དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་ཟབ་དོན་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག
དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་ཟབ་དོན་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་ཟབ་དོན་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་དཔལ་ལྡན་བླ་མ་དམ་པ་རྣམས་དང་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཤིན་ཏུ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གང་གི་རང་བཞིན་གདོད་ནས་རྣམ་གྲོལ་ཆེ། །ངེས་པ་ལྔ་ལྡན་ཞི་དང་ཁྲོ་བོའི་གར། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་བྱེད་པོ་མཆོག །ཁྱབ་བདག་བླ་མ་སྐུ་གསུམ་གླིང་པར་འདུད། །རྒྱུད་ཆེན་འབྱུང་གནས་ཀུན་བཟང་ལྷ་ཡི་ལྷ། །རྒྱུད་དོན་འཆད་མཛད་མི་བསྐྱོད་རྡོ་རྗེའི་ཐུགས། །གསང་བའི་མཛོད་འཛིན་རྒྱལ་སྲས་ཐུ་བོ་དང་། །བཀའ་བབ་དྲྭ་མ་ལྔ་བཅས་སྤྱི་བོས་མཆོད། །ལས་ཅན་རྒྱལ་པོ་སྒེག་རྡོར་སངས་རྒྱས་གསང་། །པད་འབྱུང་བི་མ་རྨ་གཉགས་གནུབས་ཡབ་སྲས། །ཟུར་ཆེན་ཤཱཀ་འབྱུང་ཟུར་ཆུང་ཤེས་རབ་གྲགས། །གསང་བདག་སྒྲོ་ཕུག་པ་རྣམས་ཕྱག་གི་གནས། །ཁྱད་པ་བཤད་སྒྲུབ་ཕྲིན་ལས་ཉི་མ་ཡིས། །གངས་ལྗོངས་གསང་ཆེན་རིང་ལུགས་གསལ་མཛད་པ། །གཏེར་ཆེན་སྐུ་མཆེད་རབ་འབྱམས་ཆོས་གྲགས་སོགས། །རིམ་བྱོན་རིག་འཛིན་བླ་མའི་ཚོགས་རྣམས་རྒྱལ། །དྲིན་ཆེན་པད་བསྟན་ཕྲིན་ལས་རྣམ་པར་རྒྱལ། །པད་རྒྱལ་བུདྡྷ་ཡིད་བཞིན་དབང་རྒྱལ་པོ། །མཆོག་གྲུབ་པད་དབང་དོན་གྲུབ་དབང་རྒྱལ་ཏེ། །ཁྲི་རབས་གྲུབ་པའི་ཕྲེང་བར་གཙུག་གིས་མཆོད། །ཟབ་ཅིང་རྒྱ་ཆེ་མཚོན་བྱེད་ཡི་གེའི་རྒྱུད། །རྟོགས་དཀའི་གནད་དོན་གསལ་བར་ནུས་མིན་ཀྱང་། །སྔོན་བྱོན་མཁས་པའི་གསུང་ལ་རྗེས་ཟློས་སུ། །ཚིག་དོན་ཉུང་ངུའི་ངག་གིས་བརྗོད་ལ་སྤྲོ། །ཞེས་ཚིགས་སུ་བཅད་པའི་ཕྲེང་བ་འགའ་ཞིག་གིས་ལམ་ཡང་པོར་བྱས་ནས། དེ་ལ་འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས། འབྲས་བུ་ཐམས་ཅད་ཀྱི་མཐར་ཐུག་ས། སྔར་འདས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་དམ་པར་གྱུར་པ། ཆེ་བའི་ཡོན་ཏན་བརྒྱད་དང་ལྡན་པ་སེམས་དང་ཡེ་ཤེས་རང་སྣང་དུ་སྟོན་པ། སྒྱུ་འཕྲུལ་རྩ་བའི་རྒྱུད་དཔལ་གསང་བའི་སྙིང་པོ་འདི་འཆད་པའི་དབང་དུ་བགྱིས་ན། ཇི་སྐད་དུ་ཁོག་གཞུང་གསལ་བའི་སྒྲོན་མེ་ལས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད། །སྒྲོ་སྐུར་མེད་པར་སྟོན་པ་ནི། །མཚོན་བྱེད་སྒྱུ་འཕྲུལ་དྲྭ་བ་སྟེ། །འཛུབ་མོས་རི་བོང་ཅན་བཞིན་ནོ། །ཞེས་གསུངས་པས། མཚོན་བྱ་རང་བཞིན་གཞི་ཡི་རྒྱུད་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་ཡིན་ལ། དེ་མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་བཤད་ཐབས་ས་བཅད་རྣམ་པ་གསུམ་གྱི་སྒོ་ནས་སྟོན་ཏེ། རྒྱུད་ཀྱི་མཚན་བསྟན་པ་དང་། མཚན་དེ་དང་ལྡན་པའི་རྒྱུད་དོན། འགྱུར་བྱང་ངོ་། །དང་པོ་མཚན་བསྟན་པ་ལ་བཞི། དགོས་པའི་དོན་དང་། བསྡུས་པའི་དོན་དང་། ཚིག་གི་དོན་དང་། བརྒལ་ལན་གྱི་དོན་ནོ། །དང་པོ་ནི། མཚན་ཀླད་དུ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། བུམ་པ་ཞེས་པའི་མིང་ལས་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་པའི་དངོས་པོ་གོ་བ་ལྟར། མཚན་མཐོང་བའམ་ཐོས་པ་ལ་བརྟེན་ནས། དབང་པོ་རབ་ཀྱིས་གཞུང་གི་དོན་གོ་བ་དང་། འབྲིང་གིས་དོན་གྱི་རྣམ་གྲངས་ཁོང་དུ་ཆུད་པ་དང་། ཐ་མས་ཀྱང་སྨན་གྱི་ཁ་བྱང་ལྟར་གླེགས་བམ་བཙལ་བདེ་བའི་ཆེད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་མཚན་འདི་ཆོས་ཅན། ཁྱོད་ཀྱིས་སྟོན་ཚུལ་ཡོད་དེ། གསང་བ་ཞེས་པས་རྒྱུད་ཀྱི་རང་བཞིན། སྙིང་པོས་རྒྱུད་ཀྱི་ཆེ་བ། དེ་ཁོ་ན་ཉིད་ཀྱིས་རྒྱུད་ཀྱི་མཚན་ཉིད། ངེས་པས་རྒྱུད་ཀྱི་ངེས་དོན། འོ་ཞེས་པས་རྒྱུད་དོན་ཡོངས་སུ་རྫོགས་པར་སྟོན་པ་ཡིན་པའི་ཕྱིར་ཏེ། བི་མ་ལའི་འགྲེལ་ཆུང་ལས། རང་བཞིན་གསང་བ་ཞེས་བྱ་སྟེ། །ཆེ་བ་ཞེས་པ་སྙིང་པོའི་དོན། །དེ་ཁོ་ན་ཉིད་མཚན་ཉིད་དོ། །ངེས་པ་ངེས་དོན་མདོར་བསྟན་པ། །དེ་ལྟར་རྣམ་པ་བཞི་པོ་རུ། །མདོར་བསྡུས་སྤྱི་ཡི་དོན་དུ་བཤད། །ཅེས་གསུངས་སོ། །ཡང་རྒྱུད་དོན་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་དེ་ཆོས་ཅན། ཁྱེད་ཀྱིས་མཚན་འདི་ལ་བརྟེན་ནས་གོ་ཚུལ་དང་རྟོག་ཚུལ་ཡོད་དེ། གསང་བ་སོགས་མཚན་བཞིས་རིམ་པ་བཞིན་རྟོགས་དཀའ་བ་དང་། བཅུད་འདུས་པ་དང་། གཞན་སེལ་བ་དང་། ངེས་དོན་ཐེ་ཚོམ་དང་བྲལ་བ་གང་ཞིག །སྟོན་ཚུལ་དང་རྗེས་སུ་མཐུན་པར་རྒྱུད་ཀྱི་རང་བཞིན་ཆེ་བ་མཚན་ཉིད་ངེས་དོན་སོགས་རྟོགས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་བླ་མ་བརྒྱུད་པའི་མན་ངག་ལས། ཕྱི་ལྟར་གྲོལ་ལམ་དང་སྦྱར་ཏེ་བཤད་པ། ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་པ། གསང་བ་ལྟར་འོག་སྒོ་དང་སྦྱར་ཏེ་བཤད་པ་དང་གསུམ་ལས། དང་པོ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པས། དེ་ལ་དང་པོ་གསང་བའི་དོན་ནི་གསུམ་སྟེ། རང་བཞིན་དང་། གབ་པ་དང་། སྦས་པའི་གསང་བའོ། །དང་པོ་ནི། སེམས་ཉིད་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུར་ཡེ་ནས་རང་ཆས་སུ་གནས་ཀྱང་བློ་ཡི་སྤྱོད་ཡུལ་དང་བྲལ་བས་མ་རྟོགས་པ་སྟེ། དཔེར་ན་ནམ་མཁའ་ཉིད་མིག་གིས་མཐོང་བྱར་མ་གྱུར་པ་བཞིན་ནོ། །དེ་ལྟར་ཡང་རྣམ་སྣང་མངོན་བྱང་ལས། བྱིས་པ་མི་ཤེས་པས་བསྒྲིབས་པས། །ཚུལ་འདི་ཤེས་པར་མ་གྱུར་རྣམས། །སངས་རྒྱས་གཞན་དུ་འཚོལ་བར་བྱེད། །འདི་ན་གནས་པ་ཡོངས་མ་མཐོང་། །ཞེས་སོ། །ཇི་ལྟར་གསང་ཚུལ་ལ་བཞི་སྟེ། ལྷན་སྐྱེས་ཀྱི་མ་རིག་པས་དོན་དམ་བདེན་པ་མ་རྟོགས་པ་ནི་ཡེ་ནས་གསང་བ། ཀུན་བཏགས་ཀྱི་མ་རིག་པས་ཀུན་རྫོབ་བདེན་པ་མ་རྟོག་པ་ནི་རང་བཞིན་གྱི་གསང་བ། སྣང་སྟོང་སོ་སོར་བཟུང་བས་དབྱེར་མེད་མ་རྟོགས་པ་ནི་ངོ་བོ་ཉིད་ཀྱི་གསང་བ། ཡུལ་ཡུལ་ཅན་དུ་བཟུང་བས་སྤྱོད་ཡུལ་དང་བྲལ་བར་མ་རྟོགས་པ་ནི་ཤིན་ཏུ་གསང་བ་སྟེ། གསང་ཚུལ་བཞིས་ཆོད་པའི་ཚུལ་དུ་གསང་བ་ཡིན་པའི་ཕྱིར་རོ། །གཉིས་པ་གབ་པའི་གསང་བ་ནི། གདུལ་བྱ་འཁྲུལ་པའི་བློ་ཅན་གྱིས་རྟོགས་དཀའ་བ་དང་། རས་ཆོད་ཅན་གྱིས་རྟོགས་སུ་མི་རུང་བའི་ཕྱིར་གབ་པ་སྟེ། དཔེར་ན་མིག་སེར་ཅན་ལ་དུང་གི་ཁ་དོག་བཞིན་ནོ། །དེ་ལྟར་ཡང་དམ་ཚིག་གསལ་བཀྲ་ལས། གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །གསང་ཐུགས་དངོས་གྲུབ་མི་ཡལ་བ། །གསང་ཕྱིར་བརྡའ་དག་སྣ་ཚོགས་གསུངས། །ཞེས་སོ། །དེ་ཡང་རང་བཞིན་གྱི་རྒྱུད་དུ་གབ་པ་ནི་མཚོན་བྱའི་རྒྱུད་རང་ལ་རང་ཆས་སུ་གནས་ཀྱང་རྟོག་པས་སྒྲིབ་པའི་ཕྱིར་གབ་པ་སྟེ། དེ་གང་གིས་འབྱིན་ན་ལུང་ཚད་མའི་བདག་པོ་སངས་རྒྱས་ཀྱིས་སོ། །དཀྱུས་ཡི་གེ་ལ་གབ་པ་ནི་རས་ཆོད་ཅན་མགོ་རྨོངས་པའི་ཕྱིར་རྒྱུད་དཀྲུགས། ལུང་གཅུས། མན་ངག་གབ་པའི་ཚུལ་དུ་གནས་པ་དེ་ནི་མན་ངག་ཚད་མའི་བདག་པོ་རྡོ་རྗེ་སློབ་དཔོན་གྱིས་འབྱིན་པར་མཛད་དོ། །གསུམ་པ་སྦས་པའི་གསང་བ་ནི། རྒྱུད་ཟབ་མོ་འདི་དག་གི་མན་ངག་མེད་པ་དང་། སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་ལ་སྦས་པ་ཡིན་ཏེ། དེ་དག་གི་ཡུལ་མ་ཡིན་པའི་ཕྱིར། དཔེར་ན་སེང་འོ་སྣོད་ངན་དུ་བླུགས་པར་བྱ་བ་མ་ཡིན་པ་བཞིན་ནོ། །དེ་ལྟར་སྒེག་པ་རྡོ་རྗེས་རང་བཞིན་སོགས་གསང་བ་གསུམ་དང་། བི་མ་ལས་དེའི་སྟེང་དུ་མི་བསྟན་པའི་གསང་བ་བསྣན་ཏེ་བཞིར་ཕྱེ་ནའང་མི་བསྟན་པའི་གསང་བ་སྦས་པའི་ནང་དུ་འདུ་བའོ། །གཉིས་པ། སྙིང་པོའི་དོན་ལ་གསུམ། རྒྱུ་དང་། འབྲས་བུ་དང་། བཅུད་ལུས་པ་དོན་གྱི་སྙིང་པོའོ། །དང་པོ་ནི། རྒྱུད་འདི་ཐེག་པ་ཐམས་ཅད་ཀྱི་འཕྲོ་གཞིའམ་འབྱུང་བའི་རྒྱུ་ལྟ་བུར་གྱུར་པས་ན་དེ་སྐད་ཅིག་ཅེས་བརྗོད་དོ། །གཉིས་པ་ནི། ཐེག་པའི་སྒོ་གང་ནས་བསྒྲུབ་ཀྱང་མཐར་རང་བཞིན་གསང་བའི་སྙིང་པོ་འདིའི་དོན་མངོན་དུ་བྱེད་དགོས་པའི་ཕྱིར་རོ། གསུམ་པ་ནི། གཏན་ཚིགས་ཀྱི་སྒོ་གང་ནས་གཏན་ལ་ཕབ་ཀྱང་མཐར་ཐུག་སངས་རྒྱས་ཀྱི་དགོངས་པའི་དོན་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་སངས་རྒྱས་པས་འཁོར་བ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱས་པ་ལས། བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། ཆོས་རྣམས་དབུས་ན་གནས་པའི་ཁམས། །ཁྱབ་ཅིང་སྤྱོད་ཡུལ་མ་ཡིན་ཏེ། །ཞེས་སོ། །གསུམ་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་གསུམ་སྟེ། མ་བཅོས་པའི་དང་། མ་ནོར་པའི་དང་། གཞན་མ་ཡིན་པའི་དེ་ཁོ་ན་ཉིད་དོ། །དང་པོ་ནི། རྟོག་ཚོགས་ཐམས་ཅད་རང་རིག་ལས་མི་གཞན་པས་སྣང་སྟོང་གཉིས་མེད་རང་བྱུང་ཡེ་ཤེས་ལ་སྒོམ་བྱེད་ཀྱི་བློས་མ་བཅོས་པར་བཞག་པས་ན་དེ་སྐད་དུ་བརྗོད་པའོ། །གཉིས་པ་ནི། མ་བཅོས་པའི་དེ་ཁོ་ན་ཉིད་དེ་གོམས་པ་ལས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་མངོན་པར་སྣང་བ་ནི་མ་ནོར་བས་ན་དེ་ལྟར་དུ་བརྗོད་པའོ། །གསུམ་པ་ནི། འབྲས་བུ་དེའང་སྒྲིབ་བྱེད་ཀྱི་ཞེན་པ་དག་པའི་ཚེ་རང་ལ་ཡོད་པའི་དོན་དེ་སྣང་བ་ལས་གཞན་ནས་བྱུང་བ་མ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་རྡོ་རྗེ་ལས། རྒྱུ་འབྲས་གཉིས་སུ་མེད་པ་ལ། །དེ་ཉིད་ངོ་བོའི་སྐབས་ཀྱི་གསུམ། །ཞེས་སོ། །བཞི་པ་ངེས་པའོ་ཞེས་པའི་དོན་ལ་གསུམ་སྟེ། གཞི་དང་། ལམ་དང་། འབྲས་བུའི་ངེས་པའོ། །དང་པོ་ནི། གཞིའི་རྒྱུད་རང་བཞིན་གསང་བའི་སྙིང་པོ་དེ་ཆོས་ཉིད་སྒྲོ་སྐུར་དང་བྲལ་བར་བདེན་པས་ན་དེ་ལྟར་དུ་བརྗོད་དོ། །གཉིས་པ་ནི། ཐེག་པ་འདིའི་ལུགས་ཀྱིས་ཡེ་ནས་གནས་པའི་འབྲས་བུ་ཉིད་ཤེས་ཐོབ་ཀྱི་བྱེད་པས་ལམ་དུ་བྱེད་པར་ངེས་པའི་ཕྱིར་རོ། །གསུམ་པ་ནི། རྒྱུད་འདི་རང་གི་ངོ་བོས་བརྗོད་བྱ་རྒྱལ་བའི་དགོངས་པ་ངེས་དོན་མངོན་དུ་ཕྱུང་ནས་སྟོན་པས་དེ་ལྟར་དུ་བརྗོད་དོ། །དེ་ཡང་ཇི་སྐད་དུ། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་སོ། །གཉིས་པ་ནང་ལྟར་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་པ་ལ་གཉིས་ཏེ། སྙིང་གའི་འཁོར་ལོ་དང་སྦྱར་ཏེ་བཤད་པ། མཚན་བཞི་དང་འཁོར་ལོ་བཞི་སྦྱར་ཏེ་བཤད་པའོ། །དང་པོ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་དོན་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་དབུས་ན་དྭངས་མ་ཆེན་པོ་ལྔ་དང་། དེའི་དཀྱིལ་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་ཡེ་ནས་གནས་ཀྱང་རང་གསང་ཐབས་ཀྱིས་ཆོད་ནས་མ་མཐོང་བ་ནི་གསང་བ། ཐིག་ལེ་དེ་ཉིད་ལ་ཤེས་བྱ་དང་བསྒྲུབ་བྱའི་དོན་གྱི་བཅུད་འདུས་པས་ན་སྙིང་པོ། ཐབས་ཀྱི་མན་ངག་དང་ལྡན་པའི་སྒོ་ནས་ཉམས་སུ་བླངས་པས་རང་གི་སེམས་ཉིད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་གསལ་བས་ན་དེ་ཁོ་ན་ཉིད། སྙིང་པོའི་ཐིག་ལེ་དེ་གཞི་ལམ་འབྲས་བུ་གསུམ་གྱི་དངོས་གཞིར་ངེས་པས་ན་ངེས་པའོ། །གཉིས་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པའི་དོན་ལྟེ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཡི་གེ་ཨའི་རྣམ་པར་གནས་པ་དེ་ཉིད་ཡུམ་གྱི་མཁའ་གསང་གི་སྣ་རྩེའི་ཐིག་ལེ་དང་འབྲེལ་ནས་གནས་པས་ན་གསང་བ། སྙིང་གའི་འཁོར་ལོ་དྭངས་མ་ལྔའི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་བཞུགས་པ་དེ་ཆོས་ཐམས་ཅད་ཀྱིི་བཅུད་འདུས་པའི་ཕྱིར་སྙིང་པོ། མགྲིན་པའི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་ན་མཁས་འགྲོ་མ་རྔམས་མའི་ཐིག་ལེ་ཨཾ་གི་དབྱིབས་སུ་གནས་པ་དེ་འོད་དུ་འབར་ཙམ་ན་བདེ་བ་སྐྱེས་པས་དེ་ཁོ་ན་ཉིད་ལས་མི་གཡོ་བའི་ཕྱིར་དེ་ཁོ་ན་ཉིད། སྤྱི་བོའི་འཁོར་ལོའི་རྩ་འདབ་སོ་གཉིས་ཀྱི་དབུས་ན་ཀུན་ཏུ་བཟང་པོའི་ཐིག་ལེ་ཧྃ་གི་རྣམ་པར་གནས་པ་དེ་ལས་སྐྱེས་པའི་བདེ་ཆེན་མི་རྟོག་པའི་ཡེ་ཤེས་དེ་ནི་རྒྱལ་བ་ཀུན་གྱི་དགོངས་པའི་དངོས་གཞིར་ངེས་པའི་ཕྱིར་ངེས་པའོ། །གསུམ་པ་གསང་བ་འོག་སྒོ་དང་སྦྱར་ཏེ་བཤད་པ་ནི། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའོ། །ཞེས་པ་ལུས་ཅན་རྣམས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པའི་ནང་ན་ཐིག་ལེ་བདེ་བའི་ཡེ་ཤེས་ཀྱི་རོ་དང་བཅས་པ་རང་ཆས་སུ་གནས་ཀྱང་ངོ་མ་ཤེས་པས་ན་གསང་བ། ཐིག་ལེ་དེ་ལ་རྒྱུ་འབྲས་ཐམས་ཅད་ཀྱི་བཅུད་འདུས་པས་ན་སྙིང་པོ། བྱེད་པ་སྡོམ་པ་རླུང་དང་བཅས་པའི་ཐབས་ཀྱིས་ཉམས་སུ་བླང་ན་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་རྒྱུད་ལ་སྐྱེས་པས་ན་དེ་ཁོ་ན་ཉིད། ཐིག་ལེ་དེ་ཉིད་གཞི་ལམ་འབྲས་བུ་གསུམ་ཀའི་དངོས་གཞིར་ངེས་པས་ན་ངེས་པའོ། །འོ་ཞེས་པ་ནི་མཚན་གྱི་བཤད་ཐབས་ཕྱི་ནང་གསང་བ་གསུམ་པོ་དེས་གསང་སྔགས་མ་ཧཱ་ཡོ་གའི་དོན་ལྷག་མ་མ་ལུས་པར་མཚན་བསྟན་པ་ཙམ་གྱིས་ཡོངས་སུ་རྫོགས་པའི་ཐ་ཚིག་གོ། །བཞི་པ་མཚན་གྱི་བརྒལ་ལན་ནི། ཁ་ཅིག་ན་རེ། རྒྱུད་འདི་རྒྱ་གར་ནས་བསྒྱུར་བ་མ་ཡིན་ཏེ། ཀླད་དུ་རྒྱ་སྐད་མ་སྨོས་པའི་ཕྱིར་ཟེར་ན། འདིར་རྒྱ་སྐད་མེད་པས་བོད་མར་འགྱུར་བའི་ཁྱབ་པ་མེད་དེ། བོད་དུ་བརྩམས་པའི་བསྟན་བཅོས་དུ་མར་ཡང་རྒྱ་སྐད་ཀླད་དུ་བཀོད་པ་ཡོད་མོད། དེས་རྒྱ་གར་མར་མི་འགྱུར་བ་བཞིན་ནོ། །གཞན་ཡང་ཀླད་དུ་རྒྱ་གར་གྱི་སྐད་གཅིག་པོ་མ་སྨོས་པས་བོད་མར་འགྱུར་རམ། སྐད་གཉིས་ཀ་མ་སྨོས་པས་བོད་མར་འགྱུར། དང་པོ་ལྟར་ན། རྒྱ་ནག་ནས་བསྒྱུར་བའི་ཆོས་རྣམས་ཆོས་ཅན། བོད་མར་ཐལ་ཏེ། ཀླད་དུ་རྒྱ་སྐད་མ་སྨོས་པའི་ཕྱིར། གཉིས་པ་ལྟར་ན། རྒྱ་གར་གྱི་དཔེ་རྣམས་ཆོས་ཅན། བོད་མར་ཐལ་ཏེ། ཀླད་དུ་སྐད་གཉིས་མ་སྨོས་པའི་ཕྱིར། མདོར་ན་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཆོས་ཅན། བོད་མར་འགྱུར་བའི་སྐྱོན་མེད་དེ། འདི་ཉིད་ཡོངས་སུ་གྲགས་པའི་རྒྱ་གར་གྱི་པཎ་ཆེན་རྣམས་ཀྱིས་མང་དུ་བཀྲལ་བ་གང་ཞིག །གསང་འདུས་ཀྱི་འགྲེལ་པ་བི་ཤྭ་མི་ཏྲས་མཛད་པར་ཡང་རྒྱུད་འདིའི་ལུང་མར་དུ་དྲངས་པའི་ཕྱིར་དང་། དུས་ཕྱིས་ཀྱང་རྒྱ་དཔེ་རྙེད་པ་ལས་ཐར་འགོས་སོགས་ཐུབ་བསྟན་ཡོངས་སུ་རྫོགས་པའི་ལོ་ཙཱ་བ་ཆེན་པོ་དག་གིས་འགྱུར་མཛད་པའི་ཕྱིར་རོ། །གཞན་ཡང་མཚན་རྒྱུད་དོན་ཡིན་མིན་དང་། མཚན་དུ་རྒྱུད་དོན་འདུས་མ་འདུས། མན་ངག་ཁོ་ནའི་མཚན་ནས་སྨོས་པའི་བརྒལ་ལན་རྣམས་སྤྲོ་ན་འཆད་པ་པོས་བསྙད་དོ། །གཉིས་པ་རྒྱུད་དོན་དངོས་ལ་གསུམ་སྟེ། ཀླད་ཀྱི་དོན་སྟོན་པ་ལ་ཕྱག་བཙལ་བ། གཞུང་གི་དོན་རྒྱུད་དོན་དངོས་བཤད་པ། མཇུག་གི་དོན་རྫོགས་པའི་བྱ་བ་བསྟན་པའོ། །དང་པོ་ལ་གསུམ། ངག་དོན། ཚིག་དོན། རྩོད་པ་སྤོང་བའོ། །དང་པོ་ནི། བྱེད་པའི་མུ་བཞི་དང་སྦྱར་ན། ཕྱག་གང་གིས་བཙལ་ན་སྡུད་པ་པོ་གསང་བདག་གིས་སོ། །གང་ལ་ན་རྒྱུད་ཀྱི་སྟོན་པ་ལའོ། །དུས་གང་གིས་ཚེ་ན་སྡུད་པ་པོས་འོག་མིན་དུ་དང་པོ་ཤེས་རྒྱུད་ལ་བསྡུས་ཏེ། དེ་ནས་མི་ཡུལ་དུ་ཚིག་ཏུ་སྡུད་པའི་ཚེ་ནའོ། །ཚུལ་ཇི་ལྟར་བཙལ་ན། རབ་ལྟ་བ་མཇལ་བ། འབྲིང་སྒོམ་པ་གོམས་པ། ཐ་མ་མོས་གུས་ཀྱི་ཕྱག་གསུམ་ལས། འདི་ནི་སྡུད་པ་པོ་གསང་བདག་གིས་རང་དང་སྟོན་པའི་ཐུགས་གཉིས་སུ་མེད་པར་རྟོགས་པའི་སྒོ་ནས་ཕྱག་བཙལ་བས་ན་དང་པོའོ། །གཉིས་པ་ནི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དེ་ཡང་བཅོམ་ཞེས་བདུད་བཞི་བཅོམཔ་སྟེ། བདུད་ཙམ་གྱི་གོ་བ་ནི་གང་ལ་བར་དུ་གཅོད་པ་གཅིག་ཡིན་ནོ། །དེ་ལ་བཞི་སྟེ། ཉོན་མོངས་པ་རང་རྒྱུད་དུ་འཛིན་པ་ཉོན་མོངས་པའི་དང་། ཕུང་པོ་ལ་བདག་ཏུ་འཛིན་པ་ཕུང་པོའི་དང་། སྐྱེ་འཆི་རང་གར་འཛིན་པ་འཆི་བདག་གི་དང་། རྟོག་ཚོགས་ཐ་མལ་དུ་འཛིན་པ་ལྷའི་བུའི་བདུད་དོ། །དེ་དག་ལ་སྟོན་པ་སྐུའི་ལྔའི་བདག་ཉིད་ཀྱིས་ཉོན་མོངས་ཡེ་ཤེས་སུ་དག་ཅིང་ཕུང་པོ་ལྔ་རིགས་ལྔར་སངས་རྒྱས་ལ། ཐུགས་འཆི་མེད་རྡོ་རྗེར་རྟོགས་ནས་རྟོག་ཚོགས་སུ་བཏགས་པ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བས་བདུད་བཞི་བཅོམ་པ་ནི་སྤངས་པ་ཕུན་ཚོགས། འབྲས་བུ་ཆེ་བའི་ཡོན་ཏན་ཐམས་ཅད་རང་རིག་པའི་ཡེ་ཤེས་ལ་རང་བཞིན་གྱིས་ལྡན་པ་ནི་རྟོགས་པ་ཕུན་སུམ་ཚོགས་པའོ། །འདས་པའི་སྒྲ་ནི་རྒྱ་སྐད་ལ་མེད་ཀྱང་བཀས་བཅད་དང་བསྟུན་ནས། བཅོམ་ཞེས་པ་དངོས་མེད་སྟོང་པའི་མཐའ་དང་། ལྡན་ཞེས་པ་དངོས་པོ་སྣང་བའི་མཐར་ཐུག་པས་འདིས་མཐའ་གཉིས་ལས་འདས་པར་བསྟན་པའོ། །དེ་ཡང་ཕལ་པོ་ཆེ་ལས། སྲིད་དང་ཞི་ལས་རྣམ་གྲོལ་ཞིང་། །ཡོན་ཏན་རྒྱ་མཚོ་གཉིས་སུ་མེད། །སྤྲོས་པ་ཀུན་ལས་རབ་འདས་པའི། །བཅོམ་ལྡན་འདས་ནི་མཁའ་རབ་ཞི། །ཞེས་སོ། །དཔལ་ནི་བདེ་བར་གཤེགས་པའི་སྙིང་པོ་ཁྱབ་བྱེད་དུ་ཡོད་པས་གང་གིས་དེ་བརྟག་ན་རྟོགས་སུ་རུང་ལ། བསྒྲུབ་ན་འགྲུབ་ཏུ་རུང་བས་ན་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་དང་། དེ་མངོན་དུ་བྱེད་པའི་ཡེ་ཤེས་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་དུ་གྱུར་པ་ཐུགས་རིག་པ་རང་སྣང་གི་དཔལ་དང་། མཛད་པའི་ཕྲིན་ལས་ཀྱིས་གདུལ་བྱ་འདྲེན་པའི་ཐབས་མངའ་བ་ཡང་རྩོལ་རྟོག་དང་བྲལ་བར་སྣང་བ་ནི་ཐུགས་རྗེ་ཆེན་པོ་གཞན་ལ་སྣང་བའི་དཔལ་ལོ། །ཀུན་ཏུ་ཞེས་པ་ཤེས་བྱའི་ཆོས་ཀུན་ལྷག་མ་མ་ལུས་པའི་བདག་ཉིད་དང་། བཟང་པོ་ཞེས་པ་ནི་དེའི་རང་བཞིན་ཕྱིན་ཅི་མ་ལོག་པར་མངོན་དུ་བྱས་པས་སྤྱོད་ཡུལ་དག་པའོ། །དེ་ལྟར་ཡང་ཡེ་ཤེས་གསང་བ་ལས། རང་བཞིན་མི་གཡོ་ལྷུན་རྫོགས་ཤིང་། །སྤྱོད་ཡུལ་ཀུན་ཏུ་བཟང་པོ་སྟེ། །ཞེས་སོ། །ལ་ཞེས་པ་རྣམ་དབྱེ་གཉིས་པའི་སྒྲས་ཕྱག་འཚལ་བའི་ཡུལ་མཚོན་པ་སྟེ། གང་ཞེ་ན་སྟོན་པའི་བདག་ཉིད་དོ། །ཕྱག་འཚལ་ལོ་ཞེས་སྡུད་པ་པོ་གསང་བདག་གིས་བདག་དོན་དུ་རང་བཞིན་གྱི་རྒྱུད་ཁོང་དུ་ཆུད་པའི་ཚེ་སྟོན་པའི་ཐུགས་དང་ཐ་དད་མེད་པས་གཉིས་མེད་རྟོགས་པའི་ཕྱག་ཡིན་ལ། གཞན་དོན་དུ་ཡི་གེའི་རྒྱུད་འཆད་པའི་ཚེ་ཁྱད་པར་གྱི་སྟོན་པ་ལ་དབང་མི་ཟ་བའི་ཕྱིར་མོས་ཤིང་འདུད་པའི་ཕྱག་ཡིན་ནོ། །གསུམ་པ་ལ་གཉིས། རྩོད་པ་འགོད་པ་དང་། དེ་སྤོང་བའོ། །དང་པོ་ནི། ཁོ་ན་རེ། ཀླད་དུ་བཀོད་པའི་ཕྱག་འདི་ལོ་ཙཱ་བའི་འགྱུར་ཕྱག་ཡིན་གྱི་སྡུད་པ་པོའི་ཕྱག་མ་ཡིན་ཏེ། སྡུད་པ་པོའི་ཚིག་ནི་འདི་སྐད་བཤད་པའི་དུས་ན་ཞེས་པ་མན་ཆད་ཡིན་པའི་ཕྱིར་ཟེར་ན། གཉིས་པ་དེ་སྤོང་བ་ནི། འོ་ན་སྡུད་པ་པོས་བཀའ་བསྡུ་བྱེད་པའི་ཐོག་མར་རང་གི་སྟོན་པ་ལ་བསྟོད་ཕྱག་བྱས་པ་མེད་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། སོ་ཐར་གྱི་མདོའི་བཀའ་བསྡུ་པའི་ཚེ་སྟོན་པ་ལ་བསྟོད་ཕྱག་བྱས་ནས་བཀའ་བསྡུས་པའི་ཕྱིར་རོ། །ཡང་ཁོ་ན་རེ། འོ་ན་རྒྱུད་འདི་ལ་ལོ་ཙཱ་བའི་འགྱུར་ཕྱག་མེད་པར་ཐལ། ཀླད་དུ་བཀོད་པའི་ཕྱག་འདི་ནི་སྡུད་པ་པོའི་ཕྱག་ཡིན་ལ། དེ་ལས་གཞན་པའི་འགྱུར་ཕྱག་མེད་པའི་ཕྱིར་ཟེར་ན། དོགས་པ་དེའི་སྐྱོན་མེད་དེ། ལོ་ཙཱ་བས་རྒྱལ་པོའི་བཀས་བཅད་དང་བསྟུན་ནའང་སྟོན་པ་ཀུན་བཟང་ལ་ཕྱག་འཚལ་བར་རིགས་ལ། རང་གི་འདོད་པའི་ལྷ་ལ་ཕྱག་འཚལ་ནའང་སྟོན་པ་ཀུན་བཟང་ལ་ཕྱག་འཚལ་བ་རིགས་པར་མཐོང་ནས་འགྱུར་ཕྱག་ཟུར་དུ་མ་བཀོད་པའི་ཕྱིར་ཏེ། དུས་འཁོར་གྱི་རྒྱུད་ཀྱི་ཀླད་དུའང་ཡི་གེ་པའི་ཕྱག་གིས་གོ་བཅད་དེ་འགྱུར་ཕྱག་མ་བཀོད་པ་བཞིན་ནོ། །འདིར་གཡུང་ཊིཀ་ཏུ། རྒྱུད་གཞུང་སྤྱིའི་ལུགས་ཀྱི་ཀླད་ཀྱི་བསྟོད་ཕྱག་ཡི་གེ་པའི་ཕྱག་ཏུ་བཞེད་པ་ནི་མ་ཡིན་ཏེ། ཕལ་ཆེར་འགྱུར་ཕྱག་ཏུ་སྣང་བའི་ཕྱིར་དང་། འདིར་ནི་སྤར་ཁབ་ལས། སྡུད་པ་པོའི་ཚིག་གཉེར་བ་དེའི་ཚེ་རང་གི་སྟོན་པ་ལ་མཆོད་པར་བརྗོད་པའོ། །ཞེས་སྡུད་པ་པོའི་ཕྱག་ཏུ་བཤད་པའི་ཕྱིར་རོ། །གསུངས་སོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ། བཀའ་རང་ལུགས་ཀྱིས་ས་བཅད་ན་ལེའུ་ཉེར་གཉིས་སུ་ཡོད་པ་ལས། འདིར་ལེའུ་དང་པོ་འཆད་པར་བྱེད། སློབ་དཔོན་འགྲེལ་པ་གདམས་ངག་མཁན་གྱིས་ས་བཅད་ནས་ཆོས་ཚོམས་ངོས་བཟུང་བའི་དབང་དུ་བྱས་ན། དབང་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས། ལེའུའི་ངོ་བོ་ནི་དག་པ་དེ་བཞིན་གཤེགས་པའི་སྣང་བ་འབྲས་བུའི་རྒྱུད། མཚན་དང་གླེངས་གཞི་མདོར་བསྟན་གཉིས་ལམ་དུ་སྦྱར་ནས་འཆད་པའི་ཕྱིར། ཁྱད་པར་གྱི་ལམ་ཐབས་གྲོལ་གཉིས་ཀ་སྟོན་ཅིང་། ཐབས་ལམ་སྟེང་འོག་གི་སྒོ་གཉིས་ཆར་སྟོན། དབང་འབྲིང་གི་ཆོས་ཚོམས། གླེང་གཞི། གླེང་བསླང་། རྒྱུད་དོན། དགོས་འབྲེལ། གདམས་གཏད་དང་ལྔ་ལས། གླེང་གཞི་སྟོན། དེ་ལ་ཐུན་མོང་དང་ཁྱད་པར་གཉིས་ལས། རྒྱུད་འབྱུང་བ་ཁྱད་པར་ཅན་གྱི་གླེང་གཞི་སྟོན། དབང་པོ་ཐ་མའི་ཆོས་ཚོམས་བཅུ་ལས་དེ་བཞིན་ཉིད་ཀྱི་དབྱིངས་ཞེས་པས་རང་བཞིན་ལྟ་བ། ལེའུ་བསྡུ་བ་ཡོད་པས་སྤྱི་དོན་སྡུད་པ། མཚན་དང་གླེང་གཞི་མདོར་བསྟན་འོག་སྒོར་འཆད་པས་ལྡེམ་དགོངས་མན་ངག །དེ་ལ་རྩོད་སྤོང་ཡོད་པས་གཏར་ཁ་གེགས་སེལ། ཐལ་རྒྱུད་རྒྱ་མཚོ་སོགས་ལུང་དུ་མ་དྲངས་པས་ཚད་མ་བཀའ་གཞུང་། དཔེར་ན་ཏིལ་གྱི་གོང་བུ་ཞེས་པས་མཚོན་པ་དཔེ། སྟོན་པའི་ངོ་བོ་འོག་ནས་ལེན་པས་བསྣོལ་མཚམས་འཕེན་སྡུད་དེ། དེ་ལྟར་ཁྱད་པར་བ་བདུན་དང་། སྤྱི་འགྲོ་ཁྱབ་བྱེད་གསུམ་དང་བཅུས་སྟོན་ནོ། །དེ་ལྟར་ན་སྟོན་པའི་ལེའུ་དང་པོ་འདི་ལ་འཆད་མཁན་རིག་པའི་སྒྲོས་ཀྱིས་འཆད་ན་གཉིས་ཏེ། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གསུམ་སྟེ། ཐུན་མོང་མ་ཡིན་པའི་སྒོ་ནས་གླེང་གཞི་མདོར་བསྟན་པ། རྒྱུད་ཁྱད་པར་གྱི་གླེང་གཞིའི་སྒོ་ནས་རྒྱས་པར་བཤད་པ། གླེང་གཞིའི་དོན་བསྡུ་བའོ། །དང་པོ་ནི། རྒྱུད་ཀྱི་ཐོག་མར་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་ཨེ་ཝྃ་མ་ཡ་ཞེས་པའི་ཡི་གེ་བཞི་སྨོན་པས་སྟོན་ཏེ། ཐུགས་ཐིག་ལས། ཡི་གེ་བཞི་ཡིས་ཤེས་པར་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལ་གསུམ། ཕྱི་གྲོལ་ལམ་ལྟར་རྒྱུད་ཁྱད་པར་ཅན་གྱི་གླེང་གཞི་དང་སྦྱར་ཏེ་བཤད་པ། ནང་ཐབས་ལམ་སྟེང་སྒོ་དང་སྦྱར་ཏེ་བཤད་རྒྱུད་རྒྱ་མཚོས་བཤད་པ། གསང་བ་འོག་སྒོ་དང་སྦྱར་ཏེ་བཤད་རྒྱུད་ཐལ་བས་བཤད་པའོ། །དང་པོ་ནི། ཨེ་ཡིག་ཤེས་རབ་ཀྱི་བརྡ་སྟེ་ཡུམ་ལྔའི་མཁའ་དབྱིངས་ཀྱི་རང་བཞིན་གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ངོ་། །ཝ་ཡིག་ཐབས་ཀྱི་བརྡ་སྟེ་སྟོན་པ་ཕུན་སུམ་ཚོགས་པ་ཁྱབ་བདག་ཀུན་ཏུ་བཟང་པོའོ། །ཝཾ་ཡིག་གི་ཐིག་ལེ་ནི་སྦྱོར་བའི་བརྡ་སྟེ་ཐབས་ཤེས་ཟུང་དུ་འཇུག་པའི་དོན་གཞི་ལམ་འབྲས་གསུམ་དབྱེར་མི་ཕྱེད་པར་འབྲེལ་ཞིང་རྒྱུན་ཆགས་པའི་རྒྱུད་རང་བཞིན་གསང་བའི་སྙིང་པོ་ནི་བསྟན་པ་ཆོས་ཕུན་སུམ་ཚོགས་པའོ། །མ་ནི་མ་ན་ཤེས་པ་སྟེ་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་ལ་སོགས་པའམ། ཡང་ན་སྤྱི་མདོར། མ་ནི་དྲན་པ་མཚོན་པའི་ཡི་གེར་བཤད་པས་མྲྀ་ཏ་སྟེ་དྲན་ཤེས་ཀྱི་ལས་ཀྱིས་རྒྱུད་དོན་མི་བརྗེད་པར་འཛིན་པས་འཁོར་ཕུན་སུམ་ཚོགས་པའོ། །ཡ་ནི་ཡ་དའི་སྒྲ་ལས་གང་ཚེ་ཞེས་པས་དུས་ཕུན་སུམ་ཚོགས་པ་སྟེ་རྒྱུད་འདུ་བཤད་པ་གང་གི་ཚེ་ཞེས་དུས་སྟོན་པའི་ཚིག་འཕྲད་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དང་པོའི་སངས་རྒྱས་ལས། ཨེ་ཡི་དབུས་སུ་ཝཾ་ཡིག་ཉིད། །སངས་རྒྱས་ཀུན་ཡི་བདེ་བའི་གནས། །མཁའ་དབྱིངས་རྡོ་རྗེ་སེམས་དཔའ་འདི། །སྐུ་གསུང་ཐུགས་སུ་སྦྱོར་བ་ལས། །ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་བྱ་རྡུལ་ཉི་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མཁའ་ཁམས་ཨེ་མ་རྣམ་པར་གནས། །ཞེས་དང་། བརྟག་གཉིས་ལས། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཅེས་གསུངས་སོ། །གཉིས་པ་ནི། ཇི་ལྟར་དུ། དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་སོགས་དབྱིབས་སུ་གནས། །མི་ཤིགས་ཐིག་ལེ་ཝཾ་དབྱིབས་ཅན། །རང་ལ་བདེ་བ་གསལ་བྱེད་དག །མ་ནུ་ཡིད་སོགས་རྣམ་ཤེས་བཞི། །ཡེ་ཤེས་མྱོང་བས་བསྡུས་པར་བཤད། །ཡེ་ཤེས་ནམ་མཁའི་གཟུགས་སྐྱེས་པ། །པ་ར་མཱརྠ་དོན་ཟབ་མོ། །བདེ་བའི་དུས་ཉིད་སྔ་ཕྱི་བྲལ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །ཞེས་བཤད་རྒྱུད་རྒྱ་མཚོ་ལས་གསུངས་པ་ལྟར། ཨེས་མཚོན་པའི་གནས་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ལས་རྩ་བའི་འདབ་མ་བཞི་ཨེ་གྲུ་གསུམ་སོགས་ལས་བཞིའི་དབྱིབས་དང་། ཁ་དོག་འོད་བཞིའི་རྣམ་པར་གནས་པ་ནི་ཡེ་ཤེས་སྙིང་པོའམ་ཐིག་ལེ་བཞུགས་པའི་གནས་ཡིན་པས་གནས་ཕུན་སུམ་ཚོགས་པའོ། །ཝཾ་གིས་མཚོན་པའི་སྟོན་པ་ནི། ཆོས་ཀྱི་འཁོར་ལོའི་དབུས་ན་མི་ཤིགས་པའི་ཐིག་ལེ་དྭངས་མ་ལྔ་འདུས་ཀྱི་ངོ་བོ་ཡི་གེ་ཝཾ་གི་དབྱིབས་ཅན་ནི་དཔེར་ན་མར་མེ་གསལ་བྱེད་གཞན་ལ་ལྟོས་མི་དགོས་པ་ལྟར་དེ་ཉིད་རང་ལ་བདེ་བ་གསལ་བར་སྟོན་པའི་བདག་ཉིད་ཡིན་པའི་ཕྱིར་སྟོན་པ་ཕུན་སུམ་ཚོགས་པའོ། །མས་མཚོན་པའི་འཁོར་ནི། སྙིང་གའི་རྩ་འདབ་བཞི་ལ་ཀུན་གཞི་དང་། ཡིད་དང་། ཉོན་ཡིད་དང་། སྒོ་ལྔའི་རྣམ་ཤེས་བཞི་གནས་ལ་དེ་དག་གིས་བརྗོད་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་གསལ་བར་ཉམས་སུ་མྱོང་བ་ནི་བཤད་པ་དང་འདྲ་བས་འཁོར་དང་། བྱེ་བྲག་ཚོགས་བདུན་ཀུན་གྱི་རྗེས་སུ་འཇུག་པའི་ཡིད་ཀྱི་རྣམ་ཤེས་ནི་སྡུད་པ་པོར་བཞེད་པས་འཁོར་ཕུན་སུམ་ཚོགས་པའོ། །ཡ་ཡིག་གིས་མཚོན་པའི་བསྟན་པ་ནི། སྟེང་སྒོ་འཁོར་ལོ་བཞིའི་ཏིང་ངེ་འཛིན་ཉམས་སུ་བླང་བས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་བ་ནི་བསྟན་པ་སྟེ་ཆོས་ཕུན་སུམ་ཚོགས་པའོ། །དེ་ཡང་ཡ་དཱའི་སྒྲ་ལས་དུས་ཀྱང་མཚོན་ཏེ། སྟེང་སྒོའི་བདེ་བ་སྐྱེས་པ་དེའི་ཚེ་དུས་སྔ་ཕྱིར་འཛིན་པའི་རྟོག་པ་དང་བྲལ་བ་ནི་བསམ་གྱིིས་མི་ཁྱབ་པའི་དུས་ཡིན་པའི་ཕྱིར་དུས་ཕུན་སུམ་ཚོགས་པའོ། །གསུམ་པ་ནི། ཇི་སྐད་དུ། འདི་ཞེས་ཉེ་བར་མཚོན་པ་ནི། །ཨེ་སོགས་རྣམ་བཞིའི་དབྱིབས་ཅན་གནས། །སྐད་ཅེས་གསལ་བྱེེད་ལས་མིང་ཅན། །ཝཾ་དབྱིབས་ཐིག་ལེ་བཅས་སྟོན་པའོ། །མ་ད་མ་ནུ་སྡོམ་བྱེད་ཡིད། །ལུས་ཅན་རྣམ་ཤེས་དེ་དག་ལ། །གསལ་བར་གོ་བས་བཤད་པར་འདོད། །པ་སྒྲ་དོན་དམ་ངེས་པའི་རྒྱུད། །ཡ་ན་ཐེག་ཆེན་འདི་ཡིན་ནོ། །དུས་ནི་བསམ་མི་ཁྱབ་པའི་དུས། །ནཱ་མ་དེ་མིང་ཞེས་བྱའོ། །ཞེས་བཤད་རྒྱུད་ཐལ་བ་ལས་གསུངས་པ་ལྟར། འདི་ཞེས་པ་ཨེས་མཚོན་པའི་གནས་ཏེ། ཡུམ་གྱི་བྷ་གའི་ཕྱི་ཁྱམས་སུ་ཨེ་གྲུ་གསུམ་ལ་སོགས་ཏེ་ལས་བཞིའི་དབྱིབས་སུ་གནས་པ་ནི་གསང་བ་སྐུའི་བཞུགས་གནས་ཡིན་པས་གནས་ཕུན་སུམ་ཚོགས་པའོ། །སྐད་ཅེས་པ འི་ཝཾ་ཡིག་གིས་མཚོན་པའི་སྟོན་པ་སྟེ། ཡབ་ཀྱི་རྡོ་རྗེ་དབུར་ཐིག་ལེ་ཐབས་ཀྱིས་བཟུང་བའི་ཚེ་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་ཀུན་རྫོབ་ཡེ་ཤེས་ཀྱི་ཐིག་ལེ་ཝཾ་གི་དབྱིབས་ཅན་ནི་ཡབ་ཡུམ་གཉིས་ཀའི་རྒྱུད་ལ་བདེ་བ་གསལ་བར་སྟོན་པའི་བདག་ཉིད་ཡིན་པས་ན་སྟོན་པ་ཕུན་སུམ་ཚོགས་པའོ། །བཤད་ཅེས་པ་མ་ཡིག་གིས་མཚོན་པའི་འཁོར་ཏེ། བྱེད་པ་སྡོམ་པར་བྱེད་པའི་ལས་ཀྱིས་ཡིད་ལ་སོགས་པ་གསང་བའི་རྣམ་ཤེས་ནི་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་བས་འཁོར་དང་། དེའི་ཚེ་བདེ་བ་སྡོམ་པར་བྱེད་པའི་ཡིད་ནི་ཉམས་སུ་མྱོང་བའི་ཆོས་རྣམས་བདེ་བར་བསྡུས་པ་སྟོན་པས་སྡུད་པ་པོ་ཡང་ཡིན་པས་འཁོར་ཕུན་སུམ་ཚོགས་པའོ། །པའི་ཞེས་པ་ཡ་ཡིག་གིས་མཚོན་པའི་བསྟན་པ་སྟེ། མྱོང་བྱ་སེམས་ལྔ་རྫོགས་པའི་དགའ་བ་བཅུ་དྲུག་གི་མཐར་སྐད་ཅིག་མ་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་ནི་རང་བཞིན་གསང་བའི་སྙིང་པོའི་དོན་ཡིན་པས་ཆོས་ཕུན་སུམ་ཚོགས་པའོ། །དུས་ན་ཞེས་པ་ཡ་ཡིག་གིས་མཚོན་པའི་དུས་ཏེ། ལྷན་སྐྱེས་ཀྱི་ཡེ་ཤེས་ཉམས་སུ་མྱོང་བ་དེའི་ཚེ་སྔ་ཕྱིའི་འཛིན་རྟོག་དང་བྲལ་བ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཕུན་སུམ་ཚོགས་པའོ། །གཉིས་པ་རྒྱུད་ཁྱད་པར་ཅན་གྱི་གླེང་གཞིའི་སྒོ་ནས་རྒྱས་པར་བཤད་པ་ལ་ལྔ་སྟེ། ཆོས་དང་། དུས་དང་། སྟོན་པ་དང་། གནས་དང་། འཁོར་ཕུན་སུམ་ཚོགས་པའོ། །དང་པོ་ནི། འདི་སྐད་བཤད་པ་ནི་དཔལ་གསང་བའི་སྙིང་པོ་སྟེ། དེ་ཡང་འདི་སྐད་ཅེས་པ་རྒྱུད་དབུ་ཞབས་ཀྱི་ཚིག་དང་དོན་མ་ལུས་པ་མཚོན་པའི་ཚིག་འཕྲད་དོ། །གཉིས་པ་ནི། དུས་ན་ཞེས་པ་སྟེ། འདི་སྐད་བཤད་པའི་ཚེ་ན་སྟོན་པ་འདི་ཉིད་གནས་འདིར་འཁོར་འདི་དག་དང་ལྷན་ཅིག་ཏུ་བཞུགས་ཞེས་འབྲེལ་སྦྱར་བ་ཡིན་ནོ། །འོ་ན་དུས་གཅིག་ན་མི་ཟེར་བ་གང་སྙམ་ན། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་དུས་རྟག་པ་རྒྱུན་དུ་ཆོས་གསུངས་པས་དུས་རེས་འགའ་གསུངས་པ་དང་། རེས་འགའ་མི་གསུངས་པའི་ཐ་སྙད་ལས་འདས་པས་དུས་ཐུན་མོང་མ་ཡིན་པའི་ཆེ་བ་སྨོས་པའོ། །ཞར་བྱུང་དུ་ལོག་རྟོག་སེལ་བ་ནི། འགོས་ཁུག་པ་ལྷས་བཙས་དང་འབྲི་གུང་དཔལ་འཛིན་སོགས་ཆོས་སྤོང་གི་ལས་བསགས་པ་ཁ་ཅིག་ན་རེ། གསང་བ་སྙིང་པོའི་རྒྱུད་འདི་ལ་ལོག་པའི་སྐྱོན་བཞི་ཡོད་དེ། རྒྱུད་གཞན་ན་འདི་སྐད་ཐོས་ཞེས་བྱ་བ་ཡོད་པ་ལས། འདིར་འདི་སྐད་བཤད་ཅེས་བྱ་བ་འབྱུང་བས་གླེང་གཞི་ལོག །གཞན་ན་དུས་གསུམ་དུ་ཡོད་པ་ལས། འདིར་དུས་བཞི་བྱུང་བས་དུས་ལོག །གཞན་ན་རྒྱུད་ཀྱི་བདག་པོ་ཀུན་བཟང་ཡིན་པ་ལས། འདིར་དཀྱིལ་འཁོར་གྱི་གཙོ་བོ་རྡོར་སེམས་བྱུང་བས་དཀྱིལ་འཁོར་ལོག །སྒྲུབ་པའི་ཞག་དང་ཚེས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་ཁ་འཕངས་པས་རྒྱུད་ལོག་གོ་ཞེ་ན། སྐབས་འདིར་གླེང་གཞི་ལོག་པའི་སྐྱོན་སྤོང་བ་ལ་གཉིས། གཞན་ལན་དཔྱད་པ་དང་། རང་ལན་གདབ་པའོ། །དང་པོ་ནི། ལྷ་རྗེ་གླན་ཤཱཀ་བཟང་ན་རེ། བཤད་ཐོས་གཉིས་ཚིག་མི་མཐུན་ཀྱང་སྟོན་པས་འཁོར་ལ་བཤད་པ་དང་འཁོར་གྱིས་སྟོན་པ་ལས་ཐོས་པས་དོན་མཐུན་གསུངས་ནའང་ཐོས་པ་ལ་བཤད་པས་མ་ཁྱབ་པའི་ཕྱིར་ལེགས་པར་མི་སེམས་སོ། །ཡང་ལྷ་རྗེ་མདའ་ཏིག་ན་རེ། ཐོས་པ་ལ་མ་རྟོགས་ལོག་རྟོགས་ཐེ་ཚོམ་གྱི་སྐྱོན་གསུམ་སྲིད་པ་ལས་འདིར་བཤད་ཅེས་པ་སྟོན་འཁོར་དགོངས་པ་གཉིས་སུ་མེད་པས་ཉིད་ལ་ཉིད་བཤད་པའི་ཕྱིར་སྔར་གྱི་སྐྱོན་གསུམ་རྣམ་པར་བཅད་པའོ་གསུངས་ཀྱང་མི་འཐད་དེ། བཤད་པ་ཙམ་ལ་སྐྱོན་གསུམ་དང་བྲལ་བས་མ་ཁྱབ་ཅིང་དགོངས་པ་གཉིས་སུ་མེད་པས་ཉིད་ལ་ཉིད་ཐོས་པའང་འགལ་བའི་ཕྱིར་རོ། ། རྗེ་སྒྲོ་ཕུག་པས་བཞེད་པར་སྐུ་གཉིས་ཀྱི་བསྟན་པའི་ཁྱད་པར་ཡིན་ཏེ། ལོངས་སྐུས་ཚིག་ཏུ་མི་གསུངས་པས་རྣམ་པར་ཐོས་སུ་མེད་པའི་ཕྱིར་བཤད་ཅེས་དང་། སྤྲུལ་སྐུས་ཚིག་ཏུ་གསུངས་པའི་ཕྱིར་ཐོས་ཞེས་བྱ་བར་འོང་བ་ཡིན་གསུངས་ནའང་། ལོངས་སྐུས་གསུངས་པའི་རྒྱུད་དུ་བཤད་ཅེས་འོང་བས་ཁྱབ་ན་ལོངས་སྐུས་བསྟན་པའི་རྒྱུད་ཀུན་ཏུ་དེ་ལྟར་འབྱུང་རིགས་པ་ལས་མ་བྱུང་བའི་ཕྱིར་སྙམ་དུ་དོགས་སོ། །ཡང་རྗེ་དྲི་ངས་པ་ན་རེ། སྟོན་པའི་དགོངས་པ་བརྡའི་བཤད་པས་བསྡུས་པ་པོས་མ་འཕྲི་མ་བསྣན་པར་བཤད་པར་བཞེད་པའང་སྔར་དང་ཞེ་འདོད་གཅིག་མོད། འོན་ཀྱང་འདི་ལ་འགལ་བ་མ་མཐོང་ངོ་། །གཉིས་པ་རང་ལན་གདབ་པ་ནི། འོ་ན་ཇི་ལྟར་ཡིན་ཞེ་ན། སློབ་དཔོན་ཇོ་མདོ་དང་། ཟུར་ཐམས་ཅད་མཁྱེན་པ། གཡུང་སྟོན་རྣམས་ཀྱི་བཞེད་པར། འདི་ནི་ལོ་ཙཱ་བའི་འགྱུར་གྱི་རིགས་ཡིན་ཏེ། དེ་གཉིས་ཅར་ལ་རྒྱ་སྐད་དུ་ཨེ་ཝྃ་མ་ཡ་མཐུན་པའི་ཕྱིར་རོ་ཞེས་གསུངས་སོ། །གཏེར་ཆེན་སྐུ་མཆེད་ཀྱི་བཞེད་པར། སྡེ་སྣོད་གཞན་རྣམས་སུ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པའི་དགོས་པ་ནི། སྟོན་པ་དང་སྡུད་པ་པོ་གཉིས་ཐ་དད་དུ་བྱས་ནས་འདི་ཉིད་བདག་ཉིད་ཀྱིས་སྟོན་པ་ལས་མངོན་སུམ་དུ་ཐོས་ཀྱི་གཞན་ལས་བརྒྱུད་དེ་ཐོས་པ་ནི་མ་ཡིན་ནོ་ཞེས་ཆོས་ཁུང་བཙུན་པ་ལ་འཇུག་པ་དང་། དུས་ལན་གཅིག་གི་ཚེ་ན་འདི་གསུངས་ཀྱི་གཞན་དུ་ནི་མ་གསུངས་སོ་ཞེས་བཀའི་དོན་རྙེད་དཀའ་བ་ལ་འཇོག་པ་དང་། དུས་ལན་གཅིག་གི་ཚེ་ཁོང་དུ་ཆུད་པས་སྡུད་པ་པོ་རང་གི་ཤེས་རབ་ཕུལ་དུ་བྱུང་བར་སྟོན་པ་དང་། དུས་ལན་གཅིག་གི་ཚེ་འདི་གསུངས་ཀྱི་གཞན་དུ་གཞན་དག་ཀྱང་གསུངས་སོ་ཞེས་སྡུད་པ་པོ་རང་ཉིད་ཐོས་པ་ཆེ་བར་མཚོན་པ་ལ་འཇུག་ཀྱང་། འདིར་ནི་གསང་བདག་གིས་སྔར་ངས་འོག་མིན་དུ་བཤད་པའི་རྒྱུད་དོན་རྣམས་ད་རེས་འདིར་ཡང་ཟློས་ཏེ་བཤད་པར་བྱ་ཞེས་དང་། དུས་ན་ཞེས་པའང་དུས་རེས་འགའ་བ་མ་ཡིན་ཏེ་རྟག་པ་རྒྱུན་གྱི་འཁོར་ལོར་གསུངས་པའི་དོན་གྱིས་རྒྱུད་གཞན་དང་ཐུན་མོང་མ་ཡིན་པའི་ཕྱོགས་བཟུང་ནས་བསྡུས་པར་མངོན་ཏེ། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས། བཤད་ཅེས་པ་ནི་འཁོར་དང་སྟོན་པ་གཉིས་སུ་མེད་པར་བསྟན་པ་ཡིན་ལ། ཞེས་སོགས་དང་། སྤར་ཁབ་ལས་ཀྱང་། ཐུན་མོང་མ་ཡིན་པའི་གླེང་གཞི་སྟེ། རྒྱུད་གཞན་ལས་ཁྱད་པར་དུ་གྱུར་པའི་ཕྱིར། ཞེས་སོ། །དེ་ལྟར་བྱས་པ་ལ། ཁོ་ན་རེ། འོ་ན་བདེ་འདུས་ཀྱི་ཞི་བ་འདུས་པ་རྩ་བའི་རྒྱུད་ཀྱི་ཀླད་དུའང་འདི་སྐད་བཤད་པའི་དུས་ན་ཞེས་འབྱུང་རིགས་པར་ཐལ། རྒྱུད་དེ་སྟོན་འཁོར་རྒྱུད་གཅིག་ཏུ་གསུངས་པའི་ཕྱིར་ཏེ། ང་ནི་ཆེ་བའི་རྒྱལ་པོ་སྟེ། །འཆད་དང་ཉན་པའང་ང་ཉིད་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། སྟོན་འཁོར་ཁྱད་མེད་པར་མཚུངས་པ་བདེན་ཀྱང་རྒྱུད་འདིར་ནི་ཁྱད་པར་མེད་པ་མཚོན་པའི་ངོས་ནས་སྨོས་ལ། བདེ་འདུས་སོགས་ཐུན་མོངས་མ་ཡིན་པའི་རྒྱུད་གཞན་དག་ཏུ་ཁྱད་པར་ཡོད་པ་མཚོན་པའི་ངོས་ནས་སྨོས་པ་ཙམ་དུ་ཟད་དེ། གདུལ་བྱ་མོས་པ་ཐ་དད་ལ་གྲགས་པའི་ཕྱིར་ཁྱབ་པ་མེད་ལན་ཐེབས་པ་ཡིན་ནོ། །གཞན་ཡང་འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན་ཞེས་མ་སྨོས་པས་བཀའ་ཡང་དག་པ་མ་ཡིན་པར་འགྱུར་ན། བདེ་མཆོག་རྩ་རྒྱུད་དང་འཇམ་དཔལ་མཚན་བརྗོད་སོགས་ཀྱང་དེར་ཐལ། དེ་ལྟར་མ་སྨོས་པའི་ཕྱིར་ཏེ། དེ་ནས་གསང་བར་བཤད་པར་བྱ། །ཞེས་དང་། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་པའི་ཕྱིར། དེས་ན་ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་བཞག་གཅིག་གིས་གཅིག་དགག་པར་མི་བྱ་སྟེ། མངོན་རྟོགས་རྒྱན་གྱི་འགྲེལ་པ་ལས། འདི་ནི་རྣམ་པར་བཞག་པ་གཞན་ཁོ་ན་ཡིན་པས་ཐེག་པ་གཞན་གྱི་ལུགས་ལ་བརྟེན་ནས་ནམ་དུའང་སུན་འབྱིན་བརྗོད་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། སྟོན་པའི་རང་བཞིན་དང་། ངོ་བོའོ། །དང་པོ་ནི། དེ་བཞིན་གཤེགས་པ་ནས་དབྱེར་མེད་པའི་རང་བཞིན་ཏེ་ཞེས་པའི་བར་གྱིས་བསྟན། དེ་ཡང་སྟོན་པའི་རང་བཞིན་གཏན་ལ་དབབ་པ་དེ་ཇི་ལྟ་བུར་ཞེ་ན། སྤར་ཁབ་ལས། རྒྱལ་བ་དྲུག་པའི་ཡོན་ཏན་མཐའ་ཡས་པའང་མདོར་བདུན་དུ་འདུ་སྟེ་ཞེས་པས་སྟོན་པའི་རང་བཞིན་བདུན་དུ་བཤད་པ་དང་། ཁོག་གཞུང་ལས། སྟོན་པའི་རང་བཞིན་བརྒྱད་དང་ལྡན། །བདག་ཉིད་བྱེད་པོ་ཀུན་ཏུ་བཟང་། །ཞེས་ཡང་དག་པར་དང་རྫོགས་པ་སོ་སོར་ཕྱེས་ནས་རང་བཞིན་བརྒྱད་དུ་བཤད་པ་དང་། བི་མ་ལའི་འགྲེལ་ཆུང་དུ། བྱང་ཆུབ་མཆོག་གི་ངོ་བོ་དང་། །ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཆོས་སོ་ཅོག་དང་དབྱེར་མེད་པའོ། །ཞེས་སྟོན་པའི་རང་བཞིན་བཞིར་བཤད་ལ། འདིར་བླ་མ་བརྒྱུད་པའི་གདམས་ངག་ལྟར་ན། འདས་པའི་ཆོས་དང་དབྱེར་མི་ཕྱེད་པའི་རང་བཞིན་དང་། འཁོར་བའི་ཆོས་དང་དབྱེར་མི་ཕྱེད་པའི་རང་བཞིན་གཉིས་སུ་བཞེད་དོ། །དེ་རྣམས་ཀྱི་དོན་གཞུང་གི་སྟེང་དུ་འབྲུ་བསྣན་ན། གཉིས་སུ་མེད་པའི་རིག་པ་རང་བྱུང་གི་ཡེ་ཤེས་ནི་མ་བཅོས་པར་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར་དེ་བཞིན་ཉིད། དེ་ནར་སོན་པ་ནི་ངོ་བོ་ཉིད་དུ་གྱུར་པས་གཟུང་འཛིན་གཉིས་དང་བྲལ་བའི་ཕྱིར་གཤེགས་པའོ། །དེ་ཡང་རྒྱུད་ཕྱི་མ་ལས། གང་ཕྱིར་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་གཤེགས་པར་མངོན་པར་བརྗོད། །ཅེས་སོ། །དེ་ལ་སྤར་ཁབ་ལྟར་ན་གཞི་ཇི་ལྟ་བ་བཞིན་ནར་སོན་པའི་རང་བཞིན་ནོ། །འཁོར་འདས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་མ་དག་པའི་སྤང་བྱ་མི་དམིགས་པས་ན་ཡང་དག་པ་ཉིད་ཀྱི་ཕྱིར། དེ་ལ་འབྲས་བུ་སྐུ་དང་ཡེ་ཤེས་གཞན་ནས་མ་བཙལ་བར་ལྷུན་གྱིས་གྲུབ་པ་རང་སྣང་དུ་ཡོད་པ་ནི་རྫོགས་པའི་རང་བཞིན་ནོ། །ཁོག་གཞུང་ལྟར་ན་ཡང་དག་པའི་རང་བཞིན་དང་རྫོགས་པའི་རང་བཞིན་གཉིས་སུ་བཤད་དེ། ལྟ་བ་ངན་པ་ཐམས་ཅད་སངས་ནས་རང་བྱུང་གི་ཡེ་ཤེས་མཐའ་དབུས་མེད་པར་རབ་ཏུ་རྒྱས་ཏེ་སྤང་ཐོབ་མེད་པའི་ཡོན་ཏན་མཐར་ཐུག་པ་ནི་སངས་རྒྱས་པ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །ཞེས་དང་། ལེ་ལག་ལས། མ་རིག་པ་ཉིད་ཡེ་ཤེས་གསལ། །ཉོན་མོང་སྡུག་བསྔལ་བྱང་ཆུབ་མཆོག །ཅེས་སོ། །དེ་ནི་སྒྲིབ་པ་དང་བྲལ་ཞིང་ཡེ་ཤེས་ཀྱིས་ཁྱབ་པའི་རང་བཞིན་ནོ། །ཉོན་མོངས་ལ་སོགས་པ་མི་མཐུན་པའི་བདུད་བཞི་པོ་རང་རིག་ཏུ་གསལ་བས་བཅོམ་ཞིང་། དེ་དག་གི་འབྲས་བུ་ལ་མངའ་མཛད་པས་ཆེ་བའི་ཡོན་ཏན་དང་ལྡན་ལ། མཐའ་གཉིས་ལ་མི་གནས་པས་རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད་པས་འདས་པའོ། །དེའང་རྡོ་རྗེ་ལས་རིམ་ལས། བདུད་བཞི་ལ་སོགས་རིག་པའི་གདེངས་ཀྱིས་བཅོམ། །སྐུ་ལྔ་ལ་སོགས་ཡོན་ཏན་བརྗོད་ལས་འདས། །རང་གི་ངོ་བོ་འདི་ཞེས་བསྟན་དུ་མེད། །ཅེས་སོ། །དེ་ནི་བདུད་བཞི་བཅོམ་ཞིང་འབྲས་བུ་ལ་མངའ་མཛད་ཀྱང་ངོ་བོ་བསྟན་དུ་མེད་པའི་རང་བཞིན་ནོ། །འདི་ཡན་ཆད་འགྲེལ་ཆུང་ལྟར་ན། བྱང་ཆུབ་ཆེན་པོའི་རང་བཞིན་དང་། །ཞེས་པའི་དོན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ལ་རྫོགས་པར་ལོངས་སྤྱོད་ཀྱང་བླང་དོར་གྱི་སྤྱོད་ཡུལ་དང་བྲལ་བ་ཐ མས་ཅད་ཡེ་ཤེས་ཀྱི་རོལ་པར་ལྷུན་གྱིས་གྲུབ་པས་གཞན་ལས་འཕགས་པས་ན་ཆེན་པོའོ། །འདི་ནི་ཐམས་ཅད་ཀྱི་རོ་མྱོང་ཡང་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་ནོ། །འགྲེལ་ཆུང་ལྟར་ན། ཆོས་རྣམས་རོལ་པར་ལོངས་སྤྱོད་དང་། །ཞེས་པའི་དོན་ནོ། །ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་དབྱིངས་ན་བཞུགས་ཤིང་འགྲོ་དོན་མཛད་པ འི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་བརྗོད་པའི་ཡུལ་ལས་འདས་ཀྱང་། མདོར་བསྡུ་ན་ཡོན་ཏན་གྱི་རྟེན་བྱེད་པའི་ངོས་ནས་སྐུ་དང་། བརྡ་སྤྲོད་པའི་ངོས་ནས་གསུང་དང་། ཟབ་པའི་ཆ་ནས་ཐུགས་དང་། དེ་དག་གི་ཟླས་དྲངས་ཏེ་དགོས་འདོད་འབྱུང་བའི་ངོས་ནས་ཡོན་ཏན། བྱ་བ་བྱེད་པའི་ངོས་ནས་ཕྲིན་ལས་ཏེ། རེ་རེར་ཡང་ལྔ་ལྔར་ཕྱེ་བས་འབྲས་ཆོས་ཉི་ཤུ་རྩ་ལྔར་འགྱུར་ལ། དེ་དག་ཐམས་ཅད་ཀྱང་རང་བཞིན་དབྱེར་མི་ཕྱེད་པ། མཚན་ཉིད་སྐྱེ་འཇིག་དང་བྲལ་བ། ངོ་བོ་འདུས་མ་བྱས་པས་རྡོ་རྗེའི་བདག་ཉིད་དུ་རོ་གཅིག་པའི་ཕྱིར། རྒྱལ་བ་ཀུན་ཏུ་བཟང་པོ་ལ་རིགས་ཐམས་ཅད་ཀྱི་བདག་པོའམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཅན་ཞེས་བྱའོ། །དེ་ནི་འབྲས་བུ་མཐར་ཕྱིན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོའི་རང་བཞིན་ནོ། །འགྲེལ་ཆུང་ལྟར་ན། ཕྱོགས་དུས་བདེ་གཤེགས་བདག་པོ་དང་། །ཞེས་པའི་དོན་ནོ། །དེ་ཡན་ཆད་བླ་མ་བརྒྱུད་པའི་གདམས་ངག་ལྟར་ན་སྟོན་པ་མྱ་ངན་ལས་འདས་པ་དང་དབྱེར་མིད་ཕྱེད་པའི་རང་བཞིན་ཞེས་བཞེད་དོ། །དེ་ཡང་ཁམས་ཀྱི་སྒོ་ནས་བཞག་ན། འདོད་ཁམས་མ་ལུས། གཟུགས་ཁམས་མི་ལུས། གཟུགས་མེད་ཁམས་ལུས་པ་མེད་པ་དང་། དུས་ཀྱི་སྒོ་ནས་བཞག་ན། སྔར་འདས་པའི་འཁོར་འདས་མ་ལུས་པ་དང་། ད་ལྟ་བ་མི་ལུས། མ་འོངས་པའི་འཁོར་འདས་ལུས་པ་མེད་པ་ཐམས་ཅད་དང་རྒྱུད་ཀྱི་བདག་པོ་རིགས་དྲུག་པ་ཉིད་ཀུན་རྫོབ་ཏུ་རིག་པ་སྒྱུ་མའི་སྣང་བརྙན་ཡིན་པས་སོ་སོར་མ་ཡིན། དོན་དམ་པར་མ་སྐྱེས་པས་ཐ་མི་དད། བདེན་པ་གཉིས་ཀའི་ཐ་སྙད་ལས་འདས་པས་དབྱེར་མེད་པའི་རང་བཞིན་ཏེ། དེ་ནི་སྤར་ཁབ་ལྟར་ན། སྟོན་པ་དུས་གསུམ་འདུ་འབྲལ་མེད་པ་འཁོར་བའི་ཆོས་དང་རྒྱ་ཆད་མེད་པར་འབྲེལ་བའི་རང་བཞིན་ནོ། །འགྲེལ་ཆུང་ལྟར་ན། ཆོས་སོ་ཅོག་དང་དབྱེར་མེད་པ། །ཞེས་པའི་དོན་ནོ། །གདམས་ངག་ལྟར་ན་སྟོན་པ་འཁོར་བ་དབྱེར་མེད་པའི་རང་བཞིན་ཞེས་བཞེད་དོ། །དེ་ཡན་ཆད་ནི་སྟོན་པའི་རང་བཞིན་ཀྱང་ཡིན་ལ་འཆད་པའི་སྐྱེས་བུ་རིགས་ལྔའི་མཚན་ཉིད་ཀྱང་ཡིན་ནོ། །ཏེ་ཞེས་པ་ནི་སྐྱོན་ཅན་གྱི་ཚིག་དང་བསྟན་བྱ་ལྷག་མ་ཅན་གྱི་ཚིག་གཉིས་ལས་འདི་ནི་ལྷག་མ་ཅན་གྱི་ཚིག་སྟེ། དེ་ཡང་རས་ཆོད་ཅན་དང་གཟུ་ལུམ་ཅན་དགག་པའི་ཕྱིར་རྒྱུད་དཀྲུགས་ལུང་གཅུས་མན་ངག་གབ་པའི་ཚུལ་དུ་གནས་པ་ལས་སྐལ་བ་དང་ལྡན་པ་ལ་འཆད་པའི་ཚེ་རྒྱུད་དཀྲུགས་པ་བསྡེབས། ལུང་གཅུས་པ་བསྲངས། མན་ངག་གབ་པ་མངོན་དུ་ཕྱུང་ནས་འཆད་དགོས་པས་གོང་འོག་གི་འཁྲུགས་བསྡེབས་ནས་སྟོན་པའི་རང་བཞིན་དང་སྟོན་པའི་ངོ་བོ་གཉིས་བར་མ་ཆད་པར་འཆད་པར་བྱེད་པའི་དོན་ནོ། །གཉིས་པ་སྟོན་པའི་ངོ་བོ་ནི། སྐུ་མདུན་དང་རྒྱབ་མེད་པ་ནས་དབུ་གསུམ་དང་ལྡན་པ་ཞེས་པའི་བར་ཏེ། དེ་ཡང་སྟོན་པ་ནི་ཡེ་ཤེས་ཀྱི་སྐུ་ཅན་ཡིན་པས་གདུལ་བྱ་རང་སྣང་གི་ངོས་ནས་སྐུ་མདུན་དང་རྒྱབ་ཁོ་ནར་རིས་སུ་མ་ཆད་པ། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པས་ཕྱོགས་ཐམས་ཅད་དུ་སྒྲིབ་པ་མེད་པར་ཞལ་གྱི་དཀྱིལ་འཁོར་ཐལ་ལེ་བར་གསལ་ཞིང་གཟིགས་ནས་བཞུགས་སོ། །དེ་ནི་སྟོན་པ་ཆོས་སྐུ་ཡིན་པའི་དོན་རྟགས་སོ། །དེ་ལྟར་བུའི་སྟོན་པ་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྤྲུལ་ཏེ་དེ་ལ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་བཟང་པོས་གསལ་ཞིང་སོ་སོར་འབྱེད་པ་དང་ལྡན་པས་སྐུ་ལ་རྣམ་པར་སྤྲས་པའོ། །དེ་ནི་སྟོན་པ་ལོངས་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་ཡིན་ལ། དེ་ཡང་དབྱེ་ན། ཐུན་མོང་གི་མཚན་དཔེ་དང་། ཐུན་མོང་མ་ཡིན་པའི་མཚན་དཔེ་གཉིས་སོ། །དང་པོ་ནི། མདོ་རྒྱུད་ཐམས་ཅད་ནས་བཤད་པའི་མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། འཁོར་ལོས་སྒྱུར་རྒྱལ་དང་། མཆོག་གི་སྤྲུལ་སྐུ་དང་། སེམས་ཅན་ཕལ་པ་རྣམས་ལའང་སྣ་རེ་ཙམ་ཡོད་པས་ན་ཐུན་མོང་གི་མཚན་དཔེ་ཞེས་བཤད་པ་ཡིན་ནོ། །གཉིས་པ་ལ་ཕྱི་ནང་གསང་བ་གསུམ་ལས། དང་པོ་ཕྱིའི་མཚན་དཔེ་ནི། རྒྱས་སྲས་སེམས་དཔའི་འཁོར་ལ་བྱ་སྟེ། སྟོན་པའི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་ཡེ་ཤེས་བཞི་རེ་རེའང་བཞི་བཞིར་ཕྱེ་བས་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་ཡབ་བཅུ་དྲུག །དེ་ཡུལ་ཆོས་དབྱིངས་བཅུ་དྲུག་གི་རྩལ་སེམས་མ་ཡུམ་བཅུ་དྲུག་སྟེ། དེ་གཉིས་བསྡོམས་པས་སོ་གཉིས་ནི་མཚན་བཟང་སོ་གཉིས་དང་། ཡབ་བཅུ་དྲུག་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་ལྷ་བརྒྱད་ཅུ་ནི་དཔེ་བྱད་བརྒྱད་ཅུའོ། །འོ་ན་སེམས་མ་བཅུ་དྲུག་ལ་དབུ་རྒྱན་མེད་དམ་སྙམ་ན། མེད་དེ། ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར་རོ། །འོ་ན་སེམས་དཔའ་ཡབ་ཡུམ་འཁོར་དུ་འདུག་པས་རྒྱན་དུ་ཇི་ལྟར་འགྱུར་ཞེ་ན། དཔེར་ན་སྐྱེས་བུའི་ལག་པ་མཛེས་པར་བྱེད་པ་ལ་སོར་གདུབ། སོར་གདུབ་མཛེས་པར་བྱེད་པ་ལ་ཕྲ་བཏབ་པ་བཞིན་དུ་འཁོར་དང་འཁོར་གྱི་རྒྱན་ཕུན་སུམ་ཚོགས་པའི་བཀོད་པས་གཙོ་བོའི་རང་བཞིན་མཛེས་པར་བྱེད་པའི་ཕྱིར་ཏེ། སྤྱི་མདོ་ལས། མཚན་གྱི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུས་སྤྲས་པའི་ཕྱིར། སྲས་ཀྱི་ཚོགས་ཀྱིས་ཀུན་ནས་བརྒྱན་པའོ། །ཞེས་སོ། །གཉིས་པ་ནང་གི་མཚན་དཔེ་ནི། སྐུའི་རྩ་འཁོར་ལ་བྱ་སྟེ། སྤྱི་བོའི་རྩ་འདབ་སོ་གཉིས་ནི་མཚན་བཟང་སོ་གཉིས་ཡིན་ལ། ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་ཡོད་པ་ལས། ལས་རླུང་རྒྱུ་བའི་སྡོང་པོའི་རྩ་བཞི་འཕྲི་བའི་སྟེང་སྙིང་གའི་རྩ་ཆེན་བཞི་དང་མགྲིན་པའི་རྩ་འདབ་བཅུ་དྲུག་བསྣན་པས་བརྒྱད་ཅུ་ནི་དཔེ་བྱད་བརྒྱད་ཅུའོ། །གསུམ་པ་གསང་བའི་མཚན་དཔེ་ནི། ཡབ་ཡུམ་གཉིས་ཀྱི་ནང་གི་ཁམས་དཀར་དམར་ལ་བྱ་སྟེ། ཡབ་ཀྱི་དཀར་ཆའི་དགའ་བ་བཅུ་དྲུག་དང་ཡུམ་གྱི་དམར་ཆའི་དགའ་བ་བཅུ་དྲུག་སྟེ་དེ་གཉིས་བསྡོམས་པས་སོ་གཉིས་ནི་མཚན་བཟང་སོ་གཉིས་ཡིན་ལ། ཡབ་ཀྱི་དགའ་བ་བཅུ་དྲུག་ལ་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པས་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །འོ་ན་ནང་དང་གསང་བའི་མཚན་དཔེ་དེ་དག་སྐུའི་རྩ་ཁམས་སུ་འདུག་པས་རྒྱན་དུ་ཇི་ལྟར་འགྱུར་སྙམ་ན། སྟོན་པ་ལོངས་སྐུ་ནི་རྩ་ཁམས་བདེ་བ་ཆེན་པོར་རྣམ་པར་དག་པས་རྒྱན་གྱི་ནང་ནས་མཛེས་བྱེད་མཆོག་ཏུ་གྱུར་པ་ཡིན་པས་ན་དེ་ལྟར་གསུངས་པ་ཡིན་ནོ། །དེ་ལྟ་བུའི་སྐུ་ལས་མི་གཡོ་བཞིན་དུ་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དུ་ཞི་ཁྲོ་ལ་སོགས་པའི་སྐུ་སྣ་ཚོགས་དང་། ཐེག་པ་རིམ་དགུ་ལ་སོགས་པའི་གསུང་སྣ་ཚོགས་དང་། ཡེ་ཤེས་ལྔ་ལ་སོགས་པའི་ཐུགས་མཁྱེན་པའི་ཡེ་ཤེས་སྣ་ཚོགས་པ་གདུལ་བྱ་དག་མ་དག་པའི་སྣང་བ་དང་མཐུན་པའི་རྣམ་པར་འཕྲུལ་པ་ཀུན་ཏུ་སྣང་བས་འགྲོ་བའི་དོན་མཛད་པ་སྟེ། དཀོན་བརྩེགས་ལས། ནམ་མཁའ་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པ་ལྟར་རོ། །དེ་ནི་སྤྲུལ་སྐུའི་བདག་ཉིད་ཡིན་པའི་དོན་རྟགས་སོ། །འོ་ན་སྟོན་པའི་རྣམ་འགྱུར་ཇི་ལྟ་བུ་སྙམ་ན། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར་ཞབས་གཉིས་ཡབ་མཉམ་པའི་སྐྱིལ་ཀྲུང་དང་། ཡུམ་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་མཚུངས་པར་བཞུགས་ནས་སྙོམས་པར་འཇུག་པ་སྟེ། འདིར་ཡུམ་གྱི་བཞུགས་ཚུལ་སྨོས་པས་ཡུམ་ཀུན་ཏུ་བཟང་མོ་ཡང་ཤུགས་བསྟན་གྱི་ཚིག་གོ། །དེ་ནི་ཐབས་ཤེས་གཉིས་སུ་མེད་པའི་དོན་རྟགས་སོ། །ཡེ་ཤེས་ལྔ་རང་བྱུང་གི་ཡེ་ཤེས་དང་དྲུག་གི་དོན་མཚོན་བྱེད་ཕྱག་དྲུག་དང་། ཡེ་ཤེས་དེ་དག་གིས་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་རིན་པོ་ཆེ་ལས་གྲུབ་པའི་རིགས་ལྔ་ཡེ་ཤེས་ལྔ་དང་ཆོས་དབྱིངས་ཀྱི་ཕྱག་རྒྱ་རྡོ་རྗེ་འཁོར་ལོ་རིན་ཆེན་དྲིལ་བུ་པདྨ་རལ་གྲི་འོད་འབར་བ་ཅན་འཛིན་པ་ནི་ཡེ་ཤེས་དྲུག་དང་ལྡན་པའི་དོན་རྟགས་སོ། །སྐུ་སྟོང་པ་ཉིད་དང་། གསུང་མཚན་མ་མེད་པ་དང་། ཐུགས་སྨོན་པ་མེད་པ་སྟེ། དེ་གསུམ་ནི་བློའི་སྤྱོད་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པ་ཡིན་ལ། དེའི་རྟགས་སུ་དབུ་གསུམ་དང་ལྡན་པ་སྟེ། སྐུ་སྟོང་པ་ཉིད་ཉེས་པས་མ་གོས་པའི་བརྡར་གཡས་ཞལ་དཀར་པོ། གསུང་མཚན་མ་མེད་པ་མ་ཆགས་པའི་བརྡར་གཡོན་ཞལ་དམར་པོ། ཐུགས་སྨོན་པ་མེད་པ་ཆོས་ཉིད་འགྱུར་བ་མེད་པའི་མཚོན་པའི་བརྡར་དབུས་ཞལ་མཐིང་གར་སྣང་བ་ནི་རྣམ་ཐར་གསུམ་དང་ལྡན་པའི་དོན་རྟགས་སོ། །རྒྱུད་ཀྱི་སྟོན་པ་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་ཡིན་ལ། འཆད་པའི་སྐྱེས་བུ་སྤྱིར་རིགས་ལྔ་ཆར་ཡིན་ཏེ། ཁོག་གཞུང་ལས། འཆད་པའི་སྐྱེས་བུ་རིགས་ལྔ་སྟེ། །ཞེས་སོ། །ཐུགས་ཀྱི་སྒྱུ་འཕྲུལ་གྱི་སྐབས་འདིར་རྒྱུད་ཀྱི་སྟོན་པ་དྲུག་པ་ནི་འཁོར་ལོའི་ལྟེ་བར་བཞུགས་ལ། འཆད་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའ་མདུན་ན་གནས་སོ། །བཞི་པ་གནས་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། གནས་ཀྱི་རང་བཞིན་དང་། ངོ་བོའོ། །དང་པོ་ནི། འོག་མིན་ཞེས་སོགས་ཏེ། དེ་ལ་སྤྱིར་འོག་མིན་ནི་བླ་ན་གཞན་མེད་པའི་དོན་ཡིན་ལ། བྱེ་བྲག་ཏུ་དབྱེ་ན། ཆོས་དབྱིངས་དོན་གྱི་འོག་མིན། རིག་པའི་འོག་མིན། གསང་བའི་འོག་མིན། འཇིག་རྟེན་གནས་ཀྱི་འོག་མིན། དབང་ཕྱུག་ཆེན་པོའི་འོག་མིན་དང་ལྔ་ལས། དང་པོ་ནི་ཆོས་ཀྱི་དབྱིངས་ལ་བྱ་སྟེ། གཟུང་འཛིན་གྱི་མཚན་མ་གང་གི་ཡང་འོག་ཏུ་མ་གྱུར་པ་ཕྱིར་རོ། །གཉིས་པ་ནི་རང་རིག་པའི་ཡེ་ཤེས་ལ་བྱ་སྟེ། དེ་ནི་གཉིས་འཛིན་གྱི་མཚན་མ་གང་གིས་ཡང་འོག་ཏུ་མ་གྱུར་པས་དང་། གཞན་དུ་ན་ལོངས་སྐུའི་ཞིང་དང་ཆ་མཐུན་པར་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ལ་ཡང་དེ་ལྟར་དུ་བྱའོ། །གསུམ་པ་ནི་གསང་བ་ཡུམ་གྱི་མཁའ་ལ་བྱ་སྟེ། དེ་ནི་ཆགས་རྟོག་རང་ག་མ་གང་གི་འོག་ཏུ་མ་གྱུར་པའོ། །གཞན་དུ་ལྷའི་བསྐྱེད་རིམ་དང་སྦྱར་ན་འབྱུང་བ་ལྔ་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པས་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་བསྒོམ་པ་ལ་ཡང་བྱའོ། །བཞི་པ་ནི་སྣོད་བཅུད་འདི་དང་འབྲེལ་བའི་འོག་མིན་ལ་བྱ་སྟེ། དེ་ཡང་འདོད་ལྷ་རིགས་དྲུག་གི་སྟེང་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་རྩེ་མོར་གྱུར་པ་སྟེ། དེ་ནི་གཟུགས་ཅན་གང་གི་ཡང་འོག་ཏུ་མ་གྱུར་པའོ། །གཞན་དུ་རྒྱུའི་ཐེག་པའི་ས་དང་པོའི་བདེན་པ་མཐོང་བའི་གནས་ཡིན་པས་ལོངས་སྐུ་ཆུང་ངུ་བཞུགས་པའི་གནས་ཞེས་བཤད་དོ། །ལྔ་པ་ནི་སྐབས་འདིར་བསྟན་གྱི་སྟོན་པ་ལོངས་སྐུའི་བཞུགས་གནས་ལ་བྱ་སྟེ། སྲིད་ཞི་མཉམ་ཉིད་ཀྱི་ལྟ་བ་མངོན་དུ་གྱུར་ཚེ་རང་གང་ན་གནས་པའི་ཞིང་དེ་དག་དབང་ཕྱུག་ཆེན་པོའི་འོག་མིན་ཡིན་པ་དང་། དོན་ལ་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་ལ། སེམས་ཅན་གྱིས་གར་ཁྱབ་པ་སངས་རྒྱས་ཀྱི་སྐུ་དང་ཕྲིན་ལས་ཀྱིས་ཁྱབ་པ་ཆོས་ཉིད་ཡིན་པས་སངས་རྒྱས་ཀྱི་ཞིང་ལ་ཕྱོགས་དང་རིས་སུ་ཆད་པ་མེད་དོ། །དེས་ན་ལོངས་སྐུའི་གནས་དེའི་རང་བཞིན་ནི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཡིན་པས་མཐའ་དང་དབུས་ལ་སོགས་པ་གང་གིས་ཡང་རིས་སུ་ཆད་པ་མེད་པས་ན་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་རང་བཞིན་ནོ། །གཉིས་པ་ངོ་བོ་ནི། དེ་ལྟ་བུའི་གནས་ན་ཡོན་ཏན་གྱི་ཁྱད་པར་རང་སྣང་བའི་ཕོ་བྲང་གི་བཀོད་པ་ཇི་ལྟ་བུ་སྙམ་ན། དེའི་དོན་འཆད་པ་ལ། འགྲེལ་ཆུང་ལས། གཞལ་ཡས་གཞི་དང་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་གདན་གྱི་རྣམ་པ་སྟེ། །ཞེས་དོན་བཅུ་གཅིག་ཏུ་གསུངས་པ་ལས། དང་པོ་འོག་གཞི་ནི། གཞི་ཚད་མེད་ཅེས་སོགས་ཏེ། འོག་གཞིའི་རྒྱ་ཁྱོན་བློས་ཚད་དམིགས་སུ་མེད་པར་བརྡལ་བའི་རང་བཞིན་ཡེ་ཤེས་ལྔ་མཚོན་བྱེད་ཀྱི་རྟགས་སུ་སྲུང་འཁོར་གྱི་ནང་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་མ་འདྲེས་པར་གསལ་བའི་སྟེང་ལའོ། །གཉིས་པ་རྒྱུ་ནི། ཡེ་ཤེས་རིན་པོ་ཆེ་ཞེས་སོགས་ཏེ། དེ་ཡང་ཡེ་ཤེས་ལྔས་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་རིན་པོ་ཆེ་འོད་འབར་བ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོའོ། །གསུམ་པ་རྒྱ་ཚད་ནི། རྒྱ་ཕྱོགས་བཅུར་ཞེས་སོགས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་མཐར་ཐུག་པ་མེད་པའི་རྟགས་སུ་གཞལ་ཡས་ཁང་དེའི་རྒྱ་ཚད་ཕྱོགས་བཅུ་ཐམས་ཅད་དུ་རྒྱ་ཡོངས་སུ་མ་ཆད་པའོ། །བཞི་པ་དབྱིབས་ནི། ཡོན་ཏན་ཞེས་སོགས་ཏེ། དེ་ཡང་གོང་དུ་བཤད་པའི་གཞལ་ཡས་ཁང་གི་རྒྱ་ཚད་ལ་ངོས་བཟུང་མ་བཤད་པས་ཕྱལ་བ་ལྟ་བུ་ཡིན་ནམ་སྙམ་ན་མ་ཡིན་ཏེ། རང་བྱུང་གི་ཡེ་ཤེས་ལ་འབྲས་བུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་རམ་མངའ་བའི་རྟགས་སུ་དབྱིབས་གྲུ་བཞིར་གྱུར་པའོ། །ལྔ་པ་གློ་འབུར་ནི། ལྷག་པའི་ཞེས་སོགས་ཏེ། ཡེ་ཤེས་བཞི་རེ་རེར་ཡང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པའི་རྟགས་སུ་གྲུ་ཆད་ལས་ཕྱིར་འཕྱར་བའི་རིན་པོ་ཆེའི་གློ་འབུར་རིགས་བཞིའི་ཁ་དོག་ཅན་གྱི་དབྱིབས་མཁར་གྱི་འབུར་ཐབས་ལྟ་བུས་མཛེས་པའོ། །གཡུང་འགྲེལ་ལས། རྩ་རྒྱུད་ཀྱི་དབང་དུ་ལྷ་མེད་པའི་ཁང་པ་བཞིས་མཛེས་པའོ། །ཞེས་གསུངས་སོ། །དྲུག་པ་རྩེ་མོའི་དོན་ནི། རྩེ་མོ་ཞེས་སོགས་ཏེ། གཞལ་ཡས་ཁང་དེའི་རྩེ་མོ་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བ་ནི། ཐུགས་རང་རིག་པའི་ཡེ་ཤེས་ཉིད་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དུ་རང་སྣང་བའི་ཕྱིར། རང་བཞིན་སོ་སོ་མ་ཡིན་ཅིང་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་སྤྲོས་པ་ཀུན་དང་བྲལ་བའི་ཀློང་དུ་འཁྱིལ་བ་མཚོན་པའི་རྟགས་སོ། །བདུན་པ་རྒྱན་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ནས་བཀླུབས་པ་ཞེས་པའི་བར་ཏེ། ཐུགས་རང་རིག་པའི་ཡེ་ཤེས་ཀྱི་རྩལ་མ་འགགས་པ་ལས་ཡེ་ཤེས་ལྔའམ་ཉི་ཤུ་རྩ་ལྔ་ལ་སོགས་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་མངའ་བའི་རྟགས་སུ་ཡེ་ཤེས་རང་སྣང་གི་རྒྱན་རིན་པོ་ཆེ་ལས་གྲུབ་པའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་ཚད་མེད་པ་དང་ལྡན་པ་རིན་པོ་ཆེ་དེ་རྣམས་ཀྱང་བལྟ་བས་མི་ངོམས་ཤིང་ཆོག་མི་ཤེས་པ། རེ་རེ་ཡང་དུ་མར་འཆར་བ། གཅིག་གིས་གཅིག་མ་བསྒྲིབས་པར་རང་གསལ་བས་གཞལ་ཡས་ཁང་གཞན་ལས་ཁྱད་པར་དུ་གྱུར་པའི་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པ། ཐེག་པ་དང་ས་ལམ་གཞན་ལས་འདི་ཉིད་འཕགས་པའི་རྟགས་སུ་གཞལ་ཡས་ཁང་གི་སྒོ་ནས་གྲུ་ཆད་ནས་ལྟེ་བའི་ལྷ་གནས་ཀྱི་བར་རྡོ་རྗེ་འགྲེང་བུ་རེ་རེས་རིམ་པར་སྤགས་པ། ཆོས་ཀྱི་དབྱིངས་ལ་མཐར་ཐུག་པ་མེད་པའི་རྟགས་སུ་ཕོ་བྲང་གི་རྩེ་མོ་དེ་བཞིན་གཤེགས་པའི་གཙུག་ཏོར་ལྟར་མཐོ་དམའི་ཚད་འདི་ཞེས་དཔག་ཏུ་མེད་པ། ཡེ་ཤེས་ཀྱི་རྩལ་སྣང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རྒྱན་གྱི་ཁྱད་པར་ཡང་ཐུགས་རྗེ་སྤྲུལ་པའི་ཕྲིན་ལས་རྒྱུན་མི་ཆད་པའི་རྟགས་སུ་ཕྲེང་བ་དང་། བདེན་གཉིས་དབྱེར་མི་ཕྱེད་པའི་རྟགས་སུ་ཆུན་འཕྱང་དང་། ཐབས་སྣ་ཚོགས་པར་མ་འདྲེས་ཡོངས་སུ་རྫོགས་པའི་རྟགས་སུ་ཤར་བུའི་རྒྱན་དང་། གཞན་ཡང་འདོད་ཡོན་ཐམས་ཅད་མ་སྤངས་རྣམ་དག་རོལ་པ་རྒྱན་དུ་ཤར་བའི་རྟགས་སུ་ཡིད་དུ་འོང་བའི་གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་དང་། དེ་དག་ཐོགས་པའི་རྡོ་རྗེ་ལྷ་མོ་རྣམས་ཀྱིས་ཕྱོགས་བཅུར་སྤྲིན་ཕུང་ལྟར་འཁྲིགས་པ་ནི་འབད་རྩོལ་མེད་པར་རང་བྱུང་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་བསྒྲིབ་པར་ཕྱི་ནང་ཀུན་ཟང་ཐལ་དུ་གསལ་བའི་རྒྱན་གྱི་བྱེ་བྲག་སྣ་ཚོགས་པ་དང་། མདོར་ན་འོག་གཞིའི་རྒྱན་དང་། རིན་པོ་ཆེའི་རྒྱན། འདོད་ཡོན་གྱི་རྒྱན། སྟེང་གི་རྒྱན། སྒོ་དང་རྟ་བབས་ཀྱི་རྒྱན། ཕྱི་རོལ་གྱི་རྒྱན། ངོ་བོའི་རྒྱན། བདག་པོའི་རྒྱན་སོགས་བསམ་གྱིས་མི་ཁྱབ་པའི་བཀོད་པས་མཛེས་པར་བརྒྱན་ཅིང་བཀླུབས་པའོ། །བརྒྱད་པ་སྒོ་ནི། རྣམ་པར་ཐར་བ་ཞེས་སོགས་ཏེ། དེ་ཡང་སྟོང་པ་ཉིད་ཀྱི་དོན་རྟོགས་ན་དངོས་པོར་འཛིན་པའི་ཞེན་པ་ལས་གྲོལ་བ་དང་། མཚན་མ་མེད་པའི་དོན་རྟོགས་ན་མཚན་འཛིན་གྱི་ཞེན་པ་ལས་གྲོལ་བ་དང་། སྨོན་པ་མེད་པའི་དོན་རྟོགས་ན་འབྲས་བུ་ལ་རེ་སྨོན་བྱེད་པའི་ཞེན་པ་ལས་གྲོལ་བ་སྟེ། དེ་ནི་ཐུན་མོང་གི་རྣམ་པར་ཐར་པ་གསུམ་དང་། ཐུན་མོང་མ་ཡིན་པ་རང་བཞིན་འོད་གསལ་བའི་དོན་རྟོགས་ན་དངོས་པོ་མཚན་འཛིན་གྱི་ཞེན་པ་ཐམས་ཅད་ལས་གྲོལ་བ་སྟེ། བཞིའི་སྒོ་ནས་བྱང་ཆུབ་ཆེན་པོར་ལྷུན་གྱིས་འཇུག་པའི་རྟགས་སུ་སྒོ་བཞི་སྒོ་ཁྱུད་ཀྱི་ཟླས་དྲངས་པའི་འགྲམ་ལོགས་དང་ཡ་ཕུབས་ཅན་གྱིས་ཕྱོགས་བཞིར་བརྒྱན་པ་སྟེ། དེ་ཡང་ཐང་སྒོ་ལྟ་བུ་ཡིན་ནམ་སྙམ་ན་མ་ཡིན་ཏེ། སྒོ་དང་སྒོ་ཁྱུད་ཀྱི་ཟླས་དྲངས་པའི་འགྲམ་ལོགས་ཀྱི་སྟེང་ཡ་ཕུབས་རྡོ་རྗེའི་རེ་མིག་བཅུ་གཅིག་ལ་སོགས་པས་བརྒྱན་པའོ། །དགུ་པ་རྟ་བབས་ནི། རྣམ་པར་ཐར་པ་ཞེས་སོགས་ཏེ། དེ་ཡང་རྒྱུ་དང་འབྲས་བུའི་རྟ་བབས་བརྒྱད་བརྒྱད་དེ་བཅུ་དྲུག་ལས། རྒྱུའི་རྟ་བབ་ནི། འཁོར་བ་ལས་རྣམ་པར་ཐར་པ་ཐུན་མོང་ལམ་སྟེགས་ཀྱི་ཐེག་པ་བརྒྱད་བགྲོད་ནས་འདིར་འཇུག་པའི་རྟགས་སུ་སྒོ་ཕུགས་ཀྱི་ཕྱི་ནང་གཉིས་སུ་ཐེམ་སྐས་བཞི་བཞི་སྟེ་བབ་ཞོན་གྱི་རྟ་བབ་བརྒྱད་དང་ལྡན་པས་མཛེས་པའོ། །འབྲས་བུའི་རྟ་བབ་ནི། ཐེག་བརྒྱད་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་རྫོག་པའི་རྟགས་སུ་སྒོ་ལོགས་ཀྱི་ཟུར་བཞི་ནས་ཀ་བས་བཏེགས་པའི་རྒྱན་གྱི་རྟ་བབས་བརྒྱད་དང་ལྡན་པ་ཡིན་ཏེ། རྟ་རྐང་ནི་གཞི་སྔོན་པོ་ལ་རྡོ་རྗེའི་ཕྲེང་བས་འགྲེང་བུར་བསྒྲིགས་པ། ཆུ་སྐྱེས་ནི་པདྨ་དང་། སྒྲོམ་ནི་རིན་པོ་ཆེའི་སྒྲོམ་དང་། ཟ་ར་ཚག་ནི་སྣ་འཕྱང་ལས་དཔྱངས་པའི་རྒྱུ་རིན་པོ་ཆེ་དཀར་པོ་དྲྭ་མིག་ཅན། སྣ་འཕྱང་ནི་ཕ་གུ་བཞིན་ནོ། །ཆུན་འཕྱང་ནི་བར་སྟོང་ལ་སེང་མགོའི་ཁ་ནས་དྲྭ་བ་དང་དྲྭ་བ་ཕྱེད་པས་བརྒྱན་པའོ། །ཤར་བུ་ནི་གཞི་སྔོན་པོའི་སྟེང་དུ་ཤར་བུ་དཀར་པོའི་ཕྲེང་བས་སྤྲས་པའོ། །ཁྱུང་མགོ་ནི་རྒྱ་ཕུབས་ཀྱི་རྣམ་པ་ཅན་གྱི་ཟུར་བཞིར་ཁྱུང་མགོའི་རྣམ་པའི་ལྐོག་མ་ནས་དྲིལ་བུ་རླུང་གིས་བསྐྱོད་པ་ལ་སོགས་པས་བརྒྱན་པ། གཞན་ཡང་སྒོ་ཁང་དང་བསིལ་ཁང་གི་མུན་པ་སེལ་བྱེད་གླང་རྒྱབ་མིག་གསུམ་ལ་སོགས་པས་མཛེས་པར་བརྒྱན་པའོ། །སྤྱིར་རྟ་བབ་ཀྱི་དབྱེ་བ་ལ་ཕྱིས་འགྱུར་གྱི་ཕྱོགས་སུ་བཅུ་གཅིག་མ་དང་། སྔ་འགྱུར་གྱི་ཕྱོགས་འདིར་བཞི་མ་དང་བརྒྱད་མ་བྱེད་པ་ཤས་ཆེ་ཡང་འདིར་ནི་བརྒྱད་མར་གྲགས་པའི་ལུགས་སོ། །བཅུ་པ་གནས་ཀྱི་མཚན་ཉིད་ནི། ཕྱི་དང་ནང་མེད་པ་ཞེས་སོགས་ཏེ། རང་བྱུང་གི་ཡེ་ཤེས་ལ་ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་ཤེས་པ་གཉིས་སུ་མ་གྲུབ་པས་ཤེས་བྱའི་དཀྱིལ་འཁོར་ཀུན་ཀྱང་རང་རིག་གི་རྩལ་སྣང་ཡིན་པའི་རྟགས་སུ་གཞལ་ཡས་ཁང་དེ་ཕྱི་དང་ནང་མེད་པར་གསལ་བ་སྟེ། དཔེར་ན་ཤེལ་གྱི་སྦུ་གུར་རིན་པོ་ཆེ་སྣ་ཚོགས་བཅུག་པ་བཞིན་ནོ། །ཀུན་ཏུ་ཡང་ནང་དུ་གྱུར་པ་ཞེས་ཆོས་ཀྱི་དབྱིངས་ཡུམ་བཙུན་མོའི་བྷ་ག་ཉིད་དུ་སྐུ་དང་ཡེ་ཤེས་ཐམས་ཅད་འདུས་པས་ན་ཐ་སྙད་དུ་ནང་ཞེས་བརྗོད་པའོ། །བཅུ་གཅིག་པ་གདན་ཁྲི་ནི། མི་འཇིགས་པ་ནས་གདན་ལ་ཞེས་པའི་བར་ཏེ། རྒྱལ་བའི་ཐུགས་ལ་མི་འཇིགས་པ་བཞི་མངའ་བའི་རྟགས་སུ་དབུས་སུ་སེང་གེའི་ཁྲི་དང་། སྐུ་སྟོབས་བཅུ་དང་ལྡན་པའི་རྟགས་སུ་ཤར་དུ་གླང་པོ་ཆེའི་ཁྲི་དང་། ཡོན་ཏན་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ལྷོར་རྟ་མཆོག་གི་ཁྲི་དང་། གསུང་དབང་བཅུ་དང་ལྡན་པའི་རྟགས་སུ་ནུབ་ཏུ་རྨ་བྱའི་ཁྲི་དང་། ཕྲིན་ལས་བཞི་གདུལ་བྱ་སྒྲོལ་བ་ལ་ཐོགས་པ་མེད་པའི་རྟགས་སུ་བྱང་དུ་ནམ་མཁའ་ལྡིང་སྟེ་ཤང་ཤང་གི་ཁྲི་དང་། ཐེག་པ་བརྒྱད་བགྲོད་ནས་འབྲས་བུའི་ཡོན་ཏན་ཐུགས་སུ་ཆུད་པའི་རྟགས་སུ་སེང་གེ་ལ་སོགས་པ་དེ་དག་རེ་རེ་ཡང་བརྒྱད་བརྒྱད་དེ་མཇུག་མ་ནང་དུ་བསྣོལ་ནས་རིན་པོ་ཆེའི་ཁྲི་རྐང་འདེགས་པའོ། །འོ་ན་སྲོག་ཆགས་དེ་རྣམས་སྟོན་པའི་རིགས་པ་རང་སྣང་དུ་འདོད་པ་ཅི་ཡིན་སྙམ་ན། དཔེར་ན་དགེ་བཤེས་ཀྱི་རྟ་བཟང་པོ་གཅིག་རང་གི་བསོད་ནམས་ཀྱི་མཐུ་ལས་གྲུབ་པ་དང་། གཞན་གྱི་དད་པས་ཕུལ་བ་གཉིས་རྟ་གཅིག་ཏུ་མཚུངས་པ་བཞིན་སངས་རྒྱས་རྣམས་ལ་མི་འཇིགས་པ་སོགས་མངའ་བ་དང་ས་བཅུའི་བྱང་སེམས་རྣམས་རྣ་བས་ཆོས་ཉན་པ་དང་ཤེས་བྱའི་སྒྲིབ་པ་སྦྱོང་བའི་ཕྱིར་ལུས་སེང་གེ་སོགས་སུ་སྤྲུལ་ནས་གདན་དུ་ཕུལ་བ་ཡིན་ནོ། །དེ་ལྟ་ཡང་རྒྱ་མཚོ་ལས། བྱང་ཆུབ་སེམས་དཔའ་སྨོན་ལམ་དབང་། །ཐོས་པའི་རྒྱ་མཚོ་བསགས་པའི་ཕྱིར། །ལུས་ནི་སེང་གེའི་གདན་དུ་ཕུལ། །ཞེས་གསུངས་སོ། །ཐུགས་རང་བཞིན་གྱིས་རྣམ་པར་དག་པས་འོད་གསལ་ཞིང་ཐབས་ཤེས་ཟུང་དུ་འཇུག་པའི་རྟགས་སུ་ཉི་ཟླའི་དཀྱིལ་འཁོར་དང་། ཉེས་པའི་སྐྱོན་གྱིས་གོས་པ་མེད་པའི་རྟགས་སུ་པདྨ་དང་། གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་རིན་པོ་ཆེའི་གདན་ཏེ། དེ་ཡང་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའི་རྟགས་སུ་ཀ་བས་བཏེགས་པའི་ཁྲི་རྐང་མཛོད་མིག་བདུན་པའོ། །འོ་ན་གདན་དེ་རྣམས་ཀྱི་བརྩེགས་ལུགས་ཇི་ལྟ་བུ་ཡིན་ཞེ་ན། དེའང་བཤད་དུ་ཡོད་དེ། སྐྱེས་བུ་ལྔ་ལ་ལྔ་བརྩེགས་ཏེ། །སེམས་དཔའ་ལ་ནི་སུམ་བརྩེགས་སོ། །ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཀུན་བཟང་ཡབ་ཡུམ་བཞི་བརྩེགས་སོ། །ཞེས་གསུངས། འོན་ཀྱང་དཀྱིལ་འཁོར་ལ་འགོད་པའི་ཚེ་དེ་ལྟར་ཡིན་གྱི། འདིར་ཆོས་འཆད་པའི་ཚེ་ཀུན་བཟང་ལ་གདན་ལྔ་བརྩེགས་སུ་སྤྱན་འགྲེལ་ལས་གསུངས་སོ། །གདན་བརྩེགས་ཀྱི་ཟླ་བ་སྟེང་དུ་འོང་བའི་རྒྱུ་མཚན་ནི། སྤྱན་འགྲེལ་ལས། གཙོ་བོ་ནི་ཤེས་རབ་ལ་སྤྱོད་པའི་ཕྱིར་དང་། ནང་གི་ཆུ་སྐྱེས་ཀྱི་ལྟེ་བའི་ཉི་མ་ལ་ཟླ་བ་བརྟེན་པའི་ཕྱིར་རི་བོང་ཅན་སྟེང་ན་གནས་སོ། །ཞེས་གསུངས། དེ་ནི་གསང་བ་ལྟར་ཐབས་ལམ་འོག་སྒོ་དང་སྦྱར་ནས་བཤད་པའོ། །ཕྱི་གྲོལ་ལམ་ལྟར་བཤད་ནའང་ཟླ་བ་སྟེང་དུ་འོང་ཏེ། གཙོ་བོ་ཐབས་སྣང་བ་འགགས་པ་མེད་པར་མཚོན་པའི་ཕྱིར་དང་། ནང་ཐབས་ལམ་སྟེང་སྒོ་ལྟར་བཤད་ནའང་ཟླ་བ་སྟེང་དུ་འོང་སྟེ། ལྟེ་བའི་ཨ་ཐུང་གི་སྟེང་དུ་སྤྱི་བོའི་ཧྃ་ཡིག་གམ་སྙིང་གའི་སྲོག་མི་ཤིགས་པའི་ཐིག་ལེ་གནས་པར་གསུངས་པའི་ཕྱིར་རོ། །ལ་ཞེས་པ་གནས་གཞིའི་སྒྲས་སྟན་དེ་དག་ལ་གོང་གི་སྟོན་པའི་བདག་ཉིད་འོག་ནས་འབྱུང་བ་འཆད་པའི་སྐྱེས་བུ་རྣམས་བཞུགས་པར་མཚོན་པ་ཡིན་ནོ། །ལྔ་པ་འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ཏེ། རང་བཞིན་གཉིས་སུ་མེད་པའི་འཁོར་དང་། རིག་པ་ཁྱད་པར་ཅན་གྱི་འཁོར་རོ། །དང་པོ་ལའང་གཉིས་ཏེ། རིགས་ཀྱི་ཡབ་ལྔ་དང་། ཡུམ་ལྔའོ། །དང་པོ་ནི། བཅོམ་ལྡན་འདས་ནས་འཚེར་བ་ཞེས་པའི་བར་ཏེ། བདུད་བཞི་མ་སྤངས་རང་རིག་ཏུ་གསལ་བས་བཅོམ་ལ། ཆེ་བའི་ཡོན་ཏན་དུ་མ་དང་ལྡན་ཞིང་དེའི་ངོ་བོ་ཕྱོགས་གཅིག་ལས་འདས་པས་བཅོམ་ལྡན་འདས་དང་། གནས་ལུགས་དེ་བཞིན་ཉིད་མངོན་དུ་གྱུར་ཅིང་ནར་སོན་པས་གཤེགས་པའོ། །མཚན་གཉིས་པོ་དེ་སྟོན་པ་རིགས་དྲུག་པ་དང་ཐུན་མོང་པ་ཡིན་ནོ། །བྱེ་བྲག་ཏུ་རྣམ་པར་ཤེས་པ་ནི་ཡུལ་གཅོད་ཅིང་རིག་པའི་མཚན་ཉིད་ཅན་དབྱེ་ན་ཚོགས་བརྒྱད་དོ། །གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་ཅན་དབྱེ་ན་གཟུགས་བཅོ་ལྔའོ། །ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་དབྱེ་ན་གསུམ་མོ། །འདུ་ཤེས་ནི་མཚན་མར་འཛིན་པའི་མཚན་ཉིད་ཅན་དབྱེ་ན་ལྔའོ། །འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་དབྱེ་ན་ཚོར་འདུ་གཉིས་ལོགས་སུ་བགྲང་པའི་ལྷག་མ་བཞི་བཅུ་རྩ་དགུའོ། །གཞུང་གཞན་དུ་ཕུང་པོའི་གོ་རིམ་དང་པོར་གཟུགས་ཕུང་སྨོས་ན། འདིར་རྣམས་ཤེས་དང་པོར་སྨོས་པ་གང་ཞེ་ན། འདིར་ཐུན་མོང་པའི་ཐེག་པ་ལས་ཁྱད་པར་དུ་སྟོན་པའི་ཕྱིར་ཏེ། ཉི་འོད་སེང་གེའི་འགྲེལ་པ་ལས། ཕྱི་རོལ་པ་དག་གཟུང་བའི་དོན་རགས་པ་དག་ལ་གཙོ་བོར་འདོད་པ་ཡིན་ལ། འདིར་ནི་འཛིན་པའི་གཞི་རྩ་བ་རྣམ་པར་ཤེས་པ་གཙོ་བོར་འདོད་པ་ཡིན་ལ། ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་རྣམས་ལྷར་དག་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་འཆད་པ་ལ་གཉིས། གཞན་ལུགས་དགག་པ་དང་། རང་ལུགས་བཞག་པའོ། །དང་པོ་ནི། རྗེ་འཁོན་སྟོན་ན་རེ། འདིའི་སྐབས་ཀྱི་རྣམ་ཤེས་ནི་ཚོགས་བརྒྱད་མ་ཡིན་ཏེ་སྒོ་ལྔའི་རྣམ་ཤེས་སོ། །གལ་ཏེ་ཚོགས་བརྒྱད་དུ་འདོད་ན། མི་བསྐྱོད་པའི་རྒྱུད་ལ་ཀུན་བཞི་ཡོད་པའི་ཕྱིར། དགྲ་བཅོམ་པ་མ་ཡིན་པར་ཐལ་བ་དང་། ཉོན་ཡིད་ཡོད་པའི་ཕྱིར་སྒྲིབ་གཉིས་སྤངས་པའི་གང་ཟག་མ་ཡིན་པར་ཐལ་བའི་སྐྱོན་ཡོད་དོ་གསུངས་ནའང་། ཐུན་མོང་གི་གཞུང་དང་བསྟུན་པར་ཟད་ཀྱི། འདིར་ནི་ཤིན་ཏུ་མི་རིགས་ཏེ། དམྱལ་བའི་ཐུབ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཞེ་སྡང་མེད་པར་ཐལ། ཁྱོད་ཞེ་སྡང་ཟད་པར་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཁྱོད་སངས་རྒྱས་འཕགས་པ་བཞིན་ནོ། །ཞེས་རྟོག་པ་ཐམས་ཅད་ལ་མགོ་མཚུངས་པའི་ཕྱིར་མི་འཐད་དེ། ལུང་དང་ཡང་འགལ་ཏེ། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་གསུངས་པའི་ཕྱིར། དེ་བས་ན་ཐེག་པ་འདིའི་ལུགས་ཀྱི་ཀུན་གཞི་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་ཡེ་ནས་དག་པས་སྤང་གཉེན་དུ་མི་འདོད་དེ་འཆིང་གྲོལ་ལས་འདས་པའི་ཕྱིར་རོ། །གཉིས་པ་ནི། རྟོག་ཚོགས་ཕུང་པོ་ལྔའི་རང་བཞིན་ཡེ་ཇི་བཞིན་པའི་རིགས་ལྔ་ཡིན་པ་ལས། ཁྱད་པར་དུ་རྒྱུད་དག་པའི་སངས་རྒྱས་ལྔའི་འབྲས་བུ་མངོན་དུ་བྱས་ཏེ་མཐར་ཕྱིན་པར་གྱུར་པའོ། །དེ་ལྟ་བུའི་རྟོག་པ་ལ་ཐུགས་རང་རིག་པའི་ཡེ་ཤེས་ཀྱིས་རང་དབང་བསྒྱུར་ཞིང་ཟག་མེད་ཀྱི་ཆོས་ལ་མངའ་བརྙེས་པས་བདེ་བ་ཆེན་པོར་ལོངས་སྤྱོད་པས་ན་རྒྱལ་པོ་ཞེས་བྱའོ། །ཡང་གཞུང་འདིར་ལྷའི་མཚན་ནས་མི་སྨོས་པར་རྟོག་པའི་མཚན་ནས་སྨོས་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། བླ་མ་འགའ་ཞིག་གིས་འདིར་རྒྱལ་པོ་དང་འོག་ཏུ་ཆེན་པོ་ཞེས་སོགས་གསུངས་པས་རྟོག་པའི་མཚན་སྨོས་པས་མ་གྲུབ་སྟེ། དཔེར་ན་མྱ་ངན་ལས་འདས་པ་ཞེས་པས་སངས་རྒྱས་ལ་མྱ་ངན་གྱི་མིང་གི་བརྗོད་པ་མ་ཡིན་པ་བཞིན་ནོ་གསུངས། དོན་དུ་འདི་ཡིན་ཏེ། མ་དག་པ་འཁོར་བའི་གནས་སྐབས་སུའང་རྟོག་ཚོགས་རྣམས་ཀྱི་རང་བཞིན་རྣམ་པར་དག་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པ་གསང་སྔགས་ཀྱི་རྒྱུད་རྣམས་སུ་གསུངས་པ་མ་ཟད་ངེས་དོན་གྱི་མདོ་སྡེ་ཟབ་མོ་རྣམས་ལས་ཀྱང་འབྱུང་སྟེ། སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་པ་འདུ་བྱེད་ནི། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེས་ན་འདིར་རྟོག་པའི་མཚན་ནས་སྨོས་པའི་དགོས་པ་ནི། སྤར་ཁབ་ལས། ཀུན་གཞི་ལ་སོགས་པའི་རྟོག་པ་ལྔ་སྨོས་པ་ནི་རང་བཞིན་དང་ཐུན་མོང་མ་ཡིན་པའི་ཕྱིར་སྨོས་པ་སྟེ། ཞེས་སོགས་གསུངས་པས་རང་བཞིན་ཤེས་བྱའི་གཤིས་ལ་རྟོག་པ་དང་ལྷ་གཉིས་སྣང་ན་སྣང་མཉམ། སྟོང་ན་སྟོང་མཉམ། བཟང་ངན་སྤུ་ཙམ་མེད་པར་མཉམ་པའི་ཕྱིར་དང་། ཐུན་མིན་གྱི་རྒྱུད་འདིར་ལམ་པས་ལྷ་རྟོག་དབྱེར་མེད་དུ་ངོས་ཟིན་པར་བྱ་བའི་ཕྱིར་དང་། འབྲས་བུ་མཐར་ཕྱིན་པའི་དུས་ན་རྟོག་པ་ཉིད་མ་སྤངས་མ་བསྒྱུར་བར་ལྷའི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་སྨོས་པའོ། །རྟོག་ཚོགས་ལྷར་སྣང་བའི་འཐད་པ་དེ་གང་ཡིན་ཞེ་ན། དེ་ལ་གཉིས་ཏེ། ཕྱི་རོལ་གྱི་དོན་ཡོད་པའི་དབང་དུ་བྱས་པ་དང་། ཤེས་བྱ་ནང་གི་དབང་དུ་བྱས་པའོ། །དང་པོ་ནི། རྟོག་པའི་རང་བཞིན་ཆོས་ཅན། ལྷར་སྣང་བ་ཡིན་ཏེ། ཡེ་ནས་ཡིན་པ་ཉིད་ལམ་རྐྱེན་དང་འཕྲད་ན་ལྷར་སྣང་རུང་མ་འགག་པའི་ཕྱིར། དཔེར་ན་དངུལ་ཆུས་བསྡུས་པའི་གསེར་ཉིད་དངུལ་གྱི་གོང་བུ་ལྟར་སྣང་ཡང་མེའི་རྐྱེན་དང་འཕྲད་ན་གསེར་དུ་འགྱུར་ཞིང་མ་འཕྲད་ན་མི་འགྱུར་བ་བཞིན་ནོ། །དེ་ལྟར་ཡང་སྒྱུ་འཕྲུལ་ལམ་རྟོག་པའི་དྲྭ་བ་རྣམ་པར་བསལ་བའི་རྒྱུད་ཕྱི་མ་ལས། དཔེར་ན་རྐྱེན་གྱི་འབྲེལ་བ་དང་མ་འཕྲད་པའི་འབྲས་བུ་སྐྱེ་བའི་རྒྱུ་ཡོད་ཀྱང་མངོན་དུ་འབྱིན་པའི་ནུས་པ་མེད་པ་བཞིན་དུ། བྱང་ཆུབ་ཀྱི་རྒྱུ་ཡོད་ཀྱང་རྐྱེན་ཏིང་ངེ་འཛིན་དང་མ་འབྲེལ་བའི་ཕྱིར་འབྲས་བུ་འབྱིན་པའི་ནུས་པ་མེད་པས་ན་དེ་ལྟར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། རྟོག་པའི་རང་བཞིན་ཆོས་ཅན། ལྷར་སྣང་བ་ཡིན་ཏེ། སྣང་བ་རིས་མ་ངེས་པའི་ཕྱིར། དཔེར་ན་ཆུའི་དངོས་པོ་གཅིག་ལ་མ་དག་པ་དང་དག་པའི་ཞིང་གི་འགྲོ་བ་དང་གྲུབ་པའི་གང་ཟག་རྣམས་ཀྱིས་མཐོང་ཚུལ་ཐ་དད་པ་བཞི ན་ནོ། །དེ་ལྟར་ཡང་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འགྲོ་བ་འདི་ཀུན་སངས་རྒྱས་ལྔའི་བདག་ཉིད། །གར་མཁན་དང་ནི་རི་མོ་བཟང་ལྟར་སྣང་། །ཞེས་གསུངས་སོ། །གཞན་ཡང་རྟོག་ཚོགས་ཆོས་ཅན། ལྷར་སྣང་བ་ཡིན་ཏེ། དེ་དང་དེ་ཆོས་མཐུན་པའི་ཕྱིར། དེ་ལྟར་ཡང་རྒྱུད་ལས། གཟུགས་ནི་རྣམ་པར་སྣང་མཛད་ཉིད། །ཚོར་བ་རིན་ཆེན་འབྱུང་ལྡན་ལ། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་དོན་ཡོད་གྲུབ་པ་ཉིད། །རྣམ་པར་ཤེས་པ་མི་བསྐྱོད་པ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཉེར་ལེན་གྱི་ཕུང་པོ་ལྔ་གནས་གྱུར་པའི་ཟག་མེད་ཀྱི་ཕུང་པོ་ལྔ་གསུངས་པ་དང་ཡང་ཆོས་མཐུན་བརྩིར་ཡོད་དམ་ཞེ་ན། ཡོད་དེ་རྣམ་ཤེས་གནས་གྱུར་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ནི་ཐུགས་ཀྱི་བདག་ཉིད་ཡིན་པ་དང་། དེ་བཞིན་དུ་གཟུགས་གནས་གྱུར་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་དྲི་མ་མེད་པའི་སྐུ་དང་། ཚོར་བ་གནས་གྱུར་ཏིང་ངེ་འཛིན་ནི་ཡོན་ཏན་གྱི་གཞིར་གྱུར་པའི་ཕྱིར་ཡོན་ཏན་དང་། འདུ་ཤེས་གནས་གྱུར་ཤེས་རབ་ནི་ལུང་རྟོགས་ཀྱི་ཆོས་ཀྱི་གཞིར་གྱུར་པའི་ཕྱིར་གསུང་དང་། འདུ་བྱེད་གནས་གྱུར་རྣམ་གྲོལ་གྱི་ཕུང་པོ་ནི་མཛད་པ་ཡོངས་སུ་རྫོགས་པའི་བདག་ཉིད་ཀྱི་གཞིར་གྱུར་པའི་ཕྲིན་ལས་ཏེ། ལུང་ལས། གཟུགས་ཀྱི་ཕུང་པོ་གནས་གྱུར་ཚུལ་ཁྲིམས་སྐུ། །ཚོར་བ་གནས་གྱུར་ཏིང་འཛིན་འབུམ་ཕྲག་བ རྙེས། །འདུ་ཤེས་གནས་གྱུར་ཤེས་རབ་ཕུང་པོ་སྟེ། །འདུ་བྱེད་གནས་གྱུར་རྣམ་པར་གྲོལ་བའོ། །སེམས་གྱུར་ཡེ་ཤེས་དེ་ནི་རྣམ་གྲོལ་མཐོང་། །ཞེས་སོ། །ཡང་ཉོན་མོངས་པ་དང་ཕུང་པོ་ལྔ་ཆོས་ཅན། ཁྱོད་གཉིས་ཆོས་མཐུན་བརྩིས་ནས་རིགས་ལྔ་དང་སྦྱར་དུའང་ཡོད་དེ། གསང་འདུས་དགོངས་པ་ལྟར་གཟུགས་ནི་གཏི་མུག །ཚོར་བ་ང་རྒྱལ། འདུ་ཤེས་འདོད་ཆགས། འདུ་བྱེད་ཕྲག་དོག །རྣམ་ཤེས་ཞེ་སྡང་གི་རང་བཞིན་ཡིན་པའི་ཕྱིར་རོ། །ཡང་རྣམ་ཤེས་ལྷར་དག་པའི་ཚེ་མིག་གི་རྣམ་ཤེས་ཀྱང་མི་བསྐྱོད་པར་དག་གམ་མི་དག །མ་དག་ན་སྤྱི་བྱེ་བྲག་པ་དག་མི་གཅིག་པར་འགྱུར་ཏེ། དག་དང་མ་དག་འགལ་བའི་ཆོས་ཡིན་པའི་ཕྱིར། དག་ན་མིག་གི་རྣམ་ཤེས་ས་སྙིང་དུ་དག་པར་གསུངས་པ་མི་འཐད་པར་ཐལ། དག་པ་གཞན་བརྗོད་དུ་མེད་པའི་ཕྱིར། འདོད་མི་ནུས་ཏེ། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་ཞེས་སོགས་གསུངས་པས་གསལ་ལོ་ཞེ་ན། སྐྱོན་མེད་དེ། ལྟོས་ས་ཐ་དད་ལ་ལྟོས་ནས་རྣམ་ཤེས་ཀྱི་ཕུང་པོ་སྤྱི་བྱེ་བྲག་གཉིས་གཙོ་འཁོར་དུ་དག་པ་ཡིན་ཏེ། ཐ་མལ་གྱི་རྣམ་ཤེས་རིལ་པོ་གཅིག་ཏུ་ཞེན་པའི་གཉེན་པོ་བྱེ་བྲག་ས་སྙིང་སོགས་སུ་དག་ཚུལ་སྨོས་པ་གང་ཞིག །ལྷ་ཐ་དད་དུ་ཞེན་པའི་གཉེན་པོར་སྤྱིར་མི་བསྐྱོད་པར་དག་ཚུལ་སྨོས་པའི་ཕྱིར་རོ། །འོ་ན་ལྷ་རྟོག་དག་ཚུལ་དེ་ལྟར་ཡིན་ན། རིགས་ཀྱི་དབྱེ་བ་ལ་སྒྱུ་འཕྲུལ་ཁམས་ལུགས་པ་ན་རེ། རྣམ་པར་ཤེས་པའི་རྒྱལ་པོ་ཆོས་ཅན། ཁྱོད་ལྷའི་དུས་ན་མི་བསྐྱོད་པ་མ་ཡིན་ཏེ། རྣམ་ཤེས་དག་པ་ཐུགས་ཀྱི་བདག་ཉིད་རྣམ་སྣང་ཡིན་པའི་ཕྱིར། དེ་ཡིན་ཏེ། དབུས་སུ་རིགས་བདག་མཚོན་བྱེད་ཀྱི་གདན་འཁོར་ལོ་དང་སེང་གེ། ཡུམ་དབྱིངས་ཕྱུག་མ། ཆོས་དབྱིངས་ཡེ་ཤེས་རྣམས་བྱུང་བའི་ཕྱིར་དང་། ཁྲོ་བོའི་སྐབས་སུ་བུདྡྷ་ཧེ་རུ་ཀའི་སྐུ་དང་སྔགས་ཐོག་མར་སྨོས་པའི་ཕྱིར་ཟེར་ན། དེ་ལྟར་རིགས་པ་མ་ཡིན་ཏེ། ཐུན་མོང་མ་ཡིན་པ་ལུང་རིག་མན་ངག་གསུམ་དང་འགལ་བའི་ཕྱིར་རོ། །དེ་ཡང་ལུང་དང་འགལ་ཏེ། སྒྱུ་འཕྲུལ་བླ་མ་ལས། གཟུགས་ནི་རྣམ་པར་སྣང་མཛད་དེ། །ཞེས་དང་། རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཞེས་གསུངས་སོ། །མན་ངག་དང་འགལ་ཏེ། ཉིན་བྱེད་སེང་གེས། ཀུན་གཞི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མི་བསྐྱོད་པ་ལ་ནི་རྣམ་པར་ཤེས་པའི་རྒྱལ་པོ་ཞེས་གནས་སྐབས་འདིར་བྱའོ། །ཞེས་གསུངས་སོ། །རིག་པ་དང་འགལ་ཏེ། རྣམ་པར་ཤེས་པའི་རྒྱལ་པོ་ཆོས་ཅན། རྣམ་སྣང་མ་ཡིན་ཏེ། ཁྱོད་མི་བསྐྱོད་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། རྣམ་ཤེས་དག་པ་ཐུགས་ཡིན་ལ། དེ་རྡོ་རྗེའི་རིགས་མི་བསྐྱོད་པར་ངེས་པའི་ཕྱིར། གླང་ཆེན་རབ་འབོག་གི་རྒྱུད་ལས། དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པ་གནས་སུ་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། ཅེས་པ་ནས། བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་ཞེས་གསུངས་པའི་ཕྱིར་རོ། །ཡང་ཁོ་ན་རེ། དེ་ལྟར་ན་རྣམ་ཤེས་དག་པ་མི་བསྐྱོད་པར་གྲུབ་མོད། འོན་ཀྱང་སྔར་གྱི་སྐྱོན་རྣམས་ཀྱིས་གནོད་པར་མི་འགྱུར་རམ་ཟེར་ན། མི་གནོད་དེ་ཅིའི་ཕྱིར་ཞེ་ན། གདན་གྱི་འཁོར་ལོ་ཆོས་ཅན། ཁྱོད་རིགས་བདག་མཚོན་བྱེད་ཀྱི་མཚན་མ་མ་ཡིན་ཏེ། རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱ་ཡིན་པའི་ཕྱིར། དེ་ཡང་འགྲེལ་ཆུང་ལས། གཞི་ཡང་ཚད་མེད་འཁོར་ལོ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་ཡིན། །ཞེས་སོ། །སེང་ཁྲི་ཆོས་ཅན། དེ་མ་ཡིན་ཏེ། ཐུགས་གཙོ་བོར་སྟོན་པ་རྡོ་རྗེའི་རིགས་དང་སྦྱོར་བ་ཙམ་དུ་ཟད་པའི་ཕྱིར། དཔེར་ན་ཡང་དག་གི་གཙོ་བོ་རྡོ་རྗེའི་རིགས་མི་བསྐྱོད་པའི་གདན་དུ་སེང་ཁྲི་འབྱུང་བ་བཞིན་ནོ། །ནམ་མཁའི་དབྱིངས་ཕྱུག་མ་ཆོས་ཅན། ཁྱོད་རྣམ་སྣང་གི་ཡུམ་མ་ཡིན་ཏེ། འདིར་རྣམ་ཤེས་ཀྱི་ཡུལ་ནམ་མཁའི་ཁམས་དང་སྦྱར་ན་མི་བསྐྱོད་པའི་ཡུམ་དུ་ངེས་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་ཆོས་ཅན། ཁྱོད་གཏི་མུག་དག་པ་སྐུའི་རིགས་དང་སྦྱར་བ་མ་ཡིན་ཏེ། འདིར་ཞེ་སྡང་དག་པ་ཆོས་དབྱིངས་ཡེ་ཤེས་སུ་བཞེད་པའི་ལུགས་ཡིན་པའི་ཕྱིར། ཁྲོ་བོའི་སྐབས་སུ་ཡང་། བུདྡྷ་ཧེ་རུ་ཀ་ཆོས་ཅན། ཁྱོད་གཙོ་བོར་མ་གྲུབ་སྟེ། པཎ་གྲུབ་ཀྱི་མན་ངག་རྣམས་སུ་རྒྱུད་འཁྲུགས་པ་བསྡེབས་ནས་གཙོ་བོ་བཛྲ་ཧེ་རུ་ཀར་བཞེད་པའི་ཕྱིར། དེ་ལྟར་ཡང་རྒྱ་ཆེར་འགྲེལ་ལས། འདིར་ཡང་རྣམ་པར་ཤེས་པའི་རང་བཞིན་ཞེ་སྡང་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པ་རྡོ་རྗེ་ཁྲག་འཐུང་དུ་མངོན་པར་འདུ་མཛད་པ་དེ་ལ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། འོ་ན་རང་ལུགས་ནི། རྣམ་པར ཤེས་པའི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཆོས་ཅན། དེ་རྣམས་ཀྱི་རིགས་དང་ཡེ་ཤེས་ཀྱི་དབྱེ་བ་བཤད་དུ་ཡོད་དེ། དཀྱིལ་འཁོར་གྱི་གཙོ་བོ་མི་བསྐྱོད་པ་ནི་ཐུགས་རྡོ་རྗེའི་རིགས་དང་ཆོས་དབྱིངས་ཡེ་ཤེས། རྣམ་སྣང་ནི་སྐུ་དེ་བཞིན་གཤེགས་པའི་རིགས་དང་མེ་ལོང་ཡེ་ཤེས། རིན་འབྱུང་ནི་ཡོན་ཏན་རིན་པོ་ཆེའི་རིགས་དང་མཉམ་ཉིད་ཡེ་ཤེས། སྣང་མཐའ་ནི་གསུང་པདྨའི་རིགས་དང་སོར་རྟོག་ཡེ་ཤེས། དོན་གྲུབ་ནི་ཕྲིན་ལས་ལས་ཀྱི་རིགས་དང་བྱ་གྲུབ་ཡེ་ཤེས་རྣམས་སུ་ངེས་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་བཀོད་པ་ལས། སྐུ་ནི་མ་བཅོས་དེ་བཞིན་ཉིད། །ཐུགས་ནི་མི་འགྱུར་རྡོ་རྗེའི་རིགས། །ཞེས་སོགས་གསུངས་སོ། །རིགས་ལྔ་ཀའི་མཚན་ལ་རྒྱལ་པོ་ཞེས་སྨོས་པ་ནི། དཔེར་ན་རྒྱལ་པོ་རྣམས་རང་གི་རྒྱལ་སྲིད་ལ་དབང་བསྒྱུར་ཞིང་ལོངས་སྤྱོད་པ་དང་གཞན་གྱི་དཔུང་ཕམ་པ་དང་རང་གི་དཔུང་རྒྱལ་བར་བྱེད་པ་བཞིན་དུ་ཐུགས་རིག་པའི་ཡེ་ཤེས་ཀྱིས་རྟོག་ཚོགས་ལ་དབང་བསྒྱུར་བ་དང་ཟག་པ་མེད་པའི་ཆོས་ལ་མངའ་བརྙེས་པས་བདེ་བ་ཆེན་པོའི་ལོངས་སྤྱོད་ལ་རོལ་པར་མཛད་ཅིང་། ཆོས་ཀྱི་རྒྱལ་སྲིད་སྐྱོང་བས་གདུལ་བྱའི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དཔུང་མ་ལུས་པ་ཕམ་པ་དང་། ཚོགས་གཉིས་ལ་སོགས་པའི་ཡོན་ཏན་གྱི་དཔུང་རྒྱལ་བར་མཛད་པའི་ཕྱིར། རིགས་ལྔ་དེ་དག་ཀུན་གྱི་ཁ་དོག་ཀྱང་ཆོས་ཉིད་མི་འགྱུར་བའི་བརྡར་ཆོས་དབྱིངས་ཡེ་ཤེས་དང་རྡོ་རྗེའི་རིགས་མཐིང་ནག །ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་མེ་ལོང་ཡེ་ཤེས་དང་དེ་བཞིན་གཤེགས་པའི་རིགས་དཀར་པོ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་རིགས་སེར་པོ། གདུལ་བྱའི་དོན་ལ་རྗེས་སུ་ཆགས་པའི་བརྡར་སོར་རྟོག་ཡེ་ཤེས་དང་པདྨའི་རིགས་ལེ་བརྒན་ཏེ་དམར་པོ། སེམས་ཅན་གྱི་དོན་མཛད་པའི་བརྡར་བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་རིགས་རྣམས་ལྗང་གུ་སྟེ། དེ་ཐམས་ཅད་ཀྱང་རང་བཞིན་གྱི་སྐུ་མདོག་བཞི་བཞི་དང་ལྡན་པ་སྟེ། དུང་མདོག་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པ། མེ་ཏོག་ཀུ་མུད་ལྟར་སྣུམ་ལ་འདྲིལ་བ། ཟླ་བ་ལྟར་གསལ་ཞིང་། ཉི་མ་ལྟར་བཀྲག་མདངས་འཚེར་བའོ། །གཉིས་པ་ཡུམ་ལྔ་ནི། བཙུན་མོ་ནས་བཞུགས་སོ་ཞེས་པའི་བར་ཏེ། རྟོག་པའི་དུས་ན་འབྱུང་ལྔས་ཕུང་པོ་ལྔ་བསྐྱེད་ཅིང་། ལྷའི་དུས་ན་རིགས་ཀྱི་ཡབ་ལྔས་ལོངས་སྤྱོད་པར་བྱ་བའི་ཡུལ་ལམ་སྲས་བསྐྱེད་པའི་ཡུམ་དུ་གྱུར་པས་ན་བཙུན་མོ། ཡོན་ཏན་གྱི་ཁྱད་པར་བཙུན་མོ་གཞན་ལས་འཕགས་པས་ན་དམ་པའོ། །སྣང་བ་ནམ་མཁའི་རྟོག་པ་དེས་རྣམ་ཤེས་ཕུང་པོ་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་ན་དབྱིངས་ཏེ། འབྱུང་པ་ནམ་མཁའི་རྟོག་པ་ཉིད་མ་སྤངས་པར་གནས་སུ་དག་པ་ཐུགས་རྡོ་རྗེ་རིགས་ཀྱི་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་དང་། སྲ་བ་སའི་མཚན་ཉིད་ཡིན་ལ་དེས་གཟུགས་ཕུང་བསྐྱེད་པས་ན་དབྱིངས་ཏེ། དེ་མ་སྤངས་གནས་སུ་དག་པ་སྐུའི་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མ་དང་། མཉེན་པ་ཆུའི་མཚན་ཉིད་ཡིན་ལ་དེས་ཚོར་ཕུང་བསྐྱེད་པས་ན་དབྱིངས་ཏེ། དེ་མ་སྤངས་གནས་སུ་དག་པའི་རིན་ཆེན་རིགས་ཀྱི་ཡུམ་མཱ་མ་ཀཱི་དང་། དྲོ་བ་མེའི་མཚན་ཉིད་ཡིན་ལ་དེས་འདུ་ཤེས་ཀྱི་ཕུང་པོ་བསྐྱེད་པས་ན་དབྱིངས་ཏེ། དེ་མ་སྤངས་གནས་སུ་དག་པ་པདྨ་རིགས་ཀྱི་ཡུམ་གོས་དཀར་མོ་དང་། བསྐྱེད་པ་རླུང་གི་མཚན་ཉིད་ཡིན་ལ་དེས་འདུ་ཤེས་ཀྱི་ཕུང་པོ་བསྐྱེད་པའི་ཕྱིར་ན་དབྱིངས་ཏེ། དེ་མ་སྤངས་གནས་སུ་དག་པ་ལས་ཀྱི་རིགས་ཀྱི་ཡུམ་དམ་ཚིག་སྒྲོལ་མའོ། །དེ་དག་ལ་སོགས་པའི་ཁོང་ནས་དེ་དག་དང་ཆ་ལུགས་མཐུན་པའི་རྒྱུད་མས་སྦྱངས་ཀྱི་བཙུན་མོའི་ཚོགས་ཀྱང་བསྡུ་སྟེ། མདོར་ན་ཡབ་ལྔ་དང་ཡུམ་ལྔ་གཉིས་དོན་རང་བཞིན་གཉིས་སུ་མེད་ཅིང་། རྟགས་ཡབ་ཡུམ་འཁྲིལ་བས་མཉམ་པར་སྦྱོར་བའི་ཚུལ་གྱིས་བཞུགས་ཏེ། དེ་ཡང་ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་ཁྱབ་པའི་རང་བཞིན་གྱི་སྣང་བ་དེ་ནི་མངོན་དུ་བྱས་པའི་རྟགས་སུ་འདི་ལྟ་སྟེ། དཔེར་ན་ཏིལ་གྱི་གོང་བུ་ཁ་ཕྱེས་པ་བཞིན་དུ་གོ་མཚམས་མེད་པར་གང་ནས་ཀུན་ཏུ་ཁྱབ་པར་བཞུགས་སོ། །དེ་ལ་ཁ་ཅིག་སྤྱིར་ཐབས་དང་ཤེས་རབ་དབྱེར་མེད་ཀྱི་རྒྱུད་གསུམ་ལས་འདིར་ཡུམ་ཤས་ཆེ་བའི་ཕྱིར་ཤེས་རབ་ཀྱི་རྒྱུད་དུ་ངོས་བཟུང་ཞེས་གསུངས་པ་ནི་མི་འཐད་དེ། ཡབ་ཡུམ་གྲངས་མཉམ་དུ་ཡོད་པའི་ཕྱིར་རོ། །གཉིས་པ་རིག་པ་ཁྱད་པར་ཅན་གྱི་འཁོར་ལ་གཉིས་ཏེ། རྒྱལ་སྲས་སེམས་དཔའི་འཁོར་དང་། འཇོམས་བྱེད་ཁྲོ་བོའི་འཁོར་རོ། །དང་པོ་ལ་གཉིས་ཏེ། ནང་སེམས་ཡབ་ཡུམ་དང་། ཕྱི་སེམས་ཡབ་ཡུམ་མོ། །དང་པོ་ནི། དེ་ནས་བྱང་ཆུབ་ཆེན་པོ་ནས་མྱོང་བར་བྱ་བའི་ཚོགས་དང་ཞེས་པའི་བར་ཏེ། དེ་ནས་ཞེས་པས་འབྲེལ་མཚམས་སྦྱོར་བའི་ཚིག་བྱ་ངང་མོའི་འགྲོས་ལྟར་བཤད་ན། དེ་བཞིན་གཤེགས་པ་ཡབ་ཡུམ་བཤད་པའི་རྗེས་དེ་ནས་ཞེས་འབྲེལ་སྦྱར་ལ། མིག་ཤེས་ལ་སོགས་ཀྱི་རྟོག་ཚོགས་རྣམས་ཡེ་ནས་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཡིན་ཅིང་། དེ་ཉིད་མངོན་དུ་གྱུར་པའི་འབྲས་བུ་ནི་བྱང་ཆུབ་ཀྱང་ཡིན་ལ། སར་གནས་ཀྱི་སེམས་དཔའ་ལས་འཕགས་པས་ན་ཆེན་པོའང་ཡིན་ཏེ། འདིར་གཞུང་གི་དངོས་བསྟན་ལྟར་ན་ཞི་བའི་ལྷ་བཞི་བཅུ་རྣམས་སྟོན་པའི་ཐུགས་རིག་པ་རང་སྣང་གི་སྤྲུལ་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ནི་རྟོག་ཚོགས་སུ་སྣང་ཡང་རང་བཞིན་ལྷའི་དཀྱིལ་འཁོར་དུ་ངེས་པས་དབྱེར་མི་ཕྱེད་པའི་དོན་ཏེ་སྤྱིའི་མཚན་ནོ། །འགྲེལ་པ་ཁ་ཅིག་ལས་ལྟ་བའི་སྒྲིབ་པ་འཇོམས་པ་ལ་འདོད་པ་ནི་མ་ཡིན་ཏེ། སྒྲིབ་པ་དེ་མེད་པའི་ཕྱིར། འདི་རྣམས་རང་སྣང་གི་སྤྲུལ་པ་སྒྲུབ་པའི་ཕྱིར་རོ། །བྱེ་བྲག་ཏུ་མིག་དབང་ལ་བརྟེན་ནས་ཡུལ་གཟུགས་མཐོང་བས་ན་མིག་གི་རྣམ་ཤེས་ལ་མཐོང་བ་ཞེས་བརྗོད་ལ། དེ་ཉིད་མ་སྤངས་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། དེ་བཞིན་དུ་ཐོས་པ་རྣ་བའི་རྣམ་ཤེས་གནས་སུ་དག་པ་ཕྱག་ན་རྡོ་རྗེ་དང་། སྣོམ་པ་སྣའི་རྣམ་ཤེས་གནས་སུ་དག་པ་ནམ་མཁའི་སྙིང་པོ་དང་། མྱོང་བ་ལྕེའི་རྣམ་ཤེས་གནས་སུ་དག་པ་སྤྱན་རས་གཟིགས་དང་། དེ་དག་གི་ཡུམ་ཡང་ཡུལ་བཞིས་རྣམ་ཤེས་བཞི་བསྐྱེད་པར་བྱེད་ཅིང་རྣམ་ཤེས་ཀྱིས་སྤྱད་བྱར་གྱུར་པས་ན་བཙུན་མོ། མིག་གི་ཤེས་པ་མཐོང་བར་བྱ་བའི་ཡུལ་གཟུགས་མ་སྤངས་གནས་སུ་དག་པ་རྡོ་རྗེ་སྒེག་མོ་དང་། དེ་བཞིན་དུ་མཉན་པར་བྱ་བ་སྒྲ་གནས་སུ་དག་པ་གླུ་དབྱངས་མ་དང་། སྣོམ་པར་བྱ་བ་དྲི་གནས་སུ་དག་པ་ཕྲེང་བ་མ་དང་། མྱོང་བར་བྱ་བ་རོ་གནས་སུ་དག་པ་གར་སྒྱུར་མའི་ཚོགས་སོ། །ཚོགས་དང་ཞེས་པས་དེ་དག་དང་ཆ་ལུགས་མཐུན་པའི་རྒྱུད་མས་སྦྱངས་ཀྱང་བསྡུའོ། །འོ་ན་འདིར་རྟོག་པའི་གོ་རིམ་དང་སྦྱར་ན་ཡུལ་ཡུལ་ཅན་མ་འཁྲུལ་ནའང་། ལྷ་ཡབ་ཡུམ་སྦྱོར་བའི་ཚེ་སྤྱན་རས་གཟིགས་ཀྱི་ཡུམ་གླུ་མ་དང་། ཕྱག་རྡོར་གྱི་ཡུམ་གར་མར་འགྱུར་བས་ཅི་ཡིན་སྙམ་ན། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས། རྒྱུད་འདིར་ནི་རིགས་ཁོ་ན་གཙོ་བོར་བྱས་ཏེ། མཉན་པར་བྱ་བ་སྒྲའི་ལྷ་མོ་རྣ་བའི་ཡུལ་ཡིན་ཡང་། རིགས་ཀྱི་དུས་སུ་གསུང་གི་རིགས་ཡིན་པས་འཇིག་རྟེན་དབང་ཕྱུག་གི་ཡུམ་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། བྱང་ཆུབ་ཆེན་པོ་ནས་མ་བྱོན་པའི་ཚོགས་དང་ཞེས་པའི་བར་ཏེ། དེ་ཡང་བྱང་ཆུབ་ཆེན་པོ་རྡོ་རྗེ་ནི་སྤྱིའི་མཚན་ཡིན་ལ། བྱེ་བྲག་ཏུ་མིག་ཤེས་ཀྱིས་གཟུགས་མཐོང་བར་བྱེད་པའི་བདག་རྐྱེན་མིག་གི་དབང་པོས་བྱེད་པས་མཐོང་བྱེད་མིག་དབང་མ་སྤངས་གནས་སུ་དག་པ་བྱམས་པ་དང་། དེ་བཞིན་དུ་ཐོས་བྱེད་རྣ་བའི་དབང་པོ་གནས་སུ་དག་པ་སྒྲུབ་སེལ་དང་། སྣོམ་བྱེད་སྣའི་དབང་པོ་གནས་སུ་དག་པ་ཀུན་ཏུ་བཟང་པོ་དང་། མྱོང་བྱེད་ལྕེའི་དབང་པོ་གནས་སུ་དག་པ་འཇམ་དཔལ་དབྱངས་དང་། དེ་དག་གི་ཡུམ་ཡང་དུས་བཞིས་སྒོ་ཕྱེས་ནས་དབང་པོ་བཞི་བསྐྱེད་པས་ན་བཙུན་མོ་སྟེ། རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པ་འདས་པའི་དུས་གནས་སུ་དག་པ་བདུག་སྤོས་མ་དང་། རྒྱུ་སྤྱད་ཅིང་འབྲས་བུ་མ་སྤྱད་པས་ད་ལྟ་བ་གནས་སུ་དག་པ་མེ་ཏོག་མ་དང་། རྒྱུ་འབྲས་ཚོགས་ལ་མ་སྤྱད་པ་ནི་མ་འོངས་པ་གནས་སུ་དག་པ་མར་མེ་མ་དང་། རྒྱུ་འབྲས་ཡོད་ལ་མ་ཚོགས་པས་འདས་མ་འོངས་གང་དུའང་མ་ངེས་པའི་དུས་ཏེ་མ་བྱོན་པའི་དུས་གནས་སུ་དག་པ་དྲི་ཆབ་མའི་ཚོགས་སོ། །ཚོགས་ཞེས་པ་དེ་དག་དང་ཆ་མཐུན་གྱི་སེམས་མ་རྣམས་བསྡུའོ། །ཡང་འདིར་དུས་བཞིར་སྨོས་པས་དུས་ལོག་སྟེ། སྡེ་སྣོད་གཞན་དུ་དུས་གསུམ་ལས་མ་བཤད་པའི་ཕྱིར་ཟེར་ན། དེ་ལྟ་ན་མངོན་པ་མཛོད་ལས་ཆགས་གནས་འཇིག་སྟོང་བཞི་དང་རྫོགས་ལྡན་ལ་སོགས་པའི་དུས་བཞིར་བཤད་པ་དང་། དཀོན་མཆོག་བརྩེགས་པ་ལས་དུས་གསུམ་དང་བསམ་གྱིས་མི་ཁྱབ་པའི་དུས་ཏེ་བཞིར་གསུངས་པ་སོགས་ཀྱང་དུས་ལོག་པར་ཐལ་ལོ། །འོ་ན་དུས་བཞིའི་ངོས་འཛིན་ནི། དཔེར་ན་དབྱར་གྱི་དུས་ལྟ་བུ་ཞིག་གཞིར་བཞག་ནས་བརྩི་ན། དཔྱིད་ནི་འདས་པ། དབྱར་ནི་ད་ལྟ་བ། སྟོན་ནི་མ་འོངས་པ། དགུན་ནི་མ་ངེས་པ་སྟེ། དབྱར་གྱི་དུས་འདི་ལས་སྔར་འདས་ཕྱིས་འབྱུང་གཉིས་ནི་འདས་མ་འོངས་པར་ངེས་ལ། དགུན་ནི་འདས་མ་འོངས་གང་རུང་གཅིག་ཏུ་ཁ་ཚོན་མ་ཆོད་པའི་ཕྱིར་ཏེ། དཔྱིད་ཀྱི་སྔར་ལོགས་ཀྱི་དགུན་ནི་འདས་པ་དང་། སྟོན་གྱི་ཕྱི་ལོགས་ཀྱི་དགུན་ནི་མ་འོངས་པ་ལྟར་སྣང་བའི་ཕྱིར། རྔམ་གློག་ལས། རྒྱུ་འབྲས་ངེས་པ་མ་ཚོགས་པ། །འབྱུང་བར་མ་ངེས་དུས་ཞེས་གྲགས། །ཞེས་གསུངས་སོ། །གཉིས་པ་འཇོམས་བྱེད་ཁྲོ་བོའི་འཁོར་ནི། འཇོམས་པ་ཆེན་པོ་ནས་གཉིས་སུ་མེད་པར་བཞུགས་པའོ། །ཞེས་པའི་བར་ཏེ། སྐུ་གསུང་ཐུགས་ཀྱི་མཛད་པས་བདུད་སོགས་གདུག་པ་ཅན་འཇོམས་པའི་བརྟུལ་ཞུགས་དང་། དྲེགས་པ་གཞན་ལས་ཁྱད་པར་དུ་གྱུར་པས་ཆེན་པོ། ཕས་ཀྱི་རྒོལ་བས་ཚུར་མི་ཚུགས་པས་ན་རྡོ་རྗེ་དང་། བྱེ་བྲག་ཏུ་གསང་བའི་ཡུལ་དང་དབང་པོ་དང་རྣམ་ཤེས་གསུང་འདུས་པའི་རེག་པའམ་ལུས་ངག་ཡིད་གསུམ་སྤྱིར་འཛིན་པ་ཉིད་མ་སྤངས་གནས་སུ་དག་པ་ཁྲོ་བོ་ཕྲིན་ལས་བདུད་རྩི་འཁྱིལ་བ་དང་། རེག་བྱེད་གསང་བའི་དབང་པོའི་མཚན་མའམ་ངག་ཏུ་འཛིན་པ་ཉིད་གནས་སུ་དག་པ་གསུང་རྟ་མགྲིན་དང་། རེག་བྱ་གསང་བ་ཡུམ་གྱི་པདྨོའམ་ལུས་སུ་འཛིན་པ་ཉིད་གནས་སུ་དག་པ་སྐུ་སྟོབས་པོ་ཆེ་དང་། རེག་ཤེས་གསང་བའི་རྣམ་པར་ཤེས་པས་དགའ་བ་མྱོང་བའམ་ཡིད་དུ་འཛིན་པ་ཉིད་གནས་སུ་དག་པ་ཐུགས་གཤིན་རྗེ་གཤེད་དང་། ཆོས་ཉིད་དེ་ཡང་ཡེ་ཤེས་ཀྱིས་དམིགས་ཤིང་སྤྱད་བྱར་གྱུར་པ་དང་། ཚད་མེད་པ་བཞི་ཡང་སྤྱད་བྱའི་ཡུལ་ཡིན་པས་བཙུན་མོ་སྟེ། དངོས་པོ་ལ་རྟག་པར་འཛིན་པ་མ་ཡིན་པ་སྟེ་གནས་སུ་དག་པ་ཁྲོ་མོ་ལྕགས་ཀྱུ་མ་དང་། ཆད་པར་འཛིན་པ་མ་ཡིན་པ་སྟེ་གནས་སུ་དག་པ་ཞགས་པ་མ་དང་། བདག་ཏུ་འཛིན་པ་མ་ཡིན་པ་སྟེ་གནས་སུ་དག་པ་ལྕགས་སྒྲོག་མ་དང་། མཚན་མར་འཛིན་པ་མ་ཡིན་པ་སྟེ་གནས་སུ་དག་པ་དྲིལ་བུ་མ་ལ་སོགས་པ་སྟེ། དེ་རྣམས་བྱམས་པས་སྡུད་ཅིང་འདྲེན་པ་དང་། སྙིང་རྗེས་གཞན་སྡུད་ཅིང་འཆིང་བ་དང་། དགའ་བས་སྡུད་ཅིང་སྡོམ་པ་དང་། བཏང་སྙོམས་ཀྱིས་སྡུད་ཅིང་མྱོས་པར་བྱེད་པའི་ལས་ཅན་ནོ། །དེ་ལྟ་བུའི་ཐུགས་ཡེ་ཤེས་རང་སྣང་གི་འཁོར་དང་སོགས་ཁོང་ནས་ཆ་ལུགས་མཐུན་པའི་རྒྱུད་མས་སྦྱངས་ཀྱི་ཚོགས་དཔག་ཏུ་མེད་པ་བརྗོད་ཀྱིས་མི་ལང་བ་རྣམས་དང་རང་བཞིན་གཉིས་སུ་མེད་པར་བཞུགས་སོ། །དེ་ལྟར་བཤད་པའི་འཁོར་དེ་དག་རང་སྣང་སྤྲུལ་པའི་འཁོར་ཡིན་ནམ། རྒྱུད་མས་སྦྱངས་ཀྱི་འཁོར་ཡིན་ཏེ། དང་པོ་ལྟར་ན། མས་སྦྱང་བ་གཏན་ནས་མེད་པར་ཐལ། ཐུགས་རིག་པ་རང་སྣང་འབའ་ཞིག་ཏུ་འདུག་པའི་ཕྱིར། འདོད་ན་སྐྱོན་གསུམ་འོང་སྟེ། ལུང་དང་འགལ་ཏེ། རྒྱ་མཚོ་ལས། དང་པོའི་སངས་རྒྱས་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །བརྗོད་ཀྱིས་མི་ལང་ཚད་མེད་དང་། །ཞེས་དང་། མན་ངག་དང་འགལ་ཏེ། སྤར་ཁབ་ལས། གདུལ་བྱ་ལས་མཐར་ཐུག་པ་ནི་དྲུག་པའི་སངས་རྒྱས་ཀྱི་ཞིང་དུ་འགྱུར་ཏེ། ཞེས་སོགས་གསུངས་ལ། རིག་པ་དང་འགལ་ཏེ། རང་སྣང་སྤྲུལ་པ་ཆོས་ཅན། དགོས་ཆེད་མེད་དེ། མས་སྦྱང་རང་རྒྱུད་པ་མེད་པའི་ཕྱིར། གཏན་ཚིགས་མ་གྲུབ་ན་སྤྲུལ་པ་བ་ཡིན་པའི་དམ་བཅའ་འབུད་དོ། །འདོད་ན་གོང་གི་ལུང་དང་མན་ངག་གིས་བསལ་ལོ། །གཉིས་པ་རྒྱུད་མས་སྦྱང་བའི་འཁོར་ཡིན་ན། རང་སྣང་སྤྲུལ་པ་བ་གཏན་ནས་མེད་པར་ཐལ། རང་རྒྱུད་པ་འབའ་ཞིག་ཏུ་འདུག་པའི་ཕྱིར། འདོད་ན་སྐྱོན་གསུམ་འོང་སྟེ། ལུང་དང་འགལ་ཏེ། རྒྱ་མཚོ་ལས། དེ་ན་ཐུགས་ཀྱི་ཁྱད་པར་ལས། །རང་སྣང་རྒྱལ་བ་སེམས་སོགས་དང་། །ཞེས་སོ། །མན་ངག་དང་འགལ་ཏེ། སྤར་ཁབ་ལས། རང་རིག་པ་ཉིད་གསུམ་གྱི་ཁྱད་པར་དུ་སྣང་བ་ལ་ངོམ་པ་གསུམ་མོ་ཞེས་སོགས་གསུངས་སོ། །རིག་པ་དང་འགལ་ཏེ། འོག་མིན་གྱི་གནས་ན་འཁོར་རྣམས་ལ་རྟོག་པ་རང་རྒྱུད་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། ཐུགས་རིག་པ་རང་སྣང་གི་སྤྲུལ་པ་དང་། དེ་དང་ཆ་ལུགས་མཐུན་པའི་འཁོར་ཡོད་པར་གསུངས་པས་གཉིས་ཀ་ཡོད་པར་ལུང་མན་ངག་རིག་པ་གསུམ་གྱིས་གྲུབ་བོ། །ཡང་ཁ་ཅིག་ན་རེ། ལེའུ་དང་པོ་གླེང་གཞི་འདིར་ལྷ་བཞི་བཅུ་རྩ་གཉིས་ཚང་ངམ་མི་ཚང་། ཚང་ན་ཀུན་ཏུ་བཟང་པོ་དང་ཐུབ་དྲུག་མི་འདུག་པས་གསལ། མ་ཚང་ན་གླེང་གཞི་ཕུན་སུམ་ཚོགས་པར་མི་འགྱུར་རོ་ཞེ་ན། སྔར་ཐབས་དང་ཤེས་རབ་ཅེས་པས་ཤེས་རབ་ལ་ཡུམ་ཀུན་ཏུ་བཟང་མོ་དང་། སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ་ཅེས་པའི་ཐུབ་དྲུག་ངོས་འཛིན་ནོ། །གསལ་བར་མ་བྱུང་བའི་འཐད་པ་ནི་ལེའུ་འོག་མ་རྣམས་སུ་དགོས་ཆེད་ཁྱད་པར་ཅན་དང་བསྟུན་ནས་འདིར་གསལ་བར་མ་བྱུང་བའོ། །ཡང་འོག་མིན་སྟུག་པོ་བཀོད་པ་ལ་ཐུབ་དྲུག་བཞུགས་སམ་མ་བཞུགས། བཞུགས་ན་ཐུབ་དྲུག་གི་གདུལ་བྱ་རིགས་དྲུག་ཡིན་པས་རིགས་དྲུག་གི་སེམས་ཅན་འོག་མིན་ན་ཡོད་པའི་སྐྱོན་ཡོད། མི་བཞུགས་ན་གླེང་གཞི་ཕུན་སུམ་ཚོགས་པར་མི་འགྱུར་རོ་ཞེ་ན། རིགས་དྲུག་གི་སེམས་ཅན་སྤངས་པའི་ཕ་རོལ་ན་འོག་མིན་ཞེས་ཡོད་པར་མི་འདོད་དེ། རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློོ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་གསུངས་སོ། །གསུམ་པ་བསྡུ་བ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། བསྡུ་བ་དངོས། བཀའ་གསང་སྔགས་མཚོན་བྱེད་ཀྱི་ཚིག་གོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ཞེས་སོགས་ཏེ། གླེང་གཞི་རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་ཐབས་ཤེས་གཉིས་སུ་མེད་པའི་ངོ་བོ་གཞན་གྱིས་རྟོགས་དཀའ་བ་གསང་བའི་ཡེ་ཤེས་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་དོན་གཞན་གྱི་སྤྱོད་ཡུལ་ལས་འདས་པའི་གསང་བ་ཆེན་པོ་འདི་ཉིད་སྟོན་པ་རིགས་དྲུག་པ་ཀུན་ཏུ་བཟང་པོའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོ་འཆད་པའི་སྐྱེས་བུ་རིགས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་བསྡུ་བའི་དོན་འདི་དག་མངོན་པར་སྣང་བས་ན་ཕྱུང་ངོ་ཞེས་བསྙད་དོ། །གཉིས་པ་ནི། ཨེ་ཨེ་མ་ཨེ་མའོ། །དེ་བཞིན་ཉིད་ཅེས་སོགས་ཚིགས་བཅད་གཅིག་སྟེ། འདི་ལ་འགྲེལ་པ་སྤར་ཁབ་ཀྱིས་གཞུང་རྒྱས་པ་དང་སྦྱར་བ་ཁོ་ན་ལས་མ་གསུངས་ཀྱང་། བླ་མ་བརྒྱུད་པའི་གདམས་ངག་ལྟར་ན་བཤད་ཚུལ་གསུམ་སྟེ། ཐེག་པ་རིམ་པ་དགུ་དང་སྦྱར་ཏེ་བསྡུ་བ་དང་། དཀྱིལ་འཁོར་བདུན་དང་སྦྱར་ཏེ་བསྡུ་བ་དང་། གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་པའོ། །དང་པོ་ནི། དེ་ཡང་ཨེ་མ་ཞེས་པ་ངམ་པའི་ཚིག་སྟེ། རང་སྟེ་ཡོན་ཏན་ལ་ངམ་པ་དང་། མ་རང་སྟེ་སྐྱོན་ལ་ངམ་པ་གཉིས་ལས། འདི་ནི་སྔ་མ་སྟེ། དེ་ཡང་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་ནི་ཨེ་ཞེས་པས་ཐེག་པ་རིམ་དགུའི་དོན་ལ་ངམ། ཨེ་མ་ཞེས་པས་དཀྱིལ་འཁོར་བདུན་གྱི་དོན་ལ་ངམ། ཨེ་མའོ་ཞེས་པས་གཞུང་རྒྱས་པའི་དོན་ལ་ངམ་པའོ། །བྱེ་བྲག་ཏུ་ཐེག་པ་རིམ་དགུ་དང་སྦྱར་ན། ཨེ་ཞེས་པས་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་ལ་ངམ། ཨེ་མ་ཞེས་པས་ཕྱི་རྒྱུད་སྡེ་གསུམ་ལ་ངམ། ཨེ་མའོ་ཞེས་པས་ནང་རྒྱུད་སྡེ་གསུམ་ལ་ངམ་པ་སྟེ། དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་མ་བཅོས་པའི་དེ་བཞིན་ཉིད་ཀྱི་དབྱིངས་ཉིད་དུ་རྟོགས་པ་ཨ་ཏིའི་ཐེག་པ་འདིར་སྡུད་ལ། ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྒྱུར་བ་མ་ཧཱའི་ཐེག་པ་སྡུད། ཆོས་ཐམས་ཅད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དཀྱིལ་འཁོར་དུ་སྟོན་པ་ལ་ཨ་ནུའི་ཐེག་པ་སྡུད། ཐེག་པ་དགུའི་ནང་ན་ཐེག་པ་གོང་མ་པ་རྣམས་ཐུགས་རྗེ་ངང་གིས་སྐྱེ་བའི་ཡུལ་ཉན་ཐོས་ཀྱི་ཐེག་པ་སྡུད། དོན་དམ་མཚན་མ་མེད་པའི་བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཉིད་ཡོ་གའི་ཐེག་པ་སྡུད། ཐེག་པ་སྔ་ཕྱི་གཉིས་ལ་ལྟོས་པའི་ཏིང་ངེ་འཛིན་གྱིས་རང་སའི་འབྲས་བུ་རིགས་བཞིའི་དཀྱིལ་འཁོར་སྒྲུབ་པ་ཨུ་པ་ཡའི་ཐེག་པ་སྡུད། དོན་དམ་པ་ཆོས་ཀྱི་དབྱིངས་ཉིད་གཟུགས་བརྙན་ཀུན་རྫོབ་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་སྣང་བ་ཀྲི་ཡའི་ཐེག་པ་སྡུད། ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་སྒྱུ་མ་ཙམ་དུ་རྟོགས་པ་རང་རྒྱལ་གྱི་ཐེག་པ་སྡུད། སྤྲོས་པའི་མཐའ་རྣམ་པར་དག་པ་དབུ་མའི་ཐེག་པ་སྡུད། སེམས་རང་རིག་རང་གསལ་རྟོགས་པས་ནི་སེམས་ཙམ་གྱི་ཐེག་པ་སྡུད་དོ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་སེལ་མེད་པ་ཡི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ། །མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་པ་ཐེག་པ་དགུའི་འབྲས་བུའོ། །གཉིས་པ་དཀྱིལ་འཁོར་བདུན་དང་སྦྱར་ཏེ་བསྡུ་བ་ནི། ཨེ་ཞེས་པས་རང་བཞིན་གྱི་དཀྱིལ་འཁོར་ལ་ངམ། ཨེ་མ་ཞེས་པས་གཞན་དཀྱིལ་འཁོར་ལྔ་ལ་ངམ། ཨེ་མའོ་ཞེས་པས་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ལ་ངམ་པ་སྟེ། དེ་ཡང་མ་བཅོས་པའི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱི་དབྱིངས་རང་བཞིན་གྱི་དཀྱིལ་འཁོར་འདིར་སྡུད། མཉམ་པ་ཉིད་དེས་འཁོར་འདས་གཉིས་ཀ་ལ་དབང་བསྒྱུར་བས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སྡུད། ཡེ་ཤེས་ལྔའི་དཀྱིལ་འཁོར་ལ་གཞན་དོན་ཐུགས་རྗེ་ངང་ངམ་ཤུགས་ཀྱིས་འབྱུང་བ་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་སྡུད། སེམས་མི་རྟོག་པའི་ངང་དུ་རང་སྣང་བ་ཉིད་དེ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྡུད། ལྷ་དང་གཞལ་ཡས་ཁང་བསྒོམ་པའི་བྱ་བས་ལྷག་པས་ན་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྡུད། རྣམ་རྟོག་ཕྲ་རགས་ལྷ་ཡབ་ཡུམ་གྱི་གཟུགས་བརྙན་མཚོན་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྡུད། སྣང་ལ་རང་བཞིན་མ་གྲུབ་པ་སྒྱུ་མ་ལྟ་བུ་མཚོན་པར་བྱེད་པ་རིས་སུ་བྲིས་པ་ལ་སོགས་པ་སྟེ་བྱ་བས་ལྷག་པས་ན་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྡུད། རྩ་དང་ཐིག་ལེ་རྣམ་པར་དག་པས་བདེ་བའི་ཡེ་ཤེས་སུ་གསལ་བ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྡུད། ཚོམ་བུ་གཅིག་གསུམ་ལྔ་པ་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་རིགས་གཙོ་འཁོར་དང་བཅས་པའི་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་སྡུད། སེལ་མེད་ཅེས་པ་མན་ཆད་ཀྱི་དཀྱིལ་འཁོར་བདུན་གྱི་ཡོན་ཏན་འབྲས་བུ་དང་བཅས་པ་སྟོན་པར་བྱེད་དོ། །གསུམ་པ་གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་ནི། ཨེ་ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ་ལ་ངམ། ཨེ་མ་ཞེས་པས་གནས་ཕུན་སུམ་ཚོགས་པ་ལ་ངམ། ཨེ་མའོ་ཞེས་པས་འཁོར་དང་ཆོས་དང་དུས་ཕུན་སུམ་ཚོགས་པ་ངམ་པའོ། །དེ་ཡང་དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ཅེས་པར་གནས་ཀྱི་རང་བཞིན་དང་མཚན་ཉིད་བསྡུ་སྟེ། སེམས་རང་བྱུང་གི་ཡེ་ཤེས་དེ་བཞིན་ཉིད་ཀྱི་དབྱིངས་ལས་མ་གཡོས་པའོ། །རང་སྣང་བ་ཉིད་ཅེས་པར་གཞལ་ཡས་ཁང་གཞི་དང་རྒྱུ་དང་རྒྱ་དང་དབྱིབས་དང་གློ་འབུར་རྩེ་མོ་རྒྱན་རྣམས་བསྡུ་སྟེ། རིག་པ་ཉིད་ལ་ཡོན་ཏན་ཐམས་ཅད་རྫོགས་པའི་རྩལ་ཕོ་བྲང་གི་གཞི་ལ་སོགས་པར་རང་སྣང་བ་ཉིད་དོ། །ཏིང་འཛིན་ཞེས་པར་སྒོའི་དོན་དུ་སྟེ། རྣམ་ཐར་བཞིའི་ཏིང་ངེ་འཛིན་གྱི་སྒོ་ནས་འཇུག་པའི་བརྡར་སྒོ་བཞིར་སྣང་བའོ། །གཟུགས་བརྙན་ཞེས་པར་རྟ་བབ་ཀྱི་དོན་བསྡུ་སྟེ། ཐེག་པ་བརྒྱད་ནས་བགྲོད་པའི་རྒྱུ་འབྲས་ཀྱི་རྟ་བབ་གཟུགས་བརྙན་དུ་རང་སྣང་བའོ། །སྒྱུ་མ་རྣམ་དག་གསལ་བ་ཞེས་དང་། ཡིད་བཞིན་རིན་པོ་ཆེ་ཞེས་པར་གདན་གྱི་དོན་བསྡུ་སྟེ། མི་འཇིགས་པ་བཞི་སོགས་མཚོན་བྱེད་སེམས་ཅན་ལྔའི་གདན་དང་། ཉེས་སྐྱོན་གྱིས་མ་གོས་པ་པདྨ་དང་། འོད་གསལ་བ་ཉི་ཟླ་དང་། རེ་བ་སྐོང་བ་རིན་པོ་ཆེའི་གདན་རྣམས་རང་སྣང་བ་ཡིན་ནོ། །དབང་བསྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང་ཞེས་པར་སྟོན་པའི་དོན་བསྡུ་སྟེ། དེ་བཞིན་ཉིད་ཀྱི་དབྱིངས་ལ་མངའ་མཛད་ཅིང་དབང་བསྒྱུར་བའི་ཡེ་ཤེས་ཉིད་སྟོན་པའི་ངོ་བོར་སྣང་ལ། རྟོག་པའི་རིག་པ་ཉིད་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་གསལ་ཞིང་ཆོས་ཅན་དང་ཆོས་ཉིད་ཐ་མི་དད་པར་གནས་པ་ཐུགས་རྗེའི་ངང་སྟེ་སྟོན་པའི་རང་བཞིན་ནོ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཞེས་པར་རང་བཞིན་གཉིས་སུ་མེད་པའི་འཁོར་རིགས་ལྔ་ཡབ་ཡུམ་བསྡུ་སྟེ། སྟོན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས་ཕུང་ཁམས་རྣམ་པར་དག་པ་འཆད་པའི་སྐྱེས་བུ་ཡབ་ཡུམ་དུ་སྣང་བའོ། །སེལ་མེད་ཅེས་པར་ཁྱབ་པའི་ཚད་ཆོས་ཀྱི་དབྱིངས་ཀུན་ཏུ་ཤེས་དང་། མང་བའི་ཚད་དེ་ལྟ་བུའི་ཚོགས་ཞེས་སོགས་བསྡུ་སྟེ། ཆོས་ཐམས་ཅད་ལ་སྐུ་དང་ཡེ་ཤེས་ཀྱིས་ཁྱབ་པས་ཉེས་སྐྱོན་ཅུང་ཟད་ཀྱི་སེལ་མེད་པའོ། །ཡོན་ཏན་ཞེས་པས་སྐུ་མདོག་གི་དོན་བསྡུ་སྟེ། རིགས་ཀྱི་སྐུ་མདོག་སོགས་སྣང་བས་འགྲོ་བ་འདུལ་བའི་ཡོན་ཏན་མཚོན་པའོ། །མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་ཞེས་པར་རིག་པ་ཁྱད་པར་ཅན་གྱི་འཁོར་བསྡུ་སྟེ། སྟོན་པ་ཉིད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཁྱད་པར་ལ་རང་སྣང་བའོ། །རྡོ་རྗེ་མཆོག་གི་གནས་ཉིད་དོ་ཞེས་པར་དུས་དང་ཆོས་ཕུན་སུམ་ཚོགས་པ་བསྡུ་སྟེ། རྡོ་རྗེ་ཐེག་པའི་རྒྱུད་མཆོག་ཏུ་གྱུར་པ་ནི་བསྟན་པ་ཡིན་ལ། དེ་འབྱུང་བའི་གནས་ནི་སྟོན་འཁོར་གནས་ཕུན་སུམ་ཚོགས་པའི་དུས་ཉིད་དོ་ཞེས་པའི་ཐ་ཚིག་གོ། །གསུམ་པ་ནི། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་པ་སྟེ། རྡོ་རྗེ་གསང་བ་ནི་རྡོ་རྗེའི་ཐེག་པ་ཡིན་ལ། དེ་མཚོན་པར་བྱེད་པའི་ཚིག་ཏུ་བསྡུས་པའོ་ཞེས་སོ། །ཡང་ན་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བསྡུས་པའོ། །དེ་ལྟར་རྒྱུད་འདིར་སྡུད་པ་པོ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སྡུད་པ་པོ་མེད་ན་སྟོན་པས་བསྟན་ཀྱང་གཏམ་ལྐུགས་པ་ལྟར་ཕྱིས་མི་འབྱུང་བའི་སྐྱོན་དང་རྒྱུད་འདི་གནས་གང་དུ། སྟོན་པ་གང་གིས། འཁོར་གང་ལ་བསྟན་ཅིང་གཏད། དེ་ནས་སུ་ཞིག་གིས་སྤེལ་ཞེས་པའི་སྒྲོ་སྐུར་སྤང་བའི་ཆེད་དུ་ཡིན་པའི་ཕྱིར་རོ། །གཉིས་པ་ལེའུའི་མཚན་ནི། གསང་བའི་ཞེས་སོགས་ཏེ། རྟོགས་དཀའ་བས་གསང་བ། བཅུད་བསྡུས་པས་སྙིང་པོ། གཞན་སེལ་བས་དེ་ཁོ་ན་ཉིད། ཐེ་ཚོམ་དང་བྲལ་བས་ངེས་པ། གླེང་ནི་བརྗོད་པ་སྟེ་བརྗོད་བྱ་དོན་གྱི་ཆོས་དང་རྗོད་བྱེད་ཚིག་གི་དོན་གཉིས་འབྱུང་བའི་གཞིའམ་རྩ་བ་ནི་ཕུན་སུམ་ཚོགས་པ་ལྔ་སྟེ། དེ་ལ་གླེང་གཞི་ཞེས་བརྗོད། དེ་ལྟར་གཞུང་གི་ཚིག་དོན་རྣམས་མཚམས་དང་རིས་སུ་གཅོད་པའི་དོན་གྱིས་ན་ལེའུ་སྟེ། དེའི་གྲངས་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས་ཡས་ནས་བགྲང་བའི་ཐོག་མ་ཡིན་པས་ན་དང་པོའོ།། ༈ །།ད་ནི་བཀའ་རང་གཉེར་གྱིས་ས་བཅད་ན། ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིར་ལེའུ་གཉིས་པ་སྟོན། སློབ་དཔོན་འགྲེལ་པ་གདམས་ངག་མཁན་གྱིས་ས་བཅད་དེ་ཆོས་ཚོམས་ངོས་བཟུང་ན། དབང་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས། ལེའུ་དང་པོ་འབྲས་བུ་ཡིན་ཅིང་། བཅིང་མེད་རྣམ་པར་གྲོལ་མེད་པ་སོགས་ཀྱི་ངོ་བོའི་གཞི་དང་། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ་ལ་སོགས་པས་བཏགས་པའི་གཞི་གཉིས་ཀ་སྟོན་ནོ། །ལམ་ལ་ཁྱད་པར་གྱི་ལམ་ཐབས་གྲོལ་གཉིས་ཀ་སྟོན་ཏེ། སེམས་བསྐྱེད་པའི་སྐབས་སུ་ཐབས་ལམ་འོག་སྒོ་དང་གྲོལ་ལམ་ཅིག་ཅར་བ་སྟོན། དབང་འབྲིང་གི་ཆོས་ཚོམས་གླེང་གཞི་གླེང་བསླང་རྒྱུད་དོན་དགོས་འབྲེལ་གདམས་གཏད་དང་ལྔ་ལས། གླེང་བསླང་སྟོན། དེ་ལའང་ཐུན་མིན་ཐུན་མོང་གཉིས་ཀ་སྟོན། བློ་ཐ་མའི་ཆོས་ཚོམས་བཅུ་ལས། ལྟ་བ་དང་། ལྡེམ་དགོངས། ཚད་མ་བཀའ་གཞུང་རྣམས་ཤས་ཆེར་སྟོན། གཏར་ཁ་དང་བསྣོལ་མཚམས་ཟུར་ཙམ་སྟོན་ཞིང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་ནོ། །འདིར་ཐུན་མོང་གི་གླེང་བསླང་ཡོད་པས་ཀུན་གྱི་ཡུལ་ལོ། །དེ་ལ་འཆད་མཁན་རིག་པའི་སྒྲོས་ཀྱིས་ས་བཅད་ན་གཉིས་ཏེ། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པར་གླེང་བསླང་བ་དང་། ཐུན་མོང་དུ་གླེང་བསླང་བའོ། །དང་པོ་ལ་གཉིས་ཏེ། ཡབ་ཡུམ་གཉིས་ཀྱིས་གླེང་བསླང་བའི་སྒོ་ནས་གསང་དབང་བསྐུར་བ་དང་། དབང་གཉིས་ཀྱི་ལས་ཐུན་མོང་དུ་བསྟན་པའོ། །དང་པོ་ལ་གསུམ་སྟེ། གསང་དབང་བསྐུར་བའི་ཆེད་དུ་ཡབ་ཡུམ་སྙོམས་པར་ཞུགས་ཚུལ། ཉམས་སུ་བསྟར་བའི་དོན་ལ་རྫས་ཀྱིས་དབང་བསྐུར་ཞིང་རྟོགས་པ་བརྗོད་པ། དབང་ཐོབ་པའི་ཡོན་ཏན་ངེས་ཚིག་དང་བཅས་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་ཞེས་སོགས་དང་། དེ་ནས་བཙུན་མོ་བྱ་བ་མོ་ཞེས་སོགས་འོག་ནས་བླངས་ཏེ་གཞུང་ཚན་གཉིས་པོ་ཕྱོགས་གཅིག་པས་སྟོན། དེ་ཡང་གླེང་གཞི་ཚོགས་པ་དེ་ནས་ཞེས་འབྲེལ་སྦྱར་ཏེ། སྤྱིར་ཡིད་ནི་མ་རྟོགས་པའི་དུས་ན་འཁོར་བའི་བྱེད་པ་པོ་དང་། རྟོགས་པའི་དུས་ན་འདས་པའི་བྱེད་པ་པོ་རིག་པའི་ཡེ་ཤེས་གཉིས་རང་བཞིན་དབྱེར་མེད་པས་འཁོར་འདས་གཉིས་ཀའི་བྱེད་པོའོ། །དབང་ལྔའི་ཡུལ་དུ་གྱུར་པའི་ཡུལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཁམས་དེས་ཡིད་བསྐྱེད་པར་བྱེད་ཅིང་ཡིད་ཀྱི་ཡུལ་དུ་གྱུར་པས་ན་བཙུན་མོ་བྱ་བ་མོ་ཞེས་བརྗོད་ལ། དེ་ལྟར་བཅོམ་ལྡན་འདས་ཐམས་ཅད་ཀྱི་བྱེད་པ་པོ་ངོ་བོ་འདུས་མ་བྱས་ཤིང་སྐྱེ་འཇིག་དང་བྲལ་བ་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པས་ཐུགས་སུ་ཆུད་པའི་ཡིད་རང་བྱུང་གི་ཡེ་ཤེས་ཏེ། འཁོར་བའི་ཆོས་སྤང་བྱ་མ་གྲུབ་པས་སྤང་བྱེད་མི་དམིགས་ཤིང་སྤྱོད་ཡུལ་ཡོངས་སུ་དག་པས་དཔལ་ཀུན་ཏུ་བཟང་པོ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་ལུས་པའི་རང་བཞིན་བདག་ཉིད་ཀྱི་ཚུལ་དུ་རོ་གཅིག་ཅིང་དབྱེར་མི་ཕྱེད་པའི་རྡོ་རྗེས། བཙུན་མོ་སྟེ་ཡུལ་གཏན་ལ་དབབ་པར་བྱ་བ་མོ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དབྱིངས་ཡུམ་ཀུན་ཏུ་བཟང་མོ་ལ་སྙོམས་པར་འཇུག་པར་གྱུར་ཅིང་། དེའི་ཚེ་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ཡང་ཡིད་ཀུན་ཏུ་བཟང་པོ་དང་ཐབས་ཤེས་གཉིས་སུ་མེད་པར་སྙོམས་པར་འཇུག་པར་གྱུར་ཏོ། །དེ་ལྟར་སྙོམས་པར་ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་དགོངས་པ་གཅིག་གི་རང་བཞིན་དུ་དབྱེར་མེད་པར་མཁྱེན་པས་ཉིད་ལས་གཞན་པའི་གདུལ་བྱ་མ་གཟིགས་ནས་སྟོན་པ་དེ་བཞིན་གཤེགས་པ་ཡབ་ཡུམ་ཉིད་ཐབས་ལམ་ལྟར་ན་ཐིག་ལེ་ཉི་ཟླ་གཉིས་སུ་མེད་པ་དང་། གྲོལ་ལམ་ལྟར་ན་དགོངས་པ་གཉིས་སུ་མེད་པར་གྱུར་ནས་ལྷན་ཅིག་པའི་འཁོར་དེ་བཞིན་གཤེགས་པ་ཉིད་ལ་ཐབས་ཤེས་ཀྱི་གསང་དབང་བསྐུར་བའི་ཕྱིར་རང་གིས་ཐུགས་ཉམས་སུ་བསྟར་བའི་དགོངས་པ་འོག་ནས་འབྱུང་བ་ཉིད་བསྟན་པར་བཞེད་ནས་ཆེད་དུ་བརྗོད་པའི་ཚུལ་ཐབས་ཤེས་ཀྱི་གླེང་སློང་གཉིས་པོ་འདི་བརྗོད་པར་མཛད་དོ། །གཉིས་པ་ལ་གཉིས་ལས། དང་པོ་ཡབ་ཀྱིས་ཉམས་སུ་བསྟར་བའི་དོན་ཐབས་ཀྱི་ཆ་བཟུང་ནས་བརྗོད་པ་ནི། ཨེ་མའོ་རྡོ་རྗེ་ནས་མཉེས་པར་གྱུར་ཏོ་ཞེས་པའི་བར་ཏེ། ཨེ་མའོ་ཞེས་པས་ཐབས་ལམ་ལྟར་ན། ཆགས་པ་སྤྱད་ཀྱང་མི་འཆིང་སྟེ་སྤྱོད་ཡུལ་ཡོངས་སུ་དག་པ་དང་། གྲོལ་ལམ་ལྟར་ན་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ་ལ་ངམ་པའོ། །ཇི་ལྟར་ན་ཐབས་ལམ་ལྟར་ན་བདེ་སྟོང་དབྱེར་མི་ཕྱེད་པ་དང་། གྲོལ་ལམ་ལྟར་ན་སྣང་སྟོང་དབྱེར་མི་ཕྱེད་པས་སོ། །དོན་རང་རིག་པའི་ཡེ་ཤེས་ལ་ལྷ་རྟོག་གཉིས་དབྱེར་མི་ཕྱེད་པའི་རྡོ་རྗེ་སྟེ། ཕུང་པོའི་མཚན་ཉིད་ནི་དུ་མ་སྤུངས་པའི་ཕྱིར་དེའི་ཡན་ལག་གི་དབྱེ་བ་ནི་རྣམ་ཤེས་སོགས་ཕུང་པོ་ལྔའི་ཡན་ལག་རྟོག་པའི་རི་བོ་བརྒྱད་ཅུའོ། །དེ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་ལྔ་རུ་གྲགས་ཤིང་། དེ་བཞིན་དུ་སྐྱེ་ཞིང་མཆེད་པ་དང་། ཁམས་བཅོ་བརྒྱད་རྣམས་ཀྱི་རྟོག་པའི་བྱེ་བྲག་མང་པོ་ཀུན་ཀྱང་བྱང་ཆུབ་སེམས་དཔའ་ཡབ་ཡུམ་དང་། འཇོམས་པ་བཞི། ཀུན་བཟང་ཡབ་ཡུམ། སྒོ་མ་བཞིའི་དཀྱིལ་འཁོར་ཉིད་དུ་གནས་སོ། །དེ་བཞིན་དུ་འབྱུང་བ་ལྔ་ནི་རིགས་ཀྱི་ཡུམ་ལྔ་སྟེ། ས་དང་ཆུ་ནི་སངས་རྒྱས་སྤྱན་མ་དང་མཱ་མ་ཀཱིའོ། །མེ་དང་རླུང་ནི་གོས་དཀར་མོ་དང་དམ་ཚིག་སྒྲོལ་མའོ། །ནམ་མཁའ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་དུ་ཡེ་ནས་སངས་རྒྱས་པའོ། །དེ་ལྟར་ན་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཀྱི་ཁམས་གསུམ་སྟེ་སྲིད་གསུམ་ཡེ་ནས་སངས་རྒྱས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་སྐུ་དང་ཞིང་ཁམས་སུ་རྣམ་པར་དག་པས། ཆོས་ཐམས་ཅད་བརྟགས་པའི་མིང་དང་། བྱེད་ལས། སྣང་བའི་དངོས་པོ། མཚོན་པའི་མཚན་ཉིད་དེ་ཐ་སྙད་བཞིས་བསྡུས་པའི་ལྷག་མ་མ་ལུས་པ་སྣང་ཞིང་སྲིད་པའི་ཆོས་སོ་ཅོག་ཀུན་ཀྱང་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པ་ཉིད་ལས་གཞན་མ་ཡིན་ཏེ། དེ་ལྟར་སངས་རྒྱས་ཉིད་ལས་གཞན་དུ་གྱུར་པའི་ཆོས་འཁྲུལ་པས་བཏགས་པ་སངས་རྒྱས་ཉིད་ཀྱི་ཡེ་ཤེས་སྤྱན་གྱིས་བཙལ་ཀྱང་དོན་ལ་མེད་པས་མི་བརྙེས་སོ་སྟེ་མི་རྙེད་དོ་ཞེས་བྱའོ། །དེ་ལྟར་རྟོག་ཚོགས་ཐམས་ཅད་ཡེ་ནས་སངས་རྒྱས་པའོ་ཞེས་བརྗོད་པས་རང་བཞིན་གཉིས་སུ་མེད་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའི་དགོངས་པ་མངོན་དུ་གྱུར་པས་མཉེས་པར་གྱུར་ཏོ། །གཉིས་པ་ཡུམ་གྱིས་ཉམས་སུ་བསྟར་བའི་དོན་ཤེས་རབ་ཀྱི་ཆ་བཟུང་ནས་དབྱིངས་ཀྱི་དོན་གླེང་བ་ནི། ཀྱེ་མའོ་ཕྱོགས་བཅུ་སོགས་ཚིགས་བཅད་གཉིས་ཏེ། བདག་གི་བདེ་བ་གཞན་ལ་བསྟན་པའི་ཕྱིར་ཀྱེ་མ་ཞེས་ཡབ་དང་ལྷན་ཅིག་པའི་འཁོར་ལ་བོས་ནས། ཧོ་ཞེས་པ་སྔ་མ་མྱོང་བའི་བདེ་བའི་ཡེ་ཤེས་ཐུན་མོང་མ་ཡིན་པ་བསྟན་དུ་ཡོད་དོ་ཞེས་པའམ། ཆགས་པ་སྤྱད་ཀྱང་མི་འཆིང་ཞིང་སྤྱོད་ཡུལ་ཡོངས་སུ་དག་པ་ལ་ངམ་པའོ། །དེ་ཇི་ལྟ་བུར་ཞེ་ན། ཞིང་འདིས་མཚོན་ཏེ་ཕྱོགས་བཅུའི་སྟོང་གསུམ་གྱི་ཁམས་ཀྱི་འཇིག་རྟེན་སྣང་བ་ཐམས་ཅད་འཁྲུལ་པའི་སྣང་བ་ཙམ་ལས་མཐའ་བྲལ་ཆོས་སྐུར་སངས་རྒྱས་པ་ཡེ་ནས་རང་བཞིན་གྱིས་དབེན་ལ། དེའི་རྒྱུ་མཚན་གྱིས་སྲིད་པ་གསུམ་ནི་ཡེ་ནས་རྣམ་པར་དག་པ་སངས་རྒྱས་སྐུ་གསུམ་གྱི་ཞིང་ཁམས་དང་། སྙིགས་མ་ལྔ་ཉིད་མ་སྤངས་པར་བདེ་བ་ཆེན་པོ་དང་ལྡན་པའི་གནས་སུ་རྟོགས་ཏེ། ཉོན་མོངས་པའི་སྙིགས་མ་ཡེ་ཤེས་ལྔ། དུས་ཀྱི་སྙིགས་མ་དུས་བཞི་མཉམ་པ་ཉིད། ཚེ་ཡི་སྙིགས་མ་སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ། སེམས་ཅན་གྱི་སྙིགས་མ་ཡེ་ནས་སངས་རྒྱས་པ་དང་། ལྟ་བའི་སྙིགས་མ་སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པའོ། །དེ་ཡང་འགྲེལ་ཆུང་ལས། ཉོན་མོངས་དུས་ཚེ་ལྟ་བ་སེམས་ཅན་ཉིད། །ཅེས་གསུངས་སོ། །འགྲོ་བའི་ཕུང་པོ་ལྔ་ཉིད་རང་བཞིན་གྱིས་རྫོགས་པའི་སངས་རྒྱས་རྒྱལ་བ་རིགས་ལྔའི་རང་བཞིན་དང་། ཆོས་ཐམས་ཅད་གནས་ལུགས་མཆོག་གི་འབྲས་བུ་བསྒྲུབ་བྱའི་གཞི་བདེ་གཤེགས་སྙིང་པོ་སྟེ། དེ་ལས་གཞན་དུ་རྒྱལ་བའི་ཆོས་ཤིག་ཡོད་དམ་སྙམ་ནས་བཙལ་བར་མི་བྱ་སྟེ། སངས་རྒྱས་ཉིད་ལས་གཞན་དུ་གྱུར་པ་མ་དག་པ་འདི་ཞེས་བྱ་བའི་ཆོས་ཤིག་གུད་ནས་བཙལ་ཡང་། རྒྱལ་བ་ཉིད་ཀྱིས་ཀྱང་མི་བརྙེས་ཏེ་དོན་ལ་མེད་ངེས་ཡིན་པའི་ཕྱིར་མི་རྙེད་དོ། །གསུམ་པ་ནི། ཞེས་བརྗོད་པས་སོགས་ཏེ། ཞེས་སྟོན་པ་ཡབ་ཡུམ་གྱིས་ལྷན་ཅིག་པའི་འཁོར་ལ་བརྗོད་དེ་གསུངས་པས་ལྷག་པ་བདེན་གཉིས་ཀྱི་དོན་མཐོང་སྟེ་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཡེ་གདོད་མ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་རྒྱལ་མཆོག་སྟོན་པ་ཀུན་བཟང་ཡབ་ཡུམ་ཉིད་དང་དགོངས་པ་ཐ་མི་དད་པའི་འཁོར་རྣམས་ཀྱིས་གསལ་བར་མཁྱེན་ཏོ། །འོ་ན་གསང་དབང་གི་ངེས་ཚིག་གང་ཞེ་ན། འཁོར་ཐུན་མོང་པ་རྣམས་ཀྱིས་དབང་ཐོབ་པས་སྔོན་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་ཀྱང་སྟོན་པའི་དགོངས་པ་དབྱེར་མེད་ཀྱི་ཡེ་ཤེས་ཆེན་པོ་ད་དུང་མ་མྱོང་བའི་ཕྱིར་སྤྱོད་ཡུལ་མ་ཡིན་པས་ན་གསང་བའི་དབང་ཞེས་བྱའོ། །འོ་ན་གསང་དབང་གླེང་བསླང་དུ་ཇི་ལྟར་འགྲོ་ཞེ་ན། ལྷན་ཅིག་གི་འཁོར་ལ་གསང་དབང་བསྐུར་བས་སྔོན་བྱུང་གི་རྒྱུད་དོན་སེམས་ལྔ་འབྱུང་མ་རག་པའི་རྐྱེན་བྱེད་པས་གླེང་བསླང་ཞེས་བྱའོ། །དེ་ཡང་ཐུགས་ཐིག་ལས། རྐྱེན་བྱེད་འབྱུང་ལ་མ་རག་པ། །ཞེས་སོ། །སྟོན་པ་ཀུན་བཟང་ཡབ་ཡུམ་ཡེ་ཤེས་སྒྱུ་མའི་སྐུ་སྣང་ལ་རང་བཞིན་མེད་པས་ཐིག་ལེ་གཉིས་འདྲེས་འོང་བ་འགལ་ལོ་ཞེ་ན་སྐྱོན་མེད་དེ། དཔེ་ཆུང་རང་གསལ་ལས། གནས་བརྟེན་རྩ་དང་ཐིག་ལེ་ལས། །རང་རིག་ཡེ་ཤེས་གཟུགས་སུ་སྣང་། །ཞེས་གསུངས་པས། རྩ་ཐིག་ཡེ་ཤེས་རང་སྣང་དུ་གོ་མི་འགག་པར་སྣང་བ་ལ་འགལ་བ་མེད་དོ། །གཉིས་པ་དབང་གཉིས་ཀྱི་ལས་ལ་གསུམ་སྟེ། གསུངས་པའི་ལོ་རྒྱུས་དང་། སེམས་བསྐྱེད་ཅིང་ཇི་ལྟར་བསྐུར་བའི་རིམ་པ་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་ནི། དེ་ནས་གཉིས་སུ་མེད་པའི་ཞེས་སོགས་ཏེ། གསང་དབང་བསྐུར་བ་དེ་ནས་ཐབས་ལམ་ལྟར་ན་སྟོན་པ་ཡབ་ཡུམ་གྱི་ཐིག་ལེ་ཉི་ཟླ་གཉིས་སུ་མེད་པ་དང་། གྲོལ་ལམ་ལྟར་ན་ཡབ་ཡུམ་དགོངས་པ་གཉིས་སུ་མེད་པའི་བདག་ཉིད་བདེ་བ་ཆེན་པོའི་རང་བཞིན་གྱིས་འཁོར་རྣམས་ལ་སྲིད་ཞིའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་སེམས་ཉིད་ཡེ་ཤེས་ལྔར་དངོས་སུ་བསྐྱེད་པ་འདི་གསུངས་སོ། །གཉིས་པ་ནི། ཨེ་མའོ་ངོ་མཚར་སོགས་ཚིགས་བཅད་ལྔ་སྟེ། འདི་ལ་གསུམ། གཞི་རང་བཞིན་གྱི། བགྲོད་པ་ལམ་གྱི། མཐར་ཕྱིན་འབྲས་བུའི་སེམ་བསྐྱེད་དོ། །དང་པོ་ནི། ཨེ་མའོ་ཞེས་པ་ངོ་མཚར་བའི་ཚིག་སྟེ། གང་ལ་ན་རྣམ་ཤེས་ཚོགས་བརྒྱད་ཀྱི་རང་བཞིན་ཡེ་ཤེས་ལྔར་ཡེ་ནས་དག་པའི་གནས་ལུགས་ངོ་མཚར་ཞིང་གཞན་ལས་རྨད་དུ་བྱུང་བའི་ཆོས་ཉིད་འདི་ནི་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་ཟབ་མོ་སྟེ་ཕལ་པ་རྣམས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ནོ། །གང་ཞེ་ན། སེམས་ཉིད་སྐྱེ་བ་མེད་པ་ལས་འཁྲུལ་པའི་སེམས་ཅན་ཐམས་ཅད་རྒྱུ་རྐྱེན་ལས་སྐྱེས་པ་ལྟར་སྣང་ཡང་། དེ་ལྟར་སྐྱེས་པར་སྣང་ཙམ་ཉིད་ནས་དོན་ལ་སྐྱེ་བ་གྲུབ་པ་མེད་པ་འདི་ནི་ཀུན་གཞི་ཉིད་ཆོས་དབྱིངས་ཡེ་ཤེས་སུ་བསྐྱེད་པའོ། །དེ་བཞིན་སེམས་ཉིད་འགག་པ་མེད་པ་ལས་ཐ་སྙད་དུ་ཐམས་ཅད་འགག་པ་ལྟར་སྣང་བ་ཐམས་ཅད་འགག་པ་ཉིད་ནས་དོན་ལ་འགག་པ་མེད་པའི་དོན་རྟོག་མེད་རང་གསལ་བ་འདི་ནི་ཀུན་གཞིའི་རྣམ་ཤེས་མེ་ལོང་ལྟ་བུའི་ཡེ་ཤེས་སུའོ། །སེམས་ཉིད་གནས་པ་མེད་པ་ལས་ཐམས་ཅད་གནས་པ་ལྟར་སྣང་ཡང་དེ་ལྟར་གནས་པར་སྣང་ཙམ་ཉིད་ནས་དོན་ལ་གནས་པ་མེད་པའི་དོན་ཐ་དད་དང་ཕྱོགས་རིས་བྲལ་བ་འདི་ནི་ཉོན་མོངས་པ་ཅན་གྱི་ཡིད་མཉམ་ཉིད་ཡེ་ཤེས་སུའོ། །སེམས་ཉིད་དམིགས་པ་མེད་པ་ལས་ཆོས་ཐམས་ཅད་དམིགས་པ་ལྟར་སྣང་ཡང་དེ་ལྟར་ཡུལ་ཐ་དད་དུ་དམིགས་པ་ཉིད་ནས་དོན་ལ་དམིགས་པ་མེད་པའི་དོན་ཡུལ་ཡུལ་ཅན་གཉིས་མེད་གསལ་ལ་མ་འདྲེས་པ་ནི་ཡིད་སོ་སོར་རྟོག་པའི་ཡེ་ཤེས་སུའོ། །སེམས་ཉིད་འགྲོ་འོང་མེད་པ་ལས་འགྲོ་བ་དང་འོང་བ་ལྟར་སྣང་ཡང་གང་དུ་འགྲོ་བ་དང་འོང་བར་སྣང་ཙམ་ཉིད་ནས་འགྲོ་འོང་མེད་པ་ཟུང་འཇུག་སེམས་ཉིད་མ་བཙལ་ལྷུན་གྱིས་གྲུབ་པ་ནི་སྒོ་ལྔའི་རྣམ་ཤེས་བྱ་བ་གྲུབ་པའི་ཡེ་ཤེས་སུ་བསྐྱེད་པའོ། །གཉིས་པ་ལ། གྲོལ་ལམ་དང་། ཐབས་ལམ་གཉིས་ལས། དང་པོ་ནི། ཨེ་མའོ་ངོ་མཚར་རྨད་དུ་བྱུང་བ་ཟུང་འཇུག་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་ནི་འདི་ལྟ་སྟེ། དོན་དམ་པར་སྐྱེ་འགགས་སོགས་མེད་པ་ལས་ཀུན་རྫོབ་ཏུ་ཆོས་ཐམས་ཅད་སྐྱེ་འགགས་སོགས་སྣང་ལ། དེ་ལྟར་སྐྱེས་པ་སོགས་སྣང་དུས་ཉིད་ནས་དོན་དམ་པར་སྐྱེ་བ་སོགས་མེད་པའི་ལྷག་པ་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོའི་དགོངས་པར་ལ་བཟླ་བའི་དོན་ནོ། །དེ་དག་སེམས་ལྔ་དང་སྦྱར་ཏེ་བཤད་ན། ཆོས་ཐམས་ཅད་ཐོག་མར་སྐྱེ་བ་མེད་ན་མཐར་འགག་པ་དང་བར་དུ་གནས་པའང་མེད་ལ། དེ་མེད་པས་རང་སྤྱིའི་མཚན་ཉིད་དུ་དམིགས་པ་མེད་ཅིང་། གནས་དམིགས་མེད་པས་འགྲོ་འོང་ཡང་མེད་མོད་ཀྱི། དེ་ལྟ་ནའང་དེའི་ངང་ལ་རིག་པ་སྒྱུ་མ་ཙམ་དུ་སྐྱེ་འགག་སོགས་སྣང་བས་བདེན་གཉིས་མཚོན་ཚུལ་གྱི་ལྡོག་ཆ་ཐ་དད་ཀྱང་ངོ་བོ་དབྱེར་མེད་པ་སྟེ། སྐྱེས་པ་ཉིད་ནས་སྐྱེ་བ་མེད་པ་ནི་བདེན་པ་དབྱེར་མེད་ཀྱི་དོན་ལ་སེམས་དང་པོར་འགོ་ལྡང་བ་གཡོ་ལྡང་བྱང་ཆུབ་ཀྱི་སེམས་སོ། །དེ་བཞིན་དུ་འཁྲུགས་བསྡེབས་ཀྱི་རིམ་པས་དམིགས་པ་སོགས་དོན་དེ་ཁོང་དུ་ཆུད་པར་སྨོན་པ་བྱང་སེམས་དང་། འགག་པ་སོགས་དབྱེར་མེད་ཀྱི་དོན་ལ་འཇུག་པ་བྱང་སེམས་དང་། གནས་པ་སོགས་དབྱེར་མེད་ཀྱི་དོན་ལ་གནས་པ་བྱང་སེམས་དང་། འགྲོ་འོང་སོགས་དབྱེར་མེད་ཀྱི་དོན་མཐར་ཕྱིན་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་ལམ་པའི་བློ་ཁྱད་ལས་སེམས་ལྔ་དུས་གཅིག་ལ་རྫོགས་པ་གཅིག་ཅར་བ་དང་། རིམ་པར་བསྐྱེད་པ་རིམ་གྱིས་པའོ། །གཉིས་པ་ནི། ཨེ་མའོ་ཞེས་པ་ངམ་པ་སྟེ། གང་ལ་ན་འདོད་ཆགས་ཆེན་པོའི་སྤྱོད་པ་འདི་ནི་སྤྱད་ཀྱང་མི་འཆིང་བས་ངོ་མཚར་ཞིང་། དེས་བླ་ན་མེད་པའི་དོན་མངོན་དུ་བྱེད་པའི་མྱུར་ལམ་རྨད་དུ་བྱུང་བའི་ཆོས་རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས་ཀྱི་བརྣག་བྱ་ཡིན་པར་མ་ཟད་ཁེ་ཉེན་དང་བཅས་པའི་ཐབས་ཀྱི་ལམ་ཡིན་པའི་ཕྱིར་གསང་བའོ། །གང་ཞེ་ན་རང་བཞིན་ལྷན་ཅིག་སྐྱེས་པ་རྟེན་མེད་ཀྱི་ཡེ་ཤེས་ལ་སྐྱེ་འགག་སོགས་མེད་པ་ལས། ཡབ་ཡུམ་གཉིས་སུ་མེད་པར་རོལ་པའི་སྦྱོར་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ལམ་ཉམས་སུ་བླང་བའི་ཚེ་རྩ་གནས་ཐམས་ཅད་ནས་བྱང་སེམས་གཡོས་པས་བདེ་བ་འགོ་ལྡང་བའི་ཚུལ་དུ་སྐྱེས་པ་ནི་གཡོ་ལྡང་བྱང་ཆུབ་ཀྱི་སེམས་དང་། བདེ་བ་སྔ་མ་འཇིག་ཅིང་ཕྱི་མའི་བདེ་བ་ལ་འཇུག་པ་འཇིག་འཇུག་བྱང་ཆུབ་ཀྱི་སེམས་དང་། རྟེན་ཅན་གྱི་བདེ་བ་རང་ས་ན་གནས་པ་གནས་པ་བྱང་ཆུབ་ཀྱི་སེམས་དང་། སྔ་མའི་བདེ་བས་མཚོན་ནས་ཕྱི་མའི་བདེ་བ་ལ་སྨོན་པ་སྨོན་པ་བྱང་ཆུབ་ཀྱི་སེམས་ཏེ། དེ་དག་ནི་དབང་གཉིས་ཀྱི་སྔོན་འགྲོ་ཐུན་མོང་པའོ། །དངོས་གཞི་ནི་སྐྱེ་འགགས་གནས་དམིགས་འགྲོ་འོང་དང་བྲལ་བ་མཐར་ཕྱིན་པའི་བྱང་ཆུབ་ཀྱི་སེམས་སོ། །ཉི་ཟླ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨའི་རྩེར་ཞལ་མཇལ་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བས་ཐུན་མོང་གི་ས་ལམ་མཐའ་དག་རྫོགས་པ་ནི་འགྲོ་དང་ཞེས་པའི་དོན་ཏེ་ཤེར་དབང་དང་། འོང་བ་ཞེས་པས་སླར་ཡང་མས་བརྟན་གྱི་དགའ་བཞིའི་སྐབས་སུ་བྱང་ཆུབ་ཀྱི་སེམས་དཀར་དམར་གཅིག་ཏུ་གྱུར་པ་གྱེན་དུ་ལྡོག་སྟེ་སྤྱི་བོར་སོན་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་སྟེ་ཤེས་རིག་ཀྱང་རྒྱུན་ཆད་དེ་བདེ་བ་ཆེན་པོའི་དབང་ཐོབ་ཅིང་། དེའི་ཚེ་འཇིག་རྟེན་ན་ཆུ་ཐུར་དུ་འབབ་པ་ཞེས་བྱ་བ་དཀར་ཆ་ཆུའི་རང་བཞིན་གྱེན་དུ་ལྡོག་སྟེ་སྤྱི་བོར་སོན་པས་སྐུ་རྡོ་རྗེ་ཐོབ། འཇིག་རྟེན་ན་མེ་གྱེན་དུ་འབར་བ་ཞེས་བྱ་བ་དམར་ཆ་མེའི་རང་བཞིན་ཐུར་དུ་བབས་ཏེ་ལྟེ་བར་སོན་པས་གསུང་རྡོ་རྗེ་ཐོབ། དེ་གཉིས་ཀྱི་འབྲེལ་འབྱེད་པའི་རླུང་དག་པས་ཐུགས་རྡོ་རྗེ་ཐོབ། དེ་གསུམ་གྱི་འགྱུར་བ་མྱོང་བའི་ཤེས་རིག་དག་པ་ཡེ་ཤེས་རྡོ་རྗེ་ཐོབ་སྟེ། དེ་ལྟར་སྐུ་བཞི་དང་ཡེ་ཤེས་ལྔའི་རང་བཞིན་འབྲས་བུའི་ངོ་བོར་སངས་རྒྱས་པའོ། །དེ་ལྟར་དབང་རྫོགས་པས་ལྷན་ཅིག་པའི་འཁོར་རྣམས་ཀྱི་རང་བཞིན་གསང་བའི་སྙིང་པོའི་དོན་ཁོང་དུ་ཆུད་དེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་ནས་གཞན་དོན་དུ་རྒྱུད་ཞུ་བའི་སྤོབས་པ་སྐྱེས་པའི་ཕྱིར། སྔོན་བྱུང་གི་ཟབ་དབང་གསུམ་པོ་འདིའི་གོ་ཕྱེ་བའི་འཁོར་ལ་ལྟོས་ཏེ་རྒྱུད་འབྱུང་བའི་རྐྱེན་གླེང་སློང་དུ་འགྱུར་ནའང་ལྷན་ཅིག་པའི་འཁོར་ལ་ལྟོས་ན་རྒྱུད་ཚར་གཅིག་དུས་དེར་རྫོགས་པར་འདོད་དགོས་ཏེ། སྔོན་བྱུང་དུ་གླེང་བསླང་བ་དབང་ཐོབ་པ་རྒྱུད་དོན་རྟོགས་པ་གསུམ་ངོ་བོ་གཅིག་ལ་ལྡོག་པ་སོ་སོར་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཨེ་མའོ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཟབ་དབང་གསུམ་ཐོབ་པས་ལྷན་གཅིག་པའི་འཁོར་རྣམས་རང་དོན་དུ་སངས་རྒྱས་ཏེ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་འདི་ནི་འཁོར་ཐུན་མོང་པའི་སྤྱོད་ཡུལ་མིན་པས་གསང་བ་སྟེ། སྐྱེ་བ་མེད་ལས་ཞེས་སོགས་ཀྱིས་དབྱིངས་ཡེ་ཟུང་འཇུག་ཆོས་སྐུ་དང་། འགག་པ་སོགས་ཀྱིས་གསལ་སྟོང་ཟུང་འཇུག་མངོན་བྱང་སྐུ་དང་། གནས་པ་སོགས་ཀྱིས་མཐའ་ལ་མི་གནས་པའི་ཟུང་འཇུག་ལོངས་སྐུ་དང་། དམིགས་པ་སོགས་ཀྱིས་སྐུ་གསུམ་སོ་སོར་སྣང་ཡང་དབྱེར་མི་ཕྱེད་པ་རྡོ་རྗེའི་སྐུ་དང་། འགྲོ་འོང་སོགས་ཀྱིས་གདུལ་བྱའི་སྐལ་བ་དང་འཚམས་པར་སྣང་ཡང་དོན་ལ་འགྲོ་འོང་མེད་པ་སྤྲུལ་པའི་སྐུའོ། །གསུམ་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། སེམས་བསྐྱེད་ཅིང་དབང་བསྐུར་བའི་རིམ་པ་དེ་སྐད་ཅེས་བརྗོད་པས་ལྷན་ཅིག་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཟབ་མོའི་དབང་གསུམ་ཐོབ་ནས་སྟོན་འཁོར་དགོངས་པ་ཁྱད་མེད་དུ་གྱུར་ཅིང་། འབྲས་བུ་སྐུ་དང་ཡེ་ཤེས་བཞི་བཅུ་རྩ་གཉིས་མངོན་དུ་བྱས་པ་ལ་མཉེས་པས་ཁྱབ་པར་གྱུར་ཏོ། །གཉིས་པ་ཐུན་མོང་དུ་གླེང་བསླང་བ་ལ་གཉིས་ཏེ། འཁོར་གྱིས་ཞུས་པ་དང་། སྟོན་པས་ལན་སྩལ་བའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་ནས་ཤིན་ཏུ་གསང་ཞེས་པའི་བར་ཏེ། ཐུན་མོང་མ་ཡིན་པའི་གླེང་བསླང་བ་དེ་ནས་རང་བཞིན་གཉིས་སུ་མེད་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཡབ་ཐམས་ཅད་དང་། ཡུམ་བཙུན་མོའི་ཚོགས་དང་བཅས་པས་གོ་ཕྱེ་བའི་འཁོར་རྣམས་ཀྱི་ཆེད་དུ་འོག་ནས་བྱུང་བའི་གསང་བ་བཞིས་ཆོད་ཚུལ་གྱི་ཞུ་བ་འདི་དག་ཚིག་ཏུ་བརྗོད་པ་དང་འདྲ་བའི་དོན་འདི་ཉིད་སྟོན་པ་ལ་བརྗོད་པ་སྟེ་ཞུས་པའོ། །ཇི་ལྟར་ཞུས་ན་མ་རྟོགས་པའི་འགྲོ་བ་ལ་སྐྱེ་བའི་ཚུལ་གྱིས་ཨེ་མའོ་ཞེས་ངམ་སྟེ། གཉིས་མེད་ཀྱི་དོན་རང་བྱུང་གི་ཡེ་ཤེས་མ་རྟོགས་པས་ཡེ་ནས་གསང་བའི་ཆོས་དང་། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མ་རྟོགས་པས་སྣ་ཚོགས་སྣང་ལ་རང་བཞིན་གྱིས་གསང་བ་དང་། དེ་ལྟར་གནས་ལུགས་བདེན་པ་དབྱེར་མེད་ཀྱི་དོན་མ་རྟོགས་པས་ངོ་བོ་ཉིད་ཀྱིས་རབ་ཏུ་གསང་བ་དང་། དེ་ཡང་སྤྱོད་ཡུལ་དང་བྲལ་བའི་དོན་མ་རྟོགས་པས་གཞན་དུ་སྣོད་མིན་ལ་ཤིན་ཏུ་གསང་བ་སྟེ། དེ་ལྟར་གསང་བ་བཞིས་ཆོད་ནས་མ་རྟོགས་པའི་གདུལ་བྱ་རྣམས་ཐུགས་རྗེས་བཟུང་བར་རིགས་ཞེས་ཞུས་པའོ། །གཉིས་པ་ལན་སྩལ་བ་ནི། ཞེས་བརྗོད་པས་ནས་གླེང་ངོ་ཞེས་པའི་བར་ཏེ། འཁོར་གྱིས་གསང་བ་བཞིའི་དོན་དེ་སྐད་ཅེས་བརྗོད་དེ་ཞུས་པས་སྟོན་པའི་ཐུགས་རྗེ་སྐྱེས་ཏེ། ཇི་ལྟར་ན་དག་པ་དེ་བཞིན་གཤེགས་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་། མ་དག་པ་འཁོར་བའི་ཆོས་སྣོད་བཅུད་དུ་སྣང་བ་ཐམས་ཅད་རང་གི་སེམས་ཀྱི་རང་བཞིན་ཡིན་པས་སེམས་ཉིད་དེ་ནི་ཡེ་གདོད་མ་ནས་མཐའ་དང་བྲལ་བས་རིག་པའི་ངོ་བོར་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མི་ཕྱེད་པའི་ཐུགས་སྐྱེས་ནས་དོན་བྱར་མེད་ནའང་འགྲོ་བ་རྣམས་ཀྱི་རྣམ་པར་རྟོག་པ་སྐྱེད་པའི་རྩ་བ་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་རང་གིས་མ་ཤེས། ཀུན་ཏུ་བཏགས་པའི་མ་རིག་པས་རང་སྣང་ལ་མཚན་མར་འཛིན། དེ་གཉིས་ལས་ལྷ་མི་གཉིས་དང་ངན་སོང་གསུམ་སྟེ་འགྲོ་བ་ལྔའི་སེམས་ཅན་དེ་དག་གི་ནང་རིས་མི་འདྲ་བ་བསམ་གྱིས་མི་ཁྱབ་པར་དགེ་སྡིག་གི་འབྲས་བུ་མངོན་པར་སྨིན་པ་དེ་རྣམས་ལ། ཐབས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་། ཤེས་རབ་སངས་རྒྱས་ཀྱི་ཐུགས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆེན་པོ་སྟེ། དེ་ཉིད་ཀྱི་ངང་ལས་ཇི་སྙེད་མཁྱེན་པའི་ཡེ་ཤེས་མི་འགག་པས་གདུལ་བྱའི་ངོ་ལ་ཐུགས་རྗེ་སྐྱེས་ནས་དོན་མཛད་པར་དགོངས་ཏེ་སྤྲུལ་པ་སྤྲོ་བའི་ཞལ་བཞེས་ཀྱི་ཚིག་ཆེད་དུ་བརྗོད་པ་དང་འདྲ་བར་གསལ་བ་འདི་བརྗོད་དོ། །གང་གི་ཕྱིར་སྤྲོ་ན། ཨེ་མའོ་ཞེས་གཞི་དངོས་པོའི་གནས་ལུགས་གཅིག་ལ་འཁོར་འདས་གཉིས་སུ་སྣང་བ་ལ་ངོ་མཚར་བ་སྟེ་མ་རངས་པའི་ངམ་ཚིག་གོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་བདེ་བར་གཤེགས་པའི་སྙིང་པོ་ལས་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་རང་གིས་མ་ཤེས་ཤིང་། རྐྱེན་གང་གིས་འཁྲུལ་ན་སེམས་ཅན་རང་རང་གི་སེམས་ཀྱི་རྣམ་པར་རྟོག་པ་ཡུལ་དང་ཡུལ་ཅན་དུ་སྣང་བ་ལ་གཟུང་འཛིན་སྣ་ཚོགས་ཀྱི་ཤེས་པས་གློ་བུར་དུ་ལས་ཀྱིས་སྤྲུལ་པའི་ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་བྱ་སྟེ། འཁོར་བར་འཁྲུལ་པའི་རྐྱེན་ཡིན་ནོ། །དེ་ཡང་མཐོ་རིས་དང་ངན་སོང་སོགས་སྣ་ཚོགས་པའི་ལུས་དང་། རང་རང་གི་འདོད་པའི་ལོངས་སྤྱོད་ཆེ་ཆུང་དང་། མཐོ་དམན་སྣ་ཚོགས་པའི་གནས་དང་སྡུག་བསྔལ་སྣ་ཚོགས་པར་སྣང་བ་ལ་ལུས་ཅན་ཐམས་ཅད་ཀྱིས་ངའོ་ཞེས་གང་ཟག་གི་བདག་དང་། ངའི་འདི་དང་འདིའོ་ཞེས་ཆོས་བདག་སྟེ་བདག་གཉིས་ཀྱིས་བདག་གིར་བྱེད་པས་སོ་སོར་གཟུང་འཛིན་གྱིས་བཅིངས་ཏེ་ཉམ་ཐག་གོ། །དེ་ལྟར་སྣང་བ་ཐམས་ཅད་འཁྲུལ་པ་ཙམ་དུ་ཟད་ཀྱི་དོན་དམ་པར་བདག་གཉིས་མ་གྲུབ་པའི་ཕྱིར། འཆིང་བར་བྱེད་པའི་མཁན་པོ་དགྲ་ལྟ་བུ་སུས་ཀྱང་མ་བཅིང་ཤིང་། འཆིང་བྱེད་ཀྱི་དངོས་པོ་ཞགས་པ་ལྟ་བུས་ཀྱང་བཅིངས་པ་མེད་དེ། བཅིང་བར་བྱ་བའི་ཡུལ་བཙོན་པ་ལྟ་བུའང་ཡོད་པ་མ་ཡིན་ལ། རང་གི་རྣམ་རྟོག་བདག་ཏུ་འཛིན་པ་ཡིས་བཅིངས་པ་ལས་འཆིང་བྱེད་གཞན་མེད་ཀྱང་བློ་འཁྲུལ་ངོར་སྣང་བ་ཙམ་དུ་ཟད་དེ། དཔེར་ན་ཐང་ཕྲོམ་ཟོས་པའི་མིས་རང་གི་མིག་རབ་རིབ་ཏུ་གྱུར་པ་ལས། སྐྲ་ཤད་ཀྱི་དངོས་པོ་མེད་བཞིན་ནན་བཏགས་ཀྱིས་ནམ་མཁར་སྐྲ་ཤད་ལ་མདུད་པ་མང་པོ་བྱས་ནས་འདོར་བའི་སྣང་བ་བྱུང་བ་ལྟར་ཆོས་ཉིད་རིས་མེད་ལ་བཟང་ངན་དུ་འཛིན་ནས་འཁྲུལ་པ་ལས་དོན་ལ་འཁོར་བ་ཚད་མས་གྲུབ་པ་མ་ཡིན་ནོ། །ལྟོས་གཞི་བཅིངས་པ་མེད་པས་དེ་ལ་ལྟོས་པའི་ཆོས་རྣམ་པར་གྲོལ་བའང་མེད་པའི་ཕྱིར། འགྲོ་བ་འདི་ཐམས་ཅད་ཡེ་གདོད་མ་ནས་བཅིངས་གྲོལ་མེད་པའི་གནས་ལུགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའི་རང་བཞིན་དུ་སངས་རྒྱས་པས་འཁོར་འདས་མཉམ་པ་ཉིད་དུ་ལ་བཟླས་པའི་ཆོས་ཏེ། དེ་ལྟར་འཁོར་འདས་མཉམ་པ་ཉིད་ཀྱི་དོན་མཚོན་པར་བྱེད་པ་གསང་བའི་སྙིང་པོའི་རྒྱུད་འདི་ཉིད་གདུལ་བྱ་ལྷན་ཅིག་པའི་འཁོར་ལ་དངོས་སུ་བསྟན་ཅིང་། དངོས་སུ་ཉན་པའི་སྐལ་བ་མེད་པ་གོ་ཕྱེ་བའི་འཁོར་རྣམས་ལ་བརྒྱུད་ནས་བསྟན་པར་བྱ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་སྤྲུལ་པ་ཐུབ་དྲུག་སྤྲོ་བ་སོགས་དཔག་མེད་ཐུགས་རྗེ་ཆེན་པོའི་རོལ་པ་རྣམ་པ་སྣ་ཚོགས་པ་སྟོན་པར་མཛད་དོ། །ཞེས་སྟོན་པ་དེ་བཞིན་གཤེགས་པ་ཉིད་ལྷན་ཅིག་པའི་འཁོར་ལ་དབང་རྫོགས་པས་དེ་བཞིན་གཤེགས་པ་ཉིད་དང་ཁྱད་མེད་དུ་གྱུར་པ་ལ་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་གླེང་ངོ་། །དེ་ཡང་དགྱེས་པའི་ཚུལ་དྲུག་གི་སྒོ་ནས་སྤྲོ་བ་མཛད་དེ། ཞལ་འཛུམ་པ་དང་། སྨིན་མ་གཡོ་བ་དང་། སྤྱན་འགྱུར་བ་དང་། སྐུ་གཟེངས་བསྟོད་པ་དང་། ཕྱག་བརྐྱང་བ་དང་། འོད་དང་སྤྲུལ་པ་འབྱེད་པའོ། །འདིའི་སྐབས་སུ་འཁྲུལ་གཞི་ཡོད་མེད་ཀྱི་བརྟག་པ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང་། རང་ལུགས་བསྒྲུབ་པའོ། །དང་པོ་ནི། འགའ་ཞིག་ན་རེ། འཁྲུལ་གཞི་མ་རིག་པ་རང་རྒྱུད་ཅན་དུ་ཡོད་པ་ལས་འཁྲུལ་ལོ་ཞེ་ན། མི་འཐད་དེ། ཐུགས་ཐིག་ལས། སྒྲོ་འདོགས་དབང་གྱུར་གང་ཟག་རྣམས། །སེམས་ཉིད་དམིགས་སུ་མེད་པ་ལ། །དངོས་པོ་རང་རྒྱུད་གཞིར་སྨྲ་བ། །དེ་ཡི་རིགས་རྒྱུད་རྟག་པར་ལྷུང་། །ཞེས་པས་སྐྱོན་བཞི་སྟེ། འཁྲུལ་པ་རང་རྒྱུད་པ་རྟག་པར་ཐལ་བ། གཞི་འཁོར་བའི་མཐར་ལྷུང་བར་ཐལ་བ། ཐོས་བསམ་སྒོམ་གསུམ་གྱིས་འཁྲུལ་པ་མི་སེལ་བར་ཐལ་བ། གཞི་གཟུང་འཛིན་ཅན་དུ་ཐལ་བའི་སྐྱོན་འོང་ངོ་། །ཡང་འཁྲུལ་གཞི་རང་སྣང་མེད་པ་ལས་འཁྲུལ་ལོ་ཞེ་ན། མི་རིགས་ཏེ། ཐུགས་ཐིག་ལས། སྐུར་པ་པོ་ནི་ལྷུན་གྲུབ་ལ། །དེ་དང་མི་མཐུན་སོ་སོར་རྟོག །དེ་ལ་དེ་ནི་མི་སྲིད་བཞིན། །གཞི་ལ་ཡེ་ནས་མེད་ཅེས་སྨྲ། །ཞེན་བློའི་ངོ་ལ་ཡོད་དོ་ཞེས། །སྐུར་པ་གང་ཡིན་ཆད་ལྟ་བ། །དེ་དང་དེ་གཉིས་ཐ་དད་ཅིང་། །མི་སྲིད་ཀུན་འབྱུང་ཐོག་མ་འབྱུང་། །ཞེས་པས་སྐྱོན་བཞི་སྟེ། ལྷན་ཅིག་སྐྱེས་པའི་མ་རིག་པ་མ་གྲུབ་པར་ཐལ་བ། གཞི་མྱང་འདས་ཀྱི་མཐར་ལྷུང་བར་ཐལ་བ། འཁོར་བ་ལ་ཐོག་མར་བྱུང་བར་ཐལ་བ། རྒྱུད་དག་པའི་སངས་རྒྱས་ལ་ཡང་འཁྲུལ་པ་འབྱུང་བར་ཐལ་བའི་སྐྱོན་འོང་ངོ་། །ཡང་འཁྲུལ་གཞི་ཡོད་མེད་དབྱེར་མེད་ལས་འཁྲུལ་ལོ་ཞེ་ན། མི་རིགས་ཏེ། དེ་ཉིད་ལས། ལ་ལ་ལྡོག་པའི་གཉིས་མེད་ལས། །སྣང་སྨྲའང་ལྷན་ཅིག་མེད་པའི་ངང་། །བརྟེན་པ་མི་དགོས་གཞིར་མི་བཏུབ། །རྒྱུ་རྐྱེན་སྤངས་པས་རིག་པ་མིན། །ཞེས་གསུངས་པས། གཞི་དག་པའི་སྣང་བ་ཕྱོགས་གཅིག་ཏུ་ཐལ་བ། གཞི་ལ་འཁོར་བའི་ཆོས་རང་སྣང་དུ་མེད་པར་ཐལ་བ། གཞི་འཁོར་འདས་དབྱེར་མེད་མ་ཡིན་པར་ཐལ་བ། སྔགས་ཕྱི་ནང་ཁྱད་མེད་དུ་ཐལ་བའི་སྐྱོན་སོགས་འོང་ངོ་། །གཉིས་པ་རང་ལུགས་བཞག་པ་ནི། གཞི་འཁོར་འདས་དབྱེར་མེད་མཉམ་པ་ཉིད་ཀྱི་དོན་རང་ངོ་རང་གིས་མ་ཤེས་པ་ལས་འཁྲུལ་སྣང་འབྱུང་བར་འདོད་དེ། དེ་ཉིད་ལས། ཐམས་ཅད་མ་ལུས་རྒྱུད་གཅིག་ལས། །མི་མཐུན་ཁྱད་པར་སོ་སོར་སྣང་། །ཞེས་སོ། །འོ་ན་དེ་ལས་འཁྲུལ་གཞི་ཞེས་བྱ་བ་དེ་བདེ་གཤེགས་སྙིང་པོ་ལ་འདོད་དམ། མ་རིག་པ་རྒྱུད་དང་བཅས་པ་ལ་འདོད། སྔ་མ་ལྟར་ན་སངས་རྒྱས་ཀྱི་དགོངས་པ་མི་རྙེད་པར་འགྱུར། ཕྱི་མ་ལྟར་ན་འཁྲུལ་པའི་ངོ་བོ་མི་རྙེད་པར་འགྱུར་རོ་ཞེ་ན། བརྒྱུད་པའི་རྒྱུ་བདེ་གཤེགས་སྙིང་པོ། དངོས་རྒྱུ་མ་རིག་པའོ། །ཀ་དག་ལྷུན་གྲུབ་ཀྱི་གོ་དོན་ཡང་འདི་ཉིད་ལ་འདུས་ཏེ། ཀ་དག་སྐྱོན་མེད་དང་ལྷུན་གྲུབ་སྐྱོན་མེད་གཉིས་ནི་གཞི་འབྲས་ལ་མ་རིག་པ་མི་ལྡན་པའི་ཆ་ནས་ཀ་དག་ཏུ་བཏགས་ལ། གཞི་འབྲས་ཀྱི་མ་རིག་པ་མ་སྤངས་པའི་ཆ་ནས་ལྷུན་གྲུབ་ཏུ་བཏགས་པར་ཟད་ཀྱིས། དོན་ལ་གཞི་འབྲས་གཉིས་ལ་མ་རིག་པ་མ་སྤངས་ལ་མི་ལྡན་པར་འདོད་པའོ། །གཉིས་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིས་དོན་དམ་པ་དང་ཀུན་རྫོབ་ཀྱི་དབང་གི་དོན་མཛད་ཚུལ་སོ་སོར་སྣང་ཡང་དོན་ལ་འཁོར་འདས་གཉིས་ཡེ་ནས་དབྱེར་མེད་དུ་གནས་པ་ལ་གནས་པར་ཤེས་པའི་བདག་ཉིད་དུ་སེམས་ཡེ་ཤེས་སུ་བསྐྱེད་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། ༈ །།ད་ནི་བཀའ་རང་གཉེར་གྱིས་ས་བཅད་ན། ལེའུ་ཉི་ཤུ་རྩ་གཉིས་ཡོད་པ་ལས། འདིར་ལེའུ་གསུམ་པ་སྟོན། སློབ་དཔོན་འགྲེལ་བ་གདམས་ངག་མཁན་གྱིས་ས་བཅད་དེ་ཆོས་ཚོམས་ངོས་བཟུང་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་ཐབས་ལམ་ཟུར་ཙམ་དང་། གཙོ་ཆེར་གྲོལ་ལམ་སྟོན། མཚན་ཉིད་གསུམ་ལས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་གཙོ་བོར་སྟོན། བསྡུ་བའི་སྐབས་ན་ཅིག་ཅར་བ་ཟུར་ཙམ་སྟོན། བློ་འབྲིང་གི་ཆོས་ལྔ་ལས། ལེའུའི་སྟོད་ཀྱི་གླེང་གཞི་དང་། སྨད་ཀྱི་རྒྱུད་དོན་སྟོན། རྒྱུད་དོན་ལ་དངོས་པོ་བཅུ་ཡོད་པ་ལས་ལྟ་བ་སྟོན། བཅུ་པོ་ཡང་བརྒྱའི་བདག་ཉིད་དུ་བྱས་ནས། སྤྱོད་པ་དང་དཀྱིལ་འཁོར་དང་ཕྲིན་ལས་ཟུར་ཙམ་སྟོན། བློ་ཐ་མའི་ཆོས་ཚོམས་བཤད་ཐབས་འདྲེན་པའི་ཚིག་བཅུ་ཡོད་པ་ལས། རང་བཞིན་ལྟ་བ། སྤྱི་དོན་སྡུད་པ། བསྣོལ་མཚམས་འཕེན་སྡུད་སྟོན། གཞན་ཡང་སྤྱི་འགྲོ་གསུམ་སྟེ། རྣམ་པར་དབྱེ་བ། འབྲེལ་མཚམས་སྦྱོར་བ། རང་རྐྱེན་གཉེར་རྣམས་ཀྱིས་སྟོན་ནོ། །དེ་ཡང་འཆད་མཁན་རིག་པའི་སྒྲོས་ཀྱིས་བཤད་ན་གཉིས་ཏེ། ལེའུའི་གཞུང་དང་། མཚན་ནོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་དང་། ཡོངས་སུ་ཤེས་པར་བྱ་བ་ལྟ་བའོ། །དང་པོ་ལའང་རྒྱུ་དང་། ངོ་བོ་གཉིས་ལས། དང་པོ་ནི། དེ་ནས་དེ་བཞིན་ནས་འཐོན་ཏོ་ཞེས་པའི་བར་ཏེ། གང་གི་ཆེད་དུ་སྤྲོ་བར་ཞལ་གྱིས་བཞེས་པ་དེ་ནས། ཇི་ལྟར་སྤྲོ་ན་འཐོན་ཏོ་ཞེས་སྦྲེལ་ཏེ། གང་དུ་ན་སྟོན་པ་རིགས་དྲུག་པ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཅན་དེ་བཞིན་གཤེགས་པ་རིགས་ལྔ་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་ཀུན་ཏུ་བཟང་པོའི་དམིགས་མེད་ཀུན་ཁྱབ་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེ་ཆེན་པོར་རང་ཤར་བའི་བྱིན་གྱིས་བརླབ་པའི་དུས་སུ་འབྱུང་བ་ཞེས་བྱ་བ་ཐུགས་རིག་པའི་ཡེ་ཤེས་ལས་རྣམ་འཕྲུལ་རིག་པའི་སྐྱེས་བུ་དང་ལས་ཉོན་གྱི་དཔུང་བཅོམ་པས་ན་ཐུབ་པ་སྟེ། གདུལ་བྱའི་དབང་གིས་རྣམ་པ་དྲུག་གོ། །གང་ལས་ན་སྟོན་པ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་དབྱེར་མེད་པའི་རྡོ་རྗེ་ལས་འཐོན་ཏེ། དཔེར་ན་ཉི་ཟླ་རང་ས་ལས་མ་གཡོ་པར་ཆུ་དྭངས་པའི་ནང་དུ་གཟུགས་བརྙན་སྣང་བ་བཞིན་འགྲོ་བ་དྲུག་གི་གནས་སོ་སོར་སྣང་བར་གྱུར་ཏེ། རྒྱུད་བླ་མ་ལས། དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་བདག་ནི་སྟོན་པར་མཛད། །ཅེས་སོ། །གཉིས་པ་ངོ་བོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འཐོན་ནས་ཀྱང་ནས་དོན་མཛད་དོ་ཞེས་པའི་བར་ཏེ། དེ་ལྟར་ཐུབ་པ་དྲུག་པོ་དེ་དག་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་ལས་འཐོན་ནས་ཀྱང་དོན་མཛད་པའི་ཡུལ་འགྲོ་བ་ལྔའམ་ཐེག་པ་ལྔའི་རིགས་ཅན་གྱི་འགྲོ་བ་ལྔའི་དོན་མཛད་དོ། །གང་དུ་དོན་བྱ་བའི་ཞིང་གདུལ་བྱའི་ལས་ཀྱི་བྱེ་བྲག་ཐ་དད་པའི་དབང་གིས་མགོ་འཕྲེད་དུ་བསྟན་ནས་འགྲོ་བ་སྣྲེལ་གཞི་དུད་འགྲོ་དང་། གྱེན་བསྟན་དུ་འགྲོ་བ་མཐོ་རིས་ལྷ་མི་གཉིས། མཐུར་བསྟན་གྱིས་འགྲོ་བ་དམྱལ་བ་དང་ཡི་དྭགས་ཏེ་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུར་ཁྱབ་ཅིང་ཚད་བཟུང་དུ་མེད་པས་མཐའ་ཡས་མུ་མེད་པའི་ཞེས་ཁམས་ནམ་མཁའི་དབྱིངས་ལྟར་སྣང་བ་ལས། དེའི་ཁོངས་སུ་ཆུད་པ་དུམ་བུའི་འཇིག་རྟེན་ཆུ་དཀྱིལ་ནས་བསམ་གཏན་དང་པོ་མན་ཆད་ཀྱིས་བསྡུས་པ་གླིང་བཞི་པ་སྟེ། དེ་སྟོང་ལ་སྟོང་སྤྱི་ཕུད། དེ་སྟོང་ལ་སྟོང་གཉིས་པ་བར་མ། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་སྟེ། དེ་རེ་རེར་གང་གིས་དོན་མཛད་པ་པོ་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེ་སྣང་བས་ཇི་ལྟར་དོན་མཛད་པའི་ཚུལ་འོག་ནས་འབྱུང་བའི་འདུལ་བ་རྣམ་པ་བཞིའི་སྒོ་ནས་སོ། །གཉིས་པ་ལ་བཞི་སྟེ། སྐུ་བསོད་ནམས་ཆེན་པོས། ཐུགས་མངོན་སུམ་པས། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས། གསུང་རིག་པས་འདུལ་བ ། དང་པོ་ནི། བལྟམས་པ་དང་ནས་སྟོན་པའི་ཐུབ་པས་ཞེས་པའི་བར་ཏེ། དེ་ཡང་འཛམ་གླིང་བྱེ་བ་ཕྲག་བརྒྱ་རེ་རེར་འདུལ་བྱེད་མཆོག་གི་སྤྲུལ་སྐུ་ཡང་དེ་སྙེད་འབྱུང་བ་ཐམས་ཅད་མཛད་པའི་ཚུལ་མཐུན་པར་སྟོན་པས་ན་གཅིག་གི་མཛད་ཚུལ་སྨོས་པས་ཐམས་ཅད་ཀྱི་མཛད་པ་རྟོགས་པར་འགྱུར་བའི་ཕྱིར། འོ་སྐོལ་གྱི་སྟོན་པའི་ཚུལ་བརྗོད་དེ། དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་ཏེ། གཟིགས་པ་ལྔས་གཟིགས་ནས་ལྷུམས་སུ་ཞུགས་ཏེ། ཡུམ་གྱི་རྩིབས་ལོགས་གཡས་ནས་སྐུ་བལྟམས་པ་དང་། བཟོའི་གནས་ལ་བྱང་ནས་ཤཱཀྱ་རྣམས་སྒྱུ་རྩལ་གྱིས་ཕམ་པར་མཛད་དེ་བཙུན་མོ་བཞེས་པ་དང་། མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ལས་ཉིད་རབ་ཏུ་བྱུང་བ་དང་། ཆུ་བོ་ནཻ་རཉྫ་ནར་ལོ་དྲུག་ཏུ་དཀའ་ཐུབ་མཛད་པ་དང་། རྡོ་རྗེའི་གདན་དུ་སྲོད་ལ་བདུད་བྱེ་བ་དུང་ཕྱུར་གྱི་ཚོགས་བཏུལ་བ་དང་། ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། དེ་ནས་སངས་རྒྱས་ཏེ་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ཏེ་ཆེད་དུ་བརྗོད་པ་ལ་སོགས་པའི་ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། ཡུལ་ཝཱ་ར་ཎཱ་སཱི་ལ་སོགས་པར་བདེན་པ་བཞི་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་དང་། རྟག་ཏུ་རེ་བ་རྣམས་སུན་དབྱུང་བར་བྱ་བའི་ཕྱིར་གྲོང་ཁྱེར་རྩྭ་མཆོག་ཏུ་སྐུ་མྱ་ངན་ལས་འདས་པ་དང་། ལ་སོགས་པའི་ཁོང་ནས་དགའ་ལྡན་ནས་བབས་པ་དང་། ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། བཟོའི་གནས་ལ་མཁས་པ་དང་། བཙུན་མོའི་འཁོར་གྱིས་རོལ་པ་ལ་སོགས་པའི་མཛད་པ་བཞི་སྟེ། དེ་ལྟ་བུའི་མཛད་པ་ཕུན་སུམ་ཚོགས་པ་སྟོན་པ་ནི་ཐེག་པ་ཐུན་མོང་བ་རྣམས་ཀྱི་སྣང་བའོ། །ཡང་འདིར་ཁ་ཅིག་ལེའུའི་ཀླད་དུ་སྐུ་གསུང་ཐུགས་རྡོ་རྗེ་ལས་འཐོན་ཏོ་ཞེས་སྟོན་པ་ལས་སྤྲུལ་པ་དང་། བལྟམས་པ་དང་ཞེས་གསུངས་པ་གཉིས་འགལ་ལོ་ཞེ་ན། གོང་མ་ནི་ངེས་དོན་གྱི་དབང་དང་། ཕྱི་མ་ནི་གདུལ་བྱའི་ངོ་ལ་དྲང་དོན་གྱི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་ནི། དུས་བཞི་ནས་དྲུག་དང་ཞེས་པའི་བར་ཏེ། སྔོན་གནས་རྗེས་དྲན་དང་ཕྱི་མའི་གནས་མཁྱེན་པའི་མངོན་ཤེས་ཀྱིས་འདས་པ་སོགས་དུས་བཞི་ཀུན་ཏུ་བསྒྲིབ་པ་མེད་པར་མཁྱེན་པ་དང་། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་སེམས་ཅན་གཞན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་དགེ་མི་དགེ་ཉོན་མོངས་པ་ཤས་ཆེ་ཆུང་སོགས་ལྐོག་འགྱུར་གྱི་གནས་ཐམས་ཅད་ཀུན་ཏུ་མ་བསྒྲིབ་པར་མཁྱེན་པ་དང་། རྫུ་འཕྲུལ་གྱི་ལྷའི་སྤྱན་གྱིས་ཉེ་རིང་མེད་པའི་གཟུགས་དང་འཆི་འཕོ་སོགས་གསལ་ཆ་མ་འདྲེས་པ་ཐམས་ཅད་ཀུན་ཏུ་གཟིགས་པ་དང་། ལྷའི་སྙན་གྱིས་སྒྲ་ཆེ་ཆུང་ཐམས་ཅད་ཉེ་རིང་མེད་པར་ཀུན་ཏུ་གསན་པ་དང་། རྫུ་འཕྲུལ་གྱི་ཚོགས་ཀུན་ཏུ་དོན་སྤྱོོད་པ་སྟེ་གདུལ་བྱ་སོ་སོའི་སྐལ་བ་དང་འཚམས་པར་མང་པོ་གཅིག་ཏུ་བསྡུ་བ་དང་གཅིག་གིས་མང་པོར་སྤྲུལ་པ་སོགས་ཀུན་ཏུ་སེམས་ཅན་གྱི་དོན་སྤྱོད་པ་དང་། ཟག་པ་མེད་པའི་ཡེ་ཤེས་ཀྱིས་ཇི་ལྟར་སྤྱད་ཀྱང་གཟུང་འཛིན་གྱིས་མ་གོས་ཤིང་རྣམ་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པ་སྟེ། དེ་ལྟར་མངོན་པར་ཤེས་པ་དྲུག་ཀ་ཐུགས་ཀྱི་རྗེས་སུ་འགྲོ་ཞིང་ཤེས་བྱ་ཐམས་ཅད་ལ་མངོན་སུམ་དུ་དབང་བསྒྱུར་བས་ན་ཐུགས་མངོན་སུམ་པས་འདུལ་བ་ཞེས་བཤད་དོ། །གསུམ་པ་ནི། ཀུན་ཏུ་སྐུ་ནས་སྣང་བར་གྱུར་ཏོ་ཞེས་པའི་བར་ཏེ། གདུལ་བྱའི་ཞིང་ཀུན་ཏུ་རང་གི་སྣང་བ་དང་མཐུན་པར་ལྷ་མིའི་རྒྱལ་པོ་ལ་སོགས་པའི་སྐུ་བསམ་གྱིས་མི་ཁྱབ་པ་དང་། རྒྱུད་ཀུན་ཏུ་མོས་པ་དང་མཐུན་པར་འཇུག་པའི་ཐུགས་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་། འགྲོ་བའི་མོས་པ་ཐ་དད་པའི་སྤྱོད་ཡུལ་ཀུན་ཏུ་དེ་དང་མཐུན་པའི་ཞལ་གྱི་དཀྱིལ་འཁོར་གཅིག་ཏུ་མ་ངེས་པར་ཞི་བ་དང་ཁྲོ་བོ་དང་ཕྲ་མེན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་། གདུལ་བྱའི་སྐལ་པ་ཇི་ལྟར་ཡོད་པ་བཞིན་ཀུན་ཏུ་སོ་སོའི་སྐད་དང་མཐུན་པར་ཆོས་སྟོན་པའི་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་སྟེ། དེ་ལྟར་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པར་འཕྲོ་བས་གྲངས་མེད་པ་དག་ཕྱོགས་བཅུའི་ཞིང་ཀུན་ཏུ་སྣང་ནས་འདུལ་བར་གྱུར་ཏོ། །བཞི་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཐམས་ཅད་ཀྱང་ནས་ཐེག་པས་ཞེས་པའི་བར་ཏེ། དེ་ལ་སྤྱིར་ཐེག་པའི་སྒྲ་དོན་ནི་ཡ་ནའི་སྒྲ་ལས་འདེགས་པའི་དོན་གྱིས་ན་ཐེག་པ་ཞེས་བྱའོ། །དེ་ཡང་སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་འདའ། །ཞེས་སོ། །དབྱེ་བ་ལ་བཀའ་སྤྱི་གཞུང་དུ་གྲགས་པ་ལྟར་ན་ཐེག་པའི་གྲངས་འདི་ཁོ་ན་ཞེས་ཕྱོགས་གཅིག་ཏུ་བཟུང་དུ་མེད་དེ། གདུལ་བྱའི་བློ་དང་འཚམས་པར་སངས་རྒྱས་ཀྱི་ཐུགས་རྗེས་གང་ལ་གང་འདུལ་དུ་བསྟན་པའི་ཕྱིར་ཏེ། ལང་ཀར་གཤེགས་པ་ལས། སེམས་ཅན་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དེ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཞེས་སོ། །དེ་ཡང་རེ་ཞིག་བསྡུ་ན། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་ཐེག་པ་གསུམ་དུ་མེད། །ཅེས་པ་ལྟ་བུ་འབྲས་བུ་ལ་དགོངས་ཏེ་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ་དང་། ཡང་ཐེག་པ་ཆུང་ངུ་དང་ཆེན་པོའམ། རྒྱུ་འབྲས་གྱི་དབྱེ་བས་གཉིས་དང་། ཉན་རང་བྱང་སེམས་གསུམ་མམ། ཀུན་འབྱུང་འདྲེན་པ། དཀའ་ཐུབ་རིགས་བྱེད། དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ་གསུམ་དང་། རྒྱུའི་ཐེག་པ་གསུམ་འབྲས་བུའི་ཐེག་དང་བཅས་པས་བཞི་དང་། མཚན་ཉིད་སྡེ་གསུམ། ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་སྡེ་གསུམ་སྟེ་ཐེག་པ་དགུ་དང་། ལང་གཤེགས་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་པས་ཇི་སྲིད་བློའི་རིམ་པ་མ་ཟད་ཀྱི་བར་དུ་ཐེག་པའི་མཐའ་ལ་ཐུག་པ་མེད་པས་བསམ་གྱིས་མི་ཁྱབ་པ་དང་། གང་ལ་བརྟེན་ནས་འགྲོ་བའི་ལམ་དང་། གང་གིས་འགྲོ་བ་ལ་སོགས་པ་ངོ་བོ་ཉིད་ཀྱིས་དག་པའི་དོན་ཐེག་པ་ཞེས་པའང་དམིགས་སུ་མེད་པའི་བར་དུ་བཤད་དོ། །བྱེ་བྲག་རྒྱུད་གཞུང་འདི་ཉིད་ལྟར་ན། སྤྲུལ་སྐུའི་གསུང་བསམ་གྱིས་མི་ཁྱབ་པ་དེ་དག་ཐམས་ཅད་ཀྱང་བསྡུ་ན་འདི་ལྟ་སྟེ། རིགས་ཅན་ལྔའི་གདུལ་བྱ་འདུལ་བའི་དབང་གིས་ཐེག་པའི་བྱེ་བྲག་ལྔར་ཕྱེ་ནས་བསྟན་ཏོ། །དབྱེ་བ་སོ་སོའི་དོན་ནི། དེ་བའི་སྒྲ་ལས་བདེ་བ་རོལ་པའི་དོན་གྱིས་ལྷ་དང་། མ་ནུ་ཥྱའི་སྒྲ་ལས་ཡིད་ཤས་ཆེ་བས་ན་མི་སྟེ། དགེ་བ་བཅུ་དང་ཚད་མེད་བཞི་དང་མི་གཡོ་བའི་ཏིང་འཛིན་བསྒོམ་པའི་འབྲས་བུ་ལས་གནས་རིགས་སྟོད་རིས་སུ་འདེགས་པར་བྱེད་པ་ལྷ་མིའི་ཐེག་པ་དང་། ཤྲ་ཝ་ཀའི་སྒྲ་ཉན་པ་དང་ཐོས་སྒྲོགས་ལ་འཇུག་པས་ཉན་ཐོས་ཏེ། གང་ཟག་གི་བདག་མེད་རྟོགས་པས་འབྲས་བུ་གསུམ་གྱི་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་པ་ཉན་ཐོས་ཀྱི་ཐེག་པ་དང་། པྲ་ཏྱི་ཀ་བུདྡྷའི་སྒྲ་ལས་སློབ་དཔོན་མེད་པར་རང་གི་བྱང་ཆུབ་རང་གིས་རྟོགས་པས་རང་རྒྱལ་ཏེ། བདག་མེད་ཕྱེད་གཉིས་རྟོགས་པས་རྟེན་འབྲེལ་ལུགས་འབྱུང་ལྡོག་ཏུ་བསྒོམ་པས་མཐར་ཐུག་ཡིད་བཞིན་བདེ་བ་མཆོག་གི་སར་མྱ་ངན་ལས་འདའ་བར་བྱེད་པ་རང་རྒྱལ་གྱི་ཐེག་པ་དང་། བོ་དྷི་ས་ཏྭའི་སྒྲ་ལས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ་སེམས་སྟོབས་ཆེ་བས་ན་བྱང་ཆུབ་སེམས་དཔའ་སྟེ། བདག་མེད་གཉིས་རྟོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པས་ལམ་ལྔ་བགྲོད་ནས་ཀུན་ཏུ་འོད་ཀྱི་ས་བརྙེས་པར་བྱེད་པ་བྱང་སེམས་ཐེག་པ་དང་། གསང་བ་སྔགས་ཀྱི་ཐེག་པ་ནི་ཀུན་རྫོབ་ཏུ་ཡང་ཆོས་ཐམས་ཅད་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་བདེ་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་རྒྱུའི་ཐེག་པ་ལས་འཕགས་ཤིང་། དེ་དག་ཐམས་ཅད་འདིར་རྫོགས་པས་ན་བླ་ན་མེད་པ་སྟེ། དེ་ལ་ཕྱི་ཐུབ་པ་རྒྱུད་དེ་ཀྲི་ཡ་སྟེ་བྱ་བ་དང་། ཨུ་པ་ཡ་སྟེ་གཉིས་ཀའི་སྤྱོད་པ་ཞེས་བྱ་བ་དང་། ཡོ་ག་སྟེ་རྣལ་འབྱོར་གྱི་ཐེག་པ་སྟེ་ཕྱི་རྒྱུད་སྡེ་གསུམ་དང་། སེམས་ཉིད་སྣང་སྟོང་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གཏན་ལ་ཕབ་ནས་དེའི་ངང་ལ་བླང་དོར་མེད་པར་སྤྱད་པས་ཚེ་འདི་ཉིད་ལ་གྲོལ་བའི་ནང་པ་ཐབས་རྒྱུད་བླ་ན་མེད་པའི་ཐེག་པའོ། །གཉིས་པ་ལ་གཉིས་ཏེ། གཉེན་པོ་ལ་དགོངས་ཏེ་དབྱེ་བ་དང་། དེའང་དབང་པོའི་བྱེ་བྲག་གིས་བསྡུ་བའོ། །དང་པོ་ནི། མ་རིག་པ་ནས་གསུང་བར་འགྱུར་རོ་ཞེས་པའི་བར་ཏེ། འགྲོ་བ་རྣམ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་ཀུན་ཏུ་བརྟགས་པའི་མ་རིག་པའི་རྣམ་པར་རྟོག་པས་བསྐྱེད་པའི་ཉོན་མོངས་པ་དུག་གསུམ་དང་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་སྟེ་བསྡོམས་པས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་སྤྱོད་པའི་གཉེན་པོར་ཆོས་ཀྱི་སྒོ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་དང་། ལྷག་པ་ཤེས་རབ་ཀྱིས་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་དང་། གསུམ་ཀ་ཆ་མཉམ་དུ་སྟོན་པ་རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་དེ། དེ་ལྟར་སྡེ་སྣོད་རྣམ་པ་བཞི་ཀས་བསྡུས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་སོ། །ད་ལྟའི་སངས་རྒྱས་རྣམས་ཀྱང་གསུང་ངོ་། །མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །འདིར་གསུངས་པའི་གསང་སྔགས་ཀྱི་བསྟན་པ་ནི་འགའ་ཞིག་གིས་སེམས་ཀྱི་བསླབ་པ་དང་། འགའ་ཞིག་གིས་ཤེས་རབ་ཀྱི་བསླབ་པ་སྟོན་པའི་ཕྱིར་སྡེ་སྣོད་གསུམ་ལས་མདོ་སྡེ་དང་མངོན་པ་གཉིས་སུ་འདུ་ཟེར་བ་ནི་མ་ཡིན་པར་སེམས་ཏེ། ཇི་སྐད་དུ། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་དང་ནི་བཞི་སྟོང་གསུངས། །ཞེས་གསུངས་པས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མི་ཚང་བར་འགྱུར་ཏེ། སྔགས་ལས་གཞན་པའི་སྡེ་སྣོད་བཞི་པ་ཞིག་ཤེས་བྱ་ལ་ཁེགས་པའི་ཕྱིར་རོ། །སྤྱིར་ཆོས་ཕུང་གི་ཚད་ལ་མཁས་པ་ཁ་ཅིག་གིས་ཤཱ་རིའི་བུས་མཛད་པའི་བསྟན་བཅོས་ཤློ་ཀ་དྲུག་སྟོང་ཡོད་པའི་ཚད་ལ་ཆོས་ཕུང་བཞེད་ཀྱང་འདིར་ནི་ཉོན་མོངས་པ་རེ་རེའི་གཉེན་པོ་ཆ་ཚང་བ་རེ་ལ་ཆོས་ཕུང་གི་ཐ་སྙད་དུ་འཇོག་སྟེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོ་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་སོ། །གཉིས་པ་ནི། དེ་དག་ནས་མཐར་ཐུག་གོ་ཞེས་པའི་བར་ཏེ། ཆོས་ཀྱི་སྒོ་དེ་དག་ཐམས་ཅད་ཀྱང་དབང་པོའི་བྱེ་བྲག་གིས་ལྔར་འདུ་སྟེ། འདི་ལ་སྐྱེད་ལུང་གི་ཡང་ཁྱེད་བླ་མས་ནི་རལ་གྲིའི་སྟོང་ཐུན་དང་སྦྱར་རོ། །ཆུ་དབར་གྱི་གླན་ཤཱཀྱ་བཟང་པོས་སྦྲུལ་ནག་གི་སྟོང་ཐུན་དང་སྦྱར་རོ། །མདའ་ཏིག་ཆོས་ཤཱཀ་གིས་དུག་ཤིང་གི་སྟོང་ཐུན་དང་སྦྱོར་བ་ལ། རྗེ་གསང་བདག་སྒྲོ་ཕུག་པ་ཆེན་པོས་ཀྱང་དེ་འཐད་གསུངས་པས། དེ་ཡང་མདོ་དགོངས་འདུས་ལས། ལྡུམ་རར་དུག་གི་སྡོང་སྐྱེས་པ ། །དུག་སྡོང་ཡིན་པས་ཤེས་མ་ཐག །རྩད་ནས་བཅད་དེ་དབྱུང་བར་བྱ། །ཅི་ཕྱིར་ལྡུམ་ཟས་དེ་དག་ལ། །དུག་འཕེལ་རྒྱས་ན་འཆི་ཕྱིར་རོ། །ཞེས་པས། དཔེར་ན་རྒྱལ་པོ་ཞིག་གི་བཟའ་ཤིང་གི་ར་བར་དུག་ཤིང་སྐྱེས་པ་ལ་འབངས་བླུན་པོ་རྣམས་དུག་ཤིང་གི་རོ་མངར་བ་ཚོར་ནས་ལོངས་སྤྱོད་པས་དུག་ནད་ཀྱིས་མནར་ཞིང་སྲོག་འཚོ་བའི་སྐབས་མེད་དོ། །དཔེ་དེ་བཞིན་དུ་མ་རིག་པས་བསྐྱེད་པའི་དུག་ལྔ་ལ་མངོན་པར་ཞེན་ཏེ་དགེ་བའི་ལམ་སྤངས་ནས་མི་དགེ་བ་ལ་འཇོལ་ཉོག་ཏུ་སྤྱད་པས་འབྲས་བུ་ངན་སོང་གི་སྡུག་བསྔལ་གྱིས་མནར་ཞིང་ཐར་པའི་སྲོག་གཅོད་པར་བྱེད་དོ། །འབངས་དེ་རྣམས་ཀྱི་ནང་ནས་དུག་ཤིང་གི་ཉེས་དམིགས་ཤེས་པ་ཁ་ཅིག་གིས། བཟའ་ཤིང་དང་དུག་ཤིང་གི་ཁེ་ཉེན་ཤེས་ནས་བཟའ་ཤིང་ལ་ལོངས་སྤྱོད་པར་བྱེད་ཀྱང་དུག་གི་ཁྲོད་ནས་འཕགས་མ་ནུས་པ་བཞིན་དུ། ལས་དགེ་བ་དང་མི་གཡོ་བའི་ལས་ཀྱིས་འབྲས་བུ་ཐམས་ཅད་ཆུད་མི་ཟ་བར་སོ་སོར་སྨིན་པར་ཡིད་ཆེས་པས་བླང་དོར་མ་ནོར་བར་སྤྱོད་ཀྱང་འཁོར་བ་ལས་ངེས་པར་འབྱུང་མ་ནུས་པས་ལྷ་མིའི་ཐེག་པ་དང་། ཡང་འབངས་དེ་རྣམས་ཀྱི་ནང་ནས་ཁ་ཅིག་གིས། དུག་ཤིང་གི་སྡོང་པོ་འདིའི་རྩ་བ་ཁབ་རྩེ་ཙམ་ཡང་མ་ལུས་པར་བཏོན་ནས་རྟ་གླང་ལ་བཀལ་ཏེ། ལ་བརྒལ་དང་ཆུ་བརྒལ་དུ་བསྐྱལ་བ་དྲག་གོ་ཟེར་རོ། །དཔེ་དེ་བཞིན་དུ་གང་ཟག་གི་བདག་མེད་རྟོགས་པས་འཁོར་བ་ལས་ངེས་པར་འབྱུང་ཡང་། ཆོས་བདག་གཟུང་བ་རྡུལ་ཕྲན་དང་འཛིན་པ་སྐད་ཅིག་མ་དོན་དམ་དུ་འདོད་པ་ཉན་ཐོས་ཀྱི་ཐེག་པ་ཉོན་མོངས་པ་སྤོང་བའི་ཐབས་དང་། ཡང་འབངས་དེ་བས་ཀྱང་ཅུང་ཟད་ཐབས་ཆེ་བ་ཞིག་ན་རེ། དུག་ཤིང་གི་སྡོང་པོ་འདི་རྩ་བ་ནས་གདོན་མི་དགོས་ཏེ། སྡོང་པོ་བཅད་པ་སྔར་བཞིན་བསྐྱལ་ནས་བཅད་མཚམས་ལ་ཁྲོ་ཆུ་བླུགས་པས་སླར་སྐྱེ་བར་མི་འགྱུར་རོ་ཟེར་བ་བཞིན་དུ་ཤེས་པ་སྐད་ཅིག་མ་དོན་དམ་དུ་འདོད་པས་ཕྱིའི་རྟེན་འབྲེལ་ས་བོན་ནས་འབྲས་བུའི་ཆར་བར་དང་། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་རིག་པ་ནས་རྒ་ཤིའི་བར་དུ་འཁོར་བར་འདོད་པས་རང་རྒྱལ་གྱི་ཐེག་པས་ཉོན་མོངས་འགོགས་པའི་ཐབས་ཏེ། དེ་གསུམ་ནི་བདེན་པ་གཉིས་ཀ་རྫས་ཡོད་དུ་བལྟས་ནས་བླང་དོར་བྱེད་པས་སྤོང་བའི་ལམ་དུ་གཅིག་གོ། །ཡང་འབངས་དེ་རྣམས་ཀྱི་ནང་ནས་ལྷ་རྗེ་མཁས་པ་གཅིག་ན་རེ། དུག་ཤིང་གི་རྩ་བ་ཁབ་རྩེ་ཙམ་མ་ལུས་པར་འབྲུ་བ་ལྟ་ཅི་སྨོས། དུག་ཤིང་བརྩད་ནས་བསྒྱེལ་བ་ཡང་ཉེས་དམིགས་དང་རྩོལ་བར་བཅས་པ་ཡིན་ལ། ཁོ་བོ་ནི་སྨན་མར་སྦྱོར་བ་ལ་དུག་ཤིང་ཉོ་བ་ཡང་མ་རྙེད་དོ་ཞེས་ཟེར་ནས་དུག་ཤིང་ལ་སྨན་སྦྱོར་བྱས་པས་ནད་སེལ་ཞིང་རོ་ཙ་བའི་མཆོག་ཏུ་གྱུར་པ་ཞིག་བྱུང་ངོ་། །དཔེ་དེ་བཞིན་དུ་ཆོས་ཐམས་ཅ ད་བདག་གཉིས་ཀྱི་སྟོང་པར་རྟོགས་པས་གཟུང་བའི་ཡུལ་ཡང་འཛིན་པའི་ཤེས་པའི་སྐྱོན་གྱིས་འཁྲུལ་པའི་ཡུལ་དུ་སྒྲོ་འདོགས་པར་ཟད་ཀྱི་དོན་ལ་བདེན་མེད་སྒྱུ་མ་ལྟ་བུར་ཤེས་ཀྱང་ཐབས་ཀྱིས་ཟིན་པ་དང་མ་ཟིན་པ་ལས་ཕན་གནོད་ཀྱི་བྱ་བའང་བྱེད་པར་ཤེས་ནས་ཀུན་རྫོབ་རྫས་ཡོད་དུ་བལྟས་ཏེ་བླང་དོར་བྱེད་པས་བྱང་ཆུབ་སེམས་དཔའི་ཐེག་པས་ཉོན་མོངས་པ་ཆོས་ཉིད་དུ་སྦྱོང་བའི་ཐབས་དང་། ཡང་འབངས་དེ་རྣམས་ཀྱི་ནང་ནས་སྔགས་མཁན་ཞིག་བྱུང་ནས། དུག་ཤིང་འདུལ་བ་ལ་སྨན་གྱིས་འདུལ་སྦྱོང་འདི་ཙམ་བྱེད་ཅི་དགོས། འདི་བཞིན་བྱེད་ཟེར་ནས་སྔགས་བཏབ་པ་ཙམ་གྱིས་སྔར་གྱི་སྨན་སྦྱོར་ལས་ཀྱང་རོ་ནུས་མཆོག་ཏུ་གྱུར་པ་ཞིག་བྱུང་སྐད་དོ། །དཔེ་དེ་བཞིན་དུ་ཀུན་རྫོབ་རྫས་ཡོད་དུ་མི་འདོད་ཀྱང་བཏགས་པའི་ཡོད་པ་མི་འགོགས་པས་འདི་ལྟར་ལས་དང་ལས་ཀྱི་འབྲས་བུ་རྣམས་ཆུད་མི་ཟ་བས་མེད་ཅེས་སྐུར་པ་གདབ་ཏུ་མི་རུང་བས། འོན་ཀྱང་ཉོན་མོངས་པ་ལྷ་དང་ཡེ་ཤེས་སུ་བསྒྱུར་བའི་ཐབས་ལ་བརྟེན་ན་དེ་དག་གིས་མི་གོས་སོ་ཞེས་སྟོན་པ་ཀྲི་ཡོག་སྡེ་གསུམ་གྱི་ཐེག་པ་དང་། ཡང་རྨ་བྱ་གཅིག་བྱུང་ནས་དུག་ཤིང་གི་སྡོང་པོ་མཐོང་བས་ཤིན་ཏུ་དགའ་བའི་སེམས་ཀྱིས་གང་ལའང་ལྟོས་མེད་དུ་ཟོས་པས་ལང་ཚོ་རྒྱས་ཤིང་སྤུ་སྡུག་མདངས་དང་ལྡན་པར་གྱུར་ཏོ། །དཔེ་དེ་བཞིན་དུ་ཀུན་རྫོབ་ཏུ་བཏགས་པའི་ཡོད་པར་འཛིན་པའང་ཆེར་ཟད་དེ་ལས་དང་ལས་ཀྱི་འབྲས་བུ་བདག་ཉིད་ཆེན་པོའི་རོལ་པར་རྟོགས་པས་ཉོན་མོངས་པ་ལྔ་ཉིད་ཡེ་ཤེས་ལྔའི་རང་མདངས་སུ་ཤེས་ཏེ་སྤང་གཉེན་གཉིས་སུ་མེད་པས་ན་མི་གོས་གོས་པར་མི་འགྱུར་ཏེ། ཇི་ལྟར་སྤྱད་ཀྱང་ཡོན་ཏན་དུ་འཆར་བའི་སྔགས་ནང་པ་གཉིས་ལ་ཉོན་མོངས་པ་དབང་དུ་བྱེད་པའི་ཐབས་དང་། དེ་ལྟར་དུག་ཤིང་གི་སྡོང་པོ་སྐྱེས་པའི་དུས་ཉིད་ན་ལྡུམ་རའི་ས་གཞི་དེ་ལ་དུག་སྡོང་སྐྱེས་པ་དང་། བཅད་པ་དང་། སྨན་གྱིས་སྦྱངས་པ་དང་། བསྒྱུར་བ་དང་། རྨ་བྱས་ཟོས་པ་ལ་སོགས་པ་གང་ལ་ཡང་སྤང་བླང་དང་དགའ་མི་དགའི་རྟོག་པ་མེད་པ་དཔེ་དེ་བཞིན་དུ་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་སུ་རང་ཤར་བས་སྤང་སྦྱངས་བསྒྱུར་བ་དབང་དུ་བྱེད་པ་ཐམས་ཅད་དངོས་ཞེན་གྱི་ལྟ་བ་ལས་བྱུང་བར་རྟོགས་ནས་གང་ཡང་མི་འགོག་ཅིང་གང་དུ་ཡང་མི་རྩོལ་བས་སྤང་གཉེན་གྱི་ཐ་སྙད་ཐམས་ཅད་ལས་གྲོལ་ནས་ལས་དང་ལས་ཀྱི་འབྲས་བུས་གོས་པ་མེད་པར་སྟོན་པ་ཐེག་པ་ཐམས་ཅད་ཀྱི་གྲུབ་མཐའི་མཐར་ཐུག་པ་ཨ་ཏི་ཡོ་ག་ཡིན་ནོ། །འོ་ན་སྟོན་པ་དྲུག་པའི་ཐུགས་དགོངས་མཐར་ཐུག་པ་ཨ་ཏི་ཡིན་པར་འདུག་པ་ལ། མ་ཧཱ་ཡོ་གའི་རྒྱུད་འདི་ཉིད་ཀྱིས་བྱིན་རླབས་ལས་བྱུང་བར་བཤད་པ་འགལ་ལོ་ཞེ་ན། སྤྱིར་གྱི་བསྐྱེད་རྫོགས་གསུམ་པོ་དགོས་ཆེད་གྱི་དབང་གིས་ཁྱད་པར་ཡོད་པ་ལྟར་བསྟན་ཀྱང་། སྟོན་པའི་དགོངས་པའི་མཐར་ཐུག་ཏུ་གཅིག་ལས། དེ་དག་གི་སྤྱི་རྒྱུད་གསང་བའི་སྙིང་པོ་འདི་ཉིད་ཡིན་ཏེ། རྒྱས་པ་ལས། ལུང་གི་སྤྱི་འདི་ཤིན་ཏུ་ཟབ་པའི་ཕྱིར། །ཞེས་གསུངས་སོ། །གཉིས་པ་ཡོངས་སུ་ཤེས་པར་བྱ་བ་ལྟ་བ་ལ་གཉིས་ཏེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཏན་ལ་དབབ་པ་དངོས་སོ། །དང་པོ་ནི། དེ་ནས་དེ་བཞིན་སོགས་ཏེ། བསྟན་པ་སྤྱིའི་གླེང་གཞི་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཀུན་ཏུ་བཟང་པོས་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་དགོངས་པ་བརྡའི་གསུང་གིས་འོག་ནས་འབྱུང་བའི་དོན་རྣམས་ཚིག་ཏུ་བརྗོད་པ་དང་འདྲ་བ་འདི་བརྗོད་པས་གོ་བར་མཛད་དོ་ཞེས་གསང་བའི་བདག་པོས་ལོ་རྒྱུས་བརྗོད་དེ་འབྲེལ་སྦྱར་བའོ། །གཉིས་པ་ལ་གཉིས་ཏེ། བརྟག་གཞི་འཁོར་བའི་ཆོས་རང་བཞིན་མེད་པར་དང་། འདས་པའི་ཆོས་བརྗོད་མེད་དུ་གཏན་ལ་དབབ་པའོ། །དང་པོ་ལ་གསུམ། གཞལ་བྱ། གཏན་ཚིགས། གྲུབ་མཐའ་རྡོ་རྗེའི་ཐེག་པར་བསྟན་པའོ། །དང་པོ་ནི། ཇི་སྙེད་སོགས་རྐང་པ་ལྔ་སྟེ། སྣོད་བཅུད་ཀྱི་དངོས་པོ་ཇི་སྙེད་པས་བསྡུས་པའི་འཇིག་རྟེན་འདི་དག་དོན་ལ་མེད་ཀྱང་རྨི་ལམ་ལྟར་འཁྲུལ་པའི་ཆོས་ཏེ། རྩ་བ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་བདག་གཉིས་སུ་རྟོག་པའི་གཟུང་འཛིན་གཉིས་སྣང་གི་ཤེས་པ་ཕྱིའི་རྟེན་འབྲེལ་དང་ནང་གི་རྟེན་འབྲེལ་ཏེ་ཕྱི་ནང་གཉིས་སུ་མེད་པ་ཤིང་རྟའི་འཁོར་ལོ་ལྟར་འཁོར་ཏེ་ལས་མི་མཐུན་པའི་དབང་གིས་བདེ་སྡུག་སྣ་ཚོགས་མྱོང་བས་ཉམ་ཐག་པར་གྱུར་ཅིང་། དེ་ལྟར་སྣང་དུས་ཉིད་ནས་དེའི་རང་བཞིན་ཆོས་ཉིད་ལས་ཉམས་པ་མེད་པས་འཁོར་འདས་གཉིས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་ཀྱང་། སོ་སོར་ཞེན་པ་སྒྲོ་བཏགས་ཀྱི་བློ་དེ་ཉིད་སྐབས་འདིར་བརྟག་གཞིའམ་གཞལ་བྱར་ངོས་བཟུང་སྟེ། ལམ་རིམ་ལས། འཁོར་དང་འདས་དངོས་ཞེན་སྣང་བརྟག །ཅེས་དང་། རྣམ་བཀོད་ལས། བརྟག་པའི་སྤྱོད་ཡུལ་གཉིས་ལ་གཞལ། །ཞེས་གསུངས་སོ། །འོ་ན་དངོས་པོ་གཉིས་ཀྱི་ཆོས་གཞལ་བྱར་བྱས་ནས་འཇལ་བ་དེ། མྱང་འདས་འཇལ་ལམ་འཁོར་བ་འཇལ། །དང་པོ་ལྟར་ན། འདས་པའི་རང་མཚན་ནི་ལས་དང་པོ་པ་དང་མོས་སྤྱོད་ཀྱི་རིག་ཤེས་ལ་ལྐོག་ཏུ་གྱུར་པའི་ཕྱིར། །འོ་སྐོལ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པས་གཞལ་བྱར་མི་རུང་ངོ་། །གལ་ཏེ་འདས་པའི་སྣང་བ་ལ་འཇལ་ན། དེར་ཞེན་པའི་སེམས་དེ་ལ་འཇལ་ལོ་ཞེ་ནའང་མི་རིགས་ཏེ། མྱང་འདས་འཁྲུལ་ཤེས་ཀྱི་ཡུལ་དུ་མ་གྱུར་པའི་ཕྱིར་ཞེན་དུ་མི་རུང་ཞིང་། གལ་ཏེ་ཞེན་ན་སྒྲོ་འདོགས་འཁོར་བའི་ཆོས་སུ་འགྱུར་བས་འདས་པ་འཇལ་དུ་མི་རུང་ངོ་། །གཉིས་པ་འཁོར་བ་འཇལ་སྙམ་ནའང་མི་རིགས་ཏེ། འཕགས་པ་ལྷས། ཇི་ལྟར་སྣང་ཉིད་དགག་མེད་དེ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། །ཞེས་པས། རིགས་པས་དགག་པར་མི་ནུས་ཤིང་བཀག་ན་སྐྱོན་དུ་འགྱུར་བའི་ཕྱིར། ལམ་བསོད་ནམས་ཀྱི་ཚོགས་བཀག་པ་དང་། འབྲས་བུ་ཡེ་ཤེས་གཉིས་རྒྱུན་ཆད་པར་འགྱུར་བའི་ཕྱིར་རོ། །འོ་ན་གང་གཞལ་སྙམ་ན། ད་ལྟར་གྱི་ཤེས་པ་སྐད་ཅིག་མ་རང་ཐད་ཀྱི་ཞེན་སྣང་ལ་འཇལ་ཏེ། འཁོར་འདས་གཉིས་ཀྱི་རང་མཚན་ལ་མི་འཇལ་གྱི། འཁོར་འདས་ཕྱི་ནང་སྣོད་བཅུད་དུ་ཞེན་པའི་ཞེན་བྱེད་ཀྱི་བློ་ཉིད་གཞལ་བྱར་གསུངས་སོ། །འོ་ན་འཁྲུལ་ཚུལ་གྱི་སྐབས་སུ་འཁོར་བ་ལ་ཐོག་མཐའ་ཡོད་དམ་མེད་ཅེ་ན། འཁོར་བ་སྤྱི་མཚན་ལ་ཐོག་མཐའ་གཉིས་ཀ་མེད་དེ། སྤྱི་མདོ་ལས། འཁོར་བ་ཐོག་མ་ཐ་མ་མེད་པའི་ཁམས་སུ། ཞེས་གསུངས་པའི་ཕྱིར། བྱེ་བྲག་ཏུ་གང་ཟག་སྒོས་བཙན་ལ་འཁོར་བ་ལ་ཐོག་མ་མེད་ཀྱང་ལམ་ཉམས་སུ་བླང་ནས་གློ་བུར་གྱི་དྲི་མ་མ་ལུས་པ་དག་ནས་སངས་རྒྱས་པའི་ཕྱིར་ཐ་མ་ཡོད་པར་འདོད་དེ། དེ་ཡང་འདི་ཉིད་ལས། ཐོས་བསམ་བསྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། །ཅེས་དང་། ལམ་ཆུང་ལས། དེ་ཕྱིར་མུན་པ་རྣམ་གཉིས་ཡོད། །སངས་པས་ཡེ་ཤེས་ཕྱོགས་བྲལ་རྒྱས། །ཞེས་གསུངས་སོ། །གཉིས་པ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ཐུན་མོང་པ་བདེན་པའི་གཏན་ཚིགས་ནི། ཡང་དག་སྒྱུ་མའི་སོགས་སྐང་པ་གསུམ་སྟེ། འཁོར་བའི་ཆོས་ཐམས་ཅད་སྣང་ཙམ་ཉིད་ནས་ཡང་དག་པར་མ་གྲུབ་པ་དོན་དམ་དང་། སྒྱུ་མ་ལྟ་བུར་མ་འགགས་པ་ཀུན་རྫོབ་སྟེ། མདོ་ཕྱོགས་ཀྱི་ཆོས་ཐམས་ཅད་བདེན་པ་གཉིས་སུ་འབྱེད་པའི་འདོད་པ་དང་ཚུལ་མཐུན་པར་འདིར་ཡང་གཉིས་སུ་བཤད་དེ། དེ་ལྟར་བདག་ཏུ་འཛིན་པའི་རྣམ་ཤེས་ཚོགས་བརྒྱད་དང་། བདག་གི་བར་རྟོག་པ་ཕུང་པོ་ལྔ་དང་། འབྱུང་བ་ལྔ་ལ་གཞན་དུ་སྒྲོ་བཏགས་ཏེ་ཡུལ་དུ་འཛིན་པ་འདི་དག་སྣང་ཙམ་ཉིད་ནས་གྲུབ་པ་མེད་དེ། རྣམ་པར་དག་པའི་དབྱིངས་ཆོས་ཉིད་ཀྱི་ངང་ཚུལ་གཅིག་པར་མཉམ་པའི་ཕྱིར་རོ། །དེ་ཡང་འདི་ལྟར་སྣང་བའི་ཆོས་རྣམས་ཆོས་ཅན། ལྷག་པ་ཆོས་ཀྱི་སྐུར་ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞི་དང་ལྡན་པའི་ཕྱིར་རོ། །མཉམ་པ་བཞི་ནི། བདག་གསུམ་པོ་དོན་དམ་བདེན་ངོར་མ་གྲུབ་པས་སྐྱེ་མེད་དུ་མཉམ་པ་དང་། ཀུན་རྫོབ་བདེན་ངོར་སྒྱུ་མ་ཙམ་དུ་སྣང་བས་མཉམ་པ་ནི་ཐུན་མོང་གི་མཉམ་པ་གཉིས་དང་། རྣམ་ཤེས་རྣམས་ཡེ་ཤེས་ལྔ་དང་། ཕུང་པོ་རིགས་ལྔ་དང་། འབྱུང་བ་ཡུམ་ལྔར་དག་པས། དོན་དམ་བདེན་པའི་དབང་དུ་ཡེ་ཤེས་ལྔ་དང་འབྲས་བུ་དང་རང་བཞིན་དོན་དམ་གསུམ་སྟེ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་པ་དང་། ཀུན་རྫོབ་ཏུ་ཡེ་ཤེས་ཕྱག་རྒྱ་དངོས་པོ་སྒྱུ་མ་གསུམ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པར་མཉམ་པ་ནི་ཐུན་མོང་མ་ཡིན་པའི་མཉམ་པ་གཉིས་སོ། །གཉིས་པ་ལ། རྟོགས་པ་བཞི་དང་། དག་པ་གསུམ་གྱི་གཏན་ཚིག་གོ། །དང་པོ་ནི། བདག་དང་བདག་གི་སོགས་རྐང་པ་གཅིག་དང་བཅས་པའི་ཚིགས་བཅད་གཉིས་ཏེ། བདག་དང་བདག་གི་གཞན་ཞེས་ཐ་དད་དུ་སྣང་བ་འདི་རྣམས་ནི་ལོག་པར་རྟོག་པའི་འཁྲུལ་སྣང་ཙམ་ཉིད་ལས་གཞན་དུ་མེད་པས་ཕྲ་ཞིང་ཕྲ་བ་སྟེ་ཟབ་པའང་། ཉན་ཐོས་ལྟར་རྡུལ་ཕྲན་དང་། རང་རྒྱལ་ལྟར་ཤེས་པ་སྐད་ཅིག་མ་ཡང་བདེན་པར་གྲུབ་པ་ཡོད་པ་མ་ཡིན་ཀྱང་། འདི་ལྟར་སྣང་བ་ནི་ལོག་རྟོག་གི་རྒྱུན་སྔ་མ་ཉིད་ལ་ཕྱི་མ་ཉིད་སྤྱོད་པ་རྨི་ལམ་གྱི་སྣང་བ་ལྟར་འཁྲུལ་པར་ཟད་པས་ན་ཆོས་ཉིད་ལས་གཞན་དུ་གཡོ་བ་ཅི་ཡང་མེད་པ་ནི་རྒྱུ་གཅིག་པའི་རྟགས་ཀྱི་བསྒྲུབ་བྱ་སྟེ། སྒྲུབ་ཚུལ་ནི་ཐ་སྙད་པའི་སྣང་ངོར་སྣང་ཡང་དཔྱད་ན་ལོག་རྟོག་ཙམ་ཡང་ཡོད་པ་མ་ཡིན་ཏེ། དེའི་རྒྱུ་མ་རིག་པའི་བདག་དང་། འབྲས་བུ་ཕུང་པོ་དང་། ཞེན་པའི་རྒྱུན་རྣམ་ཤེས་སུ་སྣང་བ་ཉིད་ཀྱང་བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་གྲུབ་པ་མེད་དེ། འཁོར་འདས་མཉམ་པ་ཉིད་ཀྱི་དབྱིངས་སུ་ལོག་རྟོག་སྐད་ཅིག་མའི་རྒྱུན་ཙམ་ཡང་མ་གྲུབ་པས་ཆོས་ཐམས་ཅད་སེམས་ཀྱི་ཆོས་ཉིད་དུ་རྒྱུ་གཅིག་ཏུ་རྟོག་པའི་ཕྱིར་རོ། །དེ་ལྟར་ཡང་འཁོར་འདས་གཉིས་ཆོས་ཅན། རྒྱུ་གཅིག་པ་ཡིན་ཏེ། སེམས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་རྒྱུ་གཅིག་པའི་ཕྱིར། དཔེར་ན་རྒྱལ་བུ་དམངས་སུ་འཛིན་པའི་སྒྲོ་འདོགས་དང་། རྒྱལ་པོར་ངེས་པའི་ཚད་མ་གཉིས་ངོ་བོ་རྒྱལ་བུར་གཅིག་པ་བཞིན་ནོ། །དེ་ལྟར་ལོག་རྟོག་གི་རྒྱུན་རྣམ་པར་དག་པས་ཆོས་ཀྱི་དབྱིངས་སུ་རྒྱུ་གཅིག་པ་ཉིད་རྟགས་ཡིག་འབྲུའི་ཚུལ་གྱིས་མ་འགགས་པར་རྟོགས་ཏེ། དེ་ཡང་སྐྱེ་མེད་མཚོན་པ་ཡི་གེ་ཨའི་ཚུལ་ཏེ་གསུང་གི་རང་བཞིན་དང་། དེ་ཉིད་ལ་ཅི་ཡང་མི་འགགས་པས་དབང་བསྒྱུར་བ་མཚོན་པ་ཨུའི་ཚུལ་ཏེ་སྐུའི་རང་བཞིན་དང་། དེ་གཉིས་མཚམས་སྦྱར་ལ་ཐིག་ལེས་བརྒྱན་པས་གཉིས་མེད་དུ་རྟོགས་པའི་རིག་པ་ཉིད་ཡེ་ཤེས་ལྔར་མཚོན་བྱེད་ༀ་གྱི་ཚུལ་དུ་རྟོགས་པ་ཐུགས་ཀྱི་རང་བཞིན་ཏེ་ཡིག་འབྲུའི་ཚུལ་ལོ། །དེ་ཡང་སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགགས་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་བྱེད་ཡི་གེས་མཚོན་ནས་རྟོགས་པའི་ཕྱིར། །དཔེར་ན་མཛུབ་མོའི་རི་བོང་ཅན་བཞིན་ནོ། །དེ་ལྟར་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་དུ་རྟོགས་པའི་མཐུས་བདེན་པ་དབྱེར་མེད་དུ་ཡེ་ནས་སངས་རྒྱས་པས་རྟོགས་པའི་བྱིན་རླབས་ཤུགས་ལས་བྱུང་སྟེ། དེ་ཡང་སྣང་སྟོང་གཉིས་ཆོས་ཅན། དབྱེར་མེད་པ་ཡིན་ཏེ། དེ་གཉིས་དངོས་སུ་རྟོགས་པའི་མཐུས་བདེན་པ་དབྱེར་མེད་དུ་ཡེ་ནས་སངས་རྒྱས་པར་རྟོགས་པའི་བྱིན་རླབས་ཤུགས་ལས་འབྱུང་བའི་ཕྱིར། དཔེར་ན་རས་དཀར་པོ་དམར་པོར་བསྒྱུར་བའི་ནུས་པ་བཙོད་ལ་ཡོད་པ་བཞིན་ནོ། །རང་རིག་མངོན་སུམ་གྱིས་ཉིད་ལ་ཉིད་སྤྱོད་པ་ལྟར་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། དེ་ཡང་བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྗེན་པར་རྟོགས་པའི་ཕྱིར། དཔེར་ན་མིག་སྐྱོན་མེད་པས་དུང་དཀར་པོ་མཐོང་བ་བཞིན་ནོ། །གཉིས་པ་ནི། བདག་དང་གཞན་དང་སོགས་རྐང་པ་གཉིས་ཏེ། བདག་ཕུང་པོ་ལྔ་དང་། གཞན་འབྱུང་བ་ལྔ་དང་། རྟོག་པའི་རྒྱུན་རྣམས་ཤེས་ཏེ་ཕྱི་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། རིམ་པ་ཇི་ལྟ་བར་ཡབ་ལྔ་དང་། ཡུམ་ལྔ་དང་། ཡེ་ཤེས་ལྔར་དག་པའི་ཕྱིར་རོ། །དེ་ལྟར་ཡང་སྣང་བ་ཕྱི་ནང་གི་ཆོས་ཐམས་ཅད་ཆོས་ཅན། ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པ་ཡིན་ཏེ། དག་པ་གསུམ་དང་ལྡན་པའི་ཕྱིར། དེ་ཡང་སྣོད་བཅུད་རྒྱུད་གསུམ་ཡབ་ཡུམ་དང་ཡེ་ཤེས་སུ་དག་པའི་ཕྱིར་རོ། །གསུམ་པ་གྲུབ་མཐའ་ནི། གཏན་ཚིགས་དེ་དག་གིས་གཞལ་བའི་འབྲས་བུ་ཆོས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་ཆོས་ཉིད་དུ་གཏན་ལ་ཕེབས་པ་ནི་བླ་ན་མེད་པ་རྡོ་རྗེའི་ཐེག་པ་འདིའི་གྲུབ་མཐའ་སྟེ། མཚན་ཉིད་དང་ཕྱིར་རྒྱུད་ཀྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་མཆོག་གོ། །གཉིས་པ་འདས་པའི་ཆོས་བརྗོད་མེད་དུ་གཏན་ལ་དབབ་པ་ལྔ་སྟེ། ཐེག་པ་བཞིས་ངེས་པར་འབྱུང་བའི་འབྲས་བུ་བླ་ན་མེད་པའི་ཐེག་པར་བསྟན་པ། ཆོས་ཐམས་ཅད་རང་བཞིན་མེད་པའི་ཆོ་འཕྲུལ་དུ་བསྟན་པ། སངས་རྒྱས་དང་ཆོས་ལ་འཕོ་འགྱུར་མེད་ཀྱང་དོན་དུ་དེ་ལྟར་བསྟན་པ། རྒྱུད་ཀྱི་ཆེ་བ་བསྟན་པ། དེ་ཐམས་ཅད་བཏགས་པ་ཙམ་སྟེ་རང་བཞིན་བརྗོད་མེད་དུ་བསྟན་པའོ། །དང་པོ་ནི། ཐེག་པ་བཞི་སོགས་རྐང་པ་གཉིས་ཏེ། ལྷ་མི་གཉིས་ཀྱིས་ངན་འགྲོ་དང་། ཉན་རང་གིས་འཁོར་བ། བྱང་སེམས་ཀྱི་ཐེག་པས་མཐའ་གཉིས་ལས་ངེས་པར་འབྱུང་ལ། དེ་ལྟར་ངེས་པར་བྱུང་བའི་མཐར་བླ་ན་མེད་པའི་ཐེག་པ་གཅིག་པུ་འདི་ཁོ་ན་ནི་དེ་དག་གི་བསྒྲུབ་བྱ་དང་འདི་ལས་བགྲོད་ཅིང་སྤྱད་དུ་མེད་པས་འབྲས་བུར་ངེས་ཤིང་གནས་བྱའི་ས་ཡང་ཡིན་ནོ། །གཉིས་པ་ནི། ཡང་དག་རྟོགས་པ་སོགས་རྐང་པ་གཉིས་ཏེ། དོན་དམ་མངོན་དུ་བྱས་པས་ཡང་དག་པའི་གནས་ལུགས་ཀྱི་དོན་ཇི་ལྟར་རྟོགས་པའི་ཤེས་རབ་ཀྱིས་རབ་་ཏུ་བརྟག་ཅིང་དཔྱད་ན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་ཅི་ཡང་གྲུབ་པ་མེད་པའི་ངང་ལས་རྟེན་འབྲེལ་ཙམ་དུ་རོལ་པ་ཅིར་ཡང་མ་འགགས་པར་འཆར་བས། ཐབས་རྣམས་ཀྱང་གདུལ་བྱའི་བློ་དང་མཐུན་པར་ཆུད་མི་ཟ་བར་འགྲུབ་བོ། །གསུམ་པ་ནི། སངས་རྒྱས་སོགས་ཚིགས་བཅད་གཅིག་སྟེ། དོན་དམ་པར་སྐུ་གསུམ་དབྱེར་མེད་པས་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ཡང་མྱ་ངན་ལས་ཡོངས་སུ་མི་འདའ་ཞིང་། དེས་གསུངས་པའི་ཆོས་འཁོར་གསུམ་ཡང་འཁོར་བ་མ་སྟོང་བར་དུ་ནུབ་པར་མི་འགྱུར་ཏེ། སེམས་ཅན་ཐམས་ཅད་སྒྲོལ་བར་ཞལ་གྱིས་བཞེས་པའི་ཕྱིར་རོ། །འོན་ཀྱང་འཕོ་འགྱུར་ཡོད་པ་ལྟར་སྣང་བ་ནི་རང་གི་གནས་ལུགས་མ་རིག་པའི་སེམས་ཅན་རྣམས་སྨིན་པར་མཛད་པ་དང་འདུལ་བའི་ཕྱིར། དང་པོ་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དང་། བར་དུ་ཆོས་འཁོར་བསྐོར་བ་དང་། མཐར་ཐུག་རྟག་འཛིན་ཅན་སེམས་ཕྱུང་ནས་མི་རྟག་པར་བསྟན་པ་དང་། ལེ་ལོ་ཅན་ལ་ཕན་གདགས་ཏེ་ལམ་ལ་འབད་པ་དང་། བརྩོན་འགྲུབ་ཅན་ཆོས་ལ་བསྐུལ་བའི་ཆེད་དུ་མྱ་ངན་ལས་འདའ་བའི་བར་གྱི་མཛད་པ་དང་། ལུང་རྟོགས་ཀྱི་བསྟན་པ་དར་ནུབ་ཀྱི་ཚུལ་སྟོན་པ་ཐམས་ཅད་སྤྲུལ་པ་ཙམ་ལས་རང་རྒྱུད་དུ་གྲུབ་པ་མ་ཡིན་ནོ། །དེ་ལྟར་ཡང་གསེར་འོད་དམ་པ་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་ཏེ། །ཞེས་གསུངས་སོ། །བཞི་པ་ནི། འདུལ་བ་སོགས་ཚིགས་བཅད་གཉིས་ཏེ། དེ་ཡང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ཆོས་མངོན་པའི་སྡེ་སྣོད་དང་། གསང་སྔགས་ཀྱི་བཅའ་གཞི་དམ་ཚིག་གཙོ་བོར་སྟོན་པ་བྱ་རྒྱུད་དང་། དམ་ཚིག་དང་ཏིང་ངེ་འཛིན་གཉིས་ཀྱི་ཆ་ལ་བརྟེན་ནས་བསྒྲུབ་པ་སྤྱོད་རྒྱུད་དང་། ཏིང་འཛིན་གཙོ་བོར་སྟོན་ཅིང་དོན་མྱུར་དུ་གྲུབ་པར་བྱེད་པ་ཡོ་ག་དང་། བསྐྱེད་རིམ་གཙོ་བོར་སྟོན་པ་སྐུའི་རྒྱུད་མ་ཧཱ་ཡོ་ག་དང་། རྫོགས་རིམ་གཙོ་བོར་སྟོན་པ་གསུང་གི་རྒྱུད་ཨ་ནུ་ཡོ་ག་དང་། བསྐྱེད་རྫོགས་ཟུང་འཇུག་ཏུ་སྟོན་པ་ཐུགས་ཀྱི་རྒྱུད་ཨ་ཏི་ཡོ་ག་སྟེ། དེ་ལྟར་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་སྣོད་ལྡན་ཀུན་ལ་རབ་ཏུ་གྲགས་པའི་མདོ་རྒྱུད་ཐམས་ཅད་དཔལ་གསང་བའི་སྙིང་པོ་འདི་ལས་འཕྲོས་པ་སྟེ། དེ་བས་ན་མ་མོ་དང་མཁའ་འགྲོ་ཐམས་ཅད་ཀྱིས་རྒྱས་འདེབས་པའི་རང་བཞིན་གསང་བའི་སྙིང་པོ་འདི་ནི་སྡེ་སྣོད་གསུམ་དང་རྒྱུད་དྲུག་པོ་ཀུན་གྱི་འབྱུང་གནས་ཏེ་ཕྱི་མོ་ལྟ་བུར་འགྱུར་ཞིང་། གསང་བའི་སྙིང་པོ་འདི་རྟོགས་ནས་ཐེག་པ་རིམ་པ་དགུ་པོ་ཐམས་ཅད་ཀྱི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་ངེས་པར་འབེབས་པའི་ཕྱིར་མདོ་རྒྱུད་ཀུན་གྱི་སྤྱི་འགྲེལ་ལྟ་བུའང་ཡིན་ནོ། །ལྔ་པ་ནི། ཆོས་རྣམས་ཐམས་ཅད་ནས་བརྗོད་དོ་ཞེས་པའི་བར་ཏེ། དེ་ལྟར་བསྟན་པའི་ཆོས་རྣམས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་ཕྱིར་མིང་ཐ་དད་དུ་བཏགས་པ་ཙམ་ལས་དོན་ལ་བདེན་པར་གྲུབ་པ་མེད་ཀྱང་། སྟོན་པས་ཡང་དག་པའི་དོན་ལ་རིམ་གྱིས་དཀྲི་པའི་ཆེད་དུ་གདུལ་བྱའི་བློ་དང་མཐུན་ཕྱོགས་སུ་མིང་དང་ཚིག་ཏུ་སྒྲོ་བཏགས་ནས་ཆོས་བསྟན་པ་ཙམ་ལས་དེ་ལྟར་སྟོན་པའི་དུས་ཉིད་ནས་མིང་དང་ཚིག་ཏུ་དོན་གྱི་དངོས་པོ་ཅུང་ཟད་ཀྱང་གྲུབ་པ་མེད་དེ། དེ་ལྟར་སྒྲོ་བཏགས་པ་མ་གཏོགས་དོན་དམ་པར་ཆོས་ཐམས་ཅད་བརྗོད་དུ་མེད་པའོ། །ཞེས་སྟོན་པས་འཁོར་རྣམས་ལ་བརྗོད་པར་མཛད་དོ། །དེའང་ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་ལ་ལ་ཞིག་ལ་བུ་བཙས་ན། །དེ་ཡི་མིང་ནི་ཐ་དད་དེར་བཏགས་ཀྱང་། །ནང་དང་ཕྱི་རོལ་ཀུན་ཏུ་བཙལ་ན་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་སོ། །གཉིས་པ་བསྡུ་བ་ལ་བཞི་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ། བསྡུ་བ་དངོས། བཀའ་གསང་སྔགས་མཚོན་པའི་ཚིག །བསྡུས་པའི་ཡོན་ཏན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཀུན་བཟང་ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་དོན་ཉམས་སུ་མྱོང་དཀའ་བས་གསང་བ་འདི་ཉིད་སྐུ་དེ་བཞིན་གཤེགས་པ་དང་། གསུང་པདྨ་དང་། ཐུགས་རྡོ་རྗེ་དང་། ཡོན་ཏན་རིན་ཆེན་དང་། ཕྲིན་ལས་ལས་ཀྱི་རིགས་དང་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་འོག་ནས་འབྱུང་བ་བསྡུ་བའི་ཚིག་འདི་དག་ཕྱུང་ངོ་། །གཉིས་པ་ལ། གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་དང་། འགྲེལ་བ་སྤར་ཁབ་ལྟར་ལམ་ཅིག་ཅར་བ་ལྟར་དུ་བསྡུ་བ་གཉིས་ལས། དང་པོ་ནི། ཨ་ཧོཿ སྲིད་རྩའི་སོགས་ཚིགས་བཅད་གཉིས་ཏེ། ཨ་ཧོཿཞེས་འཁོར་འདས་ཀྱི་དངོས་པོ་གཉིས་གཏན་ཚིགས་གིས་ངོ་བོ་གཅིག་པར་གྲུབ་པ་ལ་མཉེས་པའོ། །འདི་ལྟར་སྲིད་པར་བཅིངས་པའི་ཉེས་དམིགས་ཐམས་ཅད་བསྐྱེད་པའི་རྩ་བ་ནི་ང་དང་བདག་ཏུ་རྟོག་པའི་མ་རིག་པ་སྟེ། དེ་ལས་འཕྲོས་པ་ལས་ཉོན་གྱི་དབང་གིས་རྒྱུད་དྲུག་སེམས་ཅན་སོ་སོའི་སྣང་བ་ལ་སྐྱེས་པ་དང་། རྒ་བ་དང་། མཐར་སྲོག་འགགས་པས་འཆི་བ་དང་། ལུས་བཟང་ངན་དང་། ལོངས་སྤྱོད་ཆེ་ཆུང་དང་། གནས་མཐོ་དམན་དང་། འཆི་འཕོ་སོགས་སྡུག་བསྔལ་གྱི་འཁྲུལ་འཁོར་བར་མེད་དུ་འཁོར་བ་ལ་སོགས་པ་སྟེ། དེ་དག་ཐམས་ཅད་ཀྱང་ལོག་པའི་རྟོག་པ་ཉིད་ལས་དོན་གཞན་དུ་གྲུབ་པ་ཅི་ཡང་མེད་དོ། །དེ་ལྟར་ཚིགས་བཅད་འདི་ནང་ཇི་སྙེད་འཇིག་རྟེན་ཞེས་སོགས་གཞལ་བྱ་སྟོན་པའི་རྐང་པ་ལྔ་བསྡུའོ། །བདེན་རྟོགས་དག་པའི་གཏན་ཚིགས་གསུམ་གྱི་སྒོ་ནས་གཞལ་བྱའི་ཆོས་ཐམས་ཅད་སྟོང་ཉིད་བདག་མེད་པའི་དོན་གཏན་ལ་ཕེབས་པའོ། །རྐང་པ་ལྔ་པའི་ཕྱེད་སྔ་མ་འདིས་གཏན་ཚིགས་གསུམ་གྲུབ་མཐའ་དང་བཅས་པ་བསྡུའོ། །སྟོང་ཉིད་ཀྱི་དོན་ཡེ་ནས་མཁྱེན་པ་སོ་སོ་རང་རིག་པའི་ཡེ་ཤེས་ཐུགས་སུ་ཆུད་པ་ན་ཆོས་ཐམས་ཅད་རང་བཞིན་མེད་པའི་ཆོ་འཕྲུལ་དུ་གཟིགས་ཤིང་སྟོན་པ་དང་བསྟན་པའི་འཕོ་འགྱུར་ཡང་འགྲོ་བའི་སྣང་བ་ཙམ་དུ་སྣང་བའོ། །རྐང་པ་ཕྱེད་ཕྱི་མས་ཡང་དག་རྟོགས་པས་སོགས་རྐང་པ་དྲུག་བསྡུའོ། །དམིགས་བྱ་གཟུང་ཡུལ་དང་དམིགས་བྱེད་འཛིན་སེམས་ཀྱི་རྟོག་པ་གཉིས་ངང་གིས་མེད་པར་དྲན་སྣང་ཐམས་ཅད་ཡེ་ཤེས་སུ་དབང་བསྒྱུར་བ་སྟེ། ཡེ་ཤེས་ཉིད་ལ་འདོད་རྒུར་སྤྱོད་པས་ཐེག་པ་བཞིས་ངེས་པར་འབྱུང་བའི་འབྲས་བུ་ཐེག་པ་འདིར་བསྟན་པ་དང་། འདི་ལས་བསྟན་པ་ཐམས་ཅད་འཕྲོས་ཤིང་འདིས་འགྲེལ་པ་དང་། དབབ་བྱའི་ཡུལ་དང་འབེབས་བྱེད་ཀྱི་ཐེག་པ་ཐམས་ཅད་བརྗོད་མེད་དུ་བསྟན་པའོ། །རྐང་པ་དྲུག་པར་ཐེག་པའི་ཁྱད་པར་དང་། རྒྱུད་ཀྱི་ཆེ་བ་དང་། རང་བཞིན་བརྗོད་མེད་དུ་བསྟན་པའི་དོན་གསུམ་བསྡུ་སྟེ། དེ་རྣམས་ནི་བསྡུ་བའི་སྟོད་དུ་ལེའུའི་སྨད་བསྡུ་བ་ཞེས་བྱའོ། །གནས་ལུགས་རྟོགས་ནས་ཆོས་ཐམས་ཅད་ཀྱི་འབྲས་བུ་མངོན་དུ་བྱས་པས་ཡོན་ཏན་ལྷུན་གྱིས་གྲུབ་པ་ལ་ངོ་མཚར་བའི་མཛད་པ་ལ་གླེང་གཞི་སྤྲོ་བའི་རྒྱུ་དང་། སྐུ་བསོད་ནམས་ཆེན་པོ་དང་། གསུང་རིག་པ་དང་། ཡོན་ཏན་ཉིད་མངོན་ཤེས་དང་རྫུ་འཕྲུལ་དུ་ཤར་བས་དོན་མཛད་པ་ཐུགས་མངོན་སུམ་པ་དང་། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་སྟེ། དེ་བཞིན་ཞིང་ཁམས་མཐའ་ཡས་པར་འགྲོ་བའི་དོན་མཛད་པ་དེ་ཐམས་ཅད་ཀྱང་ཡེ་ཤེས་རང་སྣང་བ་ལས་གཞན་ལོགས་ན་རང་མཚན་དུ་གྲུབ་པ་མེད་དེ། ཡེ་ཤེས་དེ་ཉིད་གདུལ་བྱའི་སྣང་བ་ལ་དེ་ལྟར་སྣང་བ་ཡིན་ནོ། །རྐང་པ་བདུན་པ་དང་བརྒྱད་པ་སྟེ་བསྡུ་བའི་སྨད་དུ་ལེའུའི་སྟོད་བསྟན་པ་འབྱུང་བ་སྤྱིའི་གླེང་གཞི་བསྡུའོ། །གཉིས་པ་ནི། སྲིད་རྩའི་ཞེས་པ་ནས་གཞན་དུ་གཡོ་བ་ཅི་ཡ ང་མེད་ཅེས་པའི་བར་གྱི་ཚིག་བཞི་པོ་གཞལ་བྱའོ། །ཆོས་ཐམས་ཅད་སྟོང་ཉིད་བདག་མེད་པར་གཏན་ལ་འབེབས་པ་གཏན་ཚིགས་སོ། །ཡེ་ནས་གནས་པའི་དོན་རང་རིག་པའི་ཐུགས་རང་གསལ་བར་རྟོགས་པ་གྲུབ་མཐའ་སྟེ་དེ་དག་གི་ལྟ་བའོ། །དམིགས་བྱ་དམིགས་བྱེད་མེད་པར་གནས་པ་ནི་སྒོམ་པའོ། །དྲན་སྣང་དུ་ཡེ་ཤེས་སུ་དབང་བསྒྱུར་བ་ནི་སྤྱོད་པའོ། །དེ་ལྟར་ལྟ་སྒོམ་སྤྱོད་གསུམ་གྱིས་ངོ་མཚར་བའི་སྐུ་གསུང་ཐུགས་ཡོན་ཏན་ཞིང་ཁམས་ཕྲིན་ལས་བཅས་མངོན་དུ་སྣང་བ་ནི་འབྲས་བུའོ། །གཞན་ན་མེད་དེ་རང་རིག་སྐུ་དང་ཡེ་ཤེས་སུ་ཤར་བ་དེ་ཀ་ཀུན་བཟང་གི་ཐུགས་རིག་ཀྱང་དེ་ལྟར་ཡིན་པའོ་ཞེས་སྣང་བ་གཉིས་ལས་མ་འདས་ཏེ། མངོན་དུ་བྱས་པ་བདེ་གཤེགས་ཀྱི་སྣང་བ་ཡིན་ལ། དེ་ལྟ་བུའི་མཛད་པ་ནི་གདུལ་བྱའི་སྣང་བ་ཡིན་ནོ། །གསུམ་པ་ནི། ཞེས་རྡོ་རྗེ་སོགས་ཏེ། དེ་ལྟར་ཆོས་ཐམས་ཅད་སྣང་བ་གཉིས་ལས་མ་འདས་སོ་ཞེས་རྡོ་རྗེ་འཛིན་པ་དཔལ་གསང་བའི་བདག་པོས་ཚིག་ཏུ་བསྡུས་པའོ། །བཞི་པ་ནི། ཞེས་བརྗོད་པས་ཐུབ་པ་སོགས་ཏེ། དེ་སྐད་ཅེས་བརྗོད་པས་སྟོན་པ་རིགས་དྲུག་པའི་ཐུགས་རྗེ་ལས་ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པར་སྤྲོས་ནས་འདུལ་བའི་དབང་གིས་ཆོས་སྒོ་དུ་མ་བསྟན་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དང་བརྡའ་ལ་སོགས་པའི་སྒོ་ནས་གསུངས་པ་ཡང་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་རང་སྣང་བར་བསྟན་པ་དེ་དག་ཙམ་དུ་འདུས་པར་སྟོན་པ་དེ་བཞིན་གཤེགས་པ་རིགས་དྲུག་པ་ཉིད་ཀྱིས་མཁྱེན་ཏོ། །གཉིས་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིས་འཁོར་འདས་ཀྱི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་སུ་སྣང་བ་ཙམ་དང་། དེ་ཉིད་ཀྱང་ཆོས་ཉིད་དུ་གཏན་ལ་ཕབ་ནས་བསྟན་པའི་ལེའུ་སྟེ་གསུམ་པའོ།། ༈ །།འདིར་ཁ་ཅིག་ན་རེ། ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་གསུམ་པ་འདིས་ཆོས་ཐམས་ཅད་གཏན་ལ་འབེབས་སམ་མི་འབེབས། འབེབས་ན་ལེའུ་ལྔ་པ་དང་བཅུ་གཅིག་པའི་གཏན་ཚིག་དགོས་མེད་དུ་ཐལ་ལོ་ཞེ་ན། འདི་ལ་སྔ་རབས་པ་ཁ་ཅིག་གིས། འདིས་སྤྱི་མཚན་དུ་གཏན་ལ་དབབ་ལ། ལྔ་པ་དང་བཅུ་གཅིག་པའི་གཏན་ཚིགས་ཀྱིས་བྱེ་བྲག་ཏུ་གཏན་ལ་འབེབས་པ་ཡིན་གསུངས་ཀྱང་། བླ་མ་རྒྱ་གབ་གོང་པ་ནི་ལེའུ་གསུམ་པ་འདིར་ཆོས་ཐམས་ཅད་གཏན་ལ་འབེབས་ལ། ལྔ་པའི་གཏན་ཚིགས་ནི་ལམ་གྱི་གོ་རིམ་ལ་ལྟ་བ་ཐོག་མར་དགོས་པས་སྨོས་ལ། བཅུ་གཅིག་པའི་གཏན་ཚིགས་ནི་ཟག་མེད་བསྒྲུབ་པ་ལ་ཡོ་བྱད་ཀྱི་གཙོ་བོར་ལྟ་བ་དགོས་པའི་ཆ་ནས་སྨོས་པ་ཡིན་གསུངས་པ་ནི་གཞུང་དང་འབྱོར་རོ། །ད་ནི་ལེའུ་བཞི་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ཡི་གེ་ལ་བརྟེན་ནས་ལམ་ཉམས་སུ་ལེན་པས་ལམ་སྟོན། སྣང་བ་བཞི་ལས་རང་བཞིན་དང་འབྲས་བུའི་སྣང་བ་ཟུར་ཙམ་སྟོན། གཙོ་བོར་ལམ་སྣང་སྟོན། ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་གཙོ་བོར་སྟོན། རིམ་ཅིག་ཅར་གཉིས་ལས་གྲོལ་ལམ་རིམ་གྱིས་པ་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་ཏིང་ངེ་འཛིན་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ནས་ཏིང་ངེ་འཛིན་གྱི་ཤུགས་ལ་ལྟ་བ་ཟུར་ཙམ་དང་སྤྱོད་པ་དང་དཀྱིལ་འཁོར་སྟོན། ཐ་མའི་ཆོས་བཅུ་ལས། ལྟ་བ་ཟུར་ཙམ་དང་། ལྡེམ་དགོངས་མན་ངག །གཏར་ཁ་གེགས་སེལ། སྤྱི་དོན་སྡུད་པ། བསྣོལ་མཚམས་འཕེན་སྡུད་རྣམས་སྟོན་ཅིང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གཉིས། གཞུང་དང་། མཚན་ནོ། །དང་པོ་ལ་གཉིས། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དོན་ནོ། །དང་པོ་ནི། དེ་ནས་དེ་བཞིན་ནས་ཕྱུང་ངོ་ཞེས་པའི་བར་ཏེ། ལྟ་བས་ཆོས་ཐམས་ཅད་གཏན་ལ་ཕབ་པ་དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་རོ་གཅིག་ཏུ་གྱུར་ནས་བཟང་ངན་མཉམ་པ་ཆེན་པོའི་ཚུལ་དུ་འཁོར་འདས་དབྱེར་མི་ཕྱེད་པ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་གདོད་མ་ནས་སྐུ་དང་ཡེ་ཤེས་སུ་རྣམ་པར་དག་པར་སངས་རྒྱས་པར་གྱུར་པའི་ཏིང་ངེ་འཛིན་ལས་དགོངས་པ་གཞན་དུ་མི་གཡོ་བར་བཞུགས་པས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར། ཐ་སྙད་དུ་མིང་ཙམ་དུ་གནས་པའི་དོན་མཚོན་བྱེད་ཡི་གེའི་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི་སྟོན་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་དབྱེར་མེད་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །གཉིས་པ་གཞུང་དོན་ལ་གཉིས། རྒྱས་པར་བཤད་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཡི་གེ་ཇི་ལྟར་བྱུང་བའི་ཚུལ། དེ་ལྟར་བྱུང་བའི་མཐུ། ལམ་པའི་དབང་དུ་སེམས་སྦྱང་བ། ཡི་གེའི་དོན་བཤད་པའོ། །དང་པོ་ནི། ཨ་ཀ་ཁ་སོགས་ནས་ཨོ་ཨ་ཞེས་པའི་བར་ཏེ། དེ་ཡང་ཡི་གེའི་བྱུང་ཁུང་ནི། རང་གི་སེམས་ཉིད་རང་སྣང་བ་དང་། གནས་དང་རྐྱེན་ནི་ཨ་ཡིག་ལས་འཕྲོས་ཏེ། དེ་ནི་རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཀློང་ནས་བྱུང་བས་ཁོང་ནས་རང་བྱུང་བ་སྟེ། ཀུན་འདུས་ལས། དབྱིངས་ལས་ཨ་བྱུང་ཨ་ལས་ནི། །ཡི་གེའི་ཚོགས་རྣམས་མ་ལུས་འཕྲོ། །ཞེས་དང་། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་བྱུང་བ་སྐྱེ་བ་མེད། །ཅེས་གསུངས་སོ། །ཡི་གེ་གཞན་རྣམས་སྔོན་བྱུང་སྟོན་པའི་ཐུགས་རྗེ་རང་སྣང་བའི་ཚེ་འཕྲོ་བའི་གནས་ནི་ཨའི་འོད་ཟེར་མགུར་གྱི་གནས་སུ་འཕྲོས་པས་ཀ་ཁ་ག་གྷ་ང་ལྔ་བྱུང་ལ། ཨའི་འོད་ཟེར་ལྗགས་ལ་འཕྲོས་པས་ཙ་ཚ་ཛ་ཛྷ་ཉ་དང་། ཨའི་འོད་ཟེར་ལྗགས་ཀྱི་རྩེ་མོ་ལ་འཕྲོས་པས་ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན་སྟེ་བཅུ་དང་། ཨའི་འོད་ཟེར་མཆུ་ལ་འཕྲོས་པས་པ་ཕ་བ་བྷ་མ་དང་། ཨའི་འོད་ཟེར་ལུས་སྤྱི་ལ་འཕྲོས་པས་བྱིན་པ་ལས་ཡ་དང་། སྟ་ཟུར་གཉིས་ལས་ར་ཝ་དང་། དཀུ་སྐབས་ལས་ལ། ཕྱག་མཐིལ་ལས་ཤ །ཐུགས་ཀ་ལས་ཥ། མཛོད་སྤུ་ལས་ས། ཞབས་མཐིལ་ལས་ཧ། གསང་གནས་ལས་ཀྵ་རྣམས་དང་། སྤྱན་གཉིས་ལས་ཨི་ཨཱི་གཉིས། སྙན་གཉིས་ལས་ཨུ་ཨཱུ་གཉིས། ཚེམས་གཉིས་ལས་ཨེ་ཨཻ་གཉིས། ཤངས་གཉིས་ལས་ཨོ་ཨ་གཉིས་འཕྲོས་ལ། སྤྱི་གཙུག་ལས་མགོ། ལྟེ་བ་ལས་ཤད། མཚོག་མ་ལས་ཏིག་འཐོན་པས། དེ་ལྟར་ཡི་གེ་ཁྱབ་བྱ་བཞི་བཅུ་ཞེ་གཉིས་དང་། ཁྱབ་བྱེད་ཀྱི་ཡི་གེ་གསུམ་དང་བཅས་པའོ། །འདིར་ཨཱ་རིང་རྀ་ལྀ་བཞི་དང་། ཨཾ་ཨཿརྣམས་མ་བྱུང་བ་ནི་ལྷ་དང་སྦྱོར་བའི་དབང་གིས་བསྡུས་པ་སྟེ། ཨཱ་རིང་པོ་ཤད། ཨཿརྣམ་བཅད་ཅན་ཏིག །རྀ་ལྀ་བཞི་ར་དང་ལ། ཨཾ་ནི་ཨོ་ཡིག་ལ་བསྡུས་པའོ། །ཡང་ན་ཨཾ་ནི་ཨོ་ཡིག་ལ་སྦྱར་ནས་ༀ་དུ་བསྡུས་པས་རྗེ་རོང་ཟོམ་བཞེད་ཀྱང་། སྔར་གྱི་དཔེ་ཕལ་ཆེ་བར། ༀ་ནི་ཐམས་ཅད་ཞིག་པ་ཡིན། །ཞེས་རོང་ཊཱིཀ་ལྟར་ཨ་ལ་ༀ་དུ་འདོན་ནའང་། རྒྱ་དཔེར་ཨོ་སརྦ་བི་ན་ཤི་ཏ་ཞེས་སྣང་བས་ཨ་ཉིད་དུ་བཏོན་པ་ལེགས་སོ། །གཉིས་པ་ནི། འདི་དག་ཕྱུང་བས་སོགས་ཏེ། འདི་ལ་བཤད་ཐབས་གཉིས་ལས། ཐོག་མར་གྲོལ་ལམ་ལྟར་བཤད་ན། ཡི་གེ་འདི་དག་ཕྱུང་བས་ཡི་གེའི་མཐུས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཤར་མཐོ་ན་ནུབ་དམའ་བ་སོགས་རྣམ་པ་དྲུག་ཏུ་གཡོས། ཚབ་ཆེ་བས་རབ་ཏུ་གཡོས། ཁྱབ་ཅིང་ཚབ་ཆེ་བས་ན་ཀུན་ཏུ་གཡོས་ནས། དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མིང་གི་བྱེ་བྲག་དང་ཡི་གེའི་ཁོ་ནའི་ཕྱིར་ངོ་བོ་ཉིད་བསྟན་དུ་མེད་པའི་མཚན་ཉིད་ཙམ་དུ་གྱུར་ཏོ། །དེའི་དོན་ལ་མཉེས་པས་ན་ཧོ་ཞེས་བྱའོ། །གཉིས་པ་ཐབས་ལམ་ལྟར་བཤད་ན། འདི་དག་ཕྱུང་བས་ལུས་ཀྱི་འཇིག་རྟེན་འཁོར་ལོ་དྲུག་གི་གནས་དང་ལུས་ཀྱི་ཕྱོགས་བཅུའི་རྩ་གནས་མཐའ་ཡས་པ་ཐམས་ཅད་ཐིག་ལེ་བདེ་བའི་ཡེ་ཤེས་ཀྱིས་ཁྱབ་པས་རྣམ་པ་དྲུག་ཏུ་གཡོས། ཚབ་ཆེ་བས་རབ་ཏུ་གཡོས། ཁྱབ་ཅིང་ཚབ་ཆེ་བས་ཀུན་ཏུ་གཡོས་ནས་རྟོག་ཚོགས་དང་ཐིག་ལེས་བསྡུས་པའི་ཆོས་ཐམས་ཅད་བདེ་བའི་ཡེ་ཤེས་ཀྱི་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །དེ་ལ་མཉེས་པས་ན་ཧོ་ཞེས་བྱའོ། །གསུམ་པ་ལམ་པའི་དབང་དུ་སེམས་སྦྱང་བ་ལ་གསུམ་སྟེ། ཨ་ཡིག་ལ་སྦྱང་བ། ཡི་གེ་གཞན་ལ་སྦྱང་བ། དེ་ཡེ་ཤེས་ཀྱི་རྒྱུར་བསྟན་པའོ། །དང་པོ་ནི། ཨ་རབ་ཏུ་བརྟན་གྱུར་སོགས་ཚིགས་བཅད་གཅིག་སྟེ། རང་རིག་སྣང་སྟོང་གཉིས་སུ་མེད་པའི་རང་བཞིན་རང་གི་སྙིང་གར་རིག་པ་ཉིད་ཨ་ཡིག་དཀར་པོ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་བསྒོམ་པར་བྱའོ། །དེ་ཡང་རབ་ཏུ་བརྟན་པའི་ཚད་བཞི་དང་ལྡན་པ་སྟེ། མི་གཡོ་བ། མི་འགྱུར་བ། མངོན་པར་མི་འགྱུར་བ། ཅིར་ཡང་བསྒྱུར་དུ་རུང་བའོ། །དེ་ཡང་དང་པོ་ནི། ཐུགས་སྲོག་ཡི་གེའམ། སྐུ་ཡོངས་སུ་རྫོགས་པ་ལ་ཇི་ཙམ་གནས་འདོད་པ་དེ་སྲིད་དུ་སྡོད་པས་མི་གཡོ་བ་དང་། གཉིས་པ་ནི། དམིགས་པ་བརྗེད་པ་སོགས་རྐྱེན་གང་གིས་ཀྱང་བསྒྱུར་མི་ནུས་པས་མི་འགྱུར་བ་དང་། གསུམ་པ་ནི། གཞོན་ནུ་མཛེས་མ་སོགས་ཆགས་པའི་ཡུལ་དང་། ཕ་བསད་པའི་དགྲ་བོ་སོགས་ཞེ་སྡང་བའི་ཡུལ་རྐྱེན་དྲག་པོ་གང་གིས་ཀྱང་བསྒྱུར་མི་ནུས་པས་ན་མངོན་པར་མི་འགྱུར་བ་དང་། བཞི་པ་ནི། དེ་ཡང་ཆེ་ཆུང་རྣམ་འགྱུར་མ་ངེས་པ་ཅི་འདོད་ལ་དབང་བས་ན་ཅིར་ཡང་བསྒྱུར་དུ་བཏུབ་པའོ། །དེ་ཡང་རང་རིག་ཨར་སྣང་བ་དེ་ཉིད་གཟུང་འཛིན་གྱི་སྐྱོན་དང་བྲལ་ཞིང་ཉེས་པས་མ་གོས་པས་དཀར་བ་སྟེ་གསལ་བའི་ཚད་བཞི་དང་ལྡན་པའོ། །གང་ཞེ་ན། སལ་ལེ། སང་ངེ་། ལྷག་གེ། ལྷང་ངེའོ། །དེ་ལས་དང་པོ་ནི། བསྒོམ་བྱའི་ཡིག་འབྲུའམ་ལྷ་དེའི་སྤྱན་དཀར་ནག་དང་བ་སྤུའི་བུ་ག་ཚུན་ཆད་ཡིད་ངོར་གསལ་ལ་མ་འདྲེས་པ་ལྷམ་མེར་གསལ་བ་ལ་སལ་ལེ། གཉིས་པ་ནི། གསལ་བའི་སྐུ་དེའང་བེམ་པོ་ལྟ་བུ་མ་ཡིན་པར་རྣམ་པ་ཐམས་ཅད་མཁྱེན་པའི་རིག་པ་ཡེ་ཤེས་ཀྱི་ངར་ཆ་དང་ལྡན་པས་སང་ངེ་། གསུམ་པ་ནི། མོག་མོག་དང་རབ་རིབ་ཀྱིས་མ་བསྒྲིབ་ཅིང་སྣང་བཞིན་དུ་སྟོང་ལ་སྟོང་བཞིན་དུ་སྣང་བ་སྣང་སྟོང་ཟུང་དུ་འཇུག་པ་ཆུ་ཟླ་དང་འཇའ་ཚོན་ལྟ་བུ་གསལ་བས་ན་ལྷག་གེ། བཞི་པ་ནི། ལྷ་དེ་ཆེད་དུ་མ་བསྒོམ་ཡང་ཡིད་ངོར་བཀྲ་ལམ་མེར་རྒྱུན་དུ་འཆར་བས་ན་ལྷང་ངེའོ། །དེ་ལ་རྩེ་གཅིག་ཏུ་བློ་གནས་པ་དང་སྤྱོད་ཡུལ་གྱི་སྣང་ཞེན་སྦྱོང་བའི་ཕྱིར་ཨ་དེ་ལས་ཤིན་ཏུ་ཕྲ་བའི་ཨ་དཔག་ཏུ་མེད་པ་རྣམས་སྤྲོ་བར་བྱའོ། །དེ་ལྟར་སྤྲོས་པས་ཕྱོགས་བཅུ་ཐམས་ཅད་ཡི་གེ་ཨས་གང་བར་སྣང་བ་ཏིང་ངེ་འཛིན་གྱི་ཡུལ་དུ་གསལ་བར་གྱུར་པ་དང་། དེ་ནས་འཕྲོ་གཞིའི་ཨ་དེ་ལ་བསྡུས་ཀྱང་གཞི་མའི་ཨ་ལ་འཕེལ་བ་དང་ཕྱོགས་བཅུའི་ཨ་དེ་ལ་འགྲིབ་པ་མེད་པར་མ་འདྲེས་ཡོངས་སུ་རྫོགས་པར་གསལ་ཞིང་བརྟན་པའི་ཕྱིར་རོ། །འོ་ན་སྤྲོ་ཞིང་བསྡུ་བ་ཡང་འགལ་ཏེ། སྤྲོས་པས་འཕེལ་ལ་བསྡུས་པ་ཉིད་ཀྱིས་འགྲིབ་པའི་ཕྱིར་ཞེ་ན། མི་འགལ་ཏེ། མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཡང་ན་དོན་ལ་དགོངས་པར་སེམས་ཏེ། འདི་ལྟར་ཨ་ནི་མཚན་གཞི་སྐྱེ་མེད་མཚོན་བྱེད་ཀྱི་ཡི་གེ་ཡིན་ལ། མཚན་ཉིད་ནི་ཤེས་བྱའི་ཁྱབ་བྱེད་དུ་ཡོད་པའི་ཕྱིར་སྤྲོས་ཞེས་དང་། ཤེས་བྱ་ཐམས་ཅད་ཀྱང་མཚན་ཉིད་ལས་ཐ་མི་དད་དེ། དེ་ངོ་བོར་གཅིག་པའི་ཕྱིར་བསྡུས་པ་སྟེ། དེས་ན་མཚན་ཉིད་སྐྱེ་མེད་ལ་སྤྲོས་པས་འཕེལ་བ་དང་། བསྡུས་པས་འགྲིབ་པ་གཉིས་དང་བྲལ་བའི་ཕྱིར་རོ། །གཉིས་པ་ནི། དེ་ལས་སོགས་རྐང་པ་གཉིས་ཏེ། ཨ་ཡིག་དེ་ལས་ཀ་ལ་སོགས་པའི་མིང་གི་གཞི་དང་ང་རོ་རྣམས་གསལ་བར་བྱེད་པའི་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་ཚོགས་ཁ་དོག་གསལ་ཞིང་འོད་འབར་བ་ཕྱོགས་ཀུན་ལ་ཁྱབ་པར་སྤྲོ་ཞིང་གཞི་མ་ལ་བསྡུ་བའི་ཚུལ་གྱིས་སྦྱང་བའང་སྔར་ཨ་ལ་སེམས་སྦྱང་བ་དེ་བཞིན་བྱའོ། །དེ་ཡང་རེ་རེ་བཞིན་སེམས་སྦྱང་བས་བརྟན་པ་ཐོབ་པ་ནི་ཡི་གེ་བཞི་བཅུ་རྩ་གཉིས་པོ་རིག་པ་གཅིག་ལ་གསལ་བའི་དུས་ན་ཡི་གེ་མངོན་པར་གྲུབ་པ་ཡིན་ནོ། །གསུམ་པ་ནི། འདི་ནི་སོགས་རྐང་པ་གཉིས་ཏེ། དེ་ལྟར་ཡི་གེ་ལ་སེམས་སྦྱོང་བའི་ཐབས་འདི་ལ་འབད་པ་ན། སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་བརྟན་པར་འབྱུང་བས་ན་རང་རིག་པའི་ཡེ་ཤེས་དངོས་སུ་སྐྱེ་བར་བྱེད་པའི་རྒྱུ་ཡིན་ནོ་ཞེས་པའམ། ཡང་ན་ཡེ་ཤེས་བརྟན་པར་འབྱུང་བ་འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་སྟེ་ངོ་བོ་ཉིད་ཀྱི་རྒྱུ་འབྲས་སོ། །བཞི་པ་ཡི་གེའི་དོན་བཤད་པ་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས། དོན་བཤད་དངོས། མཇུག་བསྡུ་བའོ། །དང་པོ་ནི། དེ་ནས་སོགས་ཏེ། ཡི་གེ་ལ་སེམས་སྦྱོང་བ་བསྟན་པའི་རྗེས་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་ཀུན་ཏུ་བཟང་པོ་ཉིད་ཀྱིས་གོ་ཕྱེ་བའི་འཁོར་རྣམས་ཀྱི་ཆེད་དུ་ལྷན་ཅིག་པའི་འཁོར་ལ་ཡི་གེའི་དོན་བཤད་པ་འོག་ནས་འབྱུང་བའི་བརྗོད་པ་འདི་དག་བརྗོད་དོ། །གཉིིས་པ་ལ་གཉིས་ཏེ། ཡི་གེ་སྤྱིའི་དོན་བཤད་པ་དང་། བྱེ་བྲག་བཞི་བཅུ་རྩ་ལྔའི་དོན་བཤད་པའོ། །དང་པོ་ལ་བཞི་སྟེ། ཡི་གེའི་ཆེ་བ། རང་བཞིན། བྱེད་ལས། ངེས་ཚིག་གོ། །དང་པོ་ལ་གཉིས་ཏེ། ཡི་གེ་སྐུ་གསུམ་གྱི་བདག་ཉིད་དུ་བསྟན་པ། དེ་དག་གི་རྡོ་རྗེ་གསུམ་མཚོན་བྱེད་དུ་བསྟན་པའོ། །དང་པོ་ལ་གསུམ་ལས། དམིགས་མེད་ཆོས་སྐུར་བསྟན་པ་ནི། ཨ་ནི་སྟོང་དང་སོགས་ཚིགས་བཅད་གཅིག་སྟེ། ཡི་གེ་ཨ་ནི་དོན་དམ་པར་སྟོང་པ་དང་ཀུན་རྫོབ་ཏུ་མི་སྟོང་པ་གཉིས་ཀྱི་མཐའ་དང་བྲལ་བར་མ་ཟད་ཟུང་འཇུག་དབུ་མ་ཙམ་དུའང་དམིགས་སུ་ཡོད་པ་མ་ཡིན་པས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ། །དེ་ལྟར་གཏན་ལ་ཕེབས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་ལས་དོན་སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཡི་གེའི་ཕྲེང་བ་ཆོས་སྐུར་ངེས་པའི་ཕྱིར། དེའི་རང་མདངས་ཡི་གེའི་ཕྲེང་བའི་འཁོར་ལོ་ཉིད་ཀྱང་ཆོས་སྐུའི་ངང་ལ་གནས་པ་ལས་གཞན་དུ་མ་གཡོས་སོ། །དེ་ཡང་ངག་དོན་དུ་དྲིལ་ན། སེམས་དང་སྣང་བ་འདི་དག་གི་རང་བཞིན་ཆོས་ཅན། དོན་དམ་བདེན་པ་ཡིན་ཏེ། ཡིན་ལུགས་ནས་མཐའ་དང་བྲལ་བ་ཡིན་པའི་ཕྱིར། དཔེར་ན་ནམ་མཁའ་བཞིན་ནོ། །སེམས་དང་སྣང་བ་འདི་དག་ཆོས་ཅན། ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། སྣང་ལུགས་ནས་ཅི་ཡང་མ་འགགས་པའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན་ནོ། །བདེན་གཉིས་ཆོས་ཅན། དབྱེར་མེད་ཡིན་ཏེ། ཀུན་རྫོབ་ཏུ་སྣང་བའི་ཚེ་དོན་དམ་ལས་མ་གཡོས་ཤིང་། དོན་དམ་དུ་ངེས་པའི་ཚེ་ཀུན་རྫོབ་མ་སྤངས་པའི་ཕྱིར། དཔེར་ན་བྱས་པ་དང་མི་རྟག་པ་བཞིན་ནོ། །དབྱེར་མེད་ཆོས་ཅན། སྤྱོད་ཡུལ་དང་བྲལ་བ་ཡིན་ཏེ། བློའི་ཡུལ་དུ་བྱ་བར་མི་དམིགས་པའི་ཕྱིར། ཆོས་ཀྱི་དབྱིངས་བཞིན་ནོ། །དེ་ལྟར་གཏན་ལ་ཕབ་པའི་ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་ལས་ངོ་བོར་མ་གྲུབ་པར་རྟོགས་པ་ནི་ཆོས་སྐུར་སངས་རྒྱས་པའོ། །གཉིས་པ་དབང་བསྒྱུར་ལོངས་སྐུར་བསྟན་པ་ནི། ཨ་ཉིད་སྣ་ཚོགས་སོགས་ཚིགས་བཅད་གཅིག་སྟེ། ཡི་གེ་ཐམས་ཅད་ཀྱི་འབྱུང་ཁུངས་ཨ་ཉིད་ཀྱིས་གོ་ཕྱེ་བས་སྣ་ཚོགས་པར་སྣང་བའི་ཚུལ་ནི་ངག་གི་འདུ་བྱེད་ཀྱི་དབང་ལས་ཀ་ཁ་ལ་སོགས་པ་བཞི་བཅུ་རྩ་གཉིས་སུ་སྣང་བའང་སྒྲའི་ང་རོས་དབྱངས་དང་མིང་གཞི་གསལ་བྱེད་ཀྱི་ཡི་གེ་ཇི་སྙེད་པ་ཐམས་ཅད་འདིར་དེ་སྙེད་དུ་བསྡུས་པ་སྟེ། དེའང་སངས་རྒྱས་ཞེ་གཉིས་སུ་མངོན་པར་རྫོགས་པར་མངའ་མཛད་པའི་རྒྱལ་པོ་དེ་ཁོ་ན་ཉིད་ལོངས་སྐུའི་ངོ་བོར་ངེས་པའོ། །ཡང་ན་ཐབས་ལམ་ལྟར་བཤད་ན། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་ཡི་གེ་ཨ་ཐུང་གི་དབྱིབས་སུ་གནས་པ་དེ་ཉིད་ཀྱི་རྩལ་ཐིག་ལེ་སྣ་ཚོགས་པར་སྣང་བ་སྟེ། ཐིག་ལེའི་དབྱིབས་ཀ་ཁ་སོགས་བཞི་བཅུ་རྩ་གཉིས་སུ་སྣང་ལ། ཨའི་སྒྲ་ཡིས་ཐིག་ལེ་ཐམས་ཅད་བསྡུས་ནས་ཐིག་ལེ་དང་རྟོག་ཚོགས་བདེ་བའི་ཡེ་ཤེས་སུ་མངའ་མཛད་པའི་ཕྱིར་མངོན་རྫོགས་རྒྱལ་པོར་ཐབས་ལམ་གྱི་ཏིང་ངེ་འཛིན་དེ་ཉིད་ངེས་པའོ། །འདིར་ཁ་ཅིག་བཞི་བཅུ་རྩ་གཉིས་སུ་གྲངས་ངེས་པ་མ་ཡིན་ཏེ། རྒྱ་གར་གྱི་ཡི་གེ་ལ་ལྔ་བཅུ་དང་བོད་ཀྱི་ཡི་གེ་ལ་སུམ་ཅུ་ཡིན་པའི་ཕྱིར་ཞེ་ན། སྤྱིར་དེ་ལྟར་ཡིན་མོད་ཀྱང་། སྐབས་འདིར་བཞི་བཅུ་རྩ་གཉིས་སུ་གྲངས་ངེས་ཏེ། བསྐྱེད་བྱ་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་ངེས་ལ་དེ་དག་གི་བསྐྱེད་བྱེད་ས་བོན་ཡིན་པའི་ཕྱིར་རོ། །གཞན་ཡང་རྒྱལ་བའི་ཡུམ་ལས་ཀྱང་། ཡི་གེ་བཞི་བཅུ་གཉིས་ལ་མཁས་པར་བྱའོ། །ཞེས་གསུངས་པ་ཡང་འདིའི་ཤེས་བྱེད་དུ་འགྱུར་བའི་ཕྱིར་རོ། །གསུམ་པ་རོལ་པ་སྣ་ཚོགས་སུ་སྣང་བ་སྤྲུལ་སྐུར་བསྟན་པ་ལ་གསུམ་ལས། དང་པོ་སྤྲུལ་སྐུའི་གསུང་དུ་བསྟན་པ་ནི། ཨེ་མ་ཧོ་ངོ་མཚར་སོགས་ཚིགས་བཅད་གཅིག་སྟེ། ཨེ་མ་ཧོ་ཞེས་པ་ཡི་གེའི་མིང་ལ་ངམ། ངོ་མཚར་ཅེས་པ་ལས་ལ་ངམ། ཡ་མཚན་གྱིས་ཞེས་པ་ཡི་གེའི་རང་བཞིན་ལ་ངམ་པའོ། །ཅིའི་ཕྱིར་ན། དེ་ཡང་སེམས་ཉིད་ཀྱི་ཆོ་འཕྲུལ་ཆེན་པོ་བསམ་གྱིས་མི་ཁྱབ་པར་མངའ་བའི་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་སྟེང་དུ་ཁྱབ་བྱེད་ཀྱི་ཡི་གེ་གསུམ་བསྣན་པས་ཡི་གེ་ཞེ་ལྔ་འདུས་པ་ལས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་། དོན་གྱི་ཁྱད་པར་སྟོན་པའི་ཚིག་རྣམས་བྱུང་ཞིང་། དེ་འདུས་པ་ལས་ངག་གི་རྣམ་པ་མ་ལུས་པ་འཛིན་པའི་གནས་སུ་འགྱུར་ཏེ། གདུལ་བྱ་གང་འདུལ་སྤྲུལ་སྐུའི་གསུང་ཐེག་པ་སྣ་ཚོགས་པ་དང་། ཟབ་པ་བརྗོད་བྱའི་དོན་ཆེན་པོ་གདུལ་བྱའི་སྣང་ངོར་སྨྲ་ཞིང་གཞན་ལ་སྟོན་པར་བྱེད་པ་སྤྲུལ་སྐུའི་གསུང་ཡིན་ནོ། །གཉིས་པ་སྤྲུལ་སྐུའི་ཐུགས་སུ་བསྟན་པ་ནི། དངོས་མེད་སོགས་རྐང་པ་གཉིས་ཏེ། སེམས་ཉིད་ཡི་གེར་སྣང་བ་དེ་དག་ཀྱང་དངོས་པོར་གྲུབ་པ་མེད་དེ་ཡི་གེའི་རང་བཞིན་སེམས་ཉིད་དུ་རང་སྣང་བའི་ཕྱིར། དེ་ལྟར་སེམས་ཉིད་བདེ་བ་ཆེན་པོའི་བདག་གཞན་གཉིས་སུ་མེད་པས་ཡོད་མེད་སོགས་མཐའ་ཐམས་ཅད་དང་བྲལ་ཞིང་བློའི་ཡུལ་དུ་ཅིར་ཡང་མི་དམིགས་པ་ནི་ཐུགས་ཀྱི་གསང་བའོ། །གསུམ་པ་སྤྲུལ་པའི་སྐུར་བསྟན་པ་ནི། དབྱིབས་དང་སོགས་རྐང་པ་གཉིས་ཏེ། ཡི་གེའི་རང་བཞིན་དམིགས་པ་མེད་ཀྱང་རོལ་པ་མ་འགག་པ་ཙམ་དུ། སྤྱི་མདོ་ལས། ཨ་སེང་གེ་གླལ་བ་ལྟ་བུ་ཞེས་སོགས་གསུངས་པ་ལྟར་ཡི་གེའི་དབྱིབས་དང་དེ་དག་གི་ཁ་དོག་དང་མིང་དང་ཚིག་ཚོགས་ཀྱི་རོལ་པ་ལས་འཁོར་བའི་ཕུང་པོ་ལྔ་ལ་སོགས་པ་དང་། འདས་པའི་རིགས་ལྔ་སོགས་ཅིར་ཡང་སྤྲུལ་ཅིང་སྟོན་པས་སྤྲུལ་སྐུའི་མཛད་པ་སྒྲུབ་ཅིང་སྟོན་པའི་ཕྲིན་ལས་ཅན་ནོ། །གཉིས་པ་དེ་དག་གི་རྡོ་རྗེ་གསུམ་མཚོན་བྱེད་དུ་བསྟན་པ་ནི། ཕྱོགས་བཅུ་དུས་བཞིར་སོགས་ཚིགས་བཅད་གཅིག་སྟེ། ཕྱོགས་བཅུ་དུས་བཞིར་འགྲོ་དོན་ལ་གཤེགས་ཤིང་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཡེ་ཤེས་སེམས་དཔའི་རང་བཞིན་གྱི་དཀྱིལ་འཁོར་ཞེ་གཉིས་སུ་ལུས་པ་ཁྱབ་བྱར་བྱས་པ་དེ་རེ་རེ་ལ་ཁྱབ་བྱེད་སྐུ་གསུང་ཐུགས་གསུམ་གསུམ་དང་ལྡན་པས་དཀྱིལ་འཁོར་ཞེ་གཉིས་ཁྱབ་བྱེད་གསུམ་དང་བཅས་ཏེ་བཞི་བཅུ་རྩ་ལྔའི་བདག་ཉིད་དུ་འདུས་ཤིང་། དེ་དག་ཀྱང་ཡི་གེའི་མགོ་བེར་ཀ་རིས་ནས་མཇུག་ཀྵ་ཡན་ཆད་ལ་རྫོགས་པའོ། །དེ་ལ་ཁ་ཅིག་ཀྵའི་འོག་ན་ཐུབ་པའི་ཡི་གེ་རྣམས་ཡོད་པའི་ཕྱིར་རྫོགས་པར་མི་འགྱུར་ཞེ་ན། ཨ་ལ་གི་གུས་ཨིར་འགྱུར་བ་སོགས་ཡན་ལག་གི་ཡི་གེ་ཡིན་པས་དེ་དག་ལུས་ཀྱི་ཡི་གེ་ཨ་ཉིད་ལ་རྫོགས་པ་ཡིན་ནོ། །གཉིས་པ་ཡི་གེའི་རང་བཞིན་ནི། སེམས་ཀྱི་སོགས་རྐང་པ་གཉིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཡི་གེར་སྣང་བ་སྟེ། དེ་ལས་གཞན་དུ་ཡི་གེ་ཞེས་དངོས་པོར་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ཡང་གནས་ཚུལ་གྱི་དབང་དུ་བྱས་ན་ཀུན་གཞིའི་རྣམ་ཤེས་ཡི་གེ་ཨའི་རང་བཞིན་ལྟེ་བ་ན་གནས། ཡིད་ཀྱི་རྣམ་ཤེས་ཨཾ་གི་རྣམ་པའམ་ཏིག་གི་རང་བཞིན་མགྲིན་པ་ན་གནས། ཉོན་ཡིད་ཀྱི་རྣམ་ཤེས་མགོའམ་ཧཱུཾ་གི་རང་བཞིན་སྙིང་གར་གནས། སྒོ་ལྔའི་རྣམ་ཤེས་ཧའམ་ཤད་ཀྱི་རང་བཞིན་ཀླད་པ་ན་གནས་སོ། །མདོར་ན་རྩ་ཁམས་ཡི་གེའི་རང་བཞིན་དུ་སྣང་བའོ། །གསུམ་པ་བྱེད་ལས་ནི། དམིགས་མེད་དེ་ཉིད་སོགས་ཚིགས་བཅད་གཅིག་སྟེ། ཅིར་ཡང་དམིགས་མེད་ཀྱི་ཡི་གེ་དེ་ཉིད་ཀྱང་རོལ་པ་སྣ་ཚོགས་པར་རང་སྣང་བའི་ཡི་གེ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེན་པོ་མ་འགགས་པ་སྟེ། དེ་ཡང་ཡེ་ནས་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྲུབ་པ་ནི་ངོ་མཚར་གྱི་གནས་ཡ་མཚན་ཞིང་། ཆོ་འཕྲུལ་ཆེན་པོར་སྣང་བའི་དངོས་གྲུབ་ཉིད་ཀྱི་དགོངས་པ་རང་རྒྱུད་ལ་མངོན་སུམ་དུ་རབ་ཏུ་འགུགས་ཤིང་འདྲེན་པར་བྱེད་པ་ཡིན་ནོ། །བཞི་པ་ངེས་ཚིག་ནི་དབྱིངས་ལ་སོགས་རྐང་པ་གཉིས་དེ། ཡུལ་ཆོས་ཀྱི་དབྱིངས་ལ་ཡུལ་ཅན་མཚན་མེད་ཤེས་རབ་ཀྱི་དབྱིངས་ཀྱིས་བྱ་རྩོལ་མེད་པར་བྲིས་པ་སྟེ། ངེས་ཚིག་ནི་རྟོགས་བྱ་ཆོས་ཀྱི་དབྱིངས་ཉིད་རྟོགས་བྱེད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོགས་པ་ལ་བྲིས་ཞེས་བརྗོད་པའོ། །དེའི་ཕྱིར་ཡེ་ནས་ལྷུན་གྲུབ་ཀྱི་ཡི་གེའི་སྤྲིན་འགྱུར་བ་མེད་ཅིང་རྣམ་པར་བརྗོད་བྱ་ཐམས་ཅད་གསལ་བའི་ནུས་པ་དང་ལྡན་པས་ཡི་གེ་ཞེས་པའི་མིང་གི་ཐ་སྙད་ཙམ་དུ་བརྗོད་པ་སྟེ། ཡི་གེའི་སྐད་དོད་ཨཀྵ་རའི་སྒྲ་ལས་དྲངས་ན་མི་འགྱུར་བ་དང་། བྱཉྫ་ན་གསལ་བྱེད། ཝརྞ་ནུས་པ་དང་ལྡན་པར་འཇུག་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་གི་དོན་བཤད་པ་ལ་གཉིས་ཏེ། ཁྱབ་བྱེད་གསུམ་དང་། ཁྱབ་བྱ་ཞེས་གཉིས་ཀྱི་དོན་བཤད་པའོ། །དང་པོ་ནི། མགོ་ནི་སོགས་རྐང་པ་གསུམ་སྟེ། འདི་དག་དང་སྒོ་བ་ཡབ་བཞི་ལ་ཡི་གེ་དང་། རྟོག་པ་དང་། ལྷ་དང་། དོན་དང་། ལས་དང་ལྔ་སྦྲག་ཏུ་འཆད་དེ། དེ་ལ་ཡི་གེ་འདྲེན་པའི་མགོ་ནི་ཐོག་མ་བེར་ཀ་རིས་ཏེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བེར་ཀ་རིས་ལ་མགོ་ཞེས་མཚོན། །ཞེས་སོ། །ཡི་གེ་བརྟེན་པའི་མགོ་ནི་ཐིག་ཡིན་ཏེ། གཟུགས་ཅན་སྙིང་པོའི་མདོ་ལས། ཡི་གེའི་མགོ་ནི་ཐིག་ཡིན་ཏེ། །ཞེས་སོ། །རྟོག་པ་ནི་ཡིད་དུ་འཛིན་པ། ལྷ་ནི་ཐུགས་ཀྱི་ལྷ་མི་བསྐྱོད་པའི་རང་བཞིན། དོན་ནི་ཐབས་ཤེས་གཉིས་མེད། བྱེད་ལས་ནི་ཡི་གེ་རྣམས་མ་ནོར་བའི་མགོ་འདྲེན་ཅིང་འཇུག་པའི་སྒོར་གྱུར་པས་ལམ་དང་འདྲ་ཡིན་ནོ། །ཏེ་ནི་ལྷག་མ་ཅན་གྱི་ཚིག་གོ། །གང་སྟོན་ན། ཡི་གེའི་ཐིག་ནི་ཚེག་ཡིན་ཏེ། དྲག་ཤུལ་ཅན་གྱི་མདོ་ལས། དེ་ཕྱིར་ཚེག་ནི་ཏིག་ཅེས་བྱ། །ཞེས་སོ། །རྟོག་པ་ནི་ངག་ཏུ་འཛིན་པ། ལྷ་ནི་གསུང་གི་ལྷ་འོད་དཔག་མེད་ཀྱི་རང་བཞིན། དོན་ནི་ཤེས་རབ་རང་བཞིན་མེད་པ། ལས་ནི་ཡི་གེ་རྣམ་མིང་དུ་སྨྲ་བར་བྱ་པའོ། །ཡི་གེའི་ཤད་ནི། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། ཚིགས་སུ་བཅད་པའི་ལས་ཅན་ལ། །དེ་ཕྱིར་ཤད་དུ་གྲགས་པའོ། །ཞེས་སོ། །རྟོག་པ་ནི་ལུས་སུ་འཛིན་པ། ལྷ་ནི་སྐུའི་ལྷ་རྣམ་པར་སྣང་མཛད་ཀྱི་རང་བཞིན། དོན་ནི་ཐབས་འགགས་པ་མེད་པའམ་སྙིང་རྗེ་ཆེན་པོ། ལས་ནི་ཡི་གེ་རྣམས་ཚིགས་སུ་གཅོད་པར་བྱེད་པའོ། །འདིར་རྒྱལ་བའི་བཀའི་དོན་ལ་རྨོངས་པ་འགའ་ཞིག་ན་རེ། ཁྱབ་བྱེད་ཀྱི་ཡི་གེ་གསུམ་པོ་འདི་རྒྱ་གར་ནས་བསྒྱུར་བ་མ་ཡིན་ཏེ། འདི་དག་རྒྱ་གར་གྱི་ཡི་གེ་ལ་མེད་པའི་ཕྱིར་ཞེ་ན། བཀའ་ཡོངས་སུ་གྲགས་པ་གཟུགས་ཅན་སྙིང་པོའི་ཞུས་མདོ་སོགས་ཀྱང་རྒྱ་གར་ནས་བསྒྱུར་བ་མ་ཡིན་པར་འགྱུར་ཏེ། དེ་དག་ནས་ཁྱབ་བྱེད་གསུམ་བཤད་པའི་ཕྱིར་རོ། །གཉིས་པ་ལ་བདུན་ལས། དང་པོ་བཟང་མོ་དང་རིག་ལྔ་ཡབ་ཡུམ་གྱི་ཡི་གེ་ནི། ཨ་ནི་སྐྱེ་མེད་སོགས་རྐང་པས་དམན་པའི་ཚིགས་བཅད་གསུམ་སྟེ། འདི་ནས་སྒོ་བ་བཞི་མ་གཏོགས་པ་རྣམས་དོན་བཞི་སྦྲག་ཏུ་འཆད་དེ། ཡི་གེ་ནི་ཨ། རྟོག་པ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་སུ་འཛིན་པ། ལྷ་ནི་ཀུན་ཏུ་བཟང་མོ། དོན་ནི་སྐྱེ་བ་མེད་པའི་དེ་བཞིན་ཉིད་དོ། །འདི་ལ་ཨ་ཀུན་གྱི་མགོ་བོར་འབྱུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཡི་གེ་ཀུན་གྱི་འབྱུང་ཁུངས་སམ་གཞི་ཡིན་པའི་ཕྱིར་རོ། །དེ་ཡང་སྒྱུ་འཕྲུལ་ཕྱི་མ་ལས། ཨ་ནི་སྟོང་པ་ཡེ་ནས་སྟོང་། །སྟོང་པ་ཉིད་ན་སྟོང་པ་མེད། །ཡི་གེ་ཀུན་གྱི་གཞིའམ་རྒྱུད། །ཡིན་པའི་ཕྱིར་ན་མགོ་བོར་བཞག །ཅེས་གསུངས་སོ། །དེ་བཞིན་དུ་ཡི་གེ་ནི་ཋ། རྟོག་པ་ནི་རྣམ་ཤེས་ཀྱི་ཕུང་པོ། ལྷ་ནི་སྒྱུ་འཕྲུལ་རྡོ་རྗེ་སེམས་དཔའ། དོན་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །ཡི་གེ་ནི་ཊ། རྟོག་པ་ནི་གཟུགས་ཀྱི་ཕུང་པོ། ལྷ་ནི་རྣམ་པར་སྣང་བར་མཛད་པ། དོན་ནི་མེ་ལོང་ཡེ་ཤེས་ཉིད་དོ། །ཡི་གེ་ནི་ཌ། རྟོག་པ་ནི་ཚོར་བའི་ཕུང་པོ། ལྷ་ནི་ཡིད་བཞིན་ཏེ་རིན་ཆེན་འབྱུང་ལྡན། དོན་ནི་མཉམ་ཉིད་ཡེ་ཤེས་སོ། །ཡི་གེ་ནི་ཌྷ། རྟོག་པ་ནི་འདུ་ཤེས་ཀྱི་ཕུང་པོ། ལྷ་ནི་སྣང་བ་རྣམ་པར་དག་པ་མཐའ་ཡས། དོན་ནི་སོར་རྟོག་ཡེ་ཤེས་སོ། །ཡི་གེ་ནི་ཎ། རྟོག་པ་ནི་འདུ་བྱེད་ཀྱི་ཕུང་པོ། ལྷ་ནི་ཀུན་ཏུ་གྲུབ་པ། དོན་ནི་བྱ་གྲུབ་ཡེ་ཤེས་སོ། །འདིར་ཡབ་ལྔ་ལ་སྒྱུ་འཕྲུལ་གྱི་སྒྲས་བསྟན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཕུང་པོ་ལྔ་སྒྱུ་མའི་སྣང་བ་ལྟར་མེད་པ་གསལ་ནང་ཙམ་དུ་འཆར་བ་མ་འགགས་ཀྱང་། འཆར་གཞི་གཉུག་མ་རང་རིག་པའི་ཡེ་ཤེས་སུ་རྣམ་པར་དག་པ་ནི་ཡེ་ཤེས་ལྔ་ཡིན་ལ། དེ་ཉིད་ཐབས་ཀྱི་ཕྱག་རྒྱར་འཕྲུལ་པ་ནི་ཡབ་ལྔ་སྟེ། ལེ་ལག་ལས། ལྔ་ཕུང་སྒྱུ་མའི་ཡེ་ཤེས་ལ། །རང་རིག་ཐབས་ཀྱིས་རིགས་ལྔར་འཕྲུལ། །ཞེས་སོ། །དེ་ལྟར་སྤྱིའི་མཚན་སྒྱུ་འཕྲུལ་ཞེས་པ་འགྲེལ་ཤེས་པར་བྱའོ། །ཡི་གེ་ནི་ཐ། རྟོག་པ་ནི་འབྱུང་བ་ནམ་མཁར་འཛིན་པ། དྲྭ་བ་ཞེས་པ་ཆོས་མཚུངས་དཔེར་བྱས་ནས་ལྷ་ཡབ་ཡུམ་མཚོན་པས་ན་ཤེས་རབ་ཀྱི་ཆའོ། །ལྷ་ནི་ཡུམ་མངོན་རྫོགས་ནམ་མཁའི་དབྱིངས་ཕྱུག་མ། དོན་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །ཡི་གེ་ནི་ཏ། རྟོག་པ་ནི་འབྱུང་བ་སྲ་ཞིང་བརྟན་པ་སར་འཛིན་པ། ལྷ་ནི་ཡུམ་སངས་རྒྱས་སྤྱན་མ། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡི་གེ་ནི་ད། རྟོག་པ་ནི་འབྱུང་བ་མེར་འཛིན་པ། ལྷ་ནི་ཡུམ་ལྷག་མཐོང་གི་མེ་ལྷམ་མེར་གསལ་བ་གོས་དཀར་མོ། དོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཡི་གེ་ནི་དྷ། རྟོག་པ་ནི་འབྱུང་བ་མཉེན་ཅིང་འཁྲིལ་བ་ཆུར་འཛིན་པ། ལྷ་ནི་ཡུམ་མཱ་མ་ཀཱི། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡི་གེ་ནི་ན། རྟོག་པ་ནི་འབྱུང་བ་ཀུན་ཏུ་གཡོ་ཞིང་འགྱུར་བ་རླུང་དུ་འཛིན་པ། ལྷ་ནི་ཡུམ་དམ་ཚིག་སྒྲོལ་མ། དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །འོ་ན་ཡུམ་རྣམས་ལ་དྲྭ་བར་འཇོག་པའི་རྒྱུ་མཚན་གང་ཡིན་ཞེ་ན། དཔེར་ན་དྲྭ་བ་ནི་མདོ་མདུད་འབྲེལ་བ་དང་། རྫས་ཀྱི་དངོས་པོ་ཤོང་ཞིང་སྡུད་པ་དང་། དྲྭ་མིག་ཟང་ཐལ་དུ་ཡོད་པ་དང་། གང་ནས་བལྟས་ཀྱང་གསལ་བ་དང་འདྲ་བར་ཡུམ་གྱི་མཁའ་དེ་ཡང་རྩ་མདུད་འབྲེལ་བ་དང་། བདེ་བ་ཤོང་ཞིང་སྡུད་པ་དང་། མཁའ་ཟང་ཐལ་དུ་ཡོད་པ་དང་། གང་ནས་ཞུགས་ཀྱང་གསལ་བར་སྣང་བ་དང་ལྡན་པས་དྲྭ་བ་ཞེས་བྱའོ། །དེའང་རྡོ་རྗེ་གཡུང་དྲུང་འཁྱིལ་བའི་མདོ་ལས། དྲྭ་བ་ཅིར་ཡང་འགྱུར་བ་སྟེ། །མདོ་མདུད་འབྲེལ་ཅིང་ཟང་ཐལ་བ། །གང་ནས་བལྟས་ཀྱང་གསལ་བར་སྣང་། །ཅིང་ཡང་སྡུད་ཅིང་ཤོང་བ་བཞིན། །ཞེས་སོགས་གསུངས་སོ། །གཉིས་པ་ནང་སེམས་བཞི་ཤར་སྒོའི་ཁྲོ་བོ་དང་བཅས་པའི་ཡི་གེ་ནི། ཀ་ནི་སྤྱན་གྱི་སོགས་རྐང་པ་ལྔ་སྟེ། ཡི་གེ་ནི་ཀ །རྟོག་པ་ནི་སྤྱན་གྱི་ཐུགས་མིག་གི་རྣམ་ཤེས། ལྷ་ནི་རྒྱལ་བའི་སྲས་མཆོག་སེམས་དཔའ་ས་ཡི་སྙིང་པོ། དོན་ནི་མེ་ལོང་ཡེ་ཤེས་སོ། །འོ་ན་རྣམ་པར་ཤེས་པ་ལ་ཐུགས་སུ་འཇོག་པའི་རྒྱུ་མཚན་གང་ཡིན་ཞེ་ན། སྤར་ཁབ་ལས། རྣམ་ཤེས་བཞི་པོ་ནི་རང་རིག་པ་ཁོ་ནའི་ཕྱིར་ཐུགས་ཏེ། ཞེས་གསུངས་པས་ན་ཐུགས་ཐམས་ཅད་ལ་འགྲེས་ཤེས་པར་བྱའོ། །ཡི་གེ་ནི་ཁ། རྟོག་པ་ནི་སྙན་ཏེ་རྣ་བའི་རྣམ་ཤེས། ལྷ་ནི་ཕྱག་ན་རྡོ་རྗེ། དོན་ནི་མཉམ་ཉིད་ཡེ་ཤེས་སོ། །ཡི་གེ་ནི་ག །རྟོག་པ་ནི་ཤངས་ཏེ་སྣའི་རྣམ་ཤེས། ལྷ་ནི་ནམ་མཁའི་སྙིང་པོ། དོན་ནི་སོར་རྟོག་ཡེ་ཤེས་སོ། །ཡི་གེ་ནི་གྷ། རྟོག་པ་ནི་ལྗགས་ཏེ་ལྕེའི་རྣམ་ཤེས། ལྷ་ནི་སྤྱན་རས་གཟིགས། དོན་ནི་བྱ་གྲུབ་ཡེ་ཤེས་སོ། །ཡི་གེ་ནི་ང་། རྟོག་པ་ནི་གསང་བའི་རྣམ་ཤེས། ལྷ་ནི་གཤིན་རྗེ་གཤེད་པོ། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ལས་ནི་ཐུགས་ཀྱང་འཇིག་བྱེད་པའོ་ཞེས་པས་གསང་བའི་རྣམ་ཤེས་ཀྱི་ཁམས་བདེ་བ་ཉམས་སུ་མྱོང་བའི་དུས་ན་མིག་ལ་སོགས་པའི་ཕྱིའི་རྣམ་ཤེས་ཀྱི་རྟོག་པ་འཇིག་ཅིང་མི་གནས་པར་བྱེད་པའོ། །གསུམ་པ་ནང་གི་སེམས་མ་བཞི་ལྷོ་སྒོའི་ཁྲོ་བོ་དང་བཅས་པའི་ཡི་གེ་ནི། ཙ་ནི་སྤྱན་གྱི་སོགས་རྐང་པ་ལྔ་སྟེ། ཡི་གེ་ནི་ཙ། རྟོག་པ་ནི་སྤྱན་ཏེ་མིག་གི་ཡུལ་གཟུགས་ཀྱི་སྐྱེ་མཆེད་དུ་འཛིན་པ། ལྷ་ནི་ལྷ་མོ་ལཱ་སྱེ་མ། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འོ་ན་ཡུལ་ལ་སྐུ་རུ་འཇོག་པའི་རྒྱུ་མཚན་གང་ཞེ་ན། རྣམ་པར་ཤེས་པ་བཞིའི་རྟེན་དུ་གྱུར་པས་ཀྱང་སྐུ་སྟེ། སྤར་ཁབ་ལས། ཡུལ་བཞི་ལ་རྣམ་ཤེས་བརྟེན་པའི་ཕྱིར་སྐུར་འགལ་བ་མེད་དོ། །ཞེས་གསུངས་ཤིང་། རྣམ་ཤེས་དམིགས་པར་བྱ་ཕྱིར་ཡུལ་དུ་གྱུར་པས་ཀྱང་སྐུ་སྟེ། རྡོ་རྗེ་ལས། རྣམ་ཤེས་བཞི་ནི་དམིགས་པའི་ཡུལ། མཐོང་བར་བྱ་བ་ལ་སོགས་པ། །དམིགས་པར་བྱ་ཕྱིར་སྐུ་ཡི་མཆོག །ཅེས་གསུངས་སོ། །ཡི་གེ་ནི་ཚ། རྟོག་པ་ནི་སྙན་ཏེ་རྣ་བའི་ཡུལ་སྒྲ། ལྷ་ནི་གི རྟི་མ། དོན་ནི་མཉམ་ཉིད་ཡེ་ཤེས་སོ། །ཡི་གེ་ནི་ཛ། རྟོག་པ་ནི་ཤངས་ཏེ་སྣའི་ཡུལ་དྲི། ལྷ་ནི་མཱ་ལེ་མ། དོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །ཡི་གེ་ནི་ཛྷ། རྟོག་པ་ནི་ལྗགས་ཏེ་ལྕེའི་ཡུལ་རོ། ལྷ་ནི་ནིརྟི་མ། དོན་ནི་བྱ་གྲུབ་ཡེ་ཤེས་སོ། །ཡི་གེ་ནི་ཉ། རྟོག་པ་ནི་གསང་བའི་ཡུལ་པདྨར་འཛིན་པ། ལྷ་ནི་ཁྲོ་བོ་སྟོབས་པོ་ཆེ། དོན་ནི་མཉམ་ཉིད་ཡེ་ཤེས། ལས་ནི་སྐུ་ཡང་འཇིག་པར་བྱེད་པ་ཞེས་གསང་བའི་ཡུམ་གྱི་པདྨ་དང་འཕྲད་པའི་དུས་བདེ་བ་སྐྱེས་པའི་ཚེ་ན་གཟུགས་ལ་སོགས་པ་ཕྱིའི་ཡུལ་གྱི་རྟོག་པ་ལ་བདག་ཏུ་འཛིན་པ་འཇིག་ཅིང་མི་གནས་པར་བྱེད་པའོ། །བཞི་པ་ཕྱི་སེམས་བཞི་ནུབ་སྒོའི་ཁྲོ་བོ་དང་བཅས་པའི་ཡི་གེ་ནི། ས་ནི་སྤྱན་སོགས་རྐང་པ་ལྔ་སྟེ། ཡི་གེ་ནི་ས། རྟོག་པ་ནི་སྤྱན་གྱི་གསུང་མིག་གི་དབང་པོ། །ལྷ་ནི་བྱམས་པ། དོན་ནི་མེ་ལོང་ཡེ་ཤེས་སོ། །འོ་ན་དབང་པོ་ལ་གསུང་དུ་འཇོག་པའི་རྒྱུ་མཚན་གང་ཞེ་ན། སྤར་ཁབ་ལས། དབང་པོ་རྣམས་ནི་ཡུལ་དང་ཤེས་པ་རྣམས་ཕྱི་ནང་གི་ཚུལ་དུ་བརྡའ་སྤྲོད་པར་བྱེད་པས་གསུང་སྟེ། ཞེས་དང་། གཡུང་དྲུང་འཁྱིལ་བའི་མདོ་ལས། འཁྱིལ་ཞིང་གནས་པ་སྐུ་དང་ཐུགས། །ཕྱིར་འབྱུང་སྨྲ་བ་གསུང་གི་སྒྲ། །ཞེས་གསུངས་སོ། །ཡི་གེ་ནི་ཕ། རྟོག་པ་ནི་སྙན་ཏེ་རྣ་བའི་དབང་པོ། ལྷ་ནི་སྒྲིབ་པ་རྣམ་སེལ། དོན་ནི་མཉམ་ཉིད་ཡེ་ཤེས་སོ། །ཡི་གེ་ནི་བ། རྟོག་པ་ནི་ཤངས་ཏེ་སྣའི་དབང་པོ། ལྷ་ནི་ཀུན་ཏུ་བཟང་པོ། དོན་ནི་སོར་རྟོག་ཡེ་ཤེས་སོ། །ཡི་གེ་ནི་བྷ། རྟོག་པ་ནི་ལྗགས་ཏེ་ལྕེའི་དབང་པོ། ལྷ་ནི་འཇམ་དཔལ་གཞོན་ནུ། དོན་ནི་བྱ་གྲུབ་ཡེ་ཤེས་སོ། །ཡི་གེ་ནི་མ། རྟོག་པ་ནི་གསང་བའི་དབང་པོར་འཛིན་པ། ལྷ་ནི་ཁྲོ་བོ་རྟ་མགྲིན། དོན་ནི་སོར་རྟོག་ཡེ་ཤེས། ལས་ནི་གསུང་ཡང་འཇིག་པར་བྱེད་པ་ཞེས་གསང་བའི་དབང་པོའི་ཁམས་རྡོ་རྗེ་ལ་བདེ་བ་སྐྱེས་པའི་དུས་སུ་མིག་དབང་སོགས་གསུང་སྟེ་ཕྱིའི་དབང་པོ་བཞིའི་རྟོག་པ་ལས་བདག་ཏུ་འཛིན་པ་འཇིག་ཅིང་མི་གནས་པར་བྱེད་པའོ། །ལྔ་པ་ཕྱིའི་སེམས་མ་བཞི་སྒོ་མ་བཞི་དང་བཅས་པའི་ཡི་གེ་ནི། ཡ་ནི་སྐྱེ་བ་སོགས་ཚིགས་བཅད་གཉིས་ཏེ། ཡི་གེ་ནི་ཡ། རྟོག་པ་ནི་སྐྱེ་བའང་འདས་པའི་དུས་རྣམ་པར་དག་པ། ལྷ་ནི་དྷུ་པེ་མ། དོན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡི་གེ་ནི་ཝ། རྟོག་པ་ནི་གནས་པའམ་ད་ལྟའི་དུས་རྣམ་པར་དག་པ། ལྷ་ནི་པུཥྤེ་མ། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡི་གེ་ནི་ར། རྟོག་པ་ནི་འཇིག་པ་སྟེ་མ་འོངས་པའི་དུས་རྣམ་པར་དག་པ། ལྷ་ནི་ཨཱ་ལོ་ཀེ། དོན་ནི་སོར་རྟོག་ཡེ་ཤེས་སོ། །ཡི་གེ་ནི་ལ། རྟོག་པ་ནི་སྟོང་པ་སྟེ་འབྱུང་བར་མ་ངེས་པའི་དུས་རྣམ་པར་དག་པ། ལྷ་ནི་གནྡྷེ་མ། དོན་ནི་བྱ་གྲུབ་ཡེ་ཤེས་སོ། །ཡི་གེ་ནི་ཤ །རྟོག་པ་ནི་རྟག་པར་འཛིན་པ་དག་པ། ལྷ་ནི་ཁྲོ་མོ་ལྕགས་ཀྱུ་མ། དོན་ནི་མེ་ལོང་ཡེ་ཤེས་སོ། །ཡི་གེ་ནི་ཥ། རྟོག་པ་ནི་ཆད་པར་ལྟ་བའང་རང་རྒྱུད་པར་ཡོད་པ་མ་ཡིན་ཏེ་དག་པའོ། །ལྷ་ནི་ཁྲོ་མོ་ཞགས་པ་མ། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡི་གེ་ནི་ས། རྟོག་པ་ནི་བདག་ཏུ་འཛིན་པ་དག་པ་མཐའ་བྲལ་བདག་མེད་པ། ལྷ་ནི་ཁྲོ་མོ་ལྕགས་སྒྲོག་མ། དོན་ནི་སོར་རྟོག་ཡེ་ཤེས་སོ། །ཡི་གེ་ནི་ཧ། རྟོག་པ་ནི་ཆོས་རྣམས་མཚན་མ་རང་རྒྱུད་པར་འཛིན་པ་མེད་པ་སྟེ་དག་པ་ཉིད། ལྷ་ནི་ཁྲོ་མོ་དྲིལ་བུ་མ། དོན་ནི་བྱ་གྲུབ་ཡེ་ཤེས་ཉིད་ཡིན་ནོ། །དྲུག་པ་ཀུན་བཟང་ཐུབ་དྲུག་དང་བཅས་པའི་ཡི་གེ་ནི། ཀྵ་ནི་ཡེ་ཤེས་སོགས་རྐང་པ་བདུན་ཏེ། ཡི་གེ་ནི་རྒྱུ་རྐྱེན་མཐར་ཟད་པ་ཀྵ། རྟོག་པ་ནི་ཐུགས་རྣམ་པར་ཤེས་པ་ལྔའི་ཡུལ་ཐམས་ཅད་ཀྱང་འདི་ཁོ་ནས་གཅོད་པར་བྱེད་པས་ཐུགས་ཀྱི་མཆོག་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ལ། ལྷ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཐུགས་ཡེ་ཤེས་ལྔ་ཡིན་ལ། དེ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་འདུ་བས་དོན་དུ་ནི་ཐུགས་རང་བྱུང་གི་ཡེ་ཤེས་རྟོགས་པ་ཉིད་དེ། དེ་ལྟར་ཐུགས་ཉིས་བརྩེགས་འོང་བའི་འཐད་པ་ནི། ཡོ་ག་རྒྱན་དམ་པ་ལས། རྣམ་པར་ཤེས་པ་ཀུན་ཡིད་ཡིན། །ཡིད་ཀྱི་རྣམ་ཤེས་གཅོད་བྱེད་པ། །ཐུགས་ཉིད་རིག་པ་སྣ་ཚོགས་ལྡན། །དེ་ཕྱིར་ཐུགས་ཀྱི་མཆོག་ཅེས་བྱ། །ཞེས་གསུངས་སོ། །ཡང་ཀྵ་ཐུབ་པ་དྲུག་གི་ཡི་གེའི་འོག་ཏུ་འབྱུང་བའི་འཐད་པ་ནི། རྒྱལ་བ་ཀུན་ཏུ་བཟང་པོའི་ཐུགས་རིག་པ་ཡེ་ཤེས་ཀྱི་བྱིན་རླབས་ལས་གོ་ཕྱེ་བའི་འཁོར་གྱི་དོན་དུ་ཐུབ་པ་དྲུག་སྤྲུལ་ནས་དོན་བྱེད་པའི་ཕྱིར་ཏེ། དེ་ཡང་ཡི་གེ་ནི་ཨི། རྟོག་པ་ནི་ཉོན་མོངས་པ་ང་རྒྱལ་ཏེ། དེའི་ནང་རིས་གྲངས་ལས་འདས་པས་ན་རྡུལ་སྙེད་དེ་དག་མ་སྤངས་གནས་སུ་དག་པ། ལྷ་ནི་ལྷ་རྣམས་ཀྱི་གནས་སུ་ལྷའི་ཐུབ་པ་བརྒྱ་བྱིན་དང་། དོན་ནི་བྱ་གྲུབ་ཡེ་ཤེས་སོ། །ཡི་གེ་ནི་ཨི། རྟོག་པ་ཉོན་མོངས་པ་ཕྲག་དོག་རྡུལ་སྙེད་གནས་སུ་དག་པ། ལྷ་ནི་ལྷ་མིན་གྱི་གནས་སུ་ཐུབ་པ་ཐག་བཟང་རིས། དོན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཡི་གེ་ནི་ཨུ། རྟོག་པ་ནི་ཉོན་མོངས་པ་འདོད་ཆགས་རྡུལ་སྙེད་གནས་སུ་དག་པ། ལྷ་ནི་མི་རྣམས་ཀྱི་གནས་སུ་ཐུབ་པ་ཤཱཀྱ་སེ ང་གེ། དོན་ནི་སོར་རྟོག་ཡེ་ཤེས་སོ། །ཡི་གེ་ནི་ཨཱུ། རྟོག་པ་ནི་ཉོན་མོངས་པ་གཏི་མུག་རྡུལ་སྙེད་གནས་སུ་དག་པ། ལྷ་ནི་བྱོལ་སོང་རྣམས་ཀྱི་གནས་སུ་ཐུབ་པ་སེང་གེ་རབ་བརྟན། དོན་ནི་མེ་ལོང་ཡེ་ཤེས་སོ། །ཡི་གེ་ནི་ཨེ། རྟོག་པ་ནི་ཉོན་མོང་པ་སེར་སྣ་རྡུལ་སྙེད་གནས་སུ་དག་པ། ལྷ་ནི་ཡི་དྭགས་ཀྱི་གནས་སུ་ཁ་འབར་དེ་བ། དོན་ནི་སོར་རྟོགས་ཡེ་ཤེས་སོ། །ཡི་གེ་ནི་ཨཻ། རྟོག་པ་ནི་ཉོན་མོངས་པ་ཞེ་སྡང་དུ་རྡུལ་སྙེད་གནས་སུ་དག་པ། ལྷ་ནི་དམྱལ་བ་རྣམས་ཀྱི་གནས་སུ་ཐུབ་པ་ཆོས་ཀྱི་རྒྱལ་པོ། དོན་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལྟར་ཐུབ་པ་དྲུག་སོགས་སྤྲུལ་པ་སྣ་ཚོགས་བསྟན་ནས་འགྲོ་བ་རྣམས་འདུལ་བའོ། །བདུན་པ་བྱང་སྒོའི་ཁྲོ་བོའི་ཡི་གེ་ནི། ཨོ་ནི་སོགས་རྐང་པ་གཉིས་ཏེ། ཡི་གེ་ནི་ཨོ་དང་ཨ། རྟོག་པ་ནི་གསང་བ་གསུམ་འདུས་ཀྱི་རེག་ཤེས། ལྷ་ནི་ཁྲོ་བོ་བདུད་རྩི་འཁྱིལ་བ། དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས། བྱེད་ལས་ཨོ་ནི་གསང་བའི་ཁམས་གསུམ་འདུས་ནས་བདེ་བ་སྐྱེས་པའི་དུས་སུ་སྔ་ཕྱིའི་རྟོག་པ་ལ་བདག་ཏུ་འཛིན་པ་ཐམས་ཅད་འཇིག་པར་བྱེད་པ་དང་། ཨ་ནི་ངེས་པར་སྤྱད་པའི་དུས་ན་བདེ་བ་ཉིད་ལས་ཀྱང་འདས་ཏེ་བདེ་བ་ལ་བདག་ཏུ་འཛིན་པ་ཐམས་ཅད་མི་གནས་པར་བྱེད་པས་ན་ཞིག་པ་ཡིན་ཞེས་བྱའོ། །འོ་ན་བདུད་རྩི་འཁྱིལ་བ་ལ་ཡི་གེ་གཉིས་འོང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྟོག་པ་གསུམ་འདུས་ཀྱི་རེག་པ་ཨོ་ནི་རྒྱུའི་སྒོ་ནས་གསང་བའི་ཁམས་གསུམ་འདུས་ཀྱི་རྟོག་པ་བདེ་བར་འཇིག་པར་བྱེད་པ་ཡིན་ལ། ཨ་ནི་ངེས་པར་སྤྱད་པའི་དུས་ན་བདེ་བ་ཉིད་ལས་ཀྱང་འདས་ཏེ་རྟོག་པ་ཐམས་ཅད་མི་གནས་པར་འཛིན་བྲལ་ཡེ་ཤེས་སུ་འཇིག་པར་བྱེད་པས་ན་འབྲས་བུའི་སྒོ་ནས་བཞག་པ་ཡིན་པས་རྒྱུ་འབྲས་རོ་གཅིག་པའི་ཕྱིར་ཡི་གེ་གཉིས་རྟོག་པ་གཅིག་ཏུ་བཞག་པ་ཡིན་ནོ། །ཡང་སྒོ་བ་ཀུན་ཡུམ་དང་བཅས་ནས་མི་འོང་བར་རྐྱང་པར་འོང་བ་དང་། བདུད་རྩི་འཁྱིལ་བ་ཡི་གེ་ཀུན་གྱི་མཇུག་ཏུ་འོང་བའི་འཐད་པ་ནི། ཡི་གེ་རིམ་པའི་དབང་གིས་བྱུང་བ་དང་། རྣམ་པར་རྟོག་པར་འཛིན་པ་མི་གནས་པར་འཇིག་པར་བྱེད་པའི་ཆ་ནས་རྗེས་ལ་སོ་སོར་བྱུང་བར་ཤེས་པར་བྱའོ། །གསུམ་པ་འཇུག་བསྡུ་བ་ནི། ཡི་གེའི་ནས་ཨ་ཧོའི་བར་ཏེ། དེ་ལྟར་ན་གསུང་ཡི་གེ་འཁོར་ལོའི་ཚོགས་ཆེན་འདི་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཕྲེང་བ་ཐམས་ཅད་ཡི་གེའི་བསྡུས་པ་ཞེས་ཆེད་དུ་བརྗོད་དོ། །དེ་ལྟར་ཡི་གེའི་རང་བཞིན་སྐུ་གསུམ་དུ་སངས་རྒྱས་པ་དེ་ལ་མཉེས་པའི་དོན་གྱིས་ན་ཨ་ཧོ་ཞེས་བྱའོ། །གཉིས་པ་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ། བསྡུ་བ་དངོས། བཀའ་གསང་སྔགས་མཚོན་པ། ཡོན་ཏན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། གཞུང་རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་རང་བཞིན་གྱི་དཀྱིལ་འཁོར་དེ་དག་ཉིད་ཀྱི་དོན་རྟོགས་དཀའ་བའི་གསང་བ་འདི་ཉིད་སྟོན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་རིགས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་ཕྱུང་ངོ་། །གཉིས་པ་ལ་གཉིས་ལས། དང་པོ་ཕྱི་གྲོལ་ལམ་ལྟར་དུ་གཞུང་རྒྱས་པ་དང་སྦྱར་ཏེ་བསྡུ་བ་ནི། ཨ་ཧོཿ ཐབས་དང་ནས་ཨ་ཧོའི་བར་ཏེ། ཨ་སྐྱེ་བ་མེད་པ་ཤེས་རབ་དང་། ཧོཿདགྱེས་པ་ཐབས་ཏེ་ཟུང་འཇུག་ཡི་གེའི་འཁོར་ལོ་ལ་ངོ་མཚར་བའོ། །དེ་ཡང་ཐབས་སྣང་བ་དང་ཤེས་རབ་སྟོང་ཉིད་དབྱེར་མེད་སྤྲོས་བྲལ་གྱི་ཡེ་ཤེས་ཏེ། དེར་ཡི་གེ་དམིགས་མེད་ཆོས་སྐུར་བསྟན་པའི་ཚིགས་བཅད་གཅིག་བསྡུའོ། །དེ་ལྟར་གཉིས་མེད་དུ་སྦྱོར་བའིདགྱེས་རོལ་ལས་སྣང་བ་ཐམས་ཅད་ཨའི་སྤྲིན་ཆེན་པོར་སྤྲོ་ཞིང་བསྡུ་བ་སྟེ། ཨ་ཡིག་ལ་སེམས་སྦྱོང་བ་བསྡུའོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ཨ་ལས་ཡི་གེ་ཞེ་གཉིས་ཀྱང་སྤྲོ་ཞིང་བསྡུ་བ་སྟེ། ཡི་གེ་གཞན་ལ་སེམས་སྦྱང་བ་བསྡུའོ། །སྟོན་པའི་ཐུགས་རྗེ་དང་ལམ་པས་ཡི་གེ་ལ་སེམས་སྦྱོང་བའི་ཐབས་ནི་ཡི་གེའི་འཁོར་ལོ་འབྲས་བུ་དང་ཡེ་ཤེས་ཀྱི་རྒྱུར་ངེས་པ་སྟེ། ལེའུ་སྤྱི་དང་ཡི་གེའི་དོན་བཤད་གཉིས་ཀྱིས་གསུངས་པའི་ལོ་རྒྱུས་དང་། འདི་ནི་སོགས་ཡེ་ཤེས་ཀྱི་རྒྱུར་བསྟན་པ་རྣམས་བསྡུའོ། །གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྤྲིན་སྟོན་པའི་ཐུགས་རྗེ་ལས་རང་སྣང་བ་སྟེ། ཨ་ཀ་ལ་སོགས་ཡི་གེ་ཇི་ལྟར་བྱུང་བའི་ཚུལ་བསྡུའོ། །སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ཕྱག་རྒྱའི་འབྲས་བུ་རྒྱལ་བ་ཞེ་གཉིས་སུ་སྨིན་པས་དོན་གཉིས་གྲུབ་པ་སྟེ། དེ་དག་གིས་རྡོ་རྗེ་གསུམ་མཚོན་བྱེད་དུ་བསྟན་པ་དང་། མགོ་ནི་མ་ནོར་སོགས་བྱེ་བྲག་ཡི་གེ་ཞེ་ལྔའི་དོན་བཤད་པ་བསྡུའོ། །ཡི་གེའི་སྒོ་ནས་ཟབ་རྒྱས་ཀྱི་དོན་སྟོན་པ་ལ་ངོ་མཚར་བ་སྟེ། ཡི་གེ་སྤྲུལ་སྐུའི་གསུང་དུ་བསྟན་པ་བསྡུའོ། །ཆོས་ཐམས་ཅད་མིང་གི་ཚོགས་པ་ཙམ་ལས་མ་གྲུབ་པ་སྟེ་ཡི་གེ་བྱུང་བའི་མཐུ་བཤད་པ་བསྡུའོ། །ཡི་གེ་བཞི་བཅུ་རྩ་གཉིས་ནི་རྒྱལ་བ་ཞེ་གཉིས་ཀྱི་རང་བཞིན་དུ་མངོན་པར་གྲུབ་པ་སྟེ། ཡི་གེ་དབང་བསྒྱུར་ལོངས་སྐུར་བསྟན་པ་བསྡུའོ། །ཡི་གེ་དེ་དག་ཀྱང་རྒྱུ་རྐྱེན་གྱིས་གསར་དུ་འདུས་མ་བྱས་པ་སེམས་ཀྱི་ཆོས་ཉིད་དམིགས་པ་དང་བྲལ་བ་སྟེ། ཡི་གེ་སྤྲུལ་སྐུའི་ཐུགས་སུ་བསྟན་པ། ཡི་གེའི་རང་བཞིན། ཡི་གེའི་ངེས་ཚིག་རྣམས་བསྡུའོ། །དེ་ལྟ་ནའང་ལམ་པའི་ངོར་ཡི་གེ་དེ་དག་འདུས་བྱས་པ་ལྟར་དབྱིབས་ཁ་དོག་སོགས་སྣང་བ་སྟེ། ཡི་གེ་སྤྲུལ་སྐུའི་སྐུར་བསྟན་པ་བསྡུའོ། །སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དབྱེར་མེད་པའི་དཀྱིལ་འཁོར་མ་ལུས་པ་གསུང་ཡི་གེ་འཁོར་ལོས་མངོན་དུ་འབྱིན་པ་ལས་མི་འདའ་བའི་དམ་ཚིག་སྟེ། ཡི་གེ་འཁོར་ལོ་སོགས་མཇུག་བསྡུའི་རྐང་པ་གཉིས་བསྡུའོ། །དེ་ལྟར་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་སྣང་བར་མཛད་པའི་དམ་ཚིག་ལས་འདའ་བར་མི་མཛད་པས་འབྲས་བུའི་དངོས་གྲུབ་མི་འགྲུབ་པའི་དབང་མེད་དེ། འགྲུབ་བྱེད་ཀྱི་རྒྱུ་ལྟ་བ་དང་། རྐྱེན་བསྒོམ་པའི་ཏིང་ངེ་འཛིན་ཚོགས་པའི་མཐུ་ཆེན་པོ་ལས་འབྲས་བུ་མངོན་དུ་ཐོབ་པ་ཆོས་ཉིད་ཡིན་པའི་ཕྱིར། དམིགས་མེད་དེ་ཉིད་སོགས་ཡི་གེའི་བྱེད་ལས་བསྡུའོ། །དེ་ལྟར་བསྡུས་པ་ལ་ཨ་ཧོཿཞེས་ངོ་མཚར་བས་མཉེས་པའོ། །གཉིས་པ་ནང་ཐབས་ལམ་ལྟར་བཤད་ན། ཐོག་མར་སྟེང་སྒོ་ལ་བསླབ་པ་ནི། ཚིག་འོག་མ་བླངས་ཏེ་རྒྱུ་འཁོར་ལོ་ཞེས་པས་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པའི་རྒྱུ་འཁོར་ལོ་བཞི་ནི། ལྟེ་བ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་ཐིག་ལེ་ཨ་ཐུང་གི་དབྱིབས་སུ་གནས། སྙིང་ག་རྩ་འདབ་བརྒྱད་ཀྱི་དབུས་ན་ཡི་གེ་བཾ་གྱི་དབྱིབས་སུ་གནས། མགྲིན་པ་རྩ་འདབ་བཅུ་དྲུག་གི་དབུས་སུ་ཐིག་ལེ་ཨཾ་གི་དབྱིབས་སུ་གནས། བདེ་ཆེན་འཁོར་ལོ་རྩ་འདབ་སོ་གཉིས་ཀྱི་དབུས་སུ་ཐིག་ལེ་ཧཾ་གི་དབྱིབས་སུ་གནས་སོ། །རྐྱེན་གྱི་འཁོར་ལོ་གཉིས་ནི། སུཾ་མདོའི་མེའི་འཁོར་ལོ་ན་རཾ་དང་། སྒྲོམ་མདོའམ་བཤང་ཁ་རླུང་གི་འཁོར་ལོ་ན་ཡཾ་དང་བཅས་པའོ། །དེ་ལམ་པས་བསྒོམ་པའི་དུས་ན་འོག་རླུང་བསྐྱོད་དེ་ཨ་ཐུང་གི་མེ་སྦར་བས་རྩ་དབུ་མའི་ནང་དུ་མེ་སྣ་ཞུགས་ཏེ་ལྟེ་བའི་ཐིག་ལེ་རྟོག་པའི་འཁྱགས་པ་བཞུས། དེ་ནས་སྙིང་ག་དང་མགྲིན་པ་དང་སྤྱི་བོའི་འཁོར་ལོ་རྣམས་ཀྱི་ཐིག་ལེ་རྟོག་པས་འཁྱགས་པ་རྣམས་བཞུས་ནས་ཐིག་ལེའི་འོད་ཟེར་སྤྱི་བོར་ནས་འཐོན་ཏེ་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་བདེ་སྟོང་གི་མཆོད་པ་ཕུལ་ནས་སངས་རྒྱས་རྣམས་མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་པའི་བྱང་ཆུབ་ཀྱི་སེམས་ཚུར་འདུས་སྤྱི་བོའི་ཐིག་ལེ་ལ་ཕོག །འོད་དུ་ཞུ་བས་ལུས་ཀུན་ལ་ཁྱབ་སྟེ་རྐྱལ་པ་ཞོས་གང་བ་བཞིན་དུ་གྱུར་པ་ནི་སྟེང་སྒོ་ལ་སྦྱོང་བའི་ཐབས་ཡིན་ནོ། །དེ་ནས་འོག་སྒོ་ལ་བསླབ་པ་ནི། ཚིག་གོང་མ་བླངས་ཏེ་ཐབས་དང་ཞེས་པ་ཡབ། ཤེས་རབ་ཅེས་པ་ཡུམ། ཡབ་ཡུམ་གཉིས་མེད་དུ་རོལ་པས་དགྱེས་པའི་སྤྲིན་ཉི་ཟླ་གཉིས་མེད་བྱང་ཆུབ་སེམས་ཀྱི་ཚོགས་ནི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་རྨད་དུ་བྱུང་བའི་འབྲས་བུ་རྒྱལ་བ་ཞེ་གཉིས་ཀྱི་ངོ་བོར་སྨིན་ཅིང་གྲུབ་པས་ངོ་མཚར་བའོ། །དེ་དག་ཀྱང་མིང་གི་ཚོགས་ཙམ་ལས་ངོ་བོའམ་མཚན་མར་མ་གྲུབ་སྟེ། བདེ་བའི་ཡེ་ཤེས་ཞེ་གཉིས་པོ་ཡང་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་འདུས་མ་བྱས་པ་ཉིད་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བློ། འདུ་བྱས་པ་ལྟར་སྣང་སྟེ། བདེ་སྟོང་དབྱེར་མེད་པ་རྡོ་རྗེའི་དཀྱིལ་འཁོར་མངོན་དུ་འབྱིན་པའི་ལས་བྱེད་པ་ལས་མི་འདའ་བ་ནི་དམ་ཚིག་གོ། །དེས་ན་དམ་ཚིག་དེ་ལས་འདའ་བར་མི་མཛད་འདའ་བའི་དབང་མེད་དེ། རྒྱུ་སྟེང་སྒོ་ལས་སུ་རུང་བ་དང་། རྐྱེན་ཐབས་དང་ཤེས་རབ་གཉིས་མེད་དུ་འབྱོང་བའི་ཏིང་ངེ་འཛིན་ཚོགས་པའི་མཐུ་ཆེན་པོ་ལས་རང་སྣང་བ་ཡིན་ནོ། །ཨ་ཧོཿནི་མཉེས་པའི་ཚིག་གོ། །གསུམ་པ་ནི། རྡོ་རྗེ་སོགས་ཏེ། ཡི་གེ་འཁོར་ལོ་བཀོད་པའི་དོན་རྣམས་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བསྡུས་པའོ། །བཞི་པ་ནི། ཞེས་བརྗོད་པས་སོགས་ཏེ། ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་དོན་ཐམས་ཅད་དེ་ཙམ་དུ་འདུས་སོ་ཞེས་ཆེད་དུ་བརྗོད་པས་གཞི་འབྲས་ཀྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་ཡི་གེ་ཕྲེང་བའི་འཁོར་ལོ་དང་རང་བཞིན་གཉིས་སུ་མེད་པར་གྱུར་ཏོ། །གཉིས་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་ཡོད་པ་ལས། འདིས་ཆོས་ཐམས་ཅད་མིང་ཙམ་ལས་དོན་ལ་མ་གྲུབ་པར་མཚོན་བྱེད་ཡི་གེ་འཕྲེང་བའི་འཁོར་ལོ་སྟོན་པའི་ཐུགས་རྗེ་དང་གདུལ་བྱའི་སེམས་ཉིད་ལས་རང་སྣང་བར་བཀོད་ཅིང་བསྟན་པའི་ལེའུ་སྟེ་བཞི་པའོ།། ༈ །།ད་ནི་ལེའུ་ལྔ་པ་འཆད་པར་བྱེེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས། ལམ་གཙོ་བོར་སྟོན། འབྲས་བུ་ཟུར་ཙམ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གྲོལ་ལམ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་གཙོ་ཆེར་སྟོན། ལམ་སྣང་གཙོ་ཆེར་སྟོན། གཞི་འབྲས་ཟུར་ཙམ་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་ཏིང་འཛིན་དང་སྒྲུབ་པ་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ན་སྤྱོད་པ་དཀྱིལ་འཁོར། ཕྲིན་ལས་སྟོན། ཐ་མའི་ཆོས་བཅུ་ལས། རང་བཞིན་ལྟ་བ། མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད། འཁྲུགས་སྡེབས་གཙོ་ཆེར་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དངོས། མཚན་ནོ། །དང་པོ་ནི། དེ་ནས་ཡི་གེ་སོགས་ཏེ། གསུང་ཡི་གེའི་འཁོར་ལོ་བསྟན་པ་དེ་ནས་བཤད་མ་ཐག་གི་ཡི་གེའི་འཁོར་ལོའི་སྤྲིན་བཀོད་པའི་མཐུ་ལས་ཐབས་ཤེས་ཟུང་འཇུག་སྒྱུ་འཕྲུལ་ལྷའི་དཀྱིལ་འཁོར་དང་། ལས་དང་དངོས་གྲུབ་སྒྲུབ་པའི་རིམ་པ་རྣམ་པར་འཕྲོ་བ་འདི་ཆེད་དུ་བརྗོད་དོ། །གཉིས་པ་གཞུང་དངོས་ལ་གསུམ་སྟེ། གང་གིས་སྒྲུབ་པ་རྟེན་གྱི་གང་ཟག །རྟོགས་གོམས་ཀྱི་ཐབས་ཀྱིས་ཇི་ལྟར་གྲུབ་ཚུལ། གཞུང་གསུངས་པའི་ཡོན་ཏན་ནོ། །དང་པོ་ནི། སྟོན་པ་མཆོད་བརྩོན་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་རྒྱུད་ལུང་མན་ངག་གི་དོན་ཕྱིན་ཅི་མ་ལོག་པོར་སྟོན་པའི་རྡོ་རྗེ་སློབ་དཔོན་སངས་རྒྱས་ཀྱི་དགོངས་པའི་རང་བཞིན་ཅན་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །ཞེས་པ་དེ་ལྟ་བུའི་རྡོ་རྗེ་སློབ་དཔོན་ལ་སྒོ་གསུམ་གུས་པས་མཉེས་པ་གསུམ་གྱི་མཆོད་པ་ལ་བརྩོན་ཅིང་། ཕན་ནུས་ཟབ་མོའི་དབང་གསུམ་ཐོབ་པས་རྒྱུད་སྨིན་པ། ཐོས་བསམ་སྒོ་གསུམ་གྱིས་རྒྱུད་ཡོངས་སུ་སྦྱོང་བའི་སྒོ་ནས་ལྷག་པ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྟོགས་པ་དང་། རྟོགས་དོན་སྒོམ་པའི་ཏིང་འཛིན་གསུམ་གསལ་བ་དང་། བླ་མེད་མི་སྤང་བ་སོགས་རྩ་བ་ལྔ་དང་། མི་སྤང་མི་དོར་བ་ཡན་ལག་བཅུ་སྟེ་དམ་ཚིག་རྣམས་མ་ཉམས་པས་རྣམ་པར་དག་པ། རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་གསུམ་དང་། དམ་ཚིག་ལས་ཆོས་ཕྱག་རྒྱ་ཆེན་པོ་བཞིའི་ཕྱག་རྒྱ་རྣམས་མ་ཉམས་པར་ལེགས་པར་ཤེས་ཤིང་། བཟའ་དང་བཏུང་བ། རྒྱན་དང་བགོ་བ། གླུ་ཚིག་སྒྲ། བྲོ་གར་འདུ་འཕྲོ། ཨ་ལི་ཀ་ལི་སྟེ་སྒྲུབ་པ་རྫས་ཀྱི་ཡོ་བྱད་ལྔ་དང་ལྡན་པར་གསུངས་པ། ལམ་རིམ་ལས། དམ་ཚིག་ལྟ་བ་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་སྟེ། །ལྷག་པའི་ཡོ་བྱད་ལྔ་རྫོགས་བྱ། །ཞེས་ལམ་གྱི་ཡོ་བྱད་ལྔ་པོ་དེ་ཡིན་པར་སེམས་སོ། །དེ་ལྟར་ཆོས་ལྔ་པོ་དང་ལྡན་པའི་སྒོ་ནས་བསྒྲུབ་ན་བསྒྲུབ་བྱ་འོག་གི་མཆོག་ཐུན་གཉིས་ཀ་འགྲུབ་པར་འགྱུར་ལ། ཆོས་དེ་དག་དང་མི་ལྡན་པས་ནི་བསྒྲུབ་ཀྱང་དོན་མེད་པར་མ་ཟད་སྒྲུབ་པ་པོ་རང་ཉིད་བརླག་པར་འགྱུར་རོ་ཞེས་ཁེ་ཉེན་དང་བཅས་ཏེ་བསྟན་པའོ། །འདི་ནི་ཚོམ་བུ་ཚོགས་བསྒྲུབ་པ་ཡང་ཡིན་ཏེ། ལམ་རིམ་གྱི་ལེའུ་བདུན་པ་བར་ཆད་མེད་ལམ་ཚོགས་བསྒྲུབ་པ་དང་སྦྱར་རོ། །གཉིས་པ་ལ། དེ་ཡང་རྒྱུད་འདི་ཉིད་ཟུར་གྱི་བླ་མ་དམ་པ་རྣམས་ཀྱིས་མདའ་ལྟར་རྩེ་མོ་ནས་བཟུང་སྟེ་བཤད་པ། མདུང་ལྟར་སྐེད་པ་ནས་བཟུང་སྟེ་བཤད་པ། རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་བཤད་ཚུལ་དང་གསུམ་ཡོད་ལ། དང་པོ་ནི། མཚན་གྱི་སྐབས་སུ་ཆོས་ཐམས་ཅད་གཞི་ལམ་འབྲས་བུ་གསུམ་དུ་དྲིལ་ནས་འཆད་པའོ། །གཉིས་པ་ནི། ལེའུ་འདི་ན་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་དྲིལ་ནས་འཆད་པའོ། །གསུམ་པ་ནི། ལེའུ་ཐ་མར་ཆོས་ཐམས་ཅད་སྣང་བ་བཞིར་དྲིལ་ནས་འཆད་པ་ཡིན་ནོ། །དེ་ལ་འདིར་ནི་མཚན་ཉིད་གསུམ་དུ་དྲིལ་ནས་འཆད་པ་ལ། རྒྱུད་དངོས་བསྟན་དང་སྦྱར་ནས་བཤད་ན་སྒྱུ་འཕྲུལ་ལམ་རིམ་ནང་དུ་མཚན་ཉིད་གསུམ་ཡང་ལེའུ་དགུར་ཕྱེ་ནས་བཤད་དེ། དེ་ཡང་དང་པོར་རྟོགས་བྱ་ཡེ་ཤེས་རང་གནས་གཞིའི་ལེའུ། གཉིས་པ་རང་གནས་མཐོང་བ་ལྟ་བའི་ལེའུ། གསུམ་པ་ནས་དྲུག་པའི་བར་ལེའུ་བཞིས། སྟོང་ཆེན། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ་དང་། ཕྱག་རྒྱ་སྤྲོས་བཅས་ཏེ་ཚོགས་ལམ་གྱི་རྣལ་འབྱོར་བཞི། བདུན་པས་སྦྱོར་ལམ་ཚོགས་སྒྲུབ། བརྒྱད་པས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི། དགུ་པས་གཞི་ཇི་ལྟ་བ་མངོན་བྱས་མཐར་ཐུག་གི་འབྲས་བུ་རྣམས་བསྟན་པར་བཞེད་དེ། དེ་ཡང་། རང་བཞིན་ཡེ་ཤེས་རང་གནས་དང་། །དེ་མཐོང་དེར་འཇུག་རྣལ་འབྱོར་བཞི། །བར་ཆད་མེད་སྒྲུབ་རྣམ་པར་སྨིན། །དབང་བསྒྱུར་ཕྱག་རྒྱ་ལྷུན་གྲུབ་ལམ། །མངོན་བྱས་རིམ་པ་བརྗོད་པར་བྱ། །ཞེས་གསུངས་སོ། །དེ་ལྟར་གོ་དོན་བློ་ལ་བཞག་ནས་དེའི་དོན་བསྟན་པ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། །རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། རྟོགས་པའི་ཐབས་ལ་གདམས་པ་དང་། རྟོགས་བྱ་ལྟ་བའི་ངོ་བོར་བཤད་པའོ། །དང་པོ་ནི། གང་གིས་དམིགས་མེད་སོགས་ཚིགས་བཅད་གཅིག་སྟེ། གང་ཟག་གང་གིས་ཉེར་ལེན་གྱི་རྒྱུ་བློའི་སྐལ་པ་དམན་ཞིང་། ལྷན་ཅིག་བསྐྱེད་བྱེད་བླ་མའི་མན་ངག་གིས་མ་ཟིན་པས་སེམས་ཉིད་དམིགས་སུ་མེད་དོན་དེ་ཉིད་མི་ཤེས་པ་དེ་ཡིས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ཟབ་མོ་མི་ཤེས་ལ། རྒྱུ་མཚན་དེའི་ཕྱིར་མུ་སྟེགས་རྟག་པ་བས་རྟག་གཅིག་རང་དབང་འཛིན་པ། ཉན་ཐོས་པས་རྡུལ་ཤེས་བདེན་གྲུབ་ཏུ་འཛིན་པ། རང་རྒྱལ་བས་ཤེས་པ་བདེན་གྲུབ་དང་། སེམས་ཙམ་པས་རང་རིག་རང་གསལ་དུ་འཛིན་པ་སྟེ། གྲུབ་མཐའ་དངོས་པོར་ལྟ་བ་རྣམས་དང་། མུ་སྟེགས་ཆད་པ་བས་ཤེས་པ་སྔ་ཕྱི་མེད་པར་སྨྲ་བ་སོགས་དང་། དབུ་མ་པས་ཡེ་ཤེས་རྒྱུན་ཆད་པ་མཐའ་བྲལ་སྟོང་པ་ཉིད་དུ་འདོད་པ་སོགས་དངོས་པོ་མེད་པར་འཛིན་པ་དེ་ཐམས་ཅད་ཅིར་ཡང་མ་གྲུབ་ཅིང་གང་དུའང་མ་འགགས་པའི་སེམས་ཉིད་མཐའ་བྲལ་གྱི་ངང་དེར་འཛིན་པའི་ཚུལ་རྟོགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་མེད་བསམ་བརྗོད་དང་བྲལ་བའི་དོན་དེ་ཉིད་ཤེས་པར་གྱིས་ཤིག་ཅེས་གདམས་པའོ། །འདི་ནི་ལམ་རིམ་གྱི་རང་གནས་མཐོང་བའི་ལེའུ་དང་སྦྱར་བར་བྱའོ། །གཉིས་པ་ནི། གཞི་རྩ་མེད་པའི་སོགས་རྐང་པ་བདུན་ཏེ། བརྟེན་པའི་གཞི་དང་བསྐྱེད་པའི་རྩ་བ་མེད་པའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ནི་ངོ་བོ་ཉིད་གང་དུ་ཡང་མ་གྲུབ་པ་ཡིན་ཏེ། མཚན་གྱི་སྒོ་ནས་ཕོ་དང་མོ་དང་མ་ནིང་གསུམ་ཡང་མིན་ལ། དེ་ལས་གཞན་སྒོ་ང་ལྟ་བུ་མཚན་མ་མེད་པ་མ་ཡིན་པ་དང་། རིགས་ཀྱི་སྒོ་ནས་རྒྱལ་རིགས་སོགས་བཞི་དང་། རྒྱུད་འགྲོ་བ་རིགས་དྲུག་སྟེ་རིགས་སོ་སོའི་རྒྱུད་སོགས་གང་ཡང་མ་ཡིན་ཞིང་། གཟུགས་ཀྱི་སྒོ་ནས་དཀར་དམར་སོགས་ཁ་དོག་ལྔ་དང་ཉི་ཤུ་རྩ་ལྔ་སོགས་སུ་གྲུབ་པ་མ་ཡིན་ལ། དབྱིབས་ཟླུམ་པོ་སོགས་དབྱིབས་སུ་གྲུབ་པ་དང་། བརྟེན་བྱའི་གནས་དང་རྟེན་བྱེད་ཀྱི་རྫས་སོགས་དངོས་པོ་དང་དངོས་མེད་ཀྱི་ཆོས་སུ་གྲུབ་པ་མ་ཡིན་ཏེ། མདོར་ན་གང་ཡང་ཡིན་པར་མི་འགྱུར་བས་མཐའ་ཅིར་ཡང་གྲུབ་པ་མིན་པ་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་རྣམ་པར་དག་པ་རིག་པ་དང་རང་བྱུང་གི་ཡེ་ཤེས་ཏེ། དེ་ཉིད་གཞི་མངོན་དུ་བྱེད་པ་ལས་མི་འདའ་བ་ཐབས་ཀྱི་ཕྱག་རྒྱ་ལམ་དང་། རྟོགས་མ་རྟོགས་ཀྱིས་འཁོར་འདས་སུ་སྣང་བས་ཀུན་གྱི་གཞིའམ་རྒྱུ་སྟེ། ཅིའི་ཕྱིར་ཞེ་ན། སེམས་ཀྱི་ཆོས་ཉིད་ལས་གཞན་པའི་ཆོས་འགའ་ཡང་མེད་པའི་ཕྱིར་རོ། །དེ་དག་ནི་མན་ངག་ལམ་རིམ་དང་སྦྱར་ན་གཞི་ཡེ་ཤེས་རང་གནས་ཀྱི་ལེའུ་དང་སྦྱར་བ་ཡིན་ནོ། །དེ་ཡང་ལྟ་བའི་དོན་ལ་ལེའུ་གསུམ་པར་བདེན་པ་གཉིས་དང་། ལེའུ་བཞི་པར་བདེན་པ་བཞི་དང་། ལེའུ་འདིར་བདེན་པ་གསུམ་དུ་གཏན་ལ་ཕབ་པ་རྣམས་ཟློས་སོ་ཞེ་ན། མི་ཟློས་ཏེ། ལེའུ་གསུམ་པ་ནི་རྒྱུ་ཤེས་པས་ཤེས་བྱར་གཏན་ལ་ཕབ་པ་ཡིན་ཅིང་། ལྔ་པ་འདིར་ཉམས་སུ་བླང་བྱ་ཡིན་ལ། བཞི་པ་བདེན་པ་དབྱེར་མེད་ཡི་གེའི་སྐུ་གསུམ་དུ་སངས་རྒྱས་པའི་ཕྱིར་འབྲས་བུ་གཏན་ལ་ཕབ་པ་ཡིན་ནོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་དྲུག་སྟེ། ཅིའི་ཕྱིར་སྒོམ་པའི་དགོས་ཆེད། ཇི་ལྟར་སྒོམ་པའི་ཐབས། དེ་ཉིད་ཐམས་ཅད་དུ་རང་སྣང་བ། དེ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ། དེ་ཉིད་ཀར་དག་པས་བླང་དོར་དང་བྲལ་བར་དཔེས་བསྟན་པ། དེ་མ་འདྲེས་པར་བསླབ་པས་འབྲས་བུར་མཚམས་སྦྱོར་བའོ། །དང་པོ་ནི། དངོས་རྣམས་སོགས་རྐང་པ་གཉིས་ཏེ། འདི་ལྟར་དངོས་པོ་སྣ་ཚོགས་སུ་སྣང་བའི་ཆོས་རྣམས་སྣང་དུས་ཉིད་ནས་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་པའི་དོན་ལ་རང་དབང་བསྒྱུར་བའི་ཐབས་ནི་ཏིང་ངེ་འཛིན་ཡིན་ནོ། །གཉིས་པ་ནི། གང་གིས་གླང་ཆེན་སོགས་རྐང་པ་གཉིས་ཏེ། སྒོམ་པ་པོ་གང་གིས་མ་འདུལ་བའི་གླང་ཆེན་ཆང་གིས་མྱོས་པ་དང་འདྲ་བའི་སེམས་འཁྲུལ་རྟོག་སྣ་ཚོགས་ཀྱིས་མྱོས་པས་ལས་སུ་མི་རུང་བ་འདི་ཉིད། ཇི་ལྟར་གླང་རྫི་མཁས་པས་ལྕགས་ཀྱུ་ལ་སོགས་པའི་འདུལ་ཐབས་ཀྱིས་གླང་པོ་བཏུལ་ན་ཐུལ་བ་ལྟར་གདམས་ངག་གིས་སྟོབས་ཀྱིས་བཞག་ཐབས་དང་ཤེས་རབ་སྟོབས་ཀྱིས་བཞག་ཐབས་གཉིས་པོ་གང་རུང་གི་སྒོ་ནས་སྔར་གྱི་ལྟ་བའི་རྗེས་སུ་ཅིར་ཡང་མི་དམིགས་པ་མཉམ་པར་བཞག་པས་བཏུལ་ན་ཇི་ལྟ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་ཤིང་གཞི་ཇི་ལྟ་བ་བཞིན་ཀློང་དུ་ཕེབས་པ་ནི་ཐུལ་བའོ། །དེ་ལྟར་དགོས་ཆེད་དང་སྒོམ་ཐབས་གཉིས་པོ་འདི་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ་ལམ་རིམ་གྱི་ལེའུ་གསུམ་པ་སྟོང་པ་ཆེན་པོའི་རྣལ་འབྱོར་དང་སྦྱར་རོ། །གསུམ་པ་ནི། རྩ་བ་མེད་པའི་སོག་ཚིགས་བཅད་གཅིག་སྟེ། བརྟེན་པའི་གཞི་དང་སྐྱེད་པའི་རྩ་བ་མེད་པའི་སྟོང་པ་ཉིད་ཀྱི་དབྱིངས་སེམས་ཉིད་རང་བྱུང་གི་ཡེ་ཤེས་འདི་ནི་རང་བཞིན་ལྟ་བའམ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ལྷག་པ་འབྲས་བུའི་ཕྱག་རྒྱ་སྟེ། མྱ་ངན་ལས་འདས་པ་དང་འཁོར་བའི་ཆོས་རྣམས་ཀུན་གྱི་རྩ་བ་ཡིན་པར་ངེས་པ་རྙེད་ནས་རང་གནས་ཀྱི་ཡེ་ཤེས་མ་རྟོགས་པས་སྒྱུ་མ་ལྟ་བུའི་འཁོར་བར་འཁྱམས་པའི་སེམས་ཅན་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་བསྒོམ་པ་ནི་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ཏེ། ལམ་རིམ་ལེའུ་བཞི་པ་དང་སྦྱར་རོ། །དེ་ལྟར་འཁོར་འདས་གཉིས་སུ་མེད་པའི་སེམས་ཉིད་ཐམས་ཅད་དུ་རང་སྣང་བ་ལས་འདིར་ཡི་གེ་ཨའི་རང་བཞིན་དུ་བསྒོམ་སྟེ། ཡི་གེ་དེ་ལས་ཨ་ཕྲ་མོ་དང་ཀ་ལ་སོགས་པའི་འཕྲོ་འདུ་ལ་སེམས་སྦྱོང་བ་ནི་ཇི་ལྟར་ཡིད་བཞིན་གྱི་ནོར་བུའི་ཆར་འདོད་རྒུར་འབེབས་པ་ལ་རིན་ཆེན་གྱི་ཁམས་ལས་གྲུབ་པའི་སྤྲིན་དགོས་པ་བཞིན་དུ་དཀྱིལ་འཁོར་འཁོར་ལོ་ཐམས་ཅད་སྤྲོ་བའི་རྒྱུར་ཡི་གེ་ལ་སེམས་སྦྱོང་དགོས་ཏེ། རྒྱུའི་ཏིང་ངེ་འཛིན་ཕྲ་བ་ཡིག་འབྲུ་ལ་བསླབ་པ་ཞེས་བྱའོ། །བཞི་པ་ནི། ཐབས་ལས་སོགས་རྐང་པ་ལྔ་སྟེ། རང་རིག་པ་ཉིད་ཡི་གེར་སྣང་བ་ནི་རྩ་བའི་ཐབས་དེ་ལ་གཞལ་ཡས་ཁང་གདན་དང་བཅས་པར་སྣང་བ་ནི་ཐབས་ལས་བྱུང་བ་གཞིའི་ཐབས། དེ་དག་ཏུ་ལྷའི་དཀྱིལ་འཁོར་བཀོད་ནས་བསྒོམ་པ་ནི་ཐབས་བསམ་ལས་འདས་པ་སྟེ་བསམ་གྱིས་མི་ཁྱབ་པའི་ཐབས་སོ། །ཐབས་གསུམ་པོ་དེ་དག་ནི་རགས་པ་ལྷ་སྐུ་ལ་བསླབ་པ་སྟེ། སྔར་བཤད་པའི་ཕྲ་བ་ཡིག་འབྲུ་ལ་བསླབ་པ་དང་འདི་འཆད་འགྱུར་གྱི་དེ་ལ་འདྲེས་པར་བསླབ་པ་གསུམ་ནི་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཏེ་ལམ་རིམ་ལེའུ་ལྔ་པ་དང་སྦྱར་རོ། །དེ་ལྟར་ཐབས་གསུམ་པོ་རང་རིག་པའི་ཡེ་ཤེས་སུ་གཅིག་པས་ན་ཐ་དད་མིན་པ་ལས་བློ་ཆུང་རིམ་གྱིས་པའི་སྣང་ངོ་ལ་རྣམ་པ་གཙོ་བོ་ལ་ཐ་དད་པའི་འཁོར་སོགས་ནང་བརྟེན་པ་ལྷའི་དཀྱིལ་འཁོར་དང་། ནང་གི་ཕྱི་རོལ་རྟེན་གྱི་དཀྱིལ་འཁོར་ཏེ་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞི་ཁྲོ་གཉིས་ཀ་ལ་ཚོམ་བུ་སྟོང་དང་། སྟོང་བཞི་བརྒྱ་ལྔ་བཅུ་ནས་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་སོགས་ཕྱག་རྒྱས་སྤྲོས་པ་དེ་ཐམས་ཅད་ཀྱང་རང་རིག་ཡེ་ཤེས་ཀྱི་རོལ་པར་ཤར་བས་ན་འཁོར་བ་དང་ཚོགས་ལམ་གྱི་གཡང་སར་འཇིགས་པ་མེད་དེ། སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་བཟང་ཕྱག་རྒྱའི་མཆོག་དེས་མ་བཏབ་པ་ཅི་ཡང་མེད་པའི་ཕྱིར་རོ། །ལྔ་པ་ནི། དེ་ཉིད་ཡེ་ཤེས་སོགས་ཚིགས་བཅད་གཅིག་སྟེ། བཤད་མ་ཐག་པའི་ཐབས་གསུམ་པོ་དེ་ཉིད་རང་རིག་པའི་ཡེ་ཤེས་ལས་རང་སྣང་བའི་ཕྱིར་ན་ཡི་གེ་ཧཱུྃ་མཱུྃ་སོགས་མིག་དང་། བཛྲ་དྷྲིཀ་སོགས་བསྐྱེད་པའི་ཚིག་དང་། སྐུ་མདོག་ཕྱག་མཚན་སོགས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པའི་སྐུར་བསྒོམ་པ་སོགས་ཡིད་ལ་ཇི་ལྟར་འདོད་པ་བཞིན་ཏིང་ངེ་འཛིན་ལ་འདོད་རྒུར་བྱར་ཡོད་པའི་ཡོན་ཏན་གྱི་དཔེ་ནི་མུན་ནག་ལ་སྒྲོན་མེ་བཏེགས་པས་སྣང་བ་བྱུང་བ་ཇི་ལྟ་བ་དེ་བཞིན་དུ་རྟོག་ཚོགས་ཞེ་གཉིས་མ་སྤངས་པར་བརྟེན་པ་ལྷའི་སྣང་བར་གྲོལ་བ་དང་། ལྕགས་ཡུད་ཙམ་གྱི་གསེར་དུ་བསྒྱུར་བ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་འབྱུང་ལྔ་མ་སྤངས་པར་ཡུམ་ལྔའི་རང་བཞིན་རྟེན་གཞལ་ཡས་ཁང་གི་སྣང་བར་གྲོལ་བ་དང་། བཅུད་ལེན་གྱི་རྩིས་དུག་སྨན་གྱི་རང་བཞིན་དུ་བསྒྱུར་བའི་ཚུལ་དང་འདྲ་བར་རྣམ་ཤེས་ཚོགས་བརྒྱད་དམ་དུག་ལྔ་ཡེ་ཤེས་ལྔར་གྲོལ་བ་སྟེ། དེའང་རྣམ་པར་གྲོལ་བ་ཙམ་ལས་མ་དག་པའི་ཆོས་རྣམས་མེད་སྣང་ཡིན་པས་དག་པའི་ངོ་བོར་གསར་དུ་བསྒྱུར་དགོས་པར་ནི་མི་སེམས་སོ། །དྲུག་པ་ནི། སྔགས་དང་སོགས་རྐང་པ་གཉིས་ཏེ། ཕྱག་རྒྱ་གཅིག་སྤྲོས་ཀྱི་སྐབས་སུ་སྔགས་ཀྱི་ཡན་ལག་ལྔ་དང་ལྡན་པས་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ཏིང་འཛིན་གསལ་བ་ལ་ཡུལ་རྐྱེན་གྱིས་མི་འཕྲོགས་པར་བློ་རབ་ཏུ་བརྟན་པ་ཐོབ་ན། འོག་ནས་འབྱུང་བའི་དངོས་གྲུབ་ངོ་བོ་གྲུབ་པ་མེད་བཞིན་སྒྲུབ་པ་པོའི་ངོ་ལ་སྣང་བའི་ཕྱིར་ཡ་མཚན་ཆེན་པོ་ཐོབ་པར་འགྱུར་ཞེས་སོ། །གསུམ་པ་མངོན་གྱུར་འབྲས་བུའི་མཚན་ཉིད་ལ་གཉིས་ཏེ། ཐུན་མོང་དང་། མཆོག་གི་དངོས་གྲུབ་བོ། །དང་པོ་ལ་གཉིས། གྲོལ་ལམ་ལྟར་བཤད་པ་དང་། ཐབས་ལམ་ལྟར་བཤད་པའོ། །དང་པོ་ལ་གསུམ་སྟེ། ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག །འབྱུང་ལྔའི་དངོས་གྲུབ་ལྔ། ལས་ཕྲན་ཚེགས་བརྒྱད་དོ། །དང་པོ་ནི། བདུད་རྩིར་སོགས་ཚིགས་བཅད་གཅིག་སྟེ། རྒྱུད་འགྲེལ་པ་དང་སྒྲུབ་ཐབས་ཀྱིས་འཆད་པའི་དབང་དུ་བྱས་ན་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་འཛིན་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས་ཡི་གེའི་འཕྲོ་འདུ་ལ་བརྟེན་ནས་སྒྲུབ་སྟེ། བསྒྱུར་གཞི་ཟས་དུག་ཅན་ལ་ཡི་གེ་ཨ་བཀོད་དེ་འཇུ་འདུལ་གྱི་ལས་ཀྱིས་སྨན་མཆོག་བདུད་རྩིར་འགྱུར་བ་ཟོས་པ་ཙམ་གྱིས་འདོད་བྱ་གྲུབ་པ་དང་། དེའི་ཡོན་ཏན་གང་ཞེ་ན། ནད་ཞི་བ་སོགས་ཡོན་ཏན་ལྷག་མ་ལྔ་པོ་ཐམས་ཅད་འགྲུབ་ཅིང་། དེ་ལྔ་སོ་སོར་བསྒྲུབ་ན་ཡི་གེ་འཕྲོ་འདུས་འདོད་བྱ་གཞན་དམིགས་པ་ལྟར་འབྱུང་བ་དང་། ནད་པའི་ལུས་ལ་ཡི་གེ་བཀོད་པའི་འཕྲོ་འདུས་རླུང་མཁྲིས་བད་ཀན་སོགས་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་སེལ་ཞིང་བདེ་བར་འགྱུར་བ་དང་། ཏྲཱྃ་ལས་རིན་པོ་ཆེའི་གཏེར་དུ་བསམ་པའམ་ཡི་གེའི་འཕྲོ་འདུས་མཆོད་པས་ལོངས་སྤྱོད་ཅི་འདོད་འབྱུང་ཞིང་། འབྱུང་བའི་ཡི་གེ་གསུམ་གྱི་འཕྲོ་འདུས་ངན་སོང་གི་གནས་སུ་སྐྱེ་བའི་སྒྲིབ་པ་སྦྱོང་བ་དང་། གང་དང་ཅིར་སྣང་བའི་ཆོས་ཀྱི་རྣམ་པར་ཡང་དེ་དང་མི་མཐུན་པའི་སྣང་བ་གཞན་སྐམ་ས་ལས་ཆུ་དང་། སོལ་བ་ལས་ལྗོན་ཤིང་། བྱེ་མ་ལས་གསེར་དུ་འགྱུར་བ་སོགས་འགྲུབ་པ་ཡིན་ནོ། །དེ་དག་རྒྱུད་ནང་གིས་སམ་བདག་ཉིད་ཀྱིས་བདག་ཉིད་བཤད་པ་ལྟར་ན་བཤད་རྒྱུད་རྒྱས་པ་དང་སྦྱར་ཏེ། རྐང་པ་དང་པོ་གཉིས་ནི་ལེའུ་བཞི་བཅུ་པ་མཆོག་གི་བདུད་རྩི་སྒྲུབ་པ་དང་། བདུན་ཅུ་པ་ཐུན་མོང་གི་བདུད་རྩི་རོ་ལངས་སྒྲུབ་པས་བསྟན། ལོངས་སྤྱོད་འབྱུང་བ་ནི་ཞེ་གཅིག་པའི་བློན་པོ་ནོར་མང་སྒྲུབ་པ་སོགས་ཀྱིས་བསྟན། ངན་སོང་གསུམ་སྦྱོང་བ་ནི་ཞེ་གཅིག་པའི་རྡོ་རྗེ་རིགས་ཀྱི་སྒྲུབ་པ་ལས་ཨ་ལ་སེམས་སྦྱངས་ནས་ཧཱུཾ་དུ་བསྒོམ་ཏེ་བདག་ལུས་སྦྱང་བ་སོགས་ཀྱིས་བསྟན། ཅི་ཡང་གཞན་དུ་བསྒྱུར་བ་ནི་སོ་བརྒྱད་པ་ནས་རྐང་མགྱོགས་དང་མི་སྣང་བ། རེ་བཞི་པ་ནས་ཚེ། རེ་ལྔ་པ་ནས་པྲ་སྒྲུབ་པ་སོགས་ཀྱིས་བསྟན། གཞན་ཡང་རྡོ་རྗེ་བཀོད་པ་ཀུན་འདུས་ཀྱི་རྒྱུད་ནས་སྒྱུ་མ་དང་། ཡུངས་ཀར་རྒྱལ་པོ། རྡོ་རྗེ་ཐལ་ཆེན་དང་། ལུས་མང་པོར་སྤྲུལ་པ། བྱེ་མ་ལ་གསེར། སོལ་བ་ལྗོན་ཤིང་དུ་སྒྲུབ་པ་ལ་སོགས་པ་དང་། ཡུལ་ཁམས་དབང་དུ་བྱ་བ་དང་། གསེར་དང་ཆང་དང་མིག་མཐོང་བསྒྲུབ་པ་ལ་སོགས་པ་རྒྱུད་གཞན་དག་ནས་ཀྱང་མང་དུ་གསུངས་པ་ཡིན་ནོ། །གཉིས་པ་ནི། ནམ་མཁའ་སོགས་རྐང་པ་ལྔ་སྟེ། འདི་ཡང་འགྲེལ་སྒྲུབ་ལྟར་ན་ནམ་མཁའ་ལ་ཧཱུཾ་ཞེས་རྡོ་རྗེའི་སྐས་བསམ་ན་ལྷ་ཡུལ་སོགས་འགྲོ་བའི་སྲ་བའི་སྐས་འབྱུང་ཞིང་། ལག་མཐིལ་དུ་རཾ་བཀོད་པས་འབར་བའི་ཡེ་ཤེས་ཀྱི་མེར་གྱུར་ནས་ཐ་མལ་གྱི་མེ་ཡང་འཚིགས་པར་འགྱུར་བ་དང་། ལག་མཐིལ་དུ་ཁཾ་བཀོད་པ་ཡེ་ཤེས་ཀྱི་ཆུར་འགྱུར་བས་ཐ་མལ་གྱི་ཆུར་འབབ་པའང་དག་པར་བྱེད་པ་དང་། ཡཾ་བཀོད་པ་རླུང་དུ་གྱུར་ནས་འཇིག་རྟེན་གྱི་ཁམས་ནི་གཞན་དུ་འདེགས་ཤིང་འཐོར་བར་བྱེད་པ་དང་། ཡི་གེ་ཨ་བཀོད་དེ་འཕྲོ་འདུས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོང་པར་བྱེད་ཅིང་སྟེང་འོག་ཏུ་འཕེན་པ་དང་ལྷུང་བར་འགྱུར་བ་སོགས་འགྲུབ་བོ། །དེ་ཡང་བཤད་རྒྱུད་དང་སྦྱར་ནས་ཐོགས་པ་མེད་པའི་རྫུ་འཕྲུལ་སྟོན་པར་ནུས་པ་སྟེ་རྒྱས་པའི་ལེའུ་སོ་བརྒྱད་པ་དང་སྦྱར་རོ། །གསུམ་པ་ནི། དགུག་དང་སོགས་རྐང་པ་གསུམ་སྟེ། འགྲེལ་སྒྲུབ་ལྟར་ན་ཏིང་ངེ་འཛིན་གྱིས་གཟུངས་མ་དང་། དགྲ་བགེགས་སོགས་དགུག་པ་དང་། དེ་རྣམས་ཡུལ་གཞན་དུ་བཏང་བ་སྟེ་བསྐྲད་པ་དང་། ཇག་ཆིངས་ཀྱི་དགྲ་རྐུན་སོགས་གཡོ་མེད་དུ་བཅིང་བ་དང་། གཞན་བྱད་དུ་བཅུག་པ་སོགས་དགྲོལ་བ་དང་། གཞན་བྱད་དུ་བཅུག་པ་སོགས་དགྲོལ་བ་དང་། ནད་པ་དང་སྲིའུ་སོགས་གསོ་བ་དང་། དགྲ་བགེགས་སོགས་བསད་པ་དང་། གཞན་གྱི་གཡུལ་ཕམ་པར་བྱ་བ་དང་། རང་གི་གཡུལ་རྒྱལ་བར་བྱེད་པའི་ལས་རྣམས་ཇི་ལྟར་འདོད་པ་བཞིན་ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་འདི་ལ་བརྟན་པ་ཐོབ་པ་ཡིས་བྱེད་ནུས་པར་འགྱུར་རོ། །དེ་དག་བཤད་རྒྱུད་དང་སྦྱར་ན་དགུག་པ་དང་བཅིང་བ་ནི་རྒྱས་པའི་སོ་བརྒྱད་པར་ཡུལ་ཁམས་དབང་དུ་བྱ་བ། ཞེ་གཉིས་དང་ཞེ་གསུམ་གཉིས་ནས་འདས་པའི་གཟུངས་མ་རིགས་ལྔའི་ཡུམ་དང་སེམས་མ། ཞེ་ལྔ་པར་འཇིག་རྟེན་པའི་གཟུངས་མ་རྒྱལ་མོ་དང་ལྷ་ཆེན་གཞན་གྱི་ཆུང་མ་དགུག་པ་དང་། ང་དྲུག་པ་ནས་དགྲ་བགེགས་དགུག་པ་དང་། རེ་ལྔ་པར་པྲ་སེ་ན། རེ་དྲུག་པ་ལྷ་ཆེན་དང་རྒྱལ་པོ་དགུག་ཅིང་བཅིང་བ་སོགས་ཀྱིས་བསྟན་ནོ། །བཏང་བ་ནི་སོ་བརྒྱད་པར་དགྲ་བགེགས་གླིང་གཞན་དུ་བསྐྲད་པ་དང་། ཞེ་དྲུག་པར་རང་གནས་ཀྱི་ཀླུ་བསྐྲད་པ་སོགས་ཀྱིས་བསྟན། དགྲོལ་བ་དང་གསོ་བ་ནི་ལེའུ་དེ་ལས་གཟུངས་མ་ཀླུའི་བྱད་དུ་བཅུག་པ་དགྲོལ་ཐབས་དང་འཁོར་ཀླུ་ནད་ཀྱིས་ཟིན་པ་གསོ་བ། ཞེ་བདུན་པར་མཐར་བྱེད་བཞིའི་སྒོ་ནས་རོ་ལངས་དང་། བདུན་ཅུ་པར་ཞིང་ཆེན་སྒྲུབ་པ། རེ་བཞི་པར་ཚེ་གསོ་བ་སོགས་ཀྱིས་བསྟན། བསད་པ་ནི་དྲུག་པར་དགྲ་བགེགས་བསད་པ་སོགས་ཀྱིས་བསྟན། ཕམ་རྒྱལ་གྱི་ལས་གཉིས་ནི་ཞེ་གཅིག་པར་དམག་མང་མཐུ་ཆེན་དང་། རེ་དྲུག་པ་ལྷ་ཆེན་དང་རྒྱལ་པོ་སྡེ་བཞི་སྒྲུབ་པ་སོགས་དང་སྦྱར་ལ། རྒྱུད་གཞན་ལས་ལྷའི་བུ་མོ་དང་། ཀླུའི་བུ་མོ་དང་། རིགས་ངན་མོ་མིའི་བུ་མོ་དགུག་པ་དང་། དགྲ་བགེགས་དང་ཉི་ཟླ་བསད་པ་དང་། གཞན་གྱི་གཡུལ་ཕམ་པར་བྱ་བ་དང་། རང་གི་གཡུལ་རྒྱལ་བར་བྱ་བ་དང་། རྒྱལ་པོ་སྡེ་བཞི་བསྒྲུབ་པ་ལ་སོགས་པ་བཤད་རྒྱུད་གཞན་དང་སྦྱར་ཀྱང་ཆོག་གོ། །དེ་ལྟར་འདི་དང་སྔར་བཤད་པའི་དཀྱིལ་འཁོར་འཁོར་ལོ་བསྒོམ་པ། དེ་ཉིད་ཀར་དག་པ་གསུམ་གྱིས་ཕྱག་རྒྱ་སྤྲོས་བཅས་ཀྱི་རྣལ་འབྱོར་ཡིན་ཏེ་ལམ་རིམ་ལེའུ་དྲུག་པ་སྤྲོས་བཅས་ཀྱི་རྣལ་འབྱོར་ལ་བསླབ་པ་དང་སྦྱར་རོ། །གཉིས་པ་ནི། རྒྱུད་གདམས་ངག་ལྟར་བཤད་ན། ཐོག་མར་སྟེང་སྒོ་དང་སྦྱར་ཏེ་བཤད་པ་ནི། འོག་ནས་སྲ་འ བྱུང་ཞིང་ཞེས་པ་བླངས་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་བདག་ཉིད་སྙིང་པོ་ཡི་གེ་ཨ་ཐུང་དང་བཅས་པ་བསྒོམས་པས་སའི་དྭངས་མ་ཟིན། ཆུར་འགྱུར་འབབ་པའང་དེ་བཞིན་ཏེ་ཞེས་པས་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཀྱི་བདག་ཉིད་ཅན་སྙིང་པོ་ཐིག་ལེ་བཾ་དང་བཅས་པ་བསྒོམས་པས་ཆུའི་དྭངས་མ་ཟིན། འབར་ནས་མེ་ཡང་འཚིགས་པ་དང་ཞེས་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་བདག་ཉིད་ཅན་སྙིང་པོ་ཡི་གེ་ཨཾ་དང་བཅས་པ་བསྒོམས་པས་མེ་ཡི་དྭངས་མ་ཟིན། ཐམས་ཅད་སྟོང་ཞིང་ཞེས་པས་ཀླད་པ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་ཀྱི་བདག་ཉིད་ཅན་སྙིང་པོ་ཡི་གེ་ཧྃ་དང་བཅས་པ་བསྒོམས་པས་ནམ་མཁའི་དྭངས་མ་ཟིན། དེ་ལ་ཡང་མདའ་གཅིག་གིས་ཤ་བ་གཉིས་གསོད་པའི་ཚུལ་དུ་བྱས་ནས་བཤད་ན། འབར་ནས་མེ་ཡང་ཞེས་པས་སུཾ་མདོ་མེའི་འཁོར་ལོ་དང་། འཇིག་རྟེན་ཁམས་ནི་འཐོར་བ་ཞེས་པས་སྒྲོམ་མདོ་རླུང་གི་འཁོར་ལོའོ། །དེ་དག་བསྒོམ་པའི་ཐབས་ནི། འོག་རླུང་བསྐྱོད་པས་རླུང་གིས་མེ་སྦར་ཏེ་འཁོར་ལོ་བཞིའི་ཐིག་ལེ་ཞུ་སྟེ་བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ནི་རླུང་གི་དྭངས་མ་ཟིན་པའོ། །འོག་སྒོ་དང་སྦྱར་བ་ནི། ནམ་མཁའ་ནི་ཤེས་རབ། རྡོ་རྗེ་ནི་ཐབས་སོ། །ཐབས་ཤེས་གཉིས་སུ་མེད་པར་ཕྱག་རྒྱ་བཞི་ཡིས་རོལ་པས་རྩ་གནས་ནས་ཐིག་ལེ་དགུག་པ་དང་། རྡོ་རྗེའི་དབུ་མའི་བུམ་པར་ཐིག་ལེ་བཅིངས་པ་དང་། ཡུམ་གྱི་མཁར་ཐིག་ལེ་བཏང་བ་དང་། རྩ་མདུད་ཀྱི་རྟོག་པ་ཐམས་ཅད་དགྲོལ་བའོ། །དེ་ནས་ཐིག་ལེ་ལྡོག་པའི་ཐབས་ཀྱིས་ལྡོག་པས་གསང་བའི་རྡོ་རྗེ་ནས་ཡར་ཞུགས་ཏེ། འཁོར་ལོ་བཞི་གསོས་བཏབ་ནས་ཀླད་པ་བདེ་ཆེན་ཁྱབ་བརྡལ་ཆེན་པོའི་དགོངས་པས་ལུས་མགོ་མཇུག་ཏུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་རྒྱས་ཐེབས་པ་ནི་གསོ་ཞེས་པས་ཏེ་ཐིག་ལེ་གསོས་ཐེབས་པའོ། །དེ་ལྟར་གྱུར་ཙམ་ན་ཐ་མལ་འདོད་ཆགས་ཀྱི་རྟོག་པའི་བདུད་དེ་བདེ་བའི་ཡེ་ཤེས་ཀྱི་རྩིར་འགྱུར་ཞིང་ཡོན་ཏན་ཐམས་ཅད་འབྱུང་བ་དང་། དེ་ལྟར་སྤྱད་པས་བཞི་བརྒྱ་རྩ་བཞིའི་ནད་རིམས་སེལ་བ་དང་། གསང་བའི་ལོངས་སྤྱོད་ཟག་པ་མེད་པའི་བདེ་བ་འབྱུང་ཞིང་། བདེ་བའི་ཡེ་ཤེས་མངོན་དུ་གྱུར་ཙམ་ན་ངན་སོང་གསུམ་གྱི་ས་བོན་ཐམས་ཅད་ཀྱང་སྦྱོང་བར་བྱེད་དོ། །དེ་ལ་སོགས་པ་ཅི་ཡང་གཞན་དུ་འགྱུར་བ་ནི་ཐིག་ལེ་དབབ་བསྐྱིལ་ལྡོག་དགྲམ་ལ་སོགས་པ་འགྲུབ་ཅིང་། མཐའ་བྲལ་འཇིགས་མེད་ནམ་མཁའ་ལྟ་བུའི་བདེ་བ་འབར་བས་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་འཚིག་པར་འགྱུར་ལ། བདེ་བའི་ཆུ་རྒྱུན་ཆད་པ་མེད་པར་འབབ་པའང་དེ་བཞིན་ཏེ། དེས་ཉོན་མོངས་པ་དང་རྣམ་པར་རྟོག་པ་འཇིག་པ་ལ་འཇིག་རྟེན་པ་དང་བཅས་པའི་ཁམས་ནི་བདེ་བའི་ཡེ་ཤེས་ཀྱིས་འཐོར་བར་བྱེད་པ་དང་། བདེན་འཛིན་གྱི་རྟོག་པ་ཐམས་ཅད་སྟོང་ཞིང་ལྟུང་བར་འགྱུར་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱེད་དོ། །དེ་ལྟར་ལམ་དུ་ལྷོངས་ཙམ་ན་བདེ་བའི་ཡེ་ཤེས་ཀྱིས་འདོད་ཆགས་ཀྱི་རྣམ་པར་རྟོག་པའི་དགྲ་བསད་པ་དང་། ཁམས་འཛག་མེད་དུ་བྱས་པས་འཁོར་བའི་གཡུལ་ཕམ་པ་དང་། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་ཤར་ནས་མྱ་ངན་ལས་འདའ་བས་གཡུལ་ལས་རྒྱལ་བ་ཞེས་བྱ་སྟེ། ཐབས་ལམ་གྱི་ཏིང་ངེ་འཛིན་ལས་སུ་རུང་བ་འདི་ཡིས་འབྲས་བུ་རྩོལ་མེད་དུ་ཐོབ་པ་མེད་པར་བྱེད་པར་གྱུར་པའོ། །གཉིས་པ་མཆོག་གི་དངོས་གྲུབ་ལ། བསྟན་བཤད་གཉིས་ལས། དང་པོ་མདོར་བསྟན་པ་ནི། སྒྱུ་འཕྲུལ་དཀྱིལ་འཁོར་སོགས་ཏེ། སྒྱུ་མ་མཚོན་པ་ལྷ་ཡུམ་དང་། འཕྲུལ་པ་མཚོན་པ་ལྷ་ཡབ་སྟེ། ཕུང་པོ་ལྔ་ལ་སོགས་པའི་རྟོག་པ་ཐམས་ཅད་ལྷའི་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་སུ་སྣང་བ་རྣམས་ཐབས་ཤེས་སུ་ཟུང་འབྲེལ་དྲྭ་བའི་དཀྱིལ་འཁོར་ཐམས་ཅད་རང་གི་རིག་པའི་རྩལ་ལས་མངོན་སུམ་དུ་གསལ་བར་རྫོགས་ཏེ་གྲུབ་པ་ལ། བསྒྲུབ་བྱ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་མ་ལུས་པའི་ཡོན་ཏན་རྫོགས་པའི་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་ཕྱིར་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་རོ། །འདི་ནི་མཐར་ཐུག་གི་འབྲས་བུ་ཡིན་ཏེ་ལམ་རིམ་ལེའུ་དགུ་པ་མཐར་ཕྱིན་པའི་འབྲས་བུ་བསྟན་པ་དང་སྦྱར་རོ། །གཉིས་པ་རྒྱས་བཤད་ནི། དུས་གསུམ་སོགས་རྐང་པ་དྲུག་སྟེ། དངོས་པོའི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བ་ནི་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་ངོ་བོའང་ཡིན་ལ། རྒྱལ་བའི་ཐུགས་སུ་ཆུད་པའི་དོན་ཡང་ཡིན་། རྣལ་འབྱོར་པའི་ལྟ་བའང་ཡིན་ལ། དངོས་གྲུབ་ཀུན་གྱི་མཆོག་དེ་དག་གི་བཅུད་འདུས་པའི་སྙིང་པོ་ཡང་ཡིན་ནོ། །དེའི་ཡོན་ཏན་ནམ་དངོས་གྲུབ་དེ་ལྟ་བུ་ཟད་པའི་དུས་མེད་དེ། ཡིད་བཞིན་གྱི་ནོར་བུ་ལྟ་བུའམ་རྒྱལ་པོའི་དཀོར་མཛོད་ལྟ་བུ་བྱུང་ཡང་འཕེལ་བ་དང་མ་བྱུང་ཡང་འགྲིབ་པ་མེད་པར་འབྱུང་བ་ཉིད་ཀྱིས་ཕྱིར་རྟག་པ་ཡིན་ནོ། །འོ་ན་དེ་དངོས་པོའམ་མཚན་མ་རང་རྒྱུད་པ་གཅིག་ཏུ་གྲུབ་བམ་ཞེ་ན། དེ་ཉིད་དོན་དམ་པར་མ་གྲུབ་པས་དངོས་པོར་གྲུབ་པ་མེད་པ་ལས། གདུལ་བྱའི་སྣང་ངོ་ལ་ལྷ་དང་དཀྱིལ་འཁོར་ཏིང་ངེ་འཛིན་དང་དངོས་གྲུབ་སོགས་དངོས་གྲུབ་སྣ་ཚོགས་པའི་རྣམ་པར་འབྱུང་ཞིང་དོན་མཛད་པའི་ཕྲིན་ལས་ཅིར་ཡང་འགྱུར་བ་སྟེ། དེ་ཡང་དཔེར་ན་སྤྲིན་ལས་ཆར་འབྱུང་བ་བཞིན་ནོ། །འདི་ནི་གནས་སྐབས་ལམ་གྱུར་གྱི་འབྲས་བུ་སྟེ་ལམ་རིམ་ལེའུ་བརྒྱད་པ་མཐར་ཕྱིན་པའི་ལམ་བསྟན་པ་དང་སྦྱར་རོ། །རྒྱལ་བ་གཡུང་དང་ཀཿཐོག་པས་ནི་ལེའུ་བརྒྱད་པ་འདི་སྔར་མདོར་བསྟན་དང་སྦྱར། ལེའུ་དགུ་པ་འདི་དང་སྦྱར་ནས་གསུང་ངོ་། །དེ་ལའང་མདོར་རྒྱས་སུ་འཇོག་པའི་འཐད་པ་ཚིག་མང་ཉུང་ལ་མཛད་པ་ཡང་འདོད་མོད་ཀྱི། འདིར་རང་དོན་དུ་སངས་རྒྱས་པ་ལས་རང་གཞན་གཉིས་ཀའི་དོན་འགྲུབ་པ་ནི་ལྷག་པར་རྒྱས་པ་ཡིན་ཞེས་གསུངས་སོ། །གསུམ་པ་གཞུང་གསུངས་པའི་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། དེ་ལྟར་སྒྱུ་འཕྲུལ་དྲྭ་བ་བསྒྲུབ་པའི་རིམ་པའང་ལྟ་བ་དང་ཏིང་ངེ་འཛིན་དང་འབྲས་བུའི་མཚན་ཉིད་གསུམ་པོ་དེར་འདུས་སོ་ཞེས་ཆེད་དུ་བརྗོད་པས་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ཏིང་ངེ་འཛིན་ལས་དངོས་གྲུབ་སྣ་ཚོགས་ཡུལ་མེད་རང་གསལ་དུ་ཤར་བའི་གཟིགས་མོས་མཉེས་པར་གྱུར་ཏོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིས་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་བསྒྲུབ་པའི་ཏིང་ངེ་འཛིན་གྱི་མཐུ་ལས་དངོས་གྲུབ་མ་ལུས་པ་འགྲུབ་པའི་ཏིང་ངེ་འཛིན་བསྟན་པའི་ལེའུ་སྟེ་ལྔ་པའོ།། ༈ །།ད་ནི་ལེའུ་དྲུག་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་སྟོན། ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོས་སྐུའི་དཀྱིལ་འཁོར་སྟོན། བཅུ་ཡང་བརྒྱའི་བདག་ཉིད་དུ་བྱས་ན་དཀྱིལ་འཁོར་གྱི་ཞོར་ལ་ལྟ་བ་ཟུར་ཙམ་སྟོན། སྤྱོད་པ་ཕྱག་རྒྱ་ཏིང་འཛིན་ཕྲིན་ལས་ཀྱང་སྟོན། ཐ་མའི་ཆོས་བཅུ་ལས་རང་བཞིན་ལྟ་བ་ཟུར་ཙམ། སྤྱི་དོན་བསྡུ་བ། མཚོན་པ་དཔེ། གཏར་ཁ་གེགས་སེལ། བསྣོལ་མཚམས་འཕེན་སྡུད་དང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་དེ་བཞིན་སོགས་ཏེ། སྔར་ཐབས་གསུམ་མདོར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པས་མ་འདྲེས་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་སྟོན་པས་གདུལ་བར་བྱ་བའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་གཟིགས་ཏེ། འདུལ་བྱེད་སྟོན་པ་ཉིད་ཀྱི་ཆེ་བའི་ཡོན་ཏན་ཡེ་ཤེས་ལྔའི་དཀྱིལ་འཁོར་རྣམ་པར་དབྱུང་བར་བཞེད་ནས་འཁོར་གྱི་ཆེད་དུ་འོག་ནས་འབྱུང་བའི་དོན་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །འདིར་ཁ་ཅིག་ན་རེ། རྒྱུད་དྲུག་གི་འགྲོ་བ་འདི་དག་སྟོན་པའི་འཁོར་ཡིན་ནམ་མ་ཡིན། དང་པོ་ལྟར་ན་འགྲོ་བ་རྣམས་མ་དག་པ་མ་ཡིན་པར་འགྱུར་ཏེ། སྟོན་པའི་འཁོར་ཡིན་པའི་ཕྱིར། གཉིས་པ་ལྟར་ན་གཞུང་དང་འགལ་ལོ་ཞེ་ན། དངོས་ཀྱི་འཁོར་མ་ཡིན་པས་ཉེས་པ་དང་པོ་མེད་ལ། བརྒྱུད་པའི་སྒོ་ནས་ཡིན་པའི་ཕྱིར་ན་གཞུང་དང་མི་འགལ་ལོ། །གཉིས་པ་གཞུང་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། ལྷག་པ་ཏིང་ངེ་འཛིན་སྐུའི་དཀྱིལ་འཁོར་དང་། རང་བཞིན་འབྲས་བུ་མཐར་ཕྱིན་སྐུའི་དཀྱིལ་འཁོར་རོ། །དང་པོ་ནི། ཡེ་ཤེས་ཕྱོགས་སོགས་ཚིགས་བཅད་གཅིག་སྟེ། རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་ལ་ཕྱོགས་རིས་མ་གྲུབ་ཀྱང་ཡོན་ཏན་གྱི་ལྡོག་ཆ་ནས་ཆོས་ཐམས་ཅད་གསལ་ལ་རྟོག་པ་མེད་པ་མེ་ལོང་ལྟ་བུ་དང་། མཉམ་བཞག་ཏུ་ཆོས་ཅན་མཚན་མ་སྣ་ཚོགས་ཆོས་ཉིད་མཚན་མེད་དུ་མཉམ་པ་ཉིད་དང་། རང་གི་མཚན་ཉིད་མ་འདྲེས་པས་སོ་སོར་རྟོག་པ་དང་། རང་རིག་ལ་ཡོན་ཏན་ལྷུན་གྱིས་གྲུབ་པས་བྱ་བ་གྲུབ་པ་དང་། དེ་ལྟར་ཡེ་ཤེས་བཞི་ནི་ཤར་ལ་སོགས་པ་ཕྱོགས་བཞི་ཡིས་མཚོན་ཅིང་། དེ་དག་གཅིག་དང་ཐ་དད་སོགས་མཐའ་གང་དུའང་མ་གྲུབ་པར་སྟོང་པ་ཉིད་ཀྱི་མཚོན་བྱེད་དུ་ཆོས་དབྱིངས་ཡེ་ཤེས་དབུས་དང་ལྔའི་ཐ་སྙད་བཏགས་ཏེ། དེ་ལྟར་ཡེ་ཤེས་ལྔའི་དཀྱིལ་འཁོར་དེ་ཉིད་ཕྱོགས་སུ་འཛིན་པའི་བློས་བསམ་བརྗོད་ཀྱི་ཡུལ་ལས་འདས་ཤིང་མཐའ་ཡས་པའི་ཆོས་ཐམས་ཅད་ཀྱིས་ཁྱབ་བྱེད་དུ་མ་བཙལ་ལྷུན་གྱིས་གྲུབ་པ་ནི་རང་བཞིན་གསང་བའི་སྙིང་པོར་ཡེ་ནས་རྫོགས་པའི་གནས་ལུགས་ཆེན་པོ་སྟེ། དེ་ལྟར་མ་ཧཱའི་ལྟ་བ་རྟོགས་པའི་རྣལ་འབྱོར་པས་ཆོས་ཀུན་འབྱུང་བའི་གཞིར་རང་བཞིན་གྱི་དཀྱིལ་འཁོར་ཆེན་པོ་དེ་ཉིད་ཏིང་ངེ་འཛིན་གྱི་ཡུལ་དུ་བྱས་ཏེ་གོམས་ཤིང་འདྲེས་པར་བསླབ་པའི་ཕྱིར་བསྒོམ་པའི་བྱ་བ་ལ་སྤྱོད་ཅིག་པའོ། །གཉིས་པ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་། བརྟེན་པ་ལྷ། དཀྱིལ་འཁོར་གྱི་ཆེ་བ་བཤད་པའོ། །དང་པོ་ནི། འཁོར་ལོ་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་འདིར་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པའི་དབང་དུ་བྱས་ན། ཐོག་མར་ཐོས་བསམ་གྱི་སྒོ་ནས་ལྟ་བ་སྤྱིའི་དོན་རྟོགས་པར་བྱས་ནས་ཉམས་སུ་ལེན་པའི་དུས་ལེའུ་གཉིས་པ་ནས་འབྱུང་བ་བཞིན་དུ་སེམས་ལྔ་བསྐྱེད་ཅིང་། ལེའུ་ལྔ་པའི་ཏིང་ངེ་འཛིན་གསུམ་གྱི་རྗེས་སུ་ལེའུ་བཞི་པ་ནས་འབྱུང་བ་བཞིན་ཡི་གེ་ལ་སེམས་སྦྱངས་ནས་འབྱུང་བ་ལྔའི་ས་བོན་ལས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྐྱེད་པའི་སྟེང་དུ། ལེའུ་བདུན་པ་ནས་འབྱུང་བ་བཞིན་བྷྲཱུྃ་ལས་འོག་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་ལྟེ་བ་ལ་རྫོགས་པའི་ཡེ་ཤེས་རིན་པོ་ཆེའི་གཞལ་ཡས་ཁང་བསྒོམ་པ་སྟེ། དེ་ཡང་དོན་ཡེ་ཤེས་ལྔའི་མཚོན་པའི་རྟགས་སུ་ནང་གི་གཞི་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་དང་ལྔ། དེ་ཉིད་ཀྱང་སྤྲོས་པ་དང་བྲལ་བའི་ཆོས་ཉིད་མཚོན་པའ ི་རྟགས་སུ་རྡོ་རྗེའི་ར་བ་མུ་ཁྱུད་ཟླུམ་པོ་དང་བཅས་པ། དེའི་ཕྱིར་དོན་བདེན་བཞིའི་མཚོན་པའམ་ཚད་མེད་བཞི་མཚོན་པའི་གྲུ་ཆད་བཞིས་མཛེས་པར་བརྒྱན་པ་བདེན་གཉིས་དབྱེར་མེད་མཚོན་པའི་བར་ཁྱམས་ཁོར་ཡུག་ཏུ་འཁོར་བ། ཆེ་བའི་ཡོན་ཏན་ཀུན་ཏུ་རྒྱས་པའི་རྟགས་སུ་གཞལ་ཡས་ཁང་གི་དབྱིབས་ཀུན་ཏུ་གྲུ་བཞིར་གྱུར་པ། རྣམ་ཐར་བཞིའི་འཇུག་པ་མཚོན་པའི་སྒོ་བཞི་སྒོ་ཁྱུད་ཅན། རྒྱུ་འབྲས་ཀྱི་རྟ་བབས་བཅུ་དྲུག་གིས་མཛེས་པར་བརྒྱན་པ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩལ་སྣང་མ་འགགས་པའི་རོལ་མོ་རྩིག་པ་ལྔ་སྦྲག་གི་སྟེང་ན་མུ་ཏིག་གི་དྲྭ་བ་དཔྱངས་པའི་སེང་མགོས་བཏེགས་པའི་རིན་པོ་ཆེའི་ཕ་གུ་དང་། བྲེ་ཕུལ་གྱི་སྣམ་བུར་རིན་པོ་ཆེའི་དྲྭ་བ་དང་དྲྭ་ཕྱེད། བྱ་འདབ་ལས་དཔྱངས་པའི་ཤར་བུའི་སྟེང་དུ་པུ་ཤུས་མཛེས་པ། གཞན་ཡང་གདུགས་འཕན་རྒྱལ་མཚན་སོགས་རྒྱན་སྣ་ཚོགས་པས་ཀུན་ཏུ་འཁྲིགས་ཤིང་། འདོད་ཡོན་མ་སྤངས་རྒྱན་དུ་ཤར་བས་གཟུགས་རྡོ་རྗེ་མ་སོགས་མཆོད་རྫས་ཐོགས་པའི་ལྷ་མོ་སྤྲིན་ཕུང་བཞིན་དུ་གཏིབས་པ། ཆོས་དབྱིངས་ཡེ་ཤེས་མཐར་ཐུག་པ་མེད་པའི་མཚོན་བྱེད་དུ་དབུས་ཕྱུར་བུ་བུམ་པ་ཟླུམ་པོའི་རྣམ་པར་འཁྱིལ་བའི་རྩེར་རྡོ་རྗེའི་ཏོག་གིས་མཛེས་པ། ཡེ་ཤེས་ལྷག་མ་བཞི་མཚོན་པའི་གློ་འབུར་བཞི་གྲུ་ཆད་ལས་ཕྱིར་འཕྱར་བ། དེ་རྣམས་སྣང་ལ་རང་བཞིན་མེད་པར་བསྒོམ་པའོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་མདོར་བསྟན་ནི། དཀྱིལ་འཁོར་སོགས་ཏེ། གཞལ་ཡས་ཁང་དེ་ཉིད་མཛེས་བྱེད་བདག་པོའི་རྒྱན་ལྷའི་དཀྱིལ་འཁོར་རྒྱལ་བ་བཞི་བཅུ་རྩ་གཉིས་ཀྱིས་མཛེས་པར་བརྒྱན་པ་སྟེ། ཁང་པ་མཛེས་བྱེད་ཁྱིམ་བདག་བཞིན་ནོ། །འོ་ན་ལེའུ་དང་པོ་ལྟར་རང་བཞིན་གྱི་དཀྱིལ་འཁོར་འོག་མིན་ན་ཡོད་པ་ལ་བརྒྱན་ནམ། ལེའུ་འདི་ལྟར་ལྷག་ཏིང་གི་དཀྱིལ་འཁོར་བསྐྱེད་པ་ལ་བརྒྱན་ནམ། ལེའུ་དགུ་པ་ལྟར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞེངས་པ་ལ་བརྒྱན་ཞེ་ན། སྤྱན་འགྲེལ་ལས། དེ་བས་ན་རང་བཞིན་གྱིས་ཀྱང་འདི་ལྟར་བཞུགས་ཤིང་། བྲི་བ་ཡང་འདི་ཁོ་ན་ལྟར་ལ། བསྒོམ་པ་ཡང་དེ་བཞིན་ནོ། །ཞེས་གསུངས་པས་གསུམ་ཆར་ལ་བརྒྱན་པ་ཡིན་ནོ། །སྤྱིར་ན་རྒྱན་ལ་བདག་པོའི་རྒྱན་འོག་ནས་འབྱུང་བའི་ལྷ་ཞེ་གཉིས། ཕྱིའི་རྒྱན་ནི་དཔག་བསམ་ཤིང་སོགས་ཕྱི་རོལ་གྱི་རྒྱན་རྣམས་སོ། །ངོ་བོའི་རྒྱན་ནི་གཞལ་ཡས་ཁང་ཡིན་ལ་ངོ་བོ་ཉིད་ཀྱིས་མཛེས་པར་གྲུབ་པས་ཁྱབ་བོ། །ཁ་ཅིག་གིས་ལྷ་བསྐྱེད་ནས་བརྒྱན་ན་དེ་ཡན་ཆད་དུ་བསྐྱེད་པ་བཤད་པ་མེད་ལ། མ་བསྐྱེད་པར་བརྒྱན་ན་ལེའུ་བདུན་པའི་བསྐྱེད་སྔགས་རྣམས་འདིར་མི་དགོས་སོ་ཞེ་ན། སྤར་ཁབ་ལྟར་ལྷ་བཞི་བཅུ་རྩ་གཉིས་ཀྱི་ཆ་བྱད་ཅན་གྱི་སྤྲུལ་པའི་འཕྲོ་འདུས་བརྒྱད་པར་མངོན་ནོ། །དེ་ལ་འདིར་བདག་པོའི་རྒྱན་ལྷ་ཞེ་གཉིས་ཡིན་ན་ད་དུང་མ་གྲུབ་བོ་ཞེ་ན། རང་བཞིན་གྲུབ་པའི་དབང་དུ་ནི་ལྷ་དང་གཞལ་ཡས་ཁང་ལ་དུས་སྔ་ཕྱི་མེད་དེ། དཔེར་ན་དྲི་ཟ་གར་ཡོད་ན་ཁོའི་གནས་ཀྱང་ཡོད་པ་བཞིན་ནོ། །འདིའི་སྔ་ཕྱིར་ནི་ལམ་པ་བློ་ཆུང་བས་དུས་གཅིག་ཏུ་མི་ལྕོག་པའི་དབང་དུ་བྱས་པའོ་གསུངས་སོ། །གཉིས་པ་རྒྱས་བཤད་ལ་བཞི་སྟེ། གདན་གང་ལ་ཇི་ལྟར་བཞུགས་ཚུལ། བཞུགས་གནས་ཀྱི་ཁྱད་པར། འཛིན་པའི་ཕྱག་མཚན། སྐུ་མདོག་ཞི་ཚུལ་འོད་དང་བཅས་པའོ། །དང་པོ་ནི། སེང་གེ་སོགས་ཚིགས་བཅད་གཅིག་སྟེ། གདན་གྱི་ཁྱད་པར་གཞལ་ཡས་ཁང་གི་དབུས་སུ་མི་འཇིགས་པ་བཞི་སོགས་མཚོན་བྱེད་འཁོར་ལོའི་ལྟེ་བ་དང་རྩིབས་བཞིར་སེང་གེ་དང་། གླང་ཆེན་དང་། རྟ་དང་། ཁྱུང་དང་། ནམ་མཁའ་ལྡིང་སྟེ་ཤང་ཤང་རྣམས་རེ་རེ་ཡང་བརྒྱད་བརྒྱད་ཀྱིས་བཏེགས་པའི་ཁྲི་ཆེན་པོ་ལ། ཐབས་ཤེས་མཚོན་པའི་ཉི་ཟླ་དང་། སྐྱོན་གྱིས་མ་གོས་པའི་པདྨའི་གདན་རྣམས་ཏེ། འདི་དག་ཀྱང་འདོད་རྒུར་འབྱུང་བ་རིན་པོ་ཆེའི་ཁྲི་རྐང་མཛོད་མིག་བདུན་པས་བཏེགས་པའོ། །ཁ་ཅིག་ལེའུ་དང་པོ་དང་འོད་རིམ་ལ་སོགས་པ་ནས་རྨ་བྱ་བཤད་པ་དང་། འདིར་ཁྱུང་བཤད་པ་གཉིས་འགལ་ལོ་ཞེ་ན། དེ་གཉིས་ཐ་དད་པ་ཙམ་ལ་འགལ་བའི་ཁྱབ་པ་མེད་དེ། སྣང་བ་མཐའ་ཡས་ཀྱིས་དེ་ཁོ་ན་ཉིད་དབང་ལ། དེ་མཚོན་བྱེད་དུ་དེ་གཉིས་མཚུངས་ཏེ། རྨ་བྱས་དུག་དང་ཁྱུང་གིས་ཀླུ་དབང་དུ་བྱེད་པའི་ཕྱིར་རོ། །དེ་ལྟར་རིགས་ལྔ་ལ་སྲོག་ཆགས་དང་རིན་པོ་ཆེའི་ཁྲི་ཉི་ཟླ་པདྨ་སྟེ་ལྔ་བརྩེགས་གསུངས་ལ། སེམས་དཔའ་ཡབ་ཡུམ་གྱི་གདན་ནི་སུམ་བརྩེགས་ཏེ། འོད་རིམ་ལས། ཉི་ཟླ་ཆུ་སྐྱེས་སུམ་བརྩེགས་སེམས། །ཞེས་པ་ནི་རྩིབས་མཆན་བཞི་དང་གྲུ་ཆད་བཞི་ལའོ། །ཀུན་བཟང་ཡབ་ཡུམ་ལ་བཞི་བརྩེགས་ཏེ། དེ་ལས། བྱ་བྱེད་ཀུན་བཟང་ཡབ་ཡུམ་ལ། །ཉི་ཟླ་པདྨ་རིན་ཆེན་རྒྱས། །ཞེས་པས་གློ་འབུར་ཤར་ནུབ་ཏུའོ། །སྒོ་བ་ལ་རྡོ་རྗེའི་བྲག་གི་སྟེང་དུ་ཉི་ཟླ་དང་། ཐུབ་དྲུག་ལ་པདྨ་རྐྱང་པ་སྟེ། དེ་ལས། ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཅེས་པས་སྒོ་བཞི་དང་ལྷོ་བྱང་གི་གློ་འབུར་དང་ཁྱམས་ཀྱི་ཟུར་རྣམས་ལའོ། །སོ་སོའི་གདན་དེ་དག་ལ་བཞུགས་ཚུལ་ཇི་ལྟར་ཞེ་ན། རིགས་ལྔ་ཡབ་ལྔ་ནི་དོན་གཉིས་ཀྱི་མཛད་པ་ཡོངས་སུ་རྫོགས་པ་དང་། ཡུམ་ལྔ་ནི་རང་དོན་བརྟུལ་ནས་གཞན་དོན་ལ་ཞུགས་པའི་ཕྱིར་ཡབ་ཡུམ་བཅུ་པོ་རྒྱལ་པོའི་ཚུལ་ལྟར་དེ་དང་དེའི་སྐྱིལ་ཀྲུང་དུ་བཞུགས་ཤིང་། སེམས་དཔའ་རྣམས་ནི་གཞན་དོན་གྱི་མཛད་པ་མ་རྫོགས་པས་ཡབ་རྣམས་གཡས་དང་ཡུམ་རྣམས་གཡོན་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་ཏེ་བློན་པོའི་ཚུལ་དང་། ཀུན་བཟང་ཡབ་ཡུམ་ནི་མཛད་པ་རྫོགས་ཤིང་དཀྱིལ་འཁོར་ཐམས་ཅད་ཀྱི་བྱ་བྱེད་ཐབས་ཤེས་མཚོན་པས་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་དང་། སྒོ་བ་ཡབ་ཡུམ་ནི་དམག་དཔོན་གྱི་ཚུལ་དུ་ཞལ་ཕྱིར་གཟིགས་ནས་གྱད་ཀྱི་དོར་སྟབས་དང་། ཐུབ་དྲུག་ནི་འགྲོ་དོན་ལ་གཤེགས་པས་བཞེངས་སྟབས་ཀྱིས་བཞུགས་པའོ། །གཉིས་པ་ནི། འཁོར་ལོ་རྒྱལ་པོ་སོགས་རྐང་པས་དམན་པའི་ཚིགས་བཅད་གསུམ་སྟེ། དབུས་ཀྱི་འཁོར་ལོའི་ལྟེ་བ་དང་རྩིབས་བཞི་ལ་རྒྱལ་པོ་རིགས་ལྔ་རྒྱལ་མོ་ཡུམ་ལྔ་དང་བཅས་པའོ། །གཙོ་བོ་ཞལ་ཤར་གཟིགས་ཀྱི་གཡས་ནས་བརྩམས་ཏེ་མདུན་རྒྱབ་ཀྱི་གཡས་གཡོན་དུ་རིམ་པར་འགོད་པའི་ངེས་པས། ཤར་ལྷོར་མཐོང་བ་ས་སྙིང་དང་། བྱང་ཤར་དུ་ཐོས་པ་ཕྱག་རྡོར་དང་། ལྷོ་ནུབ་ཏུ་སྣོམ་པ་ནམ་སྙིང་དང་། ནུབ་བྱང་དུ་མྱོང་བ་སྤྱན་གཟིགས་དང་བཞིའོ། །མཐོང་བ་ས་སྙིང་གི་རྗེས་སུ་ཐོས་པ་ཕྱག་རྡོར་མི་འོང་བར་སྣོམ་པ་ནམ་སྙིང་འོང་བའི་རྒྱུ་མཚན་ཅི་ཞེ་ན། སྤར་ཁབ་ལས། རིམ་པ་ནི་ཡི་གེའི་དབང་དུ་གསུངས་པ་སྟེ། གྲལ་ནི་ལུགས་སུ་མཐུན་པ་ཁོ་ནའོ། །ཞེས་ས་སྙིང་གི་རྗེས་སུ་ནམ་སྙིང་འགོད་པར་བཤད་པའི་ཕྱིར་རོ། །ཡང་ཁ་ཅིག་རྔམ་གློག་ལས། སྤྱན་ལྔའི་གློ་འབུར་མཛེས་པ་ལ། །ལག་ན་རྡོ་རྗེེ་སྔོ་སྐྱའི་མདོག །ཞེས་པས་ཐུགས་སེམས་རྣམས་གློ་འབུར་ལ་འགོད་ཟེར་བ་ནི་མ་ཡིན་ཏེ། འདི་ཉིད་ལས་ལྷག་པའི་ཡེ་ཤེས་གློ་འབུར་ཞེས་གསུངས་པས། དེ་ལྟར་ན་ལྷག་པ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །དེའི་བཙུན་མོའང་རིམ་པར་སྒེག་མོ། གར་མ། ཕྲེང་མ། གླུ་མའི་ཚོགས་དང་བཅས་པའོ། །དེ་བཞིན་དུ་གྲུ་ཆད་བཞི་ལ་ནི་ཤར་ལྷོ་ནས་གཡས་བསྐོར་དུ། མཐོང་བྱེད་བྱམས་པ་དང་། ཐོས་བྱེད་སྒྲིབ་སེལ་དང་། སྣོམ་བྱེད་ཀུན་བཟང་དང་། མྱོང་བྱེད་འཇམ་དཔལ་རྣམས་བཙུན་མོ་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མའི་ཚོགས་དང་བཅས་པ་སྟེ་མཉམ་པར་སྦྱོར་བ་དང་ལྡན་པར་གནས་སོ། །བར་ཁྱམས་ལ་ནི་ཐུབ་པ་དྲུག་འགོད་དེ། འོད་རིམ་ལས། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་པ་བཞིན་ནོ། །གཞན་ཡང་བར་ཁྱམས་དེའི་ཤར་དང་ནུབ་སྟེ་གཙོ་བོ་ཞལ་ཤར་གཟིགས་ཀྱི་མདུན་རྒྱབ་ཏུ་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། བྱ་བ་མོ་ཀུན་ཏུ་གཟང་མོ་དག་ནི་གནས་པར་བསྟན་ཏེ། དེ་གཉིས་དཀྱིལ་འཁོར་ཐམས་ཅད་ཀྱི་བྱ་བྱེད་དུ་མཚོན་པའོ། །ཡོངས་གྲགས་ཁམས་ལུགས་པ་རྣམས་དཀྱིལ་འཁོར་གྱི་དབུས་སུ་བཞུགས་པར་བཞེད་པ་ནི་མི་རིག་ཏེ། བཤད་རྒྱུད་མེ་ལོང་ལས། ཁྱམས་ཀྱི་མདུན་དང་རྒྱབ་ཏུ་ནི། །ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོག །ཅེས་གསུངས་པ་དང་འགལ་བའི་ཕྱིར་རོ། །ཀུན་མཁྱེན་ཆེན་པོས་ནི། ཁ་ཅིག་གིས་གཙོ་བོའི་མདུན་རྒྱབ། །ཁ་ཅིག་བར་ཁྱམས་ཤར་ནུབ། ཁ་ཅིག་གཙོ་བོའི་ཐུགས་ཀ་ན་བཞུགས་པར་འདོད་ཀྱང་ངེས་པའི་སྙིང་པོ་མ་རྙེད་དོ་ཞེས་གསུངས་སོ། །སྒོ་ཁྱུད་བཞི་ལ་གདུག་པ་ཅན་འཇོམས་པར་བྱེད་པའི་ཤར་སྒོར་ཁྲོ་བོ་གཤིན་རྗེ་གཤེད། ལྷོར་སྟོབས་ཆེན། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་བ་རྣམས་ནི་རང་རང་གི་བཙུན་མོ་ལྕགས་ཀྱུ་མ། ཞགས་པ་མ། ལྕགས་སྒྲོག་མ། དྲིལ་བུ་མ་བཞིའི་ཚོགས་དང་ལྡན་པར་གནས་སོ། །འོ་ན་འདིར་ཞི་དཀྱིལ་ལ་ཁྲོ་བོ་འོང་བ་མི་རིགས་ཞེ་ན། གཙོ་ཆེ་བའི་ངོས་ནས་ཞི་བའི་དཀྱིལ་འཁོར་ཡིན་ཀྱང་། སྒོ་སྐྱོང་ཁྲོ་བོ་བྱུང་བ་ལ་འགལ་བ་མེད་དོ། །འདི་ལ་ཁ་ཅིག་དཀྱིལ་འཁོར་གྱི་གཙོ་བོ་ལོག་པ་ཡིན་ཏེ། ཀུན་ཏུ་བཟང་པོ་ཡབ་ཡུམ་ཁྱམས་ལ་བཞུགས་པའི་ཕྱིར་ཞེ་ན། རྒྱུད་འཆད་པའི་ཚེ་གཙོ་བོ་ཁྱམས་ལ་བཞུགས་པའི་ཕྱིར་ལོག་ཟེར་རམ། དཀྱིལ་འཁོར་དུ་འགོད་པའི་ཚེ། གཙོ་བོ་ཁྱམས་ལ་བཞུགས་པའི་ཕྱིར་ལོག་ཟེར། དང་པོ་ལྟར་ན་རྟགས་མ་གྲུབ་སྟེ། སྟོན་པ་ཕོ་བྲང་ལྟེ་བ་ལ་བཞུགས་པའི་ཕྱིར་རོ། །དེ་བཞུགས་པར་མ་གྲུབ་ཅེ་ན། རྒྱ་མཚོ་ལས། ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཀུན་བཟང་ཡབ་ཡུམ་ཁྱམས་ལ་བཞུགས་ཀྱང་གཙོ་འཁོར་ལོག་པ་མ་ཡིན་ན་ཅི་འགལ་ཏེ། དེའི་ཚེ་གཙོ་བོ་མི་བསྐྱོད་པ་ཡིན་པའི་ཕྱིར། དེ་ཡིན་པར་མ་གྲུབ་ཅེ་ན། ལེ་ལག་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཡིན་ཏེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་གསུངས་པའི་ཕྱིར། དེས་ན་མ་བརྟགས་པའི་སྒྲོ་སྐུར་ཡིན་ཏེ་རྒྱུད་འཆད་པ་པོ་ཁོ་ན་དཀྱིལ་འཁོར་གྱི་གཙོ་བོ་བྱེད་པར་མ་ངེས་ཏེ། དཔེར་ན་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་གཙོ་བོ་སྟོན་པ་ཤཱཀ་ཐུབ་མི་འབྱུང་བ་བཞིན་ནོ། །གསུམ་པ་ནི། རྡོ་རྗེ་སོགས་ཚིགས་བཅད་གཅིག་སྟེ། ཞལ་ཕྱག་སྤྲོས་པའི་སྐབས་འདིར་རྒྱས་འབྲིང་དུས་གསུམ་གསུངས་པ་ལས། དང་པོ་བསྡུས་པ་ལྟར་ན་ཡེ་ཤེས་ལྔ་མཚོན་པ་རིགས་ལྔའི་ཕྱག་རྒྱ་ནི། མཐའི་རྟོག་པས་མི་ཕྱེད་པའི་བརྡར་མི་བསྐྱོད་པའི་རྡོ་རྗེ་རྩེ་ལྔ་པ། ཀུན་ལ་དབང་བསྒྱུར་བས་རྣམ་སྣང་གི་འཁོར་ལོ་རྩིབས་བཞི་པ། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པས་རིན་འབྱུང་གི་རིན་པོ་ཆེ་ཟུར་བརྒྱད་པ། གསལ་ལ་མ་ཆགས་པར་གཟིགས་པས་སྣང་མཐའི་པདྨ་དཀར་པོ། ཕྲིན་ལས་བཞིས་འགྲོ་བའི་ལས་ཉོན་གཅོད་པས་དོན་གྲུབ་ཀྱི་རལ་གྲི་སོ་གཉིས་པ། ཡེ་ཤེས་ཀྱི་ཡུལ་དབྱིངས་ཀྱི་ཕྱག་རྒྱ་མཚོན་བྱེད་དྲིལ་བུ་སྟེ་ཐམས་ཅད་ཀྱང་འོད་འབར་བ་ཅན་ནོ། །དེ་ཡང་ཡབ་ལྔ་གཡས་རང་རྟགས་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ་ཡུམ་ལ་འཁྱུད་ཅིང་། ཡུམ་ལྔ་པོ་དེ་ལས་ལྡོག་སྟེ་གཡས་དྲིལ་བུ་ཡབ་ཀྱི་དཀུ་གཡས་ནས་འཁྱུད་ཅིང་གཡོན་རང་རྟགས་ཐུགས་ཀར་འཛིན་པའོ། །སེམས་དཔའ་རྣམས་ཀྱི་ཕྱག་མཚན་ནི། འཇམ་དཔལ་ནི་བློ་རྒྱས་པའི་ཨུཏྤལ། བྱམས་པས་ནི་གདུང་བ་སྐྱོབ་པས་ཀླུ་ཤིང་འཛིན་པ་ལ་སོགས་པས་མཚོན་ནས་གཞན་རྣམས་ཀྱང་རང་རྟགས་ཀྱིས་མཚོན་པ་སྟེ། ཇི་ལྟར་ན། ས་སྙིང་ནི་ཡེ་ཤེས་བསྐྱེད་པས་རིན་པོ་ཆེའི་མྱུ་གུ། ནམ་སྙིང་ནི་ཉོན་མོངས་པའི་རྒྱུན་གཅོད་པའི་རལ་གྲི། སྤྱན་གཟིགས་ནི་ཉེས་པའི་སྐྱོན་གྱིས་མ་གོས་པས་པད་དཀར། ཕྱག་རྡོར་ནི་ཉོན་མོངས་པ་འཇོམས་པས་རྡོ་རྗེ། སྒྲིབ་སེལ་ནི་ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པའི་འཁོར་ལོ། ཀུན་བཟང་ནི་སེམས་ཅན་གྱི་རེ་བ་སྐོང་བས་རིན་པོ་ཆེའི་སྙེ་མའོ། །འདི་ལ་ཨུཏྤལ་ཀླུ་ཤིང་ཞེས་པས་སྔོན་ལ་ཐུགས་ཀྱི་སེམས་དཔའ་དང་པོའི་ཕྱག་མཚན་ནས་མི་སྨོས་པར་གསུང་གི་སེམས་དཔའ་ཐ་མའི་ཕྱག་མཚན་ནས་སྨོས་པའི་རྒྱུ་མཚན་གང་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་དོན་མཛད་པའི་སྔོན་དུ་བྱམས་སྙིང་རྗེ་འགྲོ་ལ། དེ་ཉིད་ཀྱང་ཤེས་རབ་ལས་སྐྱེས་པའི་ཕྱིར་སྔོན་དུ་འཇམ་དཔལ་གྱི་ཕྱག་མཚན་ནས་སྨོས་པ་ཡིན་ནོ། །འོ་ན་འདིར་ཕྱག་མཚན་དེ་གཉིས་ལས་མི་སྨོས་པའི་རྒྱུ་མཚན་ཅི་ཞེ་ན། སེམས་དཔའ་གཞན་རྣམས་ཀྱི་ཕྱག་མཚན་རིགས་ལྔའི་ཕྱག་མཚན་དུ་འདུས་པས་བསྡུས་ཏེ་མ་སྨོས་པའོ། །སེམས་མ་བརྒྱད་ནི་མཛེས་པའི་མཆོར་སྒེག་གི་ཚུལ་དང་བཅས་དེ་མཉེས་པར་བྱེད་པའི་མཆོད་རྫས་གཟུགས་གསལ་བའི་མེ་ལོང་དང་། དྲི་རྒྱུན་མི་ཆད་པའི་ཕྲེང་བ། སྒྲ་སྙན་པའི་པི་ཝཾ། སྣ་ཚོགས་སུ་འཆར་བའི་ཕྱག་རྒྱ་གར། སྤོས་ཁང་། མེ་ཏོག །མར་མེ། དྲིའི་དུང་ཆོས་རྣམས་ཀྱི་ཡོ་བྱད་འཛིན་པ་སྟེ། སེམས་དཔའ་བརྒྱད་པོ་གཡོན་དྲིལ་བུ་དཀུར་བརྟེན་ཅིང་ཡབ་ཡུམ་ཕན་ཚུན་འཁྱུད་ཚུལ་ཀྱང་རིགས་ལྔར་བཤད་པ་བཞིན་ནོ། །གཞན་ཡང་འཇོམས་པ་ཁྲོ་བོའི་ཕྱག་མཚན་ནི། བྱམས་པས་ཞེ་སྡང་ཚར་གཅོད་པས་ནྲྀ་མགོ་གདེངས་པ། སྙིང་རྗེས་སྡུག་བསྔལ་འཇོམས་པས་རྡོ་རྗེ་རྩེ་ལྔ། དགའ་བས་འགྲོ་བའི་དོན་མི་གཏོང་བས་ཐོད་པ་སྦྲུལ་གྱིས་དཀྲིས་པ། བཏང་སྙོམས་ཀྱིས་འགྲོ་དོན་མཐར་ཕྱིན་པར་མཛད་པས་སྣ་ཚོགས་རྡོ་རྗེའོ། །ཁྲོ་མོ་ཡུམ་རྣམས་ནི། ཚད་མེད་བཞིས་འགྲོ་བ་རྣམས་ཐུགས་རྗེས་འཛིན་པས་ལྕགས་ཀྱུ། འཆིང་བས་ཞགས་པ། མི་འཆོར་བར་སྡོམས་པས་ལྕགས་སྒྲོག །ཉོན་མོངས་པ་ཐལ་བར་རློག་པས་དགའ་བར་མཛད་པའི་ཕྱིར་དྲིལ་བུའོ། །ཀུན་བཟང་ཡབ་ཡུམ་ནི་བྱེད་པས་འཁོར་འདས་མཉམ་ཉིད་དུ་མཁྱེན་ཅིང་བྱ་བ་མོས་ཆོས་ཀུན་ལ་ཁྱབ་པར་གནས་པས་ཀུན་བཟང་ཕྱག་གཡས་པ་སྟེང་དུ་བྱས་པའི་མཉམ་བཞག་ལ། བཟང་མོ་ནི་གཡོན་སྟེང་དུ་བྱས་པའི་མཉམ་བཞག་གམ་ཡང་ན་རྡོ་རྗེའི་ཐལ་མོ་ཐུགས་ཀར་སྦྱར་བའོ། །ཐུབ་པ་དྲུག་གི་ཕྱག་མཚན་ནི། བདེན་བཞིའི་ཆོས་སྒྲས་ང་རྒྱལ་འཇོམས་པར་མཛད་པས་ལྷའི་ཐུབ་པ་པི་ཝཾ། བཟོད་པས་ཕྲག་དོག་འཇོམས་པར་མཛད་པས་ལྷ་མིན་གྱི་ཐུབ་པ་གོ་ཆ། ཆགས་བྲལ་ལམ་གྱིས་འདོད་ཆགས་འཇོམས་པར་མཛད་པས་མི་ཡི་ཐུབ་པ་གསེག་པར། གཏི་མུག་སེལ་ཕྱིར་ཆོས་སྟོན་པས་བྱོལ་སོང་གི་ཐུབ་པ་པུ་སྟི། བཀྲེས་སྐོམ་སེལ་བས་སེར་སྣ་དག་བྱེད་ཡི་དྭགས་ཀྱི་ཐུབ་པ་རིན་ཆེན་སྒྲོམ་བུ། ཚ་གྲང་གི་ཉེས་དམིགས་བསྟན་ནས་ཞེ་སྡང་དག་པར་མཛད་པའི་དམྱལ་བའི་ཐུབ་པ་མེ་ཆུ་བསྣམས་པའོ། །གཞན་ཡང་ཞལ་ཕྱག་སྤྲོས་ཚུལ་རྒྱས་པར་བྱས་ན་བཤད་རྒྱུད་རྡོ་རྗེ་ནས་ཐུབ་པ་དང་ཡུམ་རྣམས་མ་གཏོགས་ལྷ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་ཏུ་བཤད་དེ། དེའི་དབང་དུ་ཕྱག་མཚན་ཡང་། དེ་ཉིད་ལས། རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་པའོ། །ཞེས་པས་མི་བསྐྱོད་པའི་ཕྱག་མཚན་རྫོགས་པར་བསྟན་ནས་རིགས་གཞན་བཞི་ལ་གཡས་དང་པོར་རང་རྟགས་ཀྱི་ཕྱག་མཚན་འཁོར་ལོ་སོགས་སོང་བའི་ཤུལ་དུ་རྡོ་རྗེ་སོགས་སྤོ་བ་ཁྱད་པར་རོ། །སེམས་དཔའ་རྣམས་ཀྱང་ཞལ་གསུམ་ཕྱག་དྲུག་པའི་དབང་དུ་དེ་ཉིད་ལས། རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་ཆེ། །ཨུཏྤལ་ཀླུ་ཤིང་པུསྟི་སྙེ། །ཞེས་སོ། །སྒོ་བའི་ཕྱག་མཚན་ཀྱང་ཞལ་གསུམ་ཕྱག་དྲུག་པའི་དབང་དུ། དེ་ཉིད་ལས། ནྲྀ་མགོ་རྡོ་རྗེ་ཐོ་རྒྱ་གྲམ། །ལྕགས་ཀྱུ་ཞགས་པ་སྥོ་ཊའོ། །ཞེས་སོ། །ཀུན་བཟང་ཡང་ཞལ་གསུམ་ཕྱག་དྲུག་པའི་དབང་དུ། དེ་ཉིད་ལས། འོད་འཕྲོ་མཉམ་བཞག་རྡོ་རྗེ་ཐལ། །ཡེ་ཤེས་རྩེ་ལྔ་ཆོས་ཁམས་དྲིལ། །ཐུགས་ཀར་བརྟེན་པ་ཉིད་དུ་བཤད། །ཅེས་སོ། །ཐུབ་དྲུག་དང་ཡུམ་རྣམས་ནི་ཞལ་གཅིག་ཕྱག་གཉིས་པ་ཁོ་ན་སྟེ། དེ་ཉིད་ལས། ཐུབ་ཆེན་ངེས་པར་ཕྱག་གཉིས་ཤེས། །ཞེས་དང་། རྔམ་གློག་ལས། གཡས་པ་ཐབས་ཀྱིས་ཡབ་ལ་འཁྱུད། །གཡོན་པ་རང་རྟགས་འཛིན་པའོ། །ཞེས་སོ། །འབྲིང་པོ་ལྟར་ན་རིགས་ལྔའམ་གཙོ་བོ་ཙམ་ཞལ་གསུམ་ཕྱག་དྲུག་དང་། གཞན་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པར་མཛད་པ་བསྡུས་པ་སྟེ། འདིར་བླ་མ་གོང་མ་རྣམས་འབྲིང་པོ་རིགས་ལྔ་ཞལ་གསུམ་ཕྱག་དྲུག་པ་ལ་ཕྱག་ལེན་མཛད་པར་སྣང་ངོ་། །བཞི་པ་ནི། མཐིང་སོགས་རྐང་པ་དྲུག་སྟེ། སྤྱིར་སྐུ་མདོག་ལ་རང་བཞིན་གྱི་དང་། རིགས་ངེས་པས་དང་། རིགས་མ་ངེས་པའི་སྐུ་མདོག་དང་གསུམ་དུ་གསུངས་ཤིང་། དང་པོ་ནི་ལེའུ་དང་པོར་བསྟན་ལ། ཕྱི་མ་གཉིས་ཀྱི་དབང་དུ་དང་པོ་རིགས་ངེས་པའི་སྐུ་མདོག་ནི་ཉེར་གསུམ་སྟེ། དེ་ཡང་ཆོས་ཉིད་མི་འགྱུར་བ་མཚོན་པའི་སྐུ་མདོག་མཐིང་ཁ་བདུན་ནི། མི་བསྐྱོད་ཡབ་ཡུམ། ཀུན་བཟང་ཡབ་ཡུམ། ཕྱག་རྡོར་ཡབ་ཡུམ། ལྷ་མིན་ཐུབ་པ་རྣམས་སོ། །ཉེས་པའི་སྐྱོན་གྱིས་མ་གོས་པར་མཚོན་པའི་སྐུ་མདོག་དཀར་པོ་ལྔ་ནི། རྣམ་སྣང་ཡབ་ཡུམ། ས་སྙིང་ཡབ་ཡུམ། ལྷའི་ཐུབ་པའོ། །ཆེ་བའི་ཡོན་ཏན་རྒྱས་པ་མཚོན་པའི་སྐུ་མདོག་སེར་པོ་ལྔ་ནི། རིན་འབྱུང་ཡབ་ཡུམ། ནམ་སྙིང་ཡབ་ཡུམ། མིའི་ཐུབ་པའོ། །གདུལ་བྱའི་དོན་ལ་ཆགས་པ་མཚོན་པའི་སྐུ་མདོག་ལེ་བརྒན་ནམ་དམར་པོ་བཞི་ནི། སྣང་མཐའ་ཡབ་ཡུམ། སྤྱན་གཟིགས་ཡབ་ཡུམ་བཅས་སོ། །ཕྲིན་ལས་སྣ་ཚོགས་པ་མཚོན་པའི་སྐུ་མདོག་ལྗང་གུ་གཉིས་ནི། དོན་གྲུབ་ཡབ་ཡུམ་མོ། །གཉིས་པ་རིགས་མ་ངེས་པའི་སྐུ་མདོག་ནི། དེ་ལ་སོགས་པའི་ཁོང་ནས་རིགས་གཉིས་འདྲེས་སྣ་ཚོགས་པའི་སྐུ་མདོག་ནི་བཅུ་དགུ་སྟེ། བྱམས་པ་ཡབ་ཡུམ་དཀར་སེར། སྒྲིབ་སེལ་ཡབ་ཡུམ་དམར་སེར། ཀུན་བཟང་ཡབ་ཡུམ་དམར་ལྗང་། འཇམ་དཔལ་ཡབ་ཡུམ་དཀར་ལྗང་། གཤིན་རྗེ་གཤེད་ཡབ་ཡུམ་སྨུག་ནག །སྟོབས་ཆེན་ཡབ་ཡུམ་སེར་ནག །རྟ་མགྲིན་ཡབ་ཡུམ་དམར་ནག །བདུད་རྩི་འཁྱིལ་བ་ཡབ་ཡུམ་ལྗང་ནག །བྱོལ་སོང་ཐུབ་པ་སེར་ནག །དམྱལ་བའི་ཐུབ་པ་དུད་ཁའོ། །དེ་ལྟར་རིགས་དང་རིགས་འདྲེས་པའི་སྐུ་མདོག་ཐམས་ཅད་རེ་རེའང་རང་བཞིན་ཀྱི་སྐུ་མདོག་བཞི་དང་ལྡན་པ་སྟེ། ཟླ་བ་ལྟར་གསལ་བ། ཉི་མ་ལྟར་འཚེར་བ། ཀུ་མུད་ལྟར་སྣུམ་ལ་འདྲིལ་བ། དུང་ལྟར་ཉེས་པའི་སྐྱོན་གྱིས་མ་གོས་པའོ། །དེ་ལྟ་བུའི་ལྷ་ཚོགས་ཐམས་ཅད་ཀྱང་ཞི་བའི་ཚུལ་དགུ་དང་ལྡན་པ་སྟེ། ང་རྒྱལ་མ་སྤངས་གནས་སུ་དག་པའི་རྟགས་སུ་ཡན་ལག་གསེར་ཞུན་མ་ལྟར་མཉེན་པ། ཞེ་སྡང་མ་སྤངས་གནས་སུ་དག་པའི་རྟགས་སུ་ཕྱག་སོར་སྦྲུལ་གྱི་མཇུག་མ་ལྟར་ལྕུག་པ། འདོད་ཆགས་མ་སྤངས་གནས་སུ་དག་པའི་རྟགས་སུ་ཐབས་ཤེས་གཡུ་ལྗང་ལྟར་དུ་ཕན་ཚུན་འཁྲིལ་བ། གཏི་མུག་མ་སྤོངས་གནས་སུ་དག་པའི་རྟགས་སུ་སྐུ་སྐེད་ཐང་ཤིང་ལྟར་དུ་དྲངས་ཤིང་ལྡེམ་པ། ཕྲག་དོག་མ་སྤངས་གནས་སུ་དག་པའི་རྟགས་སུ་བྱིས་པ་ལོ་བརྒྱད་པ་ལྟར་གཞོན་ཚུལ་ཅན། ཐུགས་ལ་མ་རིག་པ་མེད་པའི་རྟགས་སུ་ཟླ་བ་ལྟར་གསལ་བ། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྟགས་སུ་ཉི་མ་ལྟར་འཚེར་བ། མཚན་དཔེ་ཡོངས་སུ་རྫོགས་པའི་རྟགས་སུ་རིའི་རྒྱལ་པོ་ལྟར་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱིས་གནོན་པའི་རྟགས་སུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་གཟི་བྱིན་དང་ལྡན་པའོ། །སྔ་མ་ལྔ་ངོ་བོའི་ཡོན་ཏན་དང་། ཕྱི་མ་བཞི་རྣམ་པའི་ཡོན་ཏན་ནོ། །སྐུ་དེ་དག་ལས་འོད་ཟེར་ཇི་ལྟར་འཕྲོ་བ་ནི་ཞི་བ་རྣམས་ཀྱི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་གསལ་ཞིང་དག་པའི་འོད་ཟེར་དཀར། སེར། དམར། སྔོ། བཙོད་ཁ། དངུལ་མདོག་དང་དྲུག་པོ་རེ་རེ་ལས་ཀྱང་བྱེ་བ་ཕྲག་དྲུག་དྲུག་ཕྱོགས་བཅུར་འཕྲོ་བའི་ཚོགས་ཆེན་པོའི་སྣང་བས་ཁྱབ་པར་བྱེད་ཅིང་། ཁྲོ་བོ་རྣམས་མེ་ལྟར་འབར་ཞིང་རྣོ་བའི་འོད་ཟེར་གྱི་ཕྲེང་བས་ཀུན་ཏུ་འཁྲིགས་པའི་ཀློང་ན་བཞུགས་པ་སྟེ། གར་དགུའི་ཉམས་ཀྱིས་སྒེག་པའོ། །དེ་ཡང་ཇི་སྐད། སྒེག་དཔའ་འཇིགས་རུང་སྐུ་ཡི་གར། །རྒོད་གཤེ་དྲག་ཤུལ་གསུང་གི་གར། །སྙིང་རྗེ་རྔམ་ཞི་ཐུགས་ཀྱི་གར། །ཞེས་གསུངས་པ་ལྟར། སྐུའི་ཉམས་གསུམ་ནི། སྐུ་ཆེ་ལ་ཡན་ལག་རགས་པས་ན་སྒེག་པ་དང་། བདུད་བཞི་སོགས་གདན་དུ་བཏིང་ཞིང་གཏུམ་པའི་ངང་ཚུལ་ཅན་ཡིན་པས་དཔའ་བ་དང་། མི་སྡུག་སྲིན་པོ་ཁྲོས་པས་ལྟར་བདུད་དང་རུ་ཏྲ་སོགས་གང་གིས་མཐོང་བ་ཙམ་གྱི་དོན་སྙིང་ལྐོག་མ་ནས་འབྱིན་ནུས་པར་ཤིན་ཏུ་འཇིགས་སུ་རུང་བས་ན་མི་སྡུག་པ་དང་། གསུང་གི་ཉམས་གསུམ་ནི། ཧ་ཧ་དང་ཧི་ཧི་ལ་སོགས་པའི་རྒོད་པ་དང་། ཟུངས་ཤིག་དང་རྒྱོབ་ཅིག་ལ་སོགས་པའི་གཤེ་བ་སྟེ། དེ་དག་ཀྱང་འབྲུག་སྟོང་དུས་གཅིག་ལ་ལྡིར་བའམ་ཐོག་སྟོང་དུས་གཅིག་ལ་ལྷུང་བ་ལྟ་བུའི་སྒྲ་གདངས་དང་ལྡན་པས་ན་དྲག་ཤུལ་དང་། ཐུགས་ཀྱི་ཉམས་གསུམ་ནི། ངོ་བོ་རིས་མེད་ཀྱི་སེམས་ཅན་ལ་དམིགས་པ་མེད་པའི་བརྩེ་བ་དང་ལྡན་པས་སྙིང་རྗེ་དང་། རྣམ་པ་མ་རུང་བའི་སེམས་ཅན་རྣམས་ཀྱི་སྣང་ངོར་ང་རྒྱལ་ཆེན་པོའི་ངང་ཚུལ་དང་ལྡན་པས་རྔམས་པ་དང་། རང་བཞིན་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བས་ན་ཞི་བའོ། །འཕྲོས་དོན་རྒྱན་གྱི་ཁྱད་པ་ལ། །རིགས་ལྔ་དང་སེམས་དཔའ་ཡབ་ཡུམ་བྱ་བྱེད་རྣམས་ནི་གདུལ་བྱའི་ཉོན་མོངས་པའི་གདུང་བ་སེལ་བའི་བརྡར་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆོས་གོས་ལྔ་དང་། འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་དེ་རྒྱན་ཆས་བཅུ་གསུམ་མོ། །ཐུབ་དྲུག་ནི་གང་འདུལ་གྱི་གཟུགས་སུ་སྟོན་ཀྱང་ཆགས་པས་མ་གོས་པའི་བརྡར་རབ་བྱུང་གི་ཆ་ལུགས་ཅན་དང་། ཁྲོ་བོ་ཡབ་ཡུམ་ནི་དཔའ་རྟགས་ཀྱི་རྒྱན་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པའོ། །གསུམ་པ་དཀྱིལ་འཁོར་གྱི་ཆེ་བ་ནི། མཐའ་དབུས་སོགས་རྐང་པ་གཉིས་ཏེ། མཐའ་དང་དབུས་འདི་ཞེས་དམིགས་སུ་མེད་པར་ཆོས་ཐམས་ཅད་ལ་ཁྱབ་པའི་ཆོས་ཉིད་གཞི་རང་བཞིན་གྱི་དཀྱིལ་འཁོར་བསམ་བརྗོད་ལས་འདས་པས་མཐའ་ཡས་པའི་གནས་ལུགས་དེ་ཉིད་རྟོགས་དོན་བསྒོམ་པའི་ཐབས་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་གོམས་པར་བསླབ་པའི་མཐུས། འབྲས་བུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གྲུབ་པར་འགྱུར་རོ། །འདི་ནི་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ཚད་དུ་འཆད་ཀྱང་དེ་ནི་མ་ཡིན་པར་སེམས་ཏེ། བློ་ཆེན་ཅིག་ཆར་བའི་བསྒོམ་བྱ་ཡིན་པའི་ཕྱིར་རོ། །འོ་ན་ལྷག་ཏིང་གི་ཚད་གང་ཡིན་ཞེ་ན། ལེའུ་དགུ་པ་ལས། ཡང་ན་རྒྱང་གྲགས་དཔག་ཚད་དམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པ། །ཞེས་དང་། རིག་པས་དཔག་པའི་ཚད་དུའོ། །ཞེས་པ་དེ་ཡིན་པར་སེམས་སོ། །གསུམ་པ་རང་བཞིན་འབྲས་བུ་མཐར་ཕྱིན་སྐུ་ཡི་དཀྱིལ་འཁོར་ལ་བཞི་སྟེ། སྐུའི་མཚན་ཉིད། སྐུའི་ཕྲིན་ལས། འབྲས་བུ་ཐོབ་ཚུལ། དེ་གསུངས་པའི་ཡོན་ཏན་ནོ། །དང་པོ་ནི། སྐུ་ཡི་ཕྱག་རྒྱ་སོགས་ཚིགས་བཅད་གཉིས་ཏེ། འདི་ལ་སྤྱིར་ན་སྐུ་ཞེས་པ་ནི་རྟེན་བྱེད་པ་ཞིག་ཡིན་ལ། སྐབས་འདིར་འབྲས་བུའི་ཆོས་སམ་ཡོན་ཏན་གྱི་རྟེན་བྱེད་པས་ན་སྐུ་སྟེ། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་གི་སྐུ་ནི་སྐུ་ལ་ལྷུན་གྱིས་གྲུབ་པས་སྐུ་ཕྱག་རྒྱ་ཆེན་པོ་ལས་མཆོག་ཏུ་གྱུར་པ་རྒྱལ་བ་དྲུག་པ་སངས་རྒྱས་ཀུན་གྱི་སྤྱིའི་གཟུགས་ཅན་ཉིད་ཡིན་ལ། དེ་ལྟར་སྐུ་གཅིག་གི་ལྡོག་ཆ་ལ་བྱེ་བྲག་ཏུ་དབྱེ་ན། གཞི་ཆོས་དབྱིངས་དེ་བཞིན་ཉིད་ཟུང་འཇུག་སྤྲོས་བྲལ་གྱི་ཡེ་ཤེས་ལས་མ་གཡོས་པའི་ལྡོག་པ་ནི་ཆོས་སྐུའོ། །དེ་ལྟར་མ་གཡོས་ཀྱང་སྒྲིབ་གཉིས་ལས་ཡང་དག་པར་ཐར་བའི་གཟུགས་སྐུ་དག་པའི་གདུལ་བྱ་ལ་མཚན་དཔེས་བརྒྱན་པར་སྣང་ཞིང་དངོས་པོ་གཉིས་ལ་རྫོགས་པར་ལོངས་སྤྱོད་པའི་ལྡོག་པ་ནི་ལོངས་སྐུ་དང་། གདུལ་བྱའི་འགྲོ་བ་མ་ལུས་པ་འདུལ་བའི་ཕྱིར་དེ་དག་གི་བསམ་པ་དང་མཐུན་པར་བྱས་པའི་སྐུ་ཡི་བཀོད་པ་ནི་གཅིག་ཏུ་མ་ངེས་པར་སྣ་ཚོགས་སུ་སྟོན་པའི་ལྡོག་པ་ནི་སྤྲུལ་སྐུའོ། །དེ་ལྟར་སྟོན་པ་ཉིད་ཀྱང་དཔེ་སྒྱུ་མའམ་མིག་ཡོར་གྱི་ཚུལ་དང་འདྲ་བར་གཟུགས་སྐུ་གཉིས་སུ་སྣང་བའི་ཚུལ་དེ་ཉིད་ཀྱང་དབྱིངས་ཆོས་སྐུ་ལས་གཡོས་པ་མེད་པས་སྐུ་གསུམ་དབྱེར་མི་ཕྱེད་པའི་ལྡོག་པ་ནི་རྡོ་རྗེའི་སྐུའོ། །དེ་ལྟར་ཆོས་སྐུ་ལས་མ་གཡོས་བཞིན་དུ་གདུལ་བྱའི་བསམ་པ་དང་མཐུན་པར་སྐུ་སྣ་ཚོགས་སུ་སྣང་བས་སྐུ་གསུམ་སྣང་ཆ་མ་འདྲེས་པ་གོ་འབྱེད་པའི་ལྡོག་ཆ་ནི་མངོན་བྱང་གི་སྐུའོ། །གཉིས་པ་སྐུའི་ཕྲིན་ལས་ལ་གཉིས་ཏེ། སྐུ་ཇི་ལྟར་སྣང་བའི་ཚུལ་དང་། སྐུའི་མཛད་པའོ། །དང་པོ་ནི། དེའི་ཚེ་མི་མཐུན་སོགས་རྐང་པ་ལྔ་སྟེ། སྐུ་ལྔ་ལྷུན་གྱིས་གྲུབ་པ་དེའི་ཚེ་གདུལ་བྱའི་མོས་པ་མི་མཐུན་པར་སྣ་ཚོགས་ལ། འདུལ་བྱེད་ཀྱི་གཟུགས་སྐུ་སོ་སོར་ཤར་བས་གདུལ་བྱ་རང་རང་གི་མོས་པ་དང་འདྲ་བར་སྣང་བ་ནི་དགོངས་པ་དེ་བཞིན་ཉིད་ཀྱི་དབྱིངས་ལས་རྩོལ་བས་མ་བཅོས་ཀྱང་གདུལ་བྱའི་ལས་འཕྲོ་ཆེ་ཆུང་ཡོད་པའི་དབང་གིས་གཟུགས་སྐུ་སོ་སོར་སྣང་བ་སྟེ། དཔེར་ན་གཟུགས་གཅིག་ཉིད་མེ་ལོང་དུ་མའི་ནང་དུ་སོ་སོར་འཆར་བའམ། ཆུ་སྣོད་དུ་མར་ཟླ་གཟུགས་གཅིག་ཉིད་སོ་སོར་འཆར་བ་བཞིན་ནོ། །དེ་ལྟར་ཡང་ཕལ་པོ་ཆེ་ལས། ཟླ་བ་དབྱིངས་ལས་མ་གཡོས་ཀྱང་། །ཆུ་ཡི་སྣོད་དུ་སྣང་བ་ལྟར། །དེ་བཞིན་ཉིད་ལས་མ་གཡོས་པར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་སོ། །གཉིས་པ་སྐུའི་མཛད་པ་ནི། དེ་ཚེ་འགྲོ་དྲུག་སོགས་རྐང་པ་བཅུ་སྟེ། གཟུགས་སྐུ་གཉིས་སུ་སྣང་ནས་དོན་མཛད་པ་དེའི་ཚེ་གདུལ་བྱ་འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་སྣང་ཚུལ་ཐ་དད་དུ་ཤར་ཏེ། དེ་ཡང་མི་དང་ལྷ་རྣམས་ལ་སྡིག་པ་མི་དགེ་བ་བཅུ་སྤངས་པའི་གང་ཟག་འཁོར་བསྒྱུར་དང་བརྒྱ་བྱིན་གྱི་གཟུགས་སུ་རྣམ་པར་བསྟན་ནས་དོན་མཛད་ཅིང་། དེ་བཞིན་དུ་དགེ་ཚུལ་དང་དགེ་སློང་ཉན་ཐོས་ཀྱི་རིགས་ཅན་རྣམས་ལ་དགྲ་བཅོམ་པའི་གཟུགས་དང་། རང་རྒྱལ་གྱི་རིགས་ཅན་རྣམས་ལ་བསེ་རུ་ལྟ་བུ་རིགས་མཐུན་པའི་ཚུལ་དུ་བསྟན་ནས་དོན་མཛད་དེ། འོ་ན་རང་རྒྱལ་གྱིས་ཆོས་བཤད་དམ་མི་བཤད། བཤད་ན་རང་རྒྱལ་གྱི་ངེས་ཚིག་ཉམས་ལ། མི་བཤད་ན་རང་རྒྱལ་རྣམས་ལ་བསེ་རུའི་ཚུལ་ཞེས་པ་དང་འགལ་ལོ་ཞེ་ན། དེའི་སྐྱོན་མེད་དེ། སྤྱིར་སེམས་ཅན་གྱི་དོན་བྱེད་པ་ལ་ཆོས་བཤད་པས་དོན་བྱེད་པ་དང་། རིགས་མཐུན་པས་དོན་བྱེད་པ་གཉིས་ལས། འདི་ནི་རིགས་མཐུན་པས་དོན་བྱེད་པ་ལ་དགོངས་ནས་གསུངས་ཏེ། དཔེར་ན་གྲོགས་པོ་གཉིས་ཀྱི་ལོ་རྒྱུས་བཞིན་ནོ། །དེ་ལས་གཞན་ཡང་རྒྱུ་དང་འབྲས་བུའི་ཐེག་པ་མཆོག་གི་རིགས་ཅན་རྣམས་ལ་ཤཱཀྱ་ཐུབ་པ་སོགས་འདུལ་བྱེད་ཀྱི་སྟོན་པའང་གདུལ་བྱའི་དབང་པོའི་རིམ་པ་བཞིན་དུ་བསྟན་ནས་འདུལ་བ་ནི་སྤྲུལ་སྐུའི་མཛད་པའོ། །ལོངས་སྐུའི་མཛད་པ་ནི། གནས་ངེས་པ་འོག་མིན་བླ་ན་མེད་པའི་གནས་གཟུགས་ཁམས་ལས་འཕགས་པའི་དབང་ཕྱུག་ཆེན་པོའི་འོག་མིན་མཆོག་ཏུ། སྟོན་པ་ངེས་པ་མཚན་དཔེས་བརྒྱན་པའི་སྐུ་ལོངས་སྐུ་རྣམ་པར་སྣང་མཛད་ཆེན་པོའི་ཚུལ་གྱིས། འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་སྟེ་འཕགས་པའི་འཁོར་རྣམས་ལ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་ཆོས་སྟོན་ཏེ། དེ་དག་ལ་ཆོས་སྟོན་པའི་ཚུལ་ཡང་མཆོག་གི་སྤྲུལ་སྐུ་ལྷ་མིའི་སྟོན་པས་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་སྒོ་ནས་ཆོས་གསུངས་པ་དེ་བཞིན་འདིའི་ཆོས་རྣམས་གསུང་མཆོག་ཚིག་ཏུ་མི་སྨྲ་སྟེ། འོ་ན་ཇི་ལྟར་སྟོན་ན་སྐུའི་བརྡ་ཡིས་ཆོས་ངེས་པ་ཐེག་པ་ཆེན་པོ་ཉིད་འཁོར་རྣམས་ཀྱི་བློ་ལ་འཇལ་བར་སྟོན་ནོ། །ཡང་ཁ་ཅིག་ན་རེ། འདིར་གླེང་གཞི་གཅིག་བྱུང་བས་རྒྱུད་བྱུང་བ་ཁྱད་པར་ཅན་གྱི་ཡིན་ན་དང་པོ་དང་ཟློས་ལ། བསྟན་པའི་བྱུང་བ་སྤྱིའི་ཡིན་ན་གསུམ་པའི་སྟོད་དང་ཟློས། གདུལ་བྱ་དགོས་ཆེད་ཀྱི་ཡིན་ན་བཅོ་ལྔ་པ་དང་ཟློས་པར་འགྱུར་རོ་ཞེ་ན། དེ་དག་དང་མི་ཟློས་ཏེ། འདི་གླེང་གཞི་རང་མ་ཡིན་པའི་ཕྱིར་རོ། །འོ་ན་ཕུན་སུམ་ཚོགས་པ་ཚང་བ་འདི་ཅི་ཡིན་ཞེ་ན། འདི་ནི་བྱང་སེམས་རྣམས་ཀྱི་ས་བཅུའི་སྤང་བྱ་སྤོང་ཚུལ་ནས་སྨོས་པ་ཡིན་གྱི་ངེས་པ་ལྔ་ཚང་བ་ཐམས་ཅད་གླེང་གཞི་ཡིན་པའི་ཁྱབ་པ་མེད་དེ། གལ་ཏེ་ཡོད་ན་ཧ་ཅང་ཐལ་ཏེ། དགུ་པ་དང་བཅུ་གཅིག་པའི་ཚོགས་སྒྲུབ་ཀྱང་དེར་འགྱུར་བའི་ཕྱིར་རོ། །གསུམ་པ་འབྲས་བུ་ཐོབ་ཚུལ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའ་དང་། གསང་སྔགས་ཀྱི་ཐོབ་ཚུལ་ལོ། །དང་པོ་ལ་གཉིས་ལས། སྒྲིབ་པ་སྦྱངས་པས་གྲོལ་ཚུལ་ནི། མེ་ལོང་བསྟན་པའི་སོགས་རྐང་པ་བདུན་ཏེ། དཔེར་ན་མེ་ལོང་བསྟན་པའི་ནང་དུ་བྱད་ཀྱི་དྲི་མ་སྣང་བའི་ཚུལ་གྱིས་བྱད་དངོས་ཀྱི་མདོག་བཟང་པོ་ངན་པར་བསྒྱུར་བའི་དྲི་མ་ཐམས་ཅད་ངོས་ཟིན་ནས། གདོང་གི་དྲི་མ་སེལ་བར་བྱེད་པ་དེ་བཞིན་དུ་འཁོར་ས་བཅུའི་བྱང་སེམས་རྣམས་ཀྱིས་སྟོན་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུར་བལྟས་པ་ན། བླ་ན་མེད་པའི་བྱང་ཆུབ་ལ་སྒྲིབ་པར་བྱེད་པའི་དྲི་མ་གཏིང་དཔག་དཀའ་བ་རྣམས་མེ་ལོང་ལ་སྣང་བ་བཞིན་དུ་སྟོན་པའི་སྐུ་ལ་སྣང་བས་རང་རྒྱུད་ཀྱི་སྦྱང་བྱའི་དྲི་མ་ངོས་ཟིན་པའོ། །དེ་ཡང་ཇི་ལྟར་དུ་ངོས་ཟིན་ན་སྟོན་པ་ཡེ་ཤེས་སྒྱུ་མའི་སྐུ་སྐྱེ་འཇིག་དང་བྲལ་བ་ལ། བྱང་སེམས་རྣམས་སྨོན་ལམ་གྱི་ལུས་སྐྱེ་འཇིག་ཅན་དུ་འདུག་པ་དང་། སྟོན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅ ད་དང་རྒྱུད་གཅིག་དང་དུ་མ་ལས་གྲོལ་བར་འདུག་ལ། བྱང་སེམས་ནི་རྒྱུད་ཐ་དད་པ་སེམས་ཅན་གྱི་རྒྱུད་དུ་འདུག་པ་དང་། སྟོན་པའི་སྐུ་ཁ་སྦྱོར་གྱི་བདེ་བ་ལ་གནས་ཀྱང་། འཁྲུལ་པའི་ཉེས་སྐྱོན་གྱིས་མ་གོས་ལ། བྱང་སེམས་ནི་དེ་ལྟར་མ་གྱུར་ཅིང་ཐབས་དང་མི་ལྡན་པས་ལམ་ལ་འཁྲུལ་པའི་དྲི་མ་ཡོད་པ་དང་། སྟོན་པ་ནི་སྐུ་ལ་མཉམ་པར་འཇོག་མི་འཇོག་མི་མངའ་ལ། བྱང་སེམས་ནི་མཉམ་པར་བཞག་དགོས་པ་སོགས་ཀྱིས་སྒྲིབ་པ་ངོས་ཟིན་ནོ་ཞེས་གསུངས་སོ། །ཡང་དེ་ནས་ས་བཅུ་རིམ་གྱིས་འབྱང་ཞེས་པ་འདི་ལ་བཞེད་ལུགས་མང་ཡང་། སྤར་ཁབ་མཁན་གྱིས་ལང་ཀའི་མདོའི་ལུང་དྲངས་ནས་ས་དང་པོ་ནས་བཅུ་པའི་བར་གྱི་སྒྲིབ་པ་འབྱང་བར་གསུངས་པས། དེའི་རྗེས་སུ་འབྲང་ན་ཐོག་མར་ཚོགས་ལམ་གསུམ་དུ་ཚོགས་བསགས་པས་གཙོ་བོར་ཐོས་བསམ་ལ་བརྟེན་པའི་ཤེས་རབ་ཀྱིས་བདག་མེད་དོན་སྤྱིའི་ཚུལ་དུ་རྟོགས་ཤིང་ཚོགས་ལམ་ཆེན་པོ་ཐོབ་ནས་སངས་རྒྱས་སྤྲུལ་པའི་སྐུ་ལས་གདམས་ངག་ཉན། སྦྱོར་ལམ་བཞིར་འཇིག་རྟེན་པའི་བསྒོམ་བྱུང་གི་ཡེ་ཤེས་ལ་དངོས་སུ་ཞུགས་པས་གཟུངས་འཛིན་གྱི་རྣམ་རྟོག་རགས་པ་རྣམས་རིམ་པར་བཅོམ་ནས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྔར་མ་མཐོང་བ་གསར་དུ་མཐོང་བར་སྒྲོ་བཏགས་ཀྱི་སྒྲིབ་པ་མ་ལུས་པ་སངས་པ་ན་ལོངས་སྐུའི་ཞལ་མཐོང་སྟེ་སྒྲིབ་པ་ངོས་ཟིན་པ་དེ་ནས་བརྩམས་ཏེ། མཐོང་ཟིན་གོམས་པར་བྱེད་པ་སྒོམ་ལམ་ས་དགུར་ལྷན་སྐྱེས་ཀྱི་སྒྲིབ་པ་ཇེ་སྲབ་ཏུ་གྱུར་པས་ས་བཅུའི་མི་མཐུན་ཕྱོགས་རྣམས་རིམ་གྱིས་འབྱང་བ་སྟེ་དག་པས་སོ་སོའི་ཡོན་ཏན་ཐམས་ཅད་ཐོབ་ནས། ས་བཅུ་རྒྱུན་གྱི་ཐ་མ་ལ་འོད་ཟེར་ཆེན་པོའི་དབང་བསྐུར་བས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་སྟེ་ཤེས་སྒྲིབ་ཕྲ་བ་བག་ཉལ་གྱི་དྲི་མ་བཅོམ་ནས་བླ་ན་མེད་པའི་བྱང་ཆུབ་ཀུན་ཏུ་འོད་ཀྱི་ས་ཡང་དག་པར་ཐོབ་པའོ། །ཁ་ཅིག་ན་རེ། དེ་ལྟར་ས་ཐོབ་པ་ལོངས་སྐུའི་འཁོར་ཡིན། འོ་ན་སྤྲུལ་སྐུའི་འཁོར་དུ་བཤད་པ་དང་འགལ་ལོ་ཞེ་ན། ལོངས་སྐུ་ཕལ་པ་དང་། སྤྲུལ་སྐུ་མཚན་ཉིད་པ་ཡིན་པས་འགལ་བ་མེད་དོ། །གཉིས་པ་དེ་ལྟར་ཐོབ་པའི་འབྲས་བུའི་ངོ་བོ་སྐུ་གསུམ་ནི། ཆོས་སྐུ་སོགས་རྐང་པ་གསུམ་སྟེ། དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ནི་བློས་དཔག་ཏུ་མེད་ཅིང་ཚིག་གིས་བརྗོད་དུ་མེད་པའི་དོན་མངོན་དུ་གྱུར་པ་ནམ་མཁའ་ལྟ་བུའོ། །དེའི་ངང་ལས་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྟག་ཏུ་ཟད་པ་མེད་པ་ཡིད་བཞིན་དབང་གི་རྒྱལ་པོའི་གཏེར་དང་འདྲ་བར་བཞུགས་པ་དང་། སྤྲུལ་པའི་སྐུ་ནི་གང་ལ་གང་འདུལ་གྱི་སྐུའི་བཀོད་པ་བྱེ་བ་ཕྲག་བརྒྱ་སོགས་བསམ་གྱིས་མི་ཁྱབ་པ་སྣ་ཚོགས་པར་བསྟན་ནས་སེམས་ཅན་གྱི་དོན་མཛད་པའོ། །གཉིས་པ་སྔགས་ཀྱི་ཐོབ་ཚུལ་ལའང་གཉིས་ལས། དང་པོ་མཐར་ཐུག་གི་སའི་ཁྱད་པར་ནི། མཚན་དང་དཔེ་བྱད་སོགས་རྐང་པ་ལྔ་སྟེ། སྔགས་ཀྱི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་ཤེས་སྒྲིབ་ཕྲ་བའང་དག་པས་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་སངས་རྒྱས་གཅིག་གི་ངོ་བོ་ལ། སྐུ་གསུམ་གྱི་ལྡོག་པས་དབྱེ་ན། སྒྲིབ་བྲལ་གྱི་དགོངས་པ་ཤེས་རབ་སྤྲོས་བྲལ་གྱི་ཡེ་ཤེས་ནི་ས་ཡི་མཆོག་ཐུན་མོང་མ་ཡིན་པའི་ཀུན་ཏུ་འོད་དེ་ཆོས་སྐུའི་སའོ། །དེའི་ངང་ལས་དཀྱིལ་འཁོར་གྱི་འཁོར་ལོ་རབ་འབྱམས་སུ་འཆར་ཡང་དམིགས་པ་དང་བྲལ་བས་གོས་པ་མེད་པའི་ཡེ་ཤེས་ནི་པདྨ་ཅན་ལོངས་སྐུའི་ས་དང་། ཐུན་མོང་མ་ཡིན་པའི་མཚན་དང་དཔེ་བྱད་ཐམས་ཅད་མ་འདྲེས་གསལ་བར་རྫོགས་ཤིང་། སྤྱོད་ཡུལ་ཀུན་ཏུ་ཡེ་ཤེས་རང་སྣང་བདེ་བ་ཆེན་པོའི་མཎྜལ་ཞེས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་ལ་མ་ཞེན་པར་ཤར་བའི་ཕྱིར་ཚོགས་ཆེན་གཉིས་ཀྱང་མ་བཙལ་ལྷུན་གྱིས་གྲུབ་པར་རྫོགས་པས་གདུལ་བྱ་གཞན་སྣང་དུ་རྣམ་པར་རོལ་པའི་སྤྲུལ་པ་སྣ་ཚོགས་སྟོན་པར་ནུས་པའི་ཡེ་ཤེས་ནི་འཁོར་ལོ་ཚོགས་ཆེན་སྤྲུལ་སྐུའི་སའོ། །དེ་ལ་སོགས་ཏེ་སའི་གྲངས་དང་ཡོན་ཏན་བསམ་མཐའ་ཡས་པའི་མཆོག་རྫོགས་པ་མཐར་ཐུག་གིས་གསུམ་པོ་དེའི་རྒྱུའི་ཐེག་པའི་ཀུན་ཏུ་འོད་ལས་ཁྱད་པར་དུ་གྱུར་པས་ན་ས་ཡི་མཆོག་ཅེས་བྱའོ། །གང་དག་ཀུན་ཏུ་འོད་སྤྲུལ་སྐུ་དང་། ཡི་གེ་འཁོར་ལོ་ཆོས་སྐུའི་སར་བསྡུས་པ་ནི་མཁས་པའི་གསུངས་ཡིན་ཀྱང་འཐད་པར་མི་སེམས་ཏེ། ཧེ་རུ་ཀ་གལ་པོའི་རྒྱུད་དང་འགལ་བའི་ཕྱིར་རོ། །གཉིས་པ་འབྲས་བུ་སྐུ་ལྔར་བསྟན་པ་ནི། སྐྱེ་ཤི་སོགས་རྐང་པ་བདུན་ཏེ། སེམས་ཉིད་ཡེ་ནས་སྐྱེ་ཤི་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་འགྱུར་བ་མེད་པའི་ཡོངས་གྲུབ་རྟག་བརྟན་གཡུང་དྲུང་གི་སྐུ་ནི་ཆོས་ཀྱི་སྐུའོ། །འདིར་ཁ་ཅིག་གཡུང་དྲུང་ཞེས་པ་བོན་ཡིན་ནོ་ཞེ་ན། ཕག་མོ་མངོན་འབྱུང་གི་རྒྱུད་ཀྱང་བོན་དུ་འགྱུར་ཏེ། ཇི་སྐད་དུ། གཡུང་དྲུང་འཁྱིལ་བའི་ཕྱག་རྒྱ་ལས། །ཞེས་བཤད་པའི་ཕྱིར་རྟགས་རྒྱུད་དེས་གྲུབ་ཅིང་། ཁྱབ་པ་མེད་ན་འདིར་ཡང་མཚུངས་ལ། འདོད་པར་མི་ནུས་སོ། །གཞན་ཡང་དཀོན་བརྩེགས་ལས། བཀྲ་ཤིས་པ་དང་། གཡུང་དྲུང་འཁྱིལ་བ་དང་། ཟླ་ཁམས་ལྟ་བུས་ཉེ་བར་བརྒྱན་པའོ། །ཞེས་གསུངས་པ་ཡང་དེ་ལྟར་འགྱུར་བའི་ཕྱིར་རོ། །འདོད་ཡོན་བཟང་ངན་གང་ཡང་མ་སྤངས་པར་རང་རིག་པར་མངོན་དུ་གྱུར་པས་ན་གདུལ་བྱའི་ཉོན་མོངས་པ་ཀུན་གྱི་བག་ཆགས་སྦྱངས་ཤིང་ཚོགས་གཉིས་བསགས་པའི་ཞིང་དུ་གནས་པ་སྤྲུལ་པའི་སྐུའི་སྣང་བརྙན་ཟད་མི་ཤེས་པའི་གཏེར་མཛོད་དུ་གྱུར་པ་ནི་ལོངས་སྐུའོ། །འཁོར་འདས་ཀྱི་ཆོས་གང་ཡང་རང་རིག་ཏུ་གསལ་ཞིང་སྐུ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་རང་རིག་པའི་ངང་དུ་འདུ་འབྲལ་མེད་པར་འཛིན་པའི་སྐུ་ནི་རྡོ་རྗེའི་སྐུའོ། །ཐམས་ཅད་རིག་པའི་ཡེ་ཤེས་སུ་དབྱེར་མེད་པས་མཉམ་པ་ཉིད་དུ་གནས་པའི་ཕྱིར་སྐུ་གསུམ་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུའོ། །ཆོས་ཅན་ཇི་སྙེད་པ་ཐམས་ཅད་མ་འདྲེས་པར་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱའི་མོས་ངོར་བརྟན་གཡོ་སྣ་ཚོགས་པའི་རྣམ་པར་སྟོན་པའི་སྐུ་ནི་སྤྲུལ་པའི་སྐུའོ། །མཐར་ཐུག་ཐུན་མོང་མ་ཡིན་པའི་ས་ཐོབ་པ་དེའི་ཚེ་སྐུ་ལྔ་པོ་དེ་དག་ཀུན་ཀྱང་རྫོགས་པར་ཐོབ་པས་སྔ་ཕྱི་མེད་དེ། སྒྲིབ་བྲལ་མི་འགྱུར་བའི་ཡེ་ཤེས་ཉིད་ཡོད་ཏན་གྱི་རྟེན་བྱེད་པའི་ལྡོག་པ་ནས་སྐུ་དང་། སངས་རྒྱས་ཀྱི་ས་དང་། མི་སློབ་པའི་ལམ་ཞེས་སམ་རང་བྱུང་གི་རིག་པར་གནས་པའི་ཆ་ནས་ཡེ་ཤེས་དང་། དེས་དོན་མཛད་པའི་ཆ་ནས་ཕྲིན་ལས་ཞེས་སོ་སོར་བཏགས་ཀྱང་ངོ་བོ་ཐ་མི་དད་པར་གཅིག་པའི་ཕྱིར་རོ། །སྐབས་འདིར་ཟུར་པ་རྣམས་ཆོས་ལོངས་སྤྲུལ་གསུམ་སྐུ་མཚན་ཉིད་པ་དང་། གཞན་གཉིས་ལྡོག་ཆ་དང་ངོ་བོའི་ཆ་ནས་སྐུ་བཏགས་པ་བར་བཞེད་ཅིང་། ཀུན་མཁྱེན་ཆོས་རྗེས་ནི་ཆོས་སྐུ་མངོན་བྱང་རྡོ་རྗེའི་སྐུ་གསུམ་སྐུ་མཚན་ཉིད་པ་དང་། ལོངས་སྤྲུལ་གཉིས་གདུལ་བྱའི་སྣང་བས་སྐུ་བཏགས་པ་བར་བཞེད་ཅིང་། འདིར་ཡང་དེ་འཐད་པར་མངོན་ནོ། །དེ་ལྟར་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་སྐབས་འདིར་སྐུ་ལྔ་ལན་གཉིས་དང་སྐུ་གསུམ་རྣམས་ཟློས་སོ་ཞེ་ན། དང་པོ་ནི་རང་རིག་ལ་སྐུ་ལྔར་གྲུབ་ཚུལ་ཡིན་ལ། གཉིས་པ་ནི་བྱང་སེམས་ལམ་ནས་འབྲས་བུ་གྲུབ་ཚུལ་ཡིན་ཕྱིར་མི་ཟློས་སོ། །ཡང་རྒྱུའི་ཐེག་པའི་སྐུ་གསུམ་དང་འབྲས་བུའི་ཐེག་པའི་སྐུ་གསུམ་ལ་ཁྱད་པར་ཡོད་དམ་ཞེ་ན། རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀྱི་རང་རང་གི་འདོད་ལུགས་ཀྱི་ཁྱད་པར་ནི་ཡོད་དེ། འབྲས་བུའི་རང་ལྡོག་ལ་ཁྱད་པར་མེད་པར་སེམས་སོ། །གལ་ཏེ་ཡོད་ན་གང་ཡང་རུང་བ་གཅིག་འབྲས་བུ་མ་ཡིན་པར་འགྱུར་ཏེ། འབྲས་བུ་ཡིན་པའི་འགལ་ཟླ་ཡིན་པའི་ཕྱིར་རོ། །བཞི་པ་གསུངས་པའི་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། ཞེས་རང་བཞིན་སྐུའི་དཀྱིལ་འཁོར་གྱི་དོན་དེ་སྐད་བརྗོད་པས་གདུལ་བྱའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་ཞིང་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་འདུལ་བྱེད་སྐུའི་དཀྱིལ་འཁོར་གྱི་རྣམ་པར་རོལ་པ་བརྗོད་ཀྱིས་མི་ལང་བ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་རང་རིག་པའི་ཡུལ་དུ་གསལ་ཞིང་སྣང་བར་གྱུར་ཏོ། །གཉིས་པ་བསྡུས་ཏེ་བསྟན་པ་ལ་གསུམ་སྟེ། ལོ་རྒྱུས་བརྗོད་པ། བསྡུ་བ་དངོས། གསང་སྔགས་མཚོན་པའི་ཚིག་གོ། །དང་པོ་ནི། དེ་ནས་སོགས་ཏེ། གཞུང་རྒྱས་པར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་ཐབས་ཤེས་གཉིས་སུ་མེད་པར་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱིས་བསྡུ་བའི་རང་བཞིན་དོན་རྟོགས་དཀའ་བའམ་ཉམས་སུ་མྱོང་དཀའ་བས་ན་གས ང་བ་འདི་ཉིད་སྟོན་པའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་རིགས་ཏེ་རིགས་ལྔར་དབྱེར་མི་ཕྱེད་པའི་རྡོ་རྗེའི་བདག་ཉིད་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའི་ཐུགས་ལས་བསྡུ་བའི་ཚིག་འདི་དག་ཕྱུང་ངོ་། །གཉིས་པ་ནི། ཨ་ཧོ་དམིགས་བྱ་སོགས་ཏེ། རང་བཞིན་སྐྱེ་བ་མེད་པ་ལས་རོལ་པ་འགག་མེད་ལམ་དང་འབྲས་བུ་སྐུའི་དཀྱིལ་འཁོར་དུ་གསལ་བ་ལ་ཨ་ཧོ་ཞེས་ངོ་མཚར་བའོ། །དེའང་དམིགས་བྱ་ཆོས་ཀྱི་དབྱིངས་དང་དམིགས་བྱེད་རང་རིག་པའི་ཡེ་ཤེས་གཉིས་དབྱེར་མེད་ཀྱི་ཡེ་ཤེས་ཙམ་དུའང་མི་དམིགས་པས་བློས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པར་རྟོགས་ནས་བསྒོམ་པ་སྟེ། དེར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པའི་ཚིགས་བཅད་གཅིག་བསྡུའོ། །གཞི་རང་བྱུང་གི་ཡེ་ཤེས་ལ་རང་རིག་པས་དབང་བསྒྱུར་བའི་རྩལ་སྣང་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རྣམ་པ་སྣ་ཚོགས་བརྗོད་ཀྱིས་མི་ལང་བར་སྣང་བ་སྟེ། གསུངས་པའི་ལོ་རྒྱུས་དང་། ལྷག་ཏིང་གི་དཀྱིལ་འཁོར་སྟོན་པའི་ཚིགས་བཅད་བརྒྱད་བསྡུའོ། །གདུལ་བྱ་དག་པ་ཆོས་མཉམ་ཉིད་དུ་རྟོགས་པ་དང་། མི་མཉམ་པར་ཐ་དད་དུ་འཛིན་པ་མ་དག་པའི་གདུལ་བྱ་སྟེ། དེ་དག་ཀུན་ལ་རྒྱལ་བ་དྲུག་པའི་ཕྲིན་ལས་ཀྱི་ཁྱབ་པར་དོན་མཛད་པའི་དུས་ན། གདུལ་བྱའི་ཡུལ་དེ་དག་ཆོས་ཉིད་ལས་གཞན་དུ་མ་གྱུར་པའི་ཕྱིར་ཁྱབ་བྱ་ཁྱབ་བྱེད་མེད་པས་གཉིས་མེད་དུ་ཁྱབ་པ་སྣང་སྟོང་ཐ་མི་དད་པའི་དབྱིངས་རྣམ་པར་དག་པ་སྟེ། སྐུའི་མཚན་ཉིད་དང་ཕྲིན་ལས། རྒྱུའི་འབྲས་བུ་ཐོབ་ཚུལ་སྔགས་ཀྱི་མཐར་ཐུག་པའི་ཁྱད་པར་བསྟན་པ་རྣམས་བསྡུའོ། །ཡེ་ནས་སྐུ་ལྔ་པོ་ཀུན་ཀྱང་བདེ་བ་ཆེན་པོའི་སྐུ་ལས་མ་འགགས་པར་རང་གསལ་བའི་དཀྱིལ་འཁོར་རྣམ་པར་སྤྲོས་པ་ཙམ་ཉིད་ལས་སྤྲོས་པའི་མཚན་མ་མེད་པ་སྟེ། སྔགས་ཀྱི་འབྲས་བུ་སྐུ་ལྔར་བསྟན་པ་དང་། དེ་གསུངས་པའི་ཡོན་ཏན་གཉིས་བསྡུའོ། །དེ་ལྟར་བསྡུས་པའི་དོན་ལ་ཧོ་ཞེས་མཉེས་པའོ། །རྒྱུད་འདིའི་ལེའུ་དང་པོ་དང་གསུམ་པ་དང་བཞི་པ་དང་དྲུག་པ་རྣམས་སུ་ལེའུའི་བསྡུ་བ་རེ་བྱུང་ལ། གཞན་རྣམས་སུ་མི་འབྱུང་བ་ཇི་ལྟར་ཡིན་ཞེ་ན། ལན་ལ། ཁ་ཅིག་ན་རེ། ལེའུ་བཞི་པོ་དེ་དག་ཏུ་བརྗོད་བྱ་གཞི་ལམ་འབྲས་བུ་གསུམ་གཙོ་བོར་གསུངས་པའི་ཕྱིར་བྱུང་ལ། གཞན་རྣམས་སུ་ཕལ་ཆེར་ལམ་གྱི་ཆ་རྐྱེན་རྣམས་གསུངས་པའི་ཕྱིར་མི་འབྱུང་བ་ཡིན་གསུངས་ཀྱང་འཐད་པ་མ་མཐོང་སྟེ། འོ་ན་ཇི་ལྟར་ཡིན་ཞེ་ན། རྒྱུད་ཀྱི་དངོས་པོའི་གནས་ལུགས་ཡིན་ཏེ་ལེའུ་བཞི་པོར་བསྡུ་བ་འོང་བ་གཉིས་ཀ་ལ་ཤེས་བྱེད་མི་དགོས་སོ། །གལ་ཏེ་དགོས་ན་གསུངས་པ་ལོ་རྒྱུས་ཀྱང་དེ་དང་མཚུངས་པའི་ཕྱིར་རོ། །དེས་ན་འདི་ལྟ་བུ་ལ་རྟོག་པ་ནི་བློའི་སྐྱོན་ཡིན་པས་དོར་བར་བྱའོ། །གསུམ་པ་ནི། ཞེས་རྡོ་རྗེ་སོགས་ཏེ། དཀྱིལ་འཁོར་གསུམ་གྱི་དོན་དེ་སྐད་ཅེས་རྡོ་རྗེ་འཛིན་པ་གསང་བའི་བདག་པོས་ཚིག་ཏུ་བསྡུས་པའོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིས་ཏིང་ངེ་འཛིན་ལྷག་པའི་ཏིང་ངེ་འཛིན་གཉིས་དང་། འབྲས་བུ་རང་བཞིན་སྐུའི་དཀྱིལ་འཁོར་སྤྲོས་ནས་བསྟན་པའི་ལེའུ་སྟེ་དྲུག་པའོ།། ༈ །།ད་ནི་ལེའུ་བདུན་པ་འཆད་པར་བྱེད་པ་ལ་ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་གཙོ་བོར་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་གསུང་གི་དཀྱིལ་འཁོར་སྟོན། བཅུའང་བརྒྱའི་བདག་ཉིད་དུ་བྱས་ན་གསུང་གི་དཀྱིལ་འཁོར་གྱི་ཞོར་ལ་སྤྱོད་པ་ཟུར་ཙམ་དང་། དབང་དང་སྔགས་དང་ཏིང་ངེ་འཛིན་དང་ཕྲིན་ལས་རྣམས་ཀྱང་སྟོན། ཐ་མའི་ཆོས་བཅུ་ལས་ལྡེམ་དགོངས་མན་ངག །ཚད་མ་བཀའ་གཞུང་། མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་དེ་བཞིན་སོགས་ཏེ། སྐུའི་དཀྱིལ་འཁོར་བསྟན་པ་དེ་ནས་ལྷག་ཏིང་དང་འབྲས་བུ་གསུང་གི་དཀྱིལ་འཁོར་གཉིས་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཡབ་རྣམས་ཡུམ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་ཀུན་ཏུ་བཟང་པོའི་སྐུ་དང་གསུང་དང་ཐུགས་གསུམ་དབྱེར་མེད་པའི་རྡོ་རྗེ་ལས་གསུང་གསང་སྔགས་ཀྱི་གསང་བ་འདི་དག་ཕྱུང་ངོ་། །གཉིས་པ་གཞུང་ལ་གཉིས་ཏེ། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་དང་། རང་བཞིན་གསུང་གི་དཀྱིལ་འཁོར་རོ། །དང་པོ་ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་འཆད་པའི་སྐབས་འདིར་ཞི་བའི་ཕྲིན་ལས་སྒོམ་རིམ་གྱི་སྡེབས་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། དང་པོ་སྔོན་འགྲོ་ལའང་བདུན་ཏེ། དང་པོ་གྲལ་ཕྱག་དང་ཚུལ་ཕྱག་བྱ་བ། གཉིས་པ་ནི་ཡན་ལག་བརྒྱད་པས་རྒྱུད་སྦྱོང་བ། གསུམ་པ་མཚོན་ཆ་དམ་ཚིག་ལས་རིགས་ལྔའི་ཕྱག་རྒྱས་མཚམས་བཅད་པ། བཞི་པ་བརྗོད་མེད་ཀྱི་བཤགས་པ་བྱ་བ། ལྔ་པ་པུཎྜ་རི་ཀའི་རྒྱུད་ལས་གསུངས་པ་ལྟར་དམ་བཅའ་ཉི་ཤུ་པ་བྱ་བ། དྲུག་པ་བབ་དྲུག་འདས་བཞིའི་དགོངས་པས་བྱིན་དབབ་པ། བདུན་པ་ཕྱི་ནང་གི་མཆོད་པ་རྣམས་བྱིན་གྱིས་བརླབ་པ་སྟེ་སྒྲུབ་ཐབས་ཀྱི་ལས་བྱང་ལྟར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་ཁྱད་པར་གྱི་སྦྱོར་བ་སེམས་བསྐྱེད་པ་ནི། ཀུན་རྫོབ་སེམས་བསྐྱེད་བདག་དང་མཐའ་ཡས་སོགས་དང་། དོན་དམ་སེམས་བསྐྱེད་ལེའུ་གཉིས་པའི་ཨེ་མ་མཚར་ལྔས་བསྐྱེད་དོ། །གཉིས་པ་ཏིང་ངེ་འཛིན་གྱི་རིམ་པ་དངོས་ལ་གསུམ་སྟེ། ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ནོ། །དང་པོ་སྣང་སྟོང་སོ་སོར་ཐ་དད་ཀྱི་ཞེན་རྟོག་སྦྱོང་ཕྱིར་ལེའུ་ལྔ་པར་གསུངས་པའི་ཏིང་འཛིན་གསུམ་གྱི་དོན་རིན་ཆེན་དྲྭ་བ་ལྟར་དང་། བརྟན་པའི་ཡན་ལག་ཏུ་རྒྱུའི་ཨ་ལས་ཡི་གེ་ཕྲ་མོའི་སྤྲོ་བསྡུ་ལ་སེམས་སྦྱོང་བ་ལེའུ་བཞི་པ་ལྟར་རོ། །གཉིས་པ་ནི། འབྱུང་ལྔའི་ཞེན་རྟོག་སྦྱོང་ཕྱིར་སྒྲུབ་ཐབས་ལྟར་གཞི་དབང་ཆེན་གྱི་དཀྱིལ་འཁོར་བསྐྱེད་པ་དང་། མ་དག་པའི་སྣོད་བཅུད་ཀྱི་ཞེན་སྣང་སྦྱོང་ཕྱིར་བྷྲཱུཾ་ལས་རྟེན་གཞལ་ཡས་ཁང་དང་། ལེའུ་བཞི་པ་ལྟར་ཡི་གེ་ཞེ་གཉིས་སྤྲོས་པ་ལས་ཆོ་ག་གསུམ་གྱིས་བརྟེན་པ་ལྷའི་དཀྱིལ་འཁོར་བསྐྱེད་པ་སྟེ། འདིར་བཤད་པའི་བསྐྱེད་སྔགས་ཀྱིས་བསྐྱེད་ཅིང་། ལེའུ་དྲུག་པ་ལྟར་ཚིག་གིས་གསལ་གདབ། རིགས་མཐུན་གྱི་ལས་ལ་དབང་བསྒྱུར་བ་དང་སྒོ་གསུམ་གྱི་སྟོབས་འཕེལ་པའི་ཞེན་རྟོག་སྦྱོང་ཕྱིར་འདི་ནས་གསུངས་པ་ལྟར་དབང་བསྐུར་བྱིན་རླབས་རྣམས་བྱའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ལ་དྲུག་ལས། དང་པོ་འཁོར་འདས་ཐ་དད་ཀྱི་ཞེན་པ་སྦྱོང་ཕྱིར་སྙན་གསན་དབབ་ཅིང་སྤྱན་དྲངས་པ་ལ་རིག་པའི་མེ་ཏོག་དོར་ནས་དབྱེར་མེད་དུ་བསྟིམས་པ་རྣམས་འདི་ནས་བཤད་པ་ལྟར་རོ། །གཉིས་པ་ཕྱག་དང་མཆོད་པ་བཅུ་གསུམ་འབུལ་བ། གསུམ་པ་བཤགས་པ་བྱ་བ། བཞི་པ་དངོས་གྲུབ་གསོལ་བ། ལྔ་པ་དམ་བཅའ་བ། དྲུག་པ་འཛབ་ཁང་དབྱེ་ནས་དམ་ཡེ་འཕྲོ་འདུ་གསུམ་གསལ་བས་ངག་ཞེན་སྦྱོང་ཕྱིར་འཛབ་བཟླ་ཞིང་སྐབས་ཀྱི་མཇུག་བསྡུ་བ་རྣམས་སྒྲུབ་ཐབས་ལྟར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་ལྔ་སྟེ། དང་པོ་བསོད་ནམས་སྤེལ་ཕྱིར་ཚོགས་ཀྱི་མཆོད་སྦྱིན། གཉིས་པ་ལས་བཅོལ་ཕྱིར་བརྟན་མ་སྐྱོང་བ། གསུམ་པ་རྟག་ཆད་ཀྱི་མཐའ་བསལ་ཕྱིར་དཀྱིལ་འཁོར་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལྡང་བ། བཞི་པ་བར་ཆད་ཀྱི་རྒྱུན་གཅོད་ཕྱིར་གོ་བགོ་ལུས་བསྲུང་། ལྔ་པ་སྤྱོད་པ་རྣམ་པར་དག་ཕྱིར་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་བསྐྱང་བ་རྣམས་ཀྱང་སྒྲུབ་ཐབས་ལྟར་རོ། །ད་ནི་གཞུང་ལ་འཇུག་སྟེ། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་ལ་གསུམ། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་སྔགས། ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་བསྟིམ་གྱི་སྔགས། དེའི་ཡོན་ཏན་ནོ། །དང་པོ་ལ་གསུམ་སྟེ། རྟེན་གཞལ་ཡས་ཁང་བསྐྱེད་པའི། བརྟེན་པ་ལྷ་བསྐྱེད་པའི། དབང་བསྐུར་བྱིན་གྱིས་རློབ་པའི་སྔགས་སོ། །དང་པོ་ནི། བྷྲཱུཾ་བི་ཤྭ་བི་ཤུདྡྷེ། ཞེས་པའི་བྷྲཱུཾ་ནི་ཅིར་ཡང་འགྱུར་བའི་ས་བོན་ཡིན་ཀྱང་སྐབས་འདིར་རིགས་ལྔ་འདུས་པའི་གཞལ་ཡས་ཁང་གི་ས་བོན། བི་ཤྭ་སྣ་ཚོགས། བི་ཤུདྡྷེ་རྣམ་པར་དག་པས་ན་ཞེས་པ་སྟེ། འབྱུང་ལྔའི་རྟོག་པ་སྣ་ཚོགས་དབྱིངས་ཕྱུག་ལྔའི་མཁའ་དབྱིངས་སུ་རྣམ་པར་དག་པ་གཞལ་ཡས་ཁང་བསྐྱེད་པའི་སྔགས་ཏེ། དེ་ནས་ཕྱི་གྲོལ་ལམ་བསྐྱེད་རིམ་གྱི་དབང་དུ་དང་། སྒྱུ་འཕྲུལ་ཐལ་རྒྱུད་ལྟར་ནང་ཐབས་ལམ་བདེ་བའི་དབང་དུ་བཤད་ན། སྒྱུ་འཕྲུལ་ཐལ་བའི་རྒྱུད་ལས། བྷྲཱུཾ་དབྱིངས་བྷ་གར་སྣ་ཚོགས་འདུས། །ལས་དང་ངོ་བོ་དག་པ་ཉིད། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བྱིན་རླབས་སྐྱོབ་ཕྱིར་སྔགས་སུ་བརྗོད། །ཅེས་གསུངས་སོ། །གཉིས་པ་ལ་ལྔ་སྟེ། རིགས་ལྔ་ཡབ་ཡུམ། སེམས་དཔའ་ཡབ་ཡུམ། སྒོ་སྐྱོང་ཡབ་ཡུམ། བྱེད་པོ་ཡབ་ཡུམ། ཐུབ་དྲུག་གི་སྔགས་སོ། །དང་པོ་ནི། ཧཱུཾ་བཛྲ་དྷྲྀཀ་སོགས་ཏེ། རིགས་ལྔ་ཡབ་ལྔའི་སྔགས་ཀྱི་འགོ་འདྲེན་ཧཱུྃ་ༀ་སྭཱཾ་ཨཱྃ་ཧཱྃ་རྣམས་ནི་མི་བསྐྱོད་པ་སོགས་རིགས་ཀྱི་ས་བོན་ཏེ་རྒྱུ་མ་ནོར་བ་རྩ་བའི་སྔགས་སོ། །བཛྲ་རྡོ་རྗེ། དྷྲིཀ་འཛིན་པ་སྟེ། རྣམ་ཤེས་དག་པ་ཐུགས་རྡོ་རྗེ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཛིན་པ་མི་བསྐྱོད་པ་ཏེ། དེ་བསྐྱེད་པ་རྐྱེན་གྱི་སྔགས་སོ། །ས་བོན་དང་བསྐྱེད་སྔགས་སྦྲེལ་བ་ནི་བཟླས་པ་ལས་ཀྱི་སྔགས་ཏེ་ཐམས་ཅད་ལ་འགྲེ་ཤེས་པར་བྱའོ། །དེ་གསུམ་རྫོགས་རིམ་དང་སྦྱར་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་མ་ནས་རང་ལ་རང་ཆས་སུ་གནས་པ་རྩ་བའི་སྔགས། དེ་ལ་ཐབས་ཀྱི་བྱེད་རྩོལ་གྱི་གནད་ཁྱད་པར་ཅན་གྱིས་ཉམས་སུ་ལེན་པ་ནི་རྐྱེན་གྱི་སྔགས། དེ་ལྟར་བསྒོམ་པས་སྔགས་བཟླ་བ་ལས་ཀྱི་སྔགས་སོ། །ཛི་ན་ཛིཀ་རྒྱལ་བས་རྒྱལ་ཏེ་མི་དགེ་བའི་ཆོས་ལས་རྒྱལ་ཞིང་དབྱིངས་དེ་ལས་ཤར་བའི་གཟུགས་ཀྱང་རྒྱལ་བའི་སྐུར་དག་པ་སྟེ་རྣམ་སྣང་ངོ་། །རཏྣ་དྷྲིཀ་རིན་ཆེན་འཛིན་པ་སྟེ། རང་གི་རིག་པ་ཡོ་ཏན་རིན་ཆེན་འབྱུང་གནས་དེ་ཉིད་ཉམས་སུ་མྱོང་བས་འཛིན་པར་བྱེད་པ་ཚོར་ཕུང་དག་པ་རིན་འབྱུང་ངོ་། །ཨཱ་རོ་ལིཀ་ཆགས་ཆེན་མཚོན་ཏེ། བདེ་སྟོང་གི་ཡེ་ཤེས་ཆེན་པོས་སེམས་འདོད་ཅིང་རྩེན་པའི་འདུ་ཤེས་དག་པ་སྣང་མཐའོ། །པྲཛྙཱ་དྷྲིཀ་ཤེས་རབ་འཛིན་པ་སྟེ། རང་རིག་པའི་བློ་ནི་ཤེས་རབ། དེ་འཛིན་པར་བྱེད་པས་འདུ་བྱེད་དག་པ་དོན་གྲུབ་ཀྱི་བསྐྱེད་སྔགས་སོ། །ནང་ལྟར་ན་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་ལྔས་རིགས་ལྔའམ་ཐིག་ལེའི་བཅུད་འཛིན་པ་སྟེ། ཐལ་རྒྱུད་ལས། ཙིཏྟ་ཁམས་ལྔའི་ཤི་ར་ལ། །རྡོ་རྗེ་རྒྱལ་བ་རིན་ཆེན་ཆོས། །ཤེས་རབ་རིགས་ལྡན་བཅུད་ཀྱི་གཟུགས། །ངེས་པར་འཛིན་པ་གསང་བའི་སྔགས། །ཞེས་སོ། །རིགས་ལྔའི་ཡུམ་ཀྱི་འགོ་འདྲེན་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སྟེ་ས་བོན་རྣམས་ནི་རྩ་སྔགས། མོཀྵ་ཐར་པ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་མཚོན་པར་བྱེད་པ་དང་། ལོ་ཙ་ན་སངས་རྒྱས་ཐམས་ཅ ད་ཀྱི་བློན་མོ་སྤྱན་མ། མཱ་མ་ཀི་ནི་སེམས་ཅན་ཐམས་ཅད་བདག་གིར་བྱེད་པས་བདག་མོ། པཎྜ་ར་ཉེས་སྐྱོན་གྱིས་མ་གོས་པས་དཀར་མོ། ཏཱ་ར་འཁོར་བ་ལས་སྒྲོལ་བས་སྒྲོལ་མ་སྟེ། དེ་ལྔའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ནི། བྱང་སེམས་དཀར་ཆ་ཐབས་དང་མ་བྲལ་བར་མཚོན་པའོ། །དྷཱ་ཏྭཱི་ཤྭ་རཱི་ནི་དབྱིངས་ཀྱི་དབང་ཕྱུག་མ་སྟེ་གཙོ་ཡུམ། དྭེ་ཥ་ཞེ་སྡང་། མོ་ཧ་གཏི་མུག །རཱ་ག་འདོད་ཆགས། བཛྲ་རྡོ་རྗེ་སྟེ་ཕྲག་དོག །དེ་བཞི་རྣམ་པར་དག་པ་རིགས་ཀྱི་ཡབ་རྣམས་མཉེས་པར་བྱེད་པས་ན་ར་ཏི་ཞེས་དགའ་མ་ཞེས་བྱའོ། །ནང་ལྟར་སྙིང་གའི་ཐིག་ལེའི་ཡུལ་ཆ་ཕྲ་བའི་དྭངས་མ་ལྔས་དུག་ལྔ་དབྱིངས་སུ་སྐྱོབ་པར་བྱེད་པ་སྟེ། ཐལ་རྒྱུད་ལས། དེ་ཉིད་དྭངས་མའི་ཡེ་ཤེས་ལྔ། །མ་རིག་གཉིས་སོགས་བཞི་པོ་དང་། མི་ཕྱེད་ཕྲག་དོག་རྡོ་རྗེའི་སྔགས། །དབྱིངས་སུ་སྐྱོབས་པ་དགའ་མར་བརྗོད། །ཅེས་སོ། །གཉིས་པ་ལ་གཉིས་ལས། དང་པོ་ནང་སེམས་ཡབ་ཡུམ་གྱི་སྔགས་ནི། ཀྵཱིཾ་ཧི་རཱ་ཛ་སོགས་ཏེ། ཀྵི་ཧི་ཞེས་པ་མིང་གི་དང་པོ་སྟེ་ས་བོན། ཧི་རཱ་ཛ་ཡ་འགྲོ་བའི་དོན་བྱེད་པས་ངོ་མཚར་བའི་རྒྱལ་པོ་སྟེ་ས་སྙིང་། ཏྲཾ་རིན་ཆེན་རིགས་ཀྱི་ས་བོན། ཨཱ་ནི་ཨཱ་ཀ་ཤ་ནམ་མཁའ། གརྦྷ་ཡ་སྙིང་པོ་སྟེ་དགོས་འདོད་ཐམས་ཅད་འབྱུང་བས་ནམ་སྙིང་། ཧྲཱིཿཧ་ཧཱུཾ་པདྨ་རིགས་ཀྱི་ས་བོན། པདྨ་པ་ད་མ་ཉེས་པའི་སྐྱོན་གྱིས་མ་གོས་པས་པདྨའི་ཕྱག་རྒྱ་སྟེ་སྤྱན་རས་གཟིགས། ཛིཾ་རྒྱལ་བའི་ས་བོན། ཀུ་རུ་པཱ་ཎ་དང་སྦྲེལ་བས་བདུད་བཞི་ལས་རྒྱལ་མཛད་ཕྱག་སྟེ་ཕྱག་རྡོར། ཡུམ་བཞིའི་སྔགས་ཧཱུཾ་ཏྲཾ་ཧྲིཿཨཾ་བཞི་ནི་རིགས་ཀྱི་ས་བོན། ལཱ་སྱེ་སྒེག་མོ། མཱ་ལེ་ཕྲེང་མ། གཱིརྟི་གླུ་མ། ནཱིརྟི་གར་མ་སྟེ། ནང་ལྟར་དུ་བཤད་ན། འདོད་ཆགས་ཀྱི་ཡུལ་དང་། དེ་ལ་འཁྱུད་པ་དང་། དགའ་བ་དང་། བསྐྱེད་པར་གྱུར་པའི་མིང་ངོ་། །སོ་སོའི་མཐར་སྙོམས་འཇུག་གི་བརྡའ་བཞི་སྦྱོར། ཏེ། ས་མ་ཡ་སྟྭཾ་དུས་ལ་བབ་ཅེས་ཡུམ་གྱིས་བསྐུལ་བ་ས་མ་ཡ་ཧོཿདུས་ཡིན་ནོ་ཞེས་ཡབ་ཀྱིས་ལན་བྱིན་པ། རཱ་གོ྅ཧཾ་བདག་ཆགས་སོ་ཞེས་བསྐུལ་བ། རཱ་ག་ཡཱ་མི་ཆགས་པར་བགྱིའོ་ཞེས་ལན་བྱིན་པའོ། །དེ་ཡང་ཐལ་རྒྱུད་ལས། ལས་ཀྱི་བདེ་བས་སྒེག་པ་ནི། །ཆགས་པའི་དམ་ཚིག་དུས་ཡིན་ནོ། །སླར་ཡང་ལན་གྱིས་འབྲེལ་བ་ནི། །གཉིས་ཀ་དགྱེས་པའི་མཆོག་ཏུ་བཤད། །ཧ་དང་སི་ཡི་བདེ་སྒྲ་དང་། །བདག་གི་ཆགས་པ་ཐོབ་པའོ། །ཤིན་ཏུ་བསྐྱོད་པའི་བདེ་བ་ཉིད། །ཀུན་ནས་བསྐྱོད་པ་རླུང་ཞེས་བྱ། །ཞེས་སོ། །གཉིས་པ་ཕྱི་སེམས་ཡབ་ཡུམ་གྱི་སྔགས་ནི། མཻ་དྷ་ར་ཞེས་སོགས་ཏེ། མེ་ནི་མེ་ཏྲི་བྱམས་པའི་མིང་གི་དང་པོ་ས་བོན། དྷ་ར་ནི་གཟུངས་ལ་ཞེས་པ་སྟེ་བྱམས་པས་རྗེས་སུ་འཛིན་པ། ཐླྷིཾ་སྒྲིབ་སེལ་གྱི་བསྡུས་པའི་ས་བོན། ནིསྶ་རཾ་བྷ་ཡ་དང་སྦྲེལ་བས་སྒྲིབ་པ་མ་ལུས་པ་བསལ་བའི་ཆེད་དུ། ཧཱུཾ་བྱང་ཆུབ་སེམས་ཀྱི་ས་བོན། ས་རཱ་ཛ་ཡའི་ས་ནི་ས་མནྟ་སྟེ་འཁོར་འདས་ཀྱི་ཆོས་ཀུན་ལས་རྒྱལ་བའི་ཆེད་དུ་ཀུན་བཟང་། མུཾ་ནི་མུཀྟ་སྟེ་ལས་ཉོན་ལས་རྣམ་པར་གྲོལ་བ་མཚོན་པའི་ས་བོན། ཤྲཱི་དཔལ་ཨཱཾ་གསུང་གི་རཱ་གཱ་ཡ་ཆགས་པའི་ཆེད་དུ་སྟེ་ཉོན་མོངས་པའི་བདེ་བ་ཡེ་ཤེས་སུ་འཁྱིལ་བའི་འཇམ་དཔལ། བཞི་ཀའི་མཐར་སྭཱ་ཧཱ་ནི་ཡོན་ཏན་ཁྱད་པར་ཅན་ལས་དང་སྦྱར་བའི་མིང་སོ་སོ་དེ་དང་དེའི་ཆེད་དུ་གཞི་འཇུག་པའི་ལེགས་པར་བྱིན་ཞེས་པའོ། །ཡུམ་བཞིའི་ས་བོན་ཛཿཧཱུཾ་བཾ་ཧོཿབཞི་ནི་བཟུང་འཁྱུད་སྡོམ་མཉེས་ཏེ་ཕྱག་རྒྱ་བཞིའི་ས་བོན། དྷཱུ་པེ་བདུག་སྤོས་མ། པུཥྤེ་མེ་ཏོག་མ། དཱི་པ་སྒྲོན་མེ། གནྡྷེ་དྲི་ཆབ་མ་ཞེས་སོ་སོའི་མིང་དང་། ནང་ལྟར་བཤད་ན། མཐར་ཡབ་ཡུམ་སྙོམས་འཇུག་གི་སྦྱོར་ཚད་བཞི་རིམ་པར་སྦྱོར་ཏེ། པྲ་བེ་ཤ་རབ་ཏུ་ཞུགས་པ། ཨ་བེ་ཤ་བབས་པ། སུ་གི་ཏཱི་བདེ་བ་མ། ཙིཏྟ་ཐུགས་ཏེ་སེམས་ཚིམས་པའོ། །དེའང་ཐལ་རྒྱུད་ལས། གཉིས་འདྲེས་འཛིན་པ་ཞེས་བྱ་སྟེ། །དེ་ཉིད་ཕྱེ་བ་ལས་བྱུང་ངོ་། །མེ་ཏོག་བསྡུས་པའི་ངོ་བོ་ཉིད། །བདག་པོའི་ཞལ་དུ་ཐིམ་པར་བཤད། །ཤིན་ཏུ་བསྡམ་པའི་རིམ་ལས་བྱུང་། །གསལ་བའི་ཡེ་ཤེས་བདེ་བ་ཆེ། །ཀུན་གསལ་བརྗོད་དང་འདྲ་བའི་སྒྲ། །གཉིས་མེད་ཐུགས་སུ་ཤེས་པར་བྱ། །ཞེས་སོ། །གསུམ་པ་ནི། ཧཱུཾ་ཡ་མནྟ་ཀྲྀཏ་སོགས་ཏེ། ཁྲོ་བོ་བཞིའི་འགོ་འདྲེན་ཧཱུཾ་ཞེས་ནི་སྤྱིའི་རིགས་ཀྱིས་ཁྱབ་བྱའི་རིགས་བཞི་ལ་ཞུགས་པའི་ས་བོན། ཡ་མ་བདུད་དང་རཱུ་ཏྲ་སོགས་ཀྱི་གཤེད་དུ་གྱུར་པས་གཤིན་རྗེ་དང་། པྲཛྙཱ་འགྲོ་བའི་མུན་པ་སེལ་བའི་ཤེས་རབ། པདྨ་སྐད་སོར་བཞག་སྟེ་ཉེས་སྐྱོན་གྱིས་མ་གོས་པ་པདྨ། བིགྷྣཱ་བགེགས་ཏེ་སྒྲུབ་པ་པོའི་བར་ཆད་ཀྱི་བགེགས་བསྐྲད་ཅིང་འགྲོ་བའི་ཉོན་མོངས་པའི་བདུད་ཡེ་ཤེས་ཀྱི་རྩིས་སེལ་བའི་ཕྱིར་རོ། །སོ་སོའི་མཐར་ཨནྟ་ཀྲྀཏ་ཏེ་མཐར་བྱེད་ཅེས་སྦྱར་བ་མིང་དང་། ཕཊ་བཀས་པའི་དོན་ཏེ་བཀས་པར་གྱིས་ཞེས་ལས་ལ་སྦྱར་བའི་བསྐུལ་ཚིག་གོ། །ཡུམ་བཞིའི་འགོ་འདྲེན་ༀ་བཞི་ནི་རབ་བསྔགས་ཏེ་སྤྱིའི་ས་བོན། མ་ཧཱ་ནི་ཆེན་པོ། བཛྲ་རཏྣ་པདྨ་ཀརྨ་བཞི་ནི་རྡོ་རྗེ་རིན་ཆེན་པདྨ་ལས། དྷ་ར་ནི་འཛིན་པའམ་འཆང་བ། མ་ཧཱ་ནི་ཆེན་པོ། ཀྲོ་དྷཱི་ནི་ཁྲོ་མོ། ཤྭ་རཱི་ནི་དབྱིངས་ཕྱུག་མ་ཛྭ་ལི་ནཱི་འབར་བ་མ་སྟེ། རྡོ་རྗེ་རིན་ཆེན་སོགས་འཆང་ཆེན་པོའི་ཞེས་པ་ཐབས་དང་། ཁྲོ་བོ་ཆེན་མོ་འབར་བའི་དབང་ཕྱུག་མ་ཞེས་པ་ཤེས་རབ་ཀྱི་མིང་སོ་སོའི་མཐར། ཧཱུཾ་བཞི་ནི་བསྡུས་ཤིག །ཕཊ་ནི་སྒྲོལ་ཅིག་པ་སྟེ་བསྐུལ་ཚིག་སྦྱར་བའོ། །བཞི་པ་ནི། ཧཱུཾ་ཧཱུཾ་ཧཱུཾ་སོགས་ཏེ། ཧཱུཾ་གསུམ་ནི་རྣམ་པར་ཤེས་པ་གསུམ་སྟེ། ཀུན་གཞིའི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས། སྒོ་ལྔའི་རྣམ་ཤེས་གསུམ་ལས་འདས་པ་ཡེ་ཤེས་ཀྱི་ས་བོན། བཛྲ་རྡོ་རྗེ། ཙིཏྟ་ཐུགས། ༀ་ནི་རྩ་བའི་ས་བོན་ཐབས་ཀྱི་སྙིང་པོ་སྟེ་བྱེད་པ་པོ་ཀུན་བཟང་། ཨ་གསུམ་ནི་དབྱིངས་གསུམ་སྟེ་རྣམ་ཤེས་གསུམ་གྱི་ཡུལ་ཆོས་ཀྱི་དབྱིངས་ཀྱི་ས་བོན། བཛྲཱི་ནི་རྡོ་རྗེ། བྷ་དྲ་ནི་བཟང་མོ། ས་མནྟ་ནི་མཉམ་པ་ཉིད། ཨ་རྩ་བའི་ས་བོན་ཏེ་ཤེས་རབ་ཀྱི་སྙིང་པོ་ཀུན་ཏུ་བཟང་མོ་བྱ་བ་མོའི་སྔགས་སོ། །དེའང་ཐལ་རྒྱུད་ལས། རྣམ་ཤེས་གསུམ་འདས་རྡོ་རྗེ་ནི། །ཡེ་ཤེས་ལྔ་རྫོགས་ཐུགས་ཉིད་དོ། །དབྱིངས་གསུམ་རྣམ་དག་འདུས་མ་བྱས། །ཀུན་ཏུ་དེ་བཞིན་གནས་བྱེད་པའོ། །ཞེས་སོ། །ལྔ་པ་ནི། ༀ་མུ་ནེ་ཀྲེཾ་སོགས་ཏེ། ༀ་རྣམས་ནི་ཡེ་ཤེས་ལྔ་ལྡན་སྔགས་ཀྱི་འགོ་འདྲེན། མུ་ནེ་རྣམས་ནི་ཐུབ་པ། ཀྲེཾ་ནི་བྱེད་པ་སྟེ་འདོད་ཡོན་གྱི་བྱེད་པས་གཞན་ལས་ལྷག་པ་ལྷའི་ས་བོན། ཧཱུཾ་ཏྲུཾ་ནི་གོ་ཆ་བཀོད་པ་སྟེ། འཁྲུགས་རྩོད་དང་ལྡན་པ་ལྷ་མིན་གྱི་ས་བོན། སྲུྃ་ནི་ས་ར་འཁྱིལ་བ་སྟེ་བློ་དཀྱེལ་ཆེ་བ་མིའི་ས་བོན། བྲཾ་ནི་བྲ་ཧོ་སྟེ་འདུད་པའི་དོན་གྱིས་སེམས་བླུན་ཞིང་རྨོངས་པ་དུད་འགྲོའི་ས་བོན། ཀྵཾ་ནི་ཀྵ་ར་སྟེ་དངོས་སྣང་འགྱུར་ཞིང་རྟག་ཏུ་ཟས་སྐོམ་གྱིས་གདུང་བ་ཡི་དྭགས་ཀྱི་ས་བོན། ཡེ་ནི་གང་ཡང་རུང་བར་ལས་ཀྱི་དབང་གིས་ཁྲིད་པས་དམད་པའི་གནས་སུ་གྱུར་པ་སྟེ་དམྱལ་བའི་ས་བོན། སྭཱ་ཧཱ་ནི་དེ་རྣམས་ཀྱི་བག་ཆགས་ཞི་བའི་ཆེད་དུ་གཞི་འཇུག་པའི་དོན་ནོ། །ནང་ལྟར་ན་སྙིང་གར་རིགས་དྲུག་གི་ས་བོན་ཟུང་གསུམ་གནས་པ་བདེ་བ་ཆེན་པོའི་རང་རིག་པའི་ཡེ་ཤེས་སུ་གསལ་བ་ན་མ་རིག་པ་གཉིས་ལས་བྱུང་བའི་འཁོར་བའི་བག་ཆགས་འདུལ་བ་སྟེ། ཐལ་རྒྱུད་ལས། ས་བོན་ཟུང་གསུམ་དེ་བདེ་བ། །ངེས་སྐྱེས་རང་རིག་གྱུར་པ་ཡིས། །གཉིས་བྱུང་འདུལ་བས་ཐུབ་པར་གསུངས། །ཞེས་སོ། །དེ་ལྟར་ཐབས་ཀྱི་བཤད་པ་འདི་རྣམས་འགྲེལ་པས་ཐལ་རྒྱུད་ལྟར་བཀྲལ་བ་གོང་མ་རྣམས་ཀྱི་གསུང་སྒྲོས་ཡིན་ནོ། །གསུམ་པ་དབང་བསྐུར་བྱིན་གྱིས་རློབ་པའི་སྔགས་ལ་གསུམ་སྟེ། ལོ་རྒྱུས། སྔགས་དངོས། དེའི་ཡོན་ཏན་ནོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་སོགས་ནས་ཕྱུང་ངོ་ཞེས་པའི་བར་ཏེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྟོན་པ་དེ་ནས་བཅོམ་ལྡན་འདས་ཡིད་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་དང་ཆོས་བྱ་བ་མོ་རྡོ་རྗེ་ཀུན་ཏུ་བཟང་མོ་གཉིས་ལྷུན་གྱིས་གྲུབ་པའི་ཐབས་ཤེས་གཉིས་སུ་མེད་པའི་བྱང་ཆུས་སེམས་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལྷ་ཞེ་གཉིས་རྣམས་ལ་དབང་བསྐུར་ནས་ཐིམ་པར་མཛད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་རྒྱལ་བ་ཀུན་བཟང་ཡབ་ཡུམ་གྱིས་བདེ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར་བ་དང་། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི་བདག་ཉིད་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུ་བ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་སྒྱུ་འཕྲུལ་དྲྭ་བ་ལས་དབང་བསྐུར་ཞིང་བྱིན་རླབས་པའི་སྔགས་འདི་དག་ཕྱུང་ངོ་། ། གཉིས་པ་ལ་གཉིས་ཏེ། དབང་བསྐུར་བ་དང་། བྱིན་གྱིས་རློབ་པའི་སྔགས་སོ། །དང་པོ་ནི། ༀ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་ཏེ། དེ་ཡང་དབང་གང་གིས་བསྐུར་ན། སྐབས་འདིར་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་ཀུན་བཟང་ཡབ་ཡུམ་གཉིས་ཀྱིས་བསྐུར། གང་ལ་བསྐུར་བ། ལྷག་ཏིང་གི་དཀྱིལ་འཁོར་ལྷ་ཞེ་གཉིས་ལ་བསྐུར། གང་བསྐུར་ན། ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དབང་བསྐུར། དགོས་པ་གང་གི་ཕྱིར་བསྐུར་ན། སྭ་བྷཱ་ཝའི་སྒྲས་དྲི་མ་དག་པར་བྱེད་པའི་ཕྱིར། བསྐུར་ཚུལ་ཇི་ལྟར་ན། ཐེག་པ་དམན་པ་ལྟར་སྤངས་གཉེན་གྱི་ཚུལ་གྱིས་མ་ཡིན་ཏེ། རང་བཞིན་རྟོགས་པའི་ཚུལ་གྱིས་དབང་བསྐུར་བའོ། །དེ་ཡང་རང་རྩ་བའི་ལྷ་བསྐྱེད་པའི་ས་བོན་ལས་འོད་ཟེར་འོག་མིན་དུ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ་ནས་བདག་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་ཤེས་ལྔའི་དབང་མངོན་པར་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་དག་སྔོན་གྱི་ཐུགས་དམ་དྲན་ནས་བདེ་བར་གཤེགས་པ་ཐམས་ཅད་ཀུན་བཟང་ཡབ་ཡུམ་གྱི་ཚུལ་དུ་མདུན་གྱི་ནམ་མཁའ་ལ་བྱོན་ནས་ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བ་མཛད་པའི་རྗེས་ཆགས་ཀྱི་མེས་ཞུ་བ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལྔའི་ཆུ་རྒྱུན་གྱི་རྣམ་པས་མགོའི་གནས་ལྔར་བབས་པས་རང་རིགས་ཀྱི་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་ཅིང་རིགས་ལྔའི་སངས་རྒྱས་སུ་ང་རྒྱལ་བྱའོ། །དེ་ལ་རིགས་ཀྱི་དབྱེ་བ་ནི། ཤར་གྱི་སྒོ་བ་དང་ཐུབ་པ་མ་གཏོགས་པ་ཤར་དང་ཤར་ལྷོའི་ལྷ་རྣམས་མི་བསྐྱོད་པ་དང་། ལྷོ་དང་ལྷོ་ནུབ་རིན་འབྱུང་། ནུབ་དང་ནུབ་བྱང་མཐའ་ཡས། བྱང་དང་བྱང་ཤར་དོན་ཡོད་གྲུབ་པས་དབུ་བརྒྱན་པའོ། །རིགས་བཞི་གཙོ་བོར་རང་རིག་གི་རིགས་བདག་ཏུ་གོ་འགྱུར་བའི་ཤུལ་དུ་མི་བསྐྱོད་པ་འགྲེས་ཤེས་པར་བྱའོ། །དེ་ཡང་ཐལ་རྒྱུད་ལས། མི་བསྐྱོད་བྱེད་པོ་ཡུམ་དང་བཅས། །རྡོ་རྗེ་འཛིན་པའི་ཕྱག་རྒྱར་ལྡན། །བྱམས་པ་ས་སྙིང་དེ་བཞིན་ཏེ། །གཞན་དག་རང་གི་ཕྱག་རྒྱའོ། །ཞེས་སོ། །ཤར་གྱི་སྒོ་བ་ལ་རྣམ་སྣང་གིས་བརྒྱན་ཏེ། དེ་ཉིད་ལས། གཤིན་རྗེ་གཤེད་ལ་རྟག་པར་བཤད། །ཅེས་སོ། །ཐུབ་པར་མི་བསྐྱོད་པས་དབུ་བརྒྱན་པ་སྟེ། དེ་ཉིད་ལས། ཐུབ་ཆེན་རྡོ་རྗེ་འཛིན་འཆང་བ། །ཟླ་དང་བྲལ་བས་དཔའ་བོ་ཆེ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་ཟླ་དང་བྲལ་བས་ཞེས་པས་གོང་མ་རྣམས་ཡུམ་དང་བཅས་པར་ཤུགས་ལ་མངོན་པ་ཡིན་གསུངས་སོ། །ཡང་ན་འོད་རིམས་ལས། ཐུབ་དྲུག་རང་བྱུང་སྤྲུལ་སྐུའི་ཕྱིར། །བྱིན་བརླབ་དབུ་རྒྱན་མ་གསུངས་སོ། །ཞེས་པས་ཐུབ་པ་ལ་བྱིན་རླབས་དབང་བསྐུར་མི་དགོས་པར་འདོད་པ་ཡང་ཡོད་དོ། །རང་ལུགས་ལ་ཐུབ་དྲུག་དབུ་རྒྱན་མེད་པར་མི་འདོད་དེ། འཆད་འགྱུར་གྱི་ལེའུ་བརྒྱད་པ་དང་འགལ་བའི་ཕྱིར་རོ། །དབང་བསྐུར་བའི་སྔགས་དོན་ནོ། །ༀ་རབ་བསྔགས། མ་ཧཱ་ཆེན་པོ། ཤཱུ་ནྱ་ཏཱ་སྟོང་པ་ཉིད། ཨཱ་དཪྴ་མེ་ལོང་ལྟ་བུ། ས་མ་ཏཱ་མཉམ་པ་ཉིད། པྲ་ཏྱ་བེཀྵ་ཎ་སོ་སོར་རྟོག་པ། ཀྲྀཏྱཱ་ནུཥྛ་ན་བྱ་བ་གྲུབ་པ། ཛྙཱ་ན་བཛྲ་ཡེ་ཤེས་རྡོ་རྗེ། སྭ་བྷཱ་ཝ་རང་བཞིན་ནམ་ངོ་བོ་ཉིད། ཨཱཏྨ་ཀ་བདག་ཉིད། ཨ་ཧྃ་ང་སྟེ། མཚམས་སྦྱར་བས་ཨཱཏྨ་ཀོ྅ཧཾ་ཞེས་འབྱུང་བས། རབ་བསྔགས་སྟོང་པ་ཉིད་སོགས་ཀྱི་ཡེ་ཤེས་ཆེན་པོ་རྡོ་རྗེའི་ངོ་བོ་ཉིད་ཀྱི་བདག་ཉིད་ངའོ་ཞེས་སོ། །འདིར་དབང་རྒྱ་ནི་ལེའུ་བརྒྱད་པར་གསུངས་པ་ལྟར་གུང་མོ་རྡོ་རྗེའི་རིགས་ཡིན་པ་སོགས་ངེས་པར་བྱས་ཏེ། རྡོ་རྗེ་བསྡམས་པ་ལས་རང་རིགས་ཀྱི་སོར་མོ་གཉིས་སྦྱར་ནས་བརྐྱང་པ་སྤྱི་བོ་སོགས་མགོ་བོའི་གནས་ལྔར་འཇོག་ཅིང་། དེའང་རང་རིགས་ཀྱི་ཕྱག་རྒྱ་དབུས་སུ་གང་སོང་བའི་ཤུལ་དུ་རྡོ་རྗེའི་རིགས་ཀྱི་དབང་རྒྱ་འགྲོ་བའང་ཤེས་པར་བྱའོ། །གཉིས་པ་ནི། ༀ་སརྦ་ཏ་ཐཱ་ག་ཏ་སོགས་ཏེ། དེ་ཡང་སངས་རྒྱས་ཐམས་ཅད་ཀྱི་འབྲས་ཆོས་ལྔའི་བྱིན་བསྡུ་བའི་དགོངས་པ་ནི། སྤྱི་བོ་དུང་ཁང་དུ་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱྃ་དམར་པོ། ཐུགས་ཀར་ཙིཏྟའི་མདུན་དུ་ཉི་མ་ལ་ཧཱུྃ་སྔོན་པོ། ལྟེ་བའི་གཡས་གཡོན་དུ་ཟླ་བ་ལ་སྭཱ་སྔོན་པོའམ་སེར་པོ་དང་ཧཱ་ལྗང་ཁུ་རྣམས་གསལ་བའང་། ཡང་ན་ལྟེ་བ་དང་གསང་གནས་སུ་སྭཱ་ཧཱ་གཉིས་བསྐྱེད་ལ། དེ་རྣམས་ལས་འཕྲོས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། རྡོ་རྗེའི་ལྷའི་རྣམ་པར་སྤྱན་དྲངས་པ་ཡི་གེ་སོ་སོ་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་རྟགས་སུ་ཡི་གེ་ལྔ་ཡོངས་སུ་གྱུར་པ་ལས་སྤྱི་བོར་རྣམས་སྣང་དཀར་པོ་འཁོར་ལོ་འཛིན་པ། མགྲིན་པར་སྣང་མཐའ་དམར་པོ་པདྨ་འཛིན་པ། ཐུགས་ཀར་རྡོ་རྗེ་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པ། ལྟེ་བར་རིན་འབྱུང་སེར་པོ་རིན་པོ་ཆེ་འཛིན་པ། ལྟེ་བའམ་གསང་གནས་སུ་དོན་གྲུབ་ལྗང་གུ་རལ་གྲི་འཛིན་པ་ཚོན་གང་བ་ལྔས་རྒྱས་བཏབ་པར་བསམ་སྟེ། ཐལ་བ་ལས། གནས་གསུམ་ཁྱབ་འཇུག་ཡི་གེ་ལས། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོས། །ཁམས་གསུམ་བྱིན་བརླབས་གཟི་བྱིན་བསྡུ། །རང་བཞིན་རྡོ་རྗེ་གསུམ་གནས་པ། །རྒྱུ་གཉིས་ཚུལ་གྱིས་རང་སྣང་བའོ། །ལྟེ་བ་རྣམ་གཉིས་ཟླ་བ་ལ། །སྔོ་ལྗང་ཡི་གེ་སྭཱ་ཧཱ་གཉིས། །རྗེས་མཐུན་འོད་ཀྱི་ཡོན་ཏན་ལས། །ཡན་ལག་རྫོགས་པའི་གཟི་བྱིན་ལྡན། །ཞེས་སོ། །དེའི་སྔགས་དོན་ནི། ༀ་རབ་བསྔགས། སརྦ་ཐམས་ཅད། ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ། མ་ཧཱ་ཆེན་པོ། ཀཱ་ཡ་སྐུ། ཝཱ་ཀ་གསུང་། ཙིཏྟ་ཐུགས། ཨ་ནུ་ར་ག་ཎ་རྗེས་སུ་ཆགས་པ། པཱུ་ཛ་མཆོད་པ། བཛྲ་རྡོ་རྗེ། སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་སྔར་བཞིན་ཏེ། རབ་བསྔགས་དེ་གཤེགས་པ་ཐམས་ཅད་ཀྱི་སྐུ་སོགས་རྡོ་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་བདག་ཉིད་ངའོ་ཞེས་སོ། །འདིར་བྱིན་གྱིས་རློབ་པའི་རྒྱ་ནི་རྡོ་རྗེའི་ཕྱག་རྒྱ་གནས་དེ་དང་དེར་གཏུག་པའོ། །དེ་ལྟར་ན་ཡེ་ཤེས་སེམས་དཔའ་བཅས་ཡན་ལག་གི་ལྷ་བཅུ་གཅིག་ཏུ་བཤད་ཀྱང་། དོན་ལ་ཡོན་ཏན་དང་ཕྲིན་ལས་ནི་སྐུ་གསུང་ཐུགས་ཀྱི་ཞར་བྱུང་ཡིན་པས་ལམ་བསྒོམ་པའི་དབང་དུ་ཡེ་ཤེས་སེམས་དཔའ་དང་དབང་བསྐུར་གྱི་ལྷ་ལྔ་དང་བྱིན་རླབས་ཀྱི་ལྷ་གསུམ་སྟེ་ལྷག་པའི་ལྷ་དགུ་བསྒོམ་པར་གསུངས་སོ། །འོ་ན་དབང་བསྐུར་བའི་ལྷ་དང་བྱིན་གྱིས་རློབས་པའི་ལྷ་གཉིས་ཀ་རིགས་ལྔར་འདུག་པས་ཁྱད་ཅི་ཡོད་ཅེ་ན། དབང་བསྐུར་གྱི་ལྷ་ནི་དག་བྱ་རྣམ་ཤེས་ཚོགས་བརྒྱད་དམ་ཉོན་མོངས་པ་ངར་འཛིན་གྱི་དྲི་མ་དེ་ཉིད་དག་བྱེད་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་དག་པར་བྱས་པའི་རྟགས་སུ་དབུ་རྒྱན་རིགས་ཀྱི་ལྷ་ལྔ་ཡིན་ལ། བྱིན་རླབས་ཀྱི་ལྷ་ནི་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་གསུམ་མོ། །དེ་དག་གི་ཡོན་ཏན་ཕྲིན་ལས་དང་བཅས་པ་ལྔར་བྱིན་གྱིས་བརླགས་པའི་རྟགས་སུ་ལུས་ཀྱི་གནས་ལྔར་ཡིག་འབྲུ་ལྔ་ལས་དེ་བཞིན་གཤེགས་པ་རིགས་ལྔར་སྣང་བ་ཡིན་ནོ། །ཡང་དབང་ལྷ་དང་བྱིན་རླབས་སྐུའི་ལྷ་གཉིས་སྤྱི་བོར་བསྒོམ་པའི་ཕྱིར་གནས་ཐ་དད་མེད་དམ་ཞེ་ན། དབང་ལྷ་སྤྱི་བོར་བསྒོམ་པ་ཡིན་ལ། སྐུའི་ལྷ་ཀླད་པ་དུང་ཁང་གི་ནང་དུ་བསྒོམ་པས་ན་གནས་ཐ་དད་དོ། །དབང་བསྐུར་གྱི་ལྷ་སྣང་མཛད་དང་བྱིན་རླབས་ཀྱི་སྐུའི་ལྷ་རྣམ་པར་སྣང་མཛད་གཉིས་མཚུངས་སམ་ཞེ་ན། མི་མཚུངས་ཏེ། དབང་ལྷ་སྤྲུལ་སྐུའི་ཆ་བྱད་ཅན་དང་། བྱིན་རླབས་ཀྱི་ལྷ་ལོངས་སྐུའི་ཆ་བྱད་ཅན་ཡིན་ནོ། །ཡང་ཁ་ཅིག་ན་རེ། དབུ་རྒྱན་གྱི་ལྷ་རིགས་ལྔ་དང་བྱིན་རླབས་ཀྱི་ལྷ་རིགས་ལྔ་ངོ་བོ་གཅིག་གམ་མི་གཅིག་ཅེ་ན། ངོ་བོ་ཡེ་ཤེས་རང་སྣང་གི་ལྷ་ཡིན་པས་གཅིག་དང་ཐ་དད་ཀྱི་མཐའ་ལས་གྲོལ་ལ། གནས་དང་རྣམ་པ་ནི་ཐ་དད་པའི་ཚུལ་སྔར་བཤད་ཟིན་ཏོ། །ཡང་ཡེ་ཤེས་སེམས་དཔའ་དང་ཐུགས་ཀྱི་ལྷ་གཉིས་གཅིག་གམ་ཐ་དད་ཅེ་ན། གནས་ཐ་དད་དེ། ཡེ་ཤེས་སེམས་དཔའ་སྙིང་གི་ནང་སྲོག་པ་རྩའི་སྒོ་རུ་བསྒོམ་ལ། ཐུགས་ཀྱི་ལྷ་བྲང་གི་ནང་སྙིང་གི་ཕྱི་རུ་བསྒོམ་མོ། །རྣམ་པ་ཡང་ཐ་དད་དེ། ཡེ་ཤེས་སེམས་དཔའ་ནི་རྩ་ལྷ་དང་འདྲ་བ་ལ་རྒྱན་དང་ཆ་ལུགས་སྤངས་པ། ཕྱག་མཚན་འཛིན་འཛིན་འདྲ་ལ་མི་འཛིན་པ་དང་། ཐུགས་ལྷ་མི་བསྐྱོད་པ་ཕྱག་མཚན་དང་བཅས་པའོ། །མདོར་ན་ལྷག་པའི་ལྷ་དགུ་རྩ་བའི་ལྷ་གང་ཡིན་ཉིད་དང་བཅུ་སྟེ་ལྷ་ཐམས་ཅད་ཀྱང་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ནམ་ཆུ་ནང་གི་ཟླ་བ་ལྟ་བུར་ཤེས་པར་བྱའོ། །གསུམ་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། དབང་དང་བྱིན་བསྡུ་བའི་སྔགས་དེ་སྐད་ཅེས་བརྗོད་པས་ཡེ་ཤེས་ལྔའི་ཆུ་རྒྱུན་སྤྱི་བོ་ནས་ཐིམ་པར་གྱུར་པས་དབུའི་གནས་ལྔར་དབང་ལྷ་རིགས་ལྔ་གསལ་བར་གྱུར། གནས་གསུམ་རྡོ་རྗེ་གསུམ་གྱི་ལྷ་རྣམས་འབར་བར་གྱུར་ཏོ། །ཡང་ན་དབང་ལྷ་རིགས་ལྔར་ཐིམ་པར་གྱུར། སྐུ་གསུང་ཐུགས་ཀྱི་ལྷ་གསལ་བར་གྱུར། ཡོན་ཏན་ཕྲིན་ལས་རྣམས་འབར་བར་གྱུར་ཏོ་ཞེས་གསུངས་སོ། །གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་བསྟིམ་གྱི་སྔགས་ལ་བཞི་ལས། དང་པོ་སྙན་གསན་དབབ་པའི་སྔགས་ནི། ༀ་ཨེ་ཧྱེ་ཧི་སོགས་ཏེ། ཡུལ་གང་ལ་ན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་མ་ལུས་བའི་བདག་ཉིད་རང་བཞིན་མཐར་ཕྱིན་པའི་དཀྱིལ་འཁོར། དེའི་ངོ་བོ་ལ་ཇི་ལྟར་ཞེ་ན། ཐུགས་རྣམ་པར་དག་པ་མཐའ་གང་དུ་ཡང་མི་དམིགས་ཆོས་ཀྱི་དབྱིངས་སུ་གཅིག་པ། དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆོས་སྐུའི་ངང་ལས་མི་གཡོ་བར་བཞུགས་བཞིན་དུ། ༀ་ཡེ་ཤེས་ཀྱི་སྙིང་པོ་སྟེ་སྔགས་ཀྱི་འགོ་འདྲེན། ཨེ་ཧྱེ་ཧི་ཚུར་སྤྱོན་ཚུར་སྤྱོན། བྷ་ག་ཝཱ་ན་བཅོམ་ལྡན་འདས། མ་ཧཱ་ཀཱ་རུ་ཎི་ཀ་ཐུགས་རྗེ་ཆེན་པོ་དང་ལྡན་པ། དྲྀ་ཤྱ་ཧོཿགཟིགས་ཤིག་གམ་གཤེགས་ཤིག །ས་མ་ཡ་ཧོཿམཉེས་པར་མཛོད་ཅིག །ས་མ་ཡ་སྟྭཾ་དུས་ལ་བབ་བོ་ཞེས་པ་སྟེ། དམ་ཚིག་པའི་ཐུགས་སྲོག་ཧཱུཾ་གི་འོད་ཀྱིས་བསྐུལ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུ་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པ་ཅན་དུ་སད་པར་བསམ་པའོ། །གཉིས་པ་སྤྱན་དྲང་བའི་སྔགས་ནི། ཛཿཧཱུཾཿབཾ་ཧོཿཞེས་ཏེ། དེ་ལྟར་སྙན་གསན་ཕབ་ནས་ཐུགས་ཀ་ནས་སྤྲོས་པའི་ཕྱག་རྒྱའི་ལྷ་མོ་ཛཿས་འགུགས། ཧཱུཾ་གིས་བཅིངས། བཾ་གྱིས་བསྡམས། ཧོཿས་དགྱེས་པ་བསྐྱེད་པ་སྟེ། ཕྱག་རྒྱ་བཞིའི་སྒོ་ནས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་ཏེ་དམ་ཚིག་གི་འཁོར་ལོ་དང་མེ་རི་འདབ་འབྱོར་ཙམ་དུ་བཞུགས་པའོ། །གསུམ་པ་རིགས་པའི་མེ་ཏོག་དོར་བའི་སྔགས་ནི། ༀ་ཨཱཾ་སོགས་ཏེ། ༀ་ཨཱཾ་ཧཱུཾ་སྭཱ་ཧཱ་ཞེས་པའི་ཡི་གེ་རེ་རེ་ཐོག་མཐར་སྦྱར་བའི་བར་དུ་བཛྲ་ས་མ་ཡ་ཞེས་པའི་ཡི་གེ་རེ་རེ་བཏུས་ཏེ་བསྡེབས་པའི་སྔགས་ཚན་ལྔས་བདག་དམ་ཚིག་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་དམ་ཚིག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྲས་ཆོས་ལྔ་དང་གཉིས་མེད་དུ་རྟོགས་པར་བྱེད་པ་སྟེ། རིག་པའི་མེ་ཏོག་དོར་བ་ཞེས་ཀྱང་བྱ། སོ་སོ་མ་ཡིན་པར་རིག་པ་འདུན་པའི་ཕྱག་གམ་རང་སྣང་གི་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ཞེས་ཀྱང་གྲགས་སོ། །བཞི་པ་དངོས་གྲུབ་བསྐུལ་ཏེ་བསྟིམ་པའི་སྔགས་ནི། ༀ། ཡེ་ཤེས་རྒྱལ་པོ་སོགས་ཏེ། ༀ་ནི་ཡེ་ཤེས་ལྔ་ལྡན་གླུའི་འགོ་འདྲེན་ནོ། །ཆོས་ཐམས་ཅད་སྤངས་གཉེན་མེད་པར་རང་རིག་པའི་ཡེ་ཤེས་ལ་མངའ་མཛད་པའི་རྒྱལ་པོ་ཞེས་བོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པས་ཆེས་རྨད་པོ་ཆེ་དེ་ཉིད་དུས་ཕྱིར་མ་ལུས་པར་ད་ལྟ་ཉིད་དུ་འདིར་ནི་སེམས་ཅན་ཐམས་ཅད་དང་དབྱེར་མེད་མཉམ་པར་སྦྱོར་བས་ཡེ་ཤེས་ལྷའི་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་ཆེན་པོ་བདག་གི་སྒོ་གསུམ་དང་སྦྱོར་བར་མཛོད་ཅིག་ཅེས་བསྐུལ་བས་ལྷ་རྣམས་དངོས་གྲུབ་སྩོལ་བ་ལ་ཕྱོགས་པར་གྱུར་པ་དང་། ༀ་བཛྲ་ས་མ་ཡ་ཧཱུཾ་ཞེས་པས་ཡེ་ཤེས་རྡོ་རྗེའི་དམ་ཚིག་གི་སྒོ་ནས་བདག་དང་གཉིས་སུ་མེད་པར་བསྡུས་ཤིག །ༀ་བཛྲ་ས་མ་ཡ་སྟྭཾ་ཞེས་པས་ཡེ་ཤེས་རྡོ་རྗེའི་དམ་ཚིག་གི་སྒོ་ནས་བདག་ལ་གཉིས་སུ་མེད་པར་བྱིན་གྱིས་བརླབ་པའི་དུས་ལ་བབ་བོ། །ༀ་བཛྲ་ས་མ་ཡ་ཧོཿཞེས་པས་ཡེ་ཤེས་རྡོ་རྗེ་དམ་ཚིག་གི་སྒོ་ནས་བདག་ལ་མཉེས་པར་མཛོད་ཅིག་ཅེས་བསྐུལ་བའོ། །འོ་ན་འདི་ལ་རྒྱ་སྐད་དང་བོད་སྐད་གཉིས་ཟློས་སོ་ཞེ་ན། དང་པོ་ནི་ངེས་པའི་དོན་དུ་བསྐུལ་བ་ཡིན་ཅིང་། གཉིས་པ་ནི། དེ་ཉིད་གནད་དུ་ཕབ་སྟེ་བསྐུལ་བའི་ཕྱིར་མི་ཟློས་སོ། །ཛཿཧཱུཾ་བཾ་ཧོཿཞེས་ཕྱག་རྒྱ་བཞིས་ཤིན་ཏུ་བརྟན་ཅིང་གསལ་པོར་བྱས་པའོ། །གསུམ་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། ཞེས་སྔགས་དེ་དག་དེ་སྐད་ཅེས་བརྗོད་པས་གསུང་གསང་སྔགས་ཀྱི་དཀྱིལ་འཁོར་འདི་དག་གི་མཐུས་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གདུལ་བྱ་ཐམས་ཅད་ཀྱི་ངག་ལ་སྔགས་ཉིད་གནས་པས་ན་ཁྱབ་པར་གྲགས་སོ། །ལྷའི་དཀྱིལ་འཁོར་དུ་གསལ་བས་ན་རབ་ཏུ་གྲགས་སོ། །ལས་དང་དངོས་གྲུབ་ཏུ་སྣང་བས་ཀུན་ཏུ་གྲགས་སོ་ཞེས་པའམ། ཡང་ན་རྒྱུ་མ་ནོར་བ་རྩ་བའི་སྔགས་ཀྱིས་ཁྱབ་པར་གྲགས་སོ། །བསྐྱེད་པ་རྐྱེན་གྱི་སྔགས་ཀྱིས་རབ་ཏུ་གྲགས་སོ། །བཟླས་པ་ལས་ཀྱི་སྔགས་ཀྱིས་ཀུན་ཏུ་གྲགས་སོ། །གཉིས་པ་རང་བཞིན་གསུང་གི་དཀྱིལ་འཁོར་ལ་གསུམ་སྟེ། གསུང་ལྔའི་མཚན་ཉིད། བྱེད་ལས། རྣམ་གྲངས་སོ། །དང་པོ་མཚན་ཉིད་ལ་ལྔ་ལས། དང་པོ། སྐྱེ་མེད་དོན་གྱི་གསུང་ནི། ཨེ་མ་ཧོ་ངོ་མཚར་སོགས་ཚིགས་བཅད་གཅིག་སྟེ། ཨེ་མ་ཧོཿཞེས་བརྗོད་མེད་ལས་དོན་གོ་བས་ངོ་མཚར་ཞིང་ཆེས་རྨད་ཀྱི་ཆོས་ཏེ་གསུང་གཞན་ལས་ཁྱད་པར་དུ་འཕགས་པ་བསྟན་ཏོ། །ཇི་ལྟར་ན་རྫོགས་པའི་སངས་རྒྱས་ཀུན་གྱི་ཁྱབ་བྱེད་ཆོས་ཀྱི་སྐུའི་གསུང་གི་རང་བཞིན་ནི་གྲགས་པའི་སྒྲ་དང་བཏགས་པའི་མིང་དང་བརྗོད་པའི་ཚིག་དང་ཡི་གེ་སོགས་ཀུན་ལས་འདས་པའི་བརྗོད་མེད་ཀྱི་གསུང་དེས་གོ་ཕྱེ་བས་བརྗོད་མེད་དེ་ཉིད་བརྗོད་བྱ་ཀུན་གྱི་གཞིར་གྱུར་པའི་ཕྱིར་སྣ་ཚོགས་པའི་སྒྲ་དང་ཚིག་རྣམས་ཀྱི་དོན་གསལ་བར་འབྱུང་བའི་གཞིར་གྱུར་པའོ། །གཉིས་པ་བརྗོད་པ་ཚིག་གི་གསུང་ནི། གསུང་གཅིག་སོགས་ཚིགས་བཅད་གཅིག་སྟེ། དེ་བཞིན་གཤེགས་པའི་གསུང་གིས་གསང་བ་གཅིག་ལ་ཡང་གསུང་གི་དཀྱིལ་འཁོར་བརྗོད་པ་ཐམས་ཅད་གསལ་བར་མཚོན་པའི་ཚིག་ཡན་ལག་དྲུག་ཅུ་ལ་སོགས་པར་སྣང་བ་ནི། མདོ་ཆེན་པོ་ལས། ཚངས་པ་ལྟ་བུ་དང་། སིལ་སྙན་ལྟ་བུ་དང་། གླུ་གར་ལྟ་བུ་དང་། ཀ་ལ་པིང་ཀ་ལྟ་བུ་དང་། འབྲུག་དབྱངས་ལྟ་བུ་དང་། སྒྲ་སྙན་ལྟ་བུ་དང་། ཞེས་རྣམ་གྲངས་དྲུག་པོ་རེ་རེ་ལ་ཡང་ཡན་ལག་ཅེས་པ་ནི། དེ་ཉིད་ལས། འདུ་ཤེས་བསྐྱེད་པ་དང་། རྣམ་པར་རིག་པ་དང་། མཉན་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིས་མི་ཚུགས་པ་དང་། རྣ་བར་སྙན་པ་དང་། རྣམ་པར་མ་འཁྲུགས་པ་དང་། ཤིན་ཏུ་གསང་བ་སྟེ། ཞེས་པས་རྩ་བ་དྲུག་ལ་ཡན་ལག་བཅུ་བཅུ་སྟེ་ཡན་ལག་དྲུག་ཅུའོ། །དེ་དག་ཀྱང་གདུལ་བྱ་རིགས་དྲུག་གི་གནས་ཀྱིས་ཕྱེ་བས་སུམ་བརྒྱ་དྲུག་ཅུ་སོགས་བསམ་གྱིས་མི་ཁྱབ་པས་ཞིང་ཁམས་ཀུན་ཏུ་གདུལ་བྱ་ཀུན་ལ་ཁྱབ་ཅིང་རང་རང་གི་སྐད་དུ་བརྡའ་སྤྲོད་པའི་སྒྲ་དང་མིང་ཚིག་སོ་སོར་གྲགས་ཤིང་། གྲགས་པ་དེ་དག་ཐམས་ཅད་ཀྱང་ཟབ་པ་དང་རྒྱ་ཆེ་བའི་གསུང་གི་ཕྱག་རྒྱ་ལས་མི་འདའ་བའི་ཕྱིར་མཆོག་ཏུ་གྱུར་པའོ། །ཡང་ཁ་ཅིག་འདི་དང་འོག་གི་དཔེར་ན་དེ་བཞིན་སྦྲིད་སངས་བཞིན་ཞེས་པས་སྤྲུལ་སྐུའི་གསུང་ལན་གཉིས་བྱུང་བས་ཟློས་ཤིང་ལྷག་ལ། ལོངས་སྐུའི་གསུང་མ་བྱུང་བས་ཆད་པར་འགྱུར་རོ་ཞེ་ན་མི་ཟློས་ཏེ། ཁ་ཅིག་གོང་མ་ཚིག་བྱིངས་ཆུང་ཞིང་འོག་མ་ཆེ་བས་སོ་ཟེར་རོ། །ཡང་ཁ་ཅིག་གོང་མ་ཚིག་ཏུ་གསུངས་ཤིང་འོག་མ་དབྱངས་སུ་བསྙད་པ་ཡིན་ནོ་ཞེས་སོ། །ཁ་ཅིག་གིས་གོང་མ་དོན་ལ་འོག་མ་དཔེ་རུ་གསལ་ཟེར་རོ། །རང་ལུགས་ཀྱིས་གོང་མ་ཚིག་རེས་དོན་རེ་མཚོན་ལ། འོག་མ་ཚིག་གིས་དོན་དུ་མ་མཚོན་པའི་ཕྱིར་སྨྲོས་པར་གསུངས་སོ། །འོ་ན་ལོངས་སྐུའི་གསུང་མ་བྱུང་བ་འདི་ཅི་ཡིན་ཞེ་ན། དེ་ནི་ལེའུ་དྲུག་པར། དེ་བཞིན་གསུང་མཆོག་མི་སྨྲ་ཚེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །ཞེས་སྨོས་ཟིན་པའི་ཕྱིར་རོ། །འདིར་ཡང་ས་བོན་ཙམ་ནི་ཡི་གེ་མེད་དང་ཞེས་པ་དེ་ཡིན་པར་གསུངས་སོ། །གསུམ་པ་རིག་པ་བྱིན་རླབས་ཀྱི་གསུང་ནི། རྒྱུད་མཆོག་སོགས་རྐང་པ་ལྔ་སྟེ། རྒྱུད་ཀུན་གྱི་མཆོག་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བས་ན་སྒྱུ་འཕྲུལ་དྲྭ་བའི་རྒྱུད་རང་བཞིན་གསང་བའི་སྙིང་པོ་འདི་ཉིད་ལ་རྣམ་རྟོག་གི་ཉོན་མོངས་པའི་ཟུག་རྔུ་མེད་པས་ན་བདེ་བ་ཆེན་པོ་དང་ལྡན་པའི་གསུང་གི་དོན་འབྱུར་བའང་གང་ཞེ་ན། འཁོར་འདས་ཀྱི་སྒྲ་སྐད་ཐམས་ཅད་འཛིན་མེད་སེམས་ཉིད་དུ་རང་སྣང་བས་པདྨ་ལྟ་བུའི་ངང་དུ་གྱུར་པའི་ཕྱིར་ན། འཁོར་བའི་སྡུག་བསྔལ་ལས་རྣམ་པར་སྒྲོལ་བ་མྱ་ངན་ལས་འདས་པའི་ཆོས་དང་། ཐར་པའི་གནས་སུ་བགྲོད་པ་ལམ་གྱི་ཆོས་དང་། ཀུན་ནས་ཉོན་མོངས་པ་དང་བཅས་པའི་འཁོར་བའི་ཆོས། ཕྱི་ནང་གི་སྒྲ་སྐད་ཅི་སྣང་ཅི་སྐད་དུ་བརྗོད་པ་ཐམས་ཅད་ཀྱང་མཚན་མས་མ་གོས་པས་གསུང་གི་མཆོག་སྟེ། ཅིར་ཡང་མི་འགགས་པར་རང་རིག་ལ་སྣང་བའི་ཕྱིར་རིག་པའི་གསུང་ངམ་བདེ་བ་ཆེན་པོའི་གསུང་ཞེས་བྱའོ། །བཞི་པ་དབྱེར་མེད་དམ་རྡོ་རྗེའི་གསུང་ནི། ཐེག་པ་མཐོ་དམན་སོགས་རྐང་པ་དྲུག་སྟེ། རྣམ་པར་གྲོལ་བའི་ཐེག་པ་མཐོ་བ་སྔགས་དང་དམན་པ་མཚན་ཉིད་ལ་སོགས་པ་ཐམས་ཅད་དང་། ཕྱིན་ཅི་ལོག་མུ་སྟེགས་པ་དང་། འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སྒྲ་ཀུན་ཀྱང་དོན་ལ་གྲགས་སྟོང་གཉིས་སུ་མེད་པའི་ངོ་བོར་ཡེ་ནས་བྱང་ཆུབ་པ་རྡོ་རྗེའི་གསུང་དུ་བསྡུས་ཤིང་། བསྡུས་ཙམ་ཉིད་ནའང་དེ་ལས་མ་གཡོས་བཞིན་དུ་ཕྱོགས་བཅུར་རྣམ་པར་གྲགས་ཤིང་གོ་བར་མཛད་པའི་སྒྲ་གྲགས་པ་ཉིད་ན་མ་ཆགས་མི་འཛིན་གཉིས་སུ་མེད་པའི་ངང་དུ་གསུངས་ལ། དེ་ལྟར་གསུངས་པའི་དུས་ཉིད་ན་དོན་ལ་ཚིག་ཏུ་བརྗོད་དུ་མེད་པས་མཐའ་གཉིས་ལས་གྲོལ་བའི་ཕྱིར་རོ། །ལྔ་པ་ཚངས་པ་དབྱངས་ཀྱི་གསུང་ནི། བརྗོད་མེད་དེ་ཉིད་སོགས་རྐང་པ་ལྔ་སྟེ། བརྗོད་མེད་དོན་གྱི་གསང་དེ་ཉིད་བརྗོད་པ་སྣ་ཚོགས་པའི་སྒྲའི་འབྱུང་གནས་སུ་སྣང་བས་གདུལ་བྱ་ཀུན་ལ་གྲགས་ཤིང་། དེ་ལས་དོན་སོ་སོར་བརྡ་འཇལ་བའི་ཐེག་པ་སྣ་ཚོགས་ཀྱི་དོན་གོ་བར་བྱེད་དེ། དཔེར་ན་ཚུལ་དེ་བཞིན་དུ་ཐུབ་པའི་དབང་པོས་སྦྲིད་པ་སངས་པ་ལ་ནད་པ་སྨན་པ་ཁྱིམ་བདག་མོ་གསུམ་གྱིས་དོན་སོ་སོར་གོ་བ་བཞིན་དེ་བཞིན་གཤེགས་པའི་གསུང་གཅིག་གི་སྒྲ་ཡིས་སོ་སོའི་བསམ་པ་དང་མཐུན་པའི་ཆོས་ཐམས་ཅད་གོ་བ་དེ་ནི་གསུང་གཅིག་ཀུན་ལ་ཁྱབ་པས་གསུང་མཆོག་རྒྱལ་པོ་སྟེ་ཚངས་པ་དབྱངས་ཀྱི་གསུངས་ཡིན་ནོ། །དེ་ལྟར་ཡང་དཀོན་མཆོག་བརྩེགས་པ་ལས། རྒྱལ་བའི་གསང་དབྱངས་གཅིག་སྣང་བ། །མོས་པའི་དབང་གིས་སོ་སོར་ཐོས། །ཞེས་སོ། །གཉིས་པ་གསུང་གི་བྱེད་ལས་ནི། ཐེག་པ་མཐོ་དམན་སོགས་རྐང་པ་གསུམ་སྟེ། གདུལ་བྱ་རྣམས་ནི་སྣང་བར་ཐེག་པ་མཐོ་དམན་བསམ་ཡས་གསུངས་པ་ལྟར་སྣང་ཡང་སངས་རྒྱས་ཀྱིས་དེ་བཞིན་ཉིད་ལས་བབས པ་ཁོ་ན་ལས་གཞན་མ་གསུངས་ཏེ། གདུལ་བྱ་འདུལ་བའི་ཐབས་སུ་ཆོས་ཀྱི་རྣམ་གྲངས་སོ་སོར་ཐོས་པ་ཙམ་དུ་ཟད་དོ། །དེས་ན་དེ་བཞིན་གཤེགས་པ་ནི་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་ཤིང་བྱིས་པའི་བསམ་བརྗོད་ཀྱིས་ནམ་ཡང་དཔག་པར་མི་ནུས་ཏེ། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་སོ། །གསུམ་པ་གསུང་གི་རྣམ་གྲངས་ནི། ཇི་ལྟར་གསུང་རབ་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། ཇི་ལྟར་སྒྲའམ་བརྡའི་སྒོ་ནས་གསུང་རབ་ཀྱི་དོན་ཀུན་ཚིག་ཏུ་བརྗོད་ཀྱང་དོན་ཆོས་ཉིད་དེ་བཞིན་ཉིད་ཀྱིས་གཞལ་ན་བརྗོད་དུ་མེད་པའི་ཕྱིར། ཚིག་ཏུ་ཅུང་ཟད་ཀྱང་གསུངས་པ་མེད་དེ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་ངོ་། །དོན་གྱི་གསུང་དེ་ཉིད་མཚོན་བྱེད་ཀྱི་ཡི་གེ་གྲུབ་པ་མེད་པ་དང་སྒྲར་བརྗོད་དུ་མེད་པས་ལྗགས་ཀྱི་རྩེ་མོར་སྒྲ་ཚིག་ཏུ་མ་བྱུང་ཡང་སྐུའི་བརྡས་འཁོར་རྣམས་ཀྱི་བློ་ལ་དོན་འཇལ་བར་སྟོན་པས་ན་ལོངས་སྐུ་དགོངས་པ་བརྡའི་གསུང་ངོ་། །དེ་ཉིད་ཀྱང་རང་རིག་པ་ཁོ་ནའི་ཕྱིར་རིག་པ་ཡེ་ཤེས་ཀྱི་གསུང་དེ་ནི་སྤྲོས་པ་དང་བྲལ་ཡང་བརྩེ་བ་ཆེན་པོས་ཐམས་ཅད་ལ་ཁྱབ་པའི་ཐུགས་རྗེས་ཆོས་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ལྷུན་གྱིས་གྲུབ་པའི་གསུང་གི་བྱིན་རླབས་ཅིར་ཡང་མི་འགག་པའི་སྟོབས་ཀྱིས་དོན་མཛད་པ་ནི་མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་ངོ་། །འགྲོ་དོན་སྣ་ཚོགས་གདུལ་བྱའི་བསམ་པ་དང་མཐུན་པར་སོ་སོར་བརྡའི་དོན་དུས་གཅིག་ཏུ་སྤྲོད་ཅིང་གསལ་བར་སྟོན་པ་ནི་སྤྲུལ་སྐུ་བརྗོད་པ་ཚིག་གསུང་ངོ་། །གསུང་ལྔ་ཡང་མ་འགག་པར་གསལ་བའི་དུས་ཉིད་ནའང་རང་བཞིན་ལས་གཡོས་པ་མེད་པའི་ཕྱིར་རྒྱལ་བ་དྲུག་པའི་གསུང་གི་ངོ་བོར་གཅིག་ཅིང་དབྱེར་མི་ཕྱེད་པས་རྡོ་རྗེ་གསུང་གི་བྱེ་བྲག་ལས་ཁྱད་པར་དུ་གྱུར་པས་ན་མཆོག་སྟེ་དབྱེར་མེད་རྡོ་རྗེའི་གསུང་ངོ་། །ཚུལ་དེ་བཞིན་ཚིག་ཏུ་མ་བརྗོད་པ་གསལ་བར་གོ་བ་ལ་སོགས་པའི་གསུང་གི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམ་གྲངས་སྐྱེ་བ་མེད་པའི་དེ་བཞིན་ཉིད་ཀྱི་ངང་ལས་མ་གཡོས་པར་སྒྲའི་བྱེ་བྲག་ཐ་དད་པ་སྣ་ཚོགས་སུ་གྲགས་ཀྱང་། དཔེར་ན་བྲག་ཅའི་སྒྲ་ཉིད་བརྗོད་འདོད་དང་རྟོག་པ་དང་རྩོལ་བ་གང་ཡང་མེད་བཞིན་དུ་རྐྱེན་གྱིས་སྒྲའི་རྣམ་པར་འབྱུང་བ་བཞིན་ནོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་ཡོད་པ་ལས། འདིས་རང་བཞིན་གསུང་གི་དཀྱིལ་འཁོར་ཇི་སྙེད་པ་གསུང་ལྔར་བསྡུས་པ་དང་། ལྷག་པ་ཏིང་ངེ་འཛིན་གསུང་གི་དཀྱིལ་འཁོར་གསང་སྔགས་ཀྱི་དོན་བསྟན་པའི་ལེའུ་སྟེ་བདུན་པའོ།། ༈ །།ད་ནི་ལེའུ་བརྒྱད་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་གཙོ་ཆེར་སྟོན། ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པ་ཏིང་ངེ་འཛིན་སྟོན། འབྲས་བུ་མཐར་ཕྱིན་ཡང་ཟུར་ཙམ་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་ཐུགས་ཀྱི་དཀྱིལ་འཁོར་སྟོན། བཅུའང་བརྒྱའི་བདག་ཉིད་དུ་བྱས་ན། དེའི་ཞོར་ལ་ལྟ་བ་དང་སྤྱོད་པ་དང་ཏིང་ངེ་འཛིན་རྣམས་སྟོན། གཙོ་བོར་ཕྱག་རྒྱ་སྟོན། ཐ་མའི་ཆོས་བཅུ་ལས། རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །མཚོན་པ་དཔེ། ཚད་མ་བཀའ་གཞུང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་དེ་བཞིན་སོགས་དེ། གསུང་གི་དཀྱིལ་འཁོར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་སྟོན་པ་དྲུག་པ་ཉིད་ཀྱིས་ལུས་དང་རྟོག་པའི་ཡན་ལག་ཐམས་ཅད་རིགས་ལྔ་ལ་སོགས་པའི་དཀྱིལ་འཁོར་དུ་མ་བཙལ་བར་ལྷུན་གྱིས་གྲུབ་པར་ཡེ་ནས་གནས་པ་ནི་རང་བཞིན་གྱི་ཕྱག་རྒྱ་དང་། གནས་པ་ལ་གནས་པ་ལྟར་ཤེས་པ་ལྟ་བའི་ཕྱག་རྒྱ་དང་། དེའི་དོན་མངོན་དུ་བྱས་པ་ནི་ལྷག་ཏིང་གི་ཕྱག་རྒྱ་སྟེ། ཐུགས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་གསུམ་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་བདག་ཉིད་ཀྱིས་ལུས་དང་རྟོག་པའི་ཡན་ལག་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པར་ཉིད་རྟོགས་གོམས་ཀྱི་སྦྱོར་བས་མཐར་ཕྱིན་པར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཕྱག་རྒྱའི་རིམ་པ་འདི་ཆེད་དུ་བརྗོད་དོ། །གཉིས་པ་གཞུང་ལ་ལྔ་སྟེ། རང་བཞིན་གྱི་ཕྱག་རྒྱ་དང་། ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་། ཕྱག་རྒྱ་སྤྲོས་བཅས་ཀྱི་ཏིང་ངེ་འཛིན་བསྟན་པ་དང་། ཕྱག་རྒྱའི་རྣམ་གྲངས་ཀྱི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། སྒྱུ་འཕྲུལ་དྲྭ་བ་སོགས་ཚིག་བཅད་གཅིག་སྟེ། ཆོས་ཐམས་ཅད་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་ཡེ་ནས་རང་བཞིན་གྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རྟོག་ཚོགས་ཐམས་ཅད་ལ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་མཆོག་གི་ཕྱག་རྒྱས་བཏབ་པ་སྟེ། རྟོག་པ་ཐམས་ཅད་ལྷའི་ངོ་བོར་ཡེ་ནས་གནས་པ་ནི་རང་བཞིན་གྱི་ཕྱག་རྒྱ། དེ་ལྟར་རྟོགས་པ་ལྟ་བའི་ཕྱག་རྒྱ། དེ་མངོན་དུ་བྱས་པ་འབྲས་བུའི་ཕྱག་རྒྱའོ། །དེ་ལྟར་རྟོགས་དཀའ་བའི་གསང་བ་དེ་ཁོ་ནཉིད་དུ་ངེས་པའི་དོན་ཆོས་ཉིད་སྙིང་པོའི་ཕྱག་རྒྱས་བཏབ་པ་ནི་རྒྱལ་པོའི་བཀའ་རྟགས་ལྟར་འདའ་བར་དཀའ་བ་སྟེ་ནམ་ཡང་དེ་ལས་མི་འདའ་བའོ། །དེ་ཡང་སྒྱུ་འཕྲུལ་ཞེས་པའི་དོན་ནི། སྤྱིར་བརྗོད་བྱ་སྣང་བ་སྟོང་པ་དབྱེར་མེད་པ་གསུམ་གྱི་རྗོད་བྱེད་དུ་སྒྱུ་མ་འཕྲུལ་པ་དྲྭ་བ་གསུམ་དུ་གསུངས་པ་ཡིན་ནོ། །དེ་ཡང་རྡོ་རྗེ་ལས། ཐབས་དང་ཤེས་རབ་འབྲེལ་བ་ཡིས། །སྒྱུ་འཕྲུལ་ཞེས་ནི་བཞིར་བཤད་དོ། །ཞེས་པས་བཞི་སྟེ། དང་པོ་ཕྱི་ལྟར་ན། སྒྱུ་མ་ནི་རྟོག་ཚོགས་སུ་བཏགས་པ་རྣམས་ཡིན་ལ། འཕྲུལ་པ་ནི་དེ་ཉིད་ལྷར་གསལ་བ་ཡིན་ཅིང་། དྲྭ་བ་ནི་དེ་གཉིས་དབྱེར་མེད་དུ་འབྲེལ་བའོ། །གཉིས་པ་ནང་ལྟར་ན། སྒྱུ་མ་ནི་འཁོར་ལོ་བཞིའི་རྩ་ཡིན་ལ། འཕྲུལ་པ་དེ་ལ་གནས་པའི་ཐེག་ལེ་ཡིན་ཅིང་། བསྒོམ་པའི་ཐབས་ཀྱིས་རྩ་ཐིག་འབྲེལ་བ་ནི་དྲྭ་བའོ། །གསུམ་པ་གསང་བ་ལྟར་ན། སྒྱུ་མ་ནི་མཁའ་གསང་པདྨ། འཕྲུལ་པ་ནི་ཐབས་ཀྱི་རྡོ་རྗེ་དང་། དྲྭ་བ་ནི་ཡབ་ཡུམ་བདེ་བས་འབྲེལ་བའོ། །བཞི་པ་དེ་ཁོ་ན་ཉིད་ཀྱིས་དབང་དུ་ན། གཞི་བྱང་ཆུབ་ཀྱི་སེམས་སྟོང་པའི་རྟོག་པ་ནི་སྒྱུ་མ་སྟེ་སྣང་ཡང་མ་གྲུབ་པའི་ཕྱིར་རོ། །སྣང་བའི་རྟོག་པ་ནི་འཕྲུལ་པ་སྟེ་མེད་བཞིན་དུ་སྣང་བའི་ཕྱིར་རོ། །དེ་གཉིས་དབྱེར་མེད་པའི་རྟོག་པ་ནི་དྲྭ་བ་སྟེ་ཐ་དད་དུ་མ་གྲུབ་པའི་ཕྱིར་རོ། །དེས་ན་སྒྱུ་འཕྲུལ་དྲྭ་བ་ཞེས་གསུངས་པ་ཐམས་ཅད་ཀྱི་དོན་དེ་ལྟར་ཤེས་པར་བྱའོ། །དེ་ལྟར་བཞི་ལས་སྐབས་འདིར་ཐ་མ་སྟེ། སྣང་སྟོང་དབྱེར་མེད་ཀྱི་དོན་ལས་གང་ཡང་མི་འདའ་བ་ནི་རང་བཞིན་གྱི་ཕྱག་རྒྱ་ཡིན་པའི་ཕྱིར་རོ། །ཕྱག་རྒྱ་ཞེས་པའི་དོན་ནི་སྤྱིར་མུ་དྲའི་སྒྲ་ལས་དྲངས་ན་ཕྱག་རྒྱ་ཞེས་འདའ་བར་དཀའ་བ་དང་། བརྡའ་སྤྲོད་པ་དང་། མཛེས་པར་བྱེད་པ་སྟེ་ཆོས་གསུམ་ལྡན་ཞིག་གོ། །དེ་ལ་དང་པོ་ནི། རྒྱལ་པོའི་བཀའ་རྟག་ལྟར་ལྟ་བའམ་རང་བཞིན་གྱི་ཕྱག་རྒྱ་ནི་རང་རིག་གིས་མངོན་སུམ་དུ་ཆོས་ཐམས་ཅད་ཐབས་ཤེས་གཉིས་མེད་ལས་ནམ་ཡང་མི་འདའ་བའི་ཕྱིར་རོ། །གཉིས་པ་ནི། ཉོ་ཚོང་བྱེད་མཁན་གྱི་ལག་པ་ལྟར་ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི་རྡོ་རྗེས་རྡོ་རྗེ་དང་། འཁོར་ལོས་དེ་བཞིན་གཤེགས་པ་སོགས་རིགས་སོ་སོར་བརྡའ་སྤྲོད་པའི་ཕྱིར་རོ། །གསུམ་པ་ནི། སྒེག་མོ་དཔུང་རྒྱན་གྱིས་མཛེས་པ་ཆེར་བསྐྱེད་པ་ལྟར་སྤྲོས་པ་སྣང་འབྱེེད་ཀྱི་ཕྱག་རྒྱ་ཉི་ཁྲི་བཞི་སྟོང་སོགས་སུ་གསལ་བའི་ཆོས་ཉིད་ཀྱི་ངང་དུ་མཛེས་པའི་ཕྱིར་རོ། །སྐབས་འདིར་དང་པོ་ལ་ངོས་བཟུང་ངོ་། །གཉིས་པ་ལ་གསུམ་སྟེ། ཕྱག་རྒྱའི་རྒྱུ་དང་། དེ་ལས་བྱུང་བ་རིགས་ལྔ་སྤྱིའི་དམ་རྒྱ། དེ་ལས་འཕྲོས་པ་ལྷ་སོ་སོའི་ཕྱག་རྒྱའོ། །དང་པོ་ནི། མི་བསྐྱོད་སོགས་ཚིགས་བཅད་གཅིག་སྟེ། དབུ་ནི་དེ་བཞིན་གཤེགས་པའི་རིགས་དང་། ལག་གཡས་རྡོ་རྗེའི་རིགས། ལག་གཡོན་རིན་ཆེན་རིགས། རྐང་གཡོན་ཆོས་ཀྱི་རིགས། རྐང་གཡས་ལས་ཀྱི་རིགས་ཏེ་ལུས་ཀྱི་ཡན་ལག་ལྔ་དང་། ཉིང་ལག་གི་གུང་མོ་རྡོ་རྗེ། མཛུབ་མོ་བདེ་གཤེགས། སྲིན་ལག་རིན་པོ་ཆེ། མཐེ་བོང་པདྨ། མཐེའུ་ཆུང་ལས་རིགས་ཏེ། ཡན་ལག་དང་ཉིང་ལག་ཐམས་ཅད་རིགས་ལྔའི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། མི་བསྐྱོད་པའི་རིགས་ལག་པ་གཡས་ཀྱི་སོར་མོ་བྲེ་ཁ་ལྔ་ལ་ཉི་མའི་དཀྱིལ་འཁོར་ལྔའི་སྟེང་དུ་ཐབས་རིགས་ལྔའི་ཡི་གེ་གུང་མོ་ལ་ཧཱུཾ། མཛུབ་མོ་ལ་ༀ། མཐེ་བོང་ལ་ཨཱྃ། སྲིན་ལག་ལ་སྭཱ། མཐེའུ་ཆུང་ལ་ཧ་རྣམས་དང་། རིན་ཆེན་རིགས་ལག་པ་གཡོན་གྱི་སོར་མོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་ལྔའི་སྟེང་དུ་ཤེས་རབ་ཡུམ་ལྔའི་ཡི་གེ་གུང་མོ་ལ་མཱུྃ། མཛུབ་མོ་ལ་ལཱྃ། མཐེ་བོང་ལ་པཱྃ། སྲིན་ལག་ལ་མཱཾ། མཐེའུ་ཆུང་ལ་ཏཱྃ་རྣམས་མ་འཁྲུལ་བར་བཀོད་རྗེས། ལག་པ་གཡས་གཡོན་གྱི་སོར་མོ་ལྔ་ཕྲག་གཉིས་ཟུང་དུ་སྤྲད་པའི་ལས་ཀྱིས་ཐལ་མོ་མཉམ་པར་སྦྱར་བས་ལྷ་སོ་སོའི་ཕྱག་རྒྱ་འབྱུང་བའི་རྒྱུ་ཁོ་ནའོ། །གཉིས་པ་ནི། ༀ་དང་མཱུཾ་གཉིས་སོགས་ཚིགས་བཅད་གཅིག་སྟེ། གཡས་ཀྱི་མཛུབ་མོའི་ༀ་དང་གཡོན་གྱི་གུང་མོའི་མཱུཾ་གཉིས་རྩེ་སྦྱར་ཏེ་ལྷག་མ་རིགས་བཞིའི་ཡི་གེ་འབྲུ་བརྒྱད་ཀྱང་ཧཱུཾ་དང་ལཱཾ། ཧཱ་དང་པཱྃ། ཨཱྃ་དང་ཏཱྃ་རྣམས་ཕན་ཚུན་སོ་སོར་བསྣོལ་ནས་རྩེ་སྤྲད་པ་ལས་སྲིན་ལག་གི་སྭཱ་མཱཾ་གཉིས་མཐེའུ་ཆུང་ནང་དུ་བཀུག་པའི་རྒྱབ་ཏུ་སྦྱར་ནས་བསྒྲེང་བ་ནི་རྒྱལ་བ་ཀུན་དང་དབྱེར་མེད་མཉམ་པར་སྦྱོར་བའི་དངོས་གྲུབ་བདེ་བ་ཆེན་པོའི་ཡེ་ཤེས་རང་རྒྱུད་ལ་སྦྱིན་པར་བྱེད་པའི་ཕྱག་རྒྱའོ། །དེ་ལྟར་ཡང་རྔམ་གློག་ལས། ༀ་དང་མཱུྃ་གཉིས་རྩེ་སྤྲད་ལ། །དེ་བཞིན་ཧཱུཾ་དང་ལཱཾ་དུ་སྦྱར། །ཧཱ་དང་པཱྃ་ཡང་དེ་བཞིན་ཏེ། །ཨཱྃ་དང་ཏཱྃ་དུ་སྦྱར་བ་ལས། །རྒྱབ་སྦྱར་སྭཱ་དང་མྃ་སྒྲེང་བ། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ༀ་དང་མཱུཾ་སྦྱར་ཧཱུཾ་དང་ནི། །ལཱྃ་སྦྱར་སྭཱ་དང་པཱཾ་དུ་སྦྱར། །ཨཱཾ་དང་མཱཾ་སྦྱར་ཧཱ་ཏཱྃ་སྒྲེང་། །ཡུམ་གྱི་སྦྱི་རྒྱ་ཡིན་པར་བཤད། །ཅེས་སོ། །སྒྱུ་འཕྲུལ་མན་ངག་འོད་རིམ་ལས་ནི་མཐེ་བོང་གཉིས་ལ་སྭཱ་མཱྃ་དང་སྲིན་ལག་གཉིས་ལ་ཨཱྃ་པཱྃ་དགོད་པར་བཤད་ཅིང་། བླ་མ་གོང་མ་རྣམས་ཀྱང་ཕྱག་ལེན་དེ་ལྟར་དུ་མཛད་མོད་ཀྱི། རྒྱུད་རྔམ་པ་གློག་གི་འཁོར་ལོའི་ལུང་འདི་དང་མི་མཐུན་པར་སྣང་ཞིང་། རྒྱུད་རྩ་བཤད་གཉིས་ཀ་ཕྱག་རྒྱ་བཅའ་ལུགས་གུང་མཐུན་དགོས་པས་འདི་བཞིན་དུ་རིགས་པར་བྱའོ། །གསུམ་པ་སོ་སོའི་ཕྱག་རྒྱ་ལ་ལྔ་ལས། དང་པོ་རིགས་ལྔའི་ཕྱག་རྒྱ་ལས། གཙོ་བོ་ཡབ་ཡུམ་ནི། འབྲུ་བཞུ་སྦས་ནས་སོགས་ཚིགས་བཅད་གཉིས་ཏེ། བདག་ཉིད་རྡོ་རྗེ་སེམས་དཔའ་དབུའི་གཙུག་ཏོར་ནས་ཞབས་གདན་ཁྲི་ཡན་ཆད་སྐུ་ཡོངས་སུ་རྫོགས་པ་གསལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོའོ། །དེ་ཡང་བསྐྱེད་རིམ་གྱི་གནད་དང་སྦྱར་ན་གསལ་བརྟན་དག་གསུམ་སྟེ། དེ་ལ་དང་པོ་རྣམ་པར་གསལ་བ་སྤྱི་ལ་སེམས་འཛིན་པ་ནི། བདག་གིས་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་རྣམས་མ་འདྲེས་ཡིད་ཡུལ་དུ་གསལ་བར་བྱའོ། །བྱེ་བྲག་ཏུ་སེམས་འཛིན་པ་ནི། དཔལ་རྡོ་རྗེ་སེམས་དཔའ་སྤྱན་གཡས་གཡོན་གཞལ་རས་སོགས་དབུའི་གཙུག་ཏོར་ནས་ཞབས་ཀྱི་གདན་ཁྲིའི་བར་སྐུ་མདོག་ཞལ་ཕྱག་རྒྱན་ཆ་ལུགས་སོགས་ལ་སེམས་བཟུང་། རབ་ཡིད་ཀྱི་ཡུལ་དུ་གསལ་བ། འབྲིང་བརྗོད་པས་གསལ་འདེབས་པ། ཐ་མ་བྲིས་པས་གསལ་འདེབས་པ་སྟེ། དེ་ལ་སེམས་ཟིན་ནས་ཏིང་ངེ་འཛིན་གྱི་རྩལ་སྦྱང་ཞིང་། དེ་ཡང་བྲིས་སྐུ་ལྟ་བུའི་ལེབ་ལེབ་དང་འབུར་སྐུ་ལྟ་བུའི་ལྡིར་ལྡིར་མ་ཡིན་པར་སྣང་བའི་གཟུགས་སུ་གྲུབ་ལ་རེག་པའི་གཟུགས་སུ་མ་གྲུབ་པ། སྣང་བཞིན་དུ་སྟོང་པ། སྟོང་བཞིན་དུ་སྣང་བ། སྣང་ལ་རང་བཞིནམེད་པ། གསལ་ལ་རྟོག་པ་མེད་པ། སྣང་སྟོང་ཟུང་འཇུག་ནམ་མཁའི་འཇའ་ཚོན་དང་ཆུ་ཟླའི་གཟུགས་བརྙན་ལྟ་བུ། སེམས་སྤངས་པའི་ཕ་རོལ་ན་ལྷ་དང་། ལྷ་སྤངས་པའི་ཕ་རོལ་ན་སེམས་མེད་པ། སེམས་དང་ལྷ་སྐུ་དབྱེར་མེད་དུ་ཤེས་པའི་ངང་དུ་བསྒོམ་པའོ། །གཉིས་པ་ང་རྒྱལ་བརྟན་པ་ནི། རྣམ་པ་གསལ་རུང་མ་གསལ་རུང་བདག་ནི་ཐ་མལ་པ་ན་ནམ་ཡང་མ་ཡིན། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ཚང་འབྲས་བུའི་དུས་ཀྱི་ཁ་སྦྱོར་བདུན་གྱི་བདག་ཉིད་རྡོ་རྗེ་སེམས་དཔའ་དངོས་ཡིན་སྙམ་པའོ། །གསུམ་པ་རྣམ་དག་དྲན་པ་ནི། གཞི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་སྟེ། ལམ་དུས་སུ་སྒྲུབ་པ་པོའི་བློ་ངོར་ཞལ་ཕྱག་གི་རྣམ་པར་ཤར་བ་དེ་ཉིད་འབྲས་བུའི་དུས་སུ་ཆོས་ཀྱི་སྐུའི་རྒྱུད་ལ་བཞུགས་པའི་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་སྐབས་འདིར་ཞལ་ཕྱག་གི་རྣམ་པར་ཤར་བ་ཡིན་ནོ་སྙམ་དུ་གཞི་འབྲས་སྦྲེལ་བའི་དག་པ་དྲན་པའོ། །དེ་ལྟར་གསལ་བའི་ལག་པ་གཡས་ཀྱི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡི་གེ་འབྲུ་གཞན་བཞི་པོ་རྣམས་ལག་མཐིལ་དུ་སྦས་ནས་གུང་མོ་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་པ་ནི་བཅའ་བ་དམ་ཚིག་གི་ཕྱག་རྒྱ། དེའི་རྩེ་མོར་ཧཱུཾ་མཐིང་ཁ་སྒྲེང་ཚུགས་སུ་བསྒོམ་པ་ནི་བསམ་པ་ཆོས་ཀྱི་ཕྱག་རྒྱ། དེ་ཡོང་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་འོད་འབར་བར་བསམ་པ་ནི་བསམ་པ་དམ་ཚིག་གི་ཕྱག་རྒྱ། ལག་པ་གཡོན་པ་ལ་བཀོད་པའི་ཟླ་བའི་དཀྱིལ་འཁོར་ལྔ་ནང་དུ་བརྟུལ་བས་ཡུམ་གྱིས་ཡིག་འབྲུ་ལྔ་སྦས་ཏེ་ཁུ་ཚུར་དུ་བྱས་ནས་དྲིལ་བུ་གསིལ་བའི་ཚུལ་དུ་བྱ་ཞིང་ཡབ་ཉིད་ཡུམ་ལ་འཁྲིལ་བའི་ཚུལ་གྱི་བརླ་གཡོན་པ་ཆོས་ཀྱི་རིགས་ལ་བརྟེན་པའི་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་ཀྱི་ཕྱག་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ལས་ཀྱི་ཕྱག་རྒྱ། ཧཱུཾ་བཛྲ་དྷྲིཀ྄་ཅེས་བརྗོད་ཅིང་ཡབ་ཀྱི་ཕྱག་རྒྱ་གཡས་ནས་བཅའ་སྟེ་མདུན་དུ་བསྒྱུར་ནས་གཡོན་དུ་ཡུམ་གྱི་ཐུགས་ཀར་དགྲོལ་བ་ནི་ཤེས་རབ་ལ་ཐབས་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཆོས་ཀྱི་ཕྱག་རྒྱའོ། །ཡུམ་གྱི་ཕྱག་རྒྱ་ནི། དེའི་གཡོན་ཕྱོགས་སུ་ནམ་མཁའི་དབྱིངས་ཕྱུག་མ་སྐུ་ཡོངས་སུ་རྫོགས་པ་ག སལ་བར་བསྐྱེད་པ་ནི་སྐུ་ཕྱག་རྒྱ་ཆེན་པོ། དེ་ལྟར་གསལ་བའི་ལག་པ་གཡོན་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡུམ་གྱི་ཡིག་འབྲུ་གཞན་བཞི་པོ་རྣམས་ལག་མཐིལ་དུ་སྦས་ནས་གུང་མོ་གྱེན་དུ་བསྒྲེང་བའི་རྒྱབ་ཐུགས་ཀར་གཏད་དེ་བཀན་ཐབས་སུ་བཅའ་བ་ནི་བཅའ་བ་དམ་རྒྱ། དེའི་རྩེ་མོར་མཱུཾ་མཐིང་ག་སྒྲེང་ཚུགས་སུ་བསམ་པ་ནི་བསམ་པ་ཆོས་རྒྱ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བར་བསམ་པ་ནི་བསམ་པ་དམ་རྒྱ། ལག་གཡས་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡབ་ཀྱི་ཡི་གེ་འབྲུ་ལྔ་དང་བཅས་པ་ལས་སུ་སྟེ་ཡབ་ཀྱི་མགུལ་ལ་འཁྲིལ་ཞིང་ཡུམ་གྱི་དབུ་ཡབ་ཀྱི་མདུན་ནས་བཏུད་དེ་ཞལ་འཛུམ་པའི་མདངས་ཀྱིས་ཡབ་ཀྱི་ཞལ་ལ་བལྟ་བའི་ཚུལ་དུ་ཕྱག་རྒྱ་དངོས་སུ་བཅའ་བ་ནི་བཅའ་བ་ལས་རྒྱ། དེ་ལྟར་ཡིད་ཀྱིས་བསམ་པ་ནི་བསམ་པ་ཆོས་རྒྱ། མཱུཾ་དྷྭ་ཏྭཱི་ཤྭ་རཱི་ཞེས་བརྗོད་ཅིང་ཡུམ་གྱི་ཕྱག་རྒྱ་གཡོན་དུ་བཅས་ཤིང་ཐུགས་ཀར་བསྒྱུར་ནས་གཡས་སུ་ཡབ་ཀྱི་ཐུགས་ཀར་དགྲོལ་བ་ནི་ཐབས་ལ་ཤེས་རབ་ཀྱིས་རྒྱས་འདེབས་པ་སྟེ་བརྗོད་པ་ཚིག་གི་ཕྱག་རྒྱའོ། །འདི་ལྟར་བླ་མ་རྣམས་ཀྱིས་ཡབ་ཡུམ་གཉིས་ཀྱི་ཕྱག་རྒྱ་རྫོགས་པའི་རྗེས་སུ་ཡབ་ཡུམ་གྱི་སྙིང་པོས་ཕན་ཚུན་ཐབས་ཀྱིས་ཤེས་རབ་ལ་རྒྱས་གདབ་པ་དང་། ཤེས་རབ་ཀྱིས་ཐབས་ལ་རྒྱས་གདབ་པ་མཛད་ཀྱི། ཡུམ་མ་བསྐྱེད་གོང་དུ་ཡབ་ཀྱི་སྙིང་པོ་མི་བརྗོད་དེ། ཐབས་ཀྱིས་རྒྱས་གདབ་བྱའི་ཡུམ་ཤེས་རབ་མ་མ་བསྐྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །མདོར་ན་ཕྱག་རྒྱ་བདུན་གསུངས་ཀྱང་བཅའ་བ་ལས་ཀྱི་ཕྱག་རྒྱ་དང་། བསམ་པ་ལས་ཀྱི་ཕྱག་རྒྱ་གཉིས་ཀ་ལས་ཀྱི་ཕྱག་རྒྱ་གཅིག་ཏུ་བགྲངས། བཅའ་བ་དམ་ཚིག་གི་ཕྱག་རྒྱ་དང་བསམ་པ་དམ་ཚིག་གི་ཕྱག་རྒྱ་གཉིས་ཀ་དམ་ཚིག་གྱི་ཕྱག་རྒྱ་གཅིག་ཏུ་བགྲངས། བསམ་པ་ཆོས་ཀྱི་ཕྱག་རྒྱ་དང་། བརྗོད་པ་ཆོས་ཀྱི་ཕྱག་རྒྱ་གཉིས་ག་ཆོས་ཀྱི་ཕྱག་རྒྱ་གཅིག་ཏུ་བགྲངས་ཏེ་དེ་ལྟར་སྐུ་ཕྱག་རྒྱ་ཆེན་པོ་དང་བཞིའོ། །དེ་བཞིན་དུ་རྣམ་སྣང་ཡབ་ཡུམ་སོགས་རིགས་གཞན་བཞི་པོའི་ཕྱག་རྒྱ་ཡང་། འབྲུ་བཞི་སྦས་ནས་སོགས་ཚིགས་བཅད་བརྒྱད་དེ། བདག་ཉིད་རྣམ་སྣང་སོགས་རིགས་གང་ཡིན་དེར་གསལ་བ་ལས་གཡས་པའི་འབྲུ་བཞི་སྦས་ནས་རང་རིགས་ཀྱི་སོར་མོ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅས་ཤིང་། ༀ་སྭཱཾ་ཨཱཾ་ཧཱཾ་བཞི་རིགས་མཐུན་གྱི་ཁ་དོག་ཅན་སོར་མོ་བསྒྲེང་བ་དེའི་རྩེ་མོར་བསམ་པ་ལས་རང་རང་གི་ཐུགས་ཕྱག་མཚན་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམས་འོད་འབར་བར་གྱུར་པ་བསམ་ཞིང་། གཡོན་ཟླ་བརྟུལ་གྱིས་ཡུམ་གྱི་འབྲུ་ལྔ་སྦས་པའི་ཁུ་ཚུར་གྱིས་དྲིལ་བུ་གསིལ་ཞིང་ཡུམ་ལ་འཁྲིལ་བའི་ཚུལ་གྱིས་བརླ་གཡོན་པ་ཆོས་ལ་བརྟེན་པའོ། །ཡང་གཡོན་དུ་རིགས་ཀྱིས་ཡུམ་གང་ཡིན་གསལ་བ་ལས་གཡོན་པའི་འབྲུ་བཞི་སྦས་ནས་རང་རིགས་ཀྱི་སོར་མོ་བསྒྲེང་བ་ཐུགས་ཀར་བཀན་ཐབས་སུ་བཅའ་ཞིང་། ལཱཾ་མཱཾ་པཱཾ་ཏཱཾ་བཞི་རིགས་ཀྱི་ཁ་དོག་ཅན་སོར་མོ་བསྒྲེང་བ་དེའི་རྩེ་མོར་བསམ་པ་ལས་དྲིལ་བུ་གསིལ་བའི་སྒྲ་ཅན་འོད་འབར་བར་གྱུར་ཅིང་། གཡས་ཉི་མ་འབྲུ་ལྔ་དང་བཅས་པ་མ་བཅིངས་པ་ལས་ཏེ་ཡབ་ཀྱི་བརླ་གཡས་པའི་སྟེང་དུ་བཞག་པས་འཁྲིལ་ཞིང་ཡབ་ལ་དབུ་བཏུད་དེ་འཛུམ་པའི་མདངས་ཀྱིས་ཞལ་ལ་བལྟ་བ་སྟེ། ཡབ་ཡུམ་སོ་སོའི་མཐར་སྔགས་བརྗོད་ཅིང་ཐབས་ཤེས་ཕན་ཚུན་རྒྱས་འདེབས་ཀྱིས་དགྲོལ་བའོ། །གཉིས་པ་སེམས་དཔའ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཨུཏྤལ་ཀླུ་ཤིང་སོགས་ཚིགས་བཅད་གསུམ་སྟེ། ལག་གཡས་པའི་མཐེ་བོང་མ་གཏོགས་པའི་སོར་མོ་གཞན་བཞི་ལ་ཉིད་དཀྱིལ་རེ་རེའི་སྟེང་དུ་མཛུབ་མོ་ནས་བརྩམས་ཏེ་ཐུགས་ཀྱི་སེམས་དཔའ་བཞིའི་ས་བོན་ཀྵཱིཾ་ཏྲཱཾ་ཧྲཱིཾ་ཛྲིཾ་དང་། གསུང་གི་སེམས་དཔའི་ཚེ་མཻ་ཐླྷིཾ་ཧཱུཾ་མུཾ་བཞི་དགོད། །གཡོན་གྱི་སོར་རྩེ་བཞི་ལ་ཟླ་དཀྱིལ་རེ་རེར་ནང་སེམས་ཀྱི་ཡུམ་བཞིའི་ས་བོན་ཧཱུཾ་ཏྲཱཾ་ཧྲཱིཾ་ཨཱཾ་དང་། ཕྱིའི་སེམས་མ་ཛཿཧཱུཾ་བཾ་ཧོཿབཞི་བཀོད་ནས། སེམས་དཔའ་དང་སེམས་མ་གང་ཡིན་གྱི་སྐུར་གསལ་བ་ལས་འབྲུ་གསུམ་སྦས་ནས་རང་རིགས་ཀྱི་སོར་མོ་བསྒྲེང་བའི་རྩེར་ས་བོན་སོ་སོ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གྱི་ཨུཏྤལ། བྱམས་པའི་ཀླུ་ཤིང་ལ་སོགས་པ་ཐུགས་ཕྱག་མཚན་འོད་འབར་བར་བསམ་པ་སྟེ། དེ་བཞིན་དུ་ས་སྙིང་གི་རིན་ཆེན་མྱུ་གུ། ནམ་སྙིང་གི་རལ་གྲི་འོད་འབར་བ། སྤྱན་གཟིགས་ཀྱི་པདྨ་དཀར་པོ། ཕྱག་རྡོར་གྱི་རྡོ་རྗེ་འོད་འབར་བ། སྒྲིབ་སེལ་གྱི་ཆོས་ཀྱི་འཁོར་ལོ། ཀུན་བཟང་གི་རིན་ཆེན་སྙེ་མ་སྟེ་ཡབ་བརྒྱད་དོ། །འོ་ན་ཨུཏྤལ་ཀླུ་ཤིང་། ཐོག་མར་སྨོས་པ་ཅི་ཡིན་ཞེ་ན། ཐམས་ཅད་མཁྱེན་པས་གཞན་དོན་བྱེད་པ་སྔོན་དུ་འགྲོ་བས་སམ། ཡང་ན་ཚད་མེད་པ་བཞི་སྔོན་དུ་འགྲོ་བས་ཡིན་གསུངས་པ་དང་། ཡང་ཕྱོགས་དང་མཚམས་ཀྱི་དང་པོ་བྱང་ཤར་ཡིན་པས་ཀྱང་བྱུང་བ་ཡིན་ནོ་གསུངས་ཏེ་བརྟགས་པར་བྱའོ། །རང་ལུགས་ལ་སེམས་དཔའ་རྣམས་ལ་དགོངས་པ་མཐོ་དམན་དང་བཟང་ངན་མེད་པར་སྟོན་པའི་ཚིག་ཡིན་པས་འགལ་བ་མེད་དེ། འོན་ཀྱང་རྟོག་པ་དང་བསྟུན་ནས་དཀྱིལ་འཁོར་དུ་བཀོད་ཅིང་བསྒོམ་པའི་ཚེ་ས་སྙིང་ཐོག་མར་འོང་བ་ཡིན་ནོ། །དེ་དག་གི་ཡུམ་སྒེག་མོའི་གཟུགས་མཛེས་གསལ་བའི་མེ་ལོང་། མཱ་ལེས་རིན་ཆེན་ཕྲེང་བ། གཱིརྟིས་པི་ཝཾ། ནིརྟིས་གར་མཁན་མཆོག་གི་མཚན་མ་རྔ་ཡབ་ཉིད་དང་། དེ་བཞིན་དུ་པུཥྤེས་མེ་ཏོག་ཕྲེང་བ། བདུག་སྤོས་ཀྱི་མཆོད་སྣོད་འཆང་བའི་དྷཱུ་པེ་མ། ཨཱ་ལོའི་ཀེའི་མར་མེ། གནྡྷེ་མའི་དྲིའི་བྱུག་པ་རྣམས་འོད་འབར་བ་བསམ་པའོ། །ལ་སོགས་ཞེས་པའི་ཁོངས་ནས་སེམས་དཔའ་བརྒྱད་ཀྱི་གཡོན་ཟླ་བརྟུལ་འབྲུ་སྦས་ཀྱིས་ཕྱག་མཚན་དྲིལ་བུ་བཟུང་བ་གསིལ་ཞིང་བརླ་གཡོན་པ་ཆོས་ལ་བརྟེན་ཐབས་སུ་བཅས་ལ། ཚུལ་དེ་དག་ཡབ་ཀྱི་དབུ་རྣམས་ཀྱང་ཡུམ་ལ་ཅུང་ཟད་འཕྱོ་བར་བསྒོམ་ཞིང་། སེམས་མ་བརྒྱད་ཀྱི་ལག་གཡས་ཉི་མ་འབྲུ་ལྔ་མ་བཅིངས་པས་ཡབ་ཀྱི་བརླ་གཡས་ལས་ལ་བརྟེན་པས་འཁྲིལ་ཞིང་དབུ་རྣམས་ཡབ་ལ་ཅུང་ཟད་འདུད་པའི་ཚུལ་དུ་བཅའ་བ་དང་བསམ་པའི་མཐར་སོ་སོའི་སྔགས་དང་བཅས་ཐབས་ཤེས་ཕན་ཚུན་རྒྱས་འདེབས་ཀྱིས་དགྲོལ་བའོ། །མདོར་ན་གོང་གི་ཕྱག་རྒྱ་ཆེན་པོ་སོགས་ཕྱག་རྒྱ་བདུན་ལྡན་རིགས་ལྔའི་སྐབས་བཞིན་དུ་ཐབས་ཤེས་གཉིས་སུ་མེད་པར་ཆོས་ཉིད་དབྱིངས་ཀྱི་ངང་དུ་འཁྲིལ་བའོ། །གསུམ་པ་སྒོ་བ་ཡབ་ཡུམ་གྱི་ཕྱག་རྒྱ་ནི། སྒོ་བཞི་སོགས་རྐང་པ་བདུན་ཏེ། སྒོ་བཞིར་གནས་པའི་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱི་ཕྱག་རྒྱ་ནི། སྔར་བཞིན་གཡས་ཀྱི་སོར་མོ་བཞི་ལ་ཧཱུཾ་རེ་དང་། གཡོན་གྱི་སོར་མོར་ཛཿཧཱུཾ་བཾ་ཧོཿཞེས་བཀོད་ནས་ལྷ་སོ་སོའི་སྐུར་གསལ་བས་ཁུ་ཚུར་ལས་རང་རིགས་ཀྱི་སོར་མོ་བསྒྲེང་བའི་རྩེར་ས་བོན་སོ་སོ་ལས་གཤིན་རྗེ་གཤེད་པོས་ཕྱག་མཚན་ནྲྀ་མགོ་ཁ་གདེངས་པའི་ཚུལ་གནོན་ཐབས་སུ་འཛིན་པ་དང་། སྟོབས་པོ་ཆེས་རྡོ་རྗེ་གནོན་ཐབས་སུ་འཛིན་པ་དང་། རྟ་མགྲིན་གྱིས་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་གནོན་ཐབས་སུ་འཛིན་པ་དང་། བདུད་རྩི་འཁྱིལ་བས་རྡོ་རྗེ་རྒྱ་གྲམ་གནོན་ཐབས་སུ་འཛིན་པ་དང་། དེ་ལྟར་སྒོ་བཞིར་གནས་པ་དེ་དག་ཀྱང་ཡབ་རྣམས་གཡོན་སྡིགས་མཛུབ་དང་། ཡུམ་གྱི་གཡས་རྣམས་རིམ་པར་ལྕགས་ཀྱུ་དང་ཞགས་པ་དང་སྥོ་ཊ་སྟེ་ལྕགས་སྒྲོག་དང་ཧོཿཞེས་དགྱེས་པ་བསྐྱེད་བྱེད་དྲིལ་བུ་འཛིན་པས་ཕན་ཚུན་དབུ་འདུད་པ་དང་འཕྱོ་བའི་ཚུལ་གྱིས་ཡབ་ཡུམ་འཁྲིལ་བའང་གོང་དུ་བཤད་མ་ཐག་པ་བཞིན་ཤེས་པར་བྱའོ། །བཞི་པ་ཐུབ་དྲུག་གི་ཕྱག་རྒྱ་ནི། ཐུབ་དྲུག་སོགས་རྐང་པ་གསུམ་སྟེ། འགྲོ་བ་འདུལ་བའི་ཐུབ་པ་དྲུག་གི་ཕྱག་རྒྱ་ནི་གཅིག་ཏུ་མ་ངེས་པ་ཡིན་པས་གདུལ་བྱའི་མོས་པ་སྣ་ཚོགས་དང་མཐུན་པར་བསྟན་ཏེ། འོན་ཀྱང་རིགས་མདོར་བསྡུ་ན་ཕྱག་རྒྱ་དྲུག་ཏུ་བསྡུ་སྟེ། ཀྲིཾ་ཏྲུཾ་སོགས་ཀྱི་ས་བོན་ལས་ལྷའི་ཐུབ་པས་པི་ཝཾ། ལྷ་མིན་ཐུབ་པས་གོ་མཚོན། མིའི་ཐུབ་པས་གསེག་པར། བྱོལ་སོང་ཐུབ་པས་པོ་ཏི། ཡི་དྭགས་ཐུབ་པས་རིན་ཆེན་སྒྲོམ་བུ། དམྱལ་བའི་ཐུབ་པས་མེ་ཆུ་དེ་དག་ཐུགས་ཀར་འཛིན་པར་བསམ་པ་ཡིན་ནོ། །འདིར་ཐུབ་པ་དྲུག་ལ་ཐབས་ཤེས་ཟུང་འབྲེལ་གྱིས་མཉེས་པར་བྱེད་པའི་ཕྱག་རྒྱ་མེད་དམ་སྙམ་ན། རྟགས་ཀྱི་ཡུམ་ནི་དམིགས་སུ་མེད་ལ། དོན་གྱི་ཡུམ་ནི་ཆོས་ཀྱི་དབྱིངས་དང་འདུ་འབྲལ་མེད་པ་ཡིན་ཏེ། ལེ་ལག་ལས། སྣང་བ་མི་འགོག་ཐབས་ཡིན་ཏེ། །རང་བཞིན་མེད་པ་ཤེས་རབ་བོ། །ཞེས་སོ། །ལྔ་པ་ཀུན་བཟང་ཡབ་ཡུམ་གྱི་ཕྱག་རྒྱ་ནི། ཀུན་བཟང་སོགས་རྐང་པ་ལྔ་སྟེ། བྱེད་པ་པོ་ཀུན་བཟང་ཕྱག་གཡས་པ་སྟེང་དུ་བཀོད་པའི་མཉམ་བཞག་ལས་ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བ། ཡུམ་བྱ་བ་མོ་དེ་ལས་འགྱུར་ཏེ་ཕྱག་གཡོན་སྟེང་དུ་བཀོད་པའི་མཉམ་བཞག་མཛད་ཅིང་། བཞུགས་ཚུལ་ཡང་ཡབ་རྫོགས་པ་རྡོར་སྐྱིལ་དང་། ཡུམ་པདྨོའི་སྐྱིལ་ཀྲུང་དུ་བཞུགས་པའོ། དེ་ལས་གཞན་ཡང་ཡུམ་གྱི་ཕྱག་རྒྱའི་བྱེ་བྲག་ནི་ཆོས་ཉིད་ཅིར་ཡང་མི་འགག་པས་གཅིག་ཏུ་མ་ངེས་པར་སྣ་ཚོགས་སུ་སྣང་སྟེ། དེའང་ཇི་ལྟར་ན་དེ་བཞིན་གཤེགས་པ་ཡབ་ཀུན་བཟང་ལྟར་ལས་མི་འགྱུར་བའི་མཉམ་ཉིད་དམ་ཡང་ན་རྡོ་རྗེ་ཐལ་མོ་ཐུགས་ཀར་སྦྱར་བ་ཉིད་དོ། །གསུམ་པ་ལྟ་བའི་ཕྱག་རྒྱ་ནི། ཕྱག་རྒྱ་ཆེན་པོའི་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་ཕུང་པོ་ལ་སོགས་པའི་རྟོག་པ་ཐམས་ཅད་ལྷ་ཡབ་ཡུམ་གྱི་ཕྱག་རྒྱ་ཆེན་པོའི་སྐུ་གསུང་ཐུགས་སུ་སྣང་བའི་ཚོགས་མཆོག་ནི། སྣང་ལ་མ་འགག་པར་གསལ་བ་ཐབས་དང་། དེ་ལ་འཛིན་པ་མེད་པས་ཤེས་རབ་སྟེ། དེ་ལྟར་ཐབས་ཤེས་གཉིས་སུ་མེད་པའི་དོན་ལ་བློ་འབྱོར་ཞིང་རྟོགས་པའི་ལྟ་བ་དང་ལྡན་པའི་རྣལ་འབྱོར་པ་ནི་ལུས་མ་བསྐྱོད་ཅིང་ཡན་ལག་མ་བསྒུལ་བ་སོགས་སྒོ་གསུམ་གྱི་བྱ་བ་ཅི་བྱས་ཀྱང་ཐམས་ཅད་ཀུན་ཡེ་ནས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་པ་ལས་མི་འདའ་བ་ནི་ལྟ་བའི་ཕྱག་རྒྱ་སྟེ། ཕྱག་རྒྱའི་ནང་ནས་མཆོག་ཏུ་གྱུར་པ་ཡིན་ནོ། །བཞི་པ་ཕྱག་རྒྱ་སྤྲོས་བཅས་ལ་གཉིས་ཏེ། སྣང་བ་རྣམ་འབྱེད་ལ་ཇི་ལྟར་བསླབ་པ་དང་། དེས་དོན་བྱེད་ཚུལ་ལོ། །དང་པོ་ལའང་གསུམ་སྟེ། སངས་རྒྱས་སྟོང་དང་། ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པའོ། །དང་པོ་ནི། ཡན་ལག་སོགས་རྐང་པ་གསུམ་སྟེ། ཡན་ལག་གི་ལྷ་བཞི་བཅུ་ཐམ་པ་རྩ་ལྷ་ཡབ་ཡུམ་གཉིས་ལ་ལྡན་པར་བསྒོམ་པ་སྟེ། དེ་ཡང་ཡབ་ཀྱི་རྟོག་པའི་གནས་སུ་ཡབ་བཅུ་བདུན་ཐུབ་དྲུག་དང་བཅས་པས་ཉེར་གསུམ། ཡུམ་གྱི་རྟོག་པའི་གནས་སུ་ཡུམ་བཅུ་བདུན་འགོད་དོ། །ཇི་ལྟར་ན་བདག་ཉིད་མི་བསྐྱོད་པའི་སྐུར་གསལ་བའི་སྤྱི་བོར་རྣམ་སྣང་། ལག་པ་གཉིས་ཀྱི་འདོམ་རྩ་གཡས་སུ་ཀུན་བཟང་། གཡོན་པ་རིན་འབྱུང་། རྐང་པ་གཉིས་ཀྱི་འདོམ་རྩ་གཡོན་ལ་མཐའ་ཡས། གཡས་ལ་དོན་གྲུབ། མིག་རྣ་བ་སྣ་ལྕེ་བཞིའི་གཡས་ཀྱི་ཆའི་རྩ་ལ་རིམ་པར་ས་སྙིང་། ཕྱག་རྡོར། ནམ་སྙིང་། སྤྱན་གཟིགས། གཡོན་གྱི་ཆའི་རྩ་ལ་བྱམས་པ། སྒྲིབ་སེལ། ཀུན་བཟང་། འཇམ་དཔལ། ལག་མཐིལ་གཡས་སུ་གཤིན་རྗེ་གཤེད། གཡོན་པར་སྟོབས་ཆེན། རྐང་མཐིལ་གཡོན་པར་རྟ་མགྲིན། གཡས་པར་བདུད་རྩི་འཁྱིལ་བ། མཚོག་མར་ལྷ། དཔུང་པའི་སྟ་ཟུར་ལ་ལྷ་མིན། སྙིང་གར་མི། ལྟེ་བར་བྱོལ་སོང་། མགྲིན་པར་ཡི་དྭགས། གསང་གནས་སུ་དམྱལ་བའི་ཐུབ་པ་རྣམས་འགོད་དེ། དེ་བཞིན་ཡུམ་དབྱིངས་ཕྱུག་མའི་ཡན་ལག་ལྔ་ལ་བཟང་མོ་སོགས་ཡུམ་ལྔ། མིག་སོགས་བཞིའི་གཡས་པར་སྒེག་སོགས་ཡུལ་གྱི་ལྷ་མོ་བཞི་དང་། གཡོན་པར་དྷཱུ་པེ་མ་སོགས་དུས་ཀྱི་ལྷ་མོ་བཞི། རྐང་ལག་གི་མཐིལ་རྣམས་སུ་སྒོ་མ་བཞི་རྣམས་གོ་རིམ་ཡབ་ལྟར་འགོད་པར་གསུངས་ལ། སྨན་ལུང་པ་ཆེན་པོས། སྤྱི་བོར་རྣམ་སྣང་། ལྐོག་མར་མཐའ་ཡས། ལྟེ་བར་རིན་འབྱུང་། གསང་བར་དོན་གྲུབ། ཐུགས་ཀར་ཀུན་བཟང་། མིག་སོགས་ནང་རྩ་ལས་སྙིང་སོགས་བཞི་དང་། མིག་གི་རྩའི་ཕྱི་རོལ་ལ་བྱམས་པ་སོགས་བཞི་དང་། སྒོ་བཞི་འགོད་ཚུལ་འདྲ་ཞིང་། ཐུབ་དྲུག་གཞན་འདྲ་བ་ལས་པུས་མོ་ལ་བྱོལ་སོང་ཐུབ་པ་བཀོད་པ་དང་། ཡུམ་ཡང་ཡབ་ཀྱིས་ཤེས་ཏེ་གསུངས་སོ། །དེ་ལྟར་ཡབ་ལ་ཡུམ་ཉིད་མ་གཏོགས་ལྷ་ཉི་ཤུ་རྩ་གསུམ་དང་། ཡུམ་གྱི་རྩ་ལྷ་བཅུ་བདུན་གཉིས་བསྡོམས་པས་ཡན་ལག་གི་ལྷ་བཞི་བཅུ་ནི་རགས་པ་དང་ཕྱིར་གནས་པའི་ཆ་ནས་ཐབས་ཀྱི་ལྷ་ཞེས་བྱའོ། །དེ་ལྟར་ཐབས་ལྷ་བཞི་བཅུ་པོ་དེ་རྣམས་སོ་སོའི་སྲོག་གི་གོར་རང་ཉིད་འདྲ་བའི་ཡན་ལག་གི་ལྷ་ཡེ་ཤེས་སེམས་དཔའ་རྒྱན་དང་ཆ་ལུགས་ཕྱག་མཚན་སྤང་བ་ཚོན་གང་བ་རེ་རེ་སྤྲོས་ཏེ་བསྒོམ་པ་ནི་ཕྲ་བ་དང་ནང་ན་གནས་པའི་ཆ་ནས་ཤེས་རབ་ཀྱི་ལྷ་བཞི་བཅུ་ཞེས་བྱའོ། །ཡན་ལག་གི་ལྷ་བཞི་བཅུ་ཐམ་པ་རྩ་ལྷ་གཉིས་ལ་བཀོད་པའི་ཐབས་ལྷ་བཞི་བཅུ་པོ་རེ་རེ་ལའང་སྐུ་གསུང་ཐུགས་བྱིན་རླབས་ཀྱི་ལྷ་གསུམ་གསུམ་འཕྲོ་བས་བརྒྱ་ཉི་ཤུར་འགྱུར་རོ། །ཐབས་ཀྱི་ལྷ་དང་བྱིན་རླབས་ཀྱི་ལྷ་བསྡོམས་པའི་བརྒྱ་དྲུག་ཅུ་པོ་རེ་རེ་ལའང་རང་རང་གི་རིགས་ཀྱི་བདག་པོའི་གཙོ་བྱས་པའི་དབུ་རྒྱན་གྱི་ལྷ་ལ་ལྔ་ལྔ་སྟེ་བརྒྱད་བརྒྱའོ། །མདོར་ན་ཐབས་ལྷ་བཞི་བཅུ། ཤེས་རབ་ཀྱི་ལྷ་བཞི་བཅུ། སྐུ་གསུང་ཐུགས་ཀྱི་ལྷ་བརྒྱ་ཉི་ཤུ། དབུ་རྒྱན་གྱི་ལྷ་བརྒྱད་བརྒྱ་སྟེ། ཀུན་དྲིལ་བས་རྩ་ལྷ་ཡབ་ཡུམ་གཉིས་ལ་ཡན་ལག་དང་ལྷག་པའི་ལྷ་སྟོང་བསྒོམ་པ་ནི་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་པའོ། །སྨན་ལུང་པ་དང་ཀཿཐོག་པ་ཆེན་པོས་བཞེད་པ་ནི། ཐབས་ཤེས་གཉིས་ལ་བཞི་བཅུ་བཞི་བཅུ་སྟེ་བརྒྱད་ཅུ་དང་། སྐུ་གསུང་ཐུགས་ཀྱི་ལྷ་བརྒྱ་དང་ཉི་ཤུ་སྟེ་ཉིས་བརྒྱ་པོ་ནི་གྲངས་ཀྱི་གཞི་ཡིན་ལ། དེ་དག་ལ་བདག་པོའི་ལྷ་དབུ་རྒྱན་ལྔ་ལྔ་བསྣན་པས་ལྔ་ཚན་ཉིས་བརྒྱ་ལ་སྟོང་ཡོད་དོ་གསུངས་སོ། །གཉིས་པ་ནི། དེ་ལྟར་ལྡན་པའི་སོགས་རྐང་པ་གསུམ་སྟེ། སངས་རྒྱས་སྟོང་གི་དཀྱིལ་འཁོར་དེ་དག་གང་ལ་ཇི་ལྟར་ལྡན་པའི་ལྷ་གཙོ་མཆོག་མི་བསྐྱོད་པ་ཡབ་ཡུམ་གྱིས་མཚོན་ཏེ་གཞན་རྣམས་ལ་རིགས་འགྲེ་ཤེས་པར་བྱ་ཞིང་། ཁྱད་པར་གང་རྩ་ལྷར་སོང་བའི་ཡབ་ཡུམ་གྱི་གནས་སུ་ཀུན་བཟང་ཡབ་ཡུམ་འགོད་པ་ནི་ཐམས་ཅད་ལ་འདྲའོ། །དེ་ལྟར་ངེས་པར་བྱས་ཏེ། རྒྱལ་བ་རིགས་བཞི་དང་རྒྱལ་མཆོག་ཀུན་བཟང་ཡབ་ཡུམ་སྟེ་ཟུང་ལྔ་ལའང་སྔར་བཀོད་པ་དེ་བཞིན་དུ་རྩིས་པས་སྟོང་ཚོ་ལྔ། སེམས་དཔའ་བརྒྱད་དང་སྒོ་སྐྱོང་བཞི་སྟེ་ཡབ་ཡུམ་ཟུང་བཅུ་གཉིས་ལ་སྟོང་ཚོ་བཅུ་གཉིས། ཐུབ་དྲུག་ལ་ཡུམ་མེད་པས་གཡས་ཀྱི་ཆ་ལ་ཡབ་ཉི་ཤུ་རྩ་གསུམ་དང་། གཡོན་གྱི་ཆ་ལ་ཡུམ་བཅུ་བདུན་པོ་རྣམས་རྐང་ལག་གི་ལྷ་གནས་དེ་དང་དེའི་རྩའི་མདུན་རྒྱབ་དང་། ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་རྣམས་དབང་རྩའི་ཕྱི་དང་ནང་དུ་འགོད་པའི་ངེས་པས་ཐུབ་དྲུག་རེ་རེ་ལའང་སྟོང་ཚང་བས་སྟོང་ཚོ་དྲུག་གོ། །དེ་ཡང་ཁ་ཅིག་གིས་གཙོ་བོ་ལྔའི་ཡུམ་དང་ཀུན་བཟང་གི་ཡུམ་དང་དྲུག་གཡར་ལ་བརྩི་ཟེར་རོ། །ཁ་ཅིག་རྟགས་ཀྱི་ཡུམ་གདན་པདྨ་ཡིན་པས་དེ་ལ་དགོད་ཟེར་བ་དང་། རྟོག་པའི་གནས་མལ་དུ་ཡབ་ཡུམ་འཁྲིལ་སྦྱོར་བསྒོམ་པ་བྱས་ཀྱང་ཆོག་གསུངས་སོ། །འོ་ན་ཡབ་ལ་བཀོད་དུས་སུ་ཐུབ་པ་རང་གི་བགྲང་ནས། ཡུམ་བཅོ་བརྒྱད་བཀོད་དུས་སུ་གང་མི་བགྲང་སྙམ་ན་ཀུན་ཏུ་བཟང་མོ་མི་བགྲང་ངོ་ཞེས་བླ་མ་གོང་མ་རྣམས་གསུངས་སོ། །དེ་དག་གི་སྟེང་དུ་གཙོ་བོ་མི་བསྐྱོད་པའི་སྟོང་ཚོ་གཅིག་སྟེ། མདོར་ན་སྟོང་ཚོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཀྱང་འོད་ཟེར་འཕྲོ་ཞིང་གཟི་བརྗིད་འབར་བར་བསྒོམ་པ་ནི་ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་ལ་བསླབ་པའོ། །གསུམ་པོ་ནི། དེ་ལ་སོགས་ཏེ་བསམ་མི་ཁྱབ། །ཅེས་ཏེ། དེ་ལ་སོགས་ཏེ་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ལས་སུ་རུང་བས་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་བསམ་གྱིས་མི་ཁྱབ་པར་གསལ་བ་ནི་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བསླབ་པའོ། །འདི་དག་ནི་ལམ་མཐར་ཆགས་པ་ཕྱག་རྒྱ་སྤྲོས་བཅས་ལ་སློབ་པའི་དབང་དུ་བྱས་པ་ཡིན་གྱི། ལམ་ཐོད་བརྒལ་བའི་རྟེན་གྱི་གང་ཟག་ཚོགས་སྒྲུབ་མི་དགོས་པར་མཐོང་ལམ་ལ་སྦྱོར་བའང་ཡོད་དོ། །ཡང་ཁ་ཅིག་ན་རེ། གོང་ནས། མ་བསྒུལ་མ་བསྐྱོད་ཐམས་ཅད་ཀུན། །ཞེས་པ་དང་། འོག་ནས། མདོར་ན་བསྒུལ་བསྐྱོད་ཐམས་ཅད་ཀུན། །ཞེས་པ་གཉིས་འགལ་ལོ་ཞེ་ན། སྐྱོན་མེད་དེ། གོང་མ་ནི་བློ་ཆེ་བ་ལ་ལྟ་བ་གཙོ་ཆེ་བའི་ངོས་ནས་སྨོས་པ་ཡིན་ལ་འོག་མ་ནི་བློ་ཆུང་བ་ལ་སྤྱོད་པ་གཙོ་ཆེ་བའི་ངོས་ནས་སྨོས་པ་ཡིན་ནོ་ཞེས་བླ་མ་རྣམས་ཀྱིས་གསུངས་སོ། །གཉིས་པ་དེས་དོན་བྱེད་ཚུལ་ནི། ཕྱོགས་བཅུ་སོགས་ཚིགས་བཅད་གཉིས་ཏེ། དོན་བྱ་བའི་ཡུལ་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ཞིང་ཁམས་བསམ་མཐའ་ཡས་པ་རྣམས་སུ་འདུལ་བྱེད་དཀྱིལ་འཁོར་དེ་ལྟར་སྤྲོས་པས་གདུལ་བྱ་འགྲོ་བའི་དོན་རྣམས་མོས་པ་བཞིན་དུ་འདུལ་ཐབས་སོ་སོར་སྟོན་ཅིང་རེ་བ་སྐོང་བར་བྱེད་དོ། །དེར་མ་ཟད་ཐེག་པ་མཐོ་བ་གསང་སྔགས་དང་དམན་པ་མཚན་ཉིད་ལ་སོགས་པའི་ཐེག་པ་ཐམས་ཅད་དང་། མུ་སྟེགས་བྱེད་ལ་སོགས་པ་ཕྱིན་ཅི་ལོག་ཏུ་འཛིན་པ་རྣམས་ལ་སོ་སོའི་བསམ་པ་མཐའ་ཡས་པ་དང་མཐུན་པར་དེ་དག་འདུལ་བའི་གཉེན་པོར་ཡང་། སོ་སོའི་སྟོན་པ་དང་ལྷ་དང་བདུད་དང་སྲིན་པོ་ལ་སོགས་པ་ཞི་བ་དང་ཁྲོ་བོའི་ཚོགས་ཆེན་པོ་ཐམས་ཅད་ལ་སོ་སོའི་བསམ་པ་དང་མཐུན་པར་བྱས་པའི་སྐུ་ཐ་དད་པ་ཀུན་ཏུ་སྣང་བས་གཅིག་ཏུ་མ་ངེས་ལ་དེ་དག་ཐམས་ཅད་ཀྱང་རྩོལ་བར་བྱེད་པ་མ་ཡིན་ཏེ། སྟོན་པ་རང་ལ་ཡོན་ཏན་ལྷུན་གྱིས་གྲུབ་པ་ཉིད་གདུལ་བྱའི་མོས་པ་བཞིན་དུས་དང་གནས་སྐབས་ཀུན་ཏུ་སྣང་ནས་དོན་བྱེད་པའི་ཕྱིར། དཔེར་ན་གར་གྱི་མཁན་པོ་ཉིད་དང་འདྲ་བར་ལུས་ལས་མ་གཡོས་པར་གར་གྱི་བཀོད་པ་སྣ་ཚོགས་སུ་སྟོན་པ་ལྟར་རོ། །ལྔ་པ་ཕྱག་རྒྱའི་རྣམ་གྲངས་བསྡུ་བ་ནི། མདོར་ན་ཕྱག་རྒྱ་སོགས་ཚིགས་བཅད་གཉིས་ཏེ། མདོར་ན་ལུས་དང་རྟོག་པའི་ཡན་ལག་གི་ཕྱག་རྒྱ་ཐམས་ཅད་ནི་རྣམ་པ་འདི་ཁོ་ནའོ་ཞེས་སམ་གྲངས་གཅིག་ཏུ་ངེས་ཞེས་བརྗོད་དུ་མེད་དེ། ཇི་ལྟར་ན། ལུས་ཀྱི་ཡན་ལག་གི་དབང་དུ་གཉིས་དང་གསུམ་གཅིག་ཏུ་བསྡོམས་ཏེ་ཡན་ལག་ལྔ་པོ་རེ་རེ་ལའང་རིགས་ལྔ་ཡབ་ཡུམ་བཅུ་བཅུར་རྣམ་པར་འཕྲོས་པས་ཕྱག་རྒྱ་ལྔ་བཅུའམ། རྟོག་པའི་ཡན་ལག་གི་དབང་དུ་ཐབས་ཤེས་གཉིས་ཀྱི་ལྷ་བརྒྱད་ཅུ་དང་། རྡོ་རྗེ་གསུམ་དུ་བྱིན་གྱིས་རློབ་པའི་ལྷ་བརྒྱ་ཉི་ཤུ་དང་། དེ་དག་ལས་ཀྱང་རྣམ་པར་འཕྲོ་བ་དབུ་རྒྱན་གྱི་ལྷ་བརྒྱད་བརྒྱ་སྟེ་སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་སོགས་པའོ། །དེ་བས་ན་ལུས་ཀྱི་ཡན་ལག་བསྐྱེད་པ་དང་། རྟོག་པའི་ཡན་ལག་སྤྲོ་བའང་དེ་བཞིན་ཉིད་ལས་མི་འདའ་བར་བསླབ་པར་བྱ་བ་སྟེ། དེ་དག་ཀྱང་མདོར་བསྡུ་ན་ཡན་ལག་བསྒུལ་ཞིང་ལུས་བསྐྱོད་པ་ཐམས་ཅད་ཀུན་རང་བཞིན་ཇི་ལྟ་བར་རྟོགས་གོམས་ཀྱིས་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་ངང་དུ་གནས་པ་ལས་མི་གཡོ་ཞིང་། དེ་ལྟར་གནས་པའི་དུས་ཉིད་ནའང་དེར་འཛིན་མེད་པའི་ཕྱིར་མི་གནས་པའང་མ་ཡིན་ལ། གནས་པའང་མིན་ཏེ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་དོ་ཞེས་དེ་སྐད་དུ་སྤྱོད་ཡུལ་ཡོངས་སུ་དག་པའི་རྒྱལ་མཆོག་སྟོན་པ་ཉིད་ཀྱིས་བཤད་ཅེས་སྡུད་པ་པོའི་ཚིག་གོ། །ཡང་ཁ་ཅིག་ན་རེ། དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །ཅེས་པས། འདི་སྟོན་པ་ཀུན་བཟང་གིས་གསུངས་པའི་རྒྱུད་མིན་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྡུད་པ་པོའི་ཚིག་ཡིན་པས་སོ། །གལ་ཏེ་སྐྱོན་དུ་འགྱུར་ན། འཕགས་པ་སྡུད་པ་ལས། དེ་དག་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་འདུག་པའི་ཕྱིར་དེ་བཞིན་གཤེགས་པའི་གསུངས་མིན་པར་འགྱུར་རོ་ཞེས་མགོ་བསྒྲེའོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་ཡོད་པ་ལས། འདིས་ལུས་དང་རྟོག་པའི་ཡན་ལག་ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་རང་བཞིན་ལྟ་བ་ཏིང་ངེ་འཛིན་གསུམ་གྱི་ཕྱག་རྒྱ་སྤྲོས་ནས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ༈ །།ད་ནི་ལེའུ་དགུ་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས། སྟོད་དུ་ལམ་དང་། སྨད་དུ་འབྲས་བུ་སྟོན། ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་དངོས་པོ་བཅུ་ཡོད་པ་ལས་དཀྱིལ་འཁོར་དང་དབང་དང་སྒྲུབ་པ་གསུམ་སྟོན། ཞོར་ལ་སྤྱོད་པ་དང་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་སྟོན། ཕྲིན་ལས་དང་ཏིང་ངེ་འཛིན་དང་ཕྱག་རྒྱ་ཟུར་ཙམ་སྟོན། ཐ་མའི་ཆོས་བཅུ་ལས་ལྡེམ་དགོངས་མན་ངག །མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དགྱེས་པ་ཞེས་པ་ནི་དགའ་བ་ཡིན་ལ། དེ་ལ་དབྱེ་ན་བཞི་སྟེ། དང་པོ་ཐུན་མོང་གི་དགའ་བ་ནི་འདོད་ཁམས་ལ་འདོད་ཆགས་ཀྱི་བདེ་བ་མྱོང་བ་དང་། གཉིས་པ་འཇིག་རྟེན་པའི་དགའ་བ་ནི་ཁམས་གོང་མ་གཉིས་ཀྱིས་བསམ་གཏན་གྱི་བདེ་བ་ལ་ལོངས་སྤྱོད་པ་དང་། གསུམ་པ་དགའ་བའི་དགའ་བ་ནི་ས་དང་པོ་བདེན་པ་མཐོང་བའི་དགའ་བ་སྟེ་ཟག་པ་མེད་པའི་བདེ་བ་ལ་ཉེ་བར་སྤྱོད་པ་དང་། བཞི་པ་བསམ་གྱིས་མི་ཁྱབ་པའི་བདེ་བའམ་དགྱེས་པ་ནི་ཆོས་ཐམས་ཅད་དབྱེར་མེད་བླང་དོར་དང་བྲལ་བ་ཟག་མེད་བདེ་བའི་ཡེ་ཤེས་ལ་དགྱེས་པར་ལོངས་སྤྱོད་པ་སྟེ། དེ་ཉིད་དགའ་བ་སྔ་མ་གསུམ་ལས་ཁྱད་པར་དུ་གྱུར་པས་ན་ཆེན་པོ་སྟེ། དེ་ལ་ལོངས་སྤྱོད་པའི་བདག་ཉིད་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གསང་བ་གསུམ་ཐོབ་པར་བྱེད་པའི་ཐབས་ལས་མི་འདའ་བའི་དམ་ཚིག་དཀྱིལ་འཁོར་དབང་སྒྲུབ་སྟེ་ལས་ཀྱི་རིམ་པ་གསུམ་དུ་བཀོད་ཅིང་། དེ་ཉིད་སྟོན་པའི་དགོངས་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་གཞུང་ལ་གསུམ་སྟེ། དཀྱིལ་འཁོར་དང་། དབང་དང་། བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། སྔོན་དུ་སློབ་དཔོན་གྱིས་བསྙེན་པ་བྱ་བ་དང་། དཀྱིལ་འཁོར་གྱི་ལས་རིམ་དངོས་སོ། །དང་པོ་ནི། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག །ཅེས་ཏེ། གཞན་དོན་ཉེ་བར་བྱེད་པའི་སློབ་དཔོན་གྱིས་ཡིད་དང་མཐུན་པའི་གནས་སུ་ཐོག་མར་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་ནས་ཡི་གེ་དང་ཕྱག་མཚན་དང་ལྷ་སྐུ་སྟེ་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་ཤིན་ཏུ་ཕྲ་བའི་ཏིང་ངེ་འཛིན་བསྒོམ་པའི་སྒོ་ནས་མཚན་དུས་གྲངས་གསུམ་གང་རུང་གི་བསྙེན་པ་རྫོགས་པར་བྱ་བ་སྟེ། འདི་ནི་གཞན་དོན་གཉེར་བ་སློབ་དཔོན་གྱིས་ངེས་པར་འདའ་མི་རུང་བའི་དམ་ཚིག་གི་མཆོག་སྟེ་གཙོ་བོ་ཡིན་པས་འབད་པར་བྱའོ། །གཉིས་པ་ལ་གཉིས་ཏེ། ཞི་བའི་དཀྱིལ་འཁོར་བསྟན་པ་དང་། དེས་ཁྲོ་བོ་དང་མཆོག་གི་དཀྱིལ་འཁོར་མཚོན་པར་བསྟན་པའོ། །དང་པོ་ལའང་། རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། །ཚོན་དང་བྲི་བ་རྣམ་པ་དང་། །རབ་གནས་སྦྱིན་སྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་དོན་བཅུ་ལས། དང་པོ་ལའང་གཉིས། ས་གཞི་མཉམ་པ་སྤྱིར་བཤད་པ་དང་། གོ་མ་ཡེ་བཏང་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཡང་ན་ས་གཞི་རབ་མཉམ་ལ། །ཞེས་ཏེ། སྐལ་ལྡན་གཞུག་བྱའི་དཀྱིལ་འཁོར་རྒྱུད་ཚོད་དང་སྦྱར་བ་བཞི་ལས། རང་བཞིན་ཡེ་ཤེས་དང་། ལྷག་པ་ཏིང་འཛིན་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་དུ་འཇུག་པར་མི་ནུས་པའི་གང་ཟག་རྣམས། དེ་ལས་གཞན་ཡང་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་བཞེངས་ཏེ་དེར་འཇུག་པའི་དབང་དུ་བྱས་ན། ཐོག་མར་ས་དང་སར་འཛིན་གྱི་རྟོག་པའི་དབྱིངས་སུ་མཉམ་པའི་ཕྱིར་དུ་ས་གཞི་སའི་ཆོ་གས་རབ་ཏུ་མཉམ་པར་བྱ་སྟེ། དེ་ལྟར་ཡང་རྡོ་རྗེ་ལས་རིམ་ལས། གཞི་དང་རང་མཚན་བསླང་དབང་དང་། །སྦྱང་བྱིན་བསྲུང་དང་བཟུང་བ་ནི། །དང་པོའི་ཉིང་ལག་ཉིད་དུ་བཤད། །ཅེས་དོན་བརྒྱད་ཀྱིས་སྟོན་པ་རྣམས་གཞན་དུ་ཤེས་པར་བྱའོ། །དེ་དག་ནུབ་དང་པོའི་བྱ་བའོ། །གཉིས་པ་ནི། འབྲུ་ལྔ་སོགས་རྐང་པ་གསུམ་སྟེ། ཕུང་པོ་ལྔ་སྐུ་ལྔར་དག་བྱེད་འབྲུ་ལྔ་སྟེ། ནས། སྲན་མ། གྲོ། འབྲས། ཏིལ་དཀར་པོའོ། །དབང་པོ་ལྔ་ཕྲིན་ལས་ལྔར་དག་བྱེད་སྤོས་ལྔ་སྟེ། གུར་གུམ། གླ་རྩི། ཙནྡན་དཀར་དམར་གཉིས། ཛ་ཏིའོ། །ཡུལ་ལྔ་ཡོན་ཏན་ལྔར་དག་བྱེད་རིན་ཆེན་ལྔ་སྟེ། བྱེ་རུ། མུ་ཏིག །གསེར། དངུལ། རིན་པོ་ཆེ་དང་པོ་དུང་དང་ལྔའོ། །རྣམ་ཤེས་ལྔ་ཡེ་ཤེས་ལྔར་དག་བྱེད་སྙིང་པོ་ལྔ་སྟེ། ཆུའི་སྙིང་པོ་ལན་ཚྭ། མེ་ཏོག་གི་སྙིང་པོ་སྦྲང་རྩི། ཤིང་ཏོག་གི་སྙིང་པོ་བུ་རམ། རྩི་ཐོག་གི་སྙིང་པོ་མར། འབྲུའི་སྙིང་པོ་ཨ་འབྲས་དང་ལྔའོ། །འདོད་ཡོན་ལྔ་གསང་ལྔར་དག་བྱེད་སྨན་ལྔ་སྟེ། སྟག་ཚེར། སེང་ཚེར། ཤུ་དག །དབང་པོ་ལག་པ། སླེ་ཏྲེའོ། །ཁམས་ལྔ་རིགས་ལྔར་དག་བྱེད་བདུད་རྩི་ལྔ་སྟེ། བྱང་སེམས་དཀར་དམར། དྲི་ཆུ། དྲི་ཆེན། ཤ་ཆེན་དང་ལྔའོ། །དེ་ལྟར་རྫས་སུམ་ཅུ་པོ་དེ་དག་ཆ་རབ་ཏུ་མཉམ་པའི་ལྡེ་གུས་དཀྱིལ་འཁོར་གྱི་གཞི་ལ་སྲབ་འཐུག་གླང་ཀོ་ཙམ་དུ་བྱུགས་ལ་གོ་མ་ཡེ་བཏང་བར་བྱ་སྟེ། འདི་རྣམས་གཞུང་གི་འགྲོས་ལྟར་ཐིག་གི་ཁོངས་སུ་བསྡུས་ནའང་རྡོ་རྗེ་ལས་རིམ་ལྟར་འདིར་ལས་དང་བྱ་བས་སྦྱང་བའི་ཁོངས་སུ་སྡེབས་ཤིང་། དཀྱིལ་འཁོར་ཁང་པ་རྙིང་པ་ལྟ་བུ་ལ་ཐིག་དང་སྦྲེལ་ཀྱང་ལེགས་པར་འགྱུར་རོ། །གཉིས་པ་ཚད་ལ་གཉིས་ལས། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ཚད་ནི། དཀྱིལ་འཁོར་ཁྲུ་གང་སོགས་རྐང་པ་གསུམ་དང་། ཡང་ན་ཁྲུ་ནི་སོགས་རྐང་པ་གཉིས་ཏེ། དེ་ཡང་གནས་ཁང་དོག་ཅིང་སློབ་མ་འབྱོར་པ་ཆུང་ན་དཀྱིལ་འཁོར་བསྡུས་པའི་ཚད་གཉིས་ཏེ། དཀྱིལ་འཁོར་ལོགས་རེ་ལ་ཁྲུ་གང་ཡོད་པའི་ཚད་དུ་བྱ་བའམ་ཡང་ན་ལུས་གང་གི་ཚད་དུ་བྱ་བ་སྟེ་དཀྱིལ་འཁོར་གྱི་ལོགས་རེ་རེ་ལ་ཁྲུ་བཞི་ཡོད་པའོ། །ཡང་དཀྱིལ་འཁོར་འབྲིང་པོའི་ཚད་དུ་བྱས་ན། དཀྱིལ་འཁོར་ལོགས་རེ་ལ་ཁྲུ་བཅུ་གཉིས་རེ་སྟེ་ལུས་ནི་གསུམ་གྱི་ཚད་དུ་བྱའོ། །ཡང་དེ་བས་ཆེ་བ་བྱས་ན་ལོགས་རེ་ལ་ཁྲུ་ནི་བཅུ་དྲུག་དང་ལྡན་པ་སྟེ་ལུས་བཞིའི་ཚད་དུ་བྱའོ། །ཡང་དཀྱིལ་འཁོར་རབ་ཀྱི་ཚད་དུ་བྱས་ན། རྒྱས་པའི་དཀྱིལ་འཁོར་ལོགས་རེ་ལ་ཁྲུ་ཉི་ཤུའོ། །ཡང་དེ་བས་ཆེ་བ་བྱེད་ན་ལོགས་རེ་ལ་ཁྲུ་ཉི་ཤུ་རྩ་ལྔའོ། །དེ་ནས་མཆོག་གི་དཀྱིལ་འཁོར་ལྷག་པ་ཏིང་ངེ་འ ཛིན་གྱི་ཚད་ནི། ཡང་ན་རྒྱང་གྲགས་སོགས་རྐང་པ་གསུམ་སྟེ། དེ་ཡང་རྣལ་འབྱོར་པ་ཏིང་ངེ་འཛིན་རྩལ་ཞན་པ་དང་། འབྲིང་དང་། རབ་གསུམ་གྱི་དགོངས་པའི་ཁྱད་པར་ལས་ཆུང་འབྲིང་ཆེ་གསུམ་སྟེ། བྲིས་དཀྱིལ་ལས་གཞན་ཡང་ན་རྒྱང་གྲགས་ཞེས་པས་གཞུ་འདོམས་ལྔ་བརྒྱ་ནི་རྒྱང་གྲགས་ཀྱི་ཚད་ཡིན་པས་རྣལ་འབྱོར་པ་ཏིང་ངེ་འཛིན་རྩལ་ཞན་པས་དེ་ཙམ་དུ་བསྒོམ་མོ། ། རྒྱང་གྲགས་བརྒྱད་ནི་དཔག་ཚད་ཀྱི་ཚད་དེ་ཏིང་ངེ་འཛིན་རྩལ་འབྲིང་ན་དེ་ཚོད་དམ། ཏིང་ངེ་འཛིན་རྩལ་རབ་ཀྱིས་ནམ་མཁའི་དབྱིངས་སུ་ནི་བློས་བསམ་ཡས་པ་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར་སངས་རྒྱས་སྟོང་དང་ཉི་ཁྲི་བཞི་སྟོང་དང་བསམ་ཡས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་སོགས་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་བསྒོམ་པའོ། །དེ་ལྟར་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་ལ་ཚད་གཉིས་གཉིས་སུ་བྱུང་བ་ནི་གནས་ཁང་ཡང་དོག་དང་། སློབ་དཔོན་ཕྱག་བཟོ་མི་བཟོ་དང་། སློབ་བུ་གང་ལ་མོས་མི་མོས་དང་། འབྱོར་པ་ཆེ་ཆུང་གི་བྱེ་བྲག་དབང་གིས་ཇི་ལྟར་རིགས་པར་བྱ་བའི་ཚད་ཡིན་ལ། ལྷག་པ་ཏིང་ངེ་འཛིན་ནམ་མཆོག་གི་དཀྱིལ་འཁོར་དངོས་སུ་སྤྲུལ་ནས་སྟོན་པ་ལ་ཚད་གསུམ་དུ་བྱུང་བ་ནི། སློབ་དཔོན་དགོངས་པ་ཟབ་མི་ཟབ་དང་། སློབ་བུ་ལས་དག་ཚབས་ཆེ་ཆུང་གི་དབང་གིས་བྱུང་བ་ཡིན་ལ། དེ་ཡང་སློབ་དཔོན་མཐར་ཐུག་གི་འབྲས་བུ་ལ་ཉེ་བ་རིག་འཛིན་གྱི་ས་ལ་གནས་པས། སློབ་མ་དྲོད་ཐོབ་པའི་གང་ཟག་ལ་དབང་བསྐུར་བའི་ཚེ། ཕྱི་རོལ་དུ་ཐིག་བཏབ་པ་ཙམ་གྱིས་རྒྱང་གྲགས་སམ་དཔག་ཚད་ལ་སོགས་པའི་དཀྱིལ་འཁོར་དུ་གསལ་བ་སྟེ། སྔོན་བྱུང་དུ་སངས་རྒྱས་གསང་བས་མཚོ་མ་ཕམ་ལ་ཐིག་བཏབ་ནས་མཉྫུ་ཤྲཱི་ལ་སོགས་པར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དངོས་སུ་བསྟན་ནས་དབང་བསྐུར་བ་ལྟ་བུའམ། ཡང་ན་དེ་བས་ཀྱང་ཏིང་ངེ་འཛིན་སྟོབས་ཆེ་བ་མཐར་ཐུག་ལ་ཉེ་བ་ལྷུན་གྲུབ་རིག་འཛིན་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱིས། སློབ་བུ་ལས་དག་པ་ཚེ་དབང་རིག་འཛིན་མཐོང་ལམ་པ་ལ་དབང་བསྐུར་བའི་ཚེ། སློབ་དཔོན་པདྨས་སྟག་ཚང་དུ་མཁར་ཆེན་བཟའ་ལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པར་བསྟན་ནས་དབང་བསྐུར་བ་ལྟ་བུའོ། །འོ་ན་ལྷག་པ་གཟུགས་བརྙན་གྱི་སྐབས་སུ་ལྷག་ཏིང་གི་དཀྱིལ་འཁོར་གྱི་ཚད་སྨོས་པས་སྐབས་འཆོལ་བའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱིས་མཚོན་ནས་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པས་རང་བཞིན་འབྲས་བུ་མཐར་ཕྱིན་གྱི་དཀྱིལ་འཁོར་མངོན་དུ་བྱེད་པ་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་ཚད་ཀུན་ཐུན་མོང་དུ་སྨོས་པས་མི་འགལ་ལོ། །གསུམ་པ་ཐིག་ནི། རིག་པས་ཐིག་ནི་གདབ་པར་བྱ། །ཞེས་དང་། ཕུར་བུ་སོགས་ཚིགས་བཅད་གཅིག་སྟེ། དེ་ནས་རྣལ་འབྱོར་པ་རིག་པ་མ་ཡེངས་པས་ཐིག་ནི་རིམ་པ་བཞིན་དུ་གདབ་པར་བྱ་སྟེ། འདི་ལའང་ནང་གསེས་སུ་དོན་བདུན་ལས། དང་པོ་རྒྱུ་ནི། སྤྱིར་གྱི་ཐིག་ནི་མི་འགྱུར་བའི་དོན་ཏེ། དེའི་རྒྱུར་འགྱིང་ཕུར་དང་སྐོར་བའི་ཕུར་བུ་གཉིས་སྟ་གོན་བྱ་ཞིང་། སྲད་བུ་ནི་ཐིག་སྐུད་དོ། །དམ་ཚིག་གི་ཐིག་སྐུད་ཀྱི་རྒྱུ་རས་བལ་འཇམ་པོ་དང་། ཡེ་ཤེས་ཀྱི་ཐིག་སྐུད་ཀྱི་རྒྱུ་པདྨའི་རྒྱུས་པ་ལ་ཁ་དོག་བསྒྱུར་བའོ། །གཉིས་པ་འཁལ་བའི་གྲོགས་ནི། དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་ཆས་བརྒྱད་དེ་བཅུ་གསུམ་གྱིས་མཛེས་པར་བརྒྱན་པའི་གཞོན་ནུ་མ་ལོ་བཅུ་དྲུག་ལོན་ཞིང་མཚན་དང་ལྡན་པ་ཡིད་དུ་འོང་བའི་གྲོགས་མོས་འཁེལ་ལོ། །གསུམ་པ་ཚད་ནི། ཐིག་སྐུད་རིང་ཐུང་དཀྱིལ་འཁོར་ཆེ་ཆུང་གི་ཚད་གང་ཡིན་དང་སྦྱར་བའི་ཉིས་འགྱུར་དང་། སྦོམ་ཕྲ་ནི་སྒོའི་ཉི་ཤུའི་ཆའི་ཚད་དང་ལྡན་པའོ། །བཞི་པ་ཐིག་སྐུད་ཀྱི་གྲངས་ནི། ཡེ་ཤེས་ཀྱི་ཐིག་སྐུད་སྔོ་དཀར་སེར་དམར་ལྗང་བའི་ཚོན་གྱི་ཁ་དོག་གིས་ཕྱེ་བའི་ལྔ་བསྒྲིལ་ལམ་ཉི་ཤུ་རྩ་ལྔ་བསྒྲིལ་བ་དང་། དམ་ཚིག་གི་ཐིག་སྐུད་དཀར་དམར་སྔོ་གསུམ་གྱིས་ཕྱེ་བའི་གསུམ་མམ་དགུ་བསྒྲིལ་བྱའོ། །ལྔ་པ་རབ་གནས་ནི། ཡེ་ཤེས་ཀྱི་ཐིག་སྐུད་ཡེ་ཤེས་ལྔར་རློབ་པ་དང་། དམ་ཚིག་གི་ཐིག་སྐུ་སྐུ་གསུང་ཐུགས་སུ་རློབ་པའི་ཆོ་ག་རིགས་མཐུན་གྱི་ཡིག་འབྲུ་བསྐྱེད་པ་ལ་མཁའ་ཁྱབ་ཀྱི་རྒྱལ་བ་རྣམས་སྦྱོར་བའི་བྱིན་བསྡུ་ཞིང་བསྟིམས་པ་ལ་སོགས་ཕུན་སུམ་ཚོགས་པར་བྱའོ། །དྲུག་པ་གདབ་པའི་ཐབས་ནི། ཐིག་གཡོག་རིག་མ་དངོས་སམ་དེར་མཚོན་པ་ལ་ཐིག་སྣ་གཏད་དེ་ཡབ་ཡུམ་ལྷར་གསལ་བར་བྱས་པས་དམ་ཚིག་གི་ཐིག་སྐུད་སྐུ་གསུང་ཐུགས་ཀྱི་རང་བཞིན་ཅན་དུ་བཏབ་པའི་སྟེང་དུ་ཡེ་ཤེས་ཀྱི་ཐིག་ནི་ནམ་མཁའ་ལ་བཏབ་པས་སྐུ་གསུང་ཐུགས་རེ་རེའང་ཡེ་ཤེས་ལྔ་ལྔའི་རང་བཞིན་དུ་རྒྱས་གདབ་པར་བྱའོ། །བདུན་པ་ཉེས་པ་སྤང་བ་ནི། དཀྱིལ་འཁོར་གྱི་ལས་ལ་མཁས་པས་ལག་ལེན་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཆེན་པོས་རིག་པ་མ་ཡེངས་པར་བསྒྲིམས་ཏེ་ཐིག་སྐུད་མ་ཆད་ཅིང་ཐིག་སྣ་མ་ཤོར་བ་སོགས་ཉེས་པ་སྤངས་ནས་ལེགས་པར་གདབ་ཅིང་། གལ་ཏེ་འགོམ་དགོས་ན་ཧྲཱིཿའི་སྒྲ་དང་འདེགས་པའི་རྒྱས་ཐིག་མཁའ་ལ་བཏེགས་པའི་འོག་ཏུ་འཛུལ་ནས་ལས་བྱའོ། །བཞི་པ་ཚོན་ནི། རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །ཞེས་དང་། མ་མཐོང་སོགས་ཚིགས་བཅད་གཅིག་སྟེ། ཆོས་རྣམས་རང་བཞིན་གྱི་དཀྱིལ་འཁོར་ལྔ་རྣམས་བསྒོམས་ནས་བྱིན་གྱིས་བརླབས་པའི་ཚོན་དེ་ལའང་དོན་དྲུག་ལས། དགོས་ཆེད་ནི། ཡེ་ཤེས་ལྔས་འགྲོ་བ་ཀུན་ལ་རང་ཆས་སུ་ཁྱབ་ཀྱང་དེའི་དོན་མ་མཐོང་བའི་རྨོངས་པ་རྣམས་ལ་རང་གནས་ཀྱི་ཡེ་ཤེས་ལྔ་བསྟན་པར་བྱ་བའི་ཕྱིར་ཚོན་ཁ་དོག་སོ་སོར་དབྱེ་བའོ། །རྒྱུ་ནི། འབྱོར་པ་རབ་ཀྱིས་ཨིནྡྲ་ནཱི་ལ། ཟླ་འོད། པདྨ་རཱ་ག །བྱེ་རུ། མརྒད་དེ་རིན་ཆེན་སྣ་ལྔ་དང་། འབྲིང་གིས་འབྲས་བུའམ་སྨན་ཁ་དོག་བསྒྱུར་བ་དང་། ཐ་མས་ས་ཚོན་ཁ་དོག་ལྔ་ལ་བྱ་སྟེ། གྲངས་ནི། རྒྱས་པར་ཉི་ཤུ་རྩ་ལྔའམ། བསྡུས་པར་ཁ་དོག་ལྔ་པའི་ཚོན་གྱིས་ཀྱང་རུང་ངོ་། །འདི་རྣམས་ཡེ་ཤེས་དང་རིགས་ཀྱི་དབྱེ་བ་ལས་འཕྲོས་པའོ། །རབ་གནས་ནི། ཚོན་རྣམས་སྣོད་གཙང་མར་བླུག་ནས་ཡིག་འབྲུ་བྲིས་ཏེ་ཕྱོགས་མ་འཁྲུལ་བར་བཀོད། རིགས་ཀྱི་དཀྱིལ་འཁོར་ཡབ་ཡུམ་ཆ་ལྔའམ་རྒྱས་པར་རིགས་ཆུང་ཡབ་ཡུམ་དང་བཅས་ཏེ་ལྷ་ལྔ་བཅུ་རྣམས་བསྒོམས་པ་ཞུ་བ་ལས་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་པའོ། །ཚོན་དགྱེ་ལུགས་ནི། ཐོག་མར་ཚོན་པྲ་བརྟག་པའི་ཆེད་དུ་རྡོ་རྗེ་རྒྱལ་པོ་ཁ་ཤར་དུ་ཕྱོགས་པའི་ཁུ་ཚུར་གཡོན་གྱིས་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་པཉྩ་རེ་ཁཱའི་སར་མཛུབ་གང་བའི་པཉྩ་རེ་ཁཱ་བྲི་བར་བྱ་ཞིང་། དེ་ལ་ཀ་པཱ་ལ་མཚན་ལྡན་བཀབ་སྟེ་ཚོན་པྲ་བརྟག་པར་བྱའོ། །དེ་ནས་སློབ་བུ་རྣམས་རྒྱས་འབྲིང་བསྡུས་གསུམ་གང་གིས་འདུལ་བའི་ཆོ་ག་བཞིན་དུ་རྡུལ་ཚོན་བཀྱེ་བར་བྱ་སྟེ་བག་དང་ལྡན་པས་སོ། །ཉེས་པ་སྤང་པ་ནི། དེ་ཡང་ཚུལ་བཞིན་དུ་མ་བྲིས་ན་ཉེས་དམིགས་ནི་སྤྱིར་ཐིག་གི་སྐབས་དང་ཡང་རྗེས་སུ་མཐུན་པ་ལས། ཁྱད་པར་དུ་ཚོན་རྩ་སྲབ་ན་དབུལ་པོར་འགྱུར། འཐུག་ན་མཛེ་འབྱུང་། ཚོན་ཐལ་ཤོར་ན་ནད་རིམ་འབྱུང་གསུངས་པས་དེ་བསལ་བའི་ཆོ་ག་བཞིན་དུ་བསལ་བར་མ་བྱས་ན་བར་ཆད་འབྱུང་བར་འགྱུར་རོ། །ལྔ་པ་དཀྱིལ་འཁོར་བྲི་བ་ནི། ལྟེ་བ་རྩིབས་དང་སོགས་ཚིགས་བཅད་གཅིག་སྟེ། དབུས་ཀྱི་ལྟེ་བ་ཟླུམ་པོའི་མཐར་འཁོར་ལོ་རྩིབས་བཞི་རྩིབས་རྟེན་མུ་ཁྱུད་དང་ལྡན་པའི་ཕྱི་རོལ་དུ་གྲུ་ཆད་བཞི་དང་། དབྱིབས་གྲུ་བཞིའི་རྣམ་པར་སྒོ་བཞི་སྒོ་ཁྱུད་ཅན་རྟ་བབ་བརྒྱད་པ། ཕྱི་རོལ་དུ་པད་རྡོར་མེ་རིའི་ཁོར་ཡུག་དང་ལྡན་པར་བྱ་བ་ནི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་གསུམ་གའི་ཐུན་མོང་བ་སྟེ། ཁྱད་པར་རྒྱས་པ་ལྟར་ན་དབུས་ཀྱི་དཀྱིལ་འཁོར་རྩིབས་བཞི་ལྟེ་བ་དང་བཅས་པའི་རྩིབས་ཆེན་རེ་རེའི་སྟེང་དུ་རྩིབས་ཆུང་གི་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་ཟླུམ་པོ་མུ་ཁྱུད་དང་བཅས་པ་རེ་བྲི་བར་བྱའོ། །རྒྱས་འབྲིང་གཉིས་ལ་གྲུ་ཆད་ཀྱི་ཕྱིར་བར་ཁྱམས་དང་ལྡན་པ་བྲི་ཞིང་། འབྲིང་བསྡུས་གཉིས་ལ་འཁོར་ལོ་རྩིབས་བཞི་དབུས་ཀྱི་ལྟེ་བ་མུ་ཁྱུད་ཟླུམ་པོ་དང་བཅས་པ། ཁྱད་པར་དུ་བསྡུས་པ་ལ་ཁྱམས་མེད་པའི་ཕྱིར་གྲུ་ཆད་ལ་སྒོ་དོད་པའི་རྣམ་པ་ཅན་ནོ། །དྲུག་པ་རྣམ་པ་འགོད་པ་ནི། སྐུ་གསུང་ཐུགས་སོགས་ཏེ། དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་རྟེན་བྲིས་འབུར་རམ། མེད་ན་ཚོན་གྱིས་བྲི་བའི་རྗེས་འབྲེལ་དུ་སྐུའི་གཟུགས་བརྙན་དང་། གསུང་ས་བོན་དང་། ཐུགས་ཕྱག་མཚན་ནམ་རང་མདོག་དང་མཚུངས་པའི་ཐིག་ལེ་བྲི་བ་སོགས་མཚན་མ་གསུམ་གང་རུང་དང་ལྡན་པའི་གཟུགས་ཀྱི་རྣམ་པའང་ཅི་ནུས་འགོད་པར་བྱའོ། །བདུན་པ་རབ་གནས་ལ་གཉིས་ཏེ། སྤྱི་དོན་དང་། གཞུང་དོན་ནོ། །དང་པོ་ལ་ནུབ་གཉིས་པའི་ལས་རིམ་གཞུང་བཤད་ཀྱི་དབང་དུ་འབྲེལ་བསྡེབས་ནས་འདིར་བཤད་པ་དང་། སྐབས་ཐོབ་ཀྱི་ལས་རིམ་དཀྱིལ་འཁོར་རབ་གནས་ཀྱི་སྤྱི་བཤད་རྣམས་གསང་བདག་དགོངས་རྒྱན་ལས་ཤེས་པར་བྱའོ། །གཉིས་པ་གཞུང་དོན་ལ་དྲུག་སྟེ། ཡོ་བྱད་དགྲམ་པ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་སྦྱང་བ། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྐྱེད་པ། དེ་ལྟར་སྦྱངས་ཤིང་བསྐྱེད་པའི་ཡོན་ཏན། ཡེ་ཤེས་པ་དྲང་ཞིང་གཞུག་པ། མཆོད་པ་འབུལ་བའོ། །དང་པོ་ནི། བཅོས་བུ་སོགས་རྐང་པ་གཉིས་ཏེ། ཁ་དོག་སྣ་ཚོགས་པའི་རས་ལས་དབྱིབས་ནི་བླ་བྲེ་འཕན་གདུགས་ལྡ་ལྡི་སོགས་སྣ་ཚོགས་པ་དང་། རིན་པོ་ཆེའི་རྒྱན་ཕྲེང་དང་། བཏུང་བ་དང་བཟའ་བ་བྲོ་མཆོག་ལྡན་པས་ཀྱང་ཡོངས་སུ་བསྐོར་ཞིང་། གཞན་ཡང་དཀྱིལ་འཁོར་གྱི་རྒྱན་མདའ་བཞི་དར་སྣ་བཞི་ལ་སོགས་པ་དང་། མེ་ལོང་། ཁྲུས་རས། ཆུ་བདུན། དབང་པོའི་སྐྱོན་བསལ་དང་། སྐུ་དང་རྒྱན་ཆས་ཀྱི་མངའ་གསོལ་གྱི་ཆས། ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད་དང་བཅས་པ་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པར་བྱའོ། །གཉིས་པ་ནི། ལུས་ངག་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་སྔོན་འགྲོ་ནས་བརྩམས་ཏེ་འདོད་དོན་གསོལ་བ་ཡན་ཆད་ཀྱི་ཞི་བའི་གཞུང་བསྲང་ཞིང་། སྐུ་ཙཀླི། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གང་ཡིན་གྱི་ཕྱག་རྒྱ་དཀྱིལ་འཁོར་ལ་བཀོད་པ་རྣམས་དང་། རྣལ་འབྱོར་པ་རང་གི་ལུས་ངག་སེམས་དང་འཁོར་འདས་ཕྱི་ནང་གི་ཆོས་ཐམས་ཅད་ཡེ་ཤེས་ཀྱི་རང་སྣང་ལས་གཞན་གང་ནའང་མི་གནས་ཤིང་ཅིར་ཡང་མི་དམིགས་པའི་ངང་ལས་མེད་བཞིན་དུ་རང་སྣང་བ་མིག་ཡོར་ལྟ་བུའི་ཚུལ་དུ་མཉམ་པར་སྦྱོར་བས་ཡུལ་ཆོས་ཉིད་ནམ་མཁའ་ལྟ་བུ་ལ་ཡུལ་ཅན་རིག་པ་ནི་རོ་གཅིག་ཏུ་འདྲེས་པས་ཡུལ་མེད་རང་གསལ་ནམ་མཁའ་ལྟར་བསྒོམ་ཞིང་ཤཱུ་ནྱ་ཏཱའི་སྔགས་ཀྱིས་ང་རྒྱལ་བྱའོ། །གསུམ་པ་ནི། ཏིང་འཛིན་རོལ་མོ་སོགས་རྐང་པ་ལྔ་སྟེ། སྟོང་ཉིད་སྤྲོས་བྲལ་གྱི་ངང་ལས་ཏིང་འཛིན་གྱི་རྩལ་ཅིར་ཡང་མ་འགགས་པའི་རོལ་མོ་མཐའ་ཡས་མཆོག་དང་ལྡན་པས། རང་གི་ཐུགས་ཀ་ནས་སྤྲོས་པའི་ས་བོན་ལས་འབྱུང་ལྔ་རིམ་བརྩེགས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། དེར་གཟུགས་སྐུ་རྣམས་སྟོང་ཉིད་ཡེ་ཤེས་སུ་གསལ་བ་ལ་བདག་ཉིད་ལྷ་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཋ་ཊ་སོགས་གསུངས་ཡི་གེའི་འཁོར་ལོའམ། ཧཱུཾ་མཱུཾ་སོགས་སྙིང་པོའི་རྣམ་པར་བཏོན་པ་ལས་སྐད་ཅིག་གིས་བསྐྱེད་པའམ། ཡང་ན་ཡི་གེའམ་ས་བོན་ལས་འོད་ཟེར་སྤྲོ་བསྡུ་བྱའམ་མ་བྱས་ཀྱང་རུང་སྟེ་ཕྱག་རྒྱ་ཕྲ་བ་ཕྱག་མཚན་ལས་རགས་པ་སྐུ་ཡོངས་སུ་རྫོགས་པ་ཆོ་ག་གསུམ་གྱི་ལྷ་དམ་ཚིག་པ་བསྐྱེད་པ་དེའི་གནས་གསུམ་དུ་སྐུ་གསུང་ཐུགས་གསུམ་གྱི་ལྷ་དང་ལྡན་པར་བསྐྱེད་ཅིང་བྱིན་གྱིས་བརླབས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་བརྟན་པར་བཞུགས་སུ་གསོལ་བ་ཡང་ནས་ཡང་དུ་བྱས་ན་དངོས་གྲུབ་ཡ་མཚན་ཅན་ཐུན་མོང་དང་རྨད་པོ་ཆེ་མཆོག་འགྲུབ་པར་འགྱུར་བ་ནི་སངས་རྒྱས་ཀུན་གྱི་དམ་ཚིག་སྟེ་ནམ་དུའང་དེ་ལས་མི་འདའ་བར་སྟོན་པའི་ཕྱིར་རོ། །བཞི་པ་ནི། ས་ལ་སོགས་ལས་སོགས་ཚིགས་བཅད་གཅིག་སྟེ། ས་ལ་སོགས་ཏེ་འཇིམ་པ་ལ་དེ་ལྟར་བྱས་པ་དང་། གསེར་དངུལ་རག་གན་ཟངས་ལ་ལུགས་སུ་བླུགས་པའམ། རྭ་ཤིང་རྡོ་ལ་སོགས་པར་རྐོས་སུ་བརྐོས་སམ། དར་རས་གྲོ་ཤོག་ཤིང་ཤུན་ལ་སོགས་པ་ལ་རིས་སུ་བྲིས་པ་སྟེ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་དབྱིབས་སུ་བྱས་ཤིང་མཆོད་པ་དང་བསྟོད་པ་བྱས་པ་ཙམ་གྱིས་ཀྱང་རྒྱུ་འབྱོར་པ་ཆེ་ཆུང་དང་སེམས་དག་ཚབས་ཆེ་ཆུང་གི་དབང་གིས་འཁོར་བའི་སྡུག་བསྔལ་ལས་རྣམ་གྲོལ་གྱི་རིམ་པ་གནས་སྐབས་ཀྱི་འབྲས་བུ་མཐོ་རིས་དང་། མཐར་ཐུག་གི་འབྲས་བུ་ཐར་པ་ཐོབ་པར་འགྱུར་ན་གཟུང་འཛིན་དག་པའི་ཡེ་ཤེས་སྟོང་པ་ཉིད་ཀྱིས་སྦྱངས་ཤིང་། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྷར་བསྐྱེད་པས་འདོད་པའི་འབྲས་བུ་འཐོབ་པ་སྨོས་ཅི་དགོས་ཏེ། སེམས་ཀྱི་དེ་ཁོ་ན་ཉིད་ཡེ་ནས་ལྷ་ཡིན་པ་ལས་གཞན་པའི་ལྷ་སྐུ་བཙལ་དུ་མེད་པའི་ཕྱིར་རོ། །ལྔ་པ་ནི། ཕྱོགས་དུས་སོགས་ཚིགས་བཅད་གཉིས་ཏེ། དེ་ཡང་གང་སྤྱན་དྲང་ན། ཕྱོགས་བཅུ་དུས་བཞིས་བསྡུས་པའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི་བདག་ཉིད་ཆེན་པོ་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་དེའོ། །གང་ལས་དྲང་ན། སེམས་ཉིད་དེའི་ངོ་བོ་ཉིད་ནི་ཅིར་ཡང་མི་དམིགས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངང་ལ་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དེ་ལས་སོ། །མང་ཉུང་གི་ཚད་ཇི་ཙམ་དྲང་ན། དཀྱིལ་འཁོར་དེ་ཉིད་གཅིག་ཀྱང་ཡེ་ཤེས་ལྔ་ལྔ་ལ་སོགས་པར་གསལ་བ་ལས་རྟགས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དུ་རང་སྣང་བའི་ཕྱིར་བློས་ཚད་གཟུང་དུ་མེད་དེ། ཆོས་དབྱིངས་མཐའ་ཀླས་པའི་བདེ་བར་གཤེགས་པའི་དཀྱིལ་འཁོར་ཐམས་ཅད་དོ། །གང་ལ་བརྟེན་ནས་དྲང་ན། སེམས་ཉིད་རང་སྣང་བ་ཕུང་པོ་ལ་སོགས་པའི་རྟོག་པ་རྣམས་རིག་པ་རང་སྣང་བ་འབྲས་བུ་དང་ཡེ་ཤེས་སུ་དབྱེར་མེད་པ་དམ་པའི་དཀྱིལ་འཁོར་དེ་ལའོ། །དེ་ཚུལ་ཇི་ལྟར་བསྟིམ་ན། ཕྱག་རྒྱ་བཞིས་ཡེ་ཤེས་པ་དམ་ཚིག་པ་ལ་བསྟིམ་ནས་བརྟན་པར་བཞུགས་སུ་གསོལ་བ་བྱས་ནས་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར་པའོ། །དེའི་དགོས་ཆེད་ཅི་ཞེ་ན། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གྱིས་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་མཉམ་པར་སྦྱོར་བས་ཏེ་ཉམས་སུ་ལེན་ནས་བསྒོམ་པས་སོ། །ཡོན་ཏན་ཇི་ལྟར་འབྱུང་ཞེ་ན། ཕྱོགས་བཅུ་དུས་བཞི་ཀུན་ནས་བདག་གཞན་གྱི་དོན་གཉིས་མཐར་ཕྱིན་པར་གཤེགས་པ་ཡི་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཡོན་ཏན་རྫོགས་ཤིང་སྔ་མ་ལ་བསྙེན་ཅིང་སྒྲུབ་པའི་ཡི་དམ་གྱི་དཀྱིལ་འཁོར་མ་ལུས་པའི་ཡོན་ཏན་ཐམས་ཅད་ཀྱང་བདག་གི་རང་རིག་པ་ཡེ་ཤེས་ཀྱི་ངང་དུ་རབ་ཏུ་རྫོགས་པར་བྱེད་དོ། །དེ་ལྟ་བུའི་དངོས་གྲུབ་དེ་དུས་ནམ་ཞིག་རྫོགས་པར་བྱེད་ན། ཉེ་བར་འགྱུར་པའི་དུས་ཏེ་འདི་ཉིད་རང་དུ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཅི་འདོད་པ་ཐམས་ཅད་ཡོངས་སུ་འགྲུབ་པར་འགྱུར་པ་ལས་མི་འདའ་བས་ན་དམ་ཚིག་གི་མཆོག་སྟེ་བསླུ་བ་མེད་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །འོ་ན་དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་ཞེས་པས། རྣམ་པ་ཐམས་ཅད་སྤྱན་འདྲེན་པ་ཡིན་ནམ། །གྲངས་ཐམས་ཅད་སྤྱན་འདྲེན་པ་ཡིན། །སྔ་མ་ལྟར་ན་ཞི་བའི་སྐབས་སུ་ཁྲོ་བོ་ཡང་སྤྱན་འདྲེན་པར་འགྱུར་ལ། ཕྱི་མ་ལྟར་ན་བསྡུས་པའི་སྐབས་སུ་རྒྱས་པ་ཡང་སྤྱན་འདྲེན་པར་འགྱུར་རོ་ཞེ་ན། རྣམ་པ་ཞི་ཁྲོ་གང་ཡིན་ལ་རྒྱས་འབྲིང་བསྡུས་པ་གང་ཡིན་ཐམས་ཅད་སྤྱན་འདྲེན་པ་ཡིན་གསུངས་ཤིང་། དོན་ལ་དཀྱིལ་འཁོར་རེ་རེ་ཡང་དཀྱིལ་འཁོར་ཀུན་གྱི་བདག་ཉིད་ཡིན་པས་གང་ལྟར་བྱས་ཀྱང་མི་འགལ་བར་སེམས་སོ། །དྲུག་པ་ལ་གསུམ་ལས། དང་པོ་ཕྱི་ནང་གི་མཆོད་པ་ནི། གླུ་ཚིགས་སོགས་ཚིགས་བཅད་གཅིག་སྟེ། ཕྱིའི་མཆོད་པ་ཉེར་སྤྱོད་རྣམ་ལྔ་དང་། གཞན་ཡང་བླ་རེ། འཕན། གདུགས། ན་བཟའ་ལྷབ་ལྷུབ། ནང་སྨན་གཏོར་ཚོགས་ཀྱི་ཡོ་བྱད་དང་། ངག་གི་གླུ་ཚིག་ཡེ་ཤེས་ཀྱི་མཆོད་པ། རྐང་པའི་བྲོ་དང་ལག་པའི་གར་ཏེ་གར་ཡེ་ཤེས་ཀྱི་མཆོད་པ་སུ་ར་ཏོ་བཅུ་དྲུག་དང་། རོལ་མོ་ཡེ་ཤེས་ཀྱི་མཆོད་པ་སོགས་མཆོད་པའི་སྤྲིན་ཕུང་མཐའ་ཡས་པའི་ཚོགས་ཀྱིས་རབ་ཏུ་མཆོད་ཅིང་། གསང་བའི་ཡུམ་ཟ་བྱེད། རྒྱས་འདེབས། ཚེ་འཕེལ། རྨོངས་བྱེད་མ་བཞིའམ། ཡང་ན་རིགས་ཀྱི་ཡུམ་བཞི་དང་། ཡིད་འཇོ་བའི་ཚུལ་ཅན་ལྕགས་ཀྱུ་མ་སོགས་སྒོ་མ་བཞི་དང་། ཕྱི་ནང་གི་སེམས་མ་བརྒྱད་དེ་ལྷ་མོ་བཅུ་དྲུག་གིས་ཇི་ལྟར་འདོད་པའི་སྐབས་ཀྱི་ལས་གང་བྱེད་པ་དེ་བཞིན་དུ་མཆོད་དོ། །གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་མཆོད་པ་ནི། མཆོད་པའི་ཕྱག་རྒྱ་སོགས་རྐང་པས་དམན་པའི་ཚིགས་བཅད་དྲུག་སྟེ། སྤྱིར་ཐབས་གང་གིས་རྒྱལ་བ་རྣམས་མཉེས་པར་བྱེད་པའི་དོན་གྱིས་ན་མཆོད་པ་སྟེ། སྣང་གྲགས་ཐམས་ཅད་མཆོད་རྫས་ལས་མི་འདའ་བའི་ཕྱག་རྒྱ། མཆོད་པ་གཞན་ལས་ཁྱད་པར་དུ་འཕགས་པས་ཆེན་པོ་འདི་ནི་སེམས་ཀྱི་ངོ་བོ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཇི་ལྟར་བསམ་པ་མངོན་པར་སྤྲུལ་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པའི་སྤྲིན་ཕུང་གི་ཚོགས་ཀྱིས་མཆོད་པར་བྱ་བ་སྟེ། དེ་ཡང་བདག་གི་ཐུགས་ཀའི་ས་བོན་ལས་ཡི་གེ་བྷྲཱུཾ་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་བྱིན་གྱིས་བརླབས་ཏེ། ཞིང་ཁམས་དེ་དག་ཀྱང་མཉེན་འཇམ་རེག་ན་ཤིན་ཏུ་བདེ་བ་དང་ལྡན་པ་འོག་གཞི་སྣ་ཚོགས་རིན་པོ་ཆེ་ལས་གྲུབ་པའི་ས་གཞི་མནན་ན་ནེམ་པ་བཏེགས་ན་འཕར་བ་མཛེས་པར་བྱེད་པའི་རེའུ་མིག་མིག་མང་རིས་སུ་བྲིས་ཤིང་ཕྲ་མིག་རིན་པོ་ཆེ་དུ་མས་སྤྲས་པ་དང་། རི་དང་རི་ཕྲན་ཐམས་ཅད་ལ་ཡི་གེ་ཏྲཾ་འཕྲོས་པས་འདོད་པའི་ཡོན་ཏན་ཀུན་འབྱུང་པ་རིན་པོ་ཆེ་ནོར་བུའི་ཕུང་པོ་འོད་འབར་བར་བྱིན་གྱིས་བརླབས་པ་དང་། ཆུ་བོ་དང་། ཆུ་ཕྲན་ཐམས་ཅད་ལ་ཡི་གེ་ཨ་ཕྲོས་པས་དབྱིབས་ལེགས་ཤིང་བང་རིམ་དང་ལྡན་པ་རིན་པོ་ཆེ་ལས་གྲུབ་པའི་རྫིང་བུ་ཆུ་ཡན་ལག་བརྒྱད་ལྡན་གྱིས་གང་བ་རོ་བྲོ་བའི་མཆོག་ཏུ་གྱུར་པ་བསིལ་ཞིང་དྭངས་བར་བྱིན་གྱིས་བརླབས་པ་དང་། ཁང་ཁྱིམ་དང་སྦྲ་གུར་ལ་སོགས་པ་འགྲོ་བ་སོ་སོའི་གནས་ཁང་ཐམས་ཅད་ལ་ཡི་གེ་བྷྲཱུཾ་འཕྲོས་པས་གནས་ཁང་ཐམས་ཅད་རྒྱུ་ནོར་བུ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་ཁ་དོག་སྣ་ཚོགས་པར་བྱིན་གྱིས་བརླབས་པ་དང་། རྩི་ཤིང་དང་ནགས་ཚལ་ཐམས་ཅད་ལ་ཡི་གེ་ཏྲཾ་འཕྲོས་པས་ཞིང་ཁམས་ཀྱི་མཛེས་པའི་རྒྱན་དང་མཆོད་རྫས་སུ་གྱུར་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དཔག་བསམ་གྱིས་ལྗོན་ཤིང་རྒྱས་པའི་ཚལ་དུ་བྱིན་གྱིས་བརླབས་པ་དང་། སེམས་ཀྱིས་ཟིན་པ་དང་མ་ཟིན་པའི་སྒྲ་སྐད་ཐམས་ཅད་ལ་ཡི་གེ་ཧྲཱིཿའཕྲོས་པས་སངས་རྒྱས་དང་བྱང་སེམས་ཐམས་ཅད་ལ་བསྟོད་པའི་གླུ་དབྱངས་དང་སེམས་ཅན་ལ་ཆོས་ཀྱི་འཁོར་ལོའི་ཚིགས་སུ་བཅད་པའི་སྒྲར་བྱིན་གྱིས་བརླབས་པ་དང་། གོས་རྒྱན་ཐམས་ཅད་ལ་ཡི་གེ་མྃ་འཕྲོས་པས་ལྷ་རྫས་ལས་གྲུབ་པའི་བླ་བྲེ་དང་རྒྱལ་མཚན་དང་ལྷའི་ན་བཟའ་དང་གདུགས་དང་བ་དན་དང་ལྷབ་ལྷུབ་ལ་སོགས་པར་བྱིན་གྱིས་བརླབས་པ་དང་། སེམས་ཅན་གྱི་རྒྱན་ཐམས་ཅད་ལ་ཡི་གེ་ཏྲཾ་འཕྲོས་པས་རིན་པོ་ཆེའི་དོ་ཤལ་དང་དཔུང་རྒྱན་དང་སེ་མོ་དོ་དང་ཕྱག་གདུབ་ལ་སོགས་པར་བྱིན་གྱིས་བརླབས་པ་དང་། འགྲོ་བ་སོ་སོའི་བཟའ་བ་དང་བཏུང་བའི་ལོངས་སྤྱོད་ཐམས་ཅད་ལ་ཡི་གེ་ཨ་འཕྲོས་པས་བདུད་རྩིའི་རང་བཞིན་གྱི་བཟའ་བ་དང་བཏུང་བ་རོ་བྲོ་བའི་མཆོག་སྣ་ཚོགས་པ་རྣམས་སུ་བྱིན་གྱིས་བརླབས་པ་དང་། འགྲོ་བ་ཐམས་ཅད་ཀྱང་རང་ལ་མཛེས་པར་བྱེད་པའི་རྒྱན་ཁྱད་པར་དུ་མས་བརྒྱན་པའི་ལག་ན་མཆོད་རྫས་འདོད་པའི་ཡོན་ཏན་སྣ་ཚོགས་ཐོགས་པའི་ལྷ་དང་ལྷ་མོར་བྱིན་གྱིས་བརླབས་པ་དང་། ལྷ་དང་ལྷ་མོ་དེ་དག་ཀྱང་བསམ་གྱིས་མི་ཁྱབ་པ་ཞིང་གི་རྡུལ་སྙེད་དུ་གྱུར་པའི་ཚོགས་ཀྱིས་རྐང་པའི་བྲོ་དང་། ལག་པའི་གར་དང་། ངག་གི་གླུ་ཚིག་ལ་སོགས་པ་བསམ་ཡས་སྣ་ཚོགས་ཀྱིས་མཆོད་པ་འབུལ་བའོ། །མཆོད་པ་དེ་དག་མང་ཉུང་གི་ཚད་ཇི་ཙམ་དུ་འབུལ་སྙམ་ན་ཕྱོགས་བཅུ་ནམ་མཁའི་ཁམས་གང་བར་བཀང་ནས་སོ། །དེ་དག་གང་ལ་ན་རྒྱལ་བའི་དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ་བ་སྟེ་མཆོད་པ་གནས་སུ་སྟོབ་པས་སོ། །གང་གིས་ན་སྐལ་བ་དང་ལྡན་པའི་རྣལ་འབྱོར་པས་སོ། །ཚུལ་ཇི་ལྟར་ན་རྣལ་འབྱོར་པ་བློོ་གསལ་བ་དང་མི་གསལ་བའི་ཁྱད་པར་གྱིས་རིམ་གྱིས་འབུལ་བའམ་ཡང་ན་ཅིག་ཅར་སྐད་ཅིག་དྲན་རྫོགས་སུ་སྤྲོས་ཏེ་འཁོར་གསུམ་མི་དམིགས་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པ་རང་རིག་པ་དང་མཉམ་པར་སྦྱོར་ཞིང་། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་དུ་སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱ་ཆེན་པོ་ལས་མི་འདའ་བར་བསྒོམ་མོ། །གསུམ་པ་གསང་མཆོད་ནི། གསལ་ལྡན་མའམ་སོགས་ཚིགས་བཅད་གསུམ་སྟེ། ལས་ཀྱི་ཕྱག་རྒྱ་ཤེས་རབ་དང་ཏིང་ངེ་འཛིན་གསལ་ལྡན་མ་ཡིན་ན་རང་ཉིད་ཀྱིས་སམ། མི་ལྡན་ན་ཡབ་ཀྱིས་ལྷར་བསྐྱེད་ཅིང་མཁའ་གསང་བྱིན་གྱིས་བརླབས་ལ། དཔེར་ན་འཕགས་པའི་རྫུ་འཕྲུལ་གྱིས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡུངས་འབྲུར་གཞུག་ཅིང་ཆུད་པའི་ཚུལ་བཞིན་དུ་ཡུམ་གྱི་པདྨའི་སྣ་རྩེ་ཡུངས་འབྲུ་ཙམ་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམ་ཅད་ཚང་ཞིང་མ་འདྲེས་པར་བཀོད་པ་ལ་ཆོས་ཀྱི་དབྱིངས་ནས་རང་བཞིན་གྱི་དཀྱིལ་འཁོར་སྤྱན་དྲང་ཤིང་བསྟིམས་པ་ཐབས་ཤེས་རོལ་པའི་བདེ་བས་མཆོད་པའོ། །དེས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མཉེས་ནས་དངོས་གྲུབ་སྟེར་བར་འགྱུར་བ་ལས་མི་འདའ་བའི་དམ་ཚིག་མཆོག་གི་བདུད་རྩི་སྟེ། དེ་ལྟར་བདེ་བའི་བདག་ཉིད་ཆེན་པོ་ཡུམ་གྱི་མཁའ་དཀྱིལ་མཆོད་པས་ཕྱོགས་བཅུའི་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་མཉེས་ཤིང་། དེའི་བྱིན་རླབས་ཀྱིས་སྲིད་གསུམ་གྱི་འགྲོ་བ་རིགས་དྲུག་ཐམས་ཅད་ལ་དགའ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་རོས་ཁྱབ་པར་འགྱུར་ཞིང་། དེར་མ་ཟད་རྣལ་འབྱོར་པ་རང་ཉིད་སྒྱུ་འཕྲུལ་དྲྭ་བ་སྟེ་ཐབས་ཤེས་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ་ཡིས་འབྲས་བུ་ཕྱོགས་བཅུ་དུས་བཞིར་དོན་གཉིས་མཐར་ཕྱིན་པར་གཤེགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པའི་རང་བཞིན་མཉེས་པ་དང་། ཁམས་གསུམ་འགྲོ་བ་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས་པའི་ཡེ་ཤེས་མངོན་སུམ་དུ་གསལ་བར་འགྱུར་བ་ཡིན་ནོ། །བརྒྱད་པ་སྦྱིན་སྲེག་ནི། དབྱིབས་དང་ཁ་དོག་སོགས་ཚིགས་བཅད་གཅིག་སྟེ། སྦྱིན་སྲེག་བྱ་བའི་དུས་ནི་ས་ཆོག་གི་ཚེ་མཚན་མ་ངན་ན་ཞི་བ། རབ་གནས་ཀྱི་ཚེ་རྒྱས་པ། དབང་བསྐུར་བའི་གོང་དུ་དབང་། སློབ་མ་སྟ་གོན་གྱི་ཚེ་རྨི་ལྟས་ངན་ན་དྲག་པོའི་སྦྱིན་སྲེག་བྱ་སྟེ། དེ་ཡང་སྦྱིན་སྲེག་རྩ་བར། གནས་རྫས་ཐབ་ཀྱི་རྣམ་པ་དང་། །གཟུངས་དང་གཙོ་སེམས་བསྒྲུབ་བྱ་དང་། །ཕུར་བུ་ལྷ་དུས་ལས་རིམ་དང་། །ལྷག་མ་བཅུ་གཅིག་ཤེས་པར་བྱ། །ཞེས་དོན་བཅུ་གཅིག་ཏུ་གསུངས་ཤིང་རྒྱས་པར་གཞན་དུ་ཤེས་པར་བྱ་ལ། སྐབས་འདིར་ཐབ་ཀྱི་རྣམ་པའམ་དབྱིབས་ནི། ཞི་བ་ལ་ཟླུམ་པོའམ་འཁོར་ལོ་རྩིབས་བཞི་པ། རྒྱས་པ་ལ་གྲུ་བཞིའམ་རིན་ཆེན་ཟུར་བརྒྱད་པ། དབང་ལ་ཟླ་གམ་མམ་པདྨ་འདབ་བརྒྱད། དྲག་པོ་ལ་གྲུ་གསུམ་དང་ཁྲོ་ཞལ་ལམ་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་ཅན། བཞི་ཀའང་རྒྱང་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་པ་བང་རིམ་གསུམ་པའོ། །ཁ་དོག་ནི། དཀར་སེར་དམར་མཐིང་ངོ་། །ཐབ་སོ་སོའི་དབུས་སུ་མཚན་མ་ནི། ཞི་བར་འཁོར་ལོ་ༀ། རྒྱས་པར་རིན་པོ་ཆེ་ཏྲཱཾ། དབང་ལ་པདྨ་ཧྲཱིཿ དྲག་པོར་རྡོ་རྗེ་ཧཱུཾ་ཡིག་དང་ལྡན་པར་བྱའོ། །མེ་ལྷ་ནི་ལས་བཞི་གང་བྱེད་ཀྱི་སྐུ་མདོག་ཕྱག་མཚན་དང་ལྡན་པའི་དམ་ཚིག་པ་བསྐྱེད་ལ་དབང་བསྐུར། བྱིན་གྱིས་བརླབས། ཡེ་ཤེས་ཀྱི་མེ་ལྷར་སྙན་གསན་དབབ། དད་པ་དང་ནི་དམ་ཚ ིག་གིས་སོགས་ཀྱིས་བོས་ལ་དམ་ཚིག་གི་མེ་ལྷ་དང་དབྱེར་མེད་དུ་བསྟིམ་ནས་མཆོད་བསྟོད་བྱས་ལ་ལས་བཞི་གང་ཡིན་གྱི་སྨོན་ལམ་གདབ་བོ། །སྲེག་ལྷ་ནི། ལས་བཞི་གང་བྱེད་པའི་ལྷ་ཚོགས་དམ་ཚིག་པ་བསྐྱེད། དབང་བསྐུར། བྱིན་གྱིས་བརླབས། ཡེ་ཤེས་པའི་སྲེག་ལྷ་དབབ་དྲངས་བསྟིམས་ནས་ཀུན་བཟང་ཞབས་བསིལ་བཞི་བསྣོལ་གྱིས་མཆོད་པ་དང་། བཟའ་བ་དང་བཏུང་བ་ལ་སོགས་རོ་བྲོ་བའི་ཚོགས་རྣམས་ཀྱིས་སྲེག་རྫས་རྣམས་ལས་བཞི་གང་བྱེད་པའི་སྐབས་དང་སྦྱོར་བའི་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་བདུད་རྩི་ལ་སོགས་པའི་མཆོད་པ་རབ་ཏུ་སྦྱིན་པར་བྱ་ཞིང་། བདེན་པ་དང་སྨོན་ལམ་བརྗོད་ནས་བསྟོད་ལ་བྲོ་དང་ལྷག་མ་སོགས་ལས་ཀྱི་རྗེས་རྣམས་མཐའ་རྒྱས་སུ་བྱའོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པ་ནི། རྡོ་རྗེ་ལས་རིམ་ལས། དབང་ཕྱུག་འཇུག་དང་བཟོད་གསོལ་དང་། །ཁྲུས་དགབ་དྲི་དང་ལུས་དབུལ་དང་། །བགེགས་བསྐྲད་ལྷར་རློབ་དམ་ཚིག་སྦྱིན། །དེ་ཉིད་དབབ་དང་ཆུ་ནན་དང་། །བསྒྲག་དང་རིན་ཆེན་དོར་བ་དང་། །ལྷ་དབབ་པ་དང་ནན་ཏན་དང་། །མིག་དབྱེ་དཀྱིལ་འཁོར་ལེགས་བསྟན་དང་། །ཚོགས་མཆོག་ཡོན་དང་རྣམ་བཅོ་བརྒྱད། །འདི་ཡིས་ཡན་ལག་རྫོགས་པར་འགྱུར། །ཞེས་ཆོས་བཅོ་བརྒྱད་པོ་རིགས་བསྡུ་ན་གསུམ་སྟེ། སློབ་དཔོན་འཇུག་པའི་ཆོས། སློབ་མ་འཇུག་པའི་ཆོས། སློབ་མ་ལ་ལྷ་སྒོམས་ཤིག་པར་ནན་ཏན་བྱ་བར་བསྟན་པའོ། །དང་པོ་ནི། ཀུན་བྱས་སོགས་ཏེ། དེ་ལྟར་དཀྱིལ་འཁོར་བཞེངས་སྒྲུབ་ཀྱི་ལས་རིམ་ཀུན་བྱས་ནས་དབང་གིས་ཕྱུག་ཅིང་དབང་དོན་ཤེས་པའི་རྡོ་རྗེ་སློབ་དཔོན་རང་ཉིད་སློབ་མ་འཇུག་པ་ལྟར་དཀྱིལ་འཁོར་དུ་ཞུགས་ཏེ། སློབ་མ་ལ་དབང་ཇི་ཙམ་བསྐུར་བ་དེ་ཆོ་ག་རྒྱས་བསྡུས་ཅི་རིགས་པས་བླང་བའམ། ཡང་ན་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་ཀྱང་དཀྱིལ་འཁོར་དུ་འཇུག་པའི་གོ་ཆོད་ཅིང་། གང་ལྟར་ཡང་སློབ་མ་འཇུག་པར་གསོལ་བ་གདབ་པ་དང་། བཟོད་གསོལ་གནང་བ་ནོད་པ་རྣམས་ཏེ། སློབ་དཔོན་འཇུག་པའི་ཆོས་གཉིས་སོ། །གཉིས་པ་ནི། དེ་ནས་སློབ་མ་སོགས་ཏེ། སློབ་དཔོན་ཞུགས་པ་དེ་ནས་སློབ་མ་མཚན་ཉིད་དང་ལྡན་པ་དཀྱིལ་འཁོར་དུ་གཞུག་པར་བྱ་བ་ལ་ཆོས་བཅུ་དྲུག་གིས་འཇུག་པར་བྱ་སྟེ། དེ་རྣམས་ཀྱི་དོན་རྒྱས་པ་གཞན་དུ་ཤེས་པར་བྱའོ། །གསུམ་པ་ནི། སྐལ་པ་མཉམ་པ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་དཀྱིལ་འཁོར་དུ་ཞུགས་ཕྱིན་ཆད་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པས་ཡི་དམ་གྱི་ལྷ་དང་སྐལ་པ་མཉམ་པར་གྱུར་པའི་ཕྱིར། ཡེ་ཤེས་དེ་ཉིད་དོན་དུ་གཉེར་ནས་བསྒྲུབ་ན་དུས་ཉེ་བར་ཚེ་འདིར་མངོན་དུ་འབྱུང་བའི་མཆོག་ཐུན་མོང་གི་དངོས་གྲུབ་ཡ་མཚན་ཆེན་པོ་ཉིད་འབྱུང་ཞིང་ཐོབ་པར་ངེས་པས་ལྷ་བསྒོམ་པ་ལ་ནན་ཏན་དུ་བྱ་སྟེ། གཞན་དུ་ལྷའི་དཀྱིལ་འཁོར་ལ་དད་པ་མེད་ན་རྡོ་རྗེ་གསུང་གི་དམ་ཚིག་ཉམས་པར་འགྱུར་བས་ན་འདི་ཕྱི་ཐམས་ཅད་དུ་མི་འདོད་པའི་གནས་སུ་ལྟུང་བའི་ཕྱིར་ཕུང་བར་འགྱུར་རོ། །བཅུ་པ་དཀྱིལ་འཁོར་དུ་ཞུགས་པའི་ཡོན་ཏན་ནི། བདེ་བ་ཆེན་པོའི་སོགས་ཚིགས་བཅད་གཅིག་སྟེ། རིགས་ལྔ་ཡབ་ཡུམ་ཐབས་ཤེས་ཟང་དུ་འབྲེལ་བ་བདེ་བ་ཆེན་པོའི་དཀྱིལ་འཁོར་ནི། བསྡུས་པའི་དབང་དུ་བྱས་ན་སྟངས་ནི་ཡབ་དཔྱལ་ནི་ཡུམ་སྟེ་གཙོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་སམ། ཡང་ན་དཀྱིལ་འཁོར་རྒྱས་པ་དང་འབྲིང་པོ་གཉིས་ལ་གཙོ་བོ་རིགས་ལྔ་ཡབ་ཡུམ་ཙམ་གྱིས་ཏེ་དཀྱིལ་འཁོར་གསུམ་པོ་དེ་དག་ཏུ་སློབ་བུ་དད་ལྡན་རྣམས་རབ་ཏུ་ཞུགས་པར་གྱུར་ན་འདོད་པའི་དོན་དབང་དང་དངོས་གྲུབ་ཡིད་དུ་འོང་བ་ཐམས་ཅད་ཐོབ་པས་ན། སྔོན་འོག་མིན་དུ་མཐར་ལམ་ལ་ཞུགས་པ་དང་སྐལ་པ་མཉམ་པར་འགྱུར་རོ། །གཉིས་པ་དེས་ཁྲོ་བོ་དང་མཆོག་གི་དཀྱིལ་འཁོར་མཚོན་པར་བསྟན་པ་ལའང་གཉིས་ལས། དང་པོ་ཁྲོ་དཀྱིལ་ནི། ཁྲོ་བོའི་དཀྱིལ་འཁོར་སོགས་ཏེ། སྒྱུ་འཕྲུལ་ཁྲོ་བོའི་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལས་རིམ་ཀྱང་ཁོག་ཞི་བའི་སྐབས་སུ་བཤད་པ་དེ་བཞིན་དོན་བཅུས་སྟོན་ནའང་མི་འདྲ་བའི་ཁྱད་པར་འགའ་ཞིག་ཡོད་དེ། དང་པོ་ས་གཞི་མཉམ་པ་ལ་བརྒྱད་ཡོད་པའི་ས་བརྟག་པའི་སྐབས་སུ་གནས་མ་མོ་འདུ་བའི་དུར་ཁྲོད་བྱ་བར་ཤིས་སོ། །དྲུག་པ་བྱིན་གྱིས་བརླབ་པ་དང་། བརྒྱད་པ་ས་བཟུང་བ་ཁྲོ་བོས་བྱའོ། །གཞན་མཐུན་ནོ། །གཉིས་པ་དཀྱིལ་འཁོར་གྱི་ཚད་མཐུན་ནོ། །གསུམ་པ་ཐིག་ལ་ཡེ་ཤེས་ཀྱི་ཐིག་སྐུད་རྒྱུས་ཆེན་ལ་བྱ། རབ་གནས་ཁྲོ་བོས་བྱ། ཐིག་གདབ་པའི་ཐབས་ཀྱང་ཁྲོ་བོས་ཆ་ལུགས་སུ་གདབ་བོ། །བཞི་པ་ཚོན་ལ་ཐལ་ཆེན་བསྲེས་ལ་རབ་གནས་ཁྲོ་བོས་བྱའོ། །ལྔ་པ་བྲི་ཐབས་ལ་ཁྲོ་བོའི་དཀྱིལ་འཁོར་བར་ཁྱམས་གཉིས་པ་བྱ། དྲུག་པ་རྣམ་པ་དགོད་པ་ལ་ཁྲོ་བོའི་སྐུ་གསུང་ཐུགས་དགོད། བདུན་པ་རབ་གནས་ལ་ལས་སྦྱོར་ཁྲོ་བོའི་གཞུང་བསྲང་། མངའ་གསོལ་གྱི་སྐབས་སུ་ཐོག་མར་བུམ་པ། དེ་ནས་རོལ་པ་ཉི་ཤུ། ཆེ་བ་ཉི་ཤུ། རྔམ་ཉི་ཤུ། བརྗིད་ཉི་ཤུ་སྟེ་མངའ་གསོལ་བརྒྱད་ཅུས་མངའ་གསོལ་ལོ། །ཆུ་བདུན་ལ་དམ་རྫས་ལྔའི་སྟེང་དུ་ཐལ་ཆེན་དང་ཞུན་ཆེན་ནོ། །ཚིག་ཀྱང་ཞི་བ་དང་མི་མཐུན་ནོ། །ཁྲུས་རས་ཀྱིས་སྐུ་ཕྱི་བ་ཡང་དུར་ཁྲོད་རས་ཆེན་གྱིས་བྱའོ། །ཕྱི་ནང་གསང་བའི་མཆོད་པ་ཁྲོ་བོ་ལྟར་རོ། །བདུན་པ་བདེན་པས་བརྟན་པར་བཞུགས་པ་དང་། བརྒྱད་པ་བསྐོར་བ་དང་སྨོན་ལམ་ཡང་ཁྲོ་བོའི་རབ་གནས་ནས་བཤད་པ་ལྟར་རོ། །དགུ་པ་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་གཞན་རྣམས་འདྲ་བ་ལས་ལྷར་བརླབ་པ་དང་ལྷ་དབབ་པ་ཁྲོ་བོས་བྱའོ། །བཅུ་པ་ཞུགས་པའི་ཡོན་ཏན་ཞི་བའི་དཀྱིལ་འཁོར་བཞིན་ནོ། །གཉིས་པ་མཆོག་གི་དཀྱིལ་འཁོར་ནི། ཤིན་ཏུ་ཕྲ་ལ་སོགས་རྐང་པ་གསུམ་སྟེ། ཏིང་ངེ་འཛིན་གྱི་གནད་ཤིན་ཏུ་ཕྲ་ཞིང་ཟབ་པ་ལ་བློ་སྦྱངས་པའི་རྣལ་འབྱོར་པས་བསམ་ཡས་ལྷུན་གྲུབ་སོགས་ལྷག་ཏིང་གི་དཀྱིལ་འཁོར་དག་ལའང་བཤད་མ་ཐག་པ་དེ་བཞིན་དུ་རྣམ་གྲངས་བཅུར་ཤེས་པར་བྱའོ། །དེ་ཡང་ས་གཞི་མཉམ་པ་ནི། ཆོས་ཐམས་ཅད་མཉམ་པར་རྟོགས་ཤིང་དེའི་ངང་དུ་འཇོག་པའོ། །ཚད་ནི། རང་གི་རིག་པས་དཔགས་ཤིང་བློས་ཇི་ཙམ་དཔོག་པའི་ཚད་ཙམ་དུ་བསྒོམ་པར་བྱའོ། །ཐིག་ནི། རང་རིག་པ་ཉིད་དཀྱིལ་འཁོར་དུ་གསལ་བ་ལས་མི་འགྱུར་བའོ། །ཚོན་ནི། སེམས་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་མཚོན་པའོ། །བྲི་བ་ནི། སེམས་ཉིད་མཉམ་པ་ཉིད་ལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མ་འདྲེས་ཡོངས་རྫོགས་སུ་གསལ་བའོ། །རྣམ་པ་དགོད་པ་ནི། སྣང་བ་སྐུ། གྲགས་པ་གསུང་། དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་དུ་མ་འགགས་པར་དགོད་པའོ། །རབ་གནས་ནི། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ་བསྟིམ་ནས་མཆོད་པས་འཁོར་འདས་དབྱེར་མེད་ཀྱི་དབྱིངས་སུ་སེམས་རབ་ཏུ་ཞུགས་པའོ། །སྦྱིན་སྲེག་ནི། བདེ་བ་ཆེན་པོའི་དོན་རྒྱུད་ལ་སྦྱིན་ཞིང་རྣམ་རྟོག་རང་རྒྱུད་པ་སྲེག་པའོ། །འཇུག་པ་ནི། རང་སྣང་གི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་གྱིས་ཞུགས་ནས་རྒྱུན་ཆད་མེད་པར་ཉམས་སུ་ལེན་པའོ། །ཞུགས་པའི་ཡོན་ཏན་ནི། སྔོན་འོག་མིན་དུ་མཐར་ལམ་པ་ཞུགས་པ་དང་སྐལ་པ་མཉམ་པའོ། །གཉིས་པ་དབང་ལ་གསུམ་སྟེ། རྒྱུ་ཡོན་དབུལ་བ། སྣོད་དང་འཚམས་པར་བསྐུར་ཚུལ། གསང་དབང་གི་དཀྱིལ་འཁོར་བཤད་པའོ། །དང་པོ་ནི། དེ་ནས་རིགས་ཀྱི་སོགས་ཚིགས་བཅད་གཉིས་ཏེ། དཀྱིལ་འཁོར་དུ་ཞུགས་པ་དེ་ནས་གསང་སྔགས་ཐེག་པ་ཆེན་པོའི་རིགས་ཀྱི་བུ་མཆོག་དབང་ཐོབ་པ་དེ་འདོད་པ་དེས་དབང་ཞུ་བའི་སྔོན་དུ་དབང་ཐོབ་པའི་རྒྱུ་ཚོགས་མཆོག་ཡོན་དབུལ་བར་བྱ་སྟེ། ཡི་དམ་དེ་བཞིན་གཤེགས་པའི་རིགས་ལ་མེ་ཏོག་ཕོག་པ་ཡིན་ན་རང་གི་རྒྱལ་སྲིད་དམ་ཡང་ན་རང་གི་འབྱོར་པ་ཐམས་ཅད་དང་། རྡོ་རྗེའི་རིགས་ལ་ནི་རང་གི་ལུས་དབུལ་ལོ། །པདྨའི་རིགས་ལ་བུ་དང་ཆུང་མ། རིན་ཆེན་རིགས་ལ་རིན་ཆེན་དངོས་སམ་ནོར་གྱི་དབྱིག་སྟེ་རང་གི་ནོར་གྱི་དྲག་ཤོས། ལས་རིགས་ལ་རང་ལ་གང་ཡོད་ཀྱི་དངོས་པོའི་ནང་ནས་རབ་ཏུ་གཅེས་ཤོས་དེ་དང་། རིགས་དྲུག་པ་ལ་རང་གི་ཡིད་དུ་འོང་ཞིང་བླ་མའི་ཐུགས་ལ་གང་འཐད་ཀྱི་དངོས་པོ་སྟེ་རིགས་སོ་སོར་དབྱེའམ་ཡང་ན་མ་ཕྱེ་བར་རྒྱལ་སྲིད་སོགས་རང་གང་ལ་གཅེས་ཤིང་ཡིད་དུ་འོང་བ་དེ་ཉིད་དབུལ་ལོ། །དེ་ལྟར་དབང་ཕྱུག་བླ་མ་ལ་འདོད་པའི་ལོངས་སྤྱོད་ལྔས་མཆོད་ན་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཆོད་པར་འགྱུར་བ་ཡིན་ཏེ། བླ་མ་ཉིད་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དམ་ངོ་བོ་ཡིན་པས་སམ་དགོངས་པ་ཐ་མི་དད་པའི་ཕྱིར། ཉེ་བ་ལྟར་ཞུགས་པའི་དཀྱིལ་འཁོར་དེ་ཉིད་མཆོད་པར་ལྟ་སྨོས་ཀྱང་ཅི་དགོས་ཏེ། སངས་རྒྱས་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་ཞུགས་ནས་གདུལ་བྱའི་མཆོད་པ་ལེན་པར་མཛད་པའི་ཕྱིར་དང་། དེས་ཉམས་ཆག་སོགས་ཉེས་པ་ཐམས་ཅད་བྱང་ཞིང་དག་པར་འགྱུར་བའི་ཕྱིར། དེས་ན་ཡོན་ལ་སེར་སྣ་སྤང་བར་བྱའོ་གསུངས་སོ། །གཉིས་པ་ནི། དད་བརྩོན་སོགས་ཚིགས་བཅད་གཅིག་སྟེ། ཐོག་མར་སློབ་དཔོན་གྱིས་སློབ་བུ་སྣོད་དང་ལྡན་མི་ལྡན་གྱི་མཚན་ཉིད་རབ་ཏུ་བརྟག་ནས་སྣོད་དང་མི་ལྡན་པའི་སློབ་མ་སྤངས་ལ། སྣོད་ལྡན་གྱི་སློབ་བུ་གསང་སྔགས་ཀྱི་ཐེག་པ་འདི་ལ་དད་པ་ལྡན་པ་རྣམས་ལ་ཕྱི་ཕན་པའི་དབང་བཅུ་སྦྱིན་ཞིང་། བརྩོན་འགྲུས་ཅན་ལ་ནང་ནུས་པའི་དབང་ལྔ་རིམ་པ་བཞིན་དུ་སྦྱིན་པར་བྱ་སྟེ། དེ་ཡང་བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་པ་དང་སྒོམ་པའི་དབང་གཉིས། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་དེའི་སྟེང་དུ་འཆད་པ་དང་ཕྲིན་ལས་ཀྱི་དབང་གཉིས། བདག་གཞན་གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་དེའི་སྟེང་དུ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་སྦྱིན་ནོ། །བརྟུལ་ཞུགས་ཅན་ལ་གསང་བ་ཟབ་མོའི་དབང་གསུམ་སྦྱིན་ཏེ། དེ་ཡང་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་བའི་དབང་། རིག་པའི་བརྟུལ་ཞུགས་ཅན་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་། མཉམ་པའི་བརྟུལ་ཞུགས་ཅན་ལ་དབྱེར་མེད་བདེ་བ་ཆེན་པོའི་དབང་སྦྱིན་ཏེ། སྣོད་ཀྱི་རིམ་པ་བཞིན་དུ་ཕན་ནུས་ཟབ་མོའི་དབང་རྣམས་རང་རང་གི་བློ་དང་འཚམས་ཚོད་དུ་སྦྱིན་པར་བྱ་ཞིང་། རྡོ་རྗེ་སློབ་དཔོན་གྱིས་སློབ་བུ་ལ་དོན་དུ་མི་འགྱུར་བའི་དབང་བྱིན་ན་རྫ་སྣོད་དུ་སེང་ཞོ་བླུགས་པ་དང་མཚུངས་པས་སྙིང་རྗེས་ཀུན་ནས་བསླངས་པའི་སེམས་ཀྱིས་སློབ་བུའི་རྒྱུད་ཆུད་མ་ཟོས་པར་རྗེས་སུ་བཟུང་བར་བྱའོ། །གསུམ་པ་ལ་གཉིས་ཏེ། ཚད་དང་། དེ་ལ་མཚན་མ་དགོད་པའོ། །དང་པོ་ནི། དེ་ཡང་སྤྱིར་གསང་བ་སྒྱུ་འཕྲུལ་པའི་ལུག་ལ་དཀྱིལ་འཁོར་བཞི་རུ་དབང་ལྔ་བསྐུར་བར་བྱེད་པ་ཡིན་ཏེ། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཕན་དབང་། ནང་ལུས་ཀྱི་དཀྱིལ་འཁོར་དུ་ནུས་དབང་། གསང་བ་བྷ་གའི་དཀྱིལ་འཁོར་དུ་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་། དེ་ཁོ་ན་ཉིད་སེམས་ཀྱི་དཀྱིལ་འཁོར་དུ་དབྱེར་མེད་བདེ་བ་ཆེན་པོའི་དབང་བསྐུར་བ་ཡིན་ལ། སྐབས་འདིར་གསང་དབང་གི་དཀྱིལ་འཁོར་སྟོན་པར་བྱེད་དེ། དེ་ཡང་ཡབ་ཡུམ་གྱི་མཁའ་གསང་མཚོན་བྱེད་གསེར་དངུལ་ཟངས་ལྕགས་ལ་སོགས་པ་ལུགས་སུ་བླུགས་པའམ། རས་སམ་གྲོ་ཤོག་ལ་སོགས་པ་རིས་སུ་བྲིས་པའམ། ཙནྡན་གོཪྴི་ཥ་ལ་སོགས་པ་ལ་བརྐོས་པའང་རུང་སྟེ། སོར་བཞི་པའི་པདྨ་དང་། མཛུབ་གང་བའི་རྡོ་རྗེའོ། །དེ་ལ་པདྨའི་ཚད་ནི། ཤིན་ཏུ་ཕྲ་བའི་སོགས་ཚིགས་བཅད་གཅིག་སྟེ། སྔར་གྱི་དཀྱིལ་འཁོར་རྒྱས་འབྲིང་དུས་གསུམ་གྱི་ཚད་ཁྲུ་གང་ལ་སོགས་པ་ལ་ལྟོས་ན་སོར་བཞི་པ་འདི་ལས་ཆུང་ཚད་གཞན་མེད་པས་ཤིན་ཏུ་ཕྲ་ཞིང་། མཚོན་བྱེད་རྟགས་ཀྱིས་མཚོན་བྱ་ཡུམ་གྱི་མཁའ་དབྱིངས་བདེ་བའི་ཡེ་ཤེས་ཀྱི་རྒྱུར་མཚོན་པའི་དམ་ཚིག་མཆོག་གི་དཀྱིལ་འཁོར་ཏེ། སློབ་དཔོན་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གསལ་བའི་ཕྱག་མཉམ་བཞག་གི་མཐིལ་དུ་ཐུགས་བདེ་བའི་ཡེ་ཤེས་སྐྱེད་བྱེད་ཀྱི་དཀྱིལ་འཁོར་དམ་པ་ཡུམ་གྱི་མཁའ་དེ་ཉིད་མཚོན་བྱེད་པདྨ་དམར་པོ་འདབ་མ་བཞི་པ་ཚད་དགའ་བ་བཞི་མཚོན་པའི་སོར་ནི་བཞི་ཡི་ཚད་དུ་བྱ་བ་ཡིན་ནོ། །དེ་ནས་རྡོ་རྗེའི་ཚད་ནི། ཡང་ན་ཐལ་མོ་སོགས་ཚིགས་བཅད་གཅིག་སྟེ། དེ་ལས་གཞན་ཡང་རྡོ་རྗེའི་ཚད་ཇི་ལྟར་ན། ཐལ་མོ་བརྡབ་སྟེ་སློབ་དཔོན་ཡབ་ཡུམ་གྱི་དབང་པོ་རབ་ཏུ་བསྣོལ་ནས་ཡབ་ལྷ་སྐུ་ཕྱག་རྒྱ་ཆེན་པོར་གསལ་བའི་པང་དུ་ཡུམ་བླངས་ནས་ནི་བདེ་བའི་ཡེ་ཤེས་བསྐྱེད་པའི་རྟེན་གྱི་དཀྱིལ་འཁོར་གསང་བའི་རྡོ་རྗེ་མཚོན་བྱེད་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་མཛུབ་གང་བའི་ཚད་དུའང་མཁས་པས་ཆོ་ག་བཞིན་དུ་བཟོ་བར་བྱའོ། །གཉིས་པ་མཚན་མ་དགོད་པ་ནི། སེན་ཟླུམ་སོགས་ཚིགས་བཅད་གཅིག་སྟེ། གསང་དཀྱིལ་གཉིས་ཀྱི་པདྨའི་ལྟེ་བ་དང་འདབ་བཞིར་སེན་ཟླུམ་ཙམ་གྱི་ཉི་དཀྱིལ་དང་། རྡོ་རྗེའི་རྭ་ལྔ་ལའང་དེ་ཙམ་གྱི་ཟླ་བ་ལ་སྲན་མ་ཙ་ན་ཀའི་འབྲུ་ཙམ་གྱི་པདྨའི་གདན་རེ་རེའི་སྟེང་དུ་ཡུངས་འབྲུ་ཙམ་གྱི་ཡི་གེ་ལ་ཡབ་ཀྱི་འབྲུ་ལྔ་དང་པདྨར་ཡུམ་གྱི་འབྲུ་ལྔ་བཀོད་པ་ལས་ལྷའི་ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི་བ་སྟེ་གསལ་གདབ་བོ། །ཇི་ལྟར་ན་མཚོན་བྱེད་རྟགས་ལ་བཀོད་པ་ལྟར་མཚོན་བྱ་ཡབ་ཡུམ་མཉམ་པར་སྦྱོར་བའི་མཁའ་གསང་གཉིས་ལ་ཐབས་ཤེས་བསྣོལ་བའི་སྒོ་ནས་དགོད་པ་བྱའོ། །གསུམ་པ་སྒྲུབ་པ་ལ་གསུམ་སྟེ། སྒྲུབ་པ་པོ་དང་། འགྲུབ་པའི་དུས་དང་། བསྒྲུབས་པའི་འབྲས་བུའོ། །དང་པོ་ནི། ཆོ་ག་ལྔ་ནི་སོགས་ཚིགས་བཅད་གཅིག་སྟེ། སྟོང་ཆེན། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ་ཕྲ་རགས་གཉིས། ཕྱག་རྒྱ་སྤྲོས་བཅས་ཀྱི་ཆོ་ག་ལྔ་ནི་སྔོན་དུ་རྫོགས་པ་སྟེ་བརྟན་པ་ཐོབ་པར་བྱས་ཤིང་། སྒྲུབ་པའི་ཡོ་བྱད་ལྔ་ནི་ལམ་སྤྱིའི་དབང་དུ་བསྲུང་བྱའི་དམ་ཚིག །བསྒོམ་པའི་ཏིང་ངེ་འཛིན། རྟོགས་པའི་ཤེས་རབ། དོན་དམ་ཀུན་རྫོབ་ཀྱི་བྱང་སེམས་སྙིང་རྗེ་རྣམས་དང་། ཁྱད་པར་གྱི་ལམ་གྱི་དབང་དུ་དམ་རྫས་བདུད་རྩི་ལྔ་དང་། དེའི་ཡན་ལག་ཤ་ལྔའོ། །འདིར་ཚོགས་ཀྱི་སྒྲུབ་པ་པོས་ལོངས་སྤྱོད་པའི་དབང་དུ་བྲོ་གར། གླུ་ཚིག །བཟའ་བཏུང་། གོས་རྒྱན། སྦྱོར་སྒྲོལ་ཏེ་སྒྲུབ་པ་རྫས་ཀྱི་ཡོ་བྱད་ལྔ་ནི་རྫོགས་པར་ལྡན་པ་དང་། ཡིད་སྐྱོབས་པ་དང་བྱིན་གྱིས་རློབ་པའི་ཕྱིར་སྔགས་ཏེ་ཡན་ལག་གི་ལྷ་དགུ་དབུ་རྒྱན་རིགས་བདག་གཅིག་གིས་བསྡུས་པའི་གནད་ཀྱིས་གཅིག་ཏུ་རྩིས་པས་ཡན་ལག་གི་ལྷ་ལྔའམ། ཡང་ན་འགྲེལ་ཆུང་ལས། སྙིང་ཁར་ཡེ་ཤེས་སེམས་བསྒོམ་སྙིང་གར་ཉི་ཟླའི་དཀྱིལ། དམ་ཚིག་ཕྱག་རྒྱ་བཞག་སྟེ་དེ་སྟེང་ཡིག་འབྲུ་བཞག །ཟློས་ཚེ་སྤྲོ་བསྡུས་བཟླས་པ་སྔགས་ཀྱི་ཡན་ལག་ཡིན། །ཞེས་གསུངས་ཏེ། དེ་དག་རྫོགས་པར་གསལ་བའི་རྣལ་འབྱོར་པས་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པར་སྒྲུབ་པ་ལ་འཇུག་ཅིང་། ཞུགས་ནས་ཉམས་ལེན་ལ་རབ་ཏུ་བརྩོན་པར་བྱས་ན་འགྲུབ་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། མཐོང་ལམ་འགྲུབ་པའི་དུས་དང་། མཐར་ཐུག་སྐུ་ལྔ་འགྲུབ་པའི་དུས་སོ། །དང་པོ་ནི། ཞག་ནི་སོགས་རྐང་པ་གསུམ་སྟེ། ལྟ་བ་དང་དམ་ཚིག་མ་ཉམས་པར་བརྩོན་པ་ལ་གནས་ན་བློ་དང་བརྩོན་འགྲུས་ཡང་རབ་ཀྱིས་ཞག་ནི་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། རབ་ཀྱིས་ཟླ་བ་བཅུ་གཉིས་ཏེ་ལོ་གཅིག །འབྲིང་གིས་ཟླ་བ་བཅུ་བཞི་སྟེ་ལོ་གཅིག་དང་ཟླ་བ་གཉིས། ཐ་མས་ཀྱང་ཟླ་བ་བཅུ་དྲུག་སྟེ་ལོ་གཅིག་དང་ཟླ་བ་བཞི་རྣམས་ཀྱིས་དབང་པོ་རྟུལ་ན་རྣམ་པར་སྨིན་པའི་རིག་འཛིན་ནམ། དབང་པོ་རྣོ་ན་ཚེ་ལ་དབང་བསྒྱུར་བའི་རིགས་ཀྱི་དམ་པ་སྟེ་ལུས་མི་འདོར་བ་བཅུད་ལེན་རྩི་དང་། བདེ་བ་ཐབས་དང་། སྒྲོན་མ་རླུང་གི་ཚེ་དབང་གསུམ་ལས་མཆོག་ཏུ་གྱུར་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་འགྲུབ་བར་གྱུར་རོ། །གཉིས་པ་ནི། དེ་ཚེ་སོགས་རྐང་པ་གཉིས་ཏེ། མཐོང་ལམ་ལ་གཉིས་ལས་ནུས་ཐོབ་ཚེ་དབང་རིག་འཛིན་ཐོབ་པ་དེའི་ཚེ་ལོ་བརྒྱ་བརྒྱ་ན་ཕྱིར་བསྣུར་བ་ལན་བཅུ་དྲུག་སྟེ་སྟོང་དྲུག་བརྒྱ་ཚུན་ཆད་ཀྱིས་རིམ་གྱིས་པ་ཕྱག་ཆེན་དང་ལྷུན་གྲུབ་རིག་འཛིན་བརྒྱུད་ནས་མཐར་ཐུག་རྡོ་རྗེ་འཆང་གི་འབྲས་བུ་ལ་སྦྱོར་ཞིང་། ཐོད་བརྒལ་བ་ཚེ་དབང་ནས་ལྷུན་གྲུབ་རིག་འཛིན་ནམ། ཤིན་ཏུ་བློ་ཆེ་ན་ལམ་གཞན་མ་བརྒྱུད་པར་མཐར་ཐུག་གི་འབྲས་བུ་སྐུ་ལྔ་ལྷུན་གྱིས་གྲུབ་པ་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་དོ། །ཇི་ལྟར་འགྲུབ་པའི་ཚུལ་ནི་འཆད་པར་འགྱུར་རོ། །གསུམ་པ་བསྒྲུབས་པའི་འབྲས་བུ་ལ་གཉིས་ཏེ། འགྲུབ་ཚུལ་དང་། འབྲས་བུ་རང་གི་ངོ་བོའོ། དང་པོ་ལ་གཉིས་ཏེ། འགྲུབ་ཚུལ་རང་སྣང་དུ་བསྟན་པ་དང་། དེ་དཔེའི་སྒོ་ནས་བསྟན་པའོ། །དང་པོ་ནི། ཡེ་ཤེས་ཐིག་ལེ་སོགས་རྐང་པས་དམན་པའི་ཚིགས་བཅད་གསུམ་སྟེ། ལམ་མཐར་ཆགས་ཀྱི་དབང་དུ་ལྷུན་གྲུབ་རིག་འཛིན་དང་། ཐོད་རྒལ་གྱི་དབང་དུ་ཚེ་ལ་དབང་བའི་རིག་འཛིན་གྱི་དགོངས་པ་རང་རིག་པའི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་དེ་ཉིད་ཀྱི་ངང་ལ་མཉམ་པར་བཞག་དུས་སུ་རྒྱལ་བའི་དགོངས་པ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཐིག་ལེ་དེ་ཉིད་རང་སྣང་བ་སྟེ། ཐལ་རྒྱུད་ལས། བདེ་འདས་ཡེ་ཤེས་ཐིག་ལེ་ལ། །མཐའ་ཡས་ཡེ་ཤེས་རང་སྣང་བ། །མ་བཙལ་ལྷུན་གྲུབ་རིག་འཛིན་མཆོག །ཅེས་གསུངས་སོ། །དེ་ཡང་ཚེ་དབང་ཐོད་རྒལ་བའམ་ལྷུན་གྲུབ་རིག་འཛིན་གྱི་དགོངས་པའི་ངོ་བོ་ནི་བསམ་གྱིས་མི་ཁྱབ་པ་ཡི་གེ་འཁོར་ལོའི་སའི་ཡོན་ཏན་བརྗོད་པ་ལས་འདས་པ་མཐའ་ཡས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བཞིན་ནི་རིག་འཛིན་ཀུན་གྱི་མཆོག་སྟེ། དེའི་ཚེ་ཕྱོགས་བཅུ་དང་དུས་བཞིར་མངོན་པར་རྫོགས་པར་བྱང་ཆུབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞིང་ཁམས་རྣམ་པར་དག་པ་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་དང་། རིག་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས་རྒྱ་དང་བྲལ་བའི་ཕྱིར་བློས་གཞལ་བ་ལས་ཡས་པའི་ཁང་པ་འཁོར་ལོ་རྩིབས་བཞི་གདན་ཁྲི་དང་བཅས་རྒྱན་དང་རོལ་མོའི་བྱེ་བྲག་འདོད་ཡོན་གྱི་ལྷ་མོ་སྣ་ཚོགས་པར་འཁྲིགས་ཤིང་། དེ་ལྟར་རྒྱལ་བའི་དཀྱིལ་འཁོར་ཆེ་བའི་ཡོན་ཏན་མ་ལུས་ཟད་པ་མེད་པའི་རྒྱན་གྱི་འཁོར་ལོ་བསམ་ཡས་པར་སྣང་བ་ཀུན་ཀྱང་སྐད་ཅིག་དང་པོར་མཉམ་བཞག་གི་གཟིགས་ངོར་རང་རིག་མངོན་སུམ་གྱིས་མཐོང་ནས་སྐད་ཅིག་གཉིས་པ་རྗེས་ཐོབ་ལ་ཉེ་བར་བརྙེས་པ་སྟེ་དེའི་ཡོན་ཏན་རྣམས་ཐོབ་པ་དང་བདག་དོན་འགྲུབ་པ་ཡིན་ནོ། །དེ་ཉིད་ཀྱིས་གཞན་དོན་མཛད་པའི་ཚུལ་ནི་གསུང་ལྔ་ཡང་ལྷུན་གྱིས་གྲུབ་པའི་རིས་སུ་མ་ཆད་པ་རྒྱ་ཆེན་པོའི་གསུང་གི་སྣང་བ་ལས་གདུལ་བྱའི་དོན་མ་ལུས་ལྷུན་གྲུབ་ཏུ་འབྱུང་བའང་གཞི་ལམ་འབྲས་བུའི་ཡེ་ཤེས་གསུམ་ཚུལ་གཅིག་ཏུ་གྱུར་པས་མཐུན་པའི་ཡེ་ཤེས་ཞེས་བྱའོ། །དེའི་ཕྱིར་གཞན་དུ་གྲུབ་པ་མེད་དེ་རིག་པའི་ཡེ་ཤེས་ལ་རང་སྣང་བའོ། །གཉིས་པ་ནི། དཔག་བསམ་སོགས་ཚིགས་བཅད་གཉིས་ཏེ། དཔེར་ན་ལྷ་ཡུལ་ལམ་སྒྲ་མི་སྙན་ན་དཔག་བསམ་གྱི་ཤིང་ལས་དགོས་འདོད་འབྱུང་བ་དང་། ལྷའམ་ཀླུའི་ཡུལ་ན་དབང་གི་རྒྱལ་པོ་ལ་སོགས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། གཞན་ཡང་ལྷའི་བུམ་པ་བཟང་པོ་དང་། རྣམ་ཐོས་ཀྱི་བུའི་ནེའུ་ལེའི་རྐྱལ་པ་ལ་སོགས་པ་ལས་མི་ཟད་པའི་དགོས་འདོད་འབྱུང་བ་ཀུན་སྣང་ཚུལ་ལ་དངོས་པོ་རྫས་གྲུབ་ལྟར་སྣང་ཡང་དོན་ལ་དེ་དག་རྫས་སུ་གྲུབ་པ་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ཏེ། དཔེར་ན་མེ་སྐྱེས་ཀྱི་རིན་པོ་ཆེའི་ཁང་བཟང་མ་སྐྱེས་དགྲའི་ཁང་པ་དང་བརྗེས་ཀྱང་ཁོ་རང་གི་ཕྱི་བཞིན་འབྲང་བ་ལྟར། སེམས་ཅན་རང་རང་གི་སེམས་ཀྱི་སྣང་བ་བསོད་ནམས་ཆ་མཐུན་གྱི་མཐུ་ལས་གྲུབ་པའི་ཕྱིར་ཇི་ལྟར་དམིགས་ཤིང་གསོལ་བ་བཏབ་པ་ལྟར་འདོད་པ་རྣམས་གྲུབ་པར་བསྟན་པ་ཡིན་ནོ། །དེ་དང་འདྲ་བར་གཞི་ཆོས་ཉིད་མངོན་དུ་བྱས་པ་ལས་བདག་དོན་གྲུབ་པ་དང་གཞན་དོན་མཛད་པར་སྣང་བས་ངོ་མཚར་ཞིང་། རང་གི་ངོ་བོ་ཆོས་ཀྱི་སྐུ་ཅིར་ཡང་མ་གྲུབ་ཅིང་གཟུགས་སྐུ་གཉིས་སུ་མ་འགགས་པའི་ཆོ་འཕྲུལ་འབྲས་ཆོས་ཡོན་ཏན་ཉེར་ལྔ་ལ་སོགས་ཁྱད་པར་དུ་འཕགས་པས་རྨད་དུ་བྱུང་བ་སངས་རྒྱས་ཀྱི་ཐུགས་སུ་ཆུད་པའི་ཆོས་དེ་དག་རང་གི་སེམས་ལས་གཞན་ན་ཡོད་པ་ཞིག་བཙལ་ནས་གསར་དུ་འོངས་པ་མ་ཡིན་ཏེ། ཐབས་ཀྱི་ལམ་ལ་བརྟན་པ་ཐོབ་ཅིང་གྲོལ་བའི་ལམ་ཤེས་རབ་ཀྱི་ཆོས་ཉིད་མངོན་དུ་བྱས་པ་དེ་ལྟ་བུའི་ངང་དུ་འབྲས་བུ་རྣམས་མ་བཙལ་རང་བྱུང་དུ་སྣང་བའོ། །གཉིས་པ་འབྲས་བུ་རང་གི་ངོ་བོ་ལ་གསུམ་སྟེ། རྒྱུ་རྐྱེེན་ལས་མ་སྐྱེས་ཤིང་དོན་བྱེད་ནུས་པར་བསྟན་པ། གཅིག་ཏུ་བྲལ་གྱི་དོན་རང་བྱུང་གི་ཡེ་ཤེས་སུ་བསྟན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་ལ་གཟིགས་ཚུལ་ལོ། །དང་པོ་ནི། ཤེས་རབ་དབྱིངས་སོགས་ཚིག་བཅད་གཉིས་ཏེ། དེ་ལྟར་གྲུབ་པའི་འབྲས་བུ་རང་གི་ངོ་བོ་ནི་ཐོབ་བྱེད་རྒྱུ་རྐྱེན་གཞན་ལས་བྱུང་བ་མ་ཡིན་པའི་ཕྱིར། ཤེས་བྱེད་ཡང་དག་པའི་དོན་རྟོགས་པའི་ཤེས་རབ་ཀྱིས་ཤེས་བྱ་ཆོས་ཀྱི་དབྱིངས་རྣམས་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཐབས་ལམ་གྱི་ཕྱག་རྒྱ་ཆེན་པོ་གོམས་པར་གྱུར་པས་སྣང་ཞེན་གྱི་འཁྲུལ་པ་ཐམས་ཅད་སངས་པའི་དོན་འབྲས་བུའི་ཡོན་ཏན་རྣམས་རང་གསལ་བའི་ཕྱིར་བྲལ་འབྲས་ཙམ་ལས་ལམ་གྱིས་གསར་དུ་བསྒྲུབ་པ་མ་ཡིན་ཏེ། གཞི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ལ་ནི་འབྲས་བུ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རོལ་པ་ཞེས་བྱའོ། །འོ་ན་འབྲས་བུའིསྣང་བ་དེ་དག་ཡོད་པའི་མཚན་མར་མི་འགྱུར་རམ་ཞེ་ན། ཡེ་ཤེས་ལ་ཡེ་ཤེ་རོལ་པ་ཉིད་ཀྱང་ཡང་དག་པར་ན་མ་གྲུབ་སྟེ། སྒྱུ་མ་ལྟར་གསོག་གསོབ་ཡ་མ་བརླའོ། །ཡེ་ཤེས་ཅི་འདྲ་བར་སྐུ་ཡང་དེ་འདྲ་སྟེ། དེ་ལས་གཞན་ཡང་རྒྱལ་བ་སྤྲུལ་པའི་སྐུ་འཇིག་རྟེན་དུ་མངོན་དུ་འབྱུང་ཞིང་འཁོར་བ་སྡུག་བསྔལ་ལས་སྐྱོབ་པ་དང་། ཆོས་སྐུའི་ངང་ལས་ལོངས་སྐུ་རང་སྣང་བའི་བྱིན་རླབས་ཀྱིས་བརྡའི་སྒོ་ནས་ཆོས་སྟོན་པའང་གོང་མ་བཞིན་ཏེ། ཡང་དག་པར་ན་མ་གྲུབ་སྟེ་ངོ་བོས་སྟོང་པའོ། །འོ་ན་སྐུ་དང་ཡེ་ཤེས་དཔེ་དོན་བྱེད་མི་ནུས་སམ་ཞེ་ན། དོན་བྱ་བའི་ཡུལ་ལ་དོན་བྱེད་ནུས་པའི་རྒྱུ་མཚན་ཆོས་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གཉིས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་སྣང་བའི་ཕྱིར་དེའི་གཟི་བྱིན་གྱིས་དོན་མཛད་པའོ། །དེ་ལྟར་གདུལ་བྱ་ལ་སྣང་བཞིན་དུ་དེ་བཞིན་གཤེགས་པ་ལ་མཛད་པར་མ་གྲུབ་པས་སྒྱུ་མ་ལྟ་བུ་ཡིན་ལ། དེ་གཉིས་དབྱེར་མེད་པའི་རྡོ་རྗེ་ཡིན་ཅིང་གཉེན་པོ་དང་བྲལ་བས་བཙན་པོ་སྟེ། གཞན་ལས་ཁྱད་པར་དུ་འཕགས་པས་ན་མཆོག་ཡིན་ནོ། །གཉིས་པ་ནི། གཅིག་དང་དུ་མ་སོགས་ཚིགས་བཅད་གཅིག་སྟེ། རྒྱལ་བ་རྣམས་ནི་ཁྱབ་བྱེད་ཆོས་སྐུས་ཁྱབ་པ་གཅིག་ལས་མ་གཡོས་པར་གཟུགས་སྐུ་ཐ་དད་ཀྱིི་མཛད་པ་སྣ་ཚོགས་སུ་སྣང་བའི་ཕྱིར་གཅིག་གི་མཐའ་དང་བྲལ་ལ། ཁྱབ་བྱ་གཟུགས་སྐུ་ཐ་དད་ཀྱི་རང་བཞིན་ཆོས་སྐུ་ལས་མ་གཡོས་པས་རྒྱུད་ཐ་དད་མེད་པའི་ཕྱིར་དུ་མའི་མཐའ་དང་བྲལ་བ་སྟེ། ཀུན་བྱེད་ལས། ཆོས་སྐུ་ཁྱབ་པ་གཅིག་པའི་ཕྱིར། །ཆེ་བའི་ཆེན་པོར་རང་བཞིན་གནས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་སོགས་པའི་མཐའ་ཐམས་ཅད་བྲལ་བའི་ཕྱིར་དབུས་ཞེས་གཅིག་དང་ཐ་དད་ལ་སོགས་གཉིས་ཀ་མ་ཡིན་པའི་ཕུང་པོ་གསུམ་པོའང་མེད་པ་སྟེ། དེ་ལྟར་ཆོས་ཉིད་དེ་ཇི་ལྟར་གནས་པ་བཞིན་མངོན་དུ་བྱས་པ་ཉིད་ལས་གཞན་དུ་འབྲས་བུ་ཞིག་སངས་རྒྱས་ཉིད་ཀྱིས་ཀྱང་མི་གཟིགས་ཏེ། དེས་ན་དེ་རྒྱུ་རྐྱེན་དང་བྲལ་བས་རང་བྱུང་ཡིན་ལ། ཡེ་ནས་ཡིན་པའི་དོན་མངོན་དུ་བྱས་པས་ཡེ་ཤེས་ཏེ། དེ་ཉིད་ཐུགས་རྗེ་ཆེན་པོས་ཞི་བའི་མཐའ་དང་ཤེས་རབ་ཆེན་པོས་འཁོར་བའི་མཐའ་གཉིས་ལ་གནས་པ་མེད་པར་བཞུགས་པ་ལ་དེ་བཞིན་གཤེགས་པའི་སྣང་བ་ཞེས་བྱའོ། །གསུམ་པནི། ལོག་པར་སོགས་ཚིགས་བཅད་གཅིག་དང་། ཞེས་ཆེད་དུ་སོགས་ཏེ། འགྲོ་བའི་ལོག་པར་རྟོག་པ་གཟུང་འཛིན་གྱིས་རྣམ་པར་བརྟགས་པའི་སྒྲིབ་པ་དེ་དག་ཡེ་ནས་རྣམ་པར་དག་པས་ཆོས་དང་ཆོས་ཉིད་རང་བཞིན་གྱིས་འབྲེལ་ཞིང་། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱང་ཆོས་ཀྱི་དབྱིངས་ལས་མི་གཞན་པའི་ཕྱིར་ཡུལ་དང་ཡུལ་ཅན་རང་བཞིན་ཐ་མི་དད་པར་འབྲེལ་བ་དང་། སངས་རྒྱས་རྣམས་སྔོན་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་ཚེ་ཐུགས་རྗེ་ཆེན་པོས་སེམས་ཅན་ཡོངས་སུ་སྒྲོལ་བར་དམ་བཅས་པས་ལས་དང་ཐུགས་རྗེར་འབྲེལ་བའོ། །དེ་ལྟར་འབྲེལ་བ་གསུམ་གྱིས་འབྲེལ་བས་ན་ཐུགས་རྗེས་གཟིགས་པའི་ཐ་སྙད་གདགས་སུ་རུང་སྟེ། གདུལ་བྱ་འགྲོ་བའི་སྣང་བ་དངོས་པོར་མ་གྲུབ་པས་ཅིར་ཡང་མི་དམིགས་པར་གཟིགས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། རིགས་དྲུག་གི་འཇིག་རྟེན་དུས་སྔ་ཕྱི་དང་གནས་མཐོ་དམན་སོགས་སྣང་བ་ཐམས་ཅད་མ་ལུས་པ་ས་ལེར་གཟིགས་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་གཟིགས་པ་ནི་དབྱེར་མེད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་མཚན་བརྗོད་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པར་འཆང་། །ཞེས་སོ། །དེ་སྐད་ཅེས་དཀྱིལ་འཁོར་དང་དབང་དང་སྒྲུབ་པའི་དོན་དེ་དག་གོ་ཕྱེ་བའི་འཁོར་གྱི་ཆེད་དུ་ལྷན་ཅིག་པའི་འཁོར་ལ་སྟོན་པས་ཆེད་དུ་བརྗོད་པར་མཛད་དོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་སུ་ཡོད་པ་ལས། འདིས་རྡོ་རྗེ་གསུམ་ཐོབ་བྱེད་ལས་ཀྱི་རིམ་པ་དཀྱིལ་འཁོར་དང་དབང་དང་སྒྲུབ་པ་ཡེ་ཤེས་རྡོ་རྗེ་གསུམ་བཀོད་པའི་དོན་རྟོགས་དཀའ་བས་ན་གསང་བ་དེ་ཉིད་འདའ་བར་དཀའ་བའི་ཕྱིར་དམ་ཚིག་གི་ལེའུ་སྟེ་དགུ་པའོ།། ༈ །།ད་ནི་ལེའུ་བཅུ་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་སྟོན། ཐབས་གྲོལ་གཉིས་ལས་ཐབས་ལམ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་དང་འབྲས་བུའི་མཚན་ཉིད་ཟུར་ཙམ་སྟོན། སྣང་བ་བཞི་ལས་ལམ་སྣང་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ཡང་དངོས་པོ་བཅུ་ལས་དབང་སྟོན། དབང་གི་ཞོར་ལ་སྤྱོད་པ་དང་དཀྱིལ་འཁོར་ཏིང་ངེ་འཛིན་སྟོན། ཕྲིན་ལས་ཟུར་ཙམ་སྟོན། ཐ་མའི་ཆོས་བཅུ་ལས། ལྡེམ་དགོངས་མན་ངག །བསྣོལ་མཚམས་འཕེན་སྡུད། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། དཀྱིལ་འཁོར་དུ་འཇུག་ཅིང་སྣོད་དང་འཚམས་པར་དབང་བསྐུར་ཚུལ་མདོར་བསྟན་པ་དེ་ནས་ཇི་ལྟར་བསྐུར་བའི་རིམ་པ་སྟོན་པའི་ཕྱིར་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་དགྱེས་པ་ཆེན་པོ་རང་དོན་དུ་དབང་གི་ཆེ་བ་ཐམས་ཅད་ཐོབ་པ་དང་གཞན་དོན་དུ་ཆོས་ཐམས་ཅད་ལ་རང་དབང་སྒྱུར་བའི་ཕྱིར་དཔེ་རྒྱལ་པོ་དང་འདྲ་བས། སྐལ་པ་དང་འཚམས་པར་སྣོད་གསུམ་པོ་ལ་དབང་གསུམ་རིམ་པ་ལྟར་ཐོབ་པར་བྱེད་པའི་ཕྱིར་རང་རང་གི་བསམ་པ་དང་འཚམས་པར་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་དགོངས་པ་མངོན་དུ་བཞག་པས་ན་སྙོམས་པར་ཞུགས་ནས་དབང་ཆོ ག་བཅོ་བརྒྱད་ཀྱི་དོན་ཆེད་དུ་བརྗོད་པ་འོག་ནས་འབྱུང་བ་འདི་བརྗོད་དོ། །གཉིས་པ་གཞུང་ལ་གསུམ་སྟེ། དབང་བསྐུར་བའི་རིམ་པ། མ་བསྐུར་བའི་སྐྱོན། བསྐུར་བའི་ཡོན་ཏན་ནོ། །དང་པོ་ལའང་གསུམ་སྟེ། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་བསྐུར་བའི་རིམ་པའོ། །དང་པོ་ནི། དབུ་རྒྱན་སོགས་ཚིགས་བཅད་གཅིག་སྟེ། དབང་བསྐུར་བའི་སྐབས་འདིར་གསང་བདག་སྒྲོ་ཕུག་པ་ཆེན་པོའི་གསུང་རྒྱུན་སྔ་ཕྱི་གཉིས་ལས། སྔ་མའི་བཀའ་སྲོལ་འཛིན་པ་རྣམས་ཀྱིས་དབང་རྣམས་ས་བཅད་གསུམ་དུ་བསྡུས་ནས་གསུངས་ནའང་། ཕྱིས་དོན་བརྒྱད་བརྒྱད་ཀྱིས་བསྡུས་ནས་གསུངས་པས། དེའི་དོན་ལྟར་རྡོ་རྗེ་ལས་རིམ་ལས། རྒྱུ་རྐྱེན་ངོ་བོ་འབྲས་བུ་དང་། །རིམ་ལས་སྐྱོན་ཡོན་བརྒྱད་ཅེས་བྱ། །ཞེས་པ་ལྟར་དོན་བརྒྱད་ཀྱི་དང་པོ་རྒྱུ་ལ་གཉིས་ལས། མཚུངས་ལྡན་གྱི་རྒྱུ་ནི། དབུ་རྒྱན་གྱི་དབང་གི་མཚུངས་ལྡན་རྣམ་ཤེས་ཚོགས་བརྒྱད། ཅོད་པན་གྱི་མཚུངས་ལྡན་རོ་རྐྱང་གཉིས། ཕྲེང་བའི་མཚུངས་ལྡན་ཐིག་ལེ་སོ་གཉིས། གོ་ཆའི་མཚུངས་ལྡན་ལུས་རྩའི་དྲྭ་བས་ཁྱབ་པ། རྒྱལ་མཚན་གྱི་མཚུངས་ལྡན་ཕོ་མོའི་དབང་པོ། ཕྱག་རྒྱའི་མཚུངས་ལྡན་རྟོག་ཚོགས་ཞེ་གཉིས། གདུགས་ཀྱི་མཚུངས་ལྡན་ཀླད་པ་བདེ་ཆེན་གྱི་འཁོར་ལོ། བུམ་པའི་མཚུངས་ལྡན་རྩ་གནས་ཐིག་ལེས་གང་བ། བཟའ་བཏུང་གི་མཚུངས་ལྡན་ལྕེ་ལ་གནས་པའི་རོ་འབབ་མ། སྙིང་པོའི་དབང་གི་མཚུངས་ལྡན་ཁམས་ལྔའི་བཅུད་དེ་དམ་རྫས་ལྔའོ། །ལྷན་ཅིག་པའི་རྒྱུ་ནི། དབང་རྫས་རབ་གནས་དང་ལྡན་པ་ཡིན་ཏེ། དེ་ཡང་དབུ་རྒྱན་ལ་རིན་འབྱུང་གིས་རབ་གནས་བྱའོ། །དེ་བཞིན་དུ་དར་དམར་མཐིང་གི་ཅོད་པན་ལ་རྡོར་སེམས་དང་སྣང་མཐའ། ཕྲེང་བ་ལ་རིན་འབྱུང་། གོ་ཆ་ལ་དོན་གྲུབ། རྒྱལ་མཚན་ལ་རྡོར་སེམས། ཕྱག་རྒྱ་ལ་ལྷ་རང་རང་གིས། གདུགས་ལ་རྡོར་སེམས། བུམ་པར་རིགས་ལྔ་ཀས། བཟའ་བཏུང་ལ་རྣམ་སྣང་། སྙིང་པོ་ལྔ་ལ་རང་རང་གི་རིགས་ཀྱིས་རབ་ཏུ་གནས་པར་བྱས་པ་རྣམས་སོ། །གཉིས་པ་རྐྱེན་ལ་བཞི་ལས། ཕན་དབང་བསྐུར་དུ་རུང་བའི་སློབ་བུ་རྒྱུའི་རྐྱེན། བསྐུར་ནུས་པའི་སློབ་དཔོན་བདག་པོའི་རྐྱེན། དབང་རྫས་རབ་གནས་དང་ལྡན་པ་དམིགས་པའི་རྐྱེན། དབང་སྔ་མས་གོ་ཕྱེ་ནས་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །གསུམ་པ་ངོ་བོ་ནི། ཕྱི་ཕན་པའི་དབང་བཅུ་པོ་ཡིན་ནོ། །བཞི་པ་འབྲས་བུ་ནི། དཔེར་ན་མཚོན་ལ་ངར་བཏགས་པ་ལྟར་དབང་བསྐུར་བས་ཐོབ་བྱ་རང་གནས་ཀྱི་དོན་མངོན་དུ་གྱུར་པའི་ནུས་པ་དངོས་སུ་སྐྱེས་པའམ་ས་བོན་ཙམ་ཐེབས་པའོ། །ལྔ་པ་རིམ་པ་ནི། ཐོག་མར་སྙིང་པོ་ལྔ། དེ་ནས་དབུ་རྒྱན། བུམ་པ། ཅོད་པན། ཕྲེང་བ། གོ་ཆ། རྒྱལ་མཚན། གདུགས། ཕྱག་རྒྱ། བཟའ་བཏུང་ངོ་། །དྲུག་པ་དབང་བསྐུར་བའི་ལས་རིམ་ནི། རེ་རེ་ལའང་ལྔ་ལྔ་སྟེ། བསམ་རྒྱུད། བསྒྲགས་ཚིག །བསྐུར་གནས། བསྟིམ་ནས། སྒྲིབ་པ་གང་དག་ནས་ནུས་པ་གང་སྐྱེ་བའི་ཚུལ་སྨོན་ལམ་དང་བཅས་པའོ། །དེ་རྣམས་ཀྱི་དོན་ནི། སློབ་བུ་ལྷར་གསལ་བ་ལ། རིན་འབྱུང་གི་རབ་གནས་ཅན་གྱི་དབུ་རྒྱན་བསྐོན་ལ་སྤྱི་བོར་རིགས་ལྔའི་དབང་རྒྱ་འཆིང་ཞིང་དབང་རྫས་ཚོགས་བརྒྱད་ཀྱི་ཤེས་པ་ལ་བསྟིམ་པས་དོན་ཡེ་ཤེས་ལྔའི་ངོ་བོར་དག་པའི་རྟགས་རིགས་ལྔས་དབུ་བརྒྱན་པར་བསམ་པའོ། །དེ་བཞིན་དུ་མཐའ་ཡས་དང་རྡོར་སེམས་ཀྱིས་བརླབས་པའི་དར་དམར་མཐིང་གི་ཅོད་པན་མགོ་བོའི་གཡས་གཡོན་དུ་འཕུར་ཞིང་དཔྱངས་པ་རྩ་རོ་རྐྱང་གཉིས་ལ་བསྟིམས་པས་ཡོན་ཏན་ཐམས་ཅད་རྫོགས་ཤིང་གདུག་པ་ཅན་འདུལ་བར་དང་། རིན་འབྱུང་གིས་བརླབས་པའི་ཕྲེང་བ་མགོར་བཅིངས་ཤིང་ཐིག་ལེ་སོ་གཉིས་སམ་ཀུན་དར་མ་ཡི་མདུད་པ་པོ་གཉིས་ལ་བསྟིམས་པས་གཟུངས་དང་ཏིང་ངེ་འཛིན་སོགས་འབྲས་བུའི་ཆོས་ཐམས་ཅད་རྫོགས་པར་དང་། དོན་གྲུབ་ཀྱིས་བརླབས་པའི་གོ་ཆ་ལུས་ལ་བསྐོན་ཞིང་ལུས་རྩའི་དྲྭ་བས་ཁེབས་པ་ལ་བསྟིམས་པས་རྒོལ་བས་མི་ཚུགས་པར་དང་། རྡོར་སེམས་ཀྱིས་བརླབས་པའི་རྒྱལ་མཚན་ལག་ཏུ་གཏད་ཅིང་ཕོ་མོའི་གསང་བའི་དབང་པོ་ལ་བསྟིམས་པས་ལོག་ལྟ་ཅན་ཟིལ་གྱིས་གནོན་པར་དང་། ལྷ་རང་རང་གིས་བརླབས་པའི་ཕྱག་རྒྱ་རྣམས་སྤྱི་བོའམ་སྙིང་གར་བཞག་ཅིང་སོ་སོའི་རྟོག་ཚོགས་སུ་བསྟིམས་པའི་རྟོག་པ་རྣམས་ལྷའི་ངོ་བོར་དག་པ་དང་། མི་བསྐྱོད་པས་བརླབས་པའི་གདུགས་སྤྱི་བོར་བཞག་ཅིང་ཀླད་པ་བདེ་ཆེན་གྱི་འཁོར་ལོ་ལ་བསྟིམས་པས་ཉོན་མོངས་པའི་གདུང་བ་ལས་སྐྱོབ་པར་དང་། རིགས་ལྔ་འདུས་ཀྱིས་བརླབས་པའི་བུམ་པའི་ཆུས་སྤྱི་བོར་བསྐུར་ཞིང་རྩ་གནས་ཐིག་ལེས་གང་བ་ལ་བསྟིམས་པས་ཉོན་མོངས་པའི་དྲི་མ་དག་ནས་ཡེ་ཤེས་ལྔའི་དབང་ཐོབ་པར་དང་། རྣམ་སྣང་གིས་བརླབས་པའི་བཟའ་བཏུང་ཁར་བྱིན་ཅིང་ལྕེ་ལ་གནས་པའི་རོ་དབབ་མ་ལ་བསྟིམས་པས་ཡེ་ཤེས་ཀྱི་སྣང་བ་འདོད་ཡོན་གྱི་རོལ་མོར་མ་འགགས་པར་སྤྱོད་པའི་དང་། འབྲས་བུ་ལྔས་བརླབས་པའི་སྙིང་པོ་སྤྱི་མགྲིན་སྙིང་དང་ལྟེ་བའི་གཡས་གཡོན་ལྔའམ་མགོར་བཞག་ཅིང་ཁམས་ལྔའི་བཅུད་དམ་རྫས་ལྔ་ལ་བསྟིམས་པས་ཁམས་ལྔ་རིགས་ལྔའི་ངོ་བོར་དག་པར་བསམ་ཞིང་ཞིབ་པར་དབང་ཆོག་རྣམས་ལས་ཤེས་པར་བྱའོ། །བདུན་པ་མ་ཐོབ་པའི་སྐྱོན་དང་། །བརྒྱད་པ་ཐོབ་པའི་ཡོན་ཏན་ནི་འོག་ཏུ་སྟོན་པར་བྱེད་དོ། །དེ་དག་གིས་འདི་ཕྱི་གཉིས་སུ་ཕན་པའི་ས་བོན་ཙམ་འཇོག་པའི་ཕྱིར་ན་ཕན་པའི་དབང་ཞེས་བྱ་སྟེ། ཐལ་རྒྱུད་ལས། ས་བོན་ཙམ་འཇོག །ཅེས་གསུངས་པའི་ཕྱིར་རོ། །དེས་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བའི་སྐལ་བ་ཅན་དུ་བྱས་སོ། །གཉིས་པ་ནུས་དབང་ལྔ་པོ་རིགས་བསྡུ་ན་གསུམ་སྟེ། བདག་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་བསྒོམ། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཕྲིན་ལས་དང་འཆད་དབང་། གཉིས་ཀའི་དོན་ནུས་པའི་བརྩོན་འགྲུས་ཅན་ལ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་བསྐུར་བའོ། །སྤྱིར་དབང་འདི་རྣམས་ལའང་དོན་བརྒྱད་བརྒྱད་དེ། དང་པོ་རྒྱུ་ལ་མཚུངས་ལྡན་གྱི་རྒྱུ་ནི། སློབ་བུའི་རྣ་བ་གཉིས་ཀྱི་འདོམ་རྩ་ནས་སྒྲ་ཉན་པའི་རེག་ཤེས་ཀྱི་ཐིག་ལེ་གནས་པ་ཉན་དབང་གི་མཚུངས་ལྡན་གྱི་རྒྱུའོ། །དེ་བཞིན་དུ་སྙིང་གའི་རེག་ཤེས་ཀྱི་ཐིག་ལེ་བསྒོམ་དབང་གི། ལག་པའི་འདོམ་རྩ་ན་སྐྱེད་བྱེད་ཀྱི་ཐིག་ལེ་ཕྲིན་ལས་ཀྱི། ལྕེའི་སྨྲ་བྱེད་ཀྱི་ཐིག་ལེ་འཆད་དབང་གི། ཡན་ལག་ལྔའི་ཐིག་ལེ་ནི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། དབང་རྫས་རབ་གནས་དང་ལྡན་པ་སྟེ། ཀ་པཱ་ལི་གླེགས་བམ་ཅན་རིན་འབྱུང་གི་རབ་གནས་བྱས་པ་ཉན་དབང་གི། ཕྲེང་བ་ཡི་དམ་གང་ཡིན་གྱི་རབ་གནས་ཅན་བསྒོམ་པའི། རྡོ་རྗེ་རྒྱ་གྲམ་དོན་གྲུབ་ཀྱི་རབ་གནས་ཅན་ཕྲིན་ལས་ཀྱི། དུང་དང་ཕྱག་ཤིང་འཁོར་ལོ་གསུམ་ལ་མཐའ་ཡས་ཀྱི་རབ་གནས་བྱས་པ་འཆད་པའི། རྡོ་རྗེ་དང་དྲིལ་བུ་ཀུན་བཟང་ཡབ་ཡུམ་གྱི་རབ་གནས་ཅན་ནི་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གི་ལྷན་ཅིག་བྱེད་པའི་རྒྱུའོ། །གཉིས་པ་རྐྱེན་ལ་བཞི་སྟེ། སློབ་བུ་རྒྱུའི་རྐྱེན། སློབ་དཔོན་བདག་པོའི་རྐྱེན། དབང་རྫས་རབ་གནས་ཅན་དམིགས་པའི་རྐྱེན། སྔ་མས་གོ་ཕྱེ་ནས་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །གསུམ་པ་ངོ་བོ་ནི། ཉན་དབང་སོགས་ནུས་པའི་དབང་ལྔ་པོ་ཡིན་ནོ། །བཞི་པ་འབྲས་བུ་ནི། དབང་བསྐུར་བས་ནུས་པ་དངོས་སུ་སྐྱེས་པའམ་སྐྱེ་རུང་དུ་བྱེད་པའོ། །ལྔ་པ་རིམ་པ་ནི། ཉན་སྒོམ་ཕྲིན་ལས་འཆད་པ་སློབ་དཔོན་དབང་རྣམས་གོ་རིམ་བཞིན་ནོ། །དྲུག་པ་ནུས་དབང་བསྐུར་བའི་ལས་རིམ་ནི། ནུས་དབང་ལྔ་པོ་རེ་རེ་ལའང་བསམ་རྒྱུད། བསྒྲགས་ཚིག །བསྐུར་གནས། བསྟིམ་གནས། སྒྲིབ་པ་གང་དག་ནས་ནུས་པ་གང་སྐྱེས་པ་དང་ལྔ་ལྔའོ། །དང་པོ་ཉན་བསྒོམ་གཉིས་ཀྱི། ཉན་དབང་ནི། ཉན་བྱེད་སོགས་དང་། ཏྲཾ། གསང་བ་སོགས་ཏེ། སློབ་དཔོན་རིགས་དྲུག་པ་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་སློབ་བུའི་མཚུངས་ལྡན་གྱི་གནས་སོ་སོར་བྷྲཱུཾ་ཡིག་དམར་སེར་སྤྲོས་པས་གཞལ་ཡས་ཁང་བསྒོམ་པ་ལྔ་ཀ་ལ་སྦྱར་ཏེ། ཉན་དབང་གི་བསམ་རྒྱུད་སློབ་བུ་རྣམས་ཀྱི་ཉན་བྱེད་དེ་རྣ་བ་གཉིས་ཀྱི་འདོམ་རྩ་རུ། རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀ་ནས་བྷྲཱུཾ་འཕྲོས་པ་ལས་འཁོར་ལོ་རྩིབས་བཞི་པ་སྒོ་དང་བཅས་པའི་གཞལ་ཡས་སུ་བསྐྱེད་ལ། སྒྲ་གསལ་བར་བྱེད་པའི་ཐིག་ལེའམ་རེག་ཤེས་ཀྱི་ངོ་བོ་ཡི་གེ་ཏྲཾ་ཟུང་ལྔ་ཡ་བཅུ་ལས་རིན་འབྱུང་ཡབ་ཡུམ་གྱིས་གཙོ་བྱས་པའི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་སྒོ་བ་ཡབ་ཡུམ་དང་བཅས་པ་ལྷ་བཅོ་བརྒྱད་ཀྱི་ཕྱག་རྒྱའི་ཚོགས་མཆོག་ཏུ་གྱུར་པ་གསལ་བར་བསྐྱེད་པ་ལ། བསྐུར་རློབས་དབབ་དྲང་བསྟིམ་བརྟན་མཆོད་ནས། སློབ་དཔོན་གྱི་སྦྱོར་མཚམས་ནས་འོད་འཕྲོས་པས་སྔར་བསྐྱེད་པའི་ལྷ་ཐམས་ཅད་ཀྱང་མཁའ་གསང་བརླབས། སྦྱོར་བའི་བརྡས་བསྐུལ་ནས་སྙོམས་པར་ཞུགས་པས་རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས་སློབ་བུ་ལ་ཐིམ་པས་སློབ་བུ་ཡང་འོད་དུ་ཞུ་བའི་འོད་ཕུང་སེར་པོ་ལས་རིན་ཆེན་འབྱུང་ལྡན་གྱི་འཁོར་ལོ་གསལ་ཞིང་སྤྲོ་བ་བསྐྱེད་ལ། བསྒྲགས་ཚིག་ནི། ཏྲཾ་ཞེས་པའི་གླུས་འགོ་དྲངས་ལ་གསང་བ་མ་ཧཱ་ཡོ་ག །གསང་ཆེན་ཨ་ནུ་ཡོ་ག །གསང་མཆོག་ཨ་ཏི་ཡོ་གའི་བསྟན་པ་དང་། དེར་མ་ཟད་གསང་སྔགས་ཀྱི་རྒྱུད་སྡེ་གཞན་བཞི་དང་དྲུག་སོགས་ཀུན་ལའང་ཉན་པར་དབང་བས་མཉན་པར་བྱ་ཞེས་གནང་བ་སྦྱིན་ཅིང་། ཉན་ནས་གསང་བའི་དོན་དེ་ཉིད་རང་གི་རིག་པས་བརྟག་པར་བྱ་བ་ལས་འཆད་དབང་མ་ཐོབ་ཀྱི་བར་དུ་གཞན་དུ་སྨྲ་ཞིང་བཤད་པར་བྱ་བ་མིན་ནོ་ཞེས་བསྒྲགས་ནས། བསྐུར་གནས་ལག་ཏུ་གླེགས་བམ་གཏད་དེ། བསྟིམ་གནས་མཚུངས་ལྡན་གྱི་རྒྱུ་ལ་བསྟིམས་པས། བཀའ་ཕྱི་ནང་གི་ཆོས་ལ་ཐོགས་པ་མེད་པར་ཉན་མི་ནུས་པའི་སྒྲིབ་པ་དག་ནས་ཉན་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་ཞིང་། དེ་དང་རྗེས་སུ་མཐུན་པའི་སྨོན་ལམ་ཡང་གདབ་བོ། །གཉིས་པ་བསྒོམ་དབང་ནི། གསལ་བའི་སོགས་དང་། ༀ་དུས་གསུམ་སོགས་ཏེ། བསྒོམ་དབང་གི་བསམ་རྒྱུད་དྲན་པ་གསལ་བར་བྱེད་པའི་རྟེན་སྙིང་གི་རྩའི་འཁོར་ལོ་རྩིབས་བཞི་སྒོ་དང་བཅས་པའི་གཞལ་ཡས་སུ་བསྐྱེད་ཅིང་། དྲན་པ་གསལ་བར་བྱེད་པའི་ཐིག་ལེའི་ངོ་བོ་ཉིད་ཡི་དམ་ལྷ་གང་ཡིན་གྱི་ཟུང་ལྔ་ཡ་བཅུའི་ཕྲེང་བའི་ཚོགས་མཆོག་ལས་ཡི་དམ་གང་ཡིན་གྱི་རིགས་ཀྱི་དཀྱིལ་འཁོར་ལྷ་བཅོ་བརྒྱད་དུ་གསལ་བ་ལ་འོད་སྤྲོ་བ་ལ་སོགས་པས་རྗེས་ཆགས་ཀྱི་མེས་ཞུ་བ་སློབ་བུ་ལ་ཐིམ་པའི་འོད་ཕུང་ལས་སློབ་བུ་ལྷ་གང་ཡིན་དུ་བསྐྱེད་ལ། བསྒྲགས་ཚིག་ནི། ༀ་ཡེ་ཤེས་ལྔས་འགོ་དྲངས་ལ། བུ་ཁྱོད་དུས་གསུམ་རྒྱལ་བའི་སྲས་ཆེན་པོ་ཡིན་པས་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྷ་སྔགས་འོད་གསལ་གྱི་དོན་བསྒོམ་པ་ལས་མི་འདའ་བར་བཟུང་སྟེ། རྒྱལ་བ་ཐམས་ཅད་ནི་བསྒྲུབ་པས་མཉེས་པར་འགྱུར་བས་ན་དེས་མཆོད་ལ་འབྲས་བུ་རྒྱལ་བ་ཀུན་དང་མཉམ་པར་སྦྱོར་བའི་དོན་སྒྲུབས་ཤིག་ཅེས་བསྒྲགས་ནས། བསྐུར་གནས་ལག་ཏུ་ཕྲེང་བ་གཏད་དེ། བསྟིམ་གནས་མཚུངས་ལྡན་གྱི་རྒྱུ་ལ་བསྟིམ་པས་ཡི་དམ་ལྷའི་ཏིང་འཛིན་རྒྱུད་ལ་མི་སྐྱེ་བའི་སྒྲིབ་པ་དག་ནས་སྐྱེ་བའི་ནུས་པ་དངོས་སུ་སྐྱེས་པར་བསམ་ཞེས་སྨོན་ལམ་ཡང་བྱའོ། །གཉིས་པ་ལ་གཉིས་ཀྱི། དང་པོ་ཕྲིན་ལས་ཀྱི་དབང་ནི། ལག་པའི་སོགས་དང་། ༀ་ཁྱེད་ནི་སོགས་ཏེ། ཕྲིན་ལས་ཀྱི་དབང་གི་བསམ་རྒྱུད་ལག་པ་གཉིས་ཀྱི་འདོམ་རྩའི་འཁོར་ལོ་རྩིབས་བཞི་སྒོ་དང་བཅས་པའི་གཞལ་ཡས་སུ་ལག་པ་གཉིས་ཀྱི་བྱ་བྱེད་གསལ་བར་བྱེད་པའི་ཐིག་ལེའི་ངོ་བོ་ཉིད་ཡི་གེ་ཧཱྃ་ཟུང་ལྔ་ཡ་བཅུའི་ཕྱག་རྒྱའི་ཚོགས་མཆོག་ལས་ལས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལྷ་བཅོ་བརྒྱད་དུ་གསལ་བ་ལས་འོད་སྤྲོ་བ་ལ་སོགས་པས་རྗེས་ཆགས་ཀྱི་མེས་ཞུ་བ་སློབ་བུ་ལ་ཐིམ་པའི་འོད་ཕུང་ལྗང་གུ་ལས་སློབ་བུ་དོན་གྲུབ་ཏུ་བསྐྱེད་ལ། བསྒྲགས་ཚིག་ནི། ༀ་བུ་ཁྱོད་ནི་ཕྲིན་ལས་ཀྱི་དབང་ཐོབ་པས་རྡོ་རྗེ་ལས་མཁན་ཡིན་གྱིས་ཕྲིན་ལས་བཞི་སོགས་ལས་རྣམས་མ་ལུས་པ་ཀུན་ཁྱོད་ཀྱིས་བྱོས་ཤིག །ཐུགས་རྗེ་སྤྲུལ་པ་དང་མགྱོགས་བྱེད་ཡེ་ཤེས་དང་མངགས་པ་ལས་ཀྱི་ཕོ་ཉ་མང་པོ་ནང་དུ་འདུ་བ་དང་ཕྱིར་འཕྲོ་བ་ཀུན་ཀྱང་ལས་དབང་ཐོབ་པའི་བུ་ཁྱོད་ཀྱི་དགོས་པའི་བྱ་བ་གང་ཡིན་བྱེད་པ་ཡིན་ནོ་ཞེས་བསྒྲགས་ནས། བསྐུར་གནས་ལག་ཏུ་རྒྱ་གྲམ་གཏད་དེ། བསྟིམ་གནས་མཚུངས་ལྡན་གྱི་རྒྱུ་ལ་བསྟིམས་པས། ཕྲིན་ལས་བཞིས་འགྲོ་བ་འདུལ་མི་ནུས་པའི་སྒྲིབ་པ་དག་ནས་འདུལ་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་ཞིང་སྨོན་ལམ་ཡང་བྱའོ། །གཉིས་པ་འཆད་དབང་ནི། སྨྲ་བྱེད་སོགས་དང་། ༀ་ཆོས་ཀྱི་སོགས་ཏེ། འཆད་དབང་གི་བསམ་རྒྱུད་སྨྲ་བྱེད་ལྕེའི་འདོམ་རྩར་བྷྲཱུཾ་འཕྲོས་པ་ལས་འཁོར་ལོ་རྩིབས་བཞི་པའི་གཞལ་ཡས་སུ་སྒྲ་གསལ་བའི་རེག་ཤེས་ཀྱི་ཐིག་ལེའི་ངོ་བོ་ཉིད་ཡི་གེ་ཧྲཱིཿཟུང་ལྔ་ཡ་བཅུའི་ཕྱག་རྒྱའི་ཚོགས་མཆོག་ལས་གསུང་ཆོས་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་སྣང་བ་མཐའ་ཡས་ཀྱིས་གཙོ་བྱས་པ་བཅོ་བརྒྱད་དུ་གསལ་བ་ལ་འོད་སྤྲོ་བ་ལ་སོགས་པས་ལྷ་རྣམས་རྗེས་ཆགས་ཀྱི་མེས་ཞུ་བ་སློབ་བུ་ལ་ཐིམ་པའི་འོད་ཕུང་ལས་སྣང་བ་མཐའ་ཡས་སུ་གསལ་ལ། བསྒྲགས་ཚིག་ནི། ༀ་ཆོས་ཉིད་དོན་གྱི་བདུད་རྩི་བླ་མེད་ཀྱིས་དད་པ་དང་ལྡན་པའི་སྐྱེས་བུ་ངོམས་པར་བྱོས་ཤིག །ཇི་ལྟར་ན་རབ་འབྲིང་ཐ་མའི་བློ་ཅན་གང་ཡིན་བརྟག་ལ་སྣོད་དང་མཐུན་པར་གསང་བ་བསྒྲག་པར་བྱ་ཡི། གཞན་དུ་བློ་དང་མི་འཚམས་པར་བསྟན་པར་བྱ་བ་ནམ་ཡང་མིན་ནོ་ཞེས་བསྒྲགས་ནས། བསྐུར་གནས་ལག་ཏུ་དུང་དང་ཕྱག་ཤིང་འཁོར་ལོ་རྣམས་གཏད་དེ། བསྟིམ་གནས་མཚུངས་ལྡན་གྱི་རྒྱུ་ལྕེའི་ཐིག་ལེ་ལ་བསྟིམས་པས། སྔར་ཕན་ཆད་སེམས་ཅན་གྱི་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་མི་ནུས་པའི་སྒྲིབ་པ་དག་ནས་ད་བསྐོར་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་ཞིང་སྨོན་ལམ་ཡང་གདབ་བོ། །གསུམ་པ་རྡོ་རྗེ་རྒྱལ་པོའི་དབང་ནི། བསྐྱོད་ཆེན་སོགས་དང་། ༀ་ཕྱོགས་བཅུ་སོགས་ཏེ། དེ་ལ་བསམ་རྒྱུད་བསྐྱོད་ཆེན་ཡན་ལག་བཞི་མགོ་དང་ལྔ་ལ་འཁོར་ལོ་རྩིབས་བཞི་པའི་གཞལ་ཡས་སུ་གསལ་བའི་ལྷ་གནས་རྣམས་སུ་སྐྱོད་བྱེད་རེག་ཤེས་ཀྱི་ཐིག་ལེའི་ངོ་བོ་ཉིད་དེ། ལག་པ་གཡས་པའི་མཐིལ་གྱི་དཀྱིལ་འཁོར་ལ་ཧཱུཾ། དེ་བཞིན་དུ་མགོ་བོ་ལ་ཨཱོཾ། ལག་པ་གཡོན་པ་ལ་སྭཱ། རྐང་མཐིལ་གཡོན་པ་ལ་ཨཱཾ། གཡས་པར་ཧཱ་རྣམས་ཟུང་ལྔ་ལྔ་སྟེ་ཡ་བཅུ་བཅུའོ། །དེ་ལྟར་ཡི་གེའི་ཚོགས་ལས་དཀྱིལ་འཁོར་ཆ་ལྔ་ལ་ལྷ་ཡབ་ཡུམ་ལྔ་བཅུ་དང་། ཁྲོ་བོ་ཡབ་བཅུ་ཁྲོ་མོ་ཡུམ་བཅུའི་ཕྲེང་བ་རྣམས་རྗེས་ཆགས་ཀྱི་མེས་ཞུ་བ་སློབ་བུ་ལ་ཐིམ་པའི་འོད་ཕུང་ལས་སློབ་བུ་ཀུན་ཏུ་བཟང་པོར་བསྐྱེད་པ། བསྒྲགས་ཚིག་ནི། ༀ་ཕྱོགས་བཅུ་དང་དུས་བཞི་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཆེན་པོ་ཁྱོད་རྒྱུད་དང་དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ་ཡིན་པས་དཀྱིལ་འཁོར་ཀུན་གྱི་བདག་པོ་ཁྱོད་ཀྱིས་གྱིས་ལ་སྣོད་དང་འཚམས་པར་སྦྱིན་པར་བྱ་བ་དང་ལོངས་སྤྱོད་པར་ཡང་གྱིས་ཤིག་ཅེས་བསྒྲགས་ནས། བསྐུར་གནས་ལག་ཏུ་རྡོ་རྗེ་དྲིལ་བུ་གཏད་དེ། བསྟིམས་གནས་མཚུངས་ལྡན་གྱི་རྒྱུ་ཡན་ལག་ལྔའི་ཐིག་ལེ་ལ་བསྟིམས་པས། སྔར་གཞན་དོན་བྱེད་པར་མི་ནུས་པའི་སྒྲིབ་པ་དག་ནས་ད་གཞན་དོན་བྱེད་པར་ནུས་པའི་ནུས་པ་དངོས་སུ་སྐྱེས་པར་བསམ་ཞིང་སྨོན་ལམ་ཡང་གདབ་བོ། །དབང་མ་ཐོབ་པའི་སྐྱོན་དང་ཐོབ་པའི་ཡོན་ཏན་ནི་འོག་ཏུ་སྟོན་ལ། དེ་ལྟར་ནང་དབང་ལྔ་བསྐུར་བས་རང་གཞན་གྱི་དོན་ད་ལྟ་ཉིད་ནས་དངོས་སུ་བྱེད་པའི་ནུས་པ་སོ་སོར་བཞག་པའི་ཕྱིར་ནུས་དབང་ཞེས་བྱ་སྟེ། དང་པོ་གཉིས་ཀྱིས་ནང་དཀྱིལ་ངེས་དོན་གྱི་བསྐྱེད་རིམ་དང་ཐུན་མོང་པའི་རྫོགས་རིམ་རྗེས་མཐུན་པ་རྣམས་ཉན་བསྒོམ་ནུས་པའི་སྐལ་པ་ཅན་དུ་བྱས་ཤིང་། ལྔ་པས་ནི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་སྟེ་འཆད་ཕྲིན་གཉིས་དེའི་བྱེད་ལས་སུ་འགྱུར་རོ། །གསུམ་པ་ཟབ་དབང་བསྐུར་བའི་རིམ་པ་ནི། ཤེས་རབ་སོགས་ཚིགས་བཅད་གཅིག་གི་སྟེང་དུ་ཟབ་དབང་གསུམ་སྦྲག་ནས་སྟོན་ཏེ། དབང་སྔ་མ་རྣམས་བཞིན་ཟབ་དབང་གསུམ་ལའང་ས་བཅད་བརྒྱད་ཀྱིས་འཆད་ན། དང་པོ་རྒྱུ་ལ་མཚུངས་ལྡན་གྱི་རྒྱུ་ནི། དོན་དམ་དཀོར་བདུན་གྱི་ངོ་བོ་རང་ཆས་སུ་གནས་པ་ནི་གསང་དབང་གི། ཀུན་རྫོབ་སྐུ་དང་ཡེ་ཤེས་རང་ཆས་སུ་ཡོད་པ་ནི་ཤེས་རབ་ཡེ་ཤེས་ཀྱི། བདེན་གཉིས་དབྱེར་མེད་རང་ཆས་སུ་ཡོད་པ་ནི་དབྱེར་མེད་བདེ་བ་ཆེན་པོའི་དབང་གི་མཚུངས་ལྡན་གྱི་རྒྱུའོ། །ལྷན་ཅིག་བྱེད་པའི་རྒྱུ་ནི། ཕྱག་རྒྱ་ལོ་ཉི་ཤུ་མ་མཚན་དང་ལྡན་པ་ནི་གསང་དབང་གི། བཅུ་དྲུག་མ་ཤེས་རབ་ཡེ་ཤེས་ཀྱི། བཅུ་གཉིས་མ་དབྱེར་མེད་བདེ་བ་ཆེན་པོའི་དབང་གི་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །གཉིས་པ་རྐྱེན་བཞི་ནི་སྔ་མ་དང་འདྲའོ། །གསུམ་པ་ངོ་བོ་ནི། གསང་བ་ཟབ་མོའི་དབང་གསུམ་པོ་ཡིན་ནོ། །བཞི་པ་འབྲས་བུ་ནི། ནུས་པ་དངོས་སུ་སྐྱེས་པའམ་སྐྱེ་རུང་དུ་བྱེད་པའོ། །ལྔ་པ་རིམ་པ་ནི། དང་པོ་གསང་དབང་། དེ་ནས་ཤེས་རབ་ཡེ་ཤེས། དེའི་རྗེས་ལ་བདེ་བ་ཆེན་པོའོ། །དྲུག་པ་དབང་བསྐུར་བའི་ལས་རིམ་ནི། གཞུང་གིས་སྟོན་ཏེ། ཡེ་ཤེས་དངོས་སུ་རྒྱུད་ལ་སྐྱེ་བར་བྱེད་པ་མཐར་ཐུག་གི་དབང་ཡིན་པས་བསམ་རྒྱུད་དང་བསྒྲགས་ཚིག་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་ཡང་ཐོག་མར་ཡུམ་གསུམ་རིམ་པ་བཞིན་དབང་གསུམ་གྱི་རྟེན་དུ་བྱས་ནས། དང་པོ་ཁྲུས་གསུམ་བྱས། རྒྱན་གསུམ་བཏགས། ཆོས་གསུམ་བཤད་པ་སོགས་སྔོན་དུ་འགྲོ་བས་ཐབས་ཡབ་ནི་གསང་དབང་ལ་རྡོ་རྗེ་སློབ་དཔོན་དང་། འོག་མ་གཉིས་ལ་སློབ་མ་སྟེ། ཡབ་ཡུམ་ལྷར་གསལ་བས་ཐབས་ཤེས་གཉིས་ཀྱི་མཁའ་གསང་བྱིན་གྱིས་རློབ་ཅིང་སྦྱོར་བའི་བརྡས་བསྐུལ་ནས་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་པ་ལས་ཡབ་ཀྱི་བྱང་ཆུབ་ཀྱི་སེམས་བདེ་བའི་རང་བཞིན་ཧཱུཾ་ཡིག་གི་འབྲུ་ཚོགས་སུ་གསལ་བའི་ཆུ་རྒྱུན་རྡོ་རྗེའི་གསང་ལམ་ནས་ཡུམ་གྱི་པདྨོར་འཁྱིལ་བའོ། །དེ་ནས་བཤད་པའི་ཟུར་གསུམ་ལས། དང་པོ་གསང་དབང་གི་དུས་སུ་པདྨོར་བསྐྱིལ་བའི་བྱང་སེམས་དེ་ཉིད་བསྐུར་ཐབས་གསུམ་པོ་གང་རུང་གི་སྒོ་ནས་བསྐུར་ཏེ། འཇམ་དཔལ་དམར་པོའི་བང་མཛོད་ལས། བ་དང་བེའུའི་ཚུལ་དག་གམ། །དེ་བཞིན་བུང་བ་སྦྲང་རྩིའི་ཚུལ། །ཡང་ན་བྱ་དང་བྱེའུ་བཞིན། །ཞེས་པས། ཐབས་ཀྱི་གསང་དབང་བ་དང་བེའུའི་ཚུལ་དུ་བསྐུར་བ་ནི། རྡོ་རྗེ་སློབ་དཔོན་གྱི་ཡུམ་གྱི་མཁའ་ནས་བྱང་སེམས་གསང་བའི་རྡོ་རྗེའི་ལྕེས་བླངས་ནས་སློབ་བུའི་ལྕེ་ཐོག་ཏུ་བཞག་པའམ། ཤེས་རབ་ཀྱི་གསང་དབང་མེ་ཏོག་དང་བུང་བའི་ཚུལ་དུ་བསྐུར་བ་ནི། ཡུམ་གྱི་པདྨའི་དབྱིངས་ཕྱུག་སྣ་རྩེ་ནས་སློབ་བུས་འཇིབས་ནས་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བླངས་པའམ། ཐབས་ཤེས་གཉིས་མེད་ཀྱི་གསང་དབང་བྱ་དང་བྱེའུའི་ཚུལ་དུ་བསྐུར་བ་ནི། རྡོ་རྗེ་སློབ་དཔོན་གྱི་ལྗགས་ཀྱི་རྩེ་མོས་ཡུམ་གྱི་མཁའ་ནས་བྱང་སེམས་བླངས་ཏེ་སློབ་བུའི་ལྕེ་ཐོག་ཏུ་བཞག་པའོ། །སྨན་ལུང་པ་ཆེན་པོས་ཡང་ན་བྱ་དང་བྱེའུ་ལྟར་ལྡོག་པའི་ཐབས་ཀྱིས་རྩ་གནས་སུ་རིམ་པར་ལྡོག །མགྲིན་པ་ལོངས་སྤྱོད་ནས་ལྗགས་སྟེང་དུ་དྲངས་ཤིང་དེ་ནས་བུའི་ལྕེ་ཐོག་ཏུ་བཞག་པའོ། །ཞེས་གསུངས། ཡང་ལ་ལ་དག་བྱང་ཆུབ་ཀྱི་སེམས་དཀར་པོ་བྱིན་པ་ཐབས་ཀྱི་གསང་དབང་། དམར་པོ་བྱིན་པ་ཤེས་རབ་ཀྱི་གསང་དབང་། གཉིས་འདྲེས་བྱིན་པ་ཐབས་ཤེས་གཉིས་མེད་ཀྱི་གསང་དབང་ཞེས་ཀྱང་འདོད་དོ། །གང་ལྟར་ཡང་བདུད་རྩི་དེ་སློབ་བུའི་ལྕེ་ཐོག་ཏུ་བཞག་པས་བྱང་སེམས་དེ་ཉིད་ཡུངས་འབྲུ་ཙམ་གྱི་རྡོ་རྗེ་སེམས་དཔའ་ཤ་སྟག་ཏུ་གསལ་བ་སྙིང་གར་བབས་ཏེ་བསྟིམ་ཞིང་། དེས་ཆོས་ཀྱི་འཁོར་ལོའི་རྩ་ཆེན་བཞི་ལ་གནས་པའི་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་སྦྱངས་པས་སེམས་ཉིད་རྣམ་པར་མི་རྟོག་པའི་རང་བཞིན་དོན་དམ་སྤྲོས་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྒྱུར་བའོ། །དེ་ལ་ཅིའི་ཕྱིར་གསང་དབང་ཞེས་བྱ་ཞེ་ན། གཉིས་མེད་ཀྱི་ཡེ་ཤེས་ངོས་ཟིན་དཀའ་བའི་དོན་དེ། རྟེན་ཁུ་བ་ཡེ་ཤེས་ཀྱི་རོ་དང་ལྡན་པ་ལ་བརྟེན་ནས་ཐོབ་པའི་ཕྱིར་དང་། དེ་བྱིན་ཡང་ད་དུང་བླ་མ་ཡབ་ཡུམ་གྱིས་མྱོང་བ་ལྟར་སློབ་མ་ལ་མི་སྣང་བའི་ཕྱིར་དང་། གནས་སྐབས་ཐེག་པ་འོག་མ་རྣམས་ལ་གསང་བའི་སྤྱོད་པ་ཡིན་པའི་ཕྱིར་གསང་དབང་ཞེས་བྱ་སྟེ། དེ་བསྐུར་བའི་དུས་ནི་བུམ་དབང་ཐོབ་ནས་སྟེང་སྒོ་རྣམ་པར་གྲོལ་བའི་རྫོགས་རིམ་ལ་སློབ་པའི་སྔོན་དུའོ། །ཡང་ཟུར་གཉིས་པ་ནི། གོང་ལྟར་ཡབ་ཡུམ་རོལ་པས་ཉི་ཟླ་བྱང་ཆུབ་ཀྱི་སེམས་རྒྱུན་དགའ་བཞིའི་འགྲོས་ཀྱིས་རྡོ་རྗེ་ནས་པདྨའི་ལམ་དུ་བབ་སྟེ་བཟུང་བའི་ཐབས་ཀྱིས་བསྐྱིལ་བ་དེ་ཉིད་བཞག་ནས་གསང་རྩ་ཕན་ཚུན་དུ་བསྣོལ་མར་བཀོད་པས་ཐིག་ལེ་གཉིས་སྤྲད་པའོ། །བསྟིམ་ནས་ནི་རིག་པའི་ཕོ་བྲང་སྟེ། ངེས་འབྱེད་ལས། གནས་ནི་རིག་པའི་ཕོ་བྲང་ངོ་། །ཞེས་སོ། །དེས་མཚོན་བྱེད་དཔེའི་བདེ་བ་ནི་བྱང་སེམས་གཉིས་མཉམ་གྱི་ཚེ་ལྷན་སྐྱེས་ཀྱི་དགའ་བ་རྟོག་བཅས་སུ་མྱོང་ཞིང་མཚོན་བྱ་སེམས་ཉིད་དོན་དམ་གྱི་ཡེ་ཤེས་སུ་བསྒྱུར་བ་སྟེ། ཐལ་རྒྱུད་ལས། རྗེས་སུ་འཇུག་པའི་ཕྱག་རྒྱ་ཉིད། །ཟིལ་པའི་ཐིག་ལེ་སྔོན་ལམ་བཞིན། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་གཅིག །ཕན་ཚུན་འགོད་པའི་སྟོབས་ཀྱིས་བསྟིམས། །བདེ་བ་གཉིས་པའི་ངོ་བོ་ཉིད། །གསུམ་པ་ཡེ་ཤེས་དཀྱིལ་འཁོར་དུ། །གསལ་བར་ཤར་བས་གྱུར་པའི་སྒྲ། །རང་བཞིན་འོད་གསལ་དཀྱིལ་འཁོར་རོ། །ཞེས་སོ། །དེ་ལ་ཡེ་ཤེས་རང་གནས་ཀྱི་དབང་ཞེས་བྱ་སྟེ། ཉམས་སུ་མྱོང་བྱའི་ཡེ་ཤེས་དེ་རང་ལ་གནས་པའི་ཕྱིར་དང་། རང་གནས་མཚུངས་ལྡན་གྱི་རྒྱུ་དེ་ཤེས་པའི་ལྷན་ཅིག་བྱེད་རྒྱུ་ལ་བརྟེན་ནས་རྒྱུད་ལ་མྱོང་དགོས་པའི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་ཀྱང་གྲགས་སོ། །དེ་བསྐུར་བའི་དུས་ནི་གསང་དབང་ཐོབ་ནས་འོག་སྒོ་བདེ་བ་ཆེན་པོའི་རྫོགས་རིམ་ལ་སློབ་པའི་སྔོན་དུའོ། །ཡང་ཟུར་གསུམ་པ་དབྱེར་མེད་བདེ་ཆེན་གྱི་དབང་གི་དུས་སུ། དེ་ལྟར་བྱང་སེམས་ཡུམ་གྱི་པདྨོར་བསྐྱིལ་བས་ཡས་བབས་ཀྱི་དགའ་བཞིའི་འགྲོས་རེ་རེ་ལའང་དགའ་བ་བཞི་བཞི་སྟེ་བཅུ་དྲུག་དང་། ཉི་ཟླ་གཉིས་འགྲོས་ཀྱི་མཚན་སོ་གཉིས་དང་། ཟླ་བའི་ཐིག་ལེ་རེ་རེ་ལའང་ཡེ་ཤེས་ལྔ་ལྔའི་རོ་དང་ལྡན་པའི་ཕྱིར་དཔེ་བྱད་བརྒྱད་ཅུ་རྫོགས་ཤིང་། མངོན་ཤེས་དྲུག་ཀྱང་འཆར་རོ། །སླར་ཡང་ཡུམ་གྱི་རྩ་ཁ་ཁ་མུ་ཁའི་རྩེ་ནས་ཉི་ཟླ་གཉིས་འདྲེས་དེ་ལྡོག་པའི་ཐབས་ཀྱིས་རྡོ་རྗེར་བསྟིམ་ཞིང་། སླར་ཡང་མས་བརྟན་གྱི་དགའ་བ་བཞིའི་མཐར་ཉམས་སུ་མྱོང་བྱའི་ཡེ་ཤེས་དེ་དང་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས་རོ་གཅིག་ཏུ་ཚིག་ཙམ་གྱིས་བརྡའ་སྤྲོད་པ་ཚིག་གི་བཞི་པ། བསམ་གྱིས་མི་ཁྱབ་པ་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྐུ་དང་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བས་དོན་གྱི་བཞི་པ། ཡེ་ཤེས་ངོས་མ་ཟིན་ན་ལས་རྒྱ་ལ་བརྟེན་ནས་ཉམས་སུ་མྱོང་བ་རྟེན་ཅན་གྱི་བཞི་པ། དེ་ལམ་དུ་ཁྱེར་ནས་ཉམས་སུ་ལེན་པ་ལམ་གྱི་བཞི་པ། མས་བརྟན་དགའ་བཞིའི་འགྲོས་ཀྱིས་ལམ་ལྔ་བགྲོད་ནས་སྐུ་བཞི་མངོན་དུ་བྱེད་པ་འབྲས་བུའི་བཞི་པའོ། །དེ་ཡང་མས་བརྟན་གྱི་དགའ་བ་བཅུ་དྲུག་གི་དང་པོ་བཞིས་ཚོགས་ལམ། དེ་ནས་རེ་རེས་སྦྱོར་མཐོང་། དེ་ནས་དགུས་སྒོམ་ལམ་ས་དགུ་རྫོགས་ཏེ། དགའ་བ་བཅུ་དྲུག་གི་མཐའི་རང་བཞིན་ལྷན་ཅིག་སྐྱེས་དགའི་ལྷན་སྐྱེས་མི་འགྱུར་བདེ་བ་ཆེན་པོ་ནི་སྣང་སྟོང་གི་མཐས་མ་བསྒྲིབ་པར་གསལ་བས་ཀུན་ཏུ་འོད་དང་། མི་ཤིགས་པའི་དྭངས་མས་ལུས་ཐམས་ཅད་ལ་ཁྱབ་ཅིང་བརྟན་པས་འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨ་ཅན་དང་། རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་སུ་རང་སྣང་བས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་རྫོགས་ཏེ། འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྒྱུར་བའོ། །དེ་ཡང་ཐལ་རྒྱུད་ལས། དེ་ལས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་ཉི་མ་ཐབས་ཀྱི་རྒྱ། །ཕུང་ཚོགས་ཕྱག་རྒྱའི་ཚོགས་དང་ལྡན། །དེ་ཟླ་བསིལ་བྱེད་ཤེས་རབ་དངོས། །ཞེས་སོ། །གཉིས་པ་དབང་མ་བསྐུར་བའི་སྐྱོན་ནི། སློབ་དཔོན་སོགས་ཚིགས་བཅད་གཅིག་སྟེ། གསལ་བཀྲ་ལས། སློབ་དཔོན་གྱི་རྣམ་གྲངས་དྲུག་ཏུ་གསུངས་ཀྱང་འདིར་དམ་ཚིག་དབང་གི་སློབ་དཔོན་ཉེ་བར་བཟུང་སྟེ། སློབ་དཔོན་དེ་ཉིད་ལ་སློབ་བུ་རབ་ཀྱིས་ཤེས་རབ་དང་སྒྲུབ་པས་མཉེས་པར་མ་བྱས་ཤིང་། འབྲིང་གིས་དད་པ་དང་སྤྱོད་ལམ་གྱིས་མཉེས་པར་མ་བྱས་ལ། ཐ་མས་ཀྱང་ཟང་ཟིང་དང་ཞབས་ཏོག་གིས་མཉེས་པར་མ་བྱས་ཤིང་། ཕན་ནུས་ཟབ་མོའི་དབང་རྣམས་ཐོབ་པར་མ་བྱས་པར་ཆོས་ཉན་པ་དང་། འཆད་པ་དང་། ཕྲིན་ལས་སྒྲུབ་པ་དང་། བསྒོམ་པ་ལ་སོགས་པའི་ཁོང་ནས་དཀྱིལ་འཁོར་ཐིག་གདབ་རབ་གནས་སྦྱིན་སྲེག་སོགས་རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་རྩོམ་པ་རྣམས་ཚེ་འདིར་ཡང་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་མེད་ཅིང་། ཚེ་ཕྱི་མར་ཡང་ངན་འགྲོ་ལྷུང་ནས་བདེ་བའི་འབྲས་བུ་ཐམས་ཅད་བརླག་པར་འགྱུར་རོ། །དེ་ཡང་བྱ་རྒྱུད་ལས། གང་ཞིག་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང་། །གང་ཞིག་དཀྱིལ་འཁོར་དུ་ནི་མ་ཞུགས་པས། །ང་ཡི་གསང་སྔགས་བཟླས་ན་འཚིག་པར་འགྱུར། །ཞེས་སོ། །གསུམ་པ་བསྐུར་བའི་ཡོན་ཏན་ནི། དུས་འདི་སོགས་ཚིགས་བཅད་གཅིག་སྟེ། དབང་ཐོབ་པའི་དུས་འདི་ཕྱིན་ཆད་དུས་གསུམ་གྱི་རྒྱལ་བའི་གདུང་འཚོབ་པའི་སྲས་ཡིན་པས། ཕྱི་མར་ངན་སོང་གསུམ་ལ་སོགས་པ་མི་ཁོམ་པའི་གནས་ཐམས་ཅད་དུ་སྐྱེ་བའི་སྡུག་བསྔལ་མེད་པ་དང་། སྐྱེ་བ་འདིར་ཡང་ཚེ་རིང་ཞིང་བདེ་བ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་ལ། སྐྱེ་བ་ཕྱི་མར་ཕན་དབང་ཐོབ་པས་མཐོ་རིས་ཀྱི་ནང་ནས་ཚངས་པ་དང་བརྒྱ་བྱིན་འཁོར་སྒྱུར་སོགས་ལྷ་དང་མིའི་རྒྱལ་པོ་དང་། ནུས་དབང་ཐོབ་པས་ཐར་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དང་། ཟབ་དབང་ཐོབ་པས་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་ཐོབ་པར་འགྱུར་རོ་ཞེས་སྟོན་པས་འཁོར་ལ་བརྗོད་པར་མཛད་དོ། །གཞན་ཡང་དབང་ཐོབ་པའི་ཡོན་ཏན་ནི་བཞི་སྟེ། རྒྱལ་བའི་སྲས་སུ་ཆུད་པ་དང་། ཐེག་པ་དམན་པར་མི་ལྡོག་པ་དང་། དུས་ཉེ་བ་དང་། ལུང་བསྟན་ཐོབ་པའོ། །དང་པོ་ནི། རྡོ་རྗེ་ལས་རིམ་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང་། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཐམས་ཅད་ལས་ལ་ཐོགས་མེད་ཅིང་། །ཞེས་སོགས་དང་། གཉིས་པ་ནི། རྒྱུད་རྡོ་རྗེ་རྩེ་མོ་ལས། ཇི་སྲིིད་སེམས་ཀྱི་འཇུག་པའི་བར། །དེ་སྲིད་ཐེག་པར་ཐུག་པ་མེད། །གསང་ཆེན་ཐེག་པའི་རྒྱུད་འདིར་ནི། །ཞུགས་པ་གང་དང་གང་ཡིན་པ། །ཞེས་སོགས་དང་། གསུམ་པ་ནི། རྒྱུད་གསང་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་པ། །སྐྱེ་ཞིང་སྐྱེ་བར་དབང་ཕྱུག་འགྱུར། །དེ་ནི་སྐྱེ་བ་བདུན་དག་གིས། །མ་བསྒྲུབ་པར་ཡང་དངོས་གྲུབ་ཐོབ། །ཅེས་སོ། །བཞི་པ་ནི། སངས་རྒྱས་མཉམ་སྦྱོར་ལས། སློབ་མ་དཀྱིལ་འཁོར་ཚུད་ནས་ཀྱང་། །ཡོན་གྱི་མཆོག་དག་བླངས་ནས་ནི། །རྡོ་རྗེ་མིང་གི་དབང་བསྐུར་བས། །དེ་བཞིན་གཤེགས་པ་དེ་ལུང་བསྟན། །ཕྱག་རྒྱའི་སྦྱོར་བ་དེ་དག་གི། །བྱང་ཆུབ་སྙིང་པོ་རབ་ཏུ་ནི། །རྡོ་རྗེའི་མིང་ནི་རབ་ཏུ་གྲགས། །དེ་ནི་སངས་རྒྱས་སུ་ཡང་འགྱུར། །ཞེས་སོ། །གསུམ་པ་ལེའུའི་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉི་ཤུ་རྩ་གཉིས་ཡོད་པ་ལས། འདིས་སྣོད་གསུམ་ལ་དབང་རིམ་པར་སྦྱིན་པའི་ལེའུ་སྟེ་བཅུ་པའོ།། ༈ །།ད་ནི་ལེའུ་བཅུ་གཅིག་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་གཙོ་བོར་སྟོན། གཞི་འབྲས་གཉིས་ཟུར་ཙམ་སྟོན། སྣང་བ་བཞི་ལས་ལམ་སྣང་སྟོན། ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོས་ཚོགས་ཀྱི་དཀྱིལ་འཁོར་དང་སྒྲུབ་པ་དང་ཏིང་ངེ་འཛིན་གསུམ་སྟོན། དེའི་ཞོར་ལ་ལྟ་བ་སྤྱོད་པ་མཆོད་པ་ཕྱག་རྒྱ་རྣམས་སྟོན། ཐ་མའི་ཆོས་བཅུ་ལས། རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །བསྣོལ་མཚམས་འཕེན་སྡུད། ཚད་མ་བཀའ་གཞུང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། སྔར་ལེའུ་དགུ་པར་ཚོགས་སྒྲུབ་མདོར་བསྟན་པ་དེ་ནས་དེའི་དོན་རྒྱས་པར་སྟོན་པའི་ཕྱིར་དུ། དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་བསྒྲུབ་བྱ་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོའི་གོ་འཕང་མཆོག་གི་དངོས་གྲུབ་ལ་དབང་བསྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འོག་ནས་འབྱུང་བའི་ཚོགས་སྒྲུབ་པའི་དཀྱིལ་འཁོར་གྱི་དོན་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །གཉིས་པ་གཞུང་ལ་གཉིས་ཏེ། དངོས་དང་། དེ་གསུངས་པའི་ཚུལ་ལོ། །དང་པོ་ལ་གཉིས། རྒྱུ་ཤེས་པའི་དང་། རྐྱེན་འཇུག་པའི་མཚན་ཉིད་དོ། །དང་པོ་ལ་གསུམ་སྟེ། རྟོག་པ་བཞིའི་དང་། དག་པ་གསུམ་གྱི་དང་། མཉམ་པ་བཞིའི་གཏན་ཚིག་གོ། །དང་པོ་ནི། རྒྱུ་གཅིག་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་གཞུང་གཅིག་ལ་བློ་ཆེ་ཆུང་གི་དབང་གིས་རིམ་གྱིས་གཏན་ལ་འབེབས་པའི་ཚུལ་དང་། ཅིག་ཅར་གཏན་ལ་འབེབས་ཚུལ་གཉིས་ལས། དང་པོ་ནི། དེ་ཡང་འཁོར་འདས་ཀྱི་ཆོས་རྣམས་སུ་ཞེས་པ་གཞལ་བྱ་དང་། རྒྱུ་གཅིག་པ་གཏན་ཚིགས་དང་། དོན་དམ་སྐྱེ་མེད་དུ་རྟོགས་པ་གྲུབ་མཐའ་སྟེ། དེས་དངོས་པོ་མཚན་མར་འཛིན་པའི་ཞེན་པ་འགྲོལ་བའོ། །སྐྱེ་མེད་དུ་ཞེན་པ་གཞལ་བྱ་དང་། སྐུའི་ཡི་གེ་ཨ་གསུང་གི་ཡི་གེ་ཨོ་ཐུགས་ཀྱི་ཡི་གེ་ༀ་སྟེ་ཡིག་འབྲུའི་ཚུལ་དུ་སྣང་བ་གཏན་ཚིགས་དང་། ཀུན་རྫོབ་ལུས་ངག་ཡིད་གསུམ་གྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་རྟོགས་པ་གྲུབ་མཐའ་སྟེ། དེས་སྟོང་པ་ཕྱང་ཆད་དུ་འཛིན་པའི་ཞེན་པ་གྲོལ་བའོ། །རྟོག་པ་སྔ་མ་སྐྱེ་མེད་འགགས་མེད་གཉིས་སུ་རྟོག་པའི་ཞེན་པ་གཞལ་བྱ་དང་། བྱིན་གྱིས་བརླབས་པ་གཏན་ཚིགས་དང་། བདེན་པ་དབྱེར་མེད་དུ་རྟོགས་པ་གྲུབ་མཐའ་སྟེ། དེས་བདེན་གཉིས་ཐ་དད་དུ་འཛིན་པའི་ཞེན་པ་གྲོལ་བའོ། །བདེན་གཉིས་དབྱེར་མེད་དུ་རྟོགས་པ་ལ་ཞེན་པ་དེ་གཞལ་བྱ་དང་། མངོན་སུམ་པར་གཏན་ལ་འབེབས་པ་གཏན་ཚིགས་དང་། དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རྟོགས་པ་གྲུབ་མཐའ་སྟེ། དེས་ལྟ་བ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དུ་བྱེད་པའི་ཞེན་པ་འགྲོལ་བའོ། །དེ་ལྟར་གཏན་ཚིགས་བཞིས་གཏན་ལ་ཕབས་པའི་གྲུབ་མཐའ་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་ཤིང་རིག་པ་ལ་རང་དབང་བསྒྱུར་བའི་ཕྱིར་རྒྱལ་པོ་སྟེ། སྔགས་ཕྱི་རྒྱུད་དང་དབུ་སེམས་ལ་ཁྱད་པར་དུ་གྱུར་པས་ན་འདི་ལས་ཆེ་བའི་གྲུབ་མཐའ་གཞན་མེད་པའོ། །འདི་ལ་ཁ་ཅིག་ན་རེ། རེ་རེ་ལ་གཞལ་བྱ་གཏན་ཚིགས་གྲུབ་མཐའ་གསུམ་གསུམ་ཡོད་པས། མཚོན་ཚུལ་འདྲེས་ན་སྐྱོན་དུ་ཆེའམ་མི་ཆེ། མི་ཆེ་ན་གསུམ་དུ་དབྱེ་བ་དགོས་མེད་དུ་འགྱུར་ལ། འདོད་ན་སྤར་ཁབ་ལས་ཀྱང་ཆེ་བས་གསལ་ཞིང་། སྐྱོན་དུ་ཆེ་ན་རྒྱུ་གཅིག་པའི་གྲུབ་མཐའ་སྟོང་པར་རྟོགས་པ་དང་། ཡིག་འབྲུའི་ཚུལ་གྱིས་སྒྱུ་མར་རྟོགས་པ་གཉིས་བྱིན་གྱིས་བརླབས་ཀྱི་གཏན་ཚིགས་ཀྱི་གཞལ་བྱར་སོང་བས་སྐྱོན་ཅན་གྱིས་ཆོས་ཉིད་གཏན་ལ་མི་ཕེབས་པར་ཐལ། འདོད་ན། རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཞེས་པས་གསལ་ལོ་ཞེ་ན། ལན་དུ་ཉེའུ་སྟོན་ཆོས་སེང་ན་རེ། དེ་དག་མཚོན་ཚུལ་འདྲེས་པའི་སྐྱོན་མེད་དེ། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་གཉིས་ཀྱིས་སྟོང་པ་དང་སྒྱུ་མར་རྟོགས་པའི་ངོས་ནས་གྲུབ་མཐར་འགྲོ་ཡང་། སྟོང་པ་དང་སྣང་བ་གཉིས་ལ་ཞེན་པའི་ཆ་ནས་བྱིན་གྱིས་བརླབས་པའི་གཏན་ཚིགས་ཀྱི་གཞལ་བྱར་འགྲོ་གསུངས་སོ། །གཙང་ནག་འོད་འབར་ན་རེ། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་ནི་དོན་དམ་ཀུན་རྫོབ་འཇལ་བའི་གཏན་ཚིགས་ཡིན་ལ། བྱིན་རླབས་ནི་དབྱེར་མེད་འཇལ་བའི་གཏན་ཚིགས་ཡིན་པས། བདེན་གསུམ་རང་སའི་གཞལ་བྱ་གཏན་ཚིགས་གྲུབ་མཐའ་གསུམ་མཚོན་ཚུལ་འདྲེས་ན་སྐྱོན་དུ་ཆེ་ཡང་། གཏན་ཚིགས་སྔ་མ་སྔ་མའི་གྲུབ་མཐའ་ཕྱི་མ་ཕྱི་མའི་གཞལ་བྱར་སོང་བ་ལ་སྐྱོན་མེད་དེ། དཔེར་ན། ཁྱོད་ཀྱི་མར་འདོད་གང་ཡིན་པ། །དེ་ནི་ང་ཡི་ཆུང་མ་ཡིན། །ཞེས་པ་བཞིན་ནམ། ཡང་ན་ཀུན་ཏུ་འོད་མཚན་ཉིད་ཐེག་པའི་མཐར་ཐུག་གི་འབྲས་བུ་ཡིན་ཡང་སྔགས་ཀྱི་ལམ་སྟེགས་སུ་བཤད་དེ། ཐབས་ཞགས་ལས། ཀུན་ཏུ་འོད་ལས་འདས་ནས་སུ། །པདྨ་ཅན་དུ་གྱུར་པས་ན། །ཞེས་གསུངས་པ་བཞིན་ནོ་གསུངས་སོ། །ཡང་མངོན་སུམ་པ་ནི་གྲུབ་མཐའ་ཡིན་པ་ལ་གཏན་ཚིགས་སུ་ཅི་འགྲོ་ཞེ་ན། ཞོར་སེལ་ཞོར་སྒྲུབ་ཀྱི་ཆ་ནས་འགྲོ་སྟེ། དཔེར་ན་མི་ངན་གཅིག་གི་བུད་མེད་ལ་བུ་ཞིག་སྐྱེས་ན། བུ་དེས་དགྲ་གཉེན་ལ་ཕན་གནོད་གང་ཡང་མ་བྱས་ཀྱང་ཕ་མའི་དགྲ་རྣམས་མི་དགའ་ལ། གཉེན་རྣམས་དགའ་བ་བཞིན་དུ་མངོན་སུམ་རྟོགས་པས་དབྱེར་མེད་ཀྱི་ཞེན་ཆ་ཞོར་ལ་སེལ་ལ། སྤྱོད་ཡུལ་དང་བྲལ་བ་ཞོར་ལ་བསྒྲུབ་པ་དེའི་ཆ་ནས་གཏན་ཚིགས་དང་གྲུབ་མཐའ་གཉིས་ཀ་རུ་འགྲོ་ཞེས་གསུངས་སོ། །དེ་ཡང་མངོན་སུམ་པ་ཞེས་པ་ནི་རྟགས་ཀྱི་རྗེས་སུ་དཔག་པའི་བསྒྲུབ་བྱ་རྟོགས་པ་ལྟ་བུ་མ་ཡིན་ཡང་། དེ་དང་མི་འགལ་བར་དབྱེར་མེད་རང་མཚན་དུ་རྟོགས་པ་སྟེ། རྔམ་གློག་ལས། གཞན་ལ་མ་བརྟེན་མི་འགལ་བར། །མངོན་སུམ་རིགས་པས་ཐག་ཆོད་ན། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་མངོན་སུམ་ལ་བཞི་ལས། རྣལ་འབྱོར་མངོན་སུམ་ནི་ཟག་བཅས་ཀྱི་སྐབས་སུ་རྒྱུད་ལ་མ་སྐྱེས་ཤིང་། དབང་པོའི་མངོན་སུམ་ནི་བློ་འདི་ལ་ལྟོས་ཏེ་འཁྲུལ་པའི་ཡུལ་ཅན་དང་། ཡིད་ཀྱི་མངོན་སུམ་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པས། འདིར་རང་རིག་མངོན་གསུམ་སྟེ། ཤེས་བྱའི་གནས་ལུགས་ཇི་ལྟར་དོན་ལ་སྒྲིབ་གཡོགས་དང་བྲལ་བར་རྟོག་པ་གཅིག་ཡིན་ནོ། །གཉིས་པ་ཅིག་ཅར་བ་ལྟར་དུ་བཤད་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་སྐྱེ་འགགས་གནས་དམིགས་འགྲོ་འོང་དང་བྲལ་བར་རྒྱུ་གཅིག །ཀུན་རྫོབ་ཀྱི་སྐྱེ་འགགས་གནས་དམིགས་འགྲོ་འོང་ལྟར་སྣང་བ་རྒྱུ་གཅིག །བདེན་པ་དབྱེར་མེད་དུ་སྐྱེས་པ་ཉིད་ན་སྐྱེ་བ་མེད་པ་ལ་སོགས་པ་ལྔར་རྒྱུ་གཅིག་པའོ། །འོ་ན་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་མི་དགོས་སམ་ཞེ་ན། དགོས་ཏེ་རྒྱུ་གཅིག་པར་རྟོགས་པ་དེ་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ཀྱིས་མཚོན་ནས་རྟོགས་པའོ། །འོ་ན་བྱིན་གྱིས་རློབས་མི་དགོས་སམ་ཞེ་ན། དགོས་ཏེ་ཡིག་འབྲུའི་ཚུལ་ལ་བརྟེན་ནས་རྟོགས་ཀྱང་མཐུ་བྱིན་རླབས་ལ་ཡོད་པའོ། །འོ་ན་མངོན་གསུམ་པ་ནི་མི་དགོས་སམ་ཞེ་ན། དགོས་ཏེ་དབྱེར་མེད་དུ་ཞེན་པ་ལས་ཀྱང་གྲོལ་བར་བྱེད་པས་སོ། །དེ་ཡང་བཞི་པོ་དེ་རིམ་པར་རྟོགས་པ་ནི་མ་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་གཅིག་པར་ཡིག་འབྲུའི་ཚུལ་གྱིས་མཚོན་ནས་བྱིན་གྱིས་བརླབས་པའི་མཐུས་དབྱེར་མེད་དུ་གཏན་ལ་ཕེབས་པས་རང་རིག་པའི་མངོན་སུམ་གྱིས་བློའི་སྤྱོད་ཡུལ་ལས་གྲོལ་བ་ནི་གྲུབ་མཐའ་མཐར་ཐུག་གོ། །དེ་ལྟར་འཆད་པའང་འདིའི་ལེའུ་དགུ་པ་ལས། སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཞེས་པས་ལམ་པའི་བློ་ཆེ་ཆུང་གི་ཁྱད་པར་གྱིས་རིམ་གྱིས་པ་དང་ཅིག་ཅར་བ་གཉིས་སུ་ཤེས་པར་བྱའོ། །དེ་གཉིས་ཀྱི་ཁྱད་པར་ནི། ཁ་ཅིག་སངས་རྒྱས་ཀྱི་སར་བགྲོད་པའི་དུས་མྱུར་བུལ་དང་། ཁ་ཅིག་སེམས་ལྔ་རྒྱུད་ལ་སྐྱེ་བའི་རིམ་པ་མྱུར་བུལ་ལ་འདོད་ཀྱང་། འདིར་རྗེ་སྒྲོ་ཕུག་པའི་རྗེས་སུ་འབྲངས་ཏེ་བདེན་པ་གསུམ་ཀ་འབྲེལ་མི་འབྲེལ་གྱི་ཁྱད་པར་དུ་བྱས་པར་བཞེད་པས་ལེའུ་འདི་དང་འོག་མ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། །ཞེས་པ་སྟེ། དེ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔས་བསྡུས་པ་དང་། ནང་བཅུད་ཀྱི་སེམས་ཅན་ཕུང་པོ་ལྔས་བསྡུས་པ་དང་། དེ་དག་གི་རྒྱུད་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པ་རྣམས་ཡེ་ནས་འབྱུང་བ་ལྔ་ཡུམ་ལྔ། ཕུང་པོ་ལྔ་རིགས་ལྔ། རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པའི་ཕྱིར། གང་ཡེ་ནས་དག་པའི་རང་བཞིན་ལ་སྒྲིབ་པ་མཐའ་དག་གིས་གོས་མ་མྱོང་བས་ཁྱབ་ཅིང་དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་ངོ་བོར་སངས་རྒྱས་པས་ཁྱབ་སྟེ་ཆོས་ཀྱི་སྐུ་བཞིན་ནོ། །དེ་སྐད་དུའང་། ཐམས་ཅད་མཆོག་གི་སྙིང་པོ་ལས། །གཞན་དུ་རྒྱལ་བས་ཆོས་མི་འཚལ། །ཞེས་སོ། །གལ་ཏེ་དེ་ཉིད་རྟོགས་ཤིང་གོམས་ན་སངས་རྒྱས་ཡིན་མོད། གནས་པ་ཙམ་གྱིས་སངས་རྒྱས་སུ་ཇི་ལྟར་འ གྱུར་སྙམ་ན། རྟོགས་རུང་མ་རྟོགས་རུང་རང་བཞིན་རྣམ་དག་ནི་སངས་རྒྱས་ཡིན་ཏེ། འདུས་བྱས་རྣམས་རྟོགས་རུང་མ་རྟོགས་རུང་མི་རྟག་པ་ཡིན་པ་བཞིན་ནོ། །ཅིག་ཅར་བ་ལྟར་ན། སྣོད་འབྱུང་བ་དང་བཅུད་ཕུང་པོ་དང་རྣམ་པར་ཤེས་པ་ཚོགས་བརྒྱད་རྣམས་ཀུན་རྫོབ་ཏུ་རིགས་ཀྱི་ཡབ་ཡུམ་དང་ཡེ་ཤེས་སུ་དག་ཅིང་། དོན་དམ་དུ་དེ་དག་ཆོས་ཀྱི་དབྱིངས་སུ་དག་པར་རྟོགས་ཤིང་དེ་ལ་གནས་པའོ། །གསུམ་པ་ནི། མཉམ་ཉིད་སོགས་རྐང་པ་གསུམ་སྟེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞིས་འཁོར་འདས་གཉིས་མེད་དུ་རྟོགས་པའི་ཕྱིར། དེ་ལ་མཉམ་པ་བཞིའི་དང་པོ་མདོ་སྡེ་པ་དང་། སྒོ་བསྟུན་པ་ཐུན་མོང་གི་མཉམ་པ་གཉིས་ནི། སྤྲོས་པ་ཕྱོགས་རེ་ཙམ་དང་མཐའ་དག་ཆོད་པའི་དབྱེ་བས་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་ཞེས་ཕྱེ་བ་གཉིས་ཀའང་སྤྲོས་པ་བཀག་པའི་སྟོང་ཉིད་ཙམ་དུ་མཉམ་ཞིང་། སྣང་དུ་འདྲའང་དོན་བྱེད་ནུས་མི་ནུས་ཀྱིས་ཡང་དག་དང་ལོག་པའི་ཀུན་རྫོབ་ཆེས་བཏགས་པ་གཉིས་ཀའང་བདེན་པ་སྟོང་པ་ཙམ་དུ་མཉམ་པ་གཉིས་ནི་ཐེག་པ་ཐུན་མོང་གི་ཚུལ་ཡིན་ལ། ཁྱད་པར་སྔགས་བླ་ན་མེད་པའི་ཚུལ་ལས་ནི་ལྷག་པའི་མཉམ་པ་གཉིས་གསུངས་ཏེ། མེད་དགག་དང་མ་ཡིན་དགག་གི་དབྱེ་བས་རྣམ་གྲངས་མ་ཡིན་པའི་སྟོང་ཉིད་གཉིས་ཀའང་ལྷག་པའི་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པར་མཉམ་ཞིང་། མ་དག་པ་ལས་སྣང་ལོག་པའི་ཀུན་རྫོབ་དང་དག་པ་ལྷར་སྣང་ཡང་དག་པའི་ཀུན་རྫོབ་གཉིས་ཀའང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པའོ། །དེ་ལྟར་འཇལ་བྱེད་གཏན་ཚིགས་རྣམས་ཀྱིས་བཙལ་བས་གཞལ་བྱ་འཁོར་འདས་ཀྱི་ཆོས་ཐམས་ཅད་རོ་མཉམ་པའི་རང་བཞིན་གྱི་དཀྱིལ་འཁོར་དུ་རྟོགས་པ་ནི་གྲུབ་མཐའ་སྟེ། དེའི་ཚེ་དག་མ་དག་གིས་ཕྱེ་བའི་ཞིང་ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་ཞིང་ཁམས་ཀྱི་རང་བཞིན་དུ་དབྱེར་མི་ཕྱེད་ཅིང་། སྒོ་གསུམ་གྱི་བྱེད་སྤྱོད་ཅི་དང་ཅི་བྱས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་ལྷུན་རྫོགས་སུ་གྱུར་ན་ཅིར་སྣང་ཡེ་ཤེས་སུ་འཆར་རོ། །གཅིག་ཅར་བ་ལྟར་ན། ཐུན་མོང་གི་མཉམ་པ་གཉིས་དང་ལྷག་པའི་མཉམ་པ་གཉིས་ལ་སོགས་པའི་ཐ་སྙད་ཀྱིས་སྟོང་སྟེ། ཤེས་བྱ་ཐམས་ཅད་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ་གཅིག་པས་ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་ཡིན་ཅིང་དོན་ལ་དེ་རྟོགས་ཀྱི་བློས་དགག་སྒྲུབ་འཛིན་པ་ཡོངས་སུ་དག་པའི་ཕྱིར་ཀུན་ཏུ་བཟང་པོ་ཡིན་ཏེ། ཀུན་བྱེད་ལས། མི་ལེན་མི་འདོར་མཉམ་པའི་རྒྱལ་པོར་གནས། །ཞེས་གསུངས་པ་བཞིན་ནོ། །དེའི་ཞིང་མཉམ་པ་ཉིད་ཡིན་ཏེ། སྤར་ཁབ་ལས། ངོ་བོ་ཉིད་ཀྱི་ཞིང་ཁམས་ཞེས་བྱ་བ་ཁོ་ནའོ། །ཞེས་སོ། །བློ་དེ་ལ་ལྟོས་ཏེ་གོང་ལྟར་བཞལ་བྱ་དང་གཏན་ཚིགས་དང་གྲུབ་མཐའ་གསུམ་དུ་འཛིན་པ་དང་བྲལ་བ་ཡིན་ཏེ། ལམ་རིམ་ལས། ཆོས་དང་ཆོས་ཅན་ཀུན་བྲལ་བ། །རང་སྤྱི་དབྱེར་མེད་དུས་གཅིག་ཏུ། །མི་ཕྱེད་རྡོ་རྗེ་ཐུགས་མཆོག་གོ། །ཞེས་གསུངས་པའི་ཕྱིར་རོ། །འདིར་ཁ་ཅིག་ན་རེ། གཞལ་བྱ་ཞེན་སྣང་གཅིག་ལ་གཏན་ཚིགས་ཀྱི་སྒོ་དག་མཉམ་རྟོགས་པ་གསུམ་པོ་དེས་དུས་གཅིག་ཏུ་འཇལ་ལམ། རེས་མོས་སུ་འཇལ། དང་པོ་ལྟར་ན། ཤེས་རྒྱུད་གཅིག་ལ་རྟོགས་པ་གསུམ་དུས་གཅིག་ཏུ་སྐྱེ་བར་འགྱུར་ཏེ། འཇལ་བྱེད་བློ་རྫས་གསུམ་གྱིས་དུས་གཅིག་ཏུ་འཇལ་བའི་ཕྱིར་རོ། །དེའི་རྟགས་ཁས་བླངས་ཤིང་། ཁྱབ་པ་ཚད་མས་གྲུབ་ལ། འདོད་ན། ཇི་སྐད་དུ་རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཅར་འཇུག་པ་མེད། །ཅེས་དང་། འགྲོ་ལ་ཤེས་རྒྱུད་གཉིས་མི་ལྡན། །ཞེས་བཤད་པས་གསལ་ལོ། །གཉིས་པ་ལྟར་ན། གཏན་ཚིགས་གསུམ་པོ་ཟློས་པར་འགྱུར་ཏེ། གཞལ་བྱ་གཅིག་ལ་གཏན་ཚིགས་གསུམ་གྱིས་རེས་མོས་སུ་འཇལ་བའི་ཕྱིར་རོ་ཞེས་ཟེར་ན། །དེའི་ལན་དུ། དེ་དག་དུས་གཅིག་དང་རེས་མོས་སུ་འཇལ་ན་དེ་ལྟར་བདེན་མོད་ཀྱི། འདིར་དེ་གཉིས་གང་ཡང་མ་ཡིན་ཏེ། བསྒྲུབ་བྱ་སྒྲུབ་འདོད་ལ་རག་ལས་པ་ཡིན་ནོ། །དེའི་དོན་ཡོངས་གཅོད་དུ་བསྒྲུབ་བྱ་ལྟ་བའི་རང་མཚན་རྟོགས་པར་འདོད་པས་རྟོགས་པའི་གཏན་ཚིགས་ཀྱིས་འཇལ་ལ། རྣམ་བཅད་དུ་དགག་བྱ་ལོག་རྟོག་དག་པར་འདོད་པས་དག་པའི་གཏན་ཚིགས་ཀྱིས་འཇལ་ཞིང་། དགག་སྒྲུབ་གཉིས་དང་བྲལ་བར་འདོད་པས་མཉམ་པའི་གཏན་ཚིགས་ཀྱིས་འཇལ་བ་ཡིན་གསུངས་སོ། །ཡང་ཁ་ཅིག་འདིར་གཏན་ཚིགས་ཀྱིས་གཞལ་བྱ་གཏན་ལ་འབེབས་པ་འདི་ལེའུ་གསུམ་པ་དང་ཟློས་སོ་ཞེ་ན། མི་ཟློས་ཏེ། གསུམ་པར་ཤེས་བྱ་ལ་གནས་ཚུལ་དུ་གཏན་ལ་འབེབས་པ་ཡིན་ཅིང་། འདིར་ལམ་པས་རྟོགས་ཚུལ་དུ་གཏན་ལ་འབེབས་པའི་ཕྱིར། སྔ་མ་ནི་བཏགས་གཞི་འཁོར་བའི་ཆོས་གཏན་ལ་འབེབས་པའི་ཆེད་དང་། འདིར་ནི་ལྟ་སྤྱོད་སྦྲེལ་བའི་ཕྱིར་ཚོགས་སྒྲུབ་ཀྱི་སྔོན་འགྲོར་སྨོས་པའོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་རིམ་གྱིས་པའི་དབང་དུ་འཆད་པ་ལ་གཉིས་ཏེ། གང་བསྒྲུབ་པའི་གཞི་དང་། ཇི་ལྟར་སྒྲུབ་པའི་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་ལ་གསུམ་སྟེ། སྒྲུབ་པ་པོ་དང་། གནས་ཡོ་བྱད་ཐུན་མོང་དུ་བསྟན་པ་དང་། དུས་སོ། །དང་པོ་ནི། ཡན་ལག་སོགས་ཚིགས་བཅད་གཅིག་སྟེ། སྔགས་ཀྱི་ཡན་ལག་ལྔ་ཚང་ཞིང་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་པས་རྒྱུད་དག་པ། སྒྲུབ་པ་རྫས་ཀྱི་ཡོ་བྱད་བཟའ་བ་དང་བཏུང་བ་ལ་སོགས་པའི་ཡོ་བྱད་ལྔ་དང་ལྡན་ཅིང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་ཆོ་ག་ལྔ་པོ་རྫོགས་པར་ཤེས་པའི་རྣལ་འབྱོར་པ་ཚོམ་བུ་ལྔ་པ་ལ་ཕོ་མོ་བདུན་ཅུ། ཚོམ་བུ་གསུམ་པ་ལ་ཕོ་མོ་ཞེ་དྲུག །ཚོམ་བུ་གཅིག་པ་ལ་ཕོ་མོ་བཅོ་བརྒྱད་ཀྱི་ཚོགས་པའི་དཀྱིལ་འཁོར་གྱིས་ཚོགས་བསྒྲུབ་ན་ངེས་པར་འགྲུབ་སྟེ་ཐེ་ཚོམ་དང་བྲལ་བའོ། །གང་འགྲུབ་ན། སྒྲོ་སྐུར་མེད་པར་ལེགས་པའི་དགོས་པ་ཀུན་གྱི་འབྱུང་གནས་གནས་སྐབས་སུ་རིག་འཛིན་བཞི་དང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་ས་འགྲུབ་པར་འགྱུར་རོ། །གཉིས་པ་ནི། གནས་དང་སོགས་རྐང་པ་བདུན་ཏེ། ཏིང་ངེ་འཛིན་དང་སྲོག་དང་འཚོ་བའི་བར་ཆད་གསུམ་མེད་པའི་གནས་ཤིན་ཏུ་དབེན་པའི་ས་ཕྱོགས་སུ། གནས་འཁོར་ཁང་ཕྱི་ནང་བར་གསུམ་དང་ལྡན་པར་ཉེ་བར་དགོས་པའི་ལོངས་སྤྱོད་ལྔ་ལ་སོགས་པ་བསགས་པས་ཅི་བདེ་བར་སྤྱད་དུ་ཡོད་པ་དང་། དེས་མཚོན་ཏེ་མཐུན་རྐྱེན་རྣམས་མ་ཉམས་པར་ཚང་ཞིང་སྒྲུབ་པའི་བློ་ནི་གཞན་རྐྱེན་གྱིས་མི་འཕྲོག་པར་མཐར་སྐྱེལ་བའི་ཞེ་བཅད་དང་ལྟ་སྒོམ་སྤྱོད་གསུམ་འབྲེལ་བའི་བློ་རབ་དང་ལྡན་པས། དང་པོར་སྒྲུབ་པ་ལ་འཇུག་དུས་འདོད་པའི་དོན་མ་གྲུབ་ཀྱི་བར་དུ་བསྒྲུབ་བོ་སྙམ་པའི་དམ་ནོས་པ་བཞིན་དུ་མཐར་སྐྱེལ་བར་བྱ་ཞིང་། དེའི་ཚེ་བརྩོན་པ་འདོར་བའི་ལེ་ལོ་དང་སྒྱིད་ལུག་གི་སྙོམས་ལས་སུ་ལུས་པ་རྣམས་མེད་པའི་སྒོ་ནས་ཐེ་ཚོམ་མེད་པར་བསྒྲུབ་ཅིང་ཉམས་ལེན་གཞུང་བཞིན་བྱས་ན་ཚོམ་བུའི་དཀྱིལ་འཁོར་གང་བསྒྲུབ་ཀྱང་ཐུན་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་ཏེ། གང་ཞེ་ན། འབྲས་ཆོས་ལྔ་དབྱེར་མི་ཕྱེད་པའི་རྡོ་རྗེ་གསང་མཆོག་རྒྱལ་བའི་དགོངས་པ་དམ་པ་ཐོབ་པར་འགྱུར་རོ། །འོ་ན་ཚོམ་བུ་ཚོགས་གྲུབ་པའི་ཐབས་ལེའུ་ལྔ་པ་དང་། དགུ་པ་དང་། འདི་དང་གསུམ་དུ་བྱུང་བས་ཟློས་སོ་ཞེ་ན། སྐྱོན་མེད་དེ། ལེའུ་ལྔ་པ་ནི་སྒྲུབ་པའི་རྒྱུ་དང་ཐུན་མོང་གི་སྒྲུབ་པ་ཡིན། དགུ་པ་ནི་འགྲུབ་པའི་དུས་དང་ཐོབ་ཚུལ་ཡིན། འདི་ནི་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་བཞིས་གཞུང་བསྲངས་ཏེ། སྒྲུབ་ཐབས་དངོས་སྟོན་པ་ཡིན་པས་ན་མི་ཟློས་སོ། །གསུམ་པ་ནི། སྒྲུབ་པའི་སོགས་རྐང་པ་གཉིས་ཏེ། ཇི་ཙམ་སྒྲུབ་པའི་ཞག་གྲངས་ནི་སུམ་ཅུ་ཕྲག་དྲུག་སོགས་ལེའུ་དགུ་པར་བཤད་པ་བཞིན་དང་། སྒྲུབ་པ་ལ་འཇུག་པའི་ཚེས་གྲངས་སོགས་ནི་བཤད་རྒྱུད་རྒྱས་པ་སོགས་རྒྱུད་གཞན་ལས་སྨོས་པ་བཞིན་དུ་བཤད་པར་བྱ་ཞེས་ཁ་འཕངས་ཏེ། རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བྱ། ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་གསུངས་སོ། །སྤྱིར་ཚོགས་སྒྲུབ་ཀྱི་དུས་བཞི་སྟེ། སྒྲུབ་པ་ལ་འཇུག་པའི་དུས་ནི་དེ་ལྟར་དང་། དཀྱིལ་འཁོར་འབྲི་བའི་དུས་ནི། བམ་བརྒྱད་ལས། སྔ་དྲོའི་དུས་སུ་དཀྱིལ་འཁོར་བྲི། །ཞེས་སོ། །དངོས་གྲུབ་ལེན་པའི་དུས་ནི་སྐྱ་རེངས་ཤར་བའི་དུས་སོ། །ཟག་མེད་ལ་སྦྱོར་བའི་དུས་ནི། འདིའི་ལེའུ་དགུ་པ་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྐུར་རིགས་ཀྱི་དམ་པ་འགྲུབ། །ཅེས་སོགས་གསུངས་པ་བཞིན་ནོ། །ཡང་འདིར་ཁ་ཅིག་གིས་རྒྱུད་ལོག་པ་ཡིན་ཏེ། ཇི་སྐད་དུ། རྒྱུད་ལས་སྨོས་པ་བཞིན་དུ་བཤད། །ཅེས་པས་འདི་རྒྱུད་མ་ཡིན་པར་ཤུགས་ལ་མཚོན་པར་འགྱུར་བའི་ཕྱིར་རོ་ཞེ་ན། དེ་ལྟར་བཤད་ཀྱང་འདི་རྒྱུད་མ་ཡིན་པར་མི་འགྱུར་ན་ཅི་འགལ་ཏེ་ཁྱབ་པ་མེད་དོ། །གལ་ཏེ་ཁྱབ་པ་ཡོད་ན། སྤྱི་རྒྱུད་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡང་དེ་ལྟར་འགྱུར་ཏེ། ཇི་སྐད་དུ། རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །ཞེས་གསུངས་པའི་ཕྱིར་རོ། །ཁོ་ན་རེ། དེ་ནི་བསྟོད་པ་གླུ་དབྱངས་ཀྱི་ལེའུ་སྟེ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་པ་དེ་ཉིད་དུ་ཁ་འཕངས་པས་དེ་ལྟར་མི་འགྱུར་ཞེ་ན། མཚུངས་ཏེ། འདིར་ཡང་ཟག་མེད་རིག་འཛིན་ལ་སྦྱོར་བའི་དུས་འདི་ཉིད་ཀྱི་ལེའུ་དགུ་པར་ཁ་འཕངས་པ་ཡིན་ནོ། །གཞན་ཡང་འཇུག་པ་དང་དཀྱིལ་འཁོར་བྲི་བའི་དུས་བམ་བརྒྱད་དང་རྡོ་རྗེ་བཀོད་པ་སོགས་སུ་ཁ་འཕངས་ཀྱང་འདི་རྒྱུད་མ་ཡིན་པར་མི་འགྱུར་རོ། །གལ་ཏེ་འགྱུར་ན། གསར་མའི་དགྱེས་པ་རྡོ་རྗེ་ཡང་རྒྱུད་མ་ཡིན་པར་འགྱུར་ཏེ། ཇི་སྐད་དུ། ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་དེ་ཉིད་བསྡུས་པར་ཁ་འཕངས་པའི་ཕྱིར་རོ། །གཞན་ཡང་མདོ་སྔགས་ཐུན་མོང་དུ་གྲགས་པའི་སོ་སོར་འབྲང་མ་ཡང་བཀའ་མ་ཡིན་པར་འགྱུར་ཏེ། ཇི་སྐད་དུ། དེ་ཉིད་ལས། ཆོ་ག་ལས་ནི་འབྱུང་བ་བཞིན། །ཞེས་སྒྲུབ་ཐབས་སུ་ཁ་འཕངས་པའི་ཕྱིར་རོ། །དེས་ན་རྒྱུད་ལས་སྨོས་པ་བཞིན་དུ་བཤད་ཅེས་པ་རང་གི་དོན་ནི་སྤྱིར་བཀའ་སྩལ་སྟོན་པ་དང་། ཞུ་བ་འཁོར་དང་། མཚམས་སྦྱོར་སྡུད་པ་པོ་ཚིག་གསུམ་ལས། འདི་ཕྱི་མ་ཡིན་གསུངས་སོ། །གཉིས་པ་སྒྲུབ་པའི་ཐབས་ལ་གཉིས་ཏེ། ཞི་བའི་དང་། ཁྲོ་བོའི་སྒོ་ནས་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། བསྙེན་སྒྲུབ་བཞི་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི། བསྙེན་པ་དང་ནི་སོགས་རྐང་པ་གཉིས་ཏེ། དེ་ལ་སྤྱི་རྟོགས་བྱ་ལྟ་བའི་དོན་དང་སྦྱར་བ། སྒྲུབ་པ་ལམ་གྱི་རིམ་པ་དང་སྦྱར་བ། རྗེས་འཇུག་གི་ཚོགས་སྒྲུབ་པ་ཞག་གི་དུས་དང་སྦྱར་བ། དངོས་གཞི་སྦྱོར་བའི་ཐབས་ཀྱི་ཡན་ལག་དང་སྦྱར་བ་བཞི་སྟེ། དེ་ཡང་བསྙེན་པ་དང་ནི་ཞེས་པ། དང་པོ་ལྟར་ན་རྟོགས་བྱ་བྱང་ཆུབ་ཀྱི་སེམས་དེ་བཞིན་ཉིད་དེ་གཞན་ལ་རག་མ་ལས་པར་རང་ལ་གནས་པ་དེའོ། །གཉིས་པ་ལྟར་ན་རྒྱུ་ཤེས་པའི་ལྟ་བ་གཏན་ལ་ཕབས་ནས་དེ་ཏིང་དང་ཀུན་ཏིང་གིས་དེའི་ངང་ལ་གནས་པ་དེའོ། །གསུམ་པ་ལྟར་ན་ཕུན་སུམ་ཚོགས་པ་ལྔས་བཞི་བཟུང་སྟེ་སྔོན་འགྲོ་ཤོམས་བྱེད་པའོ། །བཞི་པ་ལྟར་ན་མཚན་ཉིད་དང་ལྡན་པའི་ཡུམ་ཕྱི་ནང་གི་ཆོས་གསུམ་གྱིས་བསྟེན་པར་བྱ་སྟེ། ཁྲུས་དང་རྒྱན་གྱིས་བརྒྱན་ནས་ལྷར་གསལ་བའོ། །ཉེ་བསྙེན་པ་ཞེས་པ། དང་པོ་ལྟར་ན་རང་གི་བྱང་སེམས་དེ་ཡང་བདེ་བར་གཤེགས་པའི་སྙིང་པོར་གྲུབ་ནས་ཡོད་པ་དེའོ། །གཉིས་པ་ལྟར་ན་བདག་ལྷར་ཤེས་པ་ཕྱག་རྒྱ་གཅིག་སྤྲོས་སོ། །གསུམ་པ་ལྟར་ན་ཇི་ཙམ་སྒྲུབ་པའི་ཞག་གྲངས་ཕྱེད་ཚུན་གྱི་སྣོད་དུ་རུང་བར་བྱེད་པའོ། །བཞི་པ་ལྟར་ན་ཡུམ་བྱིན་གྱིས་བརླབ་ཅིང་གདན་གཅིག་ལ་འདུག་པའོ། །སྒྲུབ་པ་དང་ནི་ཞེས་པ། དང་པོ་ལྟར་ན་གྲུབ་པའི་དོན་དེ་གསང་བའི་ལུང་དང་མན་ངག་གིས་མཚོན་ཅིང་གཏན་ལ་འབེབས་པའོ། །གཉིས་པ་ལྟར་ན་ཚོགས་སྒྲུབ་པ་ཡིན་ཏེ་ཡོ་བྱད་ལྔ་དང་ལྡན་པས་དངོས་གྲུབ་དོན་དུ་གཉེར་བའོ། །གསུམ་པ་ལྟར་ན་ཐ་མའི་ཞག་གཅིག་མ་གཏོགས་པ་ཇི་ཙམ་སྒྲུབ་པའི་ཕྱེད་ཕན་ཆད་དོ། །བཞི་པ་ལྟར་ན་ཡབ་ཡུམ་གཉིས་ལྷའི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བས་ཕྱག་རྒྱ་བཞིས་རོལ་པ་སྟེ་དབབ་ཟུང་གི་དགོངས་པ་ཡིན་ནོ། །སྒྲུབ་ཆེན་པོ་ཞེས་པ། དང་པོ་ལྟར་ན་གཏན་ལ་ཕབ་པས་ལྟ་བ་མཐར་ཕྱིན་པའོ། །གཉིས་པ་ལྟར་ན་ཚོགས་སྒྲུབ་རྒྱུན་གྱི་ཐ་མ་སྟེ་ཟག་མེད་ཀྱི་རིག་འཛིན་ཐོབ་མ་རག་པའོ། །གསུམ་པ་ལྟར་ན་ནུབ་ཐ་མའི་དགོངས་པ་ཆོ་གའི་སྒོ་ནས་བཀོད་པ་རྫས་ཀྱི་དངོས་གྲུབ་ལེན་པའོ། །བཞི་པ་ལྟར་ན་བྱང་སེམས་ཡུམ་གྱི་མཁའ་ནས་རྡོ་རྗེའི་ལྕེ་ཡིས་ལེན་པ་སྟེ་ལྡོག་དགྲམ་གྱི་དགོངས་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ་སྟེ། བསྙེན་པ་དང་། ཉེ་སྒྲུབ་ཐུན་མོང་བསྟན་པ་དང་། སྒྲུབ་པ་ཆེན་པོའོ། །དང་པོ་བྱ་བ་ལས་ཀྱི་བསྙེན་པ་ལ་གསུམ་སྟེ། ཚོམ་བུ་ལྔ་པ་དང་། གསུམ་པ་དང་། གཅིག་པའོ། །དང་པོ་ནི། ལྔ་དང་ལྔ་ཡི་སོགས་ཚིགས་བཅད་གཅིག་སྟེ། རྣལ་འབྱོར་པ་ཕོ་མོ་དང་ལྷ་ཡབ་ཡུམ་བྲང་སྤྲད་དེ་སོ་སོར་བསྒོམ་པའམ། རྣལ་འབྱོར་པ་སྤྱིས་ཚོམ་བུ་སྤྱིར་བསྒོམ་པ་གང་མོས་ཀྱི་གཙོ་བོ་རིགས་ཀྱི་ཡབ་ལྔ་དང་ཡུམ་ལྔའི་ལྷ་ཞལ་སྦྱོར་དུ་བཞུགས་པ་ལ་སོ་སོའི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་ཟུང་བཞིས་བསྐོར་བས་ཚོམ་བུ་ལྔའི་ལྷ་ལྔ་བཅུ་བཀོད་པ་ལས། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུས་བསྐོར་བས་ལྷ་བདུན་ཅུའི་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་ཤོམས་ཀྱི་ཚེ་བྲི་ཞིང་བསྙེན་པའི་དུས་སུ་རྣམ་པར་བསྒོམ་པར་བྱའོ། །གཉིས་པ་ནི། དེ་བཞིན་རིགས་དང་སོགས་ཚིགས་བཅད་གཅིག་སྟེ། ཤར་ཕྱོགས་སུ་དེ་བཞིན་གཤེགས་པའི་རིགས་དང་། དབུས་སུ་རྡོ་རྗེའི་རིགས་དང་། ནུབ་ཏུ་པདྨའི་རིགས་རྣམས་ལ་སོ་སོའི་རིགས་ཆུང་གི་སེམས་དཔའ་ཟུང་བཞིས་བསྐོར་བ་སྟེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆ་གསུམ་གྱི་མཐར་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བས་ལྷ་ཞེ་དྲུག་གི་ཚོགས་དང་ལྡན་པའི་ཚོམ་བུ་གསུམ་གྱི་ལྷ་རྣམས་བྲི་ཞིང་བསྒོམ་མོ། །གསུམ་པ་ནི། རིགས་ཀྱི་སོགས་ཚིགས་བཅད་གཅིག་སྟེ། རིགས་ཐམས་ཅད་ཀྱི་བདག་པོ་སྟེ་རིགས་ཀྱི་གཙོ་བོ་ནི་ཐུགས་རྡོ་རྗེ་འདུ་ཞིང་། དེའི་རྒྱུ་མཚན་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ལྔ་གཅིག་ཏུ་འདུས་པ་ནི་རང་བྱུང་གི་ཡེ་ཤེས་ཏེ། དེ་ཉིད་མཚོན་བྱེད་ཐུགས་ཀྱི་མཆོག་རྡོ་རྗེ་མི་བསྐྱོད་པ་ཡབ་ཡུམ་ལ་རང་རང་གི་རིགས་ཆུང་གི་སེམས་དཔའ་ཟུང་བཞི་དང་། ཁྲོ་བོ་ཡབ་ཡུམ་བཞིས་བསྐོར་བས་ལྷ་བཅོ་བརྒྱད་ཀྱི་ཚོགས་དང་ལྡན་པའི་ཚོམ་བུ་གཅིག་པའི་ལྷ་རྣམས་བྲི་ཞིང་བསྒོམ་མོ། །འདི་ལ་ཁ་ཅིག་ན་རེ། འདིར་ཡང་ཚོམ་བུ་རྒྱས་འབྲིང་བསྡུས་པ་གསུམ་བྱུང་ལ། འོག་ནས་ཀྱང་ཚོམ་བུ་གསུམ་པ་སྒྲུབ་པའི་ཐབས་བྱུང་བའི་ལྡབས་སོ་ཞེ་ན། སྐྱོན་མེད་དེ། གོང་མ་ནི་བསྙེན་པའི་དུས་སུ་བྲིས་ནས་ཉེ་བསྙེན་གྱི་དུས་སུ་བསྒོམ་པའི་ཚུལ་ཡིན་ལ། འོག་མ་ནི་དངོས་སུ་གྲུབ་པ་ཡིན་པས་མི་ལྡབས་སོ། །ཡང་འདིར་བསྒོམ་བྱ་ཚོམ་བུ་ཞེས་པ་རིགས་གང་དང་གང་གིས་གཙོ་བོར་བྱས་པ་ལ་དེ་དང་དེའི་འཁོར་གྱིས་བསྐོར་བ་འདི་དཀྱིལ་འཁོར་དང་ངོ་བོ་ཐ་དད་པ་ཞིག་ཡིན་ནམ། ཡང་ན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཞིག་གམ། གལ་ཏེ་མིང་གི་རྣམ་གྲངས་པ་ཞིག་ཡིན་ཞེ་ན། འདི་གཉིས་ལྷའི་ངོ་བོ་མཐུན་ཞིང་གྲངས་མཉམ་ཡང་ཚོམ་དཀྱིལ་གཉིས་ལ་ཆོས་ཐ་དད་པ་ཡོད་པས་དཔྱད་པར་བྱ་སྟེ། ཁ་ཅིག་གིས་རྣམ་གྲངས་བྱུང་རྫོགས་སུ་བརྗོད་པའི་ངོས་ནས་དཀྱིལ་འཁོར་ཡིན་ལ། ཕོ་བྲང་གཙོ་བོའི་ངོས་ནས་ཚོམ་བུ་ཡིན་ཏེ། གཙོ་བོ་གཅིག་ཡོད་པས་ཚོམ་བུ་གཅིག་པ་དང་། གསུམ་ཡོད་པས་གསུམ་པ་དང་། ལྔ་ཡོད་པས་ལྔ་པར་འགྱུར་བའི་ཕྱིར་གསུངས། ཡང་ཁ་ཅིག་ནི་རྣལ་འབྱོར་པ་ཕོ་མོ་རེ་རེ་དང་ལྷ་ཡབ་ཡུམ་རེ་རེ་བྲང་སྤྲོད་དུ་བསྒོམ་པ་ཚོམ་བུ་ཡིན་ཞིང་། རྣལ་འབྱོར་པ་གཅིག་གིས་ལྷ་ཀུན་བསྒོམ་པའི་བྲང་སྤྲོད་དུ་བསྒོམ་པར་མ་ངེས་པ་དཀྱིལ་འཁོར་ཡིན་ནོ། །ཡང་ན་བདག་དོན་གཙོ་ཆེ་བ་ཚོམ་བུ་དང་། གཞན་དོན་གཙོ་ཆེ་བ་དཀྱིལ་འཁོར་ཡིན་གསུངས། ཡང་ཁ་ཅིག་ནི་ལྷ་ཡབ་ཡུམ་འབྲེལ་བར་ངེས་པ་ཚོམ་བུ་དང་། དེར་མ་ངེས་པ་དཀྱིལ་འཁོར་ཡིན་ཞེས་གསུངས་སོ། །དེ་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་ཞི་བ་ལ་ཡབ་ཡུམ་ཟུང་དུ་ངེས་ཤིང་གཙོ་འཁོར་རིགས་ངེས་པས་གོང་མ་དག་གི་ཁྱད་པར་ཕྱེད་ཀྱང་ཁྲོ་བོ་ནི་དེ་དག་གིས་ཁྱད་པར་མི་བྱེད་དེ། གནས་ཡུལ་དབང་མོ་རྣམས་ཚོམ་དཀྱིལ་གཉིས་ཀ་ལ་ཞུགས་པའི་ཕྱིར་ཏེ། འདིའི་ལེའུ་བཅོ་ལྔ་པ་ལས་དབང་མོའི་ཡབ་རིགས་ལྔར་བཤད་པའི་ཕྱིར་རོ། །འོ་ན་གང་ཞེ་ན། དཀྱིལ་འཁོར་གྱི་སྒྲ་ཙམ་ཞིག་ཚོམ་བུ་ལ་ཡང་འཇུག་སྟེ། ཚོམ་བུའི་དཀྱིལ་འཁོར་ཞེས་གྲགས་པའི་ཕྱིར་རོ། །འོན་ཀྱང་གཙོ་བོ་རིགས་ཆུང་དང་བཅས་པ་རང་གི་རིགས་སུ་ངེས་པ་ཚོམ་བུ་ཡིན་ལ། གཙོ་བོ་རིགས་ཆུང་ཡང་སྤྱིའི་རིགས་སུ་ངེས་ཤིང་སྒོ་བཞི་སྒོ་སྲུང་དང་བཅས་པ་ནི་དཀྱིལ་འཁོར་ཡིན་ཞེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། རྣལ་འབྱོར་པ་ཕོ་མོས་ཚོམ་བུའི་ལྷ་སོ་སོར་བསྒོམ་པ་དང་། ཚོམ་བུའི་ལྷ་སྒྲུབ་པའི་ཐབས་སོ། །དང་པོ་ནི། རྣལ་འབྱོར་ཐབས་དང་སོགས་རྐང་པ་ལྔ་སྟེ། རྣལ་འབྱོར་པ་ཐབས་ཡབ་དང་ཤེས་རབ་ཡུམ་རྣམས་ཀྱིས་རིམ་པ་ལྟར་དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ་དང་རིགས་ཀྱི་ཡུམ་ལྔ་རུ་སོ་སོར་བསྒོམ་ཞིང་། དེ་བཞིན་དུ་འཁོར་གྱི་རྣལ་འབྱོར་པ་ཕོ་རྣམས་ཀྱིས་སེམས་དཔའ་དང་མོ་རྣམས་ཀྱིས་སེམས་མ་ཉིད་དུ་བསྒོམ་ནས་ལྷ་སོ་སོའི་སྔགས་དང་རང་རང་གི་ཕྱག་རྒྱ་དང་ཏིང་ངེ་འཛིན་དེ་དང་དེ་ཡང་དག་པར་སོ་སོར་མ་འདྲེས་པར་གསལ་བར་བསྒོམ་མོ། །གཉིས་པ་ལ་གསུམ་སྟེ། ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པ་སྒྲུབ་པའི་ཐབས་སོ། །དང་པོ་ནི། རྡོ་རྗེའི་རིགས་སོགས་ཚིགས་བཅད་གཅིག་སྟེ། རྡོ་རྗེའི་རིགས་སུ་རིགས་གཞན་ཐམས་ཅད་འདུ་བའི་ཕྱིར། ཚོམ་བུ་གཅིག་པའི་དཀྱིལ་འཁོར་བསྒོམ་པའི་ཚུལ་ནི་རྩ་བའི་ལྷ་བཅོ་བརྒྱད་ཡན་ལག་གི་ལྷ་དང་བཅས་པ་རྣམས་འོད་ཟེར་འཕྲོ་ཞིང་གཟི་བརྗིད་འབར་རབ་ཏུ་བསྒོམ་ཞིང་། ཡོ་བྱད་ལ་སྤྱད་པའི་ཐབས་ནི་ཆགས་མེད་ཚུལ་གྱིས་སྤྱོད་པས་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་བསྟིམ་པར་བྱ་བ་སྟེ། དེའི་འབྲས་བུ་ནི་ལྟ་སྤྱོད་གཉིས་མེད་དུ་དབང་འབྱོར་བར་གྱུར་ནས་ཐོབ་པའི་མཐོང་ལམ་གོང་མ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བར་བྱེད་དོ། །ཡང་འདི་ཚོམ་བུ་གཅིག་པ་བསྒོམ་པ་ཡིན་ནམ། དཀྱིལ་འཁོར་བསྡུས་པ་བསྒོམ་པ་ཡིན། དང་པོ་ལྟར་ན་ཚོམ་བུའི་གཙོ་བོ་རིགས་ངེས་ཅན་ཡིན་པ་ལ། འདིའི་འགྲེལ་པར། གཙོ་བོ་རིགས་དྲུག་པོ་གང་ཡང་རུང་བ་སྟེ་མ་ངེས་པའོ། །འདི་ནི་ཚོགས་ཀྱི་དཀྱིལ་འཁོར་དང་གཟུགས་བརྙན་གྱི་དཀྱིལ་འཁོར་ཀུན་ལ་སྦྱར་རོ། །ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་ལྟར་ན་གཞུང་གི་རྣལ་འབྱོར་པ་དང་ལྷ་བྲང་སྤྲོད་དུ་བསྒོམ་པར་གསལ་ཞིང་གཞན་ཡང་ལེའུ་འདི་དང་འོག་མ་གཉིས་ཀ་ཚོགས་སྒྲུབ་པའི་བསྒོམ་བྱ་ཚོམ་བུ་ཡིན་ཕྱིར་དཀྱིལ་འཁོར་ཡིན་པར་མི་འཐད་དོ་ཞེ་ན། སྤྱིར་ཚོམ་བུ་གཅིག་པ་དང་དཀྱིལ་འཁོར་བསྡུས་པ་གཉིས་ལྷ་གྲངས་མཉམ་སྟེ། རིགས་གང་ཡང་རུང་བའི་གཙོ་བོ་ཡབ་ཡུམ་ལ་དེའི་རིགས་ཆུང་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་དོ། །སྐབས་འདིར་འགྲེལ་བའི་དོན་ནི་ཚོམ་དཀྱིལ་གཉིས་ཀྱི་ཁྱད་པར་ཕྱེས་ནས་འདི་དཀྱིལ་འཁོར་བསྡུས་པར་བཞེད་དེ་གཙོ་བོ་མ་ངེས་པར་གསུངས་པའི་ཕྱིར་རོ། །འོ་ན་སྐྱོན་གང་གིས་སྤོང་ཞེ་ན། མི་ཤེས་པས་བརྗོད་པའི་སྐྱོན་དེ་སྤང་མི་དགོས་ཏེ་ལྷ་དང་རྣལ་འབྱོར་པ་བྲང་སྤྲོད་དུ་བསྒོམ་པ་དཀྱིལ་འཁོར་མ་ཡིན་ཏེ། ཚོགས་སྒྲུབ་ལ་དཀྱིལ་འཁོར་བསྒོམ་པ་ཁེགས་པར་རྒྱུད་འགྲེལ་གང་ནས་ཀྱང་བཤད་པ་མེད་པའི་ཕྱིར་རོ། །འོ་ན་དཀྱིལ་འཁོར་རྒྱས་བསྡུས་ཀྱི་ཁྱད་པར་གང་ཞེ་ན། སྤྱིར་རྒྱས་པའི་ཁོངས་ནས་འབྲིང་པོ་དང་། དེ་ལས་བསྡུས་པའི་ལྷ་རྣམས་འབྱུང་དགོས་པ་ལས། འདིར་དེ་ལྟར་མ་བྱུང་བས་རྒྱས་བསྡུས་སུ་མི་འཐད་དོ་ཞེ་ན། རྒྱས་བསྡུས་ལ་བྱེ་བྲག་གསུམ་སྟེ། རྣམ་གྲངས་དང་། རིགས་དང་། རྟོགས་པ་རྒྱས་བསྡུས་ལས། དང་པོ་ནི་གཅིག་ཁོངས་སུ་གཅིག་འབྱུང་བ་གོང་ལྟར་ཡིན་ཅིང་། འདི་ནི་རིགས་རྒྱས་བསྡུས་ཏེ་གཙོ་བོ་རིགས་ལྔ་ལ་རིགས་སྤྱིའི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་ནི་རིགས་རྒྱས་པ་དང་། གཙོ་བོ་རིགས་ལྔ་ལ་འཁོར་སེམས་དཔའ་ཡབ་ཡུམ་གཉིས་གཉིས་ལས་མ་སྨོས་པ་ནི་འབྲིང་པོ་དང་། གཙོ་བོ་རིགས་ལྔ་གང་རུང་གཅིག་ལ་རང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བ་ནི་རིགས་གཅིག་གི་ཆ་ལས་མེད་པས་བསྡུས་པ་ཡིན་ནོ། །ཡང་ཞི་བ་ཚོགས་སྒྲུབ་ཀྱི་སྐབས་འདིར་ལྔ་དང་ལྔ་ཡི་ཞེས་པ་སོགས་ཚོམ་བུ་ལན་གཅིག་གསུངས་པ་དང་། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ་འཁོར་ཞེས་པར་ལན་གཅིག་གསུངས་པ་གཉིས་ཟློས་སོ་ཞེ་ན། འདིར་སྐབས་དང་དགོས་ཆེད་གཉིས་ཀྱིས་ཕྱིར་མི་ཟློས་ཏེ། དེ་ཡང་སྐབས་ནི་དང་པོ་བསྙེན་པའི་སྐབས་སུ་ཡིན་ལ། གཉིས་པ་སྒྲུབ་པའི་སྐབས་ཡིན་པའི་ཕྱིར་དང་། དགོས་ཆེད་ཀྱང་དང་པོས་ཚོམ་བུའི་རྣམ་གྲངས་བདེ་བླག་ཏུ་རྟོགས་པས་དེ་བསྒོམ་ཤེས་པའི་དགོས་པ་ཡོད་ཅིང་། གཉིས་པས་བསྒོམས་པའི་འབྲས་བུ་རིམ་པ་གསུམ་ཐོབ་ཚུལ་དང་བཅས་པའི་སྒོ་ནས་མ་འོངས་པའི་གདུལ་བྱ་རྣམས་བྲོད་པས་འཇུག་པའི་དགོས་པ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། ཡང་ན་སོགས་ཚིགས་བཅད་གཉིས་ཏེ། ཚོམ་བུ་གཅིག་པ་ལས་གཞན་ཡང་ན་སྐུ་གསུང་ཐུགས་ཀྱི་ཚོམ་བུ་གསུམ་དུ་བསྒྲུབ་པར་བྱ་བ་ཉིད་དེ། སངས་རྒྱས་ཐམས་ཅད་མ་ལུས་པ་སྐུ་གསུང་རྡོ་རྗེ་གསུམ་དུ་འདུས་པའི་ཕྱིར། ཚོམ་བུ་གསུམ་གྱི་ལྷའི་ཏིང་ངེ་འཛིན་གསལ་ཞིང་གཟི་བྱིན་འབར་བའི་འོད་ཟེར་ཕྱོགས་བཅུར་འཕྲོ་བར་བསྒོམས་ནས། ཡོ་བྱད་ཐམས་ཅད་སྤྱད་བྱ་སྤྱོད་བྱེད་གཉིས་སུ་མེད་པར་མཉམ་ཉིད་ཀྱི་བློས་དབྱིངས་ཀྱི་ངང་དུ་ཐིམ་པར་སྤྱད་པ་ལས་བརྙེས་པའི་འབྲས་བུ་མཐོང་ལམ་གཉིས་ལས་ཚེ་དབང་སྟེ་རིག་འཛིན་བཞིའི་ནང་ནས་དངོས་གྲུབ་མཆོག་བརྙེས་པ་ལྷུན་གྲུབ་རིག་འཛིན་ཐོབ་པ་ལ་སྦྱོར་བར་འགྱུར་བས། བདག་དོན་དུ་རྒྱལ་བའི་དཀྱིལ་འཁོར་མ་ལུས་འབར་བ་སྟེ་གསལ་བར་མངོན་དུ་འགྲུབ་ཅིང་། གཞན་དོན་དུ་འགྲོ་བའི་ཉོན་མོངས་སྡུག་བསྔལ་སེལ་བར་བྱེད་པའི་ཕྲིན་ལས་ཀྱིས་ཐམས་ཅད་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་རིགས་སུ་སྐྱེ་བའི་གནས་ལ་འགོད་པར་མཛད་དོ། །གསུམ་པ་ནི། སྔགས་འཆང་སོགས་རྐང་པ་བདུན་ཏེ། སྔགས་ནི་ཡིད་སྐྱོབས་པ་སྟེ་ལྷའི་དཀྱིལ་འཁོར་དུ་གསལ་བ་ཡིན་ལ། དེ་རྣལ་འབྱོར་གྱི་མངོན་སུམ་དུ་འཆང་བའི་སྔགས་འཆང་གང་ཞིག་དངོས་གྲུབ་ཡང་དག་ཐོབ་པར་འདོད་པས་ནི་རྣལ་འབྱོར་པ་ཐབས་ཡབ་སུམ་ཅུ་སོ་ལྔ་དང་། ཤེས་རབ་ཡུམ་སུམ་ཅུ་སོ་ལྔ་པོ་ཐམས་ཅད་ཀྱིས་ཚོམ་བུ་ལྔ་པའི་ལྷ་བསྒོམ་པའི་ཚུལ་ནི། དབུས་སུ་དཀྱིལ་འཁོར་ཆ་ལྔའི་ལྷ་ཡབ་ཡུམ་ལྔ་བཅུ་དང་། སྒོ་ཁྱམས་ལ་ཁྲོ་བོ་ཁྲོ་མོ་ཉི་ཤུའི་ཕྲེང་བ་བསྒོམ་སྟེ། ཡོ་བྱད་ལ་ཆགས་པ་མེད་པའི་ཚུལ་གྱིས་འདོད་ཡོན་མ་འགགས་པའི་འོད་ཟེར་རྣམ་པ་མང་པོ་འཕྲོ་ཞིང་གཉིས་སུ་མེད་པའི་དབྱིངས་སུ་བསྟིམ་པར་བྱེད་པའི་བྱ་བས་བརྙེས་པའི་འབྲས་བུ་མཐོང་ལམ་གཉིས་ལས་ཚེ་དབང་སྟེ་དངོས་གྲུབ་མཆོག་གི་སྙིང་པོ་སྐུ་ལྔ་ལ་སྦྱོར་བ་འགྲུབ་བོ། །འདི་ལ་ཁ་ཅིག་ན་རེ། ཚོམ་བུ་གཅིག་པ། གསུམ་པ། ལྔ་པ་གསུམ་ལ་ཁྱད་པར་ཡོད་དམ་མེད། ཕྱི་མ་ལྟར་ན། ཁྱད་པར་ཡོད་པར་གཞུང་གིས་གསལ་བར་བྱེད་པའི་ཕྱིར་ཞེ་ན། དེ་ལ་འབྲས་བུ་ལ་ཁྱད་པར་གསུངས་ཀྱང་རྒྱུ་ཚོམ་བུ་ལ་ཁྱད་པར་མེད་ན་ཅི་འགལ་བྱས་པས། ཁོ་ན་རེ། འབྲས་བུ་ཆོས་ཅན། རྒྱུའི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་འགྱུར་ཏེ། རྒྱུ་ཁྱད་པར་མེད་པ་ལ་འབྲས་བུ་ཁྱད་པར་ཅན་དམིགས་པའི་ཕྱིར། རྟགས་དེའི་ཟུར་དང་པོ་ཁས་བླངས་ལ། གཉིས་པ་གཞུང་ནས་གསུངས་པས་གྲུབ་ཅིང་། རྒྱུ་ལ་ཁྱད་པར་མེད་ཅིང་འབྲས་བུ་ཁྱད་པར་ཅན་དུ་དམིགས་པ་དེ་ལས་འབྲས་བུ་རྒྱུའི་རྗེས་སུ་འགྲོ་ལྡོག་མི་བྱེད་པར་འགྱུར་བས་ཁྱབ་བོ། །འདོད་ན་རྒྱུ་ཁེགས་པས་འབྲས་བུ་ཁེག་པར་བསལ་ལོ། །ཡང་ཚོམ་བུ་གསུམ་ལ་ཁྱད་པར་ཡོད་ན། རྡོ་རྗེའི་རིགས་སུ་ཐམས་ཅད་དཀྱིལ། །ཞེས་གཅིག་པའི་གཙོ་བོ་དང་། ཐུགས་ཉིད་དེ་ཞེས་གསུམ་པའི་གཙོ་བོ་དང་། དཀྱིལ་འཁོར་ལྔ་དང་ཞེས་ལྔ་པའི་གཙོ་བོ་དང་གསུམ་རྡོ་རྗེ་སེམས་དཔའ་ངོ་བོར་མི་གཅིག་པར་འགྱུར་ཏེ་ཁྱད་པར་ཡོད་པའི་ཕྱིར་རོ། །རྟགས་དེ་ཁས་བླངས་ཤིང་། ཁྱད་པར་དུ་ཡོད་པ་ལ་ངོ་བོ་གཅིག་མ་ཡིན་པས་ཁྱབ་ལ། འདོད་ན་ཚོམ་བུ་གསུམ་གྱི་གཙོ་བོ་རྡོ་རྗེ་སེམས་དཔར་གཅིག་པས་གསལ་ལོ་ཞེ་ན། དེའི་ལན་ནི། བསྒོམ་བྱ་ཚོམ་དཀྱིལ་ལ་ལྟོས་ཏེ་ལྷ་མང་ཉུང་གི་ཁྱད་པར་ཅུང་ཟད་ཡོད་ཀྱང་ལྷའི་ངོ་བོ་གཅིག་པའི་ཕྱིར་སྐྱོན་དང་པོ་མེད་དོ། །འོ་ན་འབྲས་བུའི་ཁྱད་པར་གསུམ་བཤད་པ་དེ་དག་རྒྱུའི་རྗེས་སུ་འགྲོ་ལྡོག་བྱས་པ་མ་ཡིན་པར་འགྱུར་ཏེ། རྒྱུ་ཚོམ་བུ་གསུམ་ངོ་བོ་གཅིག་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། བསྒོམ་བྱ་གཅིག་ཉིད་ལའང་སྒོམ་པ་པོ་རྟེན་གྱི་གང་ཟག་གི་རྒྱུད་ཚོད་དང་། ལམ་སློབ་པའི་རིམ་པ་ལ་ལྟོས་ཏེ་གྲངས་མང་ཉུང་དང་། རྣམ་པ་གསལ་མི་གསལ་དང་། ཚོམ་བུའམ་དཀྱིལ་འཁོར་རྒྱས་བསྡུས་ལ་སོགས་པ་ནི་བསྒོམ་བྱའི་ཁྱད་པར་མ་ཡིན་ཏེ། སྒོམ་པ་པོའི་ཁྱད་པར་ཡིན་པའི་ཕྱིར་སྐྱོན་ཕྱི་མའང་མེད་དེ། རྡོ་རྗེ་ལས། མོས་པའི་ཚུལ་དང་སྦྱར་བ་ཡིན། །ཚོམ་བུ་གཅིག་པའི་ལྷ་རྣམས་དང་། །ཞེས་སོགས་གསུངས་པའི་ཕྱིར་རོ། །ཡང་ཚོམ་བུ་གཅིག་པའི་སྐབས་སུ་འབྲས་བུ་ཕྱག་ཆེན་དང་། གསུམ་པ་ལ་ལྷུན་གྲུབ་རིག་འཛིན་དང་། ལྔ་པ་ན་འབྲས་བུ་སངས་རྒྱས་ཐོབ་པར་གསུངས་པས་ཇི་ལྟར་བཤད་པ་བཞིན་ཐོབ་བམ་མི་ཐོབ། ཐོབ་ན་ཚོགས་སྒྲུབ་ནས་ཐོད་རྒལ་འབྱུང་བར་ཐལ། རྟགས་ཁས་བླངས། ཁྱབ་པ་ཚད་མའི་འགྲུབ། འདོད་ན། ལམ་རིམ་ལས། ལམ་མཆོག་དབྱེ་ས་གཅིག་ཡིན་ནོ། །ཞེས་པས་ཟག་མེད་ལམ་གྱི་འདུ་ས་དང་དབྱེ་ས་མཐོང་ལམ་ཡིན་པར་བཤད་པས་གསལ་ལོ། །མི་ཐོབ་ན་ཐོབ་པར་བཤད་པའི་ལུང་དང་འགལ་ལོ་ཞེ་ན། སྤྱིར་ཐོད་རྒལ་བྱུང་ས། གོ་བ་དང་། འབྱུང་བའི་རྒྱུ་མཚན་དང་གསུམ་ལས། དང་པོ་ནི། ཟག་བཅས་ལམ་གྱི་སྐབས་སུ་ཕྱག་རྒྱ་གཅིག་པ་དང་སྤྲོས་བཅས་གཉིས་ནས་འབྱུང་བར་སྲིད་ཀྱིས་ཁྱབ་པ་ནི་མེད་དོ། །ཟག་མེད་ལམ་གྱི་སྐབས་སུ་མཐོང་ལམ་ཚེ་དབང་དང་སྒོམ་ལམ་ཕྱག་ཆེན་གཉིས་ནས་འབྱུང་བར་སྲིད་ཀྱིས་ཁྱབ་པ་ནི་མེད་དོ། །གཉིས་པ་ནི། ལམ་བར་ནས་བོར་ཏེ་གྲངས་ཀྱི་འོག་མ་དོན་གྱི་གོང་མ་ལ་སྦྱོར་བ་ཞིག་ཡིན་ནོ། །གསུམ་པ་ནི། ལམ་རིམ་གྱིས་ས་གང་ཞིག་ལམ་བར་ནས་བོར་དུ་ཡོད་པ་དང་གཅིག །ངང་གིས་བློ་ཆེ་བ་དང་གཉིས། སྟོང་ཉིད་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་པ་ཡིན་པ་དང་གསུམ་པོ་གཞི་གཅིག་ལ་ཚོགས་ན་འབྱུང་གིས་དེ་ལས་གཞན་དུ་ནི་མི་འབྱུང་ངོ་། །རྒྱུ་མཚན་དེས་ན་སྟོང་པ་ཆེན་པོ་དང་སྙིང་རྗེ་སྒྱུ་མ་བསྒོམ་པའི་རྣལ་འབྱོར་གཉིས་ངང་གིས་བློ་ཆེ་བ་ཡིན་གྱིས། ལམ་ཕྱག་རྒྱ་གཅིག་སྤྲོས་ཚོམ་བུ་ཚོགས་སྒྲུབ་དང་གསུམ་བར་ནས་བོར་དུ་ཡོད་ཀྱང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་མ་ཡིན་པའི་ཕྱིར་ཐོད་རྒལ་མི་འབྱུང་ལ། ཟག་བཅས་བར་ཆད་མེད་པའི་ལམ་ཚོགས་སྒྲུབ་པ་བློ་ཆེ་ཤོས་དང་། ཟག་མེད་མཐར་ལམ་ལྷུན་གྲུབ་རིག་འཛིན་བློ་ཆེ་ཤོས་གཉིས་ནི་ངང་གིས་བློ་ཆེ་བ་ཡིན། སྟོང་ཉིད་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་པའང་ཡིན་ཀྱང་ལམ་བར་ནས་བོར་དུ་མེད་པའི་ཕྱིར་ཐོད་རྒལ་མི་འབྱུང་ངོ་། །རྣམ་སྨིན་རིག་འཛིན་ནི་སྟོང་ཉིད་སྙིང་རྗེ་དབྱེར་མེད་བསྒོམ་པའི་ལམ་པའང་ཡིན་ལ་ལམ་བར་ནས་བོར་རྒྱུ་ཡང་སྒོམ་ལམ་དང་མཐར་ལམ་གཉིས་ཡིན་ཀྱང་ངང་གིས་བློ་ཆུང་བའི་ཕྱིར་ཐོད་རྒལ་མི་འབྱུང་ངོ་། །འོ་ན་གཞུང་ལས་ཚོམ་བུ་གསུམ་གྱི་འབྲས་བུ་གསུམ་བཤད་པས་གོང་གི་ལུང་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ལུང་འདི་དག་ནི་ཞོར་སྒྲུབ་ཞོར་སེལ་གྱི་ལུང་ཡིན་པས་འདི་ལྟར་གོ་བར་བྱ་སྟེ། དེ་ཡང་ཚོམ་བུ་གཅིག་པས་ཐོབ་པའི་ཚེ་དབང་དེ་ཕྱག་ཆེན་རིག་འཛིན་ལ་སྦྱོར། ཚོམ་བུ་གསུམ་པ་བསྒྲུབ་པས་ཐོབ་པའི་ཚེ་དབང་སྟེ་ལྷུན་གྲུབ་རིག་འཛིན་ལ་སྦྱོར། ཚོམ་བུ་ལྔ་པ་བསྒྲུབ་པས་ཐོབ་པའི་ཚེ་དབང་དེ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ལ་སྦྱོར་བར་གསུང་བའི་ལུང་ཡིན་གྱིས། ཚོགས་སྒྲུབ་ནས་ཐོད་རྒལ་འབྱུང་བའི་ལུང་མིན་ཏེ། ཚེ་དབང་ནས་ཐོད་རྒལ་འབྱུང་བ་ལུང་གིས་གྲུབ་པས་རྣམ་སྨིན་ནས་ཐོད་རྒལ་འབྱུང་བར་འདོད་པ་ཞོར་ལ་སེལ་བ་ཡིན་ནོ། །ཡང་ཁོ་ན་རེ། ཚོགས་སྒྲུབ་ཀྱི་འབྲས་བུ་རྣམ་སྨིན་དང་ཚེ་དབང་གཉིས་གང་རུང་ཡིན་ལ། གཞུང་ལམ་ཕྱག་རྒྱ་གཅིག་གསུམ་ལྔ་པའི་འབྲས་བུ་སྒོམ་ལམ་མཐར་ལམ་སངས་རྒྱས་དང་གསུམ་ཐོབ་པར་བཤད་པ་མི་རིགས་སོ་ཞེ་ན། འོ་ན་དེ་ཚོད་དུ། འདི་ཉིད་ཀྱི་ལེའུ་དགུ་པ་ནས་ལྷག་པ་གཟུགས་བརྙན་དཀྱིལ་འཁོར་དུ་ལས་དང་པོ་པ་ཞུགས་པ་དང་མཐར་ལམ་པ་སྐལ་པ་མཉམ་པར་བཤད་པའང་མི་རིགས་སོ་བྱས་པས། ཁོ་ན་རེ། དེ་དུས་ཕྱིས་འགྲུབ་པ་ལ་དགོངས་པ་ཡིན་ནོ་ཞེ་ན། འདིར་ཡང་དེ་དང་འདྲའོ་ཞེས་མགོ་མཚུངས་བསྒྲེས་སོ། །འོ་ན་ཚེ་དབང་གི་འབྲས་བུ་ལ་བཟང་ངན་བྱུང་བས་ཚོམ་བུ་གཅིག་གསུམ་ལྔ་པའི་ལྷ་ལ་བཟང་ངན་ཡོད་པར་གྱུར་རོ་ཞེ་ན། ཚོམ་བུའི་ལྷ་ལ་བཟང་ངན་མེད་ཀྱང་ལམ་པའི་བློ་ཆེ་ཆུང་ལ་ལྟོས་ནས་མཐོ་དམན་བྱུང་བ་ཡིན་ནོ། །འོ་ན་ཚོམ་བུ་གཅིག་གསུམ་ལྔ་པ་བསྒྲུབ་པའི་རྣམ་སྨིན་རིག་འཛིན་ལའང་བློ་རབ་འབྲིང་ཐ་མ་གསུམ་ཡོད་པར་ཐལ་ཞེ་ན། འདོད་ཐོག་གོ། །འོ་ན་རྣམ་སྨིན་ནས་ཀྱང་ཐོད་རྒལ་འབྱུང་བར་ཐལ་ཞེ་ན། ཁྱབ་པ་མ་གྲུབ་སྟེ། རྣམ་སྨིན་གྱི་དངོས་འབྲས་ཕྱག་ཆེན་ཁོ་ན་ལས་མི་ཐོབ་ཀྱང་རྒྱུ་འབྲས་ལམ་གོང་མ་ལ་སྦྱོར་བ་དུས་མྱུར་བུལ་ཡོད་པས་ཁྱད་པར་ཤིན་ཏུ་ཆེའོ། །འོ་ན་ཚོམ་བུ་ཚོགས་སྒྲུབ་པ་འདི་ཟག་བཅས་ཡིན་ནམ་ཟག་མེད་ཡིན། ལྡོག་བཅས་ཡིན་ནམ་ལྡོག་མེད་ཡིན་ཞེ་ན། སྤྱིར་ནི་ཟག་ལྡོག་ཡོད་མེད་ཀྱི་མུ་བཞི་ཡོད་པ་ལས། ཟག་ལྡོག་གཉིས་ཀ་ཡོད་པའི་ལམ་པ་ནི་སྟོང་ཆེན། སྙིང་རྗེ་སྒྱུ་མ། ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས་བཞི་དང་། ཟག་པ་ཡོད་ལ་ལྡོག་པ་མེད་པའི་ལམ་པ་ནི་ཚོམ་བུ་ཚོགས་སྒྲུབ། ཟག་ལྡོག་གཉིས་ཀ་མེད་པའི་ལམ་པ་ནི་རིག་འཛིན་བཞིའོ། །ཟག་པ་མེད་ལ་ལྡོག་པ་ཡོད་པའི་ལམ་པ་ནི་ཐེག་ཆུང་མཐར་ཐུག་གི་འབྲས་བུ་ཟག་མེད་དགྲ་བཅོམ་པ་གང་ཞིག་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་ཚོགས་སྦྱོར་གྱིི་ལམ་ལ་གནས་པ་དེའོ། །འོན་ཀྱང་ལྡོག་བཅས་འདི་རྣམས་སྲིད་པ་ལ་དགོངས་ཀྱིས་ཁྱབ་པ་ནི་མེད་དོ། །ཁ་ཅིག་གིས། ཉོན་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མ་ལོག་པ་དེ་སྲིད་དུ་ལྡོག་བཅས་ཀྱི་ལམ་དུ་འདོད་དེ། ཇི་སྐད་དུ། ཇི་སྲིད་ས་བརྒྱད་མ་ཐོབ་བར། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་གསུངས་སོ་ཞེ་ན། ལུང་དེ་ནི་མ་དག་ས་བདུན་གྱི་བྱང་སེམས་སེམས་བསྐྱེད་ཉམས་ན་ཐེག་དམན་དུ་ལྷུང་བར་དོགས་པའི་ལུང་ཡིན་གྱི། ལམ་པ་དེ་འཁོར་བར་ཕྱིར་ལྡོག་པའི་ལུང་ནི་མ་ཡིན་ནོ། །ཡང་ཟག་བཅས་སུ་ཆོས་ཉིད་རང་གི་མཚན་ཉིད་མཐོང་ངམ་མི་མཐོང་ཞེ་ན། ཆོས་ཉིད་རང་གི་མཚན་ཉིད་ཟག་བཅས་སུ་མི་མཐོང་ལ་ཟག་མེད་ཀྱིས་མཐོང་ཟིན་པའི་ཕྱིར། ཟག་པ་ཟད་པ་དང་ཆོས་ཉིད་རང་མཚན་མཐོང་བ་དུས་གཅིག་གོ། །དེས་ན་ཟག་བཅས་ཀྱི་བསམ་གཏན་གྱིས་ཆོས་ཉིད་ཀྱི་དོན་མཐོང་བར་བཤད་པའི་ལུང་རྣམས་ནི་སྤྱིའི་རྣམ་པ་མཐོང་བ་ལ་དགོངས་པ་ཡིན་གྱི། རང་གི་མཚན་ཉིད་མཐོང་བ་ལ་དགོངས་པ་མ་ཡིན་ནོ། །ཡང་ལམ་གང་འོག་ལ་ཆོས་ཉིད་གསལ་མི་གསལ་གྱི་ཁྱད་པར་ཡོད་དམ་མེད། ཡོད་ན་ཟག་བཅས་སུ་ཆོས་ཉིད་རང་མཚན་མ་མཐོང་བར་ཐལ། འདོད་ན་སྔར་བཤད་པ་དང་འགལ་བའི་ཕྱིར་རོ། །གསལ་མི་གསལ་མེད་ན། ལམ་རིམ་ལས། གསལ་བའི་བྱེ་བྲག་རིམ་པས་འགྲོ། །ཞེས་གསུངས་སོ་ཞེ་ན། འདི་ལ་གཙང་པ་བྱིས་སྟོན་ན་རེ། གསལ་མི་གསལ་མེད་དེ། ཆོས་ཉིད་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །གནས་ཡུན་རིང་ཐུང་ཡོད་དེ། ལམ་གོང་མ་གོང་མར་བགྲོད་པའི་དུས་ན་བརྟན་པ་ཇེ་ཐོབ་ཇེ་ཐོབ་སོང་བ་ཡིན་ནོ་གསུངས་སོ། །ཉེའུ་སྟོན་ན་རེ། ལམ་གྱི་ཁྱད་པར་གསལ་མི་གསལ་ཡིན་གསུངས་སོ། །རྒྱ་གབ་གོང་པ་ན་རེ། གསལ་མི་གསལ་དང་ཡུན་རིང་ཐུང་གཉིས་ཀ་ཡོད་དེ། སྔ་མ་ནི་ལམ་རིམ་ལས། གསལ་བའི་བྱེ་བྲག་རིམ་པས་འགྲོ། །ཞེས་པས་མངོན་ལ་ཕྱི་མ་ནི་སྤྱི་མདོ་ལས། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་དེ་མ་ཐག་ཐུན་ཕྱེད་དང་ཐུན་དང་། ཞེས་པ་ལ་སོགས་པ་གསུངས་པས་གསལ་ལོ། །ཞེས་གསུངས་མོད་ཀྱི། བཞི་པ་འདི་དག་ལྟ་བ་དང་ཏིང་འཛིན་ཤན་མ་ཕྱེད་པ་ཡིན་ཏེ། ཆོས་ཉིད་སྤྱིའི་རྣམ་པ་མཐོང་བ་ནི་ལྟ་བ་དོན་སྤྱི་ཡིན་ལ། རང་གི་མཚན་ཉིད་མཐོང་བ་ནི་ལྟ་བ་རང་མཚན་ཡིན་ཏེ། དེ་ལྟར་ལྟ་བའི་ངོས་ནས་གསལ་མི་གསལ་དང་ཡུན་རིང་ཐུང་མེད་ལ། དེ་དག་ཡོད་པའི་ལུང་རྣམས་ནི་མཐོང་དོན་བསྒོམ་པའི་ཏིང་ངེ་འཛིན་ལ་གསལ་མི་གསལ་དང་ཡུན་རིང་ཐུང་གི་ལུང་ཡིན་ནོ། །འོ་ན་མ་ཧཱ་ཡོ་གའི་ལུགས་ཀྱི་ལྟ་སྒོམ་ཐ་དད་པར་ཐལ། ལྟ་བ་གསལ་མི་གསལ་དང་ཡུན་རིང་ཐུང་མེད་ལ། སྒོམ་པ་ལ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ཚོད་དུ་ལམ་དང་འབྲས་བུའང་ཐ་དད་པར་ཐལ། ཐོབ་བྱ་འབྲས་བུ་དང་། ཐོབ་བྱེད་ལམ་ཡིན་པའི་ཕྱིར་རོ། །རྟགས་ཚད་མས་གྲུབ། ཁྱབ་པ་མགོ་མཚུངས། འདོད་ན། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་པས་གསལ་ལོ། །གསུམ་པ་སྒྲུབ་པ་ཆེན་པོ་ལ་གཉིས་ཏེ། སྒྲུབ་བྱེད་ཡོ་བྱད་ལྔ་ལ་སྤྱད་པའི་ཐབས་དང་། དེའི་བསྒྲུབ་བྱ་དངོས་གྲུབ་བོ། །དང་པོ་ལ་གཉིས་ཏེ། ཡོ་བྱད་བཞི་ལ་སྤྱད་པའི་ཐབས་དང་། ཨཱ་ལི་ཀཱ་ལི་ལ་སྤྱད་པའི་ཐབས་སོ། །དང་པོ་ནི། གོས་རྒྱན་སོགས་ཚིགས་བཅད་གཅིག་སྟེ། དར་དང་ཞིང་ལྤགས་སོགས་ལུས་ལ་བགོ་བའི་གོས་དང་། རིན་ཆེན་ཐོད་ཕྲེང་སོགས་འདོགས་པའི་རྒྱན་གྱི་ཡོ་བྱད་དང་། གཞན་ཡང་བཟའ་བ་བཏུང་བའི་ཡོ་བྱད་དང་། སྙན་པའི་གླུ་དང་སྦྱར་བའི་སྒྲ་ཚིག་གི་ཡོ་བྱད་དང་། རིགས་སོ་སོའི་རྐང་བྲོ་དང་ལག་གར་གྱི་འདུ་འཕྲོ་སྟེ། ཡོ་བྱེད་བཞིའི་ཚོགས་གང་དང་གང་སྤྱོད་པ་ཐམས་ཅད་ཀྱི་སྤྲིན་ཕུང་ལ་རང་རིག་པའི་ཡེ་ཤེས་ཀྱི་ཡི་གེ་ཧཱུཾ་གི་རང་བཞིན་དུ་ཤེས་པས་ཆགས་ཞེན་མེད་པར་རབ་ཏུ་སྤྱད་ན་འབྲས་བུ་ངོ་མཚར་འབྱུང་བའི་དཀྱིལ་འཁོར་ཐམས་ཅད་མཉེས་པས་ཕན་ཡོན་རླབས་པོ་ཆེ་ཐོབ་བོ། །གཉིས་པ་ལ་གསུམ་སྟེ། ཨཱ་ལི་སྦྱོར་བ། ཀཱ་ལི་སྒྲོལ་བ། དེ་གཉིས་སྤྱད་ཀྱང་ཉེས་པས་མི་གོས་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། གང་ལ་སྤྱད་བྱའི་ཡུལ། ཇི་ལྟར་སྤྱད་པའི་ཐབས། ཡུམ་གྱི་མཁའ་ལས་དངོས་གྲུབ་ཆེན་པོ་བླང་བའོ། །དང་པོ་ནི། ལྷ་མོ་སོགས་རྐང་པ་གཉིས་ཏེ། སྤྱིར་མཚོན་བྱེད་ཨཱ་ལི་ཀཱ་ལིས་ཐབས་ཤེས་རབ་དང་ཡབ་ཡུམ་ལ་སོགས་དུ་མ་མཚོན་པ་ལས། སྐབས་འདིར་སྦྱོར་སྒྲོལ་གཉིས་མཚོན་པའོ། །དེ་ཡང་ལེ་ལག་ལས། འདིས་ནི་རང་བཞིན་སྦྱོར་སྒྲོལ་དང་། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། །དབང་པོ་ཡུལ་དུས་སྦྱོར་སྒྲོལ་དང་། །ཐབས་ཆེན་པོ་ཡི་སྦྱོར་སྒྲོལ་དང་། །མངོན་དུ་བྱུང་བའི་སྦྱོར་སྒྲོལ་ལོ། །ཞེས་གསུངས་པ་ལྟར་ལྔ་ལས། དང་པོ་ནི། ཡེ་ནས་གནས་པའི་མཚན་ཉིད་ཀྱི་དོན་ལ་དེ་རྟོགས་ཀྱི་བློས་སྦྱོར་བ་ནི་སྦྱོར་བ་ཡིན་ལ། དེས་མ་རིག་པ་རྣམ་པར་དག་པ་ནི་སྒྲོལ་བའོ། །གཉིས་པ་ནི། བསྐྱེད་རིམ་གྱི་ཚེ་བསྒོམ་བྱ་ཡིན་ལ་དེ་མངོན་དུ་བྱུང་བའི་ཆ་རྐྱེན་དུ་འགྱུར་བ་ཡིན་ནོ། །གསུམ་པ་ནི། སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བའི་རྟོགས་ཚོགས་སུ་བཏགས་པ་ལས་གྲོལ་བའོ། །བཞི་པ་ནི། ལེའུ་བཅོ་ལྔ་པའི་དོན་བཞིན་སྔོན་བྱུང་དུ་རྒྱལ་བ་རྣམས་ཀྱིས་དྲག་པོའི་ཕྲིན་ལས་ཀྱིས་དོན་མཛད་པའོ། །ལྔ་པ་ནི། འདིར་ཚོགས་སྒྲུབ་ཀྱི་དུས་སུ་དངོས་ཀྱི་སྤྱད་བྱ་ཡིན་ཏེ། དེ་རྟེན་གྱི་གང་ཟག་ཇི་ལྟ་བུ་ཞིག་གིས་སྤྱད་ཅེ་ན། ཁ་ཅིག་ན་རེ། ཏིང་ངེ་འཛིན་གྱིས་འགུགས་ཤིང་སྒྲོལ་བར་ནུས་ལ་ཇི་སྲིད་མ་མོས་ན་ཟློག་པར་ཡང་ནུས་ཏེ་ནུས་པ་གཉིས་དང་ལྡན་པ་ཞིག་གསུངས་སོ། །རང་ལུགས་ལ་གོང་དུ་བཤད་པའི་སྒྲུབ་པ་པོའི་མཚན་ཉིད་རྒྱུ་ཤེས་པའི་མཚན་ཉིད་རྟོགས་པའི་བློ་དང་ལྡན་ཅིང་། རྐྱེན་འཇུག་སྤྱོད་ཀྱི་ཡན་ལག་མ་ཉམས་ཤིང་སྣང་འབྱེད་ཀྱི་ཏིང་ངེ་འཛིན་ལ་གོམས་པ་དང་རླུང་སེམས་ལ་དབང་ཐོབ་པ་ཞིག་དགོས་ཏེ། སྒེག་པས། ལྟ་སྤྱོད་ཏིང་འཛིན་འབྲེལ་གོམས་པས། །ཞེས་གསུངས་སོ། །དེས་ཇི་ལྟར་སྤྱོད་ཚུལ་ནི་གཞུང་བཞིན་ནོ། །དེ་ལ་སྦྱོར་བའི་ཡུམ་ནི་ལོ་གྲངས་ཀྱིས་དབྱེ་བ་དང་། རྩའི་སྒོ་ནས་དབྱེ་བ་དང་། བྱང་སེམས་ཀྱི་སྒོ་ནས་དབྱེ་བ་དང་། སྦྱོར་ཐབས་ཀྱི་སྒོ་ནས་དབྱེ་བ་སྟེ་བཞིས་སྟོན་པ་ལ། དང་པོ་ནི། ལོ་བཅུ་གཉིས་མ་མཚན་དང་ལྡན་པ་ལྷ་མོ་སྟེ་རབ། བཅུ་དྲུག་མ་མཚན་དང་ལྡན་པ་ཀླུ་མོ་སྟེ་འབྲིང་། ཉི་ཤུ་མ་མཚན་དང་ལྡན་པ་རིགས་ངན་མོ་སྟེ་ཐ་མའོ། །གཉིས་པ་ནི། རྩ་དུང་ཅན་མ་ཡོད་པ་ལྷ་མོ། མཉམ་པ་ཅན་ཀླུ་མོ། ཞར་མ་ཅན་རིགས་ངན་མོའོ། །གསུམ་པ་ནི། ཉི་ཟླ་གཉིས་ཀ་འཛག་པ་ལྷ་མོ། ཉི་མ་འཛག་པ་ཀླུ་མོ། གཉིས་ཀ་མི་འཛག་པ་རིགས་ངན་མོའོ། །བཞི་པ་ནི། བདག་གཞན་གཉིས་ཀ་བདེ་བའི་སྦྱོར་ཐབས་ཤེས་པ་ནི་ལྷ་མོ། གཞན་བདེ་བ་ཀླུ་མོ། བདག་བདེ་བ་ཙམ་རིགས་ངན་མོའོ། །ཡང་ན་ལྷ་མོ་ནི་ལྷ་མོ་དངོས། ཀླུ་མོ་ནི་ཀླུ་མོ་དངོས་ཏེ། དེ་དག་སྔགས་དང་ཏིང་འཛིན་གྱིས་དངོས་སུ་དགུག་པའམ། དེ་མ་ནུས་ན་རིགས་ངན་མོ་སྟེ་མིའི་བུ་མོ་ཡང་རུང་བས། སློབ་དཔོན་ནུས་པ་ཆུང་བ་སྟེ་དགོངས་པ་མི་གསལ་ན་ཕྱག་རྒྱའི་མཚན་བཟང་ངན་དབྱེ་ནས་བཟང་རིགས་བསྟེན་ཅིང་ངན་རིགས་མི་བསྟེན་པའོ། །ཡང་སློབ་དཔོན་ནུས་པ་ཆེ་ཞིང་དགོངས་པ་གསལ་ན་ཕྱག་རྒྱའི་མཚན་བཟང་ངན་མི་དབྱེ་སྟེ་ངན་ཡང་སྐྱོན་གྱིས་གནོད་མི་ནུས་པའི་ཕྱིར་གང་རྙེད་བསྟེན་པར་བྱའོ། །གཉིས་པ་ནི། ཡུམ་གྱི་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་སྒེག་པའི་གཞུང་ལས། དབང་བསྐུར་དམ་འབོག་ཆོས་གསུམ་བཤད། །ལུས་ལ་རིགས་ལྔའི་རྡུལ་མཚོན་དགྱེ། །ཐབས་ལ་མཁས་པས་སྐབས་ཀྱིས་སྦྱར། །ཞེས་པ་ལྟར་འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱས་ཏེ། ཡབ་ཡུམ་ལྷར་བསྐྱེད་ཅིང་མཁའ་གསང་རྡོ་རྗེ་དང་པདྨར་རློབས་པའི་ཡུམ་གྱི་གསང་བའི་པདྨོར་ཚོམ་བུ་གསུམ་གང་རུང་གི་དཀྱིལ་འཁོར་བསྐྱེད་ནས། དེ་ཉིད་དུ་བདེ་བ་ཆེན་པོའི་རང་བཞིན་ཐུགས་ཀྱི་དཀྱིལ་འཁོར་བྱང་ཆུབ་ཀྱི་སེམས་སྤྲོ་ཞིང་། བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་ཀྱི་སྤྲིན་འཁྲིགས་པའི་ཚོགས་མ་ལུས་པ་མཆོད་ཅིང་སྤྱན་དྲངས། དེ་རྣམས་དགྱེས་པར་རོལ་པས་འདོད་ཆགས་ཆེན་པོའི་མེས་བྱང་སེམས་དཀར་དམར་ཤིན་ཏུ་དྭངས་པའི་ངོ་བོར་ཞུ་བ་བདག་གི་སྤྱི་བོ་ནས་ཞུགས་པདྨའི་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པས་ཐམས་ཅད་རང་རིག་གི་ངོ་བོར་དགྱེས་མཉམ་མཆོག་གི་སྦྱིན་པས་བདག་དང་འཁོར་འདས་དབྱེར་མེད་བདེ་བ་ཆེན་པོའི་གང་དུ་བསྟིམ་པའོ། །གསུམ་པ་ནི། སྒྲུབ་པ་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་བསྒྲུབ་པར་བྱས་པའི་མཁའ་གསང་གི་ཉི་ཟླ་གཉིས་འདྲེས་ཡབ་ཡུམ་གྱི་རྩ་ས་ཡ་ཕྲག་བཅུ་གསུམ་གྱི་བཅུད་འདུས་པའི་སྙིང་པོ་དེ་པདྨའི་དཀྱིལ་འཁོར་ནས་ཚོགས་སྒྲུབ་ཀྱི་ནུབ་ཐ་མའི་ཐོ་རེངས་ཀྱི་དུས་སུ་ཡབ་ཀྱི་གསང་བ་རྡོ་རྗེའི་ལྕེ་ཡིས་བླངས་ཏེ། ཐབས་ཀྱིས་ལྡོག་ཅིང་དགྲམ་པར་བྱས་ནས་སྤྱི་གཙུག་བདེ་ཆེན་དུ་སྔོན་གྱི་གནས་ཕྱི་མོ་དང་འཕྲད་པའི་ཚེ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ལ་བཟླའོ། །དེ་ལྟར་བསྒྲུབས་པའི་ཡོན་ཏན་ནི། ཐུན་མོང་གནས་སྐབས་ཀྱི་ཡོན་ཏན་རྫུ་འཕྲུལ་གྱིས་མཁའ་ལ་བྱ་ལྟར་འགྲོ་བ་དང་། ལུས་ཀྱི་ཁ་དོག་གསལ་ཞིང་གཟི་བྱིན་འབར་བའམ། སེམས་ཀྱི་མངོན་ཤེས་གསལ་ཞིང་ཏིང་འཛིན་དང་ཡེ་ཤེས་ཀྱི་འོད་འབར་བས་ལམ་གོང་མར་བགྲོད་པ་དང་། ཚེ་ཉི་ཟླ་དང་མཉམ་པ་སོགས་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིད་བཞིན་རིན་པོ་ཆེའི་སྤྲིན་ལྟར་འདོད་པའི་ཆར་འབེབས་པ་ཟག་མེད་སློབ་པའི་ལམ་རིག་འཛིན་བཞི་དང་མཐར་ཐུག་གི་འབྲས་བུ་རིགས་བདག་ཀུན་ཏུ་བཟང་པོའི་ས་མཆོག་ཐོབ་པར་འགྱུར་རོ། །གཉིས་པ་ཀཱ་ལི་སྒྲོལ་བའི་ཐབས་ནི། ཞིང་གྱུར་སོགས་ཚིགས་བཅད་གཉིས་ཏེ། དེ་ལ་ཡང་གོང་ལྟར་གསུམ་ལས། གང་བསྒྲལ་བྱའི་ཡུལ་དུ་གྱུར་པ་ལ་གཉིས་ཏེ། མཆོག་ཆེན་བཀྲ་ཤིས་དག་པའི་ཞིང་དང་། མཆོག་ཕྲན་ཐུགས་རྗེས་བཟུང་བའི་ཞིང་ངོ་། །སྔ་མ་ནི། བྱང་སེམས་སྐྱེ་བ་བདུན་པ་གཞན་ཕན་གྱི་བློས་ལུས་སྦྱིན་པར་གཏོང་བ་ལ་ཐུགས་རྗེ་བསྐུལ་བ་ལྟ་བུའོ། །ཕྱི་མ་ནི། སྒེག་པའི་གཞུང་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་པས་ཞིང་བཅུ་པོ་རྣམས་སོ། །ཡང་ན་མཆོག་ཞིང་བཅུ་ལས་སྐུ་དགྲ་གཉིས་གཅིག་ཏུ་རྩིས་པའི་མི་བདུན་དང་། མཆོག་ཕྲན་ནི་ངན་སོང་གསུམ་རྣམས་སོ། །ཡང་ན་མཆོག་གི་བསྒྲལ་བྱ་གང་ཡིན་པ་ལ་ངོས་འཛིན་ཅིང་། མཆོག་ཕྲན་ནི་ཙ་ར་དང་ཤེལ་ཆེན་ལ་བཀུག་ནས་སྒྲོལ་ཞེས་བཞེད་པའང་ཡོད་དོ། །ཇི་ལྟར་སྒྲོལ་བའི་ཐབས་ནི། ཨེ་གྲུ་གསུམ་འབར་བའི་ནང་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་སྒྲོལ་བའི་ལས་ལ་མཁས་པའི་རྣལ་འབྱོར་པས་བསྒྲལ་བྱ་བཀུག་པ་བཞག །དེ་ནས་བསྒྲལ་བྱ་རུ་ཏྲ་སྟེ་བདག་འཛིན་གསུམ་སྒྲོལ་བའི་ཕྱིར། སྒྲོལ་བྱེད་སློབ་དཔོན་དཔལ་ཆེན་དང་། སྒྲོལ་གིང་ཌཱ་ཀྐི་རཱ་ཛའི་ང་རྒྱལ་ལ་གནས་པས་གྲི་འཇམ་དཔལ་རྣོན་པོར་བསྐྱེད་དེ་ལག་གི་འདུ་བྱེད་ཀྱིས་ཁོག་པ་ཕྱེ་བས་མ་རིག་པའི་རྒྱ་དྲལ་བར་བསྒོམ། དེ་ནས་ལག་སོར་ལ་དཔའ་བོ་འབྲུ་ལྔ་བཀོད་པ་དེས་སྙིང་བཟུང་བས་ཡིག་འབྲུའི་འོད་ཀྱིས་རིགས་དྲུག་གི་ས་བོན་གཉིད་དང་བཅས་པ་སྦྱངས་པའི་དྭངས་མ་ཧཱུཾ་ཡིག་དྲུག་དང་དེའང་གཅིག་ཏུ་གྱུར་པ་སློབ་དཔོན་གྱི་ཤངས་བུག་གཡོན་ནས་སྐུ་ལ་བཅུག་པས་སྒྲིབ་པ་རྣམ་པར་དག་པ་དེ་ཉིད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁའ་དབྱིངས་སུ་ཐིམ་ནས་གནས་པའི་ཧཱུཾ་ཡིག་དེ་ཐུགས་ཀྱི་ཕྱག་རྒྱ་རྡོ་རྗེ་འོད་འབར་བར་གྱུར་པ་ལས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཅིང་། ཡེ་ཤེས་ལྔའི་འོད་ཟེར་འཕྲོ་བས་བརྗིད་པའི་གཙུག་ཏུ་འཁོར་བ་ལས་རྣམ་པར་རྒྱལ་བའི་རྟགས་རིགས་བདག་བསྒོམ་ཞིང་། དེ་ཉིད་རླུང་དཀྱིལ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས་ཕཊ་ཀྱིས་འོག་མིན་དུ་འཕང་བའི་ལས་ཀྱིས་སྒྲོལ་བའི་ཐབས་འདི་ནི་ངོ་མཚར་ཆེ་བའོ། །དེའི་ཡོན་ཏན་ནམ་དགོས་པ་ནི། བསྒྲལ་བྱ་ཞིང་བཅུ་པོ་རྣམས་ལས་ངན་པ་སྤྱད་པའི་འབྲས་བུ་ངན་སོང་དུ་འགྲོ་བ་ལས་ཐར་ཏེ་གནས་སྤར་བས་རིགས་ངེས་པའི་སྲས་རྒྱལ་བའི་གོ་འཕང་ཐོབ་པའི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །གསུམ་པ་ངེས་པས་མི་གོས་པར་བསྟན་པ་ནི། ཡེ་ནས་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཐམས་ཅད་ཡེ་གདོད་མ་ནས་སྐྱེ་བ་མེད་ཅིང་དེ་བཞིན་ཉིད་ཀྱི་གནས་ལུགས་རྟོགས་པས་ཇི་ལྟར་སྒྱུ་མར་སྣང་བའི་སྐྱེས་བུས་མིག་ཡོར་དུ་སྣང་བའི་གང་ཟག་ལ་སྦྱོར་སྒྲོལ་བྱ་བའི་ཚུལ་བཞིན་དུ་སྦྱོར་བ་དང་སྒྲོལ་བའི་བྱ་བ་ཀུན་བྱས་ཀྱང་འཛིན་ཞེན་མེད་པས་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་བྱས་པ་མེད་དོ། །འདི་ལ་ཁ་ཅིག་ན་རེ། སྦྱོར་སྒྲོལ་གཉིས་པོ་ཆོས་ཅན། སྤྱད་བྱ་མ་ཡིན་པ་ལ་སྤྱོད་པར་ཐལ། འཁོར་བར་འཆིང་ཞིང་ངན་འགྲོར་ལྟུང་བྱེད་ཡིན་པའི་ཕྱིར། དཔེར་ན་མཚམས་མེད་ལྔ་ལ་སྤྱོད་པ་བཞིན་ནོ་ཞེ་ན། ཅི་སྦྱོར་སྒྲོལ་དེ་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཚེ་སྤྱད་བྱ་མ་ཡིན་པར་ཐལ། འཁོར་བར་ལྟུང་བྱེད་ཡིན་པའི་ཕྱིར་ཞེས་སམ། འགའ་ཞིག་གིས་འགའ་ཞིག་གི་ཚེ་སྤྱད་བྱ་མ་ཡིན་པར་ཐལ། དེ་ཡིན་པའི་ཕྱིར་ཟེར། དང་པོ་ལྟར་ན་ཁྱད་པར་ཡོད་དེ། བྱང་སེམས་གཞན་དོན་གྱི་ཚེ་རྔོན་པ་དང་སྨད་འཚོང་དུ་སྤྲུལ་ནས་དོན་བྱེད་པའང་སྤྱད་བྱ་མ་ཡིན་པར་འགྱུར་ཏེ། སྦྱོར་སྒྲོལ་དེ་ཐམས་ཅད་ཀྱིས་སྤྱད་བྱ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སྒེག་པས། ཐབས་ཀྱི་སྤྱོད་པས་འཆིང་གྱུར་ཏེ། །བྱང་ཆུབ་སེམས་དཔའ་འདུལ་དབང་གིས། །རྔོན་དང་སྨད་འཚོང་སྟོན་པའང་འབྱུང་། །ཞེས་པ་བཞིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་དོན་དུ་དེ་ལྟར་སྤྱད་ཀྱང་ལྟུང་བར་མི་འགྱུར་ན་ཅི་འགལ་ཞེ་ན། ཐམས་ཅད་ཀྱིས་ཐམས་ཅད་སྤྱད་བྱ་མ་ཡིན་པར་མཉམ་མོ། །གཉིས་པ་ལྟར་ན་ཁྱབ་པ་མེད་དེ། བློ་དམན་ཞིང་ཐབས་ཀྱིས་མ་ཟིན་པའི་ཡུལ་ཡིན་ཡང་དེ་ལས་ལྡོག་པ་ལྟ་བ་རྟོགས་ཤིང་ཐབས་ཀྱིས་ཟིན་པས་ཚོགས་སྒྲུབ་ཀྱི་དུས་སུ་དེ་དག་ལ་སྤྱད་ཀྱང་འཆིང་བར་མི་འགྱུར་ན་ཅི་འགལ་ཏེ། དེ་ཉིད་ལས། ཁེངས་གྲགས་སྤྱོད་པས་དེ་མིན་ཕྱིར། །ཐབས་ཆེན་ལམ་ལ་གནས་པ་ཡིན། །སྐྱེས་བུ་ཀུན་གྱིས་སྤྱད་པར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་བསྒྲུབ་བྱ་དངོས་གྲུབ་ལ་གཉིས་ཏེ། དེ་འབྱུང་བའི་རྒྱུ་དང་། བླང་བའི་ཐབས་སོ། །དང་པོ་ནི། རྣལ་འབྱོར་སྔགས་འཆང་སོགས་ཚིགས་བཅད་གཅིག་སྟེ། ལམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཡིད་སྐྱོབས་སྔགས་ཀྱི་རང་བཞིན་རང་རིག་ལ་འཆང་བས་བསྒྲུབ་བྱའི་དངོས་གྲུབ་ནི། ལྟ་བ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་མཉམ་རྫོགས་ལྷུན་གྱིས་གྲུབ་པར་རྟོགས་པ་དང་། སྒོམ་པ་དེའི་ངང་ལ་གནས་ཤིང་། སྤྱོད་པ་ཅི་ལའང་ཆགས་ཐོགས་ཞེན་པ་མེད་པར་སྤྱོད་པའི་ཐབས་དེས་འབྲས་བུ་ཆོས་ཐམས་ཅད་ཡེ་ནས་དབྱེར་མེད་དུ་རྟོགས་པ་ནི་དངོས་གྲུབ་འབྱུང་གཞིའམ་རྒྱུ་ཡིན་ནོ། །གཉིས་པ་ནི། ཡན་ལག་སོགས་ཚིགས་བཅད་གཉིས་ཏེ། དེ་ཡང་རང་སྣང་གི་ཡན་ལག་ལྔ་དང་། དབང་པོ་ལྔ་དང་། དེ་དག་གི་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་ཀུན་གྱི་རྣམ་པ་ཡེ་ཤེས་ལྔའི་ངོ་བོར་སྨིན་པ་མཚོན་བྱེད་ཡི་གེ་ༀ་དུ་ཤེས་པར་བྱ་ཞིང་། དེས་མཚོན་བྱ་སྐུ་དང་ཡེ་ཤེས་ལྔ་མ་འགགས་པའི་རྩལ་ཡོངས་སུ་རྫོགས་པའི་འབྲས་བུ་སངས་རྒྱས་རིགས་ལྔ་ཡབ་ཀྱི་དཀྱིལ་འཁོར་དུ་བསྒོམ་པའམ། ཡང་ན་གདུལ་བྱའི་དབང་ནི་ཁྲོ་བོ་རིགས་ལྔའི་དཀྱིལ་འཁོར་དུ་སྒོམ་པར་བྱའོ། །དེ་བཞིན་དུ་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཡུལ་གྱི་རྣམ་པ་ཀུན་དབྱིངས་ལྔའི་ངོ་བོར་སྨིན་པར་མཚོན་བྱེད་ཡི་གེ་མཱུྃ་དུ་ཤེས་པར་བྱ་ཞིང་། དེས་མཚོན་བྱ་རིགས་ལྔ་ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ་པའམ། ཡང་ན་ཁྲོ་མོ་ལྔའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །གཉིས་པ་ཁྲོ་བོའི་སྒོ་ནས་སྒྲུབ་པ་ནི། ཁྲོ་བོ་ཁྲོ་མོའི་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་བསྒྲུབ་པ་ལ་གང་ཟག་མོས་པ་ཐ་དད་པའི་ཕྱིར་ཁྲོ་བོའི་སྒོ་ནས་ཚོགས་སྒྲུབ་པ་ནི། ཁྲོ་བོ་ཡབ་ལྔ་དང་ཁྲོ་མོ་ཡུམ་ལྔའི་ཚོགས་ཆེན་པོ་ལ་འཁོར་ཕོ་ཉ་གནས་མ་བརྒྱད་དང་། ཕྱག་བརྙན་ཡུལ་མ་བརྒྱད། བཀའ་ཉན་སྒོ་མ་བཞིའི་ཚོགས་དང་། ཅི་བགྱིའི་མངགས་གཞུག་དབང་མོ་ཉེར་བརྒྱད་ལ་སོགས་པའི་ཁོང་ནས་ཁྲོ་བཅུ་ཡབ་ཡུམ་སྟེ་བདུན་ཅུ་དོན་བརྒྱད་ནི་ཚོམ་བུ་གཉིས་པ་དང་། ཚོགས་རྣམས་ཞེས་པས་ཚོམ་བུ་གསུམ་ལ་ཕོ་བྲང་གི་ཤར་ནུབ་ཏུ་དེ་བཞིན་གཤེགས་པ་དང་པདྨའི་རིགས་ལ་ཉི་ཤུ་སྟེ་དགུ་བཅུ་རྩ་བརྒྱད། ཚོམ་བུ་ལྔ་པ་ལ་དེའི་སྟེང་དུ་ལྷོ་བྱང་གཉིས་སུ་རིན་པོ་ཆེ་དང་ལས་ཀྱི་རིགས་ལ་ཉི་ཤུ་སྟེ་བརྒྱ་དང་བཅོ་བརྒྱད་དོ། །དེ་ལྟར་རྣལ་འབྱོར་དང་ལྡན་པས་བསྒྲུབ་ན་མཆོག་ཐུན་གྱི་དངོས་གྲུབ་ལས་བཞི་སོགས་འདོད་པའི་འབྲས་བུ་རྣམས་རྫོགས་པར་བྱེད་དོ། །གཉིས་པ་གསུངས་ཚུལ་ལ་གཉིས་ཏེ། བཀའ་གསང་སྔགས་མཚོན་པ་དང་། གཞུང་གསུངས་པའི་ཡོན་ཏན་ནོ། །དང་པོ་ནི། རྡོ་རྗེ་སོགས་ཏེ། ལེའུའི་དོན་ཕྱོགས་གཅིག་ཏུ་འབྱུང་བ་འདི་ནི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཚིག་ཏུའོ། །གཉིས་པ་ནི། ཞེས་དེ་བཞིན་སོགས་ཏེ། སྟོན་པ་དེ་བཞིན་གཤེགས་པ་ཉིད་ལྷན་ཅིག་པའི་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ལ་གོ་ཕྱེས་པའི་འཁོར་གྱི་ཆེད་དུ་ཚོགས་སྒྲུབ་པའི་ལེའུ་འདི་དག་གླེང་ངོ་། །གསུམ་པ་མཚན་ནི། གསུང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས་འདིས་སྐལ་ལྡན་མིའི། འབྱོར་ལྡན་ཡོ་བྱད་ཀྱི། དགྱེས་ལྡན་ལྷའི་ཚོགས་དང་། དེ་དག་སྣང་ལ་མི་དམིགས་པར་སྤྱོད་པས་ཚོགས་ཆེན་པོ་སྟེ། དེ་ལྟ་བུའི་ཚོགས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ༈ །།ད་ནི་ལེའུ་བཅུ་གཉིས་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་སྟོན། ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་ཏིང་ངེ་འཛིན་བསྡུས་པ་དང་། འབྲས་བུ་རྒྱས་པར་སྟོན། ལྟ་བ་ཟུར་ཙམ་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་གཙོ་བོར་སྒྲུབ་པ་དང་། སྤྱོད་པ་སྟོན། ཞོར་ལ་ལྟ་བ་དང་མཆོད་པ་ཕྱག་རྒྱ་ཏིང་ངེ་འཛིན་སྟོན། ཐ་མའི་ཆོས་བཅུ་ལས། ལྡེམ་དགོངས་མན་ངག་དང་། བསྣོལ་མཚམས་འཕེན་སྡུད། ཚད་མ་བཀའ་གཞུང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། གསུངས་པ་ལོ་རྒྱུས་སུ་བརྗོད་པ་དང་། གཞུང་དངོས། དེ་གསུངས་ཚུལ་ལོ། །དང་པོ་ནི། དེ་ནས་སོགས་ཏེ། ཚོགས་ཀྱི་དཀྱིལ་འཁོར་བསྟན་པ་དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་སྣང་སྤྱོད་ཀྱི་ཡུལ་ཐམས་ཅད་ཡེ་ཤེས་ཀྱི་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ་ལོངས་སྤྱོད་མི་ཟད་པ་རྒྱན་གྱི་འཁོར་ལོ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་གཞུང་ལ་གསུམ་སྟེ། མཚན་ཉིད་གསུམ་དོན་བསྡུས་ཏེ་བསྟན་པ་དང་། རྒྱུ་རྐྱེན་ལས་འཕྲོས་པའི་དོན་བཤད་པ། འབྲས་བུ་འབྱིན་པའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་འཇུག་སོགས་ཚིགས་བཅད་གཅིག་སྟེ། དེ་ལ་ལམ་རིམ་གྱིས་པ་ལྟར་བཤད་ན། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གོམས་པས་ལྟ་སྤྱོད་ཟུང་འབྲེལ་དུ་འབྱོར་བ་ནི་སྒྲུབ་བྱེད་ཐབས་ཀྱི་ངེས་པ་ལམ་ལོག་པར་མི་གཏོང་བའི་གཟུངས་ཀྱང་ཡིན་ལ། ས་བོན་དང་ཆུ་ལུད་ལྟར་འབྲས་བུར་སྨིན་བྱེད་ཀྱི་རྒྱུ་དང་རྐྱེན་ཡང་ཡིན་ནོ། །དེ་ལྟར་རྟོགས་གོམས་གཉིས་འབྲས་བུ་འབྱིན་ནུས་ཀྱི་མཐུ་ཅན་དུ་གང་གིས་ཚེ་གྱུར་པ་ན་ཟག་མེད་སློབ་ལམ་རིག་འཛིན་བཞི་དང་མི་སློབ་པའི་ལམ་རྒྱལ་བ་སྐུ་ལྔའི་གོ་འཕང་ཐོབ་ནས་སངས་རྒྱས་ཀྱི་ཞིང་ཀུན་ཏུ་གྲགས་པར་འགྱུ ར་རོ། །ཡང་ཅིག་ཅར་བ་ལྟར་ན། ཤེས་འཇུག་གཉིས་དབྱེར་མེད་དམ་ཆིག་ཆོད་དུ་རྟོགས་གོམས་ཟུང་དུ་འབྱོར་བས་ཟག་མེད་ལམ་གྱི་ཡེ་ཤེས་གཅིག་ཆོད་དུ་མངོན་དུ་འགྱུར་བའོ། །གཉིས་པ་ལ་གསུམ་སྟེ། གྲུབ་འབྲས་གཞན་འཚོལ་གྱི་ཞེན་པ་དགག་པ་དང་། རྐྱེན་འཇུག་རིམ་གྱིས་པའི་སྔོན་དུ་བྱ་བའི་ལས་རིམ་དང་། རྐྱེན་འཇུག་ཅིག་ཅར་བའི་མཚན་ཉིད་བསྟན་པའོ། །དང་པོ་ནི། དུས་བཞི་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་ལེའུ་བཅུ་གཅིག་པར་རྒྱས་པར་གཏན་ལ་ཕེབས་པའི་གྲུབ་མཐའི་འབྲས་བུ་དེ་དག་དུས་བཞི་དང་ཕྱོགས་བཅུ་སྟེ་ཡུལ་དུས་གནས་སྐབས་གང་ནས་བཙལ་ཀྱང་རང་གི་སེམས་ཉིད་ལས་ལོགས་སུ་གྱུར་པའི་རྫོགས་པའི་སངས་རྒྱས་རང་མཚན་པ་ཞིག་རྙེད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་ཀ་རྟོགས་ན་རྫོགས་པའི་སངས་རྒྱས་ཏེ། འདི་ལྟར་ནང་དུ་སངས་རྒྱས་མ་རྟོགས་ན་གཞན་ཕྱི་རོལ་དུ་བཙལ་ཀྱང་མི་རྙེད་པས་མ་ཚོལ་ཞིག་ཅེས་གདམས་པའོ། །འོ་ན་ལམ་བསྒྲུབ་པ་ལ་དགོས་པ་མེད་དམ་ཞེ་ན། རང་གི་སེམས་སངས་རྒྱས་ཡིན་པ་ལ་ཡིན་པ་ལྟར་དེ་མངོན་དུ་བྱེད་པ་ལ་ལམ་བགྲོད་པ་ཞེས་ཐ་སྙད་དུ་བཏགས་སོ། །དེ་ལྟར་ཡང་རྡོ་རྗེ་ལས། རང་བཞིན་གནས་ཕྱིར་གནས་ནས་འོང་བ་མེད། །ཞེན་པ་ལོག་ནས་བདག་ཞལ་བདག་གིས་མཐོང་། །ཞེས་གསུངས་སོ། །གཉིས་པ་ནི། མཁའ་དཀྱིལ་སོགས་ཚིགས་བཅད་གཅིག་སྟེ། བསྐྱེད་རིམ་ལྟར་ན་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བས་མཁའ་དཀྱིལ་ལྟར་དྭངས་པའི་དབྱིངས་ཀྱི་སྣང་བརྙན་གཞལ་ཡས་ཁང་མཚན་ཉིད་རྫོགས་པའི་དབུས་སུ་གདན་པད་ཉི་ཟླ་བའི་སྟེང་དུ། རང་བྱུང་ཡེ་ཤེས་ཀྱིས་ཀུན་ལ་དབང་བསྒྱུར་བའི་རྒྱལ་པོ་རིགས་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་སྟངས་དཔྱལ་ཏེ་ཡབ་ཡུམ་བསྒོམ་པ་དང་། རྫོགས་རིམ་ལྟར་ན་དབྱིངས་དང་ཡེ་ཤེས་ཏེ་དེ་ལྟར་ཟུང་འབྲེལ་དུ་བསྒོམ་པར་བྱས་པས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་དུ་ཀུན་ཀྱང་ལྷག་མ་མ་ལུས་པར་ནི་བསྒོམ་པར་འགྱུར་ཏེ། རྒྱལ་བ་ཐམས་ཅ ད་གཅིག་དང་དུ་མའི་མཐའ་ལས་གྲོལ་ཞིང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པའང་དབྱིངས་ཡེ་ཟུང་འཇུག་དུ་འདུ་བའི་ཕྱིར་རོ། །དེ་ལ་སྤྱིར་ཚོགས་སྒྲུབ་ཀྱི་སྔོན་དུ་ཞི་ཁྲོ་གང་བྱེད་ཀྱི་བསྙེན་པ་བྱེད་པ་ནི་མོས་བསྒོམ་ཙམ་མ་ཡིན་པར་ངེས་རྫོགས་སུ་བསླབ་པའི་ལུགས་ཡིན་པས། དང་པོ་ལྟ་བ་གཏན་ལ་ཕེབས་པར་བྱས་ནས་ཚོགས་ལམ་གྱི་རྣལ་འབྱོར་བཞི་ལ་བརྟན་པ་ཐོབ་པར་བྱ་དགོས་མོད། འདིར་དོན་རྟོགས་ཀྱི་ཕྱག་རྒྱ་གཅིག་པ་ཙམ་སྨོས་པ་ནི་བསྐྱེད་རྫོགས་གཉིས་ཀའི་བསྡུས་དོན་ལྟ་བུ་ལས་སྔོན་དུ་བྱ་བའི་བསྙེན་པ་ཁོ་ན་འཆད་བྱེད་དུ་མ་ངེས་ཀྱང་། སྙིང་རྗེ་སྒྱུ་མ་ནས་ཐོད་རྒལ་དུ་བགྲོད་པ་འབྱུང་མི་སྲིད་པས་ཚོགས་སྒྲུབ་ཀྱི་སྔོན་དུ་ཕྱག་རྒྱ་གཅིག་པ་འགྲོ་བའི་ཁྱབ་པའི་ཕྱིར་ས་ཁོངས་འཛིན་བྱེད་ཙམ་དུ་སྨོས་པའོ། །གསུམ་པ་ནི། ཆོ་ག་ལྷག་གམ་སོགས་རྐང་པ་གཉིས་ཏེ། ཆོ་ག་སྟེ་ལམ་གྱི་རིམ་པ་རྣམས་ཅིག་ཅར་བའི་གང་ཟག་གིས་རིམ་གྱིས་པ་ལྟར་བསྒོམས་པས་ལྷག་གམ་མ་བསྒོམ་པས་མ་ཚང་ནའང་ཆད་ལྷག་གི་སྐྱོན་ཉིད་དག་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ངང་ལ་གནས་པས་ལམ་གྱི་རིམ་པ་སོགས་མཚན་མར་འཛིན་པ་ཐམས་ཅད་མེད་པའི་ཕྱིར། དེའི་ཉེས་པ་མེད་པས་དངོས་གྲུབ་ཐོབ་པ་ལ་མི་སྒྲིབ་སྟེ་ནམ་མཁའ་ལ་རྡུལ་གྱིས་མ་གོས་པ་བཞིན་ནོ། །དེ་ལྟར་ཡང་རྒྱས་པ་ལས། ལྷུན་གྱིས་རྟོགས་ན་ལྷུན་གྱིས་བསྒོམ། །རིམ་བྲལ་དེ་ཉིད་གསལ་གྱུར་འབྲེལ། །ཞེས་པ་དང་། ཡང་། མ་བཅོས་ཇི་བཞིན་ངང་བཞག་དང་། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང་། །ཞེས་གསུངས་སོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་ལའང་། རིམ་ཅིག་ཅར་གཉིས་ལས། དང་པོ་རིམ་གྱིས་པ་ལ་གསུམ་སྟེ། ཡོ་བྱད་ལྔ་ལ་སྤྱད་པའི་འབྲས་བུ། ཚེ་དབང་རིག་འཛིན་གྱི་ཆ་ལུགས། མཐར་ཐུག་གི་འབྲས་བུ་བསྟན་པའོ། །དང་པོ་ལའང་ལྔ་སྟེ། བྲོ་གར་འདུ་འཕྲོའི། གླུ་ཚིག་སྒྲའི། རྒྱན་དང་བགོ་བའི། བཟའ་བ་དང་བཏུང་བའི། ཨཱ་ལི་ཀཱ་ལིའི་ཡོ་བྱད་ལ་སྤྱད་པའི་འབྲས་བུའོ། །དང་པོ་ནི། སྒྱུ་འཕྲུལ་དྲྭ་བས་སོགས་ཚིགས་བཅད་གཅིག་སྟེ། ཚོམ་བུ་གསུམ་གྱི་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བ་ནི་སྒྱུ་འཕྲུལ་དྲྭ་བ་སྟེ་དེ་དག་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་པའི་ཚོམ་བུ་གསུམ་པོ་གང་རུང་གི་ལྷའི་དཀྱིལ་འཁོར་བསྒོམས་པས་བརྟན་པའི་ཚད་གསལ་བ་ཡུལ་རྐྱེན་གྱིས་མི་འཕྲོག་པར་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ་པ་དེས་ཡོ་བྱད་ལྔ་ལ་ཆགས་ཞེན་མེད་པར་ལོངས་སྤྱོད་པར་བྱའོ། །དེ་ལས་བྲོ་གར་འདུ་འཕྲོའི་ཡོ་བྱད་ལ་སྤྱོད་པའི་དུས་སུ་དེའི་ངང་ལས་ཡན་ལག་ལྔ་ལ་ལྷ་བཀོད་དེ་རྐང་པའི་བྲོ་དང་ལག་པའི་གར་དང་འོད་ཟེར་སྤྲུལ་པའི་འདུ་འཕྲོ་སྣ་ཚོགས་དང་བཅས་པའི་སྒོ་ནས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངང་ལས་མི་འདའ་བར་སྤྱད་པ་ཡིས་འབྲས་བུ་ནི། ཐུན་མོང་གི་དངོས་གྲུབ་རི་བྲག་དང་ས་འོག་ཏུ་འཛུལ་ལམ་ཡང་ན་སྟེང་གི་ནམ་མཁར་འགྲོ་བས་ལྷ་དང་ཀླུ་དང་གནོད་སྦྱིན་གྱི་བུ་མོ་ལ་སོགས་པ་ལ་སྤྱོད་ཅིང་དེ་དག་ཐམས་ཅད་བྲན་དུ་འཁོལ་བ་དང་། མཆོག་གི་དངོས་གྲུབ་དོན་ཡོད་གྲུབ་པ་འགྲུབ་པར་འགྱུར་རོ། །གཉིས་པ་ནི། གླུ་ཚིག་སོགས་རྐང་པ་གཉིས་ཏེ། ངག་གི་སྒོ་ནས་གླུ་ཚིག་དང་སྒྲའི་ཡོ་བྱད་ལ་སོགས་པ་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངང་ལས་མི་འདའ་བར་སྤྱད་པ་ཡིས་འབྲས་བུ་ནི། ཐུན་མོང་གི་དངོས་གྲུབ་གདུལ་བྱ་སོ་སོ་ལ་བསྟན་པ་ཐམས་ཅད་འཆད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དངོས་གྲུབ་ཐོབ་པར་འགྱུར་ལ། མཆོག་གི་དངོས་གྲུབ་སྣང་བ་མཐའ་ཡས་འགྲུབ་པར་འགྱུར་རོ། །གསུམ་པ་ནི། རྒྱན་དང་སོགས་རྐང་པ་གཉིས་ཏེ། ཞི་བའི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་དེ་རྒྱན་ཆས་བཅུ་གསུམ་དང་། ཁྲོ་བོའི་རུས་པ་དང་སྦྲུལ་གྱི་རྒྱན་དང་ཀོ་རློན་ལ་སོགས་པ་བགོ་བའི་ཡོ་བྱད་དང་ལྡན་པས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངང་ལས་མི་འདའ་བར་སྤྱད་པ་ཡིས་འབྲས་བུ་ནི། ཐུན་མོང་གི་དངོས་གྲུབ་ལུས་ལ་གཟི་བྱིན་དཔག་ཏུ་མེད་པ་འབར་བའི་རྒྱལ་པོ་སུས་ཀྱང་ཐུབ་པ་མེད་པ་འགྲུབ་པར་འགྱུར་ཏེ་དཔུང་བཞིའི་དམག་གིས་ཀྱང་མི་ཚུགས་ལ། མཆོག་གི་དངོས་གྲུབ་རྣམ་པར་སྣང་མཛད་འགྲུབ་པར་འགྱུར་རོ། །བཞི་པ་ནི། བཟའ་དང་སོགས་རྐང་པ་གཉིས་ཏེ། ཤ་ཆང་སོགས་བཟའ་བ་དག་བཏུང་བ་ལ་སོགས་པའི་ལོངས་སྤྱོད་སྣ་ཚོགས་འདོད་ཡོན་གྱི་ལྷ་མོར་བྱིན་གྱིས་བརླབས་ཏེ་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངང་ལས་མི་འདའ་བར་སྤྱད་པ་ཡིས་འབྲས་བུ་ནི། ཐུན་མོང་གི་དངོས་གྲུབ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མཚོན་ཤེལ་གྱི་སྤར་ཁབ་ཏུ་བཅུག་པ་ལྟ་བུའི་སྐུ་གཟི་མདངས་དང་ལྡན་པ་དང་། ཟས་ཐམས་ཅད་བདུད་རྩི་སྟེ་བཅུད་དང་ལྡན་པས་ཟད་པ་མེད་པས་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པ་འགྲུབ་ལ། མཆོག་གི་དངོས་གྲུབ་རིན་ཆེན་འབྱུང་ལྡན་འགྲུབ་པར་འགྱུར་རོ། །ལྔ་པ་ནི། ཨཱ་ལི་སོགས་ཏེ། ཨཱ་ལི་ཤེས་རབ་ཡུམ་དང་ཀཱ་ལི་ཐབས་ཡབ་སྟེ་ཡབ་ཡུམ་གཉིས་སུ་མེད་པར་རོལ་པའི་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་པ་ཡིས་ཞེས་པའམ། ཨཱ་ལི་སྦྱོར་བ་དང་ཀཱ་ལི་སྒྲོལ་བའི་ཡོ་བྱད་ལ་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངང་ལས་མི་འདའ་བར་སྤྱད་པ་ཡིས་འབྲས་བུ་ནི་ལས་དང་དངོས་གྲུབ་ཅིག་འདོད་པ་འགྲུབ་པ་སྟེ། ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཉིས་པ་ཚེ་དབང་གི་ཆ་ལུགས་ནི། མི་དང་སོགས་རྐང་པ་གསུམ་སྟེ། སྔོན་ཚོགས་སྒྲུབ་ཀྱི་ཚེ་ལུས་གང་ཡིན་པའི་མིའི་དབང་པོ་དང་། འདོད་པའི་ལྷ་དང་། གཟུགས་ཀྱི་ལྷ་ཚངས་པ་ལ་སོགས་པའི་སྐྱེ་བ་རྣམ་པར་དག་པ་འཛིན་མོད་ཀྱང་གཞན་ལས་ཁྱད་པར་དུ་གྱུར་པ་སྟེ། དེའི་ལུས་དེ་རྡོ་རྗེའི་ལུས་སུ་ཁྱེར་བས་ཚེ་གཅིག་གི་འབྲས་བུ་ཡིན་པའི་ཕྱིར་རོ། །འོ་ན་ཚེ་དབང་དེ་ཆོས་ཅན། ལྷ་མི་དང་ཁྱད་པར་མེད་པར་འགྱུར་ཏེ། སྐྱེ་བ་རྣམ་དག་འཛིན་པར་མཚུངས་པའི་ཕྱིར་ཞེ་ན། སྐྱེ་བ་རྣམ་དག་འཛིན་པ་ཙམ་དུ་འདྲ་མོད་ཀྱང་། དགོངས་པ་དང་ཡོན་ཏན་གྱིས་ཁྱད་པར་དུ་བྱས་པ་ཡིན་ན་ཅི་འགལ་ཏེ་ཁྱབ་པ་མེད་དོ། །དེས་ཁྱད་པར་དུ་བྱས་པར་མ་གྲུབ་ཅེ་ན། དགོངས་པས་ཁྱད་པར་དུ་བྱས་པ་ཡིན་ཏེ། ལུས་ལ་རང་དབང་ཐོབ་པས་ཚེ་ལ་དབང་བ་ཡིན་ཞིང་། ཡོན་ཏན་ནི་ཟག་མེད་ཀྱི་ས་ལ་གནས་པར་གྱུར་པ་ཡིན་པའི་ཕྱིར་རོ། །འོ་ན་ཚེ་དབང་ཆོས་ཅན། བྱང་སེམས་དང་པོ་དང་ཁྱད་པར་མེད་པར་འགྱུར་ཏེ། ས་ཁྱད་པར་ཅན་ལ་གནས་པ་མཚུངས་པའི་ཕྱིར་ཞེ་ན། མཚུངས་པར་མ་གྲུབ་སྟེ། ཚེ་དབང་གིས་རྒྱུའི་ས་དང་པོ་ལ་བགྲོད་མི་དགོས་ཤིང་། རྒྱུའི་ཐེག་པའི་ས་དང་པོ་པས་ཚེ་དབང་ལ་ད་གཟོད་བགྲོད་དགོས་པའི་ཕྱིར་རོ། །དེ་གཉིས་མ་གྲུབ་ཅེ་ན། ཚེ་དབང་གིས་རྒྱུའི་ས་དང་པོ་ལ་བགྲོད་མི་དགོས་ཏེ། རིམ་གྱིས་པའི་དབང་དུ་སྔར་བགྲོད་ཟིན་ཅིང་། ཅིག་ཅར་བའི་དབང་དུ་དེ་ལ་གཏན་ནས་ལྟོས་མི་དགོས་པའི་ཕྱིར་རོ། །རྒྱུའི་ས་དང་པོ་པས་ཚེ་དབང་ལ་གཟོད་བགྲོད་དགོས་ཏེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ཚེ་དབང་རྒྱུའི་ཐེག་པའི་རབ་དགའ་དང་སྐལ་བ་མཉམ་ཀྱང་དགོངས་པ་རྒྱུའི་མི་གཡོ་བའི་ས་ལ་བཞུགས་པའི་བྱང་སེམས་དང་དགོངས་པ་མཉམ་པ་དང་། དེས་མཚོན་ནས་རྒྱུའི་ཐེག་པའི་ས་བརྒྱད་པ་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་གཉིས་སྒོམ་ལམ་ཙམ་དུ་སྐལ་བ་མཉམ་ཡང་དགོངས་པ་རྒྱུའི་མཐར་ལམ་དང་མཉམ་མོ། །རྒྱུའི་ཐེག་པའི་ས་བཅུའི་བྱང་སེམས་དང་ལྷུན་གྲུབ་རིག་འཛིན་གཉིས་མཐར་ལམ་ཙམ་དུ་སྐལ་བ་མཉམ་ཡང་དགོངས་པ་ཀུན་ཏུ་འོད་དང་མཉམ་པ་སྟེ། ལམ་ཆུང་ལས། དེ་ཡང་དང་པོས་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་སྟེ། །བརྒྱད་པའི་སེམས་དཔར་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོ། །དགོངས་སྤྱོད་རྒྱ་མཚོ་ཁྱད་པར་འཕགས། །ཞེས་གསུངས་པས་མངོན་ནོ། །གསུམ་པ་ནི། ཕ་རོལ་སོགས་རྐང་པ་ལྔ་སྟེ། ཤེས་འཇུག་འབྲེལ་བས་ཚོགས་གཉིས་རྫོགས་པའི་འབྲས་བུ་ནི་ས་ལམ་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། དེ་ཡང་སློབ་ལམ་ས་བཅུའི་ངོ་བོ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་གཉིས་སུ་མེད་པའི་དོན་མཐར་ཕྱིན་པ་ལ་རྫོགས་པ་ནི། གང་ལའང་མི་འཛིན་པས་སྦྱིན་པ། ཅི་ལ་ཡང་མ་ཆགས་པས་ཚུལ་ཁྲིམས། གཉིས་མེད་ཀྱི་ལྟ་བ་ནི་ཟབ་མོའི་དོན་ཡིན་ལ་དེ་ལ་མི་སྐྲག་པས་བཟོད་པ། དེའི་ངང་ལས་མི་གཡོ་བས་བསམ་གཏན། དེ་ལས་དུས་ཐམས་ཅད་དུ་མི་གཡེལ་བས་བརྩོན་འགྲུས། ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ། དེ་མངོན་དུ་གྱུར་པས་སྨོན་ལམ། འབྲས་བུ་གཞན་ནས་མི་འཚོལ་བས་ཐབས། དེས་ལྟ་ངན་ཟིལ་གྱིས་གནོན་པས་སྟོབས། ཡེ་ནས་ཡིན་པའི་དོན་མངོན་དུ་གསལ་བས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་ཕར་ཕྱིན་བཅུ་པོ་ཀུན་ཏུ་རྫོགས་པ་ན་ས་ཡི་ཁྱད་པར་བཅུའི་བགྲོད་པའང་རྫོགས་པར་འགྱུར་ཏེ། འདི་ལྟར་མཉམ་པ་ཉིད་ཀྱི་ཡེ་ཤེས་མཐོང་བས་ས་དང་པོ་རབ་ཏུ་དགའ་བ། མཐར་ལྟ་ངན་པ་དག་པས་གཉིས་པ་དྲི་མ་མེད་པ། སེམས་ཉིད་རང་གསལ་ཞིང་འགྲོ་དོན་མི་འགོག་པས་གསུམ་པ་འོད་བྱེད་པ། རང་རིག་ཉིད་ཐམས་ཅད་དུ་སྣང་བས་བཞི་པ་འོད་འཕྲོ་བ། དོན་གཉིས་དུས་གཅིག་ཏུ་བྱེད་པས་ལྔ་པ་སྦྱང་དཀའ་བ། སེམས་ཉིད་ཡུལ་མེད་དུ་རང་གསལ་བས་དྲུག་པ་མངོན་དུ་གྱུར་པ། མཐའི་ལྟ་བ་སྤོང་པས་བདུན་པ་རིང་དུ་སོང་བ། གཡེང་བའི་ཡུལ་མེད་པས་བརྒྱད་པ་མི་གཡོ་བ། ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་མངའ་བས་དགུ་པ་ལེགས་པའི་བློ་གྲོས། ཡོན་ཏན་དེ་དག་གི་འབྱུང་གནས་སུ་གྱུར་པས་བཅུ་པ་ཆོས་ཀྱི་སྤྲིན་ནོ། །མཐར་ཐུག་སངས་རྒྱས་ཀྱི་ས་གསུམ་ཡང་གྲུབ་སྟེ། རང་རིག་ཅིར་ཡང་མི་དམིགས་པའི་ཡེ་ཤེས་ཉིད་ཀུན་ཏུ་ཁྱབ་ཅིང་སྣང་བས་ཐབས་མ་འགགས་པ་སྟེ་ཀུན་ཏུ་འོད་ཀྱི་ས་དང་། དེ་ལས་མ་གཡོས་བཞིན་དུ་མ་ཆགས་མི་དམིགས་པའི་ཤེས་རབ་ཀྱིས་གོས་པ་མེད་པའི་ཡེ་ཤེས་ནི་ཐབས་ལ་མཁས་པ་ཉིད་ཀྱི་ཕྱིར་མཆོག་སྟེ་པདྨ་ཅན་གྱི་སའོ། །ཤེས་རབ་སྤྲོས་བྲལ་གྱི་ཡེ་ཤེས་མཆོག་གི་བྱིན་རླབས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྩོལ་བ་མེད་པ་ལྷུན་གྱིས་གྲུབ་པར་སྟོན་ནུས་པའི་མཆོག་ཏུ་གྱུར་པའི་ཡེ་ཤེས་ནི་འཁོར་ལོ་ཚོགས་ཆེན་གྱི་ས་ཡིན་ནོ། །དེ་ལྟར་ས་ཡི་ཁྱད་པར་མཐོང་སྒོམ་མཐར་གསུམ་གྱིས་བསྡུས་པའི་ས་བཅུ་ནི་རྒྱུའི་ས་སྟེ། སྤང་བྱ་སྤོང་བ་དང་གཉེན་པོ་སྐྱེ་བའི་ས་ཡིན་པའི་ཕྱིར་མཚན་ཉིད་པ་དང་ཀུན་ཏུ་འོད་སོགས་གསུམ་ནི་མཐར་ཐུག་འབྲས་བུ་སངས་རྒྱས་ཀྱི་ས་གཅིག་གི་ངོ་བོ་ལ་སྐུ་གསུམ་གྱི་ཆས་ཕྱེ་ནས་བཏགས་པ་སྟེ། ས་ལམ་གྱི་ཁྱད་པ་དེ་ཐམས་ཅད་དུས་རིང་པོར་སྤྱད་སྦྱང་མི་དགོས་པར་མྱུར་དུ་ལྷུན་གྱིས་རྫོགས་པར་འགྱུར་རོ། །འོ་ན་རྒྱུ་ཡི་ཀུན་ཏུ་འོད་དང་འབྲས་བུའི་ཀུན་འོད་གཉིས་གཅིག་གམ་ཞེ་ན། མི་གཅིག་སྟེ། དབྱིག་གི་སྒྲོན་མ་ལས། ཁྱོད་ཀྱི་མཐར་ཕྱིན་ཀུན་ཏུ་འོད། །ཐབས་ཆེན་ཐེག་པའི་བསྟི་གནས་སོ། །ཞེས་གསུངས་སོ། །དེ་ལྟར་ན་ཇི་སྐད་དུ། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པ་དང་འགལ་ལོ་ཞེ་ན། རང་རང་གི་གནས་སྐབས་ལ་ལྟོས་ནས་ཐ་དད་པའི་འབྲས་བུ་རེ་ཐོབ་ནའང་མཐར་ཐུག་ཡང་དག་པའི་འབྲས་བུ་ལ་ལྟོས་ནས་གཅིག་ཏུ་གྱུར་པས་སྐྱོན་མེད་དེ། འདི་ཉིད་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་སོ། །གཉིས་པ་ཅིག་ཅར་བའི་འབྲས་བུ་ནི། དཀྱིལ་འཁོར་ཀུན་ཏུ་སོགས་རྐང་པ་གཉིས་ཏེ། བསྒྲུབ་བྱའི་ཚོམ་བུའི་དཀྱིལ་འཁོར་ཀུན་དང་ལམ་དུ་གྱུར་པའི་འབྲས་བུ་རིག་འཛིན་བཞིའི་ཆར་གཏོགས་པའི་ཡེ་ཤེས་ཆིག་ཆོད་དུ་རང་རིག་ལ་གསལ་བའི་བློས་རབ་ཏུ་སྦྱོར་བས་ན་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་གྱི་ཆེ་བའི་ཡོན་ཏན་ཐམས་ཅད་འགྲུབ་པར་འགྱུར་བའོ། །དེ་ལྟར་ཡང་མ་ནིང་གི་རྒྱུད་ལས། དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ། །བྱང་ཆུབ་སེམས་ལས་མ་ཡེངས་ན། །དཀྱིལ་འཁོར་སྙིང་པོ་ལྷུན་གྲུབ་པས། །ཐམས་ཅད་དུས་གཅིག་བསྒོམ་པར་འགྱུར། །ཞེས་སོ། །གསུམ་པ་ལ་གཉིས་ཏེ། གསུངས་པའི་ཡོན་ཏན་དང་། ལེའུའི་མཚན་ནོ། །དང་པོ་ནི། །ཅེས་ཆེད་དུ་སོགས་ཏེ། དེ་སྐད་ཅེས་སྟོན་པས་འཁོར་གྱི་ཆེད་དུ་བརྗོད་པས་སེམས་ཉིད་གཞི་མ་ངེས་པས་སྣང་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་མོར་འཆར་བའི་སྤྲིན་གྱིས་མཉེས་པར་གྱུར་ཏོ། །གཉིས་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་ཡོད་པ་ལས། འདིས་ཚོམ་བུ་གཅིག་གསུམ་ལྔ་པའི་སྒོ་ནས་ཚོགས་ཀྱི་འབྲས་བུ་སྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། ༈ །།ད་ནི་ལེའུ་བཅུ་གསུམ་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་གཙོ་ཆེར་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་སྟོན། དེའི་ཞོར་ལ་ལྟ་བ་སྟོན། སྤྱོད་པ་སྟོན། ཏིང་ངེ་འཛིན་དང་ཕྲིན་ལས་ཟུར་ཙམ་སྟོན། ཐ་མའི་ཆོས་བཅུ་ལས་རང་བཞིན་ལྟ་བ་དང་། ལྡེམ་དགོངས་མན་ངག །གཏར་ཁ་གེགས་སེལ། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ཚོགས་སྒྲུབ་པའི་ཚུལ་དང་འབྲས་བུ་བསྟན་པ་དེ་ནས་ཐབས་གྲོལ་གྱི་མན་ངག་ཟབ་པ་རྣམས་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིས་བསྡུས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་རིག་པའི་ཡེ་ཤེས་རང་སྣང་བ་ལས་ཐ་མི་དད་པས་གཅིག་ཏུ་འདུས་ནས་གནས་པའི་སྟོན་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སྲིད་ཞིའི་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་སུ་མ་བཙལ་ལྷུན་གྱིས་གྲུབ་པ་ལས་མི་འདའ་བའི་དམ་ཚིག་སྣོད་མིན་ལ་ཤིན་ཏུ་གསང་བའི་རང་བཞིན་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་མཚོན་པར་བྱེད་པའི་སྒོ། མྱོང་བར་བྱེད་པའི་ཐབས་དང་། རྟོགས་པར་བྱེད་པའི་འབྲས་བུ་ལ་སོགས་པའི་སྤྲིན་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །གཉིས་པ་གཞུང་ལ་གཉིས་ཏེ། དངོས་དང་། གསུངས་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མན་ངག་གི་ངོ་བོ་བཤད་པ། དེ་གཞན་ལས་འཕགས་པའི་ཆེ་བ་བཤད་པ། ཡུལ་གང་ལ་གདམས་པའི་སྣོད་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། མཚོན་པར་བྱེད་པའི་སྒོ། མྱོང་བར་བྱེད་པའི་ཐབས། མངོན་དུ་གྱུར་པ་འབྲས་བུའོ། །དང་པོ་ལའང་གསུམ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བ་མཚོན་པའི་སྒོ། དེ་གཉིས་ཀའི་ཐ་སྙད་མཚོན་བྱེད་སྐྱི་སྒོ། མཚན་བྱ་དོན་གྱི་ཁྱད་པར་འབྱིན་ཚུལ་ལོ། །དང་པོ་ནི། མ་རྟོགས་པ་དང་སོགས་ཚིགས་བཅད་གཅིག་སྟེ། འདི་ལ་གཉིས་ལས། དང་པོ་འཇིག་རྟེན་པའི་ལྟ་བ་ལ་མ་རྟོགས་པ་དང་ལོག་པར་རྟོགས་པ་གཉིས་ཀྱི། མ་རྟོགས་པ་ནི་འཇིག་རྟེན་ཕལ་པ་སྟེ་མ་རིག་པ་དང་མཚུངས་པར་ལྡན་པའི་སོར་བཞག་ལྷ་དང་མིའི་ཐེག་པ་གཉིས་པོ་ཞེས་བཞེད་པའང་ཡོད་མོད་ཀྱི། འདིར་མན་ངག་ལྟ་ཕྲེང་དང་བི་མ་ལའི་འགྲེལ་ཆུང་ལས་ཕྱལ་རྒྱང་གཉིས་ལ་བཞེད་པ་ལྟར་འཆད་དེ། དེ་ཡང་སྐྱེ་བོ་དེ་རྣམས་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་ལ་སོགས་པ་ཡོད་པར་ཡང་མ་རྟོགས། མེད་པར་ཡང་མ་རྟོགས་ཏེ། དེ་གཉིས་གང་ལའང་བློ་རྟེན་མི་འཆའ་བར་ཀུན་ཏུ་རྨོངས་པ་རྣམས་ནི་ཕྱལ་བ་ཞེས་བྱའོ། །ཚེ་སྔ་ཕྱི་དང་ལས་རྒྱུ་འབྲལ་ཡོད་པ་ཙམ་རྟོགས་ཀྱང་ཕྱི་མ་རྒྱབ་ཏུ་བོར་ནས་ཚེ་འདིའི་བཙན་ཕྱུག་སོགས་བསྒྲུབ་པ་ནི་རྒྱང་འཕེན་ཞེས་བྱའོ། །དེ་ལ་ཕྱལ་བ་ནི་མ་རྟོགས་པ་དངོས་དང་། རྒྱང་འཕེན་པ་ནི་ཞར་ལས་བྱུང་བའི་མ་རྟོགས་པ་སྟེ། དེ་གཉིས་ཀ་གྲུབ་མཐས་བློ་བསྒྱུར་བའི་ལྟ་བ་མ་ཡིན་ཀྱང་སེམས་ཀྱི་གནས་ཚུལ་བསྡུ་བའི་ཕྱིར་དེའི་ཞོར་ལ་བཤད་པའོ། །གཉིས་པ་ལོག་པར་རྟོགས་པ་ལ་གཉིས། ཆད་ལྟ་མུར་སྟུག་པ་དང་། རྟག་ལྟ་མུ་སྟེགས་པའོ། །དང་པོ་ནི། ཆོས་ཉིད་ཅིར་ཡང་མ་གྲུབ་པས་འཁྲུལ་གཞི་བྱས་ནས་ལས་རྒྱུ་འབྲས་ཚེ་སྔ་ཕྱི་མེད་པར་ལྟ་བ་སྟེ། ཚེ་གཅིག་གི་ཆོས་ཐམས་ཅད་རྒྱུ་མེད་གློ་བུར་དུ་སྐྱེ་ཞིང་མཐའ་ཆད་པར་སྨྲ་བས་སྔ་ཕྱིའི་མུར་ཐུག་པའོ། །དེའང་ཇི་སྐད་དུ། མཛེས་མ་ཞིམ་པར་གཡོས་ལ་ཅི་དགར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །མེ་ཤི་ཐལ་བ་རླུང་ཁྱེར་ལྟར། །སླར་སྐྱེ་བ་དག་ག་ལ་ཡོད། །གང་ཞིག་རྒྱུ་འབྲས་ཡོད་སྨྲ་བ། །ཡི་དྭགས་སྤྱང་ཀའི་རྗེས་དང་མཚུངས། །ཞེས་སྨྲའོ། །གཉིས་པ་ནི། ཆོས་ཉིད་འགྱུར་བ་མེད་པས་འཁྲུལ་གཞི་བྱས་ནས་བདག་དང་དབང་ཕྱུག་ལ་སོགས་པ་རྟག་པ་གཅིག་པུ་བདེ་བ་རང་དབང་ཅན་དུ་འདོད་པ་སྟེ། དབྱེ་ན་གྲངས་ཅན་པ། བྱེ་བྲག་པ། སྤྱོད་པ་བ། གཅེར་པུ་པ་དང་བཞིའི་སྟེང་དུ་ཆད་ལྟ་མུར་སྟུག་པ་བསྣན་པས་ཏ རྐ་སྡེ་ལྔ་ཞེས་གྲགས་ཤིང་། དེ་ཐམས་ཅད་བདག་ཏུ་ལྟ་བ་མཐུན་ཏེ། བཞི་པོས་བདག་རྟག་པར་འདོད་ལ། མུར་སྟུག་པ་ནི་བདག་ཡོད་པ་ཆད་པར་འདོད་པའོ། །རྒྱུ་མཚན་དེས་ན་འདི་རྣམས་འཁོར་བ་ལས་གྲོལ་བའི་ཐབས་མ་ཡིན་ཏེ། འཁོར་བའི་རྩ་བ་བདག་འཛིན་གྱིས་བཅིངས་པའི་ཕྱིར། དེ་ལྟར་ཡང་འགྲེལ་པ་སྤར་ཁབ་ལས། དེ་ལ་རྟག་ཆད་གཉིས་ནི་ལོག་པར་རྟོགས་པ་སྟེ་ཕྱོགས་ལས་གོལ་བའོ། །ཞེས་གསུངས་སོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ལྟ་བ་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས། དང་པོ་རྒྱུའི་ཐེག་པ་ལའང་། རྣམ་པར་ཐར་པའི་སྒོ་ཕྱོགས་རེ་ཙམ་དུ་རྟོགས་པ་ནི་ཉན་ཐོས་དང་རང་རྒྱལ་གཉིས་ཏེ། དེ་ཡང་ཉན་ཐོས་པས་ཆོས་བདག་གཟུང་ཡུལ་རྡུལ་ཕྲ་རབ་དང་འཛིན་སེམས་སྐད་ཅིག་མ་དོན་དམ་དུ་འདོད་ཅིང་། གང་ཟག་གི་བདག་གཟུང་ཡུལ་རགས་པ་དང་འཛིན་སེམས་རྒྱུན་དང་བཅས་པ་ཀུན་རྫོབ་ཙམ་དུ་སྣང་བ་ལས་རང་བཞིན་མེད་པར་རྟོགས་པའོ། །དེ་ལ་དབྱེ་ན་བྱེ་བྲག་སྨྲ་བ་ནི་འདི་ལྟར་སྣང་བ་སྒོ་ལྔའི་ཡུལ་རྣམས་ཕྱི་རོལ་གྱི་དོན་དུ་བདེན་པར་འདོད། མདོ་སྡེ་པ་ནི་འདི་ལྟར་སྣང་བ་ནི་འཛིན་སེམས་ཀྱི་རྣམ་པར་མྱོང་བ་ཡིན་ལ། དེའི་ལྐོག་ན་དེ་དང་རིགས་འདྲའི་དོན་བདེན་རྫས་གྲུབ་གཅིག་ཡོད་པར་འདོད་དོ། །རང་རྒྱལ་ནི་གང་ཟག་གི་བདག་མེད་རྟོགས་པ་ཉན་ཐོས་དང་མཐུན་ལ། དེའི་སྟེང་དུ་ཆོས་བདག་གི་གཟུང་ཆ་རྡུལ་ཕྲ་རབ་ཀྱང་རང་བཞིན་མེད་པར་རྟོགས་པའོ། །འདིར་ཕྱི་པ་མུ་སྟེགས་པ་དང་ནང་པ་སངས་རྒྱས་ཀྱི་ཁྱད་པར་ནི། ལྟ་བ་གང་ཟག་གི་བདག་འདོད་ཅིང་རྟག་གཅིག་བདེ་བ་རང་དབང་ཅན་དངོས་པོར་སྨྲ་བ་བའམ། ཡང་ན་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་པར་ལྟ་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ཞིང་། ཆོས་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་པ་ནི་ཕྱི་པ་མུ་སྟེགས་པ་ཡིན་ལ། དེ་ལས་ལྡོག་པ་ནང་པ་སངས་རྒྱས་པའོ། །བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གྱི་སྒོ་ལ་སྤྱོད་ཀྱང་རྡོ་རྗེ་ཐེག་པའི་དོན་མ་མཐོང་བས་ཡང་དག་ཉིད་མ་རྟོགས་པ་ནི་ཐེག་ཆེན་དབུ་སེམས་གཉིས་ཏེ། སེམས་ཙམ་པས་དོན་དམ་པར་གཟུང་འཛིན་གཉིས་མེད་དམ་རྣམ་གཅོད་བཀག་ནས་ཡོངས་གཅོད་སེམས་སུ་འདོད་པའོ། །དེ་ལ་དབྱེ་ན་རྣམ་བདེན་པ་ནི་སྣང་བ་ཐམས་ཅད་དོན་དུ་མི་བདེན་ཀྱང་ཤེས་ངོར་བདེན་པར་འདོད། དེའི་ནང་ནས་ཀྱང་རྣམ་རིག་པ་དང་དོན་སེམས་གཉིས་ནི་ཡིན་པ་གཅིག་ཡིན་པ། ཡོད་པ་ཐ་དད་དུ་ཡོད་པ། རྣམ་པ་མཚུངས་པ་སྟེ་རྣམ་རིག་གཉིས་སྒོ་ང་བཀས་པ་ལྟར་དུ་འདོད། རྣམ་རྫུན་པས་རྣམ་པ་ནི་སེམས་ཀྱིས་སྒྲོ་བཏགས་པའི་སྒྲོ་བཏགས་ཙམ་སྣང་བ་ཡིན་པའི་ཕྱིར་བདེན་མེད་དུ་འདོད་པའོ། །དབུ་མ་པ་ནི་རྣམ་གཅོད་བཀག་ནས་ཡོངས་གཅོད་སྤྲོས་བྲལ་ལས་ཁས་མི་ལེན་པའོ། །དེ་ཡང་དབུ་མ་རང་རྒྱུད་པ་ནི་ཡང་དག་པའི་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ཁྱད་པར་འབྱེད་ལ། ཐལ་འགྱུར་བ་ནི་རང་ཕྱོགས་བསྒྲུབ་རྒྱུ་མེད་པ་ལྟར་གཞན་ཕྱོགས་དགག་ཏུ་མེད་དེ་ཡང་ལོག་ཁྱད་པར་མེད་པར་འདོད་དོ། །འདིར་ཐེག་པ་ཆེ་ཆུང་གི་ཁྱད་པར་ནི་ཤེས་རབ་དང་སྙིང་རྗེས་དབྱེ་བ་སྟེ། ཤེས་རབ་ཆུང་བས་བདག་མེད་གཉིས་ཀ་རྟོགས་མ་ནུས། སྙིང་རྗེ་ཆུང་བས་གཞན་དོན་སྤྱོད་པར་མི་ནུས་པ་ནི་ཐེག་པ་ཆུང་ངུའོ། །དེ་ལས་ལྡོག་པ་ནི་ཐེག་ཆེན་ཏེ། ཇི་སྐད་དུ། ཐེག་པའི་ཁྱད་པར་ཤེས་རབ་སྙིང་རྗེས་ཏེ། །དེ་མིན་ཐེག་པ་ཆེན་པོར་ཁས་འཆེས་པས། །བོང་བུས་སེང་གེའི་ལྤགས་པ་གྱོན་དང་མཚུངས། །ཞེས་སོ། །གཉིས་པ་འབྲས་བུའི་ཐེག་པ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ལ། སྒོ་གསུམ་གྱི་བྱ་བས་རྒྱུད་འདུལ་བ་གཙོ་བོར་སྟོན་པ་ཀྲི་ཡ་དང་ཨུ་པ་ཡ། སེམས་ཀྱི་དགོངས་པ་ཏིང་ངེ་འཛིན་གཙོ་བོར་བྱེད་པས་འབྲས་བུ་བསྒྲུབ་པ་ནི་ཡོ་གའོ། །འདིར་རྒྱུད་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པའི་ཁྱད་པར་ནི། སེམས་ཉིད་སངས་རྒྱས་ཀྱི་རྒྱུ་རུ་འདོད་ཅིང་དོན་དམ་བསྒྲུབ་བྱར་བྱས་ནས་ཀུན་རྫོབ་སྤང་བྱར་བྱེད་པ་ནི་མཚན་ཉིད་ཀྱི་ཐེག་པ། སེམས་ཉིད་སངས་རྒྱས་ཀྱི་འབྲས་བུར་འདོད་ཅིང་ཀུན་རྫོབ་ཀྱང་མི་སྤོང་བར་ལམ་དུ་བྱེད་པ་ནི་འབྲས་བུ་སྔགས་ཀྱི་ཐེག་པའོ། །གཉིས་པ་ནང་པ་ཐབས་ཀྱི་རྒྱུད་ལ། ཕྱི་རྒྱུད་མན་ཆད་ཐུན་མོང་པའི་ཡུལ་དུ་མ་གྱུར་པས་ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་བདེན་གཉིས་དབྱེར་མེད་ཀྱི་ཟིན་ཏེ་ཆོ་ག་ཡན་ལག་གི་ལྷ་བསྐྱེད་པའི་ཕྱིར་སྤྱོད་པ་གཙོ་བོར་བྱེད་པ་གསང་བ་ཕ་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་དང་། ཆོས་ཐམས་ཅད་སེམས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྟོགས་པས་མ་ཧཱའི་བསྐྱེད་རིམ་ལ་མི་བརྟེན་པར་ཆུ་ལས་ཉ་ལྡང་བ་ལྟར་རྫོགས་པ་ཏིང་ངེ་འཛིན་ལ་གཙོ་བོར་བྱེད་པ་མ་རྒྱུད་རྫོགས་པ་ཨ་ནུ་ཡོ་གའོ། །ཆོས་ཐམས་ཅད་ཡེ་ནས་སྐྱེ་འགགས་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་སུ་གནས་པའི་དོན་རྟོགས་ཤིང་འོག་མ་གཉིས་ལྟར་བསྐྱེད་དུ་མེད་པའི་ཕྱིར་རྩོལ་བ་ལས་གྲོལ་བ་ནི་ཨ་ནུ་མན་ཆད་ཀྱི་ཡུལ་དུ་མ་གྱུར་པས་གསང་བ་གཉིས་མེད་ཀྱི་རྒྱུད་ལྟ་བ་གཙོ་བོར་བྱེད་པ་ཨ་ཏི་ཡོ་ག་སྟེ། དེ་ལྟར་མ་ཧཱ་ཡོ་ག་ལ་གསུམ་དུ་ཕྱེ་བས་བསྐྱེད་རྫོགས་གསུམ་མོ། །འདིར་ཁ་ཅིག་ན་རེ། གཞུང་འདི་མ་ཧཱའི་ཐེག་པ་ཡིན་པའི་ཕྱིར། གོང་མ་གཉིས་ཀྱི་ལྟ་བ་གཏན་ལ་འབེབས་པ་མི་འཐད་དེ། འོག་མས་གོང་མའི་དོན་མི་མཐོང་བའི་ཕྱིར་རོ་ཞེ་ན། མན་ངག་ལྟ་ཕྲེང་གི་དགོངས་པ་བཞིན་རྣལ་འབྱོར་ཆེན་པོའི་ཚུལ་ཡང་གསུམ་དུ་ཕྱེ་བས་འདི་མ་ཧཱའི་ཨ་ནུ་དང་ཨ་ཏི་ཡིན་པའི་ཕྱིར་འདི་ལྟར་གཏན་ལ་འབེབས་པ་འཐད་དོ། །འདིར་སྔགས་ཀྱི་ཕྱི་ནང་གི་ཁྱད་པར་གང་ཞེ་ན། ལྟ་སྤྱོད་ཏིང་ངེ་འཛིན་གསུམ་དབྱེར་མེད་དུ་འདོད་པ་སྔགས་ནང་པ། མི་འདོད་པ་སྔགས་ཕྱི་པའོ། །འོ་ན་སྔགས་ཕྱི་པ་དང་མཚན་ཉིད་ཐེག་པ་ལ་ཁྱད་པར་མེད་དམ་ཞེ་ན། ཡོ་དེ། ཀུན་རྫོབ་ལམ་དུ་བྱེད་ནུས་མི་ནུས་ཀྱི་ཁྱད་པར་རོ། །དེ་ལྟར་ཨ་ཏི་མན་ཆད་ཀྱི་དོན་དེ་རྣམས་ནི་མཚོན་བྱེད་སྒོའི་ཁྱད་པར་བསྟན་པའོ། །གཉིས་པ་ནི། ཡི་གེ་སྒྲ་བཏགས་སོགས་རྐང་པ་གཉིས་ཏེ། མཚོན་བྱ་དེ་རྣམས་ཐ་སྙད་གང་གིས་མཚོན་ཞེ་ན། ཡི་གེ་ཨ་ལས་སྒྲའི་ང་རོ་དང་མིང་གཞི་གསལ་བར་བྱེད་པའི་ཐ་སྙད་ཀྱིས་བཏགས་པ་དབྱངས་ཀྱི་ཡི་གེ་བཅུ་གཉིས། གསལ་བྱེད་སོ་བཞི་སོགས་ཡི་གེ་སིལ་བུ་འདུས་པ་ལས་དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་འབྱུང་ཞིང་། དེ་དུ་མ་ཚོགས་པ་ལ་བརྟེན་ནས་དོན་གྱི་ཁྱད་པར་གསལ་བར་བྱེད་པའི་ཚིག་དང་ཚིག་གི་ཚོགས་མང་དུ་འདུས་པ་ལས་གཞུང་སོ་སོའི་ལུས་གྲུབ་ཅིང་། དེས་རང་རང་གི་བརྗོད་བྱའི་དོན་རབ་ཏུ་མཚོན་ཏེ། བསྟན་པ་དང་ཐེག་པ་དུ་མར་སྣང་བ་ནི་མཚོན་པར་བྱེད་པའི་སྒོ་ཞེས་བྱའོ། །གསུམ་པ་ནི། ཁོང་ནས་སོགས་རྐང་པ་གཉིས་ཏེ། སྤྱིར་གཞུང་ཚིག་སོ་སོའི་ཁོང་ནས་རང་རང་གི་བརྗོད་བྱའི་དོན་མ་འདྲེས་པར་གནས་ཤིང་། ཁྱད་པར་མཚོན་བྱ་རང་བཞིན་གྱི་རྒྱུད་སེམས་ཅན་གྱི་ཁོང་ན་གནས་ཀྱང་རྟོགས་དཀའ་བས་གབ་ཅིང་། མཚོན་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་དུ་གསང་བ་ཟམ་མོ་རྣམ་སྐལ་མེད་ཀྱི་མི་གོ་བའི་ཕྱིར་སྦས་པ་སྟེ། དེ་ལྟར་གབ་སྦས་ཀྱི་དོན་གཉིས་པོ་དེ་འབྱིན་པར་བྱེད་པ་པོ་ནི་རྒྱུད་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་ཐུགས་ལ་གནས་པའི་ཕྱིར་དེས་འབྱིན་པར་བྱེད་དོ། །ཚུལ་ཇི་ལྟར་འབྱིན་ན། སྟོན་པ་ཀུན་ཏུ་བཟང་པོའི་ཐུགས་ལ་གབ་ཅིང་ལམ་རྐྱེན་ཡི་གེའི་རྒྱུད་ཀྱི་ནང་དུ་སྦས་པའི་དོན་འདི་དག་རྒྱལ་རྣམས་དགོངས་པ། རིག་འཛིན་རྣམས་རིག་པ། གང་ཟག་རྣམས་སྙན་ཁུང་དུ་བརྒྱུད་ནས་རྡོ་རྗེ་འཛིན་པའི་སློབ་དཔོན་གྱིས་རྒྱུད་ཀྱི་དོན་རྣམས་དཀྲུགས་པ་བསྡེབས་གཅུས་པ་བསྲང་གབ་པ་མངོན་དུ་ཕྱུང་པའི་ཚུལ་གྱིས་འབྱིན་ནོ། །དགོས་ཆེད་ཅི་ཞེ་ན། གཟུ་ལུམ་ཅན་དང་རས་ཆོད་ཅན་ལ་གབ་ཅིང་སྦས་པའི་དོན་དེ་དག་སྣོད་དང་ལྡན་པའི་སློབ་བུ་ལ་བླ་མ་བརྒྱུད་པའི་མན་ངག་གིས་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱེད་པའོ། །རྒྱུ་མཚན་དེའི་ཕྱིར་ན་སྤྱིར་གསང་སྔགས་རྡོ་རྗེའི་ཐེག་པ་སྒོས་རྒྱུད་གཞུང་འདི་ཉིད་ཡང་སྒོས་སུ་ལེའུ་བཅུ་གསུམ་པ་འདི་ཡང་ཆིག་བརྒྱུད་དང་དོན་བརྒྱུད་དང་སྙན་བརྒྱུད་གསུམ་འཛོམ་ལ་བར་མ་ཆད་པའི་རྡོ་རྗེའི་སློབ་དཔོན་ལ་རག་ལས་པར་ཤེས་པར་བྱའོ། །གཉིས་པ་མྱོང་བར་བྱེད་པའི་ཐབས་ལ། གཞུང་འདིའི་སྟེང་དུ་སྔོན་གྱི་བཤད་སྲོལ་རྙིང་པ་ལ་བསྐྱེད་པའི་རིམ་པའི་དབང་དུ་བསྟན་པ་དང་། རྫོགས་པའི་རིམ་པའི་དབང་དུ་བསྟན་པའི་བཤད་ལུགས་གཉིས་གསུངས། འགྲེལ་པ་སྤར་ཁབ་ནས་ཕྱི་བསྐྱེད་རིམ། ནང་རྫོགས་པའི་བསྐྱེད་རིམ། གསང་བ་རྫོགས་པའི་རྫོགས་རིམ་དང་བཤད་ལུགས་གསུམ་དུ་གསུངས། འགྲེལ་ཆུང་ལས་དཀྱིལ་འཁོར་བཅུ་གཉིས་དང་སྦྱར་བའི་བཤད་ལུགས་གཅིག་གསུངས། རྗེ་སྒྲོ་ཕུག་པའི་བཞེད་པ་ལ་སྒྱུ་འཕྲུལ་ལམ་རིམ་གྱིས་རྒྱབ་བྱས་ནས་གྲོལ་ལམ་རིམ་གྱིས་པ་ལྟར་དུ་བཤད་པ་དང་། མན་ངག་ལྟ་ཕྲེང་གིས་རྒྱབ་བྱས་ནས་གྲོལ་ལམ་ཅིག་ཅར་བ་ལྟར་དུ་བཤད་པ། ཐབས་ལམ་རིམ་གྱིས་པ་སྟེང་སྒོ་ལྟར་བཤད་པ། ཐབས་ལམ་ཅིག་ཅར་བ་འོག་སྒོ་ལྟར་བཤད་པ་དང་བཤད་ལུགས་བཞི་རུ་འཐད་གསུངས་ཤིང་། འབྲེལ་བ་མཁན་གྱི་ཕྱག་ལེན་ལ་བཤད་ལུགས་གསུམ་དུ་མཛད་ཀྱང་། འདིར་གསང་བདག་སྒྲོ་ཕུག་པའི་རྗེས་སུ་འབྲང་ནས་གཞུང་གཅིག་གི་སྟེང་དུ་བཤད་ཚུལ་གཉིས་ཏེ། ཤེས་རབ་གྲོལ་ལམ་གྱི་དབང་དུ་བཤད་པ་དང་། ཐབས་ལམ་གདམས་ངག་གི་དབང་དུ་བཤད་པའོ། །དང་པོ་ལའང་གཉིས་ཏེ། གྲོལ་ལམ་རིམ་གྱིས་པ་ལྟར་དུ་བཤད་པ་དང་། གྲོལ་ལམ་ཅིག་ཅར་བ་ལྟར་དུ་བཤད་པའོ། །དང་པོ་ལའང་མཚན་ཉིད་གསུམ་ལས། དང་པོ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ནི། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས། །ཞེས་ཏེ་རང་རིག་པ་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པ་དང་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་ལྷག་པ་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་བློའི་སྤྱོད་ཡུལ་དང་བྲལ་བ་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རིས་མེད་དུ་ལྡན་པར་ཁྱབ་པ་ནི་ལྟ་བའི་ངོ་བོ་སྟེ། དེ་ལྟ་བུའི་གནས་ལུགས་ཀྱི་དཀྱིལ་འཁོར་ཡེ་ཤེས་ལྔའི་རང་བཞིན་ཅན་དེ་ཉིད་རྟོགས་པ་བཞི་དང་དག་པ་གསུམ་དང་མཉམ་པ་གཉིས་ཀྱི་གཏན་ཚིགས་རྣམས་ཀྱིས་གཏན་ལ་ཕབ་པས་ཡུལ་མེད་རང་གསལ་དུ་རྟོག་པ་ནི་གྲུབ་མཐའོ། །དེ་ཡང་ལྡན་པའམ་ཁྱབ་པའི་དོན་ནི་རྟེན་དང་བརྟེན་པ་ལྟ་བུ་མ་ཡིན་ཏེ་རང་བཞིན་ངོ་བོ་ཉིད་ཀྱིས་ལྡན་པའོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ནི། དཀྱིལ་འཁོར་ལ་ནི་སོགས་ཚིགས་བཅད་ཕྱེད་དང་བཞི་སྟེ། ཡེ་ནས་རྣམ་པར་དག་པ་ཆོས་ཉིད་དོན་གྱི་དཀྱིལ་འཁོར་དེ་ལ་ནི་རྣམ་པར་རྟོག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡེ་ཤེས་ལྔའི་དོན་དང་ལྡན་པར་བསྒོམ་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དོན་དམ་སྤྲོས་བྲལ་གྱི་དཀྱིལ་འཁོར་དེ་ལྟ་བུ་ཡིན་ཀྱང་ཀུན་རྫོབ་སྒྱུ་མའི་དཀྱིལ་འཁོར་སྙིང་རྗེ་ཆེན་པོ་ནམ་མཁའ་དང་མཉམ་པར་བསྒོམ་པ་ལས་བྱུང་བ་ནི་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནོ། །དེ་ལྟར་སྟོང་པ་དང་སྙིང་རྗེའི་རྒྱ་མི་འབྲལ་བའི་ཕྱིར་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བསྒོམ་པ་ལ་ཕྲ་རགས་གཉིས་ལས། དང་པོ་ཕྲ་བ་ཡིག་འབྲུ་ལ་བསླབ་པའི་སྐབས་སུ་དེ་གཉིས་ཟུང་དུ་འཇུག་པ་མི་འགྱུར་བའི་བདེ་བ་ཆེན་པོ་ཅིར་ཡང་མ་འགགས་པ་ལས་རང་བྱུང་བའི་ཡི་གེར་ཨར་སྣང་བ་སྟེ། དེ་ལས་ཨ་ཕྲ་མོ་དང་ཀ་སོགས་ཀྱི་འཕྲོ་འདུ་ལ་སེམས་སྦྱང་ཞིང་། དེ་ཐམས་ཅད་ཀྱང་ཐུགས་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཡི་གེ་ཧཱུཾ་གི་དཀྱིལ་འཁོར་དུ་བསྡུས་ཏེ་གསལ་བར་བསྒོམ་པའོ། །གཉིས་པ་རགས་པ་ལྷ་སྐུ་ལ་བསླབ་པའི་སྐབས་སུ་གསུང་ཡིག་འབྲུ་དེ་ཡོངས་སུ་གྱུར་པ་ལས་ཐུགས་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ། དེ་ཡང་ཡོངས་སུ་གྱུར་པ་ལས་རྩ་བའི་ལྷ་རྡོ་རྗེ་སེམས་དཔའ་སྐུའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་དབུ་རྒྱན་རིགས་ཀྱི་ལྷ་ལྔས་བསྐོར་བ་སྟེ་ཡན་ལག་པའི་ལྷ་དགུ་དང་བཅས་པ་ཡོངས་སུ་རྫོགས་པ་དབྱེར་མེད་པའི་དཀྱིལ་འཁོར་བསྒོམ་པ་སྟེ། དེ་ལྟར་ཕྲ་རགས་གཉིས་པོ་དེ་ནི་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ནོ། །དེས་དཀྱིལ་འཁོར་ཐམས་ཅད་སྒོམ་པར་འགྱུར་བས་ན་མཆོག་ཡིན་ནོ། །དེ་ལྟར་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་དེ་ཉིད་ཕལ་གྱིས་རྟོགས་པར་དཀའ་ཞིང་གཅིག་ཏུ་ཟླུམ་པས་ན་གསང་བའི་ཐིག་ལེ་སྟེ། དེ་ཀ་དཀྱིལ་འཁོར་གྱི་ལྷ་དུ་མའི་འབྱུང་ཁུངས་སུ་གྱུར་པས་ན་དབྱིངས་སོ། །ཡང་ན་ཕྱག་རྒྱ་སྤྲོས་བཅས་ཀྱི་སྐབས་སུ་རྟོག་ཚོགས་དུ་མར་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་གནས་པའི་དོན་རྟོགས་དཀའ་བས་ན་གསང་བའི་དོན་ཡིན་ལ་ལྷ་དུ་མའང་ལྷ་གཅིག་ཏུ་ཟླུམ་པས་ན་ཐིག་ལེ། རང་རིག་པའི་དཀྱིལ་འཁོར་དེ་ལྷ་དུ་མའི་འབྱུང་ཁུངས་སུ་གྱུར་པས་ན་དབྱིངས་ཞེས་བྱའོ། །དེ་ཡང་འབྱུང་བ་ལྔ་ནི་ཆ་ཕྲ་བ་ཤེས་རབ་སྟེ་རིགས་ཀྱི་ཡུམ་ལྔ་དང་། ཆེན་པོ་ཕུང་པོ་ནི་རགས་པ་ཐབས་ཏེ་རིགས་ཀྱི་དེ་བཞིན་གཤེགས་པ་ཡབ་ལྔར་བསྒོམ་པ་ཉིད་དོ། །གཞན་ཡང་དབང་པོ་བཞི་དང་། ཡུལ་བཞི་དང་། དུས་བཞི་དང་། རེག་པ་སྟེ་རྣམ་པར་ཤེས་པ་བཞི་དང་། ཤུགས་ལས་གསང་བའི་དབང་པོ་དང་ཡུལ་དང་རྣམ་ཤེས་ཏེ་གསུམ་འདུས་ཀྱི་རེག་པ་དང་། ཕྱིན་ཅི་ལོག་བཞི་རྣམས་ཀྱི་རྟོག་པ་ནི་བྱང་ཆུབ་སེམས་དཔའ་དང་སེམས་མ་དང་ཁྲོ་བོ་དང་ཁྲོ་མོ་རྣམས་སུ་གསལ་བ་ཡིན་ཏེ། དེ་ལྟར་ལྷ་དང་རྟོག་པ་དབྱེར་མི་ཕྱེད་པ་ནི་རྡོ་རྗེའི་ཚོགས་ཞེས་བྱའོ། །དེ་བཞིན་ཡིད་དང་ཆོས་ཀྱི་རྟོག་པའི་སྤྱོད་ཡུལ་ཡོངས་སུ་དག་པས་ན་ཀུན་ཏུ་བཟང་པོ་དང་བཟང་མོ་ཐུབ་པ་དྲུག་དང་བཅས་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞི་བཅུ་རྩ་གཉིས་པོ་ནི་རྩ་བའི་ལྷ་ཡིན་ནོ། །དེ་ལྟར་རྩ་བའི་ལ་རེ་རེ་ལའང་ཡབ་ལ་ཡབ་ཉི་ཤུ་རྩ་བཞི་དང་། ཡུམ་ལ་ཡུམ་བཅོ་བརྒྱད་བཀོད་པ་ནི་ཐབས་ཀྱི་ལྷ་བཞི་བཅུ་ཡིན་ལ། དེ་ལྟར་ཐབས་ལྷ་བཞི་བཅུ་པོའི་ཐུགས་ཀར་ཆོས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ་རང་བྱུང་གི་ཡེ་ཤེས་མཚོན་པའི་རྟགས་སུ་ཡེ་ཤེས་སེམས་དཔའ་རེ་རེ་བསྒོམ་པ་ནི་ཤེས་རབ་ཀྱི་ལྷ་བཞི་བཅུའོ། །ཐབས་ཀྱི་ལྷ་བཞི་བཅུ་པོ་རེ་རེ་ལ་ཡང་ལྷག་པའི་ལྷ་སྐུ་གསུང་ཐུགས་ཀྱི་གནས་སུ་རྣམ་སྣང་དང་མཐའ་ཡས་དང་མི་བསྐྱོད་པའི་ཆ་ལུགས་ཅན་རེ་རེ་བསྒོམ་མོ། །དེ་ལྟར་བཞི་བཅུ་པོ་ཚན་བཞི་པོ་ལ་ཡང་ཐུགས་རིག་པ་རང་བྱུང་ཡེ་ཤེས་ཀྱི་སྣང་ཆ་ཡེ་ཤེས་ལྔ་མཚོན་པའི་དབུ་རྒྱན་གྱི་ལྷ་ལྔར་ལྟ་ཞིང་། དེ་ལྟར་རྩ་བའི་ལྷ་ཡན་ལག་ལྷག་པའི་ལྷ་དང་བཅས་པ་ཉི་ཁྲི་བཞི་སྟོང་པོ་ཐམས་ཅད་གསལ་བ་ཡུལ་གྱིས་མི་འཕྲོག་པར་བསྒོམ་པ་ནི་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཞེས་བྱ་སྟེ་ཕྱག་རྒྱ་སྤྲོས་བཅས་སོ། །དྭངས་མ་དཀར་དམར་གྱི་སྙིང་པོའི་ཐིག་ལེ་དབབ་ལྡོག་གི་སྦྱོར་བས་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་མཉམ་པར་སྦྱོར་བ་ནི་ཨཱ་ལི་སྟེ། དེས་མཚོན་ནས་ཡོ་བྱད་ལྔ་པོ་རྣམས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་མཉམ་པར་སྦྱོར་བས་སྤྱོད་བཞིན་མ་ཆགས་པ་བདེ་བའི་ཡེ་ཤེས་ཀྱི་རོལ་མོ་ཡིས། རྟོག་ཚོགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་གསལ་བས་དགྱེས་པ་དང་ལྡན་པའི་ལྷ་ཉིད་ལ་ཉིད་རོལ་པའི་ཚུལ་དུ་མཆོད་པ་མཉམ་རྫོགས་ཆེན་པོར་དབུལ་བ་ནི་ཚོམ་བུ་ཚོགས་སྒྲུབ་བོ། །གསུམ་པ་འབྲས་བུའི་མཚན་ཉིད་ནི། ཟག་པ་སོགས་རྐང་པ་དགུ་སྟེ། དེ་ཡང་ཚོགས་སྒྲུབ་ཀྱི་དུས་ཀྱི་ཡོ་བྱད་ལྔ་པོ་རྣམས་ལ་འཛིན་པ་བྲལ་བས་ན་ཟག་པ་མེད་པའི་ཕྱིར་ཡེ་ཤེས་ཀྱི་ཚོགས་དང་། མ་འགགས་པར་སྤྱོད་པ་བསོད་ནམས་ཀྱི་ཚོགས་ཏེ། ཚོགས་གཉིས་རྫོགས་པའི་ནུས་མཐུ་ལས་འབྱུང་བའི་གནས་སྐབས་ཀྱི་འབྲས་བུ་མཐོང་ལམ་རིག་འཛིན་རྣམ་སྨིན་དང་ཚེ་དབང་གཉིས་གང་རུང་ཞིག་ཐོབ་ཅིང་། དེ་ནས་བསྒོམ་ལམ་ཕྱག་ཆེན་དང་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པར་འགྱུར་རོ། །ལྷུན་གྲུབ་རིག་འཛིན་དེའི་ཆ་ལུགས་ནི་ཡེ་ཤེས་སྒྱུ་མ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ཆ་ལུགས་དང་མཐུན་པར་རང་སྣང་བའོ། །སེམས་ཉིད་གཞི་མ་ངེས་པ་ལས་འབྲས་བུ་སྣ་ཚོགས་སྣང་བས་ན་རོལ་མོ་སྟེ། ལྷུན་གྲུབ་རིག་འཛིན་དེའི་མཉམ་པར་བཞག་དུས་ཀྱི་དགོངས་པ་ནི་སྣང་གྲགས་ཐམས་ཅད་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཤར་ཞིང་། ཡོན་ཏན་མཐའ་ཡས་པ་དང་ལྡན་པས་ན་ཟག་བཅས་ཀྱི་ལམ་ལས་མཆོག་ཏུ་གྱུར་པའོ། །གང་གིས་ཚོགས་གཉིས་རྫོགས་པའི་ནུས་མཐུ་ལས་བྱུང་བའི་མཐར་ཐུག་གི་འབྲས་བུ་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་སྣང་སྟོང་དབྱེར་མི་ཕྱེད་པ་ནི་དེ་ནི་ཕལ་པས་ཡུལ་མིན་ཅིང་སྤྲོས་པ་དང་བྲལ་བས་ན་གསང་བའི་ཐིག་ལེ་ཞེས་བྱའོ། །དེ་ཉིད་ཀྱི་དོན་མཚན་ཉིད་གསུམ་གྱི་མངོན་དུ་བྱས་པ་ནི་དབྱིངས་རྣམ་པར་དག་པ་ཟུང་འཇུག་ཆོས་ཀྱི་སྐུ་ཡིན་ནོ། །རྣམ་པར་དག་པའི་ཆོས་སྐུ་དེ་ནི་དུས་གསུམ་སངས་རྒྱས་ཀུན་གྱི་དངོས་གཞིའི་ངོ་བོ་ཡིན་ཏེ། ཆོས་ཀྱི་སྐུ་དེ་ཐོབ་ཚེ་དེའི་ཡོན་ཏན་གྱི་ཆ་ལ་སྐུ་ལྔ་ལྷུན་གྱིས་གྲུབ་པས་ཕྱོགས་བཅུ་དང་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱང་མངོན་དུ་རྫོགས་པར་འགྱུར་བ་སྟེ། དེ་ལྟར་རྒྱལ་བ་ཐམས་ཅད་ཀྱི་སྐུ་ལྔ་གསུང་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་ཐུགས་ལྔ་སྟེ་ཉི་ཤུ་རྩ་ལྔ་ལ་སོགས་པ་མ་ལུས་པ་ཐོབ་པ་ནི་བདག་ཉིད་ཀྱི་ཞལ་བདག་ཉིད་ཀྱིས་མཐོང་བ་ཞེས་བྱའོ། །དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པའི་བདག་ཉིད་དུ་རང་དབང་བསྒྱུར་བའི་མཆོག་ཉིད་དེ། སློབ་ལམ་གྱི་རྩེ་མོར་ཕྱིན་པས་ལམ་གྱི་ནང་ནས་དམ་པ་ཡིན་ནོ། །དེ་ལྟར་མན་ངག་ལམ་རིམ་གྱིས་རྒྱབ་བྱས་ནས་གྲོལ་ལམ་རིམ་གྱིས་པ་ལྟར་དུ་བཤད་པ་སྟེ། འདི་ལ་སྔ་རབས་པ་རྣམས་ཀྱིས་བསྐྱེད་རིམ་ཞེས་བཤད་ནའང་། གྲོལ་ལམ་ཅིག་ཅར་བ་ལ་ལྟོས་ནས་དེ་ལྟར་གསུངས་པ་ལས། རིམ་གཉིས་ཀྱི་ཟླས་ཕྱེ་བའི་བསྐྱེད་རིམ་ནི་མིན་ཏེ། གལ་ཏེ་ཡིན་ན་དེ་ཁོ་ན་ལ་བསླབ་པས་སྤྱོད་པའི་ཉེ་རྒྱུ་ཚོགས་སྒྲུབ་ཀྱིས་ཟག་མེད་མཐོང་ལམ་ལ་སྦྱོར་བ་མི་སྲིད་པའི་ཕྱིར་རོ། །དེས་ལམ་རིམ་དུ་ཕྱག་རྒྱ་གཅིག་པའི་སྐབས་སུ་ཆོ་ག་གསུམ་བསྐྱེད་དང་བཟླས་པ་བྱ་ཚུལ་སོགས་འབྱུང་ཡང་དེ་ཙམ་གྱིས་བསྐྱེད་རིམ་ཁོ་ནར་མི་འགྱུར་ཏེ། རྫོགས་རིམ་གྱིས་དྲངས་པའི་ལྷའི་གསལ་སྣང་ལ་བསླབ་ཚུལ་དང་ཐུན་མཚམས་ཀྱི་བྱ་བ་བཟླས་པ་སོགས་སྦྱར་ཏེ། བསྐྱེད་རྫོགས་ཟུང་འཇུག་ཏུ་བསླབ་པའི་ཆེད་དུ་གསུངས་སོ། །འོན་ཀྱང་བསྐྱེད་རིམ་ལྟར་བསླབ་པའང་མཐའ་གཅིག་ཏུ་ནི་མི་འགོག་སྟེ། གང་ཟག་འགའ་ཞིག་བསྐྱེད་རིམ་ལྷའི་གསལ་སྣང་ཅི་རིགས་ཐོབ་ནས། ཚོགས་ཀྱི་སྤྱོད་པས་ཐུན་མོང་གི་དངོས་གྲུབ་མཁའ་སྤྱོད་སྒྲུབ་ཏེ་དངོས་དང་སྤྲུལ་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་ཅིང་། རྟེན་དེས་རྒྱལ་བ་རྣམས་མཉེས་པར་བྱས་པའི་མཐུས་རྫོགས་རིམ་ལ་ཞུགས་ཏེ་ཟུང་འཇུག་གི་སྐུ་སྒྲུབ་པ་ནི་ཡོད་པར་འདོད་དགོས་སོ། །གཉིས་པ་ཅིག་ཅར་བ་ལྟར་བཤད་པ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། དཀྱིལ་འཁོར་ལྡན་པའི་སོགས་རྐང་པ་ལྔ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཏེ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་གྱི། ཕྱིས་ལམ་གྱིས་འབྲས་བུ་གསར་དུ་བསྒྲུབས་པ་ནི་མ་ཡིན་ནོ། །ཆོས་རྣམས་ཀྱི་རང་བཞིན་དེ་ལྟར་ཡིན་ཀྱང་ཡིན་པ་ཙམ་གྱིས་ཕན་མི་ཐོགས་པས་གཞི་དེ་ལྟར་ཡིན་པ་ལམ་གྱིས་མངོན་དུ་རྟོགས་པར་བྱ་དགོས་ཏེ། དེ་ཡང་དཀྱིལ་འཁོར་སེམས་ཅན་ཐམས་ཅད་ལ་ཡེ་ནས་རང་ཆས་སུ་ལྡན་པའི་དོན་རྟོགས་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱིས་ཡེ་ནས་ཡིན་པའི་དཀྱིལ་འཁོར་དེ་ལ་ནི་དེ་ལྟར་ཡིན་ཚུལ་ཤེས་པས་དཀྱིལ་འཁོར་དུ་གསལ་འདེབས་ཤིང་བསྒོམ་པར་བྱས་ནས་རང་བཞིན་དཀྱིལ་འཁོར་དང་མཉམ་པར་སྦྱོར་བའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལས་བྱུང་བ་ནི་ཐུགས་རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་འབྲས་བུའི་དཀྱིལ་འཁོར་རོ། །གཉིས་པ་ལ་གསུམ་ལས། དང་པོ་དཀྱིལ་འཁོར་ཇི་ལྟར་ལྡན་པར་བསྟན་པ་ནི། འབྱུང་བ་སོགས་ཚིགས་བཅད་གཅིག་སྟེ། འབྱུང་བ་ལྔ་ཆ་ཕྲ་བ་ནི་ཤེས་རབ་རིགས་ཀྱི་ཡུམ་ལྔ། ཆེན་པོ་འབྱུང་བ་རགས་པ་སྟེ་ཕུང་པོ་ལྔ་རིགས་ཀྱི་ཡབ་ལྔ་ཡིན་པ་དེ་བཞིན་དུ་མིག་སོགས་དབང་པོ་བཞི་དང་། གཟུགས་སོགས་ཡུལ་བཞི་དང་། འདས་པ་སོགས་དུས་བཞི་དང་། རེག་པ་ནི་མིག་སོགས་རྣམ་ཤེས་བཞི་རྣམས་བྱང་སེམས་ཡབ་ཡུམ་དང་། གསང་བའི་དབང་པོའི་ཡུལ་རྣམ་ཤེས་གསུམ་འདུས་ཀྱི་རིག་པ་དང་བཞི་ནི་སྒོ་བ་བཞི། རྟག་ཆད་མུ་བཞི་སྒོ་མ་བཞི། ཡིད་ཆོས་ཀུན་བཟང་ཡབ་ཡུམ། ཉོན་མོངས་པ་དྲུག་ཐུབ་པ་དྲུག་སྟེ། རྟོག་པ་དང་ལྷ་དེ་དག་རྡོ་རྗེའི་ཚོགས་དབྱེར་མེད་པ་སྟེ། འགྲོ་བ་ཀུན་ལ་དེ་ལྟར་ཡེ་ནས་རང་ཆས་སུ་ལྡན་པའོ། །གཉིས་པ་རང་བཞིན་གྱི་དཀྱིལ་འཁོར་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཇི་ལྟར་བསྒོམ་ཚུལ་ནི། ཀུན་ཏུ་བཟང་པོའི་སོགས་རྐང་པ་གསུམ་སྟེ། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དུ་སངས་རྒྱས་པ་དེ་ལ། དེའི་དོན་ལེགས་པར་རྟོགས་པའི་རྣལ་འབྱོར་པ་བདག་ཉིད་ཆེན་པོས་ཡེ་ནས་ཡོད་པའི་ལྷག་པའི་བདེན་པ་དབྱེར་མེད་དགོངས་པ་ཟབ་མོ་སྟེ། ཐུགས་རང་བྱུང་གི་ཡེ་ཤེས་སྤྲོས་པའི་མཐའ་དང་བྲལ་བ་ལས་རོལ་པ་ཅིར་ཡང་སྣང་བ་ཡེ་ཤེས་ལྔར་འཆར་བའི་ཚུལ་གྱིས་ལྟ་ཞིང་བསྒོམ་པར་བྱའོ། །གསུམ་པ་དེ་ལྟར་བསྒོམ་པ་ལས་ཅིར་འགྱུར་བ་ནི། སྙིང་པོའི་སོགས་ཚིགས་བཅད་གསུམ་སྟེ། ཆོས་ཐམས་ཅད་ཀྱི་སྙིང་པོ་ཐིག་ལེ་ཉག་ཅིག་དང་གཉིས་སུ་མེད་པར་མཉམ་པར་སྦྱོར་བ་ལས་རིག་པ་རང་བྱུང་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་ཀྱི་རོལ་མོ་སྣ་ཚོགས་པར་འཆར་བའི་སྤྲིན་གྱིས་ཡེ་ཤེས་ལ་ཡེ་ཤེས་དགྱེས་པར་རོལ་པའི་ཚུལ་དུ་མཆོད་པ་དབུལ་ཞེས་བྱའོ། །དེ་ལྟར་སྣང་ཚུལ་སྣ་ཚོགས་ཡོད་ཀྱང་རྩ་བ་གནས་ལུགས་ལས་མ་གཡོས་པ་སྟེ་ཟག་པ་མེད་པའི་བསོད་ནམས་ཀྱི་སྟོབས་ཀྱིས་བསྒྲུབས་པའི་ཡེ་ཤེས་སྒྱུ་མ་ལྟ་བུར་མ་འགག་པར་རང་སྣང་བའི་རོལ་མོའི་དཀྱིལ་འཁོར་རྣམ་འགྱུར་མཐའ་ཡས་པར་འཁྲུལ་ཡང་མཆོག་ཏུ་གསང་བའི་ཐིག་ལེ་གནས་ལུགས་དེ་བཞིན་ཉིད་ཀྱི་དབྱིངས་ལས་ཅུང་ཟད་ཙམ་གཞན་དུ་གཡོས་པ་མེད་དོ། །དེ་ལྟ་བུའི་མན་ངག་དང་མན་ངག་ཅན་གྱི་ཡོན་ཏན་གང་ཞེ་ན། གནས་ལུགས་དེ་ནི་སངས་རྒྱས་ཀུན་གྱི་དངོས་གཞི་སྟེ་ཐུགས་ཀྱི་བརྣག་པའི་མན་ངག་གི་དོན་ཡིན་ལ། དེ་ལྟ་བུའི་མན་ངག་དང་ལྡན་པ་ནི་ཕྱོགས་བཅུ་དུས་བཞིར་ཚོགས་གཉིས་རྫོགས་པའི་སངས་རྒྱས་མ་ལུས་པ་ཐམས་ཅད་བདག་ཉིད་ཀྱི་ཡེ་ཤེས་ལས་མི་གཞན་པའི་ཚུལ་དུ་སྐུའི་ཞལ་མཐོང་བ་དང་། གསུང་ཆོས་ལ་དབང་བསྒྱུར་བ་དང་། ཡོན་ཏན་ཕྲིན་ལས་མཐར་ཕྱིན་པའི་མཆོག་ཉིད་དང་། ཐུགས་དབྱེར་མི་ཕྱེད་པས་བསླུ་བ་ནམ་ཡང་མེད་པའི་སྐྱབས་ཀྱི་དམ་པར་གྱུར་པ་ཡིན་ནོ། །མན་ངག་གི་གནད་འདི་ནི་སློབ་དཔོན་པདྨས་ལྟ་བའི་ཕྲེང་བར། རྟོགས་པ་བཞིའི་ལམ་གྱིས་ཡིད་ཆེས་པར་བྱ་བ་དང་། མཚན་ཉིད་གསུམ་གྱིས་དོན་མཐར་དབྱུང་བ་དང་། བསྙེན་སྒྲུབ་ཡན་ལག་བཞིས་དོན་ལྷུན་གྱིས་གྲུབ་པར་བྱ་བ་དང་། ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་འཇུག་པའི་ཐབས་བསྟན་པ་སྟེ། དོན་རྣམ་པ་བཞིར་ཕྱེ་ནས་གསུངས་པ་ལས། ཕྱི་མ་ནི་འོག་ཏུ་འཆད་པར་འགྱུར་ཞིང་། དང་པོ་གསུམ་ནི་སྔར་བཤད་པའི་གནད་དུ་འདུས་པར་གསུངས་སོ། །གཉིས་པ་ཐབས་ལམ་གདམས་ངག་གི་དབང་དུ་བཤད་པ་ལ་གཉིས་ཏེ། སྟེང་སྒོ་འཇུ་འདུལ་གྱི་མན་ངག་ལྟར་བཤད་པ་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལྟར་བཤད་པའོ། །དང་པོ་ལའང་བཞི་སྟེ། ཀུན་ཏུ་བཟང་པོའི་དང་། ཀུན་ཏུ་བཟང་མོའི་དང་། སྦྱོར་བ་དག་པའི་དང་། ཁྱབ་བརྡལ་ཆེན་པོའི་མན་ངག་གོ། །དང་པོ་ནི། དཀྱིལ་འཁོར་ལྡན་པའི་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་ཙིཏྟ་སྨུག་པོ་གུར་ཕུབ་པ་འདྲ་བའི་དབུས་སུ་རྩའི་དྭངས་མ་བརྒྱད་ཡོད་པ་རྩ་བཞིར་འདུ་སྟེ། མདུན་གྱི་གསུམ་ཆོས་ཉིད་ཀྱིི་རྩ་སྟེ་སྐྱེ་བ་མེད་པར་རང་སྣང་བའི་ལས་བྱེད་པ། གཡས་ཀྱི་རྩ་གཅིག་ཡེ་ཤེས་ཀྱི་རྩ་སྟེ་ཡེ་ཤེས་ཉེར་ལྔ་སོགས་འཆར་བའི་ལས་བྱེད་པ། གཡོན་གྱི་རྩ་གཅིག་ཡོན་ཏན་གྱི་རྩ་སྟེ་མངོན་ཤེས་དང་འབྲས་བུའི་ཆོས་རྣམས་སྣང་བའི་ལས་བྱེད་པ། རྒྱབ་ཀྱི་རྩ་གསུམ་རང་རྒྱུད་ཀྱི་རྩ་སྟེ་ཤེས་པ་རྣམས་རྨོངས་ཤིང་འཇོམས་པའི་ལས་བྱེད་དོ། །རྩ་དེ་དག་གི་སྦུབས་འོད་བཞི་དང་། དེའིཁྲོད་ན་སྦྱང་བྱ་དང་སྦྱོང་བྱེད་ཀྱི་ས་བོན་རྣམ་ཤེས་དང་བཅས་པ་རྣམས་གནས་ཏེ། ཆོས་ཉིད་ཀྱི་རྩ་ལ་འོད་ཟླུམ་པོ་དཀར་པོ། སྦྱང་བྱ་སུ་དང་ཏྲི། སྦྱོང་བྱེད་ༀ། ཀུན་གཞིའི་རྣམ་ཤེས། ཡེ་ཤེས་ཀྱི་རྩ་ལ་འོད་གྲུ་བཞི་སེར་པོ། སྦྱང་བྱ་ཨ་དང་ནྲྀ། སྦྱོང་བྱེད་ཧཱུཾ། ཡིད་ཀྱི་རྣམ་ཤེས། ཡོན་ཏན་གྱི་རྩ་ལ་འོད་ཟླ་གམ་དམར་པོ། སྦྱང་བྱ་བྲེ་དང་དུ། སྦྱོང་བྱེད་ཨཱཿ ཉོན་མོངས་པ་ཅན་གྱི་ཡིད། རང་རྒྱུད་ཀྱི་རྩ་ལ་འོད་གྲུ་གསུམ་དམར་ནག །སྦྱང་བྱ་དང་སྦྱོང་བྱེད་ཀྱི་ཡིག་འབྲུ་ནི་མེད་དོ། །སྒོ་ལྔའི་རྣམ་ཤེས་གཉིད་དང་བཅས་པ་གནས་སོ། །འདིར་ཆོས་ཉིད་དང་ཡེ་ཤེས་ཀྱི་རྩའི་འོད་དཀར་པོ་དང་སེར་པོར་བྱས་པ་ནི་དཔེ་ཆུང་རང་གནས་ཀྱི་དགོངས་པ་སྟེ། གསང་ཐིག་ལས་ནི། ཆོས་ཉིད་སེར་པོ་དང་ཡེ་ཤེས་མཐིང་གར་བཤད་དོ། །དེ་ལྟར་སྙིང་གི་དཀྱིལ་འཁོར་རྩ་ཆེན་བཞི་དང་ལྡན་པ་དེའི་ནང་ན་དྭངས་མ་ལྔའི་དཀྱིལ་འཁོར་རང་བཞིན་གྱིས་གནས་པའི་དབུས་སུ་ཡེ་ཤེས་གཉེན་པོའི་ཐིག་ལེ་མེ་ཏོག་ཀུནྡ་ལྟ་བུ་འོད་སྣ་ཚོགས་ཅིར་ཡང་མ་ངེས་པ་མཐའ་ཐམས་ཅད་ལས་གྲོལ་བ་སྟོང་གསལ་འགགས་པ་མེད་པ་བདེ་བ་ཆེན་པོའི་ངོ་བོར་བཞུགས་ཏེ། དེ་ཉིད་ནི་ཡེ་ནས་བཞུགས་པ་ལྟར་ལམ་པས་ཐིག་ལེའི་དཀྱིལ་འཁོར་ཡུངས་འབྲུ་ཙམ་འོད་ལྔའི་གོང་བུ་ཅན་གསལ་བ་ཡུལ་གྱིས་མི་འཕྲོག་པ་བསྒོམ་པར་བྱས་པས། དྭངས་མ་ལྔ་ཡེ་ཤེས་སྙིང་པོ་དང་དྲུག་ཡེ་ཤེས་དྲུག་གི་དཀྱིལ་འཁོར་དུ་རང་སྣང་བ་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་བོ། །དེ་ལ་སྤྱི་བོར་ཚངས་པའི་བུ་ག་ནས་མར་སེམས་གཏད་དེ་བསྒོམས་པས་ཡེ་ཤེས་ལྔའི་སྙིང་པོའི་དཀྱིལ་འཁོར་ཏེ་ཐིག་ལེ་འོད་འབར་བ་ལས་བྱུང་བའི་འོད་ཀྱིས་སྐུ་གསུང་ཐུགས་ཀྱི་ཡི་གེ་བསྐུལ་བ་འོད་དུ་འབར་བས་སྦྱང་བྱའི་ཡི་གེ་དྲུག་གཉིད་དང་བཅས་པ་སྦྱངས་ནས། ལས་དང་བག་ཆགས་ཐམས་ཅད་ཆོས་ཉིད་དུ་གྲོལ་ཞིང་དྭངས་མ་ལྔ་ཡེ་ཤེས་སྙིང་པོ་ལ་བསྡུས་པས་བདེ་བའི་ཡེ་ཤེས་འབྱུང་སྟེ། རླུང་སེམས་ཀྱི་དྭངས་མ་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་དེར་རྫོགས་པའི་ཚེ་སྣང་ཆ་འོད་ལྔ་དང་སྟོང་ཆ་དབྱིངས་གཉིས་རོ་གཅིག་ཏུ་འདྲེས་པས་ཚོགས་གཉིས་རྫོགས་ཏེ་སྐུ་གཉིས་མངོན་དུ་གྱུར་ནས་འཚང་རྒྱ་བའི་ཕྱིར་འདི་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའོ། །རྣལ་འབྱོར་པ་འཆི་བའི་ཚེ་རླུང་དང་དྭངས་མ་ཐམས་ཅད་དབུ་མར་འདུས་པ་ལས་རིམ་བཞིན་འཆི་སྲིད་སྟོང་པའི་འོད་གསལ་དང་རིགས་ལྔའི་ཚོམ་བུའི་སྣང་བ་འཆར་བའང་འདིའི་གནད་ཀྱིས་འབྱུང་བར་བཞེད་དོ། །གཉིས་པ་ནི། གསང་བའི་ཐིག་ལེ་སོགས་ཚིགས་བཅད་གཉིས་ཏེ། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་ན་དབྱིངས་ཕྱུག་ལྔའི་ཐིག་ལེ་ཞེས་བྱ་བ་ཡི་གེ་ཨ་ཐུང་གི་དབྱིབས་སུ་གནས་ཏེ་ཡུམ་གྱི་གསང་བའི་མཁའི་སྣ་རྩེའི་ཐིག་ལེ་དང་འབྲེལ་ནས་གནས་སོ། །དེ་ནི་ཆོས་དབྱིངས་ཟབ་མོ་གསང་བ་ཀུན་ཏུ་བཟང་མོའི་རང་བཞིན་ཉི་མའི་ཐིག་ལེ་སྟེ་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱི་མོར་གྱུར་པས་དབྱིངས་སོ། །དེའི་རང་བཞིན་ནི་ཤེས་རབ་དང་ཐབས་ཏེ། གང་ཞེ་ན་ཐིག་ལེ་དེ་ལས་འབྱུང་བ་ལྔའི་དྭངས་མ་ཆ་ཕྲ་བའི་རང་བཞིན་མེད་པའི་དབྱིངས་ནི་ཤེས་རབ་སྟེ་རིགས་ཀྱི་ཡུམ་ལྔ་དང་། ཆེན་པོ་རགས་པའི་ཆ་ནི་ཐབས་རིགས་ཀྱི་དེ་བཞིན་གཤེགས་པ་སྟེ་ཡབ་ལྔའོ། །དེ་ལྟར་ཐིག་ལེ་བྱང་ཆུབ་ཀྱི་སེམས་ཐབས་ཤེས་དབྱེར་མི་ཕྱེད་པའི་རྡོ་རྗེ་སྟེ། དེ་ལས་བྱུང་བའི་རྟོག་ཚོགས་དབང་པོ་དང་ཡུལ་དང་དུས་དང་ཡུལ་སོ་སོར་རིགས་པར་བྱེད་པའི་རྣམ་ཤེས་རྣམས་སེམས་དཔའ་དང་འཇོམས་བྱེད་ཡབ་ཡུམ་སོགས་ཐམས་ཅད་ཡེ་ཤེས་ཆེན་པོའི་ངོ་བོར་རྣམ་པར་དག་པ་ཀུན་ཏུ་བཟང་མོའི་དཀྱིལ་འཁོར་ཡིན་ལ། དེ་ཐམས་ཅད་ཀྱང་རང་བྱུང་གི་ཡེ་ཤེས་སུ་རྫོགས་པས་བདག་ཉིད་ཆེན་པོ་སྟེ། དེ་དང་ཁ་སྦྱོར་སྙིང་གའི་འཁོར་ལོ་ལ་རྒྱལ་བ་ཀུན་གྱི་ལྷག་པའི་དགོངས་པ་ཟབ་མོ་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་ཆ་ཡེ་ཤེས་ལྔ་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་སྟེ། དེའི་ལྟ་བ་ནི་སྙིང་ག་ནས་མར་ལྟེ་བའི་ཐིག་ལེ་ལ་སེམས་གཏད་དེ་བསྒོམས་པས་སྙིང་གའི་ཐིག་ལེའི་འོད་དང་དྭངས་མའི་དྲོད་རྩ་ཨ་བ་དྷུ་ཏི་ནས་མར་ནར་གྱིས་སོང་བས་དབྱིངས་ཕྱུང་ལྔའི་ཐིག་ལེར་ཕོག་སྟེ་འོད་དུ་འབར་བས་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་གསལ་བ་གྱུར། དེའི་དྲོད་སླར་ཡང་སོང་སྟེ་སྙིང་གའི་དྭངས་མ་ལ་ཐིམ་པས་དྭངས་མའི་བདེ་དྲོད་ཆེས་ཆེར་འབར་བས་ན་རགས་པའི་ལས་རླུང་གི་རྒྱུ་བ་འགགས་པས་ཐིག་ལེ་འགྲོ་འོང་མེད་པར་སྙིང་གའི་གནས་ལས་མི་གཡོ་བར་གནས་པས་བདེ་བ་ཆེན་པོ་རང་རིགས་པའི་ཡེ་ཤེས་རང་ཤར་བ་ལ་བལྟ་བྱ་ལྟ་བྱེད་མེད་པའི་ཚུལ་གྱིས་བལྟ་ཞིང་ཉམས་སུ་ལེན་པ་ནི་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་དམ་པའོ། །དེ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་བསྒོམ་པའི་མན་ངག་གོ། །གསུམ་པ་ནི། སྙིང་པོའི་ཐིག་ལེ་སོགས་རྐང་པ་གསུམ་སྟེ། དེ་ཡང་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་ན་མཁའ་འགྲོ་མ་རྔམས་མ་ཞེས་བྱ་བ་ཡི་གེ་ཨཾ་གི་རྣམ་པར་གནས་པ་ལ་བཟའ་བཏུང་གི་བཅུད་འདུས་པས་ན་སྙིང་པོའི་ཐིག་ལེ་སྟེ། སྙིང་གའི་དྭངས་མ་ཆེན་པོའི་འོད་དང་དྲོད་ཡར་སོང་སྟེ་མགྲིན་པ་ལོངས་སྤྱོད་ཀྱི་ཐིག་ལེ་ལ་ཕོག་པས་རྟོག་ཚོགས་ཀྱི་ཐིག་ལེའི་འཁྱག་པ་བཞུ་སྟེ་ཞུ་བའི་དྭངས་མ་སྙིང་གར་མཆེད། དབུགས་ཐིག་ལེར་ཐིམ་པས་རླུང་དང་རྟོག་པ་འགགས་ཏེ་འཁོར་ལོ་གཉིས་བདེ་བ་དུས་གཅིག་ཏུ་མཉམ་པར་སྦྱོར་ཞིང་། དེ་ལྟར་སྦྱར་བས་བདེ་བ་ཆེན་པོ་ལ་གནས་པའི་རང་གདངས་ཡེ་ཤེས་ལྔར་མ་འགགས་པའི་རོལ་མོ་ཡིས་དྲོད་རྩ་རླུང་གསུམ་གཅིག་ཏུ་འདྲེས་ཏེ་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་གཡོ་བར་རང་གསལ་བའི་དགྱེས་པ་ཆེན་པོ་ལ་ཡུལ་ཡུལ་ཅན་གཉིས་མེད་ཀྱི་ངང་དུ་མཆོད་པ་འབུལ་ཞེས་བྱ་སྟེ། མགྲིན་པའི་འཁོར་ལོ་བསྒོམ་པའི་མན་ངག་གོ། །བཞི་པ་ནི། ཟག་པ་སོགས་རྐང་པ་དགུ་སྟེ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་དབུས་ན་ཀུན་ཏུ་བཟང་པོ་ཟླ་བའི་ཐིག་ལེ་ཡི་གེ་ཧཾ་གི་དབྱིབས་སུ་གནས་ཏེ་དེ་བསྒོམས་པའི་སྟོབས་ཀྱིས་ཟག་པ་མེད་པའི་བདེ་བ་ཉམས་སུ་མྱོང་བའི་བསོད་ནམས་ཀྱི་ཚོགས་རྫོགས་ཏེ་དངོས་པོ་དང་མཚན་མར་འཛིན་པའི་དྲི་མ་དག་ནས་ཡེ་ཤེས་སྒྱུ་མར་རང་སྣང་བའོ། །དེ་ཡང་སྙིང་ག་ནས་མེ་སྣ་ཡར་སོང་སྟེ་ལོངས་སྤྱོད་ཀྱི་ཐིག་ལེ་ལ་ཕོག །དེ་ནས་ཡར་སྤྱི་བོ་ཚངས་པའི་བུ་ག་ནས་ཐོན་ཏེ་ཕྱོོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕོག་པས་འོད་དུ་ཞུ་ནས་ཚུར་འདུས་བདེ་ཆེན་གྱི་འཁོར་ལོ་ན་ཐིག་ལེ་ཧཾ་ཡོད་པ་ལ་ཐིམ་པས། ཧཾ་ཡང་འོད་དུ་ཞུ་བ་ལས་རྩ་འདབ་སོ་གཉིས་ཀྱི་རྟོག་ཚོགས་ཀྱི་ཐིག་ལེ་འོད་དུ་ཞུ་སྟེ། ཟག་མེད་ཀྱི་བདེ་བས་ལུས་མགོ་མཇུག་མ་ལུས་པར་ཁྱབ་ཙ་ན་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བའོ། །དེ་ཡང་རྟོགས་དཀའ་བས་གསང་བ་བཅུད་འདུས་པའི་ཐིག་ལེ་བདེ་བའི་ཡེ་ཤེས་དེ་ཉིད་ཀྱི་འབྱུང་ཁུངས་སུ་གྱུར་བས་དབྱིངས་ཞེས་བྱ་སྟེ། བདེ་བའི་ཡེ་ཤེས་དེ་ནི་སངས་རྒྱས་ཀུན་གྱི་དགོངས་པའི་དངོས་གཞིའོ། །དེ་ལྟར་རྣལ་འབྱོར་པ་བདེ་བ་ཆེན་པོའི་ཆོས་ཀྱི་སྐུར་གྱུར་པ་ན་ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་པའི་སངས་རྒྱས་ཀུན་གྱི་སྐུ་དང་གསུང་དང་ཡོན་ཏན་ཕྲིན་ལས་དང་ཐུགས་རྣམ་པ་ལྔའམ་ཉེར་ལྔ་མ་ལུས་པ་བདག་ཉིད་ཀྱི་ཞལ་བདག་ཉིད་ཀྱིས་མཐོང་བའོ། །དེས་ནི་རིག་པ་ལ་རང་དབང་སྒྱུར་བའི་ཕྱིར་ན་ལམ་གྱི་ནང་ནས་མཆོག་ཉིད་དང་ཐབས་ཀྱི་ནང་ནས་དམ་པ་ཡིན་ཏེ། སྤྱི་བོའི་འཁོར་ལོ་བསྒོམ་པའི་མན་ངག་གོ། །མདོར་ན་འཁོར་ལོ་བཞིའི་དྭངས་མའི་དྭངས་མ་རྣམས་འཁོར་ལོ་བཞིའི་ལྟེ་བའི་དྭངས་མ་གཡོ་བྱེད་དང་བྲལ་བའི་འོད་གསལ་ལ་ཚུར་ཐིམ་པས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་གཅིག་དང་དུ་མ་མེད་པའི་ཆོས་ཉིད་མཆོག་ཏུ་མི་འགྱུར་བའི་འོད་གསལ་འཆར་བ་ཡིན་ནོ། །གཉིས་པ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལྟར་བཤད་པ་ལ་གསུམ་སྟེ། ཐབས་ཉིད་ཤེས་རབ་ཏུ་དང་། ཤེས་རབ་ཉིད་ཐབས་སུ་དང་། ཐབས་ཤེས་དབྱེར་མེད་དུ་སྦྱོར་བའོ། །དང་པོ་ནི། དཀྱིལ་འཁོར་ལྡན་པའི་སོགས་ཚིགས་བཅད་གཅིག་སྟེ། གསང་བའི་དཀྱིལ་འཁོར་བདེ་བའི་ཡེ་ཤེས་ཀྱི་རོ་དང་ལྡན་པའི་དོན་དེ་ཉིད་གསང་བའི་ལུང་མན་ངག་རིག་པ་གསུམ་གྱིས་གཏན་ལ་ཕབ་སྟེ། རྟོགས་པར་བྱེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་བཞི་བསྒོམ་པའི་དཀྱིལ་འཁོར་ལ་ནི་བདེ་བའི་ཡེ་ཤེས་བསྐྱེད་པར་བྱེད་པའི་དཀྱིལ་འཁོར་བསྒོམ་པའོ། །དེ་ཡང་ཡུམ་གྱི་མཁའ་དང་སྐྱེ་མཆེད་རྣམས་ལྷ་སྔགས་སུ་བྱིན་གྱིས་བརླབས་ཏེ་སྦྱོར་བའི་བརྡའ་བསྣོལ་མར་བསྐུལ་ཞིང་ཡབ་ཐབས་ཀྱི་དཀྱིལ་འཁོར་དང་ཡུམ་ཤེས་རབ་ཀྱི་དཀྱིལ་འཁོར་གཉིས་སུ་མེད་པར་རོལ་པ་ལས་བདེ་བའི་ཡེ་ཤེས་བྱུང་བའོ། །ཡབ་ཀྱི་ཟླ་བ་བྱང་ཆུབ་ཀྱི་སེམས་ལ་དོན་དམ་གྱི་ཡེ ཤེས་སྐྱེ་བ་ནི་མི་དམིགས་མཐའ་དང་བྲལ་བས་ཐུགས་ཀྱི་དཀྱིལ་འཁོར་རོ། །ཡབ་ཀྱི་ཐིག་ལེ་རྡོ་རྗེ་བུམ་པའི་ནང་ན་གནས་པའི་དུས་ན་ཁམས་ལྔའི་བཅུད་འདུས་ཤིང་ཡེ་ཤེས་ལྔའི་དཀྱིལ་འཁོར་དུ་རང་སྣང་བས་ན་དཀྱིལ་འཁོར་གྱི་མཆོག་སྟེ། དེ་ནི་ཐབས་ཉིད་ཤེས་རབ་ཏུ་སྦྱོར་བའོ། །གཉིས་པ་ནི། གསང་བའི་ཐིག་ལེ་སོགས་ཚིགས་བཅད་གཉིས་ཏེ། དེའི་ཚེ་ཡུམ་གྱི་ཉི་མ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལ་རྩ་གནས་ཐམས་ཅད་ཀྱི་བཅུད་འདུས་པ་དེ་རྟོག་དཀའ་བས་གསང་བའི་ཐིག་ལེ་དེ་ཉིད་ཐབས་ཀྱིས་མ་ཟིན་པ་ལས་འཁོར་བ་འབྱུང་བའི་རྒྱུར་འགྱུར་ལ། ཐབས་ཀྱིས་ཟིན་ན་རྟོག་ཚོགས་སྐུ་དང་ཡེ་ཤེས་སུ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་དབྱིངས་སོ། །དེ་ཇི་ལྟར་འབྱུང་ཞེ་ན། འབྱུང་ལྔ་ཆ་ཕྲ་བ་ཤེས་རབ་སྟེ་རིགས་ཀྱི་ཡུམ་ལྔ་དང་ཆེན་པོ་ནི་ཕུང་པོ་ལྔ་སྟེ་རིགས་ཀྱི་ཡབ་ལྔ་ཉིད་དུ་ལྷུན་གྱིས་གྲུབ་ཅིང་། བྱང་ཆུབ་སེམས་ཀྱི་བདེ་བས་རྟོག་ཚོགས་ཐམས་ཅད་ནི་སྐུ་དང་ཡེ་ཤེས་ཀྱི་རྡོ་རྗེ་དབྱེར་མི་ཕྱེད་པའི་ཚོགས་སོ། །དེའང་དབང་པོ་ཡུལ་དུས་རིག་པ་རྣམས་ལྷར་ཡོངས་སུ་དག་པས་སྤྱོད་ཡུལ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ་སེམས་ལྔ་མཐར་ཕྱིན་པའི་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཟག་པ་མེད་པའི་བདག་ཉིད་ཆེན་པོ་སྐྱེས་པ་དེ་ཉམས་སུ་མྱོངས་བས་ལྷག་པའི་ཐུགས་ཀྱི་དགོངས་པའི་ངོ་བོ་བདེ་བ་ཆེན་པོའི་རོ་ཡེ་ཤེས་ལྔར་འཆར་བ་ལ་བལྟ་བྱ་ལྟ་བྱེད་མེད་པའི་ཚུལ་གྱིས་བལྟ་ཞིང་ཡུམ་གྱི་ཉི་མ་བྱང་སེམས་པདྨའི་ཟེའུ་འབྲུར་གནས་པའི་ཚེ་ཉི་མ་བྱང་སེམས་དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་གསལ་བ་ནི་ཤེས་རབ་ཉིད་ཐབས་སུ་སྦྱོར་བའོ། །གསུམ་པ་ནི། སྙིང་པོའི་ཐིག་ལེ་སོགས་ཚིག་བཅད་གསུམ་སྟེ། ཡབ་ཡུམ་གྱི་རྩ་ཐམས་ཅད་ཀྱི་བཅུད་འདུས་པའི་ཉི་ཟླ་གཉིས་སུ་མེད་པའི་ཐིག་ལེ་ལ་སྙིང་པོའི་ཐིག་ལེའོ། །ཡབ་ཀྱི་ཟླ་བ་བྱང་ཆུབ་ཀྱི་སེམས་དང་། ཡུམ་གྱི་ཉི་མ་བྱང་ཆུབ་ཀྱི་སེམས་གཉིས་རོ་མཉམ་ཞིང་གཉིས་མེད་དུ་སྦྱོར་བས། མཐའ་གཉིས་ལས་གྲོལ་བའི་དངོས་པོ་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་དེ་ལམ་པས་ཉམས་སུ་མྱོང་ཞིང་ཚིམ་པས་ན་རོལ་མོའི་ཡེ་ཤེས་ཞེས་བྱའོ། །དགའ་བ་བཅུ་དྲུག་གི་རིམ་པས་མས་ལྡོག་གི་བདེ་བའི་ཡེ་ཤེས་ཉམས་སུ་མྱོང་བས་རབ་ཏུ་དགྱེེས་པར་གྱུར་པའི་དཀྱིལ་འཁོར་ལ་བདེ་སྟོང་གཉིས་སུ་མེད་པའི་མཆོད་པ་འབུལ་ཞེས་བྱའོ། །དེ་ལ་ཉོན་མོངས་པ་དང་རྣམ་རྟོག་གི་ཟག་པ་མེད་པའི་ཡེ་ཤེས་ཀྱི་རོ་མ་འགགས་པར་མྱོང་བ་བསོད་ནམས་ཀྱི་ཚོགས་ཀྱིས་བདེ་བའི་ཡེ་ཤེས་སྣང་ལ་འཛིན་མེད་སྒྱུ་མ་ལྟ་བུ་ཉམས་སུ་མྱོང་བས་འདོད་ཆགས་ཉིད་བདེ་བའི་ཡེ་ཤེས་སུ་རང་སྣང་ལ། དེ་ཉིད་སྐུ་དང་ཡེ་ཤེས་སུ་གསལ་བས་ཡིད་ཆེས་ཚིམ་པར་བྱེད་པས་ན་རོལ་མོའི་དཀྱིལ་འཁོར་ཏེ། དེ་ཉིད་བསམ་གྱིས་མི་ཁྱབ་པས་ན་མཐའ་ཡས་པའི་མཆོག་གོ། །ཉི་ཟླ་གཉིས་མེད་ཀྱི་ཡེ་ཤེས་རྟོགས་དཀའ་བ་གསང་བའི་ཐིག་ལེ་དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པས་ན་དབྱིངས་སོ། །དེ་ལ་ཐབས་ཤེས་གཉིས་མེད་དུ་སྦྱོར་བ་སྟེ་བདེ་བའི་ཡེ་ཤེས་དེ་ནི་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་དགོངས་པའི་དངོས་གཞི་ཡིན་ནོ། །དེ་ཐོབ་པའི་ཚེ་ཕྱོགས་བཅུ་དུས་བཞིའི་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་བུའི་ཆོས་ཉི་ཤུ་རྩ་ལྔ་མ་ལུས་པ་མཐར་ཕྱིན་པར་མངོན་དུ་བྱས་ཤིང་འགྲུབ་པར་འགྱུར་བ་ཡིན་ཏེ་མཐོང་བ་མེད་པའི་ཚུལ་གྱིས་བདག་ཉིད་ཀྱི་ཞལ་དུས་གཅིག་ཏུ་མཐོང་བ་ཞེས་བྱའོ། །དེ་ནི་འདོད་ཆགས་བདེ་བའི་ཡེ་ཤེས་སུ་དབང་སྒྱུར་བར་བྱེད་པའི་ལམ་གྱི་ནང་ནས་མཆོག་ཉིད་ཡིན་ལ་ཐབས་ཀྱི་ནང་ནས་དམ་པ་ཡིན་ནོ། །དེ་ལྟར་ཐིག་ལེ་ཉམས་སུ་མྱོང་ཚེ་གནས་སྐབས་ལ་ལྟོས་པའི་དགའ་བ་བཞི་ནི། སྙོམས་པར་ཞུགས་པས་དང་པོ་ཐིག་ལེ་གནས་ནས་གཡོས་པ་ནི་དགའ་བ། བདེ་བ་ཉམས་སུ་མྱོང་བ་ནི་མཆོག་དགའ། བདེ་བའི་ངོ་བོར་སེམས་འགགས་པས་སྟོང་པར་གྲོལ་བ་ནི་དགའ་བྲལ། རང་བཞིན་གསང་བའི་སྙིང་པོ་བདེ་སྟོང་དབྱེར་མེད་ཉམས་སུ་མྱོང་བ་ནི་ལྷན་སྐྱེས་ཀྱི་དགའ་བ་སྟེ། ལུགས་འབྱུང་ལུགས་ལྡོག་གི་འགྲོས་ཀྱིས་དགའ་བ་བཞི་བཞི་ལུས་ཀྱི་གནས་བཞི་ལ་ཡང་སྦྱར་ནས་གསུངས་སོ། །དེ་རེ་རེ་ལའང་དགའ་བའི་དགའ་བ་སོགས་དགའ་ཆུང་བཅུ་དྲུག་ཡོད་དེ། དེ་ལྟར་ཡས་བབས་ཀྱི་དགའ་བཞིས་རྒྱུའི་ས་ལམ་དང་མས་བརྟན་ལ་འབྲས་བུའི་ས་ལམ་དང་ཁྱད་པར་གྱི་ས་གསུམ་དང་བཅས་པ་སྦྱར་ཤེས་པར་བྱའོ། །དེ་ལྟར་གཞུང་འདི་ཉིད་ཐུགས་ཐིག་དང་གསང་ཐིག་གི་དགོངས་པ་ལྟར་རྟེན་གྱི་གང་ཟག་འདོད་ཆགས་ཅན་གྱི་ལམ་གྱི་ཆ་རྐྱེན་ཚང་བར་བསྟན་པ་ཡིན་ནོ། །གསུམ་པ་མངོན་དུ་གྱུར་པའི་འབྲས་བུ་ནི། དཀྱིལ་འཁོར་ལ་གནས་སོགས་ཚིགས་བཅད་གཉིས་ཏེ། དེ་ལྟར་ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བློ་བརྟན་པར་གནས་པའི་སྟོབས་ཀྱིས་བདག་དོན་དུ་རང་བཞིན་ཉིད་ཀྱི་དཀྱིལ་འཁོར་གཞིའི་གནས་ལུགས་དེ་ཉིད་མངོན་དུ་རྫོགས་པའི་འབྲས་བུ་མཐར་ཕྱིན་རྒྱལ་བའི་དཀྱིལ་འཁོར་དེ་ཉིད་རང་རིག་ལ་མངོན་སུམ་དུ་སྣང་བས་ན་ལྷུན་གྱིས་གྲུབ་པའོ། །དེས་ན་རང་རིག་པའི་གནས་ལུགས་ཀྱི་རྒྱན་དུ་དཀྱིལ་འཁོར་བདུན་གྱིས་བསྡུས་པའི་ཆོས་མ་ལུས་པ་ཐམས་ཅད་མ་འདྲེས་ཡོངས་སུ་རྫོགས་པར་རང་སྣང་བས་ན་ཐོགས་ཞེས་བྱའོ། །འོ་ན་རྒྱལ་བའི་སྣང་ངོ་ལ་ཆོས་ཐམས་ཅད་གནས་ལུགས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་གདུལ་བྱ་སེམས་ཅན་གྱི་སྣང་བ་མེད་པའི་ཕྱིར་ཐུགས་རྗེ་ཇི་ལྟར་འབྱུང་སྙམ་ན། དེ་ཡང་གཞི་རང་བཞིན་དང་འབྲས་བུ་རྫོགས་པའི་དཀྱིལ་འཁོར་གཉིས་རང་རིག་པའི་བདག་ཉིད་དུ་མཉམ་པར་སྦྱོར་བས། གདུལ་བྱ་འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་རྒྱལ་བ་རང་ལས་མི་གཞན་པས་ན་ཐུགས་རྗེའི་དཀྱིལ་འཁོར་དུ་རང་སྣང་བས་མ་བཙལ་ལྷུན་གྲུབ་ཏུ་ཡོངས་ཀྱིས་འབྱུང་སྟེ། གང་ཞེ་ན། ཕྱོགས་བཅུ་དུས་བཞིས་བསྡུས་པ་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་དུ་རང་སྣང་ནས་གདུལ་བྱ་གང་ཡང་མི་འདོར་བར་འདུལ་བའི་ཕྱིར་སྡུག་བསྔལ་ལས་སྐྱོབས་པའི་མགོན་ཞེས་བྱའོ། །ཚུལ་ཇི་ལྟར་ན། དཔེ་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་གླང་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་བཞིན་ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་གཟུགས་སྐུ་གཉིས་སུ་སྣང་ནས་འགྲོ་བ་སྒྲོལ་བར་བྱེད་པ་ཡིས་དོན་བྱ་བའི་ཡུལ་བྱེད་པའི་མཁན་པོ་དོན་བྱས་པའི་དངོས་པོ་དང་གསུམ་དུ་འཛིན་པ་མེད་པར་རང་རིགས་པའི་དཀྱིལ་འཁོར་དུ་སྤྱོད་དོ། །གཉིས་པ་དོན་བསྡུ་བ་ནི། ཡེ་ཤེས་རྫོགས་པའི་སོགས་རྐང་པ་ལྔ་སྟེ། དེ་ཡང་གཞི་རང་བྱུང་གི་ཡེ་ཤེས་ལ་འབྲས་བུའི་ཆོས་ཐམས་ཅད་ཡེ་ནས་རྫོགས་པའི་དཀྱིལ་འཁོར་གཞི་མ་བཅོས་པ་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ནས་གནས་ཀྱང་། རང་གི་རྟོག་པས་བསྒྲིབས་ནས་མ་རྟོགས་པ་དེ་རྟོགས་པར་བྱེད་པའི་ཐབས་ཐོས་པའི་ཤེས་རབ་ཀྱིས་ཐེ་ཚོམ་ཤེས་པར་བྱེད་ཅིང་། བསམ་པའི་ཤེས་རབ་ཀྱི་ཐེ་ཚོམ་སེལ་བར་བྱེད་ལ། སྒོམ་པའི་ཤེས་རབ་ཀྱིས་ཐེ་ཚོམ་ཆོད་པར་བྱས་པས་ཏེ། དེ་ཡང་ཐོས་པས་མིང་དང་། བསམ་པའི་མིང་དོན་གཉིས་ཀ་དང་། སྒོམ་པས་དོན་འབའ་ཞིག་ལ་མཉམ་པར་སྦྱོར་བའི་ཐབས་ཀྱིས། རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་རིག་པའི་མངོན་སུམ་དུ་གསལ་བ་ནི་འཁོར་འདས་ཀྱི་ཆོས་ཀུན་ལ་ངམ་པ་སྟེ། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་རང་སྣང་བའོ། །དེ་ལྟར་གསང་བའི་སྙིང་པོའི་ལམ་གྱི་ཚུལ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་འབྲས་བུའི་ངོ་བོ་ཉིད་ཐོབ་པར་བྱེད་པ་ལས་འདའ་བར་མི་མཛད་པས་ན་དམ་ཚིག་གི་མཆོག་ཅེས་བྱའོ། །གཉིས་པ་དེ་གཞན་ལས་འཕགས་པའི་ཆེ་བ་བཤད་པ་ལ་གཉིས་ཏེ། སྒྲུབ་པ་པོ་གང་ཟག་གི་ཆེ་བ་དང་། སྒྲུབ་ཐབས་ལམ་གྱི་ཆེ་བའོ། །དང་པོ་ནི། གང་ཞིག་སོགས་རྐང་པ་ལྔ་སྟེ། སྡིག་པའི་གྲོགས་དང་བྲལ་བས་བློ་ཕྱིན་ཅི་མ་ལོག་པའི་གང་ཟག་གང་ཞིག་རྒྱུད་སྡེ་ཟབ་མོ་འདི་འབའ་ཞིག་ལམ་ཉམས་སུ་ལེན་ཚུལ་འདི་ལ་མོས་པར་གྱུར་བ་ཙམ་ཡང་སངས་རྒྱས་ཀྱི་དཀྱིལ་འཁོར་ཕྱོགས་བཅུར་བཞུགས་པ་ཐམས་ཅད་ཀྱིས་ཕྱོགས་དང་དུས་ཀུན་ནས་གཟིགས་ཏེ། རྣམ་པ་ཐམས་ཅད་དུ་གསང་བའི་དཀྱིལ་འཁོར་མ་ལུས་རྒྱུད་ལ་བསྙེན་ཏེ་ཐོབ་པར་བྱེད་པའི་ཉེ་བའི་སྲས་སུ་དགོངས་པར་འགྱུར་ཏེ། དཔེར་ན་སངས་རྒྱས་ཀྱི་སྲས་ཉན་རང་སོགས་ཡིན་ལ་ཆོས་མཐུན་བཞིས་བྱང་ཆུབ་སེམས་དཔའ་རྣམས་ཡིན་པ་བཞིན་ནོ། །གཉིས་པ་ལ་བཞི་སྟེ། ལམ་ཀུན་གྱི་འབྲས་བུ་ཡིན་པའི་དང་། རྒྱལ་བའི་གཤེགས་ཤུལ་ཡིན་པའི་དང་། རྣལ་འབྱོར་པ་རྣམས་ཀྱི་ལམ་ཡིན་པའི་དང་། རྒྱལ་བའི་དགོངས་པའི་ཞེ་ཕུག་ཡིན་པའི་ཆེ་བའོ། །དང་པོ་ནི། བསྐལ་པ་སོགས་ཚིགས་བཅད་གཅིག་སྟེ། དུས་བསྐལ་པ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲན་གྱི་གྲངས་དང་མཉམ་པ་དེ་ཉིད་དུ་རྒྱུའི་ཐེག་པར་ཤིན་ཏུ་བློ་སྦྱངས་པ་ལ་རབ་ཏུ་གནས་ཤིང་བརྩོན་པ་དང་། གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་མ་ལུས་པ་བསྙེན་ཅིང་སྒྲུབ་པ་དེ་ཐམས་ཅད་ཀྱིས་དོན་དུ་གཉེར་བྱའི་འབྲས་བུ་འཚང་རྒྱ་བ་ལ་ལམ་གསང་ཆེན་བླ་ན་མེད་པའི་ཐེག་པ་འདི་ཁོ་ན་ལ་རག་ལས་པ་ཡིན་ཏེ་གཞན་མེད་དོ། །གཉིས་པ་ནི། འཇིག་རྟེན་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་གནས་ན་འདས་པ་དང་ད་ལྟར་བྱུང་བའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་པས་རྒྱུའི་ཐེག་པའི་སྒོ་ནས་དཀའ་བ་མང་དུ་སྤྱད་ཀྱང་འབྲས་བུ་མཐར་མ་ཕྱིན་པས་དེ་དག་གསང་བའི་སྙིང་པོའི་ལམ་འདི་བསྙེན་པའམ་བརྟེན་ནས་གཟོད་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །དེའི་ཕྱིར་ན་རྒྱལ་བའི་གཤེགས་ཤུལ་ཡིན་པའོ། །གསུམ་པ་ནི། འབྱུང་དང་སོགས་རྐང་པ་གཉིས་ཏེ། ད་ལྟར་བྱུང་བའི་རྣལ་འབྱོར་པ་རྣམས་དང་མ་འོངས་པ་ན་འབྱུང་བར་འགྱུར་བའི་རྣལ་འབྱོར་པ་ཐམས་ཅད་ཀུན་ཀྱང་རང་བཞིན་གསང་བའི་སྙིང་པོའི་དོན་རྟོགས་པ་འདི་ཡིས་སྐུ་ལྔ་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཐོབ་པར་འགྱུར་བས་ན་མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཡིན་པའོ། །བཞི་པ་ནི། འདི་ནི་སོགས་རྐང་པ་ལྔ་སྟེ། རང་བཞིན་གསང་བའི་སྙིང་པོ་འདི་ནི་ཡེ་ནས་གནས་པའི་ཆ་ནས་གཞི། དེ་ཉིད་ཉམས་སུ་ལེན་པའི་ཆ་ནས་ལམ། དེ་མངོན་དུ་གྱུར་བའི་ཆ་ནས་འབྲས་བུ་སྟེ། དེ་ལྟར་མཚན་སོ་སོར་བཏགས་ཀྱང་ངོ་བོ་ཉིད་གཅིག་པ་སྟེ། ཐ་མི་དད་པ་ནི་ཐེག་པ་ཐུན་མོང་བ་རྣམས་ཀྱི་བློའི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་ཆེན་ཞེས་བྱའོ། །དེས་ན་ངེས་པའི་དོན་མཐར་ཐུག་པ་འདི་ནི་འབྲས་བུ་ཡང་ཡིན་ལ། དེ་ཉིད་ཉམས་སུ་ལེན་པའི་ཆ་ནས་ལམ་དུ་ཡང་གྱུར་པ་ཡིན་ནོ། །དེའི་ཕྱིར་རྟོགས་པ་མངོན་གྱུར་གྱི་རྒྱལ་བའི་དཀྱིལ་འཁོར་ལྷག་མ་མ་ལུས་པ་རྣམས་ཀྱི་དགོངས་པའི་ཞེ་ཕུགས་ཡང་འདི་ཡིན་ལ། འདི་ལས་གསང་བའི་ངེས་དོན་ཐུགས་ཀྱི་བརྣག་བྱར་གྱུར་པ་གཞན་མེད་དེ། དེས་ན་གཞན་ནས་བཙལ་ཀྱང་རྟོགས་པ་མངོན་དུ་གྱུར་པའི་རྒྱལ་བས་ཀྱང་ཐོབ་པར་བྱར་མེད་པས་ན་མི་བརྙེས་སོ། །དེའི་ཕྱིར་ན་དགོངས་པའི་ཞེ་ཕུགས་ཡིན་པའོ། །དེ་ལ་འཕྲོས་ནས་ཁ་ཅིག་ན་རེ། གསང་སྔགས་མ་ཧཱ་ཡོ་གའི་ལུགས་ཀྱི་འབྲས་བུ་ལ་ལམ་དུ་བྱེད་དམ་མི་བྱེད། མི་བྱེད་ན་གཞུང་འདི་དང་འགལ། བྱེད་ན་སྨིན་པ་ལམ་དུ་བྱེད་དམ། མ་སྨིན་པ་ལམ་དུ་བྱེད། སྔ་མ་ལྟར་ན་ཐུག་མེད་དུ་འགྱུར་ཏེ། སྨིན་པ་ལམ་དུ་བྱེད་པའི་ཕྱིར། རྟགས་དེ་ཁས་བླངས་ཤིང་། ཁྱབ་པ་ཚད་མས་གྲུབ་སྟེ། ན་ནིང་གི་འབྲས་བུ་ད་གཟོད་ཀྱི་ས་བོན་དུ་གྱུར་པ་བཞིན་ནོ། །འདོད་པར་མི་ནུས་སོ། །ཕྱི་མ་ལྟར་ན་འབྲས་བུ་ལམ་དུ་བྱེད་པ་མ་ཡིན་པར་འགྱུར་ཏེ། མ་སྨིན་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། བསྐྱེད་བྱ་སྐྱེད་བྱེད་རྒྱུ་འབྲས་ཀྱི་དབང་དུ་བྱས་ན་དེ་ལྟར་ཡིན་ཀྱང་། འདིར་ངོ་བོ་ཉིད་ཀྱི་རྒྱུ་འབྲས་ཀྱི་དབང་དུ་འབྲས་བུ་ནི་ཡེ་ནས་སྨིན་ཟིན་ཡིན་ལ། ཡིན་པ་ལ་ཡིན་པ་ལྟར་ཉམས་སུ་ལེན་པ་ནི་ལམ་དུ་བྱེད་པའོ། །དེའི་དགོས་ཆེད་ནི་ཡིན་པ་ལ་ཡིན་པ་ལྟར་མངོན་དུ་གྱུར་བའོ། །དེའི་ཕྱིར་ན་གཞི་ལམ་འབྲས་བུ་ངོ་བོ་ཐ་མི་དད་པར་རྟོགས་ཤིང་ཉམས་སུ་ལེན་པ་ནི་འབྲས་བུ་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་ནོ། །གལ་ཏེ་ལན་རྣལ་མས་མི་ལོ་ན་ཚེས་བརྒྱད་ཀྱི་ཟླ་བ་འདི་ཟླ་བ་ཡིན་ནམ་མ་ཡིན་ཞེས་པའམ། བུ་ཆུང་མི་ཡིན་ནམ་མིན་ཞེས་མགོ་བསྒྲེའོ་ཞེས་རྒྱ་གབ་གོང་པ་གསུངས་སོ། །གསུམ་པ་ཡུལ་གང་ལ་གདམས་པའི་སྣོད་བཤད་པ་ལ་གཉིས་ཏེ། སྣོད་དང་ལྡན་པ་ལ་སྦྱིན་པ་དང་། སྣོད་མིན་ལ་མི་སྦྱིན་པར་བསྟན་པའོ། །དང་པོ་ནི། ཀུན་གྱི་སོགས་རྐང་པ་ལྔ་སྟེ། རྒྱལ་བ་ཀུན་གྱི་དགོངས་པའི་དངོས་གཞི་ཕྱག་རྒྱ་ཆེན་པོ་མཆོག་གི་རང་བཞིན་གསང་བའི་སྙིང་པོ་འདི་སུའི་སྤྱོད་ཡུལ་ཡིན་ཞེ་ན། ཐོས་པའི་ཤེས་རབ་རྔམ་པོ་ཟན་ཟ་བ་ལྟ་བུ་དང་། བསམ་པའི་ཤེས་རབ་གཟོན་མོ་ཤ་ཟ་བ་ལྟ་བུ་དང་། སྒོམ་པའི་ཤེས་རབ་བུ་ཆུང་ཞུན་མར་ཟ་བ་ལྟ་བུ་སྟེ། དེ་ལྟར་ཤེས་རབ་གསུམ་ལ་བློ་སྦྱངས་པའི་སྟོབས་ཀྱིས་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བ་ནི་ཤེས་རབ་ཀྱི་མིག་སྟེ། དེ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་རྒྱུད་འདི་ཟུངས་ཤིག་ཅེས་པའོ། །དེ་ཡང་གཞི་དད་པ་མེད་པ་སྣོད་ཁ་སྦུབས་པའི་སྐྱོན། གྲོགས་བརྩོན་འགྲུས་མེད་པ་སྣོད་ཞབས་བརྡོལ་གྱི་སྐྱོན། མན་ངག་ཟབག་མོ་གསང་མི་ཐུབ་པ་སྣོད་གཞོག་རལ་གྱི་སྐྱོན། ཆགས་སྡང་དང་ཕྲག་དོག་ལ་སོགས་པའི་ཕྱིར་དུ་ཆོས་བྱེད་པ་སྣོད་དུག་ཅན་གྱི་སྐྱོན། དེ་ལྟར་སྣོད་ཀྱི་སྐྱོན་བཞི་དང་བྲལ་བ། ཤེས་རབ་དང་སྙིང་རྗེ་སོགས་ཐུབ་པས་སྣོད་ཀྱི་ཡོན་ཏན་ལྔ་དང་ལྡན་པ་སྟེ། གང་ཞེ་ན། ངང་ཆུ་བོ་ཆེན་པོའི་རྒྱུན་བཞིན་རིང་བ། ཚུལ་དགེ་སློང་གསར་བུ་ལྟར་ཞིབ་པ། བསམ་པ་རིན་པོ་ཆེ་གསེར་ལྟར་བཟང་བ། བློ་རི་རབ་ལྟར་བརྟན་ཅིང་མི་འགྱུར་བའོ། །ཡང་ན་ཅིས་ཀྱང་སེམས་མི་འཁྲུགས་པས་ངང་བཟང་བ། སྐྱེ་བོ་རྣམས་ཀྱི་སྤྱོད་པ་ལས་ལྡོག་པས་ཚུལ་ཤེས་པ། བློ་མི་འགྱུར་བས་རབ་ཏུ་བརྟན་ཅིང་། ལུས་དང་ལོངས་སྤྱོད་ཐམས་ཅད་ཆོས་ཕྱིར་སེར་སྣ་མེད་པར་གཏོང་ཕོད་པ་ལ་རྒྱུད་འདི་སྦྱིན་པར་བྱའོ། །གཉིས་པ་ནི། གཞན་དུ་སོགས་ཚིགས་བཅད་གཅིག་སྟེ། དེ་ལས་གཞན་དུ་སྣོད་མིན་ལ་ནམ་ཡང་སྦྱིན་པར་མི་བྱ་སྟེ། ཉེས་པ་ཆེན་པོ་བསྐྱེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། རྨོངས་པ་ལ་འཕྱར་བས་གསང་མི་ཐུབ་པར་གལ་ཏེ་སྦྱིན་ན་མ་དང་མཁའ་འགྲོའི་བཀའི་ཆད་པས་འཆི་བའི་དུས་མིན་པར་གློ་བུར་དུ་ནི་སྲོག་གི་དབང་པོ་ཟད་ནས་ཚེའི་དུས་བྱེད་ཅིང་། ཤི་མ་ཐག་ཚ་དམྱལ་གྱི་མེས་བསྲེགས་པ་དང་། གྲང་དམྱལ་གྱིས་ཆུས་སྦྲེབས་པར་བྱེད་པའི་སྡུག་བསྔལ་ལ་ཡུན་རིང་གནས་ཏེ་ཉམ་ཐག་པར་འགྱུར་རོ། །དེ་ཡང་འགྲེལ་པ་སྤར་ཁབ་ལས། བསྐལ་པ་ཆེན་པོ་གསུམ་དུ་དམྱལ་བར་གནས་སོ། །དེ་ལས་ཐར་ནས་བསྐལ་པ་གཉིས་སུ་ཡི་དྭགས་སུ་གནས་སོ། །དེ་ནས་ཀྱང་སངས་རྒྱས་ཀྱི་སྒྲ་ཐོས་པར་དཀའོ། །ཞེས་གསུངས་སོ། །འོ་ན་གོང་དུ། ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །ཞེས་པ་དང་། འདིར། སྣོད་ལྡན་ངང་ཚུལ་བཟང་ལ་སྦྱིན། །ཞེས་པ་གཉིས་ལྡབས་སོ་ཞེ་ན། སྐྱོན་མེད་དེ། གོང་མ་ནི་ཐེག་པ་འོག་མ་རྣམས་ལ་སྦྱངས་པའི་འབྲས་བུ་འདི་ཉིད་འགྲུབ་ཚུལ་གྱི་སྒོ་ནས་སྨོས་པ་ཡིན་ལ། སྐབས་འདིར་ནི་སྣོད་ཀྱི་སྐྱོན་དང་ཡོན་ཏན་བསྟན་པ་ཡིན་པས་སོ། །ཡང་ཁ་ཅིག་ན་རེ། ལེའུ་ལྔ་པར་ཡོ་བྱད་ལྡན་ཞེས་གྲོལ་ལམ་རིམ་གྱིས་པའི་ཚོགས་སྒྲུབ་གཅིག་བསྟན། དགུ་པར་ཡང་ཆོ་ག་ལྔ་ནི་ཞེས་སོགས་ཀྱིས་ཚོགས་སྒྲུབ་གཅིག་བསྟན། བཅུ་གཅིག་པ་དང་བཅུ་གཉིས་པར་ཡང་ཡན་ལག་མ་ཉམས་སོགས་ཀྱིས་ཚོགས་སྒྲུབ་བསྟན། བཅུ་གསུམ་པ་འདིར་ཡང་བྱུང་བས་དེ་དག་ཟློས་སོ་ཞེ་ན། དགོས་ཆེད་སོ་སོའི་དབང་གིས་མི་ཟློས་ཏེ། ལྔ་པར་ནི་རྒྱུ་ཚང་བས་ཕྱག་རྒྱ་གཅིག་སྤྲོས་ལས་སུ་རུང་ནས་ཡི་གེ་སྒྱུ་འཕྲུལ་བསྒྲུབས་པས་དངོས་གྲུབ་གཉིས་ཀྱི་ཐོབ་ཚུལ་ཡིན་ལ། དགུ་པར་ཟབ་མོོའི་དབང་ཐོབ་ནས་ཚོགས་སྒྲུབ་པའི་གནས་སྐབས་སུ་ཚེ་དབང་དང་མཐར་ཐུག་ཏུ་སྐུ་ལྔ་ལ་སྦྱོར་བའི་དུས་གཙོ་བོར་བསྟན་པ་ཡིན་ཅིང་། བཅུ་གཅིག་པ་དང་བཅུ་གཉིས་པར་གཞི་ཕུན་སུམ་ཚོགས་པ་ལྔ་དང་ཐབས་བསྙེན་བསྒྲུབ་བཞི་རྒྱས་པར་བསྟན་པས་སྒྲུབ་པའི་ཡན་ལག་ཚང་ཞིང་། གཙོ་བོར་མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལ་སྤྱོད་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་སྦྱོར་ཚུལ་ཡིན་ལ། བཅུ་གསུམ་པ་འདིར་ནི་དགག་བྱ་གཞན་གྱིས་བརྟགས་པའི་མ་རྟོགས་ལོག་རྟོགས་བསལ་ནས་ཐུན་མོང་གི་ལམ་ནས་འགྲོད་པའི་མཐའ་འདིའི་ལམ་མངོན་དུ་བྱེད་ཚུལ་གཙོ་བོར་བསྟན་པ་ཡིན་ནོ། །གཉིས་པ་གསུངས་ཚུལ་ནི། ཞེས་དེ་བཞིན་སོགས་ཏེ། དེ་སྐད་ཅེས་སྟོན་པ་དེ་བཞིན་གཤེགས་པ་ཉིད་ཀྱིས་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པར་མཛད་དོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་སུ་ཡོད་པ་ལས། འདིས་ཐེག་པ་འོག་མ་རྣམས་ལ་ཤིན་ཏུ་གསང་བའི་དོན་ཚེ་འདི་ཉིད་ལ་གྲོལ་བའི་ཐབས་མཆོག་ཏུ་གྱུར་པ་ཉེ་བར་བསྟན་པའི་མན་ངག་ཟབ་ཅིང་སྙིང་པོར་དྲིལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། ༈ །།ད་ནི་ལེའུ་བཅུ་བཞི་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གྲོལ་ལམ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་བསྟོད་པའི་མཆོད་པ་སྟོན། ཞོར་ལ་དཀྱིལ་འཁོར་དང་ཕྲིན་ལས་སྟོན། ཐ་མའི་ཆོས་བཅུ་ལས། སྤྱི་འགྲོ་རྣམས་ཀྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ལམ་ཐབས་གྲོལ་གྱི་མན་ངག་སྙིང་པོར་བསྟན་པ་དེ་ནས་རང་སྣང་གི་དཀྱིལ་འཁོར་ལ་བསྟོད་པའི་ཕྱིར་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རིགས་དྲུག་པས་ཉིད་ཀྱི་ཆེ་བའི་ཡོན་ཏན་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ལ་དགྱེས་པ་ཆེན་པོའི་གླུ་དྲུག་པོ་འདི་བླངས་སོ། །གཉིས་པ་གཞུང་ལ་གསུམ་སྟེ། འབྲས་ཆོས་ཉེར་ལྔ་སོ་སོར་བསྟོད་པ་དང་། སྤྱིར་བསྟོད་པ། དེ་གསུངས་པའི་ཚུལ་ལོ། །དང་པོ་ལ་ལྔ་ལས། དང་པོ་སྐུ་ལྔ་ལ་བསྟོད་པ་ནི། ༀ་ཕྱོགས་བཅུ་སོགས་ཏེ། ༀ་ནི་ཡེ་ཤེས་ལྔའི་ཡི་གེ་གླུའི་འགོ་འདྲེན་པར་བྱེད་པ་སྟེ། འདིར་སྐུ་ལྔ་མཚོན་པའོ། །ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་རང་རིག་པའི་ཡེ་ཤེས་གཅིག་ལ་ལྷུན་གྱིས་གྲུབ་པར་རྫོགས་པས་སྐུ་གསུམ་སྣང་བའི་གོ་འབྱེད་པ་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །རིག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དབྱིངས་ཐིག་ལེ་ཆེན་པོའི་ཀློང་དུ་གྲོལ་བ་ནི་ཆོས་ཀྱི་སྐུའོ། །གང་ཡང་མ་སྤངས་པའི་ཟག་པ་མེད་པའི་བསོད་ནམས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གདུལ་བྱ་ཐམས་ཅད་ཀྱི་ངོ་ལ་དུས་ཐམས་ཅད་དུ་སྐུ་ཡི་སྣང་བ་སྣ་ཚོགས་སུ་ཅིར་ཡང་སྣང་བའི་ཕྱིར་སྤྲུལ་པའི་སྐུའོ། །སྣང་སྟོང་གཉིས་མེད་དུ་ཟླུམ་པས་ན་ཐིག་ལེ་སྟེ་འཁོར་འདས་ཀྱི་ཆོས་ཀུན་དབྱེར་མེད་དུ་རྫོགས་པ་ནི་རྡོ་རྗེའི་སྐུའོ། །བསྟོད་བས་མཉེས་པར་གྱུར་པས་ཧོཿཞེས་བྱ་སྟེ། ཀུན་ལ་མཐུན་པར་ཤེས་པར་བྱའོ། །གཉིས་པ་གསུང་ལྔ་ལ་བསྟོད་པ་ནི། ༀ་རྡོ་རྗེ་སོགས་ཏེ། ༀ་ནི་ཡེ་ཤེས་ལྔ་ལྡན་གསུང་ལྔ་མཚོན་པའོ། །གསུང་ལྔ་སྐྱེ་འཇིག་མེད་པར་དབྱེར་མི་ཕྱེད་པས་རྡོ་རྗེ་ཞེས་བྱ་སྟེ། བསོད་ནམས་ཀྱི་ངོ་བོ་སྒྲ་ཐམས་ཅད་མ་སྤངས་པར་རང་སྣང་བའི་ཕྱིར་བརྗོད་པ་ཚིག་གི་གསུང་ངོ་། །སྤྲོས་པ་མེད་པས་ན་ཐིག་ལེ་ཆེན་པོའི་རང་བཞིན་བརྗོད་དུ་མེད་པའི་ཕྱིར་སྐྱེ་མེད་དོན་གྱི་གསུང་ངོ་། །རྡོ་རྗེ་ཡེ་ཤེས་ལྔའི་དཀྱིལ་འཁོར་རང་རིག་པ་ལ་ལྡན་པས་ན་དེ་ཉིད་ཚིག་ཏུ་བརྗོད་པར་རིག་པར་གསལ་བས་བརྡའ་སྤྲོད་པས་མཉམ་ཉིད་རིག་པའི་གསུང་ངོ་། །རྡོ་རྗེའི་སྒྲ་ཆེན་པོ་ཚིག་གཅིག་གིས་དོན་མཐའ་ཡས་པ་གོ་བར་བྱེད་པའམ། རྡོ་རྗེའི་གསུང་སྒྲ་ཆེན་པོ་གཅིག་ལ་གསུང་དབྱངས་ཡན་ལག་དྲུག་ཅུ་སོགས་མཐའ་ཡས་པར་གྲགས་པའི་ཕྱིིར་ཚངས་པའི་དབྱངས་ཀྱི་གསུང་ངོ་། །ཡི་གེའམ་ཚིག་ཏུ་བརྗོད་པ་མེད་པ་ཉིད་བརྗོད་པ་དང་འདྲ་བར་འཁོར་གྱི་བློ་ལ་གསལ་བ་ནི་གསུང་གི་རབ་བམ་རྒྱལ་པོ་ཡིན་པའི་ཕྱིར་དགོངས་པ་བརྡའི་གསུང་ངོ་། །རྒྱལ་བའི་གསུང་ལྔ་དབྱེར་མེད་དུ་ཟླུམ་པའི་ཐིག་ལེ་ཆེན་པོ་གྲགས་སྟོང་དབྱེར་མི་ཕྱེད་པ་ནི་ཡི་གེ་མེད་པ་རྡོ་རྗེའི་གསུང་ངོ་། །ཧོཿནི་མཉེས་པའོ། །གསུམ་པ་ཐུགས་ལྔ་ལ་བསྟོད་པ་ནི། ༀ་སྐུ་གསུང་སོགས་ཏེ། ༀ་ནི་ཡེ་ཤེས་ལྔ་ལྡན་ཐུགས་ལྔ་མཚོན་པའོ། །མེ་ལོང་ཡེ་ཤེས་ནི་ཡེ་ཤེས་གཞན་གསུམ་པོ་འཆར་གཞིའི་རྟེན་བྱེད་པས་སྐུ་དང་། སོར་རྟོག་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་མ་འདྲེས་པར་གཟིགས་ནས་ཆོས་སྟོན་པས་གསུང་དང་། ཆོས་དབྱིངས་ཡེ་ཤེས་ནི་སྙིང་པོར་གྱུར་པས་ཐུགས་ཀྱི་ཐུགས་ཏེ། དེ་གསུམ་རྫོོགས་པའི་བདག་ཉིད་ཆེན་པོ་དེ་ལ་ཡོན་ཏན་མ་ལུས་པ་འབྱུང་བས་མཉམ་ཉིད་དང་། གདུལ་བྱ་འདུལ་བའི་ཕྲིན་ལས་བྱ་གྲུབ་ཡེ་ཤེས་ཀྱང་ཀུན་ཏུ་རྫོགས་པའོ། །དེ་ལྟར་ཡེ་ནས་ཡེ་ཤེས་ལྔར་ལྷུན་རྫོགས་ཀུན་ཏུ་བཟང་པོའི་རང་བཞིན་ཏེ། ཡེ་ཤེས་རེ་རེ་ལའང་ལྔ་ལྔ་འདུས་པའི་ཚོགས་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་ངོ་བོར་འདུས་བའི་ཐིག་ལེ་ཆེ་ཧོཿཞེས་མཉེས་པའོ། །བཞི་པ་ཡོན་ཏན་ལྔ་ལ་བསྟོད་པ་ནི། ༀ་མི་དམིགས་སོགས་ཏེ། ༀ་ནི་ཡེ་ཤེས་ལྔ་ལྡན་ཡོན་ཏན་ལྔ་མཚོན་པའོ། །སེམས་ཉིད་གང་དུའང་མི་དམིགས་པའི་རིག་པ་སྒྱུ་མ་ཉིད་གཞལ་ཡས་ཁང་སྣ་ཚོགས་སུ་འཕྲུལ་ཞིང་སྣང་བས་སྣང་སྟོང་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་དབྱིངས་ལ། ཕྱི་ནང་དང་རྒྱ་ཆེ་ཆུང་གཞལ་དུ་མེད་པའི་ཕྱིར་གཞལ་ཡས་ཁང་གི་ཡོན་ཏན་ནོ། །རྒྱལ་བ་དྲུག་པའི་ཞིང་ཁམས་ལ་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་དུས་དང་རྣམ་པ་ཀུན་ཏུ་སྣང་ནས་དོན་མཛད་པ་ནི་ཞིང་ཁམས་ཀྱི་ཡོན་ཏན་ནོ། །བ་སྤུའི་བུ་ག་རེ་རེ་ནས་ཀྱང་ཡེ་ཤེས་ལྔའི་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོ་བ་ནི་འོད་ཟེར་གྱི་ཡོན་ཏན་ནོ། །གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔའི་ལྷ་མོ་གྲངས་མེད་པ་རེ་རེ་ཡང་མཐའ་ཡས་པའི་འདོད་པའི་ཡོན་ཏན་ཀུན་ནས་ལྷུན་གྱིས་གྲུབ་ཅིང་། གཟུགས་ཀྱི་ལྷ་མོ་ལ་སོགས་པ་སྤྱན་ལ་སོགས་པ་ལ་ཐིམ་པ་ནི་ལོངས་སྤྱོད་ཀྱི་ཡོན་ཏན་ནོ། །སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་སྣ་ཚོགས་ལྷུན་གྱིས་གྲུབ་པ་སེང་གེ་ལ་སོགས་པས་སེམས་ཅན་ཆེན་པོ་ལྔས་བཏེགས་པའི་ཁྲིའི་སྟེང་དུ་སྐུ་ཟླ་བ་གསུང་ཉི་མ་ཐུགས་ཉེས་པའི་སྐྱོན་གྱིས་མ་གོས་པའི་པདྨ་དང་ཡོན་ཏན་ལྷུན་གྱིས་གྲུབ་པས་རིན་པོ་ཆེའི་ཁྲི་རྐང་ཆེན་པོར་རང་སྣང་བ་ནི་གདན་ཁྲིའི་ཡོན་ཏན་ནོ། །ཧོཿནི་མཉེས་པའོ། །ལྔ་པ་ཕྲིན་ལས་ལྔ་ལ་བསྟོད་པ་ནི། ༀ་ཕྱོགས་བཅུའི་སོགས་ཏེ། ༀ་ནི་ཡེ་ཤེས་ལྔ་ལྡན་ཕྲིན་ལས་ལྔ་མཚོན་པའོ། །དོན་བྱ་བའི་ཡུལ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་མོ་སྙེད་ཀྱི་དག་པ་ཆོས་སྐུའི་ཞིང་ཁམས་མ་དག་སྤྲུལ་སྐུའི་ཞིང་ཁམས་བར་མ་ལོངས་སྐུའི་ཞིང་ཁམས་དང་གསུམ་དུ་དོན་བྱ་བའི་རྒྱུ་རྒྱལ་བའི་མཛད་པས་སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་རྡུལ་ཕྲན་སྙེད་རྣམས་ཀྱང་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོའི་ཕྲིན་ལས་དང་བཞིར་འདུ་ལ། དོན་བྱེད་པའི་མཁན་པོ་ཞི་བ་དང་ཁྲོ་བོ་ལ་སོགས་པ་ཞི་རྒྱས་དབང་དྲག་གི་ཚུལ་དུ་སྤྲུལ་པའི་གྲངས་རྒྱལ་བའི་ཞིང་གི་རྡུལ་ཕྲན་ལས་འདས་པ་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་རྣམས་ཀྱིས་དོན་བྱེད་དོ། །དོན་བྱེད་པའི་ཚུལ་གོང་གི་སྤྲུལ་པ་དེ་དག་གིས་དུས་སྐད་ཅིག་གམ་ཡུད་ཙམ་ལ་རྩོལ་བ་ལ་རག་མ་ལུས་པར་ཕྲིན་ལས་བཞིས་དོན་མཛད་པ་ནི་མ་བཙལ་བར་གཞན་དོན་ཟིན་པའི་ཕྱིར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཞེས་བྱའོ། །ཧོཿནི་མཉེས་པའོ། །གཉིས་པ་སྤྱིར་བསྟོད་པ་ནི། ༀ་ཐམས་ཅད་སོགས་ཏེ། ཡེ་ཤེས་ལྔ་ལྡན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་མཚོན་པའོ། །འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ལྷག་མ་མ་ལུས་པ་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་ཡེ་ནས་གནས་པ་ཡིན་ཏེ། གནས་ཚུལ་ཇི་ལྟར་ཞེ་ན། གངས་རི་ཆེན་པོ་ལྔའི་དབུས་སུ་མཚོ་གཅིག་ཡོད་ན་དེའི་ནང་དུ་གངས་ཆེན་པོའི་གཟུགས་བརྙན་ལྔ་འཆར་བ་བཞིན་དུ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛད་པ་ཇི་ལྟར་སྣང་ཡང་གཅིག་གི་བདག་ཉིད་དུ་འདུས་པས་ན་ཆེན་པོ་ཞེས་པའམ། ཡང་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ངོ་བོ་ནི་ཆོས་ཐམས་ཅད་ཀྱི་བདག་ཉིད་ཆེན་པོའོ། །ཡང་མཚོ་ཆེན་པོ་ལྔའི་དབུས་སུ་གངས་ཆེན་པོ་གཅིག་ཡོད་ན་མཚོ་རེ་རེའི་ནང་དུ་ཡང་གངས་ཆེན་པོའི་གཟུགས་བརྙན་རེ་རེ་སྣང་བ་བཞིན་དུ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཆར་གྱིས་འཁོར་འདས་ཀྱི་ཆོས་རེ་རེ་ལའང་ཀུན་ཏུ་ཁྱབ་པ་ཡིན་ནོ། །དེས་ན་དཔེ་མཚོ་གཅིག་ཏུ་གངས་ལྔ་འཆར་ལ་གངས་གཅིག་མཚོ་ལྔར་འཆར་བ་བཞིན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྣང་ཚུལ་ཀུན་གཅིག་ཏུ་འདུས་ལ། གཅིག་ཀུན་ཏུ་འཆར་བས་ན་ཕན་ཚུན་ཐ་མི་དད་པ་ཁོ་ནའི་ཕྱིར་གཅིག་དང་དུ་མའི་མཐའ་ལས་གྲོལ་བ་ཡིན་ཏེ། དེའི་ཕྱིར་ཐིག་ལེ་ཆེན་པོའི་རང་བཞིན་ནོ། །ཧོཿནི་མཉེས་པའོ། །གསུམ་པ་གསུངས་པའི་ཚུལ་ནི། ཞེས་ཆེད་དུ་བསྒྲགས་སོ་ཞེས་པ་སྟེ། ཞེས་གླུ་དྲུག་གི་དོན་འདི་དག་སྟོན་པས་འཁོར་རྣམས་ཀྱི་ཆེད་དུ་བསྒྲགས་སོ། །དེ་ལྟར་བསྟོད་པ་དེ་དག་ཀྱང་སྒྲོ་བཏགས་པའམ་སྐུར་པ་བཏབ་པ་ནི་མ་ཡིན་ཏེ། ཡོན་ཏན་ཡོད་པ་ལ་ཡོད་པ་ལྟར་དུ་ཆེ་བའི་ཡོན་ཏན་ལ་བསྟོད་པ་ཡིན་ནོ། །དེའི་ཕྱིར་ན་ཡོན་ཏན་མེད་བཞིན་བསྟོད་པ་ནི་སྒྲོ་བཏགས་པ་ཡིན་ལ། ཡོད་བཞིན་མི་བསྟོད་པ་ནི་སྐུར་པ་བཏབ་པ་ཡིན་ནོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་སུ་ཡོད་པ་ལས། འདིས་མཉེས་པ་ཆེན་པོའི་གླུས་ཉིད་ཀྱི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་བཅུ་བཞི་པའོ།། ༈ །།འདིར་འོ་ན་མཉེས་པའི་ལེའུ་བྱ་བ་འདུག་པས་རྒྱལ་བ་ལ་མཉེས་མི་མཉེས་མངའ་ན་གཟུང་འཛིན་ཅན་དུ་འགྱུར་རོ་ཞེ་ན། རྒྱལ་བ་ལ་མཉེས་མི་མཉེས་མི་མངའ་ཡང་། གདུལ་བྱ་རྣམས་ཚོགས་གཉིས་རྫོགས་པར་བྱ་བའི་ཆེད་དུ་མཉེས་པ་ལྟར་སྣང་བ་ལ་འགལ་བ་མེད་དོ། །དེ་ལྟར་ལེའུ་བཅུ་བཞི་པ་ཡན་ཆད་ནི་རྟོགས་པས་བདག་བསྒྲལ་བ་ཞེས་ཀྱང་བྱ་སྟེ་ཐུགས་རྗེ་ཞི་བའི་རྒྱུད་དོན་གྱི་ཆོས་རྣམས་རྫོགས་སོ།། ༈ །།ད་ནི་ལེའུ་བཅོ་ལྔ་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱིས་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་འཁྲུལ་གཞི་གཙོ་ཆེར་སྟོན། རཱུ་ཏྲའི་ངོ་ལ་རྒྱལ་བ་ཁྲོ་བོར་སྣང་བས་འབྲས་བུ་དང་། རཱུ་ཏྲས་ལམ་བགྲོད་པས་ལམ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས། རྐྱེན་འཇུག་པ་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། རིམ་ཅིག་ཆར་གཉིས་ལས་གཉིས་ཀ་སྟོན། སྣང་བ་བཞི་ལས་འཁྲུལ་གཞི་དང་ལམ་དང་འབྲས་བུའི་སྣང་བ་སྟོན། འབྲིང་གི་ཆོས་ལྔ་ལས་གླེང་བཞི་དང་རྒྱུད་དོན་སྟོན། རྒྱུད་དོན་ལ་བཅུ་ལས་གཞུང་ཧྲིལ་པོས་ཁྲོ་བོའི་དཀྱིལ་འཁོར་སྟོན། དེའི་སྦྱོར་ལ་སྤྱོད་པ་སྟོན། རཱུ་ཏྲ་ལ་དབང་བསྐུར་བས་དབང་སྟོན། རཱུ་ཏྲ་ལ་དམ་འབོགས་པས་དམ་ཚིག་སྟོན། ཐ་མའི་ཆོས་བཅུ་ལས། ལྡེམ་དགོངས་མན་ངག །གཏར་ཁ་གེགས་སེལ། སྤྱི་དོན་བསྡུ་བ། མཚོན་པ་དཔེ། བསྣོལ་མཚམས་འཕེན་སྡུད་རྣམས་སྟོན། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གཉིས་ཏེ། གཞུང་དང་། མཚན་ནོ། །དང་པོ་ལ་གཉིས་ཏེ། ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་ཚུལ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་སོགས་ཏེ། ཞི་བའི་དཀྱིལ་འཁོར་བསྟན་པ་དེ་ནས་ཁྲོ་བོའི་དཀྱིལ་འཁོར་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་རིགས་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་ཉིད་ཀྱིས་རང་སྣང་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་ལས་མ་གཡོས་པར་འདུལ་བྱེད་སྤྲུལ་པའི་སྐུ་ཁྲོ་བོའི་དཀྱིལ་འཁོར་ཇི་ལྟར་འཚམས་པ་མངོན་པར་འདུ་མཛད་དེ། ཐབས་ཞགས་ལས། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །ཁྲོ་བས་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་མཚལ་ལོ། །ཞེས་སོ། །སྤྱིར་ཁྲོ་བོ་ལ་བཞི་སྟེ། ཤེས་རབ་ཀྱི་ཁྲོ་བོ། ཡེ་ཤེས་ཀྱི་ཁྲོ་བོ། ཐུགས་རྗེའི་ཁྲོ་བོ། ཕྲིན་ལས་ཕྱག་རྒྱའི་ཁྲོ་བོའོ། །དང་པོ་ནི། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་དངོས་པོ་དང་མཚན་མར་འཛིན་པའི་ཞེན་པ་ཐམས་ཅད་འཇོམས་པའི་ཕྱིར་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། མཚན་མ་འཇོམས་ཕྱིར་ཁྲོ་བོ་མཆོག །ཅེས་སོ། །གཉིས་པ་ནི། རང་རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཁོར་བའི་ས་བོན་དྲུང་ནས་འཇོམས་པར་བྱེད་པ་སྟེ། རྒྱས་པ་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུའི་ཁམས་རྣམས་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཐམས་ཅད་ཁྲོ་བོའི་ཚོགས་སུ་འགྱུར། །ཞེས་སོ། །གསུམ་པ་ནི། ཐུགས་རྗེའི་ཤུགས་ཀྱིས་འགྲོ་བ་སྐྱོབ་པ་ན་འབད་རྩོལ་མེད་པར་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པའི་ཕྱིར་ཏེ། རྟོག་པ་ལྟ་རྒྱུད་ལས། འཛིན་པ་མེད་རྟོགས་ཐུགས་རྗེ་ཞེན་ཆགས་ཁྲོ། །ཞེས་སོ། །བཞི་པ་ནི། གདུག་པ་ཅན་རྣམས་ཀྱི་མོས་ངོར་ཕྲིན་ལས་ཕྱག་རྒྱའི་སྐུར་སྣང་བ་ཡིན་ཏེ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཞེས་གསུངས་སོ། །དེ་ལ་དབྱེ་ན། དྲང་སྲོང་ཁྲོས་པའི་ཆ་བྱད་ཅན་དང་། མིའུ་ཐུང་ཁྲོས་པའི་ཆ་བྱད་ཅན་དང་། དཔལ་ཆེན་རྔམས་བརྗིད་ཀྱི་ཆ་བྱད་ཅན་དང་གསུམ་ལས། འདིར་དཔལ་ཆེན་རྔམས་བརྗིད་ཀྱི་ཆ་བྱད་ཅན་ཏེ་འབར་བ་ཆེན་པོའི་གར་དགུ་དང་ལྡན་པའོ། །འོ་ན་དངོས་པོའི་གནས་ལུགས་ལ་ཞི་ཁྲོ་གཉིས་གཅིག་པ་ཞིག་གམ་ཐ་དད་པ་ཡིན། དང་པོ་ལྟར་ན་གཉིས་སུ་བཤད་པ་དང་འགལ་ལ། གཉིས་པ་ལྟར་ན་ཀུན་ཁྱབ་གསུམ་གྱིས་གནོད་བྱེད་ཡོད་དེ། འདི་ལྟར་རིག་པ་ནི། ཞི་ཁྲོ་གཉིས་ཆོས་ཅན། རང་བཞིན་ཆོས་སྐུར་གཅིག་མ་ཡིན་པར་འགྱུར་ཏེ། རྒྱུ་ཐ་དད་པའི་ཕྱིར། རྟགས་དེ་ཁས་བླངས་ཤིང་། ཐ་དད་ལ་གཅིག་མ་ཡིན་པས་ཁྱབ་ལ། དཔེར་ན་ལྷས་སྦྱིན་དང་མཆོད་སྦྱིན་བཞིན་ནོ། །འདོད་ན་གོང་ནས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས་ཞེས་ངོ་བོ་གཅིག་ཏུ་བཤད་པས་གསལ་ལོ། །གཞན་ཡང་ཞི་བ་ལས་ཁྲོ་བོ་བསྒྱུར་དུ་མི་བཏུབ་པར་འགྱུར་ཏེ། ཐ་དད་པའི་ཕྱིར་རོ། །ལུང་གིས་ཀྱང་གནོད་དེ། རྒྱས་པ་ལས། ཁྲོ་བའི་རང་བཞིན་ཤིན་ཏུ་གདུག་ཅིང་འཇིགས་པ་མ་ཡིན་ཞིང་། །ཞི་བ་མཛད་པས་ཀུན་གྱི་ཡིད་ལ་འཐད་པར་གནས་འགྱུར་ཡོད་མ་ཡིན། དེ་གཉིས་གཉིས་སུ་མེད་པའི་ངང་དུ་གནས། །ཞེས་སོ། །མན་ངག་ཀྱང་། ལམ་རིམ་ལས། སྒྱུར་བའི་འཁོར་ལོ་དེ་བཞིན་ཏེ། །ཞེས་པ་ལ་སོགས་པ་དང་འགལ་བའི་ཕྱིར་རོ ། །འདིར་ཁ་ཅིག་ཞི་ཁྲོ་རེས་མོས་པ་འགོག་པ་ནི་འཐད་པ་མ་ཡིན་ཏེ། གང་ཟག་གཅིག་གིས་གཉིས་ཅར་བསྒོམ་པར་ངེས་ཤིང་རྟོག་གཉིས་ཅིག་ཅར་འཇུག་པ་མེད་ལ། བསྒྱུར་བ་ནི་རེས་མོས་པ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། ལམ་པས་བསྐྱེད་ཅིང་བསྒོམ་བྱ་ཞི་ཁྲོ་གཉིས་པོ་ཆོས་ཅན། དངོས་པོའི་གནས་ལུགས་ལ་དབྱེར་མེད་པ་ཡིན་ཏེ། གཞི་སེམས་ཉིད་ལ་ཐ་དད་དུ་མ་གྲུབ་ཅིང་། ལམ་ཏིང་ངེ་འཛིན་གྱིས་བསྒྱུར་དུ་བཏུབ་ལ། འབྲས་བུ་ལ་དེ་གཉིས་རྒྱུད་སོ་སོར་མ་གྲུབ་སྟེ། རང་བཞིན་ཆོས་སྐུར་གཅིག་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། གང་གདུལ་བྱའི་ཡུལ། གང་གིས་ཇི་ལྟར་འདུལ་བའི་ཐབས། དེ་ལྟར་བཏུལ་བའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། རྒྱུ་གང་གིས་གོལ་བ་དང་། གོལ་བའི་འབྲས་བུ་ཇི་ལྟར་སྨིན་པའོ། །དང་པོ་ནི། དེ་ཅིའི་ཕྱིར་ནས་རྨོངས་པས་ཞེས་པའི་བར་ཏེ། དེ་ལྟར་འདུལ་བྱེད་ཁྲོ་བོའི་དཀྱིལ་འཁོར་མངོན་པར་འདུ་མཛད་པ་དེ་དགོས་ཆེད་ཅིའི་ཕྱིར་ཞེ་ན། ཞེས་དྲིས་པའི་ལན་ནི། གདུལ་བྱ་གདུག་པ་ཅན་འདུལ་བའི་ཆེད་དུའོ། །གདུག་པ་ཅན་དེ་སུ་ཞིག་སྙམ་པ་ལ། སྤྱིར་འཁོར་བའི་རྩ་བ་བདག་ཏུ་རྨོངས་པ་མ་རིག་པའི་རྣམ་པར་རྟོག་པས་ང་དང་བདག་ཏུ་ཞེན་པ་དང་། ཆོས་ཐམས་ཅད་བློས་སྒྲོ་བཏགས་ཙམ་ལས་བདེན་པར་གྲུབ་པ་མ་ཡིན་ཀྱང་། ཕྱིན་ཅི་ལོག་གིས་གཟུང་ཡུལ་ལ་བདག་གིར་མངོན་པར་ཞེན་པས་འཁོར་བར་འཁྱམས་ཤིང་གདུངས་ལ། དེ་ལས་ངེས་པར་འབྱིན་བྱེད་ཡང་དག་པའི་ལམ་དང་བྲལ་བ་དག་ནི་སྲིད་པའི་གནས་སུ་འདུ་བྱེད་པ་ཡིན་ལ། དེའི་སྟེང་དུ་ཁྱད་པར་རཱུ་ཏྲ་ནི་གབ་པའི་གསང་བ་གནས་ལུགས་དེ་བཞིན་ཉིད་མ་རྟོགས་པར་སྦས་པའི་གསང་བ་སྒྲོལ་བ་དང་སྦྱོར་བ་སོགས་སྤྱོད་པ་བརླང་པོ་ལ་མངོན་པར་འཆེལ་ནས་འབྱོལ་ཉོག་ཏུ་སྤྱོད་ཅིང་། དེ་ཡང་རྒྱུད་ལས་དགེ་སྡིག་དང་འབྲས་བུ་བདེ་སྡུག་གི་འབྲེལ་པ་ལ་རྨོངས་པའི་དབང་གིས་དེ་ལྟར་སྤྱོད་པ་རྣམས་རཱུ་ཏྲ་གོལ་བའི་རྒྱུ་སྟེ། དེ་ཡང་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ན། བསྐལ་པ་ཀུན་ཏུ་བཀོད་པར་སངས་རྒྱས་མི་བསྐྱོད་པའི་ཞིང་མངོན་པར་དགའ་བ་ཞེས་བྱ་བའི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་ཐུབ་དཀའ་གཞོན་ནུ་ཞེས་བྱ་བ། གང་ཇི་ལྟ་བ་བཞིན་ཐེག་ཆེན་གྱི་ཆོས་འཁོར་བསྐོར་བ། ཐམས་ཅད་ནས་ཐམས་ཅད་དུ་མ་བཅོས་མ་བསླད་པའི་རྣལ་འབྱོར་དུ་གནས་པ་སྐྱེས་བུ་དམ་པར་ཆུད་པ་ཞིག་བྱུང་བ་དེས་སེམས་ཅན་ཐམས་ཅད་རྒྱལ་བའི་སྲས་སུ་མཐོང་ནས་རྩོལ་མེད་ཀྱི་ཐེག་པ་གསུངས་སོ། །དེའི་ཚེ་དེའི་ན་འཁོར་བ་ཐོག་མ་དང་ཐ་མ་མེད་པར་སྐྱེ་བ་ཐོག་མ་དང་ཐ་མ་མེད་པའི་ལས་དང་སྐྱེ་བ་དཔག་ཏུ་མེད་པ་ནི་བརྗོད་ཀྱིས་མི་ལངས་ཏེ། ལས་སྐབས་གཅིག་གི་སྐྱེ་བ་ཆ་གཅིག་ལ་བཟུང་ན་འདི་ལྟ་སྟེ། དེའི་ཉེ་འཁོར་དུ་ཁྱིམ་བདག་ཀེའུ་ཀ་ཡ་ཞེས་བྱ་བའི་བུ་ཐར་པ་ནག་པོ་ཞེས་བྱ་བ་དང་། དེའི་གཡོག་དན་འབག་ཞེས་བྱ་བ་གཉིས་དགེ་སློང་དེ་ལ་དད་ནས་དེའི་གན་དུ་ཕྱིན་ཏེ། ཐམས་ཅད་ཇི་ལྟ་བར་སྤྱོད་བཞིན་དུ་ལམ་སྟོན་པའི་ཐབས་ཚུལ་ཞུས་པས་དེས་ཀྱང་རབ་ཏུ་བྱུང་ནས་ཇི་ལྟ་བའི་ལམ་འདི་སྐད་ཅེས། དེ་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་གསུངས་པ་ལ། ཐར་པས་ནི་སྒྲ་ཇི་བཞིན་པར་སྤྱད་པས་ལུས་དམ་པའི་ཆ་བྱད་དུ་བྱས་ཀྱང་སེམས་ངན་འགྲོའི་ལམ་དུ་ཞུགས་སོ། །གཡོག་དན་འབག་ནི་གཞིའི་དོན་གྱི་ངེས་པ་རྙེད་དེ་བློ་གྲོས་དམ་པར་གྱུར་ནས་ལུས་མ་རབས་སུ་གནས་ཀྱང་སེམས་དམ་པར་ངེས་པའི་ལམ་དུ་ཞུགས་སོ། །དེ་ནས་ཐར་པ་དཔོན་གཡོག་གཉིས་ལྟ་སྤྱོད་མ་མཐུན་ནས་རྩོད་པ་ཆེན་པོར་གྱུར་ཏེ། རིམ་བཞིན་སློབ་དཔོན་ལ་གསོལ་བས། ཐུབ་དཀའ་ནི་ཁ་གསག་མེད་ཅིང་རང་བཞིན་གསོང་པོར་སྨྲས་བས་གཡོག་ལྟར་ངེས་སོ་ཞེས་གསུངས་པས། ཐར་པ་སེམས་འཁྲུགས་ཏེ་སློབ་དཔོན་དང་གཡོག་གཉིས་ཡུལ་ཐག་རིང་དུ་སྤྱུགས་ཏེ་སྤངས་སོ། །ཐར་པས་ཡུལ་ཁམས་ཐམས་ཅད་ཀྱང་ཆོས་ལོག་པར་བསྒྱུར། ཉིད་ཀྱང་ལོག་པར་ཞུགས་ཏེ། ལོག་པའི་དཀའ་ཐུབ་དྲག་པོ་དང་བརྟུལ་ཞུགས་ཆེན་པོ་ལ་སྤྱོད་པ་ནི། དུར་གྱི་མི་རོ་བླངས་ཏེ་ཁ་ཟས་སུ་བྱས་ཤིང་། ལྤགས་པ་དག་བཤུས་ཏེ་གཡང་གཞི་གྱོན་ནས། ལྕེ་སྤྱང་ནག་པོ་དང་། འཕར་བ་རྐང་རྡེབས་དང་། དྲེད་མོང་ལག་རྡེབས་དང་། བྱ་གཅན་གསོད་བྱེད་མང་པོ་བརྟེན་ནས་ཐམས་ཅད་སྲོག་བཅད་ཅིང་། སྨད་འཚོང་མའི་ཚོགས་མང་པོ་བསྡུས་ཏེ་ཆགས་པ་སྤྱད་པས་དངོས་པོ་བཞི་ལས་མི་འདའ་ཞིང་ཡང་དག་པའི་དོན་ལས་གོལ་བར་གྱུར་ཏོ། །གཉིས་པ་གོལ་བའི་འབྲས་བུ་ཇི་ལྟར་སྨིན་པ་ལ་གཉིས་ཏེ། རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་གྱི་འབྲས་བུ་གཞན་ལ་འཚེ་བའོ། །དང་པོ་ལའང་གཉིས་ཏེ། དམྱལ་བར་དང་། ཡི་དྭགས་སུ་སྐྱེས་ཚུལ་ལོ། །དང་པོ་ནི། སྲིད་པར་སོགས་ཏེ། སྲིད་པར་སྐྱེ་བའི་ས་བོན་མི་དགེ་བའི་ལས་རྩུབ་མོས་འཕངས་ནས་བར་དོ་མེད་པར་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བ་མནར་མེད་དུ་སྐད་ཅིག་གིས་སྐྱེས་སོ། །དེར་རབ་ཏུ་ཚ་བའི་སྲེག་པའི་སྡུག་བསྔལ་དྲག་པོས་ཡུན་རིང་དུ་གདུངས་པ་དང་། འདི་བས་ཤིན་ཏུ་གྲང་ཡང་ཅི་མ་རུང་སྙམ་པའི་མོད་ལ་ཁ་བ་དང་བུ་ཡུག་འཚུབས་པ་སོགས་ཀྱིས་རབ་ཏུ་སྦྲེབས་པས་གྲང་བ་དང་ལུས་པདྨ་ལྟར་ཆེར་གས་པའི་སྡུག་བསྔལ་དྲག་པོ་དག་གིས་རབ་ཏུ་གདུངས་པར་བྱས་སོ། །དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་པ་སྟེ་ཚ་བ་ནས་ཡང་སོས་ཀྱི་བར་བརྒྱད་དང་། ཤིན་ཏུ་གྲང་བ་པདྨ་ལྟར་ཆེར་གས་པ་ལ་སོགས་པ་སྟེ་ཆུ་བུར་ཅན་གྱིི་བར་བརྒྱད་པོ་དག་ཏུ་ཚ་གྲང་གི་དམྱལ་བ་ཕན་ཚུན་ཟུང་རེ་རེ་ཞིང་སྐྱེ་རེས་ཀྱིས་འཇིག་རྟེན་གྱི་ཁམས་དེ་འཇིག་པའི་དུས་སུ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དུ་བརྒྱུད་ནས་འཕོ་ཞིང་། ཚེ་ཚད་ནི་འཇིག་རྟེན་གྱི་ཁམས་གཅིག་ཆགས་གནས་འཇིག་སྟོང་བཞི་པོ་རེ་རེ་ལ་བར་བསྐལ་ཉི་ཤུ་ཉི་ཤུ་སྟེ་བསྡོམས་པས་བར་བསྐལ་བརྒྱད་ཅུ་ལ་བསྐལ་ཆེན་དུ་བྱས་པའི་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་ཚ་གྲང་གི་སྡུག་བསྔལ་མྱོང་ངོ་། །གཉིས་པ་ནི། དེ་ནས་རྣམ་པར་སོགས་ཏེ། དེ་ནས་དམྱལ་བར་སྐྱེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེ་མྱོང་སྟོབས་ཀྱིས་ཟད་པ་དང་ཡི་དྭགས་སུ་སྐྱེས་ཏེ། ལྟོག་པ་དང་སྐོམ་པའི་སྡུག་བསྔལ་གྱིས་རབ་ཏུ་ཉེན་པ་སྤྱི་མཐུན་གྱི་སྒྲིབ་པ་ཅན་དང་། ཕྱི་རོལ་གྱི་འདོད་པའི་དངོས་པོ་རྣམས་ཀྱང་ཡིད་དུ་མི་འོང་བ་ཆུ་རྣག་ཏུ་མཐོང་བ་ལྟ་བུ་ཕྱིའི་སྒྲིབ་པ་ཅན་དང་། བཟའ་བཏུང་ཅུང་ཟད་རྙེད་པ་ཟོས་པ་ན་གདུག་ཅིང་རྩུབ་པའི་དངོས་པོ་མེ་དང་ཁྲོ་ཆུ་སོགས་སྣ་ཚོགས་སུ་འགྱུར་བས་ནང་ཁྲོལ་སྲེག་པ་སོགས་མེ་ལྕེའི་འཁོར་ལོ་ཅན་དང་། ཟས་སྐོམ་སོགས་མཐོང་བར་སྤྱོད་འདོད་པས་དྲུང་དུ་བསྙེགས་ཚེ་ཡོད་པ་རྗེས་ཙམ་ཡང་མེད་པར་འགྱུར་ཞིང་ལུས་ཤིན་ཏུ་རིད་ཅིང་སྐམ་པ་དང་། ལྟོ་བ་རི་བོ་ཙམ་ལ་རྐང་ལག་འཇག་མ་དང་ཁ་ཁབ་མིག་ལྟ་བུ་སོགས་ལུས་དང་ཡན་ལག་དང་དབང་པོ་རྣམས་མི་འཚམས་པ ར་ཉམ་ཐག་པར་གྱུར་པ་ནང་གི་སྒྲིབ་པ་ཅན་ཞེས་བྱ་སྟེ། དེ་ལྟ་བུར་བསྐལ་པ་ཆེན་པོ་དྲུག་ཏུ་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་སྐྱེས་སོ། །འདི་སྐབས་ཁ་ཅིག་ན་རེ། རྣམ་པར་སྨིན་པ་དེ་མྱོང་བས་ཟད་དམ། གཉེན་པོ་བསྟེན་པས་ཟད། དང་པོ་ལྟར་ན་ཡང་དག་པའི་ལམ་ལ་དགོས་ཆེད་མེད་པར་ཐལ། མྱོང་བས་ཟད་པའི་ཕྱིར་རོ། །ཕྱི་མ་ལྟར་ན་ངན་སོང་མི་ཁོམ་པའི་གནས་མིན་པར་ཐལ། མཉེན་པོ་དགེ་བ་བསྟེན་དུ་འདུག་པའི་ཕྱིར་རོ་ཞེ་ན། དེའི་ལན་ལ། ཐར་པ་ནག་པོས་སྔོན་གྱི་ལས་ངན་རྣམས་འབྲས་བུ་མྱོང་བས་དག་པ་དང་། ཕྱིས་དཔལ་ཆེན་པོའི་སྤྱན་སྔར་སྡིག་པ་བཤགས་པ་དང་། གཉེན་པོ་བསྟེན་པ་དང་། དབང་དོན་རྟོགས་པས་དག་པ་ཡིན་པས་གང་ཡང་འགལ་བ་མེད་དོ་སྙམ་མོ། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ནི། དེ་ནས་ལས་ཀྱི་སོགས་ཏེ། དེ་ནས་ཡི་དྭགས་སུ་སྐྱེ་བའི་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཡང་ཁད་ཀྱིས་བསྲབས་པ་དང་། སྔོན་བསྐལ་པ་ཀུན་བཀོད་གྱི་དུས་སུ་ཁྲོ་བོ་དབུ་དང་ཕྱག་མང་པོ་དང་། ཕྲ་མེན་ལ་སོགས་པའི་ཁྲོ་བོ་རང་རྒྱུད་པ་བསྒོམས་ནས་དྲག་སྔགས་བཟླས་ཤིང་ལས་བརླང་པོར་སྤྱོད་པས་སྲིད་པའི་རཱུ་ཏྲའི་རྒྱུད་དུ་མཚམས་སྦྱར་ནས་ཡི་དྭགས་ཀྱི་འགྲོ་བས་བསྡུས་པའི་ལས་ཀྱི་སྲིན་པོ་ཆེན་པོར་སྐྱེས་སོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཡུལ་ལང་ཀ་པཱུ་རི་ཞེས་བྱ་བར་སྨད་འཚོང་མ་ཞིག་གི་མངལ་དུ་ཆགས་ཏེ་སྐྱེས་ནས་ཞག་བདུན་ན་མ་ཤི་ཞིང་། མི་དག་གིས་མའི་རོ་དང་དྭ་ཕྲུག་གཉིས་ཀ་དུག་ཤིང་ནལ་བྱ་ཞེས་བྱ་བའི་རྩ་བར་བོར་བས། དྭ་བུ་དེས་མའི་རོ་ལ་འཇུས་ནས་ནུ་མ་ལ་འཇིབས་པས་ཆུ་སེར་དུ་དྲངས་ཏེ་ཞག་བདུན་འཚོ་ཞིང་། དེ་ནས་ཁྲག་ཏུ་འཇིབས་པས་ཞག་བདུན་འཚོ་ལ། དེ་ནས་ནུ་མ་གཉིས་ཟོས་པས་ཞག་བཅུའི་བར་འཚོའོ། །དེ་ནས་ནང་ ཁྲོལ་དང་ཤ་ཐམས་ཅད་ཟོས་པས་ཟླ་བ་བདུན་གྱི་བར་དུ་འཚོ་ཞིང་། བུ ་དེ་བརྟས་པར་གྱུར་ནས་དུར་ཁྲོད་ཀྱི་རོ་རྣམས་འཚོ་བའི་བྱ་བ་བྱས་སོ། །དེ་ནས་ཤིན་ཏུ་ཆེར་སྐྱེས་ནས་རོ་རྣམས་ཟ་ཞིང་རོ་གོས་དང་ལྤགས་པ་རྣམས་གྱོན་ཏེ་དུར་ཁྲོད་ཀྱི་མ་མོ་དང་ཤ་ཟ་ཡི་དྭགས་སོགས་གདུག་པ་ཅན་རྣམ་ཤ་རྗེན་པ་ཟོས་པའི་མཐུས་དབང་དུ་འདུས་ཏེ། དུར་ཁྲོད་ཀྱི་གདུག་པ་ཅན་ཀུན་གྱི་བདག་པོར་གྱུར་ཏེ་གཞན་གྱི་གཟི་བྱིན་འཕྲོག་པའི་མི་གསོན་པོར་ཟ་ཞིང་ཤིན་ཏུ་འཇིགས་པའི་གཟུགས་སུ་གྱུར་ཏོ། །མའི་ཤ་རྗེན་པར་ཟོས་པས་ན་མ་ཟན་མ་ཏང་ཀ་ཞེས་མིང་ཡོངས་སུ་གྲགས་སོ། །དེ་ཡང་ལུས་རབ་ཏུ་འཇིགས་ཤིང་། སེམས་གདུག་པ་ཁྲོ་ཞིང་གཏུམ་པའི་རང་བཞིན་ཅན། ལས་ཀྱི་རྫུ་འཕྲུལ་ལུས་གཅིག་ལ་མགོ་བོ་བརྒྱ་ཡོད་པ་དང་། དེ་ཡང་མགོ་བརྙན་མི་འདྲ་བ་སྣ་ཚོགས་པ་དང་། ལུས་མི་གཅིག་པ་བརྒྱ་ལ་མགོ་བོ་གཅིག་ལས་མེད་པ་དང་། སྟག་སེང་སོགས་ཀྱི་ལུས་སྣ་ཚོགས་སུ་སྤྲུལ་པ་དང་། ལུས་གཅིག་ལ་ཡན་ལག་མང་པོ་དང་། ཡན་ལག་རིགས་མི་འདྲ་བ་སྣ་ཚོགས་པ་དང་། དེ་དག་གིས་མདའ་དང་མདའ་བོ་ཆེ་དང་མདུང་ཐུང་སོགས་གདུག་པའི་ལག་ཆ་སྣ་ཚོགས་པ་ཐོགས་པ། ལུས་ཆེན་པོ་ལ་མདོག་ཐལ་ཁ་སྔོ་སྐྱར་འདུག་པ་ཁྲག་དང་ཞག་གི་ཐིག་ལེས་བརྒྱན་པ། ཐོད་པའི་ཕྲེང་བ་སེ་རལ་དུ་ཐོགས་པ། དམར་པོ་ཁྲག་གིས་བསྐུས་པའི་ལྤགས་པ་བགོས་པ། ཐོད་སྐྱོགས་ཁྲག་གིས་བཀང་བ་རྟག་པར་འཐུང་བ། རལ་པ་ཁམ་ནག་འབར་ཞིང་སྙེགས་པ། འབྲུ་མར་ཐོད་རུས་ཟས་སུ་ཟ་བ། བ་དང་ཀྲོ་ཏ་ཨན་ཛ་ནས་ལུས་ལ་བརྒྱན་ལ། བྱའི་གཤོག་པ་ལུས་ལ་བྱུང་བས་ནམ་མཁའ་ལ་བྱ་བཞིན་བྱ་བ་བྱེད་པ། གཅེར་བུ་ཐོགས་པ་མེད་པ་ཆུ་ལ་ཉ་བཞིན་བྱ་བ་བྱེད་པ། གང་གིས་མཐོང་བས་མིག་རྩ་རིག་རིག་དངངས་ཤིང་བརྒྱལ་བར་བྱེད་པ། ལུས་ཕག་གི་སྤུ་ཅན་རྩུབ་ལ་ཡན་ལག་སྦྲུལ་གྱིས་བརྒྱན་པ། སེན་མོ་ཀང་ཀའི་མཆུ་སྡེར་དུ་བྱུང་བས་གང་ཟིན་པའི་ལུས་བརྙགས་པར་བྱེད་པ། སྔོན་གོམས་པའི་མཐུས་ལུས་ཅན་ཐམས་ཅད་གསོད་པར་དམིགས་པ། འཁོར་རབ་ཏུ་མང་པོ་སྟེ་འཇིག་རྟེན་གྱི་མ་མོ་དང་འབྱུང་པོ་སོགས་ཀྱིས་ཕྱག་བྱས་ཏེ་གཙོ་བོར་མཐོང་བ། གདུག་པ་ཅན་མཐའ་དག་གཡོག་དང་ཡང་གཡོག་ཏུ་གྱུར་པ། གསོད་བྱེད་ཀྱི་འཁོར་དྲེད་མོང་ལག་རྡེབས་དང་འཕར་བ་རྐང་རྡེབས་སོགས་བྱ་གཅན་རབ་ཏུ་མང་པོ་དང་། འཇིགས་པའི་གདུག་སྦྲུལ་གྱི་གཟུགས་དང་སྡོམ་སྡིག་སོགས་སྣ་ཚོགས་པ་དང་། འཇིགས་པའི་སྒྲ་སྟེ་ང་རོ་ར་ལ་ར་ལ་སོགས་སྣ་ཚོགས་པའི་དྲག་སྔགས་སྒྲོགས་པ། འཇིགས་པའི་གཟུགས་དང་། མི་སྙན་པའི་ང་རོ་དང་། མི་ཞིམ་པའི་དྲི་དང་ཁ་རླངས་ཀྱིས་ནད་རིགས་སྣ་ཚོགས་གཏོང་ཞིང་། ལུས་ཅན་ཐམས་ཅད་སྐྱི་བུང་ཞེས་དངངས་པར་བྱེད་པ། རབ་ཏུ་འཇིགས་པའི་རླུང་ནག་གིས་ཕྱོགས་ཀུན་ཁེབས་པ་དང་། སྣ་ནས་གྲང་བ་དང་ཁ་ནས་ཚ་བའི་དབུགས་ཀྱིས་ཕྱོགས་བཅུ་ཀུན་ཏུ་སྟོང་ཁམས་ཐམས་ཅད་འཁྲུགས་པར་བྱེད་པ། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་རིགས་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ། སེམས་མྱོས་ཤིང་དྲན་པ་ཉམས་པར་བྱེད་པའི་བྱེད་ལས་ཀྱི་མཐུས། ཀླུའི་སྡེ་རིས་དང་། ལྷ་མ་ཡིན་གྱི་སྡེ་རིས་དང་། འདོད་པའི་ལྷའི་སྡེ་རིས་དང་། གཟུགས་ཁམས་ལས་ཚངས་པའི་རིས་སོགས་བསམ་གཏན་དང་པོའི་གནས་གསུམ་དང་། འོད་གསལ་གྱི་བར་གཉིས་པའི་གསུམ་དང་། དགེ་རྒྱས་ཀྱི་བར་གསུམ་པའི་གསུམ་དང་། འབྲས་བུ་ཆེ་བའི་བར་བཞི་པའི་གསུམ་སྟེ། གནས་རིས་བཅུ་གཉིས་པ་མན་ཆད་དབང་དུ་བསྡུས་སོ། །འོ་ན་གནས་གཙང་མའི་ལྷ་ལྔ་མི་བསྡུ་བ་ཅི་ཡིན་ཞེ་ན། དེ་རྣམས་ལ་ཟག་མེད་ཀྱི་ས་བོན་ཡོད་པ་འཕགས་པའི་གནས་ཡིན་པས་དབང་དུ་མ་འདུས་གསུངས་སོ། །གཉིས་པ་གང་གིས་ཇི་ལྟར་འདུལ་བའི་ཐབས་ལ་གཉིས་ཏེ། གདུལ་བྱར་གཟིགས་ནས་འདུལ་བར་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་སྔོན་སོགས་ཏེ། དེ་ལྟ་བུའི་ལས་ཀྱིས་སྲིན་པོ་མཐུ་རྩལ་ཅན་དེ་སྔོན་དགེ་སློང་ཐུབ་དཀའི་དྲུང་དུ་གསང་སྔགས་ཀྱི་ཐེག་པ་ཆེན་པོར་སེམས་བསྐྱེད་ནས་མོས་པས་ཕྱོགས་སུ་སྤྱད་ཅིང་སློབ་དཔོན་ཐུབ་དཀའ་གཞོན་ནུ་དེ་ཉིད་བསྟེན་པའི་སྟོབས་ཀྱིས་ཐུབ་དཀའ་གཞོན་ནུ་རྡོ་རྗེ་སེམས་དཔར་སངས་རྒྱས་པ་དང་། མཆེད་དན་འབག་ས་བཅུའི་བྱང་ཆུབ་སེམས་དཔའི་རྩལ་ཆེན་རྫོགས་པའི་སྐྱེས་བུ་གསང་བའི་བདག་པོར་གྱུར་པའི་ཐུགས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས། ཡུལ་དང་འཕྲད་པའི་ཐུགས་རྗེས་མངོན་སྤྱོད་ཀྱི་ཕྲིན་ལས་ཀྱིས་འདུལ་བར་གྱུར་པའི་དུས་ལ་བབ་པར་མཁྱེན་ཏོ། །ཏེ་ཞེས་པ་ནི་ལྷག་མ་ཅན་ཏེ་འོག་ནས་འདུལ་བར་བྱེེད་པ་དངོས་དང་སྦྲེལ་ལོ། །འདིར་ཁ་ཅིག་ན་རེ། གསང་སྔགས་ཀྱི་ཐེག་པ་འདི་ཉེ་ལམ་མ་ཡིན་པར་འགྱུར་ཏེ། ཐར་པ་ནག་པོ་བསྐལ་པ་དཔག་ཏུ་མེད་པར་ངན་སོང་དུ་འཁྱམས་ནས་སྲིན་པོའི་ལུས་བླངས་པ་དེ་སྲིད་དུ། དན་འབག་ནི་རྩལ་ཆེན་རྫོགས་པའི་སྐྱེས་བུ་ཞེས་ཐར་ལམ་ལ་གནས་པའི་ཕྱིར་རོ་ཞེ་ན། ཁྱབ་པ་མེད་དེ། འཁྲུལ་པའི་བློ་དུས་ལ་མངོན་པར་ཞེན་པ་དག་ལ་བསྐལ་པ་ཚད་ལས་འདས་པར་སྣང་ཡང་། མཐར་ལམ་གྱི་མཉམ་བཞག་གི་དགོངས་པ་ལ་ལྟོས་ཏེ་ཐུན་གཅིག་ལས་མེད་པའི་ཕྱིར་རོ། །ཡང་ན་བྱང་ཆུབ་སེམས་དཔའི་དགོངས་སྤྱོད་ནི་སངས་རྒྱས་ཀྱིས་ཀྱང་དཔག་པར་དཀའ་བའི་ཚུལ་ངེས་དོན་གྱི་མདོ་སྡེ་དག་ལས་གསུངས་པས་ལོག་པར་རྟོག་པའི་བློ་དོར་བར་བྱའོ། །གཉིས་པ་ལ་བཅུ་གཉིས་ཏེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་དང་། ཆེ་མཆོག་ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དང་། སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། བྱིན་གྱིས་རླབས་པའི་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་དང་། སྤྲུལ་པ་ཆེན་པོའི་དཀྱིལ་འཁོར་དང་། ཕྲིན་ལས་རྨད་དུ་བྱུང་བའི་ངོ་བོ་དང་། འཁོར་སྡུད་པའི་ཆོ་འཕྲུལ་དང་། ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང་། འཁོར་འདུས་པའི་ཆོ་འཕྲུལ་དང་། ངོ་མཚར་ཚོགས་ཀྱི་དཀྱིལ་འཁོར་རོ། །དང་པོ་ནི། དེ་ནས་དེ་བཞིན་གཤེགས་པ་སོགས་ཏེ། གདུལ་བྱ་བསྟན་པ་དེ་ནས་འདུལ་བྱེད་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་རྡོ་རྗེ་གསུམ་དང་ལྡན་པ་ཞི་བའི་དཀྱིལ་འཁོར་བཀོད་པའི་སྒྱུ་འཕྲུལ་དྲྭ་བ་ལྷ་ཡབ་ཡུམ་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱིས་བདག་པོ་བདུད་སྡེའི་ལོག་པའི་ང་རྒྱལ་འདུལ་བའི་ཐབས། ཡང་དག་པའི་ང་རྒྱལ་ཆེན་པོས་བདུད་ཟིལ་གྱིས་གནོན་པའི་གཟི་བརྗིད་སྟོན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་རྒྱལ་བ་ཀུན་ཏུ་བཟང་པོ་བཅོམ་ལྡན་འདས་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པས་དགྱེས་པ་ཆེན་པོ་དེ་ཉིད་ཁྲོ་བོའི་གཙོ་བོ་རིགས་ལྔ་ཧེ་རུ་ཀའི་ཡང་རྒྱལ་པོར་གྱུར་པ་ཆེ་མཆོག་ཧེ་རུ་ཀའི་སྐུ་ལས་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འཕྲོ་བའི་སྒྱུ་འཕྲུལ་དྲྭ་བའི་རྒྱལ་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ཡང་དམ་པ་རྒྱན་ལས། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །གདུག་པ་སྲིད་གསུམ་འདུལ་བ་ཡི། །ང་རྒྱལ་ཆེན་པོ་བརྟན་པའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་བསྒོམ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་བཞིན་ཉིད་ཀྱི་སོགས་ཏེ། ཆོས་ཉིད་དེ་བཞིན་ཉིད་སྐྱེ་བ་མེད་པའི་དབྱིངས་ནས་ཡུམ་ཁྲོ་མོ་དབང་ཕྱུག་ཆེན་མོ་མངོན་དུ་ཕྱུངས་ཏེ། ཧི་ཧི་ཞེས་ཡབ་ལ་དགྱེས་ཤིང་ཚིམ་པའི་གད་མོ་དང་ཆགས་པ་ཆེན་པོའི་གཟི་མདངས་ཀྱིས་བསྐུལ་བས་འདོད་རྒུ་འབྱུང་བ་རིན་ཆེན་ཡུམ་གྱི་གསང་བའི་པདྨོར་བདེ་བ་རྒྱས་པར་མཛད་ནས་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བའི་དགྱེས་པས་པད་མར་ནོར་བུ་ཐིམ་ནས་རོལ་པས་དཀྱིལ་འཁོར་ཐམས་ཅད བསྐྱེད་པའི་རྒྱུར་གྱུར་པའོ། །གསུམ་པ་ནི། བྱང་ཆུབ་སོགས་ཏེ། གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ལྔའི་སྤྲིན་སྤྲོས་པ་ལས། རྐྱེན་དེའི་ཚེ་ཧཱུཾ་ཧཱུཾ་ཧཱུཾ་རྡོ་རྗེ་གསུམ་གྱི་བདག་ཉིད། བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ནི་རྡོ་རྗེ་ཁྲོ་བོ་སྣ་ཚོགས་འབར་བའི་དཀྱིལ་འཁོར། ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ། སྒོ་གསུམ་བཀས་ཤིང་གཏོར་ཅིག་ཅེས་ཐུགས་དམ་བསྐུལ་བའི་ཚིག་སྦྱར་བའོ། །དེ་སྐད་ཅེས་བརྗོད་པས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཁྲོ་བོ་འཆོལ་བ་དཔག་ཏུ་མེད་པ་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་མེར་མེར་ཤིག་ཤིག་ཏུ་གྱུར་ཏེ་རཱུ་ཏྲ་འཁོར་དང་བཅས་པ་ཟིལ་གྱིས་གནོན་ཅིང་བག་ཁུམས་པར་བྱེད་པའོ། །བཞི་པ་ནི། འཇིག་རྟེན་སོགས་ཏེ། དེ་ཡང་ཁྲོ་བོའི་སྤྲུལ་པ་སྤྲོ་བའི་གནས་གང་དུ་ན་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་གོ་མཚམས་མེད་པར་ཁྱབ་པར། གང་སྤྲོ་ན་སྤྲོ་བའི་དཀྱིལ་འཁོར་གྱི་ཚོགས་རྣམས། ཆེ་ཆུང་ཇི་ཙམ་ན་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཙམ། མང་ཉུང་གི་ཚད་ཇི་ཙམ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་རྡུལ་ཕྲ་མོ་སྙེད་ཙམ་འཐོན་པས་སྟོང་ཁམས་གང་བར་གྱུར་ནས་གདུག་པ་ཅན་རྣམས་བག་ཁུམས་པར་བྱེད་དོ། །ལྔ་པ་ནི། འཇིག་རྟེན་སོགས་ཏེ། ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་སྤྲོས་པས་ཕྱི་ལྟར་འཇིག་རྟེན་དྲུག་གི་ཕྱོགས་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས། ཚབས་ཆེ་བས་རབ་ཏུ་གཡོས། ཁྱབ་ཅིང་ཚབས་ཆེ་བས་ཀུན་ཏུ་གཡོས་སོ། །ནང་ལྟར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་གཡོ་ཐོབ་གོམས་པའི་ཉམས་གསུམ་བོགས་ཐོན་པའོ། །ཕྱི་ལྟར་ན་ཟིན་པའི་སྒྲ་ཐམས་ཅད་དྲག་པོར་འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ནང་ལྟར་ན་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ལ་བོགས་གསུམ་ཐོན་པའོ། །ཕྱི་ལྟར་ན་མ་ཟིན་པའི་སྒྲ་རྣམས་ཀྱང་རང་ཁྲོལ་དུ་ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །ནང་ལྟར་ན་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ལ་བོགས་གསུམ་ཐོན་པའོ། །ཕྱི་ལྟར་ན་རི་གླིང་སོགས་དུམ་བུར་ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་ཏུ་ཤིག་ཤིག་གོ། །ནང་ལྟར་ན་ཕྱག་རྒྱ་སྤྲོས་བཅས་ཀྱི་ཏིང་ངེ་འཛིན་ལ་བོགས་གསུམ་ཐོན་པའོ། །ཕྱི་ལྟར་ན་དེ་དག་ཀྱང་གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་ཏུ་གཏོར་གཏོར་རོ། །ནང་ལྟར་ན་ཚོམ་བུ་ཚོགས་སྒྲུབ་ཀྱི་ཏིང་ངེ་འཛིན་ལ་བོགས་གསུམ་ཐོན་པའོ། །དྲུག་པ་ནི། འཇིག་རྟེན་སོགས་ཏེ། དེ་ལྟར་ལྟས་ཆེན་པོ་བཅོ་ལྔ་དང་ཁྲོ་བོའི་སྤྲིན་ཚོགས་པ་མི་ཟད་པའི་ཆོས་ཀུན་ཏུ་སྣང་བ་དེའི་ཚེ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་གསུམ་གྱི་ཁམས་ཐམས་ཅད་ན་གནས་པའི་ནག་ཕྱོགས་ཀྱི་གཙོ་བོ། སོ་སོའི་གནས་སུ་དབང་ཆེ་བ་མ་ཧཱ་དེ་བ་དང་། འཕྲུལ་དང་གཟི་བརྗིད་ཆེ་བ་ཚངས་པ་དང་། ནུས་མཐུ་ཆེ་བའི་ལྷ་ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། མཆོད་པར་འོས་པའི་གནས་བརྒྱ་བྱིན་ལ་སོགས་ཏེ། དྲེགས་པ་ཅན་ཐམས་ཅད་ཁམས་འཁྲུགས་ནས་དྲན་པ་ཉམས་ཤིང་བརྒྱལ། ལུས་ས་ལ་འགྱེལ་ཞིང་རབ་ཏུ་བརྒྱལ། སེམས་མྱོས་ཤིང་ཀུན་ཏུ་བརྒྱལ་བར་གྱུར་ཏོ། །བདུན་པ་ནི། དེ་ནས་སོགས་ཏེ། ཆོས་སྣང་བའི་ཆོ་འཕྲུལ་བསྟན་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དེ་ཉིད་འཇིགས་བྱེད་ཆེན་པོ་ཞལ་ཤིན་ཏུ་རྔམས་པ་བདུད་དང་ལོག་འདྲེན་ཐམས་ཅད་སྔངས་ཤིང་སྐྱི་བུང་ཞེས་བྱེད་པའི་ཡེ་ཤེས་ཀྱི་གཟི་བརྗིད་མེ་དཔུང་འབར་བ་ཆེན་པོའི་ཀློང་ན། འདོད་ཆགས་ཟད་པར་བྱེད་པའི་རྟགས་སུ་ཁྲག་འཐུང་ཞིང་། དབང་དྲག་གི་ལས་མཐར་ཕྱིན་པའི་རྟགས་སུ་སྐུ་མདོག་སྨུག་ནག །གདུལ་བྱ་འདུལ་ཐབས་གཅིག་ཏུ་མ་ངེས་པའི་རྟགས་སུ་ཅིར་ཡང་འགྱུར་བའི་རྣམ་པ་ཅན། དབུ་དང་ཕྱག་དང་ཞབས་སྟོང་གསུམ་གྱི་རྡུལ་སྙེད་ལྟར་ཚད་བཟུང་དུ་མེད་པ་མཐའ་ཡས་པ། ཕྱག་རྣམས་ན་མཚོན་ཆ་སྣ་ཚོགས་འཛིན་པ་གཅིག་ཏུ་གྱུར་པ་ལས། གོང་དུ་ཁྲོ་བོའི་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲོས་པ་དེ་དག་ལས། སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་འཕྲོས་པའི་ཕྱིར་ཁྲོ་བོ་ཐམས་ཅད་ཆེ་མཆོག་ཧེ་རུ་ཀ་དེ་ཉིད་ལ་འདུས་ཏེ་བཛྲ་ཧེ་རུ་ཀར་གྱུར་པ་ནི། རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ། ཡེ་ཤེས་དྲུག་དང་ལྡན་པའི་རྟགས་སུ་ཕྱག་དྲུག །རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ཞབས་བཞི་པར་གྱུར་ཏེ། དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཆེན་པོར་བཞུགས་པར་དགྱེས་ནས། མཁའ་རླུང་གི་དཀྱིལ་འཁོར་ལ་བརྟེན་པའི་འདོད་ཆགས་མ་སྤངས་པའི་རྟགས་སུ་ཁྲག་གི་རྒྱ་མཚོའི་དཀྱིལ་ན། ཞེ་སྡང་མ་སྤངས་པའི་རྟགས་སུ་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང་། ཡེ་ཤེས་ཆེན་པོའི་ལྟ་ངན་སྦྱངས་པའི་རྟགས་སུ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བ་ཆེན་པོའི་ཀློང་དཀྱིལ་ན། གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བ་ལ་མཛད་པ་མཐར་ཕྱིན་པའི་རྟགས་སུ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་བ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་རཱུ་ཏྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་གདན་ལ་ཞབས་གཡས་བརྐྱང་གཡོན་བསྐུམ་དུ་བཞུགས་སོ། །དེ་བཞིན་དུ་བདེ་གཤེགས་རིགས་དང་། རིན་ཆེན་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ཀྱི་ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཕུང་དེ་དག་ཀྱང་སོ་སོར་འདུས་པ་ལ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིའི་བདག་ཉིད་རིགས་བཞིའི་ཧེ་རུ་ཀར་གྱུར་པའང་། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་བུདྡྷ་ཧེ་རུ་ཀར་གྱུར་ཏེ་འཁོར་ལོའི་ཤར་ཕྱོགས་དང་། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ་ལྷོ་ཕྱོགས་སུ་དང་། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨར་གྱུར་ཏེ་ནུབ་ཕྱོགས་སུ་དང་། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་སུ་གྱུར་ཏེ་བྱང་ཕྱོོགས་སུ་བཞུགས་སོ། །ཁྲག་འཐུང་རིགས་ལྔ་པོ་དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དུར་ཁྲོད་ཀྱི་ཆས་དང་། ཞལ་ནས་ཧཱུཾ་ཕཊ་སོགས་གསུང་རྔམས་པའི་ང་རོ་དང་བཅས་པས་མེ་དཔུང་འབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་བཞིས་ཤར་དུ་དྲི་ཟ་དང་། བྱང་དུ་གནོད་སྦྱིན་དང་། ནུབ་ཏུ་སྲིན་པོ་དང་། ལྷོར་གཤིན་རྗེ་ལ་སོགས་པ་ཁྱོ་ཤུག་སྟེ་ཕོ་ཁ་སྦུབས་དང་། མོ་གན་རྐྱལ་གྱི་གདན་ལ་ཞབས་གཡས་བརྐྱང་གཡོན་བསྐུམ་དུ་བཞུགས་སོ། །བཙུན་མོ་ཁྲག་འཐུང་ཆེན་མོ་རིགས་ལྔའི་ཚོགས་རྣམས་ཀྱང་རིགས་སོ་སོའི་ཧེ་རུ་ཀའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །བརྒྱད་པ་ནི། དེ་ནས་དྲེགས་པ་སོགས་ཏེ། སྤྲུལ་པའི་དཀྱིལ་འཁོར་རིགས་ལྔའི་ཧེ་རུ་ཀར་སྣང་བས་དྲེགས་པ་ཅན་གདན་དུ་བྱས་པ་དེ་ནས་དྲེགས་པ་ཆེན་པོ་རཱུ་ཏྲ་ལ་སོགས་པ་ཕོ་རྒྱུད་རྣམས་ཀྱིས་ཞེ་སྡང་གིས་ཁྲོ་ཞིང་གཏུམ་པའི་སེམས་ཀྱིས་དགྲ་ཟླར་མཐོང་སྟེ། ལུས་གདན་དུ་གནས་ཀྱང་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་བསྟན་ནས་འཁོར་རྣམས་དང་སྐད་མཐུན་པར་མགྲིན་གཅིག་ཏུ་གདུག་པའི་ང་རོས་ངག་མི་སྙན་པ་བརླང་པོའི་གཏུམ་ཚིག་གིས་འདི་སྐད་དུ་སྨྲས་པ། ངེད་རྣམས་གདན་དུ་བཅིངས་པ་ལས་ཐོང་ཐོང་། ཁྱེད་རྣམས་སྙིང་རྗེའི་བདག་པོ་མ་ཡིན་ནམ། ཅི་བདག་ཅག་ལ་ཐོ་འཚམས་པར་བྱེད་དམ། ཞེས་ཟེར་ཞིང་། ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་ད་དུང་རྔམ་མོ། །དེ་ནས་གདུག་པ་ཅན་དེ་དག་གི་གཉེན་པོར་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་རིགས་ལྔའི་ཧེ་རུ་ཀ་ཉིད་སྒྲོལ་བྱེད་རྡོ་རྗེ་སྲིན་པོ་ཧེ་རུ་ཀ་ཀློང་དགུ་རྔམས་པའི་ཞལ་དུ་གདུག་པ་ཅན་གསོལ་བའི་རྟགས་སུ་དབུ་དགུ། སྒྲོལ་བྱེད་ཀྱི་གིང་བཅོ་བརྒྱད་ཀྱིས་གདུག་པ་ཅན་སྒྲོལ་བའི་རྟགས་སུ་ཕྱག་བཅོ་བརྒྱད། ཚད་མེད་བཞི་དང་ཕྲིན་ལས་བཞིས་དོན་མཛད་པའི་རྟགས་སུ་ཞབས་བརྒྱད་དུ་གནས་པར་སྤྲུལ་ནས། ཐུགས་རྗེས་འདུལ་བའི་ཐབས་ལ་མཁས་པ་ཉིད་ཀྱིས་རཱུ་ཏྲའི་ངོར་ཤིན་ཏུ་ཁྲོས་པ་ལྟར་སྣང་ནས་རྔམ་པའི་སྐད་ཀྱིས། ཧཱུཾ་ཧཱུཾ་ཧཱུཾ་ཞེས་དེ་དག་གི་སྒོ་གསུམ་བསྡུས་ཤིག་པའོ། །ཧ་ཧ་ཧ་ཞེས་དུག་གསུམ་ཞལ་དུ་གསོལ་བར་དགྱེས་པའི་བཞད་སྒྲའོ། །ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཞེས་ཤ་ཁྲག་རུས་གསུམ་ཟོ་ཞིག་པའོ། །སྔགས་དེ་སྐད་ཅེས་བརྗོད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་དེ་དག་གི་བདག་འཛིན་གཅོད་ཕྱིར་དོན་སྙིང་དང་། ཡུལ་འཛིན་གྱི་སྒོ་འགག་ཕྱིར་དབང་པོ་ཀུན་ཕྱུང་། མངོན་ཞེན་དགག་ཕྱིར་ནང་ཁྲོལ་ཀུན་དྲངས། ལས་ངན་གྱི་བག་ཆགས་གཅོད་ཕྱིར་ཡན་ལག་ཀུན་དུམ་བུར་བཅད་ཅིང་གཏུབས་ནས། དུག་གསུམ་དག་པར་མཛད་པའི་ཕྱིར་དུ་གཏི་མུག་ཤ་ཀུན་ཟོས། འདོད་ཆགས་ཁྲག་ཀུན་འཐུངས། ཞེ་སྡང་རུས་པ་ཀུན་འཆོས་ཏེ་མིང་ཙམ་མེད་པར་མཛད་པའོ། །དགུ་པ་ནི། དེ་ནས་སོགས་ཏེ། དེ་ལྟར་གཙོ་བོ་རཱུ་ཏྲ་ལ་སོགས་པ་ཕོ་རྣམས་བསྒྲལ་ཏེ་བཏུལ་བ་དེ་ནས་མོ་རྣམས་སྦྱོར་བ་མཛད་ནས་འདུལ་བའི་ཕྱིར། ཧཱུཾ་ཧཱུཾ་ཧཱུཾ་ནི་ལུས་ངག་ཡིད་གསུམ་སྡུས་ཤིག་པའི་བསྐུལ་ཚིག །བྷྱོ་ནི་མ་མོ་རྣམས་སྙིང་པོ་དང་བོད་པ། ཨེ་འདིར། ཨཱ་ར་ལི་རོལ་པ། ཛཿཛཿདགུག་པའི་ས་བོན་ནོ། །དེ་སྐད་ཅེས་བརྗོད་པས་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐས་གཏུགས་པ་དང་བཅས་པ་ཀུན་མ་ལུས་པར་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་དབང་འབྱོར་བའི་རྫུ་འཕྲུལ་ཆེན་པོས་བསྡུས་སོ། །དེ་ནས་བཅུད་ཀྱི་སེམས་ཅན་འབྱུང་པོ་ཕལ་པའི་རིགས་མ་ལུས་པའི་རྒྱལ་པོ་ནི་ལྷ་དང་ལྷ་མིན་བློན་པོ་ཆེན་པོ་རྣམས་ཡིན་ལ། དེའི་ཡང་རྒྱལ་པོ་ནི་དྲེགས་པ་ཆེན་པོ་སྲིན་པོ་ལ་སོགས་པ་དབང་ཕྱུག་ཆེན་པོ་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་པོ་ཡིན་པས། དེ་རྣམས་སོ་སོའི་ཆུང་མ་ནི་འབྱུང་པོ་མོ་རྒྱུད་ཕལ་པའི་རིགས་ཐམས་ཅད་ཀྱི་རྗེ་མོ་སྟེ་བློན་པོ་ཆེན་པོའི་ཆུང་མ་དེ་ཚོའི་ཡང་རྗེ་མོར་གྱུར་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ། ཁྱོའི་མིང་ཆུང་མར་གྲགས་པ། དེ་ཡང་ཤར་གྱི་མ་མོ་དྲུག་ནི། སྲིན་པོ་ད་ཤ་གྲཱི་བའི་ཆུང་མ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ལྷ་ཚངས་པའི་ཆུང་མ་ཚངས་མ་དང་། ལྷ་ཆེན་དྲག་པོའི་ཆུང་མ་འཁྲུག་མོ་དང་། བརྒྱ་བྱིན་གྱི་ཆུང་མ་དབང་མོ་དང་། ཁྱབ་འཇུག་གི་ཆུང་མ་འཇུག་སྲེད་མོ་དང་། གཞོན་ནུ་གདོང་དྲུག་གི་ཆུང་མ་གཞོན་ནུ་མོ་དང་དྲུག་གོ། །ལྷོའི་མ་མོ་དྲུག་ནི། འཇུག་སྲེད་ཀྱི་ཆུང་མ་དམར་མོ་དང་། ལྷའི་བུ་ཉི་མའི་ཆུང་མ་བདུད་རྩི་མོ་དང་། ཟླ་བའི་ཆུང་མ་ཞི་བ་མོ་དང་། བེ་ཅོན་གྱི་ཆུང་མ་བེ་ཅོན་མོ་དང་། སྲིན་པོ་སྐྱ་རེངས་ཁྲག་མིག་གི་ཆུང་མ་སྲིན་མོ་དང་། ལྷ་ཟ་བྱེད་ཀྱི་ཆུང་མ་ཟ་བ་མོ་དང་དྲུག་གོ། །ནུབ་ཀྱིི་མ་མོ་དྲུག་ནི། དགའ་བྱེད་དབང་ཕྱུག་གི་ཆུང་མ་དགའ་བ་མོ་དང་། སྟོབས་བཟང་གི་ཆུང་མ་ར་རོ་ཁྲག་འཐུང་མྱོས་མ་དང་། བྷྲྀཾ་གི་རི་ཏིའི་ཆུང་མ་གཅིག་པུར་སྤྱོད་མ་དང་། འདོད་ལྷའི་ཆུང་མ་ཡིད་འཕྲོག་མ་དང་། ནོར་སྲུང་གི་ཆུང་མ་གྲུབ་པ་མོ་དང་། རླུང་ལྷའི་ཆུང་མ་རླུང་མོ་དང་དྲུག་གོ། །བྱང་གི་མ་མོ་དྲུག་ནི། ལྷ་གསོད་བྱེད་ཀྱི་ཆུང་མ་གསོད་བྱེད་མོ་དང་། མེ་ལྷའི་ཆུང་མ་མེ་མོ་དང་། ས་བདག་ཕག་ཆེན་གྱི་ཆུང་མ་ཕག་མོ་དང་། གཤིན་རྗེའི་ཆུང་མ་རྒན་བྱེད་མོ་དང་། བི་ན་ཡ་ཀའི་ཆུང་མ་སྣ་ཆེན་མོ་དང་། ཆུ་ལྷའི་ཆུང་མ་ཆུ་ལྷ་མོ་དང་དྲུག་གོ། །སྒོ་མ་བཞི་ནི། ལྷ་ནག་པོ་ཆེན་པོའི་ཆུང་མ་ནག་མོ་ཆེན་མོ་དང་། ར་གདོང་ཆེན་པོའི་ཆུང་མ་ར་མགོ་དམར་སེར་ཆེན་མོ་དང་། སྲིན་པོ་བུམ་སྣའི་ཆུང་མ་བུམ་སྣ་སྔོ་ནག་ཆེན་མོ་དང་། ལྷ་གསུས་པོ་ཆེའི་ཆུང་མ་གསུས་འཛིན་སེར་ནག་ཆེན་མོ་བཞིའོ། །དེ་ལ་སོགས་པ་མ་མོའི་ཚོགས་ལས་བྱེད་པ་བྲན་དང་། དེའི་ཡང་ལས་བྱེད་པ་ཡང་བྲན་དང་། བཀུར་སྟི་བྱེད་པའི་གཡོག་དང་། དེ་ལ་ཡང་བསྐུར་སྟི་བྱེད་པ་གཡང་གཡོག་དང་བཅས་པའི་འཁོར་ཞིང་གི་རྡུལ་ལྟར་མཐའ་ཡས་པ་ཐམས་ཅད་ཀྱང་ཆགས་པ་ཆེན་པོས་དབང་དུ་བསྡུས་སོ། །བཅུ་པ་ནི། དེ་ནས་བཅོམ་ལྡན་འདས་སོགས་ཏེ། མོ་རྒྱུད་རྣམས་བསྡུས་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེ་སྲིན་པོར་སྣང་བ་དེས་མ་མོ་རྣམས་འདུལ་བའི་ཐབས་ཀྱིས། སླར་ཡང་རིགས་ལྔའི་འཇིགས་བྱེད་ཧེ་རུ་ཀ་ཆེན་པོ་ལྔ་ཀ་ཡོངས་སུ་རྫོགས་པར་མ་མོ་རྣམས་ཀྱི་ངོ་ལ་སྣང་བར་བྱས་ནས། རིགས་ལྔ་དེ་དག་ཀུན་ཀྱང་ཐབས་ཤེས་གཉིས་སུ་མེད་པར་དགྱེས་པར་རོལ་པའི་བྱང་སེམས་ལས་གནས་ཡུལ་སྒོ་མའི་དཀྱིལ་འཁོར་གྱི་ཚོགས་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་བའི་རྡོ་རྗེ་ལས་སྔགས་འདི་དག་ཕྱུང་ངོ་། །ༀ་ཨཱཿཧཱུཾ་ནི་རྡོ་རྗེ་གསུམ། བཛྲ་ནི་རྡོ་རྗེ་སྟེ་ཡབ་ཀྱི་གསང་བའི་རྡོ་རྗེ། པྲ་བེ་ཤ་རབ་ཏུ་ཞུགས་པ་སྟེ་ཡུམ་གྱི་གསང་བའི་པདྨོར། ཨ་ལ་ལ་ཧོཿདགྱེས་པའི་ངོ་མཚར་བའོ། །བཅུ་གཅིག་པ་ནི། ཞེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་བརྗོད་པས་འབྱུང་མོའི་རྒྱལ་མོ་རྣམས་རིགས་ལྔའི་ཧེ་རུ་ཀར་སྣང་བ་ལ་ཤིན་ཏུ་ཆགས་པའི་ཡིད་རབ་ཏུ་གཡོས་ནས། རང་རང་གི་པདྨའི་དཀྱིལ་འཁོར་རྡོ་རྗེ་སྡུད་པ་སྟེ་འཛུམ་ཞིང་རྒྱས་པར་གྱུར་ནས། དཔེར་ན་རྡོ་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་དབང་ཕྱུག་མོ་ཉི་ཤུ་རྩ་བརྒྱད་རྣམས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་རིགས་ལྔའི་སྐུ་ལ་འཁྲིལ་ཏེ། འདི་ལྟར་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེ་ཧེ་རུ་ཀའི་སྐུ་བརྒྱད་དུ་སྣང་བ་ལ། ཕྱོགས་ཀྱི་གཙོ་མོ་སྲིན་མོ་ཆེན་མོའི་སྲིན་མོ་སོགས་བཞི་དང་། སྒོ་སྐྱོང་ནག་མོ་ཆེན་མོ་སོགས་བཞི་སྟེ་བརྒྱད་པོ་རྣམས་སོ་སོར་འཁྲིལ་ཏོ། །བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་རིགས་བཞི་པོ་ལྔ་ལྔར་སྣང་སྟེ། དེ་བཞིན་གཤེགས་པའི་སྐུ་ལ་ཚངས་མ་སོགས་ཤར་ཕྱོགས་ཀྱི་མ་མོ་ལྔ་རྣམས་འཁྲིལ་ཏོ། །རིན་པོ་ཆེའི་སྐུ་ལ་བདུད་རྩི་མོ་སོགས་ལྷོའི་མ་མོ་ལྔ་རྣམས་འཁྲིལ་ཏོ། །པདྨའི་སྐུ་ལ་ཁྲག་གིས་མྱོས་མ་སོགས་ནུབ་ཀྱི་མ་མོ་ལྔ་རྣམས་འཁྲིལ་ཏོ། །ཀུན་ཏུ་ལས་ཀྱི་སྐུ་ལ་མེ་མོ་སོགས་བྱང་གི་མ་མོ་ལྔ་རྣམས་འཁྲིལ་ཏོ། །དེ་ལ་ཁ་ཅིག་ན་རེ། འོ་ན་དེ་དག་དང་རེས་མོས་སུ་རོལ་ལམ། དུས་གཅིག་ཏུ་རོལ་ཞེ་ན། གཉིས་ཀ་ལྟར་མིན་ཏེ། ཁྲག་འཐུང་རིགས་ལྔའི་སྣང་བ་ལ་སྦྱོར་བའི་རྟོག་པ་མི་མངའ་ལ། མ་མོའི་སྣང་བ་ལ་དེ་བཞིན་གཤེགས་པ་རེ་རེས་སྦྱོར་བར་སྣང་བ་སྟེ། མངོན་རྟོགས་ལས། མ་མོ་ཡང་དེ་བཞིན་གཤེགས་པ་རེ་རེ་དང་སྦྱོར་བ་མཐོང་བ་ནི། ཞེས་གསུངས་པའི་ཕྱིར་རོ། །དེས་ན་ནག་ཕྱོགས་ཀྱི་ཆུང་མ་ཕལ་པ་དང་ཡང་བྲན་སོགས་བསམ་གྱིས་མི་ཁྱབ་པའི་སྣང་ངོར་ཡང་ཁྲག་འཐུང་དཔའ་བོའི་རྣམ་པ་བསམ་གྱིས་མི་ཁྱབ་པར་སྣང་ནས་སྦྱོར་བ་མཛད་པ་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་རིགས་ལྔའི་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུཾ་ཞེས་བརྗོད་པས་དབང་མོ་རྣམས་ཀྱི་པདྨའི་དཀྱིལ་འཁོར་གྱི་ཚོགས་རིགས་ལྔའི་རྡོ་རྗེ་ལ་བསྡུས་ནས་སྐུའི་སྟོད་སྨད་ཤིན་ཏུ་བཅུམས་པས་རོལ་པར་གྱུར་ཏོ། །བཅུ་གཉིས་པ་ལ་བཞི་སྟེ། གནས་མ་དང་། ཡུལ་མ་དང་། སྒོ་མ་རྣམས་སྤྲོ་བ་དང་། ཁྲོས་པར་བསྐུལ་བའོ། །དང་པོ་ནི། དེ་ནས་སོགས་ཏེ། ཡབ་ཡུམ་གཉིས་མེད་དུ་རོལ་པ་དེ་ནས་དགྱེས་ཏེ་ཧ་ཞེས་བརྗོད་པའི་བཞད་སྒྲས་སྦྱོོར་མཚམས་ནས་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་སྤྲིན་ལས། དཀར་མོའི་ཚོགས་ཀ་རཱི་མས་ཞི་བའི་ལས་དང་། རྐུན་མོའི་ཚོགས་ཙ་རཱི་མས་དབང་གི་ལས་དང་། རྨོངས་མོའི་ཚོགས་པྲ་མོ་ཧས་ཞི་བའི་ལས་དང་། ཐལ་བྱེད་མའི་ཚོགས་བེ་ཏ་ལཱིས་དྲག་པོའི་ལས་དང་། སྦོས་མོའི་ཚོགས་པུཀྐ་སཱིས་རྒྱས་པའི་ལས་དང་། གཏུམ་མོའི་ཚོགས་གྷསྨ་རཱིས་དྲག་པོའི་ལས་དང་། སྨེ་ཤ་ཅན་གྱི་ཚོགས་སྨེ་ཤ་ནཱིས་ལས་གང་འདོད་དང་། མ་ཚོགས་མའི་ཚོགས་ཙཎྜ་ལཱིས་འཕེལ་བའི་ལས་གྲུབ་པ་སྟེ། དེ་རྣམས་ཀྱིས་ཞིང་དབྱུག་དང་། ཐོད་ཁྲག་སོགས་རང་རང་གི་ལག་ཆ་དང་། རྔམ་ཞིང་བརྗིད་པའི་རྒྱན་ཆས་དང་ལྡན་པ། ངོ་མཚར་བའི་གཟུགས་རྒྱན་དང་བཅས་པས་དབང་མོའི་མཁའ་ནས་ཕྱིར་འཐོན་ཏོ། །གནས་མ་བརྒྱད་པོ་རེ་རེ་ཡང་ཉི་ཤུ་རྩ་བརྒྱད་དུ་འཐོན་ནས་ཀྱང་རིགས་བསྡུས་ཏེ་འབར་བ་ཆེན་པོའི་འཁོར་ལོའི་རྩིབས་མཆན་དང་གྲུ་ཆད་བཞི་ཤར་ལྷོའི་ཕྱོགས་ནས་གཡས་བསྐོར་གྱིས་འཁོར་བར་ཟ་ཟ་འཆའ་འཆའ་འདྲ་བ་འཇིགས་པའི་གཟུགས་དོན་རྟགས་དང་མཐུན་པར་རང་རང་གི་ལག་ཆ་དང་བཅས་ནས་འཁོད་དོ། །གཉིས་པ་ནི། དེ་ནས་སོགས་ཏེ། གནས་མ་བརྒྱད་འཐོན་པ་དེ་ནས་སླར་ཡང་ཤིན་ཏུ་དགྱེས་ནས་ཧེ་ཞེས་བརྗོད་པའི་བཞད་སྒྲ་དང་སྦྱོར་མཚམས་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཡུལ་མ་བརྒྱད་འཐོན་ཏེ། དེ་ཡང་ཐམས་ཅད་ཟིལ་གྱིས་གནོན་པ་སེང་གདོང་ཆེན་མོའི་ཚོགས་དང་། དཔའ་རྟུལ་གྱིས་དྲག་པོའི་ལས་བྱེད་པ་སྟག་གདོང་དང་། ཐབས་ལ་མཁས་པས་ཕུང་པོའི་བདུད་དག་པར་བྱ་པ་ཝ་གདོང་དང་། མེལ་ཚེ་མཁས་ཤིང་ལྷའི་བུའི་བདུད་འཇོམས་པར་བྱེད་པ་ཁྱི་གདོང་དང་། མིག་རྣོ་ཞིང་ཤེས་བྱ་ལ་ཐོགས་པ་མེད་པ་བཞད་གདོང་དང་། དབུགས་བྲལ་ལ་སྤྱོད་ཅིང་འཁོར་བ་དང་དུ་ལེན་པས་འཆི་བདག་གི་བདུད་འཇོམས་པ་ཀངྐའི་གདོང་དང་། ཉོན་མོངས་པ་ཟད་པར་བྱེད་པ་ཁྭ་གདོང་དང་། གདུལ་བྱ་ཕྲ་བའང་མི་འདོར་བ་འུག་གདོང་ཆེན་མོའི་ཚོགས་ཏེ། དེ་ལྟར་ཕྲ་མེན་ཆེན་མོ་རེ་རེའང་ཉེར་བརྒྱད་ཀྱི་ཚོགས་དང་བཅས་པ་རྣམས། ལག་གཉིས་གྱེན་དུ་བསྣོལ་བས་རོ་བཟུང་བ་སོགས་རང་རང་གི་ལག་ཆ་དང་ངོ་མཚར་དུ་མ་དང་བཅས་མཁའ་ནས་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་རིགས་བསྡུས་ཏེ་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་གསེར་ཁྱམས་ལ་ཤར་ཕྱོགས་ནས་འཁོར་བར་ཕྱོགས་བཞིར་མཆེ་བ་ཅན་བཞི་དང་། མཚམས་བཞིར་གཤོག་པ་ཅན་བཞི་རྔམས་པའི་མདངས་ཀྱིས་འཁོད་དོ། །གསུམ་པ་ནི། དེ་ནས་སོགས་ཏེ། ཡུལ་མ་བརྒྱད་འཐོན་པ་དེ་ནས་ཤིན་ཏུ་དགྱེས་པས་ཕྲིན་ལས་བཞིའི་སྣང་བས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པར་ཁྱབ་ནས་ཕཊ་ཅེས་བརྗོད་པའི་བཞད་སྒྲ་དང་བྱང་ཆུབ་སེམས་ཀྱི་སྤྲིན་ལས། བྱམས་པས། འཁོར་བར་མི་གཏོང་བ་རྡོ་རྗེ་སྲིང་འགྲོ་རྟ་གདོང་མ། སྙིང་རྗེས་འཆིང་བ་ཕྲིན་ལས་གཅིག་ཏུ་འཇུག་པ་རྡོ་རྗེ་གདོང་མོ་ཕག་གདོང་མ། དགའ་བས་སྡོམ་པ་རྡོ་རྗེ་འཇིག་རྟེན་སེང་གདོང་མ། བཏང་སྙོམས་ཀྱིས་མྱོས་པར་བྱེད་པ་རྡོ་རྗེ་རོ་ལངས་སྤྱང་གདོང་མའི་ཚོགས་རྣམས་ལྕགས་ཀྱུ་སོགས་རང་རང་གི་ལག་ཆ་དང་ངོ་མཚར་དུ་མ་བཅས་ཏེ་འཐོན་པར་གྱུར་ཏོ། །འཐོན་ནས་ཀྱང་ཉེར་བརྒྱད་པོ་རིགས་བསྡུས་ཏེ་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོ་བཞིར་ཤིན་ཏུ་རྔམས་པའི་གཟུགས་ཀྱིས་གནས་སོ། །འདིར་སྲས་ཀྱི་དཀྱིལ་འཁོར་གནས་ཡུལ་སྒོ་མ་འདི་རྣམས་དབང་མོ་དང་རོལ་པ་ལས་བསྐྱེད་པ་དང་། སྒྲུབ་ཐབས་ནས་རིགས་ཀྱི་ཡུམ་དང་རོལ་པ་ལས་བསྐྱེད་པར་འདོད་པ་གཉིས་འགལ་ལོ་ཞེ་ན། དེ་ལྟར་མ་ཡིན་ཏེ། འདིར་དྲེགས་པ་ཅན་བསྒྲལ་ཞིང་དེའི་འཁོར་མོ་རྣམས་དབང་དུ་བསྡུས་ཏེ་སྦྱོར་བ་ནི་ཐབས་ཆེན་པོའི་སྦྱོར་སྒྲོལ་གྱི་ཆེ་བ་དབྱུང་བའི་དགོས་པ་ཡོད་པའི་ཕྱིར་དབང་མོ་དང་རོལ་ལ། དོན་གྱིས་འདིར་ཡང་ཡེ་ཤེས་ཀྱི་ཡུམ་དང་རོལ་པ་ཤེས་དགོས་ཏེ། ཇི་སྐད་དུ། དེ་བཞིན་ཉིད་ཀྱི་དབྱིངས་ནས། ཞེས་སོགས་གསུངས་པའི་ཕྱིར་རོ། །ཡང་འདིར་དབང་མོ་ཉེར་བརྒྱད་ལ་བུ་མོ་ཉི་ཤུ་ལས་མ་བྱུང་བ་ནི་ཉུང་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཚོགས་དང་བཅས་པ་མིའི་དབང་དུ་ན་རེ་རེ་ཡང་ཉེར་བརྒྱད་ཉེར་བརྒྱད་དེ། བརྒྱ་ཕྲག་ལྔ་དང་བཅུ་ཕྲག་དྲུག་ཡོད་ལ། དཀྱིལ་འཁོར་དུ་འགོད་པའི་ཚེ་དེ་དག་ཐུགས་ཡེ་ཤེས་སུ་གཅིག་པའི་ཕྱིར་རེ་རེར་བསྡུས་ནས་འགོད་པས་སྐྱོན་མེད་དོ། །བཞི་པ་ནི། དེ་ནས་སོགས་ཏེ། དཀྱིལ་འཁོར་འགོད་པའི་མཛད་པ་རྫོགས་པ་དེ་ནས་ཡབ་ཡུམ་དགྱེས་པ་ཆེན་པོའི་བྱང་ཆུབ་སེམས་ཀྱི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས་ཁྲོ་མོ་ཐམས་ཅད་ཤིན་ཏུ་ཡང་ཁྲོས་ནས། ལས་ལས་གྲུབ་པའི་མ་མོ་ཐམས་ཅད་ཀྱང་རང་རང་གི་གནས་ཤར་ཕྱོགས་ལ་སོགས་པ་ག་ལ་བ་དེར་ཡུད་ཙམ་ལ་རྫུ་འཕྲུལ་གྱིས་ཕྱིན་པར་ལས་ལ་བཀྱེའོ། །གསུམ་པ་དེ་ལྟར་བཏུལ་བའི་འབྲས་བུ་ལ་བཞི་སྟེ། དབང་བསྐུར་ཏེ་གནས་སྤར་ནས་སྣང་འབྱེད་ཀྱི་ཏིང་ངེ་འཛིན་ཐོབ་པ། འབངས་སུ་དམ་བཅུས་ནས་ལུས་གདན་དུ་ཕུལ་བ། འཁོར་ཕུལ་ཏེ་གུས་པས་མཆོད་པར་དམ་བཅས་པ། དབང་མོ་རྣམས་ལས་ནོད་པ་ལ་དབང་བསྐུར་ནས་མུ་རན་ལ་བཀོད་ཚུལ་ལོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་སོགས་ཏེ། སྦྱོར་སྒྲོལ་གྱི་ཕྲིན་ལས་རྨད་དུ་བྱུང་བ་བསྟན་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རིགས་ལྔ་པོ་དེ་དག་ཀུན་བཛྲ་ཧེ་རུ་ཀར་བསྡུས་པ་ཉིད་རང་བྱུང་གི་ཐུགས་རྗེ་ཆེན་པོས་གསོ་བར་བྱེད་པས་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེ་ལས་དབང་བསྐུར་བའི་དམ་རྫས་སྔགས་དང་བཅས་པ་འདི་དག་ཕྱུང་ངོ་། །དེ་ཡང་སྔར་དབང་ཕྱུག་ཆེན་པོ་ལ་སོགས་པའི་དྲེགས་པ་ཅན་རྣམས་ཀྱིས་ཡན་ལག་ཀུན་བཅད་གཏུབ་དང་ཤ་ཀུན་ཟོས། ཁྲག་ཀུན་འཐུང་། རུས་པ་ཀུན་འཆོས་ནས། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་ལྟོ་བ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ཡོད་པ་དཔལ་ཆེན་པོའི་སྣམས་ཏེ་བཤང་ལམ་ནས་བཏོན་ཏེ་མི་གཙང་བའི་འདམ་གྱི་རྒྱ་མཚོར་ཆུད་པ་ལས། སླར་ཡང་སྣམས་ནས་ཨུ་ཙུཥྨ་ཀྲོ་ཏ་ཞེས་པས་ཁྲོ་བོ་སྨེ་བ་བརྩེགས་པ་དང་། དམ་རྫས་བདུད་རྩི་ཕྱུངས་ནས། ༀ་བཛྲ་མ་ཧཱ་ཨ་མྲྀ་ཏ་མཆོག་སྟེར་རྡོ་རྗེ་བདུད་རྩི་ཆེན་པོ། མ་ཧཱ་ཀྲོ་དྷ་ཁྲོ་བོ་ཆེན་པོ། ཨཾ་ཨཾ་ཨཾ་ཞེས་བརྗོད་པས་ལན་གསུམ་དུ་དམ་རྫས་བདུད་རྩི་ལྕེར་བཞག་ཅིང་དབང་བསྐུར། སྨེ་བ་བརྩེགས་པས་འདམ་ཀུན་འཐུངས་ཏེ་གསོལ་བས། དབང་ཐོབ་པའི་བྱིན་རླབས་ཀྱིས་དྲེགས་པ་ཅན་དེ་དག་དྲན་པ་སླར་རྙེད་ནས་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་སུ་གསལ་བར་གྱུར་ཏོ། །དེའི་ཚེ་སྣང་བ་རྣམ་པར་འབྱེད་པའི་ཏིང་འཛིན་ཐོབ་པས་འབར་བ་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་བསམ་ཡས་ལྷུན་གྲུབ་ཀྱི་ཞལ་མངོན་སུམ་དུ་མཐོང་སྟེ། ཁྲོ་བོ་དེ་དག་ཐམས་ཅད་ཀྱང་དབུ་དགུ་བརྒྱ་པ། ཕྱག་སྟོང་བརྒྱད་བརྒྱ་པ། ཞབས་བརྒྱད་བརྒྱ་པ། སྐུ་གཟི་བྱིན་མཐའ་ཡས་པ་འབར་བ་ཆེན་པོའི་དཀྱིལ་འཁོར་ན་བཞུགས་པར་མཐོང་ངོ་། །ཡེ་ཤེས་ཀྱི་ཆོ་འཕྲུལ་གྱིས་སྤྲུལ་པའི་རཱུ་ཏྲ་བཏུལ་བ་དེའི་དུས་སུ། གདུལ་བར་བྱ་བའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུར་སྲིད་པ་གསུམ་པོ་ཀུན་ཏུ་གནས་ཤིང་དབང་བསྒྱུར་བའི་དྲེགས་པའི་དབང་ཕྱུག་ཆེན་པོ་ཐམས་ཅད་གང་ལ་གང་གིས་ཇི་ལྟར་འདུལ་བའི་ཐབས་ཀྱི་སྒོ་སྣ་ཚོགས་སུ་སྣང་བའི་རོལ་པ་བསམ་གྱིས་མི་ཁྱབ་པར་རང་རང་གི་ཞིང་སོ་སོར་སྣང་བས་སྔ་ཕྱི་མེད་པར་དུས་གཅིག་ཏུ་བརྟུལ་ལོ། །དེ་ཡང་རྒྱུད་འདི་ཉིད་ལས། སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ། །ཅེས་སོ། །གཞན་ཡང་གསང་བའི་འོག་མིན་དུ་སྟོན་འཁོར་ཚོགས་ནས་སྙིང་གའི་འོག་མིན་དུ་སངས་རྒྱས་པའི་ཚེ་ཁུ་རྡུལ་རླུང་གསུམ་རྣམ་ཤེས་དང་བཅས་པའི་དྲི་མ་ཆ་ཕྲ་བ་དེ་ཉིད་བཅོམ་པའི་རྩལ་སྣང་ཕྱི་རོལ་དུ་ཞི་ཁྲོའི་གླེང་གཞིར་སྣང་བའོ། །དགོས་ཆེད་ནི་མ་འོངས་པའི་གང་ཟག་ཆོས་མིག་དང་ལྡན་པ་རྣམས་རྒྱུད་འདི་ལྟ་བུའི་རཱུ་ཏྲར་གོལ་བའི་གོལ་ས་བཀག་པ་དང་། ཁྱད་པར་དུ་ལམ་པ་རྣམས་ཀྱིས་རྫོགས་རིམ་གྱི་དུས་སྦྱོར་ཅན་གྱི་རྩ་དང་ལས་རླུང་གི་རྒྱུ་བ་བཅོམ་ནས་ཡེ་ཤེས་ཀྱི་རྩ་རླུང་ཁྱད་པར་ཅན་ལ་དཀྲི་བའི་ཆེད་དུའོ། །སྐབས་འདིར་ཁ་ཅིག་ན་རེ། རཱུ་ཏྲ་དེ་སྤྲུལ་པ་བ་ཡིན་ནམ། ཐ་མལ་པ་ཡིན། སྔ་མ་ལྟར་ན་ངན་སོང་གི་སྡུག་བསྔལ་མྱོང་བས་བཤད་པས་རིགས་པ་མ་ཡིན་ལ། ཕྱི་མ་ལྟར་ན་ཡི་དྭགས་ཀྱི་སྲིན་པོ་ཆེན་པོ་ཟེར་བས་འདོད་ཁམས་པ་ཡིན་པའི་ཕྱིར། དེས་གཟུགས་ཁམས་དབང་དུ་བསྡུས་པ་མི་འཐད་དེ། དེར་བགྲོད་པ་ལ་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་དགོས་པའི་ཕྱིར་དང་། དཔལ་ཆེན་པོ་དང་སྤྱོད་ཡུལ་གཅིག་ཏུ་མ་སྤྱད་པའི་ཕྱིར། ཞལ་མཐོང་བ་དངོས་ཀྱི་གདུལ་བྱར་གྱུར་པའི་མི་འཐད་དོ་ཟེར་ན། དེ་དགག་པ་ལ། སེམས་ཅན་གྱི་དོན་དུ་དེ་བཞིན་གཤེགས་པའི་སྤྲུལ་པ་ཐ་མལ་པའི་གཟུགས་སུ་སྣང་བ་རྣམས་ཆོས་ཅན། ཁྱོད་ཐ་མལ་པར་ཐལ། དམ་བཅའ་དེ་འཐད་པའི་ཕྱིར། འདོད་པའི་རྟེན་ཅན་གྱི་འཕགས་པ་ཆོས་ཅན། ཁྱོད་ཀྱིས་གཟུགས་ཁམས་དབང་དུ་བསྡུ་མི་ནུས་པར་ཐལ། ཁྱོད་འདོད་པའི་རྟེན་ཅན་ཡིན་པའི་ཕྱིར། འདོད་ན། དཔའ་བོས། སྐྱེ་བོ་མ་རིག་གིས་ལྡོངས་པས། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །ཞེས་པའི་ལུང་གིས་གནོད་པའི་ཕྱིར་རོ། །ཡང་ཤཱཀྱ་ཐུབ་པ་མཐོང་བའི་སེམས་ཅན་རྣམས་ཆོས་ཅན། ཁྱོད་ཐུབ་པ་དང་སྤྱོད་ཡུལ་གཅིག་ཏུ་སྤྱད་པར་ཐལ། དེའི་ཕྱིར་རྟགས་ཁས་བླངས་ལ། དེ་ལྟར་ཡང་འགྲེལ་པ་ལུང་བསྟན་ལས། ཇི་སྐད་བཤད་པའི་མཐུ་འདི་དག་རང་རྒྱུད་པ་ལ་ཡོད་པ་མ་ཡིན་ཏེ། སྤྲུལ་པ་ཡིན་པར་སོམ་ཉི་མི་བྱའོ། །ཞེས་སོ། །དེ་ལྟར་ན་གོང་དུ་བདག་ཏུ་རྨོངས་པའི་ཞེས་སོགས་ཀྱིས་གནོད་དོ་ཞེ་ན། མི་གནོད་དེ། ཕྱིས་འཇིག་རྟེན་དུ་ཆ་ལུགས་དང་མཐུ་ཆ་འདྲ་བའི་རཱུ་ཏྲ་རང་མཚན་པ་འབྱུང་བ་རྣམས་རྒྱུ་དེ་ལྟ་བུས་བསྐྱེད་པར་སྟོན་པའི་ཕྱིར་དང་། དེར་མ་ཟད་གཉེན་པོ་མཆོག་རྣམས་ཉེས་པས་མི་གོས་པར་བསྟན་པའི་ཕྱིར། རྒྱལ་བས་སོར་མོའི་ཕྲེང་བ་ཅན་སྤྲུལ་ནས་བཏུལ་བ་བཞིན་ཐབས་ཀྱི་ཆེ་བ་དབྱུང་བ་དང་། སྔགས་ལམ་པའི་གོལ་ས་དགག་པའི་ཆེད་དུ་ཐབས་ལ་མཁས་པའི་ཆོ་འཕྲུལ་རྨད་དུ་བྱུང་བའོ། །གཉིས་པ་ནི། དེ་ནས་དེ་དག་སོགས་ཏེ། གནས་སྤར་བ་དེ་ནས་དྲེགས་པ་ཅན་དེ་དག་ཤིན་ཏུ་སྐྲག་པས་ལུས་ཤིན་ཏུ་འདར་ཤིང་། སེམས་བྲེད་པས་རབ་ཏུ་དཔའ་ཞུམ་པའི་ང་རོས། བདག་ཅག་ཁྱེད་ཀྱི་འབངས་སུ་མཆི། ངེས་པར་འབངས་སུ་མཆི། གལ་ཏེ་འབངས་སུ་ནན་ཏན་མ་བགྱིས་ན། བདག་ཅན་རྣམས་ཀྱི་མགོ་དང་ལུས་ནི་དུམ་བུ་བརྒྱར་འགས་ཤིང་། སྙིང་ཡང་ཚལ་པ་སྟོང་དུ་འགས་ཤིང་དུམ་བུར་གཏུབ་པར་གྱིས་ཤིག །ལུས་ཀྱང་རུལ་ཞིང་མྱགས་ལ་དམོད་ཚིག་གི་མེས་ཚིག་ནས་ཐལ་བར་བརླག་པ་དང་། ཚེ་ཕྱི་མར་ཡང་རྡོ་རྗེའི་དམྱལ་བར་ལྷུང་ནས་འོ་དོད་ཆེན་པོ་འབོད་པར་ཤོག །དེ་སྐད་ཅེས་འབངས་སུ་མཆི་བར་མནའ་བོར་ནས་རང་རང་གི་ལུས་ཁྲག་འཐུང་རིགས་ལྔའི་དཀྱིལ་འཁོར་གྱི་གདན་དུ་ཕུལ་ནས་བཞག་གོ། །གསུམ་པ་ནི། ཐམས་ཅད་ཀྱི་སོགས་ཏེ། དྲེགས་པའི་བདག་པོ་ཐམས་ཅད་ཀྱིས་ངག་མཐུན་པར་མགྲིན་གཅིག་ཏུ་ལུས་ཕུལ་ནས་ཡང་འཁོར་འབུལ་བ་སྨྲས་པ། བདག་ཅག་རྣམས་ཀྱི་མཆིས་བྲང་ཆུང་མ་དང་། མ་དང་བུ་མོ་དང་། སྲིང་མོ་རྣམས་ཀྱང་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་ལ་འབུལ་བས་བཞེས་སུ་གསོལ། གང་གིས་ན་གདུག་པ་ཅན་འདུལ་བ་ལ་ཉམ་ང་བ་མེད་པས་དཔའ་བོ་ལྷ་ཆེན་རྣམས་ཀྱི་ཡང་རྗེ་བོར་གྱུར་པ་དཔལ་ཧེ་རུ་ཀས་བཞེས་སུ་གསོལ། ཞེས་འཁོར་ཕུལ་ནས། ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་དགོངས་པ་བསྒྲུབ་པར་དམ་བཅའ་བ་ནི། གདུག་པ་ཅན་བདག་ཅག་སོ་སོའི་འཁོར་དང་བཅས་པ་རྣམས་ཀྱིས་ཁྲོ་བོའི་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིའི་དོན་ཟབ་མོ་རྟོགས་པ་རྣམས་ལྟ་ཅི་སྨོས། ཐ་ན་མིང་ཙམ་མོས་གུས་ཀྱིས་འཛིན་པར་བྱེད་པའི་རྣལ་འབྱོར་པ་དེ་ཡང་དཔེར་ན་ལྷའི་དབང་པོ་དང་ཀླུའི་དབང་པོའི་གཙུག་ཏོར་ནོར་བུ་རིན་པོ་ཆེ་འོད་འབར་བ་དེ་ལྷ་བྲན་དང་ཀླུ་བྲན་རྣམས་ཀྱིས་མཐོང་མ་ཐག་ཏུ་ཕྱག་མ་བྱས་ན་མགོ་བོ་འགས་པས་མི་བཀུར་བའི་ཐབས་མེད་པ་ལྟར་སེམས་ལ་གཡོ་སྒྱུ་མེད་ཅིང་གུས་པ་དང་ལྡན་པའི་སེམས་ཀྱིས་བླངས་ཏེ་སྤྱི་བོའི་གཙུག་ཏུ་བཞག་ནས་བཀུར་བར་བགྱིའོ། །དེ་ཡང་འཁུར་ལུགས་གསུམ་དང་མཐོང་ལུགས་བཞི་སྟེ། རབ་ལྟ་བ་དང་ལྡན་པའི་རྣལ་འབྱོར་པ་གཙུག་གི་ནོར་བུ་ལྟར་མཐོང་ཞིང་འཁུར། འབྲིང་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་རྗེ་དཔོན་དབང་པོ་ཆེ་ལྟར་མཐོང་ཞིང་འཁུར། ཐ་མ་སྤྱོད་ལམ་ད་ངལྡན་པའི་རྣལ་འབྱོར་པ་དེ་སྤྱན་འདྲེན་ངོ་ཆེན་ལྟར་དུ་མཐོང་ཞིང་འཁུར་ལ། ཡང་ཐ་དམ་ལ་མི་གནས་པའི་རྣལ་འབྱོར་པ་ནི་བཀའ་ཆད་ཀྱི་གནས་སུ་མཐོང་ཞིང་འཁུར་བ་ལྟ་ག་ལ་སྲིད་དོ། །ཞེས་སྔོན་གྱི་བླ་མ་རྣམས་ཀྱིས་གསུངས་སོ། །དེས་ན་དམ་ལ་གནས་པའི་རྣལ་འབྱོར་པ་དེའི་དགོས་པ་ཅི་ཡང་རུང་བ་མ་ལུས་པ་རྫོགས་པར་བདག་ཅག་རྣམས་ཀྱིས་བསྒྲུབ་བོ། །གལ་ཏེ་དཔའ་བོ་དཔལ་ཆེན་ཧེ་རུ་ཀའི་སྤྱན་སྔར་འདིར་སྨྲས་པ། ཁས་བླངས་བཞིན་དུ་མ་བསྒྲུབས་ན། བདག་ཅག་རྣམས་ཀྱི་མགོ་བོ་བཀས། ལུས་དུམ་བུར་གཏུབས། སྙིང་ཚལ་པར་གྱུར་ནས་རུལ་བར་མཆིའོ་ཞེས་གནའ་བོར་བའི་ཚིག་དེ་དག་སྨྲས་སོ། །དེ་ལྟར་དུ་རཱུ་ཏྲ་འཁོར་བཅས་ཀྱི་དམ་བཅས་པ་བཞིན་བསྒྲུབ་ཅིང་ལམ་ཉམས་སུ་བླངས་སོ། །དེའི་གཙོ་བོ་ཐར་པ་ནག་པོ་ད་ལྟའི་བསྐལ་པ་འདིའི་ཡུན་དུ་དགེ་བསྙེན་ལེགས་ལྡན་ནག་པོ་ཞེས་བྱ་བར་གྱུར་ནས་རྣལ་འབྱོར་པའི་ཆོས་སྲུང་བར་བྱེད་ལ། བསྐལ་པ་ཕྱི་མ་ལ་འོག་གི་ཕྱོགས་ཀྱི་འཇིག་རྟེན་ཐལ་བས་ཁེབས་པ་ཞེས་བྱ་བར་སངས་རྒྱས་ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བར་འཚང་རྒྱ་བར་ལུང་བསྟན་ཏོ། །བཞི་པ་ནི། དེ་ནས་སོགས་ཏེ། བྲོ་བོར་བ་དེ་ནས་དྲེགས་པ་ཅན་དེ་དག་གི་ཆུང་མའི་ཚོགས་དང་། སྲིང་མོ་དང་། མ་དང་བུ་མོའི་ཚོགས་ཐམས་ཅད་སྔར་བཀྱེ་བ་ལས་སླར་ཡང་དཀྱིལ་འཁོར་གྱི་དྲུང་དུ་ཡུད་ཙམ་གྱིས་འོངས་ནས། དེ་ཐམས་ཅད་ཀྱིས་ངག་མཐུན་པར་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་དབང་མོ་འཁོར་ཚོགས་ཐམས་ཅད་ཀྱང་དཔའ་བོ་ཆེན་པོའི་འབངས་སུ་མཆིའོ། །དཔའ་བོ་ཆེན་པོས་བདག་ཅག་རྣམས་ལ་ཞི་རྒྱས་དབང་དྲག་གི་ལས་ཐམས་ཅད་འགྲུབ་པའི་ཕྲིན་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ་ཞེས་སྨྲས་སོ། །ཅི་བགྱི་ཞུས་པ་དེ་ནས་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཧེ་རུ་ཀས། དེ་རྣམས་ཀྱི་ལག་ཏུ་དབང་རྟགས་སུ་ལྕགས་ཀྱི་རྡོ་རྗེ་རྩེ་གསུམ་པ་རེ་བྱིན་ནས་རྡོ་རྗེ་མིིའི་སྲིན་མོ་ལ་སོགས་པ་རང་རང་དང་མཐུན་པའི་མིང་གིས་དབང་བསྐུར་ཏེ་དཀྱིལ་འཁོར་ཆེན་པོའི་ཁྱམས་ཀྱི་ཕྱི་ཁྱམས་ལ་བཀོད་དོ། །དེ་ལྟར་ཡང་ཇི་སྐད་དུ། དབུས་ལ་འཚལ་བའི་སྐལ་བ་མེད། །དཀྱིལ་འཁོར་མཐའ་ལ་ངེད་རྣམས་ཞོག །ཕུད་པ་དབང་བའི་སྐལ་བ་མེད། །ལྷག་མའི་ཞལ་ཆབ་བདག་ལ་ཞུ། །ཞེས་པ་བཞིན་ནོ། །གཉིས་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་སུ་ཡོད་པ་ལས། འདིས་ཁྲོ་བོ་རང་བཞིན་འབྲས་བུ་མཐར་ཕྱིན་པའི་དཀྱིལ་འཁོར་གྱི་སྤྲིན་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། ༈ །།ད་ནི་ལེའུ་བཅུ་དྲུག་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་སྟོན། སྣང་བ་བཞི་ལས་ལམ་སྣང་སྟོན། ལམ་མཐའ་གྲོལ་གཉིས་ལས་གྲོལ་ལམ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་ཁྲོ་བོ་གསུང་གི་དཀྱིལ་འཁོར་སྟོན། ཞོར་ལ་ཏིང་ངེ་འཛིན་སྟོན། མཆོད་པ་སྟོན། སྔགས་གཙོ་ཆེར་སྟོན། ཐ་མའི་ཆོས་བཅུ་ལས། བསྣོལ་མཚམས་འཕེན་སྡུད་དང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། རང་བཞིན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་གསུང་སྔགས་ཀྱི་དཀྱིལ་འཁོར་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་སྔར་བསྟན་པ་འདི་དག་གསུང་སྔགས་ཀྱི་དམ་ཚིག་གིས་འགྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཁྲོ་བོ་ཁྲག་འཐུང་ཆེན་པོ་རིགས་ལྔ་བཙུན་མོ་དང་བཅས་པའི་ཚོགས་དེ་དག་གི་སྐུ་དང་གསུང་དང་ཐུགས་དབྱེར་མི་ཕྱེད་པའི་རྡོ་རྗེའི་བདག་ཉིད་རང་བྱུང་གི་ཡེ་ཤེས་རང་ཤར་བའི་སྔགས་ཀྱི་ང་རོ་རྔམས་པ་ལས་ལྷག་ཏིང་གསུང་གི་དཀྱིལ་འཁོར་གྱི་གསང་སྔགས་འདི་དག་ཕྱུང་ངོ་། །གཉིས་པ་གཞུང་ལ་གཉིས་ཏེ། གསུང་གི་དཀྱིལ་འཁོར་དང་། དེའི་ཡོན་ཏན་ནོ། །དང་པོ་ནི། གསུང་གི་དཀྱིལ་འཁོར་གྱི་སྐབས་འདིར་མངོན་པར་རྟོགས་པའི་གོ་རིམ་གྱི་སྡེབས་མ་ཤེས་ན་བདུད་རྩི་རོ་ཉམས་ལྟ་བུའི་བཤད་པའི་སྐྱོན་ཡོད་པས། ཁྲོ་བོའི་ཕྲིན་ལས་སྒོམ་རིམ་གྱི་སྡེབས་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པ་དང་གསུམ་གྱི་སྔོན་འགྲོ་ནི། མཆོད་བཤམ་གཞུང་བཞིན་བྱས་ལ། ཚུལ་ཕྱག་བྱ། མཚམས་བཅད། བཤགས་པ་བྱ། དམ་བཅའ། བྱིན་དབབ། མཆོད་པ་བྱིན་གྱིས་བརླབ་བོ། །དེ་རྣམས་ལས་ཁྱད་པར་མཚམས་གཅོད་ལ་ཁྲོ་བཅུ་རོལ་པ་མཛད་དོ། །གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་ཁྱད་པར་གྱི་སྦྱོར་བ་སེམས་བསྐྱེད་པ་ནི། འཛིན་པའི་དབང་གིས་སྡུག་བསྔལ་ཞིང་། །ཞེས་སོགས་ཏིང་ངེ་འཛིན་གྱི་དགོས་ཆེད་བསྟན་པའི་སྒོ་ནས་སོ། །གཉིས་པ་ཏིང་འཛིན་གྱི་རིམ་པ་དངོས་ལ་གསུམ་སྟེ། ཏིང་འཛིན་གསུམ་གྱིས་ཁོག་དབུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ནོ། །དང་པོ་ནི། སྒྲུབས་ཐབས་ལྟར་དེ་ཏིང་དང་ཀུན་སྣང་སྔོོན་དུ་འགྲོ་བས། རྒྱུ་ཏིང་རང་རིག་ཧཱུཾ་ལས་ཆོ་ག་གསུམ་གྱིས་རྒྱུའི་ཧེ་རུ་ཀ་སྨུག་ནག་ཅིར་ཡང་འགྱུར་བ་བསྐྱེད། གཉིས་པ་ལ། རྒྱུའི་ཧེ་རུ་ཀའི་ཐུགས་ཀ་ནས་ས་བོན་སྤྲོས་ཏེ་གཞི་དབང་ཆེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་ལ། ལེའུ་བཅུ་བདུན་པ་ལྟར་ཚིག་གིས་གསལ་གདབ། དེ་ནས་བདག་ཉིད་ཡེ་ནས་སངས་རྒྱས་ཡིན་པའི་ཕྱིར་བདག་གི་སྲས་སུ་དེ་བཞིན་གཤེགས་པ་བྱ་བ་བདག་སྲས་ཀྱི་ཆོ་ག་ནི། ལེའུ་བཅོ་ལྔ་པ་ལྟར་ངོ་མཚར་ཚོགས་ཀྱི་ལྷ་སུམ་ཅུ་བསྐྱེད། རིགས་མི་ནུབ་ཅིང་ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྲས་སུ་བདག་བྱ་བ་གཞན་སྲས་ཀྱི་ཆོ་ག་ནི། བདག་གཙོ་བོའི་ཐུགས་ཀ་ནས་ཐོན་ཏེ་བསྐུལ་བས། ལྷ་ཚོགས་རྣམས་ལས་ཐབས་ཤེས་གཉིས་སུ་མེད་པའི་འོད་ཟེར་སྤྲོས་པས་བདག་གི་ལུས་རྟོག་སྦྱངས་ཏེ་འོད་ཀྱི་གོང་བུར་གྱུར་པ་ལ། སླར་ཡང་རྡོ་རྗེ་གསུམ་གྱི་འོད་ཟེར་བསྟིམས་པས་ཡི་གེ་འབྲུ་གསུམ་དུ་གྱུར་པ་རིམ་བཞིན་ཧཱུཾ་ལ་བསྡུས་པ་དེ་ཉིད་ཟླ་བ་ལ་གནས་པ་རླུང་དཀྱིལ་གྱིས་བཏེགས་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་གཡས་སུ་བསྐོར་ནས་གཙོ་བོའི་ཐུགས་ཀར་ཐིམ། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁར་སོན་པའི་རྐྱེན་གྱིས་གཙོ་བོ་ཡབ་ཡུམ་ཡང་བདེ་བ་ཆེན་པོའི་ངོ་བོར་ཞུ་ཞིང་། ཧཱུྃ་ཧ་ཧེ་ཕཊ་ཅེས་པས་འཁོར་རྣམས་ཀྱང་དབུས་ཀྱི་ཐིག་ལེར་བསྡུས་ནས་འོད་ཀྱི་གོང་བུར་བསམ་པ་ནི་བདག་དོན་ཆོས་སྐུའི་ཏིང་ངེ་འཛིན་གྱིས་སྣང་བའི་ཞེན་པ་སྦྱོང་བའོ། །དེ་ནས་ཧཱུྃ་ཧཱུྃ་ཞེས་སྒྲ་གདངས་ཡིད་ལ་དྲན་པ་ཙམ་གྱིས་འོད་ཕུང་དེ་ཧཱུྃ་ཡིག་ཟུང་དུ་གྱུར་པ་ལས་ཆོ་ག་གསུམ་གྱིས་གཙོ་བོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབས། དེ་ནས་མཁའ་གསང་བརླབ་པ་སོགས་བྱས་ཏེ་ཡུམ་གྱི་མཁར་བྱང་ཆུབ་སེམས་ཀྱི་ལྷའི་ས་བོན་ཡིག་འབྲུའི་དཀྱིལ་འཁོར་དུ་ཞུགས་པ་ལེའུ་འདིར་བཤད་པའི་སྔགས་ཀྱིས་བསྐྱེད་ནས་ངོ་མཚར་ཚོགས་ཀྱི་ལྷ་སུམ་ཅུ་ཡུམ་གྱི་མཁའ་ལས་ཕཊ་ཛཿཞེས་པའི་ཕྱིར་བཏོན་ལ། སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་གཙོ་བོ་རང་ལ་བསྟིམ་ཞིང་འཁོར་རྣམས་སོ་སོའི་གནས་སུ་བཀོད། དབང་མོ་ཉེར་བརྒྱད་པོ་གཙོ་བོའི་ཐུགས་ཀ་ནས་བྷྱོ་ཉེར་བརྒྱད་སོ་སོའི་གནས་སུ་སྤྲོས་པ་ལས་བསྐྱེད་སྔགས་ཀྱིས་ཁྲག་ཁྱམས་སུ་བསྐྱེད་ཅིང་ལེའུ་བཅུ་བདུན་པ་བཞིན་དུ་ཚིག་གིས་གསལ་གདབ་པ་རྣམས་ནི་གཞན་དོན་གཟུགས་སྐུའི་ཏིང་ངེ་འཛིན་གྱིས་སྟོང་པའི་འཛིན་པ་སྦྱོང་བའོ། །གསུམ་པ་ལས་ཀྱི་རིམ་པའི་ཏིང་ངེ་འཛིན་ནི། སྤྱན་དྲང་བ་ནས་བརྩམས་ཏེ་འཛབ་བཟླས་པའི་བར་ས་བཅད་དྲུག་དང་། གསུམ་པ་རྗེས་ཀྱི་རིམ་པ་ལའང་། ཚོགས་མཆོད། ལྷག་མ་བཏང་། བརྟན་མ་བསྐྱང་། དཀྱིལ་འཁོར་བསྡུས། གོ་བགོ། ལུས་བསྲུང་། སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པ་རྣམས་སྒྲུབ་ཐབས་ལྟར་ཤེས་པར་བྱའོ། །ད་ནི་དཀྱུས་ལ་འཇུག་སྟེ། གསུང་གི་དཀྱིལ་འཁོར་ལ་གཉིས་ཏེ། དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པའི་སྔགས་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་སོགས་ལས་ཀྱི་རིམ་པའི་སྔགས་སོ། །དང་པོ་ལ་གསུམ་སྟེ། རིགས་ལྔ་ཡབ་ཡུམ་བཅུའི་དང་། ཁྲོ་མོ་ཉི་ཤུའི་རྩ་བསྐྱེད་ལས་སྔགས་དང་བཅས་པས། དབང་མོ་རྣམས་ཀྱི་རྩ་བའི་སྔགས་སོ། །དང་པོ་ནི། ༀ་བཛྲ་མ་ཧཱ་སོགས་ཏེ། སྔར་གྱི་དཔེ་རྒྱུན་རྣམས་སུ་བུདྡྷ་ཧེ་རུ་ཀའི་སྔགས་ཐོག་མར་འབྱུང་ཡང་། རྒྱ་དཔེར་བཛྲ་ཧེ་རུ་ཀ་ཉིད་དང་པོར་ཡོད་ཅེས་གསུངས་ཤིང་ཐར་ལོའི་འགྱུར་དུའང་དེ་ལྟར་འབྱུང་ངོ་། །ཡང་འདིར་ཁ་ཅིག་གིས། དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་ཡིན་ལ། ཁྲོ་བོ་ནི་བུདྡྷ་ཧེ་རུ་ཀ་ཡིན་ཏེ། རྔམ་གློག་ལས། དབུས་ཀྱི་ཕོ་བྲང་སྙིང་པོ་ལ། །རྣམ་པར་སྣང་མཛད་ཕྱག་རྒྱ་ཆེ། །ཞེས་གསུངས་པའི་ཕྱིར་ཞེ་ན། དེ་ལྟར་མ་ཡིན་ཏེ། དཀྱིལ་འཁོར་གྱི་གཙོ་བོ་ལ་མཚན་དུ་བཏགས་པ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ་ཡིན་པའི་ཕྱིར་རོ། །ཡང་རྡོ་རྗེ་སེམས་དཔའ་གཙོ་བོ་ཡིན་པར་མ་གྲུབ་ཅེ་ན། ཡིན་ཏེ། ལེ་ལག་ལས། རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་འཁོར། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཞི་བ་རྣམས་ཐུགས་ཀྱིས་འདུལ་བའི་ཕྱིར་ཐུགས་རྡོ་རྗེའི་རིགས་གཙོ་བོར་བྱུང་ལ། ཁྲོ་བོ་རྣམས་སྐུ་ཡིས་འདུལ་བའི་ཕྱིར་སྐུ་བུདྡྷ་ཧེ་རུ་ཀ་གཙོ་བོར་བྱུང་ངོ་ཟེར་ན། དེ་ཡང་མི་འཐད་དེ། ཞི་བ་གང་ཡིན་པ་ཁྲོ་བོར་གནས་གྱུར་པའི་ཕྱིར། འོག་ནས་བཛྲ་ཧེ་རུ་ཀ་ལེན་ཅིང་གཙོ་བོར་མཛད་དོ། །ལེའུ་བཅུ་བདུན་པའི་གདན་དང་སྐུ་མདོག་ལ་སོགས་པའང་དེས་ཤེས་པར་བྱའོ། །ལུང་གི་ཤེས་བྱེད་ཀྱང་ཡོད་དེ། རྒྱ་ཆེན་འགྲེལ་ལས། རྒྱུད་འཁྲུགས་པ་ཚིག་སྦས་པའི་དབང་དུའོ། །ཞེས་གསུངས་སོ། །དེ་ལ་སྔགས་ཀྱི་འགོ་འདྲེན་ༀ་རྣམས་ནི་ཡེ་ཤེས་ལྔའི་རྡོ་རྗེ་གསུམ་གྱི་བདག་ཉིད་རབ་སྔགས་ཀྱི་ས་བོན་ནོ། །བཛྲ་རྡོ་རྗེ། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། རཏྣ་རིན་པོ་ཆེ། པདྨ་སྐད་སོར་བཞག །ཀརྨ་ལས་ཏེ། ཡབ་ལྔའི་རིགས་སོ་སོའི་མཚན། མ་ཧཱ་ཤྲཱི་ཧེ་རུ་ཀ་ཞེས་པ་ནི་སྤྱིའི་མཚན་སྔགས་བོད་པ་སྟེ། མ་ཧཱ་ཆེན་པོ། ཤྲཱི་དཔལ། ཧེ་ནི་ཧེ་ལ་སྟེ་སྤྱོད་ཅིང་རྩེན་པ། རུ་ནི་རུ་དྷི་ར་སྟེ་ཁྲག །ཀ་ནི་བདག་པོའི་སྒྲ་སྟེ་ཁྲག་ལ་རོལ་པའི་དོན་གྱི་ཁྲག་འཐུང་ངོ་། །དེ་དག་ནི་སྙིང་པོ་བསྐྱེད་པའི་སྔགས་སོ། །མ་ཧཱ་ཙཎྜ་སོགས་ནི་ལས་ལ་བསྐུལ་བའི་སྔགས་ཏེ། མ་ཧཱ་ཙཎྜ་ནི་གཏུམ་པོ་ཆེན་པོ། སརྦ་དུཥྚ་ནི་གདུག་པ་ཅན་ཐམས་ཅད། ཨནྟ་ཀ་ནི་མཐར་བྱེད་པ། ཧ་ན་བསྣུན་པ། ད་ཧ་སྲེག་པ། པ་ཙ་འཚེད་པ། ཧཱུཾ་གསུམ་གྱི་དང་པོ་རྩ་བའི་ས་བོན། གཉིས་པ་ཐུགས་བསྐུལ་བའི་ས་བོན། གསུམ་པ་ནི་བསྡིགས་པར་མཛོད། ཕཊ་ནི་བཀས་པར་གྱིས་ཞེས་ལས་ལ་བསྐུལ་བའི་སྔགས་ཏེ། རབ་སྔགས་རྡོ་རྗེ་སོགས་རིགས་གང་ཡིན་གྱི་དཔལ་ཁྲག་འཐུང་ཆེན་པོ་ཞེས་བོས་ནས། གཏུམ་པོ་ཆེན་པོ་གདུག་པ་ཅན་ཐམས་ཅད་མཐར་བྱེད་པས་བསྣུན་ཅིག་བསྲེག་ཅིག་ཚོས་ཤིག་བསྡིགས་ཤིག་བཀས་པར་མཛོད་ཅིག་པའོ། །ཡུམ་ལྔའི་སྔགས་ནི། ༀ་བཛྲ་སརྦ་ཏ་ཐཱ་ག་ཏ་རཏྣ་པདྨ་རྣམས་སྔར་ལྟར་དང་། སརྦ་ཨ་མོ་གྷ་ཐམས་ཅད་དོན་ཡོད་པ་སྟེ་རིགས་ཀྱི་མཚན་ནོ། །མ་ཧཱ་ཀྲོ་དྷི་ཤྭ་རཱི་རྣམས་ནི་ཁྲོ་མོ་དབང་ཕྱུག་མ་ཆེན་མོ། །ཐོག་མཐའི་ༀ་དང་ཕཊ་སྔར་བཞིན། ཧཱུཾ་རྩ་བའི་ས་བོན། ཁྱད་པར་དུ་དྷ་ར་འཆང་བ། ཛྭ་ལི་ནཱི་འབར་མ། སརྦ་དུཥྚན་གདུག་པ་ཅན་ཐམས་ཅད་ལ། མ་ཧཱ་སཱུརྻ་ཉི་མ་ཆེན་མོ། བི་ད་རིག་མ། ཧྲཱི་ཤུ་ཏ་ས་མ་ཏ་ཀུན་ཏུ་རྒོད་པ། ཁཱ་ཧི་ཟོ་ཞིག །བི་ཤྭ་སྣ་ཚོགས་སོ། །དེ་ལྟར་ཉམས་ལེན་གྱི་སྐབས་སུ་ཡབ་ཡུམ་གྱི་སྔགས་སྡེབས་ནས་ཤེས་པར་བྱའོ། །གཉིས་པ་ལ་གསུམ་སྟེ། གནས་མ་བརྒྱད་ཀྱི། ཡུལ་མ་བརྒྱད་ཀྱི། སྒོ་སྐྱོང་བཞིའི་སྔགས་སོ། །དང་པོ་ནི། ༀ་བཛྲ་སོགས་ཏེ། ༀ་ནི་རབ་སྔགས་ཡེ་ཤེས་ལྔ་དང་ལྡན་པ། བཛྲ་རྣམས་ནི་རྡོ་རྗེ་སྟེ་དབང་རྟགས་སུ་རྡོ་རྗེ་རྩེ་ལྔ་པས་དབུ་བརྒྱན་པར་མཚོན་པའོ། །མཇུག་གི་ཧ་བརྒྱད་ནི་རྩ་བའི་ས་བོན། བྱེ་བྲག་ག་རཱི་དཀར་མོའམ་མཛོད་ལྡན་མ། ཙ་རཱི་ཆོམ་རྐུན་མོའམ་རྐུན་མོ། པྲ་མོ་ཧེ་རབ་རྨོངས་མའམ་རྨོངས་མོ། བཻ་ཏ་ལཱི་ནི་རོ་ལངས་མའམ་ཐལ་བྱེད་མ། ཙཎྜ་ལཱི་གཏུམ་མོ། པུཀྐ་སཱི་སྦོས་མོ། གྷསྨ་རཱི་སྨེ་ཤ་ཅན་ནམ་དྲེད་མོ། སྨེ་ཤ་ནི་དུར་ཁྲོད་མའམ་མ་ཚོགས་མའོ། །གཉིས་པ་ནི། ༀ་བཛྲ་སེདྷ་སོགས་ཏེ། ༀ་དང་བཛྲ་འདྲ། མཇུག་གི་ཧེ་བརྒྱད་རྩ་བའི་ས་བོན། སེདྷ་མུ་ཁཱི་སེང་གདོང་མ། བྱཱ་གྷྲྀ་མུ་ཁཱི་སྟག་གདོང་མ། ཤྲྀ་གཱ་ལ་མུ་ཁཱི་ཝ་གདོང་མ། ཤྭ་ན་མུ་ཁཱི་ཁྱི་གདོང་མའམ་སྤྱང་གདོང་མ། གྲྀ་ཌྷ་མུ་ཁཱི་བྱ་རྒོད་གདོང་མའམ་བཞད་གདོང་མ། ཀངྐ་མུ་ཁཱི་ཀངྐའི་གདོང་མའམ་དུར་བྱའི་གདོང་མ། ཀཱ་ཀ་མུ་ཁཱི་ཁྭ་གདོང་མའམ་བྱ་རོག་གདོང་མ། ཨུ་ལཱུ་ཀ་མུ་ཁཱི་འུག་གདོང་མའོ། །གསུམ་པ་ནི། ༀ་བཛྲ་ཨརྱ་སོགས་ཏེ། ༀ་དང་བཛྲ་འདྲ། ཨཱརྱ་ཏེ་ཛ་ཏེ་ང་འཕགས་མ་སྲིང་འགྲོ་མའམ་རིང་འགྲོ་མ། ཨ་མཱུ་ཁེ་གདོང་མོའམ་དོན་ཡོད་མ། ལོ་ཀ་འཇིག་རྟེན་མ། བྷསྨི་པ་ལ་ཡ་བ་ཏུ་ཐལ་བར་བྱེད་མ། མཇུག་གི་ཛཿཧཱུཾ་བྃ་ཧོཿབཞི་ནི་ས་བོན་ནོ། །གསུམ་པ་དབང་མོའི་རྩ་སྔགས་ནི། བྷྱོ་དྲུག་ཚན་བཞི་དང་བཞི་ཚན་གཅིག་སྟེ་ཉེར་བརྒྱད་ནི་མ་མོའི་ཚོགས་ཀྱི་དོན་དང་སྙིང་པོའང་ཡིན་ལ། བོད་པ་དང་བསྐུལ་བའང་ཡིན་ནོ། །བསྐྱེད་སྔགས་ནི། མ་ནུ་རཀྵ་སཱི་བྷྱོ་སོགས་བཤད་རྒྱུད་མེ་ལོང་ལས་གསུངས་པ་ལྟར་ཤེས་པར་བྱའོ། །དབང་མོ་རྣམས་ཁ་ཅིག་གིས། རྒྱ་མཚོ་ལས། བྷྱོ་ནི་ལས་བྱེད་མ་མོ་སྟེ། ལས་ཀྱི་མཁའ་འགྲོར་ཐིག་ལེར་ཆགས། །ཞེས་པས་མཁའ་ནས་འདོན་པར་མངོན་ཟེར་ཀྱང་། འདི་ནི་སྲས་མ་ཡིན་ཏེ་བྱི་མོ་ཡིན་པའི་ཕྱིར། མཁའ་ལས་མི་འདོན་ཏེ་ཐུགས་ཀ་ནས་བྷྱོ་ལས་ཆུ་བུར་ལྟར་བསྐྱེད་པར་འདོད་དོ། །གཉིས་པ་ལས་ཀྱི་རིམ་པའི་སྔགས་ལ་གསུམ་སྟེ། དབབ་ཅིང་དྲང་པའི་སྔགས། མེ་ཏོག་འདོར་ཞིང་དངོས་གྲུབ་བསྐུལ་བའི་ཚིག་སྔགས། དྲིན་ལན་དུ་མཆོད་ཅིང་བརྟན་པའི་སྔགས་སོ། །དང་པོ་ནི། ༀ་རུ་ལུ་རུ་ལུ་ཧཱུཾ་ཞེས་པ་སྙན་གསན་དབབ་པའི་སྔགས་ཏེ། སྤྱིར་རུ་ཛའི་སྒྲ་ལས་འཇིགས་པར་གྱིས། ལུ་ཉའི་སྒྲས་གཅོད་པ། ཧཱུྃ་ནི་བསྡིགས་པ་སྟེ། སྔགས་ཀྱི་ལྷ་བཅོམ་ལྡན་འདས་ཀྱིས་འཇིག་ཅིང་ཆོད་ལ་བསྡིགས་པར་མཛོད་ཅེས་པས་གདུལ་བྱ་གདུག་པ་ཅན་གྱི་ངོར་ཆོས་ཀྱི་སྐུ་ལས་འཇིགས་བྱེད་ཆེན་པོར་བཞེངས་པར་མཛོད་ཅེས་བསྐུལ་བའོ། །ཡང་ན་རུ་ལུ་ཞེས་པའི་སྤྱིར་ཆོས་སྐུ་བྱེ་བྲག་དཀྱིལ་འཁོར་ལྷ་ལས་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་དང་། རུ་ལུ་ཞེས་པས་ལོངས་སྐུའམ་གནས་ཡུལ་སྒོ་མ་དང་། རུ་ལུ་ཞེས་པས་སྤྲུལ་སྐུའམ་དབང་མོ་སྟེ། དེ་དག་ལ་སྙན་གསན་ཕབ་པས་ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་གཟུགས་སྐུར་བཞེངས་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཅི་འདྲ་བའི་རྣམ་པར་བཞེངས་ཤིག་པའོ། །སྔགས་འདི་སྔོན་ལས་ཀྱི་སྲིན་པོའི་དམ་ཚིག་གི་གདུག་པའི་གླུ་དཔལ་ཆེན་པོའི་བྱིན་གྱིས་བརླབས་པའོ། །དེ་ནས་ༀ་ཧྱེ་ཧི་ཨཱ་ན་ཡ་ཛཿཧཱུཾ་བྃ་ཧོཿཞེས་པ་ནི་སྤྱན་དྲང་བའི་སྔགས་ཏེ། ཨེ་ཧྱེ་ཧི་ཚུར་སྤྱོན་ཚུར་སྤྱོན། ཨཱ་ན་ཡ་དགུག་པའོ། །ཛཿཧཱུཾ་བཾ་ཧོཿཚད་མེད་བཞིས་འགྲོ་དོན་ལ་བསྐུལ་བའོ། །རཾ་ནི་དམ་ཡེ་གཉིས་མེད་མེ་རི་འདབས་འབྱོར་ཙམ་དུ་བཞུགས་པའོ། །དེ་ལྟར་དབབ་དྲངས་ཀྱི་སྔགས་ལ་དགོས་པ་ཅི་ཡོད་ཅེ་ན། བི་ཤྭ་མི་ཏྲའི་གཞུང་ལས། མཉེས་དཀའ་མ་ཡིན་བཀུར་ནས་ཕྱིར། །འཇིག་རྟེན་དབང་པོའི་ཆོས་ལུགས་ཀྱིས། །ཞེས་པས། དཔེར་ན་འཇིག་རྟེན་གྱི་རྒྱལ་པོ་ལྟ་བུ་སྤྱན་འདྲེན་པ་ལ་སྙན་གསན་དབབ་པ་ལ་སོགས་ཚུལ་དང་མཐུན་པར་བྱ་དགོས་ཏེ། དེ་ལྟར་མ་བྱས་ན་ཀོ་ལོང་དུ་འགྱུར་བ་ཡིན་ནོ། །དེ་བཞིན་དུ་འདིར་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་དེ་ལྟར་མཉེས་པར་དཀའ་བ་སྟེ་ཀོ་ལོང་ཅན་མ་ཡིན་ཡང་། དམ་ཚིག་གི་དཀྱིལ་འཁོར་གྱིས་སྲི་ཞུ་གུས་པའི་སྒོ་ནས་ཚུལ་མཐུན་ཞིང་ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུར་ནས་གནས་སུ་བྱ་བའི་ཕྱིར་སྙན་གསན་ཕབ་ནས་སྤྱན་དྲངས་པ་ཡིན་ནོ། །གཉིས་པ་ནི། ༀ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ་ནི་མེ་ཏོག་འདོར་བ་སྟེ། ༀ་རབ་སྔགས། བཛྲ་ཀྲོ་དྷ་རྡོ་རྗེ་ཁྲོ་བོ། ས་མ་ཡ་དམ་ཚིག །ཧཱུཾ་བསྡུས་ཤིག་པའོ། །ༀ་ཁྲོ་ལ་སོགས་ནི་དངོས་གྲུབ་བསྐུལ་བ་སྟེ། ཨཱོཾ་ནི་ཡེ་ཤེས་ལྔ་ལྡན་གླུའི་འགོ་འདྲེན་ནོ། །རང་བཞིན་གྱིས་ཁྲོ་ལ་མཛད་པ་ལས་ཀྱི་ཕྱག་རྒྱའི་སྐུར་སྣང་ནས་ཐུགས་རྗེ་ཁྲོས་པའི་ཚུལ་བསྟན་པས་དྲེགས་པ་ཅན་གདུག་པའི་ཚོགས་ཀྱི་གདུལ་བྱ་རྣམས་ཀྱི་རྒྱུད་ཞི་བར་མཛད་པ་སྟེ། དེ་ཡང་ཐུགས་རྗེ་ངང་གིས་ཁྲོ་བོར་སྤྲུལ་པ་ནི་འཕྲོ་བའི་དཔལ་ཆེན་པོ་རབ་ཏུ་རྔམས་པའི་ཚོགས་ཆེན་པོའོ། །ཁྲོ་བོ་ཁྲག་འཐུང་འབར་བའི་དཀྱིལ་འཁོར་གྱི་བྱིན་རླབས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཞན་ལས་ཁྱད་པར་དུ་གྱུར་པས་ངོ་མཚར་རྨད་པོ་ཆེ་དེ་ཉིད་དུས་ད་ལྟ་ཉིད་དུ་ནི་བདག་ལ་སྩོལ་ཅིག་ཅེས་གསོལ་བ་བཏབ་ནས། སླར་ཡང་ཐུགས་དམ་གནད་ནས་བསྐུལ་བ་ནི། ༀ་བཛྲ་ཀྲོ་དྷ་གསུམ་ནི་སྔར་ལྟར་དང་། ས་མ་ཡ་དམ་ཚིག་གམ་དུས་ལ། སྟྭཾ་ཁྱོད་ཅེས་བོད་པའམ་བབ་བོ། །ཕཊ་སྤྲོས་ཤིག །ཧོཿམཉེས་པར་མཛོད་ཅེས་པ་སྟེ། མཆོག་སྟེར་རྡོ་རྗེ་ཁྲོ་བོའི་དམ་ཚིག་ཁྱོད། དམ་ཚིག་སྤྲོས་ཤིག །དམ་ཚིག་གིས་དགྱེས་པར་མཛོད་ཅེས་པའོ། །གསུམ་པ་ནི། ཨ་ལི་སོགས་ཏེ། ཨ་བ་བྷྲཾ་ཤ་ཟུར་ཆག་པའི་སྐད་ཡིན་ཅེས་རོང་ཟོམ་ཆོས་ཀྱི་བཟང་པོས་གསུངས། དེ་ལ་ཨ་ལི་ནི་ཆང་སྟེ་བཏུང་བ། ཨུ་ལི་ནི་ཤ་སྟེ་བཟའ་བ། ཏཱ་ལི་ཏཱ་བཱ་ལི་འབྲུ་འབྲས་སོགས་དམ་ཚིག་གི་རྫས་སྣ་ཚོགས། དཥྚ་ཞལ་མཆེ་བ་བགྲད་པ། གོ་ན་རྡོ་རྗེ། ར་དྲི་ཁྲོའམ་དྲག་པོ། ཁ་རྃ་སྟོབ་པ་སྟེ། རྡོ་རྗེ་ཁྲོ་བོ་མཆེ་བ་བགྲད་པའི་ཞལ་དུ་སྟོབ་བོ། །ཞེས་ཁྲོ་བོ་ཡབ་ཡུམ་གྱི་ཚོགས་དང་། ཡོ་གི་ནི་རྣལ་འབྱོར་མ། ཁཱ་ཧི་གསོལ་ཅིག །ཧོཿམཆོད་པ་སྟོབ་པ་སྟེ། འཁོར་གྱི་རྣལ་འབྱོར་མ་རྣམས་ལ་སྟོབ་པའོ། །ཧཱུཾ་ཧ་ཧེ་ཕཊ་ནི་དམ་ཡེ་གཉིས་མེད་དུ་གྱུར་ནས་གསལ་ཞིང་བརྟན་པར་བྱས་པ་སྟེ། དེ་ཡང་ལྷ་ལ་ལྷ་ཐིམ། གཞལ་ཡས་ཁང་ལ་གཞལ་ཡས་ཁང་ཐིམ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་གཉིས་ཆུ་དང་འོ་མ་འདྲེེས་པ་བཞིན་དབྱེར་མེད་དུ་གྱུར་པར་བསམ་མོ། །གཉིས་པ་ཡོན་ཏན་ནི། ཅེས་བརྗོད་པ་སོགས་ཏེ། གསུང་གི་དཀྱིལ་འཁོར་གྱི་དོན་དེ་སྐད་ཅེས་བརྗོད་པའི་བྱིན་རླབས་ཀྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་འགྲོ་བ་ཐམས་ཅད་ཀྱི་ལུས་སྣང་བའི་རྟོག་ཚོགས་ཐམས་ཅད་ཚིག །ངག་གྲགས་པའི་རྟོག་ཚོགས་རབ་ཏུ་ཚིག །སེམས་སྒྲིབ་པའི་རྟོག་ཚོགས་ཐམས་ཅད་ཀུན་ཏུ་ཚིག་གོ། །དེ་ལྟར་ཚིག་པས་སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་འབར། གྲགས་པ་ཐམས་ཅད་སྔགས་ཀྱི་དཀྱིལ་འཁོར་དུ་རབ་ཏུ་འབར། དྲན་རིག་ཐམས་ཅད་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཀུན་ཏུ་འབར་རོ། །དེའི་ཚེ་ནམ་མཁས་གར་ཁྱབ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱི་སྐུས་གང་། གསུང་གིས་ཁྱབ་པར་རབ་ཏུ་གང་། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཀུན་ཏུ་ཁྱབ་ཅིང་གང་བར་གྱུར་ཏོ། །མདོར་ན་སྣང་གྲགས་རིག་གསུམ་གྱི་དཀྱིལ་འཁོར་ཐམས་ཅད་དཔལ་ཆེན་པོའི་སྐུ་གསུང་ཐུགས་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པའི་དོན་ནོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་སུ་ཡོད་པ་ལས། འདིས་ལེའུ་བཅོ་ལྔ་པའི་སྐབས་སུ་བཤད་པའི་ཁྲོ་བོ་ཆེན་པོའི་གསུང་སྔགས་ཀྱི་དཀྱིལ་འཁོར་རྩ་བ་བསྐྱེད་པ་ལས་རིམ་གྱི་སྔགས་སོགས་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། ༈ །།ད་ནི་ལེའུ་བཅུ་བདུན་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་སྟོན། ཐབས་གྲོལ་གཉིས་ལས་གྲོལ་ལམ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་ལམ་སྣང་སྟོན། མཚན་ཉིད་གསུམ་ལས་རྐྱེན་འཇུག་པ་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་ཁྲོ་བོའི་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་སྟོན། ཞོར་ལ་ཕྱག་རྒྱ་སྟོན། ལྷ་བསྒོམ་པའི་ཏིང་ངེ་འཛིན་སྟོན། ཕྲིན་ལས་ཟུར་ཙམ་སྟོན། ཐ་མའི་ཆོས་བཅུ་ལས། སྤྱི་དོན་བསྡུ་བ་དང་། སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། གསུང་གི་དཀྱིལ་འཁོར་བསྟན་པ་དེ་ནས་ལྷག་པ་སྐུ་དང་ཐུགས་ཀྱི་དཀྱིལ་འཁོར་སྟོན་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཁྲོ་བོའི་སྤྲིན་གསང་སྔགས་དང་བཅས་པ་དེ་དག་གིས་བསྐྱེད་པའི་དཀྱིལ་འཁོར་གྱི་རྣམ་པ་གསལ་བར་བསྟན་པའི་ཕྱིར་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །གཉིས་པ་གཞུང་ལ་གཉིས་ཏེ། སྐུའི་དཀྱིལ་འཁོར་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའོ། །དང་པོ་ལའང་གཉིས་ཏེ། ངོ་བོ་རྒྱན་དང་བཅས་པ་དང་། གདན་བསྟན་པའོ། །དང་པོ་ནི། འབར་བའི་འཁོར་ལོ་སོགས་རྐང་པ་དྲུག་སྟེ། འོག་གཞི་ཚད་མེད་པའི་འཁོར་ལོའི་ལྟེ་བ་ལ་རྫོགས་པའི་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ཐོད་པ་འབར་བའི་གཞལ་ཡས་ཁང་གི་དབུས་སུ་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ། དེའི་ཕྱིར་བདེན་པ་བཞི་མཚོན་པའི་གྲུ་ཆད་བཞིས་རྣམ་པར་བརྒྱན་ཅིང་། ཆེ་བའི་ཡོན་ཏན་རྒྱས་པའི་ཕྱིར་དབྱིབས་གྲུ་བཞིར་གྱུར་པ། རྣམ་ཐར་བཞི་དང་ལྡན་པའི་སྒོ་བཞི་སྒོ་ཁྱུད་དང་ལྡན་པ། བདེན་གཉིས་མཚོན་པའི་འབར་བའི་བར་ཁྱམས་ནང་མ་གསེར་ཁྱམས་དང་། ཕྱི་མ་ཁྲག་ཁྱམས་གཉིས་ཀྱིས་མཛེས་ཤིང་། ཐོད་པ་སྐམ་རློན་རྙིང་གསུམ་གྱི་རྩིག་པ་ཕྱི་མ་རིམ་པ་ལྔ་དང་། ནང་མ་གསུམ་པ། ཐམས་ཅད་ཀྱང་རཀྟས་སྤྱིན་ཐབས་སུ་སྦྱར་ཞིང་གནམ་ལྕགས་ཀྱི་གཟེར་བུའི་བཏབ་པ། རྩིག་སྟེང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་འཕྱར་བ་ལས་རྒྱུ་མ་དང་སྙིང་གི་མགུལ་འཁོར་དང་། བྲེ་ཕུལ་གྱི་སྣམ་བུར་སྦྲུལ་སྦྲམ་དང་ཐོད་ཕྲེང་གི་དྲྭ་བ་དང་དྲྭ་བ་ཕྱེད་པ། རྐང་ལག་གི་ཤར་བུ། སྒལ་རྩིབ་ཀྱི་མདའ་ཡབ། རིམ་པ་གཉིས་ཀའི་རྩིག་པའི་འགྲམ་དུ་འདོད་ཡོན་གྱི་སྣམ་བུ་དང་། སྒོ་ཕྱི་མ་ལ་རྒྱུ་འབྲས་ཀྱི་རྟ་བབས་སོགས་འཇིགས་པའི་རྒྱན་སྣ་ཚོགས་ཀྱིས་བཀྲ་བ། སྟེང་ཞིང་ལྤགས་ཀྱི་ཐོག་ཕུབས་ཉི་མ་དང་ཟླ་བའི་མཐོང་དཀར་དང་བཅས་པའི་དབུས་ཕྱུར་བུ་ལྷ་ཆེན་གྱི་ཐོད་པས་ཕུབ་པའི་རྩེ་མོར་ཙིཏྟའི་ཏོག་གིས་བརྗིད་པ། ཕྱི་རོལ་དུ་རཱུ་ཏྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་བའི་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་ཞིང་། འབར་བའི་མེ་དཔུང་མེའི་ཚྭ་ཚྭ་འཕྲོ་བའི་ཀློང་ནས་ཁྲོ་ཆུང་མང་པོ་འཕྲོ་ཞིང་འཁྲུགས་པས་མཛེས་པའོ། །གཉིས་པ་ནི། ཁྱུ་མཆོག་སོགས་རྐང་པ་གསུམ་སྟེ། དབུས་ཀྱི་ལྟེ་བ་དང་རྩིབས་བཞིར་ཡོན་ཏན་གྱི་ཆེ་བ་རང་སྣང་གི་གདན་པདྨ་ཟླ་ཉི་བརྩེགས་པའི་སྟེང་དུ། གཏི་མུག་གནས་སུ་དག་པའི་རྟགས་སུ་ཤར་རྩིབས་ལ་ཁྱུ་མཆོག་དང་། ང་རྒྱལ་དག་པ་ལྷོར་མ་ཧེ་དང་། འདོད་ཆགས་དག་པ་ནུབ་ཏུ་གཟིག་དང་། ཕྲག་དོག་དག་པ་བྱང་དུ་སྟག་དང་། ཞེ་སྡང་དག་པ་དབུས་སུ་གཏུམ་པོ་དོམ་རྣམས་ཟུང་གིས་སྦར་བའི་སྟེང་ཕྲིན་ལས་ནན་ཏུར་དུ་བསྟན་པའི་ཕྱིར་དྲེགས་པ་ཟིལ་གནོན་གྱི་གདན་དབུས་སུ་དབང་ཕྱུག་དང་ལྷ་ཆེན་པོ་དྲག་པོ་ལ་སོགས་པས་ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཏུ་སྲིན་པོ། བྱང་དུ་གནོད་སྦྱིན་རྣམས་ཕོ་མོ་ཁ་སྦུབས་གན་རྐྱལ་དུ་བསྣོལ་བའི་སོག་སྦྲག་དང་ནུ་སྦྲག་ནས་ལས་ལ་ནན་ཏུར་དུ་བརྟན་པའི་ཕྱིར་བཟུང་བའོ། །འདི་ལ་ཁྱུ་མཆོག་ཅེས་པ་ནི། པིན་ཏར་ལས། གདན་མཆོག་གདུལ་དཀའ་མི་འཇིགས་ཁྱུ་མཆོག་དང་། །ཞེས་དང་། རྒྱུད་གཞན་ལས་ཀྱང་། མི་འཇིགས་བཞི་ལྡན་ཁྱུ་མཆོག་སྟེ། །ཞེས་པས་སེང་གེ་ལ་བཤད་དོ། །ཡུམ་བར་མ་ལས། ཁྱུ་མཆོག་གླང་པོ་ཆེའི་གནས་སུ་བཅའ་ཞེས་པས་གླང་པོ་ཆེར་བཤད་དོ། །སྔ་རབས་པ་རྣམས་ཀྱིས་དེ་གཉིས་རོལ་པ་ལས་བྱུང་བར་བཞེད་དོ། །དེ་ལྟར་གདན་འདི་རྣམས་མངོན་རྟོགས་ལས། ལྷ་ཆེན་པོ་རྣམས་ཀྱིས་བཞོན་པ་ཕྲོགས་པའོ། །ཞེས་པས་རྒྱལ་བྱེད། དཔའ་རྟགས་ཀྱི་གདན་དུ་གསལ་ལོ། །འཁོར་གྱི་གནས་ཡུལ་སྒོ་སྐྱོང་རྣམས་ལ་ཉི་མ་དང་ཞིང་རློན་གྱི་གདན། དབང་མོ་རྣམས་ལ་ཞིང་སྐམ་པོའི་གདན་རེ་རེའོ། །གཉིས་པ་བརྟེན་པ་ལྷ་ལ་གཉིས་ཏེ། གཙོ་བོ་རིགས་ལྔའི་བཞུགས་ཚུལ་དང་། འཁོར་གྱི་བཀོད་པའོ། །དང་པོ་ལ་ལྔ་སྟེ། སྐུ་མདོག །ཞལ་ཕྱག །རྒྱན་དང་ང་རོ། ཕྱག་མཚན། འཁྲིལ་ཚུལ་ལོ། །དང་པོ་ནི། སྨུག་ནག་སོགས་རྐང་པ་གཉིས་ཏེ། དེ་ཡང་དྲག་པོའི་ཕྲིན་ལས་ཀྱི་ནང་ནས་ཞི་བའི་ལས་མཛད་པའི་རྟགས་སུ་ཤར་དུ་བུདྡྷ་ཧེ་རུ་ཀའི་སྐུ་མདོག་སྨུག་ནག །དྲག་པོའི་ཕྲིན་ལས་ཁོ་ན་མཛད་པའི་རྟགས་སུ་དབུས་ཀྱི་གཙོ་བོ་བཛྲ་ཧེ་རུ་ཀའི་སྐུ་མདོག་སྔོ་ནག །དྲག་པོའི་ཕྲིན་ལས་ཀྱི་ཆ་ལས་རྒྱས་པའི་ལས་མཛད་པའི་རྟགས་སུ་ལྷོར་རཏྣ་ཧེ་རུ་ཀ་སེར་ནག །དྲག་པོའི་ཕྲིན་ལས་ཀྱི་ཆ་ལས་དབང་གི་ཕྲིན་ལས་མཛད་པའི་རྟགས་སུ་ནུབ་ཏུ་པདྨ་ཧེ་རུ་ཀ་དམར་ནག །དྲག་པོའི་ཕྲིན་ལས་ཀྱི་ཆ་ལས་ལས་སྣ་ཚོགས་མཛད་པའི་རྟགས་སུ་བྱང་དུ་ཀརྨ་ཧེ་རུ་ཀ་ལྗང་ནག་སྟེ་སྐུ་མདོག་རྩ་ཞལ་དང་བཅས་པའོ། །དེ་དག་ཀྱང་རིགས་མི་འགྱུར་ཞིང་ལས་བཞིའི་ཕྲིན་ལས་ཀྱི་གཞི་དང་མཐར་ཕྱིན་པ་དྲག་པོས་མཛད་པའི་ཕྱིར་ཐམས་ཅད་ལ་ནག་པོའི་སྒྲས་སྨྲོས་པའོ། །གཡས་ཞལ་ནི་རཏྣ་ཧེ་རུ་ཀའི་སྔོན་པོ་དང་། གཞན་ཐམས་ཅད་དཀར་པོ། གཡོན་ཞལ་ནི་བུདྡྷ་དང་པདྨ་གཉིས་སེར་པོ་དང་། གཞན་གསུམ་དམར་པོ་སྟེ། ཁྲོ་བོ་དེ་དག་ཐམས་ཅད་ཀྱང་སྐུ་ཆེ་ཞིང་ཡན་ལག་རགས་པས་གདུག་པ་ཅན་གྱི་ངོར་ཤིན་ཏུ་འཇིགས་ཤིང་རྔམས་པའོ། །གཉིས་པ་ནི། དབུ་གསུམ་སོགས་ཏེ། ཐམས་ཅད་ཀྱང་རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ། ཡེ་ཤེས་དྲུག་དང་ལྡན་པའི་རྟགས་སུ་ཕྱག་དྲུག །རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་རྟགས་སུ་ཞབས་བཞི་གཡས་བརྐྱང་བའི་དོར་སྟབས་སུ་བགྲད་པའོ། །གཞན་ཡང་ཉི་ཟླ་བྱེ་བའི་འོད་ཟེར་དུས་གཅིག་ལ་འཕྲོ་བ་ལྟ་བུས་བརྗིད་ཅིང་འོད་ཟེར་འབར་བའོ། །གསུམ་པ་ནི། ཀོ་རློན་སོགས་རྐང་པ་གསུམ་སྟེ། འབར་བ་ཆེན་པོ་ཁྲོ་བོའི་ལྷ་ཚོགས་དེ་དག་ཀྱང་དུར་ཁྲོད་ཀྱི་རྒྱན་བརྒྱད་དང་། དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པའོ། །དང་པོ་ལ་བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུག་པའི་རྫས་གསུམ་དང་བརྒྱད་ལས། དང་པོ་བགོ་བའི་གོས་གསུམ་ནི། བགོ་བ་ཀོ་རློན་གྱི་གོས་ནི་སྣ་ཚོགས་པ་གྱོན་པ་སྟེ། སྟོབས་བཅུས་གཏི་མུག་བཅོམ་པའི་བརྡར་ཁྱབ་པ་ཐུགས་རྗེའི་གོས་སམ་འདུལ་སྟོབས་ཐེག་པའི་རྒྱན་གླང་ཆེན་གྱི་ཀོ་རློན་དང་། བྱང་ཆུབ་སེམས་ཀྱིས་འདོད་ཆགས་བཅོམ་པའི་བརྡར་ཐབས་མཁས་ཕྲིན་ལས་ཀྱི་གོས་སམ་ཚུལ་ཁྲིམས་གོས་ཀྱི་རྒྱན་ཞིང་ལྤགས་ཀྱི་སྟོད་གཡོགས་ཤིང་། དཔའ་བརྟུལ་དྲག་པོའི་ལས་ཀྱིས་ཞེ་སྡང་བཅོམ་པའི་བརྡར་ཕྱི་ནང་གསང་བ་སྡུད་པའི་གོས་སམ་དཔའ་བརྟུལ་ཟ་བྱེད་ཀྱི་རྒྱན་སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བའོ། །གཉིས་པ་གདགས་པའི་རྒྱན་གཉིས་ནི། སྦྲུལ་དང་། ཐོད་ཕྲེང་སྟེ། ཀླུ་རྒྱལ་རིགས་དཀར་པོའི་དབུ་རྒྱན་ནས་སྐྲ ཆིངས། རྗེ་རིགས་སེར་པོའི་སྙན་ཆ། བྲམ་ཟེ་རིགས་དམར་པོའི་སེ་མོ་དོ་དང་མགུར་ཆུ། དམངས་རིགས་ལྗང་གུའི་སྐ་རགས་དང་དོ་ཤལ། གདོལ་པ་ནག་པོའི་ཕྱག་གདུབ་དང་ཞབས་གདུབ་བོ། །ཐོད་ཕྲེང་གི་རྒྱན་ནི། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན། འཛག་པའི་མགོ་རློན་ལྔ་བཅུའི་དོ་ཤལ། ཚལ་བུའི་དཔུང་རྒྱན་ནོ། །གསུམ་པ་བྱུག་པའི་རྫས་གསུམ་ནི། དཔྲལ་བར་འདུལ་བྱེད་ཕྲིན་ལས་ཀྱི་རྒྱན་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་ཐུགས་རྗེ་ཆགས་པའི་རྒྱན་རཀྟའི་ཐིག་ལེ། མགྲིན་པར་དོན་དམ་བཅུད་ཀྱི་རྒྱན་ཞག་གི་ཟོ་རིས་རྣམས་སོ། །དེ་ལྟ་བུའི་རྒྱན་དང་ལྡན་པའི་ཁྲོ་བོ་རྣམས་ཀྱི་དབུ་སྐྲ་རལ་པའི་གསེབ་ནས་ཉི་མའི་དཀྱིལ་འཁོར་འོད་ཟེར་བྱེ་བ་དང་བཅས་པར་འགྱེད་པའོ། །ཡང་ལུགས་གཅིག་ལ། གསལ་བའི་རྒྱན་གཉིས་ཞེས་སྙན་གོང་གཡས་གཡོན་ནས་ཉི་ཟླའི་དཀྱིལ་འཁོར་འོད་ཟེར་སྤྲོ་བ་ནི་མཛེས་ཤིང་གསལ་བའི་ཆས་སོ། །དེ་དག་ནི་རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཞེས་བྱ་བ་སྔོན་རཱུ་ཏྲ་བཏུལ་བའི་ཚེ་རཱུ་ཏྲའི་རྒྱན་རྣམས་དཔལ་ཆེན་པོའི་རྒྱན་དུ་མཛད་པ་སྟེ། དཔེར་ན་དཔའ་བོས་དགྲ་བསད་ནས་དེའི་གོས་རྒྱན་རང་གིས་གྱོན་པ་བཞིན་ནོ། །གཉིས་པ་དཔལ་གྱི་ཆས་བརྒྱད་ནི། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། །རྡོ་རྗེ་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པན་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པ་རིག་པའི་ཆས། །དབང་གི་བསྭེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །རྣོ་སྟུག་ཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་ཡི་ཆས། །ཞེས་དེ་དག་དཔལ་ཆེན་པོའི་སྐུ་ལ་ཡེ་ནས་གནས་པས་ཐུགས་རིག་པ་རང་སྣང་གི་རྒྱན་ཅེས་བྱའོ། །དེ་རྣམས་ཀྱི་གསུང་ནི་འབྲུག་ལྟར་རྔམས་པའི་སྒྲ་ཆེན་དྲག་པོ་ཤིན་ཏུ་འཇིགས་པར་སྒྲོགས་པའོ། །བཞི་པ་ནི། སྟོང་གི་སོགས་ཏེ། སྟོང་གསུམ་གྱི་འཇིག་རྟེན་ཁོར་ཡུག་དང་བཅས་པ་ནི་བཛྲ་ཧེ་རུ་ཀའི་ཕྱག་གཡོན་གྱི་ཐ་མས་བསྣམས་པ་ཡིན་ལ། རྡོ་རྗེ་དགུ་པ་ནི་བཛྲ་ཧེ་རུ་ཀའི་གཡས་དང་པོའི་ཕྱག་མཚན་དང་། རྩེ་ལྔ་པ་དང་དུང་ཆེན་གང་བ་ནི་ཐམས་ཅད་ཀྱི་ཕྱག་བར་པ་གཉིས་དང་། རལ་གྲི་ནི་ཀརྨ་ཧེ་རུ་ཀའི་གཡས་དང་པོ་སྟེ། ཡང་ན་སྒྲུབ་ཐབས་སུ་བཤད་རྒྱུད་བརྒྱད་པ་ལྟར་རྒྱ་གྲམ་བཤད་དོ། །དགྲ་སྟྭ་ནི་རཏྣའི་གཡོན་ཐ་མ། ཐོང་གཤོལ་ནི་ཀརྨའི་གཡོན་ཐ་མའོ། །དེ་ལ་སོགས་པ་རང་རང་གི་ལག་ཆ་སྣ་ཚོགས་པ་འཛིན་པ་སྟེ། ཕྱག་གཡས་ཀྱི་དང་པོ་བུདྡྷའི་འཁོར་ལོ། རཏྣའི་རིན་ཆེན། པདྨའི་པད་སྡོང་། ཐམས་ཅད་ཀྱི་གཡོན་དང་པོས་དྲིལ་བུ་འོད་འབར་བ་དང་། གཡས་ཐ་མས་ཞིང་དབྱུག །བུདྡྷའི་གཡོན་ཐ་མས་ཏྲི་ཤཱུལ་དང་། པདྨའི་རྔེའུ་ཆུང་རྣམས་ཏེ། འདི་དག་ནི་བཤད་རྒྱུད་བརྒྱད་པ་ལྟར་སྒྲུབ་ཐབས་དང་མཐུན་པར་བྱས་པའོ། །དེ་ལྟར་ཕྱག་མཚན་འདི་རྣམས་རྩ་རྒྱུད་འདི་དང་། བཤད་རྒྱུད་རྒྱས་པ་དང་། རྡོ་རྗེ་མེ་ལོང་དང་། བླ་མ་གོང་མ་རྣམས་ཅུང་ཟད་མི་མཐུན་པ་ཡོད་ཀྱང་། སྤྱིར་བདེ་བར་གཤེགས་པའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ལ་སོགས་གཅིག་ཁོ་ནར་མ་ངེས་པར་ཤེས་པར་བྱ་སྟེ། རྒྱལ་པའི་ཐུགས་རྗེ་དང་མཛད་པ་ལ་ཕྱོགས་རིས་མེད་ཅིང་གདུལ་བྱ་ལ་མོས་པ་ཐ་དད་ཡོད་པའི་ཕྱིར་རོ། །འོ་ན་གང་ཟག་གི་ཉམས་སུ་བླང་དུ་མི་བཏུབ་པར་འགྱུར་ཏེ། གཅིག་ཏུ་མ་ངེས་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། རྒྱུད་གཞུང་རེ་རེའི་དབང་དུ་ངེས་པ་ཅན་དུ་གསུངས་པའི་ཕྱིར། གང་ཟག་གིས་ཀྱང་རང་རང་གི་མོས་པ་དང་བསྟུན་ནས་དེ་ལྟར་ཉམས་སུ་ལེན་པ་ཡིན་ནོ། །ལྔ་པ་ནི། བཙུན་མོ་སོགས་ཏེ། རང་རང་གི་རིགས་ཀྱི་བཙུན་མོ་འཇིགས་པའི་ཚོགས་ལྔ་ཀ་སྐུ་མདོག་ཡབ་དང་མཐུན་པ་གཟིག་ཤམ་ཅན། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་དྲིལ་བུ་ཡབ་ལ་འཁྱུད་ཅིང་གཡོན་དུང་དམར་ཞལ་དུ་སྟོབ་པ། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའམ་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་བརྡར་ཡབ་དང་གཉིས་སུ་མེད་པར་འཁྲིལ་བའོ། །གཉིས་པ་འཁོར་གྱི་བཀོད་པ་ནི། གནས་དང་སོགས་རྐང་པ་དྲུག་སྟེ། དེ་ཡང་རྣམ་ཤེས་ཚོགས་བརྒྱད་ནི་འཁོར་བ་བསྐྱེད་པའི་གནས་དང་། དེའི་ཡུལ་བརྒྱད་གནས་སུ་དག་པས་ན་ག་རི་མ་སོགས་གནས་མ་བརྒྱད་དང་། སེདྷ་མ་སོགས་ཡུལ་མ་བརྒྱད་ཅེས་རྒྱུ་མིང་འབྲས་བུ་ལ་བཏགས་པའམ། གདུལ་བྱའི་མིང་འདུལ་བྱེད་ལ་བཏགས་པའོ། །དེ་ཡང་གནས་ཡུལ་ལ་དབྱེ་ན་ཕྱི་ནང་གསང་བ་གསུ མ་ལས། དང་པོ་གནས་བརྒྱད་ཀྱི་ཕྱིའི་ནི། བམ་བརྒྱད་ལས། བསིལ་བའི་ཚལ་དང་། སྐུ་ལ་རྫོགས་དང་། ཧེ་ཆེན་བརྡལ་དང་། ལྷུན་གྱིས་གྲུབ་དང་། གསང་ཆེན་རོལ་དང་། པདྨ་བརྩེགས་དང་། རྒྱུ་མཆོག་ཆེན་པོ་དང་། འཇིག་རྟེན་བརྩེགས་རྣམས་སོ། །ནང་གི་ནི། ལྷའི་དེད་དཔོན་མ་ཏྲྃ་རཱུ་ཏྲ་བསྒྲལ་བའི་ཡན་ལག་བཞི། མགོ་དང་། སྙིང་ཁོག་པ་དང་བཅས་པ། ནང་རོལ་དང་། མཚན་མ་དང་བརྒྱད་ཕྱོགས་མཚམས་བརྒྱད་དུ་བཞག་པའོ། །གསང་བའི་ནི། འགྲོ་བ་རྣམས་ཀྱི་རང་རང་གི་རྣམ་པར་ཤེས་པ་ཚོགས་བརྒྱད་དོ། །ཡུལ་གྱི་ཕྱི་ནི་དུར་ཁྲོོད་བརྒྱད་ཀྱི་ཡུལ་ཏེ། མ་ག་དྷ་དང་། སིང་ག་ལ་དང་། ཁ་ཆེ་དང་། སཱ་ལི་དང་། ཨོ་རྒྱན་དང་། ཟ་ཧོར་དང་། བལ་པོ་དང་། ལི་ཡུལ་རྣམས་ཡིན་ལ། ནང་གི་ནི་དུར་ཁྲོད་བརྒྱད་དང་མཚུངས་ཤིང་དང་། གསང་བ་ནི། ཆོས་འདུས་བྱས་འདུས་མ་བྱས་ལ་སོགས་པ་བརྒྱད་དོ། །དེ་དག་གི་ཕྱག་རྒྱ་ནི། ག་རཱི་བྷན་དམར་ཞིང་དབྱུག་སྔོ། །ཞེས་སོགས་དང་། སེང་ཧ་ཁ་རོ་བསྣོལ་སེར་སེང་། །ཞེས་སོགས་དང་། སྒོམ་བ་བཞིའི་ཕྱག་རྒྱ་ནི། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །ཞེས་སོགས་ཏེ། སོ་སོའི་སྐུ་མདོག་ཕྱག་མཚན་དང་མགོ་བརྙན་རྣམས་ཀྱང་གར་མཆོད་ཀྱིས་གསལ་བར་བསྟན་ནོ། །དེ་ལྟར་ཁྲོ་མོ་ཉི་ཤུའི་འཁོར་གྱི་བཀོད་པས་རབ་ཏུ་མཛེས་ཤིང་། གཞན་ཡང་སླས་ཏེ་ཆུང་མ་དང་། བྱི་མོ་སྟེ་མཛའ་མོ་དང་། བྲན་མོ་སྟེ་ལས་བྱེད་པའི་ཆ་ནས་བཏགས་པ་དང་དབང་ཕྱུག་མའི་ཚོགས་གྲངས་བཅུ་ཚན་གཉིས་དང་ཡ་བརྒྱད་དེ་ཉི་ཤུ་རྩ་བརྒྱད་ཀྱིས་མཛེས་པར་བསྐོར་བ། དེ་དག་ཀྱང་རང་རང་གི་སྟན་ཞིང་སྐམ་པོ་རེ་དང་། སྐུ་མདོག་དང་ལག་ཆ་ནི། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཞེས་སོགས་དང་། བདག་གི་ལས་སྐལ་ཅི་བགྱི་ཞེས་ཞུ་ཞིང་། རྫུ་འཕྲུལ་ནི་ཐོགས་པ་མེད་པར་ཡུད་ཙམ་གྱིས་ཆས་ཏེ་སོ་སོའི་ལས་དང་མཐུན་པའི་ཕྱོགས་སུ་གནས་སོ། །དེ་ལྟར་ཁྲག་འཐུང་ང་བརྒྱད་ནི་དཀྱིལ་འཁོར་སྤྲོས་པ་ལས་བསྡུས་པའི་དཀྱིལ་འཁོར་ཏེ། འབྲིང་པོ་ལ་དེའི་སྟེང་དུ་ཁྲོ་བཅུ་ཡབ་ཡུམ་བསྣན་པས་དོན་བརྒྱད། རྒྱས་པ་ལ་དེའི་སྟེང་དུ་ཁྲག་འཐུང་རིགས་ལྔ་ལ་རིགས་ཆུང་གི་ཁྲོ་བོ་ཡབ་ཡུམ་ཟུང་བཞིས་བསྐོར་བའི་བཞི་བཅུ་བསྣན་པས་བརྒྱ་བཅོ་བརྒྱད་དོ། །ཡང་འཕྲོས་དོན་རྣམ་གྲངས་སྤྲོས་པ་ནི། ལམ་རིམ་ལས། ཡན་ལག་བཀོད་པ་ལྔ་བཅུ་བརྒྱད། །ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་། །དགུ་བཅུའི་ལྷ་རྣམས་ཡན་ལག་ལྡན། །ཞེས་པས། བཛྲ་ཧེ་རུ་ཀའི་ཡན་ལག་ལྔ་ལ་ཁྲག་འཐུང་ཡབ་ལྔ་དང་། ཡུམ་ལ་ཡུམ་ལྔ། ཡབ་ཀྱི་དབང་རྟེན་གྱི་ནང་རྩར་ག་རཱི་མ་བརྒྱད། ཕྱི་རྩར་སེང་ཧ་མ་བརྒྱད། མཐིལ་བཞི་ལ་སྒོ་མ། སྒལ་ཚིག་ལ་དབང་མོ་ཉེར་བརྒྱད་དེ་ཐབས་ལྷ་ང་བརྒྱད། དེ་རྣམས་ལ་ཡེ་ཤེས་སེམ་དཔའ་དང་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་རེ་རེ་བསྒོམས་པས་ང་བརྒྱད་པ་ཆ་ལྔ་ལ་ཉིས་བརྒྱ་དང་དགུ་བཅུ། དེ་ལ་ཤེས་རབ་ཀྱི་ལྷ་ང་བརྒྱད་ཕྲི་བའི་ལྷ་ཉིས་བརྒྱ་སོ་གཉིས་པོ་རེ་རེ་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་སྟོང་ཆིག་བརྒྱ་དྲུག་ཅུ་འབྱུང་བ་ཉིས་བརྒྱ་དགུ་བཅུ་ལ་བསྣན་པས་སྟོང་བཞི་བརྒྱ་ལྔ་བཅུ་སྟེ་གཙོ་བོ་ཡབ་ཡུམ་ལ་ཚང་བར་བསྒོམ་མོ། །དེས་མཚོན་ནས་ཁྲག་འཐུང་རིག་བཞིའི་ཟུང་རེ་རེ་དང་། གནས་ཡུལ་སྒོ་དབང་གི་ལྷ་ཞེ་བརྒྱད་ལ་ཡུམ་མེད་པས་མགོའི་གཡས་དང་རྐང་ལག་གཡས་ཀྱི་མདུན་རྒྱབ་ལ་ཡབ་ལྔ་དང་། མགོའི་གཡོན་དང་རྐང་ལག་གཡོན་གྱི་མདུན་རྒྱབ་ལ་ཡུམ་ལྔ་བཀོད་དེ། མདོར་ན་སྟོང་བཞི་བརྒྱ་ལྔ་བཅུ་ཆ་ང་གསུམ་ལ་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུའི་དཀྱིལ་འཁོར་འབྱུང་ཞིང་། བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ནི་ཞི་བ་ལྟ་རོ། །གཉིས་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། ཞེས་གཞུང་གི་དོན་དེ་དག་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་དུ་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཁྲོ་བོ་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་གདུལ་བྱའི་ངོ་ལ་ཀུན་ཏུ་གསལ་བར་གྱུར་ཏོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་སུ་ཡོད་པ་ལས། འདིས་ཁྲོ་བོ་ལྷག་པའི་ཏིང་ངེ་འཛིན་ལས་དང་ཐུགས་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། ༈ །།ད་ནི་ལེའུ་བཅོ་བརྒྱད་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་གཞི་ལམ་འབྲས་བུ་གསུམ་ལས་གཞི་འབྲས་ཟུར་ཙམ་སྟོན། ལམ་གཙོ་ཆེར་སྟོན། ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་མཆོད་པ་སྟོན། ཞོར་ལ་ལྟ་བ་དང་སྤྱོད་པ་དང་ཏིང་ངེ་འཛིན་སྟོན། ཕྲིན་ལས་ཟུར་ཙམ་སྟོན། ཐ་མའི་ཆོས་བཅུ་ལས། རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། གོང་དུ་ལྷག་པ་ཏིང་ངེ་འཛིན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྟན་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ལྷ་ཚོགས་རྣམས་མཉེས་པར་བྱེད་པའམ་གནས་སུ་སྟོབ་པ་མཉེས་པའི་མཆོད་པ་ཕྱི་རྒྱུད་མན་ཆད་ཀྱི་ཡུལ་མ་ཡིན་ཞིང་རྨད་དུ་བྱུང་བའི་དོན་ཆེན་པོ་འདི་དག་འཁོར་རྣམས་ཀྱི་ཆེད་དུ་བརྗོད་དོ། །གཉིས་པ་གཞུང་ལ་གསུམ་སྟེ། མཆོད་པ་དངོས་དང་། མཆོད་པའི་འབྲས་བུ་དང་། དེ་གསུངས་པའི་ཡོན་ཏན་ནོ། །དང་པོ་ལ་བཞི་སྟེ། ཞེ་སྡང་སྒྲོལ་བའི། འདོད་ཆགས་སྦྱོར་བའི། གཏི་མུག་དམ་རྫས་ཀྱི། འདོད་ཡོན་རྒྱན་གྱི་མཆོད་པའོ། །དང་པོ་ནི། དེ་ལ་སོགས་རྐང་པ་ལྔ་སྟེ། དེ་ཡང་ལྷག་པ་ཏིང་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས་པ་དེ་ལ་བདེ་གཤེགས་རྣམས་མཆོད་པ་དང་། མཁའ་འགྲོ་རྣམས་ལ་སྦྱིན་པ་གཉིས་ལས། དེ་དག་གི་ནང་ནས་ཀྱང་ཁྱད་པར་དུ་གྱུར་པའི་མཆོག་དམ་པ་ནི་འདི་ཡིན་ཏེ། ཐོག་མར་རྟོགས་པས་བདག་བསྒྲལ་བ་ནི་རྣལ་འབྱོར་པ་བདག་ཉིད་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་རྟོགས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་གོམས་པའི་ཐབས་ཀྱིས་གཟུང་འཛིན་གྱི་ཞེན་རྟོགས་ཆོས་ཉིད་སྐྱེ་མེད་ཀྱི་དབྱིངས་སུ་བསྒྲལ་བའོ། །དེ་ནས་ཐུགས་རྗེས་གཞན་སྒྲོལ་བ་ནི། བསྒྲལ་བྱ་སྒྲོལ་བྱེད་གཉིས་སུ་མེད་པར་རྟོགས་པའི་བློ་ནི་ཤེས་རབ་སྟེ། དེའི་ངང་ལས་རྒྱུ་འབྲས་ཀྱི་དོན་ལ་རྨོངས་བའི་བློ་ངན་ཞིང་བཅུར་གྱུར་པའི་སེམས་ཅན་སྲིད་པའི་འཇིག་རྟེན་འོག་མར་བརྒྱུད་པ་འདི་དག་སྙིང་རེ་རྗེ་ཞེས་ཐབས་སྙིང་རྗེ་ཆེན་པོའི་སྒོ་ནས་བསྒྲལ་བྱའི་རྣམ་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་དབྱིངས་དེར་བསྒྲལ་བར་བྱའོ། །འདི་ལྟར་སྒྲོལ་བ་ལ་སྒྱུ་འཕྲུལ་ལེ་ལག་ལྟར་ན་རྣམ་གྲངས་ལྔ་རེ་གསུངས་ལ། དེ་རེ་རེ་ལའང་སྤར་ཁབ་ལས། བྱེད་པའི་ཚིག་ལྔར་ཤེས་པར་བྱ། །ཞེས་པས། བྱེད་ཚིག་ལྔ་ལྔ་དང་སྦྱར་བར་བྱ་སྟེ། དང་པོ་རང་བཞིན་གྱི་སྒྲོལ་བ་ལའང་། གང་བསྒྲལ་ན་མ་རིག་པས་ཕྱིན་ཅི་ལོག་ཏུ་འཛིན་པའི་བློའོ། །གང་གིས་ན་ཆོས་ཉིད་ཇི་བཞིན་པ་རྟོགས་པ་དེས་སོ། །ཇི་ལྟར་ན་ཤེས་རབ་གསུམ་དང་མ་བྲལ་བས་སོ། །དེའི་དགོས་པ་ནི། ཆོས་ཉིད་མངོན་དུ་བྱས་པས་མཐར་ཐུག་གི་བདེ་བ་ཐོབ་པའི་ཆེད་དུའོ། །དཔེ་ནི་ཉི་མས་མུན་པ་བསལ་བ་ལྟ་བུའོ། །གཉིས་པ་དབང་པོ་ཡུལ་དུས་ཀྱི་སྒྲོལ་བ་ལ་ཡང་། གང་ལ་ན་སྤྱོད་ཡུལ་འདི་དག་ལ་རང་རྒྱུད་དུ་ཞེན་པའི་རྟོག་པའོ། །གང་གིས་ན་བསྐྱེད་རིམ་ལ་གོམས་ཤིང་འཇུག་པའི་གང་ཟག་གིས་སོ། །ཇི་ལྟར་ན་རྟོགས་པ་ལྷར་སྤྲད་དེ་དེར་ཤེས་པའི་ལམ་ལ་བརྟེན་ནས་སོ། །དགོས་པ་ནི་ལྷར་གསལ་བས་རྟོག་ཚོགས་རྣམ་པར་དག་ཅིང་དེ་ཉིད་དེ་བཞིན་དུ་དག་པས་དོན་དམ་སྔོོན་དུ་གྱུར་པའི་ཆེད་དུའོ། །དཔེ་ནི་རྒྱལ་བུ་རྒྱལ་སར་བཏོན་པ་བཞིན་ནོ། །གསུམ་པ་ཏིང་འཛིན་གྱི་སྒྲོལ་བ་ལའང་། གང་ལ་ན་ལོག་པའི་རྣམ་རྟོག་མཐའ་དག་གོ། །གང་གིས་ན་མཚན་བཅས་མཚན་མེད་གང་ཡིན་ཡང་རྩེ་གཅིག་ཏུ་གནས་པའི་སེམས་ཀྱིས་སོ། །ཇི་ལྟར་ན་རིག་པ་སྲང་དུ་འཛུད་པའི་གནད་ཤེས་པའི་ཐབས་ཀྱིས་སོ། །དགོས་པ་ནི་སེམས་ལ་དབང་ཐོབ་པས་ལམ་རྟགས་མངོན་དུ་གྱུར་པའི་ཆེད་དུའོ། །དཔེ་ནི་མཁའ་ལ་བྱ་དང་ཆུ་ལ་ཉ་ཡིས་དབང་ཐོབ་པ་ལྟ་བུའོ། །བཞི་པ་ཐབས་ཆེན་པོས་སྒྲོལ་བ་ལའང་། གང་ལ་ན་རུ་ཏྲ་འཁོར་བཅས་སོ། །གང་གིས་ན་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱིས་སོ། །ཇི་ལྟར་ན་ཡུལ་དང་མཐུན་པར་གཙོ་བོ་བསྒྲལ་ཞིང་འཁོར་དམ་ལ་བཏགས་ནས་སོ། །དགོས་པ་ནི་དྲག་པོའི་ཕྲིན་ལས་མཐར་ཕྱིན་པའི་ཆེད་དུའོ། །དཔེ་ནི་དཔའ་བོས་དགྲ་ཐུལ་བ་ལྟ་བུའོ། །ལྔ་པ་མཐའ་མ་མངོན་དུ་ཕྱུང་བའི་སྒྲོལ་བ་ལའང་། གང་ལ་ན་ཞིང་བཅུའོ། །གང་གིས་ན་རྟོགས་གོམས་ཀྱི་བློ་དང་ལྡན་པས་གསད་གསོའི་གྲུབ་པ་བརྙེས་པས་སོ། །ཇི་ལྟར་ན་ལེའུ་བཅུ་གཅིག་པའི་ཐབས་ལྟར་རོ། །དགོས་པ་ནི་དེའི་སྡུག་བསྔལ་ཡུན་ཐུང་ཞིང་བྱང་ཆུབ་ཀྱི་སེམས་འཕེལ་གསང་སྔགས་ཀྱི་སྤྱོད་པ་མཐར་ཕྱིན་པ་ལ་སོགས་པའི་ཆེད་དུའོ། །དཔེ་ནི་ཤན་པའི་ལག་པ་ལྟར་རོ། །གཉིས་པ་ནི། འཁྲིལ་བའི་སོགས་རྐང་པ་གཉིས་ཏེ། ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ་བས་བདེ་བའི་མཆོད་རྫས་ཆེན་པོ་ཉི་ཟླ་བྱང་ཆུབ་ཀྱི་སེམས་མཉམ་པར་སྦྱོར་བས་རྣལ་འབྱོར་པ་བདག་ཉིད་བདེ་བའི་རོལ་མོས་མཉེས་ཤིང་ཚིམས་པར་བྱས་ནས། བྱང་ཆུབ་སེམས་ཀྱི་རྡུལ་ཕྲ་རབ་མཁའ་ཁྱབ་ཏུ་སྤྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པ་དང་། སེམས་ཅན་ཐམས་ཅད་ཀྱང་ཚིམས་ཏེ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རོ་མཉམ་པར་བྱས་པའོ། །དེ་ལའང་གོང་བཞིན་ལྔ་ལྔ་སྟེ། དང་པོ་རང་བཞིན་གྱིས་སྦྱོར་བ་ནི། གང་ལ་ན་ཡེ་ནས་གནས་པའི་ཆོས་ཉིད་ལའོ། །གང་གིས་ན་དེ་རྟོགས་པར་ནུས་པའི་བློ་དབང་པོ་རྣོན་པོ་དེས་སོ། །ཇི་ལྟར་ན་ཤེས་འཇུག་གི་ལམ་གྱི་མཚན་ཉིད་ཀྱིས་སོ། །དགོས་པ་ནི་འཁྲུལ་པས་བཅིངས་པ་ལས་གྲོལ་ནས་ཟག་མེད་ཀྱི་བདེ་བ་ཐོབ་པའོ། །དཔེ་ནི་སྔར་འདྲིས་ཀྱི་མི་ཕྱིས་ངོ་ཤེས་པ་ལྟ་བུའོ། །གཉིས་པ་དབང་པོ་ཡུལ་དུས་ཀྱི་སྦྱོར་བ་ལའང་། གང་ལ་ན་རྟོག་ཚོགས་ཇི་སྙེད་པ་རྣམས་ལའོ། །གང་གིས་ན་དེ་སྐུ་དང་ཡེ་ཤེས་སུ་རྟོགས་པའི་བསྒོམས་པའི་བློ་ཡིས་སོ། །ཇི་ལྟར་ན་ཆོ་གའི་ཡན་ལག་གིས་མཚན་བཅས་ལྷའི་རྣལ་འབྱོར་དུ་གསལ་བས་སོ། །དགོས་པ་ནི་ཐ་མལ་གྱི་རྟོག་པ་དག་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བློ་འབྱོངས་པའོ། །དཔེ་ནི་གསེར་འགྱུར་གྱི་རྩི་ལྟ་བུའོ། །གསུམ་པ་ཏིང་ངེ་འཛིན་གྱི་སྦྱོར་བ་ལའང་། གང་ལ་ན་ལྷ་མོ་ཞེས་འོད་ཀྱི་ཡུམ་ལའོ། །གང་གིས་ན་ཏིང་འཛིན་ལ་བརྟན་པ་ཐོབ་པས་སོ། །ཇི་ལྟར་ན་རང་ལུས་ཐབས་དང་ལྡན་པས་ལུས་སེམས་བདེ་བ་རྒྱས་པར་རོ། །དགོས་པ་ནི་ཁ་སྦྱོར་ལ་ལྟོས་མི་དགོས་པར་སྣང་སྤྱོད་ཐམས་ཅད་བདེ་བའི་རང་གཟུགས་སུ་འཆར་བའོ། །དཔེ་ནི་རྨི་ལམ་གྱི་འགྲོ་བ་བཟང་མོ་ལྟ་བུའོ། །བཞི་པ་ཐབས་ཆེན་པོའི་སྦྱོར་བ་ལའང་། གང་ལ་ན་རུ་ཏྲའི་ཆུང་མ་ཀྲོ་ཏི་ཤྭ་རཱི་ལའོ། །གང་གིས་ན་ཕྱག་རྒྱ་ཆེན་པོའི་ཁྲོ་བོར་སྣང་བའི་དཔལ་ཆེན་པོས་སོ། །ཇི་ལྟར་ན་མི་རྟོག་པས་ཚད་པའི་གདུང་བ་བསལ་ནས་ཡེ་ཤེས་ཀྱི་སྤྲུལ་པ་བཞག་པའོ། །དགོས་པ་ནི་རྒྱལ་བའི་མཛད་པ་ལྷུན་གྱིས་གྲུབ་པའོ། །དཔེ་ནི་ཙནྡན་དང་སྦྲུལ་ལྟ་བུའོ། །ལྔ་པ་མཐའ་མ་མངོན་དུ་ཕྱུང་བའི་སྦྱོར་བ་ལའང་། གང་ལ་ན་རིགས་ངན་མོ་ཞེས་ཟག་བཅས་ཀྱི་ཡུམ་ལའོ། །གང་གིས་ན་འདོད་ཆགས་ཅན་གྱི་གང་ཟག་སྟེང་སྒོ་ལས་སུ་རུང་བས་སོ། །ཇི་ལྟར་ན་སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་བཞིས་དབབ་བཟུང་ལྡོག་དགྲམ་ལ་བསླབ་པས་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱེད་པའོ། །དགོས་པ་ནི་འདོད་ཆགས་ལམ་དུ་སློངས་པས་ཐ་མལ་གྱི་འཆིང་བ་ལས་གྲོལ་བའོ། །དཔེ་ནི་རྨ་བྱ་དུག་གིས་འཚོ་བ་ལྟ་བུའོ། །དེ་ལྟར་ལེའུ་འདིར་བསྟན་པའི་སྦྱོར་སྒྲོལ་འདི་དག་མངོན་དུ་ཕྱུང་བ་ཡིན་ཞིང་དེའི་ཆ་རྐྱེན་དུ་རང་བཞིན་དང་ཏིང་འཛིན་གཉིས་ཀྱིས་ཡང་ཡིན་ནོ། །འོ་ན་ལེའུ་བཅུ་གཅིག་པ་དང་ཟློས་སོ་ཞེ་ན། ཁ་ཅིག་གིས་གོང་མ་མངོན་དུ་བྱུང་བ་ཡིན་ཞིང་། འདི་ཏིང་ངེ་འཛིན་གྱི་ཡིན་པས་མི་ཟློས་སོ་ཟེར། ཡང་ཁ་ཅིག་གིས་གོང་མ་སྤྱོད་པ་ཡིན་ལ་འདི་མཆོད་པ་ཡིན་པས་མི་ཟློས་གསུངས་ཀྱང་། དེ་གཉིས་ཀ་མ་ངེས་པར་སེམས་ཏེ། གོང་མ་ཡང་མཆོད་པར་འགྱུར་ཞིང་། འདིར་ཡང་མངོན་དུ་ཕྱུང་བར་བཞེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། གོང་མ་ཚོགས་སྒྲུབ་ཀྱི་དུས་སུ་ཉམས་སུ་བླང་བྱར་གསུངས་པས་ལམ་གྱི་ངོ་བོ་ཡིན་ཞིང་། འདི་མཆོད་པའི་སྐབས་ཡིན་པས་ལམ་གྱི་ཆ་རྐྱེན་དུ་འཐད་པར་སེམས་སོ། །གསུམ་པ་ནི། མཉམ་པའི་སོགས་རྐང་པ་གཉིས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་དངོས་གྲུབ་སྒྲུབ་པའི་རྫས་ཆེན་པོ་བདུད་རྩི་ལྔ་པོ་འདི་དག་བདག་དམ་ཚིག་གི་འཁོར་ལོ་དང་ཡེ་ཤེས་ལྷའི་དཀྱིལ་འཁོར་གཉིས་མེད་དུ་མཉམ་པའི་ཚོགས་ལ་འཁོར་གསུམ་ཡོངས་དག་གི་མཆོད་པ་འབུལ་ལོ། །དེ་ཡང་མཉམ་པའི་ཞེས་པས་མཉམ་པ་ནི་གཉིས་ཏེ། རང་བཞིན་གྱི་དང་། སྤྱོད་པ་ལས་ཀྱི་མཉམ་པའོ། །དང་པོ་ནི། དམ་རྫས་བདུད་རྩི་ལྔ་དང་རིགས་ལྔ་ཡེ་ཤེས་ལྔ་ཤེས་བྱའི་གཤིས་ཀྱི་སྟེང་ན་སྣང་ན་སྣང་མཉམ་སྟོང་ན་སྟོང་མཉམ་རང་བཞིན་བཟང་ངན་ཐ་དད་མེད་པར་མཉམ་པ་ནི་རང་བཞིན་གྱིས་མཉམ་པའོ། །གཉིས་པ་ནི། རྒྱས་པ་ལས། སེམས་ཅན་རྟོག་པ་ཟློག་ཕྱིར་སྨན། །གཙོ་རུ་དང་དུ་བླང་བར་བྱ། །ཞེས་པས། གཙང་རྨེའི་རྟོག་པ་བཟློག་ནས་མཉམ་པ་ཉིད་དུ་ལོངས་སྤྱོད་པ་ནི་སྤྱོད་པ་ལས་ཀྱི་མཉམ་པའོ། །གྲུབ་རྫས་ཅེས་པས། དེ་ལྟར་མཉམ་པ་གཉིས་དང་ལྡན་པའི་དམ་རྫས་ནི་གྲུབ་པ་བཞི་དང་ལྡན་ཏེ། ཆོས་ཉིད་རང་བཞིན་གྱིས་དང་། ཆོས་ཅན་རང་གི་ངོ་བོས་དང་། མཐུ་ཡིས་དང་། བྱིན་གྱིས་བརླབས་ཀྱིས་གྲུབ་པའོ། །དང་པོ་ནི། ཐལ་རྒྱུད་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །ཞེས་པས། དམ་རྫས་བདུད་རྩི་ལྔའི་རང་བཞིན་སེམས་ཉིད་ལས་མི་གཞན་པའི་ཕྱིར་སེམས་ཉིད་སྟོང་པའི་དབྱིངས་སུ་ཡེ་ཤེས་ལྔའི་གདངས་མ་འགགས་པར་སྣང་བའོ། །གཉིས་པ་ནི། དེ་ཉིད་ལས། རང་བཞིན་བདེ་བའི་ཡེ་ཤེས་ལྔ། །བྱེད་པ་མེད་པར་རང་སྣང་བའོ། །ཞེས་པས། དེ་དག་ཀྱང་བྱེད་པ་པོས་མ་བྱས་པར་ཡེ་ཤེས་ལྔའི་ངོ་བོར་རང་སྣང་བའོ། །གསུམ་པ་ནི། དེ་ལས། ཤེས་རབ་ཏིང་འཛིན་ཐབས་དག་གིས། །ནུས་མཐུ་ངེས་པར་འབྱུང་བ་ཡིན། །ཞེས་པས། ལྟ་སྒོམ་གྱི་གནད་དང་ལྡན་པས་དམ་རྫས་ལྔ་ལ་ལོངས་སྤྱོད་ན་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་འགྲུབ་པའོ། །བཞི་པ་ནི། དེ་ལས། འདི་ལྟར་ལམ་ལ་གང་གནས་པས། །ཕྱོགས་དུས་ཀུན་ནས་བྱིན་གྱིས་རློབས། །ཅེས་པས། དེ་ལྟར་དམ་རྫས་ལྔ་ལ་མཚན་ལྡན་དུ་ལོངས་སྤྱོད་པའི་རྣལ་འབྱོར་པ་དེ་ལས་དུས་གསུམ་གྱིས་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་རློབས་པའོ། །དེ་ལྟ་བུའི་མཆོད་པ་དེ་འབུལ་བྱ་འབུལ་བྱེད་འབུལ་རྒྱུའི་དངོས་པོ་གསུམ་དུ་འཛིན་པ་ལས་གྲོལ་བ་སྟེ། འཁོར་གསུམ་དག་པར་དབུལ་བའི་དགོས་ཆེད་ནི། ཕྱི་ཁང་ཞིང་ནོར་རྫས་སོགས་ལ་ཆགས་ཤིང་ཞེན་པ་དང་། ནང་རྣམ་ཤེས་ཚོགས་བརྒྱད་ཡུལ་རྗེས་སུ་འཇུག་ཅིང་ཞེན་པ་དང་། གསང་བ་ལྟ་སྒོམ་སྤྱོད་གསུམ་ལ་མཆོག་ཏུ་འཛིན་པའི་ཞེན་པ་ལས་གྲོལ་ནས་དོན་གཉིས་གྲུབ་པའོ། །བཞི་པ་ནི། བཟའ་དང་སོགས་རྐང་པ་གསུམ་སྟེ། ཤ་ཟན་སོགས་བཟའ་བ་དང་། ཤིང་ཏོག་སོགས་བཅའ་བ་དང་། ཇ་ཆང་སོགས་བཏུང་བ་དང་། སྲབ་འཇམ་ཡང་བའི་བགོ་བ་དང་། །གཞན་ཡང་ལྷ་དང་མིའི་ལོངས་སྤྱོད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་རྣམ་པར་དག་པས་འབུལ་ཚུལ་ནི། མཆོད་ཡུལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ལ་ནི་མཆོད་རྫས་སོ་སོར་ཐོགས་པའི་འདོད་ཡོན་ལྷ་མོའི་དཀྱིལ་འཁོར་གཉིས་མེད་བདེ་བ་ཆེན་པོར་རོ་གཅིག་ཏུ་ཐིམ་པའི་ཚུལ་གྱིས་དབུལ་ལོ། །གཉིས་པ་མཆོད་པའི་འབྲས་བུ་ལ་གཉིས་ཏེ། ཐུན་མོང་དང་། མཆོག་གིའོ། །དང་པོ་ནི། ཕྱོགས་བཅུ་སོགས་ཚིགས་བཅད་གཅིག་སྟེ། ཕྱོགས་བཅུ་དང་དུས་བཞིར་བདག་དོན་དུ་ཡང་དག་པའི་ས་དང་། གཞན་དོན་དུ་སེམས་ཅན་གྱི་དོན་ལ་གཤེགས་པ་ཡི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐེག་པ་གཞན་གྱི་འབྲས་བུ་ལས་ཁྱད་པར་དུ་གྱུར་པའི་རྨད་པོ་ཆེ་དེ་ཉིད། རང་སེམས་སྒྲིབ་པ་དང་བྲལ་བ་ལས་གཞན་ནས་བཙལ་དུ་ཡོད་པ་མ་ཡིན་ན་ལྷ་དང་སྲིན་པོ་ལ་སོགས་པའི་མཐུ་ལས་བྱུང་བ་ནི་སྨོས་ཅི་དགོས་ཏེ། འདིར་སེམ་ཉིད་ལས་སུ་རུང་བའི་ཡོན་ཏན་ལས་དེ་རྣམས་ཐམས་ཅད་ཟིལ་གྱིས་གནོན་ནོ། །གཉིས་པ་ནི། རྣལ་འབྱོར་སོགས་ཚིགས་བཅད་གཅིག་སྟེ། རྣལ་འབྱོར་པ་ཏིང་འཛིན་ལས་སུ་རུང་བ་རྣམས་ཀྱིས་ཡི་དམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རང་རིག་པའི་ཡེ་ཤེས་ལ་མངོན་སུམ་དུ་གསལ་བར་རྫོགས་པར་འགྱུར་ཞིང་། དེ་ཡང་གསལ་བའི་ཚེ་ཡུལ་གྱིས་མི་འཕྲོག་པ་ལ་བརྟན་པ་ཐོབ་ནས་ཡིད་གཉིས་དང་ཐེ་ཚོམ་མེད་པས་བསྒྲུབ་པར་བྱས་ན། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་ཆེན་པོ་འབར་བ་འགྲུབ་པར་འགྱུར་རོ། །གསུམ་པ་དེ་གསུངས་པའི་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་བརྗོད་པའི་མཐུས་མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་མཆོད་པའི་སྤྲིན་གྱི་རོལ་མོས་ཁྱབ་པར་གྱུར་ཏོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུ་འདི་ལ་ལེའུ་ཉེར་གཉིས་སུ་ཡོད་པ་ལས། འདིས་ཞི་བ་དང་ཁྲོ་བོའི་རྒྱལ་བ་རྣམས་མཆོད་ཅིང་མ་མོ་དང་མཁའ་འགྲོ་རྣམས་ལ་སྦྱིན་པའི་ཐབས་སུ་མཆོད་པའི་ཚུལ་བཞི་པོ་ཐུན་མོང་གི་ཐེག་པ་ལ་མ་གྲགས་པས་མཆོག་དམ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། ༈ །།ད་ནི་ལེའུ་བཅུ་དགུ་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། མཚན་ཉིད་གསུམ་ལས་གསུམ་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་གཉིས་ཀ་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན་ཅིང་། ལོག་རྟོག་གཙོ་ཆེར་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་དམ་ཚིག་སྟོན། ཞོར་ལ་ལྟ་བ་དང་སྤྱོད་པ་སྟོན། ཐ་མའི་ཆོས་བཅུ་ལས། རང་བཞིན་ལྟ་བ། ལྡེམ་དགོངས་མན་ངག །མཚོན་པ་དཔེ། གཏར་ཁ་གེགས་སེལ། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། ཁྱད་པར་གྱི་མཆོད་སྦྱིན་བསྟན་པ་དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་གསང་སྔགས་འཆང་བའི་རྣལ་འབྱོར་བ་རྣམས་ལམ་ལ་འབད་པ་དོན་ཡོད་པར་བྱ་བའི་ཕྱིར་མ་ཧཱ་ཡོ་གའི་བསྲུང་བྱའི་དམ་ཚིག་གཞན་ཐེག་པ་འོག་མིའི་འདུལ་སྡོམ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པས་ཆེན་པོ་འོག་ནས་འབྱུང་བ་འདི་དག་འཁོར་གྱི་ཆེད་དུ་བརྗོད་དོ། །གཉིས་པ་གཞུང་ལ་གཉིས་ཏེ། དམ་ཚིག་དངོས་དང་། དེའི་ཡོན་ཏན་ནོ། །དང་པོ་ལ་བདུན་ཏེ། དམ་ཚིག་གི་ཆེ་བ། རྣམ་གྲངས་མདོར་བསྟན་པ། མཉམ་པའི་དམ་ཚིག་སྐྱོན་ཡོན་དང་བཅས་པ། དམ་ཚིག་ཉམས་པའི་སྐྱོན། དམ་ཚིག་གི་རང་བཞིན། དམ་ཚིག་གི་རྣམ་གྲངས་རྒྱས་པར་བཤད་པ། དེ་མ་ཉམས་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། སྤྱོད་སྒོ་ཡངས་པའི་དང་། འདུལ་སྡོམ་ཐམས་ཅད་འདུས་པའི་ཆེ་བའོ། །དང་པོ་ནི། བླ་མེད་ཐེག་པར་སོགས་ཚིགས་བཅད་གཅིག་སྟེ། གང་ཟག་གང་ཞིག་རྟོགས་གོམས་ཀྱི་གདིང་དང་ལྡན་པས་མཉམ་པ་ཆེན་པོའི་དམ་ཚིག་ལ་གནས་པ་ནི་བླ་ན་མེད་པའི་ཐེག་པར་རབ་ཏུ་ངེས་པ་སྟེ། དོན་རྟོགས་ན་ཉོན་མོངས་པ་དུག་ལྔ་དང་། དེས་བསྐྱེད་པའི་མཚམས་མེད་ལྔ། ལྕི་བ་བཞི། ལོག་པ་བརྒྱད། མི་དགེ་བ་བཅུ་སོགས་ལས་རྣམས་ཀུན་ལ་སྤྱོད་ཀྱང་སྒྱུ་མ་མཁན་གྱིས་སྒྱུ་མའི་ལོངས་སྤྱོད་ལ་སྤྱད་པ་ལྟར་བྱས་པར་སྣང་ཡང་དེ་ལ་འཛིན་ཞེན་མེད་པ། དེའི་སྒྲིབ་པ་བག་ཆགས་མི་གསོག་པའི་སྟེང་དུ་ཚོགས་གཉིས་མ་བཙལ་ཡེ་རྫོགས་སུ་འགྱུར་ཏེ། སྤྱོད་པ་དེའི་ངོ་བོ་ལ་སོ་བྱང་ཕྱི་རྒྱུད་སྡེ་གསུམ་རྣམས་ཀྱི་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ་གཉིས་ལས། སྤྱིར་བཤད་པ་དང་། ཇི་ལྟར་འདུས་ཤིང་དག་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། བླ་མེད་མཆོག་གི་སོགས་ཚིགས་བཅད་གཅིག་སྟེ། ལམ་དང་འབྲས་བུ་གོང་ན་མེད་པའི་གསང་སྔགས་བླ་མེད་རྡོ་རྗེའི་ཐེག་པ་མཆོག་གི་དམ་ཚིག་འདིའི་ནང་དུ་གདུལ་བྱ་འདུལ་བའི་དབང་གིས་རྣམ་པར་བཞག་པའི་ཉན་ཐོས་ཀྱི་ཚུལ་ཁྲིམས་ཇི་སྙེད་པ་དང་། བྱང་སེམས་དང་གསང་སྔགས་ཕྱི་ནང་གི་བསྲུང་བྱ་ཇི་སྙེད་པའི་སྡོམ་པ་བསམ་ཡས་ཡོད་པ་མ་ལུས་པའི་ཡོན་ཏན་ཀུན་ཡར་ལྡན་གྱི་ཚུལ་དུ་འདིར་འདུས་ཤིང་། ཉེས་པ་ཕྲ་མོས་ཀྱང་གོས་པ་མེད་པས་རྣམ་པར་དག་པའི་ཕྱིར་རོ། །དེ་ལ་ཇི་སྙེད་པའི་སྡོམ་པ་ཀུན་རིགས་བསྡུས་ན་སོ་ཐར་བྱང་སེམས་རིག་འཛིན་གྱི་སྡོམ་པ་གསུམ་དུ་འདུ་ལ། དེ་གསུམ་ཡང་རྣམ་པ་འགལ་བ་ལྟར་སྣང་ཡང་ངོ་བོ་ཚང་བ་དང་གནས་འགྱུར་བའི་སྒོ་ནས་སོ་བྱང་གཉིས་སྔགས་སྡོམ་དུ་འདུས་ཤིང་དག་པ་སྟེ། ཇི་ལྟར་ན། སོ་བྱང་གཉིས་ལ་མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་ཐ་མལ་སྣང་ཞེན་གྱི་ལྡོག་ཆ་རེ་ཡོད་པ་རྩ་གཏོང་གིས། སོ་ཐར་ཕྱི་ལུས་ངག་གི་སྤོང་བ་བདུན་ལ་བསླབ་པའི་སྒོ་ནས་གཞན་གནོད་གཞི་བཅས་ལས་ལྡོག་པ་དང་། བྱང་སེམས་ནང་ཡིད་ཀྱི་ལས་གསུམ་གཙོ་བོར་སྤོང་བའི་སྙིང་རྗེ་ལ་སློབ་པའི་སྒོ་ནས་གཞན་ལ་ཕན་འདོགས་པའི་སྦྱོར་བ་ལ་ཞུགས་པའི་ལྡོག་ཆ་གཉིས་པོ་དེ། གསང་སྔགས་རྟོགས་གོམས་ཀྱི་སྦྱོར་བས་སངས་རྒྱས་ཀྱི་མཛད་པ་ཉམས་སུ་བླངས་ཏེ་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་རྩོལ་མེད་དུ་མཛད་པའི་ཐབས་མཁས་ཀྱི་ནང་དུ་ཚང་ཞིང་། རྫས་གོང་འཕེལ་གྱི་ཚུལ་གྱིས་སྔགས་སྡོམ་གྱི་རྫས་སུ་གནས་འགྱུར་བ་ཡིན་ལ། དཔེར་ན་ནས་བྲེ་གསུམ་ཡོད་པའི་ནང་དུ་བྲེ་དོ་མི་ཚང་བའི་དོགས་པ་མེད་པ་ལྟར་ཐབས་ཀྱིས་ཟིན་པས་ཇི་ལྟར་སྤྱད་ཀྱང་ཉེས་པས་མི་གོས་པར་སླར་ཚོགས་སུ་འགྱུར་བའི་ཕྱིར་ཡོན་ཏན་ཡར་ལྡན་དུ་འདུས་པ་སྟེ། གསལ་བཀྲ་ལས། ཐེག་ཆེན་དམ་ཚིག་ལ་གནས་ན། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །སྲུང་བ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་སོ། །གཉིས་པ་ལ་བཞི་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། རྫུན་དུ་སྨྲ་བ་དང་། མི་ཚངས་པར་སྤྱོད་པ་སྤོང་བ་ཇི་ལྟར་འདུས་ཤིང་དག་པའོ། །དང་པོ་ནི། ཡོད་མེད་སོགས་ཚིགས་བཅད་གཅིག་སྟེ། དེ་ཡང་བདག་གཞན་གཉིས་ཀ་སེམས་ཉིད་བདེན་པ་དབྱེར་མེད་ཀྱི་ངང་དུ་གསལ་བའི་དུས་ན་ཡོད་པ་སྟེ་སྣང་བ་མེད་པ་སྟེ་སྟོང་པ་དབུ་མ་སྟེ་གཉིས་མེད་ཀྱི་མཐའ་གང་དུའང་མི་དམིགས་ཤིང་བློའི་སྤྱོད་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པའོ། །འོ་ན་བདག་དང་གཞན་དུ་སྣང་བ་འདི་ཅི་ཞེ་ན། ཀུན་རྫོབ་ཏུ་རྒྱུ་རྐྱེན་འདུས་པ་ལོག་རྟོག་ནི་ངོ་བོ་ཙམ་དུ་སྣང་ཡང་བདེན་དངོས་ཀྱིས་སྟོང་པ་དཔེར་ན་སྒྱུ་མའམ་མིག་ཤེས་འཁྲུལ་པས་ཐོ་ཡོར་ལ་མིར་འཛིན་པ་ལྟ་བུའི་ཚུལ་ལོ། །དེའི་ཕྱིར་སྲོག་གཅོད་བྱ་གཅོད་བྱེད་གཉིས་ཀ་ཆོས་ཉིད་དུ་དག་པའི་ཕྱིར་བཅད་བྱའི་སྲོག་དམིགས་སུ་མེད་པས་སྲོག་གཅོད་བྱེད་ཀྱི་སྐྱེས་བུ་དང་འདུ་ཤེས་ཀྱང་དམིགས་སུ་མེད་པས་ན། དོན་དམ་པར་སྲོག་བཅད་དུ་མེད་ཀྱང་། ཀུན་རྫོབ་ཏུ་བཅད་བྱའི་སྲོག་དང་གཅོད་བྱེད་ཀྱི་སྐྱེས་བུར་སྣང་བ་འདི་ནི་ལོག་རྟོག་རྟེན་འབྲེལ་གྱི་སྣང་བ་ཙམ་དུ་རྟོགས་ཤིང་། དེ་ལྟར་བདེན་པ་གཉིས་ཀྱང་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་རྟོགས་ནས་ཐུགས་རྗེ་ཆེན་པོས་ཞིང་བཅུའི་སྲོག་བཅད་ཀྱང་། བདག་ལ་སྒྲིབ་པ་མི་གསོག་ཅིང་གཞན་ལ་སྡུག་བསྔལ་མི་བསྐྱེད་པས་ན་སྲོག་གཅོད་སྤངས་པའི་སྡོམ་པའི་ངོ་བོ་དང་ཡོན་ཏན་ཡར་ལྡན་དུ་འདུས་སོ། །གཉིས་པ་ནི། བདེན་པ་སོགས་ཚིགས་བཅད་གཅིག་སྟེ། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀ་སེམས་ཉིད་ཀྱི་ངོ་བོ་དབྱེར་མེད་པས་བདག་དང་གཞན་དུ་མི་དམིགས་ཤིང་། དཔེར་ན་ལྷ་འཕྲུལ་དགའི་ལོངས་སྤྱོད་རང་ལས་སྤྲུལ་ནས་རང་གིས་སྤྱོད་པའི་ཚུལ་ཏེ། བླང་བྱའི་རྫས་དང་ལེན་བྱེད་ཀྱི་མཁན་པོ་དང་ལེན་པ་པོའི་འདུ་ཤེས་གསུམ་ཀ་སེམས་ཉིད་ཀྱི་ངོ་བོར་ཐ་དད་མིན་པས་བླང་བྱ་རྫས་དང་གཞན་བདག་པོ་དང་མ་བྱིན་པར་ལེན་པ་པོ་བདག་རྣམས་དམིགས་སུ་མེད་པའི་ཕྱིར། ཀུན་རྫོབ་ཏུ་མ་བྱིན་པར་ལེན་པ་ལྟར་སྣང་ཡང་དོན་དམ་པར་བླང་བྱ་བླང་བྱེད་མེད་དེ། ཐམས་ཅད་བདག་ཉིད་ཆེན་པོ་མཉམ་པ་ཉིད་ཀྱི་དབྱིངས་ལས་མ་འདས་པར་རྟོགས་ནས་གཞན་དོན་བསྒྲུབ་པའི་ཕྱིར་མ་བྱིན་པར་ལེན་པས་ནི། ཐེག་པ་འོག་མ་མ་བྱིན་ལེན་སྤངས་པའི་སྡོམ་པའི་ངོ་བོ་དང་ཡོན་ཏན་ཡར་ལྡན་དུ་འདུས་སོ། །གསུམ་པ་ནི། ཆོས་རྣམས་སོགས་ཚིགས་བཅད་གཅིག་སྟེ། ཕྱི་ནང་གི་དངོས་པོས་བསྡུས་པའི་ཆོས་རྣམས་སྣང་ཡང་བདེན་དངོས་ཀྱི་སྟོང་པ་སྒྱུ་མ་ལྟ་བུ་ལ་བདག་ཏུ་ལྟ་བ་ནི་ངོ་བོ་ཉིད་མེད་བཞིན་དུ་བརྟགས་པས་ངོ་བོ་ཉིད་ཀྱི་རྫུན་དང་། དངོས་པོ་མེད་བཞིན་ཞེན་པས་མིང་དང་ཚིག་ཏུ་བཏགས་པ་འདི་ལ་མིང་ཚིག་གི་རྗེས་སུ་དཔྱོད་ཅིང་མངོན་པར་ཞེན་པ་རྗེས་སུ་སྤྱོད་པའི་རྫུན་དང་། དེ་དག་ལས་ཀྱང་འགལ་བར་སྨྲ་བ་ནི་ལོག་པའི་རྫུན་ནོ། །དེ་ལྟར་རྫུན་གསུམ་པོ་རེ་རེ་ཉིད་ལ་ནི་བདེན་པའི་གཞི་མ་གྲུབ་པའི་ཕྱིར་ན་རྫུན་སྤྱོད་པ་སྟེ། དེས་ན་རྫུན་ཞེས་བཏགས་པ་ཙམ་ལས་དོན་དམ་པར་ན་བདེན་པར་གྲུབ་ཅིང་དམིགས་སུ་ཡོད་པ་མ་ཡིན་ནོ། །དེ་ལྟར་རྟོགས་ནས་བདག་གཞན་ཆོས་གསུམ་གྱི་དོན་དུ་རྫུན་དུ་སྨྲས་པས་ནི་ཐེག་པ་འོག་མའི་རྫུན་སྤངས་པའི་སྡོམ་པའི་ངོ་བོ་དང་ཡོན་ཏན་ཡར་ལྡན་དུ་འདུས་སོ། །བཞི་པ་ནི། མ་ཆགས་སོགས་ཚིགས་བཅད་གཅིག་སྟེ། དངོས་པོ་ཐམས་ཅད་སེམས་ཉིད་དུ་རང་སྣང་བའི་ཡུལ་སེམས་གཉིས་མེད་དུ་གསལ་བ་ནི་མ་ཆགས་པའི་ཡེ་ཤེས་སོ། །དེ་ལ་ཕོ་མོ་གཉིས་སུ་ཞེན་ཅིང་ཆགས་པ་ནི་ལོག་པའི་འདོད་ཆགས་སོ། །དེ་ལྟར་ལོག་པའི་འདོད་ཆགས་རང་ག་མ་དང་ཚུལ་མཐུན་པར་སྤྱོད་ཀྱང་དེ་དག་སེམས་ཉིད་དུ་ཤེས་པའི་ལྟ་བ་དང་། འདུ་ཤེས་གསུམ་ལྡན་གྱི་སྒོམ་པ་དང་། ཐབས་ཀྱིས་ཟིན་པའི་སྤྱོད་པ་དང་གསུམ་ལྡན་གྱི་སྒོ་ནས་ཆགས་པ་མ་འགགས་པར་སྤྱོད་པའི་དུས་ཉིད་ན་ཆགས་པའི་རོ་ཉིད་ཡེ་ཤེས་སུ་གསལ་བའི་ཆགས་པ་ཐ་མལ་པའི་ཉེས་སྐྱོན་གྱི་དྲི་མས་གོས་པ་མེད་པ་དེ་ནི་ཚངས་པར་སྤྱོད་པའི་མཆོག་བདེ་བའི་ཡེ་ཤེས་ལ་དབང་བསྒྱུར་བའི་རྒྱལ་པོ་ཡིན་ཏེ། ཤིན་ཏུ་ཡང་དག་པའི་ཚོགས་པ་ཆེན་པོ་སྤང་གཉེན་རོ་གཅིག་ཏུ་གྱུར་པ་དེ་བཞིན་གཤེགས་པའི་དགོངས་པའི་ངོ་བོ་ཉིད། དེ་ལྟར་ཤེས་ནས་འཛག་མེད་ཀྱི་ཡེ་ཤེས་བསྒྲུབ་པའི་དོན་དུ་ཆགས་པ་སྤྱད་པས་ཉེས་པས་མི་གོས་ཤིང་འཛག་མེད་ཀྱི་ཡེ་ཤེས་འགྲུབ་པ་སོགས་ཚོགས་གཉིས་རྫོགས་པའི་ཕྱིར་མི་ཚངས་སྤྱོད་སྤངས་པའི་སྡོམ་པའི་ངོ་བོ་དང་ཡོན་ཏན་ཡར་ལྡན་དུ་འདུས་སོ། །གཉིས་པ་དམ་ཚིག་གི་རྣམ་གྲངས་མདོར་བསྟན་པ་ལ་གསུམ་སྟེ། རྩ་བའི་དམ་ཚིག །ཡན་ལག་གི་དམ་ཚིག །དེ་གཉིས་ཀྱི་ངེས་ཚིག་བཤད་པའོ། །དང་པོ་ནི། བླ་མེད་སོགས་རྐང་པ་དྲུག་སྟེ། འདི་ལ་དམ་ཚིག་གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་པ་ལྟར་རྩ་བའི་དམ་ཚིག་ལ་ལྔ་ལས། བླ་མེད་མི་སྤང་བ་ནི། ཡུལ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལྷག་པ་དོན་དམ་དང་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་གཉིས་སོ། །དེ་མི་སྤང་བའི་ཚུལ་ནི་ལྷག་པ་བདེན་གཉིས་དབྱེར་མེད་དུ་རྟོགས་ནས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས་མི་འདའ་བར་བྱེད་པའོ། །འདི་ལ་ལྟ་སྤྱོད་ལྷས་མ་ཁྲེལ་བ་ཞིག་དགོས་སོ། །བླ་མ་བཀུར་བ་ནི། ཡུལ་ཀུན་གྱིས་དམ་པར་བཀུར་ཞིང་བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱིའི་དང་། རབ་བྱུང་གི་མཁན་པོ་ལྟ་བུ་འདྲེན་པའི་དང་། དམ་ཚིག་འབོགས་ཤིང་དབང་བསྐུར་བ་པོ་དམ་ཚིག་དབང་གི་དང་། བཤགས་ཡུལ་དུ་གྱུར་པ་ཉམས་ཆག་སྐོང་བའི་དང་། ཆོས་འཆད་པའི་སློབ་དཔོན་ལྟ་བུ་ཤེས་རྒྱུད་འགྲོལ་བའི་དང་། མན་ངག་སྟོན་ཅིང་ལུང་འབོགས་པ་མན་ངག་ལུང་གི་སློབ་དཔོན་ཏེ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་ཞིང་ཤེས་རྒྱུད་འགྲོལ། །མན་ངག་ལུག་གི་སློབ་དཔོན་དྲུག །ཅེས་སོ། །ཁྱད་པར་དུའང་དབང་བསྐུར། རྒྱུད་བཤད། མན་ངག་ནོད་པ་གསུམ་ནི་ལྷག་པར་ཡང་བཀུར་བའི་ཡུལ་གྱི་བླ་མའོ། །བཀུར་ལུགས་ནི་སྒོ་གསུམ་གཡོ་ཟོལ་མེད་པས་ཅི་མཉེས་བསྒྲུབ་པ་སྟེ། འདི་ལ་སྲི་ཞུ་སློབ་དཔོན་གྱིས་མ་ཁྲེལ་བ་ཞིག་དགོས་སོ། །སྔགས་རྒྱ་རྒྱུན་མི་བཅད་པ་ནི། ཡུལ་སྔགས་གསུམ་དང་ཕྱག་རྒྱ་བཞི་སྟེ། རྒྱུ་མ་ནོར་བ་རྩ་བའི་དང་། བསྐྱེད་པ་རྐྱེན་དང་། བཟླས་པ་ལས་ཀྱི་སྟེ་སྔགས་གསུམ་དང་། དམ་ཚིག་དང་། ལས་དང་། ཆོས་དང་། སྐུ་ཕྱག་རྒྱ་ཆེན་པོ་དང་བཞི་པོ་སྟེ། དེ་དག་བརྩོན་པ་རབ་ཀྱིས་སྐད་ཅིག་མའི་རྒྱུན་དུ་བར་མི་བཅད་པར་ཆུ་བོའི་རྒྱུན་བཞིན་ནམ། ཉིན་ཞག་གཅིག་ལ་ཐུན་དྲུག་གམ། ཐུན་བཞིའི་རྣལ་འབྱོར་དུ་བྱ་བ་དང་། འབྲིང་གིས་ཟླ་བ་གཅིག་ལ་དུས་ཚིག་དྲུག་གམ། དུས་བཟང་བཞིའམ། ཉ་སྟོང་གཉིས་ཙམ་དང་། ཐ་མས་ཀྱང་ཟླ་དུས་སམ། ར་བ་བཞིའམ། ལོ་དུས་སུ་ཡི་དམ་གྱི་སྒོམ་བཟླས་དང་ཚོགས་གཏོར་སོགས་མཆོད་པ་རྒྱུན་མི་བཅད་པར་འབད་པར་བྱའོ། །མཆེད་ལ་བྱམས་པ་ནི། ཡུལ་སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་བསྟན་པ་ལ་ཞུགས་སོ་ཅོག །ཉེ་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ། འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་པའི་སྤུན་དང་། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་གཅིག་གི་སྤུན་རྣམས་སོ། །དེ་རྣམས་ལས་ཁྱད་པར་ཕྱི་མ་གསུམ་ནི་ཡང་དག་པའི་ལམ་དུ་ཞུགས་པའི་མཆེད་དང་། དེའི་ནང་ནས་ཀྱང་འདྲེས་པའི་མཆེད་ནི་ལྷག་པར་ཡང་བྱམས་པར་བྱ་བའི་ཡུལ་ལོ། །དེ་དག་ལ་བྱམས་ལུགས་ནི་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་ལྷག་བསམ་གྱི་བརྩེ་གདུང་རྒྱུན་མི་ཆད་པར་བྱའོ། །འདི་ལ་བརྩེ་གདུང་མཆེད་ལྕམ་གྱིས་མ་ཁྲེལ་བ་ཞིག་དགོས་སོ། །གསང་སྒྲོག་གི་ཡུལ་ནི། ཕྲ་རྒྱས་ལས། དམ་ཉམས་དམ་ལ་ལོག་པ་དང་། །དམ་མེད་དཀྱིལ་འཁོར་མ་མཐོང་དང་། །འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་སོ། །ཇི་ལྟར་གསང་བའི་ཚུལ་ནི། སྤྱིར་གསང་སྔགས་ཀྱི་ཚིགས་དོན་རྣམས་ཕྱིར་གྱུར་པ་སྟེ་སྣོད་མ་ཡིན་པ་ལ་གསང་བར་བྱ་བ་ཡིན་མོད། ཁྱད་པར་དུ་ནི་ཕྲ་རྒྱས་ལས། སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་གསུངས་པ་རྣམས་ནི་ཤིན་ཏུ་གསང་བར་བྱའོ། །དེ་ལ་སྤྱིར་གསང་བཞི་ནི། གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང་། །ལྷའི་མིང་གཟུངས་དང་གྲུབ་རྟགས་གསང་། །ཞེས་པས། ལྟ་བ་ཟབ་མོ་ནི་ཐེག་དམན་སོགས་བློ་འཕངས་དམའ་བ་རྣམས་དང་། སྤྱོད་པ་ནི་མ་འདྲེས་པ་ཐམས་ཅད་ལ་གསང་ངོ་། །ཡི་དམ་གྱི་ལྷ་སྔགས་དང་གྲུབ་རྟགས་ནི་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ཤིང་། འདྲེས་པར་བསྟན་ནའང་དངོས་གྲུབ་ཉམས་པར་གསུངས་པས་ཐམས་ཅད་དུ་གསང་བར་བྱའོ། །བར་གསང་བཞི་ནི། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་པས། ཇི་ཙམ་སྒྲུབ་པའི་བར་དེ་སྲིད་དུ་གསང་ངོ་། །གསང་བར་འོས་པ་ནི། རྫས་དང་སྤྱོད་པ་མཐོང་ཐོས་སུ་མི་རུང་བ་རྣམས་སོ། །གཉེར་གཏད་པ་ནི། སློབ་དཔོན་དང་མཆེད་ཀྱིས་གསང་བར་གདམས་པ་རྣམས་གཞན་ལ་སྨྲ་བར་མི་བྱའོ། །དེ་ཡང་གསལ་བཀྲ་ལས། གསང་སྔགས་གསང་ཞེས་བྱ་བ་ནི། །ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ། །སེམས་ཅན་དོན་ཕྱིར་རབ་ཏུ་གསང་། །ཞེས་སོ། །འདི་རྣམས་ལ་གཡོ་སྒྱུ་རང་སེམས་ཀྱིས་མ་ཁྲེལ་བ་ཞིག་དགོས་སོ། །དེ་ལྟར་རྩ་བའི་དམ་ཚིག་ལྔ་པོ་འདི་ལ་ནི་ལྗོན་ཤིང་གི་རྩ་བ་ལྟར་ཡོན་ཏན་གྱི་རྟེན་གཞི་ཡིན་པས་རྩ་བ་ལྔ་ཞེས་གསུངས་པ་ཡིན་ཏེ། དེའང་བྱང་སེམས་དང་སྔགས་རྒྱ་གཉིས་སྒྲུབ་པའི་དམ་ཚིག་དང་། གཞན་གསུམ་བསྲུང་བའི་དམ་ཚིག་གི་མཆོག་སྟེ་རྩ་བའོ། །ཡང་རྩ་བ་གསུམ་དུ་བསྡུ་ན། བླ་མ་དང་མཆེད་ལ་བསྲུང་བ་སྐུའི་དམ་ཚིག །སྔགས་རྒྱ་གསུང་གི་དམ་ཚིག །གསང་བཅུ་དང་བྱང་སེམས་བཅས་ཐུགས་ཀྱི་དམ་ཚིག་ཏུ་བཟུང་བར་བྱའོ། །གཉིས་པ་ཡན་ལག་གི་དམ་ཚིག་ལ་གསུམ་སྟེ། མི་སྤང་བ་ལྔ་དང་། མི་དོར་བ་ལྔ་བསྟན་པ་དང་། གཉིས་ཀའི་མཇུག་བསྡུ་བའོ། །དང་པོ་ནི། གཏི་མུག་སོགས་རྐང་པ་གཉིས་ཏེ། འདི་ལ་གསལ་བཀྲ་ལས། ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་པས་སྤྱིར་ཡང་ལོག་གཉིས་ལས་ཡང་དག་པའི་དུག་ལྔ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཚེ། ལྟ་བ་ལ་ཕྱོགས་རིས་དང་། སྤྱོད་པ་ལ་བླང་དོར་གྱིས་འབྱེད་པ་མེད་པ་ནི་གཏི་མུག་དང་། དེ་མ་རྟོགས་པ་ལ་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོའི་འདོད་ཆགས་དང་། རང་རིག་པའི་ཡེ་ཤེས་ཀྱིས་ལོག་རྟོགས་འཇོམས་པའི་ཞེ་སྡང་དང་། མཉམ་ཉིད་རྟོགས་པའི་ལྟ་བ་གཤོང་དུ་མི་འབེབས་པའི་ང་རྒྱལ་དང་། གཉིས་འཛིན་གྱི་ཞེན་རྟོགས་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་སྟེ། རྟོགས་གོམས་ཀྱི་སྦྱོར་བས་མི་སྤང་ངོ་། །ལོག་པའི་དུག་ལྔ་ནི། ཕྱིའི་མཚན་ཉིད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཡིན་ལ། རང་གི་མཚན་ཉིད་སེམས་ཀུན་ནས་བླུན་ཅིང་རྨོངས་པ་གཏི་མུག །ཕྱི་རྫས་དང་ནང་སེམས་ཅན་ལ་ཞེན་ཅིང་ཆགས་པ་འདོད་ཆགས། ཀུན་ནས་མནར་སེམས་ཤིང་འཁྲུག་པ་ཞེ་སྡང་། ཁོང་ནས་འགྱིངས་ཤིང་ཁེངས་པ་ང་རྒྱལ། གཞན་གྱི་ཕུན་ཚོགས་ལ་ཕྲག་ཏུ་མི་ཤོང་བ་ཕྲག་དོག་གི་མཚན་ཉིད་ཡིན་ལ། དེ་ལྟར་ལོག་པའི་དུག་ལྔ་པོ་དེ་དག་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པས་སྤང་བྱའི་རྫས་མ་གྲུབ་པའི་ཕྱིར་དང་། ཐབས་ཀྱིས་ཟིན་ན་སྤྱད་ཀྱང་མི་འཆིང་བ་རྣམ་པར་གྲོལ་བའི་ལམ་ཟབ་མོ་ཡིན་པའི་ཕྱིར་དང་། ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །སྐབས་འདིར་ལོག་པའི་དུག་ལྔ་མི་སྤོང་བར་བཤད་པ་འདི། གསང་བ་ཡིན་ནམ་བསྒྲགས་པ་ཡིན། དྲང་དོན་ཡིན་ནམ་ངེས་དོན་ཡིན། མི་སྤོང་བའི་རྒྱུ་མཚན་ནམ་གཏན་ཚིགས་གང་ཡིན། མ་སྤངས་པ་ལ་དགོས་ཆེད་ཅི་ཡོད། ལམ་དུ་བྱེད་ཚུལ་ཇི་ལྟར་དུ་བྱེད་ཅེ་ན། དྲི་བ་དང་པོའི་ལན་ནི། སྣོད་དང་མི་ལྡན་པའི་གང་ཟག་ལ་གསང་ཞིང་། སྣོད་ལྡན་ཡང་དག་པའི་ལམ་དུ་ཞུགས་པ་རྣམས་ལ་བསྒྲགས་པ་ཡིན་ནོ། །དྲི་བ་གཉིས་པའི་ལན་ནི། ཉོན་མོངས་པའི་རང་བཞིན་དང་ཡེ་ཤེས་གཉིས་སྤང་གཉེན་དུ་ལྟ་བ་ལ་དྲང་དོན་ཡིན་ལ། གཉིས་མེད་དུ་ལྟ་བ་ལ་ངེས་དོན་ཡིན་ཏེ། རྒྱས་པ་ལས། རྣམ་རྟོག་ཉིད་ན་རང་བྱུང་ཡེ་ཤེས་ཏེ། །རྣམ་རྟོག་མི་སྐྱེ་ཡེ་ཤེས་བརྗོད་དུ་མེད། །ཅེས་སོ། །དྲི་བ་གསུམ་པའི་ལན་ནི། ལོག་པའི་དུག་ལྔ་མི་སྤོང་བའི་གཏན་ཚིགས་ལྔ་སྟེ། སྤང་བར་བྱ་བའི་གཞི་མ་གྲུབ་པའི་ཕྱིར་དང་། རྣམ་པར་བྱང་བའི་ལམ་ཡིན་པ་དང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡིན་པ་དང་། ཐབས་ཤེས་ཀྱིས་རང་བཞིན་ཡིན་པ་དང་། རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་མི་སྤང་བའོ། །དེ་ལ་དང་པོ་ནི། ལོག་པའི་དུག་ལྔ་ཆོས་ཅན། །སྤང་བར་བྱ་བའི་གཞི་མ་གྲུབ་སྟེ། ཤེས་བྱའི་གཤིས་ལ་དུག་ལྔ་དང་ཡེ་ཤེས་ལྔ་ཐ་དད་དུ་མ་གྲུབ་པས་ཉོན་མོངས་པ་རང་ག་མ་མེད་པའི་ཕྱིིར། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་སྣང་ཡང་གཤིས་ལ་སྦྲུལ་མེད་པ་བཞིན་ནོ། །གཉིས་པ་ནི། ལོག་པའི་དུག་ལྔ་ཆོས་ཅན། རྣམ་པར་བྱང་བའི་ལམ་ཡིན་ཏེ། དུག་ལྔ་སྤྱིའི་མཚན་ཉིད་སྟོང་ཞིང་བདག་མེད་དུ་རྟོགས། རང་གི་མཚན་ཉིད་ཡེ་ཤེས་ལྔར་རྟོགས། དེ་ཡང་གཉིས་མེད་དུ་རྟོགས་པས་དུག་ལྔ་གང་སྐྱེས་ཆོས་ཉིད་དུ་འཆར་བ་ལས་གཞན་པའི་འབྲས་བུ་བསྒྲུབ་བྱ་མེད་པའི་ཕྱིར། དཔེར་ན་དུག་གི་སྨན་མར་གྱིས་དུག་ནད་འཇོམས་ཤིང་། རོ་ཙའི་མཆོག་ཏུ་འགྱུར་པ་བཞིན་ནོ། །གསུམ་པ་ནི་ལོག་པའི་དུག་ལྔ་ཆོས་ཅན། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཏུ་འགྱུར་ཏེ། དུག་ལྔ་ཡི་གེ་ཨས་མཚོན་ནས་སྐུ། ཨོས་མཚོན་ནས་གསུང་། ཨཱོཾ་གྱིས་མཚོན་ནས་ཐུགས་སུ་བརྡའ་སྤྲད་པས་སྒོ་གསུམ་ལྷའི་སྐུ་གསུང་ཐུགས་ལས་མི་འདའ་བའི་ཕྱིར། དཔེར་ན་དུག་ལ་སྔགས་ཀྱིས་བཏབ་པ་བཞིན་ནོ། །བཞི་པ་ནི། ལོག་པའི་དུག་ལྔ་ཆོས་ཅན། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། དུག་ལྔར་སྣང་བ་ཐབས་དང་། དེ་ལ་རང་བཞིན་མེད་པ་ཤེས་རབ་ཡིན་ལ། དེ་གཉིས་ཡེ་ནས་དབྱེར་མི་ཕྱེད་པའི་ཕྱིར། དཔེར་ན་ཚ་ནད་དང་རླུང་ནད་ཅན་ལ་ག་བུར་སྨན་དང་དུག་ཏུ་སྣང་ཡང་ག་བུར་ལ་སྨན་དུག་དབྱེར་མེད་པ་བཞིན་ནོ། །ལྔ་པ་ནི། ལོག་པའི་དུག་ལྔ་ཆོས་ཅན། རིགས་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཡིན་ཏེ། ཞེ་སྡང་མི་བསྐྱོད་པ་རྡོ་རྗེའི་རིགས་དང་སྟོང་པ་ཉིད་ཀྱི་ཡེ་ཤེས། གཏི་མུག་དེ་བཞིན་གཤེགས་པའི་རིགས་དང་མེ་ལོང་ལྟ་བུ། ང་རྒྱལ་རིན་ཆེན་རིགས་དང་མཉམ་ཉིད། འདོད་ཆགས་པདྨའི་རིགས་དང་སོར་རྟོགས། །ཕྲག་དོག་ལས་ཀྱི་རིགས་དང་བྱ་གྲུབ་ཡེ་ཤེས་ཡིན་པའི་ཕྱིར། དཔེར་ན་འཁྱགས་པའི་བདག་ཉིད་ཆུ་ཡིན་པ་བཞིན་ནོ། །དྲི་བ་བཞི་པའི་ལན་ལའང་ལྔ་སྟེ། དངོས་པོའི་ཞེན་པ་ལྡོག་པའི་དང་། སྤྲོས་པའི་བག་ཆགས་ཞི་བའི་དང་། ཆོས་ཉིད་ཀྱི་དོན་ལ་བློ་མྱུར་བའི་དང་། བཀའ་ཟབ་མོ་ལ་གུས་པ་སྐྱེ་བའི་དང་། སྤྱོད་ལམ་ཚོགས་སུ་འགྱུར་བའི་དགོས་ཆེད་དོ། །དེ་ལ་དང་པོ་ནི། དཔེར་ན་མེས་ཚིག་པའི་མི་ཞིག་གིས་མེ་ནི་ཚ་ཞིང་སྲེག་པ་ཁོ་ནའོ་སྙམ་དུ་མངོན་པར་ཞེན་པ་ན་རྐྱེན་ཞིག་གིས་མེ་ཡིས་གནས་ཁང་དང་ལོངས་སྤྱོད་དུ་རུང་བ་མཐོང་ཚེ་སྔར་གྱི་མངོན་ཞེན་ལྡོག་པ་དེ་བཞིན་དུ། ཐེག་པ་འོག་མས་ཉོན་མོངས་པ་སྤོང་འགོག་སྦྱོང་སྒྱུར་བྱེད་ནས་སྤང་བྱའི་ཆོས་སུ་ཞེན་པ་ལས། ཐེག་པ་འདིས་ཉོན་མོངས་པ་ཉིད་རང་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པས་མ་སྤངས་ལམ་དུ་བྱས་པས་ཚེ་གཅིག་གིས་རྡོ་རྗེ་འཆང་གི་འབྲས་བུ་ཐོབ་ཞེས་བརྗོད་པས་ཐེག་པ་འོག་མ་པ་དུག་ལྔ་འཁོར་བའི་ཆོས་ཁོ་ནའོ་ཞེས་པའི་མངོན་ཞེན་གྲོལ་བ་ཡིན་ནོ། །གཉིས་པ་ནི། སྤང་བླང་ལ་སོགས་པ་གཉིས་སུ་འཛིན་ཕན་ཆད་སྤྲོས་པ་སྟེ། དེ་ལ་ཞེན་པ་ལོག་ཙ་ན་སྤྲོས་པའི་བག་ཆགས་ཉེ་བར་ཞི་བའོ། །གསུམ་པ་ནི། ཉོན་མོངས་པ་ཉིད་ཆོས་ཉིད་ཡིན་པས་དེ་ལྟར་རྟོགས་ན་ལམ་དང་འབྲས་བུ་གཞན་ནས་བཙལ་མི་དགོས་པར་ཐག་ཆོད་པས་ན་ཆོས་ཉིད་ཟབ་མོའི་དོན་ལ་བློ་མྱུར་བའོ། །བཞི་པ་ནི། ཉོན་མོངས་པ་མ་སྤངས་བྱང་ཆུབ་ཐོབ་པའི་ཐབས་ཁྱད་པར་ཅན་དང་ལྡན་པའི་གསང་སྔགས་འདི་ནི་ཐེག་པ་གཞན་ལས་ཁྱད་པར་དུ་འཕགས་པས་ཤིན་ཏུ་ཟབ་པའོ་སྙམ་པའི་གུས་པ་སྐྱེ་བའོ། །ལྔ་པ་ནི། སྒོ་གསུམ་གྱི་བྱ་སྤྱོད་ཐམས་ཅད་མ་འགགས་པར་ཤེས་པས་རྒྱུ་བསོད་ནམས་ཀྱི་ཚོགས་དང་། དེ་ཡང་རང་བཞིན་མེད་པར་ཤེས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། དེའི་གནད་ཀྱིས་ཉོན་མོངས་པ་དང་རྣམ་རྟོག་ཡེ་ཤེས་སུ་འཆར་བའོ། །ཡང་ཉོན་མོངས་པ་ཆོས་ཅན། ལམ་དུ་བྱེད་དེ། སྤང་བྱའི་རྫས་མ་གྲུབ་པའི་ཕྱིར། དཔེར་ན་གསེར་གླིང་བཞིན་ནོ། །དྲི་བ་ལྔ་པའི་ལན་ནི། དུག་ལྔ་ལམ་དུ་བྱེད་ཚུལ་ལ་བརྟག་པ་བཞི་སྟེ། དེ་ཡང་ཆོས་ཅན། ཞེ་སྡང་ལྟ་བུ་གཅིག་ལ་སྦྱར་ན། རྒྱུད་ལ་ཞེ་སྡང་དྲག་པོ་སྐམ་གྱིས་སྐྱེས་པའི་རང་རྟོག་དེ་ཀ་ལམ་དུ་བྱེད་དམ། དེ་གཏན་ཚིགས་ཀྱིས་གཞིག་ནས་རང་བཞིན་མ་གྲུབ་པ་དེ་ལ་ལམ་དུ་བྱེད་དམ། ཞེ་སྡང་ལ་བརྟེན་ནས་གཉེན་པོ་བྱམས་པ་སྒོམ་པ་ལ་ལམ་དུ་བྱེད་དམ། ཞེ་སྡང་འགགས་པའི་རྗེས་ཐོབ་ཀྱི་ཤེས་པ་གསལ་ལ་རྟོག་མེད་དེ་ལ་ལམ་དུ་བྱེད། དང་པོ་ལྟར་ན་ཕ་བསད་ཀྱི་བུ་ཡང་མཚམས་མེད་པའི་ལས་ཀྱིས་མི་གོས་པར་རྣམ་གྲོལ་ཐོབ་པར་ཐལ། གཉིས་པ་ལྟར་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་ཁྱད་པར་མེད་པར་ཐལ། གསུམ་པ་ལྟར་ན། ཉོན་མོངས་ལམ་དུ་བྱེད་འདོད་ཀྱང་གཉེན་པོ་ལམ་བྱེད་དུ་ཐལ། བཞི་པ་ལྟར་ན། མ་རིག་པ་དང་ཡེ་ཤེས་ཐ་དད་དུ་ཐལ། དེ་ཐམས་ཅད་ཀྱི་རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། འདོད་པར་ནུས་པ་མ་ཡིན་ཏེ། ལུང་རིག་གི་བསལ་བར་འབབ་བོ་ཞེ་ན། འདིའི་ལན་ལ། རྗེ་གོང་བུ་པ་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ཀྱི་ཞལ་ནས། སྐད་ཅིག་མ་དང་པོ་ལ་ཉོན་མོངས་པ་ཐོལ་གྱིས་སྐྱེས་པ་ལ། སྐད་ཅིག་མ་གཉིས་པར་དེ་ཆོས་ཉིད་དུ་ཤེས་པ་ལ་ལམ་དུ་བྱེད་གསུངས་ཏེ། དེས་ཀྱང་བརྟག་པ་ཐ་མའི་སྐྱོན་མི་སྤོང་ངོ་། །རྗེ་སྒྲོ་ཕུག་པས། ཉོན་མོངས་པ་སྐམ་གྱི་སྐྱེས་པ་ལ་ལམ་དུ་བྱེད་དེ། དེ་ཡང་རྟོགས་པ་ལྟ་བས་རྩིས་ཟིན་པ། རང་རྒྱུད་དུ་མ་ཤོར་བ། ཉོན་མོངས་པ་རང་གི་མཐའ་ལ་མ་ཞེན་པ་དང་ཆོས་གསུམ་ལྷན་ཅིག་ལ་ལམ་དུ་བྱེད་གསུངས་མོད་ཀྱིས། དེ་ལྟར་ན་གོང་གི་ཆོས་གསུམ་ལྡན་དང་ཉོན་མོངས་པ་སྐམ་སྐྱེས་ལ་ཁྱད་པར་ཡོད་དམ་མེད། ཡོད་ན་ལམ་དུ་བྱ་རྒྱུ་དེ་ཉོན་མོངས་པ་སྐམ་སྐྱེས་མ་ཡིན་པར་ཐལ། ཆོས་གསུམ་ལྡན་ཡིན་པའི་ཕྱིར། སྐམ་སྐྱེས་ཡིན་ཀྱང་ཆོས་གསུམ་ལྡན་ཡིན་ན་ཐ་དད་པའི་དམ་བཅའ་འབུད། འོན་ཏེ་ཁྱད་པར་མེད་ན་བརྟག་པ་དང་པོའི་སྐྱོན་གྱིས་གནོད་དོ། །དེས་ན་རང་ལུགས་ལ། རྗེ་སྒྲོལ་གཡུང་དང་ཀཿཐོག་པ་ཆེན་པོའི་བཞེད་པར། ཉོན་མོངས་པ་སྐམ་སྐྱེས་པ་ལ་ལམ་དུ་བྱེད་ལ། འོ་ན་ཕ་བསད་ཀྱི་བུ་ཡང་རང་གྲོལ་བར་ཐལ་ཞེ་ན། དེ་ལ་བརྟག་སྟེ། མ་ཧཱའི་ལམ་ཚང་ལ་མ་ནོར་བ་ལམ་དུ་བྱེད་པའི་ཕ་བསད་ཀྱི་བུ་ལ་ཟེར་རམ། དེ་ལས་གཞན་པའི་ཕ་བསད་ཀྱི་བུ་ལ་ཟེར། སྔ་མ་ལྟར་ན་འདོད་ཐོག་ལ། ཕྱི་མ་ལྟར་ན་ཁྱབ་པ་མེད་དེ། ཕ་བསད་ཀྱི་བུ་དེ་ལ་ཞེ་སྡང་སྐམ་སྐྱེས་ཡོད་ཀྱང་མ་ཧཱའི་ལམ་པ་མ་ཡིན་པའི་ཕྱིར་རོ། །འོ་ན་མ་ཧཱའི་ལམ་གང་ཡིན་སྙམ་ན་རྒྱུ་ཤེས་པའི་མཚན་ཉིད་ལྟ་བའི་གདེངས་དང་ལྡན་པས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་བསྒོམ་པའི་ཐབས་ཀྱིས། ཉོན་མོངས་པ་སྤྱད་ཀྱང་མི་འཆིང་བ་དཔེར་ན་རྨ་བྱ་དུག་གིས་འཚོ་བ་ལྟ་བུའི་རྣལ་འབྱོར་པས་ཉོན་མོངས་པ་སྐམ་གྱིས་སྐྱེས་པའི་དུས་ན་སྐྱེ་བོ་ཐ་མལ་པ་ལྟར་ཉོན་མོངས་པའི་དབང་དུ་མི་གཏོང་། ཉན་ཐོས་ལྟར་མི་སྤོང་། རང་རྒྱལ་ལྟར་མི་འགོག །བྱང་སེམས་ལྟར་མི་སྦྱོང་། སྔགས་ཕྱི་རྒྱུད་ལྟར་མི་བསྒྱུར། དཔེར་ན་ཉ་ལམ་དུ་ཆུ་བདེ་བ་ལྟ་བུ་ནི་མ་ཧཱའི་ལམ་པ་མཚན་ཉིད་དང་ལྡན་པ་ཡིན་ནོ། །དེ་ལྟར་མ་ཡིན་པར་གསང་སྔགས་སུ་ཁས་འཆེས་ནས་གབ་པའི་གསང་བ་མ་རྟོགས་ཤིང་སྦས་པའི་གསང་བ་ལ་མངོན་པར་འཆེལ་ན་མནར་མེད་དུ་སྐྱེ་བར་སྔགས་གསར་སྙིང་གི་རྒྱུད་སྡེ་དུ་མར་གསུངས་སོ། །གཉིས་པ་མི་དོར་བ་ལྔ་ནི། དཀར་རྩི་སོགས་རྐང་པ་གཉིས་ཏེ། དཀར་རྩི་བྱང་སེམས་དཀར་པོ་དང་། དམར་རྩི་བྱང་སེམས་དམར་པོ་དང་། དྲི་ཆེན་དང་ཤ་ཆེན་དག་པའི་སྣོད་དེ་དྭངས་མ་དང་། དྲི་ཆུ་རྣམས་ནི་གཙང་རྨེའི་རྟོག་པ་སྦྱོང་བ་དང་། ནད་ལྔ་སེལ་ཞིང་ཐུན་མོང་གི་ཡོན་ཏན་ལྔ་འབྱུང་བ་དང་། རིགས་ལྔ་ཡེ་ཤེས་ལྔ་སྒྲུབ་པའི་དམ་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེའང་སྒེག་པའི་གཞུང་ལས། གྲུབ་པ་བཞི་དང་ནད་ལྔ་བསལ། །ཐུན་མོང་དགོངས་པ་ལྔ་དོན་གཉེར། །གཙང་རྨེའི་རྟོག་པ་གཞོམ་ཕྱིར་བླང་། །ཞེས་པས་གྲུབ་པ་བཞི་ནི་སྔོན་དུ་བསྟན་ལ། ནད་ལྔ་ཇི་ལྟར་སེལ་ན། བྱང་སེམས་དཀར་པོས་ཚ་བ། དམར་པོས་གྲང་བ། དྲི་ཆེན་གྱིས་དུག་ནད། དྲི་ཆུས་གག་པ། ཤ་ཆེན་གྱིས་མཛེ་ནད་རྣམས་སེལ་ལོ། །ཐུན་མོང་གི་དགོས་པ་ནི་རང་བཞིན་གྱི་ནུས་པ་ལྔ་ཡོད་དེ། བྱང་སེམས་དཀར་པོས་ཚེ་རིང་། དམར་པོས་བཀྲག་མདངས་གསལ། དྲི་ཆེན་གྱིས་འབྱོར་པ་ཆེ། དྲི་ཆུས་སྐད་སྙན། ཤ་ཆེན་གྱིས་མཐུ་ཆེའོ། །མཆོག་གི་དགོས་པ་ཡང་རིགས་དང་ཡེ་ཤེས་དང་སྐུ་ལ་སོགས་པ་ལྔ་ལྔ་འགྲུབ་སྟེ། བྱང་སེམས་ཀྱིས་རྡོ་རྗེའི་རིགས་དང་མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས་སྐུ། རཀྟས་པདྨའི་རིགས་དང་སོར་རྟོག་ཡེ་ཤེས་མངོན་བྱང་གི་སྐུ། དྲི་ཆེན་གྱིས་དེ་བཞིན་ཉིད་ཀྱི་རིགས་དང་ཆོས་དབྱིངས་ཡེ་ཤེས་ཆོས་སྐུ། དྲི་ཆུས་ལས་ཀྱི་རིགས་དང་བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ། ཤ་ཆེན་གྱིས་རཏྣའི་རིགས་དང་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ་རྣམས་འགྲུབ་བོ། །དེ་ལྟར་མཆོག་ཐུན་གྲུབ་པའི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར་མི་དོར་བར་དང་དུ་བླང་བར་བྱའོ། །གསུམ་པ་འཇུག་བསྡུ་བ་ནི། ཡན་ལག་སོགས་རྐང་པ་གཉིས་ཏེ། དེ་ལྟར་མི་སྤང་བ་མི་དོར་བ་ནི་རྩ་བའི་གྲོགས་སམ་ཐབས་སུ་གྱུར་པས་ན་ཡན་ལག་བཅུ་ཡི་དམ་ཚིག་ཅེས་བྱ་སྟེ། ཡེ་ནས་དག་པ་གསུམ་དང་མཉམ་པ་བཞིར་གནས་པའི་དོན་རྟོགས་པས་སྤྱད་པར་བྱའོ། །གསུམ་པ་ངེས་ཚིག་ནི། བསྲུང་ཞིང་སོགས་ཚིགས་བཅད་གཅིག་སྟེ། སྔར་བཤད་པ་བསྲུང་ཞིང་སྒྲུབ་པའི་དམ་ཚིག་རྣམ་པ་ལྔ་ནི་རྩ་བའི་དམ་ཚིག་ཡིན་ཏེ། དཔེར་ན་ལྗོན་ཤིང་གི་རྩ་བ་ལྟར་བསྲུང་ན་དངོས་གྲུབ་རྣམ་གཉིས་འབྱུང་ཞིང་། ཉམས་ན་རེ་ཞིག་བྱང་ཆུབ་ཀྱི་རིགས་ཀྱང་མེད་པར་འགྱུར་བའི་ཕྱིར་རོ། །མི་སྤང་མི་དོར་བའི་དམ་ཚིག་ལྔ་ཚན་གཉིས་ནི་རྩ་བའི་དམ་ཚིག་གི་གྲོགས་སུ་དགོས་པས་ཡན་ལག་གི་དམ་ཚིག་ཅེས་བྱ་སྟེ། དེ་དག་ཀྱང་ཉམས་ན་འབྲས་བུ་མྱུར་དུ་འབྱུང་བ་ལ་གེགས་བྱེད་པས་ར་བ་མཚམས་ཀྱི་འོབས་ལྟར་འདའ་བར་དཀའ་བའོ། །དེ་ཡང་འདའ་དཀའ་བའི་དོན་གྱི་ཐ་ཚིག་ནི་དམ་ཚིག་གམ་ཡལ་གམ་ཞེས་བྱའོ། །དེའི་དོན་ནི། ཐུགས་ཐིག་ལས། ངེས་ཚིག་སྐྱོན་ཡོན་སྐབས་ཀྱིས་བསྒྱུར། །ཞེས་པས་གཉིས་ཏེ། དང་པོ་ཐུབ་པ་ཡོན་ཏན་གྱི་དབང་དུ་བྱས་ན་དམ་ཞེས་པ་ནི་སྒོ་གསུམ་སྡོམ་པར་གནས་པས་གནས་ངན་པར་མི་གཏོང་བའི་ཕྱིར་ཏེ། རྒྱས་པ་ལས། མི་གཏོང་ཕྱིར་ན་དམ་ཞེས་བྱ། །གཟུངས་སུ་གྱུར་པའི་དམ་ཞེས་བྱ། །ཞེས་སོ། །ཚིག་ཅེས་པ་དེ་ཉིད་བདེན་པའི་ཚིག་ཡིན་ཅིང་དེས་མཚོན་པ་ནི་མ་ནོར་བའི་ལམ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། རྡོ་རྗེ་མ་ནོར་ལམ་སྟོན་པ། །དེ་ལ་ཡང་ནི་ཚིག་ཅེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་མ་ཐུབ་པའི་སྐྱོན་གྱིས་དབང་དུ་བྱས་ན། དམ་ཞེས་པ་ནི་བསྲུང་བྱ་ལས་འདའ་བར་དཀའ་བའི་ཕྱིར་དང་། ཚིག་ཅེས་པ་ནི་ཇི་སྲིད་འདས་ན་མི་ཁོམ་པའི་གནས་དམྱལ་བར་ཚིག་པའི་ཕྱིར་ཏེ། དེ་ཉིད་ལས། ཡང་ན་དེ་བཞིན་བཀའ་བཅག་ན། །མི་ཁོམ་གནས་སུ་འཚིག་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་མཉམ་པའི་དམ་ཚིག་སྐྱོན་ཡོན་དང་བཅས་པ་ནི། མཉམ་ལ་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཐམས་ཅད་བདེན་གསུམ་རིས་མེད་དུ་མཉམ་པ་ལ་ཤེས་འཇུག་གི་ལམ་ཟབ་མོས་མཉམ་པར་སྦྱོར་བ་ཡི་དོན་དེ་ལས་མི་འདའ་བས་མཉམ་པའི་དམ་ཚིག་སྟེ། དེའི་ངང་ལ་གནས་ན་འབྲས་བུ་མཉམ་རྫོགས་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་དང་དབྱེ་བ་མེད་པའི་ས་ཐོབ་པར་འགྱུར་བས་བསྲུང་བར་བྱ་ཞིང་། གལ་ཏེ་དེའི་འགལ་ཟླ་མཉམ་པའི་དོན་ལས་འདས་ཏེ་ཐ་དད་དུ་རྟོགས་ན་འབྲས་བུ་སངས་རྒྱས་ཐོབ་པ་མ་ཡིན་ནོ། །བཞི་པ་དམ་ཚིག་ཉམས་པའི་སྐྱོན་ལ་གསུམ་སྟེ། ཉམས་པ་དང་འགྲོགས་པའི་དང་། རྩ་བ་ཉམས་པའི་དང་། ཡན་ལག་ཉམས་པའི་སྐྱོན་ནོ། །དང་པོ་ནི། རྩ་བ་ཉམས་པའི་སོགས་ཚིགས་བཅད་གཅིག་སྟེ། རྩ་བའི་དམ་ཚིག་ཉམས་པའི་བསླབ་སྡོམ་འཆལ་བ་དག་དམ་ཚིག་གསོ་བའི་ཐབས་ལ་དུས་ཉེ་བར་མི་བརྩོན་པ་རྣམས་དང་སྐད་ཅིག་ཙམ་ཡང་མི་འགྲོགས་ཤིང་ཡུད་ཙམ་དུའང་གཏམ་སྨྲ་བར་མ་བྱེད་ཅིག །ཅིའི་ཕྱིར་ཞེ་ན། དཔེར་ན་འོ་མ་རུལ་པ་ཐིག་པ་གཅིག་གིས་འོ་མ་ཟངས་སྣོད་གང་རུལ་བར་བྱེད་པ་བཞིན་དུ་ཉམས་པ་དང་འགྲོགས་པར་གྱུར་པའི་ཉེས་པ་བརྗོད་ཀྱིས་མི་ལང་སྟེ། ཉམས་པ་གཅིག་གིས་ཞོར་ལ་དེ་དང་འདྲེས་པའི་རྣལ་འབྱོར་པ་ཀུན་ཀྱང་དམྱལ་བར་ལྟུང་བའི་སྐྱོན་འདུག་པས་ན་ལུང་པ་གཅིག་གི་ཆུ་ལ་ཡང་འཐུང་བར་མི་བྱའོ། །གཉིས་པ་ནི། རྩ་བའི་དམ་ཚིག་སོགས་ཚིགས་བཅད་གཅིག་སྟེ། རྩ་བའི་དམ་ཚིག་ལྔ་པོ་ཉམས་པར་གྱུར་ན་ཚེ་འདིར་ཡང་སྒྲུབ་པ་ཐམས་ཅད་ལོག་པར་འགྱུར་ཏེ། ལས་ཅི་བརྩམ་པ་ལ་ནུས་མཐུ་མེད་ཅིང་བར་ཆད་མང་བས་མི་འགྲུབ་པས་གང་ཡང་དོན་མེད་པར་འགྱུར་བ་དང་། ཕྱི་མར་ཡང་ཡིད་དུ་མི་འོང་བའི་སྡུག་བསྔལ་སྣ་ཚོགས་པའི་འབྲས་བུ་ངན་སོང་གསུམ་མི་འདོད་བཞིན་དུ་ཁབ་ལེན་ལ་ལྕགས་འདུ་བ་ལྟར་རང་དབང་མེད་པར་འདུ་བར་འགྱུར་རོ། །གསུམ་པ་ནི། ཡན་ལག་སོགས་རྐང་པ་གཉིས་ཏེ། ཡན་ལག་གི་དམ་ཚིག་བཅུ་ཉམས་པར་གྱུར་ན་སྒྲུབ་པའི་འབྲས་བུ་དངོས་གྲུབ་རྣམ་གཉིས་མེད་ཅིང་ཕྱི་མར་ངན་སོང་གསུམ་གྱི་གནས་སུ་རང་དབང་མེད་པར་ལྟུང་བར་འགྱུར་རོ། །ལྔ་པ་དམ་ཚིག་གི་རང་བཞིན་ནི། དམ་ཚིག་རྣམས་ནི་སོགས་ཏེ། རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་བྱ་ཇི་སྙེད་པ་རྣམས་ནི་རང་གི་སེམས་ཉིད་གཞི་དང་ལམ་དང་འབྲས་བུ་དབྱེར་མི་ཕྱེད་པ་རྡོ་རྗེ་ཆེན་པོའི་རང་བཞིན་ཏེ། འདི་ནི་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་བདག་ཉིད་ཆོས་ཀུན་གྱི་སྲོག་དང་བསླབ་པ་ཐམས་ཅད་ཀྱི་དམ་པ་ཡིན་ནོ། །དེའང་ཇི་སྐད་དུ། དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་གི་རྩ་བ་དམ་ཚིག་ཡིན། །ཞེས་སོ། །དྲུག་པ་དམ་ཚིག་གི་རྣམ་གྲངས་རྒྱས་པར་བཤད་པ་ལ་གཉིས་ཏེ། སུམ་བརྒྱ་དྲུག་ཅུར་དང་། མཐའ་ཡས་པར་སྤྲོས་པའོ། །དང་པོ་ནི། རྩ་བའི་སོགས་ཚིགས་བཅད་གཅིག་སྟེ། འདི་ལ་ཕྲ་རྒྱས་ལས། ཕྱི་མ་རྩ་བ་ཡན་ལག་ལས། །ལྔ་བཅུའི་བརྒྱ་དང་དྲུག་ཅུ་དང་། །ཉིས་བརྒྱའི་བསྲུང་བྱ་མ་ལུས་པ། །བཀའ་ལུང་གཉིས་ཀྱི་རྗེས་སུ་བསྙེག །ཅེས་པས་རྩ་བའི་དམ་ཚིག་ལ་བརྒྱ་དྲུག་ཅུ་དང་། ཡན་ལག་གི་དམ་ཚིག་ལ་ཉིས་བརྒྱར་ཕྱེ་བས་སུམ་བརྒྱ་དྲུག་ཅུ་སྟེ། དེ་ཡང་རྩ་བའི་དམ་ཚིག་ལྔ་པོ་ལ་ནི་གཅིག་སྟེ་རེ་རེ་ལའང་ཐབས་ཤེས་གཉིས་གཉིས་སུ་ཕྱེ་བས་བཅུ་དང་། ཡང་རྩ་བ་ལྔ་པོ་རེ་རེ་ལའང་བཅུ་ཕྲག་གསུམ་སྟེ་སུམ་ཅུ་རེར་ཕྱེ་བས་ཆིག་བརྒྱ་ལྔ་བཅུ་སྟེ། དེ་སྔར་གྱི་བཅུ་དང་བསྡོམ་པས་བརྒྱ་དྲུག་ཅུའོ། །དེ་ལ་དང་པོ་བླ་ན་མེད་པའི་བྱང་སེམས་མི་སྤང་བ་ལ་བཅུ་ཕྲག་གསུམ་ནི། ཡི་དམ་གྱི་ལྷ་ཞི་ཁྲོ་གཉིས་རེ་རེ་ལའང་རྩ་བའི་ལྷ་རེ་ལ་ལྷག་པའི་ལྷ་དགུ་དགུ་བཀོད་པས་ལྷག་པའི་ལྷ་དགུ་ཉིད་དང་བཅུ་སྟེ་དེ་ལྟར་ཉི་ཤུ་དང་། ཐེག་པ་ཐུན་མོང་བ་ལྟར་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཐུན་མོང་གི་ཚད་མེད་པ་བཞི་དང་། ཁྲོ་བོ་རྟོག་པ་ལྷ་རྒྱུད་ལྟར་གདུག་པ་ཅན་རྗེས་སུ་འཛིན་པའི་བྱམས་པ། བརྩེ་བ་ཆེན་པོས་མྱུར་དུ་སྒྲོལ་བའི་སྙིང་རྗེ། ཕུང་པོ་ཚོགས་སུ་སྟོབ་ཅིང་ཤེས་པ་གནས་སྤོར་བའི་དགའ་བ། གདུལ་བྱ་རྣམས་ཡལ་བར་མི་འདོར་བའི་བཏང་སྙོམས་ཏེ། ཐུན་མོང་མ་ཡིན་པའི་ཚད་མེད་པ་བཞི་སྟེ་བརྒྱད། དོན་དམ་བྱང་ཆུབ་སེམས་ཀྱི་བདེན་པ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པ་དང་། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བདེན་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མཉམ་པར་རྫོགས་པ་གཉིས་ཏེ་བཅུ། ཀུན་དྲིལ་བས་བླ་མེད་མི་སྤང་བ་སུམ་ཅུའོ། །དེ་ཡང་ཕྲ་རྒྱས་ལས། བྱང་ཆུབ་སེམས་ནི་བླ་མེད་ལྷ། །ཞི་ཁྲོ་ལྷ་དགུ་ཉིད་དང་བཅུ། །བཅུ་གཉིས་བསམ་ལས་མི་འདའ་ཞིང་། །ཐུན་མོང་མཆོག་གི་ཚད་མེད་བརྒྱད། །བདེན་གཉིས་བྱང་ཆུབ་རྣམ་པ་བཅུ། །བླ་མེད་གསལ་བས་ཉམས་མི་བྱ། །ཞེས་སོ། །གཉིས་པ་བླ་མ་བཀུར་བ་ལ་སུམ་ཅུ་སྟེ། ལུས་ཀྱི་སྒོ་ནས་བཅུ་ནི། བརྡེག་པ་སོགས་མཐིང་སླད་དེ་ཀུ་རེ་ཙམ་དུའང་མི་བྱ། འདོད་ཡོན་ལྔ་ཡི་མཆོད་པ་རྒྱུན་མི་བཅད། གསང་བའི་སྣོད་དུ་དུག་མི་སྤྱོད་པ་སྟེ་ཡུམ་ལ་མི་སྤྱད། དྲང་པོའི་ཕྱོགས་ནས་མི་འགྲོ། གདན་ས་དང་གདན་སོགས་མི་བརླམ། བག་མེད་པའི་འགྲོ་འདུག་མི་བྱ། ངན་སྤྱོད་མི་བྱ། རྒྱན་འདོགས་སྒེག་ཆོས་སོགས་གཟི་ལྡིར་མི་བྱ། མ་རབས་ཀྱི་སྤྱོད་པ་ཀུན་སྤང་ཞིང་། སྤྱོད་ལ་བག་ཟོན་དང་ལྡན་པར་བཀུར་བསྟིའི་གནས་སུ་བྱའོ། །དེ་ཡང་སྔ་མ་ལས། ལུས་ཀྱི་བསྲུང་བ་བརྡེག་ལ་སོགས། །མཐིང་སླད་ཙམ་དུའང་བྱ་བ་མིན། །འདོད་ཡོན་ལྔ་ཡིས་མཆོད་པ་དང་། །གསང་བའི་སྣོད་དུ་དུག་མི་སྤྱོད། །འགྲོ་བ་དྲང་བའི་ཕྱོགས་སྤང་དང་། །གདན་དང་གདན་ས་མི་རློམ་ཞིང་། །འགྲེང་འདུག་ངན་སྤྱོད་ལ་སོགས་སྤང་། །རྒྱན་འདོགས་གཟི་ལྡིར་དེ་བཞིན་ཏེ། །མ་རབས་སྤྱོད་པ་ཀུན་སྤང་ལ། །སྤྱོད་ལམ་ཟོན་ཆགས་བསྟི་གནས་བྱའོ། །ཞེས་སོ། །ངག་གི་སྒོ་ནས་བཅུ་ནི། རྫུན་དང་། ཕྲ་མ། ཚིག་རྩུབ། ངག་འཁྱལ། བེ་བོགས་ངན་པའི་སེམས་ཕོག་པ། ལུས་ངག་གིས་རྡབས་སྐད། ཅ་ཅོ། ལྐོག་ཏུ་ཚུལ་ངན་བརྗོད་པ་རྣམས་སྤང་ཞིང་། ཡོན་ཏན་བརྗོད་ཅིང་། སྙན་པར་སྨྲ་བའོ། །དེ་ཡང་སྔ་མ་ལས། རྫུན་དང་ཕྲ་མ་ཚིག་རྩུབ་དང་། །འཁྱལ་བ་ནམ་ཡང་མི་བྱ་སྟེ། །བེ་བོགས་མ་ཡིན་རྡབས་སྐད་དོར། །ལྐོག་ཏུ་ཚུལ་བརྗོད་ཉམས་པར་འགྱུར། །ཡོན་ཏན་བརྗོད་ཅིང་སྙན་པར་སྨྲ། །ཅ་ཅོ་ལ་སོགས་མ་ཡིན་ནོ། །ཞེས་སོ། །སེམས་ཀྱི་སྒོ་ནས་བཅུ་ནི། བླ་མའི་རྫས་ལ་བརྐམས་ཤིང་ཡུམ་ལ་ཆགས་པ་སྟེ་འདོད་ཆགས་དང་། བླ་མ་དང་བླ་མའི་འཁོར་གྱི་སྐྱོན་ལ་མནར་སེམས་པ་སྟེ་ཞེ་སྡང་བ། ཡོན་ཏན་ལ་རྨོངས་པ་སྟེ་གཏི་མུག །རང་ཆེའོ་སྙམ་པའི་དྲེགས་པ་སྟེ་ང་རྒྱལ། བླ་མའི་ཕུན་སུམ་ཚོགས་པ་ལ་ཕྲག་ཏུ་མི་ཤོང་བ་སྟེ་ཕྲག་དོག །ངན་དུ་སེམས་པ་རྣམས་སྤང་བ་དང་། བླ་མའི་གསུང་མཉན་ཅིང་ལྕི་བར་སེམས་པ། ཕ་མ་ལྟར་སེམས་པ། ཡི་དམ་ལྟར་སེམས་པ། དུས་རྟག་ཏུ་གདུང་སེམས་རྒྱུན་མི་བཅད་པའོ། །དེ་ཡང་སྔ་མ་ལས། དམ་པ་སྟོན་པའི་བླ་མ་ལ། །ཆགས་དང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་དུག་ལྔའི་སེམས་མི་བྱ། །ངན་དུ་མི་སེམས་ལྕི་བ་དང་། །ཕ་མ་ཡི་དམ་འདྲ་བར་སེམས། །རྟག་ཏུ་གདུང་བ་རྒྱུན་མི་བཅད། །ཅེས་སོ། །དེ་ལྟར་དྲིལ་བས་བླ་མ་བཀུར་ཚུལ་སུམ་ཅུའོ། །གསུམ་པ་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་ལ་སུམ་ཅུ་ནི། ཕྱོགས་མཚམས་བཅིང་བ་འབར་བ་མཚམས་ཀྱི་སྔགས། འབྱུང་བ་རིམ་བརྩེགས་བསྐྱེད་པའི་སྔགས། རྟེན་གཞལ་ཡས་ཁང་བསྐྱེད་པའི་སྔགས། བརྟེན་པ་ལྷ་བསྐྱེད་པ་ལ། རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱིས་སྔགས་དང་ལྔ། བསྙེན་པ་ལས་བཞིའི་སྔགས་ཏེ་རེ་རེ་བགྲང་བས་དགུ། དབང་བསྐུར་བ། བྱིན་བསྡུ་བ། སྤྱན་དྲངས་པ། བསྟིམ་པ། བརྟན་པ། ཕྱག་འཚལ་བ། མཆོད་པ་འབུལ་བའི་སྔགས་རྣམས་དང་བཅུ་དྲུག །ཞི་ཁྲོ་གཉིས་པོ་རེ་རེ་ལ་ཡང་དམ་ཚིག་དང་ལས་དང་ཆོས་དང་སྐུ་ཕྱག་རྒྱ་ཆེན་པོ་སྟེ། དེ་ཡང་དམ་ཚིག་གི་ཕྱག་རྒྱ་ལ་བཅའ་བསམ་གཉིས། ལས་ཀྱི་ཕྱག་རྒྱ་ལའང་བཅའ་བསམ་གཉིས། ཆོས་ཕྱག་ལ་བརྗོད་བསམ་གཉིས། དེ་ལྟར་ཞི་ཁྲོ་གཉིས་ལ་ཕྱག་རྒྱ་བདུན་བདུན་ཏེ་བཅུ་བཞིའི་སྟེང་དུ་གོང་གི་སྔགས་བཅུ་དྲུག་བསྣན་པ་སྟེ་དྲིལ་བས་སུམ་ཅུའོ། །དེ་ཡང་། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཞི་ཁྲོའི་ཕྱག་རྒྱ་བདུན་གཉིས་གཅིག །ཕྱོགས་བཅིང་རྟེན་དང་ཁང་པའི་སྔགས། །རྩ་བ་བསྐྱེད་བསྙེན་ལས་བཞིའི་སྔགས། །དབང་བསྐུར་བྱིན་བསྡུའི་གསང་སྔགས་དང་། །སྤྱན་དྲང་བསྟིམ་བརྟན་ཕྱག་འཚལ་མཆོད། །ཞུས་སོ། །བཞི་པ་མཆེད་ལ་བྱམས་པ་སུམ་ཅུ་ལས། ལུས་ཀྱི་སྒོ་ནས་བསྲུང་བ་བཅུ་ནི། མཚོན་དབྱུག་ལ་སོགས་པས་བསྣུན་པ་སྟེ་བརྡེག་པར་མི་བྱ། ཟས་ནོར་མ་བྱིན་པར་མི་བླང་། མཆེད་ཀྱི་གཟུངས་མ་ལ་མ་གནང་བར་མི་སྤྱོད། ལྟ་སྤྱོད་མཐོ་བའི་གོང་མི་བཅད། དབང་ཐོབ་སྔ་བ་དང་རྫོགས་པ་གོང་དུ་བཀུར། དམ་ཚིག་བསྲུང་བ་ལ་གུས་པར་བྱ། མཆེད་ཀྱི་ཐུགས་དང་འགལ་བའི་སྤྱོད་ལམ་སྤང་། བཀུར་བསྟི་བྱ། འབྱོར་པས་མཆོད། དུས་ཀུན་ཏུ་དགའ་ཞིང་སྤྲོ་བར་བྱའོ། །དེ་ཡང་། ཡང་དག་ལམ་དུ་ཞུགས་པའི་གྲོགས། །བསྣུན་དང་མ་བྱིན་བླང་མི་བྱ། །ཟླ་ཟེར་མ་ཡིན་གཟུངས་མི་སྤྱད། །ལྟ་སྤྱོད་མཐོ་བའི་གོང་མི་བཅད། །དབང་དང་དམ་ཚིག་དེ་བཞིན་ཏེ། །ཀུན་ཏུ་བག་ཟོན་འཁྲིག་ཅན་དང་། །བཀུར་སྟི་མཆོད་བྱེད་དགའ་བར་སྤྱོད། །ཅེས་སོ། །ངག་གི་སྒོ་ནས་བསྲུང་བ་བཅུ་ནི། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་མི་སྨྲ། ངན་ཚུལ་མི་བརྗོད། བཟང་ཚུལ་བརྗོད། སྙན་པར་སྨྲ། ཞེ་ས་དང་བཅས་ཏེ་གསོང་བོར་སྨྲ། བདེན་པར་སྨྲ། སྲི་ཞུའི་སྒྲ་དང་བཅས་ཏེ་སྨྲ་བར་བྱའོ། །དེ་ཡང་། རྫུན་སོགས་རྣམ་བཞི་སྤང་བ་དང་། །བྱ་བ་མི་སྨྲ་ཚུལ་མི་བརྗོད། །སྙན་སྨྲ་ཞེས་གསོང་པོར་སྨྲ། །བདེན་སྨྲ་སྲི་ཞུའི་སྨྲ་བྱེད་པའོ། །ཞེས་སོ། །སེམས་ཀྱི་སྒོ་ནས་བསྲུང་བ་བཅུ་ནི། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་གི་ཀུན་ནས་བསླང་བའི་སེམས་སྤང་ཞིང་། ངན་སེམས་སམ་རྔན་སེམས། འཕྱ་སེམས། གནོད་སེམས་སྤང་། མིག་འབྲས་ལྟར་བལྟ་ཞིང་། གདུང་སེམས་རྒྱུན་མི་བཅད་པའོ། །དེ་ཡང་། སེམས་ཀྱིས་སྔོན་བཞིན་དུག་ལྔ་དོར། །རྔན་དང་དཔྱ་སེམས་སྤང་བ་དང་། །མིག་འདྲར་བལྟ་ཞིང་གདུང་བར་བྱ། །གནོད་སེམས་སྤང་བ་རྣམ་བཅུའོ། །ཞེས་སོ། །དེ་ལྟར་དྲིལ་བས་མཆེད་ལ་བྱམས་ཚུལ་སུམ་ཅུའོ། །ལྔ་པ་གསང་བའི་དོན་ཕྱིར་མི་སྨྲ་བ་སུམ་ཅུ་ནི། སྤྱིར་གསང་བཞི་དང་། བར་གསང་བཞི་སྟེ་བརྒྱད། གསང་བར་འོས་པ་དང་། གསང་བར་གཉེར་གཏད་པ་གཉིས་ཏེ། བཅུ་པོ་དེ་དག་གཞིར་བྱས་ནས། ཡོངས་སུ་མ་སྨིན་པ་རྣམས་ལ་སེམས་ཀྱིས་བསྟན་པར་མི་བསམ་པ་བཅུ་དང་། ངག་གིས་ཚིག་ཏུ་མི་བརྗོད་པ་བཅུ་དང་། ལུས་ཀྱི་བརྡས་མི་མཚོན་པ་བཅུ་སྟེ། དྲིལ་བས་གསང་བ་མི་བསྒྲག་པ་སུམ་ཅུའོ། །དེ་ཡང་། གསང་བའི་ཕྱིར་ན་མི་སྨྲ་བ། །སྤྱི་དང་བར་གསང་བཞི་བཞི་དང་། །འོས་དང་གཉེར་གཏད་རྣམ་པ་བཅུ། །སེམས་ཀྱིས་བསྟན་པར་མི་བསམ་ཞིང་། །ངག་གིས་བརྗོད་པར་ཡོངས་མི་བྱ། །ལུས་བརྡས་བསྟན་མིན་སུམ་ཅུའོ། །ཞེས་སོ། །དེ་ལྟར་སུམ་ཅུ་པ་ཕྲག་ལྔ་ལ་ཆིག་བརྒྱ་ལྔ་བཅུ་དང་། དེའི་སྟེང་དུ་གོང་གི་སྤྱིར་བཞག་བཅུ་པོ་བསྣན་པས་བརྒྱ་དང་དྲུག་ཅུར་ཤེས་པར་བྱའོ། །དེ་ནས་ཡན་ལག་གི་དམ་ཚིག་ལྔ་ཚན་གཉིས་ཏེ་བཅུ་པོ་རེ་རེ་ལ་ནང་ཚན་བཅུ་ཕྲག་གཉིས་གཉིས་སུ་སྟེ་ཉི་ཤུ་ཉི་ཤུར་ཕྱེ་བས་ཉིས་བརྒྱའོ། །དེ་ཡང་ཕྲ་རྒྱས་ལས། མི་སྤང་ལྔ་ལ་བཅུ་གཉིས་ཏེ། །ཞེས་པས། དང་པོ་མི་སྤང་བའི་དམ་ཚིག་ལྔ་པོ་རེ་རེ་ལའང་ཉི་ཤུ་ཉི་ཤུར་ཕྱེ་སྟེ། དེ་ལ་ཞེ་སྡང་གི་ཉི་ཤུ་ནི། བསྒྲལ་བའི་ཞིང་བཅུ་ཐབས་ཀྱི་མཛད་སྤྱོད་ཀྱིས་དངོས་སུ་བསྒྲལ་བ་བཅུ་དང་། ཤེས་རབ་ལྟ་བས་རང་བཞིན་མེད་པར་ཤེས་ནས་སྐྱེ་མེད་ཀྱི་ངང་དུ་སྒྲོལ་བ་བཅུ་སྟེ་ཉི་ཤུའོ། །དེ་ཡང་། ཞིང་བཅུ་ཐབས་ཀྱི་མཛད་པས་འཇོམས། །ཤེས་རབ་རང་བཞིན་མེད་པས་སྒྲོལ། །ཐབས་དང་ཤེས་རབ་ཞེ་སྡང་གིས། །བདག་གཞན་དོན་རྣམས་རྫོགས་པར་བྱེད། །ཅེས་སོ། །གཏི་མུག་གི་ཉི་ཤུ་ནི། ཡན་ལག་གི་དམ་ཚིག་བཅུ་ལ་ཐབས་ཀྱི་མཛད་སྤྱོད་ཀྱིས་སྤང་བླང་དུ་མི་འབྱེད་པར་སྤྱོད་པ་བཅུ་དང་། ཤེས་རབ་ལྟ་བས་སྤང་བླང་དུ་མི་འབྱེད་པ་བཅུ་སྟེ་ཉི་ཤུའོ། །དེ་ཡང་། ཡན་ལག་བཅུ་པའི་དམ་ཚིག་ལ། །ཐབས་ཀྱི་མཛད་པས་མི་འབྱེད་ཅིང་། །ཤེས་རབ་གཉིས་མེད་མི་འབྱེད་པའི། །གཏི་མུག་བཅུ་གཉིས་འདའ་མི་བྱ། །ཞེས་སོ། །ང་རྒྱལ་གྱི་ཉི་ཤུ་ནི། ཡན་ལག་བཅུའི་དམ་ཚིག་ལ་ཐབས་ཀྱིས་མ་འགགས་པར་སྤྱོད་པ་བཅུ་དང་། ཤེས་རབ་ལྟ་བས་རང་བཞིན་མེད་པར་རྟོགས་པ་གདིང་དུ་གྱུར་པ་བཅུ་སྟེ་ཉི་ཤུའོ། །དེ་ཡང་། དེ་ལྟར་ཐབས་དང་ཤེས་རབ་བཅུ། །གཉིས་ནི་གདེངས་སུ་གྱུར་པ་ཡི། །ལྷག་པའི་ང་རྒྱལ་མི་འདའ་བ། །ང་རྒྱལ་ཆེན་པོའི་དམཚིག་གོ། །ཞེས་སོ། །འདོད་ཆགས་ཀྱི་ཉི་ཤུ་ནི། ཞིང་བཅུ་ལ་ཆགས་པའི་ཐུགས་རྗེས་མི་གཏོང་ཞིང་ཡང་དག་པའི་ས་ལ་སྦྱོར་བ་བཅུ། རིགས་ལྔའི་ཡུམ་ལ་ཐབས་ཀྱིས་རོལ་པ་ལྔ་སྟེ་བཅོ་ལྔ། ཏིང་ངེ་འཛིན་གྱི་སྦྱོར་བ་བཅུ་དྲུག །ཐབས་ཀྱི་སྦྱོར་བ་དང་བཅུ་བདུན། དབང་པོ་ཡུལ་དུས་ཀྱི་སྦྱོར་བ་དང་བཅོ་བརྒྱད། རང་བཞིན་ཐབས་ཤེས་གཉིས་སུ་མེད་པར་སྦྱོར་བ་མེད་པར་སྦྱོར་བ་དང་བཅུ་དགུ། ཤེས་རབ་ལྟ་བའི་དོན་ལ་འདུ་འབྲལ་མེད་པར་སྦྱོར་བ་དང་ཉི་ཤུའོ། །དེ་ཡང་། ཞིང་བཅུ་ཐུགས་རྗེས་མི་གཏོང་ཞིང་། །རིགས་ལྔའི་ཡུམ་ལ་ཐབས་ཀྱིས་རོལ། །ཏིང་འཛིན་ཐབས་དབང་རང་བཞིན་སྦྱོར། །ཤེས་རབ་དོན་དང་འདུ་འབྲལ་མེད། །ཅེས་སོ། །ཕྲག་དོག་གི་ཉི་ཤུ་ནི། མ་རྟོགས་ཕྱལ་བ་རྒྱང་འཕེན་གཉིས། །ལོག་རྟོགས་མུ་སྟེགས་རྟག་ཆད་གཉིས། །ཐེག་ཆུང་ཉན་ཐོས་རང་རྒྱལ་གཉིས། ཐེག་ཆེན་བྱང་སེམས་དང་སྔགས་ཕྱི་རྒྱུད་གསུམ་སྟེ་བཅུ་པོ་ཐབས་ཀྱི་སྤྱོད་པའི་ཀློང་དུ་མི་ཆུད་པ་བཅུ་དང་། ཤེས་རབ་ལྟ་བའི་གོར་མི་ཆུད་པ་བཅུ་སྟེ་ཉི་ཤུའོ། །དེ་ཡང་། མ་རྟོགས་གཉིས་དང་ལོག་རྟོག་གཉིས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །གསང་སྔགས་ཕྱི་པའི་ཐེག་པ་གསུམ། །གསང་སྐོར་མཛད་པས་མི་ཆུད་ཅིང་། །ཤེས་རབ་དམན་པས་མི་ཆུད་པ། །ཕྲག་དོག་ཆེན་པོའི་དམ་ཚིག་གོ། །ཞེས་སོ། །དེ་ནས་དང་དུ་བླ་བའི་དམ་རྫས་མི་དོར་བ་ལྔ་པོ་རེ་རེ་ལའང་ཉི་ཤུ་ཉི་ཤུར་དབྱེ་སྟེ། དེ་ཡང་བྱང་སེམས་ཀྱི་ཉི་ཤུ་ནི། བྱང་སེམས་མཐར་ཕྱིན་པ་མིག །ཆུ་རྒྱུས་མཐར་ཕྱིན་པ་སེན་མོ། །ཁྲག་དང་ཆུ་སེར་མཐར་ཕྱིན་པ་སྐྲ་དང་བ་སྤུ། རུས་པ་མཐར་ཕྱིན་པ་སོ་སྟེ་མངོན་པ་ཕྱི་ཡི་བཞི་དང་། བཞུགས་གནས་ཀླད་པ། རྒྱུ་ལམ་རྒྱུངས་པ། གཤེགས་ཤུལ་རྡོ་རྗེ་ཆུ་བ། ཕོ་བྲང་སྙིང་རྣམས་ནི་སྦས་པ་ནང་གི་བཞི་སྟེ་བརྒྱད་དང་། དེ་རྣམས་ལ་ཕྱི་ནང་གི་དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུའི་བྱང་སེམས་ལ་བཅུར་ཕྱེ་བའི་ཉི་ཤུའོ། །རཀྟའི་ཉི་ཤུ་ནི། ཕོ་བྲང་སྙིང་གའི། མཚོ་མཆིན་པའི། སྙིགས་མ་འཚེར་པའི། །གཤེགས་ལམ་མཁལ་མའི་རྩ་ཕྲག་སྟེ་ཕྱིའི་བཞི་དང་། གཞོན་ནུ་དང་པོར་འཛག་པའི་དང་། གཟུངས་མ་མཚན་ལྡན་མའི་དང་། སློབ་དཔོན་གྱི་ན་པ་གཡོན་པའི་དང་། རྒྱུད་ལྔ་བསྒྲལ་བའི་ཁྲག་རྣམས་ནི་ནང་གི་བཞི་སྟེ་བརྒྱད་དང་། དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུ་བསྒྲལ་བའི་ཁྲག་བཅུ་སྟེ་ཉི་ཤུའོ། །དྲི་ཆེན་གྱི་ཉི་ཤུ་ནི། ཚིག་ཐུབ་ཕག་གི། ཤི་བ་བམ་གྱི། གཡག་ཁྱུ་བའི། བྱིས་པ་གཙང་མའི་དྲི་ཆེན་ཏེ་ཕྱིའི་བཞི་དང་། རྡོ་རྗེ་སློབ་དཔོན། ཡུམ་གཟུངས་མ། དྲང་སྲོང་སྒོམ་ཆེན། བསྒྲལ་བའི་ཞིང་གི་དྲི་ཆེན་རྣམས་ནི་ནང་གི་བཞི་སྟེ་བརྒྱད་དང་། དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུའི་དྲི་ཆེན་བཅུ་དང་ཉི་ཤུའོ། །དྲི་ཆུའི་ཉི་ཤུ་ནི། བོང་བུའི་དང་། བ་དམར་མོའི་དང་། བྱིས་པ་གཙང་མའི་དང་། སྐྱེ་བོའི་དྲི་ཆུ་སྟེ་ཕྱིའི་བཞི་དང་། བླ་མའི་དང་། གཟུངས་མའི་དང་། བསྒྲལ་བའི་དང་། ཤི་བ་བམ་གྱི་དྲི་ཆུ་རྣམས་ནང་གི་བཞི་སྟེ་བརྒྱད་དང་། དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུའི་དྲི་ཆུའི་བཅུ་སྟེ་ཉི་ཤུའོ། །ཤ་ཆེན་གྱི་ཉི་ཤུ་ནི། རྐང་ལག་གི་ཉ་ཤ་བཞི་ནི་ཕྱིའི་བཞི་དང་། ནུ་འབུར་གཉིས་དང་མཁུར་ཚོས་གཉིས་ནི་ནང་གི་བཞི་སྟེ་བརྒྱད་དང་། དྭངས་སྙིགས་གཉིས་ཏེ་བཅུ། ཞིང་བཅུ་བསྒྲལ་བའི་ཤ་ཆེན་བཅུ་སྟེ་ཉི་ཤུའོ། །དེ་ཡང་། དང་དུ་བླང་བའི་དངོས་གྲུབ་རྫས། །སྒྲུབ་རྫས་ལྔ་ལ་རྩ་བ་བརྒྱད། །བརྒྱད་ཆ་རེ་ཞིང་དྭངས་སྙིགས་གཉིས། །རེ་རེའང་རྣམ་པར་བཅུར་ནི་འགྱུར། །ཞིང་བཅུའི་བདུད་རྩི་དེ་བཞིན་ལས། །རྣམ་པར་དབྱེ་བས་ཉི་ཤུའོ། །བདག་གཞན་རང་ཞིང་དང་ནི་གཉིས། །རྫས་བཅུ་ཐབས་སྤྱོད་ཤེས་རབ་སྤྱོད། །བཅུ་བཅུར་ཉི་ཤུར་འགྱུར་བའང་རིགས། །ཞེས་གསུངས་སོ། །མདོར་ན་ཤེས་པར་བྱ་བ་རྩ་བ་དང་ཡན་ལག་གི་དམ་ཚིག་གི་སུམ་བརྒྱ་དྲུག་ཅུར་གསུངས་པ་འདི་རྣམས་ནི་རྒྱུད་གཞུང་འདི་ཉིད་ཀྱི་དབང་དུ་ཡིན་གྱི་གཞན་དུ་ནི་ངེས་པ་མེད་པར་ཤེས་པར་བྱའོ། །གཉིས་པ་ནི། དམ་ཚིག་འདི་ནི་སོགས་ཚིགས་བཅད་གཅིག་སྟེ། རྩ་བ་དང་ཡན་ལག་གི་དམ་ཚིག་འདི་དག་ནི་གཞན་ལས་ཁྱད་པར་དུ་གྱུར་པས་རྨད་པོ་ཆེ་ཡིན་ཏེ། དེས་དོན་བྱ་བའི་ཡུལ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན་སྲིད་པ་གསུམ་གྱིས་བསྡུས་པའི་འགྲོ་བ་ཇི་སྙེད་ཅིག་ཡོད་པ་དེ་རྣམས་སོ་སོའི་རྣམ་པར་རྟོག་པ་འདུལ་བའི་གཉེན་པོར་དམ་ཚིག་གི་རྣམ་གྲངས་ཀྱང་། གཉེན་པོས་འདུལ་བ་དང་། སྦྱངས་པས་འདུལ་བ་དང་། ལྷར་དག་པས་འདུལ་བ་དང་། ངོ་ཤེས་པས་འདུལ་བ་སོགས་འདུལ་ཐབས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དེ་སྙེད་ཅིག་སྤྲོས་ནས་དོན་མཛད་དོ། །བདུན་པ་མ་ཉམས་པའི་ཡོན་ཏན་བསྟན་པ་ལ་དྲུག་ལས། དང་པོ་འབྲས་བུ་ཐོབ་ཅིང་ཚད་མེད་པའི་ཡོན་ཏན་ནི། །གཞན་ཡང་སོགས་ཚིགས་བཅད་གཅིག་སྟེ། གོང་དུ་བཤད་པའི་མཉམ་རྫོགས་ཆེན་པོ་ཅིག་ཅར་བའི་དམ་ཚིག་ལ་གཞན་ཡང་རིམ་གྱིས་པའི་ཡང་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ལེགས་པར་བསྲུང་བའི་འབྲས་བུ་རྒྱལ་མཆོག་རིགས་ཀྱི་བདག་པོ་དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་གོ་འཕང་ལ་ཚེ་འདི་ཉིད་ལ་ཐོབ་པར་གྱུར་ཏེ། དེའི་ངོ་བོ་ཇི་ལྟར་ཞེ་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷག་མ་མ་ལུས་པ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི་ངོ་བོར་ཡེ་ནས་ལྷུན་གྱིས་གྲུབ་པ་དེ་ལས་གཞན་པའི་འབྲས་བུ་བསྒྲུབ་ཏུ་མེད་པར་སྤང་བླང་གཉིས་དང་བྲལ་བའི་འབྲས་བུའི་མཆོག་གི་དམ་པ་ཀུན་བཟང་གི་ཡོན་ཏན་མ་ལུས་པ་ཐམས་ཅད་འགྲུབ་ཅིང་། ཀུན་ཏུ་བཟང་པོ་དེའི་ཡོན་ཏན་བརྗོད་པ་ལས་འདས་པའི་ཕྱིར་དེ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་བརྗོོད་ལས་འདས་པས་ན་མཐའ་ཡས་པའི་མཆོག་གོ། །གཉིས་པ་འཇིག་རྟེན་གྱི་གཙོ་བོས་བསྟོད་ཅིང་བཀུར་བ་ནི། རྒྱལ་བའི་སོགས་རྐང་པ་གཉིས་ཏེ། རྒྱལ་བའི་རིགས་མཆོག་གསང་སྔགས་འཛིན་ཅིང་དམ་ཚིག་ལ་གསན་པའི་རྣལ་འབྱོར་པ་དེ་ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་གྱི་གཙོ་བོ་རྣམས་དང་། དེའི་འཁོར་གཡོག་མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་རྫོགས་པའི་སངས་རྒྱས་ལྟར་བཀུར་གནས་དམ་པར་མཐོང་ཞིང་དེའི་དགོས་པའི་དོན་རྣམས་སྒྲུབ་པར་བྱེད་དོ། །གསུམ་པ་འཕགས་པས་བྱིན་གྱིས་རློབ་པ་ནི། དམ་པ་སོགས་རྐང་པ་གཉིས་ཏེ། དམ་པ་མཆོག་ཡང་དག་པར་རྫོོགས་པའི་སངས་རྒྱས་དང་། དམ་པ་སར་གནས་ཀྱི་རིག་འཛིན་དང་བྱང་ཆུབ་སེམས་དཔའ་ཡིས་རིམ་པ་ཇི་ལྟ་བར་རང་གི་སྲས་ཀྱི་ཐུ་བོ་དང་། སྤུན་དུ་དགོངས་ཤིང་བྱིན་གྱིས་རློབ་པའོ། །དེའི་ཞོར་ལ་ཉལ་བ་བསླང་བ་བཤད་པ་མཁན་པོའི་གཉེར་ཡིན་པས། མ་མོ་དང་མཁའ་འགྲོ་མ་རྣམས་ཀྱིས་མིང་པོར་དགོངས་ནས་སྡོང་གྲོགས་བྱེད། དམ་ཅན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་ཀྱང་རྗེ་དཔོན་དམ་པར་དགོངས་ནས་ཕྲིན་ལས་བསྒྲུབ་བོ། །བཞི་པ་རྒྱལ་བའི་སྤྱོད་ཡུལ་ཐོབ་པ་ནི། བདེ་གཤེགས་སོགས་རྐང་པ་གཉིས་ཏེ། རྩ་བ་དང་ཡན་ལག་གི་དམ་ཚིག་གཞུང་བཞིན་དུ་བསྲུང་བ་དེ་ནི་བདེ་བར་གཤེགས་པ་ཉིད་ཀྱི་ངོ་བོ་དང་ཐ་མི་དད་པས་བྱ་བྱེད་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་ཞུགས་པ་ཞེས་བྱའོ། །དེའི་ཕྱིར་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་བྱ་སྤྱོད་གང་སྤྱད་ཀྱང་ལྟུང་བར་འགྱུར་བའི་འཇིགས་པ་དང་བག་ཚ་བ་ཐམས་ཅད་མེད་པས་སྤྱོད་ཡུལ་ཡོངས་སུ་དག་པ་ཀུན་ཏུ་བཟང་པོའི་ཞིང་ཁམས་ཆེན་པོར་སྦྱོར་བར་འགྱུར་རོ། །ལྔ་པ་འོག་མའི་འདུལ་སྡོམ་རྫོགས་པའི་ཡོན་ཏན་ནི། ཇི་བཞིན་སོགས་རྐང་པ་གསུམ་སྟེ། ཇི་བཞིན་པའི་ཆོས་ཉིད་མངོན་དུ་བྱེད་པ་གསུང་སྔགས་བླ་ན་མེད་པའི་དམ་ཚིག་ཕན་ཡོན་དང་བཅས་པ་འདིར་ཐུན་མོང་གི་གདུལ་བྱ་འདུལ་བའི་ཐབས་སུ་བསྟན་པའི་ཉན་ཐོས་ཀྱི་འདུལ་ཁྲིམས་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་། སྔགས་ཕྱི་རྒྱུད་ཀྱི་དམ་ཚིག་ལ་སོག་པ་བསམ་ཡས་པ་རྣམས་འདུས་པའི་ཕྱིར། འདིར་རྩ་བ་དང་ཡན་ལག་གི་དམ་ཚིག་མ་ཉམས་ན་ཐེག་པ་འོག་མ་རྣམས་ཀྱི་དགག་བྱ་མ་ལུས་པ་རྣམ་པར་དག་ཅིང་དགོས་པ་མ་ལུས་མ་བཙལ་བར་ལྷུན་གྱིས་གྲུབ་པའོ། །དྲུག་པ་ཉམས་ཀྱང་བསྐང་བའི་ཐབས་ཡོད་པའི་ཡོན་ཏན་ནི། ཉམས་ན་སོགས་རྐང་པ་གཉིས་ཏེ། གལ་ཏེ་སྔགས་ཀྱི་དམ་ཚིག་ཉམས་པར་གྱུར་ན་ཡང་ཉན་རང་ལྟར་བསྐང་ཐབས་མེད་པ་མ་ཡིན་ཏེ། སྐོང་བའི་ཐབས་ཁྱད་པར་ཅན་ཡོད་པས་ཉམས་པ་གསོ་བ་ལ་རབ་ཏུ་བརྩོན་ན་དམ་ཚིག་གི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། དེ་ལ་སོགས་པའི་ཡོན་ཏན་མཐའ་ཡས་པའི་མཆོག་རྡོ་རྗེ་ཐེག་པ་འདི་ལ་མངའ་བ་ཡིན་ནོ། །དེས་ན་གསང་སྔགས་ནི་གསེར་དངུལ་ཞོམ་པ་ལྟར་ཉམས་ཀྱང་སླར་གསོ་བའི་ཐབས་གསུངས་ཏེ། རྡོ་རྗེ་ལས། གལ་ཏེ་རྩ་བའི་དམ་ཉམས་ན། །བླ་མ་གྲོགས་པོ་བརྒྱ་དག་ལ། །བཟླས་པ་བྱེ་བ་བདུན་འབུམ་བྱ། །སྦྱིན་སྲེག་འབུམ་ཕྲག་བཅུ་གཅིག་གོ། །དེ་ནས་སླར་ཡང་བླང་བའོ། །བླ་མས་གནང་ནས་གནས་པར་བྱ། །ཞེས་པ་རྩ་བའི་བརྐང་ཐབས་དང་། ཡན་ལག་ཀྱང་དེ་ཉིད་ལས། ཡན་ལག་དམ་ཚིག་ཉམས་གྱུར་ན། །ཟླ་བ་བདུན་དུ་སྨྲ་བཅད་བྱ། །སྦྱིན་སྲེག་སྟོང་རྩ་བརྒྱད་དུ་བྱ། །བཟླས་པ་བྱེ་བ་འབུམ་ཕྲག་དང་། །གཏོར་མ་ཁྲི་ཕྲག་གཅིག་ཏུ་བྱ། །དེ་ནས་སླར་ཡང་བླང་བ་དང་། །དག་དང་ཚངས་པར་བསྒྲག་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཡོན་ཏན་ནི། ཅེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་བརྗོད་པས་དམ་ཚིག་གི་རང་བཞིན་ནི་དེ་བཞིན་གཤེགས་པ་ཉིད་ཡིན་པས་ན། དེའི་རང་བཞིན་ལས་དེ་བཞིན་གཤེགས་པ་ཉིད་ཀྱང་འདའ་བར་མི་མཛད་ན་གཞན་ལྟ་ཅི་སྨོས་ཏེ་དེའི་ཕྱིར་གདུལ་བྱ་རྣམས་དམ་ཚིག་གིས་འདུལ་བར་གྱུར་ཏོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་སུ་ཡོད་པ་ལས། འདིས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམ་པར་བཞག་པ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། ༈ །།ད་ནི་ལེའུ་ཉི་ཤུ་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གཉིས་ཀ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་ལམ་སྣང་སྟོན། །མཚན་ཉིད་གསུམ་ལས་རྐྱེན་འཇུག་པའི་མཚན་ཉིད་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་གཞུང་ཧྲིལ་པོས་ཕྲིན་ལས་སྟོན། ཞོར་ལ་ལྟ་བ་དང་། སྤྱོད་པ་དང་། དཀྱིལ་འཁོར་དང་། དུག་གསུམ་གྱི་མཆོད་པ་དང་ཕྲིན་ལས་བཞིའི་ཏིང་འཛིན་སྟོན། ཐ་མའི་ཆོས་བཅུ་ལས་རང་བཞིན་ལྟ་བ། མཚོན་པ་དཔེ། ལྡེམ་དགོངས་མན་ངག །གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ། དམ་ཚིག་བསྟན་པ་དེ་ནས་དམ་ཚིག་ཅན་གྱིས་ཕྲིན་ལས་བྱ་བ་སྟོན་པའི་ཕྱིར་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ཡེ་ནས་སེམས་ཉིད་ཕྲིན་ལས་བཞིའི་རང་བཞིན་ལྷུན་གྱིས་གྲུབ་པར་གནས་པ་ལས་མི་འདའ་བའི་དམ་ཚིག་དེ་ཉིད་ཆོ་ག་བཞིས་བསྐུལ་བས་མངོན་སུམ་དུ་སྣང་བར་བྱེད་པས་ན་བྱིན་གྱིས་རློབ་པ་ཞེས་བྱ་བའི་དགོངས་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འོག་ནས་འབྱུང་བའི་དོན་ཆེད་དུ་བརྗོད་པ་འདི་དག་བརྗོད་དོ། །གཉིས་པ་གཞུང་ལ་གཉིས་ཏེ། ཕྲིན་ལས་དངོས་དང་། དེའི་ཡོན་ཏན་ཏན་ནོ། །དང་པོ་ལ་ལྔ་སྟེ། རྫས་ཧོམ་ལུག་རྒྱུད་ཀྱི་སྒོ་ནས་ལས་བྱ་བ་དང་། ལྷག་མའི་ལས་དང་། བྲོ་གར་གླུ་ཚིག་གི་ཡོན་ཏན་དང་། ལས་བཞིའི་གནས་གཟུངས་ཐུན་མོང་དུ་བསྟན་པ་དང་། དོན་སྟོངས་ཀྱི་སེམས་བསྟན་པའོ། །དང་པོ་ལའང་ལས་རྣམ་པ་བཞི་ལས། ཐོག་མར་དྲག་པོའི་ཕྲིན་ལས་ལ་ལྔ་སྟེ། ལིངྒ་བཅའ་བ། དཀྱིལ་འཁོར་བསྐྱེད་པ། བསྒྲུབ་བྱའི་ལས། མཆོད་སྤྱིན་བྱ་བ་ཡོན་ཏན་དང་བཅས་པ། ལུ་གུ་རྒྱུད་ཀྱི་ཕྲིན་ལས་ཡོན་ཏན་དང་བཅས་པའོ། །དང་པོ་ནི། བདུད་རྩི་ལྔ་སོགས་རྐང་པ་གཉིས་ཏེ། དེ་ཡང་གསེར་སྐྱེམས་བཏང་ཞིང་བདེན་པ་བདར་ནས་གཟུ་དཔང་གསོལ། སྔགས་འཆང་དྲག་པོའི་ཆ་བྱད་ཀྱིས་ཁ་ལྷོ་རུ་ཕྱོགས་ནས་ཁྲོས་པའི་སེམས་ཀྱིས་རང་གི་དྲི་མ་དང་ཁ་ཆུས་མི་འགོས་ཤིང་། དྲི་མ་མི་ཕོག་པའི་ཐབས་དང་ལྡན་པར་བྱས་ལ། བསྒྲུབ་བྱའི་བདུད་རྩི་ལྔ་སྟེ་ཟག་རྫས་སམ། ཡང་ན། ཟས་ཤ །ཉ་ཤ །བུ་རམ། སྦྲང་རྩི། ཏིལ་ལྔ་དང་། གཞན་ཡང་མི་ལ་རྐང་རྗེས་ཀྱི་ས་དང་། མི་མ་ཡིན་ལ་གནས་རྟེན་གྱི་ས་སོགས་ལ་རྒྱུ་བྱས་པའི་ལིངྒ་ཕོ་མོ་གང་ཡིན་གྱི་མཚན་མ་ཅན་དང་དཔྲལ་བར་རུས། སྙིང་གར་སྲོག་གང་ཡིན་མིང་དུ་བཅས་པ་རྣམས་གྲོ་ཤོག་ལ་བྲིས་ཏེ་གནས་སོ་སོར་བརླན་པའམ། ཡང་ན་གྲོ་ཤོག་རང་ལ་ལིངྒ་བྲིས་པའི་ལྟེ་བར་བླ་དྭགས་དང་། འདོམས་སུ་ཆེ་གེ་མོ་མཱ་ར་ཡ་ཕཊ་བྱ་བ་བྲིས་མཐར་ཛཿས་བསྐོར་ཞིང་། སྔར་གྱི་རྫས་རྣམས་བྱུགས་ཏེ། ཐོད་པ་མཚན་ངན་གྱི་ནང་དུ་བཅུག་ལ་མགོ་བོ་ལྷོ་ནུབ་དང་རྐང་པ་བྱང་ཤར་དུ་བསྟན་ཏེ་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་བྲུབ་ཁུང་གྲུ་གསུམ་དུ་གཞུག་གོ། །གཉིས་པ་ནི། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག །ཅེས་པ་སྟེ། སྔགས་འཆང་རྣམས་དྲག་པོའི་ལས་དང་མཐུན་པའི་ཆ་བྱད་དང་འདུག་སྟངས་ཀྱིས། ཨེ་ཡྃ་རྃ་ཛྭ་ལ་རྃ་སོགས་སྔགས་བརྗོད་པའི་རྐྱེན་ལས་ཕྱི་སྣོད་ཀྱི་འཇིག་རྟེན་གྲུ་གསུམ་ཨེ་ཡིག་གི་རྣམ་པ་ཅན་མཐིང་ནག་མེ་འབར་བའི་དབུས་སུ། ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སྟྭྃ། ཧུ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་བརྗོད་པས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་འབར་བའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་དྲག་པོའི་ལས་ལ་མཆོག་ཏུ་ཤིས་པ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས་ཅན་མཚོན་ཆ་སྣ་ཚོགས་ཐོགས་པ་མེ་དཔུང་འབར་བའི་ཀློང་ན་བཞུགས་པ། སྤྲུལ་པ་ཡང་སྤྲུལ་དང་བཅས་པ་གྲངས་མེད་པར་བསྐྱེད་དོ། །གསུམ་པ་ནི། བཀུག་ནས་སོགས་རྐང་པ་གཉིས་ཏེ། དེ་ཡང་གུ་གུལ་ལ་སོགས་པ་ལྷ་དབྱེའི་རྫས་ཀྱི་དུད་པས་ལིང་གར་བདུག་ཅིང་འགོ་བའི་ལྷ་ལྔ་དང་དབྱེ། དེ་ནས་བ་ཧུའི་སྔགས་ཀྱིས་ལྷ་ལས་ལ་བསྐུར། ཕོ་ཉ་དྲུག་བསྐོར་བཏང་ལ་བི་ཤྭ་བཛྲའི་སྔགས་ཀྱིས་སྤྲུལ་པ་སྣ་ཚོགས་སྤྲོས་ནས་གཟས་པ་པོ་གང་ཡིན་རང་དབང་མེད་པར་མདུན་དུ་བྱུང་བར་དམིགས་ཤིང་། དགྲ་ཡིན་ན་ནྲྀ་ཛཿདང་། བགེགས་ཡིན་ན་ཏྲི་ཛཿཞེས་བརྗོད་ཅིང་། ལྕགས་ཀྱུའི་ཕྱག་རྒྱ་ལན་གསུམ་མམ་བདུན་གྱིས་བཀུག་ནས། ཛཿཧཱུཾ་བཾ་ཧོཿས་ལིངྒ་དང་གཉིས་སུ་མེད་པར་བྱས་ལ། ལྕགས་སམ་ཤིང་ནག་པོ་ལས་བྱས་པའི་རྡོ་རྗེ་ཕུར་པ་མགོ་ལ་རྒྱ་མདུད་དང་། དབལ་ཟུར་གསུམ་པ་གསུམ་བྲུབ་ཁུང་གི་ཟུར་གསུམ་ལ་འགོད་པ་དེ་སྲས་མཆོག་བཛྲ་ཀཱི་ལ་ཡར་མངོན་རྟོགས་བཞིན་བསྐྱེད་ནས་དབང་བསྐུར་བྱིན་བརླབ་དང་། ལག་སོར་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། སྒྱུ་འཕྲུལ་རྒྱས་པའི་ལེའུ་ལྔ་བཅུ་རྩ་བདུན་པ་ནས་བྱུང་བའི་ཕུར་བསྐུལ་གྱི་ཚིག་དང་། གྷ་ཏ་ཡའི་སྔགས་ཀྱིས་ལིང་གའི་དཔྲལ་མགྲིན་སྙིང་ག་སྟེ་ལུས་ངག་ཡིད་གསུམ་གྱི་གནས་གསུམ་དུ་གདབ་པར་བྱའོ། །དེ་ནས་དྷྲིཥྚིའི་སྔགས་ཀྱིས་གྲིས་གཏུབ་པ་དང་། ༀ་བྷྲཱུཾ་ལ་སོགས་པའི་སྔགས་ཀྱིས་མཚོན་ཆའི་ཆར་ཕབ་པས་ལིང་རོ་རྣམས་རྡུལ་ཕྲ་རབ་ཙམ་དུ་བྱས་པར་བསམ་ནས། ལིང་རོ་ཆ་གསུམ་དུ་བྱས་ལ་ཆ་གཅིག་བསྟབ་ཞལ་དུ་བླུག་ལ་དཀྱིལ་འཁོར་གྱི་ལྷ་རྡོ་རྗེ་སེམས་དཔའ་དང་བཛྲ་ཧེ་རུ་ཀས་གཙོ་བོར་བྱས་པའི་དྲག་པོའི་ལྷ་ཚོགས་རྣམས་ལ་དབུལ་ཏེ་སྟོབ་པར་བྱ། ཆ་གཅིག་སྦྱིན་སྲེག་གི་རྫས་དང་བསྲེ། ཆ་གཅིག་བྲོ་མནན་ལ་བྲོ་རའི་དབུས་སུ་སྤུང་ནས་བྲོ་བརྡུང་རྗེས་མི་མ་ཡིན་གདུག་པ་ཅན་གནས་པའི་སར་དོང་གྲུ་གསུམ་པར་བྲུས་ལ་བཅུག་སྟེ། དུར་གཡམ་ལ་རོ་སོལ་གྱིས་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀབ་ལ་མནན་པར་བྱའོ། །བཞི་པ་ནི། འབར་བ་སོགས་རྐང་པ་གསུམ་སྟེ། དྲག་པོའི་མེ་ལྷའི་ལྟོ་བར་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཁྲག་འཐུང་འབར་བ་དྲག་པོའི་དཀྱིལ་འཁོར་བསྐྱེད་པའི་ལྷ་ཚོགས་གཏུམ་ཆེན་རྔམ་པའི་ཆ་བྱད་ཅན་ལ། སྟོངས་ཀྱི་སེམས་ཞེ་སྡང་རབ་ཏུ་ཁྲོས་པའི་ཡིད་ཀྱིས་སྲེག་བླུག་ཀྱིས་ལྷ་མཆོད་ཅིང་མ་མོ་དང་མཁའ་འགྲོ་ལ་སྦྱིན་པའི་ལས་བྱས་པ་ཚོགས་གཉིས་ལས་གྲུབ་པ་སངས་རྒྱས་བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པའི་སྐུ་ཡང་འཇིག་ན་བསྒྲལ་བྱའི་སེམས་ཅན་རྣམས་ལྟ་ཅི་སྨོས་པའོ། །ལྔ་པ་ནི། ཨེ་ཡི་སོགས་ཚིགས་བཅད་གཅིག་སྟེ། ཨེ་བྷྲཱུཾ་ཞེས་བརྗོད་པས་ཕྱི་སྣོད་དྲག་པོའི་དཀྱིལ་འཁོར་ཨེ་དཀྱིལ་གྲུ་གསུམ་མཐིང་ནག་འབར་བ་འབྱམས་ཀླས་པར་བསྐྱེད་ལ། སྔགས་ཀྱི་རྐྱེན་གྱིས་བཅུད་ཐམས་ཅད་བཛྲ་ཧེ་རུ་ཀས་གཙོ་བྱས་པའི་ཁྲོ་བོའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་མཆོག་ཏུ་གསལ་བའི་སྒྲུབ་པ་པོ་ཕོ་མོ་རྣམས་ཀྱིས་བྲོ་ར་གྲུ་གསུམ་དུ་བྱས་པའི་དབུས་སུ་ལིང་རོ་རྣམས་སྤུངས་པའི་མཐར་ལག་པ་གཡས་པ་སྟེང་དང་གཡོན་པ་འོག་ཏུ་བྱས་ནས་བསྣོལ་བའི་མཐེའུ་ཆུང་ལུ་གུ་རྒྱུད་དང་སྦྲེལ་ཞིང་བསྡམ་ནས། ཧཱུཾ་ཧཱུཾ་ཧཱུཾ་ཞེ་སྡང་རྡོ་རྗེ་སོགས་ཀྱི་ཚིག་དང་སུམྦྷའི་སྔགས་ཀྱིས་བསྐུལ་ཞིང་མིག་གི་འགྱུར་བ་དང་བཅས་པས་རྐང་སྟབས་བསྐྱོད་ནས་བྲོ་བརྡུངས་པས། རྡོ་རྗེའི་རིགས་ཀྱི་སྤྲུལ་པ་མཐིང་ནག་དཔག་ཏུ་མེད་པ་ཕྱོགས་བཅུར་གཡོས་ནས་གང་ལ་བྱ་བ་རྡུལ་དུ་བརླག་པར་བསམ་ལ། ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་པའི་སྔགས་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ནས་བཤིག་པས་གཟས་པ་པོ་གང་ཡིན་པ་དེ་ཉིད་དྲན་པ་མྱོས་ནས་སྙིང་གས་ཏེ་ལུས་ཀྱང་ཐུལ་གྱིས་འཚིག་ནས་མིང་གི་ལྷག་མར་བྱེད་པར་འགྱུར་རོ། །དེ་བཞིན་དུ་དབང་རྒྱས་ཞི་བ་རྣམས་ལ་སྤྱིར་དེས་ཁོག་ཕུབ་པ་ལ། ཁྱད་པར་གྱི་སྒོས་ཆོས་རྣམས་བཤད་པར་བྱ་སྟེ། དེ་ལ་ལིངྒ་བཅའ་བ་ནི། རྒྱུ་བདུད་རྩི་ལྔའམ་ཟས་ལྔ་ལ་བསྒྲུབ་བྱ་གང་ཡིན་གྱི་ལིངྒ་མཚན་མ་མིང་དུ་བཅས་པ་བྱ་སྟེ། དེའང་དབང་ལ་གང་དབང་དུ་བྱ་བར་འདོད་པ་དང་། རྒྱས་པ་ལ་ཚེ་བསོད་སོགས་འདོད་པའི་ཡོན་ཏན་འབྱུང་བའི་ཡིད་བཞིན་གྱི་གཏེར་དུ་བརྟགས་པ་དང་། ཞི་བ་ལ་མ་རུངས་པ་གཏུམ་རྔམ་འཁྲུགས་པའི་ངོ་བོར་བརྟག་སྟེ། དེ་རྣམས་ལས་དང་མཐུན་པའི་བྲུབ་ཁུང་དུ་བཅུག་ནས་རིམ་བཞིན་ནུབ་དང་ལྷོ་དང་ཤར་དུ་བཞག་གོ། །དེ་ནས་དཀྱིལ་འཁོར་བསྐྱེད་པ་ནི། དབང་ལ་ཝཾ་གི་རྣམ་པའི་དཀྱིལ་འཁོར་དམར་པོ་ཟླ་གམ། རྒྱས་པ་ལ་མ་ཡི་རྣམ་པའི་གྲུ་བཞི་སེར་པོ། ཞི་བ་ལ་ཡ་ཡི་རྣམ་པའི་ཟླུམ་པོ་དཀར་པོ་སྟེ། ཐམས་ཅད་ཀྱང་ཡངས་ཤིང་མེ་འོད་འཕྲོ་བ་ཅན་གྱི་ནང་དུ་ཁྲག་འཐུང་འབར་བའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ལས་གང་ལ་ཤིས་པའི་མཆོག་དབང་ལ་པདྨ་ཧེ་རུ་ཀ་དང་། རྒྱས་པར་རཏྣ་ཧེ་རུ་ཀ །ཞི་བར་བུདྡྷ་ཧེ་རུ་ཀས་གཙོ་བྱས་པ། གཙོ་འཁོར་ཐམས་ཅད་ཀྱང་ལས་མཐུན་པའི་ཁ་དོག་ཅན་དུ་བསྐྱེད་དོ། །དེ་ནས་བསྒྲུབ་བྱའི་ལས་ནི་སྔར་བཞིན་བསྒྲུབ་བྱ་དགུག་བསྟིམ་གྱི་བར་དུ་བྱས་ཏེ། དབང་ལ་ཟངས་སམ་ཤིང་དམར་པོ་ལས་དབལ་ཟླ་གམ་ཅན་རྡོ་རྗེ་ཆགས་པ་སྟེ་པདྨ་ཀཱི་ལ་ཡར་བསྐྱེད་པའི་ཕུར་བུ་ལྔ་དབང་པོ་ལྔ་དང་། རྒྱས་པར་གསེར་རམ་ཤིང་སེར་པོ་ལས་དབལ་གྲུ་བཞི་པར་བྱས་པ་ང་རྒྱལ་དགའ་འཕྲོ་སྟེ་རཏྣ་ཧེ་རུ་ཀར་བསྐྱེད་པའི་ཕུར་བུ་བཞི་ཡན་ལག་བཞི་དང་། ཞི་བར་དངུལ་ལམ་ཤིང་དཀར་པོ་ལས་དབལ་ཟླུམ་པོར་བྱས་པ་ལྷན་ནེར་གསལ་བ་སྟེ་བུདྡྷ་ཀཱི་ལ་ཡར་བསྐྱེད་པའི་ཕུར་བུ་དྲུག་གིས་ཡན་ལག་ལྔ་དང་སྙིང་ལ་གདབ་པར་བྱ་སྟེ། ཕུར་བུ་ཐམས་ཅད་མགོ་བོ་རྒྱ་མདུད་ཅན་བྱིན་གྱིས་བརླབས་ཏེ། ཕུར་བསྐུལ་དང་སྡེར་མོའི་སྔགས་ལས་སོ་སོའི་སྤུ་གྲིའི་ཤམ་བུ་ཅན་གྱིས་གདབ་ཅིང་། གྲི་ཚོན་གྱིས་གཏུབས་ཏེ། ལིང་རོ་ཆ་གཅིག་ཆགས་པའི་ཚོགས་དང་འབར་བ་ལྷན་ནེ་སོགས་ལས་དང་མཐུན་པའི་ལྷ་ལ་སྟོབ་པར་བྱ། ཆ་གཅིག་ལས་གང་ཡིན་གྱི་སྲེག་རྫས་ལ་བསྲེ། ཆ་གཅིག་ལ་བྲོ་གདན་བྱའོ། །དེ་ནས་མཆོད་སྦྱིན་བྱ་བ་ཡོན་ཏན་དང་བཅས་པ་ནི། ལས་སོ་སོའི་མེ་ལྷའི་ལྟོ་བར་འདས་པའིདཀྱིལ་འཁོར་བསྐྱེད་དེ། དེའང་དབང་ལ་ལྷ་ཚོགས་འོད་འབར་བ་གཟི་བརྗིད་ཆེ་ཞིང་སྐུ་ལྷུན་པོ་ཆེན་པོ་ལྟ་བུ་པདྨའི་རིགས་གཙོ་བོར་བྱས་པ་ལ་སྟོངས་ཀྱི་སེམས་ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱས་པས་གསུང་རྡོ་རྗེེ་པདྨ་གར་དབང་ཡང་དབང་དུ་འགྱུར་ན་གཞན་ལྟ་ཅི་སྨོས་པ་དང་། རྒྱས་པར་རིན་ཆེན་རིགས་གཙོ་བོར་རྒྱས་པའི་ལྷ་ཚོགས་འོད་འབར་བ་སྤྲུལ་པའི་འདུ་འཕྲོ་ཅན་གཟི་བརྗིད་ཆེན་པོ་ལ་སྟོངས་ཀྱི་སེམས་དགའ་ཞིང་སྤྲོ་བའི་ཡིད་ཀྱིས་མཆོད་སྦྱིན་བྱས་པས་ཚེ་དང་བསོད་ནམས་འཕེལ་བ་སོགས་ཡོན་ཏན་ཚད་མེད་ནམ་མཁའི་མཐའ་དང་མཉམ་པར་ཐོབ་པ་དང་། ཞི་བར་བུདྡྷའི་གཙོ་བྱས་པའི་ལྷ་ཚོགས་དྭངས་ཤིང་གསལ་བའི་གཟི་བརྗིད་མཆོག་ཏུ་འབར་ཞིང་འོད་ཟེར་འཚེར་བ་ལ་སྟོངས་ཀྱི་སེམས་ཞི་ཞིང་དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱས་ན་མ་རུངས་པ་གཏུམ་ཆེན་རྔམ་པའང་ཞི་བའི་སེམས་སུ་ལྷན་ནེར་འགྱུར་བའོ། །དེ་ནས་ལུག་རྒྱུད་ཡོན་ཏན་དང་བཅས་པ་ནི། སྔར་བཞིན་ཝཾ་བྷྲཱུཾ་སོགས་ཀྱི་ཡི་གེ་གསུམ་གྱིས་རྣམ་པའི་དཀྱིལ་འཁོར་མེ་འབར་བའི་ནང་དུ་ལས་དང་མཐུན་པའི་ཁྲག་འཐུང་འབར་བའི་ཚོགས་ཀྱི་དཀྱིལ་འཁོར་བསྐྱེད་ལ། ལིང་རོ་སྤུངས་པའི་མཐར་མཆེད་ལྕམ་རྣམས་ལག་གཡས་སྟེང་དུ་གཡོན་པ་འོག་ཏུ་བྱས་ནས་བསྣོལ་བའི་དབང་ལ་སྲིན་ལག །རྒྱས་པར་གུང་མོ། ཞི་བར་མཛུབ་མོ་ལུ་གུ་རྒྱུད་དུ་སྦྲེལ་ཞིང་བསྡམས་ནས་བྲོ་ར་ལས་དབྱིབས་དང་མཐུན་པ་བཅས་པ། ཧཱུཾ་ཧཱུཾ་ཧཱུཾ་འདོད་ཆགས་རྡོ་རྗེ་སེམས་ལས་སོ་སོའི་ཚིག་དང་སུམྦྷའི་སྔགས་ཀྱིས་བསྐུལ་ལ་བྲོ་བརྡུང་། དེའི་ཚེ་རིགས་སོ་སོའི་ཁྲོ་ཚོགས་དཔག་མེད་སྤྲོས་པས་ལས་གང་ཡིན་འགྲུབ་པར་བསམ་ནས། ལས་སོ་སོའི་སྤུ་གྲིའི་སྔགས་བརྗོད་ཅིང་ཕྱག་རྒྱ་སྤྲུགས་ཏེ་བཤིགས་ལ། ལིང་རོ་དེ་དབང་ལ་རང་གི་མལ་འོག །རྒྱས་པར་མཛོད་དུ། ཞི་བར་ལམ་གྱི་དཀྱིལ་རྣམས་སུ་ལས་མཐུན་གྱི་བྲུབ་ཁུང་བྲུས་པར་མནན་ནོ། །དེ་དག་གི་ཡོན་ཏན་ཀྱང་། དབང་གིས་འགྲོ་བ་ཐམས་ཅད་འགུགས་པར་འགྱུར་བ་ལྟ་ཅི་སྨོས་ཏེ། ཕྱག་ན་རྡོ་རྗེ་ཡང་རང་གི་ཕྱི་བཞིན་དུ་འབྲང་བ་སོགས་ཡིད་ལ་ཅི་འདོད་པ་དེ་བཞིན་དུ་འོང་བར་འགྱུར་བ་དང་། རྒྱས་པར་གཟི་བརྗིད་འབར་བའི་རྣམ་འཕྲུལ་ཆེན་པོ་རིགས་ཀྱི་ཁྲོ་བོ་སྤྲོ་བའི་ཏིང་ངེ་འཛིན་གྱིས་ཡོན་ཏན་ཚེ་དང་བསོད་ནམས་སོགས་འདོད་རྒུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུས་ནམ་མཁའི་ཁམས་ཐམས་ཅད་གང་བར་འགྱུར་བ་དང་། ཞི་བས་ཕ་རོལ་མ་རུངས་པའི་སེམས་མེ་ལྟར་འབར་བའང་ལྷན་ནེར་ཞི་བའི་བྱིན་རླབས་ཀྱིས་ཁྱབ་པས་སྡིག་པ་དང་གདུག་སེམས་ཐམས་ཅད་ཡིད་ལ་མི་འགྱུ་བས་གཡོ་བ་མེད་པར་བྱེད་པའོ། །ལས་བཞི་པོ་འདི་དག་སྐབས་འདིར་གཞུང་གི་འབྲུ་མནན་པ་ཙམ་དུ་ཟད་ཀྱི། རྒྱས་པར་སྦྱིན་སྲེག་རྩ་བ་དང་ལག་ལེན་གྱི་སྐབས་བཞིན་ཤེས་པར་བྱའོ། །གཉིས་པ་ལྷག་མའི་ལས་ལ་གཉིས་ཏེ། མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་ནི། སླས་དང་སོགས་ཚིགས་བཅད་གཅིག་སྟེ། དེ་ལྟར་ལས་བཞི་གང་ཡང་རུང་བ་བྱས་པའི་རྗེས་སུ་རྩ་བའི་དཀྱིལ་འཁོར་གསལ་གདབ། ལྷག་མའི་དཀྱིལ་འཁོར་བསྐྱེད། མགྲོན་བཀུག་ལ། ལྷག་གཏོར་རྣམས་ཁ་ཕྲུས་བྲན་ནས་གཏོར་མར་བསྲེ་ཞིང་སོ་སོར་མཆོད་དེ། དེ་ཡང་ལྷག་མ་ཞེས་པའི་དོན་ནི་དཀྱིལ་འཁོར་གྱི་ལྷ་ལ་ཕུལ་བའི་ལྷག་མ་དེ་རྣལ་འབྱོར་པས་མ་རོལ་པའི་ཕུད་ཡིན་པས་ལྷག་ཕུད་ཅེས་བྱའོ། །ཡང་ན་ཚོགས་ལ་ཆ་ལྔར་བྱས་ཏེ། དང་པོས་མཆོད། གཉིས་པས་བཤགས། གསུམ་པས་བསྟབ། བཞི་པས་རོལ། ལྔ་པས་མཁའ་འགྲོ་མཆོད་དེ། ཆ་ལྔའི་ཐ་མ་ཡིན་པའི་ཕྱིར་དེ་སྐད་དུ་བྱ་བར་ཡང་གསུངས་སོ། །དེ་ཉིད་དཔལ་ཆེན་པོའི་དཀྱིལ་འཁོར་གྱི་མུ་རན་ལ་གནས་པ་སླས་ཏེ་ལྷ་ཆེན་པོའི་ཆུང་མ་དང་། བྱི་མོ་སྟེ་མཛའ་མོ་དང་། གཡོག་བྱེད་པས་བྲན་མོའི་ཚོགས་ཏེ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་པོ་ལྷག་མའི་མཆོད་སྦྱིན་འདོད་པའི་མགྲོན་ཡིན་པས། ཆོ་ག་བཞིན་དུ་སྦྱིན་ཏེ་ཟ་ལམ་གོམ་པ་བདུན་ཅུའི་སར་བསྐྱལ་ཞིང་། སྔོན་དཔལ་ཆེན་པོའི་སྤྱན་སྔར་རང་རང་གིས་ཁས་བླངས་པའི་དམ་ཚིག་རྣམས་རབ་ཏུ་བསྒྲགས་ནས་ཕྲིན་ལས་བཞི་གང་དང་གང་འདོད་པའི་ལས་དེ་དང་དེ་བྱེད་པར་བཀའ་བསྒོ་བར་བྱའོ། །གཉིས་པ་ལ་གསུམ་སྟེ། དམ་བསྒྲགས་ཅིང་ལས་ལ་བསྐུར་བ། ལས་དེ་མ་བསྒྲུབ་པའི་སྐྱོན། བསྒྲུབ་པའི་ཡོན་ཏན་ནོ། །དང་པོ་ནི། སྔོན་ཚེ་སོགས་རྐང་པ་དགུ་སྟེེ། སྔོན་རཱུ་ཏྲ་བཏུལ་བའི་ཚེ་དཔལ་ཆེན་པོ་རྡོ་རྗེ་ཁྲག་འཐུང་ཧེ་རུ་ཀའི་སྐུ་ཤིན་ཏུ་གདུག་ཅིང་གསུང་རྔམས་པ་ཐུགས་གཏུམ་བག་ཅན་དུ་བཞེངས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་ཅན་གྱི་ཚོགས་ལྷག་མ་མ་ལུས་པ་འདུལ་བར་མཛད་པའི་དབང་དང་བྱིན་རླབས་ཁྱད་པར་ཅན་མངའ་བས་ན་རྨད་པོ་ཆེ་སྟེ། དེ་ལྟར་དཔལ་ཆེན་པོ་དེ་ཉིད་ཀྱིས་འཇིག་རྟེན་གྱི་གཙོ་བོ་ལྷ་ཆེན་པོ་ཉི་ཤུ་རྩ་བརྒྱད་ལ་སོགས་དབང་དུ་བསྡུས་ཏེ་བསྒྲལ་ནས། དེ་དག་གི་འཁོར་ན་གནས་པའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་རྣམས་ལོངས་སྤྱོད་པའི་ཕྱིར་དབང་ཕྱུག་དང་སླས་སུ་དབང་བསྐུར་བར་བྱས་སྟེ། ཞི་རྒྱས་དབང་དྲག་སོ་སོའི་ལས་རྣམས་སྐལ་བ་བཞིན་བསྐོས་པ་དེ་ཉིད་སྔོན་ཇི་ལྟར་དམ་བཅས་ཤིང་ཁས་བླངས་པ་རྣམས་སྐད་ཅིག་ཀྱང་མ་ཐོགས་པར་མྱུར་བ་ཉིད་དུ་ལས་ཀྱི་འབྲས་བུ་མངོན་པར་ཕྱུང་བར་མཛོད་ཅིག་པའོ། །གཉིས་པ་ནི། དམ་བཅའ་སོགས་རྐང་པ་བཅུ་གཅིག་སྟེ། རང་གི་དམ་བཅས་པ་བཞིན་དུ་ལས་རྣམས་མ་བྱས་ན་སྔོན་རང་རང་གིས་ཇི་ལྟར་དམ་བཅས་ཤིང་མནའ་བོར་བའི་སྡོམ་བཅས་ཀྱི་མཚམས་ལས་འདའ་བར་འགྱུར་ལ། གལ་ཏེ་འདས་ཤིང་ཉམས་པར་གྱུར་ན་ནི་ཁྱེད་ཅག་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱ་ལུས་དུམ་བུ་སྟོང་སྙིང་ཡང་ཚལ་པ་བདུན་དུ་གས་པ་དང་། ལྕེ་ལ་དམ་ཆུ་བཞག་པ་དེ་ཡཀྵ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་དུ་གྱུར་ནས་གཏུབས་པར་གྱུར་རོ། །དེ་བས་ན་རྣལ་འབྱོར་སྔགས་འཆང་བདག་གིས་ཕྲིན་ལས་བཞི་ཇི་ལྟར་བཅོལ་བ་བཞིན་དུ་སྒྲུབ་པར་བྱོས་ཤིག །གལ་ཏེ་བཅོལ་བའི་ལས་དེ་དག་མངོན་སུམ་དུ་འགྲུབ་པར་མ་བྱས་ན་རང་རང་གིས་དཔལ་ཆེན་པོའི་སྤྱན་སྔར་མནའ་བོར་ཞིང་ཁས་བླངས་པའི་དམ་བཅའ་བཞིན་དུ་འཇིག་རྟེན་འདིར་ཡང་ལུས་རུལ་མྱགས་འཚིགས་ནས་ཕྱི་མ་རྡོ་རྗེའི་དམྱལ་བར་འགྲོ་བར་འགྱུར་རོ། །གསུམ་པ་ནི། རྣལ་འབྱོར་སོགས་རྐང་པ་ལྔ་སྟེ། དེ་བས་ན་རྣལ་འབྱོར་པ་དམ་ལ་གནས་པར་གྱུར་པའི་ལས་གང་དང་གང་འདོད་པ་རྣམས་ཡོངས་སུ་རྫོགས་པ་བསྒྲུབ་པར་བྱ་བ་དང་། དེའི་འཁོར་རྣམས་ཀྱང་བུ་གཅིག་ལ་མས་བྱམས་ཤིང་གདུང་བ་བཞིན་དུ་སྐྱོངས་ཤིག་དང་། དེའི་མཐུས་ཁྱེད་ཅག་ཕྲ་མེན་མ་རྣམས་ཡང་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་བ་དེའི་ཕྱིར་རྣལ་འབྱོར་པས་ཇི་ལྟར་བཅོལ་བའི་ལས་རྣམས་མངོན་སུམ་དུ་འགྲུབ་པར་བྱོས་ཤིག་ཅེས་ལྷག་མའི་ལྷ་ཚོགས་རྣམས་ལ་བཀའ་བསྒོའོ། །དེ་ཡང་ཕྲ་མེན་ལ་དོན་རྟགས་དཔེ་གསུམ་ལས། དོན་གྱི་ཕྲ་མེན་དབྱིངས་ལ་ཡེ་ཤེས་ཀྱིས་སྤྲས་པ་ཡིན་ལ། རྟགས་ཀྱི་ཕྲ་མེན་ཁྲོ་བོའི་ལུས་ལ་དུད་འགྲོའི་མགོ་བོ་ཅན། དཔེའི་ཕྲ་མེན་གསེར་ཡོལ་དངུལ་གྱིས་སྤྲས་པ་ལྟ་བུའོ། །འདིར་རྟགས་སམ་ལས་ཀྱི་ཕྲ་མེན་ནོ། །གསུམ་པ་བྲོ་གར་གླུ་ཚིག་གི་ཡོན་ཏན་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། ཁྲོ་བོ་ཞེས་སོགས་ཏེ། ཁྲོ་བོའི་དཀྱིལ་འཁོར་དང་ཚོགས་ཀྱི་སྒྲུབ་པའི་དུས་སུ་ཕྲིན་ལས་བཞིའི་བྱ་ཐབས་ཐམས་ཅད་ཀྱི་གཙོ་བོ་ནི། བྲོ་གར་གླུ་ཚིག་འདི་ཡིན་ཏེ། ཧོམ་དང་རྫས་སོགས་ཀྱི་སྒོ་ནས་ལས་བཞིའི་ཕྲིན་ལས་གང་དང་གང་བགྱིས་ཀྱང་རུང་སྟེ། ལས་ཟིན་རྗེས་འདིས་མཐའ་བསྡུས་ན་ལས་བྱས་པ་གསོར་མི་རུང་བར་འགྱུར་བ་ཡ ིན་ནོ། །གཉིས་པ་ལ་དྲུག་སྟེ། ཁྲག་འཐུང་ཡབ་ཡུམ་གྱིས་ལས་བཞི་ཀ་འགྲུབ་པ། ཕྱོགས་ཀྱི་ཁྲོ་མོས་དབང་རྒྱས། མཚམས་གྱི་ཁྲོ་མོས་ཞི་དྲག །ཕྱོགས་ཀྱི་ཕྲ་མེན་མས་དྲག་པོ། མཚམས་ཀྱི་ཕྲ་མེན་མས་ཀྱང་དྲག་པོ། དབང་ཕྱུག་མས་ཕོ་ཉ་དང་མངག་གཞུག་གི་ལས་ཐམས་ཅད་འགྲུབ་པའོ། །དང་པོ་ནི། ཁྲག་འཐུང་སོགས་ཚིགས་བཅད་གཅིག་སྟེ། ཁྲག་འཐུང་ཆེན་པོ་རིགས་ལྔ་ཡབ་ཡུམ་ལ་སོགས་པར་གསལ་བའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་རྐང་པའི་བྲོ་དང་ལག་པའི་གར་དང་ངག་གི་གླུ་ཚིག་ང་རོ་ཆེན་པོས་ནི་ཞི་རྒྱས་སོགས་ལས་ཐམས་ཅད་དང་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཅི་དང་ཅི་ཐོབ་པར་འདོད་པ་ལྟར་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། མཛོད་ལྡན་སོགས་ཚིགས་བཅད་གཅིག་སྟེ། ག་རཱིའི་སྒྲ་ལས་མཛོད་ལྡན་ཞེས་རྒྱུ་མིང་འབྲས་བུ་ལ་བཏགས་པ་བྲི། རྒྱུ་ཀུན་གཞིའི་རྟོག་པ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་ཕྱིར་མཛོད་ཅེས་བྱའོ། །དེའི་མིང་གིས་དེའི་གནས་སུ་དག་པའི་ལྷ་མོ་ལ་ཡང་མཛོད་ལྡན་ཞེས་བྱའོ། །དེ་ལྟར་མཛོད་ལྡན་ཆེན་མོ་ལ་སོགས་པའི་ཁོངས་ནས་ཙ་རཱི་མ། པྲ་མོ་ཧ། བེ་ཏ་ལཱི་རྣམས་ཏེ་ཕྱོགས་ཀྱི་ཁྲོ་མོ་བཞིར་གསལ་བའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་བྲོ་གར་གླུ་ཚིག་ཆེན་མོས་ནི་འགྲོ་བ་རྣས་དབང་དུ་འདུ་བར་འདོད་ན་དབང་དུ་འདུ་བར་བྱེད་ཅིང་། ཚེ་དང་བསོད་ནམས་སོགས་འཕེལ་ཞིང་རྒྱས་པར་འདོད་ན་ཡང་འཕེལ་ཞིང་རྒྱས་པར་བྱེད་དོ། །གསུམཔ་ནི། སྦོས་མོ་སོགས་ཚིགས་བཅད་གཅིག་སྟེ། པུཀྐ་སཱིའི་སྒྲ་ལས་ཡོན་ཏན་གྱིས་མངོན་པར་མཐོ་བའི་སྦོས་མོ་ཆེན་མོ་ལ་སོགས་པའི་ཁོངས་ནས་གྷསྨ་རཱི། སྨེ་ཤ་ནཱི། ཙཎྜ་ལཱི་རྣམས་ཏེ་མཚམས་ཀྱི་ཁྲོ་མོ་བཞིར་གསལ་བའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་བྲོ་གར་གླུ་ཚིག་ཆེན་མོས་ནི། ཕྱི་ནང་གི་མི་མཐུན་པའི་ཕྱོགས་གདུག་རྩུབ་ཐམས་ཅད་ལྷན་ནེར་ཞི་བར་འདོད་ན་ནི་ཞི་ཞིང་ལྷན་ནེར་བྱེད་ལ། དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་གདུལ་བྱ་དྲན་པ་ཉམས་ཤིང་བློ་རྨུགས་པར་འདོད་ན་ནི་རྨུགས་པར་བྱེད་དོ། །བཞི་པ་ནི། སེང་གདོང་སོགས་ཚིགས་བཅད་གཅིག་སྟེ། ཕྲ་མེན་སེང་གེའི་གདོང་པ་ཅན་སེང་ཧ་མ་ཆེན་མོ་དང་། སོགས་ཁོངས་ནས་བྱ་གྷྲྀ་ལ། སྲི་ལ་མ། ཤྭ་ན་མ་རྣམས་ཏེ་ཕྱོགས་ཀྱི་ཕྲ་མེན་མ་མཆེ་བ་ཅན་བཞི་ཡི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་བྲོ་གར་གླུ་ཚིག་ཆེན་མོས་ནི། དྲག་པོ་སྒྲོལ་བའི་ལས་ཀྱིས་གདུལ་བྱ་གདུག་པ་ཅན་ཐམས་ཅད་ཀུན་གྱི་ཤ་རུས་ཟ་ཞིང་ཁྲག་འཐུང་བར་བྱེད་དོ། །ཤ་ཁྲག་རུས་གསུམ་གྱི་ལྷག་མ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མེད་པར་བརླག་ཅིང་སྟོངས་པར་བྱེད་དོ། །ལྔ་པ་ནི། བཞད་གདོང་སོགས་ཚིགས་བཅད་གཅིག་སྟེ། གྲྀ་ཌྷའི་སྒྲ་ལས་བཞད་གདོང་ཆེན་མོ་དང་། སོགས་ཁོང་ནས་ཀཾ་ཀ་མ། ཁཱ་ཁ་མ། ཧུ་ལུ་མ་སྟེ་མཚམས་ཀྱི་ཕྲ་མེན་གཤོག་པ་ཅན་བཞིར་གསལ་བའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་བྲོ་གར་གླུ་ཚིག་ཆེན་མོས་ནི། དྲག་པོའི་ཕྲིན་ལས་ཀྱིས་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་མཐུ་རྩལ་ཐམས་ཅད་ལྷག་མ་མ་ལུས་པར་འབྱིན་པ་སྟེ་བསྐྲད་པར་བྱེད་ཅིང་། དགྲ་བགེགས་དེ་དག་ཀུན་ལ་ཡོད་པའི་ཕུན་སུམ་ཚོགས་པ་རྣམས་རབ་ཏུ་ཉམས་པར་བྱེད་དོ། །དྲུག་པ་ནི། སླས་དང་སོགས་ཚིགས་བཅད་གཅིག་སྟེ། སླས་དང་བྱི་མོ་བྲན་མོའི་ཚོགས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་གསལ་བའི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་བྲོ་གར་གླུ་ཚིག་ཆེན་མོས་ནི། དགྲ་ལ་རྦད་ཅིང་མངགས་གཞུག་གི་ལས་ལ་གཏོང་བར་བྱ་བ་སྟེ། འགལ་བྱེད་ཐམས་ཅད་བརླག་པར་བྱེད་པ་དང་། མཐུན་པའི་ཕྱོགས་རྣམས་སྒྲུབ་པ་ཕོ་ཉའི་ལས་ཐམས་ཅད་བྱེད་པ་ཡིན་ནོ། །བཞི་པ་ལས་བཞིའི་གནས་གཟུངས་ཐུན་མོང་དུ་བསྟན་པ་ནི། ལྗོན་པ་སོགས་རྐང་པ་གཉིས་ཏེ། ཤིང་ལྗོན་པ་ཅན་ནི་ཞི་བའི་གནས་དང་། ལྕུག་ཕྲན་གྱི་ཚལ་ནི་རྒྱས་པའི་དང་། སྡོང་པོ་གཅིག་ནི་དབང་གི་དང་། མེས་རེག་སྟེ་ནགས་ཚལ་ཚིག་པའི་གནས་སུ་དྲག་པོའི་ལས་ཤིས་པའོ། །ལས་སོ་སོའི་གཟུངས་མ་ཡང་ཤིང་དང་ཆོས་མཚུངས་སྦྱར་ཏེ། ཤིང་ལྗོན་པ་ལ་འཛེར་ཐུག་མེད་པར་དང་ཆོས་མཐུན་པར་ཞི་བའི་གཟུངས་མ་ནི་བྱད་ལུས་ཤིན་ཏུ་མཛེས་ཤིང་རྣལ་འབྱོར་པའི་ཡིད་དུ་འོང་བ་ལ་བྱ་སྟེ། རྡོ་རྗེ་ལས། དཀར་མོ་བོང་ཆུང་སྐད་ཆེ་ལ། །བཞིན་ལུས་གཙུག་ཕུད་གཡས་སུ་འཁྱིལ། །ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་། །གླུ་གར་ལྕི་བས་ཞི་བ་བྱ། །ཞེས་སོ། །ཤིང་ལྕུག་ཕྲན་ཚལ་ལ་ཡལ་འདབ་མང་པོ་ཡོད་པ་དང་ཆོས་མཐུན་པར་བྱས་པའི་གཟུངས་མའང་སྤུན་ཟླ་དང་བུ་ཚ་མང་པོ་ཡོད་པ་ལ་བྱ་སྟེ། དེ་ལས། ཟླ་དང་ཡན་ལག་མང་བ་དང་། །ཕྲ་ཞིང་བཤན་ལ་བཟབས་སུ་རིང་། །བཞིན་ལུས་སེར་ཞིང་གྲུ་བཞིར་གནས། །རྣ་འཕྱང་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་དག་བཟུང་། །ཞེས་སོ། །ཤིང་སྡོང་པོ་གཅིག་པ་ནི་གཅིག་པུར་སྐྱེས་པ་དེ་དང་ཆོས་མཐུན་པར་དབང་གིས་གཟུངས་མ་ནི་སྤུན་ཟླ་དང་བུ་ཚ་མེད་པར་གཅིག་པུར་སྐྱེས་པ་ལ་བྱ་སྟེ། དེ་ལས། བཞིན་མདོག་པད་འདྲ་སོག་ཁ་མ། །སྨིན་དཀྱུས་རིང་ལ་སྟོད་སྨད་ཕྱེད། །ལུས་ལ་ཆུ་ཀླུང་དྲི་ཞིམ་ཞིང་། །བདེ་བ་ལྡན་ཞིང་ཡལ་ག་མེད། །འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །ཞེས་སོ། །ཤིང་མེས་ཚིག་པ་སྟེ་སྨ་ཕབ་པ་དང་ཆོས་མཐུན་པར་དྲག་པོའི་གཟུངས་མའང་ཡུག་ས་མོ་ལ་སོགས་སྨ་ཕབ་པ་སྡུག་བསྔལ་གྱིས་ཉེན་པ་ལ་བྱ་སྟེ། དེ་ལས། ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་བྱིས་པའི་ལུས་ལྡན་ཞིང་། །གཏུམ་ཞིང་བརླང་ཚིག་འཛེམ་བག་མེད། །གཙང་རྨེའི་རྟོག་བྲལ་གསོད་པར་བཤད། །ཅེས་གསུངས་སོ། །ལྔ་པ་དོན་སྟོངས་ཀྱི་སེམས་བསྟན་པ་ནི། དྭངས་པ་སོགས་རྐང་པ་གཉིས་ཏེ། དེ་ལ་དོན་གྱི་སེམས་ནི་ཆོས་ཉིད་ཇི་བཞིན་པ་རྟོགས་པའི་ངང་ནས་བྱ་བ་སྟེ། ཕྲིན་ལས་བཞི་ཆར་ལ་ཁྱབ་བྱེད་དུ་དགོས་པའོ། །དེ་ཡང་སྦྱིན་སྲེག་རྩ་བ་ལས། རང་རིག་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་རང་དབང་སྒྱུར་དག་ཕྱིར། །སྒྲུབ་པའི་གཙོ་བོར་འདི་གསུངས་སོ། །ཞེས་སོ། །སྟོངས་ཀྱི་སེམས་ནི་མཐུན་པའི་གྲོགས་བྱེད་པས་རྐྱེན་གྱི་སེམས་ཞེས་བྱ་སྟེ། ལས་སོ་སོར་ཀུན་ནས་སློང་བའི་བསམ་པའོ། །དེའང་དང་བས་ཞེས་པ་ཞི་བའི་ཚེ་གདུག་སེམས་ཀྱིས་མ་གོས་པའོ། །དགའ་བས་ཞེས་པ་རྒྱས་པའི་ཚེ་རྟོགས་པ་དང་ཡེ་ཤེས་ཚེ་དང་བསོད་ནམས་ལ་སོགས་འཕེལ་བར་འདོད་པས་སོ། །ཆགས་པ་དང་ཞེས་པ་དབང་གི་ཚེ་ཐམས་ཅད་དབང་དུ་འདུས་པར་འདོད་པས་གདུལ་བྱ་ལ་ཆགས་པའོ། །ཁྲོས་པས་ཞེས་པ་དྲག་པོའི་ཚེ་གདུག་པ་ཅན་བརླག་པར་འདོད་པའི་སེམས་སོ། །སེམས་དེ་དག་དང་ལྡན་པས་ཀཱ་ལི་ནི་ཐབས་ཏེ་ཕྲིན་ལས་རྣམ་པ་བཞིའི་ཐབས་མཁས་ཀྱི་མཛད་པ་རབ་ཏུ་བསྒྲུབ་པར་བྱའོ། །གཉིས་པ་ཡོན་ཏན་ནི། ཞེས་བརྗོད་པས་སོགས་ཏེ། དེ་སྐད་ཅེས་བརྗོད་པས་མ་འོངས་པ་དང་འབྱུང་བར་མ་ངེས་པ་སྟེ་དུས་ཕྱི་མ་གཉིས་ཀྱི་དེ་བཞིིན་གཤེགས་པ་ཉིད་དེ། སེམས་ཅན་རྣམས་ལ་འདས་པ་དང་ད་ལྟ་སྟེ་དུས་སྔ་མ་གཉིས་ཀྱི་དེ་བཞིན་གཤེགས་པ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཉིད་ཀྱིས་བརྩེ་བའི་ཐུགས་རྗེས་མཛད་པའི་ཕྲིན་ལས་རྣམ་བཞིའི་སྒོ་ནས་རྒྱུད་དག་པར་སྦྱོང་བར་སྤྱོད་པར་གྱུར་ཏོ། །ཞེས་པའམ། ཡང་ན་སྟོན་པས་དེ་བཞིན་གཤེགས་པ་ཉིད་ཀྱང་ཕྲིན་ལས་བཞིའི་སྒོ་ནས་རྒྱུད་སྦྱོང་བ་ལ་འཁོར་གྱི་དེ་བཞིན་གཤེགས་པ་ཉིད་ཀྱང་ཕྲིན་ལས་བཞིའི་སྒོ་ནས་རྒྱུད་སྦྱོང་བར་གྱུར་ཏོ། །དེའི་ཕྱིར་གདུལ་བྱ་གཞན་དག་ཕྲིན་ལས་ཀྱིས་རྒྱུད་སྦྱོང་དགོས་པ་ལྟ་ཅི་སྨོས་ཞེས་པའི་ཐ་ཚིག་གོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་སུ་ཡོད་པ་ལས། འདིས་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མངོན་དུ་སྣང་བར་བྱེད་པས་བྱིན་གྱིས་རློབས་པ་ཞེས་བྱ་བའི་ལེའུ་སྟེེ་ཉི་ཤུ་པའོ།། ༈ །།ད་ནི་ལེའུ་ཉེར་གཅིག་པ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་ལམ་དང་འབྲས་བུ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གྲོལ་ལམ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་ལམ་དང་འབྲས་བུའི་སྣང་བ་སྟོན། མཚན་ཉིད་གསུམ་ལས་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། འབྲིང་གི་ཆོས་ལྔ་ལས་རྒྱུད་དོན་སྟོན། དེ་ལ་བཅུ་ལས་བསྟོད་པའི་མཆོད་པ་སྟོན། ཞོར་ལ་དཀྱིལ་འཁོར་དང་ཕྲིན་ལས་ཟུར་ཙམ་སྟོན། ཐ་མའི་ཆོས་བཅུ་ལས་མཚོན་པ་དཔེ་དང་། སྤྱི་འགྲོ་གསུམ་གྱིས་སྟོན་ཏོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་སོགས་ཏེ་ཁྲོ་བོའི་དཀྱིལ་འཁོར་རྫོགས་པར་བསྟན་པ་དེ་ནས་རིག་པ་རང་སྣང་གི་དཀྱིལ་འཁོར་ལ་བསྟོད་པའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲག་འཐུང་ང་བརྒྱད་འདུས་པའི་ཚོགས་ཀྱི་དཀྱིལ་འཁོར་གྱི་ཞལ་ཤིན་ཏུ་རྔམས་པའི་མདངས་ཀྱིས་རང་སྣང་གི་འཁོར་ལོར་དགྱེས་པའི་བསྟོད་པའི་གླུ་དྲུག་པོ་འོག་ནས་འབྱུང་བ་འདི་དག་གདུལ་བྱའི་ངོར་བླངས་སོ། །གཉིས་པ་གཞུང་ལ་གསུམ་སྟེ། འབྲས་ཆོས་ལྔ་སོ་སོའི་བསྟོད་པ། རྟེན་བརྟེན་པ་སྤྱིར་བསྟོད་པ། གཞུང་གསུངས་པའི་ཚུལ་ལོ། །དང་པོ་ལ་ལྔ་ལས། དང་པོ་སྐུ་ལ་བསྟོད་པ་ནི། ཧཱུཾ། གཏུམ་ཆེན་སོགས་ཏེ། འགོ་འདྲེན་གྱི་ཧཱུཾ་རྣམས་ནི་ཁྲོ་བོའི་སྣང་གླུ་སྟེ་ཡེ་ཤེས་རྒྱན་གྱི་ཕྱིར་གླུའི་འགོ་དྲངས་པའོ། །རང་བཞིན་འབྲས་བུ་མཐར་ཕྱིན་ཁྲོ་བོའི་དཀྱིལ་འཁོར་དེ་དག་ཀུན་ཀྱང་གཏུམ་པ་གསུམ་དང་ལྡན་པ་སྟེ། རྔམས་པའི་ཚེམས་གཏུམ་པ་མཆེ་བ་གཙིགས་པ། འབར་བའི་སྐུ་གཏུམ་པ་འཇིགས་པའི་ཆ་བྱད་ཅན། ཕྲིན་ལས་དྲག་ཤུལ་མཛད་པའི་ཕྱག་གཏུམ་པ་འཇིགས་པའི་མཚོན་ཆ་སྣ་ཚོགས་བསྣམས་པ། བདུད་དང་གནོད་སྦྱིན་སོགས་ལས་ཁྱད་པར་དུ་གྱུར་པའི་ཕྱིར་ཆེན་པོ་སྟེ། ཁྲོ་བོ་དེ་ལྟ་བུའི་སྐུ་ལ་བཟོད་པ་དཀའ་བའི་མེ་དཔུང་དུས་ཀྱི་ཐ་མ་བསྐལ་བ་འཇིག་པའི་མེ་ཆེན་པོ་ལྷག་ལྷག་འབར་བ་ལྟར་མེ་རི་དང་མེ་དཔུང་རབ་ཏུ་འབར་ཞིང་འཁྲུགས་པའོ། །དེ་ཡང་མུན་པ་སེལ་བའི་འོད་ཟེར་གསལ་བ་དང་། ཐབས་ལ་མཁས་པའི་འོད་ཟེར་མང་བ་དང་། ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས་ཐམས་ཅད་ཁྱབ་པ་སྟེ། དེ་དག་ཀྱང་དཔེར་ན་ཉི་མ་འབུམ་དུས་གཅིག་ཏུ་ཤར་བ་ལྟ་བུའི་གཟི་བརྗིད་ཀྱིས་ཐམས་ཅད་ཟིལ་གྱིས་གནོན་པའོ། །དབང་དུ་སྡུད་པའི་ཁྲོ་གཉེར་དཔྲལ་བར་བསྡུས་པ་དང་། ཟིལ་གྱིས་གནོན་པའི་ཁྲོ་གཉེར་འབྲི་གུ་ཏ་རྩེ་གསུམ་གྱེན་དུ་འགྲེང་བ་དང་། ཐབས་ལ་མཁས་པའི་ཁྲོ་གཉེར་ལུས་སྣ་ཚོགས་སུ་གཡོ་བ་སྟེ། དེ་དག་ཀྱང་དཔེར་ན་གློག་སྟོང་དུས་གཅིག་ལ་འགྱུ་བ་བཞིན་དུ་འཁྱུག་པའོ། །གདུག་པ་ཅན་ཚར་གཅོད་པའི་མཆེ་བ་ནི་ཏཱིཀྵའི་སྒྲ་ལས་ཟངས་ཡག་སྟེ་སྐྱེ་ཤི་རྩད་གཅོད་ཀྱི་མཆེ་བ་དཀར་ལ་གཟེང་རིང་བ་དང་། གདུག་པ་ཅན་ཟ་བྱེད་ཀྱི་མཆེ་བའི་རྩ་བ་དམར་པ་དང་། རྔམ་པའི་མཆེ་བ་རབ་ཏུ་རྣོ་བ་སྟེ། དེ་ལྟ་བུའི་མཆེ་བ་ཟངས་ཡག་འབར་བ་རྣོན་པོར་གཙིགས་པས་མ་རུང་པ་ཐམས་ཅད་ཆེམ་ཆེམ་དུ་ཟ་བར་བྱེད་པའི་འཇིགས་བྱེད་ཆེན་པོའོ། །ཧོཿནི་བསྟོད་པའི་དོན་ལ་མཉེས་པའི་གད་རྒྱང་ངོ་། །གཉིས་པ་གསུང་ལ་བསྟོད་པ་ནི། རྔམ་པའི་སོགས་ཏེ། སྟོང་པ་ཆེན་པོའི་ཞལ་རྔམ་པ། འབར་བ་ཆེན་པོ་ལྗགས་རྔམ་པ། སྒྲོལ་བ་ཆེན་པོའི་ཚེམས་རྔམ་པ། གསུང་རྔམ་པར་སྒྲོག་པའི་ང་རོ། དྲག་པོ་དབྱངས་ཀྱི་ང་རོ། འཇིགས་པའི་ང་རོ་ཨ་ཨ་དང་ཕཊ་ཕཊ་ལ་སོགས་པ་དེ་དག་ཀྱང་དཔེར་ན་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བའི་སྐད་ལྟ་བུར་དྲག་པོའི་དབྱངས་འཇིགས་པར་གྲགས་པའོ། །སྤྱན་འདྲེན་པའི་ཚེ་ལྷ་གཤེགས་པའི་གཏུམ་ཆེན་ཆེ་བ་དང་། རཱུ་ཏྲ་འདུལ་བའི་ཚེ་ཕྲིན་ལས་མཛད་པའི་གཏུམ་ཆེན་དྲག་པོ་དང་། སྤྲུལ་པ་སྤྲོས་པའི་ཚེ་སྤྲུལ་པ་འཁྲུགས་པའི་གཏུམ་ཆེན་མང་བའོ། །དེ་དག་ཀྱང་དཔེར་ན་རི་འབུམ་དུས་གཅིག་བསྙིལ་བའི་སྐད་དང་མཉམ་པ་གདུག་པ་ཅན་ལ་རྔམ་པའི་གད་མོ་ཨ་ལ། གཏུམ་པའི་གད་མོ་ཧ་ལ། དགྱེས་པའི་གད་མོ་ཧ་ཧ་སྟེ་རྡོ་རྗེའི་གད་རྒྱང་ཆེན་པོ་རྒོད་པས་ས་གསུམ་གཡོ་བ། དབུགས་ཀྱི་ཤུགས་ལས་འཁོར་སྡུད་པའི་བཤུགས་པ་སྙན་པ། གདུག་པ་འདུལ་བའི་བཞུགས་པ་དྲག་པོ། བྱིན་འབེབས་པའི་བཤུགས་པ་གདངས་འཚེར་ལ་ཡུན་རིང་བ་སྟེ། སྤྱུགས་པའི་སྒྲ་དེ་དག་གིས་ཤུགས་ལས་འཐོར་རླུང་ཆེན་པོ་འབྱུང་བས་ཁམས་གསུམ་ཐམས་ཅད་གཡེང་བར་བྱེད་པ་ལ་འགྲན་ཟླ་མེད་པའི་ཆེ་བའོ། །ཧོཿནི་སྔར་བཞིན་ནོ། །གསུམ་པ་ཐུགས་ལ་བསྟོད་པ་ནི། ཁྲོ་བོ་ཤེས་རབ་སོགས་ཏེ། ཡེ་ཤེས་ཆེན་པོས་མ་རིག་པའི་ཚོགས་ལ་ངང་ངམ་ཤུགས་ཀྱིས་ཁྲོས་པའི་ཁྲོ་བོ་དེ་ཡང་ཤེས་རབ་ཆེན་པོའི་ཁྲོ་བོ་དང་། ཡེ་ཤེས་ཆེན་པོའི་ཁྲོ་བོ་དང་། ཕྱག་རྒྱ་ཆེན་པོའི་ཁྲོ་བོ་དང་གསུམ་ལས། འདིར་ཁྲོ་བོ་ཉིད་ཤེས་རབ་ཀྱི་ངོ་བོར་གྱུར་པ་ཤེས་རབ་ཆེན་པོའི་ཁྲོ་བོ་སྟེ། དེས་ལྟ་ངན་ཐམས་ཅད་མི་དམིགས་པར་འཇོམས་པར་བྱེད་པའི་ཕྱིར་རོ། །དེ་ཉིད་ཅིས་ཀྱང་མི་སྒྲིབ་པར་གསལ་བས་ན་འོད་པོ་ཆེ་ཞེས་པའོ། །ཤེས་བྱེད་ཐུགས་ཡེ་ཤེས་ལྔའི་དཀྱིལ་འཁོར་གྱིས་ཤེས་བྱ་དཀྱིལ་འཁོར་ཀུན་ཡུལ་དུས་གཅིག་ཏུ་ཡུལ་མེད་རང་གསལ་མ་འགགས་པར་མཁྱེན་ཅིང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་འབར་བའི་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ཀྱང་ཉིད་ལས་མི་གཞན་པར་སྦྱོར་བའི་ཕྱིར་ཀུན་ཏུ་འཇོམས་པའོ། །དེ་ཡང་ཡེ་ཤེས་ལྔ་དང་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་དང་ཡེ་ཤེས་ཆེན་པོ་བཅོ་བརྒྱད་སོགས་རྩིས་ལས་འདས་པས་ན་སྣ་ཚོགས་པའི་རྣམེ་པ་ཐ་དད་དུ་གསལ་བ་ཀུན་ཀྱང་མི་གནས་པའི་ཡེ་ཤེས་ཆེན་པོར་རོ་གཅིག་ཅིང་ངོ་བོ་དབྱར་མེད་པས་ཐིག་ལེ་ཆེ་ཞེས་བྱའོ། །ཧོཿནི་སྔར་བཞིན་ནོ། །དེ་ལ་ཡེ་ཤེས་བཅོ་བརྒྱད་ནི། ཀུན་འདུས་ལེའུ་དང་པོ་ནས། སྟོང་པའི་ཡེ་ཤེས། རྒྱུའི་ཡེ་ཤེས། ཐམས་ཅད་འབྱུང་བའི་ཡེ་ཤེས། ཕྱག་རྒྱའི་ཡེ་ཤེས། ཡི་གེའི་ཡེ་ཤེས། སྤྲུལ་པའི་ཡེ་ཤེས། ཅི་ཡང་མཛད་པའི་ཡེ་ཤེས། མེ་ལོང་ལྟ་བུའི་ཡེ་ཤེས། ནམ་མཁའ་ལྟ་བུའི་ཡེ་ཤེས། སྒྱུ་མ་ལྟ་བུའི་ཡེ་ཤེས། རིན་ཆེན་ལྟ་བུའི་ཡེ་ཤེས། ཉི་མ་ལྟ་བུའི་ཡེ་ཤེས། སྣང་སྟོང་གསལ་བའི་ཡེ་ཤེས། མཉམ་པའི་ཡེ་ཤེས། ནན་ཏན་གྱི་ཡེ་ཤེས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། མི་རྟོག་པའི་ཡེ་ཤེས། ཞེས་གསུངས་ཤིང་། ཡང་ན་སྔགས་ནང་པའི་ཡེ་ཤེས་ལྔ། རང་བྱུང་གི་ཡེ་ཤེས་ལྔ། དེ་བཞིན་ཉིད་ཀྱི་ཡེ་ཤེས། མི་གནས་པའི་ཡེ་ཤེས། ཐམས་ཅད་མཁྱེན་པའི་ཡེ་ཤེས། ཀྲི་ཡོག་གི་ཡེ་ཤེས་ལྔ། རྒྱུ་མཚན་ཉིད་ཀྱི་ཐེག་པའི་ཡེ་ཤེས་བཞི་སྟེ་བཅོ་བརྒྱད་དམ། ཡང་ན་ཡུལ་སྟོང་ཉིད་བཅོ་བརྒྱད་མཁྱེན་པའི་ཡེ་ཤེས་བཅོ་བརྒྱད་ཡིན་ཞེས་གསུངས་སོ། །བཞི་པ་ཡོན་ཏན་ལ་བསྟོད་པ་ནི། ཁྲོ་བོའི་རྒྱལ་པོ་སོགས་ཏེ། གདུག་པ་ཅན་འདུལ་བ་ཁྲོ་བོའི་མཛད་པས་གདུལ་བྱ་ལ་དབང་བསྒྱུར་བའི་རྒྱལ་པོ་སྟེ། ཡོན་ཏན་འབྱུང་བའི་སྤྲིན་ཆེན་པོ་ལས་འཕྲོས་པའི་འདུལ་བྱེད་ཁྲོ་བོའི་དཀྱིལ་འཁོར་སོ་སོའི་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་བསམ་ཡས་གདུལ་བྱ་ཐ་དད་ལ་ཆར་ཆེན་པོ་ལྟར་འབེབས་ཤིང་སྣང་བར་མཛད་པ། ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་དེ་དག་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་དགོས་འདོད་ཟད་མི་ཤེས་པ་འབྱུང་བའི་གཏེར་དུ་གྱུར་པའི་གདུལ་བྱ་སོ་སོའི་རེ་བ་སྐོང་བར་བྱེད་པའོ། །དེ་ལྟར་ཡོན་ཏན་སྣ་ཚོགས་དང་བཅས་ཁྲོས་པའི་ཚུལ་སྟོན་པའི་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཀྱང་ཡེ་ཤེས་ཆེན་པོའི་ཁྲོ་བོར་རོ་གཅིག་པས་ན་ཐིག་ལེ་ཆེ་ཞེས་བྱའོ། །ཧོཿནི་སྔར་ལྟར་རོ། །ལྔ་པ་ཕྲིན་ལས་ལ་བསྟོོད་པ་ནི། བདུད་ཀུན་སོགས་ཏེ། ཉོན་མོངས་པ་ལ་སོགས་པའི་བདུད་བཞི་པོ་མ་ལུས་པ་ཀུན་གྱི་རང་བཞིན་མ་སྤངས་པར་དབང་དུ་བྱེད་པ་ནི་བདག་ཉིད་ཆེན་པོ་རྡོ་རྗེ་ཁྲག་འཐུང་ངོ་། །དེ་ནི་རུ་དྲ་སྡེ་དང་བཅས་པའི་ཕོ་རྣམས་ཀྱི་ཕུང་པོ་བསྒྲལ་ཞིང་ཤེས་པ་གནས་སྤར། མོ་རྣམས་སྦྱོར་ཞིང་བྱིན་གྱིས་བརླབས་པས་ན་བདུད་རུ་དྲ་འཁོར་དང་བཅས་པ་རྣམས་ཀྱིས་ཀྱང་བདུད་ལྟར་སྣང་བ་ཡིན་ཏེ། ཕྱི་རོལ་གཞན་སྣང་དུ་ཕམ་པར་བྱས་པས་ན་བདུད་རྣམས་འཇོམས་པ་ཞེས་བྱའོ། །དེའི་ཕྱིར་འཇིགས་པའི་ཚོགས་བདུད་འཁོར་དང་བཅས་པ་རྣམས་ཀྱང་བསྡིགས་ཤིང་འཇིགས་པར་བྱེད་པ་འཇིགས་བྱེད་ཆེན་པོ་ཁྲག་འཐུང་རོལ་པའི་ལྷ་ཚོགས་ཐམས་ཅད་ཡེ་ཤེས་ཀྱི་མཛད་པ་ཉིད་ལས་མ་གཡོས་པར་རང་སྣང་བའི་ཕྱིར་ཐིག་ལེ་ཆེ་ཞེས་བྱའོ། །ཧོཿནི་སྔར་བཞིན་ནོ། །གཉིས་པ་རྟེན་བརྟེན་པའི་སྤྱིར་བསྟོད་པ་ནི། རྡོ་རྗེ་བྲག་ཆེན་སོགས་ཏེ། ཁྲག་འཐུང་འབར་བ་ཆེན་པོའི་སྐུ་ནི་རྡོ་རྗེའི་བྲག་ཆེན་པོ་ལྟར་འཕོ་འགྱུར་སོགས་མེད་པས་སྲ་བ་པོ་སྟེ་ཆེ་བའི་ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པའོ། །གསུང་དང་ཡོན་ཏན་ནི་རྡོ་རྗེའི་ཆུ་བོ་ལྟ་བུ་སྟེ་གདུལ་བྱའི་ཚོགས་མ་ལུས་པ་སྡུད་པ་དང་ཡེ་ཤེས་ཆེན་པོས་རྒྱུད་བརླན་ཅིང་ཚིམ་པར་མཛད་པའོ། །ཐུགས་ནི་རྡོ་རྗེའི་མེ་སྟེ་ཐུགས་རྗེའི་ཡེ་ཤེས་ཀུན་ཏུ་འབར་བ་ཆེན་པོས་མཚན་མའི་རྟོག་པ་ཐམས་ཅད་བསྲེག་ཅིང་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པའོ། །ཕྲིན་ལས་ནི་རྡོ་རྗེའི་རླུང་སྟེ་གདུལ་བྱ་ཐམས་ཅད་ལ་ཁྱབ་ཅིང་གཡོ་བས་འདུལ་བར་མཛད་ཅིང་ཁྱད་པར་གདུག་པ་ཅན་རྣམས་ཆོས་དབྱིངས་སུ་འཐོར་བར་བྱེད་པའི་རླུང་ཆེན་པོ་སྟེ་བརྟེན་པ་ལ་བསྟོད་པའོ། །ཧོཿནི་མཉེས་པའོ། །རྟེན་གཞལ་ཡས་ཁང་ལ་བསྟོད་པ་ནི། རྡོ་རྗེའི་བྲག་ཆེན་ནི་ཀེང་རུས་ཀྱི་རི་རབ་ཞིང་ཆེན་གྱི་ས་གཞི་སྲ་བ་དང་བཅས་པ། རྡོ་རྗེའི་ཆུ་ནི་རཀྟའི་རྒྱ་མཚོ། རྡོ་རྗེའི་མེ་ནི་ཡེ་ཤེས་ཀྱི་མེ། རྡོ་རྗེའི་རླུང་ནི་འོག་གཞི་རླུང་གི་དཀྱིལ་འཁོར་དང་། ནམ་མཁའ་ནི་ཀུན་གྱི་གོ་འབྱེད་པ་སྟེ། འབྱུང་ལྔ་དག་པ་ཡུམ་ལྔའི་མཁའ་ཀློང་ནི་གཞལ་ཡས་ཁང་གི་རང་བཞིན་ནོ། །ཡང་ན་དོན་གྱི་དབང་དུ་བྱས་ན། གཞི་ཆོས་ཉིད་གང་དུའང་མི་འགྱུར་བ་ནི་རྡོ་རྗེ་བྲག་ཆེན་ཡིན་ཞིང་ཆོས་ཅན་ཇི་སྙེད་པ་རྣམས་ཆོས་ཉིད་ཇི་བཞིན་པར་སྡུད་པ་ནི་ཆུ་ཡིན་ལ། ཤེས་རབ་ཆེན་པོས་མ་རིག་པའི་བུད་ཤིང་སྲེག་པ་ནི་མེ་ཡིན་ཏེ། དེས་སྒྲིབ་པ་ཐམས་ཅད་མི་གནས་པར་འཐོར་བར་བྱེད་པ་ནི་རླུང་དང་སྦྱར་བར་བྱའོ། །གསུམ་པ་གཞུང་གསུངས་པའི་ཚུལ་ནི། ཞེས་ཆེད་དུ་གླུ་བླངས་སོ་ཞེས་པ་སྟེ། ཞེས་ཁྲོ་བོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་བསྟོད་པའི་གླུ་འདི་དག་འཁོར་རྣམས་ཀྱི་ཆེད་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཉིད་ཀྱིས་ཉིད་ལ་བླངས་པའོ། །དེ་ལྟར་བསྟོད་པ་འདི་དག་བུ་ངན་པ་ལ་མས་བསྟོད་པ་ལྟ་བུ་ནི་མ་ཡིན་ཏེ། ཡོན་ཏན་ཡོད་པ་ལ་ཡོད་པ་ལྟར་ཉིད་ཀྱིས་ཉིད་ལ་བསྟོད་པ་ནི་དེ་བཞིན་གཤེགས་པའི་སྣང་བ་ཡིན་ལ། དེའི་རྗེས་སུ་ལམ་པའི་རྣལ་འབྱོར་པས་བསྟོད་པ་ནི་བསྟོད་པའི་མཆོད་པར་ཤེས་པར་བྱའོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་སུ་ཡོད་པ་ལས། འདིས་རང་སྣང་ཁྲོ་བོའི་དཀྱིལ་འཁོར་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། ༈ །།ད་ནི་ལེའུ་ཐ་མ་འཆད་པར་བྱེད་པ་ལ། ཆོས་ཚོམས་ཀྱི་དབང་དུ་བྱས་ན། བློ་རབ་ཀྱི་ཆོས་ཚོམས་གཞི་ལམ་འབྲས་བུ་གསུམ་ལས་གསུམ་ཀ་སྟོན། ལམ་ལ་ཐབས་གྲོལ་གཉིས་ལས་གྲོལ་ལམ་སྟོན། རིམ་ཅིག་ཅར་གཉིས་ལས་རིམ་གྱིས་པ་སྟོན། སྣང་བ་བཞི་ལས་བཞི་ཀ་སྟོན། མཚནཉིད་གསུམ་ལས་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་སྟོན། འབྲིང་གི་ཆོས་ལྔ་ལས་གདམས་གཏད་སྟོན། ཐ་མའི་ཆོས་བཅུ་ལས། རང་བཞིན་ལྟ་བ། བསྣོལ་མཚམས་འཕེན་སྡུད། ཚད་མ་བཀའ་གཞུང་། གཞན་ཡང་སྤྱི་འགྲོ་གསུམ་གྱིས་སྟོན་པར་བྱེད་དོ། །སྤྱི་དོན་བཞི་པ་རྒྱུད་ཀྱི་དགོངས་འགྲེལ་ཡང་གོང་མ་དག་གི་ཁྱབ་བྱེད་ཡིན་པའི་ཕྱིར་ཤུགས་ལས་འབྱུང་བ་ཤེས་པར་བྱའོ། །དེ་ཡང་རྒྱུད་དབུ་ཞབས་ཀྱི་བརྗོད་བྱ་སྣང་བ་བཞི་ཡིན་ལ་དེ་རྗོད་བྱེད་འདིར་ཤོ་ལོ་ཀ་གཉིས་སུ་བསྟན་ལ། དེ་ཡང་རང་བཞིན་གྱི་སྣང་བ་སེམས་ཀྱི་དེ་ཁོ་ན་ཉིད་གཅིག་ཏུ་བསྟན་པའི་ཕྱིར་རྒྱུད་ལེའུ་ཐ་མ་འདིར་རལ་གྲི་ལྟར་རྩ་བ་ནས་བཟུང་སྟེ་བཤད་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་སྟོན་པའི་ལེའུ་འདི་ལ་གསུམ་སྟེ། ལོ་རྒྱུས་དང་། གཞུང་དང་། མཚན་ནོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་སོགས་ཏེ། དེ་ལྟར་ལེའུ་གསུམ་པའི་སྨད་ནས་ལེའུ་ཉི་ཤུ་རྩ་གཅིག་པའི་བར་གྱི་ལེའུ་ཕྱེད་དང་བཅུ་དགུས་རྒྱུད་དོན་རྫོགས་པར་བསྟན་པ་དེ་ནས་རྒྱུད་གདམས་ཤིང་གཏད་པ་སྟོན་ཏེ། དེ་ཡང་གང་གིས་གདམས་ཤིང་གཏད་ན། བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པའི་དགྱེས་པ་ཆེན་པོ་ཀུན་ཏུ་བཟང་པོས་སོ། །གང་ལ་གདམས་ཤིང་གཏད་ན། འཁོར་ཐམས་ཅད་སྟོན་པའི་རང་བཞིན་ཉིད་ལས་མི་གཞན་པ་སྟེ། དེ་ཡང་ལྷན་ཅིག་པའི་འཁོར་དབང་ཡོངས་སུ་རྫོགས་པར་ཐོབ་པ་རྣམས་དེ་བཞིན་གཤེགས་པ་ཉིད་དུ་གྱུར་པ་དང་། གོ་ཕྱེ་བའི་འཁོར་གང་ཟག་ཆོས་ཀྱི་མིག་ཅན་རྣམས་ཀྱང་མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་བ་ལ་དགོངས་ནས་སོ། །གང་གདམས་ཤིང་གཏད་ན། གསང་སྔགས་ཀྱི་མཚོན་བྱ་རང་བཞིན་གྱི་རྒྱུད་གསང་བའི་སྙིང་པོ་ཞེས་བྱ་བ་ཤེས་བྱ་ཐུན་མོང་པའི་ཐེག་པ་རྣམས་ལས་ཁྱད་པར་དུ་གྱུར་པ། དེ་མཚོན་བྱེད་ལམ་རྐྱེན་གྱི་རྒྱུད་ཡི་གེར་བཀོད་པ་ལྟ་སྤྱོད་གཞན་ཐམས་ཅད་ལས་ཁྱད་པར་དུ་གྱུར་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་དོ། དགོས་ཆེད་ཅིའི་ཕྱིར་གདམས་ཤིང་གཏད་ན། རང་བཞིན་གྱི་རྒྱུད་གཞན་དུ་མི་འགྱུར་བར་བྱ་བ་དང་། ལམ་གྱི་རྒྱུད་བརྟན་ཅིང་མི་ནུབ་པར་བཟུང་བའི་ཕྱིར་གདམས་ཤིང་གཏད་པའི་དོན་འོག་ནས་འབྱུང་བ་འདི་དག་འཁོར་རྣམས་ཀྱི་ཆེད་དུ་ཚིག་ཏུ་བརྗོད་པ་དང་འདྲ་བར་གསལ་བ་འདི་སྟོན་པས་བརྗོད་དོ། །གཉིས་པ་གཞུང་ལ་གསུམ་སྟེ། གདམས་པ་དང་། གཏད་པ་དང་། རྒྱུད་རྫོགས་ནས་མཛད་པ་ཆོས་ཉིད་དུ་བཞུགས་ཚུལ་ལོ། །དང་པོ་ལ་བཞི་སྟེ། གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། ལོག་རྟོག་འཁྲུལ་པའི་སྣང་བ་དག་བྱར་གདམས་པ། གདུལ་བྱ་ལམ་གྱི་སྣང་བ་བགྲོད་བྱར་གདམས་པ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པའོ། །དང་པོ་ནི། ཀྱེ་ཀྱེ་ཕྱོགས་བཅུ་སོགས་རྐང་པ་གཉིས་ཏེ། ཀྱེ་ཀྱེ་ཞེས་པ་དང་པོས་ལྷན་ཅིག་པ་དང་། གཉིས་པས་གོ་ཕྱེ་བའི་འཁོར་ལ་བོད་པའམ། ཡང་ན་རང་བཞིན་གྱི་རྒྱུད་གདམས་པ་དང་། མཚོན་བྱེད་ཀྱི་རྒྱུད་གཏད་པ་གཉིས་ཀྱི་ཕྱིར་བོས་ནས། དེ་ཡང་འཁྲུལ་ངོ་ན་ཡོད་པ་ཤར་ལ་སོགས་པའི་ཕྱོགས་བཅུ་དང་འདས་མ་འོངས་ལ་སོགས་དུས་བཞིས་བསྡུས་པ་འཁོར་བའི་རང་བཞིན་འདི་དག་ཆོས་ཅན་ཡིན་ལུགས་ནས་ཡེ་ནས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་ཏེ། རང་བཞིན་ལ་ལྟོས་ཏེ་འཁོར་བའི་ཆོས་སུ་སྣང་ཞིང་ཞེན་པའི་ཚེ་དེ་བཞིན་གཤེག་པའི་ངོ་བོ་ཉིད་ཡིན་པ་ལས་སྐད་ཅིག་ཀྱང་མ་བྲལ་ཞིང་། དེ་དེར་ངེས་པའི་ཚེ་འཁོར་བའི་ཆོས་རྫས་གཞན་དུ་མ་གྲུབ་པའི་ཕྱིར། དཔེར་ན་དུང་ལ་སེར་འཛིན་བཞིན་ནོ། །དེ་མ་གྲུབ་ཅེ་ན། དངོས་པོ་གཉིས་ཆོས་ཅན། རྫས་ཐ་དད་དུ་ཐལ། རང་བཞིན་དབྱེར་མེད་དུ་མ་གྲུབ་སྟེ། གཞན་དང་གཞན་ཡིན་པའི་ཕྱིར། དཔེར་ན་རྟ་གླང་བཞིན་ནོ། །དབྱེར་མེད་མ་ཡིན་པ་ལ་རྫས་ཐ་དད་པས་ཁྱབ་ཅིང་། འདོད་ན་འཁོར་བ་སྤངས་ཀྱང་འདས་པ་མི་འགྲུབ་སྟེ། རྟ་སྤངས་ཀྱང་གླང་པོ་མི་འགྲུབ་པ་བཞིན་ནོ། །གཞན་ཡང་ལམ་དང་ཐེག་པ་རྣམས་ཆོས་ཅན། དོན་མེད་པར་འགྱུར་ཏེ། དངོས་པོ་གཉིས་རང་བཞིན་ཐ་དད་པ་ཡིན་པའི་ཕྱིར། དཔེར་ན་དུང་སོལ་གཉིས་ཐ་དད་པས་སོལ་བ་ལ་བྱི་དོར་བྱས་ཀྱང་དུང་གི་དཀར་པོ་མི་འབྱུང་བ་བཞིན་ནོ། །དེ་ལྟར་ཡང་རྒྱས་པ་ལས། སོ་སོའི་རང་བཞིན་ངེས་ཤེས་ན། །ཡང་དག་ལམ་གྱིས་བཅོས་སུ་མེད། །ཅེས་པ་བཞིན་ནོ། །དེས་ན་དངོས་པོ་གཉིས་ལྡོག་པ་གཅིག་ཏུ་བསྒྲུབ་པ་ཡིན་གྱིས། སྒྲུབ་བྱེད་རང་བཞིན་གྱི་གཏན་ཚིགས་ཀྱིས་བསྒྲུབ་བྱ་དངོས་པོ་གཉིས་ཀྱི་རང་བཞིན་དབྱེར་མེད་དུ་སྒྲུབ་པ་འདི་ཆོས་ཉིད་ཀྱི་རིག་པ་ཡིན་པའི་ཕྱིར། བློ་དེས་དེ་ལྟར་བརྟགས་ན་རྟོགས་སུ་རུང་ལ་བསླབ་པས་འགྲུབ་ཏུ་རུང་བས་གང་ཟག་གང་གིས་དེ་ལྟར་རྟོགས་ཤིག་སྒྲུབས་ཤིག་འབོད་ཅིག་ཅེས་གདམས་པ་ཡིན་ནོ། །གཉིས་པ་ནི། གཟུང་འཛིན་སོགས་རྐང་པ་གཉིས་ཏེ། དེ་ཡང་གཉིས་མེད་ལས་ལོག་ཅིང་གཉིས་སུ་རྟོག་པས་ན་ལོག་རྟོག །དེ་མ་ཡིན་པ་ལ་དེར་བཟུང་བས་འཁྲུལ་པ་ལས་དང་ལོག་རྟོག་གི་བློར་སྣང་བའོ། །འོ་ན་ཆོས་ཐམས་ཅད་རང་བཞིན་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་མ་ཡིན་ནམ་ཞེ་ན། རང་བཞིན་དེ་ལྟར་ཡིན་མོད་ཀྱི། དེ་ལྟར་མ་རྟོགས་ཏེ་མ་རིག་པའི་བདག་གཉིས་ལས་བྱུང་བ་ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་ཀྱིས་སྤྲོས་པ་ལ་ཞེན་པས་ན་བློ་མངོན་པར་འཆེལ་ཞིང་གོམས་པའི་མཐུས་རང་གི་རྣམ་རྟོག་ཞགས་པ་དང་འདྲ་བས་ཁམས་གསུམ་ན་རིགས་དྲུག་གི་གནས་སོ་སོར་འཛིན་ཅིང་། ལས་དང་ཉོན་མོངས་པའི་དབང་གིས་སྡུག་བསྔལ་བར་གྱུར་པས་ན་དེ་ལས་གྲོལ་བར་གདམས་པའམ། ཐམས་ཅད་ཡེ་ནས་སངས་རྒྱས་པའི་བདག་ཉིད་ངོ་མ་ཤེས་པ་དག་བཏགས་པའི་ཞེན་པ་ལས་གྲོལ་བའི་ཕྱིར་ལམ་གྱི་རྒྱུད་རྣམས་གསུངས་སོ། །གསུམ་པ་ནི། ས་རྣམས་སོགས་རྐང་པ་གཉིས་ཏེ། ཐུན་མོང་གི་སེམས་ལྔ་སྐྱེས་སམ་སྐྱེར་རུང་གཅིག་གདུལ་བྱར་འཇུག་ཅིང་བགྲོད་པར་བྱེད་པས་ན་ལམ་བསྟན་པ་བློ་དང་འཚམས་པར་སྣང་བའོ། །འཁྲུལ་སྣང་དེ་ལས་གྲོལ་བར་བྱ་བའི་ཕྱིར་ལམ་གྱི་རྒྱུད་རྣམས་གསུངས་ལ། འོ་ན་ཉེ་ལམ་གསང་བའི་སྙིང་པོ་གཅིག་པུས་ཆོག་མོད། ཐུན་མོང་གི་ལམ་དུ་མ་གསུངས་པ་ལ་དགོས་པ་མེད་དམ་སྙམ་ན་དེའི་དོགས་པ་བསལ་བའི་ཕྱིར་དབང་པོའི་རིམ་པས་ཐེག་པ་སོ་སོའི་ས་དང་ལམ་གྱི་རིམ་པ་རྣམས་ཀྱང་ཁྱད་པར་མ་འདྲེས་པར་བཀོད་པ་མཚན་ཉིད་སྡེ་གསུམ་དང་ཕྱི་རྒྱུད་སྡེ་གསུམ་གྱི་ཐེག་པ་ཡང་རང་བཞིན་གསང་བའི་སྙིང་པོ་འདིར་འགྲོ་བའི་ལམ་སྟེགས་ཡིན་པས་ན་བགྲོད་པ་གཅིག་པའི་ལམ་མཐར་ཐུག་འདི་ཉིད་ཉམས་སུ་བླང་བར་གདམས་པའོ། །བཞི་པ་ནི། ཡེ་ཤེས་སོགས་རྐང་པ་གཉིས་ཏེ། གང་ཞིག་སྨིན་པ་ཞིག་འབྲས་བུ་དེ་བཞིན་ཉིད་དུ་ནར་སོན་པ་ཞིག་བདེ་གཤེགས་རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའོ། །དེ་ལྟར་ལམ་མཐར་ཕྱིན་པས་སྤངས་པ་དང་རྟོགས་པའི་ཡེ་ཤེས་ངོ་མཚར་བ་བརྙེས་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་རབ་འབྱམས་མངའ་བ་ཉིད་ཀྱིས་ཕྲིན་ལས་གསུང་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པར་སྣང་བའང་གདུལ་བྱའི་དོན་དུ་མི་འགྱུར་བ་ནི་གང་ཅུང་ཟད་ཅིག་ཀྱང་དུས་དང་རྣམ་པ་ཐམས་ཅད་དུ་ཡོངས་སུ་མ་གསུངས་ཏེ་གསུང་བར་མི་མཛད་པས་ན་དེ་ཉིད་ཐོབ་བྱར་གདམས་པའོ། །མདོར་ན་སྣང་བ་བཞི་ཡང་གཞི་ལམ་འབྲས་བུའི་རྒྱུད་གསུམ་དུ་འདུས་ལ། དེ་གསུམ་ཡང་རང་བཞིན་གྱི་རྒྱུད་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་ནས་སངས་རྒྱས་པ་ལས་མི་འགྱུར་བར་གདམས་པའོ། །གཉིས་པ་གཏད་པ་ལ་གསུམ་སྟེ། ལྷན་ཅིག་པའི་འཁོར་སྡུད་པ་པོ་དང་། གོ་ཕྱེ་བའི་འཁོར་ཕྱི་རབས་ཀྱི་གང་ཟག་དང་། མ་མོ་དང་མཁའ་འགྲོ་རྣམས་ལ་གཏད་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ལ། །ཞེས་སོགས་རྐང་པ་ལྔ་སྟེ། ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་དགོངས་པ་གསང་བའི་སྙིང་པོ་འདི་ལས་ལྷག་པའི་དོན་གཞན་ཅུང་ཟད་ཀྱང་མི་མངའ་བས་འདིའི་བརྗོད་བྱ་ནི་ཟབ་པའི་ཕྱིར་ཡོད་པར་སྒྲོ་འདོགས་དང་། མེད་པར་སྐུར་འདེབས་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་ཉེ་བར་ཞི་བ་སྟེ། ཤེར་ཕྱིན་མངོན་རྟོགས་རྒྱན་ལས། ཟབ་པ་ཉིད་དེ་སྒྲོ་འདོགས་དང་། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། །ཅེས་སོ། །དེ་རྗོད་བྱེད་ལམ་རྐྱེན་ཡི་གེའི་རྒྱུད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་འདི་ཉིད་ཀྱང་སྒྲོ་སྐུར་ཐམས་ཅད་དང་བྲལ་བའོ། །དེས་ན་སྟོན་པའི་བདག་ཉིད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ངེས་པའི་དབྱིངས་རུམ་ནས་མངོན་དུ་ཕྱུང་བའི་རྒྱུད་འདིའི་བཀའ་བསྡུ་བ་ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་གྱིས་ཤིག་ཅེས་གཏད་ནས་རྒྱལ་ཚབ་ཏུ་དབང་བསྐུར་བའོ། །གཉིས་པ་ལ་གཉིས་ཏེ། གང་ཟག་ཆོས་མིག་ཅན་ལ་གཏད་པ་དང་། ངེས་པར་ལུང་བསྟན་པའི་སྒོ་ནས་གཏད་པའི་འཐད་པ་དང་བཅས་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཞེས་སོགས་ཚིགས་བཅད་གཅིག་སྟེ། རྒྱུད་འདི་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོའི་གསུང་གི་ཕྱག་རྒྱ་སྟེ། ལམ་རྐྱེན་ཡི་གེའི་རྒྱུད་འདིས་རང་བཞིན་གྱི་རྒྱུད་དོན་མཚོན་པ་ལས་མི་འདའ་བ་དང་། འདི་རྒྱལ་བའི་དགོངས་པའི་ངོ་བོ་ཉིད་ལས་ཀྱང་མི་འདའ་བ་དང་། འདས་པའི་སངས་རྒྱས་ཐམས་ཅད་ཀྱང་ལམ་རྐྱེན་ཡི་གེའི་རྒྱུད་འདི་ལས་མ་འདས་ཤིང་། ད་ལྟ་བ་རྣམས་ཀྱང་མི་འདའ། མ་འོངས་པ་རྣམས་ཀྱང་འདའ་བར་མི་འགྱུར་བའི་ཕྱིར། དེས་ན་གསང་ཆེན་སྙིང་པོ་ལམ་རྐྱེན་ཡི་གེའི་རྒྱུད་འདི་ཚིག་དོན་ཕྱིན་ཅི་མ་ལོག་པར་རྟོགས་ནས་མི་ནུབ་པར་བྱ་བའི་ཕྱིར་སྣོད་ལྡན་གྱི་གདུལ་བྱ་རྣམས་ལ་བློ་དང་འཚམས་པར་སྨྲ་བར་གང་བྱེད་པ་དེ་ཉིད་ནི་ཀུན་ཏུ་བཟང་པོ་ང་དང་ཁྱད་པར་མེད་པ་ཡིན་ཏེ། ཕན་ནུས་ཟབ་མོའི་དབང་ཡང་མ་བསྐུར་བར་ཡོངས་སུ་རྫོགས་པའི་ནུས་པ་ཆེན་པོ་དང་ལྡན་པས་ན་རིག་པ་རྩལ་གྱི་དབང་ཐོབ་པའི་ཕྱིར། དེ་ལ་རྒྱུད་འདི་ཟུང་ལ་མི་ནུབ་པར་གྱིས་ཤིག་ཅེས་པའོ། །གཉིས་པ་ནི། དེ་ནི་སོགས་རྐང་པ་གསུམ་སྟེ། དེ་ལྟར་རྒྱུད་འདི་འཛིན་ཅིང་སྟོན་པའི་གང་ཟག་དེ་ནི་ས་ལ་གནས་པའི་བྱང་ཆུབ་སེམས་དཔར་ངེས་པར་ལུང་བསྟན་པ་ཡིན་ཏེ། དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་སྲས་ཞེས་བྱའོ། །དེ་ནི་དཔལ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་རྟོགས་པ་ལས་སྐྱེས་པ་ཡིན་པས་ན་རྒྱུའི་ས་ལས་མཆོག་ཏུ་གྱུར་པས་ས་རབ་རིག་པ་འཛིན་པ་གསང་སྔགས་ཀྱི་ས་ལ་གནས་པ་ཡིན་ཏེ། ཇི་སྐད་དུ། སྔགས་ཀྱི་རྟོགས་པས་མི་གཏོང་བས། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང་། །ས་སྦྱོང་སེམས་དཔས་བསྐྱོད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །རིག་པའི་སྐྱེས་བུར་ལུང་བསྟན་པའོ། །ཞེས་སོ། །དེ་བས་ན་འདིའི་དོན་ཇི་ལྟར་རྟོགས་པར་གྱིས་ལ་མི་ནུབ་པར་བྱ་བའི་ཕྱིར་སྣོད་ལྡན་རྣམས་ལ་སྒྲོགས་ཤིག་པར་གཏད་པའོ། །གསུམ་པ་ནི། སྣོད་དང་ལྡན་པ་ལ་འཕྲད་པར་བྱེད་ཅིང་སྣོད་མིན་ལ་མི་འཕྲད་པར་བྱ་བའི་ཕྱིར་བཀའི་སྲུང་མ་མཁའ་འགྲོ་མ་ལ་གཏད་པས་བསྟན་པ་འདི་ཡོངས་སུ་མི་ནུབ་པར་བསྟན་ཅིང་བཀའ་བྱིན་ཆེ་བའི་དགོས་པ་ཡོད་དེ། རྒྱས་པ་ལས། ཚངས་པ་དང་ནི་བརྒྱ་བྱིན་དང་། །འཇིག་རྟེན་སྐྱོང་བ་རྣམས་དང་ནི། །དབང་ཕྱུག་ཆེན་པོ་ལ་སོགས་དང་། །དེད་དཔོན་འཕྲོག་མའི་བུ་རྣམས་དང་། །ལུས་དང་བ་གླང་སྤྱོད་པ་དང་། །སྒྲ་མི་སྙན་དང་འཛམ་གླིང་དུ། །ང་ཡི་ཐུགས་ཀྱི་སྙིང་པོ་འདི། །ཕྱོགས་བཅུ་ཀུན་ཏུ་འཕེལ་བ་དང་། །དེ་ཡི་གཟུངས་ལ་གཏད་པ་ནི། །ཡིད་བཞིན་མཛོད་འབྱོར་བཀའ་ཡི་གནས། །བསྟན་པ་འཛིན་པར་ནུས་པ་ལ། །གསང་བའི་སྙིང་པོ་མཆོག་ཏུ་གཏད། །ཅེས་གསུངས་སོ། །གསུམ་པ་མཛད་པ་ཆོས་ཉིད་དུ་བཞུགས་ཚུལ་ནི། ཞེས་བརྗོད་པས་སོགས་ཏེ། རྒྱུད་དོན་དེ་སྐད་ཅེས་པས་སྟོན་འཁོར་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཉིད་བདེ་བ་ཆེན་པོར་རོ་གཅིག་པས་ན་དགོངས་པ་ཟབ་མོ་དབྱེར་མེད་པར་གྱུར་ཅིང་། རྒྱུད་ཀྱི་མཛད་པ་རྫོགས་པས་ཐུགས་རབ་ཏུ་དགྱེས་ནས་ཕྱོགས་བཅུ་དང་དུས་བཞི་ཐ་དད་དུ་མི་དམིགས་པ་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་སུ་རྣམ་པར་དག་པའི་ཞིང་ཁམས་སྣང་ཞིང་བཀོད་པ་ཐམས་ཅད་སྟོན་པ་ཀུན་ཏུ་བཟང་པོ་ཉིད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་འཕོ་འགྱུར་མེད་པར་བཞུགས་སོ། །གསུམ་པ་མཚན་ནི། གསང་བའི་སོགས་ཏེ། རྒྱུད་འདི་ལ་ལེའུ་ཉེར་གཉིས་སུ་ཡོད་པ་ལས། འདིས་མཛད་པ་ཐམས་ཅད་ཡོངས་སུ་རྫོགས་པ་སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་ལ་མཉེས་པ་དང་། རྒྱུད་བརྟན་ཅིང་མི་ནུབ་པར་བྱ་བའི་ཕྱིར་ཡོངས་སུ་བཟུང་བ་སྟེ། རྒྱུད་གདམས་པ་དང་གཏད་པ་སྟོན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། ༈ །།གསུམ་པ་མཇུག་གི་དོན་རྒྱུད་རྫོགས་པའི་བྱ་བ་བསྟན་པ་ནི། འཕགས་པ་ཞེས་སོགས་ཏེ། བརྗོད་བྱ་གཞི་ལམ་འབྲས་གསུམ་དབྱེར་མེད་པའི་རང་བཞིན་ལྷག་པ་བདེན་པ་དབྱེར་མེད་ཀྱི་དོན་ཡེ་ནས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པར་སྟོན་པས་ན་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར། དེ་རྗོད་བྱེད་ཡི་གེའི་རྒྱུད་འདི་ལའང་འཕགས་པ་ཞེས་བཏགས་སོ། །རྟོགས་པའི་རྒྱལ་པོ་ནི་སྤར་ཁབ་ལས། ངོ་བོ་ཉིད་དང་འཁྲུལ་པ་དང་ལོག་པ་དང་རྣམ་པ་དང་ཡང་དག་པའི་རྟོག་པ་ལ་སོགས་པ་ལས་ཞེས་པས། ངོ་བོ་ཉིད་ཀྱི་རྟོག་པ་ཆོས་ཉིད་དུ་ཞེན་པ་དང་། འཁྲུལ་པའི་རྟོག་པ་སོ་སོའི་སྐྱེ་བོ་ལ་ཞེན་པ་དང་། ལོག་པའི་རྟོག་པ་མུ་སྟེགས་པས་བཏགས་པ་དང་། རྣམ་པའི་རྟོག་པ་ཡུལ་གྱི་རྣམ་པ་དང་། ཡང་ན་ངོ་བོ་ཉིད་ཀྱི་རྟོག་པ་རྒྱུ་ལྷན་སྐྱེས་ཀྱི་མ་རིག་པ། འཁྲུལ་པའི་རྟོག་པ་རྐྱེན་ཀུན་བཏགས་ཀྱི་མ་རིག་པ། ལོག་པའི་རྟོག་པ་སྨིག་རྒྱུ་ལ་ཆུར་འཛིན་པ། རྣམ་པའི་རྟོག་པ་ཡིད་འདས་མ་འོངས་ཀྱི་རེས་སུ་འཇུག་པ། ཡང་དག་པའི་རྟོག་པ་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་དང་ལྔ་ལས། འདི་དག་ནི་ཡང་དག་པའི་དོན་བློ་ལ་ངེས་པར་བྱེད་པའི་ཕྱིར་ཡང་དག་པའི་རྟོག་པ་སྟེ་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་ཐབས་ཀྱི་རྒྱུད་ཐམས་ཅད་ལ་གྲགས་ཤིང་། དེ་ཐམས་ཅད་ལས་ཀྱང་རྒྱུད་འདི་མཆོག་ཏུ་གྱུར་པས་ན་རྒྱལ་པོའོ། །འདི་ལ་ཟུར་ཐམས་ཅད་མཁྱེན་པ་བྱམས་པ་སེང་གེས། རྟོག་པའི་རྒྱལ་པོ་ཞེས་པས་ཆོ་གའི་རྣམ་གྲངས་ཞིབ་མོ་རྒྱས་པར་སྟོན་པས་ན་རྟོག་པའི་རྒྱལ་པོ་སྟེ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་མཚན་གྱི་རྣམ་གྲངས་སུ་བཞེད་དོ། །དེ་ལྟ་བུའི་རྒྱུད་མཆོག་འདི་ནི་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལེའུ་སྟོང་ཕྲག་བརྒྱ་པ་སྟེ་འབུམ་ཕྲག་གཅིག་བཞུགས་པ་ལས་ཁོལ་དུ་ཕྱུངས་པ་རྩ་བའི་རྒྱུད་བསྡུས་པའི་སྙིང་པོར་འདུག་པས་ན་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །མཚན་ཉིད་སྡེ་གསུམ་དང་ཕྱི་རྒྱུད་སྡེ་གསུམ་རྣམས་ཀྱི་དོན་དང་འབྲས་བུ་ཐམས་ཅད་འདིར་འདུས་ཤིང་འདིས་གཏན་ལ་འབེབས་པར་བྱེད་པས་ན་ལུང་གི་སྤྱིའི་འགྲེལ་པ་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་དམ་པའི་མཐར་ཐུག་འདི་ལས་མི་འདའ་བས་ན་དགོངས་པ་ཐམས་ཅད་ཀྱི་ཞེ་ཕུགས་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །ངེས་འབྱུང་གི་ཐེག་པ་བཞིའི་མཐར་ཐུག་གི་བསྒྲུབ་བྱ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་མ་འདས་པས་ན་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །རྒྱུད་འདི་ཉིད་ཀྱ ི་བྱིན་རླབས་ལས་བསྟན་པ་དང་ཐེག་པ་རིམ་པ་དགུ་པོ་ཐམས་ཅད་ལྷག་མ་མ་ལུས་པར་འཕྲོས་པ་སྟེ། དེ་ལས་གཞན་པའི་ཆོས་མེད་པས་ན་བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །ཡོངས་སུ་ཤེས་པར་བྱ་བ་གསུང་གི་བསྟན་པ་རྣམས་ནི་བསྐོར་བ་དང་འཁོར་བ་དང་གཅོད་པའི་ཕྱིར་འཁོར་ལོ་སྟེ། དེ་ཡང་རྒྱུད་འདིའི་བྱིན་རླབས་ལས་ཆོས་ཀྱི་འཁོར་ལོ་གསུམ་གྱིས་རིམ་བཞིན་ཉོན་མོངས་པ་དང་སྲིད་པའི་ཟག་པ་གཉིས་ཀྱི་དྲྭ་བ་དང་། ལྟ་བ་དང་མ་རིག་པའི་ཟག་པ་གཉིས་ཀྱི་དྲྭ་བ་མ་ལུས་པ་གཅོད་པར་བྱེད་པས་ན། སྔར་འདས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་ཡིན་པའི་ཕྱིར་ངེས་པར་ཆེ་ལ། མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་ཡང་ཡིན་པའི་ཕྱིར་ངེས་པར་ཆེ་བའོ། །བསྟན་དང་ཐེག་པ་མང་པོར་སྤྲོས་པ་དེ་དག་གི་མཐར་ཐུག་གི་འབྲས་བུ་ནི་འདིར་འདུས་པ་སྟེ། ཐེག་པ་འོག་མའི་འབྲས་བུ་རྣམས་ཀྱང་ཐེག་པ་འདིའི་འབྲས་བུར་བགྲོད་དགོས་པའི་ཕྱིར་ན་འབྲས་བུ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་ཕྱིར་ངེས་པར་ཆེ་བའོ། །མདོར་ན་ཆེ་བའི་ཡོན་ཏན་བརྒྱད་དང་ལྡན་པའི་རྩ་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཅན་གྱི་ཚིག་དང་དོན་རྣམས་ལྷག་མ་མ་ལུས་པར་རྫོགས་སོ་ཞེས་པ་ནི་གཏན་ལ་ཕབ་ཟིན་པའི་དོན་དང་། ཨཐྎཞེས་པ་ནི་ཤིན་ཏུ་ཟབ་པའི་དོན་ནོ། །གསུམ་པ་འགྱུར་བྱང་ནི། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་དང་། རྨ་ཨཱ་ཙརྻ་རིན་ཆེན་མཆོག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པ་ནི་མངའ་བདག་རལ་པ་ཅན་གྱི་དུས་སུ་རྨས་བསྒྱུར་ཞེས་རྒྱལ་བ་གཡུང་རིན་པོ་ཆེས་བཞེད་ཀྱང་། ཀུན་མཁྱེན་རིན་པོ་ཆེའི་དགོངས་པ་ལྟར་རྨ་གཉགས་ཐུན་མོང་གིས་མངའ་བདག་ཁྲི་སྲོང་གི་དུས་སུ་པཎ་ཆེན་དྲི་མེད་བཤེས་གཉེན་གྱི་མདུན་ནས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ནས་འཆད་ཉན་གྱིས་གཏན་ལ་ཕབ་པའོ་ཞེས་གསུངས་སོ། །སྤྱིར་རྩ་རྒྱུད་འདི་ལ་བོད་དུ་ལོ་པཎ་བསྡེབས་པའི་གཞི་འགྱུར་གསུམ་དང་། པཎྜི་ཏ་མེད་པའི་རྩལ་འགྱུར་གཉིས་ཏེ་འགྱུར་ལྔ་བྱུང་བར་གྲགས་པ་ལས། གཞི་འགྱུར་གསུམ་ནི། སློབ་དཔོན་སངས་རྒྱས་གསང་བ་དང་བཻ་རོ་ཙ་ནའི་སྔ་འགྱུར། སློབ་དཔོན་པདྨ་འབྱུང་གནས་དང་གཉགས་ཛྙཱ་ནའི་བར་འགྱུར། བི་མ་ལ་དང་རྨ་གཉགས་ཐུན་མོང་གི་ཕྱི་འགྱུར་དང་གསུམ་ལས། འདི་ནི་ཕྱི་མ་སྟེ་འཕྱོང་ཅན་ཡིན་ལ། སྔ་མ་གཉིས་ལ་འཕྱོང་མེད་པར་གྲགས་སོ། །རྩལ་འགྱུར་གཉིས་ནི། བསྟན་པ་ཕྱི་དར་གྱི་ཚེ་ཡོངས་རྫོགས་བསྟན་པའི་མངའ་བདག་ཐར་ལོ་ཉི་མ་རྒྱལ་མཚན་གྱི་འགྱུར་དང་། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་འགྱུར་བཅོས་མཛད་པ་གཉིས་སུ་གྲགས་སོ།། ༈ །།འདིར་སྨྲས་པ། དུས་གསུམ་རྒྱལ་བའི་གསུང་རབ་མ་ལུས་པའི། །སྙིང་པོར་གྱུར་པ་སྒྱུ་འཕྲུལ་རྩ་བའི་རྒྱུད། །འདོད་རྒུ་འཇོ་བ་ཡིད་བཞིན་དབང་གི་རྒྱལ། །བཤད་སྲོལ་མི་ནུབ་རྒྱལ་མཚན་རྩེ་མོར་བཀོད། །དེ་ཉིད་འཛིན་མཛད་གཞན་ལས་ཟླ་བྲལ་བ། །སོ་ཟུར་གནུབས་གསུམ་རོང་ཀློང་སྒྲོལ་གཡུང་དང་། །ཀཿཐོག་ཡབ་སྲས་གཏེར་ཆེན་སྐུ་མཆེད་བཅས། །བཀའ་དྲིན་དྲན་ན་ནམ་ཡང་གཞལ་མཐའ་བྲལ། །དེ་རྣམས་ཐུགས་བཅུད་བདུད་རྩིའི་རྒྱུན་མཆོག་ཉིད། །མཚུངས་མེད་ཡོངས་འཛིན་ཐུགས་མཚོར་འཁྱིལ་བ་ལས། །ཐིག་པ་ཙམ་ཞིག་སྒྲ་འཛིན་དུ་སོན་པ། །བརྗེད་པར་ཕང་ནས་ཡི་གེའི་ལམ་ལ་བཀོད། །བདག་འདྲ་མཐའ་ཁོབ་ཡུལ་སྐྱེས་འབྱོར་པ་ཆུང་། །ཤེས་རབ་མིག་ལྡོང་བརྩོན་འགྲུས་གོ་ཆ་བྲལ། །དཔེ་རྒྱུན་དཀོན་ལ་ཕན་ཕྱིར་འགྲེལ་བཤད་དག །ཐོར་བུ་གཞུང་གཅིག་བསྡུས་འདིར་ཉེས་མེད་སྙམ། །དེ་ལྟ་ནའང་བྱིས་བློའི་དབང་གྱུར་ཕྱིར། །གསང་ཆེན་ཟབ་མོའི་ཚིག་དོན་རྟོགས་དཀའ་བས། །འགལ་ཟློས་མི་འབྲེལ་ལ་སོགས་ནོངས་པ་ཀུན། །འཕགས་དང་མཁས་པའི་ཚོགས་ཀྱིས་བཟོད་པར་མཛོད། །ཀྱེ་མ་སྙིགས་མའི་དུས་འདིར་ཡིད་རེ་སྐྱོ། །རྒྱུད་སྡེ་གསུང་རབ་རྒྱ་ཆེའི་འཆད་སྤེལ་ལས། །སྲན་བྲེ་གང་གིས་ཡིད་རབ་མགུ་བའི་དུས། །བདག་འདྲ་སོས་དལ་གནས་ན་ཅི་མི་ལེགས། །གཞུང་ཆེན་ཚོགས་རྣམས་དཔེ་ཁྲིར་ངལ་གསོས་ནས། །རྩ་འགྲེལ་ཉུང་ངུའི་གནད་ཙམ་བཀྲོལ་བ་ལ། །སྔོན་མེད་མཁས་པའི་ཁྱད་ཆོས་རློམ་པའི་ཚེ། །ཚིག་ཉོབ་དཔེ་བམ་སྤེལ་ཀྱང་ངལ་བའི་རྒྱུ། །འོན་ཀྱང་དམ་པའི་གསུང་གིས་བསྐུལ་བ་དང་། །རང་དང་སྐལ་མཉམ་འགའ་ལའང་སྨན་མཐོང་ནས། །བླ་མའི་མན་ངག་ཁོ་ནར་ཡོངས་བརྟེན་ཏེ། །དད་དང་མོས་པས་བརྗོད་ལ་སྐྱོན་ཡོད་མིན། །འདིར་འབད་བསོད་ནམས་གང་ཞིག་ཐོབ་པ་དེ། །མཁའ་དང་མཉམ་པའི་ཡིད་ཅན་མ་ལུས་ཀུན། །གསང་ཆེན་ལམ་གྱི་བགྲོད་པ་མཐར་ཕྱིན་ནས། །རང་བྱུང་ཡེ་ཤེས་ཀུན་ཏུ་བཟང་པོར་ཤོག །བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། །དམ་པའི་རྗེས་བཟུང་རྣམ་དག་གཞུང་འདི་ལ། །ཐོས་དང་བསམ་པའི་བྱ་བ་ལྷུར་བླངས་ཏེ། །བཤད་སྒྲུབ་ཕྲིན་ལས་རྒྱལ་མཚན་འཛིན་པར་ཤོག །བསོད་ནམས་ཞིང་གྱུར་རིག་གྲོལ་གཉིས་ལྡན་སྡེ། །སྤྱི་དང་ཁྱད་པར་སྔ་འགྱུར་ཆོས་གྲྭ་ཀུན། །འདུས་པའི་ཚོགས་ཀྱང་དབྱར་མཚོ་ལྟར་འཕེལ་ཞིང་། །རིམ་གཉིས་བསྟན་པའི་སྲོག་ཤིང་བརྟན་གྱུར་ཅིག །དེ་ལྟར་དཔལ་གསང་བའི་སྙིང་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱིི་འགྲེལ་པ་ཟབ་དོན་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་འདི་ནི། སྐྱབས་རྗེ་འཁོར་ལོའི་མགོན་པོ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་སྐུ་གསུམ་གླིང་པའི་གསང་བ་གསུམ་གྱི་རྣམ་འཕྲུལ་སྔ་འགྱུར་བསྟན་འཛིན་ཀུན་གྱི་གཙུག་རྒྱན་གཞུང་ལུགས་རབ་འབྱམས་ལ་མཁྱེན་པའི་སྤོབས་པའི་སྤོབས་པ་མཆོག་ཏུ་རྒྱས་པ་སྨིན་གླིང་མཁན་རིན་པོ་ཆེ་ངག་དབང་མཁྱེན་བརྩེའི་ནོར་བུ་དང་། གཅུང་ངག་དབང་ཆོས་ཀྱི་གྲགས་པ་སྐུ་མཆེད་ཟུང་ནས་དཔལ་གསང་བདག་དགོངས་རྒྱན་གྱི་ཚིག་དོན་སོར་བཞག་ལ་བོད་སྔ་རབས་ཀྱི་འགྲེལ་པས་ཟུར་བརྒྱན་པ་ཞིག་གསར་སྤྲོས་བྱས་ན། སྒྱུ་འཕྲུལ་མཁན་པོ་གསར་བའི་གོ་ས་འཛིན་པ་རྣམས་ལ་ཡིད་ཀྱི་བདུད་རྩིར་འགྱུར་ཞེས་ཡང་ཡང་བཀས་བསྐུལ་པ་ལྡོག་ཏུ་མ་བཟོད་ཅིང་། མཁྱེན་དཔྱོད་ཡངས་པ་མདོ་སྔགས་དགེ་ལེགས་སོགས་ཀྱིས་འབྲི་གཞིའི་རྐྱེན་སྦྱར་བ་ལ་བརྟེན་ནས། ས་གསུམ་ན་འགྲན་ཟླ་དང་བྲལ་བ་གྲུབ་པའི་དབང་ཕྱུག་ཆེན་པོ་མཚནབརྗོད་པར་དཀའ་བ་ཁྲི་ཆེན་རྡོ་རྗེ་འཆང་པདྨ་དབང་ཆེན་གཟི་བརྗིད་འདུས་པ་རྩལ་དང་དོན་གྲུབ་དབང་གི་རྒྱལ་པོ་ཡབ་སྲས་ཀྱི་ཞབས་རྡུལ་དྲི་མ་མེད་པ་སྤྱི་བོས་མཆོད་ཅིང་། ཀུན་མཁྱེན་འཁྲུལ་ཞིག་ཡབ་སྲས་དང་རྒྱལ་སྲས་དྷརྨ་བཛྲའི་བཀའ་འབངས་རྨོངས་རྟུལ་འདུ་ཤེས་གསུམ་པ་སྔགས་བཙུན་འགྱུར་མེད་ཕན་བདེའི་འོད་ཟེར་རམ་འཇམ་དཔལ་བདེ་བའི་ཉི་མས་ཉག་ཐུབ་བསྟན་བཤད་སྒྲུབ་མཆོག་གི་གླིང་དུ་སུག་བྲིས་སུ་བགྱིས་པ་ལས། ཕྱིས་གསང་ཆེན་གྲུབ་པའི་དབང་ཕྱུག་གཏེར་ཆེན་བདུད་འཇོམས་གླིང་པའི་ཡང་སྤྲུལ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦས་གནས་པདྨ་བཀོད་དུ་བཤད་རྒྱུན་གསར་འཛུགས་དང་སྤར་གྱི་སྒོ་འཕར་དབྱེ་བ་དང་བཅས་བཀས་བསྐུལ་བ་བཞིན། ཤིང་བྱི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་བླ་བྲང་ཆོས་འཁོར་ལྷུན་པོར་སླར་ཡང་ཞིབ་མོར་དཔྱད་པའི་སྒོ་ནས་གཏན་ལ་ཕབ་པ་སྟེ། འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ།། །།