས་པ་ན། ཟུར་ཆུང་པ་གྲལ་འགོར་བཞུགས་པའི་སྤྱན་སྔར་འགོས་ལོ་ཙཱ་བ་ཕྱག་མཛད་ཀྱིན་འདུག་པས། གཞན་ཐམས་ཅད་ཀྱིས་ཀྱང་ཕྱག་ཕུལ། སྟོན་མོ་གྱེས་ནས་ཁོང་རྣམས་ན་རེ། ཟུར་ཆུང་པ་ལ་ཕྱག་མི་བྱེད་པའི་ཁྲིམས་བཅས་ནས་རང་ཕྱག་མཛད་པ་ཅི་ཡིན་ཟེར་བ་ལ། འགོས་ན་རེ། ཁོའི་དྲུང་དུ་ཕྱིན་ཙ་ན་བཅོམ་ལྡན་འདས་དཔལ་ཆེན་པོའམ་འདི་ཀ་ཡིན་པར་འདུག་སྙམ་པ་ལས། མི་ཡིན་པའི་འདུ་ཤེས་མི་སྐྱེ་བར་འདུག་གསུང་ངོ་། །དེ་ལྟར་བཤད་སྒྲུབ་ཀྱི་མཛད་པས་བདེ་བ་གཤེགས་པའི་བསྟན་པ་རྒྱས་པར་མཛད་ནས། དྲུག་ཅུ་རེ་གཅིག་པ་ཤིང་སྟག་གི་ལོར་འབྲུམ་པའི་ནད་ཀྱིས་སྐུ་གཤེགས་སོ། །འདི་ལ་སྐུའི་སྲས་ལྕམ་སྲིང་གསུམ་བྱུང་སྟེ། རྩགས་བླ་མའི་སྲིང་མོ་དྷརྨ་བོ་དྷིའི་སྲས་སུ། རྩགས་ཚ་རྡོ་རྗེ་འབར་དང་། ཇོ་སྲས་མ་ཤཱཀྱ་ལྕམ་གཉིས་འཁྲུངས། མདའ་ཏིག་གི་སྲིང་མོ་གཙུག་ཏོར་ལྕམ་གྱི་སྲས་སུ་གསང་བདག་སྒྲོ་ཕུག་པ་ཤཱཀྱ་སེང་གེ་འཁྲུངས་སོ། །ཆོས་སྲས་ཀྱི་སློབ་མ་ཡོངས་སུ་གྲགས་པ་ནི། ཀ་བ་བཞི། གདུང་བརྒྱད། ཕྱམ་བཅུ་དྲུག །དྲལ་མ་སུམ་ཅུ་རྩ་གཉིས། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག །དཀྱུས་མ་མི་གཉིས། སྟ་གུར་མི་གཉིས། གོ་མ་ཆོད་མི་གསུམ་ལ་སོགས་པ་མང་དུ་བྱུང་བ་ལས། ཀ་བ་བཞི་ནི། སེམས་ཕྱོགས་ཀྱི་ཀ་བ་གོང་བུའི་སྐྱོ་སྟོན་ཤཱཀ་ཡེ། མདོའི་ཀ་བ་བསྐྱེད་ལུང་གི་ཡང་ཁྱེད་བླ་མ། སྒྱུ་འཕྲུལ་གྱི་ཀ་བ་ཆུ་བར་གྱི་གླན་ཤཱཀ་བཟང་། ཕྲིན་སྒྲུབ་ཀྱི་ཀ་བ་ནག་མོ་རིའི་མདའ་ཏིག་ཆོས་ཤག་གོ། །ཡང་མ་ཐོག་བྱང་འབར་དང་བརྒྱུད་པ་ལྔ་ཞེས་ཀྱང་གྲགས་སོ། །གདུང་བརྒྱད་ནི། མ་ཐོགས་པ་དང་། སྐྱོ་སྟོན་ཆོས་སེང་། གླན་ཤཱཀ་བྱང་། རྩགས་ཤཱཀ་རིངས། གནུབས་སྟོན་བག་མ། དབུས་པ་ས་འཐོར། ཤུ་སྟོན་ཟླ་གྲགས། རྩེ་ཁྲོམ་བྱང་དཔལ་དང་བརྒྱད་དོ། །ཡང་ལང་གཟི་ཆེན། ནལ་རྦ་སྙིང་པོ། རམ་སྟོན་རྒྱལ་མཚན་དང་གསུམ་བཅུག་པའང་སྣང་ངོ་། །སྒོམ་ཆེན་མི་གཉིས་ནི། ཟ་སྒོམ་དིག་མ་དང་། བོན་སྒོམ་ངོ་པའོ། །ཡུས་པོ་ཆེ་ནི་ལ་སྟོད་ཀྱི་ཟི་སྟོན་བསོད་རྒྱལ་ལོ། །སྟ་གུར་ནི་ཞང་སྟོན་སྔགས་སེ་དང་། ཁྱུང་པོ་རྟ་ཆུང་གྲགས་སེའོ། །གོ་མ་ཆོད་མི་གསུམ་ནི། མགོ་བྱ་ཚ། མིག་ཆུང་དབང་སེང་། འགོས་ཆུང་དབང་དེའོ། །ཕྱམ་དང་དྲལ་མ་དང་དཀྱུས་མའི་མིང་མ་སྨོས་སོ། །དེ་ཡང་ལྷ་རྗེ་རྒྱ་བོ་པས་ཐུགས་སྲས་ཀ་ཆེན་བཞི་དང་། ཉ་ཚལ་པ་གླན་ཤཱཀྱ་བྱང་ཆུབ་ལ་བརྒྱུད་དེ། དེ་ལ་ཀ་ཆེན་བཞི་པོ་འདི་ནི། དགེ་བཤེས་ཁྱུང་པོ་གྲགས་སེའི་གྲྭ་པ་མཚན་ཉིད་ལ་ཤིན་ཏུ་མཁས་པ་ཡིན་པ་ལ། ནམ་ཞིག་ལྷ་རྗེ་ཟུར་ཆུང་པ་དང་། ཁྱུང་པོ་གྲགས་སེ་གཉིས་ཡོན་བདག་ཞིག་གིས་ཉང་རོར་སྤྱན་དྲངས་ཏེ། ཆོས་འཁོར་སྟབས་གཅིག་ཏུ་བཙུགས་པའི་དུས་སུ། ཁྱུག་པོ་ཁོང་བཞི་ལ། ཟུར་ཆུང་ཤེས་རབ་གྲགས་པ་བྱ་བ་ཆོས་ལོག་མཁན་འདི་སུན་ཕྱུང་ལ་ཤོག་གསུངས་ནས་བཏང་། དེར་ཁོང་བཞི་པོས་ལྷ་རྗེའི་དྲུང་དུ་ཕྱིན་ནས། ཐོག་མར་སྐྱོ་སྟོན་ཤཱཀ་ཡེས་དྲིས་པ། ལྷ་རྗེ་ཆེན་པོ་ལགས། ཁྱེད་རྫོགས་པ་ཆེན་པོའི་ལུགས་ཀྱི་སྒོམ་ཁོ་ན་ལ་གཙོ་བོར་མཛད་པ་ལགས་སམ་ཞུས་པས། ང་དམིགས་པ་གང་ལ་གཏད་འདུག་གསུང་། འོ་ན་མི་སྒོམ་པ་ལགས་སམ་ཞུས་པས། ང་གང་ལ་ཡེངས་འདུག་གསུངས་པས་སྤོབས་པ་བཅོམ། དེའི་རྗེས་སུ་གླན་ཤཱཀ་བཟང་གིས་དྲིས་པ། ཁྱེད་གསང་བ་སྒྱུ་འཕྲུལ་བའི་ལུགས་ཀྱིས་སྣང་བ་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་འདོད་པ་ལགས་སམ་ཞུས་པས། ཡུལ་བེམ་པོ་རང་རྒྱུད་དུ་སྣང་བ་མངོན་སུམ་གྱི་ཚད་མ་སུས་ཁེགས་གསུང་། འོ་ན་མི་འདོད་དམ་བྱས་པས། སེམས་ཅན་རྣམས་ཀྱི་མ་དག་པའི་འཁྲུལ་སྣང་རང་རྒྱུད་པ་སྦྱོང་བར་བྱ་བའི་ཆེད་དུ་བཀའ་མདོ་རྒྱུད་དུ་མ་ལས་འབྱུང་བ་དང་སུས་འགལ་བར་ནུས་གསུངས་པས། ལན་མེད་པར་གྱུར་ཏོ། །དེ་ལྟར་ཁོང་བཞིས་རིམ་པར་དྲིས་པས་ཐམས་ཅད་སྤོབས་པ་ལན་མེད་དུ་གྱུར་ཏེ། ཁོང་རྣམས་ན་རེ། ཐེག་པ་ཆེན་པོའི་ཆོས་ཕྱིན་ཅི་མ་ལོག་པར་རྟོགས་པ། རིགས་པ་དང་གྲོལ་བའི་སྤོབས་དང་ལྡན་པ་འདི་འདྲ་བའི་བཤེས་གཉེན་གང་ནས་ཀྱང་མི་རྙེད་པས། ཐབས་ཀྱིས་རང་གི་སློབ་དཔོན་དང་བྲལ་ནས་ཟུར་ཆུང་པའི་དྲུང་དུ་མི་འདུད་རེའི་དམ་བཅས་པ་ལྟར། སང་ཕོད་ལྷ་རྗེའི་ཞབས་དྲུང་དུ་འདུས་ནས་སློབ་མར་གྱུར་པ་ནི་ཐུགས་སྲས་ཀ་བ་བཞི་ཡིན་ཏེ། རྗེ་རྒྱ་པོ་པས་ཁོང་བཞི་སྐལ་ལྡན་དུ་གཟིགས་ནས། སྤྱིར་བསྐྱེད་རྫོགས་གསུམ་སྒྲུབ་སྡེ་དང་བཅས་པའི་དབང་རྒྱུད་མན་ངག་དང་བཅས་པ་སྩལ་ཞིང་། ཁྱད་པར་གཡས་རུའི་མཁའ་འགྲོ་ལྷ་ཁང་དུ་འདུས་པ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་བསྐུར། སོ་སོས་མཉེས་པའི་ཡོ་བྱད་ཀྱིས་མཆོད། གསང་མཚན་མདའ་ཏིག་ལ་རྡོ་རྗེ་དངོས་གྲུབ་རྩལ། གླན་ལ་རྡོ་རྗེ་མྱུ་གུ་རྩལ། སྐྱོ་ལ་རྡོ་རྗེ་སྙིང་པོ་རྩལ། ཡང་ཁྱེད་ལ་ཐིག་ལེ་འགྱུར་མེད་རྩལ་ཞེས་བཏགས། དེ་བཞི་ཀ་དང་པོར་མཚན་ཉིད་ཀྱི་གཞུང་ལུགས་སྤྱི་དང་ཁྱད་པར་དབུ་ཚད་ལ་མཁས། གསང་སྔགས་ཀྱང་བསྐྱེད་རྫོགས་གསུམ་ཀ་མཁས་པར་མཁྱེན་མོད། ཁྱད་པར་མདའ་ཏིག་ཆོས་ཀྱི་ཤཱཀྱ་ནི་ཕྲིན་སྒྲུབ་ལ་མཁས་ཤིང་གྲུབ་པ་བརྙེས། རྡོ་རྗེ་ཕྲ་མོའི་ཏིང་ངེ་འཛིན་ལས་སུ་རུང་བར་གྱུར། གཡས་རུ་ཆུ་བར་གྱི་གླན་ཤཱཀྱ་བཟང་པོ་ནི་སྒྱུ་འཕྲུལ་གྱི་བཤད་པ་ལ་མཁས་ཤིང་གྲུབ་པ་བརྙེས་ཏེ། བསྐྱེད་རིམ་གྱིས་ཐ་མལ་གྱི་སྣང་བ་འགོག་ནུས་པ་དང་། རྫོགས་རིམ་གྱི་ཡེ་ཤེས་ལ་དབང་འབྱོར། སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ནི་རྫོགས་ཆེན་ལ་མཁས་ཤིང་རྟོགས་པ་མངོན་དུ་གྱུར། སྣང་བ་སྐུ་དང་ཡེ་ཤེས་སུ་ཤར། དམ་པ་སངས་རྒྱས་ཀྱིས་ཀྱང་གཅོད་ཀྱི་གདམས་པ་སྒོར་སྐྱལ་དུ་བཤད་ཅིང་། འདིའི་དབོན་པོ་སྐྱོ་ཤེས་རབ་བླ་མས་མ་གཅིག་ལབ་སྒྲོན་ལ་བཤད་ཅིང་འབྱུང་། ཡང་ཁྱེད་བླ་མ་ནི་འདུས་པ་མདོ་ལ་མཁས་ཤིང་། དཀྱིལ་འཁོར་གསུམ་དབྱེར་མེད་དུ་རྟོགས་པའི་དགོངས་པ་ཤར། རྡོ་རྗེ་མི་བསྐྱོད་པ་ཞལ་གཟིགས། འདི་ཉིད་སྔར་གྲྭ་པའི་དུས་ཤིན་ཏུ་བཀྲེན་པ་ཞིག་ཡིན་པ་ལ། ལན་གཅིག་ཟུར་ཆུང་པ་ཁོང་གི་བྲང་ཁང་དུ་བསེའི་གའུ་ཕུལ་དགུ་ཙམ་ཤོང་པ་ཞིག་བསྣམས་ནས་བྱོན་ཏེ། ང་ཁ་སྐོམས་ཁྱོད་ལ་སྐོམ་མེད་དམ་གསུང་། ཟན་ཆང་ཞིག་བདོག་ཞུས་པས། འོ་ན་ཁྱེར་ཤོག་གསུང་། བོན་པོའི་ཡས་སྟགས་བསྡུས་པའི་ཟན་ཆང་ཡོད་པ་དྲངས་པས་གའུ་དོ་གསོལ་ནས། ད་མེད་དམ་གསུང་། ཡང་དྲངས་པས་གང་གསོལ་ནས། ཡོན་ན་ད་དུང་ཁྱོག་གསུང་། ཡང་གང་དྲངས་པ་ན་ད་མེད་དམ་གསུང་། ད་དུང་བྲེ་གང་ཙམ་བདོག་ཞུས་པས། འོ་ན་མི་ཡོག་པར་འདུག་ཡོག་ན་ཁྱོད་ལ་བསོད་ནམས་བོད་འདིར་མི་ཤོང་བ་ཞིག་འོང་བ་ཡིན་ཏེ། འོན་ཀྱང་བསོད་ནམས་ཆེ་བ་ཞིག་འོང་གི་གསུངས་ནས། ནས་ཁལ་གསུམ་རྒྱུད་གནང་ནས་དེ་བར་འདི་ཟོ། དེ་ནས་ཁྱེད་རང་ལ་སྟེར་བ་འོང་གི་གསུང་། དེ་བཞིན་དུ་ནས་དེ་ཟད་པ་དང་སྐུ་བསོད་རྒྱས་པར་བྱུང་ཞེས་གྲགས་སོ། །དེ་ལྟར་ཀ་བ་བཞི་ཀ་རྒྱུད་ལུང་མན་ངག་ལ་མཁས་ཤིང་བསྐྱེད་རྫོགས་ལ་བརྟན་པ་ཐོབ། སྣང་སྲིད་ཀྱི་ལྷ་འདྲེ་བྲན་དུ་ཁོལ་ཞིང་བཀའ་ཇི་ལྟར་བསྒོས་པ་བཞིན་དུ་ཉན་པས་ཕྲིན་ལས་ལ་ཐོགས་པ་མེད། བཤད་སྒྲུབ་ཀྱིས་བསྟན་པ་རྒྱས་པར་མཛད་པ་ཡིན་ནོ། །ཡང་གདུང་བརྒྱད་ཀྱི་ནང་ནས་གླན་ཤཱཀྱ་བྱང་ཆུབ་ནི། ཟུར་ཆུང་པའི་ཞབས་ལ་གཏུགས་ཏེ། བསྐྱེད་རྫོགས་གསུམ་གྱི་ཆོས་ཐམས་ཅད་གསན་ཞིང་། མཆོག་ཏུ་རྫོགས་པ་ཆེན་པོའི་ཆོས་ལ་མངའ་བརྙེས། ལྟ་དགོངས་ཕུལ་དུ་གྱུར། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན། གསང་སྔགས་ཀྱི་བདག་པོར་གྱུར་པ་ཞིག་སྟེ། ཁྱད་པར་འདུས་པ་མདོའི་དབང་དང་བཤད་པ་རྫོགས་པར་ཞུས། གསང་མཚན་རྡོ་རྗེ་དྲག་པོ་རྩལ་ཞེས་བཏགས་སོ། །དེ་ལྟར་ཀ་བ་བཞི་དང་གླན་ཤཱཀྱ་བྱང་ཆུབ་ལ་གསང་བདག་ཆེན་པོ་སྒྲོ་ཕུག་པས་བསྐྱེད་རྫོགས་གསུམ་གསན་ཞིང་། ཁྱད་པར་འདུས་པ་མདོའི་སྐོར་རྣམས་མདོའི་ཀ་བ་ཡང་ཁྱེད་བླ་མ་ལ་གཙོ་བོར་གཏུགས་ཏེ་མཁས་པར་མཛད། དེ་ལ་གསང་བདག་ཆེན་པོ་སྒྲོ་ཕུག་པ་འདི་ནི་ལྷ་རྗེ་ཟུར་ཆུང་པའི་ཕྱི་ཚུར་གྱི་སྐུའི་སྲས་ཏེ། ཡུམ་མདའ་མོ་གཙུག་ཏོར་དབང་ཕྱུག་བྱ་བ་ཇོ་མོར་བསུས་པ་ཞིག་མིན་ཀྱང་། རིགས་སྲས་གསང་བདག་ཉིད་བསྐྱེད་པར་ནུས་པའི་བུད་མེད་མཚན་ལྡན་དུ་དགོངས་ཏེ། རྟེན་འབྲེལ་སྒྲིགས་ནས་སྲས་བསྐྱེད་པའི་ཆོ་གས་ཚོགས་འཁོར་མཛད་པས་ལྷུམས་སུ་ཞུགས་པ་ན། མོ་ཐུ་བས་གྲྭ་པ་རྣམས་ལ་སྡང་བར་བྱས་པའི་རྐྱེན་གྱིས་ཐམས་ཅད་བགྲོས་ནས་འདོན་པར་བྱས་པ་ལ། སྐྱོ་སྟོན་ཤཱཀ་ཡེ་ན་རེ། འདིའི་སྲིན་ལག་ལ་བསྟན་པའི་གཙོ་བོ་ཞིག་འདུག་པ་ཁོ་བོ་ལ་རྨིས་པས། གལ་ཏེ་སྲས་འདྲ་བ་མཐོང་ན་འུ་ཅག་རྣམས་ལ་ཕན་ཐོགས་པ་ཞིག་འོང་སྲིད་པས་ཞོག་གསུངས་པ་ལྟར་མ་བཏོན་པར་བཞག་པས། ཤིང་ཕོ་སྟག་གི་ལོ་ལ་རྗེ་སྒྲོ་ཕུག་པ་འཁྲུང་། ཡབ་ཀྱི་ཞལ་ནས། སྐྱོ་སྟོན་གྱི་རྨི་ལམ་ཀྱང་བཟང་། ངའི་བུ་འདི་བསྟན་པའི་གཙོ་བོ་དང་ཚུལ་མཐུན་པ་འགྲོ་བ་ལ་ཕན་ཐོགས་པ་ཞིག་འོང་བར་འདུག་པས་མིང་ཡང་ཤཱཀྱ་སེང་གེར་ཐོགས་གསུངས། ཡུམ་གྱི་ཞལ་ནས། ངའི་བུ་འདི་ཞང་པོ་མདའ་ཏིག་གི་ཚ་ཡིན། མིག་རྩ་དྲུང་ཧོར་པའི་མིག་འདྲ་བས་མིང་མདའ་ཚ་ཧོར་པོར་ཐོགས་གསུངས། སྒྲོ་ཕུག་པ་འཁྲུངས་ནས་ཟླ་བ་བརྒྱད་སོང་བ་ན་ཡབ་སྐུ་གཤེགས་པས་ཡུམ་དང་ཞང་པོ་མདའ་ཏིག་གིས་བསྐྱངས་ཏེ་མདའ་ཕུར་ལོ་བཅོ་ལྔ་བཞུགས་ནས་སློབ་གཉེར་ལ་ནན་ཆགས་མཛད། དེ་ནས་ཆུ་བར་དུ་གླན་དང་སྐྱེད་ལུང་དུ་ཡང་ཁྱེད་ཀྱི་སར་བྱོན་ནས་ལོ་གསུམ་གྱི་བར་དུ་ཆོས་གསན། དགུང་ལོ་བཅུ་དགུ་ལ་ཆེ་འདོན་མཛད་དེ་མདོ་སྒྱུ་གཉིས་བཤད་པས་སྐུ་བསོད་རྒྱས་ཏེ། ཐུགས་གཉེར་གྱི་འཕྲོ་སྐྱོང་བའི་སྐབས་མ་བྱུང་། འོན་ཀྱང་སྐབས་བཙལ་ནས་གོང་བུར་སྐྱོའི་སར་ལོ་གཅིག་བྱོན། དེ་ནས་སྐུ་བསོད་ཇེ་རྒྱས་སུ་སོང་བས་གཞན་དུ་འབྱོན་པའི་སྐབས་མ་བྱུང་ནས་བླ་མ་རྣམས་ཚུར་གདན་དྲངས་ཏེ། གཞན་དོན་དང་སྦྲགས་ནས་སློབ་གཉེར་རྣམས་ཚར་བར་མཛད། དེ་ཡང་ཀ་བ་བཞི་ལ་བསྐྱེད་རྫོགས་གསུམ་སྒྲུབ་སྡེ་དང་བཅས་པའི་དབང་དང་རྒྱུད་བཤད་མན་ངག་ཕྲིན་སྒྲུབ་ཀྱི་ཕྱག་བཞེས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང་། གླན་ཤཱཀ་བྱང་ལ་རྫོགས་ཆེན་སྐོར་ལུགས་དང་། ལྷ་རྗེ་ཤངས་པ་ནག་པོ་ལ་རྫོགས་ཆེན་བརྒྱུད་པ་ཐ་མའི་སྐོར་རྒྱུད་གདམས་ངག་དང་བཅས་པ་གསན། ཁྱད་པར་འདུས་པ་མདོའི་དབང་མདའ་ཕུར་མདའ་ཏིག་ཆོས་ཤཱཀ་དང་། ཆུ་བར་ལི་ཐུང་དུ་གླན་ལའང་གསན་མོད། གཙོ་བོར་མདོའི་ཀ་བ་ཡང་ཁྱེད་བླ་མ་ལ་གཏུགས་ཏེ། འདུས་པ་མདོའི་དབང་གི་ཆུ་བོ་བཞི་རྒྱུད་དང་མན་ངག་གི་ལུགས་ཡོངས་སུ་རྫོགས་པ་དང་། མདོའི་བཤད་པ་འགྲེལ་ཆེན་ལུགས། གཞན་ཡང་མདོའི་རྒྱུད་སྐོར་གདམས་ངག་དང་བཅས་པ་གསན་ནས་ཞུན་མཐར་བཅད། གསང་མཚན་དབང་ཕྱུག་རྫོགས་པ་རྩལ་དུ་གྲགས། བླ་མ་སོ་སོ་ལ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་སྣ་དྲངས་པའི་ཡོན་གྱི་འབུལ་བ་དཔག་ཏུ་མེད་པས་མཉེས་པར་མཛད། འགྲེལ་པ་ལུང་བསྟན་མའི་ལུགས་སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་ནས་མར་ཆུང་ལྷོ་བྲག་པ་ལ་བརྒྱུད་དེ། ལྷ་རྗེ་ཤངས་ཆུང་པ་དར་མ་བསོད་ནམས་ལ་རྒྱུན་ཡོད་པ་མཁྱེན་ཏེ་ཚུར་སྤྱན་དྲངས་ནས་གསན། དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་ཆོད་རྗེས་ཉ་རི་སྒྲོ་ཕུག་ཏུ་ཕྱགས་ཕབ་ནས་སྒྲུབ་པ་མཛད་པས་ཉམས་རྟོགས་མཐར་ཕྱིན། སངས་རྒྱས་ཀྱི་ཞིང་དང་ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་ཞལ་གཟིགས། སྣང་བ་དབང་དུ་འདུས་པས་ཐམས་ཅད་ཟིལ་གྱིས་ནོན། སྐབས་ཤིག་དཔོན་གཡོག་ལྔས་དིང་རིར་དམ་པ་རྒྱ་གར་གཟིགས་སུ་བྱོན་པས། དེར་ཕེབས་རྒྱུའི་ཉིན་དམ་པས། དེ་རིང་ཕྱག་ན་རྡོ་རྗེ་འདིར་འབྱོན་པར་ཡོད་པས་བསུ་བ་བགྱིས་པ་འཐད་གསུང་བ་ལ། ཉི་མ་ནུབ་ཀར་སྔགས་པ་ལྔ་བྱུང་སྟེ། དམ་པ་ལ་ཞུས་པས། དེ་བ་རང་དུ་གདའ་ཡི་གསུང་། དཔོན་སློབ་ལྔས་ཀྱང་དམ་པའི་མངོན ཤེས་བརྟག་ཕྱིར། གྲྭ་པ་གཉིས་སྔོན་དུ་བཏང་བའི་རྟིང་ལ་ལྷ་རྗེས་བྱོན་ནས་ཕྱག་མཛད་པས། དམ་པའི་གསུང་ནས། ཕྱག་སྣ་བནྡེ་ལྦ་བ་ཅན་གྱིས་དྲོངས། དཔོན་སློབ་གོ་མ་ལོག་པ་ལེགས་གསུང་། དམ་པ་ཤིན་ཏུ་མཉེས་པས་མན་ངག་ཟབ་མོ་ཞུས་ལན་གྱི་ཚུལ་དུ་བསྟན་ལ་གེགས་སེལ་སྒྲོན་མེ་ཞེས་བཏགས། དེ་ཡང་རྗེ་སྒྲོ་ཕུག་པ་འདི་ནི་གསང་བདག་ཕྱག་ན་རྡོ་རྗེ་ཉིད་གསང་སྔགས་ཀྱི་བསྟན་པ་རྒྱས་པར་མཛད་པའི་ཕྱིར་བྱོན་པས་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད་དེ། དབྱར་ཆོས་དགུན་ཆོས་སོགས་ཀྱི་དབྱེ་བ་མེད་པར་དུས་རྟག་ཏུ་ཕྱོགས་མེད་ཀྱི་སྐལ་ལྡན་འདུས་པ་ལ་ཆོས་འཁོར་བསྐོར་བས། རྒྱུད་ལ་དཔེ་འགྲེམས་སྟོང་ལྔ་བཅུ་ཙམ་གྱིས་ཉུང་མཐའ་བྱས་པ་ཁོར་མོར་བྱུང་། ལམ་སྙིང་པར་གསུམ་གྱི་ཕྱག་དཔེ་ཚར་སུམ་ཅུ་བསྐོར་ཡོད་ནའང་། མ་དཔེར་དུས་གཅིག་ལ་འགོ་མཇུག་ཚང་བ་སུས་ཀྱང་མི་ཐོབ། ཆོས་ཐུན་གྲོལ་དུས་ཀ་བ་ལི་བལྟབ་པའི་སྒྲོས་ཚོང་པའི་ཁལ་མ་འདྲོགས་པའང་བྱུང་སྐད། དབྱར་དགུན་གྱི་ཆོས་སྒང་ལ་རྒྱུད་གཏོར་རྒྱས་པ་རེ་མཛད་པར། ནས་ཁལ་བརྒྱ་ཙམ་གྱི་གཏོར་མ་དང་ཚོགས་འཁོར་གཏོང་། དེ་དུས་སྒྲོ་ཕུག་གི་རྒྱུད་གཏོར་ལྟད་མོ་ལ་འགྲོ་ཟེར་མཆོར་ཆས་དང་རྩེད་སྣའི་རྣམ་འགྱུར་ཇི་སྙེད་པ་དང་བཅས་པའི་འདུ་བ་ཆེན་པོ་འོང་། མདོར་ན་ལྷ་རྗེ་འདི་ལ་སློབ་མ་དགེ་བའི་བཤེས་གཉེན་གྲྭ་ས་འཛིན་ཞིང་བསྟན་པ་སྐྱོང་བའི་གདུགས་ཐོགས་སྟོང་ཐོན་ནས་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ། ཉི་ཟླ་ལྟར་ཡོངས་སུ་གྲགས་པ་ཡིན་ནོ། །དེ་རྣམས་ཀྱི་ནང་ནས་ཀྱང་གཅེན་རྩགས་ཚ་རྡོ་རྗེ་འབར་གྱི་སྲས་རྩགས་ཚ་ཤཱཀ་རྡོར་ནི་ཁུ་བོ་སྒྲོ་ཕུག་པ་ལ་མངའ་བའི་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་ཞིང་གདན་ས་བསྐྱངས་ནས་བཤད་སྒྲུབ་ཀྱི་སྲོལ་མི་ཉམས་པར་མཛད་པས་མཆོག་ཏུ་གྱུར་པ་ཡིན་ནོ། །གཞན་ཡང་ཐུགས་ཟིན་གྱི་སློབ་མ་བཞི་གསུམ་བཅུ་གཉིས་ལས། སྟོན་པ་བཞི་ནི། ཉེ་སྟོན་ཆོས་སེང་། གྱབས་སྟོན་རྡོ་རྗེ་མགོན། རྒྱ་སྟོན་འབྱུང་གནས། ཞང་སྟོན་རིན་ནེའམ། ཕྱི་མ་གཉིས་ཕྲི་ནས་ཁ་རག་སྟོན་སྙིང་དང་། གཉན་སྟོན་བཅུག་པའང་སྣང་ལ། ཡང་གཞན་སྔ་མ་དང་འདྲ་བ་ལས་ཞང་སྟོན་གྱི་ཚབ་ཏུ་མཁོན་སྟོན་གྲགས་པ་བགྲངས་པའང་ཡོད་དོ། །མེ་བཞི་ནི། གཡུ་སྟོན་ཧོར་པོ། སྤོང་སྟོན་ལྕགས་ཀྱུ། གཙང་པ་བྱིས་སྟོན། དབུས་པ་ཆོས་སེང་ངམ། ཕྱི་མ་གཉིས་ཕྲི་ནས་བྱ་སྟོན་རྡོ་རྗེ་གྲགས་དང་། ཤངས་པ་རྩེ་སེར་བ་བསྣན་པའང་ཡོད་དོ། །ནག་པོ་བཞི་ནི། ལྕེ་སྟོན་རྒྱ་ནག་པ་སྟེ་མཚན་དངོས་དམ་པ་ཤཱཀ་རྒྱལ། ཟུར་ནག་འཁོར་ལོ། །ཉང་ནག་ཇོ་མདོ། འདར་ནག་གཙུག་ཏོར་དབང་ཕྱུག་གམ། ཁ་ཅིག་ལྕེ་དཔལ་སེང་ཞེས་ཟེར་རོ། །ཡང་ཟུར་ཚོ་སྟོད་ལུགས་པ་རྣམས་ནི། བཅུ་གཉིས་པོའི་སྟེང་དུ་བླ་མ་བཞི་བསྣན་ནས་བཅུ་དྲུག་ཏུ་འདོད་དེ། ཤངས་ཀྱི་གླན་བླ་མ། རྟ་ནག་གི་སྒེར་བླ་མ། བྲམ་གྱི་རྩགས་བླ་མ། འོམ་ཁའི་དཔང་བླ་མ་རྣམས་སོ། །དུས་ལན་གཅིག་གི་ཚེ་རྗེ་སྒྲོ་ཕུག་པས། །སྟོན་པ་བཞི་ལ་ཚོགས་འཁོར་གྱི་ཆ་རྐྱེན་འདྲ་ཁྱེར་ལ་ཤོག །ངས་ཀྱང་ཁྱེར་ལ་འོང་གི་གསུངས་ནས། སྒྲོ་ཕུག་གི་ལྟག་ན་རི་སྤོ་ཏོ་ཞིག་ཡོད་པའི་ཁར་བྱོན་ནས་ཚོགས་འཁོར་བསྐོར། མན་ངག་ཟབ་མོ་འགའ་ཞིག་གསུངས་ནས། ཁྱེད་རྣམས་ང་མེད་པ་ལ་མྱ་ངན་མ་བྱེད་ཅིག །ད་རེས་ངས་ལུས་མ་སྤངས་པར་རིག་འཛིན་གྱི་ས་ལ་སོང་བ་འདིས། ཁྱེད་རྣམས་ལ་ཤུལ་དུ་བཀྲ་ཤིས་ཤིང་མི་བརྒྱུད་དང་བསྟན་པ་འཕེལ་བ་ཞིག་འོང་བ་ཡིན་གསུངས་ནས། མགུར་རེ་བཞེངས་ནས་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་འཕགས་ཏེ། མཐར་ནམ་མཁའི་དབྱིངས་མིག་གིས་མི་མངོན་པའི་སར་གཤེགས། དེར་ཁོང་རྣམས་ཀྱིས་མ་བཟོད་པར་དུ་ཆོང་འདེབས་ཤིང་མཚན་ནས་བོས་པས། མར་བྱོན་ཏེ། ཁྱེད་རྣམས་ཞན། དེ་ལྟར་མི་བྱེད་པ་ཡིན་ཏེ། ངས་གོང་དུ་ཁ་ཆོས་ནི་ལེགས་པར་བཅུག །ད་རྟེན་འབྲེལ་འཆུགས་པས་ངའི་མི་བརྒྱུད་ལ་བཀྲ་ཤིས་པ་དང་དར་རྒྱས་ཆེན་པོ་མི་འོང་གསུངས། དེའི་ཕྱི་ལོ་དགུང་ལོ་རེ་གཅིག་པ་ཤིང་སྟག་ལ་ཇོ་མོ་ལ་ཅུང་ཟད་ཐུགས་ཚིག་རྐྱེན་གྱིས་སྒྲོ་ཕུག་གི་ལྕགས་རིར་ཕྱག་གིས་ཅབ་ཅབ་མཛད་ནས་ཁྱོད་ཀྱི་ནང་དུ་དུས་དེ་རིང་ནས་མི་སྡོད་གསུངས་ཏེ། གཙང་པོ་ཕ་ཁར་གཡང་ཆོས་དགོན་པར་བྱོན་མ་ཐག་གཟིམས་ཁང་དུ་ཕྱགས་ལྷྭམ་ཡ་གཅིག་ཕུད་པའི་བརྡ་མཛད་དེ་བསྙུང་བ་མེད་པར་སྐུ་འདའ་ཚུལ་བསྟན། སྤུར་སྦྱོང་བའི་དུས་སྔགས་པ་གཞོན་ནུ་ཞིག་གིས་རྟ་ངང་པ་དུང་རང་གུག་གི་སྒ་གཏད་པ་ཞིག་ཕུལ། འབུལ་མཁན་དེ་འདི་ཡིན་དང་། འདིར་སོང་མ་བྱུང་སྟེ་ལྷས་འདེགས་བསྐྱལ་བ་ཡིན་ཟེར། དེ་བཞིན་དུ་བཙན་དང་མ་མོ་དང་ཀླུས་ཀྱང་འདེགས་བསྐྱལ་བས་མི་ལ་མེད་པའི་ནོར་སྣ་བཞི་བྱུང་ཞེས་གྲགས་སོ། །དེས་འོག་གདོང་གི་ལྷ་རྗེ་འགར་སྟོན་ཟུང་དེ་ལ་བརྒྱུད་དེ། འདི་ནི་མདོ་སྒྱུ་སེམས་གསུམ་ཡང་ཕུར་མ་མོ་རྣམས་ལ་མཁས། འདུས་པ་མདོའི་དབང་ཡང་དང་པོར་ཆུ་བར་གྱི་གླན་ཤཱཀ་བཟང་དང་། ཉ་ཚལ་བ་གླན་ཤཱཀ་བྱང་ལའང་གསན་མོད། ཕྱིས་རྗེ་སྒྲོ་ཕུག་པ་ཆེན་པོའི་ཞབས་ལ་གཏུགས་ཏེ་ཆུ་བོ་བཞི་རྫོགས་ཀྱི་དབང་དང་། འདུས་པ་མདོའི་བཤད་པ་གདམས་ངག་དང་བཅས་པའང་གསན། གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས། ཤངས་མདའ་འོག་གདོང་གི་དབེན་གནས་སུ་སྒྲུབ་པ་ལ་བཞུགས་པས་ཞུ་བདེའི་ཡེ་ཤེས་འབར་ནས་རྟག་ཏུ་ཟག་མེད་ཀྱི་བདེ་བའི་ཉམས་དང་མི་འབྲལ། ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་དབང་བསྐུར་ཞིང་བྱིན་གྱིིས་བརླབས། སྐབས་ཤིག་ང་འུག་པ་ལུང་དུ་བླ་མ་ཟུར་པའི་སྤྱན་སྔར་འགྲོ་གསུངས་ནས་ཐེགས་ཙ་ན། ས་གཡོས་ཤིང་སྒྲ་ཆེན་པོ་གྲགས། བལྟས་པས་ལྷ་རྗེ་འགར་རྩད་པོ་སྤུར་ཁའི་རིའི་ནམ་མཁའ་ལ་བསྐོར་བ་མཛད་ཀྱིན་འདུག་པ་ཀུན་གྱིས་མཐོང་། གཞན་ཡང་བྲག་ལ་ཕུར་བུ་བཏབ་པ་སོགས་རྫུ་འཕྲུལ་ལ་མངའ་བརྙེས་ཤིང་། ཟུར་པའི་ཕྲིན་ལས་གྱི་རྒྱུན་བསྐྱངས་པས་སྐལ་ལྡན་མང་པོ་སྨིན་གྲོལ་ལ་བཀོད་དོ། །དེས་འོག་གདོང་དུ་སྲེགས་སྟོན་རྡོ་རྗེ་རྒྱལ་མཚན་ལ་འདུས་པ་མདོའི་དབང་བསྐུར་ཞིང་རྒྱུད་གདམས་དང་བཅས་པ་བཤད། གསང་མཚན་རྡོ་རྗེ་འཇིགས་མེད་རྩལ་དུ་བཏགས། འདི་ནི་མཁྱེན་རྟོགས་གཉིས་ཀའི་ཕྱོགས་ནས་བླ་མའི་ཐུགས་ཟིན་པ་ཞིག་སྟེ། དབང་གི་ཆུ་བོ་བཞི་ཆར་གྱི་བཀའ་བབས། རྒྱུད་ལུང་མན་ངག་གསུམ་ལ་ཐུགས་སྦྱངས་པས་ཡོན་ཏན་ཆེན་པོ་དུ་མ་མངའ། ཁྱད་པར་དཀྱིལ་འཁོར་གྱི་བདག་པོ་མཛད་ནས་ཕྱག་བཞེས་ཐམས་ཅད་ཕུལ་དུ་གྱུར་པ་མཁྱེན། ཐོགས་པ་མེད་པའི་སྤྱན་དང་མངོན་ཤེས་མངའ། འཆུམས་ཀྱི་འཆད་འགོ་དགོན་པར་བཞུགས་ནས་བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱ་ཆེར་བསྐྱངས་སོ། །དེས་གླན་སྟོན་ཆེན་པོ་རྡོ་རྗེ་འོད་ལ་བཤད་དེ། འདི་ནི་ཤངས་ཉ་ཚལ་དུ་གླན་གྱི་རིགས་སུ་འཁྲུངས། གཙང་ནག་པ་སོགས་མཁས་པ་མང་པོའི་དྲུང་དུ་མཚན་ཉིད་ཀྱི་གཞུང་ལུགས་རྣམས་དང་། ཐུན་མོང་གི་རིག་གནས་ལའང་མཁས་པར་སྦྱངས། རྩགས་ཚ་ཤཱཀ་འབྱུང་། ཁ་རག་སྟོན་སྙིང་། གཉོས་ཆུ་བོ་རི་པ་དར་མ་རྡོ་རྗེ། ཤངས་པ་ནག་པོ་སོགས་བླ་མ་མང་པོ་བསྟེན་ནས་གསང་སྔགས་ཕྱི་ནང་གི་དབང་གདམས་ངག་བཤད་བཀའ་མཐའ་ཡས་པ་གསན་པས་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་བདག་པོར་གྱུར། ཁྱད་པར་འཆུམས་ཀྱི་འཆད་འགོ་དགོན་པར་སྲེགས་སྟོན་རྡོ་རྗེ་རྒྱ་མཚན་ལ་འདུས་པ་མདོའི་དབང་ཡོངས་སུ་རྫོགས་པ་གསན་ཞིང་། ཡོན་ཏུ་གཡུ་མོ་ཆེས་སྣ་དྲངས་པའི་ཟང་ཟིང་གི་དངོས་པོས་མཆོད། གསང་མཚན་རྡོ་རྗེ་དྲག་པོ་རྩལ། བླ་མ་དེ་ཉིད་དང་། གཞན་ཡང་སྟོན་སྙིང་། ལྡན་མ། རྩགས་ཚ། སུམ་པ། སྐྱ་རྣམས་ལ་མདོའི་བཤད་པ་མན་ངག་དང་བཅས་པ་གསན། ཤར་རི་རྒྱ་གར་གླིང་ཆུང་དུ་སྒྲུབ་པ་མཛད་པས་གསན་ལུགས་ཀྱི་ལྟ་བ་རྟོགས། ཞུ་བདེའི་ཡེ་ཤེས་འབར། སྣང་འབྱེད་ཀྱི་ཏིང་འཛིན་ཐོབ། ཕྱག་ན་རྡོ་རྗེས་ཞལ་མངོན་དུ་བསྟན་ནས་དབང་བསྐུར་ཞིང་ལུང་བསྟན། ཆོས་ཀྱི་མིག་རྡུལ་བྲལ་བརྙེས་པས་གཞན་གྱི་རྒྱུད་ཚོད་མཁྱེན། ལུང་རིགས་སྨྲ་བ་ལ་འགྲན་གྱི་དོ་མེད་དུ་གྱུར་པས་དཔལ་གསང་ཕུ་ནེའུ་ཐོག་གི་གདན་སར་སྤྱན་དྲངས་ཀྱང་། སྔགས་ཀྱི་བཤད་སྒྲུབ་དོན་ཆེ་བར་གཟིགས་ནས་མ་བྱོན། ཉ་ཚལ་རི་མཐིལ་སོགས་སུ་ཆོས་གྲྭ་ཁོར་མོར་བསྐྱངས་ཏེ་བསྟན་པ་རྒྱས་པར་མཛོད། ཞིང་འདིའི་གདུལ་བྱ་རྫོགས་ནས་ཤམྦྷ་ལར་གཤེགས་པ་ཡིན་ནོ། །དེས་རང་གི་སྐུའི་སྲས་སྤྲུལ་སྐུ་བརྩོན་འགྲུས་སེང་གེ་དང་། གླན་སྟོན་བསོད་ནམས་རྒྱལ་པོ་གཉིས་པ་ཉ་ཚལ་དུ་ཆུ་བོ་བཞིའི་དབང་བསྐུར་ཞིང་། རྒྱུད་བཤད་གདམས་ངག་དང་བཅས་པ་གནང་། དེ་ལ་གླན་བརྩོན་འགྲུས་སེང་གེ་ནི། རྟེན་རབ་བྱུང་ཡིན། གསང་མཚན་རྡོ་རྗེ་དྲག་པོ་རྩལ། གཟང་ཐང་སྐྱར་ཞིག་པོ་བདུད་རྩིའི་གདན་ས་མཛད་ཅིང་། ཞིག་པོའི་ཕྱི་རྟེན་དུ་ཐང་སྐྱ་འབུམ་མོ་ཆེ་བཞེངས་པ་སོགས་ཕྲིན་ལས་རྒྱ་ཆེ། གླན་བསོད་རྒྱལ་གྱི་གསང་མཚན་ཕྲིན་ལས་མཐར་ཕྱིན་རྩལ། འདིས་རང་གི་ཡབ་ཀྱིས་ཐོག་དྲངས་པའི་བླ་མ་མང་པོ་ལ་གཏུགས་ཏེ། མདོ་སྔགས་ཀྱི་ཆོས་ཐམས་ཅད་ལ་མཁས་པའི་གནས་ཐོབ། སྐུ་ཚེ་སྔ་མར་ཤེས་རྒྱུད་འབྱོངས་པ་ཉིད་འདིར་ཡང་སྒྲུབ་པ་ལ་བརྩོན་པས་སད་དེ། ཡི་དམ་གྱི་ལྷས་དངོས་སུ་དབང་བསྐུར། དབང་གི་ཆུ་བོ་རྫོགས་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་ལུང་སྟོན། གནས་ལུགས་ཇི་བཞིན་པ་ཐུགས་སུ་ཆུད། བཤད་སྒྲུབ་གང་ལའང་བར་ཆད་ཀྱིས་མི་ཚུགས། གདུལ་བྱ་ཐམས་ཅད་སྨིན་གྲོལ་ལ་བཀོད། ཁྱད་པར་མདོ་དབང་ཡབ་ལ་གསན་ནའང་། གཏད་རྒྱ་གསན་མ་ཐུབ་པས་ཕྱིས་ཡབ་ཀྱི་སློབ་མ་རིག་འཛིན་ཆོས་ཀྱི་སྡོང་པོ་དཀོན་མཆོག་རིན་ཆེན་ལ་གསན་ཞིང་དད་གུས་ཆེན་པོས་བཀུར་བར་མཛད། སྡོང་པོ་དཀོན་རིན་དེའང་ཕྲིན་ལས་ལ་ཐོགས་པ་མེད་ཅིང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་པས་མངོན་ཤེས་ལ་དབང་འབྱོར་བ་ཡིན་ནོ། །གླན་བསོད་རྒྱལ་གྱིས་གུ་ལང་དཔལ་གྱི་དགོན་པར་སྤྲུལ་སྐུ་ལྷ་རྗེ་ལྷ་འབུམ་ལ་ཆུ་བོ་བཞིའི་དབང་བསྐུར་ཞིང་རྒྱུད་གདམས་ངག་དང་བཅས་པ་བཤད། གསང་མཚན་རྡོ་རྗེ་དྲག་པོ་རྩལ། རྒྱུད་ལུང་མན་ངག་ཐམས་ཅད་ལ་མཁས་པས་འཆད་ཕྲིན་གྱིས་བློ་གསལ་མང་པོའི་མིག་ཕྱེ། གྲུབ་པའི་ཉིན་གཅིག་ལའང་སྐུའི་བཀོད་པ་དུ་མ་བསྟན་ནས། ཤངས་ཀྱང་ཁང་དང་། ཉང་སྟོད་ལྕོག་སྤེ་ལ་སོགས་པའི་ལྷ་ཁང་བཅུ་གསུམ་གྱི་རབ་གནས་དུས་གཅིག་ལ་མཛད། སྐུ་གཤེགས་པའི་དུས་སུ་ཡང་ཉ་ཚལ་དུ་ཆོས་འཆད་པ། གཙང་པོའི་ཆབ་ཁར་ཆུ་སྒྲོལ་བ། ཚོང་འདུས་སུ་ཉོ་ཚོང་མཛད་པ་གསུམ་དུས་གཅིག་ལ་བསྟན། མངོན་སྤྱོད་ལ་དུས་བཏབ་ཆོག་པས་དྲག་པོའི་ཕྲིན་ལས་ལ་མངའ་བརྙེས་སོ། །དེས་གླན་ཆོས་ཀྱི་སེང་གེ་ལ་དབང་བསྐུར་ཞིང་བཤད་པ་དང་གདམས་ངག་བསྟན། གསང་མཚན་རྡོ་རྗེ་དྲག་པོ་རྩལ། ཉེ་བརྒྱུད་ལ་འདིས་གླན་བསོད་རྒྱལ་ལའང་དབང་གསན། མདོ་སྔགས་སྤྱི་དང་ཁྱད་པར་རྒྱུད་ལུང་མན་ངག་ལ་མཁས་པར་སྦྱངས། བསྐྱེད་རྫོགས་ཀྱི་དོན་བསྒོམས་པས་རྟོགས་པ་གདེངས་སུ་གྱུར་ཅིང་། ཏིང་ངེ་འཛིན་ལ་དྲོད་ཐོབ། དུས་དེའི་དགེ་བཤེས་སྔགས་པ་ཀུན་གྱིས་བཏུད་ཅིང་བཀུར་ཞེས་གྲགས་སོ། །དེས་ཤར་རི་རྒྱ་གར་གླིང་དུ་གླན་སྟོན་སངས་རྒྱས་དཔལ་ལ་དབང་བསྐུར་ཞིང་རྒྱུད་བཤད་མན་ངག་དང་བཅས་པ་སྩལ། རབ་བཤད་སྒྲུབ། འབྲིང་ལུས་ངག་གི་སྤྱོད་ལམ། ཐ་མ་ཟང་ཟིང་གསུམ་ཀའི་སྒོ་ནས་ཐུགས་ཟིན། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ་དུ་བཏགས། སྤྱིར་མདོ་སྔགས་ཐམས་ཅད་ལ་མཁྱེན་རབ་ཀྱི་རྩལ་ཐོན། དམ་པའི་མཛོད་གསུམ་འཛིན་ཞིང་དབང་གི་ཆུ་བོ་རྫོགས། བླ་མ་དམ་པའི་ཕྱག་བཞེས་ལ་རང་བྱན་ཆུད། ཁྱད་པར་མདོ་དབང་ཟུར་ལུགས། གླན་ལུགས། སེ་ལུགས། ཞང་ལུགས་ཐམས་ཅད་གསན་ཞིང་མཁྱེན། རྫ་ལུང་དཔལ་གྱི་དགོན་པ་ལ་སོགས་པར་བཤད་སྒྲུབ་ཀྱི་ཕྲིན་ལས་རླབས་པོ་ཆེས་བསྟན་པ་གསལ་བར་མཛད་དོ། །དཔལ་ལྡན་ཆོས་སེང་དང་སངས་རྒྱས་དཔལ་གཉིས་ཀྱིས་གླན་སྟོན་བསོད་ནམས་མགོན་པོ་ལ་ཆུ་བོ་བཞི་རྫོགས་ཀྱི་དབང་བསྐུར་ཞིང་བཤད་སྒྲུབ་ཕྱག་བཞེས་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་། གསང་མཚན་རྡོ་རྗེ་དྲག་པོ་རྩལ་ལམ་ཐིག་ལེ་དྲག་པོ་རྩལ་དུ་གྲགས། འདིའི་ཡབ་ལྷ་རྗེ་ལྷ་འབུམ་ཡིན་ཀྱང་མདོ་དབང་ཁུ་བོ་གཉིས་ལ་གསན་དགོས་པ་བྱུང་། ཡང་གླན་རྡོ་རྗེ་འོད་ནས་ཉེ་སྟོན་ལ་བརྒྱུད་དེ་ཞང་སྟོན་ཀུན་དགའ་འབུམ་ལའང་གསན་ཞེས་འབྱུང་ཞིང་། ཁ་ཅིག་འདི་གཏད་རྒྱའི་བརྒྱུད་པ་ཡིན་ཞེས་ཀྱང་གསུང་། དེ་ཡང་དང་པོར་བླ་མ་འཕགས་པའི་དྲུང་དུ་གཙུག་ཕུད་ཕུལ་ཞིང་དགེ་བསྙེན་གྱི་སྡོམ་པ་གསན། གྲུ་རྡོ་རྗེ་སེང་གེ་ལ་བརྟེན་ནས་ཀླུ་གདོན་གྱི་རྟོག་པ་ལས་གྲོལ། ཤེས་བྱ་ཐམས་ཅད་ལ་སྦྱངས་པས་ཕྱོགས་མེད་དུ་མཁྱེན། ཁྱད་པར་བསྐྱེད་རྫོགས་གསུམ་ལ་མཁས་པའི་གྲགས་པ་ཐོན། བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་པས་རྟག་ཏུ་ཏིང་ངེ་འཛིན་གྱི་དགོངས་པ་ལས་གཞན་དུ་མི་གཡོ་ཞིང་། མཚན་མོའི་དུས་སུའང་སྐུ་སྲངས་ཏེ་བསམ་གཏན་གྱི་འདུག་སྟངས་ཁོ་ནར་བཞུགས། རྨི་ལམ་འབྱོངས་པས་སྤྲུལ་སྒྱུར་ནུས། མདོ་མགོན་ལེགས་ལྡན་ཆེད་དུ་མ་བསྒྲུབས་ཀྱང་ཤིན་ཏུ་འགོ་བས་འགལ་བྱེད་རྣམས་ཚར་གཅོད་པའི་རྟགས་ཕྲལ་དུ་སྟོན། སློབ་དཔོན་ཆེན་པོ་པདྨའི་ལུང་བསྟན་བཞིན་བསམ་ཡས་པེ་ཧར་གླིང་ནས་ཟབ་ཆོས་ཤོག་དྲིལ་བཅོ་ལྔ་གཏེར་ནས་བཏོན་ཏེ་བླ་མ་སྨན་ལུང་དབུས་པ་ལ་གནང་། འདུས་པ་མདོའི་དབང་ལན་བཅུ་གཅིག་དང་། དགོངས་འདུས་ཀྱི་བཤད་པའང་མང་དུ་མཛད། གཞན་ཡང་སྒྱུ་འཕྲུལ་ཞི་ཁྲོ། དོང་སྤྲུགས། ཡང་དག་སོགས་ཀྱི་དབང་དང་གདམས་ངག་བཤད་པ་ཕྱག་བཞེས་དང་བཅས་པས་གདུལ་བྱ་མཐའ་ཡས་པའི་དོན་མཛད་དོ། །དེས་འཇམ་དཔལ་བསམ་འགྲུབ་རྡོ་རྗེ་རྗེས་སུ་བཟུང་སྟེ། འདིའི་གདུང་རུས་འབྲོ་ཡབ་འབུམ་འཕེལ་གྱི་སྲས་སུ་ཤིང་ཕོ་རྟའི་ལོ་ལ་རྟ་ནག་གནས་གསར་དུ་འཁྲུངས། ཟུར་བྱམས་པ་སེང་གེ་ལ་གཙོ་བོར་བརྟེན་ཅིང་། ཟུར་བདེ་བྱེད་མགོན་པོ་དང་མདའ་ཤཱཀྱ་འཕེལ་ལའང་ཞར་ཆོས་སུ་གསན་ཏེ། གསང་སྙིང་གི་རྒྱུད་དང་ལམ་རིམ་ཆེན་མོའི་བཤད་པ་གདམས་ངག་དང་བཅས་པ་ལ་མཁས་པའི་མཆོག་ཏུ་གྱུར། གཞན་ཡང་སེམས་སྡེ་སོགས་ཆོས་མཐའ་ཡས་པ་གསན་ཞིང་ཆུབ་པར་མཛད། ཆོས་ལུང་མཁན་ཆེན་བསོད་ནམས་གྲགས་ལ་ཡོངས་རྫོགས་དགེ་བསྙེན། སློབ་དཔོན་ཀུན་དགའ་བཟང་པོར་ཕར་ཚད་སོགས་མཚན་ཉིད་ཀྱི་གཞུང་ལུགས་དང་བདེ་དགྱེས་ཀྱི་སྐོར། བྱང་སེམས་རྒྱལ་ཡེ་ལ་སྦྱོར་དྲུག །མཁས་བཙུན་བསོད་ནམས་བློ་གྲོས་ལ་སྙིང་ཐིག་རྣམ་གཉིས་དང་རྒྱུད་འབུམ་ལ་སོགས་པ། གཞན་ཡང་ཉང་སྟོན་རྡོ་རྗེ་སེང་གེ། མཁས་བཙུན་དཀོན་མཆོག་དབང་པོ། སྐྱི་མཁར་ཀུན་གསལ་བ་བླ་མ་ཀུན་རྡོར་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་གསར་རྙིང་གི་ཆོས་དཔག་ཏུ་མེད་པ་གསན། ཁྱད་པར་ཤངས་ཉ་ཚལ་ལྷུན་གྲུབ་སྡིངས་སུ་གླན་སྟོན་བསོད་ནམས་མགོན་པོ་ལ་འདུས་པ་མདོའི་དབང་གསན། དབང་གོས་སྔོན་པོ་དང་གན་གོས་ཀྱི་བེར་སོགས་ཀྱི་དབང་ཡོན་རྒྱས་པར་བསྟབས། གསང་མཚན་རྡོ་རྗེ་བདེ་ཆེན་རྩལ་ཞེས་བཏགས། བླ་མ་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གཟིགས་ཤིང་ལྷ་ཚོགས་རྣམས་རང་གི་ཐུགས་ཀར་ཐིམ་པའི་གསལ་སྣང་དང་། བྱིན་ཕེབས་པས་བདེ་གསལ་མི་རྟོག་པའི་ཉམས་ཁྱད་པར་ཅན་འཁྲུངས། བླ་མ་འདི་ལ་སྒྱུ་འཕྲུལ་ཞི་ཁྲོ་དང་དོང་སྤྲུགས་ཡང་དག་ལ་སོགས་པའི་དབང་དང་། མདོ་དགོངས་འདུས་ཀྱི་བཤད་པ་རྒྱས་པ་སོགས་རྒྱུད་ལུང་མན་ངག་གི་སྐོར་མང་དུ་གསན། གཏད་རྒྱ་གསན་པ་མ་གྲུབ་པས་ཕྱིས་གླན་གྱི་ཕྱི་ཚར་གྱི་སློབ་མ་ཤངས་གྱང་ཁང་པ་གཟི་སྟོན་ཤཱཀྱ་བཟང་པོ་ལ་གཏད་རྒྱ་དང་མདོ་ཡོངས་རྫོགས་ཀྱི་ཕྱག་བཞེས་གསན། དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་ཆོད་ནས། བྱེ་མ་སེང་གེར་སྙིང་ཐིག་ལ་ཐུགས་དམ་མཛད་པས་ཐིག་ལེ་ཆེན་པོའི་སྐུར་གྱུར་ནས་བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་མང་པོར་བྱོན་པ་དང་། ཡིག་བརྒྱའི་སྒྲུབ་པ་ལ་བཞུགས་པའི་ཐོ་རེངས་ཀྱི་དུས་ཤིག་སྒྲུབ་ཁང་འོད་ཀྱི་དྲྭ་བས་ཁྱབ་པའི་དབུས་སུ་དམ་པ་རིགས་བརྒྱ་པདྨ་བརྒྱ་ལྡན་གྱི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཞལ་གཟིགས་པ་དང་། གཙུག་ཏོར་འཁོར་ལོ་སྒྱུར་བ་ལ་ཐུགས་དམ་མཛད་དུས་སྣང་སྲིད་འཁོར་ལོ་རྩིབས་བཅུར་གྱུར་པའི་ལྟེ་བར་རང་ཉིད་གཙུག་ཏོར་འཁོར་ལོ་སྒྱུར་བར་དངོས་སུ་སྣང་ཞིང་རྩིབས་ཀྱི་ཁྲོ་བོ་རྣམས་ཀྱང་ཤིན་ཏུ་གསལ་བ་དང་། གཞན་ཡང་འཇམ་དབྱངས་སྨྲ་སེང་། ཚེ་དཔག་མེད་སོགས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས། དགུང་ལོ་ཉི་ཤུ་རྩ་བཞི་ནས་བཟུང་རྒྱུད་ཀྱི་བཤད་གྲྭ་མ་ཆགས་པ་སོགས་བཤད་སྒྲུབ་ཀྱིས་བསྟན་པ་རྒྱས་པར་མཛད་དེ་བརྒྱད་ཅུ་གྱ་གཉིས་བཞེས་པ་ཤིང་ཡོས་དབོ་ཟླའི་ཉེར་བདུན་གྱི་ཉིན་རང་གི་སྲས་ལ། ང་བདེ་བ་ཅན་དུ་འགྲོ། ཉིད་ཀྱང་བརྒྱད་ཅུ་རྩ་གཉིས་ཐུག་བར་འདུག་སྟེ། དེ་ནས་བདེ་བ་ཅན་དུ་ཤོག་གསུངས་ནས་གཤེགས་སོ། །དེ་ལ་སློབ་མ་ཟུར་སེང་གེ་དཔལ། ཟུར་ཤཱཀ་འབྱུང་ཁུ་དབོན། ཐག་པ་ཤཱཀྱ་རྒྱལ་མཚན་དང་ཤཱཀྱ་རྡོ་རྗེ་སོགས་བསླབ་རྫོགས་ཀྱི་སློབ་མ་ཤིན་ཏུ་མང་ཡང་། མདོ་དབང་ནི་རང་གི་སྲས་སངས་རྒྱས་རིན་ཆེན་དང་། ཟུར་ཧམ་ལྕམ་སྲིང་གཉིས་ནས་གྱེས་པའི་རྒྱུད་ལུགས་གསུམ་བྱུང་བ་ལས། དང་པོ་རང་གི་སྲས་ལས་བརྒྱུད་ཚུལ་ནི། སྒྲོལ་ཆེན་སངས་རྒྱས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་འདི་འཇམ་དབྱངས་བསམ་གྲུབ་རྡོ་རྗེའི་སྲས་སུ་ལྕགས་སྟག་གི་ལོ་ལ་རྟ་ནག་གནས་གསར་དུ་འཁྲུངས། དགུང་ལོ་དྲུག་པ་ལ་གསང་སྙིང་གི་རྒྱུད་ཐུགས་སུ་ཆུད། བརྒྱད་པ་ལ་གསང་སྙིང་རྒྱ་འགྲེལ་སྤར་ཁབ་དང་བཅས་པ་མཁས་པར་མཁྱེན། མདོར་ན་མདོ་སྒྱུ་སེམས་གསུམ་ཡང་ཕུར་མ་གཤིན་བདུད་རྩི་སོགས་ཡབ་ལ་བཞུགས་པའི་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མངའ་ཞིང་། ཁྱད་པར་མདོའི་ཆུ་བོ་བཞིའི་དབང་གཏད་རྒྱ་བཤད་པ་གདམས་ངག་ཕྱག་བཞེས་དང་བཅས་པ་རྫོགས་པར་གསན། གསང་མཚན་རྡོ་རྗེ་ཐུགས་མཆོག་རྩལ་དུ་བཏགས། བཅོ་བརྒྱད་པ་ལ་རྒྱལ་སྲས་ཐོགས་མེད་པར་ཡོངས་རྫོགས་དགེ་བསྙེན་དང་བློ་སྦྱོང་། གཞན་ཡང་ཟུར་ཧམ་ལྕམ་སྲིང་། ཀུན་དགའ་ལེགས་པ། གྲུབ་ཆེན་མགོན་པོ་དཔལ། བདག་ཆེན་ཀུན་དགའ་བཀྲ་ཤིས། རྗེ་བློ་བཟང་གྲགས་པ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་ལ་གསར་རྙིང་གི་དབང་ལུང་བཤད་པ་གདམས་ཁྲིད་སོགས་གསན་ནས་ཐུགས་སུ་ཆུད་པར་མཛད། གཞོན་ནུའི་དུས་ནས་རབ་ཏུ་བྱུང་སྟེ་མཚན་ཉིད་ཀྱི་གྲྭར་གཤེགས་པར་བཞེད་པ་ལ། སྲས་གཞན་མེད་པས་ཡབ་ཀྱི་བཀའ་མ་ཁྲོལ་ཏེ། ཉི་ཤུ་རྩ་དྲུག་པ་ལ་མ་གཅིག་འཇམ་དཔལ་འབུམ་ཁབ་ཏུ་བསུས་པར་སྲས་ལྕམ་སྲིང་རྣམས་འཁྲུངས། ང་བདུན་པ་ལ་ཁྱིམ་སྤངས་ཏེ་ཆོས་འཁོར་སྒང་དུ་ལོ་ཆེན་སྐྱབས་མཆོག་པའི་དྲུང་དུ་ཆིག་རྫོགས་མཛད་ཅིང་། ལུང་དང་མདོ་རྩ་སོགས་ཞིབ་ཏུ་གསན་ནས་གནང་བཀག་གི་བསླབ་བྱ་ལ་མཁས་པར་གྱུར། སྒྲུབ་པ་མཛད་པའི་ཚུལ་ཀྱང་དགུང་ལོ་སོ་ལྔ་པའི་དུས་བདེ་ཆེན་སྒྲོལ་མར་སྐུ་མཚམས་ལ་བཞུགས་ནས་ལོ་གཅིག་སོང་བ་དང་ནམ་ལངས་ཀར་གཟིམས་ཁང་འོད་ཀྱི་དྲྭ་བས་ཁེབས་པའི་དབུས་སུ་ཚེ་དཔག་མེད་ཀྱི་ཞལ་མངོན་དུ་བསྟན་ནས་ཕྱི་མ་བདེ་བ་ཅན་དུ་འཁྲུངས་པར་ལུང་བསྟན། གཞན་ཡང་ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་པ་དང་། འཇམས་དཔལ་ཕྱག་རྒྱ་ཟིལ་གནོན་གྲུབ་སྟེ་མཐུ་སྟོབས་ལ་ཐོགས་པ་མེད། མགོན་པོ་ལེགས་ལྡན་གྱིས་ལས་སྒྲུབ་པ་སོགས་ཡོན་ཏན་མཐའ་ཡས། གསང་སྙིང་དང་ལམ་རིམ་འགྲེལ་ཆེན་སོགས་བསྟན་བཅོས་ཀྱི་རྩོམ་པ་དང་། བཤད་སྒྲུབ་ཀྱི་ཕྲིན་ལས་རྒྱུན་མི་ཆད་དུ་བསྐྱངས་པས། མཁས་བཙུན་ཆོས་གྲགས་དཔལ་བཟང་། དགེ་བསྙེན་རྡོ་རྗེ་འཛིན་པ་ནམ་མཁའ་རྒྱལ་མཚན་སོགས་སྐུའི་སྲས་མཆེད་ལྔ་དང་། འགོས་ལོ་ཙཱ་བ་ཆེན་པོ་གཞོན་ནུ་དཔལ། ཐག་པ་ནམ་མཁའ་སངས་རྒྱས། སོ་སྟོན་ཧཱུཾ་ཀ་ར་སོགས་བསླབ་རྫོགས་ཀྱི་སློབ་མ་མཐའ་ཡས་པ་དང་། གཞན་ཡང་རྫོང་པ་ཀུན་དགའ་རྒྱལ་མཚན། སྣར་ཐང་པ་ཤེས་རབ་སེང་གེ། པཎ་ཆེན་དགེ་འདུན་གྲུབ་སོགས་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་མང་པོར་ཡང་ཕུར་པ་ཚེ་བདག་རྟ་མགྲིན་ལ་སོགས་པའི་དབང་ལུང་གིས་བསྐྱངས་ཤིང་། གོང་མ་དབང་གྲགས་རྒྱལ་དང་། ཆུ་མིག་བདག་ཆེན། རིན་སྤུངས་པ། ཡར་རྒྱབ་པ། སྣེལ་པ། ཆུ་ཤུལ་སྟོང་དཔོན་སོགས་དབུས་གཙང་གི་སྡེ་དཔོན་ཐམས་ཅད་ཀྱིས་ཀྱང་ཞབས་ལ་བཏུད་དེ་དབང་དང་གདམས་ངག་མང་དུ་ཞུས། ལྕགས་ཕག་བརྒྱད་ཅུ་གྱ་གཉིས་བཞེས་པ་ན་བཀའ་ལས། ཕ་རྒོད་འཇམ་དབྱངས་བསམ་གྲུབ་རྡོ་རྗེ་ཕེབས་བྱུང་། བུ་ང་ནི་བདེ་བ་ཅན་གྱི་ཞིང་དུ་འགྲོ་བའི་དུས་ལ་བབ་གསུང་བས། ང་མི་རྒན་ཡང་བདེ་བ་ཅན་དུ་འགྲོ་བར་འདུག་གསུངས་ནས་སྐུ་གཤེགས་ཤིང་། དབུ་ཐོན་རིལ་པོ་ཧོར་དཀོན་མཆོག་རིན་ཆེན་གྱིས་འཕྱོང་རྒྱས་སྟག་རྩེར་སྤྱན་དྲངས་ཏེ་དངུལ་གྱི་མཆོད་རྟེན་བཞེངས་པར་བཞུགས་སུ་གསོལ་ལོ། །དེས་ཞང་སྟོན་ནམ་མཁའ་རྡོ་རྗེ་ལ་བརྒྱུད་དེ། འདི་ནི་སྒྲོལ་མ་བ་ཡབ་སྲས་གཉིས་ཀའི་བསླབ་རྫོགས་ཀྱི་སློབ་མ་མཁས་པ་ཞིག་སྟེ། འཇམ་དབྱངས་བསམ་གྲུབ་རྡོ་རྗེ་གཤེགས་པའི་མཆོད་འབུལ་ལ། བུ་ཆེན་གྱི་མཆོག་ཏུ་གྱུར་པའི་བླ་མ་རྣམས་ཀྱིས་དབུ་མཛད་པའི་ཆོག་གྲྭ་བཅུ་བཞི་ཙམ་བསྒྲུབས་པའི་བུ་ཆེན་འདྲེན་དུས་བླ་མ་ཟུར་ཆེན་པ་དང་། བླ་མ་གནམ་སྡིངས་པ་དང་། ཞེས་རྣམ་ཐར་དུ་གྲངས་པ་དེ་ཡིན། ཁྱད་པར་མདོ་དབང་གཏད་རྒྱ་བཤད་པ་གདམས་ངག་དང་བཅས་པ་སྲས་སངས་རྒྱས་རིན་ཆེན་ལ་བདེ་ཆེན་སྒྲོལ་མར་གསན། གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་བཏགས། རྒྱུད་ལུང་མན་ངག་སྒྲུབ་སྡེ་དང་བཅས་པ་ཐམས་ཅད་ལ་མཁས། རྟ་ནག་གནམ་སྡིངས་ཀྱི་སྒྲུབ་ཁང་དུ་ཉམས་ལེན་ལ་གཙོ་བོར་སྒྲིལ་བས་རླུང་སེམས་ལ་བརྟན་པ་ཐོབ། བསྐྱེད་རྫོགས་ཀྱི་དགོངས་པ་མངོན་དུ་གྱུར། ཕྲིན་ལས་བཞི་ལ་དབང་འབྱོར་བས་གདུལ་བྱའི་དོན་མཛད་དོ། །དེས་མཁས་གྲུབ་ཤ་མི་རྡོ་རྗེ་རྒྱལ་མཚན་ལ་གནམ་སྡིངས་དཔལ་གྱི་སྒྲུབ་ཁང་དུ་དབང་བསྐུར་ཞིང་བཤད་པ་གདམས་ངག་དང་བཅས་པ་གནང་། གསང་མཚན་རྡོ་རྗེ་དྲག་པོ་རྩལ། དབེན་གནས་བདེ་ཆེན་དུ་སྒྲུབ་པ་ལ་བཞུགས་པས་བསྐྱེད་རིམ་ལ་བརྟན་པ་ཐོབ་སྟེ་ལས་བཞི་ཐོགས་མེད་དུ་འགྲུབ། རྫོགས་རིམ་གྱི་ཉམས་རྟོགས་མཐར་ཕྱིན། བཤད་སྒྲུབ་གཉིས་ཀའི་ཕྱོགས་ནས་བསྟན་པའི་དོན་མཛད་དོ། །དེས་རིག་འཛིན་གཡུ་འབྲུག་རྡོ་རྗེ་ལ་བདེ་ཆེན་གྱི་སྒྲུབ་གནས་སུ་འདུས་པ་མདོའི་དབང་གཏད་རྒྱ་དང་བཅས་པ་རྫོགས་པར་བསྐུར་ཞིང་། བཤད་པ་དང་གདམས་ངག་ཀྱང་སྩལ། གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས། འོན་དང་རྡོ་སོགས་དབུས་རིའི་དབེན་གནས་རྣམས་དང་གཙོ་བོར་གཡས་རུ་རྟ་ནག་གི་ལ་རྒུ་རྡོས་དགོན་དུ་ཉམས་ལེན་ལ་ཆིག་སྒྲིལ་གྱིས་བཞུགས་པས་བླ་མ་སྒྲུབ་ཆེན་པ་ཞེས་ཀྱང་མཚན་དུ་གྲགས། ཉམས་རྟོགས་མཐར་ཕྱིན་པ་བརྙེས། བྱིན་བརླབས་མཛད་པ་ཙམ་གྱིས་ནང་གདོན་ལས་གྲོལ་བ་སོགས་མཐུ་སྟོབས་ནུས་པའི་རྩལ་ཐོན། དགུང་ལོ་ཡང་ཤིན་ཏུ་སྨིན་པར་བཞུགས་ཏེ་དབེན་པར་ཉམས་ལེན་དང་སྦྲགས་ནས་ཐར་འདོད་ཀྱི་གདུལ་བྱ་སྐལ་ལྡན་རྣམས་སྨིན་གྲོལ་ལ་འགོད་པར་མཛད་དོ། །དེས་གཉགས་ཛྙཱ་ན་ཀུ་མཱ་རའི་སྤྲུལ་པ་མཁས་གྲུབ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་འདུས་པ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་གཏད་རྒྱ་བཤད་པ་གདམས་ངག་ཕྱག་བཞེས་དང་བཅས་པ་སྩལ། གསང་མཚན་དྲི་མེད་ཟླ་ཤར་རྩལ་དུ་བཏགས། འདི་ནི་གཙང་གཡས་རུའི་ཐག་གདོང་ཁར་དུ་ལྡོངས་ཀྱི་རིགས་སུ་འཁྲུངས། ཆུང་ངུ་ནས་ཐ་སྙད་ཀྱི་རིག་པ་རྣམས་ཚེགས་མེད་པར་མཁྱེན་ཅིང་། ཁྱད་པར་གསོ་རིག་ལ་མཁས། གཞོན་ནུའི་དུས་སྡེ་པ་གདོང་ཁར་བའི་ཞབས་ཕྱིར་བཞུགས་པས་མཚན་གདོང་ཁར་འཚོ་བྱེད་དུ་གྲགས། དར་ལ་བབ་པ་ན་རིགས་སད་དེ་རབ་ཏུ་བྱུང་ནས། བླ་ཆེན་རྡོ་རྗེ་འཆང་གྲགས་པ་རིན་ཆེན། ཡོངས་འཛིན་ངག་དབང་གྲགས་པ། པད་གླིང་ཐུགས་སྲས་ཟླ་བ་རྒྱལ་མཚན། གཏེར་སྟོན་ཞིག་པོ་གླིང་པ། སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པ་རྡོ་རྗེ་སེང་གེ་སོགས་མཁས་གྲུབ་ཀྱི་བླ་མ་དམ་པ་དུ་མའི་ཞབས་ལ་གཏུགས་ཏེ། ཆོས་ཀྱི་སྒོ་མཐའ་ཡས་པ་ཞིག་ངོམ་པ་མེད་པར་གསན་ཞིང་། དེ་ཡང་གསན་ལོ་ཙམ་དུ་མ་བཞག་པར་སྒྲོ་འདོགས་ཆོད་པར་མཛད་ནས། འདུ་འཛི་དང་གཡེངས་པས་མི་འཕྲོག་པར་ཉམས་བཞེས་ལ་འབད་པས་ཐོས་བསམ་སྒོམ་གསུམ་ཅིག་ཅར་དུ་གྲུབ། དེའི་མཐུས་ཉམས་རྟོགས་དང་མཁྱེན་རབ་ཀྱི་ཀློང་ནང་ནས་བརྡོལ་ཏེ། མདོ་སྔགས་ཀྱི་གཞུག་ལུགས་སྤྱི་དང་ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་ཆོས་གང་ལའང་ཐོགས་པ་མེད་པའི་མཁྱེན་རབ་རྒྱས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། རྩ་རླུང་ཐིག་ལེའི་འགྲོས་དབུ་མར་ཐིམ། རྨི་ལམ་སྦྱོང་སྤེལ་སྤྲུལ་བསྒྱུར་ལ་དབང་འབྱོར་བས་དག་པའི་ཞིང་བགྲོད་ནས། སངས་རྒྱས་དང་བྱང་སེམས་མང་པོའི་ཞལ་མཇལ་ཞིང་ལུང་བསྟན་ཐོབ། ནུས་པས་བོད་འཕུང་བྱེད་ཀྱི་འབྱུང་པོ་དང་མཐའ་དམག་གདུག་པ་ཅན་རྣམས་ཚར་གཅོད་པ་དང་བསྲུང་ཞིང་བཟློག་པའི་རྟགས་འཕྲལ་དུ་ཐོན་པས་སྙན་གྲགས་ཀྱིས་ཀུན་ཏུ་ཁྱབ། སྐུ་ཚེའི་སྨད་ལ་ཉང་སྨད་སྐྱིད་སྦུག་ཏུ་བཞུགས་ནས་འོད་གསལ་རྡོ་རྗེ་སྙིང་པོའི་དགོངས་པ་ལས་མ་གཡོས་བཞིན་དུ་དབང་བསྐུར་བཤད་ལུང་ཟབ་ཁྲིད་སོགས་གདུལ་བྱའི་དབང་པོ་དང་འཚམས་པའི་ཆོས་འཆད་སྤེལ་རྒྱུན་ཆགས་སུ་མཛད་པས་སོ་སོའི་རེ་བ་སྐོང་ཞིང་། རྣམ་བཤད་སྒྲུབ་ཡིག་ཆོག་ཕྲིན་ཕྱག་བཞེས་ཆོས་འབྱུང་རྩོད་ལན་སོགས་ཀྱི་རྩོམ་པ་དང་། གསེར་པོད་ཀྱི་རྒྱུད་བཅུ་བདུན་བི་མ་སྙིང་ཐིག་བདེ་འདུས་སོགས་ཀྱིས་མཚོན་བཀའ་གཏེར་གྱི་གླེགས་བམ་དུ་མ་བཞེངས་པ་ལ་སོགས་ཏེ་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རླབས་པོ་ཆེས་སྔ་འགྱུར་གྱི་བསྟན་པ་གསལ་ཞིང་རྒྱས་པར་མཛད། འདིས་འཆི་བ་བརྟག་བསླུའི་ཡི་གེ་དེ་དགུང་ལོ་བདུན་ཅུ་དོན་གསུམ་པ་ལ་མཛད་པར་གསལ་བས་སྐུ་ཚེ་ཡང་རིང་པོར་བཞུགས་པར་མངོན་ནོ། །དེས་གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེ་ལ་འདུས་པ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་གཏད་རྒྱ་བཤད་པ་གདམས་ངག་ཕྱག་བཞེས་དང་བཅས་པ་གནང་ཞིང་། གསང་མཚན་རྡོ་རྗེ་ཡེ་ཤེས་རྩལ་དུ་བཏགས། དམ་པ་འདི་ནི་གནུབས་ཁྲོ་ཕུ་བའི་གདུང་རིགས་རྟོགས་ལྡན་ཆོས་ཉིད་རང་གྲོལ་གྱི་ཡང་ཚ་ལོ་ཆེན་ངག་གི་དབང་པོའི་གཅུང་དཔོན་ཆེན་ཞེས་པའི་སྲས་སུ་ཤིང་ཕོ་རྟའི་ལོ་ལ་འབྲས་ཡུལ་བཀྲ་ཤིས་གླིང་དུ་འཁྲུངས། བྱིས་པའི་དུས་ཐུགས་རྒོད་ཅིང་བརྟུལ་ཞུགས་ཆེ་བས་སུ་ལའང་མི་འཇིགས་པའི་སྤོབས་པ་མཐོ། ཆུང་ངུ་ནས་ཆགས་བྲལ་གྱི་རྟེན་ལ་འདུན་པ་ལྟར་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གི་དྲུང་དུ་དགུང་ལོ་བཅུ་གཉིས་པ་ལ་དགེ་ཚུལ་དང་། ཉེར་གཅིག་པ་ལ་བསྙེན་རྫོགས་བཞེས་ནས་སྐུ་བཙུན་པའི་མཆོག་ཏུ་གྱུར། རང་གི་ཁུ་བོ་ཞྭ་དམར་པའི་རིག་གནས་ཀྱི་སློབ་དཔོན་དུ་སྤྱན་དྲངས་པའི་ཕྱག་ཕྱིར་འབྲངས་ཏེ། སྒྲ་ཀ་ལཱ་པ། སྙན་ངག་མེ་ལོང་། སྡེབ་སྦྱོར། སྐར་རྩིས། རྒྱ་བོད་ཀྱི་ཡིག་སྣ་སོགས་བརྡ་སྤྲོད་ཡན་ལག་དང་བཅས་པ་ལ་མཁས་པར་སྦྱངས། ཆོས་རྗེ་ཉིད་དང་རིན་པོ་ཆེ་སྨྲ་སེང་སོགས་ལས་མཚན་ཉིད་ཀྱི་གཞུང་ཅི་རིགས་པའང་སློབ་པར་མཛད་ཅིང་ཆོས་གསུངས་པ་རྣམས་ཀྱང་ཞར་ཆོས་སུ་གསན། ཁྱད་པར་རང་གི་ཁུ་བོ་ལོ་ཆེན་ངག་གི་དབང་པོ། མཁས་གྲུབ་བློ་གྲོས་རྒྱལ་མཚན། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། སྙིང་ཕུ་བ་རིག་འཛིན་སྙིང་པོ། རྩེ་ལེ་པདྨ་ལེགས་གྲུབ། ཀཿཐོག་པ་པདྨ་བློ་གྲོས། ཡོན་ངོ་བ་བཀྲ་ཤིས་ལྷུན་གྲུབ་སོགས་སྐྱེས་ཆེན་མང་པོ་བསྟེན་ནས། སྔ་འགྱུར་བཀའ་གཏེར་གྱི་ཆོས་དཔག་ཏུ་མེད་པ་གསན་ཅིང་སྒྲོ་འདོགས་ཆོད་པར་སྦྱངས། བསྐྱེད་རྫོགས་ཀྱི་སྒོམ་སྒྲུབ་ལ་བརྩོན་པར་མཛད་པས་ཉམས་རྟོགས་མཐར་ཕྱིན། འཇིག་རྟེན་ཆོས་བརྒྱད་ཀྱི་འདུ་འཛིས་མ་གོས་པས་རྗེས་སུ་འབྲང་བ་ཐམས་ཅད་ཀྱང་དམ་པའི་ཆོས་ལ་ངང་གིས་དབང་སྦྱོར། རྙིང་མ་རྒྱུད་འབུམ་ཚར་གསུམ་བཞེངས་པའི་དང་པོ་གཉིས་བསྟན་རྒྱུན་ལ་དགོངས་ནས་ཁམས་དང་ཀོང་ཡུལ་དུ་སྐྱེལ་བར་མཛད་པས་མཚོན་འགྲོ་དོན་ནུས་པ་ལ་ཕྱག་དཔེ་སོགས་ཕྱག་ན་གང་ཡོད་སྩོལ་ཞིང་མེད་ནའང་སྒྲུབ་པའི་རྒྱུའི་དངོས་པོ་ལྷུག་པར་གཏོང་། མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཕྲིན་རྒྱུན་མི་ཆད་པས་གདུལ་བྱའི་རེ་བ་རྫོགས་པར་མཛད་ཅིང་། ཆོས་ཉན་པ་རྣམས་ལ་འཚོ་བས་ཀྱང་རྟག་ཏུ་སྐྱོང་། མདོར་ན་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་མཐོ་ཞིང་། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་ངང་ནས། དགུང་ལོ་རེ་གཅིག་བཞེས་པ་དགུང་ཀེག་གི་ཐོག་ཏུ་ཞི་བའི་དབྱིངས་སུ་གཤེགས་སོ། །དེས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཡང་སྲིད་གསང་བདག་ཕྲིན་ལས་ལྷུན་གྲུབ་ལ་བརྒྱུད་དེ། འདི་ནི་ཡབ་སྨྱོས་སྟོན་མཁས་གྲུབ་ཆེན་པོ་མདོ་སྔགས་བསྟན་འཛིན་གྱི་སྲས་སུ་ལྕགས་མོ་ཕག་གི་ལོ་ལ་ཆག་བྱང་ཆུབ་གླིང་དུ་འཁྲུངས། དགུང་ལོ་ལྔ་ནས་བྲི་ཀློག་གཉིས་ཀ་བྱང་བར་མཁྱེན། བརྒྱད་ལ་ཡབ་རྗེའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་གསན། མཚན་ཨོ་རྒྱན་ཚེ་འཕེལ་དུ་གསོལ། དེ་ནས་བརྩས་ཏེ་ཕྲིན་སྒྲུབ་ཕྱག་ལེན་གྱི་སྐོར་ནས་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་དང་། སྒྲ་རྩིས་སོགས་ཐ་སྙད་ལའང་སྦྱངས་པས་བློ་གྲོས་ཀྱི་མཐུ་ཐོབ། ཁྱད་པར་ཡབ་རྗེ་ལས་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་བརྒྱད་སོགས་བཀའ་གཏེར་གྱི་དབང་ཁྲིད་བཤད་ལུང་དུ་མ་གསན་ཅིང་བསམ་སྒོམ་གྱིས་གཏན་ལ་ཕབ། སྐྱེས་ཆེན་གཙུག་ལག་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་མཚན་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོར་སྩལ། གསུང་ཆོས་ཀྱང་ཅི་རིགས་པ་གསན། གཞན་ཡང་གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ། ལོ་ཆེན་གཞན་ཕན་རྡོ་རྗེ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། རྫོགས་ཆེན་པ་འབྲུག་སྒྲ་བཟང་པོ། བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན། ཟུར་ཆོས་དབྱིངས་རང་གྲོལ། འཁྲུལ་ཞིག་ནོར་བུ་ཆོས་བརྟན་སོགས་རྙིང་ལུགས་དང་། རྒྱལ་ཚབ་གྲགས་པ་མཆོག་དབྱངས། མགོན་པོ་བསོད་ནམས་མཆོག་ལྡན་སོགས་གསར་མ་སྟེ། གསར་རྙིང་གི་བླ་མ་དམ་པ་སུམ་ཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་ངོ མ་པ་མེད་པར་གསན་ཅིང་། བྱེ་བྲག་འདུས་པ་མདོའི་དབང་ནི། དགུང་ལོ་བརྒྱད་པ་ལ་སྔགས་འཆང་ཀུན་བཟང་དཔལ་འབྱོར་བྱང་ཆུབ་གླིང་དུ་སྤྱན་དྲངས་ཏེ་ཡབ་རྗེ་དང་ལྷན་དུ་ཁམས་ལུགས་ཉིད་གསན། ཉེར་གཅིག་པ་ལ་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་ལ་ཁམས་ལུགས་ཀྱི་ཡི་གེའི་སྟེང་ནས་གསན། ཉི་ཤུ་རྩ་དགུ་པ་ས་ཡོས་ཧོར་ཟླ་བཞི་པ་ལ་གོང་ར་ལྷུན་གྲུབ་སྡིངས་སུ་མ་ཧཱ་ལོ་ཙཱ་བ་གཞན་ཕན་རྡོ་རྗེའི་དྲུང་དུ་འདུས་པ་མདོའི་རྩ་བ་དང་ཡན་ལག་གི་དཀྱིལ་འཁོར་ཐམས་ཅད་རྡུལ་ཚོན་གྱིས་བཞེངས་པར། གཉལ་པ་བདེ་ལེགས་པའི་ཡི་གེའི་སྟེང་ནས་ཆུ་བོ་བཞིའི་དབང་གཏད་རྒྱ་སྒོམ་རིམ་མན་ངག་དང་བཅས་པ་སྒྲུབ་ཆེན་གྱི་ལས་རིམ་དང་འབྲེལ་པར་ཞག་བཅུ་བདུན་གྱི་ཁོངས་སུ་རྫོགས་པར་གསན། གསང་མཚན་རྡོ་རྗེ་བདུད་འདུལ་རྩལ་དུ་བཏགས། གོང་ལོ་དེ་ཉིད་སྐལ་ལྡན་ལ་ཆོས་སྦྱིན་ལྷུག་པར་སྩོལ་བ་ལས། འམ་བུ་ཆོས་མི་འཚོང་གསུངས་ནས་སུའི་ཡང་ཆོས་ཡོན་མི་བཞེས་པར་ཕྱིར་སློག་པར་མཛད་ནའང་། རྗེ་འདིས་དབང་བུམ་གྲྭ་ཚར་དགུ་ཕུལ་བ་མཉེས་མཉེས་ཀྱིས་བདག་གིར་མཛད་ཅེས་གྲགས་ཏེ། དབང་གི་ཆུ་བོའི་སྣོད་དུ་གཟིགས་ཤིང་བསྟན་པ་སྤེལ་བའི་རྟེན་འབྲེལ་སྒྲིག་བྱེད་ཀྱི་བརྡའ་ཐབས་བསྟན་པར་མངོན། དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་ཡིན་ལུགས་སུ་བཅད་ནས། དབེན་པའི་གནས་དུ་མར་སྙིང་པོའི་ལམ་སྲོལ་ཇི་བཞིན་པ་ཐུགས་ཉམས་སུ་བཞེས་པས། མ་དག་པའི་སྣང་བ་འགོག་ནུས་པའི་བསྐྱེད་རིམ་གྱི་གསལ་སྣང་ལ་རེག་མཐོང་གི་མཚན་མ་ཐོབ་སྟེ། ཕྲིན་ལས་གང་བརྩམས་ཐོགས་མེད་དུ་འགྲུབ། རྫོགས་རིམ་ཀ་དག་གཞི་རྫོགས་འཕོ་འགྱུར་མེད་པའི་གནས་ལུགས་ཇི་ལྟ་བ་ཉིད་རྟོགས་པས། འཁོར་འདས་བདེན་འཛིན་གྱི་འཁྲི་བ་ཆོད། སྣང་སྲིད་ལྷུན་གྲུབ་འོད་གསལ་གྱི་ཀློང་དུ་དྭངས་པས་ཡི་དམ་གྱི་ལྷ་དུ་མའི་གཟིགས་སྣང་ཤར་ཞིང་ལུང་བསྟན་ཐོབ། རང་དོན་ཡིད་བྱེད་ཀྱི་འཛིན་པ་ཞིག་པས་གཞན་ཕན་མཁའ་ཁྱབ་ཀྱི་ཐུགས་རྗེ་རྩོལ་མེད་ཤུགས་འབྱུང་གི་སྒོ་ནས། ཐར་བ་དོན་གཉེར་གྱི་སྐལ་ལྡན་མཆོག་དམན་མང་པོར་བཤད་སྒྲུབ་ཀྱི་ཆོས་འཁོར་རྒྱུན་ཆགས་སུ་བསྐོར་བས་བསྟན་འགྲོའི་ཕན་བདེ་རྒྱས་པར་མཛད་ཅིང་། ཁྱད་པར་སྐུ་གསུང་ཐུགས་ཀྱི་སྲས་མཆོག་གཏེར་ཆེན་ཆོས་ཀྱི་རྗེ་ལ་ཟབ་རྒྱས་ཀྱི་ཆོས་ཐམས་ཅད་ཚང་སྤྲུགས་སུ་སྩལ་ཏེ་རྒྱལ་ཚབ་ཏུ་མངའ་བསྐུར་ནས། དགུང་ལོ་ང་གཉིས་པ་ཆུ་སྟག་དབོ་ཟླའི་ཉེར་གཉིས་ལ་དབུ་གཙུག་ཕྱུར་བུར་འཕར་བ་ལས་ཟླ་བའི་ཟིལ་པ་སྐྱ་ཆ ིལ་ལེ་བ་དང་སྤོས་དུད་ལྟ་བུའི་རླངས་པ་འཕྲོ་བཞིན་དུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་སོ། །དེས་ལོ་ཆེན་ཆོས་རྒྱལ་བསྟན་འཛིན་རྗེས་སུ་བཟུང་སྟེ། འདི་ནི་ཨེ་འདམ་སྔོན་པོ་གྲོང་སྨད་དུ་ལྕགས་ལུག་ལ་འཁྲུངས། སྐུ་ཚེ་སྔ་མའི་བག་ཆགས་གསལ་བས་གྲྭ་རིགས་རྣམས་ཀྱིས་བདག་སྤྲད་དེ་དྭགས་སྟོད་གླིང་སོགས་གོང་མའི་དགོན་པ་རྣམས་སུ་སྤྱན་དྲངས། བྲི་ཀློག་དང་ཆོག་ཕྲིན་རྣམས་ཚེགས་མེད་པར་ཐུགས་སུ་ཆུད་ནས། འཕྱོང་རྒྱས་དཔལ་རི་གྲྭ་ཚང་དུ་ཐུགས་གཉེར་ལ་བྱོན། གདན་ས་བ་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་ཞིང་། མཚན་ཆོས་རྒྱལ་བསྟན་འཛིན་དུ་གསོལ། དབང་ལུང་ཡང་ཅི་རིགས་པ་གསན། དགོངས་འདུས་ལ་སོགས་པའི་ཆོ་གའི་ཚིག་འཛིན་དང་། དེ་དག་གི་བྲི་ཐིག་འཆམས་དབྱངས་སོགས་ནས་བརྩམས་ཏེ། ཀུན་མཁྱེན་ཆེན་པོའི་བསྟན་བཅོས་སེམས་ཉིད་ངལ་གསོ་རྩ་འགྲེལ་རྣམས་ལ་སྦྱངས། དེར་གནུབས་སྟོན་གྲགས་པ་དབང་པོ་ལ་ཡང་བཟློག་དང་ལོཀྟྲི་སོགས་དྲག་སྔགས་ཀྱི་ལག་ལེན་དང་རྩིས་དཀར་ནག་ཀྱང་བསླབས། དགུང་ལོ་བཅོ་བརྒྱད་པ་ས་ཕོ་བྱི་བའི་ལོར་གྲྭ་སའི་དགེ་བསྐོས་མཛད་པས་ནོན་ཆེ་བའི་དཔེར་འཇོག་པ་བྱུང་ཞིང་། ལོ་དེའི་ནང་དུ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་འཕྱོང་རྒྱས་དཔལ་རིར་སྤྱན་དྲངས་ཏེ། སྤྲུལ་པའི་སྐུ་མཆོག་ཕྲིན་ལས་རྣམ་རྒྱལ་གྱིས་དབུས་གྲྭ་གཙང་ཡོངས་རྫོགས་ལ་འདུས་པ་མདོའི་དབང་བསྐུར་གདམས་ངག་གཏད་རྒྱ་དང་བཅས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྒྲུབ་ཆེན་དང་འབྲེལ་བར་ཟུར་ལུགས་དང་། ཞར་བྱུང་དཔོན་སློབ་ཉུང་འདུས་ལ་རས་རིས་ཀྱི་སྟེང་ནས་ཁམས་ལུགས་གཉིས་སྩལ་བའི་ཚེ་ལྷན་ཅིག་ཏུ་གསན་ཅིང་། གསང་མཚན་རྡོ་རྗེ་ཡོངས་གྲོལ་རྩལ་དུ་གྲགས། ཕྱིས་སུའང་གནས་དུས་ཅི་རིགས་པར་བཀའ་བརྒྱད་བདེ་འདུས། དགོངས་འདུས། བི་མ་སྙིང་ཐིག །ཞིག་གླིང་གི་གཏེར་ཆོས་སོགས་མང་དུ་གསན། གཞན་ཡང་ལྷ་བཙུན་ནམ་མཁའ་འཇིགས་མེད། གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་སོགས་མཁས་གྲུབ་ཀྱི་བླ་མ་དམ་པ་མང་པོ་བསྟེན་ནས་བཀའ་གཏེར་གྱི་དབང་ལུང་ཁྲིད་བཀའ་དུ་མ་དང་། རྒྱ་རི་དབོན་སའི་ལུང་གིས་བསྐུལ་བས་གོང་རར་ཐེགས་ཏེ། ཉང་སྟོན་བློ་མཆོག་རྡོ་རྗེ་ལ། སྒྲ་ཀ་ལཱ་པ་དང་། སྙན་ངག །སྡེབ་སྦྱོར་སོགས་བརྡ་སྤྲོད་ཡན་ལག་དང་བཅས་པ་གསན་ཏེ་མཁྱེན་པར་མཛད། དེ་ལྟར་གསན་པ་རྫོགས་རྗེས་ཨེ་མཐོང་སྨོན་དང་མཚོ་མེར་སྟེང་དུའང་ཅི་རིགས་བཞུགས་ཤིང་། གཙོ་བོར་དྭགས་སྟོད་གླིང་གི་དགོན་པར་སྟན་འཇགས་ཏེ་སྦས་ཚུལ་གྱིས་བསྙེན་སྒྲུབ་ལ་བརྩོན་པར་མཛད་པས་ཉམས་རྟོགས་བཟང་པོ་འཁྲུངས། སྲུང་མ་ལས་ལ་ཁོལ་བའི་མཐུ་རྟགས་ནར་མར་འོང་བས་ཡུལ་དེ་དག་གི་གྲོང་པ་རྣམས་ཀྱང་བླ་མ་གླིང་པའི་བཀའ་དང་འགལ་ན་ཆོས་སྐྱོང་གི་བཀའ་ཆད་འོང་ཞེས་འཇིགས་པར་བྱེད། ཁྱད་པར་དགུང་ལོ་སོ་གཉིས་པ་ཆུ་སྟག་ལོར་དར་གླིང་དུ་ཕེབས་ཏེ་བདག་གི་རྗེ་བླ་མ་ལ་པད་གླིང་གི་ཆོས་བཀའ་འགའ་ཞིག་གསན། དེ་དུས་ཡབ་རྗེ་ལས་གསན་པའི་མདོའི་དབང་རྒྱུན་ཕྱག་བཞེས་དང་བཅས་པ་རྣམ་པར་དག་པ་འདུག་པར་མཁྱེན་ཏེ། ཕྱིས་གདན་སར་སྤྱན་འདྲེན་གནང་བ་ལྟར་བྱོན་ནས་རྗེ་གཏེར་ཆེན་བླ་མ་ལ་མདོ་དབང་འབུལ་བར་མཛད་པས་སྔ་འགྱུར་གྱི་བསྟན་པ་ལ་ཕན་པ་བླ་ན་མེད་པར་གྱུར། དགུང་ལོ་དོན་བརྒྱད་པ་ས་བྱི་ཧོར་ཟླ་བཞི་པ་ལ་དྭགས་སྟོད་གླིང་གི་དགོན་པར་སྐུ་གཤེགས་སོ། །ཡང་བརྒྱུད་ལུགས་གཅིག་ལ། མཁས་གྲུབ་བློ་གྲོས་རྒྱལ་མཚན་ལ་ཟབ་ལུང་པ་ཀརྨ་མི་འགྱུར་དབང་གི་རྒྱལ་པོ་སྟེ། གསང་མཚན་རྡོ་རྗེ་རོལ་པ་རྩལ་ཞེས་གྲགས་པ་དེས་གསན། དེ་ལ་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་ཞེས་རྫོགས་པ་ཆེན་པོའི་རྟོགས་པ་ཀློང་དུ་གྱུར་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་མན་ངག་སྙིང་ཐིག་གི་བསྟན་པའི་བདག་པོར་གྱུར་པ་དེས་གསན། དེ་ལ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ཀྱིས་ཀ་ཐོགཿརྡོར་བཟང་བའི་དབང་ཆོག་གི་སྟེང་ནས་གསན་ཏེ། སྤྱིར་བརྒྱུད་ལུགས་འདི་ལའང་ཀཿཐོག་རྡོར་བཟང་བའི་སློབ་མ་འཕགས་མཆོག་བྱ་བཏང་ཆེན་པོ་སྟེ། གསང་མཚན་རྡོ་རྗེ་བདུད་འདུལ་རྩལ་ཞེས་གྲགས་པ་ལའང་ཤ་མི་རྡོར་རྒྱལ་གྱིས་གསན་པས་ཁམས་ལུགས་ཀྱི་བརྒྱུད་པ་འདྲེས་མོད། ཕྱག་བཞེས་ལ་གཉལ་པའི་ཡི་གེའི་སྟེང་ནས་མཛད་སྲོལ་འདུག་ཀྱང་འདིར་དཔེ་རྒྱུན་གྱི་སྟབས་ཀྱི་ཀཿཐོག་པའི་ཡི་གེའི་ཐོག་ནས་གསན་པར་མངོན་ནོ། ༈ །གཉིས་པ་ཟུར་ལྕམ་སྲིང་གཉིས་ལས་བརྒྱུད་ཚུལ་ནི། གཏད་རྒྱའི་ལོ་རྒྱུས་ཟུར་ཧམ་གྱིས་མཛད་པ་ལས། བླ་མ་བསམ་གྲུབ་པ་དེས། བདག་ཟུར་ཧམ་ཤཱཀྱ་འབྱུང་གནས་དང་། སྲིང་གཅིག་ཟུར་མོ་དགེ་འདུན་འབུམ་ལ་གཏད་རྒྱ་དང་བཅས་ནས་གནང་ངོ་། །ཞེས་སྒྲོལ་ཆེན་བསམ་གྲུབ་རྡོ་རྗེས་ཟུར་ཧམ་ལྕམ་སྲིང་གཉིས་ལ་བསྐུར་བ་ལས། དང་པོ་ཟུར་ཧམ་ཤཱཀྱ་འབྱུང་གནས་ལས་བརྒྱུད་ཚུལ་ནི། ཟུར་ཧམ་འདི་ཟུར་པཀྴི་བཟང་པོ་དཔལ་གྱི་སྲས་ཡིན། དགུང་ལོ་བདུན་འགྲོ་བ་ནས་རང་གི་ཁུ་བོ་ཟུར་སེང་གེ་དཔལ་ལོ་བཅུ་ལོན་པ་ཞིག་དང་མཉམ་དུ་ས་ཕོ་འབྲུག་གི་ལོར་སྒྲོལ་ཆེན་བསམ་གྲུབ་རྡོ་རྗེའི་ཞབས་ལ་གཏུགས་ཏེ་གསང་སྙིང་གི་རྒྱུད་བཤད་གསན་པས་ཁུ་དབོན་གཉིས་ཀས་སྦྲུལ་ལོའི་དབྱར་ཆོས་ཐོག་བློ་བཤད་ཐོངས་པ་ལ། ཟུར་ཧམ་གྱིས་མེས་ཤཱཀྱ་སེང་གེ་བ་ཤིན་ཏུ་མཉེས་ཞེས་གྲགས། དེ་ལྟར་སྒྲོལ་ཆེན་གྱིས་ཆུང་དུ་ནས་དྲུང་དུ་བཞག་པས་རྒྱུད་ལུང་མན་ངག་ཐམས་ཅད་ལ་མཁས་ཤིང་ཉམས་རྟོགས་ཀྱང་མཐར་ཕྱིན། འོད་གསལ་གྱི་སྣང་བ་ལ་ཐུབ་དབང་དང་རིགས་ལྔའི་ཧེ་རུ་ཀ་སོགས་ཀྱི་ཞལ་གཟིགས། བླ་མས་ཀུན་སྤངས་པ་ལ་དགེ་ཚུལ་དང་། ཆོས་ལུང་མཁན་པོ་བསོད་ནམས་གྲགས་ལས་བསྙེན་རྫོགས་གསན། ཁྱད་པར་འཇམ་དབྱངས་བསམ་གྲུབ་རྡོ་རྗེ་ལ་འུག་པ་ལུང་གི་ཡང་དབེན་དུ་འདུས་པ་མདོའི་དབང་ལན་གཉིས་གསན། གསང་མཚན་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྲགས། ཡང་དབེན་དུ་བཤད་གྲྭ་དང་སྒྲུབ་གྲྭའི་རྒྱུན་མ་ཆག་པར་བསྐྱངས་པས་བཀའ་སྡེ་ཟུར་པའི་བསྟན་པ་རྒྱས་པར་མཛད་ནས་དགུང་ལོ་སོ་བརྒྱད་པ་སྐུ་གཤེགས། སྔར་སྒྲོལ་མ་བ་ཡབ་སྲས་ཡན་ཆད་གླན་ལུགས་པ་རྣམས་ཀྱི་ཕྱག་བཞེས་སུ་ཡོ་ག་མན་ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱང་རེ་རེ་ལས་མི་མཛད་ཅིང་། དབང་ཆོག་ཀྱང་གླན་ལུགས་ཀྱི་དུམ་དུམ་ཁྲིགས་ཀྱི་ཐོག་ནས་བསྐུར་བར་མཛད་མོད། ཟུར་ཧམ་གྱིས་མདོ་རྩ་བ་དང་ཡན་ལག་གི་དཀྱིལ་འཁོར་བསྡོམས་པ་ལ་གྲངས་བཞི་བཅུ་རྩ་གསུམ་ལ་སོགས་པར་ཕྱེ་བའི་བཀའ་སྲོལ་ལྟར་གཉལ་པ་བདེ་ལེགས་པས་ཆོག་ཁྲིགས་སུ་བཀོད་པ་ནས་བཟུང་། ཡིག་ཆ་དེའི་ཐོག་ནས་དབང་བསྐུར་མཛད་པ་རྣམས། ཟུར་ཧམ་གྱི་ཕྱག་ལེན་ཡིན་པ་ལ་བསམ་ནས་ཟུར་ལུགས་ཞེས་མིང་དུ་བཏགས་པ་ཡིན་ནོ། །ཟུར་ཧམ་ཤཱཀ་འབྱུང་ལ་གདན་ས་ཡང་དབེན་དུ་རི་ཕུག་པ་ལང་གྲོ་ཚེ་དབང་རྒྱལ་པོས་གསན་ཏེ། གསང་མཚན་རྡོ་རྗེ་ཐོགས་མེད་རྩལ། དེ་ལ་ཆུ་བར་ཉི་སྦུག་པ་བརྒྱུད་འཛིན་ལེགས་པ་དཔལ་བཟང་གིས་གསན། གསང་མཚན་རྡོ་རྗེ་དབང་སྡུད་རྩལ། དེ་ལ་མངའ་རིས་དབུ་རྩེ་བ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས་གསན། དེས་ཡོས་ཀྱི་ལོ་ལ་མངའ་རིས་གློ་བོ་མ་ཐང་དུ་སྲས་པཎ་ཆེན་སྐུ་མཆེད་ལ་དབང་བསྐུར་ཏེ། གཉིས་ཀ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཏུ་གྱུར་ཅིང་། ཟབ་མོ་གཏེར་གྱི་བཀའ་ཡང་བབས། ཁྱད་པར་གཅུང་རིག་འཛིན་ལེགས་ལྡན་རྗེས་མདོ་དབང་གསན་དུས་དགུང་ལོ་བརྒྱད་པ་ཡིན། སྤྱིར་བརྒྱ་དང་བཅུ་གསུམ་བཞུགས་ནས་བཤད་སྒྲུབ་ཀྱི་ཕྲིན་ལས་རླབས་པོ་ཆེས་བསྟན་འགྲོའི་དོན་མཛད། དེ་ལ་འཇམ་དབྱངས་མཁྱེན་བརྩེ་ཁུ་དཔོན་གྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་ཉུག་གི་རྒྱལ་ཁང་དུ་འདུས་པ་མདོའི་ཆུ་བོ་བཞི་རྫོགས་ཀྱི་དབང་གཏད་རྒྱ་དང་བཅས་གནང་བའི་དུས་སྐྱི་སྟོན་ཚེ་རིང་དབང་པོས་ཀྱང་གསན་ཅིང་། གསང་མཚན་རོལ་པའི་རྡོ་རྗེ་ཞེས་གྲགས། དེས་གཙང་བསམ་གྲུབ་རྩེའི་སྤེལ་དཀར་དུ་མདོ་དབང་གཏད་རྒྱ་དང་བཅས་གནང་བའི་ཚེ་བླ་ཆེན་བྲེས་གཤོངས་པ་གཉགས་སྟོན་ཆོས་རྒྱལ་རྡོ་རྗེ་ཆུང་ངུ་ཞིག་ཡབ་མང་ར་བ་པདྨ་བདུད་འདུལ་གྱིས་ཁྲིད་དེ་རྫོགས་པར་གསན། ཕྱིས་གོང་ར་ལྷུན་གྲུབ་སྡིངས་སུ་ལོ་ཆེན་གཞན་ཕན་རྡོ་རྗེ་དང་། གཙང་ཐེག་མཆོག་གླིང་འདུས་པ་དང་ལྷན་ཅིག་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ་བཟང་པོ་ལའང་གསན་ཅིང་། གསང་མཚན་རིག་འཛིན་འདུས་པ་རྩལ་དུ་གྲགས། འདི་ནི་མངའ་རིས་འོད་གསལ་མཆོག །གོང་ར་ལོ་ཆེན། ལྷ་བཙུན་ནམ་མཁའ་འཇིགས་མེད་གསུམ་རྩ་བའི་བླ་མར་འཁུར་ཞིང་། དེ་སོགས་བླ་མ་དམ་པ་མང་པོ་བསྟེན་ནས་གསན་པ་རྒྱ་ཆེ། རྟེན་ཚངས་སྤྱོད་གྲུབ་པའི་དབང་ཕྱུག་ཆེན་པོའོ། །དེས་རོང་སྨུའི་ཤམ་བར་དུ་སྐུ་མཚམས་དམ་པོར་བཅད་དེ་ཡང་ཏི་ནག་པོའི་ཁྲིད་མཛད་པའི་ཟོལ་གྱིས་གསང་ཁོག་ཏུ་སྨན་ལུང་པ་ཆེན་པོ་ཉང་སྟོན་བློ་མཆོག་རྡོ་རྗེ་ཉིད་ལ་ཆིག་བརྒྱུད་དུ་མདོ་དབང་གཏད་རྒྱ་དང་བཅས་པ་གནང་། གསང་མཚན་རིག་པའི་རྡོ་རྗེ་རྩལ་དུ་གྲགས། དེའི་གོང་དུ་ལོ་ཆེན་གཞན་ཕན་རྡོ་རྗེ་ལའང་སྒྲུབ་ཆེན་དང་འབྲེལ་བར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་གསན་ཅིང་རྩ་བའི་བླ་མ་མཆོག་ཏུ་འཛིན། སྤྱིར་མདོ་སྔགས་རིག་གནས་དང་བཅས་པ་མཁྱེན་ཅིང་། ཁྱད་པར་ཆོས་དབང་གི་གཏེར་ཆོས་ལ་མཁས། རྒྱ་མཆོག་ལྔ་པ་ཆེན་པོས་ཏི་ཤྲིར་བཀུར་བ་སོགས་མཁས་གྲུབ་མང་པོའི་གཙུག་རྒྱན་ནོ། །དེས་སྔ་འགྱུར་བསྟན་པའི་མངའ་བདག་རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུར་མདོ་དབང་གཏད་རྒྱ་མན་ངག་ཕྱག་བཞེས་དང་བཅས་པ་མཐའ་རྒྱས་སུ་སྩལ་ཞིང་། གསང་མཚན་རྡོ་རྗེ་བདུད་འཇོམས་རྩལ་དུ་གསོལ། དམ་པ་འདི་ནི་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་ཡང་སྲིད་རིག་འཛིན་རྗེའི་སྐྱེ་བ་སྤྲུལ་པའི་སྐུ་སྟེ། མོན་མཁར་རྣམ་སྲས་གླིང་དུ་བྱ་ནག་གི་རིགས་ལས་སྡེ་པ་ཀརྨ་ཕུན་ཚོགས་དབང་པོའི་སྲས་སུ་ལྕགས་མོ་སྦྲུལ་ཡི་ལོ་ལ་འཁྲུངས། བྱང་པ་རིག་འཛིན་ངག་གི་དབང་པོའི་སྔོན་རབས་གསལ་བར་སད་པས་དགུང་ལོ་དྲུག་པ་ལ་གོང་མའི་གདན་སར་སྤྱན་དྲངས། འབྲི་ཀློག་དང་ཕྲིན་སྒྲུབ་ནས་བཟུང་། གཞུང་ལུགས་ཀྱི་ཐུགས་སྦྱངས་པར་ཚེགས་མེད་པར་མཁྱེན། ཀུན་མཁྱེན་རྒྱལ་མཆོག་ལྔ་པ་ཆེན་པོར་གཙུག་ཕུད་ཕུལ་ཏེ། མཚན་ཀུན་བཟང་པདྨ་ཕྲིན་ལས་སུ་སྩལ། ཕྱིས་དེ་ཉིད་ཀྱི་ཞབས་དྲུང་དུ་བསྙེན་པར་རྫོགས་ཤིང་ཟབ་ཆོས་མང་དུ་གསན། གཞན་ཡང་ཟུར་ཆེན་ཆོས་དབྱིངས་རང་གྲོལ། མགོན་པོ་བསོད་ནམས་མཆོག་ལྡན་སོགས་མཁས་གྲུབ་ཀྱི་བླ་མ་མང་དུ་བསྟེན་ནས། གསར་རྙིང་གི་དབང་ཁྲིད་བཤད་ལུང་མན་ངག་སོགས་ཆོས་བཀའ་མཐའ་ཡས་པ་ཞིག་ངོམ་པ་མེད་པར་གསན་ཅིང་། བསམ་བྱུང་གིས་གཏན་ལ་ཕབ་པས་ཐོགས་པ་མེད་པའི་མཁྱེན་རབ་རྒྱས། ཡང་རྫོང་ཆུ་བོ་རི་གདན་ས་ལ་སོགས་པར་སྒོམ་པའི་ཤེས་རབ་ཀྱིས་ཉམས་སུ་བཞེས་པས་བསྐྱེད་རིམ་ལ་བརྟན་པ་ཐོབ། རྫོགས་རིམ་གྱི་ཡེ་ཤེས་དབང་འབྱོར་བས་མཁས་གྲུབ་ཆེན་པོར་གྱུར་ཏེ། མཁྱེན་བརྩེ་ནུས་པའི་ཕྲིན་ལས་བཤད་སྒྲུབ་ལས་གསུམ་གྱི་འཁོར་ལོ་ལས་ནམ་ཡང་མི་གཡེལ་བ་དང་། ཁྱད་པར་ཀུན་མཁྱེན་རྒྱལ་བ་མཆོག་གི་ལུང་གིས་བསྐུལ་ཏེ་འདུས་པ་མདོའི་དབང་ཆོག་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བའི་བཀའ་རྩོམ་དང་། མདོ་དབང་ཀྱང་ཚར་མང་དུ་མཛད་པ་སོགས་ཀྱིས་མདོའི་བསྟན་པ་ལ་ཕན་པ་ཆེན་པོར་གྱུར་ཅིང་། ད་ལྟ་དགུང་ལོ་བདུན་ཅུ་པའི་ཐོག་ཏུ་ཕེབས་ཏེ་གསར་རྙིང་རིས་མེད་ཀྱི་ཆོས་སྒོ་སྤེལ་བའི་ཕྲིན་ལས་རྒྱུན་ཆགས་སུ་སྐྱོང་བས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་བཞིན་པར་འཚོ་ཞིང་གཞེས་པ་འདིའོ། ༈ །གཉིས་པ་ཟུར་ཧམ་གྱི་སྐུའི་སྲིང་མོ་ཟུར་མོ་དགེ་འདུན་འབུམ་ལས་བརྒྱུད་པ་ནི། ཟུར་མོ་འདི་དོན་ལ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་མོད། རྣམ་པ་གཞོན་ནུ་ནས་འཁོར་བའི་སྐྱོན་དང་བྲལ་བས་སྐུ་བཙུན། བསྐྱེད་རྫོགས་གསུམ་སྒྲུབ་སྡེ་དང་བཅས་པ་ལ་སྦྱངས་པས་མཐར་སོན། གནས་ལུགས་རྟོགས་ཤིང་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དབང་འབྱོར་བས། མཁས་གྲུབ་མ་ཆེན་མོར་གྱུར་ཏེ། ཉང་སྨད་རྩེ་རྒྱལ་གྱི་སྒོམ་ཁང་དུ་བཞུགས་ནས་འགྲོ་བའི་དོན་མཛད། དེས་ཡང་དབེན་གསང་སྔགས་གླིང་པ་ཟུར་སྟོན་ཤཱཀྱ་བཤེས་གཉེན་ལ་དབང་བསྐུར། དེས་མཁས་གྲུབ་བྲའོ་ཆོས་འབུམ་ལ། དེས་བཤེས་གཉེན་དཀོན་མཆོག་བཟང་པོ་ལ། དེས་ཀཿཐོག་པ་རྨོག་སྟོན་རྡོ་རྗེ་བཟང་པོ་ལ་དབང་བསྐུར། འདིས་གླན་ལུགས་ཀྱི་དབང་ཆོག་དུམ་དུམ་ཁྲིགས་ཉིད་གཞིར་བྱས་པ་ལ། འགོས་རྩི་ལུང་པའི་ཕྱག་བཞེས་གྲོ་སྟོན་དཔལ་ལྡན་གྲགས་ཀྱི་ཆོག་ཁྲིགས་ཀྱིས་ཀྱང་བརྒྱན། སྒྱུ་འཕྲུལ་ཞི་ཁྲོ་དང་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་སོགས་སྒོས་བཀའ་ཡང་སྦྱར་ཏེ། དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་བརྩམས། དེ་ནས་བཟུང་སྟེ་བརྒྱུད་པ་འདི་ལ་ཁམས་ལུགས་སུ་བཏགས། མཛད་པ་པོ་ཉིད་འཆི་མེད་ཀྱི་རིག་འཛིན་གྲུབ་པར་གྲགས་ཤིང་སྐྱེས་མཆོག་དམ་པ་ཡིན་ངེས་སུ་མ་ཟད། བསྐུལ་བ་པོའང་བཤེས་གཉེན་འགྲན་ཟླ་དང་བྲལ་བ་མང་པོས་མཛད་པས་ཁམ་ཆེ་མོད། ཡིག་ཆའི་ངོས་ནས་མདོ་རང་ལུགས་གཙང་དག་ཏུ་མ་མཐོང་ཡང་། འདྲེན་པའི་ལས་བྱང་ཆུབ་ལེར་བཤད་པའི་སྒྲུབ་རྫས་ཐུན་མོང་བ་བཅོ་ལྔའི་དབང་གཉལ་པའི་ཆོག་ཁྲིགས་སུ་ཆད་པ་འདིར་འབྱུང་བ་དང་། སྒྱུ་འཕྲུལ་ཞི་བའི་ཟབ་དབང་གི་བཀའ་དབུས་གཙང་དུ་ཆད་པ་འདིར་ཀཿཐོག་ལུགས་ཀྱི་རྒྱུན་བཞུགས་པས་གསོས་ཤིང་། སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་རྒྱུན་ཀྱང་འདིས་བཟུང་བས་བསྟན་རྒྱུན་ལ་ཕན་པ་ཆེན་པོའི་སྒོར་གྱུར་བ་ཡིན་ནོ། །རྨོག་སྟོན་རྡོ་རྗེ་བཟང་པོས་བྱང་ཆུབ་སེམས་དཔའ་ཆེན་པོ་དར་ལུང་པ་རྡོ་རྗེ་རྣམ་རྒྱལ་ལ། དེས་མོན་མཁར་ཁྱུང་ཚང་པ་འཁྲུལ་ཞིག་བློ་གྲོས་དཔལ་ལྡན་ལ། དེས་དབང་ལུང་གདམས་པའི་ཆོས་གཏེར་དབང་སྟོན་ཀརྨ་གུ་རུ་ལ། དེས་རླུང་སེམས་ལ་རྩལ་འབྱོངས་པའི་སྔགས་འཆང་ཀུན་བཟང་དཔལ་འབྱོར་ལ། དེས་གསང་བདག་ཆེན་པོ་རིག་འཛིན་ཕྲིན་ལས་ལྷུན་གྲུབ་ལ། དེས་ལོ་ཆེན་དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལའོ། །ཁམས་ལུགས་འདི་ལ་དེང་སང་གཏད་རྒྱའི་རྒྱུན་མི་བཞུགས་སོ། ༈ །དེ་ལྟར་རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུ་དང་། གླིང་པ་ལོ་ཆེན་དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་གཉིས་ལ། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཞིའི་བདག་ཉིད་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་གསན་ཏེ། དེ་ལ་རྗེ་བཙུན་དམ་པ་འདི་ནི། གསང་བའི་བདག་པོ་རྡོ་རྗེ་ཆོས་ཉིད་གསང་སྔགས་ཀྱི་བསྟན་པ་སྤེལ་བའི་ཕྱིར། སྐལ་ལྡན་རྒྱལ་པོ་ཛཿདང་། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ལ་སོགས་པ་གང་ལ་གང་འདུལ་གྱི་སྐུའི་བཀོད་པ་མཐའ་ཡས་པར་བསྟན་ནས་དོན་མཛད་པ་སྟེ། དེ་ཡང་སྙིགས་མ་ལྔ་བདོའི་དུས་འདིར་བསྟན་འགྲོའི་དཔུང་གཉེན་དུ་སྐྱེ་སྲིད་བཟུང་བའི་ཚུལ་ནི། སྐུ་ཚེ་སྔ་མའི་སྐུ་རྟེན་འཆི་སྲིད་འོག་གསལ་གྱི་དབྱིངས་སུ་བསྡུས་པ་ལས། རིག་གདངས་མཁའ་འགྲོའི་གླུས་གཞན་དོན་དུ་བསྐུལ་བའི་རྐྱེན་གྱིས། ཡེ་ཤེས་ཀྱི་སྐུ་ཧེ་རུ་ཀའི་རྣམ་པར་བཞེངས་ནས་ལྷུམས་སུ་ཞུགས་ཏེ། ཡབ་སྨྱོས་སྟོན་གསང་བདག་ཆེན་པོ་ཕྲིན་ལས་ལྷུན་གྲུབ་དང་། ཡུམ་རྗེ་རིགས་ལྷ་འཛིན་དབྱངས་ཅན་སྒྲོལ་མའི་སྲས་སུ་མེ་ཁྱིའི་ལོ་དབོ་ཟླའི་ཚེས་བཅུ་ལ་ས་གཡོ་ཞིང་འཇའ་འོད་འཁྲིགས་པ་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ། གྲྭ་ནང་དར་རྒྱས་ཆོས་གླིང་དུ་སྐུ་བལྟམས། བཙས་མ་ཐག་ཡབ་རྗེས་བློ་རྣོ་བའི་རྟེན་འབྲེལ་དང་། བར་ཆད་བསྲུང་བའི་དབང་བསྐུར་བྱིན་བརླབས་དུ་མ་མཛད། དེ་དུས་ཀྱི་ཡུལ་དང་བྱ་སྤྱོད་ཀྱི་རྣམ་པ། དེ་ནས་བཟུང་སྟེ་ལོ་གསུམ་གྱི་བར་ཛོ་ཀ ི་སྔོ་སངས་ཐོར་ཚུགས་ཅན་ཞིག་དང་། བུད་མེད་མཛེས་མ་གཉིས་ཀྱི་རྒྱུན་དུ་སྲི་ཞུ་བྱས་པའི་དངོས་གནས་རྣམས་ད་ལྟ་ཡང་ཐུགས་ལ་གསལ་བའི་དྲན་ཤེས་ཁྱད་པར་ཅན་མངའ། པང་དུ་འཚོ་བའི་དུས་ཉིད་ནས་ཏིང་ངེ་འཛིན་ལ་དབང་འབྱོར་བའི་རྣམ་འགྱུར་དང་། གཞོན་ནུ་རོལ་རྩེད་ཀྱི་ཚེ་ཡང་རྒྱལ་བའི་རིགས་སད་པའི་ངང་ཚུལ་དགེ་བས་བློ་ལྡན་རྣམས་དང་བར་མཛད། དགུང་ལོ་བཞིའི་ཐོག་ཡབ་རྗེ་ལས་བཀའ་བརྒྱད་གསང་རྫོགས་ཀྱི་དབང་གསན་པའི་ཚེ་ཡུལ་སྣང་ཐམས་ཅད་ལ་དཀྱིལ་འཁོར་གྱི་འཁོར་ལོས་རྒྱས་ཐེབས་པས་གཙོ་བོ་དང་བླ་མ་དབྱེར་མེད་དུ་གཟིགས་ཤིང་དབང་བཞིའི་ས་བོན་ཐུགས་རྒྱུད་ལ་ཐེབས་པ་ཉིད། བཅུ་པ་ཤིང་ལུག་གི་སྟོན་བདེ་འདུས་ཀྱི་དབང་གསན་དུས་འོད་གསལ་གྱི་སྣང་བར་སློབ་དཔོན་ཆེན་པོ་པདྨས་དབང་བསྐུར་ཞིང་བྱིན་གྱིས་བརླབས་པའི་ནུས་པས་འཕེལ་ཏེ་བུམ་དབང་གི་ཉམས་མྱོང་ཡུལ་སྣང་སྒྱུ་མ་ལྟ་བུར་གཏན་ལ་ཕེབས། དེ་ཡན་ཆད་དུ་བྲི་ཀློག་དང་། རང་ལུགས་ཀྱི་སྒྲུབ་དཀྱིལ་དབང་རྗེས་གནང་རབ་གནས་གནས་ལུང་སོགས་ཆོག་ཕྲིན་རྣམས་ཀྱི་ཚིག་འཛིན་དང་། ཕྱག་བཞེས་ཐམས་ཅད་ཚེགས་མེད་དུ་ཆུབ་སྟེ། དེ་ནས་བརྩམས་ཏེ་ཡབ་རྗེའི་སྐུ་ཚབ་མཛད་ནས་ཕྲིན་ལས་ཀྱང་ཅི་རིགས་པ་སྐྱོངས་བར་མཛད། དགུང་ལོ་བཅུ་གཅིག་པ་ལ་དཔལ་ལྡན་འབྲས་སྤུངས་སུ་ཁམས་གསུམ་པའི་གཙུག་གི་ནོར་བུར་ཀུན་མཁྱེན་རྒྱལ་བ་ལྔ་པའི་དྲུང་དུ་གཙུག་ཕུད་ཕུལ་ཏེ། མཚན་ངག་དབང་པདྨ་བསྟན་འཛིན་དུ་སྩལ། སྐྱིད་གྲོང་གི་རང་བྱུང་འཕགས་པ་ཐོག་མར་ཕེབས་པ་དང་དུས་འགྲིག་པས་གོང་ནས་རྟེན་འབྲེལ་བཟང་ཞེས་དགྱེས་པར་དབུགས་དབྱུང་ཞིང་། དེ་དུས་འཕགས་པའི་སྐུ་ཞི་འཛུམ་ཆགས་པའི་ཉམས་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཉིད་ཀྱི་སྐུ་ལ་ཐིམ་པ་དང་། བཅུ་བདུན་པ་ལ་བསམ་ཡས་སུ་རྗེས་རྒྱལ་བའི་དབང་པོ་འཇལ་པའི་ཚེ་སྐུ་སྤྱན་རས་གཟིགས་ཀྱི་རྣམ་པར་གཟིགས། རིམ་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་ལྔ་པ་ཆེན་པོ་དང་། ཡབ་རྗེ་གསང་བདག་ཕྲིན་ལས་ལྷུན་གྲུབ་གཉིས་ནི། སྐུ་དངོས་ཀྱིས་རྗེས་སུ་བཟུང་བའི་བཀའ་དྲིན་ཕུལ་དུ་བྱུང་བར་མ་ཟད། ཕྱིས་ཡེ་ཤེས་ཀྱིས་སྐུས་ཀྱང་བྱིན་གྱིས་བརླབས་པའི་གནད་ཀྱིས་བཀའ་དྲིན་མཚུངས་པ་མེད་པའི་རྩ་བའི་བླ་མ་རྣམ་པ་གཉིས་དང་། གཞན་ཡང་སྨིན་གྲོལ་ཟབ་ལམ་གསན་པའི་བསྟན་འཛིན་ཆེན་པོ་བཅུ་དྲུག །ཟབ་ཆོས་སྣ་ཚོགས་གསན་པའི་ཡོངས་འཛིན་སུམ་ཅུ་རྩ་ལྔ་རྣམས་བསྟེན་ཏེ། ཡུལ་དུས་ཅི་རིགས་པར་ཡོངས་རྫོགས་དགེ་བསྙེན། བྱང་སྡོམ་བཀའ་སྲོལ་གསུམ། སྔར་སྨོས་པ་ལྟར་བཀའ་བརྒྱད་ཡོངས་རྫོགས་ཀྱི་དབང་བརྡ་དོན་འཕྲོད་པ་ཐོག་མའི་སྨིན་བྱེད་དུ་གསན་པས་སྡོམ་པ་གསུམ་གྱི་གཞི་བཟུང་སྟེ། མདོ་སྒྱུ་སེམས་གསུམ་མཉམ་སྦྱོར་ཡང་ཕུར་གཤེད་སྐོར་སོགས་སྔ་འགྱུར་བཀའ་མ་དིང་སང་རྒྱུན་ཡོད་དོ་ཅོག་དང་། གཏེར་མ་བླ་རྫོགས་ཐུགས་གསུམ་སྒྲུབ་སྡེ་སྤྱི་དང་བྱེ་བྲག་གི་བཀའ་སྲོལ་རིགས་མི་འདྲ་བ་དུ་མས་མཚོན་ཡོངས་གྲགས་ཕལ་མོ་ཆེ། གསར་མའི་རྡོར་ཕྲེང་བརྒྱ་རྒྱམ་སོགས་སྤྱི་བཀའ་དང་། བདེ་དགྱེས་དུས་གསང་གཤེད་སྐོར་ཀྲི་ཡོག་སོགས་ཀྱི་ཟུར་བཀའ། མདོ་ཕྱོགས་མང་པོ་དང་བཅས་པའི་དབང་ཁྲིད་བཤད་ལུང་། དེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་བཀའ་འགྱུར་རོ་ཅོག་གི་ལུང་སོགས་ཆོས་བཀའ་གསན་པ་ནི་མཐའ་ཡས་ཏེ་མིང་ཙམ་འཛིན་པའང་དཀའ་བའི་གནས་སོ། །དགུང་ལོ་བཅུ་གསུམ་པ་ཙམ་ནས་བཟུང་། རྩ་རྒྱུད་གསང་བ་སྙིང་པོ། རྒྱུད་བླ། སེམས་ཉིད་ངལ་གསོ། ཡིད་བཞིན་མཛོད་རྩ་འགྲེལ་རྣམས་ཐུགས་ལ་བཟུང་ནས་ཡབ་རྗེ་ལས་གསུང་བཤད་རིམ་པར་གསན་ཅིང་། ཕྱིས་གནུབས་ཟུར་རོང་ཟོམ་རྣམས་ཀྱི་གསུང་རབ་དང་། ས་སྐྱ་པཎྜི་ཏའི་རབ་དབྱེ། བཅོམ་ལྡན་རལ་གྲིའི་སྤྱི་རྣམ། རང་བྱུང་ཞབས་ཀྱི་ནང་དོན་རྣམས་ཀྱང་ཐུགས་ལ་བཙུད་ཅིང་། ཁྱད་པར་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་ལ་གཟིགས་རྟོག་ནན་ཏན་མཛད་པས་བློ་གྲོས་ཀྱི་རྣམ་པར་དཔྱོད་པའི་མཐུ་ཐོགས་པ་མེད་པ་བརྙེས་ཏེ། ཇི་སྙེད་པའི་ཆོས་ཐམས་ཅད་ལ་སྒྲོ་འདོགས་ཆོད། ཁྱད་པར་འདུས་པ་མདོའི་དབང་ནི། དྭགས་སྟོན་ཆོས་རྒྱལ་བསྟན་འཛིན་ལ་དབང་ཆོག་རིན་ཆེན་ཕྲེང་བའི་སྟེང་ནས་དཀྱིལ་འཁོར་བཞི་བཅུ་རྩ་ལྔར་ཕྱེ་བ་ལས་ཆུ་བོ་བཞི་ཡོངས་རྫོགས་གཏད་རྒྱ་མཐའ་བརྟེན་ཚེ་དབང་དང་བཅས་པའི་དབང་གདམས་ངག་བཤད་ལུང་དང་བཅས་པ་དང་། དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་གྱི་སྟེང་ནས་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་རས་བྲིས་ལ་བརྟེན་པར་དབང་ལུང་གདམས་ངག་དང་བཅས་པ་རྣམས་གསན། ཡང་རྡོ་རྗེ་བྲག་རིག་འཛིན་མཆོག་གི་སྤྲུལ་པའི་སྐུར་དཀྱིལ་འཁོར་ཉི་ཤུ་རྩ་བདུན་དུ་བསྡུས་པའི་རྩ་དཀྱིལ་རས་བྲིས་དང་དེ་ཕྱིན་ཚོམ་བུ་ལ་བརྟེན་ཏེ་དབང་ཆོག་རིན་ཆེན་ཕྲེང་བའི་ཐོག་ནས་དབང་གདམས་ངག་བཤད་ལུང་དང་བཅས་པ་མཐའ་རྒྱས་སུ་གསན་ཅིང་། གསང་མཚན་གཉིས་ཀས་འགྱུར་མེད་རྡོ་རྗེ་རྩལ་དུ་གསོལ། སྨོན་ལམ་གྱི་འབྲེལ་པ་སད་པས་ཟབ་གཏེར་གྱི་བཀའ་བབ་ཚུལ་ཀྱང་། དགུང་ལོ་བཅོ་བརྒྱད་པ་ཆུ་ཡོས་ཟླ་བ་ལྔ་པའི་ཚེས་བཅུ་ལ་གཡའ་མ་ལུང་ནས་རིག་འཛིན་ཐུགས་ཐིག །ཉེར་གཉིས་པ་མེ་ལུག་ཁྲུམས་ཟླའི་ཚེས་བརྒྱད་ལ་རྫུ་འཕྲུལ་གྱི་བཀོད་པས་ཤེལ་བྲག་ནས་གཤིན་རྗེ་གཤེད་དྲེགས་འཇོམས། སོ་གཅིག་པ་མེ་འབྲུག་སྟག་ཟླའི་ཉ་ལ་ཨོ་དཀར་བྲག་ནས་གུར་དྲག་རྡོར་སེམས་ཨ་ཏིའི་སྐོར། སོ་ལྔ་པ་ལྕགས་སྤྲེལ་ཆུ་སྟོད་ཟླ་བའི་ཉེར་དགུ་ལ་ཤ་འུག་སྟག་སྒོ་ནས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱིས་ཆོས་སྐོར་ཁྲོམ་གཏེར་དུ་སྤྱན་འདྲེན་པར་མཛད་ཅིང་། དེ་དག་གི་སྔ་ཕྱི་ཅི་རིགས་པར་བྲག་དམར་མཆིམས་ཕུ། གཡའ་མ་ལུང་སོགས་གྲུབ་པའི་གནས་ཆེན་ངོ་མཚར་ཅན་རྣམས་དང་། གདན་ས་གསར་རྙིང་གི་གཟིམས་ཆུང་། གཟིམས་སྤྱིལ་འོད་གསལ་རྩེ་དང་བསམ་གཏན་རྩེ་སོགས་དབེན་པ་རྣམས་སུ་སྐུ་མཚམས་ལོ་སྦྲེལ་མ་དང་། ཟླ་དྲུག་མ། ཟླ་གསུམ། ཟླ་གཅིག་གིས་མཐའ་བརྟེན་པ་ཡན་གྱིས། བླ་མ་ཞི་དྲག །རྡོར་སེམས། བཀའ་བརྒྱད། ཐུགས་རྗེ་ཆེན་པོ། ཡང་ཕུར། གཤིན་རྗེ་གཤེད། རྟ་མགྲིན། མཁའ་སྤྱོད་མ་སོགས་ཡི་དམ་གྱི་ལྷ་སུམ་ཅུ་རྩ་ལྔ་ཙམ་གྱི་བསྙེན་སྒྲུབ་དང་། རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་ཉམས་བཞེས་ལ་སྙིང་པོར་དྲིལ་ནས། ཐོད་རྒལ་དང་རླུང་སྦྱོར་སོགས་ཀྱང་དུས་གནས་དང་བསྟུན་ཏེ་ཐུགས་ཉམས་སུ་བཞེས་པས། མ་དག་པའི་སྣང་བ་འགོག་པའི་བསྐྱེད་རིམ་ལ་བརྟན་པ་ཐོབ་སྟེ། ལས་བཞི་གང་ཡང་ཐོགས་མེད་དུ་གྲུབ། རྫོགས་རིམ་རྩ་རླུང་ཐིག་ལེའི་འགྲོས་དྷཱུ་ཏིར་དག་པས་ཞུ་བདེའི་ཡེ་ཤེས་ཕྱོགས་བརྒྱར་འབར། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་འཁྲུངས་པས་གཟུང་འཛིན་གྱི་མཚན་མ་རང་སར་གྲོལ། འཁོར་འདས་ཐམས་ཅད་གཞི་མེད་རྩ་བྲལ་མཉམ་ཡང་ཁྱབ་བརྡལ་ཆེན་པོར་བྱང་ཆུབ། མཉམ་རྗེས་རིས་མེད་འོད་གསལ་འཁོར་ཡུག་གི་ཏིང་ངེ་འཛིན་ལ་དབང་འབྱོར། སྣང་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ཤར་བས། སློབ་དཔོན་ཆེན་པོ་པདྨ་དང་། བི་མ་ལ། ཧཱུཾ་མཛད། སངས་རྒྱས་གསང་བ། བཻ་རོ་ཙ་ན། མཚོ་རྒྱལ། ཉང་རལ། ཀུན་མཁྱེན་ཆོས་རྗེ་སོགས་རྒྱ་བོད་ཀྱི་པཎ་གྲུབ་དུ་མའི་ཡེ་ཤེས་ཀྱི་སྐུ་མངོན་དུ་སྣང་བས་སྤྲུལ་པའི་དཀྱིལ་འཁོར་སྤྲོས་ཏེ། རང་གཏེར་གྱིས་མཚོན་པའི་བཀའ་གཏེར་དུ་མའི་དབང་བསྐུར་ཞིང་ཟབ་ལམ་གྱི་གདམས་པའི་གནད་ཐམས་ཅད་ལྷུག་པར་བཀྲལ་ནས་སྟོན་པ་དང་། རྡོ་རྗེ་གཞོན་ནུ། རྡོར་སེམས། ཡང་དག །ཐུགས་རྗེ་ཆེན་པོ་ཞི་ཁྲོ། རྣལ་འབྱོར་མ་སོགས་ཡི་དམ་གྱི་ལྷ་དུ་མས་ཀྱང་ཞལ་བསྟན་ཏེ་དབང་བསྐུར་བྱིན་གྱིས་བརླབས་པ་དང་། བདེ་བ་ཅན་དང་རྔ་ཡབ་དཔལ་རི་སོགས་དག་པའི་ཞིང་ཁམས་མང་པོར་བགྲོད་པས་ཞིང་ཡོངས་སུ་འབྱོངས་པའི་ཏིང་ངེ་འཛིན་ལ་དབང་འབྱོར་པ་དང་། མཁའ་འགྲོ་ཆོས་སྐྱོང་རྣམས་ལས་ལ་ཁོལ་བས་ཕྲིན་ལས་ཐོག་མེད་དུ་སྒྲུབ་ཅིང་ལུང་སྟོན་པ་སོགས་ངོ་མཚར་བའི་གཟིགས་སྣང་མཐའ་ཡས། ཆགས་ཐོགས་མེད་པའི་མངོན་ཤེས་མངའ་བས་དུས་ཀྱི་འགྱུར་ལྡོག་སོགས་ཀྱི་ལུང་བསྟན་པ་རྣམས་ཀྱང་ཕྱིས་ཐོག་ཏུ་བབ་པས་ཡིད་ཆེས་ཀྱི་གཏན་ཚིགས་མང་དུ་སྣང་སྟེ་མ་སྤྲོས་སོ། །དེ་ཡང་དགུང་ལོ་སོ་གཅིག་པ་ཡན་ཆོད་དུ་སྔར་ཐུགས་རྒྱུད་ལ་སྨིན་བྱེད་ཀྱི་ས་བོན་ཐེབས་པ་ཉིད་རིམ་གྱིས་འཕེལ་བས་བུམ་དབང་གི་ཉམས་མྱོང་ཡུལ་སྣང་ཐམས་ཅད་གསལ་སྟོང་སྒྱུ་མ་ལྟ་བུར་གཏན་ལ་ཕེབས་པས། ཤས་ཆེར་སྐུའི་འགྲོ་དོན་སྤྱོད་པའི་དུས་ཡིན་པའི་ཕྱིར། ཤོད་ཆེན་སྐྱི་ལུང་སོགས་ལྷོ་བྱང་གི་ཡུལ་ཐ་དད་པ་དུ་མར་ཆིབས་བསྐྱོད་ནས་སྐུའི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་རིས་མེད་ཀྱི་གདུལ་བྱ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལ་རྣམ་གྲོལ་གྱི་ས་བོན་བཞག་སྟེ་འཁོར་བ་མཐའ་ཅན་དུ་མཛད་པ་དང་། སོ་གཉིས་བཞེས་པ་མེ་སྦྲུལ་དབོ་ཟླ་ནས་བཟུང་གསང་དབང་གི་ཉམས་མྱོང་རང་རིག་གསལ་སྟོང་དུ་ཤར་ཏེ་གཟུང་འཛིན་དབྱིངས་སུ་གྲོལ་བས། གསུང་གི་འགྲོ་དོན་ལ་གཙོ་བོར་སྤྱོད་པའི་དུས་ཡིན་པའི་ཕྱིར། མཆོག་དམན་བར་པའི་སྐལ་ལྡན་ཚོགས་ལ་ཟབ་རྒྱས་ཀྱི་ཆོས་འཁོར་བར་མེད་དུ་བསྐོར་བར་མཛད་པ་དང་། སོ་བརྒྱད་བཞེས་པ་ཆུ་ཕག་ཁྲུམས་ཟླ་ནས་ཕོ་ཉའི་ལམ་གྱིས་ཞུ་བདེའི་དཔེས་མཚོན་པའི་དོན་གྱི་ཡེ་ཤེས་རིག་སྟོང་བདེ་བ་ཆེན་པོ་ལྷན་སྐྱེས་མི་འགྱུར་བའི་དགའ་བཞི་ཐུགས་རྒྱུད་ལ་འཁྲུངས་པའི་ཉམས་མྱོང་རིམ་གྱིས་འཕེལ་བས་ཐུགས་ཀྱི་འགྲོ་དོན་ལ་ཤས་ཆེར་སྤྱོད་པའི་དུས་ཡིན་པའི་ཕྱིར། དེ་ཕྱིན་ཆད་སྤྱི་ཆོས་བཀའ་རིས་མེད་དུ་གསུངས་པ་ཡིན་ནའང་། ཁྱད་པར་ཟབ་ཁྲིད་ཀྱི་གདམས་པ་ཉིད་རྒྱུད་ཐོག་ཏུ་ཅི་སྨིན་འདེབས་པར་མཛད་པས་སྐལ་ལྡན་རྣམས་རང་བྱུང་གི་ཡེ་ཤེས་ཞལ་ལྟ་བ་ལ་བཙན་ཐབས་སུ་དཀྲི་བའི་མཛད་པ་ཁོ་ན་གཙོ་བོར་བདག་གིར་བཞེས་པ་དང་། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་རོ་མཉམ་པའི་བདག་ཉིད་དུ་གྱུར་པས་ཕྲིན་ལས་ཀྱི་འགྲོ་དོན་མཉམ་ཡངས་ཁྱབ་བརྡལ་དུ་སྤྱོད་པའི་དུས་ཡིན་པའི་ཕྱིར། མཛད་སྤྱོད་ཐམས་ཅད་རང་དོན་ཡིད་བྱེད་ཀྱི་འཁྲི་བ་ལས་རྣམ་པར་གྲོལ་ནས། བསྟན་འགྲོའི་ཕན་བདེ་འབའ་ཞིག་ཐུགས་སུ་གཅགས་པའི་སྙིང་སྟོབས་ཆེན་པོས་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རྣམ་པར་དཀར་བས་དུས་འདའ་བ་སྟེ། དེ་ལ་འཆད་པའི་ཕྲིན་ལས་ནི། གཙོ་བོར་ཀུན་མཁྱེན་རྒྱལ་མཆོག་ལྔ་པ་ཆེན་པོས་ཟབ་རྒྱས་ཀྱི་ཆོས་སྐོར་ཇི་སྙེད་པ་ཞིག་གསན་ནས་ཏི་ཤྲིར་བཀུར་ཞིང་། དེས་མཚོན་ཏེ་ས་ཕག་སྟག་འབྲི་སོགས་ཆེན་པོའི་གོ་སར་བཞུགས་པའི་སྐྱེས་མཆོག་དུ་མ་དང་། དཔོན་ཆེན་དཔོན་སྐྱ་སོགས་མི་ཆེན། བསྟན་པ་གསལ་བར་མཛད་པའི་བཤེས་གཉེན་སྐུའི་སྲས་མཆེད་རྣམས་དང་། གསུང་གི་སྲས་དམ་པ་མང་པོས་མཚོན་དབུས་གཙང་ཁམས་ཀོང་ལྷོ་མོན་མངའ་རིས་སོགས་ནས་དད་འདུས་ཀྱི་སྐལ་ལྡན་མཆོག་དམན་མཐའ་ཡས་པ་རྣམས་སོ་སོའི་བློ་དང་འཚམས་པའི་སྔ་འགྱུར་བཀའ་གཏེར་དང་སྔགས་གསར་མ་མདོ་ཕྱོགས་སྐོར་སོགས་ཀྱི་དབང་ཁྲིད་བཤད་ལུང་གི་ཆོས་སྒོ་དུ་མ་ཞིག་རྒྱུན་ཆགས་སུ་སྩོལ་བའི་འཆད་ཕྲིན་འགྲན་ཟླ་མེད་པས་བསྟན་པ་གསལ་ཞིང་རྒྱས་པར་མཛད་པ་དང་། བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་བཀའ་གཏེར་གྱི་སྒྲུབ་དཀྱིལ་ཁྲིད་ཡིག་རྣམ་བཤད་ཞལ་གདམས་སོགས་ལེགས་བཤད་ཀྱི་བཀའ་རྩོམས་ཀྱང་མང་དུ་མཛད། སྒྲུབ་པའི་ཕྲིན་ལས་ནི། རང་ཉིད་མཉམ་རྗེས་ཁོར་ཡུག་གི་ཏིང་ངེ་འཛིན་ལས་མི་གཡོ་བཞིན་དུ་སྒོམ་ཁྲིད་འབོགས་པ་རྣམས་གོ་ཡུལ་ཙམ་དུ་མ་ལུས་པར་མངོན་སུམ་རིག་ཐོག་ཏུ་ངོ་སྤྲོད་ཅིང་། དབང་དུས་སུ་ཡེ་ཤེས་ཀྱི་བྱིན་སློབ་མའི་རྒྱུད་ལ་དངོས་སུ་ཕེབས་པ་དང་། བསྙེན་སྒྲུབ་ཀྱི་ལས་རབ་འབྱམས་ཐམས་ཅད་ཀྱང་བཤད་པ་ཙམ་དུ་མ་ལུས་པར་ཕྱག་བཞེས་སུ་ཐེབས་པར་མཛད་པ་ཡིན་ནོ། །བྱ་བ་ལས་ཀྱི་འཁོར་ལོའི་ཕྲིན་ལས་ནི། གོང་ཞབས་ཡས་ཕྱིན་སོགས་ཀྱིས་བླ་ནས་སྩལ་པ་དང་། དད་ལྡན་རྣམས་ཀྱིས་ཕུལ་བའི་དངོས་པོ་རྣམས་མཛོད་ཕུགས་མའི་སྒོ་ལྕགས་མི་སྡོམ་པར། སྡོམ་པ་གསུམ་གྱིས་རྒྱུད་བསྡམས་ཤིང་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བའི་འདུས་སྡེ་ཨོ་རྒྱན་སྨིན་གྲོལ་གླིང་པ་དགེ་འདུན་སུམ་བརྒྱར་ཉེ་བ་ཙམ་གསར་དུ་བསྡུ་བར་མཛད་པ་ལ་རུང་བའི་རྙེད་བཀུར་གྱིས་མི་བྲེལ་བར་རྒྱུད་ཆགས་པ་དང་། དེ་དག་གི་གནས་མལ་དང་རྟེན་གསུམ་མཆོད་ཆ། དུས་བཞིའི་སྒྲུབ་མཆོད་ཀྱི་ཡོ་བྱད་དང་རྙེད་པ། གཞན་ཡང་བྲིས་འབུར་གྱི་སྐུ་བརྙན་མང་པོ་དང་། གསེར་དངུལ་གྱི་བཀའ་འགྱུར་གྱིས་མཚོན་པའི་གླེགས་བམ་ལྔ་བརྒྱ་བརྒལ་བ་དང་། སྔ་འགྱུར་གྱི་འགྲེལ་བཤད་ཆོག་ཕྲིན་ལ་སོགས་པའི་པར་མང་པོ། སྐུ་འབུམ་མཐོང་གྲོལ་ཆེན་མོས་ཐོག་དྲངས་པའི་ཐུགས་རྟེན་དུ་མ་རྣམས་བཞེངས་པར་མཛད་ཅིང་། གཏོད་བ་ཕུན་སུམ་ཚོགས་པས་རིས་མེད་པའི་མཆོད་སྦྱིན་གྱི་ཡུལ་རྣམས་ལ་ཚོགས་གཉིས་ཀྱི་རྒྱུར་ལྷུག་པར་གཏོང་བ་སོགས་བསྟན་འགྲོའི་ཕན་བདེ་རྒྱས་པའི་མཛད་པ་རླབས་ཆེན་ཁོ་ན་བདག་གིར་བཞེས་པ་ནི་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་རོ། །ཁྱད་པར་སྐུ་གསུང་ཐུགས་ཀྱི་སྲས་མཆོག་པདྨ་འགྱུར་མེད་རྒྱ་མཚོས་ཐོག་དྲངས་སྨིན་གྲོལ་གླིང་འདུས་ཚོགས་སོགས་བདག་ཅག་གཉུག་མར་གནས་པ་རྣམས་དང་། ཏྲེའོ་སྤྲུལ་པའི་སྐུ། རབ་འབྱམས་པ་ཆགས་པ་ཆོས་འཕེལ། དཔལ་རི་གདན་ས་པ། སྤོ་བོ་བླ་མ་སོགས་གློ་བུར་ལྷགས་པའི་དོན་གཉེར་ཅན་ཏེ་ཁྱོན་འདུས་པ་སུམ་བརྒྱ་སྐོར་ལ། རྩ་བ་དང་ཡན་ལག་གི་དཀྱིལ་འཁོར་གྱི་དབྱེ་བསྡུ་ལྷ་རྗེ་འགར་དང་གླན་སྔ་ཕྱི་སོགས་སྒྲོལ་ཆེན་ཡན་ཆད་ཕྱག་ལེན་གྱི་སྲོལ་གཅིག་ཏུ་འབབ་པའི་ལུགས་ལྟར། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་འདུས་པ་མདོའི་ཆུ་བོ་བཞི་རྫོགས་གཏད་རྒྱ་གདམས་ངག་བཤད་པ་མཐའ་བརྟེན་དང་བཅས་པ་སྒྲུབ་ཆེན་གྱི་ལས་རིམ་དང་འབྲེལ་བར་ལྕགས་ལུག་ཁྲུམས་ཟླའི་ཚེས་བདུན་ནས་བཅོ་བརྒྱད་ཀྱི་བར་ཞག་བཅུ་གཅིག་གི་ཁོངས་སུ་རྫོགས་པའི་སྨིན་རྒྱས་སུ་སྩལ་བས་མཚོན་བསྟན་འགྲོའི་དོན་རླབས་པོ་ཆེ་རྒྱུན་ཆགས་སུ་མཛད་བཞིན་པར་ད་ལྟ་དགུང་ལོ་དྲུག་ཅུ་རེ་ལྔའི་སྟེང་དུ་ཕེབས་པ་འདི་ལགས་ཏེ། ད་དུང་ཡང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བདག་ཉིད་ཆེན་པོའི་གོ་འཕང་མཆོག་ལ་འགོད་པའི་ཕྲིན་ལས་རྒྱ་ཆེ་རྒྱུན་མི་ཆད་པ་དེ་སྲིད་དུ་གཟུགས་སྐུ་འདི་ཉིད་ཀྱང་འཆར་ནུབ་དང་བྲལ་བར་གཡོ་མེད་དུ་བཞུགས་པར་གསོལ་བ་འདེབས་སོ། །དེ་དག་གི་ནང་ནས་དཔལ་རྟ་མགྲིན་གྱི་རྣམ་སྤྲུལ་སྐུའི་སྲས་མཆོག་པདྨ་འགྱུར་མེད་རྒྱ་མཚོ་མི་ཕམ་རྣམ་རྒྱལ་རྡོ་རྗེ་དཔལ་བཟང་པོ་ནི། རྗེ་གཏེར་ཆེན་བླ་མའི་སྲས་སུ་མེ་སྟག་གི་ལོ་ལ་འཁྲུངས། ཆུང་ངུ་ནས་རིགས་སད་པའི་རྟགས་མངའ་བས་དགུང་ལོ་བདུན་པ་ལ་འདུས་ཚོགས་ཀྱི་དབུས་སུ་གསང་སྙིང་ཐུགས་ལས་གསུངས་པས་ཐམས་ཅད་ངོ་མཚར་སྐྱེས། དེས་མཚོན་ཏེ་སྐྱེ་བས་ཐོབ་པའི་ཐུགས་རབ་ཕུལ་དུ་བྱུང་བ་ཉིད། ཡབ་རྗེ་ཆོས་ཀྱི་རྒྱལ་པོ་སོགས་བཤེས་གཉེན་དམ་པ་རྣམས་ཀྱི་བདག་རྐྱེན་གྱིས་སད་པས། མདོ་སྔགས་གསར་རྙིང་གི་ཆོས་དཔག་ཏུ་མེད་པ་ཞིག་གསན་ཅིང་། མདོ་རྒྱུད་རིག་གནས་དང་བཅས་པ་ལ་མཁས་པའི་རྩེ་མོར་སོན། དགུང་ལོ་ཉི་ཤུ་པ་ལ་ཆིག་རྫོགས་མཛད། ལོ་སྒྲུབ་དང་ཟླ་སྦྲེལ་སོགས་ཀྱི་སྐུ་མཚམས་བཅད་དེ་ལྷག་པའི་ལྷ་མང་པོ་ལ་བསྙེན་སྒྲུབ་མཐར་ཕྱིན་པར་མཛད་པས་གྲུབ་པའི་མཚན་མ་བརྙེས། དགུང་ལོ་བཅུ་གཅིག་པ་ལ་གཅུང་རིན་པོ་ཆེ་དང་ཐང་འབྲོག་སྤྲུལ་པའི་སྐུ་སོགས་ལ་རྙིང་མ་རྒྱུད་འབུམ་གྱི་ལུང་ཡོངས་རྫོགས་མཛད་པ་ནས་བརྩམས་ཏེ། དུས་འཁོར་ཀུན་རིགས་སོགས་གསར་མའི་དབང་དང་། བཀའ་བརྒྱད་བདེ་འདུས། སྒྱུ་འཕྲུལ་ཞི་ཁྲོ། མཉམ་སྦྱོར་ཡང་དག་སོགས་རྙིང་མའི་དབང་གིས་མཚོན་དབང་ཁྲིད་བཤད་ལུང་སོགས་མདོ་སྔགས་ཀྱི་ཆོས་སྒོ་མཐའ་ཡས་པ་དང་། སྒྲ་སྙན་སྡེབ་སྦྱོར་རྩིས་སོགས་ཐུན་མོང་རིག་གནས་ཀྱི་སྐོར་འཆད་པ་དང་རྩོམ་པའི་བྱ་བས་གདུལ་བྱ་སོ་སོའི་བློའི་རེ་བ་སྐོང་བར་མཛད་ཅིང་། ཁྱད་པར་འདི་ལོ་ལྕགས་སྟག་ཉེར་ལྔའི་དགུང་ཀེག་གི་སྟེང་དུ་ཕེབས་པ་མཆུ་ཟླ་ཆོ་འཕྲུལ་གྱི་དུས་ཆེན་ཐོག །ཞབས་དྲུང་སྐུ་མཆེད་དང་། ཁམས་པ་རྫོགས་ཆེན་སྤྲུལ་སྐུ་སོགས་སྐྱེས་ཆེན་དུ་མ་དང་སྐལ་ལྡན་གྱི་སློབ་མ་མང་པོར་འདུས་པ་མདོའི་དབང་གཏད་རྒྱ་གདམས་ངག་དང་བཅས་པས་སྨིན་གྲོལ་ལ་འགོད་པར་མཛད་པ་སོགས་བསྟན་འགྲོའི་དཔུང་གཉེན་དུ་འཚོ་ཞིང་གཞེས་པ་ཡིན་ནོ། །བདག་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨཱ་ཤྲཱིས་ཀྱང་དེ་ཉིད་ཀྱི་ཞབས་ཕྱིར་གཏེར་ཆེན་བླ་མ་མཆོག་ལས་འདུས་པ་མདོའི་དབང་ནོད་ཅིང་། གསང་མཚན་རྡོ་རྗེ་གཟི་འབར་རྩལ་དུ་སྩལ། རང་ལ་ནུས་པ་མེད་ཀྱང་བླ་མ་དམ་པའི་ཐུགས་རྗེ་རྒྱུད་ལ་ཞུགས་པས། སྔར་ཕན་ཆད་མདོ་དབང་ལན་གསུམ་བསྐུར་བའི་བར་མ་ལ། རྗེ་བླ་མ་དམ་པའི་སྐུའི་སྲས་མཆེད་དང་། འོད་མཆོག་སྤྲུལ་པའི་སྐུ། ཐང་འབྲོག་སྤྲུལ་པའི་སྐུ། བོན་ལུང་སྤྲུལ་པའི་སྐུ་སོགས་དང་། ཕྱི་མ་ལ་གསུང་སྤྲུལ་ངག་དབང་ཀུན་བཟང་རྡོ་རྗེ། ཡོན་དོ་སྤྲུལ་པའི་སྐུ། ཁམས་པ་སྤྲུལ་པའི་སྐུ། རྣ་བོ་གདུང་བརྒྱུད། རོང་པ་རྫོགས་ཆེན་སྤྲུལ་སྐུ་སོགས་བསྟན་པའི་གསལ་བྱེད་སྐྱེས་ཆེན་དམ་པ་མང་པོས་ཀྱང་གསན་ཞིང་། དེ་དག་གི་ནང་ནས་དམ་པ་འགའི་གསུང་གིས་བསྐུལ་བའི་ངོ་མ་ཆོག་པ་དང་། རྗེ་བླ་མ་དམ་པ་མཆོག་གིས་མཛད་པའི་མདོ་རྩ་བའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་དང་། དཀྱིལ་ཆོག་དྲི་མེད་འོད་ཕྲེང་གཉིས་ཀྱི་ཁ་སྐོངས་ཞབས་འདེགས་སུ་དམིགས་ནས། ཡན་ལག་གི་དཀྱིལ་འཁོར་རྣམས་ཀྱི་སྒྲུབ་དཀྱིལ་དངོས་གྲུབ་འདོད་འཇོ། རྒྱུད་དང་མན་ངག་གཅིག་དྲིལ་གྱི་དབང་ཆོག་རྡོ་རྗེའི་ཐེམ་སྐས། སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བ། ཟུར་འདེབས་དཔག་བསམ་སྙེ་མ་ཞེས་བྱ་བའི་ཡིག་ཆ་རྣམས་ཕྱག་བཞེས་བཞིན་ཁྲིགས་སུ་བྱས་པས་མདོའི་བསྟན་པ་ལ་ཕན་པའི་རྣམ་དཀར་གྱི་བྱ་བ་ཆ་ཙམ་འགྲུབ་པ་ལྟར། སླད་ཀྱི་ཚེ་མཇུག་འདི་དང་ཕྱི་མའི་ཚེ་རབས་ཀྱི་ཕྲེང་བར་དུས་གསུམ་རྒྱལ་བའི་སྤྱི་གཟུགས་གཏེར་ཆེན་བླ་མ་དམ་པ་རིགས་བདག་ཏུ་མི་འབྲལ་བས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་དར་ཞིང་རྒྱས་པར་བྱེད་ནུས་པའི་སྐྱེས་བུ་མཐུ་ལྡན་དུ་སྨོན་པ། དེ་ཁོ་ན་བཞིན་དུ་འགྲུབ་པར་བྱིན་གྱིས་རློབ་ཏུ་གསོལ་ལོ། ༈ །གཉིས་པ་མན་ངག་ལུགས་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་སྟེ་ཆུ་བོ་བཞི་རྫོགས་སུ་བསྐུར་བའི་དབང་གི་བརྒྱུད་པའི་ཁྱད་པར་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། དངོས་དང་། འཕྲོས་དོན་བསྐྱེད་རྫོགས་གསུམ་སོ་སོའི་བརྒྱུད་ཚུལ་འདིར་དྲངས་པ་ལ་དོགས་པ་དཔྱད་པའོ། །དང་པོ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་གསུངས་པ་ལས། མདོ་ཡོངས་རྫོགས་ཀྱི་རང་སྐད་ལྟར་ན། ལྷ་མིའི་ཐེག་པ་ཆུ་བོ་ནཻ་རཱཉྫ་ནའི་འགྲམ་དུ་གསུངས། ཉན་ཐོས་ཀྱི་ཐེག་པ་ཝཱ་རཱ་ཎ་སཱིར། རང་སངས་རྒྱས་ཀྱི་ཐེག་པ་རི་བོ་བྱ་རྐང་ཅན་དུ། བྱང་སེམས་ཀྱི་ཐེག་པ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རིར། ཀྲི་ཡ་ཝཱ་རཱ་ཎ་སཱིར། ཡོ་ག་རི་རབ་ཀྱི་རྩེའམ་མེ་རི་འབར་བའི་རྩེར། ནང་རྒྱུད་སྡེ་གསུམ་སྤྱིར་ཡེ་ཤེས་རང་སྣང་གི་གནས་ལ་སོགས་པ་དང་། བྱེ་བྲག་ཆུ་བོ་བཞིའི་དབང་བསྐུར་བའི་གནས་རིམ་པར། དགའ་ལྡན་དང་། ནཻ་རཱཉྫ་ནའི་འགྲམ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དང་། དབང་སྒྱུར་གྱི་ཁང་བཟང་རྣམས་སུ་གསུངས་པ་ཉིད། མི་ཡུལ་དུ་ཇི་ལྟར་བབས་ཚུལ་ནི། རྒྱལ་པོ་ཛཿལ་རྒྱུད་ལུང་གི་གླེགས་བམ་བབས་པ་དང་དུས་མཚུངས་པར་ལམ་སྟེགས་ཀྱི་ཐེག་པ་རྣམས་ལས། ཀྲི་ཡ་ཝཱ་རཱ་ཎ་སཱི་དང་། ཡོ་ག་རྣམས་མེ་རི་འབར་བའི་རྩེར་གླེགས་བམ་དང་བཅས་བབས་ཤིང་། ཀུན་འབྱུང་འདྲེན་པའི་ཐེག་པ་རྣམས་ཀྱི་གླེགས་བམ་དངོས་སུ་བབས་པའི་གསལ་ཁ་མི་སྣང་ཡང་། གང་དུ་བྱུང་བའི་གནས་ནི། ལྷ་མི་དང་ཉན་ཐོས་ཀྱི་ཐེག་པ་གཉིས་ནཻ་རཱཉྫ་ནའི་གནས་སུ། རང་སངས་རྒྱས་ཀྱི་ཐེག་པ་རྒྱལ་བྱེད་ཚལ་གྱི་ཀུན་དགའ་ར་བར། བྱང་སེམས་ཀྱི་ཐེག་པ་བྱ་རྒོད་ཕུང་པོའི་རི་བོ་རྣམས་སུ་བབས་པར་བཤད། དེ་ཐམས་ཅད་སློབ་དཔོན་ཆེན་པོ་རོ་ལངས་བདེ་བ་ལ་བཀའ་བབས་ཏེ། མཚན་ཉིད་སྡེ་གསུམ། ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་གསུམ་ལས། རྒྱུད་ལུང་གཉིས་རྣམས་མི་ཡུལ་དུ་བབས་ཏེ་དར་ཞིང་རྒྱས་ལ། མན་ངག་རྫོགས་པ་ཆེན་པོ་མ་བྱུང་བའི་དུས་ན། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཡབ་རྒྱལ་པོ་དྷ་ན་ཨ་ཀོ་ཤའམ་ཨུ་པ་རཱ་ཛ་ཞེས་གྲགས་པ་ལ། བུ་མོ་སྲིད་པ་གཡུང་དྲུང་འཚོའམ་མེ་ཏོག་གསལ་བྱ་བ་མཚན་དང་ལྡན་པ་ཞིག་ཡོད་པ་དེ། དྷ་ན་ཀོ་ཤའི་གླིང་ཕུག་རིན་ཆེན་གཡུ་སྡིངས་ཚལ་དུ་རབ་ཏུ་བྱུང་ནས། དགེ་སློང་མའི་ཁྲིམས་ལ་གནས་པ་ལ། ནམ་ཞིག་ཕྱག་ན་རྡོ་རྗེ་བྱ་ངང་པའི་གཟུགས་སུ་སྤྲུལ་པ་མངོན་དུ་བྱུང་སྟེ། སྙིང་གར་མཆུ་ལན་གསུམ་གཏུགས་ནས་ལུང་བསྟན། དེའི་ནུབ་མོ་རྨི་ལམ་དུ་ཤེལ་གྱི་མི་དཀར་པོ་ཞིག་གིས་རིན་པོ་ཆེའི་བུམ་ཆུ་སྤྱི་བོར་གཏིགས་ཏེ་དབང་བསྐུར་བས། གསང་བདག་གིས་སྤྲུལ་པའི་སྲས་ལྷུམས་སུ་ཆགས་ཀྱང་སྦྲུམ་པའི་རྣམ་པ་མེད་པར་ཟླ་དགུ་ངོ་བཅུ་ན། ཐུགས་ཀ་ནས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་ཐོན་པ་ཞུ་བ་ལས་ཁྱེའུ་མཚན་དང་ལྡན་པ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཁ་ཏོན་དུ་མཛད་པ་ཞིག་བྱུང་བ་དང་། གཡོག་མོས་ཕ་མེད་པའི་བུ་འདི་འདྲ་བ་ལྟས་ངན་ནོ་སྙམ་དུ་ཐལ་ཁུང་དུ་བོར་ནས་ཞག་དྲུག་ལོན་པའི་ཚེ་བལྟས་པས། ཅི་ཡང་མ་ཉེས་པར་མདངས་ཡལ་ལེ་འདུག་པ་བླངས་ཏེ། མཚན་རོ་ལངས་ཐལ་མདོག་ཏུ་བཏགས་ཤིང་། སྣང་སྲིད་བདེ་བ་ལ་བཀོད་པས་རོ་ལངས་བདེ་བ་ཞེས་གྲགས་སྐད། འདི་ནི་སྤྲུལ་པའི་སྐུ་ངོ་མཚར་ཅན་ནོ་ཞེས་ཐམས་ཅད་དགའ་བ་རབ་ཀྱི་རྩེ་མོར་སོན་ཞིང་ཕྱག་ན་རྡོ་རྗེ་བསྣམས་པས་དགའ་རབ་རྡོ་རྗེ་ཞེས་ཀྱང་མཚན་དུ་གསོལ་ཏེ། ཆུང་ངུ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐུགས་ལ་རང་ཤར་དུ་མཁྱེན། གསང་བའི་བདག་པོས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་བསྟན་ནས་བསྟན་པའི་བདག་པོར་དབང་བསྐུར། ཁྱད་པར་རྒྱལ་པོ་དྷ་ཧེ་ནའི་བུ་མོ་རིན་ཆེན་གསལ་སྒྲོན་གྲོགས་སུ་ཁྲིད་ནས། ཟླ་གམ་འོད་འཕྲོ་སེང་གེ་ནགས་བརྟེན་གྱི་ཚལ་དུ་ཨཱ་ཙཱརྻ་ཀིངྐ་ར་ལ། རྩལ་ཆེན་གྱི་དབང་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་མཛད་པ་ཉི་ཤུའི་དབང་ནོས། དེ་ནས་པདྨ་མེ་ཏོག་ལྗོན་ཤིང་གི་ཚལ་དུ་ཨ་ཙཱརྻ་ནཱ་གརྫུ་ན་ཙཎྜཱི་ཀ་ལ་གཏན་ཚིགས་བགྲོ་གླིང་གི་དབང་ཞེས་བྱ་བ་ཀྲི་ཡའི་དབང་མཆོག་ཉི་ཤུ་རྩ་དྲུག་ནོས། དེ་ནས་ལྷ་བྱ་སྐད་སྙན་ལྗོན་ཤིང་གི་ཚལ་དུ་ཨ་ཙཱརྻ་པདྨ་ཀུ་མ་ཏི་ལ་ཡོ་ག་བཀྲ་ཤིས་དྲུག་ཅུ་རྩ་གཉིས་ཀྱི་དབང་ནོས། དེ་ལྟར་ཕྱི་དབང་བརྒྱ་རྩ་བརྒྱད་རྫོགས་ནས། རྡོ་རྗེ་གདན་དུ་ཨ་ཙཱརྻ་རབ་ཏུ་གསལ་བ་ལ། མཉམ་སྦྱོར། ཟླ་གསང་། གསང་འདུས་སྙིང་ཞགས་སོགས་ཏནྟྲ་མཐའ་ཡས་པ་ནོས་ཏེ་རྒྱུད་ལུང་ཐམས་ཅད་ཀྱི་བཀའ་བབས། དེ་ནས་བྱི་རུ་དམར་པོ་ཆུ་མིག་དགུ་སྒྲིལ་གྱི་ཚལ་དུ་སློབ་དཔོན་རོ་ལངས་བདེ་བ་དང་། རིན་ཆེན་གསལ་སྒྲོན་གཉིས་ལ་དབང་བཞི་རྫོགས་པར་བསྐུར་ཏེ། ཕྱི་ཡོ་བྱད་རྫས་ཀྱི་དབང་། ནང་རིག་པ་ཏིང་ངེ་འཛིན་གྱི་དབང་། གསང་བ་ཡེ་ཤེས་ལྔའི་དབང་། དེ་ཁོ་ན་ཉིད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་དབང་སྒྱུར་ནས། དབང་རྟགས་སུ་སློབ་དཔོན་ལ་ཤེལ་གྱི་ཕྱག་ཤིང་རིན་པོ་ཆེ་སྣ་ལྔས་བརྒྱན་པ་དང་། གྲོགས་མོ་ལ་སྣང་སྲིད་གསལ་བའི་མེ་ལོང་ཞིག་བྱིན། དེ་ནས་དྷ་ན་ཀོ་ཤའི་གླིང་ཕུག་རིན་ཆེན་གཡུ་སྡིངས་ཚལ་དུ་གཤེགས་ཏེ་བཞུགས་པ་ན། ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཀཱ་ཡ་དང་། ཀླུའི་བུ་མོ་རྒྱ་མཚོ་གཉིས་ཀྱིས་སློབ་དཔོན་ཡབ་ཡུམ་སྤྱན་དྲངས། ཨོ་རྒྱན་གྱི་ཡུལ་ནས་སློབ་མ་བསྡུསཏེ། རྒྱ་གར་དང་ཨོ་རྒྱན་གྱི་ཡུལ་གྱི་མཚམས་མ་ག་ཏའི་བྲག་ཕུག་ཏུ་ཉེ་རྒྱུའི་སྤྱོད་པ་ཚོགས་ཀྱི་སྒྲུབ་པ་མཛད་པས། ཚོམ་བུ་ཁྲི་ཕྲག་གཅིག་དང་བཅས་ཏེ། མི་སློབ་པའི་ཟུང་འཇུག་སངས་རྒྱས་ཀྱི་ས་མངོན་དུ་བརྙེས། དེ་ནས་ཨོ་རྒྱན་ཡི་རྒྱལ་པོ་དྷརྨ་ཀཱ་ཡས། ས་ཧོ་རའི་རྒྱལ་པོ་ལ། དེས་སིདྒ་ལའི་རྒྱལ་པོ་ལ། དེས་དགེ་སློང་སོཀྱ་དེ་ཝ་ལ། དེས་སྒེག་པ་རྡོ་རྗེ་ལ། དེས་ཆོས་བློ་བདེ་བ་ལ། དེས་མཁན་པོ་ཆོས་རྒྱལ་སྐྱོང་ལ་དབང་བསྐུར་རོ་ཞེས་འབྱུང་བ་ནི་མདོ་ཡོངས་རྫོགས་ཀྱི་བརྒྱུད་པ་བྱེ་བྲག་པ་ལུགས་གཅིག་གི་འདྲེན་ཚུལ་དུ་ཟད་ལ། འདིར་བརྒྱུད་ལུགས་གཙོ་བོ་ནི། སྔར་རྒྱས་པར་བཤད་པ་ལྟར། སློབ་དཔོན་རོ་ལངས་བདེ་བ་ནས། རྡོ་རྗེ་བཞད་པ་ལ་བརྒྱུད་པས། དེ་མན་ཆད་མདོ་རྩ་བ་དང་ཡོངས་རྫོགས་ཀྱི་ཆུ་བོ་བཞིའི་བརྒྱུད་ལུགས་གཉིས་ཀ་ཆུ་བོ་གཅིག་འདྲེས་སུ་འདོད་དགོས་ཏེ། མདོ་ཡོངས་རྫོགས་ཀྱི་དབང་བསྐུར་བའི་ཕྱག་བཞེས་ཡིན་ན། སློབ་དཔོན་ཆེན་པོ་བདེ་བ་གསལ་མཛད་ཀྱི་ལས་ཐོ་སོགས་ཡིག་སྣ་བཅོ་བརྒྱད་ལ་བརྟེན་ནས་བསྐུར་དགོས་པ་གང་ཞིག །བཤད་མ་ཐག་པའི་མདོ་ཡོངས་རྫོགས་ཀྱི་བརྒྱུད་པ་བྱེ་བྲག་པ་དེའི་ནང་དུ་བདེ་བ་གསལ་མཛད་མ་བྱུང་བའི་ཕྱིར་རོ། །དེས་ན་འདི་ནི་ལུང་སྤྱི་དང་མ་སྦྲེལ་བར། ཡན་ལག་གི་དཀྱིལ་འཁོར་འབྱུང་བའི་ཆུ་བོ་མན་ཆད་ཀྱི་བཀའ་བྱེ་བྲག་ཏུ་ཕྱུང་སྟེ། སློབ་དཔོན་དྷརྨ་རཱ་ཛས་གནུབས་ཆེན་ལ་བསྐུར་བའི་བརྒྱུད་ཚུལ་གྱི་ཉེ་བརྒྱུད་ལུགས་གཅིག་ཡིན་པ་སྙམ་མོ། ༈ །གཉིས་པ་ནི། འདི་སྙམ་དུ། འདྲེན་པའི་ལས་བྱང་ཆེ་ལེར། དེ་ནས་བྱིན་པ་སློབ་དཔོན་གྱི་དབང་ནི། དུས་གསུམ་གྱི་རྡོ་རྗེ་སློབ་དཔོན་གྱི་མཚན་དང་གསང་མཚན་དང་བཅས་པས་དབང་བསྐུར་ཏེ། དེ་ཡང་དམ་ཚིག་དབང་གི་སློབ་དཔོན་དང་། ཤེས་རབ་རྒྱུད་ཀྱི་སློབ་དཔོན་དང་། མན་ངག་འབྲས་བུའི་སློབ་དཔོན་གྱི་རིམ་པས་དབང་བསྐུར་རོ། །ཞེས་གསུངས་པའི་དོན་དབང་ཆོག་རྣམས་སུ་མ་ཧཱ་ཨ་ནུ་ཨ་ཏིའི་བརྒྱུད་ཚུལ་གསུམ་གྱི་བཀའ་གནུབས་ཆེན་ལ་བབས་པས། དེ་མན་ཆད་ཆུ་བོ་གཅིག་འདྲེས་སུ་གསུངས་པ་མ་ཡིན་ནམ། ཡིན་ན་འདིར་སྔར་མདོ་རྩ་བ་དང་ཡོངས་རྫོགས་ཀྱི་བརྒྱུད་ལུགས་གཉིས་རོ་ལངས་བདེ་བ་ལ་བཀའ་བབས་པས། དེ་མན་ཆད་བརྒྱུད་པ་གཅིག་འདྲེས་སུ་བཤད་པ་དང་འགལ་བ་ཇི་ལྟར་སྤོང་ཞེ་ན། འདི་ལ་གསུམ་སྟེ། མདོའི་དབང་ལ་མ་ཧཱ་དང་ཨ་ཏིའི་བརྒྱུད་པ་འདྲེན་པ་ལ་གནོད་བྱེད་ཡོད་ཚུལ། དབང་ཆོག་རྣམས་སུ་དེ་གསུམ་ཆུ་བོ་གཅིག་འདྲེས་སུ་དྲངས་པའི་དགོངས་པ་ཇི་ལྟར་ཡིན་པ། དེས་ན་འདིར་བཤད་ཉིད་འཐད་ལྡན་དུ་སྒྲུབ་པའོ། །དང་པོ་ནི། བདག་གི་རྗེ་བླ་མ་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་དགུང་ལོ་ཞེ་བཞི་པ་ས་སྦྲུལ་གྱི་ལོ་མདོ་དབང་གི་ཕྱག་བཞེས་ལ་དོགས་གནས་ཀྱི་དྲི་བའི་ཕྲེང་བ་ཚིགས་སུ་བཅད་པ་ཉི་ཤུ་ཡོད་པ་ཞིག་མཛད་དེ། དེར་བརྒྱུད་པ་འདྲེན་ཚུལ་གྱི་སྐབས་ལས་བརྩམས་ཏེ་འདི་སྐད་ཅེས། ཡོ་ག་གསུམ་ཀའི་བརྒྱུད་པའི་ཚུལ། །སྐབས་འདིར་གནུབས་ལ་འདྲེན་དགོས་ན། །དེ་ཡི་གོང་དུ་འདུས་པ་མདོའི། །དབང་བསྐུར་མེད་པར་མི་འགྱུར་རམ། །ཞེས་གསུངས་ཏེ། འདི་ལྟར་འདྲི་བར་མཛད་པའི་དགོངས་པ་ལ་གཉིས་ཏེ། འདྲི་དགོས་པའི་རྒྱུ་མཚན་དང་། མ་དྲིས་ན་སྐྱོན་ཡོད་ཚུལ་ལོ། །དང་པོ་ནི། འདིར་ཞུགས་པའི་ཕྱིས་ཀྱི་སྔགས་པ་ཕལ་ཆེར། མདོ་ཡོངས་རྫོགས་ཀྱི་དབང་ཡིན་ན། ཐེག་དགུའི་དབང་ཡིན་དགོས་ལ། དེ་ཡིན་ན་ཐེག་བརྒྱད་སྒོས་ཀྱི་ཆོ་ག་སོ་སོ་ལས་བཏུས་ཏེ་སྤྱིའི་ཆོ་གར་བྱས་པ་ཡིན་དགོས་སྙམ་པ་དང་། རྒྱུ་མཚན་དེས་ཐེག་བརྒྱད་གཞན་ཐམས་ཅད་ཀྱི་བརྒྱུད་པའང་སོ་སོར་འདྲེན་རིགས་ཀྱང་། ཡོ་ག་མན་བཏང་སྙོམས་སུ་བྱས་ཏེ། བསྐྱེད་རྫོགས་གསུམ་གཙོ་ཆེ་བས་འདིར་སྒོས་ཀྱི་བརྒྱུད་པ་དྲངས་པའོ་སྙམ་པའི་རྟོག་པ་སྐྱེས་པ་ཤ་སྟག་སྣང་བས་སོ། ༈ །གཉིས་པ་ནི་དེ་ལྟར་ན་དྲི་བར་བཀའ་སྩལ་བའི་གནོད་བྱེད་དེ་རི་གཟར་གྱི་རྦབ་ལྟར་བཟློག་ཏུ་མེད་པར་འགྱུར་ཏེ། འདི་ལྟར་ཡོ་ག་གསུམ་གྱི་སྒོས་ཀྱི་བརྒྱུད་པ་གནུབས་ཆེན་ལ་བབས་པས་དེ་མན་གཅིག་འདྲེས་ཡིན་པར་འདོད་པ་ལྟར་ན། གནུབས་ཆེན་ཡན་ཆད་ལ་མདོ་ཡོངས་རྫོགས་ཀྱི་དབང་བསྐུར་བའི་ཕྱག་བཞེས་མེད་པར་འདོད་དགོས་ལ། དེ་ལྟར་འདོད་པ་དེའི་ཚེ་མདོ་རྩ་བར་གསུངས་པའི་ཕྱི་དབང་རྩ་བ་བཅུ་ལ། མདོ་ཡོངས་རྫོགས་ཀྱི་སྐབས་སུ་དབང་དོན་རྒྱ་ཆེར་འབྱེད་པར་བཀྲལ་བ་ལྟར་ཡན་ལག་རགས་པ་བརྒྱ་རྩ་བརྒྱད་དུ་ཕྱེ་བའི་བཀའ་རོ་ལངས་བདེ་བ་ལ་བབས་པར་གསུངས་པ་དང་། ནང་དབང་གི་དཀྱིལ་འཁོར་ལྷ་དབང་དང་བཅས་འདྲེན་པའི་ལས་བྱང་ཆེ་ལེར་གསུངས་པ་དེ་དག་གནུབས་ཆེན་ཡན་ཆད་ལ་མེད་པར་འདོད་དགོས་ལ། འདོད་ན། གབ་པའི་དབང་ལེ་ནི་བདེ་བ་གསལ་མཛད་ཀྱིས་རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ་ནས་བཏུས་ཤིང་། དབང་དོན་རྒྱ་ཆེར་འབྱེད་པའང་དེས་མཛད་པར་བཤད་པ་དང་འགལ་ཏེ། གནུབས་ཆེན་ཡན་ཆད་ལ་དེ་དང་དེའི་རྣམ་གཞག་མེད་པར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་བྱིན་བརླབས་ཀྱི་ཆུ་རྒྱུན་གནུབས་ཆེན་ལ་འདྲེས་པས། དེ་ལྟར་དྲངས་པ་ལ་སྐྱོན་མེད་དོ་སྙམ་ན། དྲི་བ་དེ་ཉིད་ཀྱི་འཕྲོས་ལས། འོན་ཀྱང་བྱིན་རླབས་ཆུ་བོའི་རྒྱུན། །འདྲེས་ཕྱིར་ཞེ་ན་མཐའ་མེད་ཅིང་། །འོན་ཏེ་ཨ་ཏི་སྒྱུ་འཕྲུལ་གཉིས། །འདྲེན་པ་ཙམ་ཞིག་འཐད་ཅེ་ན། །ཨ་ཏི་སྒྱུ་འཕྲུལ་བརྒྱུད་པ་ལས། །མདོ་ཡི་དབང་བསྐུར་ཇི་ལྟར་འབྱུང་། །འབྱུང་ན་ཨ་ཏི་སྒྲུ་འཕྲུལ་ལའང་། །མདོ་ཡི་བརྒྱུད་པ་འདྲེན་ལགས་སམ། །ཞེས་གསུངས་པའི་གནོད་བྱེད་འབབ་སྟེ། དེའི་དགོངས་པ་བཀའ་ཐ་དད་པའི་བརྒྱུད་པ་འདྲེས་པ་ཙམ་གྱིས་དེ་ལྟར་དྲངས་ཆོག་ན། སྨད་འདུལ་ལམ་ཁ་ཆེའི་སྡོམ་རྒྱུན་ལས་བསྙེན་རྫོགས་དང་། ཇོ་བོ་ཨ་ཏི་ཤ་ལས་བརྒྱུད་པའི་བྱང་སྡོམ་ཐོབ་པའི་རྡོ་རྗེ་སློབ་དཔོན་ཞིག་གིས་འདུས་པ་མདོའི་དབང་བསྐུར་བའི་ཚེ། ཉན་ཐོས་དང་བྱང་སེམས་ཀྱི་ཐེག་པའི་སྐབས་སུ་དེ་དང་དེའི་བརྒྱུད་པ་དྲངས་ཆོག་གམ་མི་ཆོག །ཆོག་ན་མཐའ་མེད་དུ་འགྱུར་ཏེ། ཀྲི་ཡོག་སྡེ་གསུམ་དང་བླ་མེད་ཀྱ ི་སྒོས་བཀའ་སློབ་དཔོན་དེས་ཐོབ་པ་དུ་མ་ཞིག་ཡོད་ཀྱང་དེ་ཐམས་ཅད་དྲངས་ཆོག་པར་འགྱུར་བའི་ཕྱིར། མི་ཆོག་ན། གནུབས་ཆེན་ལ་བསྐྱེད་རྫོགས་གསུམ་གྱི་བརྒྱུད་པའི་ཆུ་བོ་འདྲེས་པ་འདིར་དྲངས་པ་ལའང་མཚུངས་པའི་ཕྱིར་དང་། གལ་ཏེ་མ་ཧཱ་དང་ཨ་ཏི་ཙམ་ཞིག་བླ་མེད་ནང་མཐུན་ཡིན་པས་འདྲེན་པ་འཐད་ཅེ་ན། འོ་ན་ཨ་ཏི་དང་མ་ཧཱ་སྒྱུ་འཕྲུལ་གྱི་དབང་ལྟ་བུ་ལའང་ཨ་ནུ་ཡོ་གའི་བརྒྱུད་པ་འདྲེན་རིགས་པར་འགྱུར་ཏེ། དེ་གཉིས་ཕན་ཚུན་རིག་པ་མཚུངས་པའི་ཕྱིར། དེ་ཡང་འདོད་ན། སེང་གེའི་ཕྲུག་གུ་གླང་ཆེན་མོ་ལས་སྐྱེས་ནས། དེ་འདྲ་དེ་སྔོན་མེད་པའི་སྲོག་ཆགས་སུ་འགྱུར་བ་ལྟར་རིགས་ལམ་ལས་འདས་ཏེ། སྐྱོན་དང་བཅས་པའོ། །གཉིས་པ་ནི། འདིར་ནང་དབང་འབྱུང་བའི་ཆུ་བོ་དང་། སྒྲུབ་དབང་གྲགས་པའི་ཆུ་བོ་དང་། གསང་དབང་རྫོགས་པའི་ཆུ་བོ་གསུམ་ལ་བསྐྱེད་རྫོགས་གསུམ་དུ་ཕྱེ་བ་ནི། ཨ་ནུ་ཡོ་ག་ཉིད་ལ་གསུམ་དུ་ཕྱེ་བས་ཨ་ནུའི་མ་ཧཱ་སོགས་གསུམ་ཡིན་མོད། འོན་ཀྱང་ནང་གསང་གཉིས་མ་ཧཱ་ཨ་ཏི་གཉིས་དང་འདྲ་བར་བཀྲལ་བ་ནི། སྤྱིར་མདོ་ཡོངས་རྫོགས་ཀྱི་ཆུ་བོ་བཞི་ལས། ཕྱི་ནང་གཉིས་ཀྱིས་བསྡུས་པའི་ཆུ་བོ་བྱ་སྤྱོད་གཅིག་ཏུ་བྱས་ཏེ་ལྷ་མི་ནས་མ་ཧཱའི་བར་ལམ་སྟེགས་ཀྱི་ཐེག་པ་བདུན་པོའང་། གོང་མར་འོག་མ་འདུ་བའི་གནད་ཀྱིས་ཐེག་པ་སོ་སོའི་ལམ་དང་འདྲ་རུང་དུ་བཀྲལ་ཞིང་། དེ་ཐམས་ཅད་ཨ་ནུའི་ཐབས་མཁས་ཀྱིས་ཟིན་པས་རང་རང་གི་སྤངས་ཐོབ་ཀྱི་ཡོན་ཏན་དེ་དང་དེ་བསྐྱེད་པའི་མྱུར་ལམ་དུ་འགྱུར་ཞིང་། གསང་དབང་རྫོགས་ཆུ་ཨ་ཏི་དང་ཚུལ་འདྲ་བར་བྱས་པའང་། ཤེར་ཕྱིན་སྔགས་ལུགས་དང་། བྱ་སྤྱོད་ཀྱི་ལྷའི་སྒྲུབ་ཐབས་འགའ་ཞིག་བླ་མེད་དུ་བཀྲལ་བ་ལྟར། ཨ་ནུ་རང་ལུགས་ཀྱི་རྫོགས་རིམ་མཐར་ཐུག་དེ་ཨ་ཏིའི་ལམ་དང་འདྲ་རུང་དུ་བཀྲལ་བས། དེ་དང་རིགས་འདྲའི་ཡོན་ཏན་ཐོབ་བྱེད་ཀྱི་ཤིན་ཏུ་མྱུར་ལམ་དུ་འགྱུར་ཏེ། དཔེར་ན་སྨན་དཔྱད་ལ་མ་ལྟོས་པར་རིག་སྔགས་རྣོན་པོས་ནད་བཙན་ཐབས་སུ་གསོ་བ་བཞིན་ནོ། །རྒྱུ་མཚན་དེས་འདིར་མ་ཧཱ་དང་ཨ་ཏིའི་བརྒྱུད་པའི་བླ་མ་རྣམས་དབང་གི་སྐབས་སུ་གསུངས་པ་ཡང་། རྒྱུད་ལུགས་མདོ་རྩ་བའི་དབང་སུམ་ཅུ་རྩ་དྲུག་དང་། མན་ངག་ལུགས་མདོ་ཡོངས་རྫོགས་ཐེག་པ་ཐམས་ཅད་འདུས་པའི་མདོ་དབང་རྩ་བ་སོ་དྲུག་ལ་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་བའི་བཀའ་སྲོལ་གཉིས་ཀའི་བླ་བརྒྱུད་མ་ཡིན་མོད། དེ་ལྟ་ནའང་ཚོགས་ཞིང་དང་འཇུག་པའི་བྱིན་འབེབས་ཀྱི་སྐབས་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པ་ལ་སོགས་པའི་ཚེ་སངས་རྒྱས་ཀྱི་ཞིང་རབ་འབྱམས་ནས་རིས་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་ལྟར། གནུབས་ཆེན་ཉིད་ལ་བཀའ་བབས་པའི་བསྐྱེད་པ་དང་རྫོགས་པ་ཆེན་པོའི་བླ་མ་བརྒྱུད་པའི་རིམ་པ་ཐ་དད་པ་དེ་དག་ཀྱང་མ གྲོན་ཐབས་སུ་ངོ་མཚར་སྒྲིགས་ལྟ་བུར་མཛད་ནས། རིག་འཛིན་དེ་རྣམས་ཀྱི་བྱིན་རླབས་ཀྱི་འཕོ་བའི་རྒྱུན་གཅིག་ཏུ་འདྲིལ་བས་སློབ་མའི་རྒྱུད་བྱིན་གྱིས་བརླབ་པའི་ཕྱིར་ཕྱག་བཞེས་སུ་མཛད་པ་སྟེ། བླ་མའི་བྱིན་འབེབས་པ་ལྟ་བུར་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བླ་མ་ཞེས་འདོན་པའང་གསང་བ་སྤྱིའི་སྲོལ་ཡིན་པ་བཞིན་ནོ། །གསུམ་པ་ནི། གབ་པའི་དབང་ལེར་གསུངས་པའི་དུས་གསུམ་གྱི་སློབ་དཔོན་ཞེས་པའང་། ཨ་ནུ་རང་ལུགས་ཀྱི་དབང་བསྐུར་བའི་དུས་ཀྱི་སློབ་དཔོན་གང་ཡིན་པ་དེ་དམ་ཚིག་དབང་གི་སློབ་དཔོན་དང་། རྒྱུད་འཆད་པའི་དུས་ཀྱི་སློབ་དཔོན་དེ། ཤེས་རབ་རྒྱུད་ཀྱི་སློབ་དཔོན་དང་། མན་ངག་སྟེར་བའི་དུས་ཀྱི་སློབ་དཔོན་དེ་མན་ངག་འབྲས་བུའི་སློབ་དཔོན་ཡིན་ལ། འདིར་ནི་དེ་གསུམ་ཀ་མདོ་རྩ་བའི་བཤད་སྒྲུབ་ཀྱི་བརྒྱུད་པ་སོ་སོའི་རྣམ་ཐར་དང་བཅས་པ་སྔར་རྒྱས་པར་བཤད་པ་དང་། དེ་ལས་ཕྱེ་བའི་མདོ་ཡོངས་རྫོགས་ཀྱི་བཀའི་བབས་སོ་སློབ་དཔོན་ཆེན་པོ་རོ་ལངས་བདེ་བ་ལ་བབས་ཚུལ་བཤད་པའི་བརྒྱུད་ལུགས་གཉིས་པོ་དེ་ལ་ཚང་ཞིང་། བཤད་ཚུལ་དེ་ཉིད་མདོ་དབང་གི་བླ་བརྒྱུད་འདྲེན་ལུགས་རྣམ་དག་ཏུ་ལུང་རིགས་གཉིས་ཀས་གྲུབ་པའི་ཕྱིར་སྤྲོས་པས་ཆོག་གོ། ༈ །སྤྱི་དོན་གཉིས་པ་བཤད་བྱའི་དོན་ཁོང་དུ་ཆུད་ཕྱིར་སྔོན་རྗེས་ཀྱི་ཆུ་བོ་བཞིའི་དབང་གི་རང་བཞིན་གཏན་ལ་དབབ་པ་ལ་གསུམ་སྟེ། སྔོན་བྱུང་དང་རྗེས་འཇུག་གི་དབང་གཉིས་ཀྱི་དབྱེ་བ་སྤྱིར་བསྟན། དེ་ལས་རྗེས་འཇུག་གི་དབང་གི་གོ་དོན་བྱེ་བྲག་ཏུ་བཤད། དེ་བསྐུར་བའི་ཕྱག་བཞེས་ཀྱི་མཐའ་དཔྱད་པའོ། །དང་པོ་ནི། འགྲེལ་པ་ལུང་བསྟན་མ་ལས། ཇི་ལྟར་རྒྱལ་སྲས་བཅས་པ་ལ། །མཛེས་པའི་ཡོན་ཏན་རྫོགས་པ་ཡིས། །དབང་བསྐུར་ཁུངས་སུ་ཡིད་ཆེས་ནས། །དམ་པ་བརྒྱུད་པའི་མན་ངག་གིས། །རྗེས་འཇུག་ཏུ་ཡང་ཤེས་པར་བྱ། །ཞེས་པས་དོན་གཉིས་ཏེ། སྔོན་བྱུང་རྒྱལ་བའི་མཛད་སྤྱོད་ཀྱི་སྒོ་ནས་གདུལ་བྱ་སྤྲོ་བ་བསྐྱེད་པའི་དབང་དང་། རྗེས་འཇུག་གི་གང་ཟག་ཉམས་ལེན་ཐབས་ཀྱི་སྒོ་ནས་གདུལ་བྱ་ཆུད་མི་ཟ་བར་བསྐུར་ཐབས་སོ། །དེ་གཉིས་ཀྱང་དོན་དུའི་སྒོ་ནས་སྟོན་ཞེ་ན། དགོངས་འདུས་ལས། ཁུངས་དང་གྲགས་པ་ཆུ་བོ་དང་། །ཡུལ་དང་དབང་པོ་དགོས་པ་དང་། །ཐབས་དང་གནས་དང་རྟགས་དང་དོན། །བསྡུས་པ་འདི་ཡིས་རྫོགས་པ་ཡིན། །ཞེས་དོན་བཅུའི་སྒོ་ནས་སྔོན་བྱུང་གི་དབང་ཚིག་ཟིན་གྱིས་དངོས་སུ་བསྟན་ཅིང་། དེས་རྗེས་འཇུག་གི་དབང་ཡང་ཤུགས་ཀྱིས་འཕངས་ཏེ། ལུང་བསྟན་མ་ལས། ཇི་ལྟར་སྔོན་དུ་དེ་བཞིན་གཤེགས་པ་དེ་ཉིད་ཇི་ལྟ་བའི་ཐབས་མེད་ན་གདུལ་བྱ་ལ་ཕན་འདོགས་པ་མ་ཡིན་ནོ། །ཞེས་གསུངས་མོད་ཀྱི། དེ་ལྟ་ནའང་སློབ་དཔོན་བདེ་བ་གསལ་མཛད་ཀྱིས། ཁུངས་སོགས་དང་པོ་གསུམ་བཏང་སྙོམས་སུ་མཛད་ནས། དེ་ཕྱིན་ཡུལ་སོགས་དྲུག་གིས་སྔོན་བྱུང་དང་། བཅུ་པ་དོན་ལ་ནང་གསེས་ཀྱིས་བདུན་དུ་ཕྱེ་བས་རྗེས་འཇུག་ལམ་པའི་དབང་བསྟན་པ་ཤས་ཆེ་བའི་དབང་དུ་མཛད་ནས། སྔོན་བྱུང་དང་རྗེས་འཇུག་ལམ་པའི་དབང་གཉིས་སྡོམས་ཀྱི་དོན་བཅུས་དངོས་སུ་བསྡུས་པར་བཀྲལ་ཞིང་། དེས་དཔགས་ཏེ། རྗེས་འཇུག་ལས་དང་པོ་པ་མ་སྨིན་པར་སྨིན་པར་བྱེད་པའི་དབང་གི་རིམ་པ་གཙོ་བོར་བསྟན་པ་ཆུ་བོ་བཞིས་བསྡུས་པའང་ཤུགས་ལས་བསྟན་པར་བཞེད་དེ། དབང་དོན་བསྡུས་པ་ལས། སེམས་ཅན་རྣམས་ཀྱི་དོན་ཆེད་དུ། །དབང་གི་དོན་རྣམས་བསྡུ་བར་བྱ། །ཆུ་བོ་ཆེན་པོ་བཞི་རྣམས་ལ། །སྔོན་བྱུང་དང་ནི་རྗེས་སུ་འཇུག །སྔོན་བྱུང་ཆུ་བོ་རྣམ་བཞི་ལ། །ཡུལ་དང་དབང་པོ་དགོས་ཆེད་དང་། །ཐབས་དང་རྟགས་དང་གནས་དང་དྲུག །རྗེས་འཇུག་ལམ་པ་དང་པོ་གཉིས། །ལམ་པ་ཆུ་བོ་རྣམ་བཞི་ལ། །རྒྱུད་དང་ཐོབ་དང་མི་ཐོབ་དང་། །ཡུལ་དང་སྣོད་དང་ཁྱད་པར་རྟགས། །བདུན་གྱིས་འདི་ཡི་དོན་བསྡུས་པའོ། །རྗེས་འཇུག་ལས་ཀྱི་དང་པོ་ལ། །ཆུ་བོ་བཞི་ཡི་དབང་བསྐུར་བ། །ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པའོ། །སུམ་ཅུ་རྩ་དྲུག་ལེགས་དབང་བསྐུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་སྤྱིར་སྔོན་བྱུང་གི་དབང་ནི། སློབ་དཔོན་རྫོགས་པའི་སངས་རྒྱས་ཀྱིས་སློབ་མ་རྒྱུའི་ཐེག་པའི་མི་སློབ་ལམ་བརྙེས་པའི་རྒྱལ་བ་དང་། སྔགས་རང་ལུགས་ཀྱི་མཐར་ལམ་རྒྱུན་མཐའ་ལ་བཞུགས་པ་སྟེ། ཆོས་ལྔ་དང་ལྡན་པའི་རྒྱལ་ཚབ་སྐྱེས་བུ་དམ་པར་གྱུར་པ་རྣམས་ལ། ཡེ་ཤེས་རང་སྣང་ལས་གྲུབ་པ་རང་བཞིན་གྱི་དཀྱིལ་འཁོར་དུ་འབྲས་དུས་ཀྱི་དབང་བསྐུར་བས། མཐར་ཐུག་གི་འབྲས་བུའི་གོ་འཕང་ཐོབ་པའི་རྟགས་རྒྱལ་བའི་ཞིང་ཀུན་ཏུ་ཡོངས་སུ་གྲགས་ཤིང་སྣང་བར་གྱུར་པ་སྟེ། དགོངས་འདུས་ལས། ལངྐའི་བདག་པོ་འདི་ལྟ་སྟེ། དཔེར་ན་གང་དྲྭ་མ་ཆེན་པོར་ཀུན་གྱི་སྤྱི་བོར་གྱུར་པ་དག །རྒྱལ་པོ་རྒྱལ་རིགས་ཀྱི་རྒྱུད་དུ་བྱུང་བ་དང་། མཚན་དང་ལྡན་པ་དང་། ཆོས་ཤེས་པ་དང་། འཁོར་དང་ལྡན་པ་དང་། དབང་ཐོབ་པ་དང་ལྡན་ན། མང་པོས་བཀུར་བ་ཐོབ་པ་དེ་བཞིན་དུ། སྐྱེས་བུ་དམ་པ་དེ་དག་ཀྱང་། རྒྱལ་བ་ཀུན་གྱི་རྒྱུད་དུ་བྱུང་བ་དང་། མཚན་དང་དཔེ་བྱད་ཀྱི་རྟགས་དང་ལྡན་པ་དང་། ཆོས་ཤེས་པ་དང་། བསྡུ་བའི་འཁོར་དང་ལྡན་པ་དང་། དབང་བཅུ་ཐོབ་པ་སྟེ། ཆོས་དེ་དག་དང་ལྡན་པས་ན། དེའི་ཕྱིར་རྒྱལ་ཚབ་སྐྱེས་བུ་ཞེས་བྱ་བར་གྲགས་སོ། །ཞེས་དང་། ཡང་། ལངྐའི་བདག་པོ། དེ་ལྟར་ཆོས་ལྔ་དང་ལྡན་པའི་སྐྱེས་བུ་དམ་པ་དེ་དག །དབུགས་ཆེན་པོ་ཡོངས་སུ་ཕྱིན་པའི་གནས་གང་ན་བ་དེར། དམ་པ་རྣམས་ཀྱི་ཁམས་མཐའ་ཐུག་པ་མེད་པ་ནས་རྒྱལ་བ་དཔག་ཏུ་མེད་པ་དག །ཇི་ལྟར་མཁའ་ལ་དབྱར་གྱི་སྤྲིན་ཕུང་བཞིན་ཡོངས་སུ་འདུ་བར་འདུས་ནས། ཀུན་ཀྱང་གསུང་གཅིག་ཏུ། རྒྱལ་ཚབ་སྐྱེས་བུ་དམ་པ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བའི་མིང་གི་གྲགས་པའི་དབང་གིས་དབང་བསྐུར་རོ། །ཞེས་དང་། དབང་ཆོག་ལས། སངས་རྒྱས་རྡོ་རྗེ་འཛིན་པ་ལ། །ས་མཐའི་སེམས་དཔའ་ཆེན་པོ་ཡིས། །ཇི་ལྟར་མཆོད་ཅིང་ཞུས་པ་ལྟར། །ཞེས་དང་། གཞན་ལས་ཀྱང་། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །ཞེས་པ་ལྟར་རོ། །དེ་ཡང་དགོངས་འདུས་ཀྱི་ལུང་འོག་མ་དེས་ནི། རྒྱལ་བའི་རིགས་རྒྱུད་དུ་ཇི་ལྟར་ངེས་པའི་ཁུངས་བསྟན་ཅིང་། དེ་ལྟར་ལ་ལས་ནི་རྡོ་རྗེའི་གདུང་དང་སྡེའི་རྒྱུད་དུ་དབང་གིས་དབང་བྱིན་ནོ། །དེ་བཞིན་དུ་རིན་ཆེན་དང་། པདྨ་དང་། གཞོན་ནུ་སྟེ་ལས་དང་། གླང་པོ་སྟེ་དེ་བཞིན་གཤེགས་པའི་རིགས་ཞེས་འགྲེས་སྦྱར་ཏེ། དེ་ཡང་གདུང་ནི་གཙོ་བོ་ལྔ་དང་། སྡེ་ནི་དེ་དག་གི་འཁོར་ཏེ། དེ་ལྟར་རྒྱལ་བ་ཇི་སྙེད་པ་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་མ་འདྲེས་པར་སོ་སོར་སྣང་བས། རྒྱལ་ཚབ་སྐྱེས་བུ་རྣམས་ལ་དབང་བསྐུར་བས་རིགས་ལྔའི་གདུང་བརྒྱུད་འཛིན་པར་འགྱུར་ཏེ། ཞིང་ཁམས་སོ་སོའི་རིགས་ལྔར་གྲགས་པའི་དབང་ཐོབ་ཅིང་། ལ་ལས་མཚན་གྱི་འོད་ཟེར་གྱི་དབང་གིས་དབང་བྱིན་ནོ། །དེ་བཞིན་དུ་དཔེ་བྱད་ཀྱི། རྒྱན་གྱི། ཁ་དོག་དྲུག་གི། ཞེས་འགྲེས་སྦྱར་བས། རྫོགས་པའི་སངས་རྒྱས་རིགས་ལྔའི་སྐུ་ལ་མཚན་དང་། དཔེ་བྱད་དང་། རྒྱན་དང་། ཁ་དོག་གི་འོད་ཟེར་ཁྱད་པར་ཅན་མངའ་བ་དེ་དང་དེའི་གནས་ནས་འོད་ཟེར་སྤྲོས་ཏེ། རྒྱལ་ཚབ་སྐྱེས་བུ་རྣམས་ལ་ཐིམ་པས་སྐུའི་ཡོན་ཏན་དེ་དག་དང་ལྡན་པའི་དབང་དང་། ལ་ལས་ནི་ཆོས་མ་འདྲེས་པའི་དབང་གིས་དབང་བྱིན་ནོ། །ཞེས་སོགས་ཀྱིས་ཐུགས་ཀྱི་ཡོན་ཏན་མ་འདྲེས་པ་བཅོ་བརྒྱད། སྟོབས་བཅུ། མི་འཇིགས་པ་བཞི། སོ་སོ་ཡང་དག་པའི་རིག་པ་བཞིན་རྣམས་དང་། ལ་ལས་ནི་མཐུན་པས་བསྡུ་བའི་དབང་གིས་དབང་བྱིན་ནོ། །ཞེས་སོགས་ཀྱིས་འཁོར་སྡུད་པའི་ཕྲིན་ལས་ཐུན་མོང་མ་ཡིན་པ་བཅུ་གཅིག་དང་། ལ་ལས་ནི་གང་དུ་དབང་བའི་དབང་གིས་དབང་བྱིན་ནོ། །ཞེས་སོགས་ཀྱིས་ཚེ་ལ་དབང་བ་སོགས་དབང་བཅུ་སྟེ། དེ་རྣམས་ཀྱི་ཡོན་ཏན་མངའ་བ་དེ་དང་དེས་རྒྱལ་ཚབ་སྐྱེས་བུ་རྣམས་ལ་དབང་བསྐུར་བས། འགྲོ་བའི་དོན་ཡོངས་སུ་རྫོགས་པའི་ཡོན་ཏན་དང་ལྡན་པར་གྱུར་བ་ནི་ཞིང་ཁམས་སུ་གྲགས་པའི་དབང་དང་། ཡང་། ལ་ལས་ནི་རྒྱལ་ཚབ་སྐྱེས་བུའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་བྱིན་གྱིས་བརླབས་ཀྱི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་ལུང་སྟོན་པའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་རྩལ་ཆེན་ནུས་པའི་དབང་གིས་དབང་བྱིན་ནོ། །ཞེས་པས་རྒྱལ་ཚབ་གྲགས་པ་བཞིའི་དབང་དང་། ལ་ལས་ནི་རྒྱུད་ཀྱི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་འབྱུང་བའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་གྲགས་པའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་རྫོགས་པའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ཞེས་པས་རྒྱུན་མི་ཆད་པ་ཆུ་བོ་བཞིའི་དབང་སྟེ། སྔར་གྱི་རྒྱལ་ཚབ་སྐྱེས་བུ་ལྔ་ལ་ཐུན་མོང་དུ་བསྐུར་བའང་མི་འགལ་མོད་ཀྱི། འོན་ཀྱང་འདིར་ཚུལ་བསྟན་གྱི་དབང་དུ་དམ་པ་ཏོག་དཀར་སོགས་བཞི་ལ་ཕལ་ཆེར་སྐལ་བ་ཆེ་ཆུང་གིས་བསྐུར་བས་ཐུན་མོང་མ་ཡིན་པའོ། །ཡུལ་སོགས་དྲུག་དབང་དོན་བསྡུས་པར་སྡོམས་སུ་བསྟན་པ་དེ་ཉིད། དབང་དོན་རྣམ་པར་འབྱེད་པ་ལས་སོ་སོར་བཀྲལ་བ་ནི་འདི་ཡིན་ཏེ། ཕྱི་རབས་རྣལ་འབྱོར་དོན་ཆེད་དུ། །དབང་གི་དོན་རྣམས་དབྱེ་བར་བྱ། །རྒྱུད་དང་འབྱུང་བའི་ཆུ་བོ་དང་། །གྲགས་དང་རྫོགས་པའི་ཆུ་བོ་བཞི། །སྔོན་བྱུང་བདེ་གཤེགས་གནས་སྐབས་ན། །ཆོས་རྒྱལ་བྱིན་བརླབས་དབང་ལྡན་དང་། །སྒྲོན་མ་གསང་བ་འཛིན་པ་རུ། །དབང་བསྐུར་ཡུལ་ནི་སློབ་མའི་ཚུལ། ༈ །ཆོས་རྒྱལ་རིགས་ཀྱི་སངས་རྒྱས་དང་། །དཔག་མེད་རྒྱལ་བ་གཟུགས་སྐུ་གཉིས། །དབང་བསྐུར་བ་ཡི་སློབ་དཔོན་ཚུལ། ༈ །རྒྱལ་སའོ་གཟུགས་སྐུར་སངས་རྒྱས་དང་། །ལུང་ཐོབ་གསང་བའི་སྙིང་པོ་ཡི། །ངེས་པ་དུས་ལ་བབ་པའི་ཕྱིར། །དབང་བསྐུར་བ་ཡི་དགོས་ཆེད་དོ། ༈ །དབུ་རྒྱན་ཉི་ཟླ་རྡོ་རྗེ་འབར། །རིགས་ཀྱི་རྒྱ་དང་ཕ་ལམ་གྱི། །རྫས་ལ་བརྟེན་ནས་དབང་བསྐུར་ཐབས། ༈ །དགའ་ལྡན་གནས་དང་འོག་མིན་གནས། །བྱང་ཆུབ་ཤིང་དྲུང་དབང་སྒྱུར་གྱི། །ཁང་བཟང་ལ་སོགས་གནས་ཡིན་ནོ། ༈ །རྒྱལ་ཚབ་རྫོགས་ལོངས་སྤྱོད་པ་དང་། །ཆོས་ཀྱི་མངའ་བདག་གསང་བའི་བདག །ཡེ་ཤེས་རང་སྣང་གཟུགས་བརྙན་ཏེ། །དབང་ཐོབ་པ་ཡི་རྟགས་ཡིན་ནོ། །ཞེས་གསུངས་པའི་དོན་འདི་དག་ཚུལ་བསྟན་གྱི་དབང་དུ་བྱས་ཏེ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ཉིད་ཆོས་ཀྱི་རྒྱལ་སར་རྒྱལ་ཚབ་ཏུ་དབྱུང་བའི་ཕྱིར། དགའ་ལྡན་གྱི་གནས་སུ། སློབ་དཔོན་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཆོས་ཀྱི་རྒྱལ་པོ་ལྟ་བུར་བསྟན་པས། རིན་པོ་ཆེའི་ཏོག་སྟོང་འོད་འབར་བའི་དབུ་རྒྱན་གྱི་རྫས་ལ་བརྟེན་ནས། སྤྲུལ་པའི་རྒྱལ་ཚབ་སྐྱེས་བུ་ཐུག་པ་མེད་པ་རྒྱུན་མི་ཆད་པར་འབྱུང་བ་རྒྱུད་ཀྱི་ཆུ་བོའི་དབང་བྱིན་པས། ཐོབ་པའི་རྟགས་ཆོས་ཀྱི་རྒྱལ་ཚབ་ཉིད་དུ་མངོན་པར་སྣང་བར་གྱུར་ཏོ། །དེ་བཞིན་དུ། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རྒྱལ་བུ་དོན་གྲུབ་ཉིད། གཟུགས་སྐུ་རྣམ་པར་སྣང་མཛད་དུ་འཚང་རྒྱ་བའི་ཕྱིར། ནཻ་རཱཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད་པའི་ཚེ་ཡེ་ཤེས་ཀྱི་ལུས་འོག་མིན་དུ་གཤེགས་པ་ལ། སློབ་དཔོན་རྒྱལ་བ་ཐམས་ཅད་རིགས་ལྔའི་སངས་རྒྱས་སུ་སྣང་བས། གསང་བའི་ཉི་ཟླ་རྡོ་རྗེ་ལྟར། །གཉིས་སུ་མེད་པར་འབར་བའི་རྫས་ལ་བརྟེན་ནས། མངོན་བྱང་ལྔའི་བྱིན་བརླབས་ཀྱིས་ལོངས་སྤྱོད་རྫོགས་པ་ཆེན་པོ་ཞིང་དག་པ་དང་འཁོར་སྨིན་པ་བར་མ་ཆད་པར་འབྱུང་བའི་ཆུ་བོའི་དབང་བྱིན་པས། ཐོབ་པའི་རྟགས་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དུ་གྱུར་ཏོ། །ཡང་བཅོམ་ལྡན་འདས་ཐུབ་པའི་དབང་པོ་ཉིད་ཆོས་ཀྱི་སྒྲོན་མར་ལུང་མངོན་དུ་ཐོབ་པའི་ཕྱིར། སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ། སློབ་དཔོན་ཕྱོགས་བཅུའི་རྒྱལ་བ་དཔག་ཏུ་མེད་པ་འདུས་པས། རྡོ་རྗེ་དང་འཁོར་ལོ་ལ་སོགས་པ་རིགས་ལྔའི་ཕྱག་རྒྱ་མང་པོའི་རྫས་ལ་བརྟེན་ནས། སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེའི་ཞིང་ཁམས་ཀུན་ཏུ་ཐུབ་པའི་དབང་པོ་རེ་རེར་གྲགས་པའི་ཆུ་བོས་ཆོས་ཀྱི་སྒྲོན་མར་ལུང་སྟོན་པའི་དབང་བྱིན་པས། ཐོབ་པའི་རྟགས་ཆོས་ཀྱི་མངའ་བདག་ཉིད་དུ་གྱུར་ནས། ཆོས་ཀྱི་འཁོར་ལོ་ཟླ་མེད་པ་བསྐོར་བར་མཛད་དོ། །ཡང་གསང་བདག་ལག་ན་རྡོ་རྗེ་ཉིད་རྡོ་རྗེ་ཐེག་པའི་མཛོད་གསང་བའི་སྙིང་པོ་མཐའ་དག་ངེས་པར་འཛིན་པའི་དུས་ལ་བབ་པའི་ཕྱིར། དབང་སྒྱུར་ཀྱི་ཁང་བཟང་དང་གྱད་ཡུལ་གྱི་གནས་སུ། སློབ་དཔོན་ལོངས་སྐུ་རྣམ་པར་སྣང་མཛད་དང་སྤྲུལ་སྐུ་ཐུབ་པའི་དབང་པོ་སྟེ་གཟུགས་སྐུ་གཉིས་སུ་བསྟན་པས། རྡོ་རྗེ་ཕ་ལམ་ལྟ་བུའི་རྫས་ལ་བརྟེན་ནས། དོན་ཟབ་མོ་མཐར་རྫོགས་པས་གསང་བའི་མཛོད་འཛིན་ཅིང་སྟོན་པར་ནུས་པ་ལོག་སྡེ་ཚར་གཅོད་པའི་དབང་བྱིན་པས། ཐོབ་པའི་རྟགས་གསང་བ་འཆད་པའི་བདག་པོར་མངོན་དུ་སྣང་བར་གྱུར་ཏོ། །ཡུལ་སོགས་དྲུག་པོ་དེ་དག་ཀྱང་། དགོངས་འདུས་ལས། ལངྐའི་བདག་པོ། སྐྱེས་བུ་དམ་པ་དེ་དག་ཀྱང་། ལ་ལ་ནི་ཆོས་ཀྱི་རྒྱལ་པོར་དབང་འབྱིན་ནོ། །ཞེས་པ་ནས། ལ་ལ་ནི་གསང་བའི་བདག་པོ་ལྟ་བུ་བྱིན། ཞེས་པའི་བར་གྱིས་བསྟན་ནོ། ༈ །གཉིས་པ་རྗེས་འཇུག་གི་དབང་ལ་གཉིས་ལས། དང་པོ་ལམ་པའི་དབང་ལའང་དོན་བདུན་དུ་སྡོམས་སུ་བསྡུས་པ་ཉིད་སོ་སོར་བཀྲལ་བ་ནི་འདི་ཡིན་ཏེ། དབང་དོན་རྣམ་པར་འབྱེད་པ་ལས། རྗེས་འཇུག་ལམ་པའི་གནས་སྐབས་ན། །རྒྱུ་ནི་རྣལ་འབྱོར་རྣམ་པ་ལྔ། །འདུན་པ་སེམས་པ་རིགས་ཆེན་འབྱེད། །རྒྱུད་ཀྱི་ཆུ་བོའི་རྒྱུ་ཞེས་བྱ། །དབུགས་ཆེན་འབྱུང་བའི་ཆུ་བོའི་རྒྱུ། །ལུང་ཆེན་གྲགས་པའི་ཆུ་བོའི་རྒྱུ། །རྩལ་ཆེར་རྫོགས་པའི་ཆུ་བོའི་རྒྱུ། ༈ །བསླབ་པ་ཆུབ་དང་དེ་ཉིད་མཐོང་། །ཤེས་བྱ་གང་ལའང་མ་རྨོངས་དང་། །གང་འཇིགས་པ་དང་བྲལ་བ་ནི། །ཆུ་བོ་བཞི་ཡི་དབང་ཐོབ་ཚད། ༈ །རློམ་དང་དེ་ཉིད་མཐོང་བ་མེད། །ཤེས་བྱ་གང་ལའང་ཕྱོགས་ཆར་དམིགས། །ཡེ་ཤེས་ཡོན་ཏན་མི་འབྱུང་བ། །དེ་ནི་དབང་རྣམས་མི་ཐོབ་བོ། ༈ །མཆོད་རྟེན་སྒྲ་སྙན་ཚད་མ་ངེས། །དབང་ཐོབ་ཡུལ་ནི་སློབ་དཔོན་ཏེ། །ངོ་མཚར་རྫས་རྙེད་བླ་མ་དང་། །ལུང་བསྟ ན་ཐོབ་པའི་བླ་མ་དང་། །བདེ་གཤེགས་ཞལ་མཐོང་བླ་མ་དང་། །བདེ་གཤེགས་ཉིད་དུ་གྱུར་བ་ཡིན། ༈ །རྒྱུད་དུ་བྱུང་དང་རྩལ་རྫོགས་དང་། །ཐུགས་རྗེ་འབྱུང་དང་གཞན་དབང་གྱུར། །ཆུ་བོ་བཞི་ཡི་སྣོད་གྱུར་པའོ། ༈ །ཁྱད་པར་རྩལ་གྱིས་ཐོབ་པ་དང་། །བསྐུར་བས་ཐོབ་པ་རྣམ་པ་གཉིས། །རྒྱལ་བ་ཀུན་གྱི་གསང་བའི་ཐུགས། །རྟོགས་ནས་སྨྲ་བར་གང་བྱེད་པ། །དབང་རྣམས་ཀུན་གྱི་མཆོག་ཡིན་ཏེ། །སྲིད་པ་གསུམ་གྱིས་དེ་དབང་བསྐུར། ༈ །གཙུག་ཏོར་དམ་པ་འབྱུང་བ་དང་། །གང་ལ་མ་བཞག་ལྷན་ནེ་བ། །ལྷུན་གྱིས་ཡོངས་སུ་གྲུབ་པ་དང་། །འོད་ཟེར་མཐའ་ཡས་རྒྱས་པ་རྟགས། །བདུན་གྱིས་ལམ་པའི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར་དོན་བདུན་ལས། དང་པོ་དབང་གི་རྒྱུ་ནི། རྣལ་འབྱོར་ལྔ་ལས། འདུན་པ་སེམས་པ་དང་། རིགས་ཆེན་འབྱེད་པ་སྟེ་ཚོགས་སྦྱོར་གྱི་རྣལ་འབྱོར་གཉིས་རྒྱུད་ཀྱི་ཆུ་བོའི་རྒྱུ་དང་། དེ་བཞིན་མཐོང་ལམ་དབུགས་ཆེན་འབྱིན་པ་འབྱུང་ཆུའི་དང་། སྒོམ་ལམ་ལུང་ཆེན་ཐོབ་པ་གྲགས་པའི་ཆུ་བོའི་དང་། མཐར་ལམ་རྩལ་ཆེན་རྫོགས་པ་ནི་རྫོགས་པའི་ཆུ་བོའི་རྒྱུ་སྟེ། དགོངས་འདུས་ལས། ལངྐའི་བདག་པོ། དེ་ལ་རྒྱུ་ནི་རྣལ་འབྱོར་ཆེན་པོ་ལྔ་སྟེ། འདུན་པའི་རྣལ་འབྱོར་དང་། རིགས་ཆེན་འབྱེད་པའི་རྣལ་འབྱོར་དང་། དབུགས་ཆེན་འབྱིན་པའི་རྣལ་འབྱོར་དང་། ལུང་ཆེན་ཐོབ་པའི་རྣལ་འབྱོར་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་རྣམས་སུ་རིག་པར་བྱའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ཐོབ་པར་འགྱུར་པའི་དུས་ཀྱི་ཚད་ནི། གང་བསླབ་པར་བྱ་བའི་མཐའ་བཅུ་ཡོངས་སུ་ཆུབ་པ་ཚོགས་སྦྱོར་དང་། སེམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་མངོན་སུམ་དུ་མཐོང་བའི་ལམ་དང་། ཏིང་ངེ་འཛིན་གྱི་སྒོ་འབུམ་ཕྲག་དུ་མ་ལ་གོམས་པས་ཤེས་བྱ་གང་ལ་ཡང་མ་རྨོངས་པ་སྒོམ་ལམ་དང་། རྩལ་རྫོགས་པས་འཇིགས་པ་དང་བྲལ་བ་ཚད་དུ་ཕྱིན་པ་མཐར་ལམ་པ་རྣམས་ནི། ཆུ་བོ་བཞིའི་དབང་ཐོབ་པར་འགྱུར་བའི་ཚད་དུ་རིམ་བཞིན་སྦྱར་བར་བྱ་བ་སྟེ། དེ་ལས་ལངྐའི་བདག་པོ། ཐོབ་པའི་ཚད་ནི་འདི་ལྟ་སྟེ། བསླབ་པ་ཡོངས་སུ་ཆུབ་པ་དང་། དེ་ཁོ་ན་ཉིད་མཐོང་བ་དང་། ཤེས་བྱ་གང་ལའང་ཉམ་མི་ང་བ་དང་། གང་གི་འཇིགས་པ་དང་བྲལ་བའོ། །ཞེས་གསུངས། ཧཱུཾ་མཛད་ཀྱིས་ཀུན་འདུས་དཀའ་འགྲེལ་དུ། ཚོགས་སྦྱོར་གཉིས་སོ་སོར་ཕྱེ་ནས་ཆུ་བོ་བཞི་དང་སྦྱར་ཞིང་། མཐར་ལམ་པ་དབང་གི་འབྲས་བུར་བཤད་དེ། དེ་སྐད་དུའང་། དབང་འདི་དག་ཀྱང་རྣལ་འབྱོར་པའི་དབང་དུ་སྟེ། འདུན་པའི་རྣལ་འབྱོར་པ་ལ་ནི་ཕྱིའི་དབང་ངོ་། །རིགས་ཆེན་འབྱེད་པ་ལ་ནི་ནང་གི་དབང་ངོ་། །དབུགས་ཆེན་འབྱིན་པ་ལ་ནི་སྒྲུབ་པའི་དབང་ངོ་། །ལུང་ཆེན་ཐོབ་པ་ལ་ནི་གསང་བའི་དབང་ངོ་། །རྩལ་ཆེན་རྫོགས་པ་ནི་དབང་གི་འབྲས་བུའོ། །ཞེས་གསུངས་སོ། །གསུམ་པ་མི་ཐོབ་པའི་གེགས་ནི། བསླབ་པའི་དོན་མ་ཆུབ་པར་རློམ་སེམས་སུ་བྱེད་པ་དང་། དོན་ངེས་པར་མ་རྟོགས་པས་མ་ངེས་པ་དང་། བསྒོམ་བྱའི་དོན་དང་ཤེས་བྱ་ལ་ཕྱོགས་ཆར་དམིགས་ཏེ་འཛིན་པ་དང་། ཡེ་ཤེས་དང་ཡོན་ཏན་གྱི་རྩལ་མི་འབྱུང་བ་རྣམས་ནི་མི་ཐོབ་པའི་གེགས་ཏེ། དགོངས་འདུས་ལས། གང་མི་ཐོབ་པ་ནི། གང་རློམ་པ་དང་། གང་དག་མ་ངེས་པ་དང་། གང་ལ་དམ་པར་དམིགས་པ་དང་། གང་དུ་མི་འབྱུང་བའོ། །ཞེས་སོ། །བཞི་པ་གང་ལས་ཐོབ་པའི་ཡུལ་སློབ་དཔོན་ནི། ཀུན་གྱིས་མཆོད་པའི་རྟེན་དུ་གྱུར་པའི་བླ་མ་ངོ་མཚར་གྱི་རྫས་རྙེད་ཅིང་བདེན་པ་མཐོང་བ་དང་། དངོས་སུ་སྒྲ་སྙན་གྱིས་ལུང་ཐོབ་པ་དང་། རྩལ་ཆེན་བློ་གྲོས་ངེས་པའི་ཚད་མས་བདེ་གཤེགས་ཀྱི་ཞལ་མཐོང་བ་དང་། ཡང་དག་པ་ཉིད་དུ་ངེས་པ་རྙེད་ཟིན་པའི་བདེ་བར་གཤེགས་པ་རྣམས་ནི་རིམ་པར་ཆུ་བོ་བཞིའི་དབང་བསྐུར་བ་པོའི་སློབ་དཔོན་ཏེ། དེ་ལས། ལངྐའི་བདག་པོ། ཡུལ་ནི་མཆོད་རྟེན་དང་། སྒྲ་སྙན་དང་། ཚད་མ་དང་། ངེས་པའོ། །ཞེས་སོ། །ལྔ་པ་གང་ལ་བསྐུར་བྱའི་སློབ་བུ་ནི། ལམ་ལྔ་གོང་མས་འོག་མ་ལ་བསྐུར་བ་སྟེ། ཡིད་ལ་བྱེད་པ་དང་འཕྲོ་འདུ་གཅིག་པ་ལ་སྦྱངས་པས་རྒྱལ་བའི་གདུང་ཚབ་ཀྱི་རྒྱུད་དུ་བྱུང་བ་དང་། ཡེ་ཤེས་དང་ཏིང་འཛིན་གྱི་རྩལ་རྫོགས་པས་དོན་རྟོགས་ཏེ་འཇིགས་པ་དང་བྲལ་བ་དང་། ལུང་ཐོབ་ཅིང་གདེངས་དང་ལྡན་པས་གཞན་དོན་གྱི་ཐུགས་རྗེ་འབྱུང་བ་དང་། རྩལ་ཆེན་རྫོགས་པས་ཐམས་ཅད་དབང་དུ་གྱུར་པ་ནི་རིམ་བཞིན་ཆུ་བོ་བཞིའི་དབང་སྦྱིན་བྱའི་སྣོད་དེ། དེ་ལས། ལངྐའི་བདག་པོ། གང་སྣོད་དུ་གྱུར་པ་ནི། རྒྱུད་དུ་བྱུང་བ་དང་། རྩལ་རྫོགས་པ་དང་། ཐུགས་རྗེ་འབྱུང་བ་དང་། གཞན་པ་དབང་དུ་གྱུར་པའོ། །ཞེས་སོ། །དྲུག་པ་གང་གིས་ཐོབ་པའི་ཁྱད་པར་ལ་གཉ ིས་ཏེ། དེ་ལས། ལངྐའི་བདག་པོ། ཁྱད་པར་ནི་འདི་ལྟར། རྩལ་གྱིས་ཐོབ་པ་དང་། བསྐུར་བས་ཐོབ་པའོ། །ཞེས་པས་དབང་རྣོན་རིག་པའི་རྩལ་གྱིས་ཅིག་ཅར་དུ་ཐོབ་པ་དང་། དབང་རྟུལ་བསྐུར་བས་རིམ་པར་ཐོབ་པའོ། །དང་པོ་ནི། བདག་དོན་དུ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་གསང་བ་དཀྱིལ་འཁོར་རྣམ་གསུམ་དབྱེར་མི་ཕྱེད་པའི་གནས་ལུགས་ཀྱི་དོན་རྟོགས་ནས། དེ་ཉིད་གཞན་དོན་དུ་གསལ་བར་སྟོན་ནུས་པ་དེ་ནི་ཐོབ་བྱའི་ཕུལ་དུ་གྱུར་པ་ཐོབ་པའི་ཕྱིར། སྲིད་པ་གསུམ་ལ་དབང་སྒྱུར་བའི་བདག་པོར་གྱུར་པ་སྟེ། དེ་ལས། ལངྐའི་བདག་པོ། རྩལ་གྱིས་ཐོབ་པ་ནི་འདི་ལྟ་སྟེ། རྒྱལ་བ་རྣམས་ཀྱི་གསང་བའི་ཐུགས། །རྟོགས་ནས་གང་ལ་གསལ་བྱེད་པ། །དབང་རྣམས་ཀུན་གྱི་མཆོག་ཡིན་ཏེ། །སྲིད་པ་གསུམ་གྱིས་དེ་དབང་བསྐུར། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དེ་ལས། ལངྐའི་བདག་པོ། གང་བསྐུར་བས་ཐོབ་པ་ནི། གང་ལ་ཕན་པ་དང་། གང་གི་ནུས་པ་ཙམ་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་དོན། འགྲེལ་པ་མུན་པའི་གོ་ཆར། བསོད་ནམས་ཀྱི་ས་བོན་དུ་གྱུར་པས་ས་བོན་ངན་པ་སྤོང་བ་དང་། སྒོ་གསུམ་གྱི་རྩལ་གྱིས་བདག་གཞན་གྱི་དོན་ནུས་པའོ། །དེ་ཡང་བུམ་པའི་དབང་ལ་སོགས་པ་དང་། རབ་འབྱམས་འཆད་པ་ལ་སོགས་པའོ། །ཞེས་གསུངས་ཤིང་། དེ་ཡང་ལམ་ལྔ་གོང་མ་གོང་མས་འོག་མ་འོག་མ་ལ་རང་བཞིན་དང་སྤྲུལ་པའི་དཀྱིལ་འཁོར་ལ་སོགས་པར་བསྐུར་བས་ནུས་པ་དངོས་སུ་ཐོབ་པ་དང་། ཏིང་ངེ་འཛིན་ལ་བརྟན་པ་ཅི་རིགས་ཐོབ་པའི་སློབ་དཔོན་གྱིས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་སྐལ་ལྡན་གྱི་སློབ་མ་ལ་དབང་བསྐུར་བས་ཐོབ་པ་ནི་མོས་སློབ་ཙམ་ཡིན་པས་ནུས་པ་སྐྱེ་རུང་དུ་སྨིན་པ་སྟེ། དེ་ལས་སྐབས་འདིར་བསྟན་ནི་སྔ་མའོ། །དེ་ལྟར་ན་རྣལ་འབྱོར་བཞི་ལ་ཕན་ནུས་སོགས་ཆུ་བོ་བཞིའི་དབང་བསྐུར་བའམ། ཡང་ན་ཕན་དབང་སྔོན་དུ་སོང་བ་གཞིར་བཞག་ནས། ལམ་གང་དང་གང་ཐོབ་པའི་ཕྱིར་ནུས་པའི་དབང་རིམ་པར་བསྐུར་ཚུལ་ཀྱང་གསུངས་ཏེ། དགོངས་འདུས་ལས། འདུན་པའི་རྣལ་འབྱོར་པ་དག་ལ། །གླེགས་བམ་བཅུ་གཉིས་བྱིན་པར་བྱ། །གང་སྦྱོར་བ་ཡི་རྣལ་འབྱོར་ལ། །ཉི་ཟླ་གཉིས་ནི་བྱིན་པར་བྱ། །དབུགས་ཆེན་ཕྱིན་པའི་རྣལ་འབྱོར་ལ། །རིན་ཆེན་བདུན་ཉིད་ངེས་པར་ཐོབ། །ལུང་ཆེན་ཐོབ་པའི་རྣལ་འབྱོར་པས། །གཡུང་དྲུང་བརྒྱད་དག་ཐོབ་པ་ཡིན། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་པས། །རྩལ་བཅུའི་ཁྱད་པར་དེ་ཉིད་ཐོབ། །ཀུན་གྱི་བླ་མ་དམ་པས་ནི། །ཏོག་སྟོང་འབར་བ་བླ་མེད་ཐོབ། །ཅེས་པས་ཚོགས་ལམ་དུ་ཉན་དབང་བསྐུར་བའི་རྫས་ཐོས་བསམ་གྱི་རྟེན་གླེགས་བམ་བྱིན་ཏེ། བཅུ་གཉིས་ནི། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་རྐང་པ་བཞི་རྣམས་མཚོན་པ་གསུང་རབ་ཡན་ལག་བཅུ་གཉིས་སོ། །སྦྱོར་ལམ་དུ་སྒོམ་དབང་གི་རྫས་ཉི་ཟླ་བྱིན་ཏེ། སྣང་སྟོང་ཟུང་འཇུག་ཏུ་ཉམས་སུ་བླངས་ཤིང་བསྒོམས་པས་རང་རང་གི་མི་མཐུན་ཕྱོགས་ལ་དབང་སྒྱུར་ཞིང་འཇོམས་པར་བྱེད་པའི་དབང་པོ་དང་སྟོབས་ལྔ་མཚོན་པའོ། །མཐོང་ལམ་པ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཚུལ་གྱིས་བདག་གཞན་གྱི་དོན་ལ་དབང་སྒྱུར་ཞིང་འཇོམས་པར་བྱེད་པའི་དབང་པོ་དང་སྟོབས་ལྔ་མཚོན་པའོ། །མཐོང་ལམ་པ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཚུལ་གྱིས་བདག་གཞན་གྱི་དོན་ལ་དབང་སྒྱུར་བའི་ཕྱིར། རིན་ཆེན་སྣ་བདུན་བྱིན་ཏེ། བྱང་ཆུབ་ཡན་ལག་བདུན་མཚོན་པའོ། །སྒོམ་ལམ་པ་ལ་དམ་པ་རྣམས་ཀྱི་ཐུགས་ཀྱི་སྲས་སུ་བཀྲ་ཤིས་པར་བྱིན་གྱིས་བརླབས་པའི་ཕྱིར། བཀྲ་ཤིས་རྫས་བརྒྱད་བྱིན་ཏེ། འཕགས་ལམ་ཡན་ལག་བརྒྱད་མཚོན་པའོ། །མཐར་ལམ་པ་ལ་སྟོབས་བཅུའི་དབང་བྱིན་པས། མི་མཐུན་པ་ཟིལ་གྱིས་གནོན་ཅིང་། མཐུན་པའི་ཡེ་ཤེས་ཀྱི་རྩལ་བཅུའི་ཁྱད་པར་ས་བཅུ་པ་མཐར་ཕྱིན་པའོ། །ཀུན་གྱི་བླ་མ་ནི་ལམ་པ་ཀུན་གྱི་སློབ་དཔོན་མི་སློབ་པའི་གོ་འཕང་ཡིན་པས། དེར་མངའ་དབང་སྒྱུར་བའི་ཕྱིར། རིན་པོ་ཆེའི་ཏོག་སྟོང་ཀུན་ཏུ་འོད་འབར་བའི་དབུ་རྒྱན་ཅོད་པན་དང་བཅས་པས་དབང་བསྐུར་ཏེ། འདི་ནི་འབྲས་དབང་དུ་འདུའོ། །བདུན་པ་དབང་ཐོབ་པའི་རྟགས་ནི། ལམ་འོག་མ་འོག་མ་ལ་དབང་བསྐུར་བས་ཐོབ་པའི་རྟགས་རང་རང་གི་ལམ་གོང་མ་ཐོབ་པ་སྟེ། དེ་ཡང་ཚོགས་སྦྱོར་གྱི་རྟེན་ལ་དབང་བསྐུར་བའི་རྟགས་མཐོང་ལམ་ཐོབ་པས་ཀུན་གྱིས་བཀུར་གནས་ཐོབ་པ་དང་། མཐོང་བའི་དོན་དེ་ལས་མི་གཡོ་བར་གོམས་པར་བྱེད་པ་སྒོམ་ལམ་ལྷག་པའི་ཡེ་ཤེས་འབྱུང་བ་དང་། དེ་ལས་རིག་པའི་རྩལ་ལ་གོམས་པ་རྩོལ་མེད་ལྷུན་གྲུབ་ཏུ་མཐར་སོན་པ་མཐར་ལམ་པ་དང་། དེ་ལས་རྫོགས་པའི་སངས་རྒྱས་ཀྱི་ས་བརྙེས་པས་དོན་གཉིས་མཐར་ཕྱིན་པའི་ཆེ་བའི་ཡོན་ཏན་གྱི་འོད་ཟེར་ཀུན་ཏུ་རྒྱས་པ་སྟེ། དགོངས་འདུས་ལས། ལངྐའི་བདག་པོ་རྟགས་ནི་འདི་ལྟ་སྟེ། གཙུག་ཏོར་དམ་པ་འབྱུང་བ་དང་། གང་ལ་མ་གཞག་ལྷན་ནེ་བ་དང་། ལྷུན་གྱིས་ཡོངས་སུ་གྲུབ་པ་དང་། འོད་ཟེར་མཐའ་ཡས་རྒྱས་པའོ། །ཞེས་གསུངས་སོ། ༈ །གཉིས་པ་རྗེས་འཇུག་ལས་དང་པོ་པའི་དབང་ནི། དབང་དོན་བསྡུས་པ་ལས། རྗེས་འཇུག་ལས་ཀྱི་དང་པོ་ལ། །ཆུ་བོ་བཞི་ཡི་དབང་བསྐུར་བ། །ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །ཞེས་སོགས་ཀྱི་དོན། དབང་དོན་རྣམ་པར་བྱེད་པ་ལས། དང་པོ་རྒྱལ་པོ་བཀའ་རྟགས་དབང་། །ཞེས་སོགས་ཀྱིས་བཀྲལ་ཞིང་དེ་རེ་རེ་ལའང་དབང་དོན་རྒྱ་ཆེར་འབྱེད་པ་ལས། དང་པོ་རྒྱལ་པོ་བཀའ་རྟགས་ཉི་ཤུ་དང་། །ཞེས་སོགས་ཀྱིས་དབྱེ་བ་མདོར་བསྟན། དང་པོ་རྒྱལ་པོ་བཀའ་རྟགས་ཉི་ཤུ་ནི། །ཅོད་པན་ལྷ་མོ་སེང་གེ་གླང་པོ་ཆེ། །ཞེས་སོགས་ཀྱིས་རྒྱས་པར་ཕྱེ་བའི་སྒོ་ནས་བཀྲལ་བ་རྣམས་ཡིན་ཏེ། འཆད་པར་འགྱུར་པ་ལས་ཤེས་པར་བྱའོ། །ད་ནི་སྔར་བཤད་ཟིན་དང་། ཕྱིས་འཆད་འགྱུར་ཀུན་ཏུ་ཁྱེར་ཤེས་པའི་གནད་ཚུལ་འདི་དག་ལ་དཔྱད་པར་བྱ་སྟེ། རྗེས་འཇུག་ལམ་པའི་དབང་འཆད་པའི་སྐབས་སུ། གང་ལ་བསྐུར་བྱའི་ཡུལ་གྱི་སློབ་མ་ཚོགས་སྦྱོར་གཉིས་གཅིག་ཏུ་བསྡུས་ཤིང་། མཐོང་སྒོམ་མཐར་གསུམ་མི་སློབ་ལམ་བཞིར་བཞག་ནས། དེ་དང་དེ་ལ་དབང་གི་ཆུ་བོ་བཞི་རིམ་གྱིས་བསྐུར་བས་ལམ་གོང་མ་གོང་མ་ལ་སྦྱོར་བར་གསུངས་པ་ནི། དངོས་བཏགས་མ་ཕྱེ་བའི་ལམ་དུས་ཀྱི་དབང་སྟེ། གཞན་དུ་སྔར་མ་སྨིན་པ་སྨིན་བྱེད་ཀྱི་དབང་གི་སྐབས་ཡིན་ན། ཤིན་ཏུ་དབང་རྣོན་དབང་དུས་སུ་གྲོལ་ནུས་པའི་གང་ཟག་ཁྱད་པར་ཅན་ཁ་ཅིག་ལ་མ་གཏོགས་པ་དེ་འདྲ་མི་སྲིད་པས། སྨིན་བྱེད་ལ་ལྟོས་ནས་ཆུ་བོ་བཞིའི་ནང་ཚན་གྱི་དབང་དེ་དང་དེ་བསྐུར་བས་མཐོང་སྒོམ་མཐར་གསུམ་གྱི་སློབ་ལམ་དང་། མི་སློབ་ལམ་སངས་རྒྱས་ཀྱིས་ཐོབ་པར་འགྱུར་ངེས་ཀྱི་རྟེན་འབྲེལ་སྒྲིག་བྱེད་ཙམ་སྟེ། མ་འོངས་པ་ན་ཐོབ་འགྱུར་དེ་ཡང་། དམ་ཚིག་མ་ཉམས་ཤིང་རིམ་གཉིས་སྒོམ་པའི་མཐུན་རྐྱེན་ཚང་བ་ཞིག་གི་དབང་དུ་བྱས་ན། སྐྱེ་བ་འདིའམ། ཐ་ནའང་སྐྱེ་བ་ཕྱི་མའི་ཐ་ཚུན་ཆོད་ལས་མི་འགྱངས་པ་ཡིན་ནོ། །དེར་མ་ཟད། ལམ་དབང་ལ་ལྟོས་ནས་ཀྱང་། དབང་དེ་དང་དེར་རང་ལམ་གོང་མའི་དངོས་རྒྱུན་ཡིན་པར་མ་ངེས་ཏེ། དཔེར་ན་ཚོགས་སྦྱོར་ལ་གནས་པའི་གང་ཟག་དེ་མཐོང་ལམ་ལ་སྦྱོར་བ་ལ་དུས་དེར་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བསྐུར་དགོས་པས་མ་ཁྱབ་ཅིང་། འོན་ཀྱང་ལམ་གོང་མ་ལ་སྦྱོར་བའི་རྟེན་འབྲེལ་སྒྲིག་བྱེད་ཀྱི་རྒྱུ་འབྲས་ཙམ་དུ་འགྱུར་བས་ན། ས་མཚམས་དེ་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ཀྱི་མཐའ་གཅིག་ཏུ་ངེས་པ་མི་འཆའོ། ༈ །དེ་ཡང་སྤྱིར་དབང་ལ་རྒྱུ་ལམ་འབྲས་བུའི་དབང་གསུམ་སྟེ། དེ་གསུམ་བསྐུར་བའི་དུས་ཀྱང་། རྒྱུ་དུས་ཀྱི་དབང་ནི་ཐོག་མར་བསྐུར་དགོས་ཏེ། དེ་མ་སྨིན་པ་སྨིན་བྱེད་ཀྱི་དབང་ཡིན་པ་གང་ཞིག །དེ་ཡིན་ན་ལམ་སྒོམ་པའི་སྔོན་དུ་བསྐུར་དགོས་པས་ཁྱབ་པའི་ཕྱིར། ལམ་དུས་ཀྱི་དབང་ནི། ནམ་དུས་ལ་བབས་པ་དེའི་ཚེ་བསྐུར་དགོས་ཏེ། དེ་ལམ་གྱི་བོགས་འདོན་ཡིན་པའི་ཕྱིར། དེ་ཡིན་ཏེ། ལམ་དུས་ཀྱི་དབང་ཡིན་ན་སྔར་རྒྱུད་སྨིན་པའི་རྒྱུན་དེ་ཉིད་འཕེལ་ཞིང་རྒྱས་པར་བྱེད་པའི་དབང་ཡིན་དགོས་པ་གང་ཞིག །ཇི་ཙམ་འཕེལ་བའི་ཆ་དེ་དང་དེ་དབང་དེ་ལས་གསར་ཐོབ་ཏུ་འགྱུར་ཡང་། ཐོབ་བྱ་སྡོམ་པའི་ངོ་བོ་རིགས་མི་འདྲ་བ་གཞན་མེད་པས་སྨིན་བྱེད་ཀྱི་ཐ་སྙད་མི་འཇུག་པའི་ཕྱིར། འབྲས་དུས་ཀྱི་དབང་ནི། ས་བཅུའི་རྒྱུན་མཐར་བསྐུར་དགོས་ཏེ། དེ་མཐར་ཐུག་གི་འབྲས་བུར་སྦྱོར་བྱེད་ཡིན་པའི་ཕྱིར་རོ། །དེས་ན་སྔར་བཤད་སྔོན་བྱུང་གི་དབང་ནི། འབྲས་དུས་ཀྱི་དབང་གི་རིགས་སུ་འདུ་ཞིང་། རྒྱུ་ལམ་གྱི་དབང་གཉིས་ནི། རྗེས་འཇུག་གི་དབང་སྟེ། འདིར་དངོས་བསྟན་སློབ་ལམ་བཞི་ལ་ཆུ་བོ་བཞིའི་དབང་སྐབས་བབས་སུ་བསྐུར་བར་གསུངས་པ་ལ། སློབ་དཔོན་གྱིས་རྗེས་འཇུག་ལམ་པའི་དབང་ཞེས་ཐ་སྙད་མཛད་མོད། དེ་ལྟ་ནའང་སྔ་མ་གསུམ་པོ་ལམ་དུས་ཀྱི་དབང་དངོས་ཡིན་ཀྱང་། ཕྱི་མ་གཅིག་པོ་ལ་དངོས་བཏགས་ཀྱི་ཆ་གཉིས་ཀ་ཡོད་དེ། སྤྱིར་མཐར་ལམ་པ་ལ་བསྐུར་བའི་དབང་ཙམ་དང་། བྱེ་བྲག་རྒྱུན་མཐར་རང་ལམ་གོང་མ་ལ་སྦྱོར་བྱེད་ཀྱི་དབང་གཉིས་སྲིད་པས་ན། ཕྱི་མ་དེ་འབྲས་དུས་ཀྱི་དབང་དུ་འགྱུར་ཀྱང་། ལམ་དབང་གི་ཁོངས་སུ་བསྡུས་ནས་དེར་བཏགས་སོ། །ཡང་ལམ་དབང་ཡིན་ན། དེའི་སྔོན་དུ་རྒྱུ་དབང་སོང་བས་ཁྱབ་པའི་ཕྱིར། སྨིན་བྱེད་ཀྱི་དབང་ཡང་ཤུགས་ཀྱིས་འཕངས་པར་མངོན་ཞིང་། སློབ་དཔོན་གྱིས་རྗེས་འཇུག་ལས་དང་པོ་པའི་དབང་ཞེས་ཐ་སྙད་མཛད་པ་ལ། རྒྱུ་ལམ་གྱི་དབང་གཉིས་ཀའི་ཆ་ཡོད་ཀྱང་། གཙོ་ཆེ་བའི་དབང་དུ་བྱས་ན་རྒྱུ་དུས་ཀྱི་དབང་དུ་འགྱུར་རོ། ༈ །གཉིས་པ་རྗེས་འཇུག་གི་དབང་གི་གོ་དོན་བྱེ་བྲག་ཏུ་བཤད་པ་ནི། འདིར་རྗེས་འཇུག་ལས་དང་པོ་པའི་དབང་གཙོ་ཆེ་བ་ཡིན་ནོ། །དེ་ལ་གསུམ་སྟེ། དབང་གི་ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། ཧེ་རུ་ཀ་འདུས་པའི་རྒྱུད་ལས། གང་གིས་གང་ལ་གང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་པའི་དོན་བྱ་བྱེད་ལས་གསུམ་གྱི་ངེས་པ་ལས་ཤེས་པར་བྱ་བ་ཡིན་ཏེ། བྱེད་པ་པོ་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། ལས་ནི་སྟ་གོན་གྱིས་རྒྱུད་སྦྱངས་པའི་སློབ་བུ་སྣོད་ལྡན་གྱི་རྒྱུད་ལ། བྱེད་པ་རྫས་སྔགས་ཏིང་ངེ་འཛིན་གསུམ་ཚོགས་པའི་ཆོ་ག་ཁྱད་པར་ཅན་གྱི་དབང་བསྐུར་བས། བྱ་བ་སློབ་མའི་རྟོག་ཚོགས་གདོད་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པའི་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་ཉིད་ངོ་འཕྲོད་པས། རང་སྐལ་གྱི་སྒྲིབ་པ་ཅི་རིགས་རང་སངས་ཀྱིས་དག་པའམ་ཉམས་སྨད་པར་གྱུར་ཅིང་། ལམ་རིམ་པ་གཉིས་ཀྱིས་ཡེ་ཤེས་དངོས་སུ་སྐྱེས་སམ་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱས་པས་རྒྱུད་འགྱུར་བའི་ཁྱད་པར་གང་ཡིན་པའོ། །ཐོབ་བྱ་དེ་ཡང་གང་ཞེ་ན། དབང་རང་རང་གི་མཚུངས་ལྡན་གྱི་རྒྱུ་དང་རྣམ་པ་འདྲ་བའི་དབང་རྫས་སོ་སོ་ལ། རྫོགས་སངས་རྒྱས་ཀྱི་འབྲས་ཆོས་ཀྱི་ཡོན་ཏན་ཀྱང་། མཚུངས་ལྡན་གྱི་རྒྱུ་གང་ལ་རང་ཆོས་ཉིད་དུ་སོང་བའི་ལྡོག་ཆ་དེ་དང་དེས་རབ་ཏུ་གནས་པར་བྱས་པའི་ཡེ་ཤེས་དང་། རང་བཞིན་ཐ་མི་དད་པའི་རང་གནས་ཀྱི་ཡེ་ཤེས་གང་ཡིན་པ་ཉིད་དེ། དབང་གི་མན་ངག་གསང་བ་ལས། རྫས་ལ་རབ་གནས་ཡེ་ཤེས་དང་། །ཐ་མི་དད་པའི་ཐོབ་བྱ་དེ། །དབང་གི་ངོ་བོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། ཨ་བྷི་ཞེས་པ་མངོན་དུའམ་མངོན་པ། སཉྩ་ཞེས་པ་གཏོར་ཞིང་འཁྲུད་པའམ་ཆུ་བླུགས་པ་ལྟ་བུ་ལའང་འཇུག་པས། མངོན་པར་གཏོར་བས་ན་དབང་སྟེ། སྦྱང་བྱ་སྒོ་གསུམ་གྱི་དྲི་མ་རགས་ཕྲ་གཏོར་ཞིང་འཁྲུད་པར་བྱེད་པའི་ཕྱིར། མངོན་པར་བླུགས་པས་ན་དབང་སྟེ། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར། དེ་ལྟར་ཡང་བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས་ཤིང་། དེ་ལྟར་སྤངས་ཐོབ་ཀྱི་ནུས་པ་བཞག་པ་དེ་ཉིད་ཀྱང་རྒྱུན་མི་ཆད་པར་འཇུག་པ་ཡིན་པས། ཕྱིས་སློབ་དཔོན་ལས་དབང་སླར་ཡང་བླངས་པའམ། སྡོམ་ལྡན་རང་ཉིད་ཀྱིས་བླངས་ཏེ་ཐོབ་པ་དང་། སྔར་ཐོབ་ཀྱི་རྒྱུན་དེ་ཉིད་ལམ་རིམ་པ་གཉིས་ཀྱིས་བསྐྱངས་ཀྱང་རུང་སྟེ། ཇེ་བཟང་དུ་འཕེལ་ཞིང་རྒྱས་པའི་ཆ་དེ་དང་དེ་ཡང་རྒྱུན་མི་ཆད་པར་གོང་འཕེལ་གྱི་ཚུལ་དུ་འཇུག་པ་ཡིན་ནོ། །དེ་ལྟར་ཡང་མན་ངག་གསང་བ་ལས། ཁྱད་པར་ཅན་གྱི་ནུས་འཇོག་ཅིང་། །རྒྱུན་མི་ཆད་དང་འཁྲུ་ཕྱིར་རོ། །ཞེས་སོ། །གསུམ་པ་དབྱེ་བ་ལ་བཞི་སྟེ། བསྐུར་བྱ་ཆུ་བོ་བཞིའི་སྒོ་ནས་དབྱེ་བ། ཐོབ་བྱེད་རྒྱུ་རྐྱེན་གྱི་སྒོ་ནས་དབྱེ་བ། འབྲས་བུ་བྲལ་ཐོབ་ཀྱི་སྒོ་ནས་དབྱེ་བ། སྤང་བླང་སྐྱོན་ཡོན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། རྩ་རྒྱུད་ལས། འདུས་པ་ཆེན་པོའི་རྣལ་འབྱོར་པ། །སྲིད་པ་གསུམ་གྱིས་ཕྱག་བྱས་པའི། །བླ་མའི་ས་ལ་གནས་པ་ཡི། །དབང་མཆོག་སུམ་ཅུ་རྩ་དྲུག་ཡིན། །ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་དང་། བཤད་རྒྱུད་དགོངས་འདུས་ལས། ལ་ལས་ནི་རྒྱུད་ཀྱི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་འབྱུང་བའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་གྲགས་པའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ལ་ལས་ནི་རྫོགས་པའི་ཆུ་བོའི་དབང་གིས་དབང་བྱིན་ནོ། །ཞེས་དང་། བཤད་རྒྱུད་རྔམ་གློག་ལས་ཀྱང་། དང་པོ་ཕྱི་ཡི་དབང་བཅུ་བསྐུར། །དེ་ནས་ནང་དབང་བཅུ་དང་གཅིག །དེ་ནས་སྒྲུབ་དབང་བཅུ་དང་གསུམ། །ཐ་མར་གསང་བ་རྣམ་པ་གཉིས། །བཅུ་ཕྲག་གསུམ་དང་དྲུག་དག་གིས། །དབང་མཆོག་དམ་པ་བསྐུར་བ་ཡིན། །ཞེས་པས་འདུས་པ་མདོའི་དབང་ལ་དབྱེ་ན་ཆུ་བོ་བཞི་སྟེ། ཕྱི་དབང་རྒྱུད་ཀྱི་ཆུ་བོ། ནང་དབང་འབྱུང་བའི་ཆུ་བོ། སྒྲུབ་དབང་གྲགས་པའི་ཆུ་བོ། གསང་དབང་རྫོགས་པའི་ཆུ་བོའོ། །མཚན་ཉིད་རིམ་བཞིན། ཆུ་བོ་བཞི་ཡི་ནང་ཚན་གང་ཞིག །རང་ཐོབ་བྱེད་འདུས་པ་མདོའི་རྩ་བའི་དཀྱིལ་འཁོར་ཐུན་མོང་ཐུན་མིན་གང་རུང་ངམ། བསྙེན་པ་དང་འབྲེལ་བ་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་བ་གང་རིགས་ལ་བརྟེན་ནས་བསྐུར་བས། སློབ་བུའི་རྒྱུད་ལ་ཡོ་ག་མན་ཆད་ཐེག་པ་དྲུག་པོ་སོ་སོ་རང་རང་གི་སྤངས་ཐོབ་དང་རིགས་འདྲའི་ཡོན་ཏན་གྱི་ཆ་དེ་དང་དེ་སྐྱེས་སམ་སྐྱེ་རུང་གི་དགེ་བའི་ས་བོན་གསོས་ཐེབས་ཤིང་། རང་འབྲས་ནང་དབང་བསྐུར་རུང་གི་སྐལ་བ་ཅན་དུ་བསྒྲུབས་པ་དེ་ཕྱི་དབང་གི་མཚན་ཉིད། དབྱེ་ན། ཕྱི་དབང་རྩ་བ་བཅུའམ། དེ་ལས་ཕྱེ་བའི་བྱེ་བྲག་བརྒྱ་རྩ་བརྒྱད་ལ་སོགས་པའོ། །ཆུ་བོ་བཞིའི་ནང་ཚན་གང་ཞིག །རང་ཐོབ་བྱེད་འདུས་པ་མདོའི་རྩ་བའི་དཀྱིལ་འཁོར་ཐུན་ཐུན་མིན་གང་རུང་ངམ། ཉེ་བསྙེན་གྱི་ཡན་ལག་དང་འབྲེལ་བ་ཚོགས་ཆེན་འདུས་པ་ཐུན་མོང་གི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བས། སློབ་བུའི་རྒྱུད་ལ་མ་ཧཱ་ཡོ་གའི་སྤངས་ཐོབ་དང་རིགས་འདྲའི་ཡོན་ཏན་སྐྱེས་སམ་སྐྱེ་རུང་གི་ས་བོན་ཐེབས་ཤིང་། རང་འབྲས་སྒྲུབ་དབང་བསྐུར་རུང་གི་སྐལ་བ་ཅན་དུ་བསྒྲུབས་པ་དེ་ནང་དབང་གི་མཚན་ཉིད། དབྱེ་ན། ནང་དབང་རྩ་བ་བཅུ་གཅིག་གམ། དེ་ལས་ཕྱེ་བའི་བྱེ་བྲག་དྲུག་བརྒྱ་དང་དྲུག་ལ་སོགས་པའོ། །ཆུ་བོ་བཞིའི་ནང་ཚན་གང་ཞིག །རང་ཐོབ་བྱེད་འདུས་པ་མདོའི་རྩ་བའི་དཀྱིལ་འཁོར་གཉིས་གང་རུང་ངམ། སྒྲུབ་པའི་ཡན་ལག་དང་འབྲེལ་བ་ཚོགས་ཆེན་འདུས་པ་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བས། སློབ་བུའི་རྒྱུད་ལ་ཨ་ནུའི་ཐེག་པ་རང་ལུགས་ཀྱི་སྤངས་ཐོབ་ཀྱི་རིགས་སུ་གནས་པའི་ཡོན་ཏན་སྐྱེས་སམ་སྐྱེ་རུང་གི་ནུས་པ་ཁྱད་པར་ཅན་གསོས་ཐེབས་ཤིང་། རང་འབྲས་གསང་དབང་བསྐུར་རུང་གི་སྐལ་བ་ཅན་དུ་བསྒྲུབས་པ་དེ་སྒྲུབ་དབང་གི་མཚན་ཉིད། དབྱེ་ན། སྒྲུབ་དབང་རྩ་བ་བཅུ་གསུམ་མམ། དེ་ལས་ཕྱེ་བའི་བྱེ་བྲག་བརྒྱ་དང་བཅོ་ལྔ་ལ་སོགས་པའོ། །ཆུ་བོ་བཞིའི་ནང་ཚན་གང་ཞིག །རང་ཐོབ་བྱེད་འདུས་པ་མདོའི་རྩ་བའི་དཀྱིལ་འཁོར་གཉིས་གང་རུང་ང མ། སྒྲུབ་པ་ཆེན་པོའི་ཡན་ལག་དང་འབྲེལ་བ་ཡན་ལག་གི་དཀྱིལ་འཁོར་ཁྱད་པར་བ་ལ་བརྟེན་ནས་བསྐུར་བས། སློབ་བུའི་རྒྱུད་ལ་ཨ་ཏི་ཡོ་གའི་སྤངས་ཐོབ་ཀྱི་ཡོན་ཏན་དང་རིགས་འདྲའི་ཨ་ནུ་རང་ལུགས་ཀྱི་རྫོགས་རིམ་མཐར་ཐུག་གསང་བ་བྱང་སེམས་རྣམ་པར་གཉིས་ཀྱི་ཡེ་ཤེས་སྐྱེས་སམ་སྐྱེ་རུང་གི་ནུས་པ་ཁྱད་པར་ཅན་དུ་བསྒྲུབས་པ་དེ་གསང་དབང་རྫོགས་པའི་ཆུ་བོའི་མཚན་ཉིད། དབྱེ་ན། ཀུན་རྫོབ་བྱང་སེམས་ཀྱི་དབང་ལུས་ལ་བསྐུར་བ་དང་། དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་བའོ། །གཉིས་པ་ཐོབ་བྱེད་རྒྱུ་རྐྱེན་གྱི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། རྒྱུ་གཉིས་དང་། རྐྱེན་བཞིའོ། །དང་པོ་ནི། མན་ངག་གསང་བ་ལས། རྒྱུ་གཉིས་མཚུངས་རྒྱུ་རང་ལ་གནས། །ཐབས་ཀྱི་ཡན་ལག་ལྷན་ཅིག་བྱེད། །ཅེས་པས་གཉིས་ཏེ། མཚུངས་ལྡན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྒྱུའོ། །དང་པོ་ནི། སློབ་བུའི་རྟོག་ཚོགས་སུ་སྣང་བའི་ཆོས་ཅན་སོ་སོ་ལ་ཆོས་ཉིད་དུ་སོང་བའི་སེམས་ཀྱི་ཆོས་ཉིད་རང་གནས་རང་བྱུང་གི་ཡེ་ཤེས་ཏེ། དགོངས་འདུས་ལས། རང་བཞིན་ནི་ཆོས་ཉིད་ཀྱིས་སོ། །ཞེས་པའི་འགྲེལ་པ་མུན་པའི་གོ་ཆར། དབང་གི་རང་བཞིན་ནི་ཡེ་ནས་རང་གི་སེམས་ཀྱི་ཆོས་ཉིད་ལ་མ་བཙལ་བར་ལྡན་པར་ཉིད་དོ། །ཞེས་གསུངས་པའི་ཕྱིར་དང་། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཀྱང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་སོ། །གཉིས་པ་ནི། དབང་རྫས་རབ་གནས་དང་ལྡན་པ་སྟེ། བུའི་མཚུངས་ལྡན་གྱི་རྒྱུ་རྟོག་ཚོགས་སུ་སྣང་བའི་ཆོས་ཅན་གང་དང་གང་ལ་རང་གནས་ཀྱི་ཡེ་ཤེས་དེ་ཆོས་ཉིད་དུ་སོང་བའི་ལྡོག་ཆ་སོ་སོ་དང་གཉིས་སུ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་ཡོན་ཏན་ཁྱད་པར་ཅན་གྱིས་བྱིན་གྱིས་བརླབས་པས། དབང་རྫས་དེ་དང་དེ་ནུས་མཐུ་ཅན་དུ་བསྒྲུབས་པའོ། །གཉིས་པ་རྐྱེན་བཞི་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང་། འཕྲོས་དོན་རྒྱས་པར་བཤད་པའོ། །དང་པོ་ནི། མན་ངག་གསང་བ་ལས། དབང་གི་ཤེས་པ་རྐྱེན་བཞི་སྟེ། །ཀུན་གཞི་བག་ཆགས་རྒྱུ་ཡི་རྐྱེན། །སློབ་དཔོན་དབང་ལྡན་བདག་པོའི་རྐྱེན། །ཐོབ་པར་བྱ་རྒྱུ་དམིགས་པའི་རྐྱེན། །གཅིག་ཐོབ་གཅིག་གིས་གོ་འབྱེད་པ། །དེ་མ་ཐག་པའི་རྐྱེན་ཞེས་བྱ། །ཞེས་པས་བཞི་སྟེ། རྒྱུའི་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་རྐྱེན་ནོ། །དང་པོ་ནི། ཀུན་གཞི་ལ་དཀར་པོའི་བག་ཆགས་ཡོད་པ་རང་བཞིན་ནམ་རྐྱེན་གྱིས་སད་དམ་སད་དུ་རུང་བས། བློའི་རིམ་པ་དང་འཚམས་པར་དབང་བསྐུར་དུ་རུང་བའི་སྐལ་ལྡན་གྱི་སློབ་བུའོ། །གཉིས་པ་ནི། རྫོགས་པའི་སངས་རྒྱས་ནས་དབང་གི་ཆུ་བོ་རྒྱུན་མ་ཆད་པར་ཡོད་ཅིང་། ཐུགས་དགྱེས་པ་དང་བཅས་པས་སློབ་བུའི་རྒྱུད་ལ་དབང་གི་ནུས་པ་ཇི་ལྟར་རིགས་པ་འཇོག་ནུས་པའི་སློབ་དཔོན་ནོ། །གསུམ་པ་ནི། དཔོན་སློབ་གཉིས་ཀས་སེམས་ཡེངས་པ་མེད་པའི་སྒོ་ནས་རྫས་སྔགས་ཏིང་འཛིན་གསུམ་འཛོམ་པའི་ཆོ་ག་རྣམ་པར་དག་པ་བྱས་པ་ལས་བྱུང་བའི་བུའི་རྒྱུད་ལ་ཐོབ་བྱའི་དབང་གི་ནུས་པ་ཁྱད་པར་ཅན་ནོ། །བཞི་པ་ནི། དབང་སྔ་མ་སྔ་མས་རྒྱུད་སྦྱངས་པས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་བསྐུར་རུང་དུ་སྨིན་པའོ། །གཉིས་པ་ལ། རྐྱེན་དང་པོར་མ་ཟད་གཉིས་པ་ལའང་རྒྱུའི་ཐ་སྙད་བཏགས་ཚུལ་སྤྱིར་བཤད་པ་དང་། རྐྱེན་བཞི་སོ་སོ་ལས་འཕྲོས་པའི་དོན་བྱེ་བྲག་ཏུ་ཕྱེ་སྟེ་བཤད་པའོ། །དང་པོ་ནི། རྒྱུའི་རྐྱེན་སློབ་བུ་དང་། བདག་པོའི་རྐྱེན་སློབ་དཔོན་གཉིས་ལ། སྤྱི་མདོར་བསྐུར་བྱའི་རྒྱུ་དང་། ཐོབ་བྱའི་རྒྱུ་ཞེས་རྒྱུའི་ཐ་སྙད་མཛད་དེ། ལེའུ་བདུན་ཅུ་པ་ལས། གྲོགས་པོ་དག །དེ་ལས་རྒྱུ་ནི་ཡོ་བྱད་ཆེན་པོ་ལྔ་ཁོ་ནའོ། །ཞེས་པའི་དོན་འགྲེལ་པ་ལུང་བསྟན་མ་ལས། ཡོ་བྱད་ལྔ་དང་མི་ལྡན་ན། །སྐྱེ་བོ་དེ་ནི་དབུལ་པོ་ཡིན། །དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་ལྔ། །ཞེས་གསུངས་ཤིང་། མུན་པའི་གོ་ཆར། སྒྲུབ་པའི་རྒྱུ་དང་ཐོབ་པར་བྱ་བའི་རྒྱུ་གཉིས་ལས། འདིར་ཐུན་མོང་མ་ཡིན་པའི་ཡོ་བྱད་ལྔས་ཕྱུག་པའི་བླ་མའི་བྱིན་དང་། སློབ་མ་ཡང་ལྔ་དང་ལྡན་པའི་སྣོད་གཉིས་ཀ་ཐུན་མོང་དུ་འཇལ་བར་བྱའོ། །ཞེས་པས། ཐོབ་བྱའི་རྒྱུ་ཡོ་བྱད་ལྔ་དང་ལྡན་པའི་བླ་མའི་བྱིན་བརླབས་དང་། བསྐུར་བྱའི་རྒྱུ་ཡོ་བྱད་ལྔ་ཚང་བའམ་ཚང་རུང་གི་སྣོད་དང་ལྡན་པའི་སློབ་མ་ལ་བཞེད་པའི་ཕྱིར་དང་། རྩ་རྒྱུད་ལས་ཀྱང་། སྣོད་ལྡན་བཅུད་རྫོགས་དབང་རྟོགས་ནས། །དབང་མཆོག་ཐོབ་པའི་རྒྱུ་ཞེས་བཤད། །ཅེས་པའི་འགྲེལ་པར། སྒོ་གསུམ་གྱི་སྐྱོན་སྤངས་པས་ཡོན་ཏན་རྣམས་དང་ལྡན་ཞིང་། བཤད་པའི་ཚད་དུ་ཕྱིན་པ་དང་། ཤེས་བྱ་རྣམས་ཁོང་དུ་ཆུད་པ་དང་། དབང་གི་སྐྱོན་ཡོན་རིག་པ་དང་ལྡན་ན་དབང་ཐོབ་པའི་རྒྱུ་སྟེ། ཡོ་བྱད་ལྔ་དང་ལྡན་པ་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། རྒྱུའི་རྐྱེན་གང་ལ་བསྐུར་བ་སློབ་མ་བཤད། བདག་པོའི་རྐྱེན་གང་གིས་བསྐུར་བའི་སློབ་དཔོན་བཤད། དམིགས་པའི་རྐྱེན་གྱི་མཐའ་གཅོད་འཕྲོས་དོན་དང་བཅས་པ་བཤད། དེ་མ་ཐག་རྐྱེན་ལས་འཕྲོས་པ་དབང་བསྐུར་བའི་རིམ་པ་ལ་དཔྱད་པའོ། །དང་པོ་ལ་གཉིས་ཏེ། བཟུང་བྱ་སྣོད་ལྡན་དང་། སྤང་བྱ་སྣོད་མིན་གྱི་སློབ་མའི་མཚན་ཉིད་དོ། །དང་པོ་ནི། སྤྱིར་དད་བརྩོན་ཤེས་རབ་གསུམ་དང་ལྡན་ཞིང་། སྒོམ་སྒྲུབ་ལ་དགའ་བ་དང་། ཆོས་ཕྱིར་གཏོང་ཕོད་ཆེ་བ། དམ་ཚིག་ལ་ཡིད་རྟོན་པ་ལ་སོགས་པའི་ཡོན་ཏན་མངའ་བ་སྟེ། རྒྱུད་ལས། སྒྲུབ་དང་སྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་ཤིང་། །དུས་གསུམ་བླ་མ་མཆོད་བྱེད་པ། །ཡོན་ཏན་དང་ལྡན་སློབ་མ་ཡིན། །ཞེས་དང་། ཁྱད་པར་དབང་བྱིན་པའི་སྣོད་ནི། རྩ་རྒྱུད་ལས། སྣོད་ལྡན་བཅུད་རྫོགས་དབང་རྟོགས་ནས། །དབང་མཆོག་ཐོབ་པའི་རྒྱུ་ཞེས་བཤད། །ཅེས་པའི་དོན་ཧཱུྃ་མཛད་ཀྱིས་རྣལ་འབྱོར་སའི་སྒྲོན་མར། སྣོད་ནི་གང་ཟག་སྟེ་རང་བཞིན་གྱི་ཡོན་ཏན་ནོ། །བཅུད་ནི་བསླབ་པའི་མཚན་ཉིད་དེ། མངོན་པར་འདུ་བྱེད་པའི་ཡོན་ཏན་ནོ། །ཞེས་དང་། ཡང་ཁྱེད་བླ་མས། སྣོད་དང་ལྡན་པ་ནི་སྤྲོ་རིང་བ། རྒྱུད་འཇམ་པ། དད་པ་ཆེ་བ། ཆགས་པ་མེད་པའི་སློབ་མ་དེ་ནི་དབང་ཐོབ་པའི་རྒྱུ་ཡིན་པར་བསྟན་པ་དང་། བཅུད་ནི་ཤེས་བྱ་ཐམས་ཅད་ལ་མ་རྨོངས་ན་དབང་ཐོབ་པའི་རྒྱུ་ཡིན་པ་དང་། དབང་གི་དོན་ཇི་ལྟར་ཡིན་པ་སྟོང་པ་ཆེན་པོའི་ངང་ཉིད་བརྡལ་བ་ཆེན་པོར་རྟོགས་ན་དབང་ཐོབ་པའི་རྒྱུ་ཡིན་པའོ། །ཞེས་གསུངས། བྱེ་བྲག་ཏུ་ཕན་ནུས་ཟབ་མོའི་དབང་གསུམ་བསྐུར་བའི་སྣོད་རིམ་གྱི་ཁྱད་པར་ནི། མན་ངག་གསང་བ་ལས། དད་བརྩོན་བརྟུལ་ཞུགས་ལྡན་པ་སྣོད། །བདག་གཞན་གཉིས་ཀའི་བརྩོན་འགྲུས་ལྡན། །སྤྱོད་དང་རིག་དང་མཉམ་པར་གནས། །ཞེས་པས་ཕྱི་ཕན་པའི་དབང་རྒྱུད་ཀྱི་ཆུ་བོ་བསྐུར་བའི་སྣོད་དད་པ་ཅན། ནང་ནུས་པའི་དབང་འབྱུང་བའི་ཆུ་བོ་དང་སྒྲུབ་དབང་གྲགས་ཆུ་གཉིས་བསྐུར་བའི་སྣོད་བརྩོན་འགྲུས་ཅན་ཏེ། བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་སྒོམ། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་འཆད་ཕྲིན། གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྡོ་རྗེ་རྒྱལ་བོའོ། །ཟབ་དབང་བསྐུར་བའི་སྣོད་བརྟུལ་ཞུགས་ཅན་ཏེ། སྤྱོད་པ་དང་རིག་པའི་བརྟུལ་ཞུགས་ཅན་གཉིས་ལ་ཀུན་རྫོབ་བྱང་སེམས་གསང་དབང་དང་ཤེར་དབང་བསྐུར་ཞིང་། མཉམ་པའི་བརྟུལ་ཞུགས་ཅན་ལ་དོན་དམ་བྱང་སེམས་རིག་པ་རྩལ་གྱི་དབང་བསྐུར་པའོ། །འོ་ན་སྒྲུབ་དབང་གྲགས་ཆུ་ནུས་དབང་ལྔ་གང་དུ་འདུ་ཞེ་ན། དངོས་གྲུབ་སྒྲུབ་པའི་ཉེ་རྒྱུའི་སྤྱོད་པའི་དབང་ཡིན་པས་སྒོམ་དབང་དུ་འདུ་སྟེ། རྩ་རྒྱུད་ལས། ནང་དུ་འཇུག་པའི་དབང་ཐོབ་ནས། །དེ་ནས་ཀུན་ལ་སྤྱོད་སྒྲུབ་པའི། །དབང་མཆོག་དམ་པ་སྦྱིན་པར་བྱ། །ཞེས་གསུངས་པའི་ཕྱིར། ཡང་ནུས་དབང་བསྐུར་བས་ཐོབ་པའི་ཚད་དང་སྦྱར་བའི་སྣོད་རིམ་གྱིས་ཀྱང་གསུངས་ཏེ། འདི་ལྟར་དད་བརྩོན་དང་སྲི་ཞུ་ཚད་དུ་ཕྱིན་ན་ཉན་དབང་། ལས་རྣམ་བཞི་ཚད་དུ་ཕྱིན་ན་ལས་ཀྱི་རྡོ་རྗེའི་དབང་། མ་འགགས་པའི་ཤེས་རབ་ཚད་དུ་ཕྱིན་ན་རྒྱལ་འཐེབ་འཆད་པའི་དབང་། ལུང་རིགས་མན་ངག་གི་ཚད་མ་གསུམ་དང་ལྡན་ཞིང་རྐྱེན་ཐུབ་ན་རྡོ་རྗེ་སློབ་དཔོན་གྱི་དབང་། དམ་པའི་མཛོད་གསུམ་སོགས་ཐེག་པ་ཐམས་ཅད་ལ་ཕྱོགས་རིས་མེད་པར་མཁས་པས་འཆད་རྩོམ་ནུས་ན་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ཐོབ་པའི་ཚད་དུ་བཤད་དེ། རྩ་རྒྱུད་ལས། དབང་གི་ཚད་ནི་འདི་ལྟ་སྟེ། །དད་ལྡན་སྲི་ཞུར་ལྡན་པ་ལ། །གསང་བ་ཉན་པའི་དབང་ཆེན་བསྐུར། །རྣམ་བཞི་ལས་ཀྱི་དོན་ཚང་ན། །ལས་རྣམས་བྱེད་པའི་དབང་ཐོབ་བོ། །ལྟ་བའི་དམིགས་བུས་ཆོས་མཐོང་ན། །རྒྱལ་འཐེབ་འཆད་པའི་དབང་ཐོབ་བོ། །རྐྱེན་ཆུབ་ཚད་མ་གསུམ་ལྡན་ན། །བླ་མ་རྡོ་རྗེ་སློབ་དཔོན་དབང་། །དམ་པའི་མཛོད་གསུམ་ཐམས་ཅད་ལ། །ཕྱོགས་མེད་པར་ནི་འཆད་ཤེས་ན། །རབ་འབྱམས་རྒྱལ་པོའི་དབང་ཐོབ་བོ། །ཞེས་དང་། རྔམ་གློག་ལས་ཀྱང་། དད་པ་ལྡན་ཤིང་བརྩོན་འགྲུས་ཆེ། །མཉན་བསམ་སློབ་ལ་མི་སྐྱོ་ན། །གསང་བ་ཉན་པའི་དབང་བསྐུར་རོ། །རྣམ་བཞི་ལས་ཀྱི་དགོས་པ་ཚང་། །བྱ་བའི་ལས་ལ་མ་རྨོངས་ན། །ཀརྨ་ལས་ཀྱི་དབང་བསྐུར་རོ། །ལྟ་བས་མཉམ་པའི་དོན་མཐོང་ན། །རྒྱལ་ཐེབས་འཆད་ཅིང་སྟོན་པའི་དབང་། །ཚད་མ་གསུམ་དང་རབ་ལྡན་ཞིང་། །རྐྱེན་ཐུབ་རྡོ་རྗེ་སློབ་དཔོན་དབང་། །ཐེག་པའི་རིམ་པ་ཐམས་ཅད་ལ། །ཕྱོགས་རིས་མེད་ཅིང་མ་རྨོངས་ན། །རབ་འབྱམས་རྒྱལ་པོའི་དབང་ཐོབ་བོ། །ཞེས་གསུངས་པས་རྩ་རྒྱུད་ཀྱི་དོན་བཀྲལ་ཞིང་། དེ་ཉིད་ཀྱི་འཕྲོས་ལས། རྐྱེན་ཐུབ་བརྟུལ་ཞུགས་ཆེ་བ་དང་། །སྐྱོན་རྣམས་སྤངས་ཤིང་དམ་ཚིག་ལྡན། །གསང་དབང་སྒྲུབ་པའི་དབང་ཐོབ་བོ། །ཞེས་ཀྱང་འབྱུང་ངོ་། །མདོར་ན་དབང་ཐམས་ཅད་རྫོགས་པར་ཐོབ་པ་ཞེས་དབང་བསྐུར་བས་རྒྱུད་ལ་ཡེ་ཤེས་དངོས་སུ་སྐྱེས་པའི་དུས་ནི། གང་ལ་བསྐུར་བའི་སྣོད་སློབ་མའི་རྒྱུད་ལ་ཡོན་ཏན་དགུ་དང་ལྡན་དགོས་པར་བཤད་དེ། དགུ་གང་ཞེ་ན། ཟག་བཅས་ཀྱི་བསླབ་པའི་མཐའ་བཅུ་རྫོགས་པ་བསོད་ནམས་གཏེར་གྱི་ས་ལྟ་བུ་སྦྱོར་ལམ་གྱི་ཡོན་ཏན་མཐར་ཕྱིན་པ་དང་། མཚན་བཅས་མཚན་མེད་ཀྱི་ཏིང་ངེ་འཛིན་ལ་ཉེ་བར་འདྲིས་པ་སྟེ་གོམས་པ་དང་། མ་སྲིང་དམ་ཅན་དང་གཟུངས་མ་སོགས་རིགས་ཅན་འདུ་བ་དང་། དེ་ཁོ་ན་ཉིད་གསལ་བར་ངེས་པ་ཐོབ་པའི་ལྟ་བ་དང་། ཏིང་ངེ་འཛིན་ལས་སུ་རུང་བ་དང་། ལྟ་སྒོམ་ལ་གདེངས་ཐོབ་པའི་དྲོད་རྟགས་ཀྱི་མཚན་མ་མཐོང་བ་དང་། སྐྱེ་བོ་ཀུན་གྱིས་བཀུར་ཞིང་བསྔགས་པ་དང་། དོན་རིག་པའི་ཉམས་རྙེད་པ་དང་། བདག་གཞན་གྱི་བྱ་བ་ཕྲིན་ལས་རྣམ་བཞི་ལ་ཐོགས་པ་མེད་པ་རྣམས་ཏེ། དགོངས་འདུས་ལས། དུས་ནི་མཐའ་བཅུ་རྫོགས་པ་དང་། ཉེ་བར་འདྲེས་པ་དང་། རིག་ཅན་འདུ་བ་དང་། གསལ་བ་ཐོབ་པ་དང་། ལས་སུ་རུང་བ་དང་། མཚན་མ་བྱུང་བ་དང་། མང་པོས་བསྔགས་པ་དང་། ཉམས་རྙེད་པ་དང་། བྱ་བ་རྫོགས་པའོ། །ཞེས་སོ། །གཉིས་པ་ནི། རྩ་རྒྱུད་ལས། དད་མེད་བློ་ཞན་རྫོབ་པ་ཆེ། །ཚུལ་འཆོས་མཁན་ལ་རས་ཆོད་བྱེད། །དེ་ནི་དབང་གིས་ཚིག་པར་བཤད། །གསང་མེད་བརྗེད་ངས་དབང་མི་ཆགས། །དད་མེད་གཡེང་རྨུགས་དབང་མི་འགོས། །སྣོད་མེད་བཅུད་བྲལ་ཀུན་སྟོངས་པ། །དེས་ནི་དབང་ཐོབ་མ་ཡིན་ནོ། །ཞེས་དང་། དགོངས་འདུས་ལས། གྲོགས་པོ་དག །གེགས་གང་ཞེ་ན། མི་ཐོབ་པ་དང་། མི་ཆགས་པ་དང་། མི་འགོས་པ་དང་། སྲེག་པའོ། །ཞེས་དབང་གིས་སྟོངས་པ་དང་། དབང་མི་ཆགས་པ་དང་། དབང་མི་འགོས་པ་དང་། དབང་གི་ཚིག་པའི་གེགས་བཞི་བཤད་ཅིང་། གཞན་ཡང་རྔམ་གློག་ལས། རས་ཆོད་བྱེད་ཅིང་ཚུལ་འཆོས་པ། །དད་དང་མི་ལྡན་བརྩོན་འགྲུས་ཆུང་། །བློ་ཞན་ངེས་མེད་འཆར་ལ་གཡེང་། །བླ་མ་སྤུན་ལ་སྲི་ཞུ་ཆུང་། །དེ་ནི་དབང་གི་སྣོད་མ་ཡིན། །ཞེས་སོ། །གཉིས་པ་བདག་པོའི་རྐྱེན་གང་གིས་བསྐུར་བའི་སློབ་དཔོན་བཤད་པ་ལ་གཉིས་ཏེ། སློབ་དཔོན་གྱི་མཚན་ཉིད། ཇི་ལྟར་བསྟེན་ཚུལ་འཐད་པ་དང་བཅས་པའོ། །དང་པོ་ལ། མཚན་ཉིད་སྤྱིར་བསྟན་པ་དང་། ཁྱད་པར་དབང་བསྐུར་བ་པོའི་སློབ་དཔོན་གྱི་མཚན་ཉིད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དགོངས་འདུས་ལས། རིགས་བཟང་སེམས་བཟང་ཁོང་དུལ་དང་། །གཟི་ལྡན་བརྗིད་ཆེ་ཡུལ་མི་འཇུག །ཤེས་བྱའི་ཡོན་ཏན་ཟད་མི་ཤེས། །ཚད་མེད་ཡངས་པའི་བློ་གྲོས་དང་། །རྐྱེན་ཐུབ་བཟོད་ལྡན་ཀུན་ཏུ་དྲང་། །གསོང་ཞིང་སྤྱོད་ལམ་གྱ་གྱུ་མེད། །འདུ་འཛི་དམན་པའི་ལས་རྣམས་སྤངས། །འཕྱོར་དང་གཡེང་བྲལ་དབེན་པ་བརྟེན། །འདི་དང་གང་ལྡན་དམ་པའི་འོས། །ཞེས་རང་བཞིན་གྱི་ཡོན་ཏན་རྣམས་ཚང་ཞིང་། དེ་དག་གི་སྟེང་དུ་སྦྱངས་པའི་ཡོན་ཏན་དང་བཅས་པས་འཕགས་པ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ལུང་གི་དགོངས་པ་ངེས་པར་རྟོགས། །ཟང་ཟིང་རྙེད་པ་དོན་མི་གཉེར། །དཀའ་བ་སྤྱོད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལས་ལས་གྲོལ། །རིགས་ལ་མཁས་ཤིང་དྲོད་ཚད་ཤེས། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །བརྒྱུད་ལྡན་བཀའ་བབས་སྒྲུབ་ལ་མཁས། །མཛོད་ལྡན་ཆུ་བོ་ཡོངས་སུ་རྫོགས། །རང་རྒྱུད་གྲོལ་ཞིང་གཞན་དོན་བརྩོན། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་དང་། དགོངས་འདུས་ལས། །སློབ་དཔོན་མཚན་ཉིད་བརྟག་པ་ནི། །ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག །བརྟན་ཞིང་དུལ་ལ་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་རྣམས་ལ་མི་འཇིགས་བྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཞེས་དང་། དེ་ཉིད་བཅུ་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟང་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་ཡང་སྡུད་པའི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་ནང་དང་ཕྱིའི་དེ་ཉིད་བཅུ་སྟེ། བླ་མེད་དང་སྔགས་ཕྱི་པའི་སློབ་དཔོན་གྱིས་ཤེས་དགོས་པ་ལ་སྦྱར་རོ། །གཉིས་པ་བསྟན་བཤད་གཉིས་ཀྱི་དང་པོ་ནི། དགོངས་འདུས་ལས། གྲོགས་པོ་དག་ཚད་ནི་འདི་ལྟ་སྟེ། དེད་དཔོན་དང་། སྔ་ལྟས་དང་། སྨིན་པའོ། །ཞེས་པས་འདྲེན་པའི་དེད་དཔོན་བླ་མར་གྱུར་པའི་དང་། ཐོབ་པའི་སྔ་ལྟས་མཐོང་བའི་དང་། དབང་ཐོབ་པའི་འབྲས་བུ་སྨིན་པའི་ཚད་ཀྱི་ཡོན་ཏན་དང་ལྡན་པའོ། །གཉིས་པ་རྒྱས་བཤད་ལ། དེ་ལྟར་གསུམ་ལས། དང་པོ་འདྲེན་པའི་དེད་དཔོན་དུ་གྱུར་པའི་བླ་མའི་ཚད་ནི། ཡོན་ཏན་ལྔ་ལྡན་ཏེ། དེ་ལས། གྲོགས་པོ་དག །དེད་དཔོན་གང་ཞེ་ན། འདི་ལྟ་སྟེ། གོམས་པ་དང་། རིག་པ་དང་། འདུ་བ་དང་། ཐོབ་པ་དང་། རྫོགས་པའོ། །ཞེས་གསུངས་པའི་དོན། འགྲེལ་པ་ལུང་བསྟན་མར། གོམས་པ་ནི་ལས་དང་བྱ་བ་དང་ཆོ་ག་ལ་མ་རྨོངས་པའོ། །རིག་པ་ནི་གསང་བའི་དོན་མ་ནོར་བར་ཤེས་པའོ། །འདུ་བ་ནི་མན་ངག་དང་ལྡན་ཞིང་འགྲོགས་པ་བདེ་བས་གཟུངས་མ་མང་བའོ། །ཐོབ་པ་ནི་དབང་རིམ་པར་ཐོབ་ཅིང་བརྒྱུད་པ་བར་མ་ཆད་པའི་མན་ངག་དང་ལྡན་པའོ། །རྫོགས་པ་ནི་བསླབ་པ་དང་། བསྙེན་སྒྲུབ་དང་། དབང་དང་། མན་ངག་ཐོབ་ཅིང་། གཞན་ལ་རག་མ་ལས་པས་རེ་དོགས་མེད་དེ་མི་རྩོལ་བའོ། །ཞེས་སོ། །གཉིས་པ་ཐོབ་པའི་སྔ་ལྟས་མཐོང་བའི་ཚད་ནི། ཡོན་ཏན་བཞི་ལྡན་ཏེ། གྲོགས་པོ་དག །སྔ་ལྟས་ནི་འདི་ལྟ་སྟེ། མཐོང་བ་དང་། འབྱོར་པ་དང་། ནུས་པ་དང་། ཐོབ་པའོ། །ཞེས་པའི་དོན་འགྲེལ་པར། མཐོང་བ་ནི་ལྟ་བས་ཤེས་བྱའི་དོན་རྟོགས་པའོ། །འབྱོར་པ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་གི་རྫས་དང་ནུས་པ་ཡོད་པའོ། །ནུས་པ་ནི་བྱིན་བརླབས་ཀྱིས་ཕན་འདོགས་ནུས་པའོ། །ཐོབ་པ་ནི་ལུང་བསྟན་པ་གསུམ་ཐོབ་པའམ། ཡང་ན་བླ་མས་གནང་བ་བྱིན་པའོ། །ཞེས་སོ། །གསུམ་པ་འབྲས་བུ་སྨིན་པའི་ཚད་ནི། ཡོན་ཏན་གཉིས་ལྡན་ཏེ། གྲོགས་པོ་དག །སྨིན་པ་ནི་འདི་ལྟ་སྟེ། མངོན་སྤྱོད་དང་། མི་སྐྱོར་བའོ། །ཞེས་པའི་དོན་འགྲེལ་པར། མངོན་སྤྱོད་ནི་མངོན་དུ་ཐོབ་པས་རྟགས་ཤར་བ་སྟེ། ལྟ་བའི་ཉམས་སྐྱེས་པ་དང་། བྱིན་རླབས་ཆེ་བ་དང་། ཐུགས་རྗེ་འབྱུང་བའོ། །མི་སྐྱོར་བ་ནི། དེ་ལྟར་དབང་ཐོབ་པར་ངེས་ན་ཕྱིས་བསྐུར་མི་དགོས་པའོ། །ཞེས་གསུངས་སོ། །གཉིས་པ་དེ་ལྟར་བསྟེན་ཚུལ་འཐད་པ་དང་བཅས་པ་ནི། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བླ་མ་དམ་པ་རྙེད་ནས་དད་གུས་དང་། སྲི་ཞུ་ཕུན་སུམ་ཚོགས་པས་བསྟེན་དགོས་ཏེ། ཚུལ་བཞིན་དུ་བསྟེན་པ་དང་མ་བསྟེན་པ་ལས་ཁེ་ཉེན་ཆེས་ཆེ་བ་འབྱུང་བའི་ཕྱིར། དེ་ལྟར་ཡང་དགོངས་འདུས་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་གནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །དཔེར་ན་ཞིང་རབ་གཤིན་པོ་ལ། །ས་བོན་བཏབ་ན་རྒྱས་འཕེལ་ཞིང་། །ཞེས་དང་། དམ་ཚིག་མཆོག་གི་རྒྱུད་ལས། ལུས་དང་ངག་དང་ཡིད་སྟོབས་ཀྱིས། །ཅི་ནུས་པ་ཡིས་བླ་མ་ལ། །བསྙེན་བཀུར་སྲི་ཞུ་སུས་བྱས་པ། །འདི་ལ་མཐུ་དང་ནུས་པའི་ཚོགས། །བྱིན་རླབས་ཐོགས་པ་མེད་པར་འབྱུང་། །ཞེས་ཚུལ་བཞིན་དུ་བསྟེན་པའི་བར་ཡིན་ནོ། །ཡང་ཚུལ་བཞིན་དུ་མ་བསྟེན་པས་ཉེས་དམིགས་ཅིར་འགྱུར་ཞེ་ན། དགོངས་འདུས་ལས། སློབ་མར་གྱུར་ནས་ངན་སེམས་ཀྱིས། །དམ་པ་དེ་ལ་བརྙས་བྱེད་གང་། །སངས་རྒྱས་ཀུན་ལ་བརྙས་པས་ན། །དེ་དག་སྤྱིའུ་ཚུགས་དམྱལ་བར་འགྲོ། །བཀའ་བཅག་ལུགས་བོར་ཐུགས་འགལ་ན། །རྡོ་རྗེ་དམྱལ་བར་དེ་འགྲོ་སྟེ། །མི་བཟད་སྡུག་བསྔལ་མྱོང་བར་འགྱུར། །ཚེ་འདིར་རྒྱལ་པོའི་ཆད་པ་སོགས། །ཉེས་པ་ཐམས་ཅད་དེ་ལ་འབྱུང་། །ཞེས་དང་། ཧེ་རུ་ཀ་འདུས་པའི་རྒྱུད་ལས། གང་ཞིག་དད་མེད་མ་གུས་དང་། །གེགས་དང་བླ་མའི་ཉམས་ལེན་ཞིང་། །གསང་བའི་དོན་ལ་སྨོད་བྱེད་པ། །བར་མའི་སྲིད་པ་མི་འབྱུང་བར། །རྡོ་རྗེ་འབར་བའི་གནས་སུ་སྐྱེས། །ཞེས་སོ། །ཡང་དུས་དབང་གིས་བླ་མ་མཚན་ཉིད་ཐམས་ཅད་ཚང་བ་མ་རྙེད་ན་གང་ཡོན་ཏན་ཤས་ཆེ་བ་ཉིད་ལ་བསྟེན་པར་གསུངས་ཏེ། དོན་དམ་བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་དང་བྲལ་བ་ཡོད་མ་ཡིན། །དེ་ཕྱིར་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་དེ། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་གྱུར་པའོ། །ཞེས་གསུངས་ཤིང་། གལ་ཏེ་བླ་མ་དེ་མཚན་ཉིད་དང་ལྡན་པ་ཞིག་མ་ཡིན་ནའང་། སྔར་མ་བརྟགས་པར་བླ་མར་བཟུང་ཕན་ཆད་ཚུལ་བཞིན་དུ་བསྟེན་དགོས་ཏེ། དགོངས་འདུས་ལས། བླ་མ་མཆོག་ཏུ་བཀུར་བྱས་ནས། །དམ་པར་གྱུར་པ་མ་ཡིན་ཀྱང་། །དམ་པ་མཆོག་བཞིན་ཕུ་དུད་བྱ། །གལ་ཏེ་བརྙས་ཤིང་ཁྱད་བསད་ན། །མཐུར་དུ་བལྟས་ཏེ་དམྱལ་བར་འཚེད། །ཅེས་སོ། །དེ་ལྟར་ཁེ་ཉེན་ཆེ་བའི་འཐད་པ་ཡང་། གསང་སྔགས་རྡོ་རྗེ་ཐེག་པ་འདི་ལས། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་རྗེས་སུ་འཇུག་པའི་ཚུལ་གྱིས་འགྲོ་བའི་དོན་མཛད་པར་གསུངས་པའི་ཕྱིར། རྒྱུ་མཚན་དེས་རྡོ་རྗེ་སློབ་དཔོན་ལ་བརྙས་ན་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་བརྙས་པར་འགྱུར་ཏེ། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང་། །ཞེས་དང་། ཡང་རྡོ་རྗེ་སློབ་དཔོན་མཆོད་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་མཆོད་པར་འགྱུར་བ་ཡིན་ཏེ། དེ་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དམིགས་རྐྱེན་གྱི་མཐའ་དཔྱོད་འཕྲོས་དོན་དང་བཅས་པ་བཤད་པ་ལ། རྫས་སྔགས་ཏིང་འཛིན་གསུམ་གང་གཙོར་དཔྱད་པ་དང་། འཕྲོས་དོན་དབང་བསྐུར་བསྟིམ་གྱི་གནས་བཤད་པའོ། །དང་པོ་ནི། སློབ་དཔོན་དབང་བསྐུར་བའི་ཏིང་ངེ་འཛིན་གྱི་དགོངས་པ་ལ་བཞུགས་པ་ཉིད་གཙོ་ཆེ་ཞིང་། དེའི་གྲོགས་སྔགས་དང་ཕྱག་རྒྱའང་ངེས་པར་གལ་ཆེ་སྟེ། ཏིང་ངེ་འཛིན་དང་བྲལ་བའི་དབང་བསྐུར་སྟེར་བ་རྒྱུད་སྡེ་རྣམས་སུ་ནམ་ཡང་མ་གསུངས་པའི་ཕྱིར་དང་། སྔགས་རྒྱའང་ཆ་རྐྱེན་དུ་མེད་ཐབས་མེད་པའི་ཕྱིར་རོ། །རྫས་ནི་མ་འབྱོར་ན་གནང་བའི་སྐབས་ཡོད་དེ། དཔོན་སློབ་གཉིས་ཀ་ཀུན་སྤངས་ཀྱི་སྤྱོད་པ་ཅན་ལ་རྫས་དང་ཡོ་བྱད་ཅི་རིགས་པ་ནས་མཐའ་དག་སྤངས་པའི་བར་གྱིས་དབང་བསྐུར་སྦྱིན་པར་གསུངས་པའི་ཕྱིར། དེ་ལྟར་ཡང་དུས་འཁོར་བསྡུས་རྒྱུད་ལས། རྫས་རྣམས་མེད་པའི་མངོན་པར་དབང་བསྐུར་རྒྱལ་བའི་བདག་པོའི་བཀའ་ཡིས་ཀུན་སྤངས་ལ་ནི་སྦྱིན་པར་བྱ། །ཞེས་གསུངས་ཤིང་། སློབ་དཔོན་ཨ་བྷ་ཡཱ་ཀ་རས་ཀྱང་། འབྱོར་པ་དང་ལྡན་ཡང་རུང་ལྷག་པར་མོས་པ་བརྟན་པོ་ཅན་ལ་རྫས་ཀྱི་ནང་ཚན་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་མ་བརྟེན་པར་ཏིང་ངེ་འཛིན་ཁོ་ནའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་དུ་རུང་བར་བཤད་ན། གཞན་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ། །ཡང་བླ་མ་ཏིང་ངེ་འཛིན་གྱི་དགོངས་པ་དང་ལྡན་ཡང་། སློབ་མས་དམིགས་པ་ཇི་ལྟ་བ་བཞིན་འཛིན་པར་མི་ནུས་ན་དབང་ཇི་ལྟར་ཐོབ་ཞེ་ན། སློབ་མའི་རྒྱུད་ལ་དད་པ་དང་འདུན་པ་ཡོད་ན་དམིགས་པ་འཛིན་མི་ཤེས་ཀྱང་བླ་མའི་བྱིན་རླབས་ཀྱིས་དབང་ཐོབ་པ་ཡོད་དགོས་ཏེ། དཔེར་ན་རྟེན་གྱིས་དམིགས་པ་མི་འཛིན་ཀྱང་སྔགས་མཁན་གྱིས་རབ་གནས་ཀྱི་ཆོ་ག་རྣམ་དག་བགྱིས་པའི་བྱིན་བརླབས་འཇུག་པ་ཡོད་དགོས་པའི་ཕྱིར། དེ་ལྟར་ཡང་སྡོམ་གསུམ་རབ་དབྱེ་ལས། ལྷ་ལ་རབ་ཏུ་གནས་པ་དང་། །མི་ལ་དབང་བསྐུར་བྱ་བ་སོགས། །ཞེས་དེ་གཉིས་དོན་མཚུངས་པར་བཤད་པའི་ཕྱིར། དེ་ལ་འདི་སྙམ་དུ། དབང་ནི་སློབ་མའི་རྒྱུད་ལ་གོ་འཕང་གི་ཆོས་འཇོག་བྱེད་ཡིན་པས་གཞན་སྟོབས་ཀྱིས་ནུས་པར་མ་ཟད། རང་སྟོབས་ཀྱིས་དམིགས་པ་འཛིན་པའང་ངེས་པར་དགོས་པ་མ་ཡིན་ནམ་ཞེ་ན། གོ་འཕང་གི་ཆོས་རྒྱུད་ལ་འཇོག་ནའང་དེར་མ་ངེས་ཏེ། དཔེར་ན་རྒྱལ་པོའི་བུ་རང་སྟོབས་ཀྱི་འཕྲུལ་དང་བློ་གྲོས་མེད་ནའང་ཡབ་རྒྱལ་པོས་ཅོད་པན་བཅིངས་ཏེ་རྒྱལ་སར་བཏོན་པས་འབངས་ལ་དབང་སྒྱུར་བའི་ནུས་པ་ཐོབ་པ་ལྟར། རྒྱལ་པོའི་རིགས་དང་འདྲ་བའི་མཚུངས་ལྡན་གྱི་རྒྱུ་གང་ལ་མངའ་བའི་སློབ་མ་ཉིད། བླ་མ་ནུས་པ་ཅན་གྱིས་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་བས་རང་གི་གོ་འཕང་གི་ཆོས་ལ་དབང་སྒྱུར་ཐོབ་པ་ཡོད་དགོས་པའི་ཕྱིར་རོ། །གཉིས་པ་ནི། སྒྱུ་འཕྲུལ་གྱི་དབང་གི་ངེས་འབྱེད་ལས། བཞག་པའི་གནས་དང་བསྟིམ་པའི་གནས། །དེ་བཞིན་ཁོང་དུ་ཆུད་པ་གཅེས། །ཞེས་པ་ལྟར་གཉིས་ཀྱི། དང་པོ་བསྐུར་གནས་ལའང་། དེ་ལས། གནས་ནི་སྤྱི་དང་ཁྱད་པར་ཉིད། །སྤྱི་དབང་ལུས་ལ་བསྐུར་བ་སྟེ། །ཞེས་པས་དབང་རྫས་འཇོག་པའི་གནས་སྤྱིར་ལུས་དང་། ཁྱད་པར་བུམ་དབང་སྤྱི་བོར་བསྐུར་བ་སོགས་དབང་རྫས་གང་དང་གང་ལུས་ཀྱི་གནས་དེ་དང་དེར་བསྐུར་ཚུལ་དབང་ཆོག་གི་དཀྱུས་ལས་འབྱུང་བ་བཞིན་ཏེ། དབང་རིན་ཆེན་འཁོར་ལོ་ལས། དེ་ནས་སྤྱི་བོར་བུམ་བརྟན་བྱ། །ཕྱི་ཡི་སྤྱི་བོར་སྤྱི་ཡི་ཁྲུས། །ཞེས་གསུངས་ཤིང་། མན་ངག་གསང་བ་ལས་ཀྱང་། མགོ་སྙིང་ཡན་ལག་ལྔ་སོགས་གནས། ཞེས་སོ། །གཉིས་པ་བསྟིམ་གནས་ནི། རང་རང་གི་མཚུངས་ལྡན་གྱི་རྒྱུ་ལ་བསྟིམ་སྟེ། རྔམ་གློག་ལས། དང་པོ་གསང་བ་ཉན་པའི་དབང་། །རིན་ཆེན་རིགས་ཀྱི་རྣ་བ་ལ། །ཞེས་སོགས་གསུངས་པ་ལྟ་བུའོ། །བཞི་པ་དེ་མ་ཐག་རྐྱེན་ལས་འཕྲོས་པ་དབང་བསྐུར་བའི་རིམ་པ་ལ་དཔྱད་པ་ནི། སྤྱིར་བཏང་ལ་སྔར་བཤད་པ་ལྟར་དབང་སྔ་མ་སྔ་མས་རྒྱུད་སྦྱངས་པས་ཕྱི་མ་ཕྱི་མ་བསྐུར་རུང་དུ་སྨིན་པར་བྱས་པ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས་རིམ་ལས། རིམ་པ་སྐས་ཀྱི་ཚུལ་དག་གིས། །ལྟོས་ནས་རྒྱུ་འབྲས་གོ་འབྱེད་པ། །དེ་མ་ཐག་པའི་མཚན་ཉིད་དོ། །ཞེས་སོ། །དེའི་རྒྱུ་མཚན། སྤྱིར་རྒྱུད་སྨིན་ཚུལ་ལ་ལྟོས་ནས་གང་ཟག་ཐམས་ཅད་རིམ་གྱིས་པ་ཡིན་པས། དབང་གོང་མ་གོང་མའི་རྟེན་དུ་འོག་མ་འོག་མ་ངེས་པར་འགྲོ་དགོས་ཏེ། རྩ་རྒྱུད་ལས་ཀྱང་ཕྱི་ནང་སྒྲུབ་གསང་གི་ཆུ་བོ་བཞི་པོ་སྔ་མ་སྔ་མ་ཐོབ་ནས་ཕྱི་མ་ཕྱི་མ་སྟེར་བར་གསུངས་པའི་ཕྱིར་དང་། དེ་བཞིན་དུ་ལམ་སྒྲུབ་པ་ལའང་སྔ་མ་སྔ་མ་ལ་དྲོད་རྟགས་མ་ཐོབ་པར་ཕྱི་མ་ལ་མོས་ཤིང་འཇུག་པ་མི་སྲིད་པ་ཡིན་ནོ། །རྐྱེན་སད་ཚུལ་ལ་ལྟོས་ནས་ནི། དབང་གི་རིམ་པ་དེ་ཁོ་ན་ལྟར་བསྐུར་དགོས་པའི་ངེས་པ་མེད་པར་ཐོག་མ་ཉིད་ནས་གང་ལ་མོས་པ་དེར་དབང་ནོད་ནས་དེའི་འཇུག་པ་དང་མཐུན་པའི་ལམ་སྒོམ་པའང་མི་འགལ་ཏེ། གངས་ཅན་འདིར་དུས་འཁོར་བ་ཆེན་པོ་དག །ཐོག་མ་ཉིད་ནས་དབང་གོང་མ་བསྐུར་ཏེ་སྦྱོར་དྲུག་གི་ལམ་ལ་འཇུག་པར་མཛད་པའི་ཕྱག་བཞེས་བཞིན་ནོ། །དེའི་འཐད་པ་ནི། དབང་གསུམ་པའི་དཔེ་ཙམ་ལ་ལྟོས་མི་དགོས་པའི་བཞི་པའི་སྣོད་ལྡན་དེས། ཐོག་མ་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ནོད་ནས། དེ་ཁོ་ན་ཉིད་ཀྱི་ལམ་ལ་བསླབ་པའང་མི་འགལ་བས་ན་རིམ་གྱིས་པ་དེ་ཡང་ཚེ་འདི་ཁོ་ན་ལ་རྩེག་དགོས་པས་ཁྱབ་པ་མ་ཡིན་ནོ། ༈ །གསུམ་པ་འབྲས་བུ་བྲལ་ཐོབ་ཀྱི་སྒོ་ནས་དབྱེ་བ་ལ་ལྔ་སྟེ། དབང་ཐོབ་པས་སྒྲིབ་པ་གང་འདག་པ། དབང་ཇི་ལྟར་ཐོབ་པའི་ཚད། དེ་ལྟར་ཐོབ་པས་ཆོས་གང་ཉན་པར་དབང་བ། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གང་ཐོབ་པ། དགོས་པ་ས་ལམ་བགྲོད་པའོ། །དང་པོ་ནི། མན་ངག་གསང་བ་ལས། ལས་དང་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་པ་རིམ་པར་འབྱང་བའོ། །ཞེས་པས་སྦྱང་བྱའི་སྒྲིབ་པ་ནི་གསུམ་སྟེ། ལས་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའོ། །དང་པོ་ནི། ཟག་བཅས་ཀྱི་ལས་ཐམས་ཅད་དོ། །གཉིས་པ་ནི། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་དང་། །གཙོ་བོར་བདག་འཛིན་དང་མཚུངས་པའི་ཡིད་དོ། །གསུམ་པ་ནི། དུས་གསུམ་ཡིད་བྱེད་ཀྱི་རྟོག་པའོ། །དེ་ལྟར་ཡང་རྒྱུད་བླ་ལས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་སོ། །སྦྱོང་བྱེད་ནི། དབང་བསྐུར་བའི་ཆོ་གས་རང་གནས་ཀྱི་ཡེ་ཤེས་གསོས་ཐེབ་པས་ནུས་པ་མཐུ་ཅན་དུ་གྱུར་པ་དེས་གཉེན་པོའི་ཕྱོགས་བཟུང་ནས། རང་དང་ལྷན་ཅིག་གནས་པའི་སྦྱང་བྱ་དང་ནུས་པ་འགྲན་པའི་ཚུལ་གྱིས་སུན་འབྱིན་པར་བྱེད་ལ། གལ་ཏེ་དབང་དུས་སུ་ཡེ་ཤེས་དངོས་སུ་མ་སྐྱེས་ནའང་། སྐྱེ་རུང་གི་ནུས་མཐུ་ཅན་དུ་བྱས་པ་དེས་དྲི་མ་སྦྱོང་བའི་འགོ་རྩོམ་པ་ཡིན་ནོ། །དེ་བས་ན་ལྷ་མི་ནས་བརྩམས་ཏེ་ཨ་ཏིའི་བར་གྱི་དབང་རིམ་བཅུ་ནོད་པས་སློབ་ལམ་བཞིས་བསྡུས་པའི་ས་བཅུ་པོ་རང་རང་གིས་སྦྱང་བྱ་རྐྱེན་འགྱུར་ལས་ཀྱི་བག་ཆགས་རགས་པ་སོགས་སྒྲིབ་པ་བཅུ་པོ་སྦྱོང་བར་བྱེད་ཅིང་། དབང་རིམ་བཅུ་པོ་ཡང་ཆུ་བོ་བཞིར་འདུས་པས། དེ་བཞིས་རང་སྐལ་གྱི་སྒྲིབ་པ་གསུམ་ཅི་རིགས་པ་སྦྱོང་བར་བྱེད་དེ། ཆུ་བོ་བཞི་པོ་དེ་ཡོ་ག་བཞི་རྫོགས་ཀྱི་དབང་དུ་རིམ་པར་སྦྱོར་བ་གང་ཞིག །ཕྱི་དབང་རྒྱུད་ཀྱི་ཆུ་བོ་ཐོབ་པས་ཀྲི་ཡོག་མན་ཆད་ཀྱི་སྤང་གཉེན་གྱི་རིགས་འདྲ་དེ་དང་དེ་སྐྱེ་འགག་བྱེད་ཅིང་། དེ་བཞིན་དུ་ནང་དབང་། སྒྲུབ་དབང་། གསང་དབང་གསུམ་ཐོབ་པས་ཀྱང་བསྐྱེད་རྫོགས་གསུམ་གྱི་སྤང་གཉེན་གྱི་རིགས་འདྲ་དེ་དང་དེ་སྐྱེ་འགག་བྱེད་པ་ཡིན་པའི་ཕྱིར་རོ། །དེར་མ་ཟད་མདོའི་དབང་གི་ཆུ་བོ་བཞི་དང་། བླ་མེད་སྤྱིའི་དབང་བཞི་གྲངས་ནང་མཐུན་གྱིས་སོ་སོར་བྲང་སྤྲད་པར་བྱ་བ་མ་ཡིན་ཀྱང་། མདོའི་ཆུ་བོ་བཞིའི་ནང་དུ་བླ་མེད་སྤྱིའི་དབང་བཞི་འདུས་པའི་ཕྱིར། དབང་བཞིའི་དག་པ་དང་སྦྱར་ནས་བཤད་ན། བུམ་དབང་ལྟ་བུས་ཀྱང་རང་སྐལ་གྱི་སྒྲིབ་པ་གསུམ་ཀ་ཅི་རིགས་པར་སྦྱོང་མོད་ཀྱི། དེ་ལྟ་ནའང་གཙོ་ཆེ་བའི་སྒོ་ནས་སྨོས་ན། དབང་བཞི་ནི་མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་རྡོ་རྗེ་བཞི་ཐོབ་པའི་རྟེན་འབྲེལ་སྒྲིག་བྱེད་ཡིན་པའི་གནད་ཀྱིས། བུམ་དབང་གིས་གཙོ་བོར་ལས་ཀྱི་སྒྲིབ་པ། གསང་དབང་གིས་ཉོན་སྒྲིབ། ཤེར་དབང་གིས་ཤེས་བྱའི་སྒྲིབ་པ། དབང་བཞི་པས་ཤེས་སྒྲིབ་ཆེས་ཕྲ་བའམ་ཀུན་འབྱུང་ཕྲ་བའི་མཐར་ཐུག་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་རྣམས་གཙོ་བོར་སྦྱོང་བར་བྱེད་དེ། ཐོབ་བྱའི་འབྲས་བུ་སྐུ་བཞི་པོ་ངོ་བོའི་སྒོ་ནས་དབྱེར་མེད་ཡིན་ཀྱང་། དག་པའི་ལྡོག་ཆ་ནས་དེ་དང་དེར་སོ་སོར་བརྟགས་པའི་ཕྱིར་རོ། །དེ་ལྟར་ཡང་། གསེར་འོད་དམ་པ་ལས། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པས་སྤྲུལ་པའི་སྐུར་སྣང་བར་འགྱུར་རོ། །ཡེ་ཤེས་ཀྱི་སྒྲིབ་པ་རྣམ་པར་དག་པས་ཆོས་ཀྱི་སྐུར་སྣང་བར་འགྱུར་རོ། །ཞེས་སོ། །དེས་མཚོན་ནས་དབང་བཞིས། སྒོ་གསུམ་འཕོ་བ་དང་བཅས་པའི་ཐིག་ལེ་བཞི་དང་། གནས་སྐབས་བཞིའི་སྒྲིབ་པ་འདག་ཅིང་། བདུད་བཞི་འཇོམས་པར་འགྱུར་ཏེ། བུམ་དབང་གིས་ལུས་ཀྱི་ཐིག་ལེའི་སྒྲིབ་པ་དང་། སད་པའི་གནས་སྐབས་ཀྱི་སྒྲིབ་པ་འདག་ཅིང་། ཕུང་པོའི་བདུད་འཇོམས་པར་འགྱུར་ལ། དེ་བཞིན་དུ་གསང་དབང་གིས། ངག་གི་ཐིག་ལེའི། རྨི་ལམ་གྱི་གནས་སྐབས། ཉོན་མོངས་པའི་བདུད། ཤེར་དབང་གིས། ཡིད་ཀྱི་ཐིག་ལེའི། གཉིད་འཐུག་གི་གནས་སྐབས། འཆི་བདག་གི་བདུད། དབང་བཞི་པས་འཕོ་བའི་ཐིག་ལེའི། སྙོམས་འཇུག་གི་གནས་སྐབས། ལྷའི་བུའི་བདུད་རྣམས་འདག་ཅིང་འཇོམས་པར་བྱེད་དེ་སྤྲོས་པས་ཆོག་གོ། ༈ །གཉིས་པ་དབང་ཇི་ལྟར་ཐོབ་པའི་ཚད་ནི། མན་ངག་གསང་བ་ལས། དབང་ཐོབ་ཚད་ནི་རྣམ་པ་གསུམ། །གོ་མ་འགགས་དང་བརྒྱུད་ནས་ཐོབ། །མངོན་སུམ་དག་ཏུ་ཐོབ་པའོ། །ཞེས་པ་སྟེ། ཆོ་ག་རྣམ་པར་དག་པའི་སྒོ་ནས་དབང་བསྐུར་བ་ནོད་པས་དུས་དེར་དབང་གི་ཡེ་ཤེས་དངོས་སུ་མ་སྐྱེས་ཀྱང་། དྲི་མ་འཁྲུད་པའམ་ནུས་པ་འཇོག་པའི་ཐ་སྙད་ཐོབ་སྟེ། གསོལ་བཞིའི་ཆོ་ག་རྣམ་དག་ལ་བརྟེན་ནས་དགེ་སློང་གི་སྡོམ་པ་ཐོབ་པ་ན། སྒོམ་སྟོབས་ཀྱི་ཡེ་ཤེས་མ་སྐྱེས་ཀྱང་འཆལ་ཚུལ་གྱི་རྒྱུན་སྤང་བའི་གནས་སྐབས་ཐོབ་པ་ལྟར། སྔགས་སྡོམ་ཐོབ་པ་དེས་ཀྱང་། དབང་དུས་སུ་ཡེ་ཤེས་མ་སྐྱེས་རུང་ལམ་རིམ་པ་གཉིས་ཀྱིས་བསྐྱངས་པས་ཕྱིས་ཡེ་ཤེས་སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པར་བྱས་པ་ལ། འདིར་བརྒྱུད་ནས་ཐོབ་པ་ཞེས་ཐ་སྙད་བཏགས་ཏེ། དེ་ལྟར་འདོགས་པའི་རྒྱུ་མཚན་ཡང་དབང་དུས་སུ་ཡེ་ཤེས་སྐྱེས་པ་ལ་མངོན་སུམ་དུ་ཐོབ་པ་ཞེས་པའི་ཐ་སྙད་ཐོབ་པ་ལ་ལྟོས་ནས་སོ། །གཞན་དུ་ན་བརྒྱུད་ནས་ཐོབ་པ་ཞེས་པ་ཕྱིས་དབང་ཐོབ་འགྱུར་ལ་འཇོག་པ་ནི་མ་ཡིན་ཏེ། དེའི་རྒྱུ་མཚན་ཕྱིས་ནས་ཡེ་ཤེས་སྐྱེ་རུང་གི་ནུས་པ་བཞག་པ་ལ་རྒྱུད་སྨིན་པའི་ཐ་སྙད་ཐོབ་ཅིང་། དེ་ཐོབ་པས་དབང་ཐོབ་པ་དང་། སྔགས་སྡོམ་ཐོབ་པ་དང་། སྔགས་ཀྱི་དམ་ཚིག་ཐོབ་པ་ཞེས་པའི་ཐ་སྙད་ཀྱང་ཐོབ་སྟེ། དེ་དག་དང་རྒྱུད་སྨིན་པ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །དེ་ལྟར་བརྒྱུད་ནས་སམ་མངོན་སུམ་དུ་ཐོབ་པ་གང་ཡིན་ཀྱང་རུང་སྟེ། དབང་གི་ས་བོན་བཞག་པ་དེ་ཉིད་རང་རྒྱུད་ལ་ཐོབ་ནས་རྒྱུན་མི་ཆད་པར་འཇུག་པར་མ་ཟད། གོ་མ་འགགས་པའི་དོན་གཞན་ལ་བསྐུར་ནའང་། དབང་གི་ཆུ་རྒྱུན་དེ་ཉིད་བསྐུར་བྱའི་རྒྱུད་དེ་ལ་ཡང་བར་མ་ཆད་པར་འཇུག་སྟེ། རྫོགས་པའི་སངས་རྒྱས་ནས་རྩ་བའི་བླ་མའི་བར་དབང་གི་ཆུ་རྒྱུན་བར་མ་ཆད་པར་རྒྱུན་ཆགས་སུ་འཇུག་པ་ཡོད་དགོས་པའི་ཕྱིར། དེ་ལྟར་ཡང་སྔ་མའི་འཕྲོས་ལས། རང་གི་ཐོབ་ནས་གཞན་ལ་བསྐུར། །ཕྱི་མར་འབྲས་བུ་འབྱུང་བ་དང་། །དེ་དུས་རིག་པ་རང་ཤར་བའོ། །ཞེས་སོ། །དེས་ན་དབང་དུས་དེར་ཡེ་ཤེས་དངོས་སུ་མ་སྐྱེས་ཀྱང་། དབང་གིས་སྨིན་པའི་ཚད་དུ་འགྲོ་བའི་འཐད་པ་ནི། མདོ་སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། །གཟག་དང་སྤྱད་དུ་རུང་བས་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །ཡོངས་སུ་སྤྱད་པ་ཉིད་དུ་སྨིན་པར་བསྟན། །ཞེས་ཕར་ཕྱིན་ཐེག་པར་རྟེན་དེ་ཉིད་ལ་མཐོང་སྤང་རྣམས་སྤང་རུང་དང་། མཐོང་ལམ་སྐྱེ་རུང་ལ་སྨིན་པའི་ཚད་དུ་འཇོག་པ་ལྟར། གསང་སྔགས་བླ་ན་མེད་པའི་ཐེག་པ་འདིར་ཞུགས་ནས་བར་ཆད་མེད་པའི་དབང་དུ་བྱས་ན། ཚེ་འདི་ཉིད་ལ་སྤང་བྱ་སྒྲིབ་གཉིས་སྤང་རུང་དང་། ཐོབ་བྱ་མཆོག་གི་དངོས་གྲུབ་ཐོབ་རུང་གི་ནུས་པ་ཡིན་པས་ན། དབང་གི་ས་བོན་རྒྱུད་ལ་ཐེབས་པ་ཉིད་སྨིན་པའི་ཚད་དུ་འགྱུར་བ་ཡིན་ནོ། ༈ །གསུམ་པ་དེ་ལྟར་ཐོབ་པས་ཆོས་གང་ཉན་པར་དབང་བ་ནི། མན་ངག་གསང་བ་ལས། ཕྱི་ནང་གསང་བ་མཐར་ཐུག་པའི། །ཆོས་ནི་རིམ་པར་མཉན་དུ་རུང་། །ཞེས་པས། ཐོབ་བྱ་དབང་གི་ཆུ་བོ་བཞི་ལས། དང་པོ་རྒྱུད་ཀྱི་ཆུ་བོའི་དབང་ཐོབ་པས་ཕྱི་ཀུན་འབྱུང་འདྲེན་པ་དང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་སྟེ། ཡོ་ག་མན་ཆད་ཀྱི་ཐེག་པ་མཐའ་དག་དང་། དེ་རྣམས་དང་ཐུན་མོང་དུ་གྱུར་པ་ཨ་ནུ་རང་ལུགས་ཀྱི་ཆོས་དྲང་དོན་གཙོ་བོར་སྟོན་པ་རྣམས་མཉན་དུ་རུང་བར་བྱས་སོ། །གཉིས་པ་འབྱུང་བའི་ཆུ་བོའི་དབང་ཐོབ་པས་ནང་མ་ཧཱ་ཡོ་གའི་ཐེག་པ་དང་། དེ་དང་ཐུན་མོང་དུ་གྱུར་པ་ཨ་ནུ་རང་ལུགས་ཀྱི་བསྐྱེད་རིམ་གཙོ་བོར་སྟོན་པའི་ཆོས་རྣམས་མཉན་དུ་རུང་བའོ། །གསུམ་པ་གྲགས་པ་ཆུ་བོའི་དབང་ཐོབ་པས། གསང་བའི་ཐེག་པ་ཨ་ནུ་རང་ལུགས་ཀྱི་དངོས་གྲུབ་སྒྲུབ་པའི་ཐབས་ཟབ་མོའི་བསྐྱེད་རིམ་རྣམས་དང་། དེ་དང་ཐུན་མོང་པའི་རྫོགས་རིམ་རྗེས་མཐུན་པ་ཞུ་བདེ་སྒྲུབ་པའི་ཐབས་རྣམས་མཉན་དུ་རུང་བའོ། །བཞི་པ་རྫོགས་པའི་ཆུ་བོ་ཐོབ་པས། ཨ་ནུ་རང་ལུགས་ཀྱི་མཐར་ཐུག་གི་རྫོགས་རིམ་ཟབ་མོ་ལྷན་སྐྱེས་མི་འགྱུར་བའི་བདེ་ཆེན་སྒྲུབ་པའི་ཐབས་རྣམས་མཉན་དུ་རུང་བ་སྟེ། དེ་ཐམས་ཅད་ཀྱང་མཉན་དུ་རུང་བ་ཞེས་པའི་ཟླ་སྟོབས་ཀྱིས་མཚོན་ནས། ཉན་བཤད་སྒྲུབ་པ་ཐམས་ཅད་ལ་དབང་བར་བྱས་པ་ཡིན་ནོ། །བཞི་པ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གང་ཐོབ་པ་ནི། མན་ངག་གསང་བ་ལས། འབྲས་བུ་མཐོ་རིས་ཐར་པའོ། །ཞེས་གསུངས་ཏེ། དབང་ཐོབ་པས་གནས་སྐབས་ཀྱི་འབྲས་བུ་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བའི་མཐོ་རིས་ཀྱི་རྟེན་ཕུན་སུམ་ཚོགས་པ་ཐོབ་པ་དང་། ཁྱད་པར་དབང་གིས་ཇི་ལྟར་སྨིན་པ་དང་རྗེས་སུ་མཐུན་པའི་ལམ་རིམ་པ་གཉིས་བསྒོམས་པས་ལས་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་ཅིང་། མཐར་ཐུག་མཆོག་གི་དངོས་གྲུབ་སློབ་པ་དང་མི་སློབ་པའི་ཟུང་འཇུག་གིས་བསྡུས་པ་ཐར་པ་བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་པ་ཡིན་ནོ། །ལྔ་པ་ཐོབ་པའི་དགོས་པ་ས་ལམ་བགྲོད་པ་ནི། མན་ངག་གསང་བ་ལས། ལམ་མཐར་ཕྱིན་དང་ནུས་མཐར་ཕྱིན། །རིག་འཛིན་དང་ནི་བདེ་གཤེགས་ཏེ། །ལམ་ལྔ་བགྲོད་པ་དགོས་པའོ། །ཞེས་པས་ཆུ་བོ་བཞིའི་དབང་ནི་ལམ་གོང་མ་གོང་མར་སྦྱོར་བའི་རྟེན་འབྲེལ་སྒྲིག་བྱེད་ཡིན་པའི་གནད་ཀྱིས། དབང་གི་ས་བོན་རྒྱུད་ལ་ཐེབས་པ་དེ་ལམ་རིམ་པ་གཉིས་ཀྱིས་ལེགས་པར་བསྐྱངས་པས་འབྲས་བུ་ཕྱི་དུས་ལ་མ་ལུས་པར་བདེ་མྱུར་གྱི་སྒོ་ནས་ས་ལམ་བགྲོད་པར་འགྱུར་ཏེ། སྤྱིར་ལམ་སོ་སོའི་ཉམས་རྟོགས་མཐར་ཕྱིན་པའི་མཐུས། ལམ་དེ་དང་དེས་དོན་གཉིས་སྒྲུབ་པའི་རང་སའི་ནུས་པའང་མཐར་ཕྱིན་པར་འགྱུར་ལ། བྱེ་བྲག་ཚོགས་སྦྱོར་གྱི་ཡོན་ཏན་མཐར་ཕྱིན་པས་ཚར་གཅོད་རྗེས་འཛིན་གྱིས་ནུས་པ་ཐོབ་སྟེ་ཐུན་མོང་གི་དངོས་གྲུབ་མཐར་ཕྱིན་པ་དང་། སྦྱོར་ལམ་གྱི་རྒྱུན་མཐར་སྤྱོད་པའི་ཉེ་རྒྱུས་སློབ་པའི་ཟུང་འཇུག་མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པ་རིག་པ་འཛིན་པའི་ཡེ་ཤེས་ཀྱི་སྐུ་རིམ་གྱིས་བརྒྱུད་ནས། མཐར་ཐུག་གི་འབྲས་བུ་བདེ་བར་གཤེགས་པའི་ས་མཆོག་ནོན་པའི་དགོས་པ་ཡོད་དོ། ༈ །བཞི་པ་སྤང་བླང་སྐྱོན་ཡོན་གྱི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། དབང་མ་ཐོབ་པའི་སྐྱོན་དང་། ཐོབ་པའི་ཡོན་ཏན་ནོ། །དང་པོ་ནི། དེ་ལས། དབང་མ་ཐོབ་པར་ལས་རྩོམ་པ། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་པས་ཆུ་བོ་བཞིས་བསྡུས་པའི་དབང་རྒྱུད་ལ་མ་ཐོབ་པར། གསང་སྔགས་ཀྱི་ཆོས་ཟབ་མོ་རང་དགར་ཉན་སྒོམ་འཆད་ཕྲིན་ལ་སོགས་པའི་ལས་རྩོམ་པར་བྱེད་པ་རྣམས་ལ། ཚེ་འདིར་ཡང་བསྒྲུབས་པའི་འབྲས་བུ་དངོས་གྲུབ་མེད་ཅིང་། ཆོས་ཟབ་མོ་ལ་དབང་ཟོས་པའི་རྐྱེན་གྱིས་ཚེ་ཕྱི་མར་ངན་འགྲོར་ལྷུངས་ཏེ། སྡུག་བསྔལ་དྲག་པོ་མྱོང་བས་རེ་བའི་འདོད་དོན་ཐམས་ཅད་བརླག་པར་འགྱུར་བ་ཡིན་ཏེ། སྒྱུ་འཕྲུལ་རྩ་རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དང་། ཧེ་རུ་ཀ་འདུས་པ་ལས། དབང་དང་མན་ངག་བྲལ་བ་ཡིས། །གསང་བའི་དོན་ལ་ཅི་སྤྱད་ཀྱང་། །བླུན་པོས་རལ་གྲི་བསྐོར་བ་ལྟར། །འདོད་པའི་དོན་དང་བྲལ་ནས་ཀྱང་། །རང་ཉིད་བརླག་ཅིང་འཆི་བར་འགྱུར། །ཞེས་དང་། ལས་རྒྱ་མཚོའི་རྒྱུད་ལས་ཀྱང་། དབང་རྣམས་ཐོབ་པར་མ་བྱས་པར། །གསང་སྔགས་སྒྲུབ་པ་ལོག་པར་འགྱུར། །ཞེས་དང་། སངས་རྒྱས་ཐོད་པའི་རྒྱུད་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོངས་པ་ཉིད། །དེ་བཞིན་དབང་དང་བྲལ་བ་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །ཅེས་སོ། །གཉིས་པ་ནི། མན་ངག་གསང་བ་ལས། དབང་ཐོབ་ཕན་ཆད་རྒྱལ་བའི་སྲས། །ཚེ་རིང་ལོངས་སྤྱོད་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་གནས། །ཡོན་ཏན་ཁྱད་པར་བསམ་མི་ཁྱབ། །ཅེས་པས་ཆུ་བོ་བཞིའི་དབང་རྫོགས་པར་ཐོབ་པའི་དུས་འདི་ཕན་ཆད་རྒྱལ་མཆོག་ཀུན་ཏུ་བཟང་པོའི་སྲས་སུ་འགྱུར་ཏེ། གསང་རྒྱུད་ལས། གསང་བའི་དབང་ནི་ཐོབ་མ་ཐག །ཀུན་བཟང་དོན་གྱི་སྲས་སུ་འགྱུར། །ཞེས་སོ། །དེ་ཡང་འདིར་ཡོན་ཏན་གྱི་ཐོག་མ་སྨོས་པ་ཡིན་པས། དབང་ཐོབ་ནས་རྒྱལ་བའི་སྲས་ཞེས་མིང་ཐོབ་ཅིང་། དེ་ཉིད་ཀྱིས་རིག་པ་འཛིན་པའི་ས་ཐོབ་པའི་ཚེ་རྒྱལ་བའི་སྲས་ཉིད་དུ་འགྱུར་བ་ཡིན་ཏེ། དཔེར་ན་ཕ་རོལ་ཏུ་ཕྱིན་པར་རྒྱལ་བའི་སྲས་ཉིད་དུ་འགྱུར་བའི་དུས་ནི་བདེན་པ་མཐོང་ཕན་ཆད་ནས་ཡིན་ཀྱང་། རྒྱལ་སྲས་ཀྱི་མིང་ནི་བྱང་ཆུབ་ཏུ་སེམས་བསྐྱེད་མ་ཐག་ནས་ཐོབ་པར་གསུངས་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ནས་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར། དེ་ལྟར་དབང་ཐོབ་ཕྱིན་ཆད་ཚེ་འདིར་ཡང་ཚེ་རིང་ཞིང་ལོངས་སྤྱོད་ཕུན་སུམ་ཚོགས་པའི་དཔལ་འབྱོར་དང་ལྡན་པས་ཡིད་ལ་རེ་བ་ཇི་བཞིན་དུ་འགྲུབ་པ་དང་། ཕྱི་མར་ཡང་ངན་སོང་དུ་ལྟུང་བའི་ལས་སྲབས་ཤིང་ཟད་པར་བྱས་པས་མཐོ་རིས་ཀྱི་འཇིག་རྟེན་ལྷ་དང་མིའི་ནང་དུ་སྐྱེས་ནས། བདེ་བ་ཕུན་སུམ་ཚོགས་པ་ལ་སྤྱོད་ཅིང་། མཐར་ཐུག་ཐར་པའི་ལམ་སྟོན་པའི་བདག་པོ་དགེ་བའི་བཤེས་གཉེན་དང་། ཐར་པ་ཉིད་ཀྱི་བདག་པོ་དོན་གཉིས་མཐར་ཕྱིན་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་དཀའ་བ་མེད་པར་ཐོབ་པར་འགྱུར་ཏེ། གསང་སྙིང་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོང་རིས་ཐར་པའི་བདག་པོར་འགྱུར། །ཞེས་དང་། རྔམ་གློག་ལས། གསང་བ་མཆོག་གི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །དེས་ནི་ཚེ་འདི་ཉིད་ལ་ཡང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་དང་། ཧེ་རུ་ཀ་འདུས་པ་ལས། རྒྱལ་བའི་དཀྱིལ་འཁོར་བཀོད་པ་ལ། །མཐོང་དང་མོས་ཤིང་མཆོད་པས་ཀྱང་། །རྡོ་རྗེ་འཛིན་དང་མཉམ་འགྱུར་ཞིང་། །ཚེ་འདིར་བདེ་བ་ཐོབ་འགྱུར་ན། །ཞུགས་ཤིང་དབང་བསྐུར་ཐོབ་པ་དང་། །བསྒོམས་དང་ཉམས་ལ་གནས་པ་དང་། །བསྟན་ཞིང་ཡོངས་སུ་རྫོགས་པ་ཉིད། །དཀའ་ཐུབ་གནོད་མེད་བདེ་བ་ཡིས། །ལོ་ཟླ་དུས་ཚོད་བྲལ་བ་ཡི། །ད་ལྟ་ཉིད་དུ་བདེ་མཆོག་འགྲུབ། །དཀའ་དང་འབྲེལ་བ་མེད་པར་ནི། །ཐུན་མོང་དངོས་གྲུབ་སྨོས་ཅི་དགོས། །ཞེས་དང་། ཁ་སྦྱོར་ཐིག་ལེའི་རྒྱུད་ལས་ཀྱང་། དབང་ཐོབ་བདེ་བ་ཕུན་སུམ་ཚོགས། །ཚེ་འདིར་ལེགས་པ་ཀུན་འགྲུབ་ཅིང་། །ངན་སོང་ཐམས་ཅད་མེད་པ་དང་། །ཕྱི་མར་དོན་གཉིས་ལྷུན་གྲུབ་འགྱུར། །ཞེས་གསུངས་པ་ཡིན་ནོ། ༈ །གསུམ་པ་རྗེས་འཇུག་གི་དབང་བསྐུར་བའི་ཕྱག་བཞེས་ཀྱི་མཐའ་དཔྱད་པ་ནི། གླན་ཆེན་པོ་རྡོ་རྗེ་འོད་ཀྱི་སློབ་མའི་མཆོག་འགོས་རྩིས་ལུང་བ་གཙང་པ་དྷརྨ་བཛྲ་གྱི་ཕྱག་བཞེས་ལྟར། འགོས་དངོས་གྲུབ་མགོན་གྱིས་མཛད་པའི་མདོ་དབང་གི་ཡིག་སྣ་དུམ་དུམ་ཁྲིགས་གྲོ་སྟོན་དཔལ་ལྡན་གྲགས་ཀྱིས་ཕྱོགས་གཅིག་ཏུ་བསྡུས་པའི་ནང་ཚན་ལོ་རྒྱུས་ཀྱི་སྐབས་ལ། དེ་ལ་གསང་སྔགས་མདོའི་དབང་ལ་གཉིས་ཏེ། རང་བཞིན་གྱིས་སྣོད་དུ་གྱུར་པ་ལ་ཀུན་འདུས་དང་རྔམ་གློག་ལྟར་ཞི་ཁྲོ་བརྩེགས་མའི་དཀྱིལ་འཁོར་བཞེངས་ལ། མདོ་དབང་དངོས་སུམ་ཅུ་རྩ་དྲུག་བསྐུར་བ་དང་། སྦྱངས་པས་སྣོད་དུ་གྱུར་པ་ལ་ཐེག་པ་ཐམས་ཅད་འདུས་པའི་མདོ་དབང་བསྐུར་བའོ། །ཞེས་དང་། གླན་བསོད་ནམས་མགོན་པོའི་ལས་ཁྲིགས་ལས་ཀྱང་། ད་ནི་དབང་གི་དངོས་གཞིའི་ཆོ་ག་བཤད་པར་བྱ་སྟེ། དེ་ལ་མདོ་ཡོངས་རྫོགས་དང་། ཁྱད་པར་བ་གཉིས་ལས། དང་པོ་ལ། ཡན་ལག་གི་དཀྱིལ་འཁོར་དང་། རྩ་བའི་དཀྱིལ་འཁོར་གཉིས་སུ་ངོས་བཟུང་སྟེ། ཞེས་གསུངས་པ་ལྟར། རྒྱུད་ལུགས་དང་མན་ངག་གི་ལུགས་ཀྱི་དབང་གཉིས་སོ་སོའམ་གཅིག་ཏུ་སྒྲིལ་བའི་དབྱེ་བས་བསྐུར་ཚུལ་རྣམ་པ་གསུམ་སྟེ། རྒྱུད་ལུགས་མདོ་རྩ་བའི་དཀྱིལ་འཁོར་དུ་མདོ་དབང་དངོས་སུམ་ཅུ་རྩ་དྲུག་བསྐུར་ཚུལ། མན་ངག་གི་ལུགས་མདོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་ཐེག་པ་ཐམས་ཅད་འདུས་པའི་མདོ་དབང་རྩ་བ་སོ་དྲུག་ལས་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་ཚུལ། དེ་གཉིས་ད་ལྟའི་དུས་ཀྱི་ཕྱག་ལེན་ལྟར་གཅིག་ཏུ་སྒྲིལ་ནས་བསྐུར་བའི་འདོར་ལེན་བྱ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། རྩ་བའི་དཀྱིལ་འཁོར་ངོས་བཟུང་། དེར་རྒྱུད་ལས་དངོས་བསྟན་གྱི་དབང་སོ་དྲུག་བསྐུར་ཚུལ་བཤད་པའོ། །དང་པོ་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྩ་བའམ་ཁྱད་པར་གྱི་དཀྱིལ་འཁོར་གཉིས་ཞེས་སམ། ཡང་ན་ཐུན་ཐུན་མིན་གྱི་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ཞེས་བྱ་བ་གཉིས་སུ་འགྱུར་ཏེ། ཇི་ལྟར་ཞེ་ན། ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་ནི། རྩ་རྒྱུད་ཀྱི་ཚོགས་ཆེན་འདུས་པའི་སྒྲུབ་ལུགས་ཀྱི་ལེའུ་ལས་བཤད་པའི་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ཞེས་གྲགས་པའི་ཁྲོ་དཀྱིལ་དང་། བཤད་རྒྱུད་རྔམ་གློག་ནས་བཤད་པའི་ཞི་དཀྱིལ་གཉིས་སྦྲེལ་བ་དེ་ཡིན་ཏེ། དེ་ཉིད་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་བ་མདོ་ཡོངས་རྫོགས་ཀྱི་སྐབས་སུ་སྒྲུབ་དབང་གྲགས་ཆུའི་དཀྱིལ་འཁོར་ཡིན་པས་ན། ཐུན་མོང་མ་ཡིན་པའི་མདོ་རྩ་བའམ་ཁྱད་པར་བའི་དཀྱིལ་འཁོར་ཞེས་བཏགས་སོ། །དེ་ལྟར་ཡང་རྩ་རྒྱུད་ལས། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ཞེས་བྱ་བ་འདི་རྒྱ་ཆེར་བཤད་དོ། །དཀྱིལ་འཁོར་དཀྱིལ་འཁོར་ཐམས་ཅད་ཀྱི། །རྩ་བའི་དཀྱིལ་འཁོར་ཆེན་པོ་འདི། །འཁོར་བ་ཐམས་ཅད་བསྒྲལ་བའི་ཕྱིར། །རྣལ་འབྱོར་ཅན་ལ་བཤད་པར་བྱ། །ཞེས་གསུངས་ཤིང་། དེའི་རྒྱ་མདུད་འགྲེལ་ལས། དུར་ཁྲོད་གསང་བའི་ཞེས་པ་དཀྱིལ་འཁོར་འདི་ཀུན་གྱི་ཐུན་མོང་མ་ཡིན་པས་ཁྱད་པར་དུ་གྱུར་པ་བཀའ་སྩོལ་བར་གོ་ཆ་བགོས་པའོ། །དཀྱིལ་འཁོར་དཀྱིལ་འཁོར་ཐམས་ཅད་ཀྱི། །ཞེས་པ་རྣམས། ཕྱི་དང་ནང་གི་དཀྱིལ་འཁོར་རིལ་གྱི་གཞི་རྩར་གྱུར་པ་དུར་ཁྲོད་གསང་བའི་དཀྱིལ་འཁོར། ཞེས་སོགས་གསུངས་པ་ལྟར་རོ། །རྩ་བའི་དཀྱིལ་འཁོར་ཐུན་མོང་བ་ནི། རྣམ་པར་སྣང་མཛད་ཐིག་ལེ་དབང་བསྐུར་བ་རྒྱལ་པོའི་རྒྱུད་ཀྱི་ནང་ནས་གབ་པའི་དབང་ལེ་དྲུག་ཀལྤ་དུམ་བུར་ཕྱུང་བའི་རྒྱུད་ཀྱི་འདྲེན་པའི་ལས་བྱང་ཆེ་ལེར་གསུམ་པའི་ཞི་ཁྲོའི་དཀྱིལ་འཁོར་དང་། ཧེ་རུ་ཀ་འདུས་པའི་རྒྱུད་ཀྱི་ལེའུ་དགུ་པར་གསུངས་པའི་ཁྲོ་ད ཀྱིལ་དང་རྔམ་གློག་ཏུ་གསུངས་པའི་ཞི་དཀྱིལ་གཉིས་སྦྲེལ་བའི་ཞི་ཁྲོའི་དཀྱིལ་འཁོར་གཉིས་དགོངས་པའི་གནད་གཅིག་པར་གྱུར་པ་གང་ཡིན་པ་སྟེ། དེ་ཡང་གབ་པའི་དབང་ལེར། བང་རིམ་དང་པོའི་སྟེང་དུ་ཞི་བའི་ལྷ་ཞེ་གཉིས་དགོད། བར་པ་ལ་ཁྲོ་བོའི་ལྷ་བདུན་ཅུ་རྩ་བརྒྱད་དགོད། ཐ་མར་མཁའ་འགྲོ་དང་ཕོ་ཉ་དང་གིང་དང་མ་མོ་དང་སྲིང་མོ་དགོད། ཟླ་གམ་ཁ་སྤྲོད་ལ་དུས་གསུམ་གྱི་རིག་འཛིན་སློབ་དཔོན་བཞུགས། ཕྱོགས་མཚམས་སྟེང་འོག་དང་མཎྜལ་གྱི་རྩ་ཕུར་པའི་ལྷ་ཞེ་གཉིས་དགོད་དོ། །ཞེས་ལྷ་འགོད་ཚུལ་ཙམ་ལས་སྒོའི་བརྩེགས་རིམ་གསལ་བར་མ་བསྟན་ཅིང་། ཧེ་རུ་ཀ་འདུས་པར། གནས་མ་ཁྱམས་དང་པོ་ལ་བཀོད། ཕོ་ཉའི་ཁྱམས་གསུམ་གཅིག་ཏུ་བསྡུས་ནས་སྒོ་བརྒྱད་བརྩེགས་སུ་གསུངས་ནའང་། རྩ་རྒྱུད་ལས། སྒོ་དགུས་ཀུན་ཏུ་གསལ་བར་གྱུར་པའི་གནས་ན། ཞེས་པའི་རྒྱ་མདུད་འགྲེལ་ལས། ཐེག་པ་དགུ་མཐར་ཕྱིན་པའི་ཕྱིར་གཞལ་ཡས་ཁང་སྒོ་དགུ་རིམ་དུ་གྱུར་པ་ནི་གཞིའི་དོན་ནོ། །ཞེས་རྩ་དཀྱིལ་ཐུན་མོང་མ་ཡིན་པ་སྒོ་དགུ་རིམ་དུ་གསལ་བར་གསུངས་པ་ལྟར། དེའི་ཟླ་སྟོབས་ཀྱིས་རྩ་དཀྱིལ་ཐུན་མོང་པ་ལའང་སྒོ་དགུ་བརྩེགས་སུ་བཀྲལ་བའི་ཡིག་རྙིང་གི་ཐིག་རྩ་སོགས་ཡོད་པར་མ་ཟད། ཁྱད་པར་དབང་དོན་རྒྱ་ཆེར་འབྱེད་པ་ལས། དཀྱིལ་འཁོར་དགུ་བརྩེགས་དཔལ་གྱི་ཕྱག་རྒྱའི་རིམ། །ཞེས་ནང་དབང་རང་གི་བདུན་པ་ཕྱག་རྒྱ་གཟུགས་བརྙན་གྱི་དབང་གི་སྐབས་སུ་གསུངས་པ་ལྟར། རྩ་དཀྱིལ་ཐུན་མོང་པ་འདི་ཡང་སྒོ་དགུ་བརྩེགས་སུ་མཛད་ནས། ལྷ་འགོད་པའི་རིམ་པའང་། གནས་མ་གློ་འབུར་དང་གྲུ་ཆད་བཞིར་བཀོད། དེ་ཕྱིན་སྒོ་དགུ་བརྩེགས་ལ་ཧེ་རུ་ཀ་འདུས་པར་གསུངས་པའི་གོ་རིམ་ལྟར་འགོད་པ་བླ་མ་རྒྱུད་པའི་མན་ངག་གི་ཕྱག་བཞེས་རྣམ་དག་ཡིན་ཏེ། རྗེ་བླ་མས་མཛད་པའི་སྒྲུབ་ཐབས་ལས། གབ་པའི་དབང་ལེར་ཕོ་ཉའི་ཁྱམས་ཀྱི་ཕྱིར་མ་སྲིང་སོགས་བཀོད་པ་དང་། ཡིག་རྙིང་གཞན་དུ་རོལ་པ་ཆེན་པོའི་དཀྱིལ་འཁོར་ཉིད་ཕྲིན་ལས་མྱུར་མགྱོགས་ཀྱི་དཀྱིལ་འཁོར་ནང་དུ་བཀོད་པ་སོགས་སྣང་ནའང་། འདིར་བཀོད་ཧེ་རུ་ཀ་འདུས་པའི་ལེའུ་དགུ་པར་བཤད་པ་བཞིན་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་བརྒྱུས་པ་ལས་བྱུང་བ་ལྟར་ཏེ། འོན་ཀྱང་ཕོ་ཉ་ལ་འདིར་ཁྱམས་གསུམ་དུ་བྱུང་བ་ཧེ་རུ་ཀ་འདུས་པར་གཅིག་ཏུ་བསྡུས་ཤིང་། ཁྱམས་དང་པོ་ལ་གནས་མ་བཀོད་པས་སྒོ་བརྒྱད་བརྩེགས་སུ་འབྱུང་བ་ཙམ་ཁྱད་པར་རོ། །ཞེས་གསུངས་པ་ལྟར་ཡིན་ལ། མདོ་ཡོངས་རྫོགས་ཀྱི་ཚེ་འདི་ཉིད་ནང་དབང་འབྱུང་ཆུའི་དཀྱིལ་འཁོར་ཡིན་པས་ན། མ་ཧཱའི་དཀྱིལ་འཁོར་དང་ཐུན་མོང་དུ་གྱུར་པ་གང་ཞིག །མོས་སློབ་ཙམ་ལ་གྲགས་གསང་གི་ཆུ་བོ་གཉིས་ཀྱང་དཀྱིལ་འཁོར་འདི་ཉིད་དུ་བསྐུར་རུང་བས་རྩ་བའི་དཀྱིལ་འཁོར་དུའང་འགྱུར་བའི་ཕྱིར། ཐུན་མོང་བའི་རྩ་བའི་དཀྱིལ་འཁོར་ཞེས་ཐ་སྙད་བཏགས་པ་ཡིན་ནོ། །གཉིས་པ་དེར་རྒྱུད་ལས་དངོས་བསྟན་གྱི་དབང་སོ་དྲུག་བསྐུར་ཚུལ་བཤད་པ་ལ་གསུམ་སྟེ། བསྐུར་བྱའི་དབང་སོ་དྲུག་རྒྱུད་ལས་བཤད་ཚུལ། དེ་རྩ་དཀྱིལ་ཐུན་ཐུན་མིན་གང་རུང་དུ་རྫོགས་པར་བསྐུར་རུང་བའི་འཐད་པ། ཇི་ལྟར་བསྐུར་བའི་ཆོ་གའི་ཁྱད་པར་བཤད་པའོ། །དང་པོ་ནི། རྩ་རྒྱུད་ལས། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དེས་ཡོངས་སུ་རྫོགས་པའི་དབང་གི་ལེའུ་འདི་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཞེས་པ་ནས། རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་པའི་བར་གྱིས་མདོར་བསྟན་ནས། དེའི་དོན་རྒྱས་པར་བཤད་པ་ལ་ཆུ་བོ་བཞི་ལས། དང་པོ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་ནི། དེ་ལ་དང་པོར་སྦྱིན་པའི་དབང་ནི་འདི་ཡིན་ཏེ། ༀ་ཧཱུཾ་སྭཱ་ཧྲཱིཿཧཱ། ཀུན་གྱིས་འདའ་བར་དཀའ་བ་ཡི། །ཞེས་པ་ནས། འཇིག་རྟེན་ཀུན་ལ་ཁ་ལོ་བསྒྱུར་བ་ཡི། །དབང་མཆོག་རྒྱལ་པོ་འདི་ཡང་སྦྱིན་པར་བྱ། །ཞེས་པའི་བར་གྱིས་བཀའ་རྟགས་ཕྱག་རྒྱའི་དབང་དང་། རྟགས་ཀྱི་མཚན་མའི་དབང་དང་། ཤེས་རབ་གཟུངས་ཀྱི་དབང་དང་། བཀྲ་ཤིས་བུམ་པའི་དབང་དང་། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་དང་། རིན་ཆེན་བདུན་གྱི་དབང་དང་། གདན་ཁྲིའི་དབང་དང་། རྒྱན་ཆ་རྟགས་ཀྱི་དབང་དང་། མིང་གི་དབང་དང་། འཁོར་ལོའི་དབང་སྟེ། ཕན་དབང་ངམ་ཕྱི་དབང་བཅུ་བསྐུར་ཚུལ་བཤད། གཉིས་པ་ནང་དབང་འབྱུང་བའི་ཆུ་བོ་ནི། ཕྱི་འཁོར་སྐྱོང་བའི་རྒྱལ་པོར་གྱུར་ཕན་ཆད། །བླ་མེད་མཆོག་གི་རྟགས་དང་ལྡན་འགྱུར་པས། །གསང་སྒོ་ཕྱེ་ནས་ནང་དུ་གཞུག་པར་བྱ། །ཤིན་ཏུ་གསང་བའི་རྫས་དང་ལྡན་གྱུར་ནས། །གསང་སྒོ་གང་ལས་འདོད་པའི་དོན་རྣམས་ཞུ། །གནང་བ་ཆེན་པོའི་རྟགས་སུ་བྱིན་གྱིས་བརླབ། །ཅེས་པས་ཕྱི་དབང་ཐོབ་ནས་སྣོད་རུང་དུ་བྱས་པ་དེ་ནང་གི་དཀྱིལ་འཁོར་དུ་གཞུག་ཅིང་། རང་བློ་དང་ཐེག་ཚད་ཀྱི་དབང་བསྐུར་ཚུལ་མདོར་བསྟན་པས་མཚམས་སྦྱར་ནས། བསྐུར་ཐབས་རྒྱས་པར་བཤད་པ་ནི། གསང་བའི་དོན་ལ་ཉན་ཅིང་སློབ་པའི་དབང་། །ཞེས་པ་ནས། རྩལ་གྱི་ཐིག་ལེ་རྡོ་རྗེ་བྱིན། །ཞེས་པའི་བར་གྱིས་གསང་བ་ཉན་ཅི་ཀློག་པའི་དབང་དང་། རྣམ་བཞི་ལས་ཀྱི་དབང་དང་། རྒྱལ་ཐེབ་འཆད་པའི་དབང་དང་། རྡོ་རྗེ་རྒྱལ་པོར་དབང་བསྐུར་བ་དང་། ཟིལ་གནོན་གདན་གྱི་དབང་དང་། ཁྱད་པར་གྱི་རིན་ཆེན་སྣ་བདུན་དང་། ཕྱག་རྒྱ་གཟུགས་བརྙན་གྱི་དབང་དང་། ཡེ་ཤེས་ཐུགས་ཀྱི་དབང་དང་། སྐུ་གསུང་ཐུགས་ཀྱི་དབང་དང་། བདུད་འདུལ་བཀྲ་ཤིས་རྫས་ཀྱི་དབང་དང་། གསང་བ་མིང་གི་དབང་སྟེ། ནང་ནུས་པའི་དབང་བཅུ་གཅིག་བསྐུར་ཚུལ་བཤད། གསུམ་པ་སྒྲུབ་དབང་གྲགས་པའི་ཆུ་བོ་ནི། ནང་དུ་འཇུག་པའི་དབང་ཐོབ་ནས། །དེ་དག་ཀུན་ལ་སྤྱོད་སྒྲུབ་པའི། །དབང་མཆོག་དམ་པ་སྦྱིན་པར་བྱ། །ཞེས་ནང་དབང་ཐོབ་ནས། དེ་དག་གི་དོན་ཁྱད་པར་ཅན་སྒྲུབ་པའི་ཐབས་སྤྱོད་པའི་དབང་སྦྱིན་ཚུལ་མདོར་བསྟན་པས་མཚམས་སྦྱར་ནས་བསྐུར་ཐབས་རྒྱས་པར་བཤད་པ་ནི། སྐྱེ་མེད་ཆོས་ཀྱི་དབྱིངས་ཉིད་ལ། །ཞེས་པས། རྡོ་རྗེ་མིང་ནི་སྦྱིན་པར་བྱ། །ཞེས་པའི་བར་གྱིས་ཤེས་རབ་རིག་པའི་དབང་དང་། སྙིང་རྗེ་རྟགས་ཀྱི་དབང་དང་། འགྲོ་དོན་རྫོགས་པའི་དབང་དང་། དུག་གསུམ་གཏིང་ནས་སྤྲུགས་པའི་དབང་དང་། སྲིད་གསུམ་སྒྲོལ་བའི་དབང་དང་། སྐྱོན་གྱིས་མ་གོས་པའི་དབང་དང་། ལས་རྣམས་རྫོགས་པའི་དབང་དང་། གཉིས་མེད་འཁྲིལ་བའི་དབང་དང་། གསང་བ་སྦྱོར་བའི་དབང་དང་། འདོད་ཡོན་ལོངས་སྤྱོད་ཀྱི་དབང་དང་། སྒྲུབ་པའི་རྒྱལ་པོའི་དབང་དང་། སྒྲུབ་རྫས་ཐམས་ཅད་ཀྱི་དབང་དང་། གཉིས་མེད་མིང་གི་དབང་སྟེ། སྒྲུབ་དབང་བཅུ་གསུམ་བསྐུར་ཚུལ་བཤད་དེ། ཆུ་བོ་བཞི་པོ་ཕན་ནུས་ཟབ་མོའི་དབང་གསུམ་དུ་བསྡུ་བའི་ཚེ་འདི་ནི་ནུས་དབང་གི་ནང་ཚན་ནོ། །བཞི་པ་གསང་དབང་རྫོགས་པའི་ཆུ་བོ་ནི། སྒྲུབ་པའི་དབང་མཆོག་ཐོབ་པ་དང་། །གསང་བའི་བདག་པོ་ཡིན་པས་ན། །གསང་བའི་དབང་མཆོག་སྦྱིན་པར་བྱ། །ཞེས་པས་མཚམས་སྦྱར་ཏེ། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཞེས་པ་ནས། དེ་ལ་དབང་མཆོག་བསྐུར་བར་འགྱུར། །ཞེས་པའི་བར་གྱིས་ཀུན་རྫོབ་བྱང་སེམས་ཀྱི་དབང་ལུས་དང་། དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་ཚུལ་བཤད་དོ། །དེ་བཞིན་དུ་བཤད་རྒྱུད་རྔམ་གློག་ལས་ཀྱང་། དབང་སོ་དྲུག་གི་རྐང་གྲངས་གསལ་བར་བསྟན་ཏེ། ཇི་སྐད་དུ། དང་པོ་བཀའ་རྟགས་ཕྱག་རྒྱའི་དབང་། །གཉིས་པ་རྟགས་ཀྱི་མཚན་མའི་དབང་། །གསུམ་པ་ཤེས་རབ་གཟུངས་ཀྱི་དབང་། །བཞི་པ་བཀྲ་ཤིས་བུམ་པའི་དབང་། །ལྔ་པ་བཀྲ་ཤིས་རྫས་ཀྱི་དབང་། །དྲུག་པ་རིན་ཆེན་སྣ་བདུན་དབང་། །བདུན་པ་གདན་མཆོག་དམ་པའི་དབང་། །བརྒྱད་པ་མཛེས་པ་རྒྱན་གྱི་དབང་། །དགུ་པ་གསང་བ་མིང་གི་དབང་། །བཅུ་པ་རྒྱལ་སྟོབས་འཁོར་ལོ་སྟེ། །ཕྱི་དབང་བཅུ་པ་རྫོགས་པ་དང་། །རྡོ་རྗེས་ནང་དུ་གཞུག་བྱ་བ། །དང་པོ་གསང་བ་ཉན་ཅིང་ཀློག་པའི་དབང་། །གཉིས་པ་གླེགས་བམ་ཟབ་མོ་གཏད་པའི་དབང་། །གསུམ་པ་རྣམ་བཞི་ལས་ཀྱི་རྫས་ཀྱང་བྱིན། །བཞི་པ་རྒྱལ་ཚབ་དམ་པའི་མཛོད་གསུམ་བྱིན། །ལྔ་པ་སློབ་དཔོན་ཐེག་ཆེན་དགུ་ཡི་རྟགས། །དྲུག་པ་ཉི་ཟླ་པདྨ་སེམས་ཅན་གདན། །བདུན་པ་རྒྱལ་པོ་གསང་བའི་རིན་ཆེན་བདུན། །བརྒྱད་པ་གཟུགས་བརྙན་སྤྱི་བོར་བཞག །དགུ་པ་སྐུ་གསུམ་ཡེ་ཤེས་བྱིན། །བཅུ་པ་བཀྲ་ཤིས་ནང་རྫས་དབང་། །དེ་ལ་ལག་ཏུ་རྡོ་རྗེ་བྱིན། །བཅུ་དང་གཅིག་གིས་ནང་བཅུག་ནས། །སྒྲུབ་པའི་དབང་མཆོག་སྦྱིན་པར་བྱ། །དང་པོ་སེམས་ཀྱི་གཏན་ཚིགས་བྱིན། །གཉིས་པ་སྙིང་རྗེའི་དབང་བསྐུར་བྱིན། །གསུམ་པ་ཡི་གེ་འཁོར་ལོ་བྱིན། །བཞི་པ་ཐོང་གཤོལ་འབར་བ་བྱིན། །བྷཉྫ་གང་བ་སྦྱིན་དང་ལྔ། །དྲུག་པ་མཚོན་ཆ་སྣ་ཚོགས་ཏེ། །བདུན་པ་སྐྱོན་མེད་པདྨ་བྱིན། །བརྒྱད་པ་ཏི་རའི་དབྱུག་པ་བྱིན། །དགུ་པ་སྦྲུལ་ནག་ཆུན་པོ་བྱིན། །བཅུ་པ་དྲི་མེད་ལྷ་མོ་བྱིན། །གཅིག་ལ་འདོད་པའི་ལོངས་སྤྱོད་བྱིན། །གཉིས་ལ་སྒྲུབ་རྫས་ཐམས་ཅད་བྱིན། །གསུམ་ལ་རྡོ་རྗེ་གསང་མིང་བྱིན། །བཅུ་དང་གསུམ་པོ་རྫོགས་པ་དང་། །གསང་བ་དམ་པ་སྦྱིན་པ་ཡང་། །དཀར་དམར་འདྲེས་པའི་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་ལྕེ་ལ་བཞག །སྙིང་པོ་དོན་དམ་བྱང་ཆུབ་སེམས། །དེ་ཡི་བློ་ལ་བཞག་པར་བྱ། །ཞེས་སོ། །གཉིས་པ་ལ། རྩ་དཀྱིལ་ཐུན་མོང་མ་ཡིན་པ་དང་། རྩ་དཀྱིལ་ཐུན་མོང་པར་དབང་སོ་དྲུག་བསྐུར་རུང་བའི་འཐད་པའོ། །དང་པོ་ནི། འགྲེལ་པ་ལུང་བསྟན་མ་ལས། དང་པོ་རྩ་བའི་རྒྱུད་ཀྱི་ལེའུ་དགུ་པ་དང་། སྤྱིའི་ཆོ་གས་དཀྱིལ་འཁོར་གཉིས་ཀྱི་བསྙེན་པ་དང་། ལྷག་པར་གནས་པའི་ཆོ་ག་རྫོགས་པར་བྱའོ། །དེ་ནས་ལེའུ་བཅུ་གཉིས་པ་ཚོགས་ཆེན་འདུས་པའི་ལུགས་ཀྱི་དཀྱིལ་འཁོར་བྲི་བ་དང་། རྒྱན་དགྲམ་པ་དང་། སྔོན་དུ་འགྲོ་བ་བྱས་ལ། དཀྱིལ་འཁོར་གསུམ་བསྲེ་བ་དང་། མཆོད་པ་ལ་སོགས་པ་བྱའོ། །དེ་ནས་རྡོ་རྗེ་རྣལ་འབྱོར་འཇུག་པ་ལྟར་ཞུགས་པའམ། འདི་ཉིད་ཀྱི་རུ་དྲ་འཇུག་པ་ལྟར་གཞུག་པའི་ཆོ་ག་བྱས་ལ། རྡོ་རྗེ་དབང་གི་ལེའུ་དང་། ལེའུ་བདུན་ཅུ་པ་དང་། ལེའུ་འདི་ཉིད་དང་གསུམ་གྱིས་དབང་བསྐུར་བར་བྱའོ། །ཞེས་པ་ལྟར་བསྙེན་པ་དང་ལྷག་གནས་སྔོན་དུ་བཏང་ནས། རྩ་རྒྱུད་ལས་གསུངས་པའི་རྩ་བའི་དཀྱིལ་འཁོར་ཐུན་མོང་མ་ཡིན་པ། འདིར་ནི་རྡོ་རྗེ་མུ་ཁྱུད་བདུན། །འབྱུང་བའི་རིམ་པ་དྲུག་བར་དུ། །འཁོར་ལོ་དྲུག་བརྩེགས་སྙིང་པོ་འབར། །ཞེས་སོགས་འབྱུང་བ་ལྟར་གྱི་ཁྲོ་དཀྱིལ་དང་། དེ་སྟེང་རྔམ་གློག་ནས་བཤད་པའི་ཞི་དཀྱིལ་བཀོད་དེ། ཞི་ཁྲོ་བརྩེགས་མའི་དཀྱིལ་འཁོར་བཞེངས་ལ་དེར་འཇུག་པའི་ཆོ་ག་རྩ་རྒྱུད་ཀྱི་རྡོ་རྗེ་རྣལ་འབྱོར་འཇུག་པའི་ལེའུ་ལས་བཤད་པ་ལྟར་རམ། དགོངས་འདུས་ཀྱི་རུ་དྲ་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་གཉིས་གང་རུང་གིས་བཅུག་ལ། དགོངས་འདུས་ཀྱི་ལེའུ་བདུན་ཅུ་པ་དང་། བཅུ་གསུམ་པ་གཉིས་ཀྱིས་སྤྱི་ཁོག་དབུབ་ཅིང་། ཇི་ལྟར་བསྐུར་བའི་ཆོ་ག་རྩ་རྒྱུད་ཀྱི་རྡོ་རྗེ་དབང་གི་ལེའུ་ལས་བཤད་པ་ལྟར་གྱིས་ཆུ་བོ་བཞི་རྫོགས་སུ་བསྐུར་བར་གསུངས་པ་ཡིན་ནོ། །འདིར་རྩ་རྒྱུད་ཀྱི་དཔེ་རྒྱུན་ཕལ་མོ་ཆེར། ཚོགས་ཆེན་འདུས་པའི་སྒྲུབ་ལུགས་ལེའུ་བཅུ་བཞི་པར་སྣང་བས་ལུང་བསྟན་མའི་འགྲེལ་ཚིག་འདི་དང་འགལ་ལོ་སྙམ་ན། དེ་ནི་འགྲེལ་པ་སོ་སོའི་དགོངས་པས་རྒྱུད་ཀྱི་ལེའུའི་གཅོད་མཚམས་ཐ་དད་པར་བྱུང་བ་ཡིན་ཏེ། དཔེར་ན་འགྲེལ་ཆུང་དུ་རྩ་རྒྱུད་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་དང་། རྡོ་རྗེ་མཆོག་ཆེན་གྱི་ལེའུ་གཉིས་སོ་སོར་ཕྱེ་བ་དང་། རྒྱུད་རང་གི་གླེགས་བམ་ཕལ་ཆེ་བར། འཇུག་པ་དང་དབང་ལེའུ་སོ་ལྔ་པ་དང་སོ་དྲུག་པར་བྱས་ཏེ། སྤྱིར་རྒྱུད་ལ་ལེའུ་སོ་བདུན་དུ་ཕྱེ་ཡང་། རྒྱ་མདུད་འགྲེལ་དུ་སྤྱིར་ལེའུ་སོ་དྲུག་ཏུ་བསྡུས་ནས། འཇུག་པ་དང་དབང་སོ་བཞི་སོ་ལྔ་གཉིས་ལ་སྣང་ཞིང་། ཚོགས་ཆེན་འདུས་པའི་སྒྲུབ་ལུགས་ཀྱང་ལེའུ་བཅུ་གཉིས་པ་རང་ལ་ཡོད་པས་ལུང་བསྟན་མའི་འགྲེལ་ཚིག་འདི་ཡིག་ནོར་རོ་སྙམ་དུ་བསམ་པར་མི་བྱའོ། །གཉིས་པ་ནི། གསང་བདག་ཆེན་པོ་སྒྲོ་ཕུག་པས་མཛད་པའི་གསང་སྔགས་ལུང་གི་འདུས་པ་མདོའི་དབང་གི་མཛད་བྱང་ཞེས་པར། ཞི་ཁྲོའི་དཀྱིལ་འཁོར་ཚོགས་ཆེན་འདུས་པ་ཐུན་མོང་བའི་ལུགས་སུ་བཞེངས་ནས། དེར་སྔར་ལྟར་འཇུག་པ་དང་དབང་སོ་དྲུག་རྩ་རྒྱུད་བཞིན་དུ་རྫོགས་པར་བསྐུར་ཚུལ་གསུངས་ཤིང་། དབང་ཆོག་འདི་ནི་རྒྱུད་ལུགས་ཀྱི་མདོ་དབང་ཉུང་གསལ་རྫོགས་པའི་ཡིག་ཆ་ངོ་མཚར་ཅན་དུ་སྣང་མོད། དེ་ལྟ་ནའང་ཧ་ཅང་ཚིག་སྣ་ཐུང་བས་མ་ཁྲོལ་བ་ཡིན་ནམ། ཕྱིས་ཀྱི་གང་ཟག་རྣམས་ཀྱིས་ནི་སྤངས་པ་ལྟ་བུར་གྱུར་ཏོ། །དེ་ལྟར་རྩ་བའི་དཀྱིལ་འཁོར་གཉིས་གང་རུང་དུ་མདོ་དབང་དངོས་སུམ་ཅུ་རྩ་དྲུག་རྫོགས་པར་བསྐུར་བའི་ཕྱག་བཞེས་འདི་ནི། འདུས་པ་མདོའི་རྒྱུད་རྩ་བཤད་ཀྱིས་དངོས་བསྟན་ལྟར་གྱི་མདོའི་དབང་ཐུན་མོང་མ་ཡིན་པར་སྣང་བས། གཙོ་ཆེ་བའི་ངོས་ནས་རྒྱུད་ལུགས་ཞེས་བྱ་ཞིང་། བདེ་བ་གསལ་མཛད་ཀྱིས་དབང་དོན་རྣམ་པར་འབྱེད་པར་རྗེས་འཇུག་ལས་དང་པོ་ལ་ཆུ་བོ་བཞི་བསྐུར་ཚུལ་བཤད་པའི་མན་ངག་དང་ཡང་འབྲེལ་ཏེ། རང་བཞིན་གྱིས་སྣོད་དུ་གྱུར་པའི་སྐལ་ལྡན་གྱི་སློབ་མ་ཁྱད་པར་ཅན་རྣམས་ལ་བསྐུར་བྱའི་དབང་ཡིན་ནོ། །གསུམ་པ་རྩ་དཀྱིལ་གཉིས་གང་རུང་དུ་ཇི་ལྟར་བསྐུར་བའི་ཆོ་གའི་ཁྱད་པར་བཤད་པ་ལ། སྒྱུ་འཕྲུལ་ལམ་རིམ་ལས། གཞི་དང་གཞུང་གིས་རྫོགས་པར་འགྱུར། །ཕུན་སུམ་ཚོགས་པ་ལྔ་གཞི་ལ། །བསྙེན་སྒྲུབ་བཞི་ཡིས་གཞུང་བསྲང་བའང་། །ཞེས་པས་གཉིས་ཏེ། སྒྲུབ་པའི་གཞི་བཟུང་བ་དང་། སྒྲུབ་པའི་གཞུང་སྲོང་ཞིང་དབང་བསྐུར་བའོ། །དང་པོ་ལ་ལྔ་སྟེ། གང་གིས་སྒྲུབ་པའི་སྟོན་པ་རྡོ་རྗེ་རྒྱལ་པོ། གང་དང་ལྷན་ཅིག་སྒྲུབ་པའི་འཁོར། གང་དུ་སྒྲུབ་པའི་གནས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། གང་གི་ཚེ་སྒྲུབ་པའི་དུས་སོ། །དང་པོ་ནི། རྩ་རྒྱུད་ལས། བླ་མ་རྡོ་རྗེ་འཁོར་ལོ་རྒྱལ། །ཡོན་ཏན་མཆོག་གི་གཏེར་གྱུར་ཅིང་། །སྲིད་པར་ཞུས་ཀྱང་ཟད་མི་ཤེས། །རྐྱེན་ཐུབ་དབང་ལུང་རྫོགས་པ་བཟུང་། །ཞེས་པས་ལྟ་སྒོམ་སྤྱོད་གསུམ་རྣམ་པར་དག་པས་ཡོན་ཏན་མཆོག་གི་གཏེར་དུ་གྱུར་ཅིང་། ལུང་རིགས་མན་ངག་ཀུན་ལ་མཁས་པས་མཁྱེན་པ་ཟད་མི་ཤེས་པ། དབང་ལུང་མན་ངག་རྫོགས་ཤིང་དམ་ཚིག་གཙང་བས་གསང་གཉེར་ཐུབ་པ། བཤད་སྒྲུབ་རྐྱེན་ཁར་མི་གཏོང་བའི་གཞན་རྗེས་སུ་འཛིན་པའི་ཐབས་མཁས་ཐུགས་རྗེར་ལྡན་པའོ། །གཉིས་པ་ནི། སྔར་བསྟན་པ་ལྟར་སྤྱིར་སློབ་མའི་སྣོད་ཀྱི་ཡོན་ཏན་རྣམས་ཚང་ཞིང་། བྱེ་བྲག་ཏུ། དེ་ལས། རྡོ་རྗེ་ཅན་གྱི་གཟུངས་འཛིན་མ། །ཞེས་སོགས་ཚིགས་བཅད་བཞིས། འཆད་མཁས་པའི་རྡོ་རྗེ་རྒྱལ་ཐེབ། སྦྱོར་བའི་སྒྱུ་རྩལ་ཤེས་པའི་གཟུངས་མ། དཔའ་བརྟུལ་ཆེ་བའི་ཀངྐི་ར། དྲོད་འཛིན་པའི་རྡོ་རྗེ་བྱ་རོག །མཐོང་བཟློག་ནུས་པའི་རྡོ་རྗེ་སྤྱན་པ། སྐད་གདངས་སྙན་ཞིང་ལས་ཁྲིགས་བྱང་བའི་རྡོ་རྗེ་ལས་མཁན། གཡོས་མཁས་ཤིང་ཁ་སྐ་བའི་རྡོ་རྗེ་བྱན་པོ། ཕྱི་ནང་བརྡ་སྦྱོར་མཁས་པའི་རྡོ་རྗེ་རྡུལ་ཕྱགས་སོགས་དངོས་ཤུགས་ཅི་རིགས་པས་ཚོམ་བུར་འབྲེལ་བའི་འཁོར་བསྟན་ནོ། །གསུམ་པ་ནི། དེ་ལས། སྒྲུབ་པའི་གནས་མཆོག་དམ་པ་དག །སྐྱོན་ཡོན་གཉིས་ཀྱི་བྱེ་བྲག་ནི། །ངེས་པར་བརྟགས་ཏེ་ཤེས་པ་ལས། །བླང་དོར་གཉིས་སུ་སྦྱར་བར་བྱ། །ཞེས་པ་ལྟར། ཡི་དྭགས་གདུགས་པ་ཅན་གྱི་འགྱུ་སྲང་དང་དགྲ་རྐུན་གཅན་གཟན་སོགས་ཀྱིས་འཚེ་བ་མེད་ཅིང་། སྟོན་པའི་ཞབས་ཀྱིས་བཅགས་པས་བྱིན་ཆེ་བ། རིག་འཛིན་གོང་མ་རྣམས་ཀྱིས་གྲུབ་པ་བརྙེས་པས་བཀྲ་ཤིས་པ། གནམ་ས་བར་སྣང་གི་དཔྱད་ལེགས་པས་ཉམས་དགའ་ཞིང་ཡིད་དུ་འོང་བ། ཁྱད་པར་གཞུང་དང་མཐུན་པས་སྒྲུབ་ཐག་ཉེ་བ་སོགས་བཀྲ་ཤིས་དགེ་མཚན་དང་ལྡན་པའི་གནས་སུ་སྒྲུབ་ཁང་སུམ་ཐོག་ཁོར་ཁང་རིམ་པ་གསུམ་པ་གནོད་པ་ཞི་བའི་རྫས་ཀྱིས་བྱུགས་པ་འདུ་བྱ་བ་སྟེ། རྔམ་གློག་ལས། རི་བོ་འདུས་པའི་རྩེ་རྣམས་དང་། །ཙནྡན་ནགས་ཚལ་མེ་ཏོག་ཚལ། །ཡིད་འོང་བཀྲ་ཤིས་ཉམས་དགའ་བའི། །གནས་སུ་དཀྱིལ་འཁོར་བྲི་བར་བྱ། །གནམ་དང་ས་དང་བར་སྣང་རྣམས། །ལེགས་པར་བརྟགས་ཏེ་ལས་རྣམས་བྱ། །ཞེས་དང་། སྒྱུ་འཕྲུལ་ལས་རིམ་ལས། རྙེད་ནས་ཚོམ་བུའི་གྲངས་བཞིན་དུ། །ཆེ་ཆུང་རྐྱེན་དུ་འཚམས་པར་བྱ། །ཁོར་ཁང་ཕྱི་ནང་བར་ལྡན་པར། །རིན་ཆེན་བྱུག་པས་བསྲུང་བ་དང་། །རིན་ཆེན་སྤྲུལ་པའི་གཞལ་ཡས་ཁང་། །ཡིད་འོང་བྱ་བ་ཤིན་ཏུ་གཅེས། །ཞེས་སོ། །བཞི་པ་ནི། རྩ་རྒྱུད་ལས། དེར་ནི་ཡོད་བྱད་ཕུན་སུམ་ཚོགས། །ཅི་འདོད་བལྟས་ཏེ་མ་ཐོགས་པར། །ཞེས་སོགས་གསུངས་པ་ལྟར་ལྔ་ལས། སྒྲུབ་རྫས་གསང་བའི་ཡོ་བྱད་ནི། ཐོད་སྐུ་སོགས་སྒྲུབ་པའི་རྟེན་གསུམ་བྱིན་ཅན་དང་། རྨད་དུ་བྱུང་བའི་དམ་རྫས་བམ་གཙང་མ་སོགས་དངོས་གྲུབ་སྒྲུབ་པའི་རྫས་དང་དབང་གི་རྫས་ཐུན་མོང་མ་ཡིན་པ་རྣམས་སོ། །མཆོད་རྫས་དག་པའི་ཡོ་བྱད་ནི། ཕྱི་ནང་གི་ཉེར་སྤྱོད། སྨན་གཏོར་རཀྟ། རོལ་མོའི་བྱེ་བྲག །སྒྲུབ་ཁང་དང་དཀྱིལ་འཁོར་གྱི་རྒྱན་གྱི་ཁྱད་པར་ལ་སོགས་པའོ། །བར་གཅོད་རྐྱེན་བཟློག་གི་ཡོ་བྱད་ནི། ནད་སེལ་བའི་སྨན་དང་སྨན་པ། དགྲ་བཟློག་གི་གོ་མཚོན། བགེགས་བཟློག་གི་ཉུལ་ལེ་སྐྲོད་པའི་བྲབ་བདུག་གི་རྫས་ལ་སོགས་པ་རྣམས་སོ། །འཚོ་བ་ཉེར་མཁོའི་ཡོ་བྱད་ནི། གོས་སྟན་བཟའ་བཏུང་སོགས་མ་འགྲུབ་ན་སྤོགས་ཆོག་དགོས་པའི་ཕྱིར་ལྡབ་ལྡང་དུ་གསོག་པའོ། །དགོས་པ་མཆོག་གི་ཡོ་བྱད་ནི། ཉམས་ལེན་ལ་ཐེ་ཚོམ་གཅོད་པའི་སྤྱི་དང་ཁྱད་པར་གྱི་རྒྱུད་ལུང་མན་ངག་རྣམས་ཚང་བར་འདུ་བྱ་ཞིང་། ལྷག་པའི་ཡོ་བྱད་ལྔ་ལ་རང་བྱན་ཚུད་པའོ། །ལྔ་པ་ནི། སྤྱིར་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཆ་བཞིའི་དང་པོ་སྟེ་ར་བ་བཞི་དང་། བྱེ་བྲག་ཏུ་ཉི་མ་འཕེལ་བའི་དུས་བྱང་བགྲོད། ཟླ་བ་འཕེལ་བའི་དུས་ཡར་ངོ་། དེའི་ནང་ནས་ཀྱང་ཚེས་གྲངས་བརྒྱད་ནས་བཅོ་ལྔའི་བར་ལ། རྒྱལ་ཕུར་འཛོམ་པ་ལྟ་བུའི་གཟའ་སྐར་སྦྱོར་བྱེད་བཟང་པོ་ནས་སྒྲུབ་པའི་འགོ་རྩོམ་པ་ཤིས་པ་ཡིན་ཏེ། རྩ་རྒྱུད་ལས། འདི་ལྟར་སྦྱར་བའི་དུས་ཆེན་ཡང་། །ངེས་པར་བརྟགས་ཏེ་མདོ་བཟུང་ལ། །རིག་བྱེད་དག་གི་ཡན་ལག་ལས། །ཤེས་པར་བྱ་སྟེ་ལེགས་སྦྱར་བ། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །སྦྱོར་དང་དུས་ཚིགས་བཟང་པོ་རྣམས། །འཇིག་རྟེན་མཚན་མའི་རྟོག་པ་སྟེ། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་དང་། བདེ་འདུས་དབང་བྱང་ལས། དུས་ནི་དབྱར་དགུན་སྟོན་དཔྱིད་ཀྱི། །ར་བ་དག་ལ་རབ་ཏུ་ཤིས། །བརྒྱད་ནས་ཉ་ཡི་བར་ལ་གཏད། །བཀྲ་ཤིས་གཟའ་སྐར་ཤིས་པ་བླང་། །ཞེས་དང་། གཟའ་སྐར་ཡང་། འཇམ་དཔལ་རྩ་རྒྱུད་ལས། ཚེས་གྲངས་གཟའ་ནི་དམ་པར་ལྡན། །ཕུར་བུ་པ་སངས་ཟླ་བ་དང་། །གཟའ་ལྷག་མཆོག་གི་ལས་ཀུན་ལ། །གཟའ་མཆོག་འདི་དག་རྟག་ཏུ་ནི། །བཞི་པ་ཚེས་དང་ལྡན་པ་ནི། །ས་སྟེང་འཇིག་རྟེན་ཀུན་ཏུ་ནི། །འགྲོ་བའི་ལས་ནི་འགྲུབ་པར་བྱེད། །ཅེས་དང་། ཐ་སྐར་སྣར་མ་ཉིད་དང་ནི། །རྒྱལ་དང་ཁྲུམས་ནི་སྟོད་སྨད་གཉིས། །ནམ་གྲུ་དང་ནི་ལྷ་མཚམས་དག །བཟླས་པའི་དུས་སུ་རབ་ཏུ་བསྔགས། །འདི་དག་ལ་ནི་སྔགས་རྣམས་འགྲུབ། །གྲུབ་པའི་དོན་ཡང་སྟེར་བར་བྱེད། །སྐར་མ་དག་ནི་འདི་དག་ལ། །དཀྱིལ་འཁོར་ཉིད་ཀྱང་བྲི་བར་བྱ། །ཞེས་སོ། །གཞན་ཡང་རྩ་རྒྱུད་དུ་དབྱར་སྟོན་དགུན་དཔྱིད་ཀྱི་ར་བ་བཞི་པོ་རིམ་པར་ཞི་རྒྱས་དབང་དྲག་གི་ལས་སོ་སོ་སྒྲུབ་པ་ལ་ཤིས་པར་བསྟན་པ་དང་། བམ་རྙེད་པའམ་གཟུངས་མ་འདུ་བྱ་དང་། བསླབ་བཅུ་མཐར་ཕྱིན་ཅིང་སྒྲོལ་བའི་ཚད་ལ་བབས་ནའང་དུས་ཡིན་པར་གསུངས་སོ། །ཡང་སྒྲུབ་པ་ཇི་ཙམ་བྱེད་པའི་དུས་ནི། སྨིན་སློབ་ཀྱི་དབང་དུ་བྱས་ན། །ཟླ་བ་དྲུག་དང་ལོ་གཅིག་ལ་སོགས་པ་དངོས་གྲུབ་ཀྱི་མཚན་མ་གཏན་ལ་མ་ཕེབས་ཀྱི་བར་དེ་སྲིད་དུ་སྒྲུབ་སྟེ། ཧེ་རུ་ཀ་འདུས་པ་ལས། ལོའམ་ཟླ་བའི་གྲངས་བཞིན་དུ། །ཐབས་དང་ཆོ་གར་ལྡན་སྤྱོད་པས། །ཟག་མེད་སྣང་བའི་ལམ་ལ་གནས། །སྐྱེ་འཇིག་མེད་པའི་སྐུར་གྱུར་ཏེ། །བསྐལ་པ་གྲངས་མེད་ཚེ་ལ་དབང་། །བདེན་པའི་དོན་མཐོང་འཇིགས་པ་མེད། །ཅེས་སོ། །མོས་སློབ་ལ་ནི་ཞག་ཉི་ཤུ་རྩ་གཅིག་གམ་ཞག་བཅུ་གཅིག་ལྟ་བུ་ལ་བསྙེན་སྒྲུབ་ཡན་ལག་བཞི་ཚང་བར་ཉམས་སུ་ལེན་པའོ། །ཁྱད་པར་དབང་བསྐུར་བའི་དུས་ནི། བསྙེན་སྒྲུབ་རྫོགས་ནས་ལྷག་པའི་སེམས་སྐྱེས་པའི་དུས་ཏེ། ངེས་འབྱེད་ལས། དང་པོ་སེམས་བསྐྱེད་འཇུག་དུས་སུ། །རྫས་ཀྱི་དབང་བཅུ་རྫོགས་པར་སྦྱིན། །ཞེས་སོ། །གཉིས་པ་སྒྲུབ་པའི་གཞུང་སྲོང་ཞིང་དབང་བསྐུར་བ་ནི། རྩ་རྒྱུད་ལས། རྡོ་རྗེ་ཚོགས་ཏེ་བསྙེན་པ་དང་། །ཉེ་བ་དང་ནི་སྒྲུབ་པ་དང་། །སྒྲུབ་པ་ཆེན་པོར་སྦྱར་བར་བྱ། །ཞེས་གསུངས་པ་ལྟར། བསྙེན་སྒྲུབ་ཡན་ལག་བཞི་ལ་གཉིས་ཏེ། ངེས་རྫོགས་དང་། མོས་སློབ་བོ། །དང་པོ་ནི། ལྟ་བ་ཆོས་ཉིད་ཇི་བཞིན་པ་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་རྟོགས་ནས། འདུན་པ་སེམས་པའི་རྣལ་འབྱོར་ལ་བརྟན་པ་ཐོབ་པས། རིགས་ཆེན་འབྱེད་པའི་རྣལ་འབྱོར་ལ་ཞུགས་ཏེ། མཆོག་གི་དངོས་གྲུབ་དབུགས་ཆེན་ཕྱིན་པའི་རྣལ་འབྱོར་ལ་སྦྱོར་བའི་བར་ཆད་མེད་ལམ་མོ། །དེ་ལ་བཞི་ལས། དང་པོ་བསྙེན་པ་ནི། རིམ་པ་གཤོམས་དང་འབྲེལ་བ་སྟེ། རྩ་བའི་སྒྲུབ་བྱང་ལས། ཧེ་རུ་ཀ་ཡི་སྒྲུབ་ཐབས་ལ། །བསྙེན་སྒྲུབ་རྣམ་བཞི་གསུངས་པ་ལས། །རིམ་པ་གཤོམས་ཀྱིས་འབྲེལ་བའི་ཕྱིར། །བསྙེན་པ་ཞེས་སུ་བཤད་པ་ཡིན། །ཞེས་སོ། །གཉིས་པ་ཉེ་བསྙེན་ནི། གསང་བའི་དཀྱིལ་འཁོར་གྱི་སྒོར་ཞུགས་ནས་བྱིན་དང་ལྡན་པས་དངོས་གྲུབ་ལ་ཉེ་བར་བྱེད་པ་སྟེ། དེ་ལས། ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དུ། །གསང་སྒོར་ཞུགས་ནས་བྱིན་ལྡན་ཕྱིར། །ཉེ་བའི་བསྙེན་པར་དེ་བརྗོད་དོ། །ཞེས་སོ། །གསུམ་པ་སྒྲུབ་པ་ནི། ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དངོས་ལ་ཞུགས་ཏེ། མ་གྲུབ་ན་སྤོགས་ཆོག་དང་བཅས་པས་དངོས་གྲུབ་ཀྱི་མཚན་མ་གཏན་ལ་མ་ཕེབས་ཀྱི་བར་དེ་སྲིད་དུ་སྒྲུབ་པར་བྱེད་པ་སྟེ། དེ་ལས། རྡོ་རྗེ་རིགས་ཀྱི་སྒྲུབ་པ་ལ། །གང་ཡང་བར་མཚམས་མིག་ཡེང་ཕྱིར། །དམ་པའི་གཞུང་ཉིད་འཛིན་པས་ན། །སྒྲུབ་པ་ཞེས་བྱར་དེ་བརྗོད་དོ། །ཞེས་སོ། །བཞི་པ་སྒྲུབ་པ་ཆེན་པོ་ནི། རྟགས་དང་མཚན་མ་གཏན་ལ་ཕེབས་ནས། ནུབ་ཐ་མ་ལ་རང་དོན་དུ་དངོས་གྲུབ་ལེན་པའི་ཐབས་ཀྱིས་དབུགས་ཆེན་ཕྱིན་པའི་རྣལ་འབྱོར་ལ་སྦྱར་རྗེས། གཞན་དོན་དབང་བསྐུར་བའི་ཕྲིན་ལས་ལ་འཇུག་པ་སྟེ། དེ་ལས། ཁྲག་འཐུང་ལས་ཀྱི་རིམ་པ་ལས། །རྣལ་འབྱོར་དྲོད་ཀྱི་རྩལ་འཆང་བས། །དོན་མཆོག་མངོན་དུ་བྱ་བའི་ཕྱིར། །སྒྲུབ་པ་ཆེན་པོ་ཞེས་སུ་བརྗོད། །ཅེས་སོ། །གཉིས་པ་མོས་སློབ་ནི། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་མོས་པས་སྤྱིའི་རྣམ་པ་ཙམ་ལམ་དུ་བྱེད་པ་སྟེ། དེ་ལ་བཞི་ལས། དང་པོ་བསྙེན་པ་ལའང་གཉིས་ཏེ། སྔོན་དུ་བྱ་བའི་དང་། བསྙེན་པའི་ཡན་ལག་དངོས་སོ། །དང་པོ་ནི། རང་གཞི་ལུས་ཀུན་བཟང་ལ་ཞི་བ་དང་། ཆེ་མཆོག་ལ་ཁྲོ་དཀྱིལ་ཐུན་ཐུན་མིན་གཉིས་གང་རིགས་ཀྱི་ལྷ་ལུས་དཀྱིལ་དུ་བཀོད་པའི་ཨ་ནུ་རང་ལུགས་ལྟར་ཉམས་སུ་ལེན་པའི་སྒོ་ནས་མཚན་དུས་གྲངས་གསུམ་གང་རུང་གི་གཞིའི་བསྙེན་པ་ཁ་སྐོང་དང་བཅས་པ་བྱེད་པ་སྟེ། རྔམ་གློག་ལས། དུས་དང་གྲངས་དང་མཚན་མ་ཡིན། །བསྙེན་པ་རབ་ཏུ་རྫོགས་པ་གཅེས། །ཞེས་སོ། །དེ་ལྟར་རྩ་བསྙེན་ཐེམས་པའི་སློབ་དཔོན་ལ། སློབ་བུས་གསོལ་བ་འདེབས་ན་སྣོད་བརྟགས་ཏེ། སྣོད་རུང་དུ་མཐོང་ནས་བགེགས་སྦྱང་ཞིང་བསྲུང་བ་བྱས་ལ། རྒྱུད་སྦྱོང་བའི་མན་ངག་ཀྱང་བསྟན་ནས། སློབ་དཔོན་བདག་ཉིད་ལྷ་ལ་གནང་བ་ཞུ་བའི་དོན་དུ་བསྙེན་པ་ཁ་གསོ་བ་ལ་འཇུག་པའོ། །གཉིས་པ་ལ་གཉིས་ཏེ། སྡོམས་དང་། དེའི་དོན་བཤད་པའོ། །དང་པོ་ནི། སྒྲུབ་བྱང་ལས། བཤམ་དང་བརྟག་བསླང་སྦྱང་བ་དང་། །མནན་པ་བྱིན་བརླབས་བསྐྱེད་པ་དང་། །མཚམས་དང་དམ་སྲི་སྒོ་བྱང་དང་། །ཚོགས་བསགས་གཞལ་ཡས་ཁང་བསྐྱེད་པ། །བཅུ་དང་གཉིས་ཀྱིས་རྒྱས་པར་འགྱུར། །ཞེས་པའོ། །གཉིས་པ་ནི། ཧེ་རུ་ཀ་འདུས་པ་ལས། དང་པོ་ས་ཡི་ཆོ་ག་སྟེ། །གཉིས་པ་ལ་ནི་སྟ་གོན་གནས། །གསུམ་པ་འཇུག་པའི་ཆོ་ག་བྱ། །ཞེས་པ་ལྟར་གསུམ་ལས། འདིས་བྱིན་བརླབས་དང་བསྐྱེད་པ་གཉིས་འཁྲུགས་བསྡེབས་ཀྱིས་གོ་བརྗེས་ནས་ནུབ་དང་པོ་དང་གཉིས་པའི་བྱ་བ་སྟོན་ཏེ། དེ་ལ་དོན་བཅུ་གཉིས་ཀྱི་དང་པོ་བཤམ་པ་ནི། སློབ་དཔོན་བསྙེན་པ་ཁ་གསོ་ལ་བཞུགས་པའི་བར་སློབ་བུས་བསག་སྦྱངས་དང་ལྷན་ཅིག་སྒྲུབ་དབང་གི་རྫས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་གསོག་པའོ། །གཉིས་པ་ས་བརྟག་པ་ནི། རྔམ་གློག་ལས། གནམ་དང་ས་དང་བར་སྣང་རྣམས། །ལེགས་པར་བརྟགས་ཏེ་ལས་རྣམས་བྱ། །ཞེས་པས་སྦྱིར་གནམ་ས་བར་སྣང་གི་དཔྱད་དེ་གཞི་ལ་བརྟག་པ་དང་། བྱེ་བྲག་འོག་ཏུ་ས་སྦྱང་བ་དང་འབྲེལ་བར་བརྐོས་ཏེ། ས་རང་གི་མཚན་ཉིད་ལ་བརྟག་ནས་སྤང་བླང་མ་ནོར་བར་བྱའོ། །དེ་ལྟར་རྩ་རྒྱུད་ལས། གནས་རབ་བརྟག་པའི་གལ་ཆེན་ཡང་། །ནམ་མཁའ་འཁོར་ལོ་རྡོ་རྗེ་དང་། །ཞེས་སོགས་ཀྱིས་བླང་བྱ་དང་། སྐྱོན་གྱི་གནས་དག་སྤང་བ་ནི། །གཤིན་རྗེ་གདུག་པའི་མདུང་རྩེ་དང་། །ཞེས་སོགས་ཀྱིས་སྤང་བྱ་བསྟན་ནོ། །གསུམ་པ་ས་བསླང་བ་ནི། བརྟགས་པས་རུང་བར་མཐོང་ན་སྣང་བ་མི་དང་མི་སྣང་བ་ས་བདག་ལ་རིན་འཇལ་ཞིང་བདེན་པ་བརྗོད་པས་བསླང་སྟེ། རྔམ་གློག་ལས། མངོན་དང་མི་མངོན་བདག་པོ་ལ། །རྩོད་པ་ཉེ་བར་ཞི་བའི་ཕྱིར། །སེར་སྣ་སྤངས་པའི་སེམས་ཀྱིས་ནི། །རིན་དང་བདེན་པ་བརྗོད་ལ་བསླང་། །ཞེས་སོ། །བཞི་པ་སྦྱང་བ་ནི། སྔར་མ་དུལ་བའི་ས་ཡིན་ན་རོ་ལྔ་བསལ་ཕྱིར་བརྐོ་བའི་ཐོག་མར་ལྟོ་འཕྱེ་བརྟག་དགོས་ཏེ། བམ་བརྒྱད་འགྲེལ་པར། ལྟོ་འཕྱེ་གནས་པའི་མཚན་ཉིད་ནི། །སྟོན་ཟླ་གསུམ་གྱི་ཟླ་བ་ལ། །ཉི་མ་འགྲོ་བའི་རིམ་པ་ཡིས། །མགོ་ཤར་ཁ་ལྷོ་གཡོན་གྱིས་ཉལ། །ཞེས་སོགས་གསུངས་པའི་དགོངས་པ་ལྟར་བརྩི་བ་ནི། ཉིན་གུང་གི་དུས་སུ་ཐུར་ཤིང་བཙུགས་པས་ཕྱོགས་བཙལ་ནས་ཚངས་ཟུར་གྱི་ཐིག་བཏབ་སྟེ། ལོགས་བཞི་བཅད་པའི་ཕྱོགས་རེར་ཆ་མཉམ་པ་གསུམ་གསུམ་དུ་བགོས་པ་ཁྱིམ་ཟླ་བཅུ་གཉིས། དེ་རེ་རེ་བཞིན་ཡང་སུམ་ཅུ་རེར་གསིལ་བ་ཁྱིམ་ཞག་སྟེ། ལྟོ་འཕྱེ་གཞོགས་ཡོན་འོག་ཏུ་བཅུག་ནས་གཡས་སྐོར་གྱིས་ཞག་རེ་བཞིན་རེའུ་མིག་རེ་རེར་འཕོ་བ་ཡིན་པས་ན། བརྐོ་ས་གར་ཡོད་གློ་བུར་དུ་བརྟག་པའི་ཐིག་གདབ་ཚུལ་ནི་འདི་ལྟ་སྟེ། ས་གཞི་གང་ཡིན་སྙོམས་བྱས་ལ། །ཚངས་ཟུར་ཐིག་གིས་ཕྱོགས་བཙལ་ནས། །ཇི་ཙམ་འོས་པའི་ལོགས་བཞི་བཅད། །དེ་ཡི་སྟེང་ནས་ལྟོ་འཕྱེ་ཡི། །མགོ་བོ་གར་གནས་ཟླ་ཞག་བཙལ། །དེ་དང་ཐད་དྲང་ཕྱོགས་གཞན་སྟེང་། །ཐིག་གདབ་བརྩི་བྱའི་ཚངས་ཐིག་སྟེ། །དེ་ཡི་དཀྱིལ་ནས་གདེངས་ཀའི་བར། །ཆ་མཉམ་ལྔ་རུ་བགོས་བྱས་ལ། །དེ་ཡི་ཆ་གཅིག་གིས་ཚད་པས། །གདེངས་ཀའི་རྩེ་ནས་མར་གསུམ་དང་། །ཚངས་ཐིག་མདུན་དུ་ཕྱེད་དང་གཉིས། །དོར་བའི་ཡས་མར་ཆ་གཅིག་དང་། །ཕྲེད་ལ་ཆ་ཕྱེད་གནས་པ་དེ། །ལྟོ་བའི་ཐད་ཡིན་བརྐོ་བའི་ས། །མགོ་བོའི་གདེངས་ཀའི་གནས་ལུགས་ནི། །ཁྲུམས་ཉ་སྟོན་རར་རྩིས་པ་ཡི། །བུ་མོའི་ཁྱིམ་ཟླ་ནས་བརྩམས་ཏེ། །སྟོན་གསུམ་ཤར་ལ་དགུན་གསུམ་ལྷོ། །དཔྱིད་གསུམ་ནུབ་ལ་དབྱར་གསུམ་བྱང་། །ཞེས་སྨྲས་སོ། །དེ་ཡང་ལེགས་གྲུབ་ཀྱི་རྒྱུད་ཆེན་པོ་ལས། ཉི་མའི་བགྲོད་པའི་ཚེས་གཅིག་ལ་སོགས་པར། །ཉིན་ཞག་རེ་རེ་བཞིན་ཡང་ཆ་རེ་རེ། །ཞེས་གསུངས་པའི་དོན། ཉི་མའི་བགྲོད་པ་ཞེས་པ་ཁྱིམ་ཞག་དང་། ཉིན་ཞག་ཅེས་པས་དེ་དང་ལྟོ་འབྱོར་བའི་ཉིན་ཞག་དེ་དང་དེ་ལ་བརྩི་དགོས་པར་བསྟན་པས་ན། ཁྱིམ་གྱི་ཟླ་ཞག་འཚོལ་བའི་མན་ངག་ཀྱང་འདི་ཡིན་ཏེ། གང་བརྩིའི་ཉི་སྐར་མཁའ་རོས་སྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །ཐོབ་པ་ལུག་ཁྱིམ་ནས་བརྩམས་ཏེ། །ཁྱིམ་ཟླ་འདས་པའི་གྲངས་ཡིན་ནོ། །ལྷག་མ་མཁའ་མེས་སྒྱུར་བ་ལ། །ཆུ་སྲང་མིག་གིས་བགོས་ཐོབ་གཞུག །མདའ་ཡོན་ཟླས་ཐོབ་རྩི་བཞིན་པའི། །ཞག་འདི་དང་བཅས་ད་ལྟར་པའི། །ཁྱིམ་གྱི་འདས་ཞག་རྟོགས་པར་འགྱུར། །ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་གཞུ། །ཆུ་སྲིན་བུམ་པ་ཉ་རྣམས་ནི། །དཔྱིད་འབྲིང་ནག་ཟླ་ནས་བཟུང་སྟེ། །ལྟོ་འབྱོར་ཁྱིམ་ཟླ་བཅུ་གཉིས་མིང་། །ཞེས་སྨྲས་སོ། །དེ་ལྟར་བརྐོས་ངེས་པར་བྱས་ནས་དངོས་གྲུབ་རབ་འབྲིང་ཐ་གསུམ་གྱི་ཆེད་དུ་སྐེད་པ་དང་ལྟེ་བ་དང་པུས་མོ་ནུབ་པ་ཙམ་དུ་བརྐོས་པས་རོ་ལྔའི་སྐྱོན་མེད་ན་དགེ་ཞིང་། གལ་ཏེ་སྐྱོན་དང་བཅས་ན་བསལ་ནས། དེ་ཉིད་དུ་གཏེར་བཅུག་སྟེ་སྟེགས་བུ་བརྩིག་པའོ། །དེ་ལྟར་ཡང་རྩ་རྒྱུད་ལས། རོ་ལྔའི་མཚན་མ་བརྟག་པར་བྱ། །དགེ་བར་གྱུར་ན་དེར་གནས་བྱ། །གལ་ཏེ་ཤིས་པར་མ་གྱུར་ན། །སྐྱེས་བུ་ཐབས་ལ་མཁས་པ་ཡིས། །མནན་ནམ་སྤོ་བའི་ལས་ཀྱིས་སྦྱར། །དེར་ནི་བསོད་ནམས་གཏེར་ལྡན་ཞིང་། །རིན་ཆེན་ལྔ་ལ་སོགས་པའི་རྫས། །ས་གཞི་གཏེར་ཆེན་རྒྱས་པར་བྱ། །བཀྲ་ཤིས་མཆོག་ཏུ་བསྔགས་པ་ཡིན། །ས་ཞག་སྤོས་ཆེན་རྣམ་ལྔའི་ཁུ། །བསྲེས་པས་ཀུན་ཏུ་གྲུ་བཞི་ནི། །མཎྜལ་རྒྱས་པའི་དབྱིབས་འདྲ་ལ། །ཞེས་སོ། །ལྔ་པ་མནན་པ་ནི། སྦྱང་བ་དངོས་ཏེ། དེ་ལྟར་བརྐོས་པས་མཚན་མ་ངན་ན། དེ་ཉིད་ཀྱི་འཕྲོས་ལས། ཏིང་འཛིན་ཕྱག་རྒྱ་སྔགས་ལྡན་པས། །མཚན་མའི་དངོས་པོ་ཀུན་སྦྱངས་ཏེ། །ཞེས་དང་། སྒྱུ་འཕྲུལ་རྡོ་རྗེ་ལས་རིམ་ལས། ཀུན་ནས་མཚན་མ་ངན་གྱུར་ན། །གཞན་དུ་བགྲོད་དམ་ཞི་བ་ཡི། །མེ་ཡིས་རབ་ཏུ་དག་པར་འགྱུར། །ཞེས་པས་སྔགས་རྒྱ་ཏིང་ངེ་འཛིན་ནམ་སྦྱིན་སྲེག་གིས་མཚན་མ་ངན་པ་རྣམས་ཟིལ་གྱིས་མནན་པར་བྱ་བའོ། །དྲུག་པ་བསྐྱེད་པ་ནི། ས་བཟུང་ཞིང་བསྲུང་བ་སྟེ། གཞི་དེར་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་དེ། མཁའ་ཁྱབ་ཏུ་སད་པའི་དེ་བཞིན་གཤེགས་པ་རྣམས་མཆོད། དེ་ནས་ཕྱོགས་བཞིའི་སློབ་མའི་གསོལ་གདབ་དང་། སློབ་དཔོན་གྱིས་ཀྱང་ནམ་མཁའི་དེ་བཞིན་གཤེགས་པ་བསྐུལ་ནས་རང་ལ་བསྡུས་ཏེ། ཞེ་སྡང་རྡོ་རྗེའི་སྙེམས་པས་བགེགས་ལ་བཀའ་བསྒོ་ཞིང་། འབར་བའི་སྤྱན་དང་རྡོ་རྗེའི་འགྲོས་སོགས་སྟངས་སྟབས་ཀྱིས་ཀྱང་བསྐྲད་དེ་ས་གཞི་རྡོ་རྗེའི་རང་བཞིན་ཅན་དུ་བྱིན་གྱིས་བརླབ་པ་ནི་བཟུང་བའི་ཆོ་གའོ། །དེ་ནས་རྒྱལ་པོ་བཙོན་དུ་བཅུག་ན་དམངས་ཆམ་ལ་ཕེབས་པ་ལྟར་བགེགས་རྣམས་ལྡང་མི་ནུས་པའི་ཕྱིར། རྔམ་གློག་ལས། སེང་ལྡེང་ཕུར་བུ་སོར་བརྒྱད་པ། །ཁྲོ་བོར་བྱིན་བརླབས་གདབ་པར་བྱ། །ཞེས་པ་ལྟར་ཁྲོ་བཅུའི་ཕུར་གདབ་ཀྱིས་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་བཅིང་བའི་སྒོ་ནས་ས་བསྲུང་བར་བྱ་བ་སྟེ། ནུབ་དང་པོ་སའི་ཆོ་གའོ། །དེ་ལ་དཀྱིལ་འཁོར་ཁང་པ་རྙིང་པ་ཡིན་ན་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་ལའང་ས་ཆོག་མ་བྱས་པས་ཆོག་མོད། གནས་ཁང་གསར་པ་ཡིན་ན་རས་བྲིས་ལ་རྟེན་པའི་ཚེའང་ས་ཆོག་བྱས་པ་ལེགས་ཏེ། ས་ཆོག་ནི་ས་གཞི་ལ་དཀྱིལ་འཁོར་བྲི་བ་ཁོ་ནའི་ཆེད་མ་ཡིན་གྱི། ཕྱི་ནང་གི་བདུད་དང་བར་ཆད་གཞོམ་པའི་ཆེད་ཡིན་པས་ན། རས་བྲིས་ཀྱི་ཕྱོགས་ལ་ས་ཆོག་མཐའ་གཅིག་ཏུ་བྱ་མི་དགོས་པར་འདོད་པ་ལ་སྙིང་པོ་མེད་དོ། །བདུན་པ་བྱིན་གྱིས་བརླབ་པ་ནི། ཡན་ལག་དང་། ཡན་ལག་ཅན་གྱི་ལྷག་གནས་ཏེ། དང་པོ་ནི། བསང་གཏོར་བྱ་བའི་ཕྱིར་ཐོག་མར་ལས་བུམ་དང་། དེ་རྗེས་རྡོར་དྲིལ། ཐོད་ཆུ། ཐིག་སྐུད། རྡུལ་ཚོན་ཏེ་རྫས་ལྔ་བརླབ་པའོ། །གཉིས་པ་ལྷ་བུམ་སློབ་མའི་སྟ་གོན་གསུམ་ལས། ལྷ་སྟ་གོན་ནི། ལག་ལེན་བདེ་ཕྱིར་ཉེ་བསྙེན་ལས་ཐིག་གིས་བྲི་བ་འདིར་བླངས་ཏེ། རྩ་རྒྱུད་ལས། རྡོ་རྗེ་སྲད་བུས་ཐིག་གདབ་པའི། །ཆོ་ག་རྣམ་པར་བཤད་བགྱི་བ། །ཞེས་སོགས་གསུངས་པ་ལྟར་ཐིག་གི་སྲད་བུའི་རྒྱུ་ཚད་གྲངས་དང་ཐིག་གཡོག་སོགས་ངེས་པས་སྟེགས་བུ་ལ་བདུད་རྩི་ལྔའི་གོ་མ་ཡེ་བཏང་ལ། གདབ་ཐབས་དང་སྤྱོད་ལམ་མ་འཁྲུལ་པས་གནམ་ཐིག་ཡེ་ཤེས་ལྔ་དང་ས་ཐིག་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་ཆ་དབྱེ་བ་ཟླུམ་སྐོར་དང་བཅས་པ་རྩ་དཀྱིལ་གཉིས་གང་བྱེད་ཀྱི་ལུགས་ལྟར་བཏབ་པའི་ལྷ་གནས་སོ་སོར་དྲིའི་ཐིག་ལེ་ཚོམ་བུ་དང་བཅས་པ་བཀོད་ལ། ལྷར་བསྐྱེད་བསྟིམ་མཆོད་བསྟོད་དང་སྙན་གསན་ཕབ་སྟེ་ས་གཞིར་བསྟིམ་པས་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་བྱིན་གྱིས་བརླབ་པའོ། །དེ་ལྟར་ཡང་ཧེ་རུ་ཀ་འདུས་པ་ལས། ཐིག་གདབ་ཆོ་ག་ཇི་བཞིན་བྱ། །དྲི་ཡི་ཐིག་ལེའི་མཚན་མ་དགོད། །ནམ་མཁའི་དཀྱིལ་འཁོར་ཕབ་ཅིང་མཆོད། །ཅེས་སོ། །འདི་ནི་རྡུལ་ཚོན་དུ་མ་ཟད་རས་བྲིས་ཀྱི་ཕྱོགས་ལའང་འགྲུབ་ན་ལེགས་ཏེ། སྙན་གསན་དབབ་པ་ནི་དཀྱིལ་འཁོར་བྲི་བ་ཁོ་ནར་མ་ཟད་སྒྲུབ་ཅིང་མཆོད་པའི་ཕྱིར་ཡང་ཡིན་པས་སོ། །བུམ་པ་སྟ་གོན་ནི། མཚན་ཉིད་དང་ལྡན་པའི་བུམ་པ་ལྷ་གྲངས་དང་མཉམ་པའམ་གཅིག་ཏུ་བསྡུས་ཀྱང་རུང་སྟེ། ཆས་སུ་བཅུག་ལ་རྫས་སོ་ལྔ་དང་དྲིའི་ཆུས་བཀང་བ་བཀོད་ནས། རང་རང་གི་ལྷའམ་གཅིག་ལས་མེད་ན་དེར་དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་བྱས་མཐར་འོད་ཞུ་བྱ་བའོ། །སློབ་མ་སྟ་གོན་ནི། ཧེ་རུ་ཀ་འདུས་པ་ལས། སྣོད་དང་ལྡན་པའི་སློབ་མ་དག །མོས་པས་ཁྲུས་བྱས་སེམས་བསྐྱེད་དེ། །ལྷག་པར་གནས་པ་ཇི་བཞིན་བྱ། །ཞེས་པ་ལྟར་སེམས་བསྐྱེད་ཅིང་བགེགས་དང་སྡིག་སྒྲིབ་སྦྱངས་པའི་སློབ་བུ་རྣམས་ལྷར་བསྐྱེད་དེ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། དངོས་གྲུབ་ཀྱི་ལྟས་བརྟགས་པའི་ཕྱིར་སོ་ཤིང་དོར་བ་དང་། རྨི་ལམ་བརྟགས་པ་གཉིས་ལས། ཕྱི་མའི་སྔོོན་འགྲོར། རྨི་ལམ་གསལ་ཕྱིར་ཁྱོར་ཆུ། བར་ཆད་ཀྱིས་མི་སྒྲིབ་པའི་ཕྱིར་དཔུང་སྐུད་དང་ཕུར་བུ། མི་འཁྲུག་པའི་ཕྱིར་ཀུ་ཤའི་སྔས་སྟན་རྣམས་བྱིན་ནས། དངོས་གཞི་རྨི་ལམ་བརྟགས་ལ་ངན་ན་ནངས་པར་བཟློག་པའི་ཆོ་ག་བྱ་བ་རྣམས་ཏེ། ནུབ་གཉིས་པའི་བྱ་བའོ། །བརྒྱད་པ་མཚམས་བཅད་པ་ནི། རྩ་རྒྱུད་ལས། གསང་བའི་ལས་ཀྱི་སྔོན་ལོགས་སུ། །བསྟན་པ་སྐྱོང་བའི་མགོན་པོ་ལ། །སྦྱིན་མཆོད་བསྲུང་བའི་ལས་ཆེན་བཅོལ། །ཞེས་པ་ལྟར་ཕྱི་མཚམས་རྒྱལ་ཐོ་དང་། དེ་ནས་རྡོ་རྗེ་ནང་དག་ཏུ། །ཞེས་སོགས་གསུངས་པ་ལྟར་འབར་བ་ལྟ་བའི་མཚམས་དང་། ཁྲོ་བོ་རོལ་པའི་མཚམས་དང་། མཚོན་ཆ་འཆོལ་པའི་མཚམས་དང་། སྲེག་བྱེད་མེའི་མཚམས་རྣམས་ཀྱིས་ནང་མཚམས་བཅད་དོ། །དགུ་པ་དམ་སྲི་མནན་པ་ནི། དེ་ལས། སྒྲུབ་པའི་རྩལ་འདི་མཐར་དབྱུང་ཞིང་། །རྐྱེན་གྱི་བར་ཆད་བསལ་བ་དང་། །གསང་བའི་མན་ངག་སྤྱད་པའི་ཕྱིར། །འཇུག་སྲེད་དམ་སྲི་མནན་པར་བྱ། །ཞེས་པ་ལྟར་བར་མཚམས་དམ་སྲི་མནན་དགོས་ཏེ། དེ་སྔོན་དམ་འདྲེས་པས་མཚམས་ཀྱི་སྦྱོར་བ་གཞན་གྱིས་མི་ཐུབ་པའི་ཕྱིར་རོ། །བཅུ་པ་སྒོ་བྱང་ནི། དེ་ལས། དེ་ནས་ལས་ཀྱི་གནས་སྐབས་འདིར། །ཞེས་སོགས་གསུངས་པ་ལྟར་སྒོའི་ཕྱིར་ལས་གཤིན་གྱི་རྟེན་བཀོད་པ་ལ་དགུག་བསྟིམ་མཆོད་ནས་བར་གཅོད་བསྲུང་བ་བཀའ་སྒོ་བའོ། །བཅུ་གཅིག་པ་ཚོགས་བསགས་པ་ནི། བསོད་ནམས་ཀྱི་དཔུང་བསྐྱེད་ཕྱིར་རྒྱབ་རིམ་ཅི་འགྲུབ་བྱེད་པའོ། །བཅུ་གཉིས་པ་གཞལ་ཡས་ཁང་བསྐྱེད་པ་ནི། དེ་ལས། ཆོས་ཉིད་བརྡལ་བའི་ནམ་མཁའ་ལ། །ཞེས་སོགས་དབང་སྒྱུར་ཐབས་ཀྱི་ཏིང་ངེ་འཛིན་གྱིས་གནས་བྱིན་གྱིས་བརླབ་ཅིང་། དེ་དང་རྗེས་འབྲེལ་དུ། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱིས་འཁོར་དང་། ཚོགས་ཆེན་འདུས་པའི་ཏིང་ངེ་འཛིན་གྱིས་ཡོ་བྱད་བརླབ་པ་རྣམས་སོ། །གཉིས་པ་ཉེ་བསྙེན་ལ་གཉིས་ཏེ། སྡོམས་དང་། དེའི་དོན་བཤད་པའོ། །དང་པོ་ནི། སྒྲུབ་བྱང་ལས། གཉིས་པ་ཐིག་ཚོན་བྲི་བ་དང་། །གཏོར་མ་ཕྱི་མཚམས་རྫས་སྦྱང་དང་། །བསྐྱེད་དང་རྫས་རྣམས་དགོད་པ་དང་། །གླེང་གཞི་དབང་བསྐུར་བྱིན་དབབ་དང་། །བརྡ་སྒོ་བཤགས་དང་དམ་བཅའ་དང་། །བྱིན་དབབ་མ་ཊཾ་དམ་སྲི་མནན། །རྟགས་གདབ་མཆོད་པ་བྱིན་བརླབ་པ། །ལྔ་གཉིས་བདུན་གྱིས་རྫོགས་པར་འགྱུར། །ཞེས་པའོ། །གཉིས་པ་ལ་དོན་བཅུ་བདུན་ལས། དང་པོ་བྲི་བ་ནི། ཐིག་གིས་བྲི་བ་སྔར་སོང་བས། འདིར་སྟ་གོན་གྱི་ལྷ་ནམ་མཁར་བཏེག་ལ། རྩ་རྒྱུད་ལས། མཚོན་པ་ཁྲིད་པར་བྱེད་པ་ཡི། །རྡུལ་ཚོན་འདུ་བྱས་རྒྱུ་རྣམས་ལས། །བརྙན་མ་ཡི་ནི་དཀྱིལ་འཁོར་དག །སོ་སོར་བརྟགས་ཏེ་བཤད་པར་བྱ། །ཞེས་པ་ལྟར་ཚོན་གྱི་རྒྱུ་གྲངས་སོགས་ངེས་པས་ལག་པ་བྱིན་གྱིས་བརླབས་ཏེ། སྔར་བསྒྲུབས་པའི་ཚོན་གྱིས་ལྟེ་བའི་ཕུར་ཁུང་དགང་ཞིང་ཚོན་པྲ་བརྟགས་ནས། རྩ་བའི་དཀྱིལ་འཁོར་ཐུན་ཐུན་མིན་གང་བྱེད་ཀྱི་ལུགས་བཞིན་དུ་ཐིག་ཇི་ལྟར་བཏབ་པའི་གཞི་ལ་རིམ་པར་བཀྱེ་བར་བྱའོ། །གཉིས་པ་གཏོར་མ་དང་། གསུམ་པ་ཕྱི་མཚམས་ནི། ཕྱི་རོལ་དུ་ཆ་གསུམ་གཏོར་མ་བཏང་ལ། རྒྱལ་ཐོ་བཞི་གསོ་བའོ། །བཞི་པ་སྦྱང་བ་དང་། ལྔ་པ་བསྐྱེད་པ་ནི། དཀྱིལ་འཁོར་དང་སྒྲུབ་དབང་མཆོད་པའི་རྫས་རྣམས་ཀྱི་བགེགས་སྦྱངས་ཤིང་བསྲུངས་ནས། མཚན་མ་རྣམས་དེ་དང་དེའི་རྣམ་པར་བསྐྱེད་པས་བྱིན་གྱིས་བརླབ་པའོ། །དྲུག་པ་རྣམ་པ་དགོད་པ་ནི། རྔམ་གློག་ལས། གཙོ་བོ་གཟུགས་སུ་རྫོགས་པར་བྲི། །འཁོར་རྣམས་ཕྱག་རྒྱ་དག་ཏུ་བྱ། །ཕལ་པ་དག་ལ་ཡིག་འབྲུས་སོ། །ཞེས་པའི་རིམ་པ་ལྟར་ལྷ་གནས་སོ་སོར་རང་རང་གི་མཚན་མ་བྲིས་འབུར་གང་རིགས་འགོད་པའམ་ཚོན་གྱིས་བྲི་ཞིང་། དཀྱིལ་འཁོར་གྱི་རྒྱན་དང་སྒྲུབ་དབང་གི་རྫས་རྣམས་སོ་སོའི་གནས་སུ་དགོད་པའོ། །འཁྲུགས་སྡེབས་ཀྱི་རིམ་པས་བདུན་པ་བྱིན་དབབ་པ་ནི། ཞི་ཁྲོའི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པ་བདག་གནས་དཀྱིལ་འཁོར་ཡོ་བྱད་དང་བཅས་པ་ལ་བསྟིམ་པས་གཟི་བྱིན་བསྐྱེད་དོ། །བརྒྱད་པ་གླེང་གཞི་དང་། དགུ་པ་དབང་བསྐུར་བ་ནི། དབང་གི་གླེང་གཞི་བཤད་པས་སྤྲོ་བ་བསྐྱེད་ནས་བསྙེན་པར་གནང་བའི་དབང་བསྐུར་བའོ། །བཅུ་པ་བརྡའ་སྒོ་དབྱེ་བ་ནི། ཡེ་ཤེས་བཞིའི་སྒོ་ཕྱེ་བས་སྣོད་བཅུད་དཀྱིལ་འཁོར་གྱི་རང་བཞིན་དུ་བཞུགས་པའི་ཞལ་མངོན་དུ་གྱུར་པ་ལ། ལྷ་དང་བདག་རིག་པའི་ངང་དུ་གཉིས་སུ་མེད་པར་བརྡ་ཕྱག་བྱ་བའོ། །དེ་ནས་ལས་ཀྱི་དབུ་དྲང་བ་དང་མཚམས་གཅོད་སྔོན་དུ་འགྲོ་བས། བཅུ་གཅིག་པ་བཤགས་པ། བཅུ་གཉིས་པ་དམ་བཅའ། བཅུ་གསུམ་པ་བྱིན་དབབ་པ་རྣམས་སྒྲུབ་ཐབས་ལྟར་བྱས་ལ། བཅུ་བཞི་པ་མ་ཊཱཾ་མནན་པ་ནི། གཟུགས་བཅས་ཏེ་དགུག་བསྒྲལ་སྤར་ལ་ཁོག་པ་གཞལ་ཡས་ཁང་དུ་བརླབ་པའོ། །བཅོ་ལྔ་པ་དམ་སྲི་མནན་པ་ནི། ཁྲོ་བཅུའི་སྟངས་སྟབས་ཀྱིས་བགེགས་དང་དམ་སྲི་གདུགས་པ་ཅན་རྣམས་གཟིར་ཞིང་མནན་པའོ། །བཅུ་དྲུག་པ་རྟགས་གདབ་པ་ནི། བདག་ཉིད་མ་མོ་དང་མཁའ་འགྲོ་རྣམས་ཀྱིས་རང་གི་སྡེ་ཚན་དུ་ཤེས་པའི་ཕྱིར་བྱུག་རྩི་གསུམ་གྱིས་རྟགས་གདབ་པའོ། །བཅུ་བདུན་པ་མཆོད་པ་བྱིན་གྱིས་བརླབ་པ་ནི་སྒྲུབ་ཐབས་ལྟར་རོ། །གསུམ་པ་སྒྲུབ་པ་ལ་གཉིས་ཏེ། སྡོམ་དང་། དེའི་དོན་བཤད་པའོ། །དང་པོ་ནི། སྒྲུབ་བྱང་ལས། གསུམ་པ་ཕྲིན་ལས་གཞུང་བསྲང་དང་། །ཛཔ྄་ཚོགས་ལྷག་མ་མཚམས་སྦྲེལ་དང་། །སྦྱིན་སྲེག་བཟོད་གསོལ་རང་སྟན་བརླབ། །ཏན་གན་སྐབས་སྦྱར་ཉུལ་ལེ་བཟློག །རྣམ་པ་བཅུ་ཡིས་སྒྲུབ་གཞུང་སྲོང་། །ཞེས་པའོ། །གཉིས་པ་ལ་བཅུ་ལས། དང་པོ་ལས་གཞུང་བསྲང་བ་ནི། རྩ་རྒྱུད་ལས། རྡོ་རྗེ་གསང་སྒོ་ཕྱེ་ནས་ནི། །ཏིང་འཛིན་དཀྱིལ་འཁོར་ཀུན་རྫོགས་ནས། །རང་བཞིན་ཡུལ་ནས་ཕབ་ནས་ནི། །སྒྲུབ་པའི་དཀྱིལ་འཁོར་དེར་རྫོགས་བྱ། །ཞེས་པ་ལྟར་རྩ་བའི་དཀྱིལ་འཁོར་ཐུན་མོང་དང་ཐུན་མོང་མ་ཡིན་པ་གང་བྱེད་ཀྱི་ཞི་ཁྲོའི་ཆོ་ག་གཞུང་དུས་དྲུག་ཏུ་སྲོང་བའོ། །གཉིས་པ་ཛཔ྄་ནི། ཛཔ྄་ཁང་ཕྱེ་ལ་དམ་ཡེ་འཕྲོ་འདུ་གསུམ་གསལ་བས་ཛཔ྄་འབུལ་བའོ། །གསུམ་པ་ཚོགས་དང་། བཞི་པ་ལྷག་མཚམས་སྦྲེལ་བ་ནི། ཛཔ྄་ཁང་བསྡུས་རྗེས་ཚོགས་མཆོད་དབུལ། གཏོར་མ་གསར་རྙིང་མཚམས་སྦྱར་ལ་ལྷག་མ་གཏོང་བའོ། །ལྔ་པ་སྦྱིན་སྲེག་ནི། རྒྱས་པའི་སྲེག་བླུགས་ཆོ་ག་བཞིན་དུ་དབུལ་ལོ། །དྲུག་པ་བཟོད་པར་གསོལ་བ་ནི། སྐོང་ཆེན་ལྔ་དག་གྱུར་དང་བཅས་པའི་ཆོ་གས་ཉམས་ཆག་བསྐང་ཞིང་བཟོད་པར་གསོལ་བའོ། །བདུན་པ་རང་སྟན་བརླབ་པ་ནི། འདུག་པའི་ཚེ་སྟན་བྱིན་གྱིས་བརླབ་ཅིང་འགྲོ་ན་ཕྲེང་བས་བསྲུང་དུ་གཞུག་གོ། །བརྒྱད་པ་ཏ་ན་དང་། དགུ་པ་ག་ན་ནི། སྒྲོལ་བ་དང་སྦྱོར་བ་སོ་སོའི་སྐབས་དང་སྦྱར་སྟེ། གནས་སུ་སྟོབ་པ་དང་བྱིན་གྱིས་བརླབ་པའི་ཐབས་ཀྱིས་མཆོད་དོ། །བཅུ་པ་ཉུལ་ལེ་བཟློག་པ་ནི། ཐུན་མཐར་དུས་དྲུག་གི་ཉུལ་ལེ་བརྟགས་ལ་རང་རང་གི་གཉེན་པོས་བཟློག་པར་བྱ་ཞིང་། དུས་དེར་དངོས་གྲུབ་སྟེར་བའི་ཕོ་ཉ་རེ་ཡང་འོང་བས་ཉུལ་ལེ་བཟློག་པའི་རྗེས་དེ་མ་ཐག་པར་བྱིན་དབབ་པའང་བྱ་བ་ཡིན་ནོ། །བཞི་པ་སྒྲུབ་པ་ཆེན་པོ་ལ་གཉིས་ཏེ། སྡོམས་དང་། དེའི་དོན་བཤད་པའོ། །དང་པོ་ནི། སྒྲུབ་བྱང་ལས། བཞི་པ་རྟགས་བཤམ་སྦྱིན་སྲེག་དང་། །དངོས་གྲུབ་བླང་དང་དབང་བསྐུར་དང་། །བཀྲ་ཤིས་སྨོན་ལམ་གཏོར་མ་གཏེར། །བསྡུ་དང་གནས་བསྲུང་ལྔ་གཉིས་གཅིག །ཅེས་པའོ། །གཉིས་པ་ལ་བཅུ་གཅིག་ལས། དང་པོ་རྟགས་དང་། གཉིས་པ་བཤམ་པ་ནི། དེ་ལྟར་བསྒྲུབས་པས་གྲུབ་པའི་རྟགས་མཚན་གཏན་ལ་ཕེབས་པ་དང་། ནུབ་ཐ་མ་ལ་དངོས་གྲུབ་ཀྱི་རྫས་བཤམ་ཞིང་། གསུམ་པ་སྦྱིན་སྲེག་ནི། དབང་གི་སྲེགས་བླུགས་ཕུལ་ནས། རྩ་རྒྱུད་ལས། རྨད་བྱུང་སྒྲུབ་པའི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །ཞེས་པ་ལྟར། བཞི་པ་དངོས་གྲུབ་བླང་ཞིང་། ལྔ་པ་དབང་བསྐུར་བ་ནི། སྒྲུབ་པ་པོ་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ཏེ་ཚོམ་བུའི་འཁོར་དང་བཅས་པས་རང་དོན་དུ་དངོས་གྲུབ་བླངས་རྗེས། གཞན་དོན་སློབ་བུ་རྣམས་རྩ་རྒྱུད་ཀྱི་རྣལ་འབྱོར་འཇུག་པའི་ལེའུའམ། དགོངས་འདུས་ཀྱི་དུས་དཀྱིལ་འཁོར་དུ་གཞུག་པ་གང་རུང་གི་ཆོ་གས་དཀྱིལ་འཁོར་དུ་བཅུག་ནས། རྩ་རྒྱུད་ཀྱི་རྡོ་རྗེ་དབང་གི་ལེའུ་ལས་བཤད་པ་ལྟར་རྒྱུད་ལུགས་ཀྱི་དབང་ཆུ་བོ་བཞིས་བསྡུས་པའི་སུམ་ཅུ་རྩ་དྲུག་སྣོད་ཀྱི་ཐེག་ཚད་དང་སྦྱར་ཏེ་བསྐུར་པའོ། །དེ་ནས་རྗེས་ཆོ ག་གི་རིམ་པ། དྲུག་པ་བཀྲ་ཤིས། བདུན་པ་སྨོན་ལམ། བརྒྱད་པ་གཏོར་མ། དགུ་པ་གཏེར་རྣམས་ནི། རྩ་རྒྱུད་ལས། གནས་སུ་བཀྲ་ཤིས་ལ་སོགས་ཀྱིས། །སྒྲུབ་པ་རྫོགས་པར་མཐར་དབྱུང་ངོ་། །ཞེས་པས། དབང་དང་དངོས་གྲུབ་བརྟན་པའི་ཕྱིར་ཤིས་པ་བརྗོད་ཅིང་། ལས་བྱས་པ་དོན་ཡོད་པར་བྱ་བའི་ཕྱིར་མར་མེ་སྨོན་ལམ་གདབ། དེ་ལས། གཏོར་མ་ལ་སོགས་རྫས་རྣམས་ནི། །ཆ་གསུམ་དག་ཏུ་བགོས་ནས་ཀྱང་། །གཅིག་ནི་སྦྱིན་སྲེག་ལས་ཆོག་བྱ། །གཅིག་ནི་རྣལ་འབྱོར་ལོངས་སྤྱོད་གཏེར། །གཅིག་ནི་མཁའ་འགྲོའི་འཁོར་ཚོགས་བསྐྱང་། །ཞེས་པས་ལྟར་གཏོར་མ་ཆ་གསུམ་དུ་བགོས་ལ། ཞི་བའི་སྲེག་བླུགས་དང་གཏེར་དུ་སྦ། ཆ་གཅིག་གིས་གཏོར་སྐྱོང་བྱ་ཞིང་། ལྷག་ཆོག་དང་བརྟན་མའང་བསྐྱང་ངོ་། །བཅུ་པ་བསྡུ་བ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་། དེ་ལས་ལངས་ནས་མཚམས་བཀྲོལ་ཏེ། མཚན་མའི་དཀྱིལ་འཁོར་བསྡུས་ལ་རྡུལ་ཚོན་ཆུ་བོར་གཤེགས་སོ། །བཅུ་གཅིག་པ་གནས་བསྲུང་བ་ནི། སྒྲུབ་པ་པོ་རྣམས་ཞག་གཅིག་གི་རིང་ཕྱི་རོལ་དུ་མི་འགྲོ་ཞིང་མཚམས་རིམ་གྱིས་དགྲོལ་ལོ། ༈ །གཉིས་པ་མན་ངག་གི་ལུགས་མདོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་ཐེག་པ་ཐམས་ཅད་འདུས་པའི་མདོ་དབང་རྩ་བ་སོ་དྲུག་ལས་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་ཚུལ་ནི། སློབ་དཔོན་ཆེན་པོ་བདེ་བ་གསལ་མཛད་ཀྱི་ལས་ཐོའི་དགོངས་པ་ཡིན་པས་མན་ངག་གི་ལུགས་ཞེས་བྱ་སྟེ། སྨིན་མོས་ཀྱི་ཁྱད་པར་ནི། འདིར་ཉེ་བསྙེན་དང་སྒྲུབ་པ་གཉིས་ལ་ཞག་བདུན་རེའི་ཞལ་གསལ་ཡོད་པས་མོས་སློབ་གཙོ་ཆེ་ཞིང་། དེ་གཉིས་ཞག་གྲངས་འདྲ་བར་མཛད་པ་སྒྱུ་འཕྲུལ་ལམ་རིམ་ལས། ཟླ་ཕྱེད་ཕྱེད་ཞལ་ཉེ་བསྙེན་པ། །ལྷར་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞེས་པའི་ལུགས་དང་འདྲ་བར་སྣང་ཡང་། འདིར་ཉེ་བསྙེན་དང་སྒྲུབ་པ་གཉིས་རྒྱུད་ལུང་གི་དཀྱིལ་འཁོར་སོ་སོ་བ་ཡིན་པས་ཁྱད་པར་ཆེའོ། །དེ་ལྟར་ངེས་པར་བྱས་ནས། ཇི་ལྟར་བསྐུར་ཚུལ་ལ་གཉིས་ཏེ། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བ། བསྙེན་སྒྲུབ་བཞིས་གཞུང་སྲོང་དང་འབྲེལ་བར་ཆུ་བོ་བཞིའི་དབང་བསྐུར་བའོ། །དང་པོ་ནི། ལས་ཐོ་ལས། དང་པོ་ཕུན་སུམ་ཚོགས་ལྡན་ཏེ། །ཚད་ཕྱིན་རབ་འབྱམས་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་འཁོར་བསྡུས་ནས། །གཞུང་དང་མཐུན་པའི་གནས་དག་ཏུ། །ས་ཆོག་རྫོགས་བྱས་གནས་ཁང་ལྡན། །དགོས་པ་ཚང་བའི་ཡོ་བྱད་རྫོགས། །དུས་ཆ་བཞི་ཡི་དང་པོ་ལ། །ཉི་ཟླ་གཟའ་སྐར་ཚེས་གྲངས་བརྟག །ཅེས་གསུངས་ཏེ། དེ་དག་གི་དོན་ནི་སྔར་བཤད་ཟིན་ཏོ། །གཉིས་པ་ནི། སློབ་དཔོན་གཞིའི་བསྙེན་པ་སྔོན་དུ་ཐེམས་པས་སློབ་མ་བཟུང་ཞིང་། རང་གི་བསྙེན་པ་ཁ་གསོས་རྗེས་བསྙེན་སྒྲུབ་ལ་འཇུག་པ་ཡིན་པས། དེ་ལ་བཞི་སྟེ། བསྙེན་པའི་ཡན་ལག་ཕྱི་དབང་རྒྱུད་ཀྱི་ཆུ་བོ། ཉེ་བསྙེན་གྱི་ཡན་ལག་ནང་དབང་འབྱུང་བའི་ཆུ་བོ། སྒྲུབ་པའི་ཡན་ལག་སྒྲུབ་དབང་གྲགས་པའི་ཆུ་བོ། སྒྲུབ་ཆེན་གྱི་ཡན་ལག་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བའི་རིམ་པའོ། །དང་པོ་ལ། གང་དུ་བསྐུར་བའི་དཀྱིལ་འཁོར་དང་། གང་བསྐུར་བྱའི་དབང་གཉིས་ལས། དང་པོ་ནི། དབང་དོན་བསྡུས་པ་ལས། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །ཞེས་པས། ལྷ་མི་ནས་ཡོ་གའི་བར་བྱ་སྤྱོད་གཅིག་ཏུ་བྱས་པའི་དཀྱིལ་འཁོར་དྲུག་ཏུ་སྣང་བ་རིགས་བསྡུས་ན་མདོ་རྒྱུད་གཉིས་ལས། དང་པོ་ནི། ལས་ཐོ་ལས། དང་པོ་ཕྱི་དབང་རྒྱུད་ཆུ་བོ། །མཚན་ཉིད་སྡེ་གསུམ་ལུགས་དག་ཏུ། །ཉེའུ་འདོན་སྲོག་སྐྱོབ་སྦྱིན་པ་བཀྱེ། །ནད་གསོའི་སྨན་དང་ཀློག་གདོན་བྱ། །རྒྱུད་དགྲོལ་ཆོས་དང་ལམ་འཕྲང་བསལ། །སཱཙྪ་དཔང་སྐོངས་དཀྱིལ་འཁོར་མཆོད། །ལས་དང་པོ་ལ་ཕྱང་ཚུལ་བསྟན། །ཞེས་པ་སྟེ། གོང་དུ། ས་ཆོག་རྫོགས་བྱས། ཞེས་པ་ལྟར། ཐོག་མར་དཀྱིལ་འཁོར་ཁང་པ་གསར་རྙིང་གི་ཁྱད་ཀྱིས་འདོར་ལེན་ཤེས་པས་དཀྱིལ་ཆོག་ལྟར་སའི་ཆོ་ག་བྱ་ཞིང་། ས་སྦྱང་བའི་ཚེ་སྟེགས་བུ་ལ་བ་བྱུང་དང་སྤོས་ལྔས་ཆག་ཆག་འདེབས་པ་ལས་འདིར་བདུད་རྩི་ལྔ་མི་བསྲེ་བ་ཁྱད་པར་རོ། །སྤོས་ལྔའི་ངོས་འཛིན་ཀྱང་གཞན་དང་མི་འདྲ་སྟེ། འདིར་རྣལ་འབྱོར་སའི་སྒྲོན་མ་ལས། ག་བུར་ཙནྡན་ལི་ཤི་དང་། །རྒྱ་སྤོས་ཛཱ་ཏི་ཕ་ལ་ལྔ། །ཞེས་གསུངས་སོ། །དེ་ནས་དགེ་བའི་དཔུང་བསྐྱེད་པའི་ཕྱིར། ཉེའུ་འདོན་པ། སྲོག་བསླུ་བྱ་ཞིང་རི་རྒྱ་ཀླུངས་རྒྱ་བསྡམ་པ། འཕོངས་པ་ལ་བཟའ་བཏུང་དང་། ནད་པ་ལ་སྨན་སྦྱིན། ལམ་འཕྲང་བསལ་བ་སོགས་རྒྱབ་རིམ་ཅི་འགྲུབ་སྔོན་དུ་གཏོང་ཞིང་། ཁྱད་པར་གནས་དེ་ཉིད་དུ་སློབ་མ་འདུས་པ་རྣམས་ཀྱིས། འབུམ་ལྔ་དང་དཔང་སྐོངས་ཀྱི་གསུང་རབ་ཀློག །མཆེད་ཀྱི་མི་གྲངས་སམ་ལོ་གྲངས་ཀྱི་སཱཙྪ་གདབ། ཁྱད་པར་སྦྱིན་པའི་ནང་ཚན་ཕྱི་ནང་གི་ཐུགས་དམ་སྐོང་བའི་ཕྱིར་དུ། ཕྱི་ལྟར་ཆ་གསུམ་གྱི་དཀྱིལ་འཁོར་བཤམས་ནས་མགྲོན་རྣམ་བཞི་ལ་སྤྱིར་མཆོད་སྦྱིན་བྱ་ཞིང་། ཁྱད་པར་སྒོས་ཀྱི་མཆོད་གཏོར་ཀྱང་ཅི་ནུས་གཏོང་། ནང་ལྟར་ན་མ་མོའི་རྒྱུད་ལས། ཆོ་ག་འདི་ལ་བརྟེན་བྱེད་ན། །ཆ་མཐུན་སྤྲུལ་པའི་མ་མོ་མཉེས། །འཇིག་རྟེན་དབང་ཆེན་ཐམས་ཅད་ཀྱིས། །བྱང་ཆུབ་སེམས་ལྟར་བཀུར་སྟི་བྱེད། །ཚེ་དང་དབང་ཐང་འཕེལ་བ་དང་། །བསྒོ་བའི་ཚིག་རྣམས་ཉན་པར་འགྱུར། །ཞེས་དང་། ལྷ་བུ་དྲི་མེད་འཆི་བ་འདི་ཡིས་སླུས། །མི་ལ་སོགས་པ་གཞན་ལ་སྨོས་ཅི་དགོས། །ཞེས་པས་གནས་སྐབས་དང་། འདི་ཡི་ཡོན་ཏན་བསོད་ནམས་ཀྱིས། །ཕྱི་མའི་དངོས་གྲུབ་མཆོག་སྟེར་ཏེ། །བསོད་ནམས་མཆོག་ནི་བླ་ན་མེད། །མཐོ་རིས་ཐར་པའི་ལམ་ཐོབ་སྟེ། །རིག་འཛིན་ས་ལ་སྐྱེལ་བར་བྱེད། །འདི་ཡི་བསོད་ནམས་གོང་ཉིད་དུ། །ཆོ་ག་གཞན་གྱིས་རྙོགས་པ་མེད། །དམ་ལ་གནས་པའི་རྣལ་འབྱོར་པས། །ཆོ་ག་འདི་ལ་བརྟེན་བྱས་ན། །ཇི་ལྟར་བསམ་པ་བཞིན་དུ་འགྲུབ། །མ་དང་མཁའ་འགྲོས་བྱིན་གྱིས་བརླབ། །སངས་རྒྱས་རྣམས་ཀྱིས་དངོས་གྲུབ་སྟེར། །ཞེས་མཐར་ཐུག་གི་ཕན་ཡོན་ཀྱང་མཐའ་ཡས་པའི་ཕྱིར། །མ་མོ་གླིང་བཞིའི་མདོས་ཀྱིས་ཕྱི་ཆ་མཐུན་སྤྲུལ་པའི་མ་མོ་བསྐང་ཞིང་། མ་འགྲུབ་ན་སྒང་ཤར་ལས། ཕྱི་རབས་རྣལ་འབྱོར་དམ་ལྡན་ལ། །མ་མོ་ཁྲོས་ཤིང་ལོག་གྱུར་པར། །སྲིད་པ་སྤྱི་མདོས་མི་འགྲུབ་ན། །གླིང་གི་བསྐང་བ་ངས་བཤད་དོ། །ཞེས་སློབ་དཔོན་ཆེན་པོ་པདྨས་མ་མོ་རིན་ཆེན་ཕྲ་བཀོད་ལས་ཕྱུང་བ་གླིང་གི་བསྐང་བ་ལྟ་བུ་ཞིག་གིས་མཆོད་པས་དོན་འགྲུབ་བོ། །དེ་བཞིན་དུ་ནང་གསང་རང་བཞིན་གྱི་མ་མོ་སྟེ་བཞི་པོ་བསྐང་ཞིང་། ཁྱད་པར་ཚོགས་ལས་ཀྱིས་ཉམས་ཆག་སྐོང་བ་རྣམས་བྱའོ། །དེ་ནས་མཆེད་གསར་རྙིང་གི་ཁྱད་པར་གྱིས་བསྲེ་བསྣན་བྱས་ཏེ། གབ་པའི་དབང་ལེ་དྲུག་གི་དང་པོ་སྤྱི་དབང་ཆེན་པོའི་གླེང་གཞིའི་ལེའུ་ལས་གསུངས་པ་ཕྱག་རྡོར་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་དུ་རྒྱུད་དགྲོལ་བའི་ཟབ་མོའི་ཆོས་དང་གླེང་གཞི་བཤད་པས་ངེས་ཤེས་བསྐྱེད་ནས། རྒྱུད་སྦྱོང་ཞིང་སྣོད་རུང་དུ་སྒྲུབ་པའི་ཕྱིར་མཆོག་དབང་བཅུ་དྲུག་སྒོ་འབྱེད་ཀྱི་ཚུལ་དུ་བསྐུར་ཏེ་ནུབ་དང་པོའི་བྱ་བའོ། །དེ་ནས་ནུབ་གཉིས་པ་ནས་བཟུང་ཕྱི་དབང་རྣམས་ཞག་གྲངས་རྒྱས་བསྡུས་སྐབས་དང་སྦྱར་ཏེ། ལྷ་མི། ཉན་ཐོས། རང་རྒྱལ། བྱང་སེམས་བཞིའི་དཀྱིལ་འཁོར་བཤམ་ཞིང་། སོ་སོའི་སྒྲུབ་མཆོད་གཏོར་ཆོ ག་དང་བཅས་སོང་བ་དང་། ལས་དང་པོ་པ་རྣམས་རང་རང་གི་ངེས་འབྱུང་སྟེ། ལྷ་མིས་ངན་སོང་། ཉན་རང་གིས་འཁོར་བ། བྱང་སེམས་ཀྱིས་མཐའ་གཉིས་ལས་ངེས་པར་འབྱུང་བའི་ཚུལ་བཞིས་སོ་སོའི་སྡོམ་པ་འབོགས་ཆོག་གིས་དཀྱིལ་འཁོར་དུ་འཇུག་པའོ། །གཉིས་པ་རྒྱུད་ནི། ལས་ཐོ་ལས། དེ་ནས་ཕྱི་རྒྱུད་ཐེག་པ་ཡིས། །རིགས་གསུམ་ཉི་ཤུ་རྩ་གཅིག་དང་། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས། །སྤྱན་དྲངས་མཆོད་པ་སྦྱིན་སྲེག་སྙེག །བཟླས་བརྗོད་བསྙེན་སྒྲུབ་རྫོགས་པ་དང་། །ཞེས་པ་སྟེ། ཀྲི་ཡོ ག་གཉིས་རང་རང་གི་སྟ་གོན་སྔོན་དུ་འགྲོ་བས། ཀྲི་ཡ་རྩ་བའི་ལྷ་རིགས་གསུམ་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་དང་། ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སོ་སོའི་ལུགས་བཞིན་བཞེངས་ནས། ཏིང་ངེ་འཛིན་གྱིས་བསྐྱེད་ཅིང་། ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་བསྟོད་བཟླས་པ་དང་། འགྲུབ་ན་སྦྱིན་སྲེག་ཀྱང་དབུལ་ཞིང་། དེ་ལྟར་སྒྲུབ་མཆོད་གྲུབ་པ་དང་བདག་ཉིད་དཀྱིལ་འཁོར་དུ་ཞུགས་རྗེས། སློབ་མ་དཀྱིལ་འཁོར་དུ་གཞུག་པའི་ཆོ་ག་རྣམས་བྱ་བའོ། །གཉིས་པ་གང་བསྐུར་བྱའི་དབང་ནི། ལས་ཐོར། ཕྱི་དབང་རྩ་བ་བཅུ་པོ་ལ། །ཡན་ལག་བརྒྱ་རྩ་བརྒྱད་དུ་བསྐུར། །རྒྱུད་ཀྱི་ཆུ་བོའི་ལས་ཐོའོ། །ཞེས་གསུངས་ཏེ། དེ་ལ་ཕྱི་དབང་རྩ་བ་བཅུ་ནི། དབང་དོན་རྣམ་པར་འབྱེད་པ་ལས། དང་པོ་རྒྱལ་པོ་བཀའ་རྟགས་དབང་། །གཉིས་པ་རྟགས་ཀྱི་མཚན་མའི་དབང་། །གསུམ་པ་ཐུགས་རྗེ་གཟུངས་ཀྱི་དབང་། །བཞི་པ་ཤེས་རབ་བུམ་པའི་དབང་། །ལྔ་པ་ཁྱད་པར་གདན་གྱི་དབང་། །དྲུག་པ་རྒྱལ་སྲིད་རིན་ཆེན་དབང་། །བདུན་པ་བཀྲ་ཤིས་རྫས་ཀྱི་དབང་། །བརྒྱད་པ་ཤེས་བྱ་མ་རྨོངས་དབང་། །དགུ་པ་མཛེས་པ་རྒྱན་ཆའི་དབང་། །བཅུ་པ་དབང་སྒྱུར་མིང་གི་དབང་། །ཕྱི་འཁོར་སྐྱོང་བའི་རྒྱལ་པོར་འགྱུར། །ཞེས་སོ། །དེ་ལས་ཡན་ལག་རགས་པ་བརྒྱ་རྩ་བརྒྱད་དུ་དབྱེ་བ་ལ་བསྟན་བཤད་གཉིས་ལས། མདོར་བསྟན་ནི། དབང་དོན་རྒྱ་ཆེར་འབྱེད་པ་ལས། ཆུ་བོ་བཞི་ཡི་དབང་གི་རིམ་པ་ལས། །དང་པོ་རྒྱུད་ཀྱི་ཆུ་བོ་རྣམ་གྲངས་བཅུ། །དང་པོ་རྒྱལ་པོ་བཀའ་རྟགས་ཉི་ཤུ་དང་། །གཉིས་པ་མཚན་མ་རྟགས་དབང་ཉི་ཤུ་དྲུག །གསུམ་པ་ཐུགས་རྗེ་གཟུངས་ཀྱི་དབང་བཅུ་གཅིག །བཞི་པ་ཤེས་རབ་བུམ་པའི་དབང་ལ་གཅིག །ལྔ་པ་ཁྱད་པར་གདན་གྱི་དབང་ལ་གསུམ། །དྲུག་པ་རྒྱལ་སྲིད་རིན་ཆེན་དབང་བཅུ་དྲུག །བདུན་པ་བཀྲ་ཤིས་དབང་ལའང་བཅུ་དྲུག་གོ། །བརྒྱད་པ་ཤེས་བྱ་མ་རྨོངས་དབང་ལ་བདུན། །དགུ་པ་མཛེས་པ་རྒྱན་ཆའི་དབང་ལ་དྲུག །བཅུ་པ་དབང་བསྒྱུར་མིང་གི་དབང་ལ་གཉིས། །ཞེས་སོ། །གཉིས་པ་རྒྱས་བཤད་ནི། དེ་ལས། དང་པོ་རྒྱལ་པོ་བཀའ་རྟགས་ཉི་ཤུ་ནི། །ཅོད་པན་ལྷ་མོ་སེང་གེ་གླང་པོ་ཆེ། །རས་གོས་ཁྲུས་བུམ་མིང་འདོགས་རྒྱན་བྱེ་བྲག །ཡི་གེ་མདའ་གཞུ་བཙུན་མོ་ཤིང་རྟའི་དབང་། །ཆིབས་མཆོག་ཤན་གྲི་གསེག་པར་ན་བཟའ་ངུར། །འབྲས་ཆན་རྩྭ་སྟན་སྦྲང་རྩི་བུར་སྦྲང་སྟེ། །རྒྱ་ཆེ་རོལ་པའི་འགྲོ་འདུལ་མཚན་ཉིད་དབང་། ༈ །གཉིས་པ་མཚན་མ་རྟགས་དབང་ཉེར་དྲུག་ནི། །རི་རབ་མཆོད་རྟེན་དཔག་བསམ་ཤིང་རྒྱ་མཚོ། །ས་གཞི་བདུད་རྩི་དར་བུ་ཁྲི་རྐང་དབང་། །མེ་ཏོག་རྔ་ཡབ་རྡུལ་ཡབ་སྦྲང་ཡབ་དང་། །བླ་རེ་རྒྱལ་མཚན་གདུགས་དང་ཉ་རྒྱ་དང་། །སྐ་རགས་སྤོས་ལྔ་སྙིང་པོ་རིན་ཆེན་ལྔ། །འབྲུ་ལྔ་སྟག་ཚེར་སེང་ཚེར་ཤུ་དག་དང་། །དབང་ལག་ཀཎྜ་ཀ་སྟེ་ཀྲི་ཡའི་དབང་། །ཕྱག་ན་རྡོ་རྗེ་དབང་བསྐུར་རྒྱུད་ལས་བཀྲོལ། ༈ །གསུམ་པ་ཐུགས་རྗེ་གཟུངས་དབང་བཅུ་གཅིག་ལ། །སྐུ་གཟུགས་ཕྱག་རྒྱ་གསུང་གཟུངས་ཡིག་འབྲུ་དང་། །ཐུགས་ཀྱི་གསེར་ཐུར་མེ་ལོང་འཁོར་ལོ་དུང་། །ཡོན་ཏན་མེ་ཏོག་ཕྲེང་བ་ཕྲིན་ལས་ལ། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མོ། ༈ །བཞི་པ་ཤེས་རབ་བུམ་པ་གཅིག་པུ་ཉིད། ༈ །ལྔ་པ་ཁྱད་པར་གདན་དབང་ཟིལ་གནོན་གྱི། །སེང་གེ་མུན་སེལ་ཉི་མ་ཚ་སེལ་ཟླ། ༈ །དྲུག་པ་རྒྱལ་སྲིད་རིན་ཆེན་བཅུ་དྲུག་ནི། །འཁོར་ལོ་རྟ་མཆོག་གླང་པོ་ནོར་བུ་དང་། །བློན་པོ་བཙུན་མོ་དམག་དཔོན་རིན་ཆེན་བདུན། །རལ་གྲི་མདའ་གཞུ་གནམ་རལ་ཤན་གྲི་དང་། །ཞྭ་དང་ཁབ་སྐུད་ན་བཟའ་ཕྱགས་མཆོག་དང་། །ཀྲིཥྞའི་པགས་གདན་ཉེ་བའི་རཏྣ་དགུ། ༈ །བདུན་པ་བཀྲ་ཤིས་རྫས་དབང་བཅུ་དྲུག་ནི། །ཡུངས་ཀར་ཞོ་ཕོར་རྩ་དུར་ལི་ཁྲི་མཚལ། །མེ་ལོང་འབུད་དུང་གིའུ་ཝཾ་བིལྦ་རྫས། །དཔལ་བེའུ་འཁོར་ལོ་པདྨ་རྒྱལ་མཚན་དང་། །བུམ་པ་གདུགས་དུང་གསེར་ཉ་རྟགས་བཀྲ་ཤིས། ༈ །བརྒྱད་པ་ཤེས་བྱ་མ་རྨོངས་དབང་བདུན་ནི། །རྒྱ་གྲམ་ཅོད་པན་པཱུ་ཛ་ཀ་པཱ་ལི། །ཕྱག་ཤིང་འཆད་པོད་རྡོ་རྗེ་དྲིལ་བུའི་དབང་། ༈ །དགུ་པ་མཛེས་པ་རྒྱན་ཆས་དབང་དྲུག་ནི། །དབུ་རྒྱན་དཔུང་རྒྱན་ཞབས་གདུབ་ཕྱག་གདུབ་དང་། །དོ་ཤལ་དར་གྱི་ཅོད་པན་དབང་བསྐུར་རོ། ༈ །བཅུ་པ་རྒྱུ་དང་འབྲས་བུའི་མིང་དབང་སྟེ། །དཀོན་མཆོག་སློབ་དཔོན་ཕ་རོལ་ཕྱིན་ལས་གྲས། །འཇིག་རྟེན་ཐ་མལ་ཞེན་ལྡོག་རྒྱུ་ཡི་མིང་། །རྡོ་རྗེ་དབང་ཕྱུག་ཅེས་པ་འབྲས་བུའི་མིང་། །དེ་ལྟར་ཕྱི་དབང་རྒྱུད་ཀྱི་ཆུ་བོ་ལ། །དབང་དོན་རྒྱས་པ་ཡན་ལག་བརྒྱ་རྩ་བརྒྱད། །ཅེས་གསུངས་པ་ལས། དང་པོ་རྒྱལ་པོ་བཀའ་རྟགས་ཉི་ཤུའི་དབང་ནི། མཚན་ཉིད་ཐེག་པའི་དབང་སྟེ། དེ་ཡང་ལྷ་མི། ཉན་ཐོས། རང་རྒྱལ་གསུམ་ལ་དེའི་ནང་ནས་བཏུས་ཏེ་དབང་བསྐུར་དགོས་པས། ལྷ་མིའི་ཐེག་པའི་དབང་ལ། ཅོད་པན་ནས་བཙུན་མོའི་བར་བཅུ་གཅིག་དང་། དེའི་སྟེང་དུ་ལྷག་པོར་རྒྱ་བོད་ཀྱི་ཡི་གེ་རྣམས་བསྐུར། ཉན་ཐོས་ཀྱི་ཐེག་པའི་དབང་ལ། དྲུག་པ་ཁྲུས་བུམ་དང་། བདུན་པ་མིང་དབང་གི་སྟེང་དུ། ཤིང་རྟ་ནས་སྦྲང་རྩིའི་བར་བརྒྱད་དང་། ལྷག་པོར་མུ་ནེའི་གཟུངས་རྣམས་བསྐུར། རང་རྒྱལ་གྱི་ཐེག་པའི་དབང་ལ། བུམ་པ། མིང་དབང་། ཤན་གྲི། ངུར་སྨྲིག །རྩྭ་གདན། སྦྲང་རྩི་སྟེ་དྲུག་གི་སྟེང་དུ་ལྷག་པོར་རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས་རྣམས་བསྐུར། བྱང་སེམས་ཀྱི་ཐེག་པ་ལ་རྒྱལ་པོ་བཀའ་རྟགས་ཀྱི་དབང་ཉི་ཤུ་པོ་ཚང་བར་བསྐུར་བའོ། །དེ་ནས་ཀྲི་ཡའི་དཀྱིལ་འཁོར་དུ་གཉིས་པ་མཚན་མ་རྟགས་དབང་ཉེར་དྲུག་དང་། ཡོ་གའི་དཀྱིལ་འཁོར་དུ་གསུམ་པ་ཐུགས་རྗེ་གཟུངས་དབང་བཅུ་གཅིག་ནས། བཅུ་པ་རྒྱུ་དང་འབྲས་བུའི་མིང་དབང་གི་བར་ཏེ་དྲུག་ཅུ་རེ་གཉིས་བསྐུར་བའོ། །དེ་ལྟར་ཕྱི་དབང་བརྒྱ་རྩ་བརྒྱད་ཀྱི་སྟེང་དུ། ལྷ་མི་ཉན་རང་གསུམ་དེའི་ནང་ནས་བཏུས་ཤིང་རང་རང་གི་སྒོས་ཆོས་ལྷག་པོ་དང་བཅས་སུམ་ཅུ་སོ་གཅིག་བྱུང་བ་རྣམས་བསྣན་པས་ཕྱི་དབང་ལ་ཆིག་བརྒྱ་སོ་དགུར་འགྱུར་ཞིང་། དེ་ཐམས་ཅད་རྫས་དབང་རྐྱང་པའི་གྲངས་ཡིན་པས། ད་དུང་དེའི་སྟེང་དུ་སོ་སོའི་ལྷ་དབང་བསྐུར་དགོས་ལ། དེ་ཡང་ཕྱི་དབང་གི་སྐབས་འདིར་དཀྱིལ་འཁོར་གྱི་ལྷ་གྲངས་དབྱེ་བསྡུའི་ཁྱད་པར་ལས་གྲངས་མཐའ་གཅིག་ཏུ་བཞག་དཀའ་བར་སྣང་ངོ་། །གཉིས་པ་ཉེ་བསྙེན་གྱི་ཡན་ལག་ནང་དབང་འབྱུང་བའི་ཆུ་བོ་བསྐུར་བ་ལ། གང་དུ་བསྐུར་བའི་དཀྱིལ་འཁོར་དང་། གང་བསྐུར་བྱའི་དབང་གཉིས་ལས། དང་པོ་ནི། དབང་དོན་བསྡུས་པ་ལས། བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །ཞེས་པས། ནང་དབང་གང་དུ་བསྐུར་བ་མ་ཧཱ་ཡོ་གའི་དཀྱིལ་འཁོར་ནི། ཚོགས་ཆེན་འདུས་པ་ཐུན་མོང་པའི་དཀྱིལ་འཁོར་ཏེ། འདྲེན་པའི་ལས་བྱང་ཆེ་ལེར་གསུངས་པ་ཉིད་ཡིན་པས། དེ་བཤད་པ་ལ་གསུམ་སྟེ། སྟ་གོན། དཀྱིལ་འཁོར་བཞེངས་སྒྲུབ། དེར་འཇུག་པའོ། །དང་པོ་ནི། ལས་ཐོར། དེ་ནས་ནང་དབང་ཆུ་བོའི་དུས། །དཔང་སྐོངས་སྦྱིན་སྲེག་སྟ་གོན་བྱ། །ཞེས་པས་དཔང་བསྐོངས་ཀློག་ཅིང་། ཞི་གཞུང་བསྲང་ནས་ཚོགས་དང་ཞི་བའི་སྦྱིན་སྲེག་དབུལ་བ་སྔོན་དུ་འགྲོ་བས། ཡན་ལག་རབ་གནས་རྫས་ལྔ་བརླབ་པ་དང་། ཡན་ལག་ཅན་ལྷ་བུམ་སློབ་མའི་སྟ་གོན་རྣམས་བྱ་བའོ། །གཉིས་པ་ལ། མཚམས་བཅད་པ། གནས་འཁོར་ཡོ་བྱད་བརླབ་པ། དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པའོ། །དང་པོ་ནི། དེ་ལས། ཆ་གསུམ་གསེར་སྐྱེམས་གསར་པ་འགྱེད། །རྒྱལ་ཆེན་ཕྱོགས་སྐྱོང་བཀའ་བསྒོས་ལ། །ཕྱི་མཚམས་བསྲུང་བའི་ཕྲིན་ལས་བཅོལ། །བར་མཚམས་ཁྲོ་བཅུས་མཚམས་བཅད་དེ། །འཇུག་སྲེད་མནན་ལ་ནང་མཚམས་བཅད། །ཅེས་པས་ནངས་པར་ཆ་གསུམ་གྱི་གཏོར་མ་དང་གསེར་སྐྱེམས་བཏང་། དྲག་སྔགས་ཐུན་བྲབ་སྤོས་རོལ་དང་བཅས་པའི་ཚམ་རྔམས་ཀྱིས་བགེགས་བསྐྲད་དེ། སྒྲུབ་ཁང་ནས་གོམ་པ་བདུན་ཅུ་གཞལ་བའི་སར་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུའི་ཐོ་བསྡམས་པས་ཕྱི་མཚམ་བཅད། ཁྲོ་བཅུའི་ཕུར་བུ་སྔར་ས་ཆོག་དུས་བཏབ་ན་འདིར་ཕྲིན་ལས་བསྐུལ་བ་ཙམ་དང་མ་བཏབ་ན་འདིར་གདབ་ཅིང་། དམ་སྲི་མནན་པས་བར་མཚམས་བཅད། འབར་བ་ལྟ་བ། ཁྲོ་བོ་རོལ་པ། མཚོན་ཆ་འཆོལ་བ། སྲེག་བྱེད་མེ་སྟེ་བཞིས་ནང་མཚམས་གཅོད་ཅིང་། གཅད་བྱ་གཅོད་བྱེད་ཐམས་ཅད་དམིགས་མེད་དུ་རྒྱས་འདེབས་པས་གསང་བ་དེ་ཁོ་ན་ཉིད་ཀྱི་མཚམས་ཀྱང་བཅད་དོ། །གཉིས་པ་ནི། དེ་ལས། དབང་སྒྱུར་ཕྱག་རྒྱ་ཚོགས་ཆེན་རྫོགས། །གནས་འཁོར་ཡོ་བྱད་བྱིན་བརླབས་ནས། །ཞེས་པས། དབང་སྒྱུར་གྱི་ཏིང་ངེ་འཛིན་གྱིས་གནས། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་གྱིས་འཁོར། ཚོགས་ཆེན་འདུས་པའི་ཏིང་ངེ་འཛིན་གྱིས་ཡོ་བྱད་བརླབས་པ་རྣམས་སོ། །གསུམ་པ་ནི། དེ་ལས། གོ་མ་ཡེ་བཏང་གཟུངས་མ་བརླབ། །ཐིག་ཚོན་ཕྱག་རྒྱ་རྫས་ཆེན་དགོད། །ཚོགས་ཆེན་འདུས་པའི་དཀྱིལ་འཁོར་བཞེངས། །ཞེས་པ་སྟ་གོན་གྱི་ལྷ་བཏེགས་ནས། སྟེགས་བུ་ལ་དམ་རྫས་བདུད་རྩི་ལྔའི་གོ་མ་ཡེ་བཏང་ལ། རང་ཉིད་ལྷར་གསལ་བས་གཟུངས་མ་ཡུམ་དུ་བརླབས་པའི་གཉིས་ཀའི་གནས་ལྔར་རིགས་ལྔ་དང་མཁའ་གསང་བརླབ་པ་སོགས་བྱས་ཏེ། གནམ་ཐིག་དང་ས་ཐིག་གི་བྱ་བ་སྔར་ལྷ་སྟ་གོན་གྱི་སྔོན་དུ་བཏབ་ཟིན་པས། འདིར་ལག་པ་བྱིན་གྱིས་བརླབས་ནས་སྔར་བསྒྲུབས་པའི་རྡུལ་ཚོན་ཐིག་ཇི་ལྟར་བཏབ་པའི་གཞི་ལ་རིམ་པར་དགྱེ་བས། ཚོགས་ཆེན་འདུས་པས་ཐུན་མོང་བའི་དཀྱིལ་འཁོར། ཁྱམས་རིམ་དགུ་པའི་ལྟེ་བ་རྩིབས་བརྒྱད་པའི་ཁྲོ་དཀྱིལ་གྱི་སྟེང་དུ་ཞི་དཀྱིལ་བཀོད་དེ། ཞི་ཁྲོ་བརྩེགས་མའི་ལུགས་སུ་བཞེངས་ལ། ཕྱག་རྒྱའི་རྣམ་པ་དང་། མཆོད་རྫས་སྒྲུབ་དབང་གི་རྫས་སོགས་ཡོ་བྱད་ཐམས་ཅད་ཚང་བར་དགོད་ཅིང་བྱིན་གྱིས་བརླབ་པའོ། །བཞི་པ་ནི། དེ་ལས། ཞི་ཁྲོའི་ལམ་རིམ་གཞུང་བསྲངས་བསྐྱེད། །སྤྱན་དྲངས་མཆོད་བསྟོད་སྦྱིན་སྲེག་དབུལ། །བཟླས་པས་བསྙེན་སྒྲུབ་ཚོགས་མཆོད་བྱ། །ཞག་བདུན་དུས་དྲུག་རྫོགས་པ་དང་། །ཞེས་པས་དུས་དྲུག་ཏུ་ཞི་ཁྲོའི་རྟེན་དང་བརྟེན་པར་བཅས་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་ཞིང་། རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་གཉིས་སུ་མེད་པར་བྱས་པ་ལ། མཆོད་བསྟོད་སོགས་ལས་ཀྱི་གཞུང་བསྲངས་ནས། ཛཔ྄་ཁང་ཕྱེ་སྟེ་གསལ་བ་གསུམ་དང་ལྡན་པས་བཟླས་བསྙེན་བྱ་ཞིང་། སྦྱིན་སྲེག་དང་ཚོགས་གཏོར་རྣམས་ཀྱང་གཏོང་སྟེ་དཀྱིལ་འཁོར་སྒྲུབ་མཆོད་དོ། །གསུམ་པ་འཇུག་པ་ནི། དེ་ལས། ཀུན་བྱས་དབང་ཕྱུག་རིག་པས་འཇུག །བུ་རྣམས་ཕྲིན་གདགས་སེམས་བསྐྱེད་དེ། །དཀྱིལ་འཁོར་འཇུག་པ་རིམ་བཞིན་བྱ། །ཞེས་པས་སློབ་དཔོན་གྱིས་སྒྲུབ་མཆོད་ཀྱི་བྱ་བ་ཀུན་བྱས་ནས། ཞག་བདུན་རྫོགས་པའི་ཐ་མ་ལ་བདག་ཉིད་དཀྱིལ་འཁོར་དུ་རིག་པས་ཞུགས་རྗེས། སློབ་བུ་རྣམས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དཀྱིལ་འཁོར་དུ་ཕྱི་དང་ནང་གི་འཇུག་པ་རིམ་བཞིན་བྱའོ། །གཉིས་པ་གང་བསྐུར་བྱའི་དབང་ནི། དེ་ལས། དེ་ལ་ནང་དབང་བཅུ་གཅིག་པོ། །ཡན་ལག་དྲུག་བརྒྱ་དྲུག་གིས་བསྐུར། །འབྱུང་ཆུའི་རབ་གནས་ལས་ཐོའོ། །ཞེས་གསུངས་ཏེ། དེ་ལ་ནང་དབང་རྩ་བ་བཅུ་གཅིག་ནི། དབང་དོན་རྣམ་པར་འབྱེད་པ་ལས། དེ་ནས་ནང་དུ་འཇུག་པར་བྱ། །དང་པོ་གསང་བ་ཉན་པའི་དབང་། །གཉིས་པ་རྣམ་བཞི་ལས་ཀྱི་དབང་། །གསུམ་པ་རྒྱལ་ཐེབ་འཆད་པའི་དབང་། །བཞི་པ་རྡོ་རྗེ་རྒྱལ་པོའི་དབང་། །ལྔ་པ་ཟིལ་གནོན་གདན་གྱི་དབང་། །དྲུག་པ་ཁྱད་པར་རིན་ཆེན་དབང་། །བདུན་པ་ཕྱག་རྒྱ་གཟུགས་བརྙན་དབང་། །བརྒྱད་པ་ཡེ་ཤེས་ཐུགས་ཀྱི་དབང་། །དགུ་པ་སྐུ་གསུང་ཐུགས་ཀྱི་དབང་། །བཅུ་པ་བདུད་འདུལ་བཀྲ་ཤིས་དབང་། །བཅུ་གཅིག་གསང་བ་མིང་གི་དབང་། །ཞེས་སོ། །དེ་ལས་ཡན་ལག་དྲུག་བརྒྱ་དྲུག་ཏུ་དབྱེ་བ་ལ་བསྟན་བཤད་གཉིས་ལས། མདོར་བསྟན་ནི། དབང་དོན་རྒྱ་ཆེར་འབྱེད་པ་ལས། གཉིས་པ་འབྱུང་བའི་ཆུ་བོ་བཅུ་གཅིག་ལ། །དང་པོ་གཉིས་གསུམ་བཞི་ལྔ་རེ་རེ་ལ། །དྲུག་བདུན་བདུན་ལ་ལྔ་བརྒྱ་བརྒྱད་ཅུ་གསུམ། །བརྒྱད་དགུ་རེ་རེ་བཅུ་པ་བཀྲ་ཤིས་བརྒྱད། །བཅུ་གཅིག་གསང་བ་མིང་གི་དབང་དེ་གཅིག །ཅེས་སོ། ༈ །གཉིས་པ་རྒྱས་བཤད་ནི། དེ་ལས། དང་པོ་གསང་བ་ཉན་དབང་རྣ་བ་ལ། །རཏྣ་རིགས་ཀྱིས་བསྐུར་དང་བསྒྲགས་རྫས་བྱིན། ༈ །གཉིས་པ་རྣམ་བཞི་ལས་དབང་ལག་པ་ལ། །ལས་ཀྱི་རིགས་ཀྱིས་བསྐུར་དང་བསྒྲགས་རྫས་བྱིན། ༈ །གསུམ་པ་རྒྱལ་ཐེབ་འཆད་དབང་ལྕེ་ལ་སྟེ། །པདྨ་རིགས་ཀྱིས་བསྐུར་དང་བསྒྲགས་རྫས་བྱིན། ༈ །བཞི་པ་རྡོ་རྗེ་རྒྱལ་དབང་སྤྱི་བོ་ལ། །དེ་བཞིན་རིགས་ཀྱིས་དབང་བསྐུར་བསྒྲགས་རྫས་བྱིན། ༈ །ལྔ་པ་ཟིལ་གནོན་གདན་དབང་རྐང་པ་ལ། །འཇིག་རྟེན་དྲེགས་པ་ཁྱོ་ཤུགས་གདན་དབང་བསྐུར། ༈ །དྲུག་པ་ཐུན་མོང་མ་ཡིན་རཏྣ་བདུན། །འཁོར་ལོས་དབང་བསྐུར་སྐྱེ་བ་བཞིར་དབང་སྒྱུར། །བཙུན་མོ་འབྱུང་བ་བཞི་ཡིས་མཉེས་པ་འབུལ། །དམག་དཔོན་ཚུལ་དགུས་ཕ་རོལ་དམག་དཔུང་འཇོམས། །ཁྱིམ་བདག་ཚད་མེད་བཞི་ཡིས་ཆབ་སྲིད་འཛིན། །གླང་ཆེན་སྟོབས་བཅུས་བདག་དང་གཞན་དོན་མཛད། །རྟ་མཆོག་རྫུ་འཕྲུལ་མྱུར་མགྱོགས་གནས་སླེབས་བྱེད། །ནོར་བུ་རིན་ཆེན་རྣམ་བཞི་རེ་འདོད་སྐོང་། ༈ །བདུན་པ་ཕྱག་རྒྱ་གཟུགས་བརྙན་དབང་བསྐུར་བ། །དཀྱིལ་འཁོར་དགུ་བརྩེགས་དཔལ་གྱི་ཕྱག་རྒྱའི་རིམ། །ཀུན་གྱི་སྤྱི་དཔལ་ཀུན་བཟང་བདེ་ཆེན་དཀྱིལ། །ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། །ཆེ་མཆོག་ཡབ་ཡུམ་ཆོས་སྐུ་རྫོགས་པའི་དཀྱིལ། །ཁྲག་འཐུང་འབར་བ་རྩ་བའི་དཀྱིལ་འཁོར་དང་། །ཌཱ་ཀི་ལས་ཀྱི་དཀྱིལ་འཁོར་སུམ་ཅུ་གཉིས། །སྐྱེས་བུ་ཀིང་ཆེན་བཅོ་བརྒྱད་སྒྲོལ་བའི་དཀྱིལ། །ཁྲག་འཐུང་རོལ་དཀྱིལ་སྤྲུལ་པའི་དཀྱིལ་འཁོར་དང་། །མགྱོགས་འགྲོ་ཡིད་ཀྱིས་དཀྱིལ་འཁོར་ཕྱོགས་ཕོ་ཉ། །དམ་ཚིག་ཆེན་པོ་མ་སྲིང་འོག་ཕོ་ཉ། །རྡོ་རྗེ་འཆང་གི་དཀྱིལ་འཁོར་སློབ་དཔོན་དབང་། །བདེ་ཆེན་གཅིག་དང་བཞི་བཅུ་རྩ་གཉིས་དང་། །ཆེ་མཆོག་གཉིས་དང་བདུན་ཅུ་རྩ་བརྒྱད་དང་། །དྲུག་བཅུ་བཞི་བཅུ་སོ་གཉིས་བཅོ་བརྒྱད་བདུན། །བཞི་དང་སུམ་བརྒྱ་དཀྱིལ་འཁོར་བརྒྱད་ལྷའི་གྲངས། །དཀྱིལ་འཁོར་ཐ་མ་བྱིན་བརླབས་སློབ་དཔོན་དབང་། །དཀྱིལ་འཁོར་དགུ་ཡི་རིམ་པར་སློབ་དཔོན་གདན། །མ་གཏོགས་ལྷ་ལ་ལྔ་བརྒྱ་བརྒྱད་ཅུ་གསུམ། ༈ །བརྒྱད་པ་ཡེ་ཤེས་ཐུགས་དབང་གནས་ལྔར་བསྐུར། །ཡེ་ཤེས་ལྔའམ་དགུ་རྟགས་མེ་མར་བྱིན། ༈ །དགུ་པ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ། །སྤྱི་བོ་ལྕེ་སྙིང་ལྟེ་བ་གསང་གནས་སུ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་རེ་རེ། །ཕྱག་རྒྱ་སྔགས་དང་ཏིང་འཛིན་ལྡན་པས་བསྐུར། ༈ །བཅུ་པ་བདུད་འདུལ་བཀྲ་ཤིས་རྫས་བརྒྱད་ལུས། ༈ །བཅུ་གཅིག་གསང་བ་མིང་དབང་རྣ་སྙིང་ལ། །རྡོ་རྗེ་རྩལ་གྱི་ཐིག་ལེ་སྦྱིན་པར་བྱ། །དེས་ན་ནང་དབང་འབྱུང་བའི་ཆུ་བོ་ལ། །དྲུག་བརྒྱ་དྲུག་ཏུ་གྱེས་པ་བསྐུར་བར་བྱ། །ཞེས་གསུངས་སོ། །འདིར་བདུན་པ་ཕྱག་རྒྱ་གཟུགས་བརྙན་གྱི་སྐབས་སུ། བདེ་ཆེན་གཅིག་དང་བཞི་བཅུ་རྩ་གཉིས་དང་། །ཞེས་པ་ལ། དཔེ་ཁ་ཅིག་ཏུ། བདེ་ཆེན་གཅིག་དང་བརྒྱད་ཅུ་རྩ་གཉིས་དང་། །ཞེས་འབྱུང་བ་ལྟར། ཟུར་ཧམ་གྱི་ཕྱག་ལེན་རྒྱུན་བཞིན་བྲིས་པའི་ཙཀླིར་ཡང་ཞི་བ་ཞེ་གཉིས་ཀྱི་སྟེང་དུ་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བཞི་བཅུ་བསྣན་ཏེ། ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་གྲངས་ལ་བརྒྱད་ཅུ་རྩ་གཉིས་སུ་མཛད་པ་ནི་མི་རིགས་ཏེ། འདྲེན་པའི་ལས་བྱང་ཆེ་ལེར། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་སྐད་ཅིག་ཡུད་ལ་ནམ་མཁའ་གང་ནས་གང་དུ་ཁྱབ་པ་ཐམས་ཅད་དུ་དབང་གི་དཀྱིལ་འཁོར་ཞི་ཁྲོའི་ལྷ་ལྔ་བརྒྱ་དང་བརྒྱད་ཅུ་རྩ་གསུམ་གྱིས་གང་བར་མཛད་ནས། ཞེས་སྤྱི་བསྡོམས་ཀྱི་གྲངས་བཤད་ནས། དེ་དཀྱིལ་འཁོར་དུ་འགོད་པའི་ཚེ། བང་རིམ་དང་པོའི་སྟེང་དུ་ཞི་བའི་ལྷ་ཞེ་གཉིས་དགོད། ཅེས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་གྲངས་ཞེ་གཉིས་སུ་གསུངས་པ་དང་། ཕྱོགས་མཚམས་སྟེང་འོག་དང་མཎྜལ་གྱི་རྩར་ཕུར་པའི་ལྷ་ཞེ་གཉིས་དགོད་དོ། །ཞེས་ཁྲག་འཐུང་རོལ་པ་དང་སྤྲུལ་པའི་དཀྱིལ་འཁོར་གཉིས་སོ་སོར་ཕྱེ་སྟེ། ཕྱི་མ་ལ་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་ཉི་ཤུ་དང་བཅས་གསུངས་པས་ན། ད་ལྟའི་དབང་ཙཀ་རྣམས་སུ་བསྲུང་འཁོར་གྱི་ཁྲོ་བཅུ་ཡབ་ཡུམ་ཙམ་ལས་མི་འབྱུང་ཡང་། ཁྲ་ཐབས་ཉི་ཤུ་བསྣན་དགོས་པར་མངོན་ཞིང་། ཧེ་རུ་ཀ་འདུས་པ་ལས་ཀྱང་། ཕྱི་རོལ་ཁྲོ་བཅུ་ཡབ་ཡུམ་སྟེ། །ཕྲ་མེན་ཉི་ཤུ་ཡང་སྤྲུལ་དག །བྱེ་བ་ཕྲག་ནི་ས་ཡ་འཕྲོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་བསྒྲུབ་པའི་ཡན་ལག་སྒྲུབ་དབང་གྲགས་པའི་ཆུ་བོ་བསྐུར་བ་ལ། གང་དུ་བསྐུར་བའི་དཀྱིལ་འཁོར་དང་། གང་བསྐུར་བྱའི་དབང་གཉིས་ལས། དང་པོ་ནི། དབང་དོན་བསྡུས་པ་ལས། རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོ་བྱ། །ཞེས་པས་སྒྲུབ་དབང་གང་དུ་བསྐུར་བ་ཨ་ནུ་ཡོ་གའི་དཀྱིལ་འཁོར་ནི། ཚོགས་ཆེན་འདུས་པ་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་ཏེ། རྩ་རྒྱུད་དུ་དེའི་སྒྲུབ་ལུགས་ཀྱི་ལེའུ་ལས་གསུངས་པ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ཞེས་བྱ་བ་དེ་ཉིད་ཡིན་པས། དེ་བཤད་པ་ལ་དྲུག་སྟེ། མཚམས་བཅད་པ། གནས་འཁོར་ཡོ་བྱད་བརླབ་པ། དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པ། ནུབ་ཐ་མར་སློབ་དཔོན་འཇུག་ཅིང་དངོས་གྲུབ་བླང་བ། སློབ་མ་དཀྱིལ་འཁོར་དུ་གཞུག་པའོ། །དང་པོ་ནི། ལས་ཐོར། དེ་ནས་སྒྲུབ་དབང་གྲགས་ཆུའི་དུས། །ཕྱི་ནང་བར་མཚམས་ནང་དང་འདྲ། །གཤིན་རྗེའི་རྒྱལ་པོའི་སྒོ་བྱང་བྱ། །ཕྲིན་ལས་བཅོལ་ཏེ་བར་མཚམས་བཅད། །ཅེས་པ་སྟེ། ནང་དབང་དང་སྒྲུབ་དབང་གཉིས་དགོས་དབང་གིས་དུས་ཚིགས་སོ་སོར་བཅད་ནས་བསྐུར་བའི་ཚེ། ཕྱི་མཚམས་རྒྱལ་ཐོ་དང་ཕྱོགས་སྐྱོང་གི་ཐོ་སྡོམ་ཞིང་། བར་མཚམས་ཕྱོགས་སྐྱོང་ཕུར་གདབ་དང་དམ་སྲི་གནོན་པའང་སྒེར་དུ་བྱ་དགོས་མོད། འདིར་བསྙེན་སྒྲུབ་བཞི་སྟན་ཐོག་གཅིག་ཏུ་བྱེད་པའི་ལུགས་ལྟར་ན། ཕྱི་མཚམས་ཀྱི་ཐོ་གཉིས་པོ་གསོ་ཞིང་། བར་མཚམས་ལ་གསུམ་ལས། མཚམས་ཕུར་ལ་ཕྲིན་ལས་བསྐུལ་བ་དང་། དམ་སྲི་སྔར་མནན་ཟིན་གྱི་སྟེང་དུ་བྲོས་གཟིར། ཁྱད་པར་འདིར་གཤིན་རྗེའི་རྒྱལ་པོའི་སྒོ་བྱང་འདོགས་པའོ། །ནང་མཚམས་འབར་བ་ལྟ་བའི་མཚམས་སོགས་བཞི་ནང་དབང་གི་དུས་དང་འདྲ་བར་བཅད་དོ། །གཉིས་པ་ནི། དེ་ལས། གནས་དང་འཁོར་དང་ཡོ་བྱད་བརླབ། །ཅེས་པས་ཏིང་ངེ་འཛིན་གསུམ་གྱིས་སྔར་ལྟར་བྱིན་གྱིས་བརླབ་པའོ། །གསུམ་པ་ནི། དེ་ལས། གོ་མ་ཡེ་བཏང་ཐིག་གཡོག་བརླབ། །རང་བཞིན་ཏིང་འཛིན་གཟུགས་བརྙན་ཐིག །ཚོན་བཀྱེ་ཕྱག་རྒྱ་མར་མེ་དགོད། །མཆོད་པའི་བྱེ་བྲག་ཚང་བར་དགྲམ། །དུར་ཁྲོད་གསང་བའི་ལུགས་སུ་བཞེངས། །ཞེས་པས། སྟེགས་བུར་བདུད་རྩི་ལྔས་གོ་མ་ཡེ་བཏང་ལ་ཐིག་གཡོག་བརླབས་ཏེ། སྟེང་གི་ནམ་མཁའ་རང་བཞིན་ཡེ་ཤེས་ཀྱི་ཐིག་དང་། འོག་ཏུ་ས་གཞི་ལ་གཟུགས་བརྙན་ལས་ཀྱི་ཐིག་ཆོ་ག་བཞིན་དུ་གདབ་ཅིང་། ཐིག་ཇི་ལྟར་བཏབ་པའི་གཞི་ལ་ཚོན་རིམ་པར་བཀྱེ་བས་རྩ་རྒྱུད་ཀྱི་ཚོགས་ཆེན་འདུས་པའི་སྒྲུབ་ལུགས་ཀྱི་ལེའུ་ལྟར། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ལྟེ་བ་རེའུ་མིག་དགུ་པའི་ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་པ་དྲུག་རིམ་གྲུ་ཆད་དང་བཅས་པའི་མཐར་ཁྱམས་གྲུ་བཞི་རིམ་པ་ལྔས་བསྐོར་བའི་ནང་མ་བཞིའི་ཕྱོགས་རེར་སྒོ་སྒོ་ཁྱུད་ཅན་རྒྱན་མེད་གཉིས་གཉིས་ཏེ་བརྒྱད་དང་། ཁྱམས་ལྔ་པ་ལ་སྒོ་རྒྱན་རྟ་བབས་སོགས་ཀྱིས་བརྒྱན་པའི་སྒོ་གཅིག་སྟེ། སྒོ་དགུ་པའི་དཀྱིལ་འཁོར་དུར་ཁྲོད་གསང་བའི་ལུགས་སུ་བཞེངས་ཤིང་། སྟེང་ཁང་ཞི་དཀྱིལ་ནང་དབང་གི་སྐབས་དང་འདྲ་བ་སྦྲེལ་བའི་ཞི་ཁྲོ་བརྩེགས་མའི་དཀྱིལ་འཁོར་བྲིས་ལ། བགེགས་བསྐྲད་དེ་མཚན་མ་བྱིན་གྱིས་བརླབས་ནས་སྐུ་རྟེན་སོགས་ཕྱག་རྒྱའི་རྣམ་པ། སྒྲུབ་རྟེན་མར་མེ་སོགས་སྒྲུབ་དབང་གི་རྫས། མཆོད་པའི་ཡོ་བྱད་དང་དཀྱིལ་འཁོར་གྱི་རྒྱན་རྣམས་ཚུལ་བཞིན་དུ་དགོད་པའོ། །བཞི་པ་ལ་སྦྱོར་དངོས་གཉིས་ལས། སྦྱོར་བ་སྒྲུབ་པའི་འགོ་འཛིན་པའི་ལས་ཕྲེང་ན། དེ་ལས། གསང་སྒོ་ཕྱེ་ལ་བརྡ་ཕྱག་འཚལ། །རྟགས་གདབ་རྒྱན་གྱིས་ལེགས་པར་བརྒྱན། །བྱིན་དབབ་ཕྱག་འཚལ་དམ་ཡང་བཅའ། །དངོས་གྲུབ་གསོལ་ཞིང་བསྐང་དང་བཤགས། །ལས་ཀྱི་ཕྲེང་བ་རྫོགས་བྱས་ཏེ། །ཞེས་པས་བརྡ་སྒོ་ཕྱེ་ལ་བརྡ་ཕྱག་འཚལ། དཔོན་སློབ་ཐམས་ཅད་ལ་རྟགས་གདབ་ཅིང་། གོས་རྒྱན་བཟང་པོ་བསྟར་ཏེ་དཀྱིལ་འཁོར་ལ་བྱིན་དབབ། གྲལ་ཕྱག་དང་ཚུལ་ཕྱག་བྱས་ཏེ་སྟན་ལ་འདུག་ནས། དམ་བཅའ་དང་དངོས་གྲུབ་གསོལ་ཞིང་བསྐང་བཤགས་བྱ་བ་རྣམས་སོ། །དངོས་གཞི་ལས་གཞུང་བསྲང་བ་ནི། དེ་ལས། ཏིང་འཛིན་བསྐྱེད་དང་རང་བཞིན་དྲངས། །གཉིས་མེད་མཆོད་པ་རིམ་བཞིན་འབུལ། །བཟླས་བརྗོད་བསྙེན་སྒྲུབ་རྣམ་བཞི་བསྲང་། །སྟོང་ཚིགས་རྐང་ཐོན་མཆོད་པ་བྱ། །དུས་དྲུག་ལས་ཕྲེང་ཚོགས་མཆོད་སྙེག །དུས་དྲུག་བསྐང་གསོའི་ཆོ་ག་བྱ། །དུས་དྲུག་བར་གཅོད་ཉུལ་ལེ་བཟློག །ཅེས་པས་སྒྲུབ་པ་ཞག་གྲངས་ཇི་ཙམ་བྱེད་པའི་དཀྱིལ་འཁོར་ཞག་གི་ཆོག་ཁྲིགས་ཏེ། ལས་ཀྱི་དབུ་དྲང་བ་སོགས་ལས་གཞུང་གི་སྔོན་འགྲོ་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། དངོས་གཞི་ཉིན་མཚན་དུས་དྲུག་ཏུ། ཞི་ཁྲོའི་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ། དམ་ཡེ་གཉིས་མེད་དུ་བྱས་པ་ལ་མཆོད་པ། ཛཔ྄་ཁང་ཕྱེ་སྟེ་གསལ་བ་གསུམ་གྱིས་ཛཔ྄་བཟླས་བྱ་བ་སྟེ། ལས་ཀྱི་རིམ་པ་རྣམ་པ་བཞིས་བསྙེན་སྒྲུབ་ཀྱི་གཞུང་བསྲང་། ཐུན་མཐར་ལྷའི་རྐང་ཐོན་དུ་སྟོང་ཚིགས་ཀྱིས་མཆོད་ཅིང་བསྟོད། ཚོགས་མཆོད། སྐོངས། ཉུལ་ལེ་འདུལ་བ་རྣམས་ཀྱང་ཐུན་དྲུག་ཀའི་མཇུག་ཏུ་བྱ་བ་ཡིན་ནོ། །ལྔ་པ་ནི། དེ་ལས། ཞག་བདུན་ཐ་མར་སློབ་དཔོན་འཇུག །དངོས་གྲུབ་རྣམ་བཞི་རིམ་གྱིས་བླང་། །ཛཔ྄་སྐོར་དང་པོས་ཐུགས་དམ་བསྐུལ། །བར་དུ་སྦྱིན་སྲེག་མཆོད་པ་བྱ། །ཐ་མ་གནད་ལ་དབབ་པ་དང་། །གཤེགས་ཤིང་གསོལ་བྱང་བསྟིམ་པར་བྱ། །ཞེས་པས་སྒྲུབ་ཞག་བདུན་རྫོགས་པའི་ཐ་མ་ལ་སློབ་དཔོན་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ནས་ལྷ་དང་རྫས་ལས་དངོས་གྲུབ་བླང་སྟེ། དེ་ལ་ལྷ་ལས་བླང་བ་ལ་བཞི་ལས། དང་པོ་དངོས་གྲུབ་བསྐུལ་བའི་ཛཔ྄་ནི། ཛཔ྄་ཁང་ཕྱེ་ལ། མདུན་བསྐྱེད་ལས་དངོས་གྲུབ་ཀྱི་འོད་ཟེར་ཚུར་བསྡུས་ཏེ་བདག་ལ་བསྟིམ་པ་ཁོ་ནས་ཛཔ྄་བཟླ་བའོ། །གཉིས་པ་སྦྱིན་སྲེག་ནི། བསྒྲུབ་བྱའི་དངོས་གྲུབ་སྤེལ་བའམ་དབང་དུ་བྱ་བའི་ཕྱིར་རྒྱས་པ་དང་དབང་གང་རིགས་ཀྱི་སྲེག་བླུགས་འབུལ་བའོ། །གསུམ་པ་གནད་ལ་དབབ་པ་ནི། དེ་ལས། དངོས་གྲུབ་བསྐུལ་བའི་རིམ་པ་རྣམས། །སྤྱིར་བསྐུལ་བ་དང་གནད་ནས་བསྐུལ། །ཉེ་བར་བསྐུལ་བའི་རིམ་པ་ཡིན། །ཞེས་པས་སྒྲུབ་ཁོག་ཏུ་བཀོད་པ་ལྟར་སྤྱིར་བསྐུལ་བ། གནད་ནས་བསྐུལ་བ། ཉེ་བར་བསྐུལ་བ་རྣམས་ཏེ། འདིའི་སྤྱི་དང་གནད་ནས་བསྐུལ་བ་གཉིས་ཀྱི་གྱེར་ཚིག་གོ་བརྗེས་ན་འཐད་དམ་སྙམ་པ་ཁོ་བོའི་རྣམ་རྟོག་གོ། །བཞི་པ་གཤེགས་ཤིང་གསོལ་བྱང་བྱས་ལ་བསྟིམ་པ་ནི། ལྷ་རྗེ་འགར། ལྷ་རྗེ་རྩགས། སྲེགས་སྟོན་གསུམ་ཕྱག་བཞེས་མི་མཐུན་པ་ལས། འདིར་གླན་ཆེན་པོ་རྡོ་རྗེ་འོད་སྲེགས་སྟོན་གྱི་ལུགས་སུ་མཛད་པ་ལྟར། ཞི་ཁྲོ་སྟེང་འོག་འཇུ་འདུལ་གྱི་ཚུལ་གྱིས་ཁྲོ་དཀྱིལ་ལས་གསལ་ཤིང་གི་དངོས་གྲུབ་ལེན་པའོ། །དེ་ནས་རྫས་ལས་དངོས་གྲུབ་བླང་བ་ནི། དེ་ལས། མེ་ཏོག་འཐོར་དང་བདུད་རྩི་ཡི། །དངོས་གྲུབ་བླང་བ་ཚུལ་བཞིན་བྱ། །བཀྲ་ཤིས་ཟས་ཚེའི་དངོས་གྲུབ་ནི། །ཟླ་གམ་དབང་གི་གཞལ་ཡང་ནས། །བཀྲ་ཤིས་བརྗོད་དང་ཆ་ལྔར་བགོ། །རུ་ལུའི་བརྗོད་པ་མ་ལུས་བྱ། །ཞེས་པས་དཀྱིལ་འཁོར་ལ་མེ་ཏོག་དོར་ནས་སྨན་གྱི་དངོས་གྲུབ་བླང་། དེ་རྗེས་མར་མེ། ཚེ་དང་ཛ་གད། བཀྲ་ཤིས་ཀྱི་རྫས་རྣམས་ལས་དངོས་གྲུབ་བླང་ཞིང་། ཤིས་པ་བརྗོད་པས་བརྟན་པར་བྱ་བ་རྣམས་སོ། །རྗེས་ཆོག་གི་རྫས་ཆ་ལྔར་བགོ་བ་སོགས་དབང་གི་མཐར་བྱ་ཞིང་། རུ་ལུའི་ཛཔ྄་བྲོ་ལྷ་རྗེ་གླན་དབང་གི་རྗེས་དང་། རྩི་ལུང་པ་འདིར་མཛད་ཅེས་འགོས་ཀྱི་ལས་ཐོར་བཤད་དོ། །དྲུག་པ་ནི། དེ་ལས། ཡབ་ཡུམ་སྦྱོར་བ་མཛད་པའི་སེམས། །ལྷ་དང་དབྱེར་མེད་གྱུར་པ་ཡི། །སློབ་དཔོན་གྲུབ་ཐོབ་བཞུགས་པ་དེས། །བུ་རྣམས་གསང་བའི་དཀྱིལ་འཁོར་བཅུག །ཅེས་པས་སྒྲུབ་ཆེན་གྱི་འགངས་ཆེ་ཤོས་དངོས་གྲུབ་ཡུམ་གྱི་མཁའ་ལས་བླང་བ་ཡིན་པས། སློབ་དཔོན་གྱིས་རང་དོན་དུ་ཡབ་ཡུམ་རྗེས་ཆགས་ཀྱི་སྦྱོར་བའི་ཉེ་རྒྱུས་དངོས་གྲུབ་བླངས་རྗེས། གཞན་དོན་སློབ་བུ་རྣམས་ཐབས་ཤེས་རོལ་པའི་འོད་ཟེར་གྱིས་ཞལ་དུ་བཅུག་པ་མཁའ་ནང་དུ་སྦྱངས་ཏེ་ལྷར་བྱས་པས་གསང་བའི་དཀྱིལ་འཁོར་དུ་གཞུག་པའོ། །གཉིས་པ་གང་བསྐུར་བྱའི་དབང་ནི། དེ་ལས། སྒྲུབ་དབང་བཅུ་གསུམ་ལས་ཀྱིས་བསྐུར། །གྲགས་པའི་ཆུ་བོའི་ལས་ཐོའོ། །ཞེས་གསུངས་ཏེ། དེ་ལ་སྒྲུབ་དབང་རྩ་བ་བཅུ་གསུམ་ནི། དབང་དོན་རྣམ་པར་འབྱེད་པ་ལས། དེ་དག་ཀུན་ལ་སྤྱོད་སྒྲུབ་པའི། །སྒྲུབ་པའི་དབང་རྣམས་བསྐུར་བར་བྱ། །དང་པོ་ཤེས་རབ་རིག་པའི་སེམས་ལོན་གཏན་ཚིགས་བྱིན། །གཉིས་པ་སྙིང་རྗེ་རྟགས་དབང་ཉི་ཟླའི་དཀྱིལ་འཁོར་བྱིན། །གསུམ་པ་འགྲོ་དོན་རྫོགས་པའི་ཐོང་གཤོལ་འབར་བ་བྱིན། །བཞི་པ་དུག་གསུམ་སྤྲུགས་པ་གའུ་རྣམ་གསུམ་བྱིན། །ལྔ་པ་སྲིད་གསུམ་སྒྲོལ་བའི་ཀ་ཏར་མཚོན་ཆ་བྱིན། །དྲུག་པ་སྐྱོན་གྱིས་མ་གོས་རྣམ་དག་པདྨ་བྱིན། །བདུན་པ་ལས་རྣམས་རྫོགས་པའི་ཏི་རའི་དབྱུག་པ་བྱིན། །བརྒྱད་པ་གཉིས་མེད་འཁྲིལ་བ་སྦྲུལ་ནག་ཆུན་པོ་བྱིན། །དགུ་པ་གསང་བ་ཤེས་རབ་ལྷ་མོའོ། །བཅུ་པ་ཀུན་ལ་དབང་བའི་འདོད་ཡོན་སྣ་ལྔ་བྱིན། །བཅུ་གཅིག་སྒྲུབ་པའི་རྒྱལ་པོ་དཀྱིལ་འཁོར་གཙོ་བོ་བྱིན། །བཅུ་གཉིས་ཐམས་ཅད་སྒྲུབ་པའི་སྒྲུབ་རྫས་ཐམས་ཅད་བྱིན། །བཅུ་གསུམ་གཉིས་སུ་མེད་པ འི་ཐིག་ལེ་མིང་གི་དབང་། །ཞེས་སོ། །དེ་ལས་ཡན་ལག་བརྒྱ་དང་བཅོ་ལྔར་དབྱེ་བ་ནི། སྔོན་གྱི་སློབ་དཔོན་རྣམས་ཀྱིས་སློབ་མ་ཐུན་མོང་བ་རྣམས་ཕྱི་དང་ནང་གི་ཆུ་བོ་གཉིས་ཀྱིས་སྨིན་པར་མཛད་ནས། སྒྲུབ་གསང་གི་ཆུ་བོ་གཉིས་དུས་ཚིགས་རེ་བར་དུ་བཅུག་ནས་སློབ་མ་ཁྱད་པར་བ་རྣམས་ལ་ལོགས་སུ་མཛད་སྲོལ་བྱུང་བ་ལྟར། ཐུན་མོང་པའི་ངོར་དཔེ་མཁྱུད་ཀྱིས་དབང་དོན་རྒྱ་ཆེར་འབྱེད་པའི་ཡིག་རྒྱུན་རྣམས་ལའང་མང་ཉུང་དང་ཚིག་མི་འདྲ་བ་ཅི་རིགས་སྣང་བས། འདིར་དབྱེ་ཚུལ་མཁས་གྲུབ་གཡུང་སྟོན་རྡོ་རྗེ་དཔལ་གྱིས་མཛད་པའི་རྣམ་བཤད་དུ། བཞི་པ་གའུའི་དབང་ལ་གསུམ། ལྔ་པ་མཚོན་ཆའི་དབང་ལ་དྲུག །བཅུ་པ་འདོད་ཡོན་གྱི་དབང་ལ་ལྔ། བཅུ་གཅིག་པ་སྒྲུབ་པའི་རྒྱལ་པོའི་དབང་ལ་ལྔ། བཅུ་གཉིས་པ་སྒྲུབ་རྫས་ཐམས་ཅད་ཀྱི་དབང་ལ་བརྒྱད་ཅུ་གྱ་བརྒྱད་རྣམས་དང་། ལྷག་མ་བརྒྱད་པོ་ལ་རེ་རེ་སྟེ། ཁྱོན་དྲིལ་བས་ཡན་ལག་བརྒྱ་དང་བཅོ་ལྔ་ཡོད་པར་གསུངས་པ་ལས། སྒྲུབ་རྫས་ཐམས་ཅད་ཀྱི་དབང་གི་སྐབས་འདིར། སྒྲོལ་ཆེན་བསམ་གྲུབ་རྡོ་རྗེའི་ཕྱག་བྲིས་ཀྱི་དབང་དོན་རྒྱ་ཆེར་འབྱེད་པར། བཅུ་གཉིས་སྒྲུབ་རྫས་ཀུན་གྱི་དབང་བསྐུར་ལ། །ཡང་དག་དུར་ཁྲོད་བརྡལ་དང་ཕུར་བུ་རྫས། །བདུད་རྩི་ཕོ་བྲང་བདེ་ཆེན་དབང་བསྐུར་རོ། །ཞེས་དང་། གྲོ་སྟོན་དཔལ་ལྡན་གྲགས་ཀྱི་ཕྱག་དཔེར། བཅུ་གཅིག་བཅུ་གཉིས་སྒྲུབ་པའི་རིམ་པ་ལ། །རྡོ་རྗེ་ཚེ་དང་ཐུགས་སྒྲུབ་སྨན་ལ་སོགས། །འདས་དང་འཇིག་རྟེན་སྒྲུབ་པ་མ་ལུས་པའི། །གཙོ་དང་སྒྲུབ་ཐབས་ཐམས་ཅད་བསྐུར་བར་བྱ། །བྱེ་བྲག་བརྗོད་ན་བསམ་འདས་བརྗོད་མི་ལང་། །ཞེས་དང་། རྩ་རྒྱུད་ཀྱི། རྡོ་རྗེ་ཚེ་དང་སྨན་ལ་སོགས། །སྒྲུབ་པ་མ་ལུས་སྒྲུབ་ཤིག་ཅེས། །སྒྲུབ་རྫས་ཐམས་ཅད་བྱིན་པར་བྱ། །ཞེས་པའི་སྐབས་ཀྱི་མཆན་ཡོལ་དགེ་བསྙེན་གྱི་ཕྱག་བྲིས་མར། ཡང་ཕུར་བདུད་རྩི་སོགས་ཀྱིས་དབང་སྟེ་རྗེས་སུ་གནང་བའོ། །ཞེས་པ་ཙམ་ལས་མི་འབྱུང་ཡང་། ཟུར་ཧམ་ལྕམ་སྲིང་ནས་བརྒྱུད་པའི་དབང་ཆོག་ལུགས་གཉིས་ལ་གཅིག་ཏུ་ཆད་པའི་རྒྱུན་ཅིག་ཤོས་ཀྱིས་གསོས་ཤིང་འཐོར་བ་བསྡུས་ནས། ད་ལྟའི་ཕྱག་བཞེས་ཀྱི་དབང་ཆོག་ལྟར་བརྩིས་ན། འདྲེན་པའི་ལས་བྱང་ཆུང་ངུས་བསྐུར་བའི་སྒྲུབ་རྫས་ཐུན་མོང་པ་བཅོ་ལྔ། ཐུན་མོང་མ་ཡིན་པའི་སྒྲུབ་རྫས་རོལ་པའི་ཆས་བཅུ། ཁྱད་པར་གྱི་སྒྲུབ་རྫས་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་ལ། དཔལ་བཤོས། དབང་བཤོས། གསལ་ཤིང་གི་ཟླ་གམ། ཛ་གད། བཀྲ་ཤིས་གཙང་མའི་བམ་དང་། དག་པ་ལྷའི་རྫས་ཀྱི་བམ། མདའ། རལ་གྲི། མེ་ལོང་། ཕུར་བུ་བཞི་པོ་རེ་རེའང་བཞི་བཞི་སྟེ་བཅུ་དྲུག །ཚོན་སྐུད། དུར་ཁྲོད་ཀྱི་རྒྱན་ཆས། སྐུ་རྟེན་ཐོད་སྐུ། གསུང་རྟེན་གྱི་ཐོད་པ། ཐུགས་རྟེན་རྡོ་རྗེ་དང་། དྲིལ་བུ། གསང་བའི་རྔེའུ་ཆུང་། རྐང་གླིང་། བགྲང་འཕྲེང་རྣམས་དང་། བྱེ་བྲག་གི་སྒྲུབ་རྫས་ལ། གཤིན་རྗེ་གཤེད་ཀྱི་སྒོ་བྱང་། རྟ་མགྲིན་གྱི་སྒོ་བྱང་། ཡང་དག་གི་མར་མེ། ཆེ་མཆོག་གི་སྨན། རྡོ་རྗེ་གཞོན་ནུའི་བསྙེན་ཕུར་དང་། མཚམས་ཕུར་རྣམས་སོ་སོར་བརྩིས་པས་བཅུ། མ་མོའི་མདོས་དང་། རཀྟ། དྲེགས་པའི་གཏོར་མ་དང་། སྨན་ཕུད། དྲག་སྔགས་ཀྱི་ཞི་རྒྱས་དབང་དྲག་གི་ཧོ མ་སྟེ་བཞི། དམར་གཏོར། ཀོང་ཟོར། བྲུབ་ཁུང་། ཉ་བོ། གདབ་ཕུར་རྣམས། རིག་འཛིན་གྱི་གཏོར་མ་དང་། སྨན་ཕུད། ཚེའི་འབྲང་རྒྱས་དང་། ཚེ་ཆང་རྣམས་ཏེ་དྲིལ་བས་བརྒྱད་ཅུ་གྱ་བརྒྱད་དོ། །དེ་ལྟར་བྱེ་བྲག་སྒྲུབ་སྡེའི་སྒྲུབ་རྫས་ཀྱི་དབང་ཀྱང་སྐབས་འདིར་བསྐུར་བ་ནི། གནུབས་ཆེན་གྱི་གསུང་ལས། ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ། །ཐེག་པ་འདུས་དང་དབང་འདུས་དང་། །སྒྲུབ་ཆེན་དཀྱིིལ་འཁོར་འདུས་པའི་ཕྱིར། །འཇམ་དཔལ་སྐུ་དང་པདྨ་གསུང་། །ཡང་དག་ཐུགས་དང་བདུད་རྩི་ཕུར། །མ་མོ་མཆོད་བསྟོད་དྲག་སྔགས་རྣམས། །ཆ་རྐྱེན་ཡིན་ཕྱིར་རིག་འཛིན་བརྒྱད། །ཚེ་ནི་སྤྱི་ཡི་ཁ་སྐོང་ཡིན། །སྒོ་བྱང་ཕྱི་ནང་དགྲ་བགེགས་སྐྲོད། །རྫས་སྐོངས་མར་མེ་བདུད་རྩི་སྨན། །མཚམས་ཕུར་གདབ་ཁ་བསྙེན་ཕུར་རྟེན། །མ་ཆེན་རཀྟས་ཐུགས་དམ་བསྐངས། །འཇིག་རྟེན་མཆོད་རྟེན་དྲག་ཟོར་གཏོར། །རིག་འཛིན་གཏོར་ཕུད་ཚེ་ཟན་རྫས། །ཞེས་གསུངས་པ་ལྟར་རོ། །བཞི་པ་སྒྲུབ་ཆེན་གྱི་ཡན་ལག་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བ་ནི། དབང་དོན་བསྡུས་པ་ལས། རྫོགས་པ་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་གསུངས། དེ་ལ་དབྱེ་ན། དབང་དོན་རྣམ་པར་འབྱེད་པ་ལས། སྒྲུབ་དབང་བཅུ་གསུམ་རྫོོགས་པ་དང་། །གསང་བ་ཀུན་གྱི་བདག་ཡིན་པས། །དཀར་དམར་འདྲེས་པའི་བྱང་ཆུབ་སེམས། །དབང་ཐོབ་དེ་ཡི་ལྕེ་ལ་བཞག །གཉིས་མེད་དོན་དམ་བྱང་ཆུབ་སེམས། །དབང་ཐོབ་དེ་ཡི་སེམས་ལ་བཞག །ཅེས་དང་། ལས་ཐོར། རྡོ་རྗེ་སློབ་དཔོན་ཡབ་ཡུམ་སྦྱོར། །དཀར་དམར་འདྲེ་པའི་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་ལྕེ་ལ་བཞག །དོན་དམ་བྱང་ཆུབ་སེམས་ཆེན་པོ། བུ་མཆོག་དེ་ཡི་སྙིང་ལ་བཞག །རྫོགས་པའི་ཆུ་བོའི་ལས་ཐོའོ། །ཞེས་པས་ཀུན་རྫོབ་བྱང་སེམས་དང་། དོན་དམ་བྱང་སེམས་ཀྱི་དབང་གཉིས་སུ་དབྱེ་བ་ལས། ཡན་ལག་གཞན་སྤྲོ་རུ་མེད་དེ། །དབང་དོན་རྒྱ་ཆེར་འབྱེད་པ་ལས། །བཞི་པ་གསང་བའི་དབང་ཆུ་དུ་མར་སྤྲོ་རུ་མེད། །ཅེས་གསུངས་པའི་ཕྱིར། དེ་ལ་དང་པོ་ཀུན་རྫོབ་བྱང་སེམས་ཀྱི་དབང་ལུས་ལ་བསྐུར་བའི་དཀྱིལ་འཁོར་ལ། ལས་ཐོར། རྡོ་རྗེ་སློབ་དཔོན་ཡབ་ཡུམ་སྦྱོར། །ཞེས་པ་ནི་གསང་དབང་གི་ཁོངས་སུ་ཤེར་དབང་སྦས་པས་བླ་མའི་མན་ངག་ལ་ལྟོས་དགོས་པའི་ཕྱིར། འདིར་ཕྱག་བཞེས་ལྟར། གསང་དབང་ལ་བླ་མ་ཡབ་ཡུམ་གྱི་ལུས་དཀྱིལ་དང་། ཤེར་དབང་ལ་ཕྱག་རྒྱ་མའི་མཁའ་གསང་གི་དཀྱིལ་འཁོར་གཉིས་འཇུག་བྱའི་དཀྱིལ་འཁོར་ཡིན་ལ། དེ་མཚོན་བྱེད་བརྡའི་དཀྱིལ་འཁོར་ནི། གསང་རྫས་ཀྱི་བདུད་རྩི་དང་། མེ་ལོང་གི་དཀྱིལ་འཁོར་གཉིས་ཀྱིས་མཚོན་པར་བྱ་བ་ཡིན་ནོ། །ཇི་ལྟར་བསྐུར་ཚུལ་ནི། ལྕེ་ལ་བཞག །ཅེས་པས། གསང་དབང་ནི་བླ་མ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་བུའི་ལྕེ་ལ་བཞག་ནས་བསྐུར་ཞིང་། ཤེར་དབང་ནི་སློབ་བུ་ཉིད་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་ཁུ་རྡུལ་གསང་རྩ་ཕན་ཚུན་དུ་ལྟེམས་པ་ཡབ་ཀྱི་གསང་བ་རྡོ་རྗེའི་ལྕེ་ལ་བཞག་ནས་བསྐུར་བས་འབྱུང་ལྡོག་གི་དགའ་བ་བཞི་ལ་ངོ་སྤྲོད་པའོ། །གཉིས་པ་དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་བའི་དཀྱིལ་འཁོར་ནི། མཚོན་བྱ་སེམས་ཉིད་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་ཉིད་ཡིན་ལ། དེ་ཡང་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་སྟེ། དེའི་ཡེ་ཤེས་ཀྱི་རྩལ་སྣང་ཚོགས་བརྒྱད་དང་། དབྱིངས་ཀྱི་རྩལ་སྣང་ཡུལ་བརྒྱད་དེ། བཅུ་དྲུག་པོའང་དབྱིངས་དང་ཡེ་ཤེས་སུ་འདུ་བའི་ཕྱིར། དེ་མཚོན་བྱེད་ཙིཏྟ་རིན་པོ་ཆེའི་དཀྱིལ་འཁོར་ལ་རྩ་བ་དབྱིངས་ཡེ་ཤེས་གཉིས་དང་། དེ་གཉིས་ཀྱི་རྩལ་ཡུལ་ཡུལ་ཅན་བཅུ་དྲུག་མཚོན་པའི་ཨ་ཡིག་བཅོ་བརྒྱད་ཀྱི་རྣམ་པ་བཀོད་པ་ཉིད་ཡིན་པས། མཚོན་བྱེད་ཀྱི་བརྡའ་དེ་ལ་བརྟེན་ནས་མཚོན་བྱ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་བྱ་རྩོལ་མེད་པའི་ཤེས་རབ་ཀྱིས་ཞུགས་ཏེ། ཡེ་ཇི་བཞིན་པའི་གནས་ལུགས་རྟོགས་པའི་དོན་དེ་ཉིད། རྣམ་པར་སྣང་མཛད་ཐིག་ལེ་དབང་གི་ཏནྟྲ་ལས་ཕྱུང་བ་ལྟ་བ་ཡེ་འབྱམས་ཀྱི་དབང་ལེ་དང་། ཡོངས་སུ་གྲུབ་པའི་དབང་ལེ་གཉིས་ཀྱིས་ངེས་ཤེས་བསྐྱེད་ཅིང་། ཀུན་བཟང་ཐུགས་ཀྱི་གདམས་ལེས་གསང་གཉེར་གཏོད་པའི་ཚུལ་གྱིས་རིག་པའི་རྩལ་དབང་བསྐུར་བའོ། །དེ་ལྟར་ཡན་ལག་དང་ཡན་ལག་ཅན་རྩ་བའི་དཀྱིལ་འཁོར་རྣམས་སུ་རྩ་བའི་དབང་ཆུ་བོ་བཞིས་བསྡུས་པ་སུམ་ཅུ་རྩ་དྲུག་ལས་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་ཚུལ་འདི་ནི། སྦྱངས་པས་སྣོད་དུ་གྱུར་པའི་སློབ་མ་ལ་མདོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་ཐེག་པ་ཐམས་ཅད་འདུས་པའི་མདོ་དབང་བསྐུར་ཚུལ་སློབ་དཔོན་བདེ་བ་གསལ་མཛད་ཀྱི་ལས་ཐོས་བཀྲལ་བའི་མན་ངག་གི་ལུགས་ཏེ། འདིར་ཡན་ལག་བརྒྱད་བརྒྱ་སོ་གཅིག་ལ་རགས་པ་ཞེས་ཟེར་བ་ནི། དབང་དོན་རྒྱ་ཆེར་འབྱེད་པ་ལས། བྱེ་བྲག་ཕྱེ་ན་བསམ་འདས་བརྗོད་མི་ལང་། །ཞེས་གསུངས་པ་ལྟར། ཡན་ལག་བརྒྱད་བརྒྱ་སོ་གཅིག་ལས་འཕྲོས་པའི་ཉིང་ལག་ཕྱེ་ན་མཐའ་ཡས་པར་འགྱུར་བ་ཡིན་ཏེ། དེའི་རྒྱུ་མཚན་ཕྱི་དབང་གི། །དང་པོ་རྒྱལ་པོ་བཀའ་རྟགས་ཉི་ཤུ་དང་། །ཞེས་གསུངས་པའི་མཛད་པ་ཉི་ཤུའི་དབང་རྣམས་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཚང་བར་བསྐུར་དགོས་ཤིང་། ལྷ་མི་ཉན་རང་གསུམ་ལ་དེའི་ནང་ནས་བཏུས་པའི་ཉིང་ལག་གི་གྲངས་ཉི་ཤུ་རྩ་བདུན་དང་། རང་རང་གི་སྒོས་ཆོས་རྒྱ་ཡིག་དང་བོད་ཡིག །མུ་ནེའི་གཟུངས། རྟེན་འབྲེལ་གྱི་གཟུངས་རྣམས་བསྣན་པ་དང་བཅས་པས་སུམ་ཅུ་རྩ་གཅིག་པོ་ཐམས་ཅད་རྫས་དབང་རྐྱང་པའི་གྲངས་ཡིན་ལ། ད་དུང་དེའི་སྟེང་དུ་ཕྱི་དབང་གི་དཀྱིལ་འཁོར་དྲུག་པོའི་ལྷ་དབང་དང་། མདོ་ཡོངས་རྫོགས་ཀྱི་སྐབས་འདིར་སྒྲུབ་དབང་རྣམས་རྩ་བའི་དཀྱིལ་འཁོར་ཐུན་མིན་ལ་བརྟེན་ནས་བསྐུར་བའི་ལུགས་ཡིན་པས་ན། བཅུ་གཅིག་པ་སྒྲུབ་པའི་རྒྱལ་པོའི་དབང་གི་སྐབས་སུ་རྒྱས་པར་ཁྲག་འཐུང་དྲུག་ཅུ་རྩ་བཞི་གཙོ་བོ་དང་བཅས་པ་ལྷ་དབང་དང་། སྒྲུབ་རྫས་རྫོགས་པའི་མཇུག་ཏུ་གནས་མ་སོགས་བཀའ་ཉན་གྱི་འཁོར་དང་རིག་འཛིན་གྱི་ལྷ་དབང་རྣམས་ཀྱང་བསྐུར་བར་གསུངས་ཤིང་། དེར་མ་ཟད་གབ་པའི་དབང་ལེ་དང་པོར་བསྟན་པའི་ཕྱི་དབང་བཅུ་དྲུག་སྒོ་འབྱེད་ཀྱི་ཚུལ་དུ་ཐོག་མར་བསྐུར་བའི་ཕྱག་ལེ་དང་། རྒྱལ་པོར་དབང་བསྐུར་བ་ལ་དེའི་བཀའ་རྟགས་སྟེར་བ་དང་འདྲ་བར་མདོའི་དབང་རྫོགས་པར་ཐོབ་ཅིང་བདག་གཞན་གྱི་དོན་ནུས་པ་ལ་མཇུག་ཏུ་གཏད་རྒྱའི་དབང་དང་། མཐའ་རྟེན་དུ་ཚེའི་དབང་བསྐུར་བ་སོགས་ཡན་ལག་གི་དཀྱིལ་འཁོར་གཞན་ལ་བརྟེན་པའི་དབང་དེ་དག་ཀྱང་སྤྱིའི་གྲངས་བརྒྱད་བརྒྱ་སོ་གཅིག་གི་ནང་དུ་འདུས་པ་མ་ཡིན་པའི་ཕྱིར་རོ། །དེ་ལ་སྤྱིར་རྒྱུད་དང་མན་ངག་གི་རྗེས་སུ་འབྲངས་ནས་མདོ་ཁྱད་པར་བ་དང་ཡོངས་རྫོགས་ཀྱི་དཀྱིལ་འཁོར་སོ་སོར་དབང་བསྐུར་ཚུལ་གཉིས་པོ་དེ། རང་བཞིན་དང་སྦྱངས་པས་སྣོད་དུ་གྱུར་པའི་སློབ་མ་ཟབ་པ་དང་རྒྱ་ཆེ་བ་ལ་མོས་པའི་ཁྱད་པར་གྱིས་བསྐུར་ལུགས་ཐ་དད་པ་ཡིན་པས་ན། ལུགས་སོ་སོ་མ་འདྲེས་པར་བསྐུར་ན་ཕྱག་ལེན་གཙང་ཞིང་ལེགས་པར་འགྱུར་ལ། དེས་ན་སྔོན་གྱི་བླ་མ་གོང་མ་རྣམས་ཀྱིས་ཀྱང་། མདོ་ཁྱད་པར་བ་རྩ་བའི་དཀྱིལ་འཁོར་གཉིས་གང་རུང་དུ་བསྐུར་བ་དེ་སྐལ་ལྡན་གྱི་སློབ་མ་ཉུང་འདུས་ལ་ལྐོག་ཆོས་སུ་གསུངས་པ་ལས་ཁྱབ་བརྡལ་དུ་སྤེལ་བར་མ་མཛད་དེ། དཔེར་ན་རྩ་བའི་དཀྱིལ་འཁོར་ཐུན་མོང་བར་རྗེས་སྒྲོ་ཕུག་པའི་ཡིག་ཆ་ལ་བརྟེན་ནས། མཁས་པ་གཡུ་ཟུར་གཉིས་ལ་བརྒྱུད་དེ། ལྷོ་བྲག་གི་འབྲེ་ཇོ་སྲས་སོགས་དམ་པ་འགའ་ཞིག་ལ་བསྐུར་བའི་ཕྱག་སྲོལ་བྱུང་བ་ནི་སྔོན་གྱི་ཡི་གེ་ལས་ཤེས་ཤིང་། དེ་དང་འདྲ་བར་མཁས་པ་འགར་དང་། གླན་སྟོན་ཆེན་པོ་སོགས་ལའང་ཡོད་དགོས་པར་ལུགས་གཉིས་འདོར་ལེན་གྱི་གནད་ཀྱིས་གཅིག་ཏུ་དྲིལ་ནས་བསྐུར་བའི་ཕྱག་བཞེས་འདིས་རྗེས་སུ་དཔག་ནུས་པར་གྱུར་ལ། མདོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་བསྐུར་ཚུལ་འདི་ལའང་། གཡུང་སྟོན་ཆེན་པོའི་ཞལ་ནས། བླ་མ་ལ་ལས། ཡོ་ག་མན་ཆད་ཡན་ལག་གི་དཀྱིལ་འཁོར་དུ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་དང་། ཚོགས་ཆེན་འདུས་པ་ཐུན་མོང་པའི་དཀྱིལ་འཁོར་དུ་ནང་དབང་འབྱུང་བའི་ཆུ་བོས་སློབ་མ་ཐུན་མོང་བ་རྣམས་སྨིན་པར་མཛད་ནས། སྒྲུབ་དབང་དང་གསང་དབང་གཉིས་དུས་ཚིགས་རེ་བར་དུ་བཅུག་སྟེ་སློབ་མ་ཐུན་མོང་མ་ཡིན་པ་ལ་ལོགས་སུ་མཛད་ཅིང་། ཡིག་ཆ་ལའང་དཔེ་མཁྱུད་ཅི་རིགས་པས། སྟོང་ལེགས་པ་དང་། ཟུ་ལུང་བ་དང་། གླན་ལ་སོགས་པའི་མདོ་དབང་གི་ཡིག་ཆ་རྣམས་སུ་སྒྲུབ་དབང་དང་གསང་དབང་གི་ཆུ་བོ་གཉིས་ཆད་ནས་འདུག་གོ། །ཞེས་གླན་ཉ་ཚལ་བའི་ཡིག་ཆར་ཡང་སྒྲུབ་གསང་གཉིས་ཆད་པར་གསུངས་པས། གླན་ཆེན་པོ་རྡོ་རྗེ་འོད་ཀྱི་ཕྱག་བཞེས་ཀྱི་ལུགས་འདི་ལའང་ཡིག་ཆ་ཕྱི་ནང་གི་ཁྱད་པར་ཡོད་པར་མངོན་ནོ། །ཡང་དེ་ལས། དེ་ལྟ་བུའི་ཚུལ་མ་གོ་བ་ཁ་ཅིག་ན་རེ། མདོ་རྒྱུད་གཉིས་ལ་དཀྱིལ་འཁོར་སོ་སོར་གསལ་བ་མེད་ཟེར་ནས། ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ་ནང་དབང་དང་སྒྲུབ་དབང་སྦྲེལ་ནས་འདོགས་པ་དང་། དེས་ཀྱང་ཐེག་པ་རིམ་དགུ་མ་ཚང་བས་ཨ་ཏིའི་དབང་ཡིན་ཟེར་ནས། ལ་ལས་སེམས་ཕྱོགས་དང་། ལ་ལས་གསང་རྫོགས་ཀྱི་ངོ་སྤྲོད་བྱེད་པ་འདི་རྣམས་ནི་ཨ་ནུའི་རྒྱུད་འགྲེལ་མན་ངག་གང་ནས་ཀྱང་མ་གསུངས་པའི་ཕྱིར། དབང་གི་ཆུ་བོ་བཞིའི་ཕྱག་ལེན་དང་བྲལ་བ་རྣམས་ཀྱི་འདོད་རྒྱལ་དུ་རིག་པར་བྱའོ། །ཞེས་གསུངས་པ་ལྟར་ན། ཁམས་ལུགས་སུ་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་སྦྱར་བ་ལ་དཔགས་ནའང་། གླན་ལུགས་འདི་ལ་ཡི་གེ་ཕྱི་ནང་ཡོད་པའི་ལྐོག་ཡིག་རྣམས་མ་ངེས་པར་ཆོག་ཁྲིགས་མཛད་པའི་སྐྱོན་དུ་སྣང་ཞིང་། དེས་ན་ཡོ་ག་མན་ཆད་ཡན་ལག་གི་དཀྱིལ་འཁོར་དྲུག་ཏུ་ཕྱི་དབང་བརྒྱ་རྩ་བརྒྱད་དང་། འདྲེན་པའི་ལས་བྱང་ཆེ་ལེར་གསུངས་པའི་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ་ནང་དབང་དྲུག་བརྒྱ་དྲུག་དང་། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ་སྒྲུབ་དབང་བརྒྱ་བཅོ་ལྔ་དང་། བྱང་སེམས་རྣམ་པ་གཉིས་ཀྱི་དཀྱིལ་འཁོར་དུ་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཏེ། བདེ་བ་གསལ་མཛད་ཀྱི་ལས་ཐོའི་དགོངས་པ་བཞིན་དུ་མདོ་ཡོངས་རྫོགས་ཀྱི་དབང་། སོ་དཔལ་ལྡན་གྱི་ཡབ་དང་། གླན་སྒྱེད་ཁ་བ་དང་། གཡུ་སྟོན་ཆོས་མགོན་དང་། ལྕེ་བྱམས་སྲས་བཞི་ལ་སློབ་དཔོན་ཨ་མེས་ཀྱིས་གསན། དེས་སོ་དཔལ་ལྡན་ལ། དེས་རོག་སྟོན་ཀུན་དགའ་དོན་གྲུབ་ལ། དེས་གཡུང་སྟོན་རྡོ་རྗེ་དཔལ་ལ་སྙེ་མདོའི་གཙུག་ལག་ཁང་དུ་བསྐུར་ཞིང་། དེས་ཀྱང་སོ་སྟོན་ཤཱཀྱ་དཔལ་སོགས་ལ་བསྐུར་བར་མཛད་དོ། །དེ་ལྟར་རྒྱུད་དང་མན་ངག་གི་ལུགས་དེ་གཉིས་ཀས་ཐེག་དགུའི་དབང་དང་ཡོ་ག་བཞི་རྫོགས་ཀྱི་དབང་རྫོགས་པ་ལ་འདྲ་བ་ཡིན་ཏེ། མདོ་རང་ལུགས་ཀྱི་ས་དང་པོ་འགྱུར་བ་མ་ངེས་པ་ནས། ས་བཅུ་པ་རྫོགས་པ་ཅིར་ཆིབ་ཀྱི་བར་ནོན་པར་བྱ་བའི་ཆེད་དུ་ལྷ་མི་ནས་བརྩམས་ཏེ་ཨ་ཏིའི་བར་བྱ་སྤྱོད་སོ་སོར་གྲངས་པས་དབང་རིམ་བཅུ་བྱུང་བ་དེ་ཉིད་བྱ་སྤྱོད་གཅིག་ཏུ་བསྡུས་ནས་ཐེག་དགུ་དང་ཚུལ་འདྲ་བས་ཐེག་དགུའི་དབང་ཞེས་བཏགས་པ་གང་ཞིག །ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ་ཐོབ་པས་ས་བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས་མན་ཆད་ནོན་ནས་ཡོ་ག་སྟེ་རྣལ་འབྱོར་དུ་འགྱུར། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག་ཐོབ་པས་ས་བརྒྱད་པ་གནས་པ་མི་འགྱུར་བའི་ས་ནོན་ནས་མ་ཧཱ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོར་འགྱུར། སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ་ཐོབ་པས་ས་དགུ་པ་བརྡལ་བ་ཆོས་ཉིད་ཀྱི་ས་ནོན་ནས་ཨ་ནུ་ཡོ་ག་སྟེ་རྗེས་སུ་རྣལ་འབྱོར་དུ་འགྱུར། གསང་དབང་རྫོགས་པའི་ཆུ་བོ་གཉིས་ནོད་པས་ས་བཅུ་པ་རྫོགས་པ་ཅིར་ཆིབ་ཀྱི་ས་ནོན་ནས་ཨ་ཏི་ཡོ་ག་སྟེ་ཤིན་ཏུ་རྣལ་འབྱོར་དུ་འགྱུར་བའི་ཕྱིར། དེ་ལྟར་ཡང་དབང་དོན་རྣམ་པར་འབྱེད་པ་ལས། བཅུ་ཡིས་བྱང་ཆུབ་རིགས་ཅན་འགྱུར། །བཅུ་གཅིག་གསང་བ་ནང་པར་འགྱུར། །བཅུ་གསུམ་བླ་མ་ཆེན་པོར་གྲགས། །གཉིས་ཀྱིས་ཐེག་དགུའི་དབང་རྫོགས་པའོ། །ཞེས་གསུངས་པའི་ཕྱིར་རོ། ༈ །གསུམ་པ་རྒྱུད་དང་མན་ངག་གི་ལུགས་དེ་གཉིས་ད་ལྟའི་དུས་ཀྱི་ཕྱག་ལེན་ལྟར་གཅིག་ཏུ་སྒྲིལ་ནས་བསྐུར་བའི་དོན་འདོར་ལེན་བྱ་ཚུལ་ནི། ཐོག་མར་གབ་པའི་དབང་ལེ་དང་པོ་ནས་བཤད་པའི་མཆོད་དབང་བཅུ་དྲུག་སྒོ་དབྱེའི་ཚུལ་དུ་བསྐུར། དེ་རྗེས་ལྷ་མི་ནས་ཡོ་གའི་བར་ཡན་ལག་གི་དཀྱིལ་འཁོར་དྲུག་ཏུ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བརྒྱ་རྩ་བརྒྱད་ལས་འདོར་ལེན་གྱིས་ཉིང་ལག་སོ་སོར་ཕྱེ་བ་ལྷ་དབང་གི་འདོགས་དང་བཅས་ཏེ་མན་ངག་གི་ལུགས་མདོ་ཡོངས་རྫོགས་ལྟར་རིམ་པར་བསྐུར། དེ་ནས་ཚོགས་ཆེན་འདུས་པ་ཐུན་མོང་བའི་རྩ་དཀྱིལ་འདྲེན་པའི་ལས་བྱང་ཆེ་ལེ་ལྟར་བཞེངས་ནས། དེར་རྒྱུད་ལུགས་ཀྱི་ཕྱི་དབང་རྩ་བ་བཅུ་དང་། རྒྱུད་དང་མན་ངག་གི་ལུགས་ཀྱི་ནང་དབང་འབྱུང་བའི་ཆུ་བོ་རྩ་བ་བཅུ་གཅིག་ལས་ཡན་ལག་དྲུག་བརྒྱ་དྲུག་གི་སྟེང་། ཕྱག་རྒྱའི་དབང་གི་རྗེས་འབྲེལ་དུ་རིག་འཛིན་སློབ་དཔོན་གྱི་དབང་དང་བཅས་པ་བསྐུར་རྗེས། ཚོགས་སྒྲུབ་དུས་དབང་གིས་སྨིན་སློབ་མི་མཛད་པ་ཤས་ཆེ་བས་ཅུང་ཟད་གནད་ཆུང་བར་དགོངས་ནས། ཚོགས་ཆེན་འདུས་པ་ཐུན་མོང་མ་ཡིན་པའི་རྩ་དཀྱིལ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་བཞེངས་པ་བཏང་སྙོམས་སུ་མཛད་དེ། རྩ་དཀྱིལ་ཐུན་མོང་བ་ནང་དབང་གི་དཀྱིལ་འཁོར་དེ་ཉིད་དུ་སྒྲུབ་དབང་གྲགས་པའི་ཆུ་བོ་རྩ་བ་བཅུ་གསུམ་ལས་ཡན་ལག་བརྒྱ་བཅོ་ལྔར་ཕྱེ་སྟེ་བསྐུར་བའི་མཇུག་ཏུ་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཀྱང་བསྡུས་པ་རེ་སྦྲེལ། དེ་རྗེས་ཡན་ལག་གི་དཀྱིལ་འཁོར་དུ་སླར་ཡང་མཆོག་དབང་གོང་མ་གཉིས་རྒྱས་པར་བསྐུར་ཞིང་། མཐའ་བརྟེན་གཏད་རྒྱ་དང་ཚེ་དབང་རྣམས་ཀྱང་སྦྲེལ་བར་མཛད་པ་ཡིན་ཏེ། དེ་ལྟར་ན། ཕྱི་དབང་ལུགས་གཉིས་དབང་གི་གྲངས་དང་བསྐུར་ཐབས་ཆེས་མི་མཐུན་པས་མ་འདྲེས་པར་སོ་སོར་བསྐུར་ཞིང་། ནང་དབང་ལུགས་གཉིས་ཀ་གཅིག་ཏུ་འབབ་པས་འདོར་ལེན་མ་དགོས་ལ། སྒྲུབ་དབང་གང་དུ་བསྐུར་བྱའི་དཀྱིལ་འཁོར་མན་ངག་གི་ལུགས་ཐུན་མོང་མ་ཡིན་པའི་རྩ་དཀྱིལ་དོར་ནས་རྒྱུད་ལུགས་ཉིད་གཙོ་བོར་བསྟན། གསང་དབང་རྫོགས་པའི་ཆུ་བོ་ནི་སློབ་མ་ཐམས་ཅད་ལ་ཁྱབ་བརྡལ་དུ་བསྐུར་རུང་མི་རུང་གི་དབྱེ་བས། རྒྱུད་ལུགས་ལ་ཟབ་ཁྱད་མ་སྦྱར་བས་སློབ་མ་ཐུན་མོང་བ་རྣམས་རྗེས་སུ་འཛིན་པའི་ཕྱིར་མདོར་བསྡུས་ཙམ་ཞིག་སྒྲུབ་དབང་གི་མཇུག་ཏུ་སྦྲེལ་བས་ས་ཁོངས་གཟུང་། དེ་རྗེས་རྫོགས་རིམ་དོན་དུ་གཉེར་བའི་སློབ་མ་ཁྱད་པར་ཅན་ཡང་འབྱུང་སྲིད་པས་དེ་དག་རྗེས་སུ་འཛིན་པའི་ཆེད་དུ་མན་ངག་གི་ལུགས་མདོ་ཡོངས་རྫོགས་ཀྱི་བསྐུར་ཐབས་དེ་ཉིད་ཟུར་དུ་ཕྱེ་ནས་བསྐུར་བའི་ཕྱག་ལེན་མཛད་པ་ཡིན་པས་ན། ཕྱག་ལེན་འདི་ལ་ཕྱི་དབང་དང་གསང་དབང་གཉིས་རྒྱུད་དང་མན་ངག་གི་ལུགས་གཉིས་ཀ་བསྐུར་བས་ཟློས་ཤིང་། སྒྲུབ་དབང་གང་དུ་བསྐུར་བའི་དཀྱིལ་འཁོར་དོར་བས་ཆད་པ་དང་ལྷག་པ་གཉིས་ཀའི་སྐྱོན་གནས་སམ་སྙམ་དུ་རྟོག་པར་མི་བྱའོ། །དེ་ལྟར་ལུགས་གཉིས་འདོར་ལེན་གྱི་གནད་ཀྱིས་གཅིག་ཏུ་སྒྲིལ་ནས་བསྐུར་ཚུལ་འདི་ནི། རྗེ་གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ། གླན་ཉ་ཚལ་བ་ཤཱཀ་བྱང་། གླན་ཆུ་བར་པ་ཤཱཀ་བཟང་སྟེ། བླ་མ་དེ་གསུམ་གྱི་ཐུགས་ཀྱི་སྲས་ལྷ་རྗེ་འགར་གྱི་ལས་ཐོ་དང་། གླན་ཆེན་པོ་རྡོ་རྗེ་འོད་ཀྱི་ཕྱག་བཞེས་འགོས་རྩིས་ལུང་པ་ལ་བརྒྱུད་པའི་ལས་ཐོ་དང་། གཞན་ཡང་ལྷ་རྗེ་འཁུན་དང་། ལྷ་རྗེ་ཤཱཀ་མགོན་དང་། གླན་སྟོན་བསོད་ནམས་མགོན་དང་། སྐྱི་ལུགས་རྣམས་སོ་སོའི་ལས་ཐོ་དང་། དེང་སང་ཡོངས་གྲགས་ཀྱི་མདོ་དབང་ཟུར་ཧམ་ལྕམ་སྲིང་ལས་བརྒྱུད་པའི་ལུགས་སྲོལ་གཉིས་སོགས་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་སོ་སོའི་བཞེད་ཕྱོགས་དང་བརྗོད་ཚུལ་རྩིང་ཞིབ་ཀྱི་ཁྱད་པར་ཅུང་ཟད་མི་འདྲ་ཙམ་ལས་གཙོ་བོའི་དོན་གཅིག་ཏུ་འབབ་ཅིང་། དེ་ཡང་ལུགས་གཉིས་གཅིག་ཏུ་དྲིལ་ནས་བསྐུར་བས་གནས་སྐབས་སུ་བྱ་སླ་བ་དང་། བརྒྱུད་ནས་ལུགས་གཉིས་པོ་གཅིག་གིས་གཅིག་མི་ནུབ་པར་སྲོལ་གཉིས་ཆབས་གཅིག་ཏུ་འཕེལ་བའི་དགོས་པ་ཁྱད་པར་ཅན་མངའ་བ་ཡིན་ཏེ། དཔེར་ན་གསར་མ་བ་རྣམས་རྡོ་རྗེ་ཕྲེང་བའི་དབང་གི་སྟེང་དུ་བྱ་བཏུས་ཀྱི་དགེ་ལེགས་སུ་བྱེད་བའི་དཀྱིལ་འཁོར་གསུམ་བསྣན་ནས། དེ་གཉིས་ཀའི་དབང་རྫོགས་པར་མཛད་པའི་ཕྱག་སྲོལ་བཞིན་ནོ། །དེ་ལྟར་རྒྱུད་དང་མན་ངག་གི་ལུགས་གཉིས་ལག་ལེན་གཅིག་གི་ཁོག་ཏུ་ཚང་བར་བསྐུར་ཚུལ་འདི་ཉིད་བསྙེན་སྒྲུབ་ཡན་ལག་བཞི་དང་འབྲེལ་བར་བསྐུར་ན། གོང་དུ་དེ་དང་དེ་སོ་སོར་བསྐུར་ཐབས་བཤད་པས་རྗེས་སུ་དཔག་ནུས་པར་མ་ཟད། སྒྲུབ་ཁོག་རིན་ཆེན་འོད་ཀྱི་སྣང་བར་རྒྱས་པར་བཀྲལ་ཡོད་པས་ཤེས་སླ་བའི་ཕྱིར་འདིར་མ་སྤྲོས་ལ། ལུགས་གཉིས་སོ་སོའམ་གཅིག་ཏུ་སྒྲིལ་བ་གང་ཡིན་ཀྱང་རུང་བསྙེན་སྒྲུབ་ཡན་ལག་བཞི་དང་མ་འབྲེལ་བར་དབང་རྐྱང་གི་ལུགས་སུ་བསྐུར་ཀྱང་འགལ་བ་མེད་དེ། འགྲེལ་པ་ལུང་བསྟན་མ་ལས་རྩ་བཤད་ཀྱི་རྒྱུད་གཉིས་སྦྱར་ནས་དབང་བསྐུར་ཚུལ་བཤད་པའི་ལུང་སྔར་དྲངས་པ་ལྟར་གྱི་དགོངས་པ་དང་འབྱོར་བའི་ཕྱིར་རོ། ༈ །དེ་ལ་སྤྱིར་འདུས་པ་མདོའི་དབང་འདི་ཉིད་གང་ཟག་ཐོས་པའི་ཤེས་རབ་ཅན་ལ་དབང་བསྐུར་དུ་བྱེད་པ། བསམ་པའི་ཤེས་རབ་ཅན་ལ་བཤད་པ་བྱེད་པ། སྒོམ་པའི་ཤེས་རབ་ཅན་ལ་ཁྲིད་དུ་འདེབས་པའི་ལུགས་གསུམ་ལས། དང་པོ་ཐོས་པའི་ཤེས་རབ་ཅན་ལ་དབང་བསྐུར་གྱི་ལུགས་སུ་བྱེད་པ་ནི། སྔར་བཤད་མ་ཐག་པ་ཉིད་ཡིན་ཏེ། དེས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པར་བྱེད་པའོ། །དེ་ལྟར་ཡང་རྩ་རྒྱུད་ལས། ཇི་ལྟར་རྒྱལ་རིགས་རྒྱུད་བྱུང་བ། །མང་པོ་དབང་པོར་དཔོན་བསྟབས་ཏེ། །འཁོར་ལོ་ལ་སོགས་རིན་ཆེན་གྱིས། །ཀུན་ལ་དབང་སྒྱུར་ཐོབ་པ་ལྟར། །དེ་བཞིན་རྣལ་འབྱོར་རྒྱུད་བྱུང་བ། །ཆོས་ཀྱི་དབང་པོར་དཔོན་བསྟབས་ཏེ། །ཕྱག་རྒྱ་ལ་སོགས་རྟགས་ཆེན་གྱིས། །རིམ་པ་ཀུན་གྱི་ཐོག་མར་འགྲོ། །འདི་ནི་དབང་གི་ཁྱད་པར་ཏེ། །ས་ལ་རིམ་པར་བྱུང་བ་ཡི། །རྩལ་གྱིས་བགྲོད་ཅིང་བསླབ་པའི་མཐའ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བསམ་པའི་ཤེས་རབ་ཅན་ལ་བཤད་པའི་ལུགས་སུ་བྱེད་པ་ནི། དབང་སོ་སོ་དང་རྗེས་འབྲེལ་དུ་ཐེག་པ་སོ་སོའི་ལམ་ཁྱེར་བཞི་དང་། འགག་དྲུག་འཆད་པར་མཛད་པའི་བཀའ་སྲོལ་ལྟར། སྤྲོ་ན་དེ་དང་དེས་ས་ཁོངས་བཟུང་སྟེ་འཆད་པ་པོས་རྒྱས་པར་བཤད་པར་བྱ་ཞིང་། གཞན་ཡང་མདོ་རྩ་བཤད་ཀྱི་རྒྱུད་རྣམས་ཀྱི་འགྲེལ་པ་སྤྱི་དོན་སྟོང་ཐུན་སོགས་གདུལ་བྱའི་བློའི་སྐལ་བ་དང་འཚམས་པར་འཆད་པ་པོས་བཤད་ལ། ཉན་པ་པོས་ཀྱང་ཐོས་དོན་འཛིན་ཅིང་བསམ་པའི་ཤེས་རབ་ཀྱིས་རྟོག་དཔྱོད་ལ་འབད་པས་རྒྱུད་དགྲོལ་བར་བྱེད་པ་སྟེ། རྩ་རྒྱུད་ལས། ཇི་ལྟར་ཅང་ཤེས་གྱི་ལིང་དག །སྡོམ་བྱེད་སྒྲོག་གིས་བཅིངས་གྱུར་པ། །བཀྲོལ་ནས་བདེ་བླག་བཏང་གྱུར་ན། །ཅི་ལའང་ཐོགས་མེད་འགྲོ་བ་ལྟར། །སེམས་ཀྱི་ཅང་ཤེས་དབང་པོ་འདི། །མི་ཤེས་འཆིང་བས་བཅིངས་གྱུར་པ། །རྣམ་གྲོལ་ཐོས་པའི་སྒོ་མོ་ཡིས། །ཤེས་རྒྱུད་ཀུན་གྲོལ་ཐོགས་མེད་འགྲོ། །འདི་ནི་མི་ཤེས་རྒྱུད་དགྲོལ་བའི། །བཅིངས་པར་བྱས་པ་དགྲོལ་བ་སྟེ། །རྒྱུད་ནས་འགྲོལ་བའི་བསླབ་པ་རུ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པའི་ཕྱིར། དེ་ཡང་འདིར་ཐེག་པ་ལམ་ཁྱེར་གྱི་དུས་སུ་བཤད་པ་ལྟར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐེག་པའི་སྒོ་ཐམས་ཅད་ངོམ་པ་མེད་པའི་རྩོལ་བས་ཤེས་པར་བྱས་ན་གོལ་སྒྲིབ་ཀྱི་སྒྲོ་འདོགས་ལེགས་པར་གཅོད་དོགས་ཏེ། དེ་ལས། དཔེར་ན་བུང་བ་ཚང་འཚོལ་བ། །ཀུན་ཏུ་འཇུག་ཅིང་བྱུང་ནས་ནི། །རང་གི་འཛུལ་ཁུང་གང་ཡིན་པར། །ངེས་པར་འཇུག་ཅིང་གནས་པ་ལྟར། །རྣལ་འབྱོར་དོན་གྱི་རྗེས་འཚོལ་བ། །སྤྱོད་སྒོ་ཅི་ཡོད་བསྟུན་ཅིང་བསྡུར། །ལྟ་སྒོར་འཇུག་ཅིང་བརྟགས་བསྡུར་ནས། །མ་ནོར་ངེས་པའི་དབུ་མ་ལ། །ཆོས་ཉིད་དོན་གྱི་རྗེས་གཅོད་ཕྱིར། །སྒོ་མོ་ཀུན་ནས་བསྡུར་བ་ཡི། །བསླབ་པར་བྱ་བའི་ཐབས་ཡིན་ཏེ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་སྒོམ་པའི་ཤེས་རབ་ཅན་ལ་ཁྲིད་ཀྱི་ལུགས་སུ་འདེབས་པ་ནི། དབང་སོ་སོའི་རྗེས་འབྲེལ་དུ་གདམས་ངག་དང་སྒོམ་གྱི་ཁྲིད་འདེབས་པར་མཛད་པ་ཉིད་ཡིན་ཏེ། དེ་ཡང་ཐོག་མར་ལམ་ལ་འཇུག་པའི་སྒོར། ཚེ་འདི་དང་འཁོར་བ་ལ་ཡིད་ངེས་པར་བྱུང་བའི་སྐྱོ་ཤས་དང་། ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་པའི་ངེས་ཤེས་དང་ལྡན་པའི་སྒོ་ནས། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པས་སྒོ་འབྱེད་ཀྱི་དབང་གི་རྗེས་འབྲེལ་དུ་འབྱུང་བ་བཞིན་སྐྱབས་འགྲོ་ལམ་དུ་ཁྱེར་བར་བྱ་ཞིང་། གནས་ལུགས་མ་རྟོགས་པའི་སེམས་ཅན་རྣམས་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། བྱིན་རླབས་ཀྱི་འཇུག་སྒོར་བླ་མའི་རྣལ་འབྱོར་བསྒོམ་པ་རྣམས་ཀྱིས་ཐུན་ཐམས་ཅད་ཀྱི་འགོ་བཟུང་བར་བྱ་བ་ཡིན་ནོ། །དེ་ནས་ཁྲིད་དངོས་ལ། སྒྱུ་འཕྲུལ་རྩ་རྒྱུད་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་ལྟར། ལྷ་མིའི་ཐེག་པས་རང་གི་འབྲས་བུའི་མི་མཐུན་ཕྱོགས་ངན་སོང་གིས་འཇིགས་ནས་མཐོ་རིས་ཀྱི་བདེ་འབྲས་དོན་དུ་གཉེར་བས་མངོན་མཐོའི་རྟེན་སྒྲུབ་པར་བྱེད་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་མན་ངག་སྐྱེས་བུ་གསུམ་གྱི་ལམ་རིམ་དང་སྦྱར་ན། སྐྱེས་བུ་ཆུང་ངུའི་ལམ་སྟེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །ཞེས་གསུངས། དེའི་ལམ་ཇི་ལྟར་སྒོམ་ཚུལ་ནི། མི་དགེ་བཅུ་སྤོང་ཞིང་དགེ་བཅུ་ལ་བསླབ་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གནས་པས་ཚད་མེད་བཞི་དང་བསམ་གཟུགས་ཀྱི་ཏིང་ངེ་འཛིན་སྒོམ་པར་བྱེད་པ་སྟེ། དེས་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་སྐྱེད་པའི་རྟེན་དུ་འགྲོ་བ་ཡིན་ནོ། །དེ་ནས་འཁོར་བ་ལ་འཇིགས་ནས་རང་དོན་དུ་ཞི་བདེའི་འབྲས་བུ་དོན་དུ་གཉེར་བ་ནི། སྐྱེས་བུ་འབྲིང་གི་ལམ་སྟེ། དེ་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས། དེའི་ལམ་ཇི་ལྟར་བསྒོམ་པ་ལ་གཉིས་ལས། །དང་པོ་ཉན་ཐོས་ཀྱི་ཁྲིད་ནི། མི་སྡུག་པའི་ཏིང་ངེ་འཛིན་གྱིས་སེམས་ལས་སུ་རུང་བའི་ཞི་གནས་བསྒྲུབས་ནས། ལྷག་མཐོང་གང་ཟག་གི་བདག་མེད་པ་བསྒོམ་པར་བྱ་བའོ། །གཉིས་པ་རང་རྒྱལ་གྱི་ཁྲིད་ནི། རྟེན་འབྲེལ་ལུགས་འབྱུང་ལྡོག་དང་། གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ་གཟུང་བ་ཆོས་ཀྱི་བདག་མེད་བསྣན་ནས་བསྒོམ་པ་ཡིན་ནོ། །དེ་གཉིས་ཀྱི་རྟོགས་བྱ་ཐམས་ཅད་འདིར་ཡང་རྟོགས་དགོས་པ་ཡིན་མོད། ཐོབ་བྱ་རྣམས་ནི་ཐེག་ཆེན་གྱི་གོལ་ས་ཡིན་པས་མངོན་དུ་བྱེད་དགོས་པ་མ་ཡིན་ནོ། །དེ་ནས་སྲིད་ཞིའི་མཐའ་གཉིས་ཀྱིས་འཇིགས་ནས་མི་གནས་པའི་མྱང་འདས་དོན་དུ་གཉེར་བ་ནི། སྐྱེས་བུ་ཆེན་པོའི་ལམ་སྟེ། དེ་ལས། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས། དེའི་ལམ་བྱང་སེམས་ཀྱི་ཐེག་པའི་ཁྲིད་ནི། སྨོན་འཇུག་གི་སེམས་བསྐྱེད་དང་ལྡན་པས་མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་བདག་མེད་གཉིས་བསྒོམ་ཞིང་། རྗེས་ཐོབ་ཏུ་གང་ཤར་གྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་ལམ་དུ་ཁྱེར་བའོ། །དེ་ལྟར་བཞིས་ངེས་པར་བྱུང་བའི་མཐར་ཐེག་པ་གཅིག་པུ་སྟེ། འབྲས་བུ་སྔགས་ཀྱི་ཐེག་པ་ལ་རིམ་གྱིས་ཁྲིད་པར་བྱེད་པ་ཡིན་པས། བྱ་སྤྱོད་ཐུན་མོང་བའི་ཁྲིད་མཚན་བཅས་དང་མཚན་མེད་ཀྱི་ཏིང་ངེ་འཛིན་གྱིས་བདེན་གཉིས་རེས་འཇོག་ཏུ་ཉམས་སུ་ལེན་པར་བྱེད་པ་ཡིན་ལ། དེ་ལ་གོམས་ནས་ཡོ་གའི་ཐེག་པའི་ཁྲིད་དོན་དམ་མཚན་མ་མེད་པའི་ངོ་བོ་ལ་མཉམ་པར་འཇོག་པ་དང་། དེའི་བྱིན་བརླབས་ཀུན་རྫོབ་ཡེ་ཤེས་ཀྱི་སྣང་བ་ལྷའི་ལམ་ཁྱེར་གྱིས་གཉིས་སུ་མེད་པའི་ངང་ལ་མ་བཅོས་པར་སྒོམ་པ་ཡིན་ནོ། །དེ་ནས་བློ་ན་འཕར་བའི་རིམ་པས་གསང་སྔགས་བླ་ན་མེད་པའི་ལམ་རིམ་ལ་འཇུག་སྟེ། དེ་ཡང་ནང་དབང་དང་འབྲེལ་བ་མ་ཧཱ་ཡོ་ག་དང་ཐུན་མོང་བའི་སྒོམ་ཐབས་དང་སྒོམ་འབྲིང་པོ་དང་། སྒྲུབ་དབང་དང་འབྲེལ་བ་ཨ་ནུ་རང་ལུགས་ཀྱི་སྒོམ་ཐབས་དང་སྒོམ་ཆེན་པོ་དང་། གསང་དབང་རྫོགས་པའི་ཆུ་བོ་དང་འབྲེལ་བ་ལ་གཉིས་ཀྱི། དང་པོ་ཀུན་རྫོབ་བྱང་སེམས་དང་འབྲེལ་བའ ི་གདམས་པ་སྟེང་སྒོ་རླུང་དང་ཐིག་ལེ་འཇུ་འདུལ་གྱི་མན་ངག་དང་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་གཉིས་ལ་བརྟེན་ནས་འཛག་མེད་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་ལ་བསླབ་པའོ། །གཉིས་པ་དོན་དམ་བྱང་སེམས་ཀྱི་དབང་དང་འབྲེལ་བའི་གདམས་པ་ནི། རྟེན་ཅན་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་རླུང་སེམས་ཀྱི་དྭངས་མ་ཐམས་ཅད་ཐིམ་སྟེ་དབྱིངས་རིག་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་འཆར་བས་ཁམས་གསུམ་བདེ་བ་ཆེན་པོར་གྲོལ་བར་བྱེད་པའི་མན་ངག་དང་། རྟེན་མེད་མི་གཡོ་གསུམ་ལྡན་གྱི་གནད་ཀྱིས་རྣམ་པར་མི་རྟོག་པའི་ངང་ལ་བསལ་བཞག་མེད་པར་བསྐྱངས་པས་ཡུལ་ཆོས་ཉིད་དོན་གྱི་ཡེ་ཤེས་དང་། ཡུལ་ཅན་ཆོས་སྐུ་གཞིའི་ཡེ་ཤེས་དབྱེར་མེད་པའི་རིག་པ་དབྱིངས་ཡེ་ཟུང་འཇུག་ཏུ་རྟོགས་པས། དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གཏན་ལ་འབེབས་པར་བྱེད་པའོ། །དེ་ལྟར་ཡང་སྤྱི་མདོ་ལས། ཀྱེ་འདུས་པའི་ཚོགས་རྒྱལ་བའི་སྲས་རྣམས་རང་རང་གི་དེ་ཁོ་ན་ཉིད་མཐོང་བར་འདོད་ན། དཀྱིལ་འཁོར་ཆེན་པོ་གསུམ་གྱི་སྒོ་འབའ་ཞིག་ཏུ་འཇུག་པ་བྱའོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འབའ་ཞིག་གི་སྒོར་འཇུག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་ཆེན་པོ་གསུམ་དང་རང་རང་གི་དེ་ཁོ་ན་ཉིད་སོ་སོ་མ་ཡིན་ཐ་མི་དད་དོ། །དེ་ཡང་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འདུ་བའི་ཕྱིར། ཞེས་གསུངས་པ་ལྟར་བསྒོམས་ལ། ཉམས་མྱོང་ཅན་གྱི་བླ་མ་དམ་པས་ཉམས་རྟོགས་སྐྱེ་རིམ་ནས་ངོ་སྤྲོད་ཅིང་། གེགས་སེལ་བོགས་འདོན་གྱི་བློའི་རིམ་པ་དང་འཚམས་པར་འཁྲིད་པས། ཐབས་གྲོལ་གྱི་ལམ་གཉིས་རང་རང་གི་སེམས་བཅུ་སྐབས་བཅུ་དཔེ་རྟགས་བཅུ་དང་སྦྱར་ནས་འབྲས་བུ་ལ་བགྲོད་པར་བྱེད་པ་ཡིན་ནོ། །དེ་ཡང་བྱིང་རྒོད་མེད་པར་གསལ་ལ་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ཉམས་སུ་བླང་སྟེ། རྩ་རྒྱུད་ལས། དཔེར་ན་རྒྱ་མཚོར་ནོར་ལེན་པ། །སྦྲུལ་དང་ཆུ་སྲིན་སྦྲང་མ་ལ། །སོགས་པ་གདུག་པའི་སྡུག་བསྔལ་ཀུན། །དཀའ་བ་ཉམས་སུ་བླངས་པས་འགྲུབ། །དེ་བཞིན་རྣལ་འབྱོར་བདེ་འཚོལ་བ། །རྣམ་རྟོག་བྱིང་རྨུགས་འཕྱར་གཡེང་དགྲ། །གཞོམ་པར་དཀའ་བའི་ལས་འདི་དག །ཉམས་སུ་བླངས་ན་བདེ་ཐོབ་རྙེད། །ཅེས་གསུངས། དེ་ཡང་རྟོགས་པ་དོན་གྱི་མན་ངག་གིས་འབད་རྩོལ་མེད་པར་བསྒྲུབ་བྱ་འབྲས་བུའི་དོན་སྒྲུབ་པར་བྱེད་པ་སྟེ། དེ་ལས། ཇི་ལྟར་མུན་པ་དུག་དང་རྫས། །སྨན་སྣོད་གསེར་དུ་སྒྱུར་བ་ལ། །འགྱུར་རྩིའི་མན་ངག་མེད་པའི་མིས། །དཀའ་བའི་ལས་ཆེན་སྣ་ཚོགས་པས། །སྡུག་བསྔལ་སྤྱད་ཀྱང་མི་འགྲུབ་སྟེ། །སུ་ཞིག་མན་ངག་ལྡན་པའི་མིས། །ཚེགས་མེད་གྱིན་འདའི་ཚུལ་གྱིས་ནི། །བསྒྱུར་བས་སྨན་སྣོད་གསེར་འགྱུར་ལྟར། །རྣལ་འབྱོར་ཆེན་པོའི་དོན་སྒྲུབ་པའི། །ཀུན་གཞི་གནས་འགྱུར་མན་ངག་དང་། །གང་དག་མི་ལྡན་པ་དག་གིས། །དཀའ་བ་སྤྱད་ཀྱང་འགྲུབ་པ་མིན། །སེམས་ཀྱི་གསང་འདི་སུས་མཐོང་བ། །དེ་དག་མན་ངག་ལྡན་པ་སྟེ། །འདོད་པའི་དོན་མཆོག་གང་ཡིན་པ། །དེ་དག་ཚེགས་མེད་གྱིན་འདས་འགྲུབ། །ཅེས་གསུངས་པ་བཞིན་ནོ། ༈ །སྤྱི་དོན་གསུམ་པ་གདུལ་བྱ་སྤྲོ་བ་བསྐྱེད་པའི་ཕྱིར་འཆད་ཉན་གྱི་ཕན་ཡོན་བསྟན་པས་འཇུག་བསྡུ་བ་ནི། དབང་བསྐུར་ཐོབ་གྱི་ཕན་ཡོན་བྱེ་བྲག་པ་རྣམས་ནི་སྔར་བཤད་གྲུབ་པས། འདིར་འཆད་ཉན་སྤྱི་ཙམ་གྱི་ཕན་ཡོན་བཤད་པ་ལ་གཉིས་ཏེ། དམ་པའི་ཆོས་བཤད་པའི་ཕན་ཡོན་དང་། ཉན་པའི་ཕན་ཡོན་ནོ། །དང་པོ་ལ། སྐྱེས་བུ་བྱེད་པའི་འབྲས་བུ། རྣམ་སྨིན་གྱི་འབྲས་བུ། རྒྱུ་འཐུན་གྱི་འབྲས་བུ་དང་གསུམ་ལས། དང་པོ་ནི། ཆོས་བཤད་པས་སློབ་མས་བཤད་བྱའི་ཚིག་དོན་རྟོགས་པར་བྱེད། འཆད་པ་པོ་རང་གི་རྟོགས་པ་རྣམ་པར་སྦྱོང་། ཐུན་མོང་དུ་བཤད་སྒྲུབ་ཀྱི་བྱ་བས་སངས་རྒྱས་ཀྱི་བསྟན་པ་གསལ་ཞིང་གནས་པར་བྱེད་དོ། །དེ་ལྟར་ཡང་སྒྱུ་མ་མཁན་རབ་ཏུ་བཟང་པོས་ཞུས་པའི་མདོ་ལས། རང་རང་གཞན་གྱི་ཤེས་རབ་སྦྱོང་བ་དང་། །ཞེས་དང་། དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐའ་མར་ཕྱིན་པར་གྱུར་མ་ལགས། །ཞེས་སོ། །གཉིས་པ་ནི། རྟག་ཏུ་སྐྱེ་བ་དྲན་ཞིང་ཆོས་ཀྱིས་འཕོངས་པར་མི་འགྱུར་ཏེ། རིན་ཆེན་ཕྲེང་བ་ལས། ཆོས་ཀྱི་ཆེད་དང་དེ་བཞིན་དུ། །གཞུང་གི་དོན་དག་དྲན་པ་དང་། །ཆོས་ཀྱི་སྦྱིན་པ་དྲི་མེད་པས། །ཚེ་རབས་དྲན་པ་ཐོབ་པར་འགྱུར། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། །དྲན་དང་བློ་གྲོས་ལྡན་ཞིང་བློ་ལྡན་འགྱུར། །ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན། །མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང་། །ཞེས་སོ། །གསུམ་པ་ནི། གནས་སྐབས་སུ་གཞན་ལ་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་དང་། མཐར་ཐུག་ཆོས་ཀྱི་རྒྱལ་པོ་རྫོགས་པའི་སངས་རྒྱས་སུ་འགྱུར་ཞིང་། ཐར་པ་ཆ་མཐུན་གྱི་འབྲས་བུ་གཞན་ལ་ཆོས་བསྟན་པས་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། ཟང་ཟིང་གི་སྦྱིན་པ་ལས་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ལྟར་ཡང་བྱམས་པ་སེང་གེ་སྒྲའི་མདོ་ལས། གང་གིས་གངྒཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །དགའ་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་བྱིན་པ་ཤིན་ཏུ་རྒྱ་ཆེ་དེས། །ཚིགས་བཅད་བྱིན་པ་སྙིང་རྗེས་བསྒྲུབས་དེ་ལ། །ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་དུ་བསམ་དུ་ག་ལ་ཡོད། །ཅེས་དང་། གཞན་ཡང་མདོ་ལས། སྟོང་གསུམ་འཇིག་རྟེན་ཁམས་འདི་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །ཚིག་བཞི་ཚིགས་སུ་བཅད་པ་གཅིག་བརྗོད་པ། །དེ་ཡི་ཕན་འདོགས་དེ་འདྲ་དེ་ལ་མེད། །ཅེས་གསུངས་ཏེ་ཆོས་ཙམ་བཤད་པའི་ཕན་ཡོན་ནོ། །ཁྱད་པར་ཐེག་པ་ཆེན་པོའི་ཆོས་བཤད་པའི་ཕན་ཡོན་ནི། སེམས་ཅན་གང་ཇི་སྙེད་མཆིས་པ་དེ་ཐམས་ཅད་འཕགས་པ་དགྲ་བཅོམ་པའི་གོ་འཕང་ལ་བཀོད་པ་བས་ཐེག་པ་ཆེན་པོའི་ཆོས་གླེགས་བམ་ལ་བྲིས་ནས་བྱིན་པ་ཕན་ཡོན་ཆེས་ལྷག་སྟེ། སྡུད་པ་ལས། སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་གསུངས་པའ ི་ཕྱིར། དེ་ལས་ཀྱང་གསང་སྔགས་ཀྱི་ཆོས་བཤད་པའི་ཕན་ཡོན་ནི་མཐའ་ཡས་ཏེ། གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་དང་། རྔམ་གློག་ལས། གཞུང་འདི་སྟོན་པའི་བླ་མ་རྡོ་རྗེ་སློབ་དཔོན་ནི་སྐྱེས་བུ་དམ་པ་འབའ་ཞིག་ཏུ་མ་ཟད་དེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དུ་བལྟ་བར་བྱའོ། །ཞེས་དང་། གཞན་ལས་ཀྱང་། ཐེག་ཆེན་གསང་བ་ཚིག་ལམ་གཅིག །གང་དུ་ཆུད་པར་གྱུར་པ་ནི། །སྐྱེ་བོ་ཉན་ཐོས་བསམ་ཡས་དང་། །རྒྱལ་བ་བསམ་ཡས་སྲས་བཅས་ལ། །མཆོད་ཡོན་ཚོགས་རྣམས་སྤེལ་བས་ན། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་དང་། རྩ་རྒྱུད་ལས། སྐུ་དང་གསུང་དང་ཐུགས་རྡོ་རྗེ། །དོན་དུ་ངེས་པར་སྒྲུབ་པ་རྣམས། །རྟོགས་ནས་སྨྲ་བར་གང་བྱེད་པ། །གོམས་པས་བརྗོད་དང་སྨོན་པ་ཡིས། །ཆོས་ཀྱི་རྒྱལ་པོར་དེ་འགྱུར་ཏེ། །ཡོན་ཏན་རྫོགས་པ་ཉིད་དུ་འགྱུར། །ཞེས་དང་། གང་འདིར་སྔགས་རྣམས་བརྗོད་བྱེད་པ། །གསང་བདག་ཆོས་ཀྱི་རྒྱལ་པོར་འགྱུར། །དེས་ན་ཐེག་ཆེན་གསང་བ་འདི། །ཀུན་ལ་བསྔགས་པ་བརྗོད་པར་གྱིས། །ཞེས་སོ། །གཉིས་པ་ཉན་པ་པོས་ཐོབ་པའི་ཕན་ཡོན་ནི། ཆོས་རྔ་སྒྲོག་པ་ཐོས་པ་ཙམ་གྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར་ན། ཆོས་ཉན་པའི་ཆེད་དུ་ལྷགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། །གཎྜཱིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜཱི་བརྡུངས་པའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་སོ། །ཆོས་ཐོས་པས་བླང་དོར་གྱི་གནས་རྣམས་ཁོང་དུ་ཆུད་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མིག་ལྡན་མར་མེ་ཡོད་གྱུར་ན། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་མི་དགེའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང་། རྒྱུད་བླ་ལས། ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་ཡིས་མཆོག་ཉིད་དེ་ཡི་རྒྱུ་ནི་ཐོས་པ་ཡིན། །ཞེས་སོ། །གཞན་ཡང་། ཐོས་པས་ཆོས་རྣམས་ཤེས་པར་བྱེད། །ཐོས་པས་སྡིག་ལས་བཟློག་པར་བྱེད། །ཐོས་པས་དོན་མ་ཡིན་པར་སྤོང་། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང་། མྱ་ངན་མེད་སྦྱིན་པ་ལུང་བསྟན་པའི་མདོ་ལས་ཀྱང་། ཀུན་དགའ་བོ། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས། གང་གི་ཚེ་ཆོས་ཀྱི་རྣམ་གྲངས་འདི་ཐ་ན་རྣ་ལམ་དུ་ཐོས་ན། འདི་ནི་དེ་བས་བསོད་ནམས་མང་དུ་བསྐྱེད། ཅེས་དང་། འཕགས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། སངས་རྒྱས་སྤྱན་གྱིས་ཞིང་ཁམས་གང་མཐོང་ཡང་། །རིན་ཆེན་གྱིས་བཀང་དེ་བཞིན་གཤེགས་བྱོན་ཡང་། །འདི་ལྟ་བུ་ཡི་ཆོས་འདི་མ་ཐོས་ན། །དེ་ནི་བསོད་ནམས་ཆུང་ཞེས་ང་སྨྲའོ། །གང་གིས་དམ་པའི་དོན་ལྡན་ཟབ་ཅིང་ཕྲ། །མདོ་སྡེ་ཟབ་མོ་འདི་ནི་ཐོས་གྱུར་ནས། །ཀུན་ཏུ་འཛིན་ཅིང་གཟུང་ནས་ཀློག་བྱེད་པ། །འདི་ནི་དེ་བས་བསོད་ནམས་མཆོག་ཏུ་འཕགས། །ཞེས་དང་། རྔམ་གློག་ལས། རིགས་ཀྱི་བུ་དད་པ་ཅན་གྱི་སྐྱེ་བོ་བླ་མ་འཁོར་དང་བཅས་པ་དང་། གསང་བའི་ཐེག་པ་འདི་ལ་མོས་ཤིང་དད་པ་དང་། རྣ་བའི་དབང་པོས་ཉན་ཅིང་གཡོ་སྒྱུ་དང་གསོག་འཇོག་སྤངས་པ་དེའི་རྣམ་པར་སྨིན་པའི་ལེགས་པའི་ཡོན་ཏན་བརྗོད་ཅིང་ཚད་གཟུང་བར་རབ་ཏུ་དཀའ་འོ། །ཞེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་གྱུར། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །རི་དབང་རྩེ་ནས་འགའ་ཞིག་ལྷུངས་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །ཞེས་གསུངས་སོ། །མདོར་ན་གཏི་མུག་མེད་པ་དགེ་བའི་རྩ་བ་ཡིན་པས་ན། ཆོས་ཐོས་པས་ཚོགས་རྒྱ་ཆེན་པོར་འགྱུར་བ་དང་། ཚེ་འདིར་ཡོན་ཏན་གྱི་ཆོས་ཐོས་པ་དང་། རིམ་དང་ཅིག་ཅར་གྱིས་བསམ་པ་དང་སྒོམ་པ་ལ་འཇུག་པས་མཐར་ཐུག་གི་འབྲས་བུ་འཚང་རྒྱ་བར་འགྱུར་ཞིང་། གནས་སྐབས་ཀྱི་འབྲས་བུ་ཚེ་འདིར་ཡང་། སྒྲོ་འདོགས་ཆོད་པས་ཤེས་རབ་སྐྱེ་བ་དང་། ཐམས་ཅད་ཀྱིས་བཀུར་ཞིང་བསྟོད་པའི་གནས་ཐོབ་པ་དང་། ལམ་ཉམས་སུ་ལེན་པ་ལ་གཞན་གྱི་དྲིང་མི་འཇོག་པ་ཡིན་ནོ། །མདོར་ན་འཆད་ཉན་བྱས་པའི་ཕན་ཡོན་ནི་འདི་ཙམ་མོ་ཞེས་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་གསུང་བར་དཀའ་ན་སྐྱེ་འཕགས་གཞན་དག་གིས་བརྗོད་པའི་ཡུལ་ལས་ཤིན་ཏུ་འདས་ཏེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །བཞི་པོ་འདི་དག་བསོད་ནམས་མཐའ་ཡས་ཏེ། །དེ་དག་མཐའ་ནི་རྒྱལ་བ་མི་གསུང་ངོ་། །ཞེས་འབྱུང་བ་ཡིན་ནོ། །འདིར་སྨྲས་པ། མཐའ་ཡས་རྒྱལ་ཀུན་ཐུགས་ཀྱི་གསང་བའི་མཛོད། །ཨ་ནུ་ཡོ་ག་དཔལ་ལྡན་འདུས་པ་མདོའི། །དབང་གི་སྤྱི་དོན་རྒྱུད་ལུང་མན་ངག་གནད། །གསལ་བྱེད་རིན་ཆེན་སྒྲོན་མེ་དེང་འདིར་འབར། །གསང་ཆེན་རྒྱུད་ལུང་མ་དྲོས་ཆུ་གཏེར་ལས། །སྒྲིབ་གཉིས་འཁྲུད་བྱེད་དབང་གི་ཆུ་བོ་བཞི། །གཏེར་ཆེན་བླ་མའི་ཕྲིན་ལས་འབབ་སྟེགས་ལས། །སྐལ་བཟང་ཡོངས་ཀྱི་གདུང་སེལ་དཔྱིད་དུ་བབས། །གང་གི་དྲིན་ལས་བློ་དམན་བདག་ལྟས་ཀྱང་། །ཕྱོགས་ཙམ་རྟོགས་སྙམ་རྒྱུད་ལུང་རྒྱ་མཚོ་ལས། །བློ་གྲོས་ཕྲ་མོའི་སྐྲ་རྩེས་ཐིག་པའི་ཚུལ། །ཅུང་ཟད་བླངས་ནས་ཡི་གེའི་ལམ་དུ་བྱས། །ཟབ་བརླིང་རྒྱུད་སྡེའི་གནས་ཚུལ་དཔག་པར་དཀའ། །བྱིས་པའི་བློ་མིག་གསལ་ཀྱང་ཕྱོགས་མཐོང་ཙམ། །དེ་ཕྱིར་འགལ་ཟློས་ལོག་པར་བཤད་པ་སོགས། །ཉེས་ཀུན་དམ་པ་རྣམས་ལ་བཟོད་པར་གསོལ། །ལེགས་པར་བཤད་པའི་དགེ་ཚོགས་འོད་སྟོང་གིས། །མཐའ་ཡས་འགྲོ་བའི་མ་རིག་མུན་བསལ་ཞིང་། །ཆོས་མཆོག་ཕན་བདེའི་སྣང་བ་ཆེར་འབར་བས། །དཔལ་ལྡན་སྐུ་བཞིའི་པད་ཚལ་རྒྱས་གྱུར་ཅིག །བདག་ཀྱང་དེང་ནས་ཚེ་རབས་དུས་ཀུན་ཏུ། །རྗེ་བཙུན་བླ་མའི་གསུང་ངག་བདུད་རྩིའི་རྒྱུན། །འཐུངས་ལས་ཤེས་རབ་དབང་པོ་རབ་རྒྱས་ཏེ། །རྣམ་གྲོལ་ཆོས་ཀྱི་དཔལ་ལ་སྤྱོད་གྱུར་ཅིག །མདོར་ན་བདག་གི་བྱ་བ་གང་བསྒྲུབས་ཀུན། །སྔ་འགྱུར་བསྟན་པ་རྒྱས་པའི་རྒྱུར་གྱུར་ནས། །བཤད་སྒྲུབ་ཡིད་བཞིན་རིན་ཆེན་དབང་གི་རྒྱལ། །ཐུབ་བསྟན་རྒྱལ་མཚན་རྩེ་མོར་འགོད་པར་ཤོག །འདུས་པ་ཆེན་པོ་མདོའི་དབང་གི་དོན་གཏན་ལ་འབེབས་པར་བྱེད་པའི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་འདི་ནི། དམ་པ་དུ་མའི་གསུང་གིས་རིང་མོ་ནས་བསྐུལ་ཞིང་། ཁྱད་པར་རྒྱལ་ཀུན་སྤྱི་གཟུགས་ཁྱབ་བདག་འཁོར་ལོའི་མགོན་པོ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་བཀའ་ལུང་སྩལ་བ་དད་བརྒྱའི་སྤྱི་བོས་ནོད་དེ། གང་གི་གཞལ་དུ་མེད་པའི་བཀའ་དྲིན་ཆེན་པོས་འཚོ་བའི་སྨྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རང་ལོ་ལྔ་བཅུ་ང་བདུན་པ་རྣམ་འགྱུར་ལྕགས་སྟག་གི་ལོ་དགུན་འབྲིང་རྒྱལ་ཟླའི་ཚེས་ཉི་ཤུའི་སྔ་དྲོའི་ཉི་མ་མེ་བཞིའི་འགྲུབ་སྦྱོར་ལ། བཤད་སྒྲུབ་ཀྱི་ཆུ་བོ་མ་ལུས་པ་འདུ་བའི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའོ། །འདིས་ཀྱང་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །ཤུ་བྷ་མསྟུ།། །།