Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བཞི་བཅུ་པ།

32 occurrences of དྲིལ་བུ་
[Clear Hits]


  
  
  
  
  
 
གཅོད་ཁྲིད་གསལ་བའི་སྒྲོན་མེ། པུ་ནེ་ཀླག་ཤ།
  
  
  
  
  
  
  
  
  
 
  
  
  
 
  
  
  
  
  
 
  
  
  
  
 
  
 
  
  
  
  
  
  
  
  
 
 
  
 
 
  
  
  
 
  
  
 
 
 
  
  
 
 
  
  
  
  


32 occurrences of དྲིལ་བུ་
[Clear Hits]

 
previousགཅོད་ཁྲིད་གསལ་བའི་སྒྲོན་མེ། པུ་ནེ་ཀླག་ཤ།next

གཅོད་ཁྲིད་གསལ་བའི་སྒྲོན་མེ། པུ་ནེ་ཀླག་ཤ།

གཅོད་ཁྲིད་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །ན་མོ་རཏྣ་གུ་རུ་ཡེ། ཡེ་ནས་གནས་ལུགས་ཕྱོགས་བྲལ་སྙིང་པོའི་དོན། །མི་འགྱུར་མི་ཤིག་སྤྲོས་དང་བྲལ་བ་ཡིས། །འདུས་བྱས་མ་ཡིན་རང་བཞིན་ལྷུན་གྱིས་གྲུབ། །འཁོར་འདས་ཡོངས་ལ་ཁྱབ་པའི་རྒྱ་མཚོ་ཆེ། །བསམ་བརྗོད་ཡུལ་འདས་ཡུམ་ཆེན་ཞབས་ལ་འདུད། །དེའི་ཉམས་ལེན་ཁྲིད་ཀྱི་རིམས་པ་འདི། །མ་ཅིག་ཇོ་མོའི་ཐུགས་ཀྱི་དགོངས་པ་དང་། །མཁས་གྲུབ་བླ་མས་གསུངས་བཞིན་འཁྲུལ་མེད་པ། །ལས་ཅན་འགའི་བསྐུལ་ཕྱིར་བྲི་བར་བྱ། །འདིར་ཐེག་པ་ཐམས་ཅད་ཀྱི་ནང་ནས་ཟབ་ཅིང་རྨད་དུ་བྱུང་བ། དེ་ཉིད་ཉམས་སུ་ལེན་པའི་ཁྱད་པར་དུ་འཕགས་པ་ཐམས་ཅད་དོན་གཅིག་ཏུ་དྲིལ་ནས་སྟོན་པ་གཅོད་ཁྲིད་རིམ་འདི་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི་སྟོན་པའི། དང་པོ་སྔོན་དུ་འགྲོ་བ་གཉིས་སྟེ། བློ་ལྡོག་རྣམ་པ་གསུམ་གྱིས་བློ་སྦྱངས། སྔོན་འགྲོ་སྦྱོར་བའི་ཆོས་ཀྱི་རྒྱུད་སྦྱངས་བའོ། །དང་པོ་ལ་གསུམ་སྟེ། དལ་འབྱོར་རྙེད་དཀའ་བ། འཆི་བ་མི་རྟག་བསྒོམ་པ། འཁོར་བའི་ཉེས་དམིགས་བསམ་པའོ། །དང་པོ་ལ་ཡང་གསུམ་ལས། རྒྱུ་ལ་བསམ་ནས་རྙེད་པར་དཀའ་བ། ངོ་བོའི་རྣམ་གྲངས་ལ་བསམ་ཡང་རྙེད་པར་དཀའ་བ། དཔེ་ལ་བསམ་ཀྱང་རྙེད་པར་དཀའ་བའོ། །དང་པོ་རྒྱུ་ལ་བསམ་ཀྱང་རྙེད་པར་དཀའ་བ་སྒོམ་པ་ནི། ཆོས་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ལུས་འདི་འགྲུབ་པ་ལ། རྒྱུ་དགེ་བ་རྣམ་དག་རེ་བྱེད་དགོས་ལ། སེམས་ཅན་གྱི་ནང་ན་རྒྱུ་དགེ་བ་རྣམ་དག་བྱེད་པ་ཉུང་བས་འབྲས་བུ་དལ་འབྱོར་ཐོབ་པ་དཀའ་བ། བདག་གིས་དལ་འབྱོར་ཐོབ་པ་འདི། སྟོང་ཟད་དུ་མི་སྟོང་བར་ཆོས་རྣམ་དག་གཅིག་བྱེད་དགོས་སྙམ་དུ་ཡང་ཡང་བསྒོམ། དེའི་ལག་ལེན་དུ་བརྒྱུད་པ་རྣམས་ལ། ཡན་ལག་བདུན་པ་འབུལ་ཞིང་གསོལ་བ་དྲག་ཏུ་བཏབ་ལ། སྒོ་གསུམ་དགེ་བ་ལ་འབད་པར་བྱའོ། །དམིགས་ཐུན་གཅིག །ཐུན་མཚམས་སུ་སྨོན་ལམ་ཚིག་ཉུང་ལ་དོན་ཆེ་པ་འདི་བཏབ་པ་བྱའོ། །སྒོ་འབྱེད་ཚེ། སེམས་ཅན་ཐམས་ཅད་ཀྱི་ཐར་པའི་སྒོ་འབྱེད་པར་གྱུར་ཅིག །སྒོ་གཅོད་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་སྒོ་གཅོད་པར་གྱུར་ཅིག །ནང་དུ་མཇུག་པའི་ཚེ། སེམས་ཅན་ཐམས་ཅད་ཐར་པའི་ཁང་བཟང་དུ་འཇུག་པར་གྱུར་ཅིག །ཕྱིར་འགྲོ་བའི་ཚེ། སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ར་ལས་ཐར་བར་གྱུར་ཅིག །དབེན་པར་ཕྱིན་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་དབེན་པ་བརྟེན་པར་གྱུར་ཅིག །སྟན་ལ་འདུག་པའི་ཚེ། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ཐོབ་པར་གྱུར་ཅིག །གཉིད་ལོག་པའི་ཚེ། སེམས་ཅན་ཐམས་ཅད་རྣམ་པར་མི་རྟོག་པའི་ཆོས་སྐུ་ཐོབ་པར་གྱུར་ཅིག །སད་པའི་ཚེ་སེམས་ཅན་ཐམས་ཅད་མ་རིག་པའི་གཉིད་ལས་སད་པར་གྱུར་ཅིག །གོས་གྱོན་པའི་ཚེ། སེམས་ཅན་ཐམས་ཅད་ངོ་ཚ་ཁྲེལ་ཡོད་ཀྱི་གོས་གྱོན་པར་གྱུར་ཅིག །སྐ་རག་བཅིང་བའི་ཚེ། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ཟུང་དུ་འཇུག་པར་གྱུར་ཅིག །ཁྲུས་བྱེད་པའི་ཚེ། སེམས་ཅན་ཐམས་ཅད་སྒྲིབ་གཉིས་དྲི་མ་དག་པར༴ རྒྱན་འདོག་པའི་ཚེ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྒྱན་མཛེས་པར༴ ལམ་དུ་ཞུགས་པའི་ཚེ། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་འཇུག་པར༴ ཆུ་ལ་བརྒལ་བའི་ཚེ། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་ཆུ་བོ་ལས་བསྒལ་བར༴ མི་དང་འཕྲད་པའི་ཚེ། སེམས་ཅན་ཐམས་ཅད་འཕགས་པའི་གདམ་ངག་དང་འཕྲད་པར༴ སྣོད་སྟོང་པ་མཐོང་བའི་ཚེ། སྐྱོན་སྟོང་པར༴ གོང་བ་མཐོང་བའི་ཚེ། ཡོན་ཏན་གྱི་གོང་བར༴ ཆོས་འཆད་པ་མཐོང་བའི་ཚེ། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་བ་དང་ཐོས་པར༴ སྐྱེ་བོ་གདུག་པ་ཅན་བྱེ་བ་དང་ཚར་གཅོད་པའི་ཚེ། བདུད་དང་ཕྱི་ནས་བརྒོལ་བ་འཇོམས་པར༴ ཕན་ཚུན་གཏམ་བརྗོད་པ་ཉན་པའི་ཚེ། ཆོས་ཀྱི་གཏམ་གྱིས་བདག་གཞན་གྱི་ཡིད་བདེ་བར༴ ཅེས་སོགས་རིགས་པས་སྤྱོད། ཡང་ན་གནོད་བྱེད་འདིས་བདག་གིས་བྱང་ཆུབ་ཀྱི་སེམས་སྦྱང་བའི་གྲོགས་བྱས་པས་བླ་མ་ལྟར་བཀའ་དྲིན་ཆེ་སྙམ་དུ་བསམ། ཡང་གཞན་སྡུག་བསྔལ་བ་མཐོང་ན་ཡང་། དེ་མ་ཐག་ཏུ་བདག་ལ་བླང་ཞིང་། རང་ངམ་གཞན་ལ་ཉོན་མོངས་དྲག་པོ་སྐྱེས་ནའང་། གཞན་གྱི་ཉོན་མོངས་པ་ཐམས་ཅད་བདག་ལ་འདུས་པར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། །རྐྱེན་ངན་ལམ་དུ་བྱ་ཐབས་འདི། ཐམས་ཅད་ཀྱི་རེ་དོག་ཉིད་འགོག་པ་ཡིན། མཐར་ཐུག་རེ་དོག་གཉིས་དང་བྲལ་བའི་ལམ་ལ་སྐྱོལ་བ་ཡང་། ད་ལྟའི་དུས་སུ་དགྲ་ཟན་གཉིས་སུ་བྱས་ནས་སྦྱོང་བ་ཡིན། ཤིང་འཁྱོག་པོ་བསྲང་བ་དང་འདྲའོ། །ཅེས་གླང་རི་ཐང་བས་གསུངས་སོ། །དགེ་བ་དག་ཀྱང་མ་བྱས་ཤིང་། །སྡིག་པ་དག་ཀྱང་ཉེར་བསག་ན། །བསྐལ་པ་བྱེ་བ་བརྒྱ་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཅེས་སོ། །འདིར་ལུང་ཁོང་མ་སྨོས་པ་རྣམས་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་འབྱུང་བ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ངོ་བོའི་གྲངས་ལ་བསམ་ཀྱང་རྙེད་དཀའ་བ་ནི། དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་ལུས་འདི་རྙེད་པར་དཀའ་སྟེ། མདོ་ལས། ངན་སོང་ནི་སའི་རྡུལ་དང་། མཐོ་རིས་ནི་སེན་མོའི་རྡུལ་ཙམ་མོ་ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤིང་རྟའི་འཕང་ལོ་ཙམ་གཅིག་གི་སོ་ན་ཐམས་ཅད་མཁྱེན་པས་གཟིགས་ལ། གཞན་གྱི་མི་མཐོང་བའི་སེམས་ཅན་ནི་སྟོང་གསུམ་གྱི་ལྷ་དང་མི་བྱིང་ལ་ཡང་དེ་ཙམ་མེད། ཅེས་གསུང་པ་དང་། མན་ངག་ཏུ། དུད་འགྲོ་ནི་ཆང་དར་མོའི་སྦང་མ་ཙམ། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབ་པ་ཙམ། དམྱལ་བ་ནི་སའི་རྡུལ་ཙམ་ཡོད་པར་གསུངས་ན། འགྲོ་བ་གཞན་ལ་ལྟོས་ན་མི་ལུས་ཐོབ་པ་མེད་པའི་ཚོད་ཙམ་ཡིན་ལ། ཁ་འཐོར་དུད་འགྲོ་ཙམ་ལ་ལྟོས་ཀྱང་མི་ལུས་ཐོབ་པ་སྲིད་མི་སྲིད་ཀྱི་ཚོད་ཙམ་ཡིན་གསུང་། དེས་ན་དལ་འབྱོར་ཆུད་ཟོས་སུ་མི་གཏོང་བར་ཆོས་རྣམ་དག་ཅིག་བྱེད་དགོས་སྙམ་དུ་ཡང་ཡང་བསྒོམ་སོགས་སྔར་བཞིན་ནོ། །དམིགས་ཐུན་གཉིས་པའོ། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པ་དཀའ། ཞེས་སོགས། དེ་ལ་དལ་བ་ནི་མི་ཁོམ་པའི་གནས་བརྒྱད་སྤང་བ་སྟེ། མི་ཁོམ་པའི་གནས་བརྒྱད་ནི། ངན་སོང་གསུམ་དང་། ལྷ་ཚེ་རིང་པོ་དང་། མི་ལུས་ཐོབ་ཀྱང་སངས་རྒྱས་མེད་པའི་མུན་སྐལ་དུ་སྐྱེས་པ་དང་། སངས་རྒྱས་བྱོན་ཀྱང་བསྟན་པའི་འོད་ཀྱིས་མ་ཁྱབ་པ་མཐའ་འཁོབ་དུ་སྐྱེས་པ་དང་། ཡུལ་དབུས་སུ་སྐྱེས་ཀྱང་ལྐུག་པ་དང་། དབང་པོ་ཚང་ཡང་བསྟན་པ་ལ་རྒྱབ་ཀྱི་ཕྱོགས་པའི་ལོག་ལྟ་ཅན་རྣམས་སོ། །འབྱོར་པ་བཅུ་ལས་རང་འབྱོར་ལྔ་ནི། ཆོས་དར་བའི་ཡུལ་དབུས་སྐྱེས་པ་དང་། ཡུལ་དབུས་སུ་དུད་འགྲོ་ཡང་ཡོད་པས་མི་ལུས་ཐོབ་པ་དང་། མི་ལུས་ལྐུག་ལོང་ཡང་ཡོད་པས། དབང་པོ་ཚང་བ་དང་། དབང་པོ་ཚང་ཡང་ལོག་ལྟ་ཅན་ཡང་ཡོད་པས་བསྟན་ལ་དད་པ་དང་། དང་པ་ཙམ་འཚམ་མེད་བྱད་པ་ལ་ཡང་ཡོད་པས་ལས་མཐའ་མ་ལོག་པ་སྟེ། མཚམས་མེད་མ་བྱས་པའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་གསུང་པ་དང་། དེའི་བསྟན་པ་གནས་པ་དང་། དེའི་རྗེས་སུ་འཇུག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་པ་དང་། སྙིང་བརྩེ་བའི་ཡོན་བདག་གིས་འཚོ་བ་སྦྱར་བ་སྟེ། དེ་རྣམས་སོ། །དལ་བ་ནི། འགལ་རྐྱེན་སྤང་བ་དང་། འབྱོར་པ་ནི་མཐུན་རྐྱེན་ཚང་བ་ཡིན་ལ། རང་འབྱོར་ནི་རང་གི་རྒྱུད་ལ་ཚང་བ་དང་། གཞན་འབྱོར་ནི་ཕྱིའི་རྐྱེན་ཚང་བའི་ཆ་ནས་འཆད་དོ། །གསུངས་སོ། །གསུམ་པ་དཔེ་ལ་བསམ་ཀྱང་རྙེད་པར་དཀའ་བ་བསྒོམ་པ་ནི། དཔེར་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་པ། དེའི་ཁ་ནས་གཉའ་ཤིང་བུ་ག་གཅིག་ཡོད་པ་ཕྱོགས་ཐམས་ཅད་དུ་འགྲོ་བ་གཅིག་ཡོད་ཅིང་། རྒྱ་མཚོའི་ནང་ན་སྦལ་པ་ལོང་བ་ལོ་བརྒྱ་བརྒྱ་ནས་སྟེང་དུ་འོང་བ་གཅིག་ཡོད་པ་དེའི་མགྲིན་པར་གཉའ་ཤིང་གི་བུ་གར་ཆུད་པ་ཤིན་ཏུ་དཀའ་སྟེ། ཅིའི་ཕྱིར་ན་སྦལ་པ་ལོང་བ་ཡིན་པ་དང་། གཉའ་ཤིང་བུ་ག་གཅིག་པ་དང་། རྒྱ་མཚོ་རྒྱ་ཆེ་བ་དང་། གཉའ་ཤིང་རླུང་གི་གང་དུ་ཁྱེར་ངེས་པ་མེད་པ་དང་། ལོ་བརྒྱ་ལོན་རེ་ལས་མི་འབྱུང་བའི་ཕྱིར་རོ། །དོན་དེ་ནི་དེ་བས་ཀྱང་ངན་སོང་ནས་མི་ལུས་ཐོབ་པར་དཀའ་ལ། ཞེས་སྔར་བཞིན་ནོ། །དམིགས་ཐུན་གསུམ། མགྱོགས་ཁྲིད་དུ་ཕྱེད་ན་འདི་གསུམ་གཅིག་ཏུ་བྱའོ། །བཅོམ་ལྡན་འདས་ཀྱི། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གིས། །བུ་གར་རུས་སྦལ་མགྲིན་ཚུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀའ་གསུང་། །ཅེས་སོ། །ད་ནི་འཕྲོས་པ་བཤད་པར་བྱ་སྟེ། དེ་ལྟར་རྙེད་དཀའ་བའི་དུས་འདིར་ཆོས་རྣམ་དག་གཅིག་བྱེད་དགོས་ལ། འདིར་མ་བྱས་ན་ཕྱིས་དལ་འབྱོར་རྙེད་པའི་ངེས་པ་མེད་དེ། གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་ནི་ཡང་དག་འབྱོར་པ་ག་ལ་འགྱུར། །ཅེས་དང་། དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་གོམ་རུང་བ་འདི་ལྟ་བུ། །དཀོན་པ་ནམ་ཞིག་ཐོབ་པར་འགྱུར། །ཅེས་སོ། །ཚེ་འདིའི་མདུན་མ་འགྲུབ་ཀྱང་ཁེབ་ཆུང་ལ་སླར་དོན་མེད་དུ་སོང་ཞིང་ཚེ་འདིའི་འདོད་པ་སྒྲུབ་ཀྱང་འགྲུབ་པའི་ངེས་པའང་མེད་དོ། །ཆོས་རྣམ་དག་བྱེད་ན་ཚེའི་དོན་ཡང་འགྲུབ་སྟེ། ཚེ་འདི་བློས་བཏང་ན་རྩེ་གཅིག་ཏུ་ཉམས་སུ་ལེན་པ་རྣམས་ལ་བདེ་སྐྱིད་སྙན་གྲགས་འབད་མེད་དུ་འབྱུང་གམ་གདའོ། །འདིར་ཆོས་རྣམ་དག་མ་གྲུབ་ཀྱང་སྡིག་པ་མ་བྱས་པས་ངན་འགྲོ་མི་སྐྱེས་ཞིང་། དགེ་བའང་ཅུང་ཟད་བྱས་པས་མི་ལུས་ཐོབ་སྟེ་འོང་དེ་དུས་ཆོས་བྱའོ་སྙམ་ན། འདིར་སྡིག་པ་མ་བྱས་ཀྱང་ཐོག་མེད་ནས་བྱས་པའི་ལས་ད་གཟོད་དམྱལ་བར་སྐྱེས། ངེས་པར་རང་ཡང་སྡིག་པ་གྲངས་མེད་པ་གཅིག་བསག་ཡོད་ན། ངན་སོང་དུ་མི་སྐྱེ་བའི་གདེང་ཅི་ལྟར་ཡོད་དེ། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། བསྐལ་པ་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བར་བསག་སྡིག་གིས། །བདེ་འགྲོ་མི་འགྲོ་སྨོས་ཅི་དགོས། །ཅེས་དང་། ཆོས་རྣམ་དག་མ་བྱས་ན། ཚེ་འདིའི་སྙིང་ཁུང་སུ་བཅུག་པའི་ཁ་ཆོས་ཙམ་གྱིས་མི་ལུས་ཐོབ་པའི་ངེས་པ་མེད་དེ། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །ཅེས་སོ། །གལ་ཏེ་ངན་སོང་དུ་སྐྱེ་ན་ཆོས་བྱེད་པའི་སྐབས་མེད་དོ། །གང་ཚེ་དགེ་སྤྱོད་སྐལ་ལྡན་ཀྱང་། །དགེ་བ་བདག་གི་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅིར་བྱར་ཡོད། །ཅེས་སོ། །དེ་ནས་ཐར་པ་ཡང་དཀའ་སྟེ། །དེ་ཚེ་ཁོ་ན་མྱོང་བར་འགྱུར། །དེ་ནི་རྣམ་ཐར་མིང་འགྱུར་ཏེ། །འདི་ལྟར་དེ་ནི་མྱོང་བཞིན་དུ། །སྡིག་པ་གཞན་དག་རབ་ཏུ་བྱུང་། །ཅེས་སོ། །མི་ཁམས་པ་གྱུར་བ་ཉིད་ཀྱང་། སངས་རྒྱས་ཀྱི་ཐུགས་རྗེས་འཛིན་པས་མྱུར་དུ་ཐར་རོ་སྙམ་ན། རང་གིས་ལས་ངན་གྱིས་སྔར་ཡང་ཐུགས་རྗེས་བཟུང་བའི་ཡུལ་དུ་མ་གྱུར་ཅིང་། ད་རུང་ཡང་ལས་ངན་བར་མ་ཆད་དུ་སོག་ན་ཡུལ་དུ་མི་འགྱུར་སྟེ། སེམས་ཅན་ཐམས་ཅད་ཕན་མཛད་པས། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པ་ཡིས། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏེ། །ད་རུང་དེ་བཞིན་བདག་བྱེད་ན། །ཡང་དང་ཡང་དུ་དེ་བཞིན་སྟེ། །ངན་འགྲོ་ནད་དང་འཆི་བ་དང་། །བཅད་དང་བཤིག་སོགས་མྱོང་བར་འགྱུར། །ཅེས་སོ། །དེ་ནས་དལ་འབྱོར་དོན་མེད་དུ་བཏང་བ་རྣམས་ནི་བླུན་པ་དང་བསླུས་པའི་ཚབ་ཆེ་སྟེ། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམ་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་ཅིང་། །འདི་ལས་རྨོངས་པ་གཞན་མེད་དོ། །ཅེས་པ་དང་། དེས་ན་དལ་འབྱོར་འདི་ལེ་ལོ་དང་། །རྣམ་གཡེང་གི་དབང་དུ་མི་བཏང་བར། །ཉིན་མཚན་མེད་པར་ཆོས་ལ་འབད་དགོས་ཏེ། །ཉིན་མཚན་མེད་པར་མ་འབད་ན། །བདག་གི་སྡུག་བསྔལ་ནམ་མཐར་ཕྱིན། །ཅེས་དང་། རང་གི་ཆོས་ལ་མ་འབད་ན། །ཐར་པ་ཐོབ་པའི་ཐབ་གཞན་མེད། །ཅེས་སོ། །འོ་ན་དལ་འབྱོར་རྙེད་དཀའ་བའི་བསྒོམ་སྐྱེས་པའི་ཚད་རང་ཅི་ཙམ་ཡིན་ན། དགེ་བའི་བཤེས་གཉེན་སྤྱན་སྔ་བ་ལྟ་བུ་ཡིན་ཏེ། ཁོང་གཉིད་ཡེ་མ་ལོག་པར་ཐུགས་དམ་མཛད་པས། དགེ་བཤེས་རྣལ་འབྱོར་པས་བུ་སྐབས་སུ་ཁམས་བག་རེ་ལ་མ་གཟིམས་ན་ཁམས་ལོག་འོང་ཉེན་ཡོད་གསུང་པས། དེ་རང་ལག་སྟེ། དལ་འབྱོར་རྙེད་དཀའ་འདི་བསམ་ཙ་ན། གཉིད་ལོག་རང་མི་ཁོམ་ཟེར། དེ་ལ་རྒྱལ་སྲས་ཐོག་མེད་པས། དེ་ཤིན་ཏུ་འཐད་པར་གདའ། དེ་འདྲ་རེ་མེད་ཁ་མེད་དེ། རང་རེ་ནི་དེའི་ཆ་ཙམ་ཡང་མི་ནུས་པར་འདུག །ཁོང་གིས་མི་གཡོ་བའི་བསྙེན་པ་དུང་ཕྱུར་དགུ་སོང་ཟེར་ཏེ། མི་ཚེ་ལ་གཉིད་ཡེ་མ་ལོག་པའི་ཚོད་དུ་འདུག་གསུངས་སོ། །དལ་འབྱོར་རྙེད་དཀའ་མ་ཐོབ་པས་ཆོག་གོ་སྙམ་ན། གཉིས་པ་འཆི་བ་མི་རྟགས་པ་བསྒོམ་པ་ལ་གཉིས་ཏེ། སྤྱིར་འཆི་བ་བསྒོམ་པ་དང་། བྱེ་བྲག་དུ་ནམ་འཆི་ཆ་མེད་བསྒོམ་པའོ། །སྤྱིར་འཆི་བ་བསྒོམ་པ་ལ་གསུམ་ལས། དང་པོ་གཞན་འཆི་བས་བདག་ཀྱང་འཆི་བར་བསྒོམ་པ་ནི། ས་སྟེང་འདིར་སྔར་སྐྱེས་ཟིན་པ་མང་པོ་འཆི། ཕྱིས་མི་འཆི་བ་གཅིག་ཀྱང་མ་སྐྱེས། ད་ལྟར་ཡང་མ་ཤི་ཚེ་ཐར་དུ་སྡོད་པ་དང་གཅིག་ཕྱོགས་གང་དུ་བརྩལ་དུ་མེད་པས། བདག་ཀྱང་མཐར་འཆི་བ་ཡིན་པས། ད་ལྟ་ཉིད་དུ་དམ་པའི་ཆོས་ལ་འབད་དགོས་སྙམ་དུ་བསྒོམ་པ་ལ་སོགས་སྔར་བཞིན་ནོ། །དམིགས་ཐུན་གཅིག་གོ། །དབུ་མ་བཞི་བརྒྱ་པ་ལས། གཞན་དག་འཆི་བ་མཐོང་བཞིན་དུ། །ཁྱོད་རང་འཆི་བ་ཅིས་མི་འགྱུར། །ཅེས་སོ། །གཉིས་པ་འདུས་བྱས་ཀྱི་མཚན་ཉིད་མི་རྟག་པ་རང་འཆི་བར་བསྒོམ་པ་ནི། སྤྱིར་སྟོང་གསུམ་གྱི་འཇིག་རྟེན་གླིང་བཞི་གླིང་ཕྲན། རི་རབ་རི་བྲན་རྣམས་ཀྱང་འཇིག་རྟེན་འཇིག་པའི་ཚེ། ཐལ་བ་ཙམ་ཡང་མི་ལུས་པ་དང་། ནམ་སླ་དགུན་གྱི་འགྱུར་ལྡོག་དང་། ཉི་ཟླ་སྐར་གསུམ་གྱི་འགྲོ་འོང་དང་། ནང་བཅུད་སེམས་ཅན་གྱི་དར་རྒུད་ལ་སོགས་པ་ལ་བསམ་ཀྱང་། བདག་འཆི་བ་ཡིན་པས་ད་ལྟ་ཉིད་དུ་དམ་པའི་ཆོས་ལ་འབད་དགོས་སྙམ་དུ་བསྒོམ་པ་ལ་སོགས་སྔར་བཞིན་ནོ། །དམིགས་ཐུན་གཉིས། མི་རྟག་པ་བསྟན་པའི་མདོ་ལས། ནད་མེད་མི་རྟག་ལང་ཚོ་མི་རྟག་སྟེ། །ཚེ་འང་མི་རྟག་འབྱོར་པ་ཡང་རྟག་མ་ཡིན། །སྐྱེ་བ་མི་རྟག་ཉིད་ཀྱི་ཉན་གྱུར་ན། །འདོད་པའི་ཡོན་ཏན་དགའ་བ་སུ་ཞིག་བྱེད། །ཅེས་སོ། །གསུམ་པ་ཚེ་ལ་སྣོན་པ་མེད་ཅིང་འཕྲི་བ་དང་བཅས་པ་འཆི་བར་བསྒོམ་པ་ནི། བྱི་བ་དཀར་ནག་གི་དཔེ་བཞིན་དུ། བདག་གི་ཚེ་འདི་ཉིན་མཚན་རེ་མོས་འཕྲིས་ཅིང་བསྣན་པ་ཅུང་ཟད་ཀྱང་མེད་པར་མཐར་འཆི་བ་ཡིན་ལ། འོ་སྐོལ་རྣམས་ཀྱིས་ཚེ་ལ་ལའི་སུམ་ཆ། ལ་ལའི་ཕྱེད། ལ་ལའི་སུམ་གཉིས། ལ་ལའི་ཚེ་ལྷག་མ་ལ་སྤྱོད་པ་ཡིན་པས། ད་ལྟ་ཉིད་དུ་དམ་པའི་ཆོས་ལ་འབད་དགོས་སྙམ་དུ་བསྒོམ་པར་བཞིན་ནོ། །དམིགས་ཐུན་གསུམ། མགྱོགས་ཁྲིད་དུ་བྱེད་ན་འདི་གསུམ་གཅིག་ཏུ་བྱའོ། །སྐྱེས་རབ་ལས། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། དེང་ནས་བཟུང་སྟེ་འཇིག་རྟེན་འདི་དག་ནི། ལམ་དུ་ཞུགས་ཏེ་ལམ་གཞན་མ་གོལ་བར། འཆི་བདག་དྲུང་དུ་དེ་ཉིད་ཉེ་བར་འགྲོ། །ཅེས་སོ། །ད་དུང་ལོང་ཡོད་པས་རྒས་ན་བྱ་སྙམ་དུ་བསམ་ན། གཉིས་པ་བྱེ་བྲག་ནི་ནམ་འཆི་ཆ་མེད། བསྒོམ་པ་ལ་གསུམ་ལས། དང་པོ་ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་བསྒོམ་པ་ནི། ལ་ལ་མངལ་དུ་འཆི་བ་དང་། ལ་ལ་བཙས་པའི་ཚེ་འཆི་བ་དང་། ལ་ལ་གོག་ཚེ་འཆི་བ་དང་། ལ་ལ་ནི་གཞོན་ནུ་ཚེ་འཆི་བ་དང་། ལ་ལ་དར་ལ་བབ་ཚེ་འཆི་བ་དང་། ལ་ལ་རྒས་པའི་ཚེ་ལ་འཆི་བ་ལ་སོགས་པ་ངེས་པ་དངོས་སུ་མཐོང་རྒྱུ་ཡོད་པས། བདག་ཀྱང་ནམ་འཆི་ཆ་མེད་དོ་སྙམ་དུ་བསྒོམ་པ་སྔར་བཞིན་ནོ། །ཐུན་གཅིག །ཆེད་དུ་བརྗོད་པའི་ཚོམ་ལས། །ཁ་གཅིག་མངལ་དུ་འཆི་བ་མཐོང་། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབས་པའི་མི། །དེ་དག་རིམ་གྱི་འཆི་འགྱུར་ཏེ། །འབྲས་བུ་སྨིན་པ་ལྷུང་བ་བཞིན། །ཅེས་སོ། །གཉིས་པ་རྐྱེན་མང་བས་ནམ་འཆི་ཆ་མེད་བསྒོམ་པ་ནི། ཚེ་ལ་ཕན་པའི་རྐྱེན་ནི་ཉུང་། གནོད་པའི་རྐྱེན་ནི་མང་། ཕན་པའི་རྐྱེན་དུ་གྱུར་པའང་འགའ་ཞིག་གིས་ཀྱང་། འཆི་རྐྱེན་བྱེད་པ་ཡོད་དེ། ནང་དུ་ཟས་ཟ་མ་ལེགས་པ་དང་། ཕྱི་རུ་ཁང་པ་སྡིབ་པ་ལ་སོགས་པས་འཆི་བར་མཐོང་བས་བདག་ཀྱང་ནམ་འཆི་ཆ་མེད་དོ་སྙམ་དུ་བསྒོམ་པ་སོགས་སྔར་བཞིན་ནོ། །དམིགས་ཐུན་གཉིས། ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཅུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བ་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཞེས་དང་ཇོ་བོ་རྗེའི་ཞལ་ནས། གཞན་ཤི་བ་རྣམས་མཐོང་ཐོས་ན། །རང་ལ་བྱ་བཏང་ཡིན་པས་དགེ་སྦྱོར་ལ་འབད། །ཅེས་དང་། གླང་རི་ཐང་པས། ཆོས་ཐུན་གྱི་རྗེས་སུ། དོ་ནུབ་མ་ཤིན་སོང་འཕྲོ་བཤད་པར་བགྱི་གསུངས་སོ། །གསུམ་པ་ནང་གི་ལུས་ནི་མི་བརྟེན་བས་ནམ་འཆི་ཆ་མེད་དུ་བསྒོམ་པ་ནི། ལུས་འདི་རྩ་ཁའི་ཟིལ་པའི་ཆུའི་སྦུ་བ་ལྟར་མི་བརྟེན་ཏེ། ན་ནིང་ཡོད་པ་ད་ལོ་ཤི་བ་དང་། ད་ལོ་ཡོད་པ་སོང་ཕོད་ཤི་བ་དང་། ཁར་སང་ཡོད་པ་དེ་རིང་འཆི་བ་དང་། དེ་རིང་ཡོད་པ་སོང་ཉིད་འཆི་བ་དང་དངོས་སུ་མཐོང་བས། བདག་ཀྱང་ནམ་མཆི་ཆ་མེད་དོ། །སྙམ་དུ་བསྒོམ་པ་སོགས་སྔར་བཞིན་ནོ། །དམིགས་ཐུན་གསུམ། མགྱོགས་ཁྲིད་དུ་བྱེད་ན་འདི་གསུམ་གཅིག་ཏུ་བྱའོ། །བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་བཞིན། །ཆུ་ཡི་ཆུ་བུར་ལས་ཀྱང་མི་རྟག་ན། །དབུག་དབྱུང་དབུག་རྔུབ་གཉིད་ཀྱི་ལོག་པ་ལས། །སད་ཁོམ་གང་ལག་དེ་ནི་ངོ་མཚར་ཆེ། །ཅེས་དང་། གལ་ཏེ་རྒས་ཁམས་ཀྱང་ད་ལྟ་ལུས་སེམས་དར་ལ་བབ་ཅིང་འགལ་རྐྱེན་མེད་དུས་མ་བྱས་ན། རྒས་ནས་ཆོས་མི་འོང་སྟེ། ཁྲོ་ཕུ་ལོ་ཙ་བས། ད་ལྟ་འབུང་གསུམ་མ་སྟོན་ན། །རྒས་ཤི་ཐུག་ནས་ཆོས་བྱས་ཀྱང་། །ཐུགས་ཀར་སྨས་ནས་གོ་གོན་པའི། །བྲང་ལག་གི་འཐབ་མོ་ཨ་ཙ་མ། །ཅེས་སོ། །འཆི་བ་བྱུང་ན་ཚེ་འདིའི་ཕུན་སུམ་ཚོགས་པ་གང་གིས་ཀྱང་མི་ཕན་ཏེ། མདོ་ལས། རྒྱལ་པོ་ཆེན་པོ་དཔེར་ན་ཕྱོགས་བཞིན་བྲག་རི་སྲ་བ། བརྟན་པ། དཔང་མཐོ་བ་བཞི་འགྱིལ་ན། ཤིང་གེལ་པ་དང་རྩ་དང་སྲོག་ཆག་ཐམས་ཅད་ཕྱེ་མར་འཐག་ཅིང་རུབ་རུབ་བྱུང་ན་དེ་ལ་མགྱོགས་པས་བྲོས་པ་འམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུས་པའམ། རྫས་དང་། སྔགས་དང་། སྨན་གྱིས་བཟློག་པ་སླ་བ་མ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ན་བ་དང་། རྒས་པ་དང་། རྒུད་པ་དང་། འཆི་བ་ལ་སོགས་པའི་འཇིག་པ་ཆེན་པོ་བཞི་བྱུང་སྟེ། དེ་ལ་མགྱོགས་པ་སོགས་སྔ་མ་ལྟར་ཡིན་ནོ། །ཅེས་དང་། གཤིན་རྗེའི་ཕ་ཉས་ཟིན་པའི་ཚེ། །གཉེན་གྱི་ཅི་ཕན་བཤེས་ཅི་ཕན། །ཅེས་དང་། འོ་ན་དེ་ལ་གང་གིས་ཕན་ན་ཆོས་ཀྱི་ཕན་སྟེ། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། དམ་པའི་ཆོས་མ་གཏོགས་པ་སྐྱབས་དང་མགོན་མེད་དོ། །ཅེས་སོ། །ཆོས་བྱས་ཀྱང་འཆིའོ་སྙམ་ན། འཆི་ལུགས་མི་གཅིག་སྟེ། ཆོས་པ་རབ་གཅིག་འཆི་བ་ལ་བྲོད་སྟེ། མ་ཅིག་ཞ་མའི་གསུང་གིས། མ་གཅིག་འཆི་བ་ལ་ང་ལས་ཉམས་དགའ་བ་མེད། ང་ཤི་བ་དེ་ཀུན་དཔེར་ན་རི་ཆེན་པོའི་འོག་ནས་ཐར་པའི་ཚོད་ཡིན་གསུངས། དེ་བཞིན་དུ་ཉམས་དགའ་ཡ་ལེ། ཤེས་པ་སྤྲོ་སིང་ངེ་། བློ་བདེ་འབོལ་ལེ་ཤི་བ་ཡིན། དེ་འདྲ་དེ་སྡུག་བསྔལ་འདོད་ཀྱང་མི་མྱོང་སྟེ། གླང་ཐང་བ་ཆེན་པོ་སྐུ་འདས་རུ་ཆས་ཙ་ན། ང་དམྱལ་བར་སྐྱེ་བར་འདོད་པའི་སྙིང་ཐག་པ་ནས་སྨོན་ལམ་མང་པོ་བཏབ་པ་ཡིན་ཏེ་ངའི་སྨོན་ལམ་དེ་མི་འགྲུབ་པ་འདྲ། ད་ལྟ་ང་ལ་དག་པའི་སྣང་བ་འབའ་ཞིག་ལས། ཐ་མལ་གྱི་སྣང་བ་ཙམ་ཡང་མི་འདུག་གསུང་། འབྲིང་མི་འཇིགས་ཤིང་མི་འགྱོད་དོ། །མདོ་སྡེ་རྒྱན་ལས། དེའི་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། སྐྱེ་བ་བསྐྱེད་མོས་ཚལ་འགྲོ་ལྟར་རྟོག་ནས། འབྱོར་པའི་དུས་དང་རྒུད་པའི་དུས་ན་ཡང་། །ཉོན་མོངས་སྡུག་བསྔལ་དག་གིས་འཇིག་པ་མེད། །ཅེས་སོ། །ཐ་ན་ཆོས་མེད་དུ་འཆི་ན། འཆི་བ་བར་དོ། ཕྱི་མ་རྣམས་སུ་འཇིགས་སོགས་སྡུག་བསྔལ་མང་པོ་འབྱུང་བས་འཇིག་པ་བསྐྱེད་པ་རིགས་ཏེ། སྐྱེས་རབ་ལས། ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱི་བགག །དོག་པ་མེད་པར་རབ་ཏུ་དགའ་ཞིང་སྤྱོད། །འགྲོ་བ་འདི་ལྟར་དེ་ནི་གནས་པ་ལ། །སྐྱེ་བོ་འཇིགས་པ་མེད་པ་ངོ་མཚར་སྐྱེ། །ཅེས་སོ། །དེས་ན་མི་རྟག་པ་བསྒོམ་ན་ཚེ་འདི་བློས་བཏང་བ་འདི་ཤིན་ཏུ་ཟབ་སྟེ། པུ་ཏོ་བའི་ཞལ་ནས་ཀྱང་། བྱང་སེར་ཁ་མི་གཅིག་ན་བ་ལ། ཕན་དུ་རེ་ནས་བཤོས་བུ་བཏང་བ་ལ། མི་གཅིག་གིས་བླང་བ་ལ། གཞན་གྱིས་འཕྱས་པས་ཁོ་ན་རེ། ངན་ན་ཡང་ངན་བྱང་སེར་ཁའི་བཤོས་བུ་རྙེད་པ་རང་གྱིས་དང་ཟེར་རོ། །དེ་བཞིན་དུ་མི་རྟག་པ་བསྒོམ་པའི་ཆོས་འདི་ཐམས་ཅད་ཀྱིས་ངན་ངན་པོར་བྱེད་ཅིང་འདུག་སྟེ། ངན་ན་ཡང་ངན་འདི་རང་རྒྱུད་ལ་སྐྱེས་པ་གཅིག་མཛོད་དང་དེས་ཆོག་གི་གསུངས། མི་རྟག་པ་སྒོམ་པའི་དུས་སུ་དམིགས་པ་སྤོས་པར་ཞུས་ཙ་ན། དམིགས་པ་སྤོ་རྒྱུ་རང་མེད། འདི་ཁོ་ན་བསྒོམ། འདི་ལས་ཟབ་པ་མེད། ཆོས་ནན་ཏན་བྱེད་ན། ཧུར་ཆེན་པོ་འབྱིན་དགོས། ངོ་མི་སྲུང་ཞིང་མི་ཟེར་ལ་མི་ཉན་པ་གཅིག་དགོས་གསུང་། རྗེ་དམ་པའི་ཞལ་ནས། མི་རྟག་པ་དེ་དང་པོ་གོ་དགོས། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་གོ་དགོས། བརྩོན་འགྲུས་ཀྱི་ལྕགས་བྱེད། ཐ་མར་གོ་དགོས། འོད་གསལ་ཆོས་སྐུ་ཐོབ་པར་བྱེད་དོ། །འཆི་བ་མི་རྟག་པ་མི་དྲན་པའི་མེ་ལ། ཆོས་བྱས་ཀྱང་གནད་དུ་མི་འགྲོ་གསུང་། རྗེ་དག་པོ་རིན་པོ་ཆེ་བསྒོམ་པོར་སྒྲུབ་པར་བྱོན་དུས། བླ་མ་བྱ་ཡུལ་བས། སྙིང་ཕྱུང་ཡང་ཤ་དུམ་ཅིག་ཡིན། འཆི་བ་མི་རྟག་པ་བསྒོམ་པ་གལ་ཆེ། དེ་མ་སྒོམ་ན་ཆོས་གནད་དུ་མི་འགྲོ་བ་ཡིན་གསུང་། སྒམ་པོ་བས་ཀྱང་དེ་ལ་ཐུགས་ཆེས་ནས། ཐུགས་དམ་གྱི་མཐིལ་མཛད། དེའི་སློབ་མ་ཡང་སློབ་དང་བཅས་པ་ཡང་། མི་རྟག་པ་བསྒོམ་པ་འདི་ལ་ཐུགས་རྩིས་ཆེར་མཛད་དོ། །ཆོས་རྗེ་སངས་རྒྱས་བསྟན་པའི་ཞལ་ནས། འཆི་བ་མི་རྟག་པ་འདི་བཤད་པ་པོའི་བཤད་རིང་མ་ཆོག །ཉན་པ་པོས་ཉན་རིང་མ་ཆོག །སྒོམ་པ་པོའི་སྒོམ་རིང་མ་ཆོག་པར་བྱས་ནས་ཆོས་ཟབ་མོ་ཅིག་ཀོག་དུ་ལུས་པ་འདུག་གསུང་། སྒ་ལོ་སྤྱན་སྔ་བའི་དྲུང་དུ་ཆོས་ལ་བྱོན་ནས། ཆོས་ཟབ་མོ་ཞིག་ཐུགས་ལ་འདོག་པར་ཞུ་ཞུ་པས། འཆི་བ་མི་རྟག་པ་སྒོམ་ཅིག་གསུང་། དེས་རྒྱུད་ལ་སྐྱེས་བ་དོག་པས། དེ་བས་ཟབ་པ་ཅིག་གསུང་བར་ཞུ་བྱས་པས། དགེ་བའི་བཤེས་གཉེན་འབྲོམ་སྟོན་གྱིས་སློབ་མ་བྱང་ཆུབ་སེམས་དཔའ་སྟོང་དང་ལྔ་བརྒྱ་བཞུགས་པ་རྣམས་ཀྱང་ཆོས་ཟབ་ཤོས་འདི་ལ་བྱེད་པ་ཡིན། འདི་ལས་ཟབ་པའི་ཆོས་ང་ལ་མེད་གསུངས། སངས་རྒྱས་དབོན་གྱིས། འཆི་བ་རྒྱུད་ལ་མ་དྲན་ན། ཆོས་གསང་བ་འདུས་པ་ཟབ་རྒྱུ་མེད། འཆི་བ་རྒྱུད་ལ་དྲན་པ་ན། ལམ་སྐྱབས་སུ་འགྲོ་བས་ཀྱང་ཟབ་པ་མེད། ཅེས་སོ། །ཆོས་རྗེ་འཇག་པའི་ཞལ་ནས། འཆི་བ་མི་དྲན་པའི་ཆོས་ནི། དཔྱིད་ཁའི་ཆག་རོམ་གྱི་སྟེང་དུ་མཁར་དགུ་ཐོག་བརྩིག་པ་དང་འདྲ་གསུང་། རྟོག་ལྡན་སངས་རྒྱས་སྒོམ་པོའི་ཞལ་ནས། དམ་པའི་ཆོས་བྱེད་པ་ལ་འཆི་བ་མི་རྟག་འདི་གོ་དགོས་པར་འདུག །འཆི་བ་མི་རྟག་པ་རབ་གཅིག་དྲན་ན། ཆོས་པ་རབ་གཅིག་འོང་། འབྲིང་ཅིག་དྲན་ན་ཆོས་པ་འབྲིང་ཞིག་འོང་། ཐ་མ་གཅིག་དྲན་ན་ཆོས་པ་ཐ་མ་ཞིག་འོང་། འཆི་བ་གཏན་ནས་མ་དྲན་ན། ཆོས་པ་གཏན་ནས་མི་འོང་གསུང་། ཇོ་བོ་རྗེ་སྐུ་འདས་ཁར། རྣལ་འབྱོར་པས། ཇོ་བོ་གཤེགས་པའི་འོག་ཏུ་བདག་གིས་བསྒོམ་བྱེད་པར་ཞུ་ཞུས་པས་བསྒོམ་ཀྱང་ཆོས་སུ་འགྲོ་ཡེ་གསུངས། འོ་ན་འཆད་པར་ཞུ་ཞུས་པས་ཀྱང་། སྔར་བཞིན་ནོ་གསུངས། འོ་ན་ཅི་ལྟར་བགྱིས་ཞུས་པས། ཁྱེད་ཐམས་ཅད་དགེ་བཤེས་སྟོན་པ་ལ་བསྟེན་ལ་ཚེ་འདི་བློས་ཐོང་གསུངས་སོ། །བཙུན་པ་གཅིག་རྭ་སྒྲེང་ལ་ཕྱི་བསྐོར་བྱེད་པ་དང་། དགེ་བཤེས་འབྲོམ་སྟོན་དང་མཇལ་ནས། འབྲོམ་སྟོན་གྱིས། ཇོ་བོ་ལ་བསྐོར་བ་བྱེད་པ་ཡང་དགའ་སྟེ། དེ་བས་ཆོས་རང་གཅིག་བྱེད་པ་མི་འཐད་དམ་གསུངས། ཁོང་གིས་བསམ་པ་ལ་དེ་བས་ཕྱག་བྱས་པ་ལ་དོན་ཆེ་བ་ཡིན་སྙམ་ནས་ཕྱག་བྱས་པས་ཀྱང་སྔར་བཞིན་གསུངས། དེ་བཞིན་ཆོས་བཤད་པ་དང་། བསྒོམ་བྱས་པས་ཀྱང་། སྔར་བཞིན་གསུངས། འོ་ན་ཆོས་ཅི་ལྟར་བགྱི་ཞུས་པས། ཚེ་འདི་བློས་ཐང་བྱ་བ་ལན་གསུམ་གསུངས། ཅེས་པ་དང་། ཚེ་འདིའི་བདེ་བས་དགོས་པ་མེད། བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་སོ། །སྡུག་བསྔལ་ཡོད་ན་ཤིན་ཏུ་ལེགས་སྟེ། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེག་པ་སེལ་བར་བྱེད། །འཁོར་བ་ལ་ཡང་སྙིང་རྗེ་སྐྱེས། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །ཅེས་དང་། བསྟོད་དྲག་གིས་དགོས་པ་མེད་དེ། །བསྟོད་སོགས་དག་གིས་གཡེང་བར་བྱེད། །སྐྱེ་བའི་སེམས་ཀྱང་འཇིགས་པར་བྱེད། །ཡོན་ཏན་ལྡན་ལ་ཕྲག་དོག་དང་། །ཕུན་སུམ་ཚོགས་པ་ཡང་འཇིག་པར་བྱེད། །ཅེས་སོ། །བླ་མ་པུ་ཏོ་བའི་ཞལ་ནས། འཆི་བ་འདི་མ་གོ་ན། ཚེ་ཐུང་པོ་དེ་ཉིད་ལ་སྤྱོད་པ་མི་འདྲ་བ་སྣ་ཚོགས་སྟོན་པ་ཡིན་གསུང་། རྒྱལ་པོ་ལ་གདམས་པའི་མདོ་ལ་སོགས་པ་འཆི་བ་མི་རྟག་པ་སྟོན་པའི་མདོ་དང་། བསྟན་ཆོས་མང་དུ་བལྟས་ཤིང་བསམ་ན། ཆོས་ཐམས་ཅད་ཀྱི་རྩ་བ་འདི་ཡིན་གསུངས། མི་རྟག་པ་མ་སྐྱེས་ན། ཆོས་བྱེད་ལོ་བྱས་ཀྱང་ཕལ་ཆེར་ཚེ་འདི་རྩམ་སྟེ། ཞང་གཡེར་པའི་ཞལ་ནས། སྔ་དྲོ་མི་རྟག་པ་མ་སྐྱེས་ན། །ཉི་མ་ཕྱེད་ན་ཚེ་འདི་པ་ཆ། །ཉི་མ་ཕྱེད་ནས་མ་སྐྱེས་ན། །དགོང་མོ་ཚེ་འདི་བར་ཆ། ཚེ་འདི་བར་སོང་ན། ཅི་བྱས་ཆོས་སུ་མི་འགྲོ་གསུངས། ཆོས་རྗེ་མཁའ་སྐྱོང་གྲགས་པའི་ཞལ་ནས། ཚེ་འདི་བློས་མ་ཐོང་ན་ཅི་བྱས་འཇིག་རྟེན་གྱི་རྒྱན་དུ་འགྲོ་བས། ཚེ་འདིའི་བདེ་སྐྱིད་སྙན་གསུམ་འདོད་པས། ཀུན་ནས་སློང་བར་སོང་བའི་ཅི་བྱས་ཆོས་སུ་མི་འགྲོ། ཆོས་མིན་དུ་འགྲོ། ཆོས་ཀྱི་བྱ་བ་མི་བྱེད། མཁས་ཡང་ཚེ་འདིའི་མཁས་པ་ཙམ། བཙུན་ཀྱང་ཚེ་འདིའི་བཙུན་པ་ཙམ། བཟང་ཡང་ཚེ་འདིའི་བཟང་བ་ཙམ། རྟོགས་པ་མཐོ་ཡང་ཚེ་འདིའི་རྟོག་པ་ཙམ། བསྒྲུབ་པར་བཙོན་ཡང་ཚེ་འདིའི་སྒྲུབ་པའོ། །གཞན་དོན་ལ་བརྩོན་ཡང་ཚེ་འདིའི་བྱང་ཆུབ་སེམས་དཔའ་ཙམ་ལས་ཕྱི་མ་གར་འགྲོ་ངེས་པ་མེད་དེ། དེ་ཙམ་ན་ཆོས་ལ་རྟེན་ནས་སླར་ངན་འགྲོ་ལས་མེད། དེ་བས་ཚེ་འདི་བློས་མ་མཐོང་ན། ཆོས་པ་ཅི་བྱས་ཀྱང་མི་ཕན། མཚམས་བཅད་ནས་སྒོ་བཅད་ཀྱང་མི་ཕན། འདག་སྦྱར་བས་རྡོར་སྦྱོར་བྱས་ཀྱང་མི་ཕན། སྨྲ་བཅད་པ་བས་ལྕེ་བཅད་ཀྱང་མི་ཕན། རས་གོས་བས་གཅེར་བུར་ཕུད་ཀྱང་མི་ཕན། ཆུ་འཐུང་བས་ལྟོག་པར་འདུག་ཀྱང་མི་ཕན། དེ་ཅི་ན་ཚེ་འདི་ལ་ཕྱི་མིག་གིས་མ་བལྟས་པའི་ཆོས་ཅིག་དགོས། དེ་ལྟར་ཚེ་འདི་རྩ་བ་ནས་བློས་ཐོང་ན་ཆོས་ཕྱེད་ཡིན་གསུང་། ཚེ་འདི་བློས་ཐོང་བའི་བློ་སྐྱེས་པ་ཙམ་གྱིས་ལས་ངན་མང་པོ་དག་པར་མཛད། རྗེ་བཙུན་གྲགས་རྒྱལ་གྱིས་སློབ་མ་དགེ་བཤེས་ཁ་རག་པ་བྱ་བའི་ཡོན་ཏན་དང་སྐུ་བསོད་ནམས་ཆེན་པོ་གཅིག་ལ། མཛེ་བྱུང་ནས་ཐབས་སྣ་ཚོགས་བྱས་ཀྱང་མ་ཕན། སྡུག་བསྔལ་མང་པོ་བྱུང་། ནུབ་གཅིག་བློ་ལ་ནད་འདིས་མི་ཁྱུར་མི་ཚུད་འདུག་པས། མི་ཁྱུ་ནས་བུད་ངོ་ཤེས་པ་གཅིག་བྱ། ལོངས་སྤྱོད་གང་ཡོད་དགེ་ཕྱོགས་སུ་བཏང་ལ། ང་རང་སྡོད་ཀྱི་མོ་རྫ་འཕྲང་གིས་རྫ་འོག་ཏུ་བྱ་སྟེ། ལྟོ་བ་ལམ་ཟན་ལ་བྱས་ལ་མ་ཎི་བགྲང་སྙམ་པ་ཅིག་བྱུང་བས། དེའི་ནུབ་མོར་རྨི་ལམ་ལ་ཁོང་གཙང་པོས་ཁྱེར་བ་ལ། མི་དཀར་པོ་གཅིག་བྱུང་ནས་ཆུ་ནང་ནས་བཏོན་ཏེ། ཉལ་ས་བྱ་སྙམ་པའི་བྲག་ཐོག་དེར་བཞག་སོང་བས་ལུས་ལ་ཆུ་མང་པོ་ཟག་པ་རྨིས། སད་ཙ་མལ་ཐམས་ཅད་ཆུས་ཁེང་འདུག །མཛེ་ཡང་སང་གི་དྲག་འདུག་ཟེར། མི་རྟག་པ་བཅོས་མིན་ཅིག་སྐྱེས་ནས། ཆོས་མིན་ཅི་ཡང་མི་བྱེད་པ་ཅིག་འོང་བར་འདུག་སྟེ། འདིའི་ཉམས་མྱོང་རྣམ་དག་སྐྱེས་པའི་ཆོས་པའང་རེ་རེ་ཙམ་དུ་འདུག །པུ་ཏོ་བའི་ཞལ་ནས། ད་ལྟ་མི་རྟག་པ་གཤའ་མར་སྐྱེས་པ། ངེད་ཀྱི་སློབ་དཔོན་གཡེར་བའི་ཞོང་བཙུན་ཡིན། དེ་ནས་བྲག་རྒྱབ་ཀྱི་གཉེན་སྟོན་ཤག་འབྱུང་ཡིན། དེ་ནས་ཁ་རག་བསྒོམ་ཆུང་ཡིན་གསུངས། ཞང་བཙུན་ལ་སྙུང་བ་བག་རེ་ཙམ་བྱུང་ནས་སྙད་འདོད་ཡི། ད་རེས་རང་ཆ་ཆ་གསུང་ནས་ཀ་ཆ་ཕྲ་མོ་ཚུན་གཞན་ལ་བསྔོས་ནས་ང་མ་ཤི་བར་དུ་གཡར་ཐོང་ཞིག །ཤི་ནས་ཁྱེད་ཀྱི་བསྣོམ་ཞིག་གསུང་ནས་ཞག་རེ་ཡང་མི་བཞུགས་པ་ལྟ་བུའི་སྤྱོད་པས་དུས་རྒྱུན་དུ་མཛད་གསུང་། བྲག་རྒྱབ་པ་ལ་ཉེར་གནས་ཀྱི་དབྱར་ཤིང་གྲབ་བྱེད་རན་གདའ་ཞུས་པས། དབྱར་སྟོད་མི་སྡོད་ཆ་མེད་པས་ཤིང་བུའི་གྲབ་ཅི་བྱེད་གསུང་ནས། གཞན་རྩིས་ཡེ་མི་མཛད་གསུངས། ཁ་རག་སྒོམ་ཆུང་ཁ་རག་ཕུག་ནག་གིས་བྲག་ཕུག་ཏུ་བཞུགས་ཙ་ན། བྲག་ཕུག་གི་སྒོ་ན་ཚེར་ཕུང་ཞིག་ཡོད་པ་ལ་ཡར་འགྲོ་མར་འགྲོ་ནམ་བྱེད་དུས་ན་བཟའ་འཐོག་པས་བཅད་དགོས་སྙམས་ཙ་ན། དེ་མ་ཐག་མི་རྟག་པ་ཏུ་རེ་དྲན་ཏེ་འདི་བཅད་ནས་ཅི་བྱེད་ནང་དུ་འགྲོ་འོང་བྱེད་པའི་ངེས་པ་མེད་སྙམས་ནས་མ་བཅད་ཟེར། དེ་བཞིན་དུ་རང་རེ་རྣམས་ཀྱང་མི་རྟག་པ་ཡང་ཡང་སྒོམ་ལ་དབེན་པ་རེར་བསྡད་དེ། འཆི་ཆིས་ཁོ་ན་བྱེད་དགོས་གསུངས། མི་རྟག་པ་སྒོམ་པ་ལ་གཞན་ཡང་ཕན་ཡོན་མང་པོ་ཡོད་དེ། མདོ་ལས། མི་རྟག་པ་མང་པོ་བསྒོམ་ན། སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རླབས་པ་ཡིན་ནོ། །རྗེས་རྣམས་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་པ་བཞིན་དུ། བསྒོམ་པའི་འདུ་ཤེས་རྣམས་ཀྱི་མཆོག་གི་མི་རྟག་པ་ཡིན་ནོ། །ཅེས་སོ། །གསུམ་པ་འཁོར་བའི་ཉེས་དམིགས་བསྒོམ་པ་ནི། འཁོར་བ་འདི་སྤྱིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། བྱེ་བྲག་རིགས་དྲུག་སོ་སོའི་སྡུག་བསྔལ་འོག་ནས་འབྱུང་བ་ལྟར་ཡང་སྔར་ཡང་དང་ཡང་དུ་མྱོང་། ད་བཟོད་ཡང་ཡང་མྱོང་བར་འགྱུར་བས་ན། རྒྱུ་མི་དགེ་བ་སྤངས། དེའི་རྒྱུ་ཉོན་མོངས་པ་སྤང་ཞིང་དགེ་བ་ཅི་ནུས་སུ་བསྒྲུབ་པར་བྱའོ། །སྙམ་དུ་བསྒོམ་པ་སྔར་བཞིན་ནོ། །དམིགས་ཐུན་གཅིག །དེ་ལས་སྐྱེས་པའི་སྡུག་བསྔལ་ནི། ཆོས་རྗེ་རང་བྱུང་རྡོ་རྗེའི་ཞལ་ནས། མི་གཙང་མུན་ཁང་མངལ་གནས་ནག་པར་ཞུགས་གྱུར་སྟེ། །ཁུ་ཁྲག་གཤང་ལྕི་སྲིན་བུའི་ལྕིག་ལྕིག་འདུག་པའི་ས། །དྲི་ངན་ཤིན་ཏུ་མནམ་པའི་ནང་དུ་འགྲེ་ལོག་ཅིང་། །རླུང་འབྱིན་མི་གཙང་ཟ་བར་ཙམ་ཡང་ནུས་པ་མེད། །འཁྲུལ་འཁོར་བརྩིར་བཞིན་ཤ་རུས་མྱག་ཤིང་སྐྱེས་པ་དང་། །སར་ལྷུང་ལྤགས་པ་བཤུས་འདྲ་ཉི་ཟེར་འབར་བ་དང་། །རླུང་གིས་རེག་པས་ཁོང་ནས་གདོང་པས་སྐད་འདོན་ཀྱང་། །ཤིན་ཏུ་སྟོབས་ཆུང་དྲན་པ་སྟོར་བ་བཞིན་དུ་འགྱུར། །གནས་འདིར་མཐོང་ནས་སྐྲག་པར་མི་འགྱུར་ཀྱེ་མ་མཚར། །ཅེས་གསུང་པ་ལྟར་ཡིན་ལ། རྒས་ནད་འཆི་བའི་སྡུག་བསྔལ་ནི་གཞན་ལ་ལྟོས་པས་ཆོག །ཚ་དམྱལ་བརྒྱད་དང་ཉེ་འཁོར་བཅུ་དྲུག་དང་བཅས་པ་ནི། ཅེས་པས། དེ་ལ་ཚ་དམྱལ་བརྒྱད་ཀྱི་དང་པོ་ཡང་སོས་ནི། དེ་འགྲོ་བ་རིགས་དྲུག་གིས་ཚིག་ལེའུ་བྱས་པ་ལས། ཆགས་དང་གཏི་མུག་འཇིགས་པ་ཁྲོ། །མི་གང་མི་ནི་གསོད་པ་གང་། །གཞན་ཡང་སྐྱེ་བས་གསོད་པ་ནི། །དེ་དག་དམྱལ་བ་ཡང་སོས་འགྲོ། །གོང་གིས་ཕྱིར་ན་ལོ་སྟོང་ཕྲག །མང་པོ་ཡང་ནི་འདི་དག་ཏུ། །བཏགས་ཤིང་བཏགས་ཤིང་ཡང་སོས་པས། །དེ་ཕྱིར་ཡང་སོས་ཡིན་པར་བཤད། །ཐིག་ནག་ནི། དེ་ཉིད་ལས། ཕ་དང་མ་དང་གྲོགས་དང་བཤེས། །གཤིན་རྗེ་ལ་ནི་ཁུ་བྱེད་ཅིང་། །ཕྲ་མ་རྫུན་ནི་སྨྲ་བའི་མི། །ཐིག་ནག་དུ་ནི་འགྲོ་བར་འགྱུར། །གང་ཕྱིར་དེ་ནི་ཤིང་བཞིན་དུ། །ཐིག་ནག་བཏབ་ཅིང་སོག་ལེ་དག །འབར་བའི་སོས་ནི་བཤག་བྱེད་དེ། །དེ་ཕྱིར་ཐིག་ནག་ཡིན་པར་བཤད། །ཅེས་སོ། །བསྡུས་འཇོམ་ནི། དེ་ཉིད་ལས། རང་དང་ལུག་ཀྱང་ཝ་དག་ཀྱང་། །རི་བོང་བྱི་ལ་རི་དྭགས་ཕག །གཞན་ཡང་བསྐྱེད་ནས་གསོད་བྱས་ནས། །ལུས་ཅན་བསྡུས་འཇོམ་འགྲོ་བར་འགྱུར། །གང་ཕྱིར་བསྡུས་ནས་དེར་དོར་ནས། །ཡང་དག་སྲེག་པར་བྱེད་པ་ན། །དེ་ཡི་ཕྱིར་ན་བསྡུས་འཇོམ་སྟེ། །དེ་ལྟར་མིང་ནི་དོན་མཐུན་གྲགས། །ཅེས་སོ། །ངུ་འབོད་ནི། དེ་ཉིད་ལས། འདིར་ནི་ལུས་ཅན་རྣམ་དག་གིས། །ལུས་ངག་ཡིད་གསུམ་ཉོན་མོངས་བྱེད། །གང་དག་ལྷད་འཇུག་གཞལ་གཡོ་བྱེད། །མི་དེ་དག་ནི་ངུ་འབོད་འགྲོ། །དེར་ནི་དྲག་པོའི་མེ་དག་གིས། །རྒྱུན་མི་ཆད་པར་སྲེག་པར་བྱེད། །གང་ཕྱིར་སྐད་ངན་གྲགས་འབྱིན་པ། །དེ་ཕྱིར་དེ་ནི་ངུ་འབོད་ཡིན། །ཅེས་སོ། །ངུ་འབོད་ཆེན་པོ་ནི། དེ་ཉིད་ལས། གང་གི་ལྷ་དང་བྲམ་ཟེ་དང་། །བླ་མའི་རྫས་འཕྲོག་སྡུག་བསྔལ་བྱས། །གང་དག་གཏམ་པོ་འཕྲོག་བྱེད་པ། །དེ་དག་ངུ་འབོད་ཆེན་པོར་འགྲོ། །མེར་བསྲེག་ལ་ནི་དྲག་ཕྱིར་དང་། །ངུ་འབོད་པ་ཡང་ཆེ་ཕྱིར་དང་། །ལྕེ་ཞིང་ཆིི་བ་ཉིད་ཀྱི་ཕྱིར། །དེ་ནི་ངུ་འབོད་ཆེན་པོ་ཡིན། །ཅེས་སོ། །ཚ་བ་ནི། དེ་ཉིད་ལས། ནགས་ལོག་ལ་སོགས་མེ་བཏང་དང་། །ལས་དེ་དག་ལ་འཇུག་བྱེད་གང་། །སྐྱེས་དགུ་དག་ལ་མེ་འབར་བས། །རབ་ཏུ་ཚ་ཞིང་བསྲེག་པར་སྣང་། །གང་ཕྱིར་རྟག་ཏུ་མེས་གདུང་བས། །དྲག་པོ་སྐྱེ་བ་དེའི་ཕྱིར། །འཇིག་རྟེན་དུ་ནི་ཚ་བའི་མེས། །དོན་དང་མཐུན་པར་གྲགས་པ་ཡིན། །ཅེས་སོ། །རབ་ཏུ་ཚ་བ་ནི། དེ་ཉིད་ལས། མེད་པར་ལྟ་བ་གང་ཞིག་གིས། །ཆོས་དང་ཆོས་མིན་ལོག་སྟོན་ཅིང་། །གཞན་དག་ལ་ནི་ཉོན་མོངས་བྱེད། །དེ་ནི་རབ་ཏུ་ཚ་བར་བསྲེགས། །མེ་ནི་རབ་ཏུ་དྲག་པོ་ཡིས། །དེར་འཁོར་སེམས་ཅན་རབ་ཚ་བྱེད། །ཚ་བ་ཕུལ་དུ་ཕྱིན་པ་སྟེ། །དེ་ཕྱིར་རབ་ཏུ་ཚ་བས་གདུང་། །ཅེས་སོ། །མནར་མེད་པ་ནི། དེ་ཉིད་ལས། ཡོན་ཏན་དག་གི་ཆེ་བ་ལས། །གནོད་པ་དྲག་པོ་བྱས་པའམ། །ཕ་མ་བླ་མ་བསད་བྱས་ནས། །ངེས་པར་བསྐལ་པར་མནར་མེད་ཚེ། །གང་ཕྱིར་བདེ་བའི་སྐབས་མེད་པས། །དེ་ཕྱིར་མནར་མེད་ཡིན་པར་བཤད། །ཅེས་སོ། །མདོ་དྲན་པ་ཉེར་བཞག་ལས། ལུས་ཀྱི་ལས་གསུམ་རིན་བཞིན་རྒྱུ། ཡང་སོས་སོགས་ལ་གསུམ་དུ་སྐྱེས། ཆང་གི་ངུ་འབོད་དང་། རྫུན་གྱི་ངུ་འབོད་ཆེན་པོ། ལོག་ལྟས་ཚ་བ། དགེ་སློང་མ་སུན་ཕྱུང་བས་རབ་ཏུ་ཚ་བ། མཚམས་མེད་ཀྱིས་མནར་མེད་དུ་སྐྱེ་བར་བཤད་དོ། །ཉེ་འཁོར་བཅུ་དྲུག་ནི། མེ་མ་མུར་གྱི་འོབ་དང་། རོ་མྱག་གིས་འདམ་དང་། མཚོན་ཆའི་ཆར་པ་དང་། ཐལ་ཚན་གྱི་ཆུ་བོ་རབ་མེད་བཞིས་ཕྱོགས་ཀུན་ཏུ་བསྐོར་བས་ཕྱོགས་བཞིའི་དབང་གིས་བཅུ་དྲུག་གོ། །དེར་སྐྱེས་པའི་རྒྱུ་ནི། དེ་ཉིད་ལས། གང་ཞིག་བརྟུལ་ཞུགས་བཟང་མནོས་ན། །ལེགས་པར་འཛིན་པ་མི་བྱེད་པ། །དེ་ནི་ངེས་པ་ཤ་དང་རུས། །འཇིགས་པའི་མེ་མ་མུར་སོགས་སྲེག །ཅེས་སོ། །ཉེ་ཚེ་བ་ནི། ཟས་དང་གོས་དང་གནས་ཁང་མེ་འབར་བ་ལ་སོགས་པ་སྡུག་བསྔལ་དུ་མ་ལ་ལོངས་སྤྱོད་པ་ཡོད་དོ། །གྲང་དམྱལ་བརྒྱད་དུ་སྐྱེས་པའི་རྒྱུ་ནི། དེ་ཉིད་ལས། རྒྱལ་བ་ལ་ཕུལ་བའི་མར་དང་། དགེ་འདུན་གྱིས་ནི་སྒྲོན་མེ་འམ། །ཤིན་བརྐུས་གནས་ཁང་བཤིག་པ་དང་། །ཆོས་འཆད་པ་ཡི་གནས་ཁང་བཤིག །གྲང་པའི་དུས་སུ་གོས་འཕྲོག་དང་། །ཆུ་བླུག་པ་ཡི་གྲང་དམྱལ་སྐྱེས། །ཅེས་སོ། །སྡུག་བསྔལ་ནི་གངས་ཀྱིས་ནང་དུ་གཅེར་བུ་གནས་ལ་སྟེང་ན་ཆུའི་བུམ་པ་ཤིན་ཏུ་གྲང་བ་མང་པོ་བླུག་པས་ལུས་ལ་ཆུ་བུར་འབྱུང་བ་དང་། ཆུ་བུར་རྡོལ་བ་ལས་ཁྲག་རྣག་འཛག་པ་དང་། ཁ་ནས་ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། སོ་ཏམ་ཏམ་འདེབ་པ་དང་། ལུས་ཚ་ལ་པ་བརྒྱད་དུ་གས་པ་དང་། བཅུ་དྲུག་ཏུ་གས་པ་དང་། སུམ་ཅུ་རྩ་གཉིས་ལ་སོགས་པར་གས་ཀྱང་འཆི་མི་ཉེན་པའོ། །བཤེས་སྤྲིང་པས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེ་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡིས། །འོར་ཡང་མི་ཕོད་ཆར་ཡང་མི་ཕོད་དོ། །ཅེས་སོ། །ཡི་དྭགས་སུ་སྐྱེ་བའི་རྒྱུ་ནི། དེ་ཉིད་ལ། འཕྲོག་པ་སེར་སྣ་ཤས་ཆེ་ཞིང་། །ཟང་ཟིང་མི་འཇིགས་ཆོས་མི་སྦྱིན། །ཚུལ་ཁྲིམས་སྲུང་བར་མི་བྱེད་པས། །ཡི་དྭགས་གནས་སུ་བཀྲེས་སྐོམ་འགྱུར། །ཅེས་སོ། །སྡུག་བསྔལ་ནི། བཤེས་སྤྲིང་ལས། ཡི་དྭགས་རྣམས་ཀྱང་སོས་ཁའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གིས། །བལྟས་པ་ཙམ་གྱི་ཆུ་ཀླུང་ཡང་སྐམ་པར་འགྱུར། །ཁ་ཅིག་ཁ་ནི་ཁབ་མིག་ཙམ་པ་ལ། །ལྟོ་བ་རིའི་ལྟོ་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །དུད་འགྲོ་སྐྱེས་པའི་རྒྱུ་ནི། དེ་ཉིད་ལས། ལུས་ངག་ཡིད་གསུམ་གྱིས་འབྲིང་དུ་སྤྱད། །དུག་གསུམ་གཡེལ་བའི་ལས་བྱས་དང་། །མི་རིག་སྟེར་དང་བྱོལ་སོང་ཁྲོ། །དུད་འགྲོར་བདག་ཉིད་སྨོན་པ་དང་། །ཕྱུག་འདྲ་སོང་ངོ་ངག་ཏུ་སྨྲས། །འདི་བཅུས་དུད་འགྲོ་སྐྱེ་བར་འགྱུར། །ཅེས་སོ། །སྡུག་བསྔལ་ནི། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་སུ་ཡང་གསོད་པ་དང་། འཆིང་དུ་རྟེན་ལོག་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤོང་བ་རྣམས་ལ་ནི། །གཅིག་གིས་གཅིག་ཟ་ཤིན་ཏུ་མི་བཟོད་འབྱུང་། །ཁ་ཅིག་མུ་སྟེག་བལ་དང་རུས་པ་དང་། །ཤ་དང་ལྤགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་མཚོན་ཆ་རྣོན་པོ་དང་། །ལྕགས་དང་ལྕགས་ཀྱུས་བཏབ་སྟེ་བྲན་དུ་བཀོལ། །ཅེས་སོ། །མིར་སྐྱེ་བའི་རྒྱུ་ནི། དེ་ཉིད་ལས། འཆི་ཁར་བདེ་བའི་ཆོས་བསྟན་ནས། །དགའ་ཤིང་དཀོན་མཆོག་མཐོང་བ་དང་། །ཆོས་ཐོས་ཆོས་རྟོག་གྱུར་ཅིག་ཅེས། །སྨོན་ལམ་འདེབས་པས་མིར་སྐྱེའོ། །ཅེས་སོ། །སྡུག་བསྔལ་ནི། དགྲ་དང་འཕྲད་པ་དང་། གཉེན་དང་བྲལ་བ་ལ་སོགས་དཔག་ཏུ་མེད་དོ། །ལྷ་མིན་དུ་སྐྱེ་བའི་རྒྱུ་ནི། དེ་ཉིད་ལས། རྟག་པར་གཡོ་རྒྱུ་སྤྱོད་བྱེད་ཅིང་། །སྡིག་པ་ཆེན་པོ་མ་བྱས་པས། །འཐབ་ལ་དགའ་ཞིང་དབྱེན་བྱེད་པ། །དེ་ནི་ལྷ་མིན་གནས་སུ་སྐྱེས། །ཅེས་སོ། །ལྷ་མིན་ལ་ཡང་ལྷ་ཡི་དཔལ་འབྱོར་ལ། ཕྲག་པ་དོག་པས་ཡིད་ཀྱིས་སྡུག་བསྔལ་དང་། འཐབ་པ་དང་ལུས་བཅད་ཅིང་འདྲལ་བ་ལ་སོགས་སྡུག་བསྔལ་མང་སྟེ། བཤེས་སྤྲིང་ལས། ལྷ་མིན་དག་ལའང་རང་བཞིན་གྱི་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བའི་ཡིིད། ། སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཅེས་པ་དང་། ལྷར་སྐྱེ་བའི་རྒྱུ་ནི། དེ་ཉིད་ལས། སྦྱིན་དང་ཚུལ་ཁྲིམས་རྣམ་པར་དག་པ་དང་། །ཆོས་ཉན་ལ་སྤྲོ་དགེ་བཅུ་སྤྱོད། །འཆི་ཁར་སྐུ་གཟུགས་མཐོང་བ་ནི། །ལྷ་ཡི་གནས་སུ་སྐྱེ་བར་འགྱུར། །ཅེས་སོ། །སྡུག་བསྔལ་ནི་འདོད་ལྷ་རྣམས་ལའང་འཆི་ལྟས་ཀྱི་ཟིན་པ་ན། དམྱལ་བའི་ལུས་ཀྱི་སྡུག་བསྔལ་ཆེ་བ་ཡོད་པར་གསུང་སྟེ། བཤེས་སྤྲིང་ལས། མཐོ་རིས་ནའང་བདེ་ཆེན་དེ་དག་གིས། །འཆི་འཕོ་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །ཅེས་སོ། ཁམས་གོང་མ་གཉིས་ལ་རེ་ཞིག་སྡུག་བསྔལ་མེད་ཀྱང་། བྱ་ནམ་མཁར་འཕུར་བ་ངེས་པར་ས་ལ་བབ་པ་བཞིན་དུ། སླར་འོག་ཏུ་ལྷུང་ནས་སྡུག་བསྔལ་མྱོང་བར་འགྱུར་སྟེ། བཤེས་སྤྲིང་ལས། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་ལྷར། །མནར་མེད་མེ་ཡི་བུད་ཤིང་འགྱུར་བ་ཡིས། །སྡུག་བསྔལ་རྒྱུན་མི་ཆད་པ་བརྟེན་འཚལ་ལོ། །ཅེས་གསུངས་སོ། །དེ་ལས་སྡུག་བསྔལ་འབྱུང་ཚུལ་ཇི་ལྟར་སྙམས་ན། རང་བཞིན་གྱི་ཁ་ན་མ་ཐོ་བ་མི་དགེ་བ་བཅུ་པོ་རེ་རེ་ཡང་། རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་དུ་འཕེན་པར་བྱེད་ཅིང་། བདག་པོའི་དབང་གིས་འབྲས་བུ་ནི་ཕྱི་རོལ་ཁོ་ན་ལ་སྨིན་ཏེ། རིན་ཆེན་ཕྲེང་བ་ལས། གསོད་པས་གཟི་བརྗིད་ཆུང་བ་བརྐུས་པ་ཡིས། སེར་བ་དང་བཙའ་ཆར་འདོད་ལོག་གིས། །རྡུལ་འཁྲིགས་ཅན་དུ་འགྱུར་བ་སྟེ་སད་ཀྱིས་ཁྱེར་བའོ། །གྱུར་རྫུན་གྱིས་ནི། དྲི་བཟང་ངན་ཕྲ་མས་མཐོ་དམན་འབྲས་བུ་ཅན་དུ་འགྱུར་བའོ། །རྩུབ་པོས་ཚ་རྒོད་ཅན་ནི། རོ་མི་ཞིམ་པའོ། །དགོན་སྡོང་ཐ་ཆད་སྡིག་པ་ཅན། ངག་འཁྱལ་བས་དུས་ལོག །བརྣབ་སེམས་ཀྱིས། འབྲས་བུ་ཁ་དང་ལོག་ལྟ་ནི། འབྲས་བུ་ཆུང་བ་མེད་པར་འགྱུར། ཅེས་སོ། །རྒྱུ་མཐུན་ནི། དབུ་མ་རིན་ཆེན་ཕྲེང་བ་ལས། སྲོག་གཅོད་པ་ནི་ཚེ་ཐུང་འགྱུར། །མ་བྱིན་ལེན་པས་ནོར་དང་བྲལ། །བྱི་ཕོ་བྱས་པས་དགྲ་དང་བཅས། །རྫུན་དུ་སྨྲས་པས་བཀུར་པ་མང་། །ཕྲ་མའི་ས་ནི་བཤེས་དང་འབྱེད། །འཁྱལ་པའི་ས་ནི་ངག་མི་བཙུན། །ཚིག་རྩུབ་པོས་ནི་མི་སྙན་ཐོས། །བརྣབ་སེམས་ཡིད་ལ་རེ་བ་འཇོམ། །གནོད་སེམས་འཇིག་པ་སྦྱིན་པར་མཛད། །ལོག་པར་བལྟ་བ་ལྟས་ངན་ཉིད། །ཅེས་སོ། །རྒྱ་ཆེར་ནི། མདོ་དྲན་པ་ཉེར་བཞག་དུ་བལྟ་བའོ། །བཅས་པའི་ཁ་ནས་མ་ཐོ་བ་རེ་རེས་ཀྱང་། སྡུག་བསྔལ་བསྐྱེད་པའི་ཚུལ་དང་། རྒྱུ་འབྲས་ཞིབ་པ་ནི། ལྟུང་བ་སྡེ་ལྔའི་དགེ་བ་དང་། མི་དགེ་བའི་འབྲས་བུ་བརྟག་པའི་མདོ་དང་། འཕགས་པ་ཚུལ་ཁྲིམས་ཉམས་པའི་རྣམ་པར་སྨིན་པ་ཅི་ཡང་བསྟན་པའི་མདོ་དང་། འདུལ་བ་ལུང་དང་། མདོ་སྡེ་ལས་ཀྱི་མེ་ལོང་དང་། མདོ་སྡེ་མཛངས་བླུན་དང་། ཐེག་པ་ཆེན་པོའི་མདོ་རྣམས་སུ་རྒྱ་ཆེར་གསུང་པས། དེར་ལྟ་བར་བྱའོ། །བཀའ་གདམ་གྱི་བླ་མ་དག་གི་ཞལ་ནས། ཕན་ཡོན་ཆེ་བ་བག་རེ་ཐོས་ནས། བློ་བདེ་བ་འོང་བའི་ཕྱིར། རྒྱས་པར་དྲན་པ་ཉེར་བཞག་ལ་བལྟ་དགོས། ཞེས་གསུངས་སོ། །སྤྱིར་རྒྱུ་དགེ་བ་ལ་འབྲས་བུ་བདེ་བར་འབྱུང་ལ། རྒྱུ་དགེ་སྡིག་འདྲེས་མ་ལས་འབྲས་བུ་བདེ་སྡུག་འདྲེས་མ་བྱུང་བ་ནི། རྣ་བ་བྱེ་བ་རིས། ཉི་ཚེ་བའི་དམྱལ་བའི་གནས་སུ་ཕྱིན་པས། མཁར་བཟང་པོ་གཅིག་གི་ནང་ན་བུད་མེད་རིན་ཆེན་མང་པོའི་རྒྱན་པ་གཅིག་འདུག་པ། དེ་ལ་ཟས་སློང་པས་ནང་དུ་བོས་ཏེ། ཟས་བཟང་པོ་མང་པོ་བྱིན། དེ་ནས་ཁྲི་གཅིག་གི་ཟུར་བཞི་ན་ཡི་དྭགས་བཞི་བཏག་འདུག །འདི་པ་ལ་ཅི་ཡང་མ་སྟེར་ཟེར་ནས་སྒོར་སོང་། སྙིང་རྗེ་ནས་ཅུང་ཟད་བྱིན་པས་ཁོང་ཚོ་སྡུག་བསྔལ་མང་པོ་བྱུང་། མོ་ན་རེ། འདི་ཚོ་ཟོས་པས་ཆོག་ན་ངས་ཅི་མི་སྟེར་ཟེར། ཁྱེད་རྣམས་ལ་ཁྱད་པར་འདི་ཙམ་འབྱུང་བ་ཅི་ཡིན་དྲིས་པས། སྐྱེ་བ་སྔ་མ་ངེད་རྣམས་བཟའ་མི་ཡིན། ཁོང་ཚོ་ཞིང་ལས་ལ་སོང་བའི་དྲོ་ཆས་ཟིན་པ་དང་། དགེ་སློང་ཞིག་སྒོར་བྱུང་ནས་དེ་ལ་ཐམས་ཅད་དྲོང་སྟེ། དྲོ་བ་སྐྱར་ནས་གཡོས་པས་ཉི་མ་ཕྱི་མོར་སོང་བས། ཁོང་ཚོ་ཁྲོས་པས། སྔར་གྱི་ལོ་རྒྱུས་བརྗོད་པས། ཁོང་ཚོས་དགེ་སློང་ལ་ཚིག་ངན་སྨྲས། དེས་ཁོང་ཚོའི་ཚིག་ངན་གྱི་རྣམ་སྨིན་མཐོང་ཞིང་སྐྱེ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པས་ངེད་ཚོ་འདིར་སྐྱེས་པ་ཡིན། དེ་མིན་ན་ང་ལྷར་སྐྱེ་བར་འདུག་ཟེར་རོ། །ཡང་ཁང་པ་གཉིས་སུ་ཕྱིན་པས། གཅིག་ན་ཁྱེའུ་གཅིག་བུད་མེད་མཛེས་མ་བཞིའི་ཉིན་མོ་ལྷས་མཆོད་ཅིང་། ནུབ་མོ་དེ་བཞི་སྤྱང་མོ་བཞིར་གྱུར་ནས་དེ་ཟ་ཞིང་འདུག་པས་གཅིག་ན་དེ་ལས་བཟློག་པ་གཅིག་འདུག །དེའི་རྒྱུ་དྲིས་པས། སྔ་མ་སྨད་འཚོང་མ་ཡིན་པས་ཉིན་མོ་བསྡམ་པ་སྲུང་། ནུབ་མོ་མ་སྲུང་བས་དེ་ལྟར་གྱུར། གཅིག་ཤན་པ་ཡིན་པས་ཉིན་མོ་མ་སྲུང་མཚན་མོ་སྲུང་བས་འདི་ལྟར་འགྱུར་ཟེར། འོ་ན་དགེ་སྡིག་ལས་བདེ་སྡུག་འང་འབྱུང་ན། ད་ལྟ་སྡིག་ཅན་བདེ་བ་དང་། དགེ་བ་ཅན་ལ་སྡུག་བསྔལ་འབྱུང་བ་སྣང་བ་དེ་རྣམས་ནི། ད་ལྟའི་སྡུག་བསྔལ་སྔོན་གྱི་རྣམ་སྨིན་ཏེ། སྔ་མ་ཅི་བྱས་རང་གི་ལུས་ལ་ལྟོས། ཅེས་སོ། །ད་ལྟ་དགེ་སྡིག་བྱས་པས་སྟོབས་ཆེན་རེ་ཙམ་མ་གཏོག་ཕྱི་མ་ཕན་དུ་བྱུང་སྟེ། ཕྱི་མ་གར་འགྲོ་རང་གི་ལས་ལ་དྲིས། ཅེས་སོ། །འཕགས་པ་ཀ་ཏ་ཡ་ན་ལ། རྒན་མོ་གཅིག་གིས་ཆུ་ལྷུང་བཟེད་གང་ཕུལ་བས་ལྷར་སྐྱེས་པར་བཤད། པདྨ་དཀར་པོ་ལས། སངས་རྒྱས་ལ་དམིགས་ནས་ཐང་ནས་མེ་ཏོག་གཅིག་ནམ་མཁར་གཏོར་ནའང་། སྔོན་གྱི་མཐའ་མི་མངོན་པ་དེ་ཙམ་གྱིས། བསྐལ་པར་འཁོར་བའི་ཚེ། བརྒྱ་བྱིན་དང་འཁོར་ལོ་བསྒྱུར་རྒྱལ་ཐོབ་པའི་མཐའ་མི་རྙེད། ཅེས་སོ། །འདུལ་བ་ལུང་ལས། དགེ་བ་ཆུང་ངུ་དག་ལ་ཡང་། མི་ཕན་སྙམ་དུ་བརྙས་མི་བྱ། །ཆུའི་ཐིག་པ་བསོག་པ་ཡི། །སྣོད་ཆེན་རིམ་གྱི་གང་བར་འགྱུར། །ཅེས་སོ། །མི་དགེ་བ་ལ་ཡང་། ངག་གིས་ཉེས་བྱས་ཕྲ་མོ་རེ་རེས་ཀྱང་། སྐྱེ་བ་མང་པོར་སྡུག་བསྔལ་མྱོང་བར་གསུང་སྟེ། དགེ་སློང་མ་ཞིག་གིས་གྲོགས་རྣམས་ལ། ཁྱི་མོ་ཁྱོད་ཚོས་བྱས་པས། སྐྱེ་བ་ལྔ་བརྒྱར་ཁྱི་མོར་སྐྱེས་པ་དང་། དགེ་སློང་མ་བཞུད་པའི་རྩིག་ངོས་དང་། །ཀ་བ་ལ་ངར་སྣབས་བསྐུས་པས། རྩིག་པ་ལྟ་བུ་དང་། ཀ་བ་ལྟ་བུའི་དམྱལ་བར་སྐྱེས་པར་གསུང་སྟེ། འདུལ་བ་ལུང་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་དག་གིས་ཀྱང་། །རྩྭ་ཕུང་རི་ཙམ་བསྲེག་པར་བྱེད། །ཅེས་སོ། །དགེ་སྡིག་ཆེ་ཆུང་གི་ཁྱད་པར་གང་ཡིན་སྙམ་ན་སྦྱོར་དངོས་རྗེས་གསུམ་ཚང་ན་ཆེ། གཉིས་ཀྱིས་འབྲིང་། གཅིག་གིས་ཆུང་བའོ། །ཞེས་བདག་གི་བླ་མ་ཆོས་ཀྱི་སྤྱན་ཅན་གྱིས་གསུངས་སོ། །དེ་ལྟར་སྔོན་འགྲོ་ལ་འབད་པས་གནད་དུ་སོང་བའི་རྟགས་འབྱུང་སྟེ། དལ་འབྱོར་རྙེད་དཀའ་བསྒོམ་པའི་ཉིན་མཚན་ཆོས་ལ་བརྩོན་པ་འབྱུང་། འཆི་བ་མི་རྟག་པ་སྒོམ་པས་ཚེ་འདི་བློའི་ཐོང་སྙམ་པ་འབྱུང་། འཁོར་བའི་ཉེས་དམིགས་སྒོམ་པས་འཁོར་བ་ལ་ཞེན་པ་ལོག་པ་འབྱུང་། ལས་རྒྱུ་འབྲས་སྒོམ་པས་བླང་དོར་ལ་སྤྲོ་བ་འབྱུང་བའོ། །ཞེས་གསུངས་སོ། །སྤྱི་དོན་གཉིས་པ་སྔོན་འགྲོ་སྦྱོར་བའི་ཆོས་ཀྱི་རྒྱུད་ཡོངས་སུ་སྦྱོང་བ་ལ་བདུན་སྟེ། ཕྱི་པ་མུ་སྟེགས་པ་ནང་པ་སངས་རྒྱས་གཉིས་ཤན་འབྱེད་ཅིང་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་ངེས་པའི་སྐྱབས་འགྲོའི་ཁྲིད། ཐེག་པ་ཆེ་ཆུང་ཤན་འབྱེད་ཅིང་། གནས་སྐབས་དང་མཐར་ཐུག་གཞན་དོན་ཕུན་སུམ་ཚོགས་པའི་ཆེད་དུ་སེམས་བསྐྱེད་ཀྱི་ཁྲིད། སྒྲིབ་པ་དག་པར་བྱེད་པ་ལ་ཡི་གེ་བརྒྱ་བའི་སྒོམ་བཟླས་ཀྱི་ཁྲིད། ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད། བྱིན་རླབས་འཇུག་པར་བྱེད་པ་ལ་བླ་མའི་རྣལ་འབྱོར་གྱིས་ཁྲིད། བར་ཆད་བསལ་ཕྱིར་ཧཱུྃ་རིང་བགྲང་བའི་ཁྲིད། རླུང་སེམས་བཙན་ཐབས་སུ་སྦྱང་བ་ལ་མ་སྒོམ་འཕོ་བའི་ཁྲིད་དང་བདུན་ནོ། །དང་པོ་ཕྱི་པ་མུ་སྟེགས་པ་དང་ནང་པ་སངས་རྒྱས་གཉིས་ཤན་འབྱེད་ཅིང་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་ངེས་པའི་དོན་དུ་སྐྱབས་སུ་འགྲོ་བའི་ཁྲིད་ནི། མདུན་གྱི་ནམ་མཁའི་གནས་སུ་པདྨ་དང་ཟླ་བའི་གདན་ལ། མ་ཅིག་ལབ་ཀྱི་སྒྲོན་མ་ལ། གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་རྣམས་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་རང་ལ་ཞལ་གྱིས་ཕྱོགས། སྤྱན་གྱིས་གཟིགས་ཐུགས་ཀྱིས་དགོངས་ནས་བཞུགས་པར་བསྒོམ་ཞིང་འདི་སྐད་བརྗོད། བདག་ཅག་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་བར་ཆད་བྱེད་པའི་གདོན་བགེགས་རྣམས་ཀྱི་ཐོག་དྲངས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ༴ ཆོས་ལ༴ དགེ་འདུན༴ མ་ཅིག་ལབ་ཀྱི་སྒྲོན་མ་ལ༴ གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་རྣམས་ལ༴ རྟོག་ལྡན་ཉམས་ཀྱི་བརྒྱུད་པ་ལ༴ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ༴ དེ་ལྟར་བྱེད་པ་ཚར་ནས་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་། ཡན་ལག་བརྒྱད་པ་ཚར་ཅིག་བྱེད་པ་ནི་འདི་སྐད་དོ། །ན་མོ། གཉན་ས་འདིར་གནས་ཀྱི་ལྷ་འདྲེ་དང་། །བདག་ལ་ཆོ་འཕྲུལ་བསྟན་པའི་ནད་གདོན་རྣམས། །མ་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །མ་ལབ་སྒྲོན་ཁྱེད་ལ་སྐྱབས་སུ་མཆིའོ། །རང་རིག་ཡེ་ཤེས་སྟོན་མཛད་པའི། །བླ་མ་རྣམས་ལ་སྐྱབས་སུ༴ དངོས་གྲུབ་ངེས་པར་སྟེར་མཛད་པའི། །ཡི་དམ་རྣམས་ལ༴ བརྩེ་གདུང་དམ་ཚིག་ལྡན་མཛད་པ། །མཁའ་འགྲོ་རྣམས་ལ༴ བགེགས་དང་བར་ཆད་ཞི་མཛད་པའི། །ཆོས་སྐྱོང་རྣམས་ལ༴ སྤང་རྟོག་ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམས་ལ༴ ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་ཆོས་རྣམས་ལ༴ གང་ལ་ཕུལ་བའི་དོན་ཆེ་བའི། །དགེ་འདུན་རྣམས་ལ༴ གཞོན་ནུའི་མཛེས་ཚུལ་ཡོན་ཏན་ལྡན། །འཇམ་པའི་དབྱངས་ལ༴ ངེས་པར་སྙིང་རྗེ་བསྐྱེད་པ་ཡི། །སྤྱན་རས་གཟིགས་ལ༴ མཐུ་སྟོབས་ཆེན་པོ་གདུག་པ་འདུལ། །རྡོ་རྗེ་བསྣམས་ལ༴ ཅི་སྲིད་སྙིང་པོ་བྱང་ཆུབ་བར། །ཁྱེད་རྣམས་ལ་ནི་སྐྱབས་སུ་མཆིའོ། །ཁྱེད་རྣམས་ལ་ནི་གསོལ་བ་འདེབས། །ཁྱེད་རྣམས་ལ་ནི་རྟེན་བཅའོ། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །ཕུང་པོ་ལྔ་པོར་མཆོད་པར་བཞེས། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་དེས་སེམས་ཅན་བདེ་གྱུར་ཅིག །རྫོགས་སངས་རྒྱས་པར་སེམས་བསྐྱེད་དོ། །ཅེས་པས། མ་ཅིག་གིས་མཛད་པའི་སྐྱབས་འགྲོ་ཡན་ལག་བརྒྱད་པ་བྱ་བ་ཡིན་ནོ། །གཉིས་པ་ཐེག་པ་ཆེ་ཆུང་ཤན་འབྱེད་ཅིང་། གནས་སྐབས་དང་མཐར་ཐུག་གཞན་དོན་ཕུན་སུམ་ཚོགས་པའི་ཆེད་དུ་སེམས་བསྐྱེད་ཀྱི་ཁྲིད་ནི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་གཅོད་ཉམས་སུ་ལེན་པར་བྱ་སྙམ་དུ་བསམ་ལ། ངག་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་པའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །བྱས་པ་ཙམ་གྱིས་སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་དགྱེས་ཤིང་འཛུམ་པའི་ཚུལ་གྱིས། གདན་ཁྲི་དང་བཅས་པ་འོད་དུ་ཞུ་ནས། རང་གིས་ཚང་བུག་ཏུ་ཐིམ་པ་ཙམ་གྱིས་ལུས་ཕྱི་ནང་གིས་སྡིག་སྒྲིབ་དམ་ཚིག་ཆགས་ཉམས་ཐམས་ཅད་སངས་ཀྱིས་དག་པར་བསམ་ཞིང་། བདག་གི་དགེ་བའི་རྩ་བ་འདིའི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་དང་བདག་གིས་ཕ་མ་ཉེ་དུ་གཉེན་འབྲེལ། ཟས་ནོར་ཆོས་གསུམ་གྱི་འབྲེལ་པ་ཡོད་ཚད་ཀྱི་ཐོག་དྲངས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་ཐམས་ཅད་བྱང་ནས་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཅེས་སོ། །གསུམ་པ་སྒྲིབ་པ་དག་པར་བྱེད་པ་ལ། ཡི་གེ་བརྒྱ་བའི་བསྒོམ་བཟླས་ཀྱི་ཁྲིད་ནི། རང་གིས་སྤྱི་བོར་པདྨ་ཟླ་བའི་སྟེང་དུ། ཧཱུྃ་ལས་བླ་མ་དམ་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པས་རྡོ་རྗེ་གཡོན་པས་ དྲིལབུ next hit་འཛིན་པས་ཡུམ་ལ་འཁྱུད་པ་ཞབས་རྡོ་རྗེའི་དཀྱིལ་ཀྲུང་གི་བཞུགས་པའི་པང་ན། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ་ཡབ་ལ་འཁྱུད་ཅིང་། པདྨའི་དཀྱིལ་ཀྲུང་གིས་འཁྲིལ་བ། གཉིས་ཀ་རུས་པ་དང་རིན་པོ་ཆེའི་བརྒྱན་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ༀ་བཛྲ་ས་མ་ཡ་ཛ་ཛཿ ཛ་ཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། ལུས་ལོངས་སྤྱོད་ཐམས་ཅད་འབུལ་ལ། བླ་མས་བདག་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་རྩ་བ་དང་ཡན་ལག་གི་དམ་ཚིག་ཆགས་ཉམས་ཐམས་ཅད་དག་པར་མཛད་དུ་གསོལ། ༀ་ཤྲཱི་བཛྲ་ཧེ་རུ་ཀ་ས་ཏྭ་ས་མ་ཡ། མ་ནུ་པ་ལ་ཡ། ཤྲཱི་བཛྲ་ཧེ་རུ་ཀ་ཏེ་ནོ་པ་ཏིཥྛ། ཌི་དྲོ་མེ་བྷ་ཝ། སུ་ཏོ ཥྱོ་མེ་བྷ་ཝ། ཨ་ནུ་རཀ་ཏོ་མེ་བྷ་ཝ། སུ་པུཥྱོ་མེ་བྷ་ཝ། སརྦ་སིདྡྷི་མ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝ་ན། སརྦ་ཏ་ཐཱ་ག་ཏ་ཤྲཱི་བཛྲ་ཧེ་རུ་ཀ །བཛྲ་ས་ཏྭ་བྷ་ཝ། མ་ཧཱ་ས་མ་ཡ། ཤྲཱི་བཛྲ་ཧེ་རུ་ཀ་ས་ཏྭ་ཨཱཿ ཅེས་བརྗོད་པས། ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩི་བབ་པས་ལུས་ཕྱི་ནང་གིས་སྡིག་སྒྲིབ་སྒོ་གསུམ་གྱི་ཉེས་ལྟུང་ཐམས་ཅད་དག་ནས་ཚང་བུག་ནས་ལུས་སེམས་དཀར་མེར་གྱིས་གང་བར་བསམ་ཞིང་ཅི་ནུས་བཟླས་སོ། །བདག་གི་མི་ཤེས་རྨོངས་པ་ཡི། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ༀ་ཨཱཿཧཱུྃ། ཅེས་བརྗོད་པས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཞུ་ནས་རང་ལ་ཐིམ་པར་བསྒོམ་མོ། །བཞི་པ་ཚོགས་གཉིས་རྫོགས་པར་བྱེད་པ་ལ་མཎྜལ་གྱིས་ཁྲིད་ནི། མདུན་གྱིས་ནམ་མཁའི་ནས་སུ་པདྨ་ཟླ་བའི་གདན་ལ། རྩ་བའི་བླ་མ་དང་གཉིས་སུ་མེད་པ་མ་ཅིག་ལབ་ཀྱི་སྒྲོན་མ་ལ། གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ་རྣམས་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་བཞུགས་པར་བསྒོམ་ལ། དེ་དག་གིས་མདུན་དུ་མཎྜལ་འབུལ་བ་ནི། ལྤགས་པ་ཕྱལ་གྱིས་བཏིང་པས། དབང་ཆེན་གསེར་གྱི་ས་གཞིར་གྱུར། ཁྲག་ཆིལ་གྱི་བྱུང་བས་དྲི་བཟང་གི་ཆུར་གྱུར། ཤ་ཉིལ་གྱི་བྱུང་བས་མེ་ཏོག་གིས་ཆུར་གྱུར། ཟོ་ཁོག་རི་རབ་ཏུ་གྱུར། ཡན་ལག་གླིང་བཞིར་གྱུར། ཉིང་ལག་ཐམས་ཅད་གླིང་ཕྲན་བརྒྱད་དུ་གྱུར། མགོ་རྣམ་པར་རྒྱལ་བའི་ཁང་བཟང་། མིག་གཉིས་ཉི་མ་ཟླ་བ། སྙིང་ལ་སོགས་པའི་ནང་རོལ་རྣམས་ཡིད་བཞིན་གྱི་ནོར་བུ་ལ་སོགས་པའི་ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དཔག་ཏུ་མེད་པས་གང་བར་འགྱུར། ཨེ་མ་ཧོ། བརྡལ་ཁྱབ་ལྤགས་པའི་ཞིང་ཁམས་ཡོངས་གསལ་ལ། །གློ་སྙིང་ཤ་རུས་ཁྲག་ཞག་ལ་སོགས་པ། །རྩ་རླུང་ཐིག་ལེའི་ཚོམ་བུར་ལེགས་པར་བཀོད། །ཁ་རྗེ་དབང་ཐང་དཔལ་འབྱོར་ཆུས་སྲིད་དང་། །བསྙེན་གྲགས་ལོངས་སྤྱོད་སྣ་ཚོགས་རྒྱན་གྱིས་སྤྲས། །རླུང་སེམས་དག་པས་རྒྱ་ཆེན་ཡོངས་སྤེལ་ནས། །རང་སྣང་རྣམ་དག་བཤམ་པའི་མཎྜལ་འདི། །སྐྱབས་གནས་དཀོན་མཆོག་ཐུགས་རྗེ་ཅན་ལ་འབུལ། །དགྱེས་པར་དགོངས་ཤིང་མཆོད་པར་བཞེས་སུ་གསོལ། །བཞེས་ནས་བདག་ལ་འགྲོ་བ་མ་ལུས་པའི། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་ནས་ཀྱང་། །བླ་མེད་དོན་མཆོག་འབྲས་བུ་ཐོབ་པར་ཤོག །ལྷག་བསམ་རྣམ་དག་ལུས་ངག་ཡིད་གསུམ་གྱིས། །མཎྜལ་བཀོད་མཛེས་རྒྱན་ལྡན་འདི་འབུལ་བས། །འཕགས་པ་ཐུགས་རྗེ་ཅན་རྣམས་རབ་དགྱེས་ནས། །འཁོར་བ་དོང་སྤྲུག་འགྲོ་དོན་མཛད་པར་ཤོག །ༀ་ཨཱཿཧཱུྃ་གུ་རུ་དྷེ་བ་ཌཱཀྐི་ནི་ཧཱུྃ། སརྦ་བུདྡྷ་བོ་དྷི་ས་ཏྭ་མ་མ་ཀཱ་ཡ་ཝཀྐ་ཙིཏྟ་མཎྜ་ལ་པཱུ་ཙ་མེ་གྷ་ས་མ་ཡ་ས་མུ་ཏྲ་སྥ་ར་ན་ས་མ་ཡ་ཧཱུྃ་སྭཱ་ཧཱ། ཅེས་པས་མདུན་གྱི་ལྷ་ཚོགས་རང་ལ་བསྟིམ་མོ། །ལྔ་པ་བྱིན་རླབས་འཇུག་པར་བྱེད་པ་ལ། བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། རང་གི་སྤྱི་བོར་མདའ་གང་ཙམ་གྱིས་སྟེང་དུ། པདྨ་ཉི་མ་ཟླ་བའི་གདན་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་གངས་རི་ལ་ཉི་མ་ཤར་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་ཌཱ་མ་རུ། གཡོན་དངུལ་དཀར་གྱི་previous hit དྲིལབུ next hit་གཡེར་ཀ་དཀྲོལ་བ། སྐུ་ལ་རས་ཕྲུག་དཀར་པོའི་རལ་ག་མནབ་པ། དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་གིས་བཞུགས་པ། མཚན་དང་དཔེ་བྱད་འོད་ཟེར་དང་ལྡན་པ་བསམ། མ་ཅིག་གི་སྤྱི་བོར་པདྨ་ཉི་ཟླའི་སྟེང་དུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་གསེར་གྱི་མདོག་འདྲ་བ། ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྣམ་པ། འོག་མ་ན་ཤེས་རབ་ཀྱི་རལ་གྲི། གཡོན་དང་པོ་མཉམ་བཞག །འོག་མ་ན་ཤེས་རབ་ཀྱི་པོ་ཏི་བསྣམས་པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་། རལ་པ་ཐོར་ཚུགས་ལྷག་མ་གྲོལ་བ། རིན་པོ་ཆེ་སྣ་ཚོགས་དང་། དར་སྣ་ཚོགས་ཀྱིས་སྤྲས་པ། མཚན་དང་དཔེ་བྱེད་འབར་བ་གཅིག་བསམ། མ་ཅིག་གིས་གཡས་སུ་པདྨ་ཉི་ཟླའི་སྟེང་དུ། སངས་རྒྱས་བསྟན་པའི་གཙོ་བོ་ཤཱཀྱ་ཐུབ་པ་གསེར་གྱི་མདོག་འདྲ་བ། ཞལ་གཅིག་ཕྱག་གཉིས་པ། གཡས་ས་ནོན། གཡོན་མཉམ་བཞག །ཆོས་གོས་ངུར་སྨྲིག་གསོལ་བ། མཚན་དང་དཔེ་བྱད་འོད་ཟེར་མདོམ་གང་དང་བཅས་པ་བསྒོམ། མ་ཅིག་གི་གཡོན་དུ་འཇམ་དཔལ་སྨྲ་བའི་སེང་གེ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི། གཡོན་ཨུཏྤ་ལའི་ཁར་ཤེས་རབ་ཀྱི་པོ་ཏི་བསྣམས་པ། གསེར་མདོག་ཅན་རལ་པ་སྤྱི་བོར་བཅིང་བ། ལྷག་མ་ཐུར་དུ་གྲོལ་བ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་སྣ་ལྔའི་ཤམ་ཐབས་ཅན། སེམས་དཔའི་དཀྱིལ་ཀྲུང་གིས་བཞུགས་པ། ཡུམ་སྲས་དེ་བཞི་ལ་མདུན་ནས་གཡས་བསྐོར་དུ། པད་ཟླའི་གདན་ལ་རྗེ་བཙུན་སྒྲོལ་མ། མཁའ་འགྲོ་སུ་ཀ་སིདྡྷི། རྗེ་ཨཱརྱ་དེ་བ། དམ་པ་རྒྱ་གར། སྐྱོ་སྟོན་བསོད་ནམས་བླ་མ། མ་ཅིག་ལབ་ཀྱི་སྒྲོན་མ། ཁུ་སྒོམ་ཆོས་ཀྱི་སེངྒེ་ཕ་དོལ་པ་ཟང་ཐལ། རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། སངས་རྒྱས་དགེ་སློང་། སངས་རྒྱས་རས་པ། སངས་རྒྱས་གཉེན་སྟོན། རས་པ་ཆོས་སེང་། གཡུ་བཞེས་སྟོན་པ། སློབ་དཔོན་ཤེས་རབ་བླ་མ། རྗེ་བཙུན་དཔལ་འབར་བ། རྟོག་ལྡན་ནམ་མཁའ་རྡོ་རྗེ། སྐྱེས་མཆོག་ཚུལ་ཁྲིམས་རྒྱལ་མཚན། མཁས་བཙུན་ཛྙཱ་ན་ཀེ་ཏུ། རྩ་བའི་བླ་མ་ལ་སོགས་གྲུབ་ཐོབ་གཅོད་ཀྱི་བརྒྱུད་པའི་བླ་མ་ཐམས་ཅད། སངས་རྒྱས་བྱང་ཆུབ་སེམས་དཔའ། བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་སྤྲིན་གཏིབ་པ་ལྟར་བསྐོར་ནས་བཞུགས་པར་སྒོམ། དེ་ནས། བཛྲ་ས་མ་ཡ་ཧཱུྃ་ཛ་ཛཿ ཅེས་ལན་གསུམ་གྱིས་ཡེ་ཤེས་པ་སྤྱན་དྲངས་སོ། །ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ་ཞིང་། ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་ཉིད་ཡིན་པར་ངེས་པས། རང་གིས་ཁ་ཚིག་ཙམ་མ་ཡིན་པར་ཤའི་ཏིང་། རྐང་གི་ཁུང་། སྙིང་གི་དཀྱིལ་ནས་མོས་གུས་བྱེད་ལ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་རང་གི་འཁོར་དུ་གྱུར་པར་བསམ་ཞིང་། མགྲིན་གཅིག་ཏུ་གསོལ་བ་གདབ་པ་ནི། ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་སོགས་པའི། །སྐྱེ་མེད་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རྒྱལ་བ་ཤཱཀྱའི་རྒྱལ་པོ་ལ་སོགས་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ༴ འཇམ་དཔལ་སྨྲ་བའི་སེངྒེ་ལ་སོགས་པའི། །རྒྱལ་སྲས་འཕགས་པ་རྣམས་ལ༴ རྗེ་བཙུན་ཨཱརྱ་དེ་བ་ལ༴ འཛམ་གླིང་སྐྱེས་མཆོག་རྣམས་ལ༴ ཕ་ཅིག་དམ་པ་རྒྱ་གར་ལ་སོགས༴ རྒྱ་གར་གྲུབ་ཐོབ་རྣམས་ལ༴ སྐྱོ་སྟོན་བསོད་ནམས་བླ་མ་ལ་སོགས༴ བོད་ཡུལ་སྐྱེས་མཆོག་རྣམས་ལ༴ མ་ཅིག་ལབ་ཀྱི་སྒྲོན་མ་ལ་སོགས་པའི། །ཡེ་ཤེས་མཁའ་འགྲོ་རྣམ་ལྔ་ལ༴ ཁུ་སྒོམ་ཆོས་ཀྱི་སེངྒེ་ལ་སོགས༴ སྐྱེ་མེད་དོན་རྟོགས་རྣམས་ལ༴ ཕ་ཅིག་དོལ་པ་ཟང་ཐལ༴ སྐྱེས་མཆོག་དོན་འགྲུབ་རྣམས་ལ༴ རྗེ་བཙུན་རྒྱ་ནག་གཅེར་བུ་ལ་སོགས༴ རྣལ་འབྱོར་འཁྲུལ་ཞིག་རྣམས༴ སངས་རྒྱས་རབ་སྟོན་ལ་སོགས༴ མཁས་གྲུབ་ཆེན་པོ་རྣམས་ལ༴ སངས་རྒྱས་དགེ་སློང་ལ་སོགས༴ ཚུལ་ཁྲིམས་མཐར་ཕྱིན་རྣམས་ལ༴ སངས་རྒྱས་སུམ་པ་རས་ཆེན་ལ༴ བརྟུལ་ཞུགས་གྲུབ་རྣམས་ལ༴ སངས་རྒྱས་གཉེན་སྟོན་ལ་སོགས༴ ཆོས་ཀྱི་སྤྱན་ལྡན་རྣམས་ལ༴ རས་པ་ཆོས་ཀྱི་སེངྒེ་ལ༴ རྣལ་འབྱོར་དབང་ཕྱུག་རྣམས༴ རྗེ་བཙུན་བཛྲ་སེང་ཧ་ལ༴ དམ་ཆོས་སྨྲ་བ་རྣམས༴ སློབ་དཔོན་པྲ་ཛྙཱ་གུ་རུ་ལ༴ རྟོག་ལྡན་དམ་པ་རྣམས༴ རྗེ་བཙུན་བཛྲ་ཤྲཱི་ལ༴ འགྲོ་བའི་མགོན་པོ་རྣམས་ལ༴ རྟོག་ལྡན་ནམ་མཁའ་རྡོ་རྗེ་ལ༴ དོན་གཉིས་གྲུབ་པ་རྣམས༴ སྐྱེས་མཆོག་ཚུལ་ཁྲིམས་རྒྱལ་མཚན་ལ༴ བསྐྱེད་རྫོགས་བརྟེན་ཐོབ་རྣམས༴ མཚུངས་མེད་ཆོས་ཀྱི་རྡོ་རྗེ་ལ༴ སྡོམ་གསུམ་མཐར་ཕྱིན་རྣམས་ལ༴ མཁས་གྲུབ་ཛྙཱ་ན་ཀེ་ཏུ་ལ༴ མཁས་བཙུན་དམ་པ་རྣམས༴ དྲིན་ཆེན་རྩ་བའི་བླ་མ་ལ༴ གྲུབ་ཐོབ་གཅོད་བརྒྱུད༴ ཐར་པའི་ལམ་སྟོན་རྣམས་ལ༴ ཕན་བདེའི་འབྱུང་གནས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ བདག་སོགས་མཁའ་མཉམ་འགྲོ་བའི་སེམས་ཅན་རྣམས། །མ་རིགས་མུན་པ་སང་བར་བྱིན་གྱིས་རློབས། །གཟུང་འཛིན་མདུད་པ་གྲོལ་བར་བྱིན་གྱིས་རློབས། །སྒྲིབ་གཉིས་བག་ཆགས་མེད་པར་བྱིན་གྱིས་རློབས། །སྨོན་འཇུག་སེམས་མཆོག་བསྐྱེད་པར༴ ཕ་རོལ་ཕྱིན་དྲུག་རྫོགས་པར༴ རྐྱེན་ངན་གྲོགས་སུ་འཆར་བ༴ སྣང་སྲིད་ཆོས་སྐུར་འཆར་བར༴ སྟོང་ཉིད་སྙིང་རྗེ་འབྱུང་བ༴ བདག་དོན་ཆོས་སྐུ་རྟོགས་པར་བྱིན༴ གཞན་དོན་གཟུགས་སྐུ་འབྱུང་བར༴ དོན་གཉིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས༴ ཅེས་པས་གསོལ་བ་བཏབ་ནས་དབང་བཞི་ལེན་པ་ནི། ལྷ་ཚོགས་ཀུན་གྱི་སྤྱི་བོ་ནས་ༀ་དཀར་པོ་འོད་དང་བཅས་པ་བྱུང་། བདག་གིས་སྤྱི་བོར་ཐིམ། དག་བྱ་ནི་ལུས་ཀྱི་སྒྲིབ་པ་དག །ཐོབ་བྱ་ནི་སྐུ་བུམ་པའི་དབང་ཐོབ། ཡང་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་ཨཱཿདམར་པོ་འོད་ཟེར་དང་བཅས་པ་བྱུང་། བདག་གིས་མགྲིན་པར་ཐིམ་པས། དག་བྱ་ནི་ངག་གི་སྒྲིབ་པ་དག །ཐོབ་བྱ་ནི་གསང་བའི་དབང་ཐོབ། ཡང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཧཱུྃ་མཐིང་ཀ་འོད་ཟེར་དང་བཅས་པ་བྱུང་། བདག་གིས་ཐུགས་ཀར་ཐིམ་པས། དག་བྱ་ནི་ཡིད་ཀྱི་སྒྲིབ་པ་དག །ཐོབ་བྱ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡང་ལྷ་ཚོགས་རྣམས་ཀྱིས་གནས་གསུམ་ནས། ༀ་ཨཱཿཧཱུྃ་གསུམ་དུས་ཅིག་ཏུ་བྱུང་བས། བདག་གིས་གནས་གསུམ་དུ་དུས་གཅིག་ཐིམ་ནས། དག་བྱ་ནི་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །ཐོབ་བྱ་ནི་ཚིག་དབང་རིན་པོ་ཆེ་ཐོབ་པར་བསམ་ཞིང་། ངག་ཏུ་ༀ་ཨཱཿཧཱུྃ་གང་ཐོན་བྱའོ། །དེ་ནས་ལྷ་ཚོགས་རྣམས་ཀྱང་རྩ་བའི་བླ་མ་ལ་བསྟིམ་ཞིང་། རྩ་བའི་བླ་མ་སྤྱི་གཙུག་ཚང་བུག་ནས་མར་བྱུང་། སྙིང་པདྨ་འདབ་བརྒྱད་ཀྱི་སྟེང་དུ་སྐུ་ཚོན་གང་བ་ཙམ་ལ་སྤྱན་ཁྲ་ཟིམ་མེ་ཐུགས་དགའ་ཡ་ལེ། ཞལ་འཛུམ་མུ་ལེ་བ་དེ་ལ་ཤེས་པ་གཏད་ཅིང་སྙིང་དབུས་ཨ་ཝ་དྷུ་ཏིའི་གཞལ་ཡས་སུ། མཚན་ལྡན་རྩ་བའི་བླ་མ་ལ་གསོལ་བ་འདེབས། སྐུ་ལྔ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཅེས་ལན་གསུམ་བརྗོད། དེ་ནས་བླ་མ་དེ་ཡང་འོད་དུ་ཞུ་ནས། རང་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པའི་ངང་ནས། འདས་མ་འོངས་ད་ལྟའི་རྟོག་པ་གང་གིས་ཡང་མ་སླད་པའི་ངང་དུ་རང་སར་བཞག་གོ། །རྗེས་དགེ་བའི་རྩ་བ་བླ་མེད་དུ་བསྔོ་བ་ནི། སྨོན་ལམ་རྒྱས་འབྲིང་བསྡུས་གསུམ་གང་རུང་བ་བྱའོ། །དྲུག་པ་བར་ཆད་བསལ་ཕྱིར་ཧཱུྃ་རིང་བསྒྲང་བའི་ཁྲིད་ཀྱི་ཐང་ཀ་ནི། འོག་གི་དངོས་གཞིའི་སྐབས་སུ་ཞི་བ་དང་དྲག་པོའི་གཅོད་ཁྲིད་སྟོན་པ་དེ་ཉིད་དུ་གསལ་ལོ། ༈ །བདུན་པ་རླུང་སེམས་བཙན་ཐབས་སུ་སྦྱོང་བ་ལ། མ་བསྒོམ་ཕོ་བའི་ཁྲིད་ཀྱི་ཐང་ཀ་ནི། སྐབས་སྐབས་ན་དབྱིངས་རིགས་བསྲེ་བའི་དུས་སུ་གསལ་ལོ། །དེ་ཡན་ཆད་ཀྱི་སྦྱོར་བ་སྔོན་འགྲོའི་ཆོས་དེ་སོང་། ༈ སྤྱི་དོན་གཉིས་པ་དངོས་གཞིའི་ཉམས་ལེན་གྱི་རིམ་པ་ལ་གསུམ་སྟེ། བློ་ཐ་མལ་རྣམ་རྟོག་གི་སྤྲོས་པ་གཅོད་པ་ཕྱིའི་གཅོད། བློ་འབྲིང་རིག་པ་ལ་དབང་བསྒྱུར་བ་དྲན་པ་ནང་གི་གཅོད། བློ་རབ་ཆོས་ཉིད་ཀྱི་ལྟ་བ་རྟོག་པ་གསང་བའི་གཅོད་དོ། །དང་པོ་ལ་བཞི་སྟེ། ཞི་བའི་གཅོད། ཞི་དྲག་སྤེལ་མའི་གཅོད། དྲག་པོའི་གཅོད། རྩ་རླུང་ཐིག་ལེའི་གཅོད། དང་པོ་ཞི་བའི་གཅོད་ནི། རང་གིས་སྤྱི་གཙུག་དུ་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ། དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། ཕྱག་གཡས་པས་ཌཱ་མ་རུ་དང་གཡོན་པས་previous hit དྲིལབུ next hit་སྐུར་བསྟན་པ། འོད་ཀྱིས་རང་བཞིན་དུ་བཞུགས་པ། དེ་ལ་བརྒྱུད་པའི་བླ་མ་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བར་བསམ། མ་ཅིག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། གནོད་བྱེད་གཞི་བདག་གིས་གཙོས་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལ་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དད་ཅིང་མོས་པའི་ཚུལ་དུ་གྱུར་པར་བསམ། རང་གི་གསོལ་བ་ཅི་ཙམ་བཏབ་པ་ཙམ་གྱིས། དེ་རྣམས་ཀྱིས་ཀྱང་གསོལ་བ་བཏབ་པར་བསམ། དེ་ནས་ཕཊ་བྱས་པས། རང་གིས་ཐུགས་ཀར་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་བྱ་མ་སར་གྱི་སྒོང་ང་ཙམ་ཅིག །ཚངས་པའི་བུ་ག་ནས་ཏལ་གྱི་བུད་ནས་མ་ཅིག་གི་ཐུགས་ཀར་ཐིམ་པར་བསམ་ཞིང་། མ་ཅིག་ནམ་མཁའ་ལ་འཇའ་ཡལ་བ་དང་དུ་མཉམ་ལ། རང་གི་ལུས་ཀྱི་ལྤགས་པ་དེ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་རུས་ཁྲག་གསུམ་ལྟེམ་གྱི་ཞུ་ནས། བདུད་རྩིའི་རྒྱ་མཚོ་དཀར་ཆིལ་གྱིས་གང་བར་བསམ། དེའི་ཕུད་བླ་མ་དཀོན་མཆོག །སངས་རྒྱས་བྱང་སེམས། མ་ཅིག་ལབ་སྒྲོན་ལ་སོགས་གྲུབ་ཐོབ་གཅོད་ཀྱི་རྒྱུད་པ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། དེ་ནས་ཡོན་ཏན་རིགས་དྲུག་གནོད་བྱེད་ལན་ཆགས་རྣམས་ལ་རིམ་གྱིས་ཕུལ་བས། མཉེས་ཤིང་ཚིམ་ནས་བླ་མེད་སངས་རྒྱས་ཐོབ་པར་བསམ། ཕཊ་དམིགས་མེད་ངང་ལ་བཞག །བསྔོ་བ་བྱའོ། ༈ །དེའི་རྗེས་ལ་ཞི་དྲག་སྤེལ་མའི་གཅོད་སྟོན་པ་ནི། དེ་ཡང་རང་གི་སྤྱི་བོར་པད་ཟླའི་སྟེང་དུ། མ་ཅིག་ལབ་སྒྲོན་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། སྤྱན་ཙ་ཅུང་ཟད་དམར་བ། དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། གཡས་པས་ཌཱ་མ་རུ། གཡོན་པས་previous hit དྲིལབུ next hit་སྐུ་ལ་བརྟེན་ནས་གར་ཐབས་སུ་བཞུགས་པ། དེ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསམ། དེ་ནས་མ་ཅིག་གིས་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས། སྣང་སྲིད་ཀྱི་ལྷ་འདྲེ་རྣམས་འོད་ཟེར་གྱི་སྣ་ལ་རང་དབང་མེད་པར་འདུས་པར་བསམ། དེ་རྣམས་ཀྱི་སྲོག་གི་སྙིང་པོ་ཕྱག་རྒྱའི་བར་དུ་བཅུག་ནས། དད་མོས་ཀྱི་ཚུལ་དུ་གསོལ་བ་བཏབ་པར་བསམ། སྲོག་གི་སྙིང་པོ་ལ་འོད་ཟེར་གནད་དུ་ཟུག་པས་བཀའ་ལ་ཉན་ཅིང་ཆོས་དགེ་བའི་མཐུན་འགྱུར་བྱེད་པར་ཁས་བླང་བར་བསམ། དེ་ནས་ཕཊ་བྱས་པས་རང་གིས་རྣམ་པར་ཤེས་པ་སྤྱི་བོ་ཏལ་གྱི་བུད་ནས་མ་ཅིག་གི་ཐུགས་ཀར་ཐིམ། མ་ཅིག་ནམ་མཁར་ཡལ་བ་དང་དུས་མཉམ་ལ། རང་གིས་ལུས་པོ་དེ་ཐར་གྱི་སོང་ནས། ཤ་ཁྲག་བདུད་རྩིའི་འོ་མ། འདོད་པའི་ཡོན་ཏན་དཔག་ཏུ་མེད་པར་གྱུར་ནས། སོ་སོ་རང་རང་གི་གང་འདོད་པས་ཚིམ་ནས་བླ་མེད་སངས་རྒྱས་ཐོབ་པར་བསམ། དེ་ནས་ཕཊ་བརྗོད་པས་མཉམ་པར་བཞག་པར་བྱའོ། །བསྔོ་བ་དང་སྨོན་ལམ་བཏབ། དེ་ནས་དྲག་པོའི་གཅོད་བྱེད་པར་འདོད་པས། སྤྱི་བོར་མ་ཅིག་སྐུ་མདོག་དམར་སྨུག་གཡས་ཌཱ་མ་རུ། གཡོན་previous hit དྲིལབུ next hit་སྐུར་བརྟེན་པ། དབུ་སྐྲ་སིལ་བུར་གྲོལ་བ། ཅུང་ཟད་ཁྲོས་པ་ཞིག་བསམ། དེའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པས། རང་གདོན་དང་གཉན་སའི་གདོན་གྱིས་གཙོ་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། སྣང་སྲིད་ཀྱི་ལྷ་འདྲེ་རྣམས་ཀྱི་སྙིང་དཀར་ནག་མཚམས་སུ་ཟུག་ནས་རང་དབང་མེད་པར་འདུས་པར་བསམ། གསོལ་བ་དྲག་ཏུ་བཏབ། དེ་ནས་ཕཊ་བྱས་པས། རྣམ་ཤེས་མ་ཅིག་ལ་ཐིམ་པས། མ་ཅིག་ནམ་མཁའ་ལ་འཇའ་ཡལ་བ་དང་དུས་མཉམ་དུ། རང་གི་ལུས་པོ་སྒང་རློན་བྲག་ལ་བརྒྱབ་པ་བཞིན་དུ། ཤ་ཁྲག་དམར་ཉིལ་གྱི་སོང་ནས་ཐམས་ཅད་མཉེས་ཤིང་ཚིམ་པར་བསམ། དེ་ནི་མཐའ་གཏད་དང་བྲོས་བཀུག་ཀྱང་ཡིན་ནོ། ༈ །བཞི་པ་རྩ་རླུང་ཐིག་ལེའི་གཅོད་ནི། སྟོང་པ་ཉིད་ཀྱི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་ཉིད་མ་ཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དམར་མོ། དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པ། གཡས་ཌཱ་མ་རུ། གཡོན་previous hit དྲིལབུ next hit་གཡེར་ཁ་འཛིན་པ། འོད་ཀྱི་རང་བཞིན་དུ་བཞུགས་པར་བསམ། དེའི་ནང་དུ་རྩ་གསུམ་ཤེལ་གྱི་སྦུ་གུ་ལྟ་བུ། གསལ་ལ་སྟོང་པ་དྲང་ཤད་དེ་ཡོད་པར་བསམ། མར་སྣེ་གསང་གནས་སུ་ཟུག་ནས། ཡར་སྣེ་ཚང་བུག་ཏུ་ཟུག་པ་ར་ལ་ར་ས་ནི་སྣ་བུག་གཉིས་ནས་ཟུག་པ་གང་གིས་ཀྱང་མ་སྒྲིབ་པ་དྭངས་སང་ངེ་བ་གཅིག་བསམ། རྩ་གསུམ་འདུས་མདོར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཐིག་ལེ་དམར་པོ་ལུང་ཐང་གི་རྡོག་མ་ཙམ་གཅིག་བསམ། ཐིག་ལེ་དེ་ཡང་ཁ་དོག་དམར་བ། རེག་བྱ་ཚ་བ། ངོ་བོ་བདེ་བ། རྣམ་པ་གསལ་ལམ་མེ་བ་གཅིག་ཏུ་བསམ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ནག་པོའི་ར་རི་མེད་པ། འོད་ཀྱི་རང་བཞིན་དཀར་ལམ་མེ་བ་གཅིག་བསམ། དེའི་སྟེང་དུ་ཐིག་ལེ་དཀར་པོ་ལང་ཏོང་གི་རྣམ་པ་ཙམ་གཅིག་བསམ། ཐིག་ལེ་དེ་ཡང་ཁ་དོག་དཀར་པོ་རེག་བྱ་འཇམ་པ། ངོ་བོ་བདེ་བ། རྣམ་པ་གསལ་བ་ཧྲི་ལེ་བ་གཅིག་བསམ། དེ་ནས་རླུང་ལན་གསུམ་འབུད་པའི་དུས་སུ་རང་གིས་བདེ་བ་དང་བྱིན་རླབས་དཔག་ཏུ་མེད་པ། ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཕོག་པས། དེ་རྣམས་ཀྱི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་སོང་གི་དག་ནས། བླ་ན་མེད་པའི་སངས་རྒྱས་ཐོབ་པར་བསམ། དེ་ནས་རླུང་ཚུར་འཐེན་པའི་དུས་སུ་སེམས་ཅན་ཐམས་ཅད་ཀྱིས་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་རླུང་དང་འགྲོགས་ནས་རང་གིས་སྣ་བུག་གཉིས་ནས་ཞུགས་པས་རྩ་རོ་རྐྱང་གཉིས་ཀྱི་ནང་དུ་ཤར་གྱི་བྱུང་ནས། གསང་གནས་ཀྱི་ཐིག་ལེ་དམར་པོ་ལ་ཐིམ་པར་བསམ། དེ་ནས་ཕཊ་བྱས་པས། ཐིག་ལེ་དམར་པོ་ཡེ་ཤེས་ཀྱི་མེ་འབར་བས། ལྟེ་བ་སྙིང་ཁ་མགྲིན་པ་སྤྱི་བོར་འུ་རུ་རུ་འབར་བས། བདག་དང་སེམས་ཅན་གྱི་ཉོན་མོངས་པའི་རྣམ་པར་རྟོག་པ། སྡིག་པ་དང་སྒྲིབ་པ་ཐམས་ཅད་སེང་གི་ཚིག་ནས་བླ་ན་མེད་པའི་སངས་རྒྱས་ཐོབ་པར་བསམ། དེ་ནས་ཕཊ་བྱས་པས། གསང་གནས་ཀྱི་ཐིག་ལེ་ཉི་མའི་དཀྱིལ་འཁོར་དང་བཅས་པ་སྙིང་ཁ་ནས་ཡར་བྱུང་བས་ཉི་ཟླ་གའུ་ཁ་སྦྱོར་གྱི་ཚུལ་དུ་ཡོད་པར་བསམ། དེའི་ནང་དུ་ཐིག་ལེ་དཀར་དམར་གཉིས་གཡས་གཡོན་དུ་གཅིག་གི་གཅིག་ལ་རེག་ཙམ་བྱེད་པ་ལ་བརྟེན་ནས་རང་གི་ལུས་ངག་ཡིད་གསུམ་བདེ་ལྡེམ་ལྡེམ་བྱེད་པར་བསམ། དེ་ནས་འཇོག་པའི་དུས་སུ་ཐིག་ལེ་དཀར་དམར་ཉི་ཟླ་དང་བཅས་པ་དཀྲུག་གི་འདྲེས་པས་ལུས་ལ་ཐིམ། ལུས་ཀྱང་འཇའ་ཚོན་སྣ་ལྔའི་ཚུལ་དུ་ནམ་མཁའ་ལ་ཡལ་ནས་སྟོང་སངས་ཀྱིས་སོང་བར་བསམ། དེ་ནས་མཉམ་པར་བཞག་གོ། །དེ་ལྟར་ཞི་བ་དང་། དྲག་པོ། ཞི་དྲག་སྤེལ་མ། རྩ་རླུང་ཐིག་ལེའི་གཅོད་བཞིས་ཕྱིའི་གཅོད་སོང་བ་དེས། ཐ་མ་རྣམས་རྟོག་སྤྲོས་པའི་གཅོད་བྱ་བ་ཡིན་ནོ། །གཉིས་པ་བློ་འབྲིང་པོས་རིག་པ་ལ་དབང་བསྐུར་བ་ནང་གི་གཅོད་ཁྲིད་ལ་གཉིས་སྟེ། སེམས་མི་གནས་པ་གནས་པའི་ཐབས། གནས་པ་བོག་འདོན་པར་བྱེད་པའི་ཐབས་ཀྱི་སེམས་ཚོལ་ངོ་སྤྲོད་བྱེད་པའོ། །དང་པོ་ལ་གཉིས་ཏེ། མཚན་བཅས་ཀྱི་གནས་ཐབས་དང་། མཚན་མེད་ཀྱིས་གནས་ཐབས་སོ། །དང་པོ་ལ་མཚན་བཅས་ནི། མཐིང་ཐོག་ལ་དངུལ་གྱི་ཨ་གཟབ་དུ་བྲིས་ལ་ཤིང་ལ་སྐྱོན། མདུན་དུ་འདམ་གང་གི་སར་གཟུགས་ལ། ལུས་རྣམ་སྣང་གི་ཆོས་བདུན་ནི། རྐང་པ་དཀྱིལ་ཀྲུང་། ལག་པ་མཉམ་བཞག །སྒལ་ཚིག་དྲང་པོར་སྲང་། མགྲིན་པ་ཅུང་ཟད་འགུག །མཆུ་དང་སོ་རང་སར་བཞག །མིག་སྣ་རྩེར་ཕབ། ལྕེ་རྐན་དང་སོ་ལ་རེག་ཙམ་བྱའོ། །དེ་ནས་མིག་གཉིས་ཨཱ་ལ་གཏད། རིམ་གྱིས་མི་བལྟ་གཅིག་ཆར་དུ་བལྟ། བྱེ་བྲག་ཏུ་མི་ལྟ་སྤྱི་ལ་བལྟ། ཁབ་མིག་ཏུ་རྐུད་པ་འཛུད་པ་བཞིན་བྱེད། སྔ་རབ་འདས་པའི་རྗེས་མི་སྔར་བྱས་བག་ཆགས་ཉག་རིང་བས་བཅད། ཕྱི་རབ་འོངས་བའི་མདུན་མི་བསུ། །ད་ལྟ་ལས་མི་བཅོལ། ད་ལྟའི་འཁྲུལ་བ་འགྲིས་སླ་བས། ལུས་པོ་མི་བརྒུལ། མིག་ཚམ་ཚུམ་མི་བྱེད། མཆིལ་མ་མི་མིད། ཁ་མི་གསུམ། ཆུ་གསུམ་འབྲུག་ཀྱང་རང་བབ་ལ་བཞག །དེ་ནས་རིག་པ་ཟིན་རྟགས་འབྱུང་། ལུས་འདར་བ་དང་། སྔང་བ་དང་། ཐོད་རྒལ་དུ་ངུ་བ་དང་། དྲན་མེད་དུ་རྣམ་རྟོག་རྒྱུན་ཆད་པ་དང་། གཡོ་མེད་དུ་རི་དང་ནམ་མཁའ་མེད་པ་ལྟ་བུ་དང་། བྱིས་ཕྲུག་ལ་སེར་བུ་ཕོག་པ་ལྟ་བུ་དང་། རུ་སྦལ་མཁར་གཞོང་དུ་བཞག་པ་ལྟ་བུ་འབྱུང་། དེ་རྣམས་བྱུང་ན། ཟིན་པའི་རྟགས་ཡིན་པས། དལ་ཙམ་ཀློད་ནས་ངལ་བསོ་ཞིང་། ཆུ་གསུམ་ཕྱིས། རྐང་ལག་འཕུད། རོ་སྟོད་བསིང་ཞིང་ཧ་ཕཊ་བྱ། གང་ལ་གཏད་པའི་དམིགས་པ་ལ། གཞན་དུ་མི་འཕྲོ་བར་རྩེན་ནེ་གནས་ན། མཚན་བཅས་ཀྱི་སེམས་འཛིན་མི་འཕྲོ་བའི་ཚད་ཡིན་ནོ། །གཉིས་པ་མཚན་མེད་ཀྱིས་གནས་ཐབས་ནི། མ་ཅིག་གིས། གནས་ལུགས་བསྒོམ་པའི་བཞག་ཐབས་ནི། ལྷ་ཁང་ནང་གིས་འདེར་སོ་བཞིན། འདུག་ཚུལ་བཅས་ཞལ་འཛུམ་ཡང་། །མི་སྒོམ་མི་སེམས་མི་ཡེང་ལྟར། །རང་ལུས་གར་བདེ་འདུག་ནས་ནི། །མི་བསམ་མ་བསམ་མ་ཡེང་པར། །མ་བཅོས་ལྷུན་གྱིས་གྲུབ་པར་ཞོག །ཅེས་གསུངས་པས། ལུས་གནད་བཅའ་གཞི་གོང་དང་འདྲ། །མིག་ནི་བར་སྣང་དུ་གཏད་ལ། །མི་མཐོ་མི་དམའ་རྒྱང་མི་རིང་། །མདུང་གང་གི་སོ་ལ་རིག་པ་གཏད། །གཡོ་འགུལ་མེད་པར་མེ་རེ་བཞག །རྟག་དཔྱད་མི་བཏང་ཧད་དེ་བཞག །ལུས་ནི་རོའི་ཚུལ་དུ་བཞག །བདག་པོ་མེད་པའི་ཚུལ་དུ་བཞག །སེམས་ནི་ནམ་མཁའི་ཚུལ་དུ་བཞག །བར་སྣང་སྟོང་པའི་གོང་བཞིན་དུ། །སེམས་ལ་རྟོག་དཔྱོད་ཀྱི་བྱ་བ་གང་ཡང་མི་བྱེད་པར། །རིག་པ་ཧད་དེ་ཕྱད་དེ་བཞག་གོ། །མཁས་པས་ནོར་ལུག་སྐྱོངས་བ་བཞིན་དུ། །ཤེས་པ་སྡུག་བཙིར་མི་བྱེད་པར། །ལྷོད་དེ་འབོལ་ལེ་ཤིག་སེ་བཞག་གོ། །རླུང་གིས་མ་སྤྱོད་པའི་མར་མེ་ལྟ་བུ། རྩེ་གཅིག་གིས་ངང་ལས་སེང་ངེ་ཡེ་རེ་བཞག་གོ། །དྲན་པའི་རྣམ་རྟོག་ཅི་སྐྱེས་ཞིང་མཚན་མའི་ལོང་ལོང་ཅི་ཤར་ཡང་། དེ་ཀ་མ་བཅོས་རང་སར་ཀློད་ལ་བཞག་གོ། །མདོར་ན་གང་ཤར་བའི་ངོ་བོ་དེ་ཉིད་མ་སྤང་མི་དགག་ལ་དེ་ཀ་རང་དེ་རྒྱང་འཚོ་དང་བབ་འཚོ་བྱེད་ལ་བཞག་གོ། །དེ་ལ་ཐུན་དང་གྲངས་སུ་བཅད། ཐུན་ཡུན་མི་རིང་ངལ་དུབ་ཀྱི་རྒྱུ་ཡིན། མཉམ་བཞག་བདེ་བའི་ཚེ་ན་འཕྲོ་བཅད་ནས་བཞག །ཐུན་ཐུང་ཞིང་གྲངས་མང་བ་ལ་བསླབ་བོ། །རྗེས་ཀྱི་དུས་སུ་མོས་གུས་བསྒོམ། འགྲོ་བ་རྣམས་ལ་སྙིང་རྗེ་བསྐྱེད། འགྲོ་བའི་སྡུག་བསྔལ་ཉེས་དམིགས་ཐམས་ཅད་བསྒོམ། འཁྲུལ་པའི་ལས་ལ་ཞན་པ་ལོག་པར་བྱེད། མི་རྟག་འཆི་བའི་བསྐུལ་མས་འདེབས། སྣང་བ་བདེན་མེད་སྒྱུ་མ་རུ་བསྒོམ། མཉམ་བཞག་དུས་སུ་ངང་ལ་བཞག་མ་ཡེང་པར་རྩེ་གཅིག་ཏུ་དྲན་པས་བཟུང་བ་གཅེས་སོ། །དེས་གསལ་ལ་རྟོག་པ་མེད་པའི་ངོ་བོ་ཤར་བ་ཡིན་ནོ། །དེ་ལ་ཡོན་ཏན་ཅི་བྱུང་ན། རྣམ་རྟོག་གཉུག་མའི་སེམས་སུ་དངས་ཞིང་སྙིག་མའི་དྲན་རྟོག་རང་སར་དག་ནས། ཞི་གནས་ཀྱི་ངང་ལ་མཉམ་པར་བཞག་ནས། ལྷག་མཐོང་གི་འོད་གསལ་ངང་གི་འཆར་བ་ཡིན་ནོ། །དེ་ལ་བྱིང་རྒོད་ཀྱི་གེག་བྱུང་ན། དེ་བསལ་བའི་ཐབས་ལ། ལམ་གྱི་གེག་སེལ་རྣམ་གསུམ་ནི། བྱིང་རྒོད་ལྡིང་གསུམ་འཕྲང་དང་གཅིག །ཡང་དོག་ཤོར་བའི་འཕྲང་དང་གཉིས། བཏང་སྙོམས་ཤོར་བའི་འཕྲང་དང་གསུམ། བྱིང་ན་ལུས་ཀྱི་སྤྱོད་ལམ་ནི། མཐོ་གསལ་སྣང་ཡས་ཆེ་བར་བསྒོམ། ངག་གི་ཧ་ཕཊ་གླུ་དབྱངས་ལེན། །དྲག་པོ་ཁྲོ་བོའི་ལྟ་སྟངས་བྱ། །ཤེས་པ་གསལ་གསལ་ཧྲིག་ཧྲིག་གི། །རྒྱལ་མཚན་མཐོན་པོའི་ཏིང་འཛིན་བྱ། །རྒོད་ན་ལུས་ཀྱི་སྤྱོད་ལམ་བསྒོམ། །བྱ་བས་མིག་ཡེང་གོལ་ས་རུ། །དབང་པོ་ཤད་སྨད་ཞིག་ནས་བསྒོམ། །བྱང་ཆུབ་སེམས་དཔའི་ལྟ་སྟངས་བྱ། །གཏིང་ནས་ངོ་མ་ཤེས་པའི་སྐྱོན། །གླན་བསྒོམ་ཧད་པོར་སྒོམ་སྐྱེ་མེད། །དེ་ལ་བླ་མའི་མན་ངག་གིས། །རང་ལ་ཡོད་པའི་སེམས་ཉིད་དེ། །ལག་མཐིལ་ཤེལ་སྒོང་བཞིན་དུ་བསྟེན། །དེ་ངོ་ཤེས་པས་གྲོལ་བར་འགྱུར། །གཞན་ཡང་འཐོར་བུའི་གེག་སེལ་རྣམས། །མང་གི་དོག་པས་འདིར་མ་བྲིས། །གཉིས་པ་ཡང་དོག་ཤོར་བའི་འཕྲང་བསལ་བ། །ཡང་ནས་ཕྱལ་བར་ཤོར་བ་ལ། །ཡང་བ་མེད་པའི་མན་ངག་བརྟེན། །དྲན་པ་རྒྱུན་ཆགས་རྩིའི་བཟུང་། །ཕྱལ་བར་མི་བཏང་ཉམས་སུ་བླང་། །དོག་ནས་སྡུག་བརྩིར་ཤོག་བ་ལ། །སྣང་བ་རྒྱ་ཡན་མན་ངག་བརྟེན། །དྲན་པ་མི་དགག་ཕྱར་བར་བཏང་། །དྲན་ཤར་རྗེས་འཛིན་མེད་པར་བཞག །ཤེས་པ་མི་བཟུང་ཡན་སར་བཞག །རིག་པ་ཁྱབ་གདལ་ཆེན་པོར་ཞག་གོང་། །གསུམ་པ་བཏང་སྙོམས་ལུས་པའི་འཕྲང་བསལ་བ། །ཐིག་ཆེན་ཚིག་ཐོག་ལུས་པ་ལ། །མི་ཡེངས་རྩེ་གཅིག་ཉམས་སུ་བླང་། །རང་རྒྱུད་ཕྱལ་བར་མི་བཏང་བར། །ངེས་པར་ཉམས་མྱོང་རྒྱུད་ལ་བསྐྱེད། །ཐེག་ཆེན་ཉམ་ཐོག་ལུས་པ་ལས། །བདེ་གསལ་ཉམས་མྱོང་ཅི་ཤར་ཡང་། །རྟོག་པའི་ཡེ་ཤེས་མ་ཤར་ན། །འཁོར་བའི་སྒྲོག་ལས་གྲོལ་མི་འགྱུར། །ཉམས་མྱོང་མཐོ་ཡང་འཆིང་བར་འགྱུར། །དེ་ཕྱིར་ཉམས་ལ་མ་ཞན་པར། །རྒྱུན་ཆད་མེད་པའི་ཉམས་ལེན་གྱིས། །ཉམས་རྟོག་གཅིག་ཏུ་འདྲེས་ཆུ་ཆུག །ཉམས་མྱོང་བློའི་སྤྲིན་ཚོགས་རྣམས། །རྟོག་པའི་ནམ་མཁར་དྭངས་སུ་ཆུག །ཉམས་མྱོང་བློའི་རྦ་རླབ་རྣམས། །རྟོགས་པའི་རྒྱ་མཚོར་ཞི་རུ་ཆུག །ཉམས་མྱོང་བློ་ཡི་དྲི་མ་རྣམས། །རྟོགས་པའི་ངང་དུ་དྭངས་སུ་ཆུག །ཉམས་མྱོང་བློ་ཡི་བཅིང་བ་རྣམས། །རྟོག་པའི་བློ་ཀློང་དུ་གྲོལ་དུ་ཆུག །སྤྲིན་དང་བྲལ་བའི་ཉི་མ་བཞིན། །རྟོག་པ་མངོན་དུ་གྱུར་པ་དགོས། །ཅེས་སངས་རྒྱས་མཉེན་སྟོན་གྱི་ཁྲིད་ལས་གསུངས་སོ། །དེས་སེམས་མི་གནས་པ་གནས་པའི་ཐབས་དེ་སོང་ནས། གཉིས་པ་གནས་པ་བོག་འདོན་པར་བྱེད་པའི་ཐབས་སེམས་ཚོལ་ངོ་སྤྲོད་བྱེད་པ་ནི། རིག་པ་རྐྱང་འདེད་ལ་བརྟེན་ནས་སེམས་བཙལ་བ་གལ་ཆེ་བ་སྟེ། སེམས་ཀྱི་ཕུ་ཐག་མ་ཆོད་པར་བསྒོམ་རྒྱུའི་དམིགས་མི་ཤེས། ཡིད་ཀྱང་མི་ཆེས་ཏེ། དཔེར་ན་ནད་པའི་ཙ་ལ་བལྟས་པར་སྨན་བཏང་བའམ། འབེན་མ་མཐོང་བ་མདའ་འཕང་བ་དང་འདྲ་བའམ། བསྒོམ་བྱེད་དགོས་པ་ལ་བསྒོམ་རྒྱུ་རང་དེ་ངོས་ཟིན་དགོས་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ནི། སེམས་ལས་བཙལ་བར་བྱའོ། །ཅེས་གསུངས་པས། སེམས་ཚོལ་ལུགས་ལ་གསུམ་སྟེ། ཕྱི་སྣང་ཐོག་ཏུ་ཚོལ་བ། བར་ལུས་ཐོག་ན་ཚོལ་བ། ནང་སེམས་ཐོག་ནས་ཚོལ་བའོ། །དང་པོ་ཕྱི་སྣང་ཐོག་ནས་ཚོལ་བ་ནི། དེ་ཡང་ཚོགས་དྲུག་གིས་ཤེས་པ་ལ་རྐྱང་དེད་བྱེད་ནས། མིག་གིས་མཐོང་བའི་གཟུགས་ཡུལ་སྣང་དུ་ཤར་བའི་དུས་སུ་སེམས་ཀྱི་ཡུལ་ལ་ཕར་འཇུག །ཡུལ་གྱིས་ཚུར་ལ་བཀག་བསམ་ཡང་། ཡུལ་སེམས་སྐད་ཅིག་མའི་བསམ་གཟུགས་ཡིན། དེ་རྣམས་གང་ཡིན་ཡུལ་སེམས་སྐད་ཅིག་མའི་སྟེང་དུ་མཉམ་པོར་འཛོམ་ཡོད་པ་ཐག་ཆོད་པར་གྱིས་ལ་ལེན་ཁྱེར་ཤོག །ཅེས་བྱའོ། །དེའི་ལེན་ནི། སེམས་ཀྱི་ཕར་བཟུང་བ་ཡང་མ་བྱུང་། ཡུལ་ཚུར་འོང་ནས་སེམས་བཀབ་པ་ཡང་མ་རེད། དེ་གཉིས་ཐ་དད་དུ་ཡོད་པ་ཡང་མ་བྱུང་། ཐ་དད་དུ་མཐོང་བ་འདི་འཁྲུལ་སྣང་བྱུང་ཛ། དངོས་པོར་མཐོང་བ་སེམས་འཁྲུལ་གཟུགས་བྱུང་། ཁོང་གཉིས་ངོ་བོ་དབྱེར་མེད་ལ་བྱེད་པས་གཉིས་སུ་སྣང་བས། ད་ལྟ་ཡུལ་དྲུག་གི་སྣང་བ་གང་བྱུང་ཡང་ཁོ་རང་གི་རང་གཟུགས་རང་རྩལ་རང་རང་རླབ་བྱུང་ཟེར་ན་གོ་བ་ཡིན། གཉིས་པ་བར་ལུས་ཐོག་ན་སེམས་བཙལ་བ་ནི། སེམས་དེ་ལུས་ཕྱི་ནང་སྟོད་སྨད་གར་སྣང་ལེགས་པར་ལྟོས་བྱས་པས། གར་ཚོལ་བས་ཡང་མ་རྙེད་ཟེར་ན། སེམས་ཀྱི་ཕྱོགས་འགྲོས་གོ་བ་ཡིན་ནོ། །གསུམ་པ་ནང་སེམས་ཐོག་ན་བཙལ་བ་ནི། ཁྱོད་རང་གིས་སེམས་མི་དྲན་དགུ་དྲན། སྣ་ཚོགས་དྲན་པའི་རྟོགས་པ་དེ་ལ། དྲན་དུས་ཀུན་དུས་ཅིག་དྲན་འདུག་གམ། རེ་རེར་ཁ་ལ་རིམས་པས་དྲན་འདུག །ཡུལ་སྣང་སྣ་ཚོགས་པ་འཛིན་དུས་དུས་གཅིག་འཛིན་འདུག་གམ། སྐད་ཅིག་སྔ་ཕྱི་རིམ་པར་འཛིན་འདུག་ལྟོས་ཤིག །ནང་དུ་འགྱུ་དུས་རིག་པ་སྐད་ཅིག་མ་ལ་རྟོག་པ་མི་འདྲ་བ་དུས་གཅིག་ལ་ཡོངས་འདུག་གམ། སྐད་ཅིག་མ་སྔ་མ་འགགས་ཤིང་ཕྱི་མ་རིམ་པར་སྐྱེ་འདུག་ལྟོས་ཤིག །བྱས་ལ་ལེགས་པར་བལྟ་བཅོལ། སྣ་ཚོགས་ཤར་ཡང་རིག་པ་སྐད་ཅིག་མའི་འགྲོས་མིན་པ་རྟོག་པ་གཉིས་སུ་དུས་གཅིག་འོང་ཐབ་མི་སྣང་ཟེར་ན། དེས་སེམས་ངོས་ཟིན་པ་ཡིན་པས་སེམས་རིག་པ་སྐད་ཅིག་ལ། དེའི་དངོས་པོ་ཡོད་པ་གཅིག་འདུག་གམ། མེད་པ་གཅིག་འདུག་གམ། ཡོད་པ་གཅིག་འདུག་ན། དབྱིབས་དང་ཁ་དོག་ཅི་ལྟ་བུ། མེད་པ་གཅིག་འདུག་ན་མེད་པ་གང་གིས་ཤེས། ལེགས་པར་བརྟག །དངོས་པོ་མེད་པ་ཤེས་མཁན་དེ་ཡིན་ཟེར་ན། ཤེས་མཁན་གྱི་སྐད་ཅིག་མ་དེའི་ངོ་བོ་དེ་ཐོག་མ་གང་ནས་བྱུང་། དེ་ཡང་ཁོ་རང་གང་ཡང་མ་སྲིད་པའི་ཐོག་མ་ཁོ་ལ་བྱུང་ས་ཨེ་སྣང་ལྟོས། བར་དུ་གནས་ས་ཨེ་སྣང་ལྟོས། གནས་རྒྱུ་གཅིག་ཡོད་ན་ཁོ་ལ་དངོས་པོ་གཅིག་ཡོད་དགོས། དེ་ཡོད་ན་དབྱིབས་ཟླ་གམ་མམ་གྲུ་བཞི་ལ་སོགས་པ་ཡོད། དེ་ཡོད་ན་ཁ་དོག་དཀར་དམར་ལེགས་པར་ཡོད། དེ་ལ་ཡོད་མེད་ལེགས་པར་ལྟོས། ཐ་མ་འདིར་འགག་བྱ་བའི་འགག་ས་ཨེ་སྣང་ལྟོས། མི་སྣང་ན་མེད་པར་ཤེས་མཁན་རང་དེ་གང་ཡིན་ལྟོས། ལར་ཕོ་ཚོད་དང་གོ་ཡུལ་མིན་པར་ཐག་ཆོད་ངེས་གྱིས་ལ་ཤོག །དེའི་ལེན་ནི། རིག་པ་སྐད་ཅིག་མའི་ངོ་བོ་ལ། ཐོག་མ་བྱུང་ས་མེད་པས་རང་བྱུང་གི་ཡེ་ཤེས། བར་དུ་གནས་ས་མེད་པས་ཡུལ་ཡུལ་ཅན་ལས་འདས་ནས་དངོས་པོ་མེད་ཅིང་དབྱིབ་ཁ་དོག་མ་གྲུབ་པའོ། །ཐ་མ་འདིར་འགགས་བྱ་བ་མེད་པས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། མཚན་བརྗོད་ལས། རྣམ་པར་མི་རྟོག་དབྱིངས་མི་ཟད། །ཅེས་སོ། །ཡང་སེམས་ཚོལ་བོག་འདོན་གྱི་སྐོར་ལ་བརྒྱད་སྟེ། དང་པོ་གནས་འགྱུ་གཉིས་ཀྱི་བོག་འདོན་པ་ནི། སེམས་ལྷན་ནེ་གནས་སུ་ཆུག་ལ། དེ་ལ་ཡོན་ཏན་ཅི་འདུག་ལྟ། ཆེད་དུ་འགྱུ་རུ་བཅུག་ལ། དེ་ལ་སྐྱོན་ཅི་འདུག་ལྟ། གཉིས་པ་ངོ་བོ་གཅིག་གམ་ཐ་དད་དྲིའོ། །ཁྱད་པར་མི་འདུག་ཟེར་ན། གནས་པ་ནི་རྟོག་མེད་ཡིན། འགྱུ་བ་ནི་རྟོགས་པ་ཡིན་པས་དེ་གཉིས་ག་ལ་གཅིག །ཅེས་འགོ་བསྐོར་རོ། །ཐ་དད་དུ་འདུག་ཟེར་ན། གནས་པའི་དུས་ན་འགྱུ་བ་གང་དུ་སོང་། དེ་གཉིས་ལ་ཁྱད་པར་རེ་ངོས་བཟུང་ཅི་འདུག་སྙམས་ལྟོས། ཅེས་བརྗོད་དོ། །མ་རྙེད་ན། གནས་ན་ཡང་གནས་པའི་ངོས་བཟུང་མེད་ཅིང་། འགྱུ་ནའང་འགྱུ་བའི་ངོས་བཟུང་མེད་པ་ལ། གནས་འགྱུ་ཐ་དད་དུ་འཛིན་པ་ལོག་རྟོགས་ཀྱིས་མཁས་ཁྱད་ཡིན་ནོ། །ཞེས་ངོ་སྤྲོད་དོ། །དེ་ནས་གནས་པ་ཆེད་དུ་མི་སྒྲུབ། འགྱུ་བ་ཆེད་དུ་མི་སྤང་། འགྱུ་བས་གནས་པའི་གོ་ཆོད་པའི་གནད་རིག་པར་བྱའོ། །གཉིས་པ་རིག་སྟོང་ཐ་དད་ལ་བོག་འདོན་པ་ནི། རྟོག་པ་ཐོལ་སྐྱེས་ཀྱི་ངོ་བོ་ལ་བལྟས་པས། སྟོང་པར་ཡལ་ལམ། སྐྱེ་མེད་དམ། ངོས་བཟུང་མེད་པ་ཅིག་འོང་ན་རྟོག་པ་ཏོལ་སྐྱེས་པ་དེ་དང་། སྟོང་ཉིད་དམ། སྐྱེ་མེད་དམ། ངོས་བཟུང་མེད་པ་དེ་དང་ཁྱད་ཅི་འདུག་དྲིའོ། །ཁྱད་མེད་ན། རྟོགས་པ་ནི་འཁྲུལ་པ་ཡིན། སྟོང་པ་ལ་སོགས་པ་ནི་མ་འཁྲུལ་བ་ཡིན་པས་ག་ལ་གཅིག །ཐ་དད་དུ་འདུག་ཟེར་ན། རྟོགས་པའི་དུས་སུ་སྟོང་པ་གང་དུ་སོང་། རྟོགས་པ་ལ་སྟོང་པ་མིན་པའི་ངོས་བཟུང་ཅི་འདུག །ཐ་དད་དུ་འཛིན་པ་ནི་དངོས་འཛིན་གྱི་ལོག་རྟོགས་སོ། །དེ་ནས་སྟོང་པ་ཉིད་མ་རྟོགས་པའི་རྟོགས་པ་སྐད་ཅིག་ཀྱང་ཡོད་པ་མ་ཡིན་པས། རྟོགས་པས་སྟོང་པ་ཉིད་ཀྱི་གོ་ཆོད་པའི་གནད་རིག་པར་བྱའོ། །གསུམ་པ་དྲན་སྟོང་ཐ་དད་ལ་བོག་འདོན་པ་ནི། གང་ཤར་ལ་ལྟ་བ་དྲན་པ་ཙམ་གྱི་སྟོང་ཉིད་དུ་འགྲོ་ན། དྲན་པ་དང་སྟོང་པ་གཅིག་གམ་མི་གཅིག་དྲིའོ། །གཅིག་ན་དྲན་པ་ནི་མ་བརྗེད་པ་ཡིན་ལ། སྟོང་པ་ལ་རྗེད་མ་བརྗེད་ཀྱི་དབྱེ་བའམ། ངོ་བོ་མེད་པས་དེ་གཉིས་ག་ལ་གཅིག་ཅེས་འགོ་བསྐོར་མི་གཅིག་ན་དྲན་པ་ལ་སྟོང་པ་མིན་པའི་ངོ་བོ་གཅིག་འདུག་གམ། དྲན་པའི་དུས་ན་སྟོང་པ་གོང་དུ་སོང་། སྟོང་པའི་དུས་ན་དྲན་པ་གང་དུ་སོང་། དེས་ན་དྲན་པས་སྟོང་པའི་གོ་ཆོད་པའི་གནད་རིགས་པར་བྱའོ། །བཞི་པ་གནས་པ་བརྟན་པ་ལ་བོག་འདོན་པ་ནི། གང་ཤར་བ་ལ་བལྟས་པས། དགེ་སྦྱོར་སྔར་གནས་པ་ལྟ་བུ་བསྒོམ་བྱུང་ན། དེ་ལ་ཡོན་ཏན་ཅི་འདུག་གནས་པ་ག་ལ་གནས། དེ་ཡན་པར་བཏང་བ་ལ་སྐྱོན་ཅི་འདུག །དེ་རྣམས་མི་འདུག་ན། ཁོ་དགེ་སྦྱོར་གྱི་དངོས་པོ་ཡིན་པ་ལ། དེ་འདྲ་ག་ལ་སྲིད། ཅེས་འགོ་བསྐོར་རོ། །འདུག་ན་ག་ན་འདུག་ཅི་འདྲ་ཞིག་འདུག །བློ་ཐག་ལེགས་པར་ཆོད་ལ་སྟོན་ཞེས་བརྗོད་དོ། །དེ་ནས་ཉམས་ཀྱི་རོ་ལ་མ་ཞེན་པར་གང་ཤར་ཁ་ཡན་གྱི་དག་སྦྱོར་གོ་ཆོད་པའི་གནད་རིག་པར་བྱའོ། །ལྔ་པ་བདེ་བ་དང་ལྡན་པ་ལ་བོག་འདོན་པ་ནི། དགེ་སྦྱོར་དང་མ་བྲལ་བའི་དུས་ན། བདེ་བ་རྒྱུན་ཆགས་སུ་བྱུང་ན། བདེ་བ་ལ་ངོས་བཟུང་ཅི་འདུག་དྲིའོ། །མི་འདུག་ན་བདེ་བ་ཡིད་དང་མཐུན་པ་ཡིན་པས། དེ་ལ་ངོས་བཟུང་མེད་པ་ག་ལ་སྲིད་ཅེས་འགོ་བསྐོར་རོ། །འདུག་ན་ག་ན་འདུག །ཅི་འདྲ་གཅིག་འདུག་ང་ལ་སྟོན་དང་། ཞེས་བརྗོད་དོ། །དེས་ན་བདེ་བའི་རོ་ལ་མ་ཞེན་པར། བདེ་བས་སྟོང་པའི་གོ་ཆོད་པའི་གནད་རིག་པར་བྱའོ། །དྲུག་པ་གསལ་བ་ལ་བོག་འདོན་པ་ནི། དགེ་སྦྱོར་རྣལ་དུ་ཕབ་པའི་དུས་སུ་གསལ་སྣང་ཆེན་པོ་བྱུང་ན། གསལ་བ་དེ་དང་མི་གསལ་བ་དེ་ལ་ཁྱད་ཅི་འདུག །མི་འདུག་ན། གསལ་བ་ནི་སེམས་དྭངས་བའི་ཡོན་ཏན་ཡིན། མི་གསལ་བ་ནི་སེམས་འཐིབ་པའི་དྲི་མ་ཡིན་པས། དེ་གཉིས་ག་ལ་གཅིག །ཅེས་འགོ་བསྐོར་རོ། །མི་གཅིག་ན། གསལ་བ་ལ་ཡོན་ཏན་ངོས་བཟུང་ཅི་འདུག །མི་གསལ་བ་ལ་སྐྱོན་ནམ། ངོས་བཟུང་ཅི་འདུག་དྲིའོ། །དེས་ན་གསལ་བ་ལ་མ་ཞེན་ཅིང་། དྭངས་ཆ་ལ་མི་ལྟོས་པར་གསལ་རུང་མི་གསལ་རུང་གང་ཤར་གྱི་ང་གོ་རྗེན་པས་ཆོག་པའི་གནད་རིག་པར་བྱའོ། །བདུན་པ་རྟོགས་མེད་བསྟན་པ་ལ་བོག་འདོན་པ་ནི། རྟོགས་པ་རང་འགགས་སམ། མི་རྟོགས་པ་རྒྱུན་དུ་བྱུང་ན། རྣམ་རྟོག་ཁྱད་དུ་སྤྲོས་ནས་དེ་ལ་སྐྱོན་ཅི་འདུག །མི་རྟོགས་པ་ལ་ཡོན་ཏན་ཅི་འདུག །ངོས་བཟུང་ཅི་འདྲ་འདུག །ཅེས་དྲིའོ། །སྐྱོན་སྐྱོན་མེད་ན་འཁོར་བ་འཁྱམས་མཁན་མི་སྲིད་པས། དེ་འདྲ་ག་ལ་སྲིད། ཅེས་འགོ་བསྐོར་རོ། །སྐྱོན་ཡོད་ན་ཅི་འདྲ་གཅིག་འདུག །ངོས་བཟུང་ཅི་འདུག །རྟོགས་པ་མི་རྟོག་པ་གཉིས་ལ་བཟང་ངན་གྱི་ཁྱད་པར་ཅི་འདུག་ང་ལ་སྟོན་ཞེས་བརྗོད་དོ། །དེས་ན་མི་རྟོག་པའི་རྫོང་ལ་མ་ཞེན་པར། རྟོག་པས་མི་རྟོགས་པའི་གོ་ཆོད་པའི་གནད་རིག་པར་བྱའོ། །བརྒྱད་པ་སྟོང་ཉིད་བརྟེན་པ་ལ་བོག་འདོན་པ་ནི། དགེ་སྦྱོར་འཕེལ་བའི་སྐབས་སུ། ངོས་བཟུང་དང་སྤུ་རིས་གང་ཡང་མེད་པའི་སྟོང་པ་ཞིག་རྒྱུན་དུ་བྱུང་ན། རི་དང་རྩིག་པ་ལ་སོགས་པ་འདི་རྣམས་སྟོང་པ་དེ་ལ་ཁྱད་ཅི་འདུག །ཅེས་དྲིའོ། །མི་འདུག་ན་སྟོང་པ་ནི་རྡུལ་གྱི་ཆོས་ལས་འདས་པ་ཡིན་ལ། རི་ལ་སོགས་པ་ནི་རྡོས་ཆགས་སུ་གྲུབ་པ་ཡིན་པས། དེ་གཉིས་ག་ལ་གཅིག་ཅེས་འགོ་བསྐོར་རོ། །མི་གཅིག་ན་རི་ལ་སོགས་པ་འདི་རྣམས་མེས་སྲེག་པའམ་ཕྱེ་མར་བཏང་ནས་རླུང་གིས་མཁའ་ལ་གཏོར་ནས་ཅི་འདྲ་ཞིག་འདུག །རི་ལ་སོགས་པ་ལ་སྟོང་པ་ཉིད་མིན་པའི་ངོ་བོ་ཅི་འདུག །དེས་ན་སྟོང་པའི་མཁའ་ལ་མ་ཞན་པར་སྣང་བ་སྣ་ཚོགས་ཀྱི་རང་སྒོ་རྗེན་པས་སྐྱེ་མེད་ཟབ་མོའི་གོ་ཆོད་པའི་གནད་རིག་པར་བྱའོ། །དེས་སེམས་ཚོགས་བོག་འདོན་བརྒྱད་མ་དེ་སོང་ངོ་། །དེ་རྣམས་ཀུན་གྱི་བློ་འབྲིང་པོ་རིགས་ལ་དབང་བསྒྱུར་བ་དྲན་པ་ནང་གི་གཅོད་ཁྲིད་དེ་སོང་ངོ་། །སྤྱི་དོན་གསུམ་པ་བློ་རབ་ཆོས་ཉིད་ཀྱི་ལྟ་བ་རྟོགས་པ་གསང་བའི་ཆོས་ལ་ལྔ་སྟེ། དང་པོ་སྣང་བས་གནོད་པར་རྟོགས་པའི་དུས། གཉིས་པ་ཕན་གནོད་འདྲེས་པར་རྟོགས་པའི་དུས། གསུམ་པ་སྣང་བས་ཕན་པར་རྟོགས་པའི་དུས། བཞི་པ་དེའི་བཞག་ཐབ་བསྟན་པ། ལྔ་པ་འབྲས་བུ་ངོ་བོ་བསྟན་པའོ། །དང་པོ་སྣང་བས་གནོད་པར་རྟོགས་པའི་དུས་ནི། གང་གི་སྣང་བ་སྣ་ཚོགས་སྤང་བྱར་ལོང་ཞིང་། འོག་མའི་གནས་པ་ལ་སོགས་སེམས་ཚོལ་གྱི་དོན་ལ་ངེས་ཤེས་ཅུང་ཟད་སྐྱེས་པ་ལ། ང་རྒྱལ་དང་རློམ་སེམས་ཅུང་ཟད་སྐྱེས་ཤིང་། ཕྱོགས་གཞན་ལ་ཤོར་བ་ཡིན་པས། དེ་ཉིད་བསལ་བའི་ཐབས་ནི། བསྒོམ་གང་བཟུང་བའི་ཆ་ཐམས་ཅད་སྔོན་ནས་ཤར་བ་ལ་མི་ཞེན། མི་ཆག །མི་འཛིན་ཅིང་ཚུར་མི་བླང་། འགྱུ་བ་ལ་སོགས་གང་ངན་པའི་ཆ་ཐམས་ཅད་ལ་མཉམ་བཞག་གི་མཐིལ་པོ་བྱེད་ཅིང་། ཕར་མི་སྤང་། མི་འགགས། མི་འདོར་ཞིང་། གང་ཤར་རྒྱན་དུ་ཆེ་བའི་ཐབས་ལ་འབད་ཅིང་བརྩོན་པར་བྱེད་སྟེ། རྗེ་དམ་པ་རྒྱ་གར་གྱིས། གཡའ་ཆུ་སིལ་མ་བརྡབ་ཅིང་དྭངས། །དངུལ་དཀར་གྱི་མེ་ལོང་ཕྱིས་བཞིན་གསལ། །རྣལ་འབྱོར་གྱི་སྒོམ་པ་བཤིགས་ཤིང་བཟང་། །ཅེས་གསུང་པས། དེ་ཉིད་ཀྱི་དུས་སུ་སྤྲོས་པ་ཐམས་ཅད་སྤང་ཞིང་སྤྲོས་མེད་ཀྱི་ངང་ལ་བཞག །གཡེང་བ་ཐམས་ཅད་སྤང་ལ་ཡེང་མེད་ཀྱི་ངང་ལ་བཞག་གོ། །འདུ་འཛིན་ཐམས་ཅད་སྤང་ཞིང་གཅིག་པུར་བསྡད། གྲོང་ཡུལ་སྤང་ཞིང་རི་ཁྲོད་བརྟན་པར་བྱའོ། །གཉིས་པ་ཕན་གནོད་འདྲེས་པར་རྟོག་པའི་དུས་ནི། ཉོན་མོངས་དང་ཡེ་ཤེས་དུམ་བུར་འཆར་བ་ཡིན། དེའི་དུས་སུ་རོ་སྙོམ་པའི་གསང་སྤྱོད་བྱ། འགྲིས་པ་མེད་པའི་ཡུལ་དུ་ཕྱོགས་མེད་དུ་འགྲོ། ཟས་ལ་འདི་ཟ་དང་འདི་མི་ཟ་མེད་ཅིང་གཙང་ཙོག་མེད་པར་ཀུན་ཀྱང་ཟ། གོས་ལ་འདི་གྱོན་འདི་མི་གྱོན་མེད་ཅིང་བཟང་ངན་མེད་པར་ཀུན་ཀྱང་གོན། གྲོགས་ལ་འདི་འགྲོག་དང་འདི་མི་འགྲོག་མེད་ཅིང་། བཟང་ངན་མེད་པར་ཀུན་དང་འགྲོག །གནས་ལ་འདི་བསྡད་དང་མི་བསྡད་མེད་ཅིང་། ཀུན་ཏུ་འགྲིམ་ཞིང་ཉམས་རྩལ་སྦྱངས། གདོན་དང་ན་ཚ་སྡུག་བསྔལ་དང་། འགལ་རྐྱེན་གྱི་སྣང་བ་ཐམས་ཅད་ལ། ཐོགས་སུ་བཀལ་ལ་ལམ་རྩལ་སྦྱངས། བསྟོད་སྨད་ལ་ཆགས་སྡང་མི་བྱེད། དགའ་དང་མི་དགའ་གཉིས་སུ་མི་འཛིན། རོ་སྙོམ་གསང་སྤྱོད་ཀྱི་ངོ་བོ་མཐར་ཕྱིན་པར་བྱེད་དོ། །གསུམ་པ་སྣང་བས་ཕན་པར་རྟོགས་པའི་དུས་ནི། སྣང་བ་སྣ་ཚོགས་གྲོགས་སུ་འཆར་བ། འཁོར་འདས་གཉིས་མ་འདྲེས་ལ་ཡོངས་སུ་རྫོགས་པ། སངས་རྒྱས་དང་སེམས་ཅན་ལ་བཟང་ངན་མེད་པས། ལྷ་དང་འདྲེ་ལ་ཉེ་རིང་མེད་པ། ཐམས་ཅད་སེམས་སུ་གཅོད་པ་ལ། གཅོད་རྒྱུ་གཅོད་མཁན་གཉིས་སུ་མ་གྲུབ་ན་གཅོད་པའི་མཆོག །དེ་ཡང་གཤིས་འགྲོས་ཡིན་ལུགས་ཀྱི་ངོ་བོ་ལ་བཅོས་མ་ཕོག་ན་གཞིའི་མཆོག །གཤིས་འགྲོས་རང་དེ་གཞི་རྣལ་མ་ཡིན་བཞིན་དུ། ཡིན་ཐོག་ན་རྟོག་ན་ལྟ་བའི་མཆོག །དེ་ལ་ཕྱོགས་འཛིན་གྱི་བསྒོམ་རྒྱུ་མེད་པར་གང་ཤར་གྱི་ངོ་བོ་ལ་གོམ་འདྲིས་སུ་འཇུག་པ་བསྒོམ་པའི་ལམ་གྱི་མཆོག །འདྲིས་གོམ་བརྟེན་གསུམ་བྱེད་པ་དེའི་ངོ་བོ་ལ། འདི་ཡིན་འདི་མིན་གྱི་བླང་དོར་མེད་ཅིང་རེ་དོག་གམ་མཐའ་དང་བྲལ་བ་སྤྱོད་པའམ་འབྲས་བུ་ཡང་དེ་ཡིན་ཏེ། སྲས་རྒྱལ་བ་དོན་འགྲུབ་ཀྱིས། ཁྱེད་ཀྱི་འཁོར་འདས་ཤན་ནི་བདག་གིས་དབྱེ། །འཁོར་འདས་གཉིས་ནི་མ་འདྲེས་རང་སར་འདྲེས། །གཅིག་ལ་གཉིས་སུ་དབྱེ་བ་འཁོར་བ་ཡིན། །སངས་རྒྱས་སེམས་ཅན་གཉིས་སུ་མེད་པ་ལ། །ཕྱེ་ནས་སངས་རྒྱས་བསྒྲུབ་པ་འཁོར་བ་ཡིན། །ལྷ་འདྲེ་གཉིས་ལ་ཉེ་རིང་མེད་པ་ལ། །དངོས་གྲུབ་ལྷ་ལ་རེ་བ་འཁོར་བ་ཡིན། །ཐམས་ཅད་སེམས་སུ་གཅོད་པ་ཡིན་པ་ལ། །གཅོད་རྒྱུ་གཅོད་མཁན་བྱུང་ན་འཁོར་བ་ཡིན། །མ་བཅོས་པ་དེ་གཞིའི་མཆོག་ཡིན་བཞིན། །གཞི་ལ་བཅས་བཅོས་བྱེད་པ་འཁོར་བ་ཡིན། །བསྒོམ་པ་དེ་ལམ་གྱི་མཆོག་ཡིན་ཏེ། །ལམ་ལ་བགྲོད་རྒྱུ་བྱུང་ན་འཁོར་བ་ཡིན། །མ་གྲུབ་པ་དེ་འབྲས་བུའི་མཆོག་ཡིན་ཏེ། །ཆེད་ཀྱི་སྒྲུབ་རྒྱུ་བྱུང་ན་འཁོར་བ་ཡིན། །ལྟ་བ་འགྱུར་བ་མེད་པ་ཡིན་པ་ལ། །རྟག་ཆད་གཉིས་སུ་བྱུང་ན་འཁོར་བ་ཡིན། །བསྒོམ་པ་གསལ་སྟོང་འཛིན་མེད་ཡིན་པ་ལ། །བྱིང་རྒོད་གཉིས་སུ་བྱུང་ན་འཁོར་བ་ཡིན། །སྤྱོད་པ་ཁྱབ་གདལ་ཆེན་པོ་ཡིན་པ་ལ། །དགག་སྒྲུབ་གཉིས་སུ་བྱུང་ན་འཁོར་བ་ཡིན། །འབྲས་བུ་རྣམ་པར་དག་པ་ཡིན་ལ། །རེ་དོག་གཉིས་སུ་བྱུང་ན་འཁོར་བ་ཡིན། །འཁོར་འདས་གཉིས་འཛིན་བར་ན་སངས་རྒྱས་ག་ལ་ཡོད། །ཅེས་སོ། །དེ་ལ་ཉམས་སུ་བླང་བར་དང་། ས་ལམ་བགྲོད་མི་དགོས་ཟེར་བ་ནི་མ་ཡིན་ནོ། །ཡང་དེ་ཉིད་ལས། མ་རིག་པ་ཡེ་ཤེས། རིག་པ་འཁྲུལ་པ། མ་བྱས་པ་གཞི། བྱེད་པ་ལམ། མ་གྲུབ་པ་འབྲས་བུ། ཅེས་དང་། ཡང་དེ་ཉིད་དུ། གཞི་ཐོག་འཇོག་པས་ས་ལམ་རྫོགས། །མན་ངག་གཞན་ལས་ཁྱད་པར་འཕགས། །ཅེས་སོ། །གཞི་ལམ་འབྲས་བུའི་ངོ་བོ་ངོས་བཟུང་བ་ནི། དེ་ཉིད་དུ། སྐྱེ་བ་མེད་པ་སངས་རྒྱས་ཀྱི་དགོངས་པ། ངོ་བོ་ཀ་དག་དེ་རང་ལ་རང་ཆས་སུ་བཞུགས་ནས་ཡོད་པ་དེ་གཞི། དེའི་ངང་ལ་མ་བཅོས་པར་སིང་ངེ་འདུག་པ་དེ་ལམ། དེ་ལ་འགྱུར་བ་མེད་པ་རྟེན་པ་ཐོབ་པ་དེ་འབྲས་བུ་ཡིན་ནོ། །མདོར་ན། གང་སྣང་གང་ཤར་གང་བྱུང་ཁོ་རང་མིན་པའི་བཟོ་བཅོས་མི་བྱེད། རྐྱེན་བཟང་ངན་ཅི་བྱུང་ཡང་དེ་ཀ་མིན་པ་མི་བསྒོམ། ཁོ་རང་གང་ཡིན་པ་དེ་ལ་དགེ་སྦྱོར་གྱི་དངོས་པོ་བྱེད་པའོ། །རྒྱལ་བ་དོན་འགྲུབ་གྱིས། གང་བྱུང་དེ་ཀ་མིན་པ་མི་ལྟ། དེ་ཀ་མིན་པ་མི་བསྒོམ། དེ་ཀ་མིན་པ་ཅི་ཡང་ཡིད་ལ་མི་བྱེད་དོ། །ཅེས་ཟེར་བ་དང་། གང་ཤར་གྱིས་ཆོག་ཟེར་བ་གཉིས་འགལ་བས་དེའི་གནད་རིག་པར་བྱའོ། །ཅེས་དང་། མ་གཅིག་གིས་ཀ་ཚོམ་ལས། གང་ཡང་ཡིད་ལ་མ་བྱས་ནས། །གོལ་སར་ལྷུང་བ་ཅི་ལས་བྱུང་། །བསམ་མེད་བསྒོམ་པས་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །བསྒོམ་གྱི་ནང་ནས་དེ་ཉིད་མཆོག །འདུ་ཤེས་རྣམ་པར་བཤིག་ལ་ཞོག །ཅེས་གསུངས་སོ། །ཡང་བལྟ་བ་ལ་ཕྱོགས་རིས་མེད་པ། བསྒོམ་པ་ལ་ཞེན་པ་མེད་པ། སྤྱོད་པ་ཞི་ཞིང་དུལ་བའོ། །ཡང་ན་བལྟ་བ་མཐའ་དང་བྲལ་བ། བསྒོམ་པ་བློ་ལས་འདས་པ། སྤྱོད་པ་གཤིས་འགྲོས་རང་ལ་བཏང་བའོ། །ཡང་ན་རང་ངོ་ཤེས་པ་ལྟ་བ། དེའི་ངང་ལ་འཇོག་པ་བསྒོམ་པ། གང་ལ་ཡང་ཉམ་ང་མེད་པ་སྤྱོད་པ་ཡིན། རེ་དོག་མེད་ཅིང་བསྟན་པ་ཐོབ་པ་འབྲས་བུ་ཡིན། བཞི་པ་བཞག་ཐབ་བསྟན་པ་ལ་གསུམ་གྱིས། དང་པོ་མཉམ་བཞག་དུས་བསྒོམ་སྐྱོང་བ་ནི། སྔར་ངོ་སྤྲོད་པའི་གོ་བ་ཙམ། རིག་པ་ཙམ། ཤེས་པ་ཙམ། དེས་མི་ཆོག་པས་བྱང་ཆུབ་མ་ཐོབ་ཀྱིས་བར་དུ་ཉམས་སུ་བླངས་སོ། །གོམ་འདྲིས་བརྟེན་པ་ཐོབ་པ་བྱེད་དགོས་པས། ཉམས་ལེན་ཡང་མེད། གཉེན་པོ་བརྗེད་མེད་ཀྱི་ངང་ལ་མཉམ་པར་བཞག་གོ། །དེ་ཡང་ཆོས་ཐམས་ཅད་སེམས། སེམས་ནམ་མཁའ་ལྟར་མཐའ་དབུས་མེད་པར། ཡུལ་ཅིར་ཡང་མི་དམིགས་པ་ལས། བློས་གང་དུ་ཡང་མི་འཛིན་པར་བཞག་གོ། །གཉིས་པ་རྗེས་ཐོབ་སྒོམ་སྐྱོང་བར་བྱ་བ་ནི། དེ་ལྟར་བསྒོམ་པས་མཉམ་བཞག་དུ་སྒོམ་བཟང་པོ་ཡོད་ཀྱང་། རྗེས་ཐོབ་ཏུ་མེད་ན། བསྒོམ་ཀོར་ལེར་ལུས་པ་བྱ་བ་དེ་ཡིན་པས་ས་ལམ་མི་ཆོད་དོ། །དམ་པ་རིན་པོ་ཆེས། མཉམ་བཞག་ལ་མོར་བསྒོམ་པ་བས། རྗེས་ཐོབ་ཀྱི་ཤེས་པ་དུམ་པར་བསྒོམ་པས་དགའ། ཅེས་གསུངས་པས། མཉམ་བཞག་གི་བསྒོམ་དེ་ཉིད་རྗེས་ཐོབ་ཀྱིས་ཤེས་པ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་འཇུག་པའི་ཚེ། འགྲོ་ཆག་ཉལ་འདུག་བྱ་བྱེད་སྣ་ཚོགས་སུ་བསྲེ་ཞིང་བསྒོམ་པར་བྱ་སྟེ། འཕགས་པ་སྡུད་པ་ལས། འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་རྟེན། །ཅེས་གསུངས་སོ། །དེ་ལྟར་བསྒོམ་པར་མཉམ་བཞག་བཟང་པོ་དེ་རྗེས་ཐོབ་ཏུ་སྐྱོང་རྒྱུ་འོང་བ་ཡིན། གསུམ་པ་ཟུང་འཇུག་ཏུ་བསྒོམ་སྐྱོང་བར་བྱ་བ་ནི། སྙིང་རྗེ་དང་སྟོང་ཉིད་མཉམ་བཞག་དང་རྗེས་ཐོབ་འདྲེས་ཐུབ་ན། ཟུང་འཇུག་གི་ངང་ནས་དགེ་བའི་རྩ་བ་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་། སྨོན་ལམ་རྣམ་པར་དག་པར་བྱ་སྟེ། མ་ཅིག་ལབ་སྒྲོན་མས། སེམས་སྣང་བ་དངོས་པོ་མ་འཛིན། བདག་ཏུ་མ་བཟུང་། ཅི་སྣང་ལ་ཕྱོགས་མ་བྱེད། གང་ཤར་ལ་དགག་སྒྲུབ་མ་བྱེད། རེ་དོག་གིས་ཐག་པས་མ་བཅིང་། གཉིས་འཛིན་གྱི་བསྟོད་ཕུར་མ་འཇུག །རང་ལུགས་ལ་བཅས་བཅོས་མ་བྱེད། རང་ཆས་ལ་གཞན་དུ་མ་ཚོལ། ད་ལྟར་གྱི་རིག་པ་སོ་མ་བཅོས་སླད་མེད་པ་དྭངས་སང་ངེ་བ་འདི་ཀ་ཆོས་ཉིད་ཡིན་པ་ལ། ཐེ་ཚོམ་མེད་པ་མའི་ཞལ་ནས་གསུངས་སོ། །ལྔ་པ་འབྲས་བུའི་ངོ་བོ་བསྟན་པ་ནི། མཉམ་བཞག་དང་རྗེས་ཤེས་མེད་པར་ཉིན་མཚན་ཆོས་སྐུའི་འཁོར་ཡུག་ཡེང་དང་མ་ཡེང་མེད་པར་མཉམ་བཞག་མཐའ་བྲལ་གྱི་འཁོར་ཡུག །ཕྱི་དང་ནང་མེད་པར་རིག་པ་ཟང་ཐལ་གྱི་འཁོར་ཡུག་བཟང་བ་དང་ངན་པ་མེད་པར་ཐམས་ཅད་སྐུ་གསུམ་གྱི་འཁོར་ཡུག །སྒྲིབ་གཡོག་ལས་གྲོལ་བས་ཡེ་ཤེས་ལྔའི་འཁོར་ཡུག་སྟེ། སངས་རྒྱས་གཉན་སྟོན་པས། མཐར་ཐུག་རང་སར་ཟིན་པའི་དུས་ནི། རྣལ་འབྱོར་ལྟ་བའི་སྒྲོག་ལས་གྲོལ། །རྟོག་དཔྱོད་བློའི་སྤྲོས་པ་ཞི། །རྣལ་འབྱོར་བསྒོམ་པའི་སྒྲོག་ལས་གྲོལ། །ཉམས་ལེན་བློའི་སྤྲོས་པ་ཞི། །རྣལ་འབྱོར་སྤྱོད་པའི་སྒྲོག་ལས་གྲོལ། །བྱ་བརྩལ་བློའི་སྤྲོས་པ་ཞི། །རྣལ་འབྱོར་གྲུབ་མཐའི་སྒྲོག་ལས་གྲོལ། །ཕྱོགས་འཛིན་བློའི་སྤྲོས་པ་ཞི། །རྣལ་འབྱོར་དཔེའི་སྒྲོག་ལས་གྲོལ། །མཚོན་བྱེད་བློའི་སྤྲོས་པ་ཞི། །རྣལ་འབྱོར་ཚིག་གི་སྒྲོག་ལས་གྲོལ། །ཐ་སྙད་བློའི་སྤྲོས་པ་ཞི། །རྟོག་པ་ཡེ་ཤེས་མངོན་དུ་གྱུར། །སྒྲིབ་གཡོག་བློའི་མུན་པ་སོང་། །སྒྲིབ་མེད་ཡེ་ཤེས་གཅེར་བུར་ཤར། །དྲི་མེད་རིག་པ་གཅེར་བུར་བུད། །ཁྱབ་གདལ་ཡེ་ཤེས་ཕྱོགས་རིས་མེད། །རང་ཤར་ཡེ་ཤེས་གསལ་འགྲིབ་མེད། །འོད་གསལ་ལ་ཡེ་ཤེས་ཉིན་མཚན་མེད། །རང་རིག་ཡེ་ཤེས་རྒྱུན་ཆད་མེད། །རྐྱེན་གྱི་མི་སྤྱོད་གཡོ་བ་མེད། །ཉམས་ང་རེ་དོགས་འཇིག་སྐྲག་མེད། །འཁོར་བའི་མཐའ་ལས་རྟེན་དུ་རྒྱལ། །རྣལ་འབྱོར་མཐའ་རུ་ཕྱིན་ཞེས་བྱ། །རྟོག་པ་མངོན་དུ་གྱུར་ཅེས་བྱ། །མཐར་ཐུག་རང་ས་ཟིན་ཞེས་བྱ། །ཕྱིར་མི་ལྡོག་པའི་ས་ནོན་བྱ། །ཅེས་སོ། །དེ་ལྟར་མཐར་ཕྱིན་པས། ཐ་མལ་ལུས་ངག་ཡིད་གསུམ་དག་ནས་རྒྱལ་བའི་སྐུ་གསུང་ཐུགས་སུ་འཆར། འཁོར་འདས་ཀྱི་རྟོགས་པ་ཐམས་ཅད་གྲོལ་ནས། མཉམ་པ་ཉིད་འཆར་བ་ནི། མྱ་ངན་འདས་པ་ཞེས་བྱ་བ་ཡིན་ཏེ། བཀའ་ཚོམ་ལས། ལུས་ངག་ཡིད་གསུམ་དག་པ་ཡང་། །སྐུ་གསུམ་འབྲས་བུ་བཏག་པ་ཡིན། །འཁོར་བ་རང་སར་གྲོལ་བ་ལས། །མྱང་འདས་ལོགས་སུ་བསྒྲུབ་རྒྱུ་མེད། །ཅེས་གསུངས་སོ། །མ་ཅིག་ལབ་ཀྱི་སྒྲོན་མ་དེ་ཉིད། མཐར་ཐུག་སྐུ་བཞིའི་རང་ཆས་ཡིན་པར་གསུངས་སྟེ། སྲས་རྒྱལ་བ་དོན་འགྲུབ་ཀྱིས། །ཆོས་སྐུ་ཡུམ་ཆེན་ཕ་རོལ་ཕྱིན་མའི་སྐུ། །ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ་ཡི་སྐུ། །སྤྲུལ་སྐུ་མ་ཅིག་ལབ་ཀྱི་སྒྲོན་མའི་སྐུ། །སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །སྐུ་བཞིའི་སངས་རྒྱས་མ་ཅིག་ལབ་སྒྲོན་མ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཅེས་སོ། །འདི་ཉིད་ཉམས་སུ་ལེན་པའི་དུས་སུ། རྣམ་པར་རྟོག་པའི་ཚོགས་ཐམས་ཅད་སྐད་ཅིག་གི་རང་ས་ནས་ཞི་བར་བྱེད་པས་ན་ཞི་བྱེད་ཅེས་བྱའོ། །འདི་ཉམས་སུ་བླངས་ན། ས་ལམ་བསྒྲོད་མི་དགོས་ཡུམ་གྱི་ཀློང་དུ་ཕྱིན་པ་ལ་ཐེ་ཚོམ་མེད་པས་ན་ཕར་ཕྱིན་ཅེས་བྱའོ། །འདི་ཉམས་སུ་བླངས་བའི་དུས་སུ། ལུས་འདུལ་བའི་ཆེད་དུ་གཉན་ས་འགྲིམ། ངག་འདུལ་བའི་ཆེད་དུ་གསོལ་བ་བཏབ། སེམས་འདུལ་བའི་ཆེད་དུ་མཉམ་པར་བཞག་པས་ན་འདུལ་བ་ཞེས་བྱའོ། །ཐམས་ཅད་སེམས་སུ་རྫོགས་པས་ན་རྫོགས་ཆེན་བྱའོ། །སེམས་བཞི་མེད་རྩ་བྲལ་དུ་གཅོད་པའི་ཕྱིར། ཕྱག་རྒྱ་ཆེན་པོ་གཅོད་ཅེས་བྱའོ། །དེས་དངོས་གཞི་ཉམས་ལེན་གྱི་རིམ་པ་དེ་སོང་ངོ་། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས་སྟེ། གཅོད་ལོག་པའི་རྒྱུ་ངོས་བཟུང་བ་དང་། ལོག་ནོན་རང་གི་ངོ་བོའོ། །དང་པོ་ནི། བླ་མས་གདམ་ངག་གནད་འཇུག་གམ། རང་གི་ཉམས་ལེན་གྱི་འཇུག་སྒོ་ལོག་པའམ། ལྷ་འདྲེ་རིང་ནས་སྔར་གྱི་གཅོད་པ་རྣམས་ཀྱི་ཁ་རྒྱལ་དུ་ཤོར་བ་དང་འཕྲད་དམ། ཧ་ཅང་ལྷ་འདྲེ་རྒོད་ཅིང་ཐུ་དྲག་པའམ། རང་ལ་གནོད་ཅིང་གཞིར་བཞག་ཏུ་ཡོད་པའི་ལྷ་འདྲེ་དང་། གཉན་ཁྲོད་ཀྱི་ལྷ་འདྲེ་གསར་པ་གཉིས་འཐབ་པའི་ཤུགས་རང་ལ་ཕོག་པའམ། རང་གིས་གཞན་ཕ་རོལ་ལ་གཅོད་གཏད་ལོག་པ་བྱས་པ་ཚུར་ལོག་པའམ། གཉན་ཁྲོད་འགྲིམ་པའི་དུས་ཚར་ཚད་མ་རྫོགས་པར་གཞན་གཅིག་ནས་གཅིག་ཏུ་འཕོས་ཤིང་གནད་ཀྱི་གདམ་པས་མ་ཟིན་པར་ལྷ་འདྲེ་སྣ་མང་གི་འགྱུར་ལྡོག་འདུག་གམ། ཡང་ན་དུར་ཁྲོད་ལ་སོགས་པར་འདྲེ་རིགས་མི་འདྲ་བ་མང་པོ་འདུ་འཚོགས་བྱེད་པའི་སར། གཅོད་ལ་ཕྱིན་པས་ལ་ལ་ཆོད་ཀྱང་། ལ་ལ་མ་ཆོད་པར་ལུས་པའི་གཟེར་ཐེབ་པའམ། དང་པོ་ཏབ་ཏོབ་ལ་གཅོད་ཀྱི་ཆོས་ཞུས། དེ་ཞུས་ཀྱང་རྟིང་མ་རྫོགས་པར་དགའ་ལ་རེ་བའི་ཤུགས་དང་། རོག་གིས་སྟབས་ཀ་ལ་སོགས་པས་གཅོད་བྱས་ནས་གཉན་ཁྲོད་འགྲིམ་ཡང་། གདམ་པ་ཕུ་ཐག་མ་ཆོད་པ་དང་། ཆོ་འཕྲུལ་མ་བྱུང་བ་ལ། བྲེད་ཅིང་བྲོས་པ་དང་། ལྷ་འདྲེ་མ་སློང་ནས་གཉན་ས་བསྐྱུར་ནས་ལོག་གམ། གནས་སྐབས་ཐུན་མོང་གི་ཚར་ཚད་འཕྲལ་ལ་དགའ་བྲོད་སྐྱེས་སམ། བདུད་དང་ལྷ་འདྲེའི་ཆོ་འཕྲུལ་གྱིས་ལུང་བསྟན་པ་ལ། མཆོག་ཏུ་བཟུང་ནས་ལུང་བསྟན་དེའི་རྗེས་སུ་འབྲང་བྱས་སམ། སྙིང་རུས་ཞེ་བཅད་ཆུང་ངམ། ལྷ་འདྲེ་དྲག་པོའི་ཆོ་འཕྲུལ་གྱིས་འཁྱམས་ནས་སྙེམ་མ་ཐུབ་པའམ། གཉན་ཁྲོད་བརྟེན་གོ་ལ་དབང་མེད་གཞན་དུ་འགྲོ་དགོས་པའམ། བྱང་ཆུབ་བསྒྲུབ་པའི་ལམ་མཁན་བླ་མ་ཡིན་པ་ལ། དད་པ་མ་སྐྱེས་པར་ལོག་ལྟ་སྐྱེས་ན་ལོག །ལྷ་འདྲེ་ལ་སོགས་སེམས་ཅན་ཐམས་ཅད་རང་གི་ཕ་མར་མ་གྱུར་པ་མེད་པ་ལ། ཕན་ཐོག་གང་ནུས་མ་བྱས་པར་རང་འདོད་ཀྱིས་གནོད་ཅིང་འཚེ་བའི་བསམ་སྦྱོར་བྱས་ན་ལོག །དལ་འབྱོར་བཅྭ་བརྒྱད་ཀྱི་མི་ལུས་ཐོབ་པ་ནི་དེར་བརྩོན་འགྲུས་དང་ལྡན་པས་བྱང་ཆུབ་བསྒྲུབ་ཅིང་སྙིང་པོ་ལེན་པ་ལ་འབད་པ་གལ་ཆེ་ཡང་། ལེ་ལོ་ཤོར་ནས་བཏང་སྙོམ་དུ་ལུས་པའམ། ཡང་ན་བརྩོན་འགྲུས་བྱས་ཀྱང་། ཚེ་འདིའི་བྱ་བ་བྱས་ན་ལོག །འཁོར་འདས་གཉིས་ཀྱི་བར་དུ་སྙེམ་ཐེ་ཚོམ་ངར་འཛིན་ལས་བདུད་ཆེ་བ་མེད་པ་ལ་སྙེམས་ཐེ་ཚོམ་གཉིས་འཛིན་གྱི་འཁྲི་བ་མ་ཆོད་ན་ལོག །ཁྱད་པར་དུ་གཅོད་ཀྱི་ལུགས་ཀྱི་གདམ་པ་ཉམས་སུ་ལེན་པའི་ཐོག་མར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མ་བསྒོམ་ན། ལྷ་འདྲེའི་ཆོ་འཕྲུལ་ལ་ཁྲོ་གཏུམ་བྱེད་ཅིང་། རང་གི་ལུས་ངག་ཡིད་གསུམ་མ་སློང་བའི་རྣམ་པ་མི་བདེ་བ་བྱུང་བ་ལ། དེ་ལ་ལོག་ནོན་དུ་མིང་བཏང་ཅིང་། ལྷ་འདྲེ་ལ་ཅི་གནོད་ཀྱིས་དམིགས་པ་དང་། ས་རྐོ་རྡོ་བརློག་བྲག་གཤིག་ཆུ་དཀྲུག་ལ་སོགས་ཅི་ཐུབ་ཆོད་ཀྱི་སྤྱོད་པ་བྱས་ན་ལོག །རེ་དོག་གི་མདུན་མ་ཁོང་དུ་བཅུག་ན་ལོག །གདམ་པ་ལ་ཁུ་འཁྲིག་དང་ཐེ་ཚོམ་ཞུགས་ན་ལོག །མདོར་ན་སེམས་ལ་རྟོག་པ་ཁུ་འཁྲིག་གཉིས་འཛིན་ཞུགས་ཅིང་སྙེམ་མ་ཆོད་པ་ལ་བརྟེན་ནས་གཅོད་ལོག་གོ། །ལུས་ངག་ཡིད་གཉིས་ཀྱི་རྒྱུད་ལ་ན་ཚ་ཟུག་གཟེར་བརྡ་བསྣོལ་སོགས་མི་བདེ་བ་མང་པོ་དང་། རྐྱེན་ཕྱི་ནང་བར་ཆད་སྣ་ཚོགས་འབྱུང་ཞིང་ཆེ་སྟེ། དམྱལ་བར་གཉིས་འཛིན་གྱིས་ལྟུང་། འབྲིང་སྟེ་སྲོག་གཅོད། ཐ་མ་ཡང་ཚེ་འདིར་མི་བདེ་བ་སྣ་ཚོགས་འབྱུང་། གནས་སྐབས་སུ་ཡང་ཅི་བསམ་མི་འགྲུབ་པར་ལོག་འགྱུ་དུ་མ་བསྐྱེད་པ་ལ་སོགས་གཅོད་ལོག་པའི་སྐྱོན་མང་པོ་འདུས་པར་འགྱུར་བས། དེའི་ལོག་གནོན་གྱི་མན་ངག་ལ་གཉིས་སྟེ། དང་པོ་སྔ་ཚགས་སུ་ཚུད་པར་བྱ་བའི་ཕྱིར་ཐབ་སྒོ་གཏན་འགེགས་པ་ལྟ་བུ་དང་། གཉིས་པ་སྔ་ཚགས་སུ་མ་ཚུད་པར་བྱུང་ངམ། ཚུད་ཀྱང་མ་ཐུབ་པར་བྱུང་ན། ལོག་ནོན་གནམ་ལྕགས་ཀྱི་གཟེར་མདའ་བརྡེག་པ་ལྟ་བུའི་གནད་ཀྱི་མན་ངག་གོ། །དང་པོ་སྔ་ཚགས་སུ་འཛུག་པ་སྒོ་ཐེམ་བརྡེག་པ་ལྟ་བུ་ནི། དཔེར་ན་དགྲ་རྐུན་འབྱུང་གི་དོག་པ་ནི། མ་བྱུང་བའི་གོང་ན་སྒོའི་འདེན་བུ་རྒྱང་འདེན་གྱི་མནན་པ་དང་། སྐར་ཁུང་བགག་པ་དང་། འགག་སྡོམ་པ་ལ་སོགས་པ་ཟོན་བྱས་པ་དང་། དགྲ་རྐུན་གྱིས་ཀྱང་དེ་རིག་ནས་དེའི་ཕྱོགས་སུ་མི་འོང་ཞིང་། གལ་ཏེ་མི་འོང་ཡང་གླག་མི་རྙེད་པ་དང་མཚུངས་པར། འདིར་ཡང་ཐོག་མར་ཉམས་ལེན་ལ་སྔ་ཐོག་ནས་འཇུག་པའི་སྔོན་དུ། ལྟ་བ་ཐག་ཆོད་སྤྱི་ཆབས་ཀྱི་མན་ངག་དང་ལྡན་པར་བྱས་པས་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླག་མི་རྙེད་དོ། །རྒྱལ་བའི་ཡུམ་ལས་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླག་མི་རྙེད་དོ། །མཚན་མ་མེད་པས་མཚན་མ་མེད་པ་ལ་གླག་མི་རྙེད་དོ། །སྨོན་པ་མེད་པས་སྨོན་པ་མེད་པ་ལ་གླག་མི་རྙེད་དོ། །ཅེས་དང་། སྔ་ཚགས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གོ་ཆ་དང་ལྡན་པར་བྱེད་པའོ། །དེ་ཡང་འདི་ལྟར་བདག་ཉིད་ཉམས་སུ་ལེན་མཁན་གྱི་རྣལ་འབྱོར་མི་དམིགས། ཉམས་སུ་བླང་བར་བྱ་བའི་ཆོས་མི་དམིགས། ཉམས་སུ་ལེན་པའི་ས་ཕྱོགས་གཉན་ཁྲོད་མི་དམིགས། ཡུལ་རིས་ས་ཕྱོགས་དེར་གནས་པའི་ལྷ་འདྲེ་གཞི་བདག་ལ་སོགས་མི་དམིགས། ཆོ་འཕྲུལ་མི་དམིགས། ཐམས་ཅད་མི་དམིགས་པ་དང་བྲལ་བས། གང་ལའང་བདེན་པར་གྲུབ་པ་མེད་པ་སྟེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདག་མེད་པའོ། །གཉིས་པ་སྔ་ཚགས་སུ་མ་ཚུད་པའམ་ཚུད་ཀྱང་ལོག་པ་ལ་སོགས་པ་གཅོད་ལོག་བྱུང་ན། ལོག་ནོན་གནམ་ལྕགས་ཀྱིས་གཟེར་མདའ་བརྡེག་པའི་མན་ངག་ནི། སྣང་སྲིད་ལྷ་འདྲེ་མ་རུང་བའི་ཆོ་འཕྲུལ་རྩུབ་འགྱུར་གྱི་ལྟས་དངོས་སམ་རྨི་ལམ་ལ་སོགས་པར་ཆེ་འབྲིང་ཆུང་གསུམ་བརྗོད་ལས་འདས་པ་འབྱུང་བར་འགྱུར་སྟེ། དེ་ལྟར་ཅི་བྱུང་ཡང་རྣལ་འབྱོར་པ་རབ་ཀྱིས་རབ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། ཡིད་ལ་བྱར་མེད་ཅིང་སྙམ་པའི་ངང་ལ་ལྷན་ནེ་བཞག་པས། བདག་གཞན་ཆོ་འཕྲུལ་ལ་སོགས་ཐམས་ཅད་སྡུག་བསྔལ་དང་བྲལ་བའི་ནམ་མཁའ་དྭངས་བ་ལྟར་རྟོག་པར་འགྱུར། རབ་ཀྱིས་འབྲིང་པོས་བདག་དང་ལྷ་འདྲེའི་ཆོ་འཕྲུལ་ཐམས་ཅད་གྲུབ་པ་མེད་པའི་དབྱིངས་སུ་བསྐྱལ་བར་བྱ་སྟེ། བདག་གཅེས་པས་སེམས་ཅན་ཐམས་ཅད་ཀྱི་རྟོག་པས་སེམས་ཀྱི་ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ་རང་བཞིན་གསལ་ལ་ཆུ་ཟླ་ལྟ་བུ། མཚན་འཛིན་ལས་འདས་པ་བར་སྣང་དུ་རླུང་འཕྱོ་བ་ལྟ་བུ། དེ་དག་ཐམས་ཅད་ཀྱང་སེམས་ཉིད་སྟོང་པའི་རང་རྩལ་དུ་ཤེས་པ་རང་སར་གྲོལ་ན་བདག་མ་གྲུབ་པའོ། །ལྷ་འདྲེ་ཞེས་པ་ཕྱི་རོལ་ག་གེ་མོ་ཞིག་ནས་བྱུང་བ་མ་ཡིན་ཞིང་། རང་གིས་སེམས་ཀྱི་རྣམ་རོལ་གྱི་གདང་ཕྱིར་འཆར་བ་ནི། དཔེར་ན་ཁང་པའི་ནང་དུ་མེ་འབར་བའི་འོད་ཕྱིར་གསལ་བ་དང་མཚུངས་པས་ལྷ་འདྲེ་མ་གྲུབ་པའོ། །ཆོ་འཕྲུལ་ཟང་ཟིང་ནི་རང་སར་འཁྲུལ་པ་སྟེ། གཞན་ནས་འབྱུང་ཕྱིར་འཆར་བ་མ་ཡིན། དཔེར་ན་སྣང་བ་འགྱུར་བྱེད་ཀྱི་རྫས་ཁོང་དུ་སོང་བས། མེད་པ་ལ་ཡོད་པར་འཛིན་པའི་སྣང་བ་འཁྲུལ་པ་དང་མཚུངས་པའི་ཕྱིར་ཆོ་འཕྲུལ་མ་གྲུབ། དེ་ལྟར་གང་ཡང་གྲུབ་པ་མེད་པའི་ཕྱིར། ཡོད་འཛིན་གྱི་བློ་དང་བྲལ་བའི་སྟོང་ཉིད་ཀྱི་ངོ་བོ་ལ་ལྟའོ། །དེ་ནས་བདག་དང་ལྷ་འདྲེ་ཆོ་འཕྲུལ་གསུམ་དབྱེར་མེད་གཅིག་ཏུ་རྟོག་ཅིང་བློ་ཐག་ཆོད་པར་འགྱུར་རོ། །རབ་ཀྱི་ཐ་མས་ཕཊ་ཅེས། དེས་ཆོ་འཕྲུལ་ཐམས་ཅད་ནམ་མཁའི་སྐར་ཚོགས་མི་སྣང་བ་ལྟར་དུ་གྱུར་ནས། ལུས་ངག་ཡིད་གསུམ་བདེ་ལྷན་གྱི་སོང་ནས། རྟོག་པ་ཁྱད་པར་ཅན་རྒྱུད་ལ་སྐྱེའོ། །རྣལ་འབྱོར་པ་འབྲིང་གིས་རབ་ཀྱི་དབང་པོ་ལུས་ཀྱི་མངོན་ཞན་མིག་གིས་ཡུལ་དུ་གཟུགས་བཟང་བ་ལ་སོགས་པ་ལ་ཆགས་པ་དང་། མ་ལེགས་པ་ལ་སྡང་བ་དང་། དེས་འདྲེས་པར་ལེགས་ཉེས་ཆགས་སྡང་ལྷ་འདྲེ་ལ་ཡང་དེ་བཞིན་ཆོ་འཕྲུལ་བཟང་པོ་སྟོན་པ་ལ་ཡང་ཆག་ངན་པ་སྟོན་པ་ལ་ཡང་སྡང་། ཆོ་འཕྲུལ་མ་བྱུང་ན་བྱུང་ན་སྙམ་པ་དང་། བྱུང་ན་སྐྲག་ཅིང་འདི་ལྟ་བུ་བྱུང་ན་དགའ་བ་ལ་སྙམ་པ་ལ་སོགས། རེ་དོག་ཉིན་མཚན་འཇིག་སྣང་ཐམས་ཅད་ཀྱི་ངོ་བོ་རང་བཞིན་ཤེས་པར་བྱ་སྟེ། ཆུ་ནང་གིས་གཟུགས་སྐར་བཀྲ་བ་ལ། ངོས་བཟུང་དང་བྲལ་བ་ལྟར་ཅི་མི་སྙམས་དུ་བཞག །དེས་ཆོ་འཕྲུལ་ཚར་དུ་སློང་ནས། མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་གཉིས་ཀ་འབྱུང་། འབྲིང་གིས་འབྲིང་པོས་ཆོ་འཕྲུལ་ལ་སོགས་ཐམས་ཅད་ཕུག་ལེགས་པར་བཏག །ང་ལ་ཁོ་བྱུང་ངམ། ཁོ་ལ་ང་བྱུང་འོན་ཏེ་གཉིས་ཀ་དུས་གཅིག་ལ་བྱུང་ན་བྱུང་མཁན་དང་། བྱུང་བ་དེའི་རང་བཞིན་དང་། བྱུང་བ་དེའི་རྒྱུ་ལས་གྲུབ། རྐྱེན་ཅིས་བསྐྱེད། ཁོའི་འབྲས་བུ་དེ་ཅི་འདྲ། དེ་དག་གིས་མཚན་ཉིད་དེ་ལེགས་པར་བརྟག་པ་བཞིན། ཐམས་ཅད་རང་བཞིན་མེད་པར་དཔེར་ན་ནམ་མཁའི་རི་མོ་བཞིན། ཕྱད་ཀྱིས་སོང་ནས་གང་ལ་ཡང་སྙིང་པོ་མི་འདུག་སྙམ་པའི་ཐག་ཆོད་ཀྱི་ཉམས་འཆར་བར་འགྱུར། དེས་ཐུན་མོང་གིས་དངོས་གྲུབ་ཆར་ལྟར་འབེབས། མཆོག་གི་དངོས་གྲུབ་རྙེད་པའི་ལྟས་འབྱུང་། དེ་ལྟར་ལམ་རྟག་གི་ཡོན་ཏན་གང་བྱུང་ཡང་། དེ་ལ་བརློམ་པ་དང་དགའ་བྲོད་གང་ཡང་མི་བསྐྱེད། གལ་ཏེ་བསྐྱེད་ན་སྔ་མའི་རྒྱུ་མཚན་མེད་པར་བསྐྱུར་དེ་ལྟར་མ་བསྐྱུར་ན་ནད་ལ་ཕན་དུ་རེ་བས་སྨན་བཏང་བས། སྨན་དེ་ཉིད་ཀྱང་སྨན་ལོག་དུ་སོང་ནས་ནད་མ་དྲག་པའི་སྟེང་དུ་འཆི་བར་འགྱུར་བ་བཞིན་ནོ། །འབྲིང་གི་ཐ་མས་འདི་སྙམ་དུ་ག་རེ་ང་འདིར་ཕྱིན་ཆོས་འདི་སྙམ་དུ་བླང་ན། འདི་འདྲ་བའི་ཆོ་འཕྲུལ་ལ་སོགས་མི་བདེ་བའི་ཟང་ཟིང་འོང་དོན་མེད། འདི་བྱུང་བའི་རྒྱུ་ང་རང་གིས་བྱས། རྐྱེན་ཕྱི་ནང་གིས་ཡུལ་ཡུལ་ཅན་དུ་འཕྲོ། དཔེར་ན་འབྱུང་བ་ཚ་གྲང་འཐབ་པ་ལ་སྒྲ་འབྱུང་བ་དང་འདྲ། རྒྱུ་རྐྱེན་ཐམས་ཅད་རང་ལ་ཐུགས་པར་འདུག་བསམ་དུ་ཞིབ་མོ་བསམ་པས། ཐམས་ཅད་རང་ལ་བྱུང་བས་ངོ་ཤེས། འོ་ན་རང་གི་མཚན་ཉིད་ཅི་འདྲ་སེམས་ཀྱི་བརྩད་གདར་བཅད་པས་སེམས་ཀྱི་མཚན་ཉིད་རྟོག་ནས་བདུད་རང་ཆོད་ཆོ་འཕྲུལ་རང་ཞིར་འགྲོ་ཞིང་ལྷ་འདྲེ་ཐམས་ཅད་ཀྱང་བྲན་འཁོར་དུ་འགྱུར་ནས་གནོད་མི་བསྐྱལ་བ་ནི་ལྟ་ཅི་སྨོས། ཅི་སྨྲ་བའི་བཀའ་ལ་ཉན་ཞིང་ཆོས་སྐྱོང་དུ་འགྱུར་རོ། །རྣལ་འབྱོར་པ་ཐ་མའི་རབ་ཀྱིས། སྔར་གྱི་གཉན་ས་ལ་སོགས་ཉེས་པ་བྱུང་བའི་ལེ་ལེན་གྱི་ས་གནས་དེ་ཉིད་དུ་ཕྱིན་པའམ། གལ་ཏེ་དེར་མ་སླེབ་ན་དེ་དང་ཆ་མཐུན་གྱི་གནས་གང་འཐད་དུ་ཕྱིན་ལ། དང་པོ་གཞུང་ལྟར་ཉམས་སུ་བླང་ཅིང་། ཁྱད་པར་གནོད་བྱེད་དེས་ཐོག་དྲངས་བའི་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་ཤས་མི་བཟོད་པ་སྒོམ་ལ་བྱ། སྙིང་རྗེར་འགྱུར་བའི་གནོད་བྱེད་ཐོག་དྲངས་བའི་སེམས་ཅན་ཐམས་ཅད་ལ་བདག་གི་ལུས་ངག་ཡིད་གསུམ་གང་ལ་ཅི་འདོད་དུ་སྦྱིན་པ་བཟང་བས་སོ་སོར་ཅི་འདོད་དུ་ཁྱེར་ལ་ལོངས་སྤྱོད་ཅིག་སྙམ་དུ་སྙིང་ཐག་པ་ནས་བསམ་ངག་ཏུ་ཡང་བརྗོད། རྗེས་ལ་ཕྱི་ནང་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་རྒྱས་གདབ། དེ་ལྟར་ཐུན་གྲངས་སྟོང་རྩ་ལ་སོགས་སློང་དང་བྱ། དེས་ཆོ་འཕྲུལ་ཉལ་གྱི་ཞི་ནས་བདེ་ཕྱམ་གྱིས་འགྲོ། དགེ་སྦྱོར་ངང་གིས་འཕེལ་ཞིང་བཟོད་པའི་གོ་ཆ་ཐོབ་པར་འགྱུར་རོ། །ཐ་མའི་འབྲིང་གིས། ནད་ལ་བཅོས་ལོག་བྱ། གདོན་ལ་ཐོག་འགེལ་བྱ། ཡ་ང་ན་ཡ་ཐོག་ཏུ་བཏང་། སྐྱུག་བྲོ་ན་བྲོ་ཐོག་ཏུ་བཏང་། གང་མི་ཕོད་པ་ལ་ཐོག་བརྗིས་སུ་བཏང་ཞིང་། མེ་བཙའ་ཨན་ཚུགས་སུ་བརྡེག་པར་བྱ་སྟེ། དེ་ཡང་དཔེར་ན་ནད་ཀྱིས་གཟེར་དམིགས་གར་ཡོད་དུ་སྨན་པ་མཁས་པས་ནད་ཆེ་ཞིང་མ་ཆོག་པས། སླར་མེ་བཙའ་བརྡེག་པ་བཞིན་དུ། ནད་ཚ་བ་ལ་བཅོས་ཐབས་ཚ་བ་ཉིད་བརྟེན་ནད་གྲང་བ་ལ་བཅོས་ཐབས་གྲང་བ་ཉིད་བརྟེན། སྤྱོད་ལམ་ཡང་དེའི་མཚོན་པར་བྱ་ཞིང་། ཁྱོད་ན་བ་བས་ཀྱང་ཐུ་བ་འཆི་བར་ཆུག །མེད་དུ་ཆུག །བརླག་ཏུ་ཆུག །སྙམ་པའི་ངང་ལ་བློ་སྙམ་སྙམ་མེད་པར་ལུས་བདག་པོ་མེད་པ་ཁོང་སྟོང་ལྟར་བོར། སེམས་སྟོང་པའི་ངང་ནས་དབྱིངས་རིག་བསྲེ། གདོན་ལ་ཐོག་འགེལ་བྱེད་པ་ནི། གདོན་འདི་རྣམས་བདག་གི་དྲིན་ཆེན་གྱི་ཕ་མ་ཡིན། ཆོ་འཕྲུལ་ལ་སོགས་པ་མི་བདེ་བ་འདི་རྣམས་ནི། བདག་ཉེས་ཀྱི་དོག་འཁོར་བར་འཁྱམས་ཀྱི་དོག་པའི་སློང་ཡིན་སྙམ་པའི་ངང་ནས་མ་དྲིན་ཆེན་གྱི་བརྡའ་ལ་ཉན། མ་པང་བུ་འགྲོའོ་སྙམ་པའི་ངང་ནས། གདོན་གང་ཡིན་པ་དེའི་པང་དུ་འཆང་། དེའི་ཁ་ནས་ཞུགས་ནས་ཁོ་ཡི་ཁོག་པར་ཡང་ཡོད་སྙམ་པར་བྱ། ཡང་དྲིན་ལེན་བསབ་པའི་ཆེད་དུ། རང་ལུས་བདུད་རྩིར་བྱིན་གྱིས་བརླབ་ལ། གང་ལ་ཅི་འདོད་དུ་སྦྱིན་པ་བཏང་། དེ་དང་མཐུན་པ་སྤྱོད་ལམ་ཡང་ལྷ་འདྲེའི་དོན་དུ་བྱ། ལུས་ཀྱི་ཅི་ནུས་ཀྱི་ཕྱག་འཚལ་བ་དང་། བསྐོར་བ་བསྐོར་བ་དང་། གཏོར་མ་བཏང་བ་དང་། གསུང་རབ་བཀླག་པ་དང་། སཙྪ་བཏབ་པ་ལ་སོགས་པའི་ཆོས་སྤྱོད་ལ་འབད། རང་གི་ལུས་ཀྱི་མ་ནུས་ན། གྲོགས་པོ་ལ་སོགས་ལ་བྱེད་བཅུག །རང་གི་དོན་དུ་རིམ་གྲོ་བྱེད་པའི་དོད་པོ་དེ་ལྷ་འདྲེ་ལ་བསྔོ། དེའི་རྗེས་ལ་དམིགས་མེད་ཀྱི་རྒྱས་གདབ། ཡ་ང་ན་ང་ཐོག་ཏུ་བཏང་བ་ནི། སེམས་འདི་ཉིད་འཁོར་བར་འཁྱམས་པ་ལ། ང་གཅིག་པུར་འཁོར་བར་འཁྱམས་ན་ཅི་ཡིན། འདི་རྣམས་སྡུག་བསྔལ་གྱི་མནར་ན། ང་གཅིག་པུར་སྡུག་བསྔལ་ཅི་ཉེས། སེམས་ཅན་འདི་རྣམས་ཐམས་ཅད་ཀྱི་དོན་དུ། བདག་གི་ལུས་ངག་ཡིད་གསུམ་གླུད་དུ་བསྔོ་བ་ལ་འགྲོ་སྙམ་པའི་འདུན་པ་དང་ལྡན་པས། ཡང་ང་བ་དང་བག་ཚ་བ་དང་གང་བྱུང་བ་ལ་མི་བྲོས་པར་སླར་དེ་ཀ་ལ་འདུག་དེ་ཕཊ་བྱ། ཅེས་གསོབ་དང་ལམ་བླར་ཤེས་པར་བྱས་ལ། ལུས་ངག་ཡིད་གསུམ་ཤིང་བཅད་པའི་སྡོང་པོ་འགྱེལ་བ་ལྟར་ཁྲམ་བསྐྱུར་བར་བྱའོ། །སྐྱུག་བྲོ་ན་བྲོ་ཐོག་ཏུ་བཏང་བ་ནི། གང་སྐྱུག་བྲོ་བས་མི་གཙང་བའམ། ཤ་རུས་ལ་སོགས་པའམ། གོས་རོལ་ལ་སོགས་ཡིད་ཡུལ་དུ་གང་སྐྱུག་བྲོ་བའི་སྟེང་དུ་སྙེམ་ཞུགས་པ་དེ་ཀ་ཆེད་དུ་གཉེར་ལ། བཟའ་བཏུང་གོས་སོགས་ལོངས་སྤྱོད་དེ་སྐྱུག་བྲོ་ན་སྐྱུག་པ་སླར་འཐུང་ཞིང་རྗེས་སུ་ཅི་ཡང་མི་དམིགས་པའི་ངང་དུ་བསྐྱུར་བར་བྱའོ། །མི་ཕོད་པ་ལ་ཐོག་རྫིས་བཏང་བ་ནི། ལུས་ངག་ཡིད་གསུམ་གྱིས་སྤྱོད་པ་རྦད་ཆོད་རྦུད་ཆོད་ལ་བཏང་། ལྷ་འདྲེ་མི་གསུམ་ལ་སོགས་གང་མི་ཕོད་ཅིང་། ཐེ་ཚོམ་དང་སྙེམ་ཞུགས་པ་དེ་ཉིད་ཀྱིས་དུས་རྟོག་པ་སྣ་མི་བསྐྱིལ་བར། ཉམས་བྱུང་རྒྱལ་དུ་བཏང་ལ་གང་ལ་ཆགས་པ་དེ་སྤང་སྡང་བ་དེ་དང་དུ་བླང་། མདོར་ན་གཉིས་འཛིན་གྱི་མདུད་པ་བཤིག་ལ། སྣང་བ་ཐམས་ཅད་ཐད་ཀར་བཅད་ལ་བཞག །དེ་རྣམས་བྱས་པས་བདུད་ལམ་དུ་སློང་། ཉོན་མོངས་པ་གྲོགས་སུ་འཆར། ལྷ་འདྲེ་སྲིད་དུ་ཆོད། བདག་དུ་འཛིན་པའི་འཁྲི་བ་ཆོད། འཁྲུལ་སྣང་ཞིག །ལྷ་འདྲེ་མི་གསུམ་དབང་དུ་འདུས། ཅི་བྱས་ལམ་དུ་འགྲོ། བྱང་ཆུབ་ཀྱིས་གོ་འཕང་རྙེད་པར་འགྱུར་རོ། །ཐ་མའི་ཐ་མས། དང་པོ་ལྷ་འདྲེ་ཐམས་ཅད་དྲིན་ཆེན་གྱི་ཕ་མར་བསྒོམ་ལ། བྱམས་སྙིང་རྗེ་ཐུན་མོང་མ་ཡིན་པར་བསྒོམ་ཞིང་། ལུས་སྦྱིན་པར་གཏོང་། བར་དུ་ལྷ་འདྲེ་དང་བླ་མ་དབྱེར་མེད་དུ་སྤྱི་བོར་བསྒོམ་ཞིང་། ལུས་མཎྜལ་དུ་ཕུལ་ལ། དད་པ་མོས་གུས་ཀྱི་གདུང་བ་དྲག་པོ་བསྐྱེད་ལ། གསོལ་ཕུར་ཚུགས་སུ་གདབ། མཐར་རང་དང་ལྷ་འདྲེ་གཉིས་སུ་མེད་པར་བསྲེལ། ཅི་ཡང་མི་བསམ་མི་གནང་ངོ་། །བྱར་མེད་ཀྱི་ངང་ལ་མཉམ་པར་བཞག །རེས་འགའ་ལྷ་འདྲེ་དང་ཡི་དམ་གྱི་ལྷ་གཉིས་སུ་མེད་པར་སྙིང་གི་དཀྱིལ་དུ་བསྒོམ་ལ། རང་གི་ཡི་དམ་གྱི་བཟླས་པས་འཛབ་དབྱངས་སུ་གྱེར། རེས་འགའ་སྣང་སྲིད་ལྷ་འདྲེའི་རང་བཞིན་དུ་གྱུར་པ་དེ་ལ། རང་གིས་ལུས་རེ་རེར་སྤྲུལ་ལ་ཅི་བདེར་ལོངས་སྤྱོད་པར་དམིགས། རེས་འགའ་ལྷ་འདྲེའི་ཁང་པ་གནས་ལ་སོགས་པའི་ཕོ་བྲང་རང་གིས་སྒར་བཏབ། རེས་འགའ་རང་གིས་གནས་མལ་དང་ཁང་པར་ལྷ་འདྲེའི་ཕོ་བྲང་བཅས་པར་དམིགས། རྗེས་ལ་བློ་བསྒྱུར་བྱ། དེ་ལ་སོགས་པའི་དམིགས་པའི་སྤྲུལ་བསྒྱུར་མང་པོ་བྱ་ཞིང་ལུས་ངག་གི་ལོངས་སྤྱོད། དེ་ལྟར་སྙམ་མེད་པར་ཡང་ཡང་བྱས་པས་ཞག་ཁ་ཡར་ནས་ཆོ་འཕྲུལ་ཚར་ཚད་དུ.འགྱུར་ནས་ལམ་གྱི་འགག་གྲོལ། ལྟས་ངན་གཡང་དུ་ཁུག །སྐྱེལ་མ་དགྲ་ལ་བཅོལ་བས་གྲོག་གི་དམ་པར་འགྱུར། ནད་པ་འདྲེ་ལ་གཏད་པས་སྲུང་བའི་མཆོག་ཏུ་གྱུར། བདུད་རྩིའི་དོང་པོར་དུག་འཐུང་བས་འཆི་མེད་ཚེ་ཡི་རིག་འཛིན་བརྙེས། ལྷ་འདྲེ་བསྒོམ་པས་ལྷ་འགྱུར། གཞན་དོན་བྱས་པས་རང་དོན་ཞོར་ལ་འགྲུབ། ཉོན་མོངས་པ་ཡེ་ཤེས་སུ་འཆར། འཁོར་འདས་ཐམས་ཅད་ཁྱབ་གདལ་དུ་མ་རོ་གཅིག་ཏུ་རྟོག་པས་ལུས་ལ་བདེ་བ་རྒྱས། རྟོག་པ་སེམས་ལ་འཆར། བདེན་ཚིག་ངག་གིས་འགྲུབ། འདུན་མ་རྩེ་མོ་བྱུང་རྒྱལ་དུ་གྱུར་པའོ། །དེ་རྣམས་གང་ཡང་དང་པོ་སེམས་སྐྱེ་མེད་ཀྱི་རྩིས་བཟུང་བ་དང་། བར་དུ་སྟོང་ཉིད་སྙིང་རྗེས་རྒྱས་ཐེབ་པ་དང་། མཐར་འཁོར་གསུམ་མི་དམིགས་པའི་ངང་ནས་བསྔོ་སྨོན་གྱིས་རྒྱས་ཐེབ་པར་བྱ། མདོར་ན་གཅོད་བྱ་གཅོད་བྱེད་ཐམས་ཅད་ལ་འདུ་ཤེས་ཐེར་ཟུག་འཁྲུལ་པའི་བླང་དོར་རེ་དོག་གཉིས་འཛིན་མ་ཞུགས་པར་གཅིག་ཆོད་རང་གྲོལ་གྱིས་ངང་དུ་མཚན་མའི་རྩོལ་བ་དང་བྲལ་བར་བྱའོ། །དེ་ལྟར་ཉམས་སུ་བླང་པས་གཅོད་ལོག་ལ་ཡང་ལོག་གི་སླེབ་ནས། ཆོ་འཕྲུལ་རང་སར་ཞི་བདུད་བཞི་རང་གྲོལ་དུ་འགྱུར་རོ། །ནད་ལ་སོགས་པའི་མི་བདེ་བ་ཐམས་ཅད་བདེ་བར་འགྱུར། སྣང་བ་དབང་དུ་འདུས། རླུང་སེམས་ལས་སུ་རུང་། བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་ཁོང་དུ་ཆུད་དེ། སྙིང་པོ་གཏན་ལ་ཕེབ་པར་འགྱུར་རོ། །ཅེས་པདྨའི་གཏེར་གཅོད་ལས་གསུངས་སོ། །གཅོད་ཁྲིད་འདི་ལ་རྒྱས་པ་ལྟར་ཡིན་ན། བཤད་མཛོད་ཆེན་མོས་བྱེད་ལ་བཤད་དོ། །བསྡུས་པ་ལྟར་ཡིན་ན་རང་གཞུང་གཅོད་ཁྲིད་འདི་དག་གིས་ཆོག་གོ། །དེས་རྗེས་ཀྱི་རིམ་དེ་སོང་ངོ་། །དེ་ལྟར་ལེགས་བཤད་སྤྲིན་གྱི་བླ་བྲེ་ལས། །ཚིགས་དོན་གསལ་བའི་ཆར་པས་རབ་བརླན་ཅིང་། །མ་ལུས་འགྲོ་བའི་ལོ་ཐོག་རྒྱས་མཛད་དེ། །ཀུན་ཀྱང་ཀུན་ཏུ་བཟང་མོ་རྟོག་པར་ཤོག །དགེ་བ་འདི་ཡི་སྲིད་པའི་སེམས་ཅན་ཀུན། །རྒྱལ་བའི་དཀྱིལ་འཁོར་དག་ཏུ་རབ་ཞུགས་ཏེ། །མ་ལུས་ཐམས་ཅད་བྱང་ཆུབ་མཆོག་ཐོབ་ནས། །འགྲོ་བ་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །གཅོད་ཁྲིད་འདི་ལ་རང་བཟོ་དང་ཕོ་ཚོད་མ་འདྲེས་ཤིང་། ཚད་གསུམ་ཟུང་དུ་འབྲེལ་བའི་དོན་ནི། སྲས་རྒྱལ་བ་དོན་འགྲུབ་ཀྱིས་གཅོད་ཁྲིད། ཟབ་དོན་ཐུགས་སྙིང་གི་གཅོད་ཁྲིད། སངས་རྒྱས་གཉན་སྟོན་གྱི་གཅོད་ཁྲིད། འདོར་བ་ཀུན་དགའ་དཔལ་བའི་གཅོད་ཁྲིད། ཨུ་རྒྱན་པདྨའི་གཏེར་གཅོད། དྲུང་ཆོས་དོར་བའི་སེམས་ཚོལ་ངོ་སྤྲོད་དེ་རྣམས་དང་། བླ་མ་དམ་པའི་མན་ངག་རྣམས་ལ་བརྟེན་ནས། གཅོད་ཁྲིད་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི། རི་ཁྲི་ལ་གཡུ་རྩེའི་ཞོལ། དངུལ་ཟླ་ཆུ་ཀློང་གི་གཡས་ཟུར། སློང་ཆེན་ངོས་ཀྱི་རི་ཁྲོད་ནས། པུ་ནེ་ཀླག་ཤས་སྦྱར་བ་རེ་ཞིག་རྫོགས་སོ།། །།ཤེས་བྱ་མཐའ་བྲལ་ཀ་དག་ཆོས་ཀྱི་སྐུ། །རང་རིག་གསལ་སྣང་ལྷུན་གྲུབ་ལོངས་སྤྱོད་རྫོགས། །དབྱེར་མེད་གསལ་སྣང་དུ་མ་སྤྲུལ་པར་ཤར། །ངེས་མེད་གཅིག་རྫོགས་ངོ་བོ་ཉིད་ཀྱི་སྐུ། །དབྱེར་མེད་ངོ་བོ་ཉིད་སྐུ་བླ་མར་འདུད། །གདོད་ནས་མ་སྐྱེས་འགགས་མེད་བསོད་ནམས་རྫོགས། །ཡོན་ཏན་དཔལ་བཞིན་ནམ་མཁའི་མཐའ་བཞིན་རྒྱས། །དོན་གཉིས་ལྷུན་གྲུབ་ཆོས་སྒོ་འབུམ་ཕྲག་གིས། །ཕྲིན་ལས་བཞི་འབྱུང་འགྲོ་བ་དཔག་མེད་འདྲེན། །བདུད་ཀྱི་གཅོད་ཡུལ་ཕ་རོལ་ཕྱིན་དོན་གྱིས། །མི་མཐུན་བདུད་བཞིའི་དགྲ་ལས་རྒྱལ་མཛད་པ། །འགྲོ་བ་བདུད་ལས་སྐྱོབ་པའི་མངའ་བོ་ཆེ། །བདུད་འདུལ་དཔའ་བོ་དཔའ་མོ་ཆེན་པོ་ལ། །ལྡོག་མེད་དོན་ལྡན་དཀོན་མཆོག་ཕ་མ་ཡི། །འགྱུར་མེད་མོས་ལྡན་བརྩེ་གཅིག་དད་ཆེན་པོས། །འབྲལ་མེད་མཚན་ལྡན་གྱི་དྭངས་མི་ཕྱེད་ནས། །དོན་གཉིས་འཆུག་མེད་ཆེན་པོས་དོན་མཛད་ཤོག །མངྒ་ལཾ་བྷ་ཝནྟུ། ༈ གཙང་ཉང་སྟོད་རྒྱ་རྩེའི་ལྷ་གཞིས་གཟིམ་ལྦུག་ན། ངག་དབང་བསྟན་འཛིན་རྣམ་རྒྱལ་ཕྱག་དཔེ་ཀཿསི་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོའི་ཀཿཐོག་དཔེ་མཛོད་དུ་བཞུགས་སུ་གསོལ་བ་དང་དཔེ་བསྡུར་ས་མནྟ་མ་ཏིས་བྱས་སོ། །ཡང་རྨུག་སང་དཔེ་དང་བསྡུར།། །།


previousགཅོད་ཁྲིད་གསལ་བའི་སྒྲོན་མེ། པུ་ནེ་ཀླག་ཤ།next