སྒྱུ་འཕྲུལ་ལམ་གྱི་རིམ་པའི་འགྲེལ་པ་མུ་ཏིག་ཕྲེང་བ། ཡེ་ཤེས་རྒྱལ་མཚན།
མུ ཀྟི ཀ མཱ ལ ནཱ མ མཱ ཡཱ པ ཐ ཀྲ མ ཎཱཾ ཊཱི ཀ བི ཧ ར ཏི སྨ། །
སྒྱུ་འཕྲུལ་ལམ་གྱི་རིམ་པའི་འགྲེལ་པ་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
ན་མོ་རཏྣ་གུ་རུ་ཡེ། ཀ་དག་ཀུན་བཟང་གདོད་ནས་ཡེ་སངས་རྒྱས། །འཁོར་འདས་མཉམ་ཉིད་གཉིས་མེད་ཀློང་དུ་གྱུར། །དང་པོའི་སངས་རྒྱས་དཔལ་ལྡན་རྡོ་རྗེ་འཆང་། །གསང་བདག་ཆེན་པོ་ཁྱེད་ལ་མི་ཕྱེད་འདུད། །རྒྱལ་སྲས་དབང་ཕྱུག་གསང་བའི་བདག་པོའི་སྐུ། །སངས་རྒྱས་སྟོང་གི་བསྟན་པ་འཛིན་བྱེད་ཅིང་། །གདུལ་དཀའ་འདུལ་མཛད་ཕྱག་ན་རྡོ་རྗེ་བསྣམས། །གསང་བདག་གཉིས་པ་དེ་ལ་ཕྱག་འཚལ་ལོ། །ཐུབ་པའི་ལུང་བསྟན་ཨོ་རྒྱན་མཁའ་འགྲོའི་གཙོ། །གསང་སྔགས་རྒྱུད་སྡེ་ཟབ་མོའི་རྒྱུད་འཆང་བ། །རིན་ཆེན་མང་གི་རྣམ་འཕྲུལ་ཐམས་ཅད་མཁྱེན། །ཀུ་ཀུ་ར་ཙའི་ཞབས་ལ༴ རྒྱལ་བའི་ཞལ་སློབ་མ་འོངས་ལུང་བསྟན་པ། །ཆོས་ཀྱི་རྒྱལ་པོ་ངེས་དོན་རྒྱ་མཚོའི་བདག །ཚེ་གཅིག་སངས་རྒྱས་ས་ལ་གཤེགས་མཛད་པ། །ཨིན་ཏྲ་པུ་ཏྲིའི་ཞབས་ལ༴ གསུང་རབས་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཕྱིན། །དོན་བཅུད་གསང་སྔགས་ཟབ་མོའི་གནས་ལུགས་རྟོགས། །འདོད་ཡོན་སྤང་མེད་རྣམ་དག་ལམ་དུ་ཁྱེར། །ཤཱཀྱ་པུ་ཏྲིའི་ཞབས༴ གསུང་རབས་རྒྱ་མཚོའི་གཞུང་དོན་ཁུང་དུ་ཆུད། །ཀ་དག་གནས་ལུགས་རང་བྱུང་འགྱུར་མེད་རྟོགས། །ས་བརྒྱད་ནོན་མཛད་སྟོབས་ཀྱིས་ཕ་རོལ་ཕྱིན། །ས་བརྒྱད་སེམས་དཔའི་ཞབས་ལ༴ ཐེག་ཆེན་རྣལ་འབྱོར་གསང་སྔགས་ཟབ་མོའི་བདག ། བླ་མེད་རྡོ་རྗེ་ཐེག་པའི་དོན་རྟོགས་ནས། །ཚེ་གཅིག་ཚེ་འདིར་རིན་ཆེན་མཆོག་ཐོབ་པ། །རྡོ་རྗེ་ཡོན་ཏན་གཟུངས་ལ༴ ཡང་དག་ཐུགས་ཀྱི་སྒོར་ཞུགས་དངོས་གྲུབ་བརྙེས། །མི་འགྱུར་བདེ་སྟོང་དབྱེར་མེད་རྡོ་རྗེ་འཛིན། །ཟབ་ལམ་བསྟན་པའི་མངའ་བདག་ཆོས་ཀྱི་རྗེ། །གྲུབ་ཆེན་ཧཱུྃ་ཀ་ར་ལ་ཕྱག་འཚལ་ལོ། །གསང་སྔགས་ཕྱི་ནང་ཆོས་ལ་མངའ་བརྙེས་ཤིང་། །རྒྱལ་བའི་དཀྱིལ་འཁོར་ཚོགས་རྣམས་ཞལ་གཟིགས་ནས། །སྣ་ཚོགས་ཐབས་ཀྱིས་འགྲོ་བའི་དོན་མཛད་པ། །པྲ་ཆེན་ཧསྟིའི་ཞབས༴ འཇམ་པའི་དབྱངས་ཀྱིས་ཐུགས་རྗེས་རྗེས་བཟུང་ནས། །ཕྱི་ནང་ཐེག་པའི་ཆོས་རྣམས་ཐུགས་ལ་རྫོགས། །ངོ་མཚར་གཞུང་དང་གདམས་པ་དུ་མའི་གཏེར། །སངས་རྒྱས་གསང་བ་དེ་ལ༴ འོད་དཔག་མེད་ཀྱི་རྣམ་འཕྲུལ་འཆི་མེད་སྐུ། །དྷ་ན་ཀོ་ཤའི་མཚོ་གླིང་པདྨ་སྐྱེས། །སངས་རྒྱས་བསྟན་པ་རྒྱས་མཛད་ཆོས་གཏེར་བདག །ཨོ་རྒྱན་པདྨའི་ཞབས༴ པན་ཆེན་དུ་མ་འཚོགས་པའི་དབུས་ན་མཛེས། །རིགས་པའི་གནས་ལྔ་མ་ལུས་ཐུགས་ལ་རྫོགས། །རྒྱ་གར་མཁས་པའི་མཆོག་གྱུར་བྷི་མ་ལ། །དྲི་མེད་བཤེས་གཉེན་དེ་ལ༴ ལུང་རིགས་གསུང་གི་དབང་ཕྱུག་མངའ་བརྙེས་པའི། །ཕ་རོལ་སྨྲ་བའི་ལོག་རྟོག་ཚར་གཅོད་ཅིང་། །ཟབ་རྒྱས་ཆོས་ཀྱི་རྒྱ་མཚོ་བསྒྱུར་མཛད་པ། །ལོ་ཙ་རིན་ཆེན་མཆོག་ལ༴ ཐུབ་དབང་བསྟན་པ་རྒྱུ་འབྲས་ཐེག་པ་ལ། །ཅི་བཞིན་མ་ནོར་མངོན་གསུམ་རྟོགས་གྱུར་ནས། །ཟག་མེད་དགོངས་པ་མཆོག་ལ་མངའ་བརྙེས་པ། །ཀྱེ་རེ་མཆོག་སྐྱོང་དེ་ལ༴ རྣམ་དག་ཐེག་པའི་ལུང་ཆོས་ཐུགས་ལ་རྫོགས། །གསང་སྔགས་ཟབ་མོའི་བསྒྲུབ་རྒྱུད་བསྟན་པ་འཛིན། །ཟག་མེད་ཟུག་འཇུག་མངོན་སུམ་སྙོགས་པ་ཡི། །རྒྱལ་བའི་ཡོན་ཏན་ཞབས་ལ༴ ཐུབ་དབང་བསྟན་པའི་དཔལ་ལ་མངའ་བརྙེས་ཤིང་། །མི་འགྱུར་ཡེ་ཤེས་གོ་འཕང་མཆོག་ཐོབ་ནས། །ལུང་ཆེན་ཐེག་མཆོག་ལམ་ལ་འགོད་མཛད་པ། །ཡེ་ཤེས་རིན་ཆེན་ཞབས་ལ༴ མཁྱེན་རབ་སྟོང་ཉིད་རྒྱ་མཚོ་ཆེན་པོ་ལ། །འགགས་མེད་སྙིང་རྗེའི་རླབས་ཆེན་ཀུན་ཏུ་གཡོ། །གསང་སྔགས་ཟབ་དོན་རིན་ཆེན་འབྱུང་བའི་གནས། །ཡོན་ཏན་རྒྱ་མཚོའི་ཞབས་ལ༴ དེ་ཉིད་སྐུ་ཡི་སྲས་གྱུར་གསང་སྔགས་འཛིན། །རབ་འབྱམས་བསྟན་པའི་སྲོག་ཤིང་མཛོད་གསུམ་བདག །ཚད་མེད་ཐུགས་རྗེའི་བསླབ་བྱ་གཏིང་ནས་རྫོགས། །ཡེ་ཤེས་རྒྱ་མཚོའི་ཞབས་ལ༴ གསང་སྔགས་ཟབ་མོའི་གནས་ལུགས་ཁོང་དུ་ཆུད། །ཡང་ཕུར་སྨན་གསུམ་རྒྱུད་ལུང་མན་ངག་བཅས། །མཁས་གྲུབ་གཉིས་ཀྱིས་རྒྱལ་རྒྱུད་འཛིན་མཛད་པ། །བློ་གྲོས་བྱང་ཆུབ་དེ་ལ༴ སྒྱུ་འཕྲུལ་ཐེག་པའི་ཆོས་ལ་དབང་ཐོབ་ནས། །ཉོན་མོངས་ཡེ་ཤེས་ཆེན་པོའི་ལམ་དུ་ཁྱེར། །གསང་སྔགས་མངའ་བརྙེས་བསྟན་འཛིན་ཆོས་ཀྱི་རྗེ། །ཤཱཀྱ་འབྱུང་གནས་དེ་ལ༴ བསྐལ་མང་སྔོན་ནས་སྦྱངས་པ་ཞིབ་པའི་མཐུས། །ཐེག་ཆེན་གསང་སྔགས་ཟབ་མོའི་དོན་རྟོགས་ནས། །བདག་གཞན་མཆོག་གི་ས་ལ་སྦྱོར་མཛད་པ། །ཟུར་ཆུང་ཤེས་རབ་གྲགས་ལ༴ གནས་ཀྱི་ཁྱད་འཕགས་ཀེ་ལུང་ཞེས་བྱ་སྟེ། །མདོ་བཞི་དེམ་ལྔ་ལ་སོགས་གསང་སྔགས་ཆོས། །མ་ལུས་ཐུགས་སུ་ཆུད་ནས་བསྒྲུབ་པ་མཛད། །ཡང་ཁྱེད་བླ་མའི་ཞབས་ལ༴ གཞུང་ལུགས་རབ་འབྱམས་དོན་ལ་མངའ་བརྙེས་ཤིང་། །གདུལ་བྱ་མཐའ་དག་ཐེག་པའི་ལམ་ལ་འཛུད། །སངས་རྒྱས་བསྟན་པ་རྒྱ་ཆེར་སྤེལ་མཛད་པ། །ཤཱཀྱ་སེང་གེ་དེ་ལ༴ ཐེག་པ་མཐའ་དག་ཁུང་ཆུད་རྫོགས་ཆེན་དོན། །ཅི་བཞིན་རྟོགས་པས་གཟུང་འཛིན་རང་སར་གྲོལ། །བདག་གཞན་དོན་གཉིས་ཕུན་སུམ་ཚོགས་པའི་དཔལ། །རྫོགས་ཆེན་པ་ཞེས་དེ་ལ༴ རྒྱ་གར་ཡུལ་དུ་བྱང་ཆུབ་སེམས་སྦྱངས་ནས། །གངས་ཆེན་ཁྲོད་འདིར་གསང་སྔགས་བསྟན་པ་སྐྱོངས། །བདེ་བ་ཅན་དེར་རྒྱལ་སྲས་བྱང་ཆུབ་སེམས། །ས་བཅུའི་དབང་ཕྱུག་དམ་པ་དེ་ལ་འདུད། །ལུང་རིགས་མན་ངག་ཀུན་ལ་མཁས་གྱུར་ནས། །མདོ་རྒྱུད་དགོངས་པ་ཐུགས་ལ་ཉི་མ་ཤར། །བསྐྱེད་རྫོགས་གཉིས་མེད་བདག་གཞན་རྒྱུད་སྦྱང་པ། །ཆོས་རྗེ་གཙང་སྟོན་ཞབས་ལ༴ ཆོས་ཉིད་རྣམ་དག་བྱམས་པའི་རི་བོ་ལ། །སྙིང་རྗེའི་འབྲས་ལྡན་དཔག་བསམ་འབུམ་གྱིས་བརྒྱན། །མཚན་མཆོག་དོན་ལྡན་འགྲོ་མགོན་ཆོས་ཀྱི་རྗེ། །བྱམས་པ་ཆེན་པོའི་ཞབས་ལ༴ སྣང་སྟོང་གཉིས་མེད་ཆོས་ཀྱི་ནམ་མཁའ་ལ། །གནས་ལུགས་འགྱུར་མེད་རང་བྱུང་རྡོ་རྗེའི་སྐུ། །ལུང་བསྟན་མཆོག་ཐོབ་རྩ་སྡེ་སྤྱན་སྔར་ཞེས། །ནམ་མཁའ་རྡོ་རྗེའི་ཞབས་ལ༴ རྒྱུད་སྡེའི་སྲོག་ཤིང་གསང་སྔགས་རྡོ་རྗེ་འཛིན། །ཐོས་པ་བསམ་བྷཻ་བའི་བྱ་བ་མཐར་ཕྱིན་ནས། །འཆད་རྩོད་བརྩམས་པའི་དོན་ལ་མ་རྨོངས་པའི། །ཐུགས་རྗེ་ཡེ་ཤེས་ཞབས༴ ལྡེམ་དགོངས་བརྒྱད་དང་མཐའ་དྲུག་ཚུལ་བཞི་དང་། །རྟོན་པ་བཞི་དང་གཞུང་གིས་འབོད་ལན་གྱིས། །གསང་སྔགས་ཟབ་མོའི་རྒྱུད་གཞུང་གཏན་ལ་དབབ། །སྟོན་པ་དབང་འབྱོར་ཞབས་ལ༴ དམ་ཆོས་བདུད་རྩིའི་རྒྱ་མཚོ་ཆེན་པོ་བསྐྱིལ། །ལུང་རིགས་དྲི་མེད་པད་མོའི་ཁ་ཕྱེ་ནས། །བློ་གསལ་རྐང་དྲུག་ལྡན་ལ་དགའ་སྟོན་འགྱེད། །རྗེ་བཙུན་དཔལ་འབར་ཞབས་ལ༴ ཀུན་མཁྱེན་ཟབས་ཡངས་བསྟན་པའི་མཛོད་འཛིན་པ། །སྡོམ་གསུམ་རྣམ་དག་ཉེས་ལྟུང་དྲི་མས་དབེན། །མཚུངས་མེད་ཆོས་རྗེ་གདུལ་བྱའི་མགོན་གྱུར་པ། །སྟོན་པ་མགོན་རྒྱལ་ཞབས་ལ༴ དྲི་མེད་ཚུལ་ཁྲིམས་རྣམ་དག་རྒྱལ་བའི་མཚན། །ཐེག་མཆོག་ཟབ་དོན་མ་ལུས་ཐུགས་སུ་ཆུད། །མཁྱེན་རབ་འཇམ་པའི་དབྱངས་དང་གཉིས་མེད་པ། །ཚུལ་ཁྲིམས་རྒྱལ་མཚན་ཞབས་ལ༴ མཁས་པ་རྒྱ་མཚོ་འཚོགས་པའི་དབུས་ན་མཛེས། །སྣ་ཚོགས་ཐེག་པའི་གཞུང་ལུགས་བཤད་རྩལ་ཆེ། །རང་འདོད་མེད་ཅིང་གཞན་ཕན་ཁོ་ནའི་སེམས། །དྷརྨ་ཀླག་ཀྵའི་ཞབས་ལ༴ མདོ་སྔགས་རྒྱ་མཚོའི་དབུས་སུ་འཁྲུགས་པ་ཡི། །གསུང་རབས་པད་མོའི་མངའ་བདག་ཆོས་ཀྱི་རྗེ། །དོན་བཅུ་སྦྲང་རྩི་ལྟ་བུའི་བཅུད་ལྡན་པའི། །དྲིན་ཆེན་ཛྙཱ་ན་ཀེ་དུ་ལ་གསོལ་བ་འདེབས། །དེ་ལྟར་བཀའ་རྒྱུད་དྲི་མེད་གསེར་ཕྲེང་ལ། །ཕྱག་འཚལ་གསོལ་བཏབ་བདེན་པའི་མཐུ་སྟོབས་ཀྱིས། །རང་རྒྱུད་སྨིན་ཅིང་གཞན་རྒྱུད་གྲོལ་བ་དང་། །བརྩམ་ལ་བར་ཆད་མེད་ཅིང་མཐར་ཕྱིན་ཤོག ། དེས་སྒྱུ་འཕྲུལ་མངའ་བརྙེས་པའི་རྒྱ་བོད་ཀྱི་གྲུབ་ཆེན་རྣམས་ལ་མཆོད་པར་བརྗོད་པའི་ངག་ཐོག་མར་སོང་ངོ་། །དེ་ལ་དགོས་ཆེད་ཅི་ཡོད་ན། བརྩམ་པ་ལ་བར་ཆད་མི་འབྱུང་བ་དང་། ཆོས་འདིའི་ལུགས་ཀྱི་བརྒྱུད་པའི་རྣམ་བཞག་ལ་མཁས་པ་དང་། ཐོས་ཆུང་ལོག་རྟོག་ཅན་འགའ་ཞིག་གིས། རྙིང་མ་རྒྱ་གར་ལ་མ་འགྱུར་ཟིན་ཡིན་ཟེར་བའི་དོན་ལ། ཆོས་སྐུ་ཀུན་བཟང་ནས་བཟུང་སྟེ་རྒྱ་གར་གྱི་གྲུབ་ཆེན་རྣམས་དང་། བོད་ཀྱི་ལོ་ཙ་བ་རྨ་རིན་ཆེན་མཆོག་ནས་བཟུངས་སྟེ། རྩ་བའི་བླ་མའི་བར་འདིར་སྒྲོ་བསྐུར་མེད་པར་བཀོད་པ་ཡིན་ནོ། །ད་བཤད་པར་དམ་བཅའ་བ་ནི། དུས་གསུམ་སངས་རྒྱས་བགྲོད་པའི་ལམ་གཞུང་དེ། །གསང་སྔགས་ཟབ་དོན་ཐབས་གྲོལ་གཉིས་ཡིན་ནོ། །དེ་དག་མཚོན་པར་བྱེད་པའི་བརྗོད་བྱེད་ནི། །ཀུན་མཁྱེན་རྒྱལ་བ་མི་བསྐྱོད་རྒྱལ་པོ་དེས། །སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བརྒྱ་པ་གསུང་། །དེ་དག་དགོངས་དོན་ཀུ་ཀུ་རུ་ཙ་དང་། །ཨིན་ཏྲ་པུ་ཏྲིས་མན་ངག་རྣམ་བཀོད་མཛད། །དེ་རྗེས་པན་ཆེན་སངས་རྒྱས་གསང་བ་ཡིས། །སྒྱུ་འཕྲུལ་ལམ་རིམ་རྒྱས་པ་ཡི་གེར་བཀོད། །འདི་ལ་འགྲེལ་བཤད་དུ་མ་སྣང་ན་ཡང་། །ལ་ལ་དཀའ་ཚོམ་འགྲེལ་གྱིས་དོན་མ་ཆུས། །ལ་ལ་འབྲུ་འགྲེལ་རྒྱས་པར་སྣང་ན་ཡང་། །ལམ་གྱི་གནད་འགགས་ཆོད་ཚུལ་དག་ལུགས་དང་། །གཞུང་གི་འབོད་ལན་རྣམ་དབྱེའི་སྟོང་ཐུན་དཀོན། །ལ་ལ་གཞུང་མཆན་ཀ་ཏ་སྣང་ན་ཡང་། །བྲིས་ནོར་དབང་གིས་གཞུང་དོན་གསལ་མ་ནུས། །ལ་ལ་རྒྱབ་ཆོས་ཕྱོགས་སུ་འགྲེལ་པ་ཡང་། །ལུང་འདྲེན་བརྒལ་ལེན་རྒྱས་པར་སྣང་ན་ཡང་། །གཞུང་དོན་འདི་ཉིད་གཏན་ལ་དབབ་མ་ནུས། །དེ་ཕྱིར་འགྲེལ་བཤད་རྟོགས་སླ་འདི་བྱས་སོ། །འདི་ལ་རང་བཟོ་མ་ཡིན་མཁས་པ་ཡི། །གཞུང་འགྲེལ་ཡིག་ཆུང་ལྷན་ཐབས་དུ་མ་དང་། །བླ་མའི་མན་ངག་ངོ་སྤྲད་གསང་ཐིག་ལ། །རང་གིས་རྣམ་དཔྱོད་ཤེས་རབ་ལེགས་སྦྱང་ནས། །ཁམས་འགྲེལ་དྲི་མེད་མུ་ཏིག་ཕྲེང་བ་བྱས། །བཤེས་གཉེན་རྣམས་ཀྱི་མཛེས་པའི་རྒྱན་དུ་ཐོགས། །གདུལ་བྱ་གསང་སྔགས་རིགས་ཅན་ཡིད་ཚིམས་མཛོད། །སངས་རྒྱས་གསང་བའི་མཁྱེན་རབ་རྒྱ་མཚོ་ལས། །བསྟན་བཅོས་རྣམ་དག་པད་མོའི་ཚལ་འདི་འཁྲུངས། །ཐ་སྙད་ཁ་དོག་ཙམ་ལ་མ་ཆགས་པར། །དོན་བཅུད་སྦྲང་རྩི་ཅི་བཞིན་ལེན་པར་མཛོད། །འཕྲག་དོག་རླུང་འཚུབས་དག་གིས་མ་གཡོས་པར། །གཟུ་བོར་གནས་ཤིང་རྣམ་དཔྱད་ལྡན་པས་ཉོན། ༈ །རྒྱ་གར་གྱི་མཁས་གྲུབ་ཆེན་པོ་སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་སྒྱུ་འཕྲུལ་ལམ་རིམ་འདི་བཤད་པ་ལ་གསུམ་ཏེ། འཆད་ཉན་ཅི་ལྟར་བྱ་བའི་ཚུལ་དང་། གང་འཆད་པར་བྱ་བ་དམ་ཆོས་ཀྱི་རྣམ་བཞག །འཆད་ཉན་མཐར་ཕྱིན་པའི་རྒྱུ་མཚན་དང་གསུམ་མོ། །དང་པོ་ལ་གཉིས་ཏེ། འཆད་པ་པོ་སློབ་དཔོན་གྱིས་མཚན་ཉིད། ཉན་པ་པོ་སློབ་མའི་མཚན་ཉིད་དོ། །དང་པོ་ལ་གསུམ། སློབ་དཔོན་དེའི་མཚན་ཉིད། དེས་ཆོས་བཤད་ཚུལ། དེ་ལྟར་བཤད་པའི་ཕན་ཡོན་ནོ། །དང་པོ་མཚན་ཉིད་ལ་གཉིས་སྟེ། བཟང་བའི་མཚན་ཉིད་ནི། གསང་སྔགས་ཀྱི་ལུགས་ཀྱི་ཆོས་ཀུན་མཉམ་པ་ཉིད་ཀྱི་དོན་གནས་ལུགས་རྟོགས་ཤིང་ཁོང་དུ་ཆུད་པ། བརྒྱུད་པའི་ཟམ་མ་ཆད་པ། དབང་བཞིའི་ཆུ་བོ་མ་ནུབ་པ། བྱིན་རླབས་ཉམས་རྟོགས་ཀྱི་མདངས་མ་ཡལ་བ། སྙན་བརྒྱུད་གདམས་ངག་གི་གནད་མ་འཆུག་པ། གསང་སྔགས་ཀྱི་རྒྱུད་གཞུང་དཀྱིལ་ཆོག །ཕྲིན་ལས་རྣམ་བཞི་མཐའ་དག་ལ་མཁས་ཤིང་། སློབ་མ་རྗེས་སུ་འཛིན་པའི་གཉེར་དང་ལྡན་པ། མཛོད་གསུམ་འཛིན་པའི་བླ་མ་གཅིག་དགོས་སྟེ། འདི་ཉིད་ཀྱི་ལེའུ་བདུན་པ་ལས། སྟོན་པ་མཛོད་གསུམ་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས་པ་དང་། བླ་མ་ལྔ་བཅུ་པ་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་རང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཤིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲིས་པའི་ལས་ལ་མཁས། །ཞེས་པ་དང་། མདོ་ལས། བླ་མེད་སྙིང་པོ་སྨིན་པའི་སྐྱེན། །བློ་གྲོས་ཆེན་པོས་དྲི་བའི་ཡུལ། །ལམ་སྟོན་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོན་མ་རིན་པོ་ཆེ། །མཐོང་མིག་དབང་པོ་ཡིད་རྣམས་ཀྱི། །ཆུ་བོ་རབ་མེད་སྒྲོལ་བའི་གྲུ། །འཇིགས་པའི་རྫོང་ཆེན་བརྟན་པའི་མཁར། །འཁོར་བའི་གཅོང་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཆེན་ལེན་བྱེད་པའི། །དེད་དཔོན་དམ་པ་བླ་མ་ལ། །སློབ་ཏུ་ངེས་པར་ཤེས་པར་བྱ། །ཞེས་སོ། །གཞན་ཡང་ཆོས་བཤད་མཁན་ལ་ཡང་ཐ་ན་ཡོན་ཏན་འདི་གསུམ་འཛོམ་དགོས་ཏེ། གང་ཞེ་ན། མཁན་པའི་ཤེས་རབ། བརྩེ་བའི་བསམ་པ། སྦྱོར་བའི་བཟོད་པ་གསུམ་མོ། །དང་པོ་ལ་གསུམ། བཤད་བྱ་ལ་མཁས་པ་ནི། ཤེས་བྱའི་སྡེ་སྣོད་ཐ་དག་ལ་མཁས་པ་ལ་སོགས་ཡོད་ཀྱི། འོན་ཀྱང་རང་གི་རྒྱུད་གཞུང་ཁས་གང་བླངས་པ། ཁུང་དུ་ཆུད་པ་གཅིག་ནམ་ཡང་དགོས་སོ། །དེས་གདུལ་བྱའི་ཐེ་ཚོམ་གཅོད་ནུས་སོ། །གཉིས་པ་འཆད་བྱེད་ལ་མཁས་པ་ནི། གང་ན་བཤད་ཀྱང་འབྲེལ། ཅི་ཙམ་བཤད་ཀྱང་རན། ཇི་ལྟར་བཤད་ཀྱང་འཐད་པ་གསུམ་གྱི་ངག་འབྲེལ་ཞིང་། རང་གིས་བརྗོད་བདེ། གཞན་གྱི་རྟོགས་སླ། གཉིས་ཀའི་རྣ་བར་སྙན་ཅིང་ཡིད་ཆག་པའོ། །གསུམ་པ་ཀུན་སྤྱོད་ལ་མཁས་པ་ནི། ཚུལ་ཆོས་མ་ཡིན་པར་རང་གི་སྒོ་གསུམ་ཆོས་དང་མཐུན་པར་མཁས་ཤིང་གདུལ་བྱ་དང་བ་འདྲེན་ཤིང་དད་པའི་གནས་སུ་གྱུར་པའོ། །གཞན་གྱི་ཀུན་སྤྱོད་ལ་མཁས་པ་ནི། གདུལ་བྱ་དབང་པོ་རྣོ་རྟུལ་དང་རྗེས་སུ་མཐུན་པའི་ཆོས་བསྟན་པ་ལ་མཁས་པའོ། །གཉིས་པ་མཚན་ཉིད་དང་མི་ལྡན་པ་ནི། རང་བཟོ་དང་བཅོས་མས་བཀའ་རྒྱུད་དྲི་མ་མེད་པར་བསླད་པར་བྱེད་པའི་སློབ་དཔོན་ནི། བདག་གཞན་ཀུན་ལ་གནོད་པས་མི་བརྟེན་སྤང་བར་གསུངས་ཏེ། མདོ་ལས། ལོག་པར་སྤྱོད་པའི་རྣལ་འབྱོར་ནི། །ལོག་ལྟའི་སྤྱི་བརྡོལ་གཏུམ་ཁྲོ་ཆེ། །སྡིག་སྤྱོད་དོན་དང་མི་ལྡན་ཡང་། །བདག་འདི་ངེས་པ་ཁོ་ན་ཞེས། །བབ་བཅོལ་བཀའ་རྒྱུད་བསླུ་བྱེད་བསླད། །དེ་ཡང་ཅི་ལྟ་བུ་ཞེ་ན། །ཆོས་སྐྱོངས་བ་ཡི་རྣལ་འབྱོར་པ། །པྲ་མ་ཏ་ཞེས་བྱ་བ་ཞིག །དོན་དང་ལམ་ལ་མ་མཐོང་བར། །བདག་ནི་ལམ་མཁན་ཁོ་ན་ཞེས། །ཀུན་ལ་རྒྱ་ཆེར་གྲགས་པ་ལས། །རྒྱལ་བའི་བཀའ་རྐུས་འགྲོ་གང་རྣམས། །བསླུ་བར་གྱུར་པའི་སྨིན་པ་ཡི། །ངན་འགྲོར་བྱིང་གྱུར་གནས་དེ་རྣམས། །ཐར་ནས་ལོག་པའི་འཇིག་རྟེན་པ། །བདག་འཛིན་སྤྱོད་པའི་ལམ་དུ་ལྟུང་། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །ཅེས་པ་དང་། རྩལ་ཆེན་སྤྲུག་པ་ལས། སློབ་དཔོན་ཚད་མར་མ་གྱུར་སྤྲེལ་འདྲའི་ལུང་། བརྟེན་ཀྱང་ལམ་ནོར་རྟོག་པས་ཟིན་ཏ་རེ། །ཞེས་སོ། །གཉིས་པ་ཆོས་བཤད་ཚུལ་ལ་མང་དུ་ཡོད་ཀྱང་། འདིར་སྦྱོར་བ་དང་། དངོས་གཞི་རྗེས་གསུམ་མོ། །སྦྱོར་བ་ལ་བཀོད་པ་བཤམས་པ་སྟེ། ཁྲི་དང་གདུགས་ལ་སོགས་པའི་ཆ་བྱད་དང་། དཀོན་མཆོག་ལ་གསོལ་བ་བཏབ་ཅིང་འཇམ་དབྱངས་བསྟོད་པ་དང་། བདུད་སྡེ་ཚར་བཅད་ཅིང་འཁོར་ལ་བྱམས་པ་བྷཻ་བ་དང་། དངོས་གཞི་ལ་ཕར་ཕྱིན་དྲུག་ལྡན་གྱི་སྒོ་ནས་བཤད་དགོས་པ་ཡིན་ཏེ། ཆོས་དངོས་སུ་བཤད་པ་སྦྱིན་པ། དེ་ལ་རང་འདོད་དང་ཚུལ་འཆོས་མེད་པ་ཚུལ་ཁྲིམས། འཁོར་གྱི་དྲི་བའི་ལན་འདེབས་ཤིང་སྐྱོ་དུབ་མེད་པ་ནི་བཟོད་པ། ལེ་ལོ་མེད་ཅིང་ཆོས་བཤད་པ་ལ་སྤྲོ་བ་བརྩོན་འགྲུས་སོ། །རྣམ་གཡེང་མེད་ཅིང་ཆོས་ལ་རྩེ་གཅིག་ཏུ་གནས་པ་བསམ་གཏན། ཆོས་དེའི་ཚིག་དོན་མ་ལུས་པ་ཤན་འབྱེད་ཅིང་། བརྡའ་སྤྲོད་ནུས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཁྱད་པར་གསང་སྔགས་བཤད་ཚུལ་ལ། ཉེས་པའི་སྐྱོན་བརྒྱད་དང་བྲལ་ཞིང་། མཐའ་དྲུག །ཚུལ་བཞི། ལྡེམ་དགོངས་བརྒྱད། རྟོན་པ་བཞི། གོལ་སྒྲིབ་བཞི་བཤད་ཐབས་འདྲེན་པའི་ཚིག་བཅུ་རྣམས་ཀྱིས་སྒོ་ནས་བཤད་དགོས། དེ་རྣམས་ཀྱིས་དོན་མདོ་ཙམ་ཞིག་བཤད་ན། མཐའ་དྲུག་ནི། དགོངས་པ་དང་། དགོངས་མིན། དྲང་དོན་དང་། ངེས་དོན། སྒྲ་ཅི་བཞིན་པ་དང་། ཅི་བཞིན་པ་མ་ཡིན་པའོ། །ཚུལ་བཞི་ནི། ཡི་གེའི་དོན་གྱི་ཚུལ་དང་། སྤྱིའི་དོན་དང་། སྦས་པའི་དོན་དང་། མཐར་ཐུག་གི་དོན་ནོ། །དགོངས་པ་ནི། མཉམ་པ་ཉིད་ལ་དགོངས་པ་དང་། དོན་གཞན་ལ་དགོངས་པ། དུས་གཞན་ལ་དགོངས་པ། གང་ཟག་གི་བསམ་པ་ལ། ལྡེམ་པ་ནི། གཞུག་པ་ལ་ལྡེམ་པ། མཚན་ཉིད་ལ། གཉེན་པོ་ལ། བསྒྱུར་བ་ལ་ལྡེམ་པའོ། །བརྟོན་པ་བཞི་ནི། གང་ཟག་ལ་མི་བརྟོན། ཆོས་ལ་བརྟོན། ཆོས་དེའང་། ཚིག་ལ་མི་བརྟོན། དོན་ལ་བརྟོན། དོན་དེའང་དྲང་དོན་ལ་མི་བརྟོན། ངེས་དོན་ལ་བརྟོན། ངེས་དོན་དེ་ཡང་རྣམ་ཤེས་ལ་མི་བརྟོན་ཡེ་ཤེས་ལ་བརྟོན་པའོ། །ཉེས་པའི་སྐྱོན་བརྒྱད་ལ་སོགས་པའི་དོན་རྒྱས་པ་གཞན་དུ་ཤེས་པར་བྱའོ། །རྗེས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བས་ཟིན་པར་བྱའོ། །གསུམ་པ་གསང་སྔགས་ཀྱི་དོན་རྟོགས་ནས་གཞན་ལ་བཤད་པའི་ཕན་ཡོན་ནི། མདོ་ལས། རྟོགས་ནས་སྨྲ་བར་གང་བྱེད་པ། །ཡོན་ཏན་སྤྱི་གཙུག་ཉིད་དུ་འགྱུར། །དེ་ཡང་ཅི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །དྲང་སྲོང་རྣལ་འབྱོར་ཀ་ཡ་ནས། །དྲང་སྲོང་སྲུངས་རྣམས་མང་སྟེ་ལ། །ཐེག་ཆེན་གསང་བའི་བསྔགས་པ་བརྗོད། །དེ་རྣམས་ངེས་པར་བཀོད་པ་ལས། །མང་པོས་རིག་ཅན་འཛིན་པ་ཐོབ། །གང་དེར་བསྔགས་པ་བརྗོད་བྱེད་པ། །གསང་བདག་ཆེན་པོ་རྒྱལ་པོར་འགྱུར། །དེས་ན་ཐེག་ཆེན་གསང་བ་འདི། །ཀུན་ལ་བསྔགས་པ་བརྗོད་པར་གྱིས། །དེས་ནི་ང་ཡི་དགོངས་པ་ཐོབ། །ཅེས་སོ། །གཉིས་པ་ཉན་པ་པོ་སློབ་མའི་མཚན་ཉིད་ལ་གསུམ་སྟེ། སློབ་མ་དེའི་མཚན་ཉིད་དེས་ཆོས་ཉན་པའི་ཚུལ་དང་། ཉན་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས་སྟེ། བཟང་པོའི་མཚན་ཉིད་ནི། ཀློང་གསལ་ཉི་མའི་རྒྱུད་ལས། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །རྒྱུད་དུལ་སྡིག་འཛེམ་དབང་པོ་རྣོ། །གསང་ཐུབ་ཉམས་ལེན་བརྟུལ་ཞུགས་སྤྱོད། །སྐྱོ་ཤས་སྡུག་སྲན་སྙིང་རུས་ཆེ། །དེ་ནི་གསང་སྔགས་གསང་བའི་སྣོད། །ཅེས་སྣོད་ལྡན་ལ་སྦྱིན་པར་གཏོང་པའོ། །གཉིས་པ་མཚན་ཉིད་ངན་པའི་སྣོད་ངན་ལ་གསང་སྔགས་མི་བཤད་པ་ནི། ཡེ་ཤེས་གཏིང་རྫོགས་ལས། ཡང་དག་དོན་གྱི་ལྟ་བ་གསང་བ་འདི། །གང་ཟག་ཕྱིན་ཅི་ལོག་དང་ལྟ་བ་དམན། །ཐོས་པ་ཆུང་ལ་བློ་རྟུལ་ཤེས་རབ་མེད། །ནོར་འཕང་ཁ་རལ་ལ་སོགས་སྣོད་མེད་ལ། །འདི་བསྟན་གཉིས་ཀ་བསྲེག་ཕྱིར་རབ་ཏུ་གསང་། །ཞེས་སོ། །གཉིས་པ་སློབ་མ་དེས་ཆོས་ཉན་པའི་ཚུལ་ནི། ཉན་པའི་སྐྱོན་སྤངས་སྟེ་མ་ཡེངས་པར་ཉན་དགོས་སྟེ། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེངས་ཡིད་བསྡུས་དང་། །སྐྱོ་བས་ཉན་པའི་དྲི་མ་ཡིན། །ཞེས་པས། སྐྱོན་དེ་དག་སྤངས་ནས། ཆོས་དང་ཆོས་སྨྲ་བ་ལ་གུས་པ་བསྐྱེད་དགོས་ཏེ། སྔོང་པོ་བཀོད་པའི་མདོ་ལས་བདག་ཉིད་ལ་ནད་པའི་འདུ་ཤེས། དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་དང་། ཆོས་ལ་སྨན་གྱི་འདུ་ཤེས་དང་། ནན་ཏན་རྗེས་སུ་བསྒྲུབ་པ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོ། །གསུམ་པ་དེ་ལྟར་ཉན་པའི་ཕན་ཡོན་ནི་བྱམས་པ་སེང་གེ་སྒྲས་ཞུས་པའི་མདོ་ལས། བསྟན་བཅོས་བསྟན་པའི་དུས་བསྟན་ཕྱིར། རྔའམ་གྷཻནྜའི་སྒྲ་བརྡུངས་པ། ཐོས་པའང་བྱང་ཆུབ་ཐོབ་གྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་སོ། །ཁྱད་པར་དུ་སྔགས་ཀྱི་གཞུང་དོན་ལ་ཐོས་བསམ་བྱས་ན། སྐུ་ལྔའི་སངས་རྒྱས་ཐོབ་པ་ཡིན་ཏེ། གཅན་འཕྲང་ལས། དཔེར་ན་ཀྱི་ལིང་སྒྲོགས་བསྐྲོལ་ལྟར། །རྣམ་གྲོལ་ཐོས་བསམ་སྒོ་མོ་ཡིས། །ཤེས་རྒྱུད་ཀུན་གྲོལ་ཐོགས་མེད་འགྲོ། །ཞེས་སོ། །གཉིས་པ་གང་འཆད་ཉན་བྱེད་པ་དམ་ཆོས་ཀྱི་རྣམ་བཞག་ལ་གསུམ། གང་ཟག་འཇུག་ངོ་ཤེས་པར་བྱ་བའི་ཕྱིར། དམ་པའི་ཆོས་ངོས་བཟུང་བ་དང་། དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར་བཤད་པའི་ཐབས་བསྟན་པ་དང་། བཤད་བྱ་གཞུང་དོན་དངོས་ཀྱི་སྐབས་གསུམ་དུ་གནས་པ་ལས། དང་པོ་སྤྱིར་ཆོས་ངོས་བཟུང་བ་ལ་ཡང་མང་དུ་ཡོད་ཀྱང་། འདིར་རེ་ཞིག་འཁོར་ཆོས་དང་། འདས་ཆོས་གཉིས། འདས་ཆོས་ལ་ཐེག་ཆུང་དང་ཐེག་ཆེན་གཉིས། ཐེག་ཆེན་ལ་མཚན་ཉིད་གསང་སྔགས་གཉིས། གསང་སྔགས་ལ་ཕྱི་པ་དང་ནང་པ་གཉིས། ནང་པ་ལ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་ལས། འདིར་མ་ཧཱ་ཡོ་ག །དེ་ལ་བདེ་བར་གཤེགས་པའི་ཞལ་ནས་གསུང་པའི་རྒྱུད། དེ་ལ་བརྟེན་པའི་མན་ངག་གཉིས་སོ། །དང་པོ་རྒྱུད་སྡེ་ལ་ཏན་སྡེ་ཆེན་པོ་བཅོ་བརྒྱད་ཀྱི་དབྱེ་བ་ནི་ལོགས་སུ་ཤེས་སོ། །འོ་ན་བཀའ་དང་རྒྱུད་ལ་ཁྱད་ཅི་ཡོད་ན། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུའི་ཞལ་ནས་གསུང་པ་ཐམས་ཅད་རྒྱུད་ཡིན་ལ། སྟོན་པ་སྤྲུལ་པའི་སྐུའི་གསུང་པ་ཐམས་ཅད་བཀའ་ཡིན། ཡང་དལ་གྱི་བྱ་བའི་རིམ་པ་གཙོ་བོར་སྟོན་པ་ཐམས་ཅད་རྒྱུད་ཡིན་ལ། དེ་མི་སྟོན་པ་ཐམས་ཅད་ལ་བཀའ་ཞེས་སོ། །ཡང་གཞི་དང་ལམ་གྱི་ཉེས་པ་ཟད་པའི་ཞལ་ནས་གསུང་པ་ཐམས་ཅད་རྒྱུད་ཡིན་ལ། གཞིའི་ཉེས་པ་ཟད་པ། ལམ་གྱི་ལྟོས་པ་མ་ཟད་པ་རྣམས་ཀྱི་གསུང་པ་ཐམས་ཅད་ལ་བཀའ་ཞེས་བྱའོ། །དེས་ནི་བཀའ་དང་རྒྱུད་ཀྱི་དབྱེ་བ་ཞོར་ལ་བསྟན་པའོ། །གཉིས་པ་འདི་ནི་དེ་ལ་བརྟེན་པའི་མན་ངག་ཡིན་པས། དེ་ལ་གཉིས་ཏེ། དང་པོ་ནི། རྒྱུད་ཀྱི་དོན་མ་ནོར་རྟོགས་པའི་མན་ངག་སྟེ། ཁོག་དབུབ། ས་བཅད། འགྲེལ་པ་རྣམས་སོ། །གཉིས་པ་བསླབས་ཅིང་ཉམས་སུ་བླངས་བའི་མན་ངག་ལ། ལམ་གྱི་གཙོ་བོའི་མན་ངག་དང་། ཆ་རྐྱེན་གཉིས་ལས། འདིར་སྒྱུ་འཕྲུལ་ལམ་གྱི་རིམ་པ་འདི་ཉིད་ལམ་གྱི་གཙོ་བོའི་མན་ངག་གོ། །གཉིས་པ་ལམ་གྱི་ཆ་རྐྱེན་ལ། སློབ་དཔོན་བྷི་མ་ལས། བརྒྱད་དུ་དབྱེ། སྒེག་རྡོར་གྱིས་བདུན་དུ་དབྱེ། སངས་རྒྱས་གསང་བས་བཅུར་དབྱེས་ཀྱང་། འདི་རྣམས་བཅུར་དབྱེ་རུ་རུང་ལ། བདུན་དུ་བསྡུར་བཏུབ་པོ། །དེ་ཡང་མན་ངག་དེ་རྣམས་ཀྱི་རྣམ་གྲངས་ཕྲ་མོ་དྲུག་ཅུ་རྩ་བཞི་ངོས་བཟུང་ན། དར་རྗེ་དཔལ་གྱི་གྲགས་པས་མཛད་པའི་ཞི་ཁྲོ་གལ་ཕྲེང་། པད་མས་མཛད་པའི་ལྟ་འཕྲེང་། ཉང་པོ་ཀླུའི་རྒྱལ་མཚན་གྱིས་མཛད་པའི་མཚན་ཉིད་སྒྲོན་མ། བྷི་མ་ལ་མི་ཏྲས་མཛད་པའི་ཤེས་རབ་སྤྱན་འབྱེད། ལྟ་བའི་མན་ངག་སྒྲོན་མ། ལྟ་བ་བྷཻ་ཆུང་། མཐའི་མུན་སེལ་སྒྲོན་མ། མན་ངག་སྒྲོན་མ། ཐབས་ཤེས་རབ་ཀྱི་སྒྲོན་མ། ལྟ་བ་རིན་ཆེན་སྒྲོན་མ་སྟེ་ལྔའོ། །ལྔ་པོ་དེ་རྫོགས་ཆེན་ཡིན། ཡུམ་བཞིའི་ལུང་ཚིགས་སྦྱིན་སྲེགས་རྩ་བ་ནས་མདོ་གདན་བརྩིག་དུ་ཡོད་ཀྱིས་ལུང་མདོ་རིམས། མན་ངག་ཀྱི་མདོ་སྒྱུ་འཕྲུལ་གྱིས་མེ་ལོང་། རིག་པའི་མེ་ཏོག །གསང་ཐིག་འཇམ་ཐིག་གཅིག་ཆར། འཇུག་པའི་མན་ངག་གསུམ། ལས་བཞིའི་རྩ་བ་དང་། རོ་བསྲེག་རྩ་བ་དང་། དཔེ་ཆུང་རང་གནས་དང་། མདོ་རིམ་ལྔ་དང་། དྲ་ཆེན་དང་ལྔ་། ཞི་བ་རླུང་གི་བསམ་གཏན། ལམ་རྣམ་བཤད་རིམ་གསུམ། ཁྲོ་བོ་མན་ངག་སྒྲོན་མ། ཁྲོ་བོ་རྟོགས་པའི་ལྷ་རྒྱུད་རྒྱས་བསྡུས་གཉིས། དེ་རྣམས་བྷི་མ་ལས་མཛད་དོ། །སངས་རྒྱས་གསང་བས་མཛད་པའི་ཐིག་ག་སིན་ཐར་ཏ། དབང་གི་གལ་པོ་ཆེ་བ། གལ་པོ་ཆུང་བ། དབང་གི་ངེས་འབྱེད་གསུམ་དང་། ཐུགས་ཐིག་ཆེ་བ། ཆུང་བ་གཉིས། ཞི་བ་རྡོ་རྗེ་ལས་རིམ། ཁྲོ་བོ་རྡོ་རྗེ་ལས་རིམ། དྲ་ཆུང་རིན་ཆེན་འོད་ཀྱི་སྣང་བ་ཚགས་བར་དགུ། ཞི་བ་ཕྱག་རྒྱ་བསམ་གཏན། ཁྲོ་བོ་སྣང་བ་དམ་པ་རྒྱན་དང་། ཁྲོ་བོ་ཕྱག་རྒྱ་གཅིག་པ། ཁྲོ་བོ་ལས་འཕྲེང་། ལམ་རིམ་ཆེ་ཆུང་རྣམས་ཁྲོ་བོ་ཕྱག་རྒྱ་གཅིག་པ་སྡེ་བ་གཉིས་པ། ཀུ་ཀུ་རཱ་ཙའི་རྡོ་རྗེ་སེམས་དཔའ། རྣམ་པར་སྣང་མཛད། དཔལ་ཧེ་རུ་ཀ་པད་མ་གར་གྱི་དབང་ཕྱུག །རིན་ཆེན་ཉི་མ། རྟ་མཆོག་རོལ་པ་གསང་བའི་དོན་རྣམ་པར་བཀོད་པ་དང་དྲུག །སྒྱུ་འཕྲུལ་ཚོགས་ཀྱི་འཁོར་ལོའི་སྒྲུབ་ཐབས། དབང་དང་དལ་གྱི་ལས་རིམ་རིན་ཆེན་འཕྲེང་བ། རོ་ལང་རྡོ་རྗེས་མཛད་པའི་ཟས་ཚོགས་རྡོར་ལུང་། སྒེག་རྡོར་གྱི་རྒྱུན་བཤགས། དམ་ཚིག་གསལ་བཀྲ་ཕྲ་རྒྱས་གཉིས། རིམ་དྲུག །ཁོག་གཞུང་གསལ་བའི་སྒྲོན་མ། བྷི་མ་ལས་མཛད་ཀྱང་ཟེར། སློབ་དཔོན་པདྨས་མཛད་པའི་གཞལ་ཡས་ཁང་གི་གསལ་བྱེད་མུན་སེལ་སྒྲོན་མ། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་སྐུ་གདུང་ལས་འཕྲེང་། བྷི་མ་ལས་མཛད་ཀྱང་ཟེར། རྒྱལ་བ་བཟང་པོ་དཔལ་བས་མཛད་པའི་ཞི་བ་འོད་ཀྱི་ཕྱག་རྒྱ། ཛྙཱ་ན་ཛ་ཡས་མཛད་པའི་མེ་ལོང་ལྟ་བུའི་བསྒྲུབ་ཐབས། ཛི་ན་མི་ཏྲས་མཛད་པའི་ཞི་རྩ་རྒྱུད་དོན་གསལ་བྱེད། ཨིན་ཏྲ་པུ་ཏྲིས་མཛད་པའི་མན་ངག་རྣམ་བཀོད། གནུབས་སངས་རྒྱས་ཡེ་ཤེས་ཞི་ཆུང་རྩ་བ། རོ་བསྲེག་རྩ་བ་བསྐལ་པ་མེ་ལྟར་འབར་བའི་རྒྱུད་ལ་རྟེན་པ། ཞི་བ་ཕྱག་རྒྱ་གཅིག་པའི་བསམ་གཏན། གེགས་སེལ་བརྒྱ་པའི་མན་ངག །སྐྱེ་བསོད་ནམས་བཟང་པོའི་ལམ་རིམ་ཁོག་དོན། རྫོགས་ཆེན་གྱི་མན་ངག་ལ། བཞད་པའི་རྡོ་རྗེས་ལ་ཤན་ལྟ་བའི་སྒྲོན་མ། སྐ་བ་དཔལ་བརྩེགས་ཀྱིས་ལྟ་བ་ཤན་འབྱེད། ཀླུ་སྒྲུབ་ཀྱིས་གཡུ་ཐང་རྣམས་སོ། །དེ་རྣམས་ནི་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་མན་ངག་བོད་དུ་དར་བ་རྣམས་ཀྱི་རྣམ་གྲངས་ཞོར་ལ་བཀོད་པའོ། །གཉིས་པ་དོན་མ་ནོར་བར་ཤེས་པར་བྱ་བའི་ཕྱིར། བཤད་ཐབས་བསྟན་པ་ལ། གསང་སྔགས་ཀྱི་ལུགས་ཀྱི་བཤད་ཐབས་འདྲེན་པའི་ཚིག་བཅུ་ཡོད་ཀྱང་། འདིར་སྤྱི་དོན་གསུམ་གྱིས་སྟོན་ཏེ། སེངྒེའི་འགྲོས་ཀྱིས་སྤྱི་དོན་གྱི་ཁོག་དབུབ། སྟག་མོ་འགྲོས་ཀྱིས་གཞུང་དོན་གྱི་ས་བཅད། རུ་སྦལ་འགྲོས་ཀྱིས་ཚིགས་དོན་གྱི་འབྲུ་གཉེར་བའོ། །དང་པོ་སྤྱིར་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔས་འཆད། བསྟན་བཅོས་ཐམས་ཅད་རྩིས་འགོར་ལྔས་འཆད། བྱེ་བྲག་ཏུ་ཀླུ་སྒྲུབ་ཡབ་སྲས་ཀྱིས་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་འཆད། ཐོགས་མེད་སྐུ་མཆེད་ཀྱིས། དགོས་བསྡུས་ཚིག་གསུམ། བརྒལ་ལེན་མཚམས་སྦྱོར་ལྔའི་སྒོ་ནས་འཆད། ན་ལན་ཏྲ་པས། འཆད་པ་པོའི་ངག་དག །ཉན་པ་པོའི་སྣོད་དག །ཐུན་མོང་དུ་བསྟན་བཅོས་ཀྱི་བརྗོད་བྱ་དག་པ་སྟེ། དག་པ་གསུམ་ལ་བརྟེན་ནས་འཆད། རྡོ་རྗེ་གདན་པས་མཛད་པ་པོ་སློབ་དཔོན་གྱི་ཆེ་བ། དེས་མཛད་པ་བསྟན་བཅོས་ཀྱི་ཆེ་བ། དེ་གཉིས་དང་ལྡན་པའི་བསྟན་བཅོས་ཆེ་བ་སྟེ། ཆེ་བ་གསུམ་གྱི་སྒོ་ནས་འཆད་ལུགས་འདི། འབྲི་ཀ་མ་ལ་ཤྲི་ལའི་བཞེད་ཡིན་ཀྱང་ཟེར། ཆེ་བ་གསུམ་དང་ལྡན་པའི་སྒོ་ནས་འཆད་པ་ལ་སོགས་པའི་ལུགས་མང་ཡང་། འདི་ཉིད་རྒྱུད་ལ་བརྟེན་པའི་མན་ངག་ཡིན་པས། རྩིས་འགོ་ལྔས་འཆད་པར་བྱ་སྟེ། ལུང་མཆོག་བླ་མ་ལས། ཐོས་ཆུང་གསར་བུ་ཡིད་ཆེས་བསྐྱེད་པའི་ཕྱིར། །མན་ངག་སྤྱི་དོན་བརྩིས་འགོ་ཀླད་ནས་གཞོམ། །ཞེས་འབྱུང་བས། ཁུང་བཙུན་ཅིང་ཡིད་ཆེས་པར་བྱ་བའི་ཕྱིར། སློབ་དཔོན་གང་གིས་མཛད་པ་དང་། བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར། རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་པ་དང་། བསྟན་པ་ལ་མཚན་ངེས་ཤིང་དོན་གྱི་མདོ་ཙམ་གཅིག་རྟོགས་པར་བྱ་བའི་ཕྱིར། མཚན་ཅི་ལ་བཏགས་པ་དང་། བརྩམས་པ་ལ་དོན་ཡོད་པར་བྱ་བའི་ཕྱིར། །དགོས་ཆེད་གང་གིས་དོན་དུ་མཛད་པ་དང་། །ཤེས་ཤིང་ཁུང་དུ་ཆུད་པར་བྱ་བའི་ཕྱིར། །དབུ་ཞབས་སུ་དོན་དུས་བསྟན་པ་དང་ལྔ་ལས། དང་པོ་ནི། སྤྱིར་བསྟན་བཅོས་བརྩམས་པའི་ཚད་ལ། རབ་ཆོས་ཉིད་བདེན་པའི་དོན་མཐོང་བ་དང་། འབྲིང་ཡི་དམ་ལྷ་ཡི་ཞལ་མཐོང་ཞིང་ལུང་བསྟན་ཐོབ་པ། ཐ་མ་བཀའི་དགོངས་དོན་འགྲེལ་ཞིང་། ཐེག་པའི་ཤན་འབྱེད་ཅིང་ལ་བཟླ་བ། ཚིག་དོན་ལ་མཁས་ཤིང་བྱེ་བྲག་ཕྱེད་པ་གཅིག་གིས་བརྩམས་དགོས་ཏེ། རྫོགས་ཆེན་རྒྱན་ལས། ཆོས་ཉིད་མངོན་སུམ་རྟོགས་པ་རབ། །བླ་མ་ཡི་དམ་མཁའ་འགྲོ་ཡིས། །ལུང་བསྟན་ཐོབ་པ་འབྲིང་པོ་ཡིན། །ལ་ཤན་བཀའ་ལུང་ཚིག་ལ་མཁས། །བྱེ་བྲག་ཕྱེད་པ་ཐ་མ་ཡིན། །ཅེས་གསུངས་པས། གཞུང་འདི་ཉིད་ཀྱི་བརྩམ་པ་པོ་སློབ་དཔོན་སངས་རྒྱས་གསང་བ་ནི། བརྩམ་ཚད་གསུམ་དང་ལྡན་པ་ཡིན་ཏེ། གཞུང་འདི་ཉིད་ལས། རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་དུའང་དབྱེར་མེད་པའི། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་པས། སྔོན་ནས་སྦྱངས་པ་ཡུན་རིང་ལ་དར་དྲག་པའི་སྟོབས་ཀྱིས། ཆོས་ཀུན་མཉམ་པ་ཉིད་ཀྱི་དོན་རྟོགས་ཤིང་། ཁུང་དུ་ཆུད་པའོ། །ཡང་འདི་ཉིད་ལས། ལྷའི་ལྷ་ཞེས་པས། ཐུན་མོང་གི་ལྷ། འཇམ་དཔལ། སྤྱན་གཟིགས་ཕྱག་རྡོར། དབྱངས་ཅན་མ་ལ་སོགས་པ་དང་། ཁྱད་པར་གཞུང་འདི་ཉིད་ཀྱི་རྒྱུད་ཀྱི་སྟོན་པ། རྡོ་རྗེ་སེམས་དཔའ་རྣམས་ཀྱི་ཞལ་འདུ་འབྲལ་མེད་པར་གཟིགས་པའོ། །དེའང་རྒྱུ་འབྲས་ཀྱི་ཐེག་པ་བསམ་གྱིས་མི་ཁྱབ་པའི་བརྗོད་བྱ་ཤན་འབྱེད་ཅིང་ལ་ཟློས་པ། ཚིག་དོན་ལ་ནོར་འཁྲུལ་དང་ལྷག་ཆད་མི་མངའ་ཞིང་བྱེ་བྲག་ཕྱེད་པས། བརྩམ་ཚད་རབ་འབྲིང་གསུམ་ཀ་དང་ལྡན་པའི་སློབ་དཔོན་དེས་མཛད། ཡང་ན་ཐ་མ་རིགས་པའི་གནས་ལྔ་ལ་མཁས་པ་གཅིག་དགོས་ཞེས་བྱ་བ་ཡང་སྣང་བས། སློབ་དཔོན་འདི་ཉིད་རྒྱ་གར་ཆུ་བཞིའི་པན་ཏྲི་ཏ་རྣམས་ཀྱི་བླ་ཕུད་དུ་གྱུར་ཅིང་། འཁོར་ལྔ་བརྒྱ་དང་བཅས་པ་ལུས་ལྷག་མེད་དུ་གཤེགས་ཤིང་། རི་བོ་རྩེ་ལྔར་འཕགས་པ་འཇམ་དཔལ་དང་ལྷན་གཅིག་དུ་བཞུགས་པའོ། །དེ་ཡང་རྣམ་ཐར་མདོ་ཙམ་གཅིག་བཀོད་ན། སློབ་དཔོན་སངས་རྒྱས་གསང་བ་འདི་ཐོག་མར་གསན་པ་རྒྱ་ཆུང་ཤིང་། དད་པ་ཤིན་ཏུ་ཆེ་བ། སྒོམ་བསྒྲུབ་ལ་མོས་པ་གཅིག་ཡིན་པས། འཇམ་དཔལ་ཨ་ར་པ་ཙ་ན་བྱ་བའི་བསྒྲུབ་ཐབས་གཅིག་བསླབ་ནས། བསྒྲུབ་པའི་རྟེན་འཕགས་པ་འཇམ་དཔལ་གྱི་ཐང་སྐུ་གཅིག །བ་དམར་སེར་གྱི་འོ་མ་བུམ་པ་གང་། མེ་ཏོག་ཨུད་པ་ལ་གཅིག་བསྣམས་ནས། ཨ་སུ་རའི་བྲག་ཕུག་ཏུ་བསྒྲུབ་པས། ནང་པ་གཅིག་གྲུབ་སྟེ། བྲིས་སྐུ་བཞད། འོ་མ་ཁོལ། མེ་ཏོག་མདངས་དང་ལྡན་པར་གྱུར་པས། དེ་ཡང་མེ་ཏོག་འཇམ་དཔལ་གྱི་བྲིས་སྐུ་ལ་ཕུལ། འོ་མ་དེ་གསོལ་ནས་དངོས་གྲུབ་ཐོབ་པ་ཡིན་པ་ལ། སློབ་དཔོན་གསན་པ་རྒྱ་ཆུང་བས། དངོས་གྲུབ་ལེན་མ་ལེན་མ་མཁྱེན་ཏེ། ཅི་ཙུག་བྱེད་སྙམ་པའི་དར་གཅིག་བསྡད་བར་དུ། གནོད་སྦྱིན་མོ་གཅིག་ཡིན་ཟེར་ནས། ལྷའི་བུ་ནག་པོ་འཆར་ཀས། འགྲམ་པ་ལ་ཐལ་ལྕགས་རྒྱབ་ནས་རུ་རྒྱལ་བར་གྱུར་སྐད། བརྒྱལ་སངས་ནས་བལྟས་པས། བྲིས་སྐུ་བཞད་པ་ནག །འོ་མ་ལུད་པ་བོ། མེ་ཏོག་མདངས་ཡལ་ནས་འདུག་པས། དངོས་གྲུབ་ལེན་མ་མཁྱེན་པར་ཤེས་ནས། འོ་མ་བོ་བའི་ཤུལ་དུ་ཐིག་གཅིག་ལྕེ་སྟེང་དུ་བཞག་སྟེ། བདག་ཐོས་པ་ཆུང་བ་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །དཔེར་ན་ང་དང་ང་ལྟ་བུའི་གསུང་ནས། ཟ་ཧོར་གྱི་ཡུལ་དུ་གསན་པ་ལ་བྱོན་ཏེ། ཟ་ཧོར་གྱི་རྒྱལ་པོ་པྲ་བྷ་ཧསྟི་ལ། དང་པོ་འདུས་པ་གསང་བའི་རྒྱུད། ཏན་ཏྲ་པང་ཏྲ་ཧས་གསན། དེ་ལ་སོགས་པ་ཕྱི་རྒྱུད་ཐ་དག་གསན་ནས། མཁས་པ་ཆེན་པོར་གྱུར་ཏེ། མན་ངག་ཨ་བ་ད་ར། བསམ་གཏན་ཕྱི་མའི་རྒྱ་ཆེར་འགྲེལ་ལ་སོགས་པ། སློབ་དཔོན་གྱིས་བརྩམ་པའི་ཆོས་ཀྱང་མང་དུ་བཞུགས་སྐད་དོ། །དེ་ནས་ནང་པའི་རྒྱུད་ཀྱང་མང་དུ་བསླབས་ཤིང་མཁྱེན་ནས་སྒོམ་བསྒྲུབ་མཛད་པར་ཐུགས་ལ་དགོངས་པ་ལ། འཆད་པར་བྱེད་པའི་སློབ་དཔོན་དུ་གྱུར་ཏེ། སྒོམ་སྒྲུབ་བྱར་མ་བྱུང་བས། ད་ལྟར་ཐོས་པ་ཆེ་ན་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །ང་དང་ང་ལྟ་བུའོ། །ཞེས་གསུངས་ནས། བོད་ཡུལ་རའི་དགོན་ཕུག་ཞེས་བྱ་བར། གངས་ཏི་སེ་ཙེ་ལ་སྒོམ་བསྒྲུབ་མཛད་དུ་བྱོན་ནས། ཐུགས་དམ་གྱི་ལྷ་རྡོ་རྗེ་སེམས་དཔའ་ལ་མཛད་ནས་བསྒྲུབ་པ་མཛད་པས་ཡི་དམ་གྱི་ལྷའི་ཞལ་མངོན་དུ་གཟིགས་ནས་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཐོབ་ནས་བཞུགས་པ་ལ། བོད་ཀྱི་བརྩད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གསན་ནས། ལོ་ཙ་བ་མི་གསུམ། སྦས་མན་འཛུ་ཤྲི། བྲན་ཀ་མུ་དྲི་ཀི། ཙངས་ཐེ་ལེན་ནེ་ལེན་ཏྲ་དང་གསུམ་ལས། གསེར་ཕྱེ་བྲེ་གསུམ་བརྫངས་ནས་སྤྱན་འདྲེན་དུ་བཏངས་སོ། །ལུགས་གཅིག་ལ། གནུབས་ནམ་མཁའི་སྙིང་པོས། གླང་སུ་ག་ཏོ་གོ་ཆ། གཉན་ཁམས་པའི་ལྷ། བྲན་ཀ་མུ་ཏི་བྲི། སློབ་དཔོན་དབའ་ཁྲི་ཤེས་དང་ལྔ་ཡིན་པར་བཤད་དོ། །དེ་ནས་སློབ་དཔོན་གྱི་སྤྱན་སྔར་མཆིས་ནས། གསེར་ཕྱེ་བྲེ་དོ་ཕུལ་ཏེ། བོད་དུ་གཤེགས་པར་ཞུ་འཚལ་བྱས་པས། ངས་བོད་སྲིན་པོ་གདོང་དམར་འདུལ་བའི་དུས་ལ་བབ་མ་བབ། ཡི་དམ་ལྷ་ལ་དྲི་གསུངས་ནས། ནུབ་མོར་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ། དྲིས་པས་ལན་མ་གནང་སྐད། དེ་ཡང་འདུལ་བའི་དུ་ལ་མ་བབ་པར་འདུག་ཟེར། ལུགས་གཅིག་ལ་སློབ་དཔོན་གྱི་ཞལ་ནས། སྔོན་བྲག་ཕུག་དགྲ་འདུལ་ལྷ་ཞལ་ནས། པཎ་ཏྲི་ཏ་རྣམས་ཉམས་བསྡུར་དུས། བོད་སྲིན་པོ་གདོང་དམར་གང་གིས་གདུལ་བྱ་ཡིན་མིན་བརྟག་པ་ལ། རྒྱལ་པོ་ཁྲི་སྲོང་གི་དུས་སློབ་དཔོན་པད་མས་འདུལ་བས། པད་མ་བོད་ལ་བྱོན། ཅེས་ལུང་བསྟན་ནས། བོད་དུ་བྱོན་དུ་མ་གནང་། འོན་ཀྱང་ངའི་ཆོས་ཀྱིས་ཕན་ཐོག་ཏེ་འོང་བས། དབང་བསྐུར་ཆོས་བཤད་གསུང་ནས། གངས་ཏི་ཙེ་ཤེལ་གྱི་མཆོད་རྟེན་དུ་བྱིན་གྱིས་བརླབས་ནུས་པ། མཚོ་མ་ཕམ་གཡུའི་མཎྜལ་དུ་རློབས་ནུས་པ། དཔག་ཚད་དང་རྒྱང་གྲགས་ཐིག་སྣ་དོར་བས་ལྷའི་དལ་དུ་སྤྲུལ་ནུས་པ་དེས་དེ་བཞིན་དུ་བཞུགས་པས། མདུན་གྱི་ནམ་མཁའ་ལ་ཐིག་སྣ་དོར་བས། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཝལ་གྱིས་གསལ་བར་བྱས་ཏེ། དབང་ང་ལ་ནོད་དམ་ལྷ་ལ་ནོད་གསུངས་པས། ཁོང་གིས་སློབ་དཔོན་གྱི་ཐུགས་རིགས་པ་ལྷའི་དལ་དུ་ཤར་བ་མ་ཤེས་པས། རུ་ངན་པ་ལྷ་བཟང་བར་བྱས་ཏེ། དབང་ལྷ་ལ་ཞུ་འཚལ་བྱས་པས། ལྷ་རྣམས་དེ་ཉིད་དུ་མི་སྣང་བར་གྱུར་སྐད། དེར་རུས་ན་རེ། དབང་ང་ལ་ནོད་བྱས་ན་ལྷ་ལ་དབང་ནོད་དུ་འོང་བ་ཡིན་ཏེ། ང་ངན་ལྷ་བཟང་བར་བྱས་པས་ལྷ་རྣམས་མི་སྣང་བར་གྱུར་བ་ཡིན། འོན་ཀྱང་དབང་བསྐུར་གྱི་གསུང་ནས། དབང་སྐུར། ལོ་ཙ་བ་རྣམས་ལ་ཆོས་བཤད་པ་ནི། དེའི་དུས་སུ་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་གའི་བསྒྲུབ་ཐབས་མང་དུ་མཛད་ནས། ཁྱད་པར་དུ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་མན་ངག་མཚན་ཉིད་གསུམ་དུ་བསྡུས་པའི་ལམ་ཆུང་མཛད། དེས་ཀྱང་བདེ་བླག་ཏུ་མ་རྟོགས་ནས། ལམ་རིམ་ཆེན་པོ་ལེའུ་དགུ་པ་འདི་ཉིད་མཛད་ནས་བསྐུར། ལུགས་གཅིག་ལ་གངས་ཏི་ཙེར་སེར། ཕྱི་རྒྱུད་མིན་པ་མ་གསུང་གསང་སྔགས་ནང་པའི་མན་ངག་ལམ་རིམ་ལ་སོགས་རྒྱ་གར་དུ་མཛད་ཟེར། གསང་སྔགས་འཚོལ་མི་ལྔ་ཡང་། རྒྱ་གར་གྱི་སློབ་དཔོན། རང་གི་སློབ་མ་སྒེག་རྡོར་ལ་སོགས་པ་ལྔ་ཡིན་པར་འདོད་དོ། ༈ །གཞན་ཡང་བརྩད་དཔེའི་སྐྱེས་ལན་དུ། མན་ངག་ཨ་བ་ད་ར་བརྩམས་ནས་བསྐུར། ལོ་ཙ་བས། དཀའ་བླས་བྱས་པའི་དོན་དུ། བྱང་ཆུབ་པའི་སིན་ཏར་ཏ་དང་། བསམ་གཏན་ཕྱི་མའི་རྒྱ་ཆེན་འགྲེལ་བརྩམས་སོ། །སྣང་བ་དམ་པ་རྒྱན་བརྩམས་ནས་བསྐུར་རོ། །དེ་ཡང་རུ་ཉིད་གཡེངས་བ་ཆེ་བར་དགོངས་ནས། སླར་རྒྱ་གར་དུ་གཤེགས་ཏེ། བརྒྱ་བྱིན་བཤལ་བྲང་གི་ཡང་ཐོག་ཏུ་བཞུགས་ཏེ། མི་དང་མི་མ་ཡིན་པའི་འཁོར་ལ་ཐེག་པ་ཆེན་པོའི་ཆོས་ལོ་བརྒྱར་བཤད་དོ། །དེ་ནས་ལོ་བརྒྱར་འཁོར་རྣམས་ཀྱི་དབུས་ན་ཆོས་མི་གསུང་བར་ཙོག་གི་བཞུགས་ནས། གཉིས་བརྒྱ་ལོན་ནས་འཁོར་ལྔ་བརྒྱ་དང་བཅས་ནས་རིག་འཛིན་གྱི་ས་ལ་གཤེགས་ཏེ། འཇིག་རྟེན་པ་རྣམས་ཀྱིས་སྟོན་པ་གཉིས་པ་ཞེས་མཚན་བཏགས་སོ། །རྣམ་ཐར་རྒྱས་པ་ནི་ལོགས་སུ་ཤེས་སོ། །གཉིས་པ་བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར། རྒྱུད་གང་ནས་བཏུས་ཤིང་ཕྱོགས་གར་གཏོགས་པ་ནི། གཞུང་འདི་ཉིད་ལས། སྟོང་ཕྲག་བརྒྱ་པའི་རྒྱུད་དག་ལས། །ཞེས་པས། ཐུགས་སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་ནས་བཏུས་ཤིང་། ཕྱོགས་མ་ཧཱ་ཡོ་གར་གཏོགས་སོ། །གསུམ་པ་མཚན་ཅི་ལ་བཏགས་པ་ནི་སྤྱིར་མཚན་གྱི་འདོགས་ལུགས་ལ་ལྔ་ལས། གཞུང་འདི་ཉིད་ལས། ལམ་མཆོག་ཅེས་པས། དོན་རང་གི་ངོ་བོ་ལ་འདོགས་པ་སྟེ། མཚན་དོན་རྒྱས་བཤད་ནི་གཞུང་འགྲེལ་དུ་ཤེས་སོ། །བཞི་པ་དགོས་ཆེད་གང་གི་དོན་དུ་མཛད་པ་ནི། གཞུང་འདི་ཉིད་ལས། དམ་པའི་རིགས་ཅན་དྲ་མ་དང་། །དེ་རྗེས་མ་འོངས་སྐལ་ལྡན་སོགས། །ཞེས་པས། སློབ་དཔོན་སངས་རྒྱས་གསང་བ་རང་གིས་འཁོར་དམ་པའི་རིགས་ཅན་སྔགས་འཚོལ་མི་ལྔ་དང་། མ་འོངས་པའི་གང་ཟག་ཆོས་ཀྱི་མིག་ཅན། ལས་དང་སྐལ་བ་ལྡན་པ་རྣམས་ཀྱི་དོན་དུ་མཛད་དོ། །ལྔ་པ་དབུ་ཞབས་སུ་དོན་དུས་བསྟན་པ་ནི། ཀླད་ཀྱི་དོན་དང་། གཞུང་གི་དོན། ཞབས་དོན་གསུམ་དུ་ཤེས་པར་བྱ་ཞིང་། གཞུང་དོན་ཉིད་ལའང་། སྣོད་བཅུད་གཉིས། བཅུད་ལ་གཞི་ལམ་འབྲས་གསུམ་སྟེ། གཞི་ཡེ་ཤེས་རང་ལ་གནས་པ་དང་། ལམ་རང་གནས་རྟོགས་ཤིང་གོམས་པར་བྱེད་པ། འབྲས་བུ་རང་གནས་སངས་རྒྱས་ཀྱི་དགོངས་པ་མངོན་དུ་གྱུར་པའོ། །དེའང་ལམ་ལ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། གནས་སྐབས་ཀྱི་འབྲས་བུ་ཟག་མེད་ཀྱི་རིག་འཛིན་ནོ། །ཏིང་ངེ་འཛིན་དེ་ལའང་། ཚོགས་ལམ་རྣལ་འབྱོར་བཞི། སྦྱོར་ལམ་ཚོམ་བུ་ཚོགས་བསྒྲུབ་པའོ། །འོ་ན་དེ་རྣམས་ལེའུ་གང་གིས་སྟོན་ན། གཞི་ཡེ་ཤེས་རང་གནས་ལེའུ་དང་པོས་སྟོན་ལ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ལེའུ་གཉིས་པས། ཚོགས་ལམ་རྣལ་འབྱོར་བཞི་ལ། སྟོང་པ་ཆེན་པོའི་རྣམ་འབྱོར་ལེའུ་གསུམ་པས། སྙིང་རྗེ་ཆེན་པོའི་རྣལ་འབྱོར་ལེའུ་བཞི་པས། ཕྱག་རྒྱ་གཅིག་པའི་ལེའུ་ལྔ་པས། ཕྱག་རྒྱ་སྤྲོས་པ་ལེའུ་དྲུག་པས། ཚོམ་བུ་ཚོགས་བསྒྲུབ་པ་ལེའུ་བདུན་པས་རིག་འཛིན་བཞི་ལེའུ་བརྒྱད་པས་སྟོན་ལ། འབྲས་བུ་མཐར་ཐུགས་དགུ་པས་སྟོན་ནོ། །དེས་སྤྱི་དོན་གྱིས་ཁོག་དབུབ་པ་དེ་སོང་ནས། གཞུང་དོན་གྱི་ས་བཅད་པ་དང་། ཚིག་དོན་གྱི་འབྲུ་གཉེར་བ་གཉིས། བཤད་བྱ་གཞུང་དོན་དངོས་ཀྱི་སྐབས་དང་འབྲེལ་བ་ཡིན་ནོ། །དེས་ཁོག་དབུབ་བསྡུས་པ་ཙམ་གཅིག་བརྗོད་པ་ཡིན་གྱི། རྒྱས་པར་སྒྱུ་འཕྲུལ་མ་ཧཱ་ཡོ་གའི་རྒྱུད་སྡེ། སངས་རྒྱས་ཀྱི་གསུང་ཚུལ། པན་ཏྲི་ཏ་ཚད་མ་རྣམས་ཀྱིས། དེ་ལ་བརྟེན་ནས་མན་ངག་བརྩམས་ཚུལ། ཆོས་འདི་རྣམས་ལ་བརྒྱུད་ཚུལ་གསུམ་གྱིས་བརྒྱུད་ལུགས། དེ་རྣམས་འཆད་པར་བྱེད་པའི་ཐབས་ལ་མན་ངག་གནད་ནས་འཛིན་ནས་བཤད་ལུགས་རྣམ་པ་མང་པོ་ཡོད་པ་དེ། ཡི་གེ་མང་གིས་དོགས་པའི་ཕྱིར་འདིར་མ་བཀོད་དོ། །བཤད་བྱ་གཞུང་དོན་དངོས་ཀྱི་སྐབས་ལ། སྤྱི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། མན་ངག་བརྩམས་པ་ལ་འཇུག་པའི་ཡན་ལག་ཀླད་ཀྱི་དོན་དང་། ཆོས་ཀུན་ཁོང་དུ་ཆུད་པར་བྱ་བའི་ཕྱིར། གཞུང་གི་དོན་དང་། མཇུག་གི་དོན་དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་གདབས་པའོ། །དང་པོ་ལ་གསུམ་སྟེ། བགྲང་བར་ཆད་བསལ་ཞིང་ཚོགས་རྫོགས་པར་བྱ་བའི་ཕྱིར་ཕྱག་བྱ་བ་དང་། དྲངས། ཕྱག་འཚལ་བའི་ཡུལ་རྡོ་རྗེ་སེམས་དཔའ། འདིའི་རྣམ་བཞག་བཤད་པ་ལ། སྤྱི་དོན་རྣམ་པ་བཞི་ཡོད་དེ། ངོ་བོ་དང་། ངེས་ཚིག་དང་། མཚན་ཉིད་དང་། རང་བཞིན་ནོ། །ངོ་བོ་ལ་གཉིས་ཏེ། དོན་རྡོ་རྗེ་སེམས་པའི་ངོ་བོ་དང་། རྟགས་རྡོ་རྗེ་སེམས་དཔའི་ངོ་བོའོ། །གནས་ལུགས་ངོ་བོ་ཉིད་ཀྱི་གཞི། །བདེན་གསུམ་དབྱེར་མེད་འཆིང་གྲོལ་ཐམས་ཅད་དང་བྲལ་བ་དེ་ཉིད་གཉིས་པ་ནི། གདུལ་བྱའི་སྣང་ངོ་ལ་ཡེ་ཤེས་སྒྱུ་མའི་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པའི། རྡོ་རྗེ་སེམས་དཔའ་མཐར་ལམ་པའི་སྣང་ངོ་ལ་ཤར་བའོ། །གཉིས་པ་ངེས་ཚིག་ནི། མདོ་ལས། ལང་ཀའི་བདག་པོ་དེ་ཁོ་ན་ཉིད་ཅི་བཞིན་པ་དེ་ནི། ཐམས་ཅད་ནས་ཐམས་ཅད་དུ་གཉེན་པོ་མེད་པ། འཕོ་འགྱུར་མེད་པ། སྐྱེ་འགག་མེད་པའི་རྡོ་རྗེ། དེ་ཁོ་ན་ཉིད། སེམས་ཉིད། རང་རིག་པས་ན་སེམས། ཆོ་འཕྲུལ་སྣ་ཚོགས་སུ་འབྱུང་བ། དངོས་པོ་མེད་པས་ངོ་བོ་ཉིད་དུ་བཅོམ་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཞེས་བྱའོ། །འདི་ནི་ལུང་གི་ཚིག་ཁོ་ནས་དོན་གོ་བར་ཟད་དོ། །གསུམ་པ་མཚན་ཉིད་ནི། སྐྱེ་འཇིག་གི་མཐའ་དང་བྲལ་བ་སྟེ། རིམ་གསུམ་ལས། མཚན་ཉིད་མཐའ་རྣམས་ཀུན་བྲལ་བས། །ཅིར་ཡང་བཟུང་དུ་མེད་པའོ། །ཞེས་སོ། །བཞི་པ་རང་བཞིན་ནི། རྡོ་རྗེ་སེམས་དཔའི་རང་བཞིན་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་དབྱེར་མི་ཕྱེད་པའོ། །དེས་སྤྱི་དོན་སོང་ནས། གཞུང་དོན་ནི། དཔལ་ཞེས་པ་རྒྱ་གར་སང་ཏྲི་ཏའི་སྐད་དུ་ཤྲཱིའི་སྐད་དུ་དྲངས་ན། བོད་སྐད་དུ། ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་གཅིག་ལ་དཔལ་ཟེར་རོ། །འདི་ལ་དབྱེ་ན། ཐུན་མོང་གི་དཔལ་དང་། ཁྱད་པར་གྱི་དཔལ་གཉིས། དང་པོ་ནི། འཇིག་རྟེན་གྱི་བདེ་ལེགས་ཕུན་སུམ་ཚོགས་པ་ལ་དཔལ་འབྱོར་ཟེར་བ་དང་། ཐེག་པ་འོག་མའི་རང་སའི་འབྲས་བུ་ལ་དཔལ་ཟེར་རོ། །དེ་ལ་གཉིས། རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱིའོ། །དེའང་། དགྲ་བཅོམ་ནས་སྟུག་པོ་བཀོད་པ་མན་ཆད། ཆོས་ཉིད་ཀྱི་དོན་ཕྱོགས་རེ་ཕྱོགས་འགའ་ཙམ་རྟོགས་པ་བདག་གི་དཔལ་ཏེ་ཆོས་སྐུ་ཡིན་ལ། དེས་གདུལ་བྱའི་དོན་ཕྱོགས་རེ་ཕྱོགས་གྷ་ཙམ་བྱེད་པ་ནི། ཐུགས་རྗེ་གཞན་གྱི་དཔལ་སྟེ་གཟུགས་སྐུ་རྣམ་གཉིས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་དཔལ་ནི། གོང་གི་ཐུན་མོང་དེ་ལས་ཁྱད་པར་དུ་གྱུར་པས་ན། དཔལ་གྱི་དཔལ་ཟེར་རོ། །རྒྱས་པ་ལས། ང་ནི་སྤྱི་དཔལ་བླ་ན་མེད། །སྐྱོན་བྲལ་ཐབས་ཀྱི་རྒྱལ་པོར་འདོད། །ཅེས་འབྱུང་བས་སོ། །འདི་ལ་དབྱེ་ན། གསུམ་པ་ཞེས་པ། དང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ནི། འཁོར་འདས་སྣང་སྲིད་ཀྱི་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་མཉམ་པ་ཉིད་རོ་གཅིག་པའི་དོན་སེམས་ཅན་ཐམས་ཅད་ལ་སྟོར་བྲལ་མེད་པར་གནས་ཤིང་། སྐུ་ལྔ་ལྷུན་གྲུབ་གྱིས་སངས་རྒྱས་རང་ཆས་སུ་ཡོད་པ་ནི་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཔལ་ཞེས་བྱའོ། །གཉིས་པ་རིག་པ་རང་སྣང་བའི་དཔལ་ནི། དེ་ལྟ་བུའི་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ལུགས་དེ་རྟོགས་ཤིང་མཐར་ཕྱིན་པ་ནི། བདག་དོན་གྱི་ལེགས་པ་ཕུན་སུམ་ཚོགས་པས། རྟོགས་པ་བདག་གི་དཔལ་དེ་ཆོས་སྐུའོ། །གསུམ་པ་ཐུགས་རྗེ་ཆེན་པོ་ཞར་བྱུང་གི་དཔལ་ནི། དེ་ལྟར་རང་དོན་ཆོས་སྐུ་ཐོབ་པའི་ཞར་ལ་ཐུགས་རྗེའི་མཛད་པས་གདུལ་བྱའི་དོན། གང་ལ་གང་འཚམས་སུ་མཛད་པ་དེ་ནི། གདུལ་བྱ་གཞན་གྱི་དོན་དུ། ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་བས། ཐུགས་རྗེ་གཞན་གྱི་དཔལ་ཞེས་བྱ་སྟེ། གཟུགས་སྐུ་གཉིས་སོ། །དེ་རྣམས་ནི་དཔལ་ཞེས་བྱ་བའི་དོན་ཏོ། །ཉིད་ལྡན་ཞེས་པ་ནི། གང་ལ་ལྡན་ན། སྔོན་འབྱུང་རྡོ་རྗེ་སེམས་དཔའ་དགོངས་པ་ལ་ལྡན་པའམ། རྗེས་འཇུག་ལ་དཔལ་གསུམ་གྱི་དོན་དེ་ཉིད། རིག་པ་རང་སྣང་ལ་ལྡན་པའོ། །ཚུལ་ཇི་ལྟར་དུ་ལྡན་ན། ངོ་བོ་ཉིད་ཀྱི་ལྡན་པ་སྟེ། དུང་དང་དཀར་ལྡན། ཆུ་དང་གཤེར་ལྡན། མར་དང་སྣུམ་ལྡན་པ་ལྟ་བུའོ། །རྡོ་རྗེ་སེམས་པའི་ངེས་ཚིག་ནི། དོན་རྡོ་རྗེ་ཆོས་ལྔ་ཡིན་ཏེ། དེ་ལ་དང་པོ་ཕྲིན་ལས་གཞན་འཇོམས་བའི་རྡོ་རྗེ་ནི། རྡོ་རྗེ་ལྟ་བུའི་ཞེས་པ་ནི། དཔེར་ན་རྫས་རྡོ་རྗེ་ཕ་ལམ་གྱི་ཕར་གཟི་མཆོང་ལ་སོགས་པའི་དམིགས་འབུག་ཅིང་འཇོམས་པར་བྱེད། ཚུར་ལ་གཅིག་ཀྱང་མི་ཚུགས་ལྟར། དོན་རྡོ་རྗེ་སེམས་དཔའི་ཐུགས་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་དངོས་པོ་དང་དངོས་མེད་ལ་སོགས་པའི་གཉིས་འཛིན་གྱི་ལྟ་ངན་ཐམས་ཅད་འཇོམས་པས་ན། ཕྲིན་ལས་གཞན་འཇོམས་པའི་རྡོ་རྗེ་ཞེས་བྱ་སྟེ། རྒྱས་པ་ལས། འཇོམས་ཤིང་ཅིས་ཀྱང་མི་ཚུགས་པའི། །རང་བྱུང་ཆེན་པོ་ལྷ་ཡི་ལྷ། །དེ་ཉིད་རྟོགས་པའི་རིགས་པ་ལ། །བཛྲ་ཞེས་ནི་གདགས་པར་བྱ། །ཞེས་སོ། །གཉིས་པ་ངོ་བོ་འདུས་མ་བྱས་པའི་རྡོ་རྗེ་ནི། ཡེ་ཤེས་འདུས་མ་བྱས་ཞེས་པ་ནི། སྒྲིབ་གཡོག་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་གནས་ལུགས་དེ་ཉིད་དང་པོ་རྒྱུ་ལས་མ་བྱུང་བར་དུ་རྐྱེན་གྱི་མ་བསྐྱེད་ཐ་མ་དངོས་པོ་མ་གྲུབ་པས་འདུས་མ་བྱས་ཞེས་ཟེར་རོ། །རིམས་གསུམ་ལས། རྒྱུ་རྐྱེན་བྲལ་བའི་སྐད་ཅིག་མས། །རང་སྣང་ཉིད་དུ་བྱུང་བའོ། །ཞེས་སོ། །གསུམ་པ་ཡོན་ཏན་རྩལ་བ་མེད་པའི་རྡོ་རྗེ་ནི། མ་བརྩལ་ལྔ་རྫོགས་ཞེས་པ་སྟེ། དཔེར་ན་ཆུ་ལ་གཤེར་ལྷུན་གྱིས་གྲུབ་པ་བཞིན་དུ། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་རྟོགས་པ་ལ། རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་གཞན་ནས་བརྩལ་མ་དགོས་པར་རང་ལ་རྫོགས་པའོ། །རྩ་རྒྱུད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་བྱུང་། །ཞེས་སོ། །བཞི་པ་མཚན་ཉིད་སྐྱེ་འཇིག་དང་བྲལ་བའི་རྡོ་རྗེ་ནི། རྐྱེན་བྲལ་མི་ཤིགས་ཞེས་པ་སྟེ། དཔེར་ན་འབྱུང་ཆེན་གཏོས་ཀྱི་ནམ་མཁའ་འདི། རྒྱུ་རྐྱེན་ལས་མ་བྱུང་བས་འཕོ་འགྱུར་མེད་པ་བཞིན་དུ། སེམས་ཀྱི་གནས་ལུགས་འདི། རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས་ན། རྐྱེན་བྲལ། སྐྱེ་འཇིག་དང་བྲལ་བས་མི་ཤིག་ཅེས་ཟེར་རོ། །ཀུན་བྱེད་ལས། རྡོ་རྗེ་ཞེས་ནི་བྱ་བ་ལས། སྙིང་པོའི་རང་བཞིན་དེ་ལ་ནི། །སྐྱེ་འཇིག་མེད་པའི་རང་བཞིན་ལས། །རྡོ་རྗེ་ཞེས་ནི་བརྗོད་པ་ཡིན། །ཅེས་སོ། །ལྔ་པ་རང་བཞིན་དབྱེར་མི་ཕྱེད་པའི་རྡོ་རྗེ་ནི། དབྱིངས་ཉིད་ཡེ་ཤེས་འདུ་འབྲལ་མེད། །ཞེས་པ་སྟེ། དོན་དམ་སྐྱེ་མེད་སྤྲོས་པ་དང་བྲལ་བའི་དབྱིངས་དེ་ཉིད་དང་། ཀུན་རྫོབ་རིག་པ་སྒྱུ་མ་ཅིར་ཡང་མ་འགགས་པའི་ཡེ་ཤེས་གཉིས་ཡེ་ནས་འདུ་འབྲལ་མེད་པར་ཆུ་དང་གཤེར་བ་བཞིན་དུ་དབྱེར་མེད་དུ་གནས་པའོ། །དེ་ཡང་སྒྱུ་འཕྲུལ་མེ་ལོང་ལས། ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དེ། །ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བརྗོད་པ་ཡིན། །ཅེས་སོ། །ལྔའི་གྲུབ་ཅེས་པ། དེ་ལྟར་རྡོ་རྗེའི་ཆོས་ལྔའི་སྒྲ་དོན་བཤད་པ་དེས་རྡོ་རྗེའི་བཤད་པ་དེ་གྲུབ་པ་ཡིན་ནོ། །གསུམ་པ་སེམས་ཀྱི་དོན་བཤད་པ་ནི། ཉིད་གཉིས་མེད་ངང་གསལ་མི་གཡོ་མི་སེམས་སེམས་ཆེ་ཞེས་པ་ནི། གོང་དུ་བཤད་པའི་དོན་དེ་ཉིད་གཉིས་སུ་མེད་པའི་རིག་པ་རང་སྣང་བས་ཀྱང་སེམས། བྱེད་པ་པོ་མེད་པར་ངང་གི་རང་གསལ་བའི་ཕྱིར་སེམས། གཞན་དུ་མི་གཡོ་བའི་ཕྱིར་སེམས། དེ་ཀ་སངས་རྒྱས་ཀྱི་དགོངས་པ་ཡིན་པས་ན་ཆེན་པོ་ཞེས་བྱའོ། །འདིའི་དོན་ཞིབ་ཏུ་ངོ་སྤྲད་ན། སེམས་ཞེས་པ་ལ་དོན་བཞི་སྟེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་སྟོང་པ་ཆེན་པོའི་རྣལ་འབྱོར། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་ཆོས་སྐུའི་སེམས་འདི་ལ་གཉིས་མེད་ཅེས་ཟེར་རོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོའི་རྣལ་འབྱོར། མཚན་མའི་སྒྲིབ་གཡོགས་མེད་པ་སྤྲུལ་སྐུའི་སེམས་འདི་ལ་ངང་གསལ་ཞེས་ཟེར། དབྱེར་མེད་བྱང་ཆུབ་ཀྱི་སེམས་ཕྱག་རྒྱ་གཅིག་པའི་དགོངས་པ། ཡོད་མེད་རྟག་ཆད་གང་གི་ཕྱོགས་སུ་མ་ལྷུང་བ། ལོངས་སྐུའི་དགོངས་པ་འདི་ལ་མི་གཡོ་བའི་སེམས་ཟེར། སྤྲོས་བྲལ་དང་བྲལ་བ་བྱང་ཆུབ་ཀྱི་སེམས་ནི། ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར། སེམས་ཉིད་ཀྱི་སྐུའི། རྡོ་རྗེའི་སྐུའི་དགོངས་པ། ཡུལ་ཡུལ་ཅན་ཅིར་ཡང་མི་སེམས་པས་ན། མི་སེམས་པའི་སེམས་ཟེར་རོ། །སེམས་ལ་དབྱེ་ན་འགྲོ་དྲུག་འཁྲུལ་སྣང་གི་སེམས་དང་། མུ་སྟེགས་རྟག་ཆད་ལོག་པའི་སེམས་དང་། ཐེག་པ་འོག་མ་ཕྱོགས་འཛིན་གྱི་སེམས་དང་། དེ་རྣམས་ཐམས་ཅད་ཕྱོགས་རེ་བའི་སེམས་ལ། འདི་ཉིད་གསང་སྔགས་མ་ཧཱ་ཡོ་གའི་ལུགས་ཀྱི། མ་སྐྱེས་མ་འགགས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་དོན་དམ་ལྷག་པའི་ཆོས་སྐུ་ཆེན་པོ་དེ་ཉིད་ཁུང་དུ་ཆུད་པ་ལ་སེམས་ཆེན་པོ་ཞེས་བྱའོ། །བཞི་པ། དཔའ་ཞེས་བྱ་བའི་དོན་བཤད་པ་ནི། ཕྲིན་ལས་ཀྱི་བདུད་བཞི་བཅོམ་པས་ན་དཔའོ་ཞེས་བྱའོ། །དེ་ལ་བདུད་བཞི་ནི། ཉོན་མོངས་པའི་བདུད་ནི། དུག་ལྔ་རང་ག་མར་སྤྱོད་པའོ། །ཉོན་མོངས་ལྔ་ཉིད་མ་སྤངས་ཡེ་ཤེས་ལྔར་གྱུར་པ་ནི། ཉོན་མོངས་པའི་འདུད་བཅོམས་པ་སྟེ། ཕྲིན་ལས་དང་སྦྱར་ན་ཞི་བ་ཕུང་པོའི་བདུད་ནི་ཕུང་པོ་ལྔ་ལ་རང་རྒྱུད་དུ་བཟུང་ཞིང་སྡུག་བསྔལ་གྱི་རྟེན་དུ་གྱུར་པའོ། །ཕུང་པོ་ལྔ་ཉིད་མ་སྤངས་རིགས་ལྔའི་དཀྱིལ་འཁོར་དུ་མངོན་དུ་གྱུར་པ་ནི། ཕུང་པོའི་བདུད་བཅོམ་པ་སྟེ། ཕྲིན་ལས་དང་སྦྱར་ན་རྒྱས་པ། འཆི་བདག་གི་བདུད་ནི། སྐྱེ་ཤི་རང་རྒྱུད་དུ་བཟུང་བའོ། །སེམས་ཉིད་སྐྱེ་ཤི་མེད་པའི་དོན་མངོན་དུ་གྱུར་པས་ན། འཆི་བདག་གི་བདུད་བཅོམས་ཏེ་ཕྲིན་ལས་དང་སྦྱར་ན་དབང་། ལྷའི་བུའི་བདུད་ནི། རེ་དོགས་བཟང་ངན་གྱི་འཛིན་པའོ། །ལྷ་རྟོགས་གཉིས་སུ་མེད་པའི་དོན་མངོན་དུ་གྱུར་པས་ན། ལྷའི་བུའི་བདུད་བཅོམ་པ་སྟེ། ཕྲིན་ལས་དང་སྦྱར་ན་དྲག་པོའོ། །རྡོ་རྗེ་སེམས་དཔའི་མཛད་པ་ཕྲིན་ལས་གྱི་བདུད་བཞི་བཅོམ་པས་དཔའ་བ་སྟེ། དཔེར། དཔེར་ན་འཇིག་རྟེན་ན་དགྲའི་དཔུང་འཇོམས་པའི་སྐྱེས་བུ་ལ་དཔའ་བོ་ཟེར་བ་ཡིན་ནོ། །རང་ཉིད་ན ི་སངས་རྒྱས་གསང་བ་ལྷའི་ཞེས་པ་ཐེག་པ་ཐུན་མོང་གི་ལྷ་ནི་འཇམ་དབྱངས་ཡིན་ལ། ཁྱད་པར་གྱི་ལྷ་ནི་གསང་སྔགས་མ་ཧཱ་ཡོ་གའི་ལུགས་ལ་རྡོ་རྗེ་སེམས་དཔའི་སྟོན་པ་ཇི་བཞིན་པར་འདོད་པའོ། །སྐབས་འདིར་ཐ་སྙད་པ་འགའ་ཞིག་གིས། འཇིག་རྟེན་པའི་ལྷ་དང་། སྐྱེ་བའི་ལྷ་དང་། རྣམ་པར་དག་པའི་ལྷ་དང་། དོན་གྱི་ལྷ་ལ་སོགས་པའི་དབྱེ་བ་འགའ་ཞིག་བྱེད་འདུག་སྟེ་སྤང་བར་བྱའོ། །དེ་ལྟ་བུའི་དོན་རྟགས་གཉིས་དང་ལྡན་པའི་ལྷ་དེ་ལ་ཕྱག་འཚལ་བའི་ཚུལ་གཉིས་མེད་མོས་ཞེས་པ་འདི་ནི། ལྟ་བ་རྟོགས་པའི་ཕྱག་ཡིན་པར་མངོན་པས། དེ་ཡང་རྡོ་རྗེ་སེམས་དཔའི་དགོངས་པ་དང་། སངས་རྒྱས་གསང་བའི་དགོངས་པ་གཉིས་ཤར་ནུབ་ཀྱི་ནམ་མཁའ་ལྟ་བུར་དབྱེར་མེད་གཅིག་ཏུ་འདྲེས་པ་ནི། ལྟ་བ་རྟོགས་པའི་ཕྱག་གོ། །སྤྱིར་ཕྱག་འཚལ་བའི་སྐབས་འདིར། གང་གི་འཚལ། གང་ལ། ཚུལ་ཇི་ལྟར། དགོས་ཆེད་ཅིའི། དུས་ནམ། དགོས་ཆེད་ཅིའི་འཚལ་བ་ལ། གཞན་དོན་དུ། གཉིས་དོན་དུ། ཆོས་དོན་དུ་འཚལ་བའོ། །གཞན་ཡང་དགོས་ཆེད་ལ་དངོས་དང་། ཙམ་པོ་གཉིས། དངོས་ལ་སྤྱི་དང་། བྱེ་བྲག་གཉིས། ཙམ་པོ་ལ་གཞུང་། མཛེས་པའི་དགོས་ཆེད་དང་། ཆོས་ཀྱི་ཁ་བྱང་གཉིས། འདི་རྣམས་ཀྱི་དོན་རྒྱས་པར་འཆད་སྤྲོ་ན། གཞུང་ལུགས་གཞན་བཤད་སྲོལ་ལྟར་གྱིས་ལ། ཁྱད་པར་དུ་གཞུང་འདི་ཉིད་དོན་དང་སྦྱར་ནས་འཆད་པ་གལ་ཆེ། འདིར་ཡི་གེ་མང་གི་དོགས་པའི་ཕྱིར་མ་བཀོད་དོ། །གཉིས་པ་ཁུང་བཙུན་ཞིང་ཡིད་ཆེས་པར་བྱ་བའི་ལོ་རྒྱུས་ལ་གསུམ་བགྲང་། སྤྱིར་གསང་བདག་གིས་དམ་པའི་རིགས་ཅན་ལྔ་ལ་གསང་སྔགས་གསུང་པའི་ལོ་རྒྱུས་དང་། དྲང་། འདིར་གསང་བདག་གི་དམ་པའི་རིགས་ཅན་ལྔ་ལ་གསང་སྔགས་གསུང་པའི་ལོ་རྒྱུས་གསུང་ཡང་། ཆོས་རྒྱུད་དྲི་མ་མེད་པ་འདི་དང་པོ་ཇི་ལྟར་བྱུང་བ་ནི། རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུའོ། །ཞེས་གསུངས་པས། རྒྱལ་བ་དགོངས་པར་བརྒྱུད་པ་ནི། རྒྱལ་བ་ཀུན་ཏུ་བཟང་པོས། རྒྱལ་ཚབ་རིགས་ལྔ་ལ་བརྒྱུད། རིགས་ལྔས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལྷན་གཅིག་པའི་འཁོར་ལ་བརྒྱུད་པའོ། །རིག་འཛིན་རིགས་པར་བརྒྱུད་པ་ནི། མི་མ་ཡིན་པ་ལ་བརྒྱུད་པ་དང་། མི་དང་མི་མ་ཡིན་པ་གཉིས་ལ་བརྒྱུད་པའོ། །དང་པོ་ནི་ཐུབ་པའི་དབང་པོ་འདས་ནས། ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ། རིག་འཛིན་རིགས་པས་བརྒྱུད་པ། འཇམ་དཔལ་གྱི་ལྟ་བ། སྤྱན་རས་གཟིགས་ཀྱི་བསྒྲུབ་པ། ཕྱག་རྡོར་གྱི་སྤྱོད་པ་བསྟན་ཟེར་ཡང་། གསང་སྔགས་ཀྱི་ལྟ་སྤྱོད་བསྒྲུབ་པ་གསུམ་ཀའི་དོན། འཇམ་དཔལ་གཞོན་ནུ་མཛེས་པའི་སྐུ་དང་ལྡན་པ་དེས། ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་ཆོས་བསྟན་ཏེ། འཇམ་དཔལ་རྡོ་རྗེ་རྣོན་པོས། ལྷ་གྲགས་ལྡན་མཆོག་སྐྱོང་ལ་བཤད། དེས་རིན་ཆེན་འོད་འབར་ལ། དེས་སྐྱེ་དགུའི་བདག་པོ་ཚངས་པ་ལ། དེས་ཚངས་པ་ཀུན་གྲོལ་དེས་ཚངས་པ་གཙུག་ཕུད་འཛིན། དེས་དབང་པོ་བརྒྱ་བྱིན། དེས་ལྷའི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ། དེ་ལྟར་གྱུར་པས་ལྷ་རྣམས་ཀྱང་། །བྱང་ཆུབ་སེམས་དཔའི་རིག་འཛིན་ཅིང་། །རྒྱལ་བ་རྣམས་ཀྱི་གདུང་འཚོབ་པར་གྱུར་ཏོ། །སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་ངེས། ཀླུ་དུག་ཅན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར། ཀླུ་རྒྱལ་གྷྲི་ན་ནག་པོ་ལ་བཤད། དེས་ཀླུ་མོ་ཁ་འདུལ་མ་ལ། དེས་ཀླུ་ཡིད་འོང་དགའ་བ་ལ། དེས་འཇོག་པོ་ལ། དེས་ཀླུ་ཚོམ་བུ་འབུམ་སྡེ་ལ། དེ་ལྟར་ཀླུ་རྣམས་ཀྱང་གོང་མ་བཞིན་ཏུ་གྱུར་ཏོ། །ཕྱག་ན་རྡོ་རྗེ་འཇིགས་ཚུལ་ལྡན་པའི་སྐུ་དང་ལྡན་པ་དེས། གནོད་སྦྱིན་རྣམས་ཀྱི་ལུས་དང་བསམ་པ་མཐུན་པར། གནོད་སྦྱིན་གྲགས་ལྡན་མཆོག་སྐྱོངས་ལ་བཤད། དེས་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ། དེས་གནོད་སྦྱིན་སྐར་མདའ་གདོང་ལ། དེས་གནོད་སྦྱིན་ཚོམ་བུ་འབུམ་སྡེ་ལ། དེ་ལྟར་གནོད་སྦྱིན་རྣམས་ཀྱང་གོང་ལྟར་གྱུར་ཏོ། །མི་དང་མི་མ་ཡིན་པ་གཉིས་ཀ་ལ་གསང་བདག་གིས་ཆོས་བཤད་ཚུལ་ནི། འདི་ཉིད་ཡིན་ལ་ཐུབ་པའི་དབང་པོས་མྱ་ངན་ལས་འདས་ཁར་ཇི་ལྟར་ལུང་བསྟན་པ་འདི་ལྟར་ཏེ། མདོའི་ཞེ་གསུམ་པ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལ་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་རྣམས་སྣང་བར་འགྱུར། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལངྐ་ཡི་བདག་པོ་ལ་སོགས་པ། །ལག་ན་རྡོ་རྗེ་གནང་བར་འགྱུར། །ཞེས་གསུངས་པས། ཐུབ་པའི་དབང་པོ་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ་དམ་པའི་རིགས་ཅན་ལྔ་རི་མ་ལ་ཡའི་རྩེར་ལྷགས་ནས། ཕྱོགས་བཅུའི་སངས་རྒྱས་ལ་གདུང་ཚིག་མི་འདྲ་བ་ཉི་ཤུ་རྩ་གསུམ་གྱི་སྒོ་ནས་གསོལ་བ་བཏབ་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་གསན་ནས། ལྕང་ལོ་ཅན་དུ་འདུས་ནས་གསང་བདག་ལ་བཀའ་བགྲོ་མཛད། གསང་བདག་གིས་ཞལ་གྱིས་བཞེས་པའི་རྗེས་ཐོག་ནས། སྟོན་པ་གསང་བའི་བདག་པོ་རི་མ་ལ་ཡར་དམ་པའི་རིགས་ཅན་ལྔའི་སྤྱན་སྔར་མངོན་སུམ་དུ་གཤེགས་ནས་ཆོས་གསུང་པ་འདི་ལྟར་སྟེ། དེ་ཡང་ཆོས་གསུང་ཡུལ་དམ་པའི་རིགས་ཅན་ལྔ་ནི། ལྷའི་རིག་པ་འཛིན་པ་ལྷ་གྲགས་ལྡན་མཆོག་སྐྱོངས་ཏེ་བློ་གྲོས་མཐའ་ཡས་དང་། ཀླུ་ལས་ཀླུ་རྒྱལ་འཇོག་པོ་སྟེ་བློ་གྲོས་འདུས་པ། གནོད་སྦྱིན་ལས་གནོད་སྦྱིན་སྐར་མདའ་གདོང་སྟེ་བློ་གྲོས་དད་སེལ། སྲིན་པོ་ལས་སྲིན་པོ་ལངྐ་མགྲིན་བཅུ་སྟེ་བློ་གྲོས་ཐབས་ལྡན་དང་། མི་ལས་མི་དགེ་བསྙེན་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་སྟེ་བློ་གྲོས་རབ་ཞི་ཞེས་བྱ་བ་དམ་པའི་རིགས་ཅན་ལྔ་འདི་ཉིད་གསང་སྔགས་རྟོགས་པའི་ལས་འཕྲོ་དང་སྐལ་བར་ལྡན་པ་རྣམས་འདུས་པ་ལ། ལུང་ཨ་ནུ་ཡོ་གའི་ཆོས་མདོ་སྔ་མ་བདུན་ཕྱི་མ་བདུན་རྣམས་གསུང་པའོ། །འདི་རྣམས་ཀྱི་དོན་རྒྱས་པར་སྤྲོ་ན། སྤྱི་བཅིང་འགྲེལ་པ་ནང་ལ་གཟིགས་མཛོད། ཐ་སྙད་པ་འགའ་ཞིག་གི་གོང་གསང་བའི་བདག་པོ་མངོན་གཤེགས་ཀྱི་སྐབས་ལ། གསང་བདག་གིས་བྱེ་བ་བཞི་ཐུབ་པའི་འབྲུ་ག ཉེར་རྣམས་བྱེད་འདུག་སྟེ་དོན་ཆུང་བས་མ་བཀོད། ཁྱད་པར་དུ་རྒྱལ་པོ་ཛ་ལ་གསང་སྔགས་བབ་ཅིང་འགྲུབ་པའི་ལོ་རྒྱུས་དང་། དྲང་། ཟ་ཧོར་གྱི་ཡུལ་ཨ་པར་ཏ་མུ་ཉའི་རྒྱལ་པོ་ཨུ་ཏ་ཛྙ་ན་ཞེས་བྱ་བའི་བུ་རྒྱལ་པོ་ཛ་ཞེས་ཀྱང་བྱ། དྷ་ཧེ་ད་ལེ་ཞེས་ཀྱང་བྱ། ཨིན་ཏྲ་པུ་ཏྲི་ཞེས་ཀྱང་བྱ་བ། འདི་སངས་རྒྱས་བཅོམ་ལྡན་འདས་རང་གིས་ཞལ་སློབ་ཡིན་པར་སྣང་། འདི་ཉིད་ཐེག་ཆེན་རྟེན་གྱི་གང་ཟག་གསང་སྔགས་ཀྱི་རིགས་ཅན་དེ་ལ་གསང་བདག་གིས་དམ་པའི་རིགས་ཅན་ལྔ་ལ་ལུང་ཨ་ནུ་ཡོ་གའི་ཆོས་གསུང་པ་དང་དུས་མཉམ་དུ་ཏྲི་ཤང་ཨ་སུ་རའི་བྲག་ཕུག་ཏུ། གསང་སྔགས་ཕྱི་རྒྱུད་ལ་སྒྲུབ་པ་བྱེད་ཞིང་ཡོད་ལ་རྨི་ལྟས་བདུན་ཤར་བའོ། །དེའི་དོན་རྒྱས་པར་བཤད་ན། རི་མ་ལ་ཡ་དེའི་ཤར་ལྷོ་ན། ཏྲི་ཤང་ཨ་སུ་རའི་བྲག་ཕུག་ཞེས་བྱ་བ་ན། ཕུག་རིན་པོ་ཆེ་ཟུར་བརྒྱད་དུ་ཡོད་པ། སྒོ་རིན་ཆེན་ཟླ་གམ་དུ་དོད་པ། ངོས་ལ་ངོ་མཚར་གྱི་རི་མོ་བྱུང་བ། ལོག་ལ་བྲག་སེངྒེ་དཀར་མོ་ཁྱི་ཚུགས་སུ་ཡོད་པ། མཁར་ཡང་ཐོག་སུམ་རིམ་དང་བཅས་པ། སྟེང་བྱ་ཀ་ལེན་ཏ་ཀས་ཚང་བཅས་ནས། ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་སྒྲོགས་ནས་ཡོད་པ། རྩ་བ་ན་བདུད་རྩིའི་ཆུ་མིག་རང་རྡོལ་ཡོད་པ། མདུན་ན་མེ་ཏོག་གི་སྣམ་བུ་ཡོད་པ་ཤིང་ཡལ་ག་ཕྱོགས་བཞིར་གྱེས་པ། དུས་བཞིའི་དགྲ་ལས་སྐྱོབས་པ་ལྟར་ཡོད་པ། ཤིང་དེའི་མེ་ཏོག་དང་འབྲས་བུ་སྨན་དུ་གྱུར་ཏེ། ཟོས་ན་ནད་སྣ་ཚོགས་སོས་པ། དེ་ལྟ་བུའི་ཉམས་དགའ་བའི་གནས་ཁང་དེར། ལས་དང་སྐལ་བར་ལྡན་པ་རྣམས་བགྲོད་དུ་ཐར་ལ། ལས་དང་སྐལ་བར་མི་ལྡན་པ་རྣམས་ཀྱིས་ནི་བགྲོད་དུ་མི་ཐར་བའི་གནས་ཁང་དེ་ནང་། སྐལ་ལྡན་རྒྱལ་པོ་ཛས། གསང་སྔགས་ཕྱི་རྒྱུད་ལ་བསྒྲུབ་པ་མཛད་ཅིང་བཞུགས་པ་ལ། རྨི་ལྟས་བདུན་ཞག་རེ་ལ་རྨིས་ཡང་སྐད། ཞག་གཅིག་ལ་རྨིས་ཡང་སྐད། དེ་ལ་རྨི་ལྟས་དང་པོ་ནི་ཕྱག་ན་རྡོ་རྗེ་མདུན་གྱི་ནམ་མཁའ་ལ་བྱོན་ཏེ། སྐུའི་གནས་ནས་འོད་ཟེར་འཕྲོས་ཏེ་གདུལ་བྱ་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས། གསུང་གི་གནས་ནས་བསྟན་པ་དང་ཐེག་པའི་སྒྲ་བསྒྲགས་པས། གདུལ་བྱ་ཐམས་ཅད་གོ་བར་མཛད། ཐུགས་ཀྱི་གནས་ནས་རྡོ་རྗེ་འོད་འབར་བ་བྱུང་ནས་རྒྱལ་པོའི་ཐུགས་ཀར་ཐིམ། སྤྱིའི་གཙུག་ནས་ཉི་མ་བྱུང་ནས། རྒྱལ་པོའི་གཙུག་ཏུ་ཐིམ་པ་རྨིས་སོ། །དེ་ཡང་དགོངས་འདུས་ཀྱི་འགྲེལ་པ་ལུང་བསྟན་རྡོ་རྗེ་ལས། སྐུ་གསུང་ཐུགས་ཀྱི་རྟགས་ཐིམ་པ་དང་། ཞེས་པའི་དོན་ནོ། །རྨི་ལྟས་དེ་ནི་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བའི་ལྟས་སོ། །རྨིས་ལྟས་གཉིས་པ་ནི། དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཉི་མ་ཟླ་བ་ལ་བཅིབས་ནས། ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བསྣམས་ནས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྨིས་སོ། །དེ་ཡང་ཆོས་ཀྱི་བགྲོ་བ་མཛད་པ་དང་། ཞེས་པའི་དོན་ནོ། །རྨིས་ལྟས་དེ་ནི་ཆོས་ལ་དབང་ཐོབ་པའི་ལྟས་སོ། །རྨིས་ལྟས་གསུམ་པ་ལ། ནས་མཁའ་ལ་སྤྲིན་གསེར་གྱི་ཁ་དོག་ཅན་ཆགས། སྣང་སྲིད་གསལ་བའི་གློག་འགྱུ། ཆོ་འཕྲུལ་གྱི་འབྲུག་དམ་པ་ཆོས་ཀྱི་སྒྲ་འུར་ཏི་རི་རི་སྒྲོགས་པ་རྨིས་ཏེ། དེ་ཡང་། ཆོས་སྒྲ་ཆེན་པོ་སྒྲོགས་པ་དང་། ཞེས་པའི་དོན་ནོ། །དེ་ནི་ཐུགས་རྗེས་འགྲོ་ལ་ཆོས་ཀྱི་ཆར་ཆེན་པོ་འབེབས་པའི་ལྟས་སོ། །རྨི་ལྟས་བཞི་པ་ལ། ནམ་མཁའི་སྤྲིན་གསེབ་ནས་བདུད་རྩི་ཆུ་རྒྱུན་བབ་སྟེ། ས་ཕྱོགས་ཐམས་ཅད་ཆགས་ཆགས་གདབ། གདུལ་བྱ་ཐམས་ཅད་ཀྱི་རྟོག་སྒྲིབ་སྦྱངས་ནས། ཀུན་ཀྱང་རྡོ་རྗེ་རྣལ་འབྱོར་མ་ཞེས་གསང་སྔགས་ཀྱི་སྒྲ་ཏི་རི་རི་གྲགས་པ་རྨིས་སོ། །དེ་ཡང་། བདུད་རྩིའི་ཆར་དུ་བབ་པ་དང་། ཞེས་པའི་དོན་ནོ། །ལྟས་དེ་ནི་འགྲོ་བ་ཀུན་གྱི་གསང་སྔགས་ཀྱི་དོན་རྟོགས་པའི་ལྟས་སོ། །རྨིས་ལྟས་ལྔ་པ་ལ། ནམ་མཁའི་སྤྲིན་གསེབ་ནས་རིན་པོ་ཆེའི་སྒྲོམ་གྱི་ནང་རིན་པོ་ཆེ་མཐིང་གི་ཤོག་གུ་ལ་གསེར་གྱི་རྒྱ་རང་ནན་དུ་བྲིས་པའི་པོ་ཏི་དང་། གླེགས་བམ་སྐར་མདའ་ས་ལ་བབ་ཙམ་ལྷུང་གིས་རྨིས་སོ། །དེ་ཡང་། རིན་ཆེན་ཆར་དུ་བབ་པ་དང་། ཞེས་པའི་དོན་ནོ། །ལྟས་དེ་སྟེང་དུ་གླེགས་བམ་བབ་པའམ། ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ལྟས་སོ། །རྨི་ལྟས་དྲུག་པ་ལ། པོ་ཏི་གླེགས་བམ་དེ་རྣམས་ལ། རིག་འཛིན་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ལ་ལས་ནི་མཆོད་པ་འབུལ། ལ་ལས་ནི་བསྐོར་བ་བྱེད། ལ་ལས་ནི་བསྟོད་པ་བྱེད་པའི་སྒྲ་སྒྲོགས་པ་རྨིས་སོ། །དེ་ཡང་། པུ་ཙ་རྒྱ་ཆེན་བྱེད་པ་དང་། ཞེས་པའི་དོན་ནོ། །ལྟས་དེ་ནི་གསང་སྔགས་ཀྱི་ཆེ་བ་སྟོན་པའི་སྔ་ལྟས་སོ། །རྨི་ལྟས་བདུན་པ་ནི། ནམ་མཁའི་མཐོང་ན་གཟུགས་སུ་མ་གྲུབ་པའི་ལུང་སྟོན་པའི་སྒྲ། ལས་དང་སྐལ་བར་དང་ལྡན་ཅིང་། །བསོད་ནམས་ཆེན་པོ་དྲ་མ་ཁྱོད། །སྤྲུལ་པ་ཇི་ལྟར་ལུང་བསྟན་ཞིང་། །རྒྱལ་བ་འབྱུང་བར་ལུང་བསྟན་པས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་སྒྲོགས་པར་བྱའོ། །ལྟས་དེ་ནི་གསང་བ་དམ་པ་རྒྱ་ཆེར་སྒྲོགས་པའི་ལྟས་སོ། །ཞེས་རྨིས་པས། དེར་རྒྱལ་པོ་རྣལ་སད་དེ། མཁར་གྱི་ཡང་ཐོག་ཏུ་སྐུ་ཆགས་སུ་བྱོན་པས། གསང་བདག་ཕྱག་ན་རྡོ་རྗེའི་སྐུ། རྒྱུ་རིན་པོ་ཆེ་སྨུག་པོ་ལས་གྲུབ་པ་ཁྲུ་གང་པ་གཅིག་བཞུགས་ཅིང་གདའ་སྐད། དེ་ལ་ཕྱག་ལན་གསུམ་འཚལ། བསྐོར་བ་ལན་གསུམ་བྱས། ཞབས་སྤྱི་བོའི་གཙུག་ཏུ་བླང་སྟེ། ཨེ་མའོ་ངོ་མཚར་རྨད་མཆོག་སྐུ། འདྲེན་པ་མཆོག་གི་དཔལ་ལགས་གང་། །མོས་པའི་ཡིད་ཀྱི་ལྷ་མཆོག་ཁྱོད། །སྔོན་ཚེ་གོང་ནས་བསྒྲུབ་པ་ཡི། །ལས་ཀྱི་འབྲེལ་པའི་ལྷ་མཆོག་ཁྱོད། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ་། །གསུངས་ཏེ། ཡི་དམ་གྱི་ལྷར་བཟུང་ནས། ཟླ་བ་བདུན་དུ་བསྒྲུབ་པ་མཛད་པས། པོ་ཏི་དང་གླེགས་བམ་དེ་རྣམས་མངོན་སུམ་དུ་བབ་ཅིང་། དེའི་བྱིན་བརླབས་སྣང་བ་དཔེ་ཆར་ཤར་བ་ཡིན་སྐད། རྒྱལ་པོ་རང་གི་ལས་དང་སྨོན་ལམ་རྣམ་པར། དག་པ་དང་། སངས་རྒྱས་ཀྱི་ཐུགས་རྗེ་ཕྲིན་ལས་གཉིས་འབྲེལ་པའི་སངས་རྒྱས་ཀྱི་ཐུགས་རྗེ་བསྟན་པ་ཕུན་སུམ་ཚོགས་པ་དེ་ཉིད། རེ་ཞིག་པོ་ཏི་གླེགས་བམ་གྱི་ཚོགས་སུ་སྣང་བ་ལ་རྒྱལ་པོ་རང་གིས་མངོན་སུམ་དུ་བརྟགས་པའི་པོ་ཏི་རྣམས་ཀྱི་ནང་ནས། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་དང་ཐུགས་ཀྱི་བསྒྲུབ་པའི་ལེའུ་མངོན་སུམ་དུ་རྟོགས་ཏེ། ཐུགས་ཀྱི་བསྒྲུབ་པ་དེ་ཉིད་ཀྱི་སྒོ་ནས་རྡོ་རྗེ་སེམས་དཔའ་དེ་ཉིད་ཟླ་བ་བདུན་བསྒྲུབ་ནས་རྡོ་རྗེ་སེམས་དཔའ་དངོས་སུ་གྲུབ་ནས། མདུན་གྱི་ནམ་མཁའ་ལ་བྱོན་ཏེ་ཞལ་བསྟན་ནས། རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་གསུང་པ་ལ། གླེགས་བམ་འདི་དག་གི་དོན་རྟོགས་པར་འཚལ། ཞེས་ཞུས་པས། རིགས་ཀྱི་བུ་ཕུང་པོ་སྦྱངས་ཤིག །མ་འོངས་པའི་དུས་ན་གསང་བདག་གིས་ལུང་བསྟན་པར་འགྱུར་རོ། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །ཡང་ཟླ་བ་བདུན་དུ་གསང་བའི་བདག་པོ་བསྒྲུབས་ནས། གསང་བའི་བདག་པོ་དངོས་སུ་བྱོན་ལ། རྡོ་རྗེ་སེམས་དཔའི་ལུང་བསྟན་པའི་སྨོན་པའི་ལྷ་ཕྱག་ན་རྡོ་རྗེ་དང་དེ་རུ་མཇལ་ནས། རྡོ་རྗེ་ལན་གསུམ་ནམ་མཁའ་ལ་བསོར་ནས། གསང་སྔགས་མཉམ་པ་ཉིད་ཀྱི་དོན་སྤང་བླངས་མེད་པ་བརྟུལ་ཞུགས་ཀྱི་དབང་བསྐུར་ནས། བཀའ་ལུང་བསྟན་པའི་དངོས་གྲུབ་དེ་ནས་ཐོབ་བོ། །དེ་ལྟ་བུའི་གསང་སྔགས་མཉམ་པ་ཉིད་ཀྱི་གནས་ལུགས་རྟོགས་ཤིང་ཁོང་དུ་ཆུད་པས་དོན་དམ་བཅུད་ཀྱི་དེ་ནས་རྒྱས་ཟེར་རོ། །དེའི་དུས་སུ་པོ་ཏི་གླེགས་བམ་རྣམས་མ་འདྲེས་པར་རྟོགས་ཤིང་བདག་གཞན་གཉིས་ཀྱི་དོན་ལྷུན་གྱིས་གྲུབ་པས་ན་འདོད་པའི་བསམ་པ་དེ་རུ་འགྲུབ་ཅེས་ཟེར་རོ། །ཡང་ལུགས་གཅིག་ལ། དེ་རྒྱལ་པོས་པོ་ཏི་གླེགས་བམ་དེ་རྣམས་ལ་བརྟག་པས། རྟོགས་པར་འདུག་ཀྱང་། གདུལ་བྱ་གཟུ་ལུམ་ཅན་དང་རས་གཅོད་ཅན་དགག་པའི་ཕྱིར་དུ། མ་རྟོགས་པ་ལྟར་དུ་སྣང་ནས། འཇིག་རྟེན་ཁམས་ན་མཁྱེན་པ་སུ་ཆེ་བྱས། ཟ་ཧོར་ཡུལ་ན་རྒྱལ་པོ་ཨུ་པ་ར་ཛ་ཞེས་བྱ་བ། མཁྱེན་པ་ཆེ་འོ་ཟེར་ཏེ། སྤྱན་དྲངས་སུ་བཏང་པས། ཁོང་ཉིད་ཀྱིས་ཀྱང་རྒྱལ་པོའི་ཐུགས་ཀྱི་རྟོགས་པ་མ་ཆོད་ཀྱི་དོགས་ནས་བྱོན་དུ་མ་བཞེད་སྐད། པོ་ཏི་དང་གླེགས་བམ་རྣམས་རྟ་དང་གླང་པོ་ཆེ་ལ་ཁོལ་ལ་ཐོག་ཅིག །ངས་བརྟག་གོ་གསུངས་ནས། པོ་ཏི་དང་གླེགས་བམ་རྣམས་སྟག་སྒྲོ་གཟིག་སྒྲོའི་ནང་དུ་བཅུག་ནས། ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པའི་སྤོས་སྣ་ཚོགས་དང་། གདུགས་དང་རྒྱལ་མཚན་ལ་སོགས་པའི་པུ་ཙ་སྣ་ཚོགས་དང་བཅས་ཏེ་སྤྱན་དྲངས་ཏེ། ཁོང་གིས་བརྟགས་པས་ཚིག་གཅིག་ཀྱང་བརྡའ་མ་མཇལ་སྐད། སྔོན་གྱི་མཚན་རྟགས་དང་སྦྱར་ན། རྒྱལ་པོ་ཉིད་ཀྱིས་རྟོགས་པར་འགྱུར་རོ། །གསུངས་ནས་ཚུར་སྤྱན་དྲངས་སྐད། ཡང་རྒྱལ་པོ་ཉིད་ཀྱིས་བརྟགས་པས། རྟོགས་པར་འཇུག་ཀྱང་། མ་རྟོགས་པ་ལྟར་སྣང་ནས། ཡང་འཇིག་རྟེན་གྱི་ཁམས་ན་མཁྱེན་པ་སུ་ཆེ། དྲིས་པས། སངས་རྒྱས་རིན་ཆེན་མང་གིས་སྤྲུལ་པ། དགེ་སློང་ཀུ་ཀུ་རཱ་ཛ་མཁྱེན་པ་རྒྱ་ཆེའོ། །ཞེས་ཟེར་ནས། སྤྱན་དྲངས་སུ་བཏང་བས་རྒྱལ་པོའི་ཐུགས་ཀྱི་རྟོགས་པ་མ་ཆོད་ཀྱི་དོགས་ནས་བྱོན་དུ་མ་གནང་བར། པོ་ཏི་དང་གླེགས་བམ་སྟག་སྒྲོ་དང་གཟིག་སྒྲོའི་ནང་དུ་བཅུག་ནས། ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པའི་སྤོས་སྣ་ཚོགས་དང་། གདུགས་དང་རྒྱལ་མཚན་ལ་སོགས་པའི་མཆོད་པའི་བྱེ་བྲག་སྣ་ཚོགས་དང་བཅས་པ་སྤྱན་དྲངས་ནས། དགེ་སློང་ཀུ་ཀུ་རཱ་ཛ་ཉིད་ཀྱིས་བརྟགས་པས། སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་བྱ་བ། དེའི་ནང་ནས། རྡོ་རྗེ་སེམས་དཔའ་ཐུགས་སྒྲུབ་ཀྱི་ལེའུམ། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ཏེ། ཟླ་བ་བདུན་དུ་བསྒྲུབ་པ་མཛད་པས། རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན་གྱི་ངོ་ལ་བྱོན་ཏེ། རིགས་ཀྱི་བུ་སི་ཏི་ཅི་འདོད། ཅེས་གསུངས་པ་ལ། བསྟན་པ་དང་ཐེག་པ་ཐ་དག་རྟོགས་པའི་དངོས་གྲུབ་ཞུ། ཞེས་ཞུས་པས། ཕྱག་ན་རྡོ་རྗེས་ལུང་བསྟན་པར་འགྱུར་གྱི་གསུང་ནས། མི་སྣང་བར་སོང་སྐད། ཕྱག་ན་རྡོ་རྗེ་མངོན་སུམ་དུ་བྱོན་ནས། རྡོ་རྗེ་ལན་གསུམ་བསོར་ནས། སྤངས་ལེན་བརྟུལ་ཞུགས་སྤྱོད་པའི་དབང་། །དགེ་བས་བཀུར་ནས་སྡིག་པ་མེད། །ཅེས་གསུང་ནས། རྩོལ་བ་དང་བཅས་པའི་མཚན་ཉིད་ཐེག་པ་སྤངས་ནས། རྩོལ་བ་མེད་པར་གསང་སྔགས་ཀྱི་ཐེག་པ་ཉམས་སུ་ལེན་པ་ཁྱོད་ལ། དོན་གྱི་ཐེག་པ་དང་། བསྟན་པ་ཐམས་ཅད་རྫོགས་པར་དབང་བསྐུར་རོ། །ཚིག་གི་བསྟན་པ་དེ་དག་དགེ་སློང་ལི་ཙ་བྱི་དྲི་མ་མེད་པ་ལ། ཞུས་གཅིག་པར་ལུང་བསྟན་པའོ། །ཀུ་ཀུ་ར་ཛས་གསང་བའི་བདག་པོའི་བཀའ་བཞིན་དུ་བསྒྲུབ་ཅིང་། རྒྱུད་སྡེ་དེ་རྣམས་ལ་ཏན་ཏྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཕྱེས་ནས་སྐལ་ལྡན་རྒྱལ་པོ་ཛ་ལ་གསུངས་སོ། །རིམ་པར་ཚོགས་བསྒྲུབ་ཅིང་འགྲུབ་པའི་ལོ་རྒྱུས་སོ། །དྲང་། རྒྱལ་པོ་ཛས་གླེགས་བམ་གྱི་དོན་རྟོགས་ཤིང་གྲུབ་པ་ཐོབ་པའི་རྗེས་དེ་ནས་ཛམ་བུ་གླིང་གི་ཡུལ་དབུས་རྒྱ་གར་རྡོ་རྗེ་གདན་སྟེང་གི་ཤར་ལྷོ་མཚམས་ཟེར་ཡང་། བྱང་ཤར་གྱི་ཕྱོགས་མཚམས་སུ་རི་མ་ལ་ཡོད་པ་འདི། ཟ་ཧོར་གྱི་ཡུལ་ན་ཡིན། དེའི་ཤར་ལྷོ་མཚམས་ན། ཨ་སུ་ར་གསང་བའི་བྲག་ཕུག་ཡོད་ཀྱི། ཕོ་བྲང་དམ་པ་དེའི་དབྱིབས་རིན་པོ་ཆེ་ཟུར་བརྒྱད་དུ་ཡོད། སྒོ་རང་བྱུང་ཟླ་གམ་དུ་ཡོད་དེའི་ནང་དུ་ངོ་མཚར་གྱི་རི་མོ་བཀྲ་ཤིས་པའི་རྫས་བརྒྱད་དང་། ཉི་ཟླས་མཚན་པ་ཡོད་དེ། དེའང་རང་བཞིན་གྱི་བཟང་བ། གྲུབ་པ་ཐོབ་པ་རྣམས་ཀྱི་བྱིན་གྱིས་རླབས་པ། དེ་ས་ཐམས་ཅད་ཀྱི་ཞབས་ཀྱིས་བཅག་པའི་གནས་མཆོག་དམ་པའི་ཁང་བུ་རུ་བསྒྲུབ་པ་པོའི་གང་ཟག་ཇི་ལྟ་བུ་ཞེ་ན། ཀུ་ཀུ་ར་ཛ་ཡིས་དཔོན་བྱས་པའི་ཚོམ་བུ་འབུམ། ཨིན་ཏྲ་པུ་ཏི་ཡིས་དཔོན་བྱས་པའི་ཚོམ་བུ་ཁྲི་དང་། སིངྷ་ཨུ་པ་རཱ་ཛ་ཡིས་དཔོན་བྱས་པའི་ཚོམ་བུ་སྟོང་དང་། སྲས་མོ་གོ་མས་དཔོན་བྱས་པའི་ཚོམ་བུ་བརྒྱ། ས་ལ་སོགས་ཞེས་པ་སོགས་ཁུང་ན་ཤཱ ཀྱ་སུ་ཏྲི། སློབ་དཔོན་ཧཱུྃ་ཀ་ར། སངས་རྒྱས་གསང་བ་ཡན་ཆད་བསྡུས་སོ། །འདི་རྣམས་ཀྱི་ཐོག་མར་སྒྱུ་འཕྲུལ་དྲ་བའི་དབང་ཕྱི་ནང་གསང་གསུམ་ཐོབ་ནས་ཐོས་བསམ་གྱིས་ལྟ་བ་རྟོགས་ཤིང་། ཚོགས་ལམ་གྱི་རྣལ་འབྱོར་བཞི་མཐར་ཕྱིན་ནས། སྦྱོར་ལམ་ཞི་ཁྲོའི་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་གཅིག་གསུམ་ལྔ་པ། དཀྱིལ་འཁོར་རྒྱས་བསྡུས་འབྲིང་གསུམ་དེ་རྣམས་ཚོགས་ལམ་དུ་སྦྱངས་པ་གང་སོང་བ་གཅིག་འདིར་མངོན་དུ་བསྒྲུབ་སྟེ། གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི་ཐོབ་ནས་མཐར་ཐུག་གི་འབྲས་བུ་རྡོ་རྗེ་འཆང་གི་བར་མངོན་དུ་གཤེགས་སོ། །བརྩམ་པ་མི་འགྱུར་བ་བྱ་བའི་ཕྱིར་བཤད་པར་དམ་བཅའ་བའོ། །དྲང་། སངས་རྒྱས་ཐུབ་པའི་དབང་པོ་འདས་ནས་གསང་བའི་བདག་པོས་དམ་པའི་རིགས་ཅན་ལྔ་ལ་ཆོས་བཤད་པ་དང་། རྒྱལ་པོ་ཛ་ལ་བརྒྱུད་པས་དང་པོར་ཁུངས་བཙུན། དེ་ནས་ཀུ་ཀུ་ར་ཛ་ལ་སོགས་པའི་ཚོགས་བསྒྲུབ་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐོབ་པས། བར་དུ་གྲོགས་བཟང་། འདི་ཉིད་ཀྱི་དོན་ཉམས་སུ་བླང་ན་འཁོར་བའི་སྡུག་བསྔལ་ལས་བསྒྲོལ་བས། ཐ་མར་སྐྱབས་ཆེ་བ་ལ་སོགས་པའི་རྒྱུ་མཚན་གསུམ་དང་ཡོན་ཏན་མཐའ་ཡས་པ་དེ་ལྟ་བུ་འདུག་པའི་ཕྱིར། བདག་ལྟ་བུ་ལ་སྤངས་རྟོགས་མཐར་ཕྱིར་པ་མེད་ཀྱང་སངས་རྒྱས་གསང་བའི་མཚན་ཐོབ་པ་ངས་བསྟན་པར་བྱའོ། །ཞེས་ཁེངས་བསྐྱུང་བའི་ཚུལ་ལོ། །གང་གིས་དོན་དུ་བསྟན་ན། དམ་པའི་རིགས་ཅན་ཞེས་བྱ་བ་ནི། དམ་པ་ཡང་དག་པ་གསང་སྔགས་ཀྱི་རིགས་ཅན་སློབ་དཔོན་ཉིད་དང་ལྷན་གཅིག་པའི་འཁོར། རྒྱ་གར་ན་སྒེག་པའི་རྡོ་རྗེ་ལ་སོགས་དང་། བོད་ན་བྲན་ཀ་མུར་ཏི། སྦས་མཉྫུ་ཤྲཱི་ལ་སོགས་པ་ར་མ་སྟེ་ཡ་རབ་རྣམས་དང་དེ་དང་རྗེས་སུ་མཐུན་པའི་མ་འོངས་པའི་རྣལ་འབྱོར་པ་སྐལ་བ་དང་ལྡན་པའི་དོན་བྱ་བའི་ཕྱིར་བསྟན་པར་བྱའོ། །གང་ནས་བཏུས་ཏེ་བསྟན་ན། རྡོ་རྗེ་སེམས་དཔའ་ཐུགས་སྒྱུ་འཕྲུལ་དྲྭ་བའི་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་དག་ལས་བསྡུས་ཏེ་བསྟན་པའོ། །གང་བསྡུས་ཏེ་བསྟན་ན། འདས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ། ད་ལྟ་དང་མ་འོངས་པ་རྣམས་ཀྱི་ལམ། ལམ་དེ་ཡང་ཐེག་པ་འོག་མའི་ལམ་ལས་ཁྱད་པར་གསུམ་གྱིས་འཕགས་པས་ན་མཆོག་ཅེས་བྱ་སྟེ། ཁྱད་པར་གསུམ་གང་ཞེ་ན། ཉེ་བ་དང་། བདེ་བ་དང་། རྫོགས་པའོ། །ཉེ་བ་ནི། བསྐལ་པ་གྲངས་མེད་གསུམ་དུ་བསྒྲུབ་མི་དགོས་ཏེ། ཚེ་གཅིག་གིས་འབྲས་བུ་ཐོབ་པས་སོ། །བདེ་བ་ནི། ཉོན་མོངས་པ་སྤངས་མ་དགོས་པར། ལྟ་བའི་རྩིས་ཟིན་ན། དེ་ཉིད་ལམ་དུ་ཁྱེར་བས་ཆོག་གོ། །རྫོགས་པ་ནི། འོག་མའི་ལམ་འདིའི་ལམ་སྟེགས་སུ་སྔོན་ཏུ་སོང་བས་རྫོགས་པ་དང་། གཤེགས་པའི་གཏིང་མཐའ་མ་ལུས་པར་ཁོང་དུ་ཆུད་ཅིང་། འབྲས་བུ་ལྷུན་གྱིས་གྲུབ་པས་རྫོགས་པའོ། །དེ་ཡང་ཐབས་ཞག་ལས། ལམ་གྱི་ནང་ནས་ཉེ་ལམ་བདེ་རྫོགས་ཤིང་། །ཐབས་ཀྱི་ནང་ན་མ་ནོར་དམ་པའི་མཆོག །ཅེས་སོགས། འདི་ཞེས་པ་ཉེ་བར་མཚོན་པའི་ཚིག་ཡིན་ཏེ། གསང་སྔགས་ཀྱི་སྙིང་པོ་གཞི་ལམ་འབྲས་བུ་དང་བཅས་པའི་ཆོས་འདི་བསྟན་པར་བྱའོ། །ཚུལ་ཇི་ལྟར་དུ་བསྟན་ན། བསྡུས་ཏེ་ཞེས་པས། རྒྱུད་སྡེ་དག་ན་འཐོར་བ་ཕྱོགས་གཅིག་ཏུ་བསྡུས་ལ། འཁྲུགས་པ་གོ་རིམ་དུ་བསྡེབ་ཅིང་། མང་བ་ཉུང་དུ་བསྡུས་ནས། ཟབ་མོའི་དོན་རྣམས་རྒྱས་པར་བཀྲོལ་ཏེ་བསྟན་པའོ། །དུས་གང་གི་ཚེ་བསྟན་ན། དུས་སྙིགས་མ་ལྔ་ལ་ཉེ་བའི་ཤེས་པ་རྒྱུད་དྲང་པོའི་དུས་ཀྱི་ཚེ་ན་བསྟན་པར་བྱའོ། །དེ་ལ་སྙིགས་མ་ལྔ་གང་ཞེ་ན། དུས། ཚེ། ལས། སེམས་ཅན། ཉོན་མོངས་པའི་སྙིགས་མའོ། །དེ་ལ་དུས་ཀྱི་སྙིགས་མ་ནི་རྩོད་ལྡན་ནོ། །སེམས་ཅན་གྱི་སྙིགས་མ་ནི། དེའི་དུས་སུ་སྐྱེས་པ། ཚེའི་སྙིགས་མ་ནི། ཚེ་ལོ་བརྒྱ་པ་མན་ཆད། ལས་ཀྱི་སྙིགས་མ་ནི། མི་དགེ་བཅུ་ལ་ལོངས་སྤྱོད་པ། ཉོན་མོངས་པའི་སྙིགས་མ་ནི། གཉེན་པོས་མི་ནོན་པའོ། །དགོས་ཆེད་ཅིའི་ཕྱིར་བསྟན་ན། དེ་ལྟ་བུ་སེམས་ཅན་འདུལ་བར་དཀའ་བ་དེ། ཉོན་མོངས་པ་སྤངས་ཐབས་དང་། འགོགས་བྱེད་ཐབས། སྦྱངས་ཐབས། བསྒྱུར་ཐབས་ཀྱིས་འདུལ་བའི་དུས་མིན་ཏེ། གསང་སྔགས་བླ་མེད་ཀྱི་འདུལ་བའི་དུས་ལ་བབ་པའི་ཕྱིར་བསྟན་པར་བྱའོ། །སྤྱིར་བཤད་པར་དམ་བཅའ་བའི་སྐབས་འདིར། དམ་བཅའ་བརྩམ་ཚུལ་དང་འབྲེལ་པ། ཁེངས་བསྐྱུངས་དང་འབྲེལ་པ། དགོས་ཆེད་འབྲེལ་པ། མདོར་བསྟན་དང་ལས་སོགས་རྣམས་ཤེས་པར་བྱའོ། །གཞུང་གི་དོན་ལ་གསུམ་སྟེ། བརྒྱུད་པའི་མན་ངག་མེད་ན་རང་ཉམས་ཀྱི་མི་རྟོགས་པས། བརྒྱུད་པའི་མན་ངག་དང་། བླ་མ་བསྟེན་པ་དང་། མན་ངག་མི་ཉམས་པར་བྱ་བའི་ཕྱིར། སྣོད་བརྟག་ཅིང་སྦྱིན་མི་སྦྱིན་གྱི་དམིགས་དང་། སྣོད་ལྡན་ལ་སྦྱིན་པའི་མན་ངག་རང་གི་ངོ་བོ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དྲང་། བརྒྱུད་པའི་མན་ངག་མེད་ན་རང་ཉམས་ཀྱི་མི་རྟོགས་པ་དང་། བགྲང་། སྤྱན་བཟང་ཞེས་པ་ལོང་བ་ལ་བྱ་སྟེ། སཾ་ཏྲི་ཏའི་སྐད་དུ། ཨུ་ལུ་ཏྲ་ཤ་ཀ་ཟེར། འདི་ལ་མིག་ལོང་བ། རྐང་པ་ཞ་བ། འདུ་ཤེས་ཆུང་བ་སྒྲར་འཇུག་གོ། །འོ་ན་ལོང་བའི་སྒྲ་བཤད་པ་ན། ཞ་བ་དང་འདུ་ཤེས་ཆུང་བ་གཉིས་ཅི་ལ་བཤད་ཟེར་ན། དེ་ནི་དེའི་མཚན་ཉིད་ཡིན་པའི་ཕྱིར། དེ་ལ་འགྲོ་བའི་ནུས་མཐུ་མེད་པའི་དམིགས་བུ་སྟེ་ལོང་ཁྲིད་དམ། ལམ་མཁན་དང་འདྲ་བ་དེ་དང་བྲལ་བའི་དབང་གིས་འགྲོ་ཉམས་མེད་དེ་ལམ་སྟོར་བས་ལམ་ལ་བསྒྲོད་ཅིང་རང་གི་འདོད་པའི་གནས་སུ་ཕྱིན་པར་མི་ནུས་པའི་དཔེ་དེ་བཞིན་དུ། ཚིག་ཕྱིར་བློ་འདྲང་བའི་བློ་རྩིང་པོ་རྒྱུད་མ་སྦྱངས་ཤིང་མ་དུལ་བའི་དམུ་རྒོད་དེ་ལྟ་བུའི་རང་བཟོའི་རང་ཉམས་ཀྱིས་གསང་བའི་སྙིང་པོའི་དོན་རྟོགས་ཤིང་འབྲས་བུ་མཐར་ཕྱིན་པར་མི་འགྱུར་ཏེ། དཔེར་ན་བུལ་ཤིང་ཞེས་བྱ་སྟེ་ཐང་ཤིང་སྨུག་པོ་ལ་གནས་སྐབས་ཀྱི་འབྲས་བུ་མེ་ཏོག་དང་མཐར་ཐུག་གི་འབྲས་བུ་ཤིང་ཐོག་གཉིས་ཀ་མི་འབྱུང་བ་བཞིན་དུ། རང་ཉམས་ཀྱིས་བགྲོད་པས། གནས་སྐབས་ཀྱིས་འབྲས་བུ་དང་མཐར་ཐུག་གིས་འབྲས་བུ་གཉིས་ཀ་འབྱུང་བར་མི་འགྱུར་རོ། །འདི་རྣམས་ལ་བཤད་ཚུལ་འབྲུ་ཡི་འདུག་ས་བསྒྱུར་དོན་གྱི་གོ་རིམ་བསྡེབས་ནས་བཤད་པར་འདུག་སྟེ། རྒྱུད་ཡིན་ན་བཤད་ལུགས་དེ་མི་ཕྱེད་པའི་ཐབས་མེད། མན་ངག་བསྟན་བཅོས་འདི་རྣམས་ལ། ཚིག་འཁྲུགས་ཀྱང་དོན་མ་འཁྲུགས་པར་ཡོད་པས། དཀྲུགས་ནས་མ་བསྡེབས་ཀྱང་འགལ་བ་མེད་དོ། །དེས་ན་བརྒྱུད་པའི་མན་ངག་དང་ལྡན་པའི་བླ་མ་བསྟེན་དགོས་པ་དེ་ལ་གཉིས་ཏེ། བགྲང་། བླ་མ་བཀུར་བའི་ཐབས་དང་། དྲང་། དེས་ན་བརྒྱུད་པའི་མན་ངག་དང་བླ་མ་ཉམས་ལྡན་མ་བསྟེན་ན། དོན་གསང་བའི་སྙིང་པོ་སེམས་ཀྱི་གནས་ལུགས་མི་རྟོགས་ཤིང་། གནས་སྐབས་མཐར་ཐུག་གི་འབྲས་བུ་མི་ཐོབ་པའི་སྐྱོན་ཡོད་པ་དེ་བས་ན་བླ་མ་རྡོ་རྗེ་སློབ་དཔོན་དམ་པ་དེ་རྒྱུད་ལུང་རྣམས་ཀྱི་ནང་ནས་བཤད་པ་བཞིན་དུ་བཀུར་དགོས་པ་སྟེ། བསྐུར་ཚུལ་གསུམ་ཡོད་དེ། གསང་བ་འདུས་པ་ལས། བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་བླ་མ་སངས་རྒྱས་དང་མཉམ་པར་བལྟས་ཏེ་བཀུར་བ་དང་། བླ་མ་ལྔ་བཅུ་པ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། ཐ་དད་པར་ནི་མི་བལྟའོ། །ཞེས་པས། བླ་དང་སངས་རྒྱས་ཐ་དད་མེད་པར་བལྟས་ཏེ་བཀུར་བ་དང་། དགོངས་འདུས་ལས། བསྐལ་པ་འབུམ་གྱི་སངས་རྒྱས་བས། །བླ་མ་གཉན་པར་ཤེས་པར་བྱ། །ཞེས་གསུངས་པས། བླ་མ་སངས་རྒྱས་གཉན་པ་སྟེ། ལྷག་པར་བལྟས་ཏེ་བཀུར་བའོ། །འདི་རྣམས་ལ་བླ་མ་སངས་རྒྱས་དང་མཉམ་པ་དང་། བླ་མ་སངས་རྒྱས་དང་ཐ་དད་མེད་པ་དང་། བླ་མ་སངས་རྒྱས་བས་ལྷག་པ། འདི་རྣམས་ལ་དགོངས་གཞི་དང་། དགོས་ཆེད་དང་། སྐྱོན་བརྗོད་པ་དང་། སྐྱོན་བསལ་བ་ལ་སོགས། ཞིབ་ཏུ་བཤད་རྒྱུ་ཡོད་ཀྱང་། ཡི་གེ་མང་དོགས་པའི་ཕྱིར་མ་བཀོད་དོ། །སློབ་དཔོན་གྱིས་སློབ་བུའི་སྣོད་བརྟག་པར་བྱའི་ཕྱིར་སྤྱོ་བ་བྱས་ཏེ། མཚང་བྲུ་བ་དང་། ཞེ་གཅོད་པའི་ཚིག་རྩུབ་ཅི་སྨྲས་པ་ཐམས་ཅད་ཀྱང་། བཟོད་པར་བྱས་ཏེ། དེ་ཡང་ཚུལ་ཇི་ལྟར་བསམ་ནས་བཟོད་པར་བྱ་སྙམ་ན། འཇིག་རྟེན་ཚེ་འདིའི་སྡུག་བསྔལ་གྱིས་མཐོང་བའི་གདུང་བ་ཅི་བྱུང་ཡང་ཁུར་དུ་མི་ལྟའོ། །ཅིའི་ཕྱིར་ཁུར་དུ་མི་བལྟ་ན། བརྟག་སྤྱོ་ཞེ་གཅོད་ལ་སོགས་པའི་སྡུག་བསྔལ་དེ་དག་ཀུན་ཚེ་ཕྱི་མའི་གཏན་ཚིགས་ཏེ་ཡུན་གྱི་དོན་དུ་བཟོད་པར་བྱའོ། །ཁུར་བའི་ཡོན་ཏན་ལ་གཉིས་ཏེ། བགྲང་། བླ་མ་ཁུར་བའི་ཡོན་ཏན་གདམས་ངག་གནང་བ་དང་། དྲང་། སྒོ་གསུམ་གྱིས་དཀའ་བའི་བླ་མ་བསྟེན་ཅིང་ཁུར་ན་བླ་མ་རྡོ་རྗེ་རྒྱལ་པོ་དེས། ང་ལ་ཆོས་ཟབ་མོ་འདི་ལྟ་བུ་ཡོད་དོ། །ཅེས་པ་ལ་སོགས་པ་གསུངས་པས། མན་ངག་སྦྱིན་པ་ཞལ་གྱིས་བཞེས་ཏེ། གདམས་ངག་ཉམས་ཀྱིས་གནང་བ་ཐོབ་པར་གྱུར་ཏེ་གནང་བ་ཐོབ་པས་དེའི་ཚེ་རྒྱུད་ཆེན་གསང་བའི་སྙིང་པོའི་ལེའུ་དགུ་པའི་གཞུང་འདི་ནས་བཤད་པའི་ཡོན། རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིགས། །རབ་ཏུ་གཅེས་དང་ཡིད་འཐད་འབུལ། །ཅེས་གསུང་པ་བཞིན་ཕུལ་ནས་ཞུས་ན་བླ་མ་དེའི་ཐུགས་ཀྱི་སྙིང་ཁུ་མན་ངག་ཟབ་མོ་རྣམས་སློབ་བུ་དེ་ལ་སྟེར་བར་འགྱུར་རོ། །གདམས་ངག་གནང་བའི་ཡོན་ཏན་སངས་རྒྱས་ཐོབ་པའོ། །དྲང་། མན་ངག་ཐོབ་པའི་གང་ཟག་དེ་ཡིས་དཔེར་ན་བཞོན་པ་ནི་རྟ་དང་གླང་པོ་ཆེ་ཡིན་ལ་བཟང་བ་ནི་ཆོས་གསུམ་དང་ལྡན་པ་ཡིན་ཏེ་གང་ཞེ་ན། མགྱོགས་པ་དང་། བདེ་བ་དང་། བརྟན་པའོ། །དེ་གསུམ་དང་ལྡན་པའི་བཞོན་པ་བཟང་པོ་དེ་ཞོན་ནས་འགྲོ་བའི་མི་དེ་རང་གི་གང་འདོད་པའི་གནས་སུ་མྱུར་དུ་ཕྱིན་པར་བྱེད་པ་བཞིན་དུ། དོན་གསང་བའི་མན་ངག་རྫུ་འཕྲུལ་རྟ་དང་འདྲ་བ། སྟོབས་གླང་པོ་ཆེ་དང་འདྲ་བ་ནི། ཆོས་གསུམ་ལྡན་པ་སྟེ། གང་ཞེ་ན། ཚེ་གཅིག་གིས་འབྲས་བུ་ཐོབ་པས། མགྱོགས་ཤིང་མྱུར་བ་དང་། ཉོན་མོངས་པ་ལམ་དུ་བྱེད་པས་བདེ་བ་དང་། གོལ་བའི་དབང་དུ་མི་འགྲོ་བས་བརྟན་པ་སྟེ། དེ་ལྟ་བུའི་མན་ངག་ལ་བརྟེན་ནས། བཞོན་པ་བཟང་པོ་ཞོན་ནས་འགྲོ་བའི་གང་ཟག་བཞིན་དུ། འབྲས་བུའི་གནས་སུ་ཕྱིན་པར་བྱེད་པ་སྟེ། དེ་ཡང་ལམ་གྱི་བགྲོད་ཚུལ་ཅི་ལྟ་བུའི་འབྲས་བུའི་གནས་སུ་ཕྱིན་པར་བྱེད་ཞེ་ན། འདི་ཉིད་ཀྱི་ལེའུ་གཉིས་པ་ལྟར་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་མཐོང་། གསུམ་པ་ནས་བདུན་པའི་བར། རྐྱེན་འཇུག་པའི་མཚན་ཉིད་ཚོགས་ལམ་རྣལ་འབྱོར་བཞི་དང་། སྦྱོར་ལམ་བར་ཆད་མེད་པར་ཚོམ་བུ་ཚོགས་བསྒྲུབས་ནས། ལེའུ་བརྒྱད་པ་ལྟར་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་རིག་འཛིན་བཞི་བགྲོད་ནས་ལེའུ་དགུ་པ་ལྟར་མཐར་ཐུག་གི་འབྲས་བུ་ཐམས་ཅད་མཁྱེན་པ་ཡེ་ཤེས་ཆེན་པོའི་གནས་སུ་ཕྱིན་པར་བྱེད་པའོ། །བཞི་བསྒྲོད་ནས་ཟེར་བ་འདི་ལ། དོགས་པ་གཅིག་གཟུགས་ན། ཟག་མེད་ཀྱི་རིག་འཛིན་བཞིས། ལམ་རིམ་པ་ལྟར་བགྲོད་ནས་འཇུག་པ་ཡིན་ནམ་མིན། ཡིན་ན། རྣམ་སྨིན་ཐོབ་ནས་ཚེ་དབང་བགྲོད་དགོས་པར་ཐལ། མིན་ན་བཞི་བགྲོད་ནས་ཟེར་བའི་གཞུང་འདི་དང་འགལ། ཞེ་ན། སྤྱིར་ལམ་ས་ཐ་དད་ཀྱི་དབང་དུ་བཞི་བགྲོད། ཅེས་སྨོས་པ་ཡིན་གྱི། དོན་ལ། རྣམ་སྨིན་ནས། ཚེ་དབང་དུ་བགྲོད་ཐབས་མེད། དེ་གཉིས་གང་རུང་གཅིག་ཐོབ་ནས་གོང་མ་ལ་སྦྱོར་བ་ཡིན་ནོ། །གཉིས་པ་སྣོད་བརྟག་པ་ལ་གསུམ། བགྲང་། སྣོད་བརྟག་པ་དང་། དྲང་། སྣོད་བཅུད་འཛོམ་ནས་ཟབ་མོའི་གནས་ལུགས་རྟོགས་ཅིང་། མཐར་ཐུག་གི་འབྲས་བུ་ཐོབ་པའི་ཡོན་ཏན་ཡོད་པ་དེ་བས་བླ་མ་རྡོ་རྗེ་སློབ་དཔོན་སློབ་བུ་ཡལ་བར་མི་གཏོང་བའི་གཉེར་དང་ལྡན་བས་སྣོད་བརྟག་དགོས་ཏེ། སློབ་བུ་སྣོད་དང་ལྡན་མི་ལྡན་རྒྱང་ནས་བརྟག་པ་ནི། རིག་བཟང་ངན་དང་། ཤེས་རབ་ཆེ་ཆུང་དང་། དད་པ་ཆེ་ཆུང་གི་ལོ་རྒྱུས་རྣམས་ཞིབ་པར་དྲིས་ཏེ་བརྟག་པ་དང་། དྲུང་དུ་བརྟག་པ་ནི། ལུས་ངག་གི་བྱ་སྤྱོད་བརྩོན་འགྲུས་དྲག་ཞན། དམ་པའི་ཆོས་ཀྱི་སྣོད་དུ་རུང་མི་རུང་ཞིབ་པར་བརྟག་པར་བྱའོ། །གཞན་ཡང་ཀུན་འདུས་དང་། རྔམ་གློག་ལྟར་བྱིས་པ་གཙང་མའི་སེམས་ལ་པྲ་ཕབ་ནས་བརྟགས་པ། མཁའ་འགྲོ་མ་ལ་གཏོར་མ་བྱིན་པ་ཡིས་གསང་སྔགས་སྟོན་དུ་རུང་མི་རུང་གི་ལྟས་རྨི་ལམ་དུ་སྟོན་གཅིག་ཅེས་བརྟག་པ་དང་། སྔར་བཞིན་སྤྱོ་བ་སྣ་ཚོགས་བྱས་པའི་སྒོ་ནས་བརྟག་པར་བྱའོ། །དེ་ལྟར་བརྟག་ཐབས་ལྔ་དང་། གཞན་ཡང་ཐབས་སྣ་ཚོགས་ཀྱི་སྒོ་ནས་སློབ་བུ་དེ་སྣོད་དུ་རུང་མི་རུང་ཅི་ནས་ཀྱང་བརྟག་སྟེ་སྤྱོད་པར་བྱའོ། །སྣོད་ལྡན་ལ་མན་ངག་ཀྱི་ཐུགས་སྦྱིན་པ་དང་། དྲང་། དེ་ལྟར་སློབ་བུའི་སྣོད་བརྟག་པས་བཟང་བའི་མཚན་ཉིད་དང་ལྡན་ན་ཕྱིར་མི་ལྡོག་པ་ནི། རིགས་ངེས་པ་སྟེ། དེ་ལ་ཡང་གསུམ། དང་པོ་ནས་གསང་སྔགས་ཀྱི་དོན་ལ་མི་བསྐྲག་པ་ནི། རང་བཞིན་གྱིས་རིགས་ངེས་པའོ། །དཀྱིལ་འཁོར་ལ་ཞུགས་ནས་དབང་ཞུ་ཞིང་དམ་ཚིག་གི་བསླབ་བྱ་ལ་ནན་ཏན་བྱེད་པ་ནི། བསླབ་བྱ་ལ་རིགས་ངེས་པའོ། །ལྟ་བ་རྟོགས་པ་ནི་རིགས་མཐོང་བའི་རིགས་ངེས་པ་སྟེ། དེ་ལྟར་གསང་སྔགས་ཀྱི་ཐེག་པ་འདི་ལས་གཞན་དུ་བློ་མི་ལྡོག་ཅིང་བརྟན་པར་བྱ་བའི་ཕྱིར་དབང་བསྐུར་དམ་དབོག་པར་བྱས་ནས། སྣོད་དེ་རྟས་ཤིང་རྒྱུད་མིན་པ་ཡི་སང་ཏྲི་ཏའི་སྐད་དུ་ཤི་ཤ་བོད་སྐད་དུ་སློབ་བུ་སྟེ། སྣོད་དང་ལྡན་པ་གང་ཡིན་དེའི་ལག་ཏུ་མན་ངག་ཟབ་མོ་རྣམས་གཏད་པར་བྱའོ། །སྣོད་ངན་ལ་མི་སྦྱིན་པ་དང་། དེ་ལ་གཉིས། བགྲང་། སྣོད་ངན་ལ་མི་སྦྱིན་ཞིང་འཚམ་པར་དོན་བྱ་བ་དང་། དྲང་། གོང་ལྟར་སྣོད་བརྟག་པས་ངན་པའི་མཚན་ཉིད་ཀྱི་སྐྱོན་རྟགས་མཐོང་བའི་མངོན་སུམ་དུ་ཤེས་པས་སློབ་དཔོན་གྱིས་སྣོད་དང་མི་ལྡན་པའི་གང་ཟག་ལ་མན་ངག་ཟབ་མོ་མི་སྦྱིན་པར་བྱའོ། །དེ་ཡང་སྣོད་དང་མི་ལྡན་པའི་མཚན་ཉིད་ཅི་ལྟ་བུ་ཞེ་ན། ཆོས་ཉམས་སུ་བླང་མི་བསམ་པར་ཚེ་འདིའི་ཟས་ནོར་ལ་སོགས་པ་བསྒྲུབ་པའི་འདོད་པ་ཕྲ་མོའི་རྒྱུར་ཆོས་བྱེད་པ་དང་འཇིག་རྟེན་གྱི་རྙེད་པ་དང་བཀུར་སྟི་ལ་སོགས་པའི་ཁེ་དང་འཇིག་རྟེན་གྱི་ཆོས་བརྒྱད་གྲགས་པ་ཆེ་འདོད་པའི་རྒྱུ་རུ་ཆོས་བྱེད་ཅིང་ཆོས་པར་བརློམ་པ་ནི་སྣོད་དང་མི་ལྡན་པའོ། །སྣོད་ངན་པའི་སྐྱོན་བཞི་ནི་མན་ངག་གི་བཅུད་ཆེན་པོ་རྗེད་ངེས་པར་མི་གོ་བ་བར་འཛག་པ་ནི་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་དང་། རང་གིས་ཤེས་མི་ཁོམ་པར་གཞན་ལ་སྟོན་པས་གསང་མི་ཐུབ་པ་ནི་དབོ་བ་སྟེ། སྣོད་གཞོག་རལ་ལྟ་བུའི་སྐྱོན་དང་། མན་ངག་ཟབ་མོ་བསྟན་ཀྱང་མི་གོ་བ་ནི། མི་ཆགས་པ་སྟེ་སྣོད་ཁ་སྦུབ་ལྟ་བུའི་སྐྱོན་དང་། ཐུབ་མཐའ་མི་གཅིག་པའི་གཞུང་གཞན་དང་འདྲེས་ནས་རང་གིས་ཆོས་ལ་ཐེ་ཚོམ་ཟ་བ་ནི། མ་རུང་པར་བྱེད་པ་སྟེ་སྣོད་དུག་ཅན་ལྟ་བུའི་སྐྱོན་དང་བཞིའོ། །གཞན་ཡང་སྣོད་ངན་གྱི་མཚན་ཉིད་ལ་འཇིག་རྟེན་གྱི་ལོངས་སྤྱོད་ཟང་ཟིང་གི་དངོས་པོ་ཟས་ནོར་རྣམས་ཀྱི་མཐའ་མ། མིག་ཅེས་པའི། ངན་ཤོས། མི་འདོད་པ་དེ་བླ་མ་ལ་འབུལ་ཞིང་གཏོང་། དམར་བའི་བཟང་པོ་དབུས་སྟེ་ཞེས་པར་དྲང་པོ་འདོད་པ་དེ་རང་གིས་འཆིང་བ་སྟེ། མི་གཏོང་བ་དང་། གང་ཟག་གཡོ་ཅན་ངོ་དགའ་ཆེ་ལ་ལྟག་པ་སྤྲོད་པ་དང་ལྐོག་ཏུ་བསྐུར་པས་འདེབས་པ་དང་། བླ་མའི་ལྐོག་ན་སྤྱོད་པ་རང་དགར་བྱེད་ཅིང་སྤྱོད་པ་དང་། ཁ་སྙིང་སོ་སོར་བྱེད་པ་ངག་ལ་རིགས་ངེས་ཏེ་བཟང་པོ་ཟློ། བསམ་པ་ལ་མི་ངེས་སྟེ་ངན་པ་སེམས་པ་དང་། བུད་མེད་ཡིན་ཡང་སེམས་འདོད་ཆགས་གིས་དབང་དུ་སོང་སྟེ་འདོད་པ་དེས། གཉེན་པོ་དང་ངོ་ཚ་མེད་པར་རང་ཁར་ཤོར་བའི་ཕྱལ་བ་དང་། འདི་བུད་མེད་ཟེར་ཡང་ཕོ་མོ་ཐུན་མོང་གི་སྐྱོན་ཡིན་པར་འདོད་དོ། །མུན་པའི་ཁྲོད་དང་མི་མེད་པའི་ལྐོག་ཏུ་གང་འཕྲད་པར་འདོད་ཆགས་སྤྱོད་པ་ལ་སྙེགས་པ་སྟེ། དེ་ལྟ་བུའི་གང་ཟག་ཕོ་མོ་གང་ཡིན་ཡང་ཏན་ཏྲ་སྟེ་རྒྱུད་སྡེ་རྣམས་ནས་སྣོད་ལྡན་དུ་མ་བསྔགས། ཡིན་པ་ལ་ཡུན་བསྐལ་པར་ལུས་དང་གྲིབ་མ་བཞིན་དུ་འཁོར་བར་འགྱུར་ཡང་། ཐུགས་ཀྱི་བདེ་བ་དེ་སེམས་ཀྱི་གནས་ལུགས་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཟབ་མོ་དེ་སྤྲོ་བར་མི་བྱའོ། །འོ་ན་ཐུགས་རྗེ་ཡེ་མེད་དམ། གདམས་ངག་མི་སྦྱིན་ནམ་ཞེ་ན། ཁོ་རང་དང་བློ་འཚམ་པར་ལྷའི་སྐུ་སྒོམ་ཐབས་ཙམ་བསྟན། རྩ་བ་དང་ཡན་ལག་གི་དམ་ཚིག་གཅན་གཟན་གྱི་འཕྲང་དང་འདྲ་བ་སྦྱིན་ཅིང་། འཆི་བ་མི་རྟག །དལ་འབྱོར་རྙེད་དཀའ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། སྐྱབས་འགྲོ་སེམས་བསྐྱེད། དག་སྣང་མོས་གུས། སྐྱོ་ཤས་ཞེན་ལོག །བྱམས་སྙིང་རྗེ། གསང་སྔགས་འདིའི་ལམ་སྟེགས་ཀྱི་ཆོས་རྣམས་བཤད་པར་བྱའོ། །བྱིན་པའི་ཉེས་དམིགས་སོ། །དྲང་། གོང་དུ་བསྟན་པ་བཞིན། འཚམས་པར་དོན་བྱས་པ་དེ་ལྟ་བུ་མིན་ན་ཡང་དཔེར་ན་བེའུ་རྒྱག་བརྫུད་གཉིས་སྐེ་སྦྲེལ་ནས་རི་ལ་བཏང་ན་རྫུད་པ་དེ་གཡང་དུ་ལྷུང་བའི་ཞོར་ལ་རྒྱག་པ་དེ་ཡང་གཡང་དུ་སྐྱུར་བར་འགྱུར་བ་བཞིན་དུ་དཔོན་སློབ་གཉིས་ཀ་ངན་སོང་ལྟུང་བར་འགྱུར་རོ། །སློབ་དཔོན་དེ་ཟས་ནོར་འདོད་པའི་ཁེངས་སེམས་ཀྱིས་བློ་ཕྲོག་སྟེ་བསྙེན་བཀུར་ལ་བལྟས་ཤིང་མི་ཆོས་ཀྱི་ལྕམ་ཕྱར་ཆེ་བར་གྱུར་ཏེ་གདམས་ངག་འཆོལ་པར་བཏང་བས་སྣོད་ཀྱི་སྐྱོན་མ་རྟོགས་པར་སྣོད་ངན་ལ་ཟབ་མོའི་ཆོས་སྤྲོས་སྟེ་བཤད་ན་བསིལ་བའི་ཚལ་ལ་སོགས་པ་དུར་ཁྲོད་ཀྱི་གླེང་བརྒྱད་ཀྱི་ལས་ཀྱི་མ་མོ་དང་མཁའ་འགྲོ་མ་རྣམས་དུར་ཁྲོད་ཀྱི་རོ་ལ་བྱ་དང་གཅན་གཟན་འདུས་པ་བཞིན་འདུས་པར་གྱུར་ནས། ཉམས་པ་ཅན་དེ་ལ་མཁའ་འགྲོ་མ་ལེགས་ཉེས་ཀྱི་ལྟངས་འཛིན་ཅིང་། དམ་ཚིག་གི་རྗེས་གཅོད་པ་རྣམས་ཀྱིས་ཚེ་འདི་ལ་དེའི་ཤ་ཟ་ནས་སྲོག་ལ་འབེབས་ཤིང་ཕྱི་མར་ངན་སོང་དུ་ལྟུང་བར་འགྱུར་བའི་སྐྱོན་ཆེན་པོ་ཡོད་པ་དེའི་ཕྱིར། སྣོད་ཀྱི་སྐྱོན་ཡོན་བརྟག་ནས། སྣོད་དང་མི་ལྡན་པ་ལ་ཟབ་མོའི་ཆོས་མི་སྦྱིན་པ་ནི་ཤིན་ཏུ་གལ་ཆེའོ། །དེ་ལ་དུར་ཁྲོད་ཆེན་པོའི་གནས་ནི། བདུད་རྩི་བམ་བརྒྱད་ནས་འབྱུང་བ་ལྟར། རྒྱ་གར་ཡུལ་ན་བསིལ་བ་ཚལ་གྱི་དུར་ཁྲོད་སིང་ག་ལའི་ཡུལ་ན་སྐུ་ལ་རྫོགས་པའི་དུར་ཁྲོད། ཁ་ཆེ་ཡུལ་ན་ཧེ་ཆེན་བདལ་བའི་དུར་ཁྲོད་མ་ལ་ཡ་ན་གསང་ཆེན་རོལ་པའི་དུར་ཁྲོད། བལ་པོའི་ཡུལ་ན་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད། ཨོ་རྒྱན་ཡུལ་ན་པད་མ་བརྩེགས་པའི་དུར་ཁྲོད། ཟ་ཧོར་ཡུལ་ན་ལང་ཀ་བརྩེགས་པའི་དུར་ཁྲོད། ལིའི་ཡུལ་ན་འཇིག་རྟེན་བརྩེགས་པའི་དུར་ཁྲོད་དང་བརྒྱད་དོ། །དུར་ཁྲོད་ཆེན་པོའི་གནས་དེ་རྣམས་ལ། མཁའ་འགྲོ་མ་སྲིན་མོ་ཀིང་ཐོད་མ་དང་། འདའ་འཕེན་མ་དང་། འཛིན་བྱེད་མ་དང་། བྷེ་ཏ་མ་དང་། ནག་འཁྲོས་འདྲེན་མ་དང་། རབ་འཇིགས་མ་དང་། སྲོག་གཅོད་མ་དང་། བསྙོ་བྱེད་མ་རྣམས། འུབ་ཀྱིས་འདུས་ནས། རོ་ཟ་བ་བཞིན་དུ་འདུས། ཞེས་རྒྱས་པར་སྤྲོ་ན་གོང་དུ་སྦྱར་རོ། །སྣོད་ལྡན་ལ་སྦྱིན་པའི་མན་ངག་ལ་གཉིས། འགྲང་། ལུས་མདོར་བསྟན་པ་དང་། དྲང་། གོང་དུ་སྣོད་ཀྱི་སྐྱོན་ཡོན་ཤེས་ཤིང་དེ་ལྟར་བརྟག་པའི་དོན་སྣོད་ལྡན་བཟང་པོ་ལས་འཕྲོ་སྐལ་ལྡན་གྱི་དོན་བྱ་བའི་ཕྱིར་དུ་ལུས་རྣམ་པར་བཞག་པའི་མདོར་བསྟན་དུ་བཤད་པར་བྱ་སྟེ། དེ་ཡང་མདོར་བསྟན་གྱི། བརྗོད་བྱ་དོན་གྱི་རྣམ་གྲངས་ཕྱེ་ན་བཅུ་གཉིས། བརྗོད་བྱེད་ཚིག་གི་གཞུང་ཚད་ལེའུ་དགུ། དེ་དག་བསྡུ་ན། གཞི་ལམ་འབྲས་གསུམ། ལམ་ལ་མཚན་ཉིད་གསུམ་དང་ལྔའོ། །དེ་དག་གི་ཚིག་དོན་ནི་འདི་ལྟ་སྟེ། དེའི་གཞི་དང་། ལམ་དང་། འབྲས་བུ་གསུམ་སྟོན་པར་བྱེད་པ་ལ། དང་པོ་གཞི་ནི། མ་བཅོས་མ་བསླད་པར་རང་བཞིན་རང་བྱུང་གི་ཡེ་ཤེས་ལམ་དང་འབྲས་བུ་ཐམས་ཅད་ཀྱི་དངོས་པོ་བདེན་གསུམ་དབྱེར་མེད་དུ་ཡེ་ནས་རང་ལ་གནས་པ་ནི་གཞིའི་དོན་སྟེ། དེ་སྟོན་པར་བྱེད་པའི་ལེའུ་དང་པོ་དང་། གཉིས་པ་ལམ་ལ་གསུམ་སྟེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་དང་། འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་དོ། །དང་པོ་རྒྱུད་ཤེས་པའི་མཚན་ཉིད་ལྟ་བ་ནི། དེར་མཐོང་ཞེས་པས་གཞིའི་དོན་དེ་ཉིད་ཤེས་རབ་སྤྱན་གྱིས་ཕྱིན་ཅི་མ་ལོག་པར། བདེན་གསུམ་དབྱེར་མེད་ཀྱི་ལྟ་བ་ཅི་བཞིན་པ་རྟོགས་པ་ནི། རྒྱུ་ཤེས་པའི་མཚན་ཉིད་དེ། ལེའུ་གཉིས་པས་རྒྱས་པར་བསྟན་ནོ། །གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་གཉིས་ཏེ། དེར་འཇུག་ཅེས་པ་གཅིག་ཆར་བ་དང་། རིམ་གྱིས་པའོ། །གཅིག་ཆར་དུ་འཇུག་པ་ནི། བདེན་གསུམ་དབྱེར་མེད་དུ་གོམས་པར་བྱེད་པ་སྟེ། ལེའུ་གསུམ་པའི་ཁོག་སྟོད་ནས་སྟོན་ནོ། །གཉིས་པ་རིམ་གྱིས་འཇུག་པ་ཚོགས་སྦྱོར་གཉིས། ཚོགས་ལམ་རྣལ་འབྱོར་བཞི། ཞེས་པས། དེ་ལ་དང་པོ་སྟོང་པ་ཆེན་པོའི་རྣལ་འབྱོར་ནི། ལེའུ་གསུམ་པའི་སྟོད་མ་གཏོགས་པའི་གཞུང་ཧྲིལ་པོས་སྟོན། སྙིང་རྗེ་ཆེན་པོའི་རྣལ་འབྱོར་ནི་ལེའུ་བཞི་པས་སྟོན། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ནི་ལེའུ་ལྔ་པས་སྟོན། ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་ནི་ལེའུ་དྲུག་པས་སྟོན། སྦྱོར་ལམ་ལ་བར་ཆད་མེད་པ་བསྒྲུབས་ཞེས་པས་ཟག་མེད་ཀྱིས་མཐོང་ལམ་ལ་སྦྱོར་བ་ལ། ལམ་གཞན་གྱི་བར་མ་ཆོད་པ་དང་། ཚོམ་བུ་ཚོགས་བསྒྲུབ་པས་ན་བསྒྲུབ་པའོ། །དེ་ནི་ལེའུ་བདུན་པས་རྒྱས་པར་སྟོན་ཏོ། །དེ་ལྔ་ནི་རྐྱེན་འཇུག་པའི་མཚན་ཉིད་ཡིན་ནོ། །གསུམ་པ་འབྲས་བུའི་མཐར་ཕྱིན་པའི་མཚན་ཉིད་ལ་གསུམ། མཐོང་ལམ་དང་། སྒོམ་ལམ་དང་། མཐར་ཕྱིན་པའི་ལམ་མོ། །དང་པོ་མཐོང་ལམ་ལ་གཉིས་ཡོད་དེ། བློ་ཆུང་རྣམ་པར་སྨིན་པའི་རིག་འཛིན་དང་། བློ་ཆེ་བ་ཚེ་ལ་དབང་བསྒྱུར་བའི་རིག་འཛིན། སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན། མཐར་ལམ་ལྷུན་གྲུབ་པའི་རིག་འཛིན་དང་བཞི། འདི་བཞི་ནི་གནས་སྐབས་ཀྱི་འབྲས་བུ་ཟག་མེད་ཀྱི་རིག་འཛིན་བཞི་ཡིན་པ། རྒྱས་པ་ལེའུ་བརྒྱད་པས་སྟོན། གསུམ་པ་འབྲས་བུ་ནི། ལམ་དེས་གཞི་ཅི་ལྟ་བ་བཞིན་མངོན་དུ་བྱས་པ་ནི་མཐར་ཐུག་གི་འབྲས་བུ་སྟེ་ལེའུ་དགུ་པས་རྒྱས་པར་སྟོན་ནོ། །རིམ་པར་བརྗོད་པར་བྱའོ། །ཞེས་པ་ནི། མདོར་བསྟན་གྱི་སྐབས་ན། བརྗོད་བྱ་དོན་ལ་བཅུ་གཉིས། བརྗོད་བྱེད་ཚིགས་ལ་ལེའུ་དགུ་ཡོད་པ་རྣམས། རྒྱས་བཤད་ཀྱི་སྐབས་ལ་དེ་རིམ་པ་ལྟར་བརྗོད་པར་བྱ་བ་ཡིན་ནོ། །ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། གཞི་ཡེ་ཤེས་རང་ལ་གནས་པ་དང་། ལམ་རང་གནས་རྟོགས་ཤིང་གོམས་པར་བྱ་བའི་ཐབས་དང་། འབྲས་བུ་རང་གནས་མངོན་དུ་བྱེད་པ་སངས་རྒྱས་ཀྱི་དགོངས་པའོ། །དང་པོ་ལ་གསུམ་སྟེ། ཉེ་བར་བསྟན་པ་དང་། གཞུང་རྒྱས་པ་དང་། ལེའུའི་མཚན་ཉིད་དོ། །དང་པོ་ཉེར་བསྟན་ནི། གོང་དུ་གཞི་ལམ་འབྲས་གསུམ་བཤད་པ་དེ་ལ། དང་པོ་གཞི་ཡེ་ཤེས་རང་ལ་གནས་པ་ཉིད་རྒྱས་པར་སྤྲོས་ནས་བཤད་པའི་གཞི་གནས་ལུགས་དེ་ཉིད་སྐལ་ལྡན་དེ་ཡིས་ཤེས་པར་བྱ་བ་ནི་འདི་ལྟ་སྟེ། གཞུང་རྒྱས་པ་ལ་གསུམ། རང་བཞིན་ཡེ་ཤེས་རང་གནས་པ་དང་། དེ་མ་རྟོགས་ཏེ་འཁྲུལ་ཚུལ་དང་། འཁྲུལ་ཡང་ལམ་དང་འབྲས་བུ་གཞན་ན་མེད་དེ་རང་ལ་གནས་པའོ། །དང་པོ་ལ་གཉིས་ཏེ། བགྲང་། གཞི་ཆོས་ཀུན་རང་སྣང་ལ་འཁོར་འདས་གཉིས་སུ་མེད་པར་བསྟན་པ་དང་། དྲང་། ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི་ཆོས་ཅན། དེ་སའི་ངོ་བོ་ཉིད་དེ་ཡིན་ཏེ། དམ་བཅའ་གཏན་ཚིགས་འཁོར་བ་སེམས་ཉིད་རང་སྣང་ཡིན་པའི་ཕྱིར། སེམས་ཉིད་རང་སྣང་ཡིན་པ་འདི་བསྒྲུབ་པ་ལ་བཞི་སྟེ། གསལ་ཞིང་རིག་པ་དང་། ཉམས་སུ་མྱོང་བ་དང་། གཅིག་ལ་དུ་མར་སྣང་བ་དང་། ཤེས་པ་གསུམ་གྱི་རྗེས་སུ་འཇུག་པའི་ཕྱིར་རོ། །གཞན་ཡང་སྣང་བ་སེམས་ཡིན་པའི་རྒྱུ་མཚན། དང་པོ་ནི། ཤེས་པའི་མཚན་ཉིད་གསལ་ཞིང་རིག་པ་ཡིན་ལ། གསལ་རིག་དང་མི་ལྡན་པའི་ཤེས་པ་མི་སྲིད་པས། ཤེས་བྱའི་ཆོས་ཐམས་ཅད་སེམས་སུ་གྲུབ་པའོ། །གཉིས་པ་ནི། ཚོགས་དྲུག་གི་ཆོས་ཐམས་ཅད་སེམས་ལས་ཐ་དད་དུ་བདེན་པ་མེད་དེ། ལྷན་གཅིག་དུ་གསལ་བ་ཉམས་སུ་མྱོང་བ་ཡོད་པའི་ཕྱིར། དཔེར་ན་འདོད་ཆགས་ཀྱི་རྟོག་པ་བཞིན་ནོ། །གསུམ་པ། ཤེས་བྱའི་ཆོས་ཐམས་ཅད་སེམས་ཡིན་ཏེ། ཆུ་གཅིག་ལ་རིགས་དྲུག་གི་མཐོང་སྣང་བཞིན་ནོ། །བཞི་པ། སྣང་བ་ཐམས་ཅད་སེམས་ཡིན་ཏེ། ཤེས་པ་གསུམ་གྱི་རྗེས་སུ་འཇུག་པའི་ཕྱིར་རོ། །གཞན་ཡང་སྣང་བ་སེམས་ཡིན་པའི་རྒྱུ་མཚན་ནི། ཕྱི་ཡུལ་ཐོག་ན་བཙལ། བར་ལུས་ཐོག་ན་བཙལ། ནང་སེམས་ཐོག་ཏུ་བཙལ་ནས། ཕྱི་ནང་སེམས་སུ་བསྡུ། སེམས་ཉིད་དངོས་པོ་མེད་ཅིང་འདུས་མ་བྱས་ཡིན་ལུགས། ཞིབ་ཏུ་ངོ་སྤྲད་རྒྱུ་ཡོད་ཀྱང་། སྙན་བརྒྱུད་ཞལ་གྱི་གདམས་པ་ཁྲིད་ཅེས་བྱ་བ་ལ་ཤེས་དགོས་སོ། །འདིར་གཞུང་བཤད་ཀྱི་དབང་དུའོ། །བདག་མེད་པས་ཞེས་པ། ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཡིན་པས། སེམས་དངོས་པོ་མེད་ཅིང་འདུས་མ་བྱས་པ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་ན་རིན་པོ་ཆེའི་གླིང་དུ་ཕྱིན་ན་ས་རྡོ་བརྩལ་བས་མི་རྙེད་པ་བཞིན་དུ། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཏེ། དེ་སའི་ངོ་བོ་དང་། རྣམ་གྲངས་བསམ་ཡས་སུ་སྣང་བའོ། །འོ་ན་མྱ་ངན་ལས་འདས་པའི་མཐར་ལྷུང་ངོ་ཞེ་ན་འཁོར་བའི་རང་བཞིན་ཕྱོགས་གཅིག་ཏུ་མི་དམིགས་པ་ཡིན་པའི་ཕྱིར། དེ་ལ་ལྟོས་པའི་འབྲས་བུ་མྱ་ངན་འདས་པ་ཕྱོགས་གཅིག་ཏུ་ཡོད་པ་མ་ཡིན་ཏེ། འཁོར་འདས་དབྱེར་མེད་འཁོར་འདས་གཉིས་ཀྱིས་མཐའ་ལས་གྲོལ་བའི་སྤྱི་གཞི་ཆེན་མོ་ཡིན་ནོ། །མ་རྟོགས་སེམས་ཅན་གྱི་འཁྲུལ་གཞི་ནི། མ་དག་ཀུན་གཞི་ཡིན་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པའོ། །རྟོགས་པ་སངས་རྒྱས་ཀྱི་གྲོལ་གཞི་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཟེར་ཡང་། བདེན་གསུམ་དབྱེར་མེད་ཀྱི་ལྟ་བ་ཁོང་དུ་ཆུད་དགོས་སོ། །འཁོར་འདས་ཐ་དད་ལ་སྐྱོན་བརྗོད་པ་ལ་གཉིས་ཏེ། བགྲང་། འཁོར་འདས་རང་བཞིན་ཐ་དད་པའི་སྐྱོན་དང་། དྲང་། གོང་དུ་བསྟན་པ། དེ་ལྟར་མྱ་ངན་ལས་འདས་པའི་རིགས་དང་། འཁོར་བའི་རྒྱུད་དང་རང་རྒྱུད་པ་ཐ་དད་དུ་གྲུབ་པ་མེད་པས་གནས་ལུགས་བྱང་ཆུབ་ཀྱི་སེམས་མཆོག་ལྷག་པའི་ཆོས་སྐུ་ཆེན་པོ་དག་གི་ངོ་བོ་དེ་ལ་འཁོར་འདས་སོ་སོའི་རང་བཞིན་ཐ་དད་རང་རྒྱུད་དུ་ངེས་སོ། །ཞེ་ན། འཁོར་བ་དེ་ལ་ཡང་དག་པའི་ལམ་གྱིས་མྱ་ངན་ལས་འདས་པར་བསྒྱུར་ཞིང་བཅོས་སུ་མེད་དེ་ཐ་དད་པའི་ཕྱིར་རོ། །ངོ་བོ་ཐ་དད་པའི་སྐྱོན་དཔེ་དང་བཅས་པའོ། །དྲང་། འདས་པ་ཡང་དག་པར་སངས་རྒྱས་དེ་བཞིན་གཤེགས་པ་དང་འཁོར་བའི་ལོག་རྟོག་གཉིས། ངོ་བོ་ཉིད་ཀྱི་ཐ་དད་དུ་གནས་པར་འགྱུར་རོ། །ཞེ་ན་འཁོར་བ་དེ་ལ་མྱ་ངན་ལས་འདས་པའི་ལམ་གྱིས་བཅོས་ཤིང་བསྒྱུར་དུ་མེད་དེ། དཔེར་ན་རིན་ཆེན་འཆིང་བུ་ལ་ཕྱག་དང་མཆོད་པ་བྱས་ཀྱང་། ནོར་བུ་རིན་པོ་ཆེ་ལྟ་བུའི་ཡོན་ཏན་མི་འབྱུང་བ་བཞིན་ཐ་དད་ན་འཁོར་བ་ལ་འདས་པ་འབྱུང་བར་མི་རིགས་སོ། ༈ །དེ་མ་རྟོགས་ཏེ་འཁྲུལ་ཚུལ་དང་། དྲང་། འཁོར་འདས་ཐ་དད་ལ་སྐྱོན་ཡོད་པ། དེ་བས་དབྱེར་མེད་ཡིན་པ་དེ་ལྟའང་འཁྲུལ་བའི་ཚུལ་འོག་ནས་འབྱུང་བ་འདི་བཞིན་དུ་འཁྲུལ་པས་སོ། །འཁྲུལ་ཚུལ་འདི་ལ་ས་ནང་ཚན་དུ་བཅད་ན། དོན་དགུ་སྟེ། འཁྲུལ་པའི་རྒྱུ་དང་། རྐྱེན་དང་། ཚུལ། དཔེ། ངེས་ཚིགས། ངོ་བོ་ཉེས་པ། དུས། ལ་བཟླ་བསྟན་པའོ། །རྒྱུ་ལྷན་གཅིག་སྐྱེས་པའི་མ་རིག་པ་ངོ་མ་ཤེས། ཀུན་ཏུ་བརྟགས་པའི་མ་རིག་པས་ལོག་པར་རྟོག་པ་སྣ་ཚོགས་ཀྱི་ཞགས་པ་དང་འདྲ་བས་འཁོར་བའི་རྒྱུ་བྱས། ལས་གསུམ་དང་། ཉོན་མོངས་པ་ལྔ་དང་བརྒྱད་ཀྱི་རྐྱེན་གྱིས་འཁོར་བ་འབྱུང་བའི་རྐྱེན་བྱས། འཁོར་ཚུལ་རྟེན་འབྲེལ་བཅུ་གཉིས་ཚུལ་དུ་སྲིད་པའི་འཁོར་ལོའི་གནས་སུ་ཡང་ནས་ཡང་དུ་བསྐྱར་ནས། ལུས་ཅན་རྣམས་དངོས་སུ་འཁོར་ལ། ལུས་མེད་རྣམས་བག་ཆགས་གིས་ཚུལ་དུ་འཁོར་རོ། །འབྲས་བུ་ནི་རྟེན་ཕྱི་སྣོད་ཀྱི་འཇིག་རྟེན་གནས་ཐ་དད་དུ་སྣང་བ་དང་། ནང་བཅུད་ཀྱི་སེམས་ཅན་ནི་ལུས་དང་ལོངས་སྤྱོད་ལ་སོགས་འདོད་པ་ཐ་དད་པའི་དོན་ནོ། །དེ་ཡང་བདེ་བ་འདོད་པའི་ཞེན་པ། སྡུག་བསྔལ་གྱིས་དོགས་པའི་ལུས་སེམས་ཤིན་ཏུ་གདུང་བའི་ཉམས་ཐག་ཅིང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དང་བྲལ་བའོ། །དུས་ནི་འཁོར་བརྩོམ་པའི་དུས་ཐོག་མ་མེད་པ་ནས། དུས་བཞི་མཉམ་ཉིད་ལས། དུས་ཀུན་ཏུ་ཉམས་ཀྱང་། ལ་བཟླ་ནི། རང་བཞིན་ཡེ་ཤེས་རང་གནས་ཉིད་ལས་ཉམས་པ་མེད་དོ། །གོང་གི་རྩམ་མེད་བཞི་དུས་ཀུན་ཏུ་ཉམས། ཞེས་པ་འདི་ལ། འཁོར་བ་བརྩམ་པའི་དུས་ཐོག་མ་མེད་པ་ནས། དུས་བཞི་ཀུན་ཏུ་ཡང་། དག་པའི་དོན་ལས་ཉམས་པའོ། །ཞེས་པའི་འབྲུ་གནོན་པ་ཡང་འདུག་གོ། །འཁྲུལ་ཡང་ལམ་དང་འབྲས་བུ་གཞན་ན་མེད་དེ་རང་ལ་གནས་པ་ལ་གཉིས། བགྲང་། དཔེ་དང་སྦྱར་ཏེ་མདོར་བསྟན་པ། དྲང་། འཁྲུལ་པར་ཤར་བའི་དུས་དེ་ལྟའང་། དཔེར་ན་རྒྱལ་པོའི་ཕྲུ་གུ་འབངས་སུ་འཁྱམ། ཞེས་པ་སྐབས་འདིར་འབངས་ཀྱི་སྟོང་ཐུན་རྒྱས་པར་བཤད་ནས། ངོ་སྤྲད་གལ་ཆེ་སྟེ་འདིར་ཡི་གེ་མང་དོགས་པའི་ཕྱིར་མ་བཀོད་དོ། །དོན་དེ་བཞིན་དུ་འཁྲུལ་ཀྱང་ཆོས་ཉིད་ཀྱི་རིགས་ལས་གཞན་དུ་འགྱུར་བ་མེད་པས། ཤུལ་དང་དོན་འབྲས་བུ་རང་ལས་གཞན་མིན་པའི་ཕྱིར། དཔེར་ན་ལྷ་འཁྲུལ་དགའི་ལོངས་སྤྱོད་རང་ལ་འཁྲུལ་ནས་རང་གིས་ལོངས་སྤྱོད་པའི་ཚུལ་ལྟ་བུ་སྟེ་འབྲས་བུ་གཞན་ལས་མིན་ཏེ་རང་ལ་གནས་པའོ། །སྤྱིར་གཞི་ལམ་འབྲས་གསུམ་གཅིག་གམ་ཐ་དད། གཅིག་ན། གཅིག་ལ་གསུམ་དུ་དབྱེ་བ་དོན་མེད་ལ། མི་གཅིག་ན་གཏན་ལ་དབབ་མི་བཏུབ་ཟེར་ན། ངོ་བོ་གཅིག་ཡིན་ཏེ་བྱེད་ལས་ཀྱི་སྒོ་ནས་གསུམ་དུ་དབྱེ་དགོས་ཏེ། གནས་པའི་ཆ་ནས་གཞི། རྟོགས་པའི་ཆ་ནས་ལམ་བརྟན་པ་ཐོབ་པའི་ཆ་ནས་འབྲས་བུའོ། །ལམ་དང་འབྲས་བུ་གཞན་མེད་དེ་རང་ལ་གནས་པ་དེའང་ཀུན་རྫོབ་དོན་དམ་དབྱེར་མེད་ཀྱི་རྣམ་པ་གསུམ་གནས་པའི་ཚུལ་དུ་ལུས་རྣམ་པར་བཞག་ན་འདི་ལྟ་སྟེ། དོན་རྒྱས་པ་ལ་གསུམ་སྟེ། ཀུན་རྫོབ་ཏུ་ལམ་འབྲས་བུ་གཞན་མེད་རང་ལ་གནས་པ་དང་། དོན་དམ་དང་། དབྱེར་མེད་དུའོ། །དང་པོ་ལ་གསུམ་སྟེ། བགྲང་། ཀུན་རྫོབ་ཏུ་གཞི་ཡེ་ཤེས་རང་ལ་གནས་པ་དང་། དྲང་། སེམས་ཉིད་རྣམ་པར་ཤེས་པ་ཚོགས་བརྒྱད་ཡི་གེ་དཔའ་བོ་འབྲུ་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་པ་དེ། ༀ་མེ་ལོང་ལྟ་བུའི་ཡེ་ཤེས། ཨ་སོ་སོར་རྟོག་པ། ཧཱུྃ་སྟོང་པ་ཉིད། སྭ་མཉམ་པ་ཉིད། ཧཱ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡང་ན་གཟུགས་ལ་སོགས་པ་ཕུང་པོ་ལྔ་སྐུ་ལྔ་ཡིན། ལུས་སྐུར་གནས་ཏེ་མཚོན་པ་ༀ། ངག་གསུང་དུ་གནས་ཏེ་མཚོན་པ་ཨཱཿ ཡིད་ཐུགས་སུ་གནས་ཏེ་མཚོན་པ་ཧཱུྃ། སོ་སོའི་དོན་དགོས་འདོད་འཆར་བས་ཡོན་ཏན་ཏེ། མཚོན་པ་སྭ། བྱ་བ་བྱེད་པ་ཕྲིན་ལས་ཏེ། མཚོན་པ་ཧཱ། དེ་ལྟ་བུའི་ཡི་གེ་སྐུ་དང་ཡེ་ཤེས་རང་ཆས་སུ་ལྡན་པས། གནས་པའི་ཆ་ནས་གཞི་ཡིན་ལ། རྟོགས་པའི་ཆ་ནས་ལམ། མངོན་དུ་གྱུར་པའི་ཆ་ནས་འབྲས་བུ་ཡིན་པས་ཐབས་ཆེན་པོ་ཞེས་ཀྱང་བྱ། དེ་གང་ལ་གནས་ན། རྒྱུད་དྲུག་ལས་ཀྱི་འགྲོ་བ་ཀུན་ལ་གནས་པའོ། །དེ་ཡང་ལུས་ཅན་རྣམས་ལ་དངོས་སུ་གནས། ལུས་མེད་རྣམས་ལ་བག་ཆགས་ཀྱི་ཚུལ་དུ་གནས་སོ། །ཚུལ་ཇི་ལྟར་དུ་གནས་ན་རང་བཞིན་ངང་གིས་གནས་པ་ཡིན་ཏེ། གནས་ལུགས་དམར་མཆན་ལྟར་ཤེས་པར་མཛད་དོ། །འདི་ནི་ཀུན་རྫོབ་ཏུ་གཞི་ཡེ་ཤེས་རང་ལ་གནས་པའི་རྒྱུ་མཚན་ནི། རེ་ཞིག་སྐུ་དང་ཡེ་ཤེས་ཉིད་མ་རྟོགས་པའི་ལུས་ཅན་རྣམས་ལ། ཡི་གེའི་གཟུགས་སུ་གནས་པ་ཁོ་ན་ལ་དགོངས་སོ། །དཔེར་ན་ཤེས་རིག་གཟུང་འཛིན་རང་ཁ་མ་འདི། སངས་རྒྱས་ཀྱི་དགོངས་པ་ལ་ངོ་སྤྲད་པ་ལྟ་བུའོ། །ལམ་ལ་གསུམ་སྟེ། རྒྱུད་དོན་རང་ལ་གནས་པ་དང་། ལམ་གྱི་ངོ་བོ་རང་ལ་གནས་པ་དང་། ཆ་རྐྱེན་རང་ལ་གནས་པའོ། །རྒྱུད་དོན་རང་གནས་པ་དང་། དྲང་། དཀྱིལ་འཁོར་བཞི་དང་ཞེས་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་བཅུ་རྩ་གཉིས་གདུགས་ཕུབ་པའི་ཚུལ་དུ་གནས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག །བུམ་པ་དྲྭ་བར་བཅུག་པའི་ཚུལ་དུ་གནས། སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད། པད་མ་འདབ་བརྒྱད་གྱེས་པ་ལྟར་གནས། ལྟེ་བ་སྤྲུལ་པའི་འཁོར་ལོ་ན་རྩ་འདབ་དྲུག་ཅུ་རྩ་བཞི། གྲུ་གུ་བཏིངས་པ་ལྟར་གནས་སོ། །སྲོག་ཤིང་གསུམ་ཞེས་པ། འཁོར་ལོ་དེ་དག་གི་གཡས་ན་རྩ་རོ་མ། གཡོན་ན་རྐྱང་མ། དབུས་ན་ཀུན་དྷར་མ་གསུམ་གྱི་འཁོར་ལོ་བཞི་ལ། ཀུན་དྷར་མ་སྲོག་ཤིང་གིས་ཚུལ་དང་གཉིས་པ་རླུང་ནོན་གྱིས་ཚུལ་དུ་གནས་སོ། །རྩ་གསུམ་འཁོར་ལོ་བཞི་འདི་རྣམས་ལས། གདུགས་དང་གདུང་འགྱོག་གི་ཚུལ་དུ་འདོད་པ་དང་ཉ་རྒྱ་བརྐྱངས་པ་ལྟ་དང་། སྤོས་རྒྱ་བཏབ་པ་ལྟ་བུ་དང་། དར་དཀར་གྱི་སྐུད་པ་འཛིང་པ་ལྟ་བུ་དང་། ཐང་ཤིང་སྐྱེས་པ་ལྟ་བུ་དང་། རྩ་འདབས་ཀྱི་དབྱིབས་དང་། རྩ་འདབས་ཀྱི་གྲངས་དང་། དེ་རྣམས་ཀྱི་བརྩེགས་ལུགས་དང་། ཡི་གེའི་གནས་ཚུལ་ལ་སོགས་པ། མཁས་པ་རྣམས་ཀྱི་བཞེད་གཞུང་མི་འདྲ་དུ་མ་སྣང་ངོ་གདུལ་བྱ་བློ་རིགས་བསམ་གྱིས་མི་ཁྱབ་པའི་དོན་ལ། འདུལ་བྱེད་སྟོན་པས་འདུལ་ཐབས་མཐའ་ཡས་པ་གསུངས་པ་ཡང་། གང་ལ་གང་འདུལ་དེ་ལ་དེར་སྟོན་ཡིན་པ་ལྟར་འདི་ཡང་དེ་དང་འདྲ་སྟེ། ནམ་ཡང་འགལ་བར་མི་སེམས་སོ། །གོང་གི་འཁོར་ལོ་བཞིའི་གནས་ན་ཀ་ལི་ལ་སོགས་པའི་སྒྲ་ཡིག་དང་དབྱངས་ཡིག་བཅུ་དྲུག་ལ་སོགས་པ་དང་ལྡན་པར་ཤེས་པར་བྱའོ། །ཚུལ་ཅི་ལྟར་གནས་པ་ནི། དམར་མཆན་ལྟར་རོ། །ཨེ་ནི་གནས། བཾ་ནི་སྟོན་པ། མ་ནི་འཁོར། ཡ་ནི་བསྟན་པའོ། །ཡུམ་ནི་གསང་བའི་མཁའ་ལ་ལྡན་པར་གནས་པ་འདི་ནི། ཐབས་ལམ་འོག་སྒོའི་སྟོན་འཁོར་ཕུན་སུམ་ཚོགས་པ་དང་། ཐབས་ལམ་སྟེང་སྒོའི་སྟོན་འཁོར་ཕུན་སུམ་ཚོགས་པ་ནི། སྲོག་མི་ཤིག་པའི་ཐིག་ལེ་སྙིང་པོ་རླུང་གི་སྒྲོམ་བུ་གནས། སྙིང་ཁ་ཆོས་ཀྱི་འཁོར་ལོའི་སྟེང་ན་ཡོད་དོ། །འདི་རྣམས་ཀྱི་དོན་རྒྱས་བཤད་དམར་མཆན་ལྟར་རོ། །དེ་ལྟར་གླེང་གཞི་གཉིས་པོ་དེ་ཡི་ཏན་ཏྲ་ཏེ་རྒྱུད་ཀྱི་དོན་བདེ་གསལ་མི་རྟོག་པ། ལམ་ས་རྣམས་ཀྱི་ངོ་ལ་མངོན་སུམ་དུ་འབྱིན་པར་བྱེད་པའོ། །དེ་ལྟར་གོང་དུ་བཤད་པ་བཞིན་གནས་པའི་ཆ་ནས། གླེང་གཞི་ཡིན་ལ། སྒོམ་ཅིང་ཉམས་སུ། བླངས་བའི་ཆ་ནས་གླེང་བསླངས། ཉམས་སུ་བླང་བའི་ཆ་ནས་རྒྱུད་དོན་ནོ། །འོ་ན་རྩ་གསུམ་འཁོར་ལོ་བཞི། ཅི་ལ་བཤད་ཟེར་ན། གླེང་གཞི་གཉིས་ཀྱི་སྐབས་ན། ལུས་གནས་རྩ་དང་འབྲེལ་པས། ཞོར་ལ་བཤད་དགོས་པ་དང་། རྒྱུད་དོན་གྱི་ངོ་བོ་ཐབས་ཤེས་ཡིན་ལ། ཐབས་སྒྲ་ཡིག་ཀ་ལི་རང་ལ་གནས་ལུགས། ཤེས་རབ་དབྱིངས་ཡིག་ཨ་ལི་རང་ལ་གནས་ལུགས་ཡིན་པར་ཤེས་པར་བྱའོ། །ལམ་གྱི་ངོ་བོ། རང་ལ་གནས་པ་ལ་གཉིས། བགྲང་། གྲོལ་ལམ་རང་རང་ལ་གནས་པ་དང་། དྲང་། ཏན་ཏྲ་དེ་ཡིས་དོན་སྟོན་པར་བྱེད་པས་རྒྱུད་དོན་གྲོལ་ལམ་རང་ལ་གནས་ལུགས་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོ་གསང་བའི་རླུང་གི་སྒྲོམ་གྱི་གནས་དེ་ན་མདུན་ཆོས་ཉིད་ཀྱི་རྩ་ཐིག་ལེ་མི་རྟོག་པར་གནས་པ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་པ་ཆེན་པོའི་རྣལ་འབྱོར་དང་། གཡས་ཡེ་ཤེས་ཀྱི་རྩ་ཐིག་ལེ་འགགས་མེད་དུ་གནས་པ། ཀུན་སྣང་གིས་ཏིང་ངེ་འཛིན་ནི་སྙིང་རྗེ་ཆེན་པོའི་རྣལ་འབྱོར་དང་། གཡོན་ཡོན་ཏན་གྱི་ཐིག་ལེ་བཞི་ལྷའི་སྐུ་ཡབ་ཡུམ་དུ་གནས་པ། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་དང་། རྒྱབ་ན་ལས་ཉིད་ཀྱིས་དཀྱིལ་འཁོར་ཏེ་དབང་པོ་རང་རྒྱུད་ཀྱི་རྩའི་ཐིག་ལེ་ལྷ་དུ་མར་ཆར་དུ་གནས་པ། ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་རང་ལ་གནས་ཚུལ་ལོ། །དེ་ལྟར་རྣལ་འབྱོར་ལམ་གྱི་རིམ་པ་རྣམས་རང་བཞིན་གྱིས་གནས་ཏེ། དེ་ལྟར་ཡིན་པའི་དོན་རྟོགས་ཤིང་གོམས་པ་མངོན་དུ་འཆར་བའོ། །ཐབས་ལམ་རང་ལ་གནས་པའོ། །དྲང་། དེ་ཡང་ཐབས་ལམ་རང་ལ་གནས་པ་ནི། ཉོན་མོངས་པ་འདོད་ཆགས་རང་ལ་གནས་པ་ཉིད་ལ་བྱའོ། །འོ་ན་དེས་འཁོར་བ་འགྲུབ་པར་བྱེད་པའི་རྒྱུ་ཡིན་པས། ལམ་དུ་ཇི་ལྟར་འགྱུར་ཞེ་ན། དེ་ལྟར་མ་ཡིན་ཏེ། ཆགས་པས་ཁམས་འགྲུབ་གཅིག་ཤོས་ཀྱིས། ཞེས་པས་ཆགས་པ་རང་ཁམས་ཁམས་གསུམ་འཁོར་བ་འགྲུབ་པར་བྱེད་པའི་རྒྱུ་ཡིན་ཀྱང་། གཅིག་ཤོས་ཏེ་ཆགས་པ་ཐབས་ཀྱིས་ཟིན་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྲུབ་པར་བྱེད་པའོ་ཆ་རྐྱེན་ལ་བརྒྱད། བགྲང་། ཕྲིན་ལས་རང་ལ་གནས་པ་དང་། དྲང་། སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་གནས་པའི་ཕྲིན་ལས་བཞི་ནི། སྣོད་ཀྱི་རྩ་བཞི་ནི། ཆོས་ཉིད་དང་། ཡེ་ཤེས། ཡོན་ཏན། རང་རྒྱུད་ཀྱི་རྩའོ། །རྩ་དེ་རྣམས་ཀྱི་འོད་ཀྱི་ཁ་དོག་ནི་བཞི་སྟེ། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། དམར་ནག་གོ། །དབྱིབས་ཀྱང་བཞི་སྟེ། ཟླུམ་པོ་དང་། གྲུ་བཞི། ཟླ་གམ། གྲུ་གསུམ་པའོ། །ཕྲིན་ལས་ཀྱང་བཞི་སྟེ། ཞི་བ་དང་། རྒྱས་པ། དབང་། དྲག་པོ་རྣམས་རིམ་པ་ལྟར་སྦྱར་བར་བྱའོ། །འཁོར་ལོ་བཞི་ལ་ཕྲིན་ལས་བཞི་གནས་ཚུལ་ནི། གནས་བཞིའི་འབྱུང་བའང་ཞེས་པའི་གནས་སྙིང་ཁ། ལྟེ་བ། སུམ་མདོ། སྒྲོམ་མདོ་བཞི་ན་ཡོད་པའི། འབྱུང་བ་ཆུ། ས། མེ། རླུང་བཞིའང་། ཕྲིན་ལས་བཞིའི་ངོ་བོ་ཡིན་ཏེ། ཆུ་ཞི་བའི་ཕྲིན་ལས། ས་རྒྱས་པ། མེ་དབང་། རླུང་དྲག་པོའི་ཕྲིན་ལས་ཡིན་ནོ། །ཕྲིན་ལས་བཞི་འོག་སྒོ་ལ་གནས་ཚུལ་ནི། ཡུམ་གྱི་གསང་བའི་མཁའ་ལ་ཡང་ཕྲིན་ལས་བཞི་རང་བཞིན་གྱི་ཡེ་ནས་ལྔན་པར་གནས་པ་ཡིན་ཏེ། དེ་ཡང་ཕྱི་ཁྱམས་གྲུ་གསུམ་དྲག་པོ། བར་ཁྱམས་གྲུ་བཞི་རྒྱས་པ། སྐྱེ་གནས་ཟླ་གམ་དབང་། དབྱིངས་ཕྱུག་གི་སྣ་རྩེར་སྣ་ཚོགས་མདུད་པ་ཟླུམ་པོ་ཞི་བའི་ལས་སོ། །བསྙེན་སྒྲུབ་དང་། དྲང་། ཆོས་ཉིད་ཀྱི་རྩའི་ཐིག་ལེ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་སྟེ་བསྙེན་པའོ། །ཡེ་ཤེས་ཀྱི་རྩའི་ཐིག་ལེ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་གྱི་ངོ་བོ་སྟེ། ཉེ་བའི་བསྙེན་པའོ། །ཡོན་ཏན་གྱི་རྩའི་ཐིག་ལེ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་གྱི་ངོ་བོ་སྟེ་བསྒྲུབ་པའོ། །རང་རྒྱུད་ཀྱི་རྩའི་ཐིག་ལེ། སྤྲོས་པའི་ཏིང་ངེ་འཛིན་གྱི་ངོ་བོ་སྟེ་བསྒྲུབ་པ་ཆེན་པོ། དེ་ལྟར་བསྙེན་སྒྲུབ་བཞི་ཡང་རང་བཞིན་གྱིས་ཡེ་ནས་རང་ལ་ལྡན་པར་གནས་པའོ། །དེ་ལ་བསྙེན་པ་ཡོངས་སུ་རྫོགས་པའི་ཚུལ་ནི། རྩ་གནས་ཐིག་ལེས་གང་བ་སྨིན་པ། དེ་ལ་རང་བཞིན་གྱི་བདེ་བ་འབྱུང་བ་ཉེ་བསྙེན། དེ་ལྟར་ངོས་ཟིན་ནས་ཉམས་སུ་བླང་བསྒྲུབ་པ། བདེ་བ་རྒྱས་ཏེ་མངོན་སུམ་དུ་མྱོང་བ་ནི་བསྒྲུབ་པ་ཆེན་པོའོ། །དེ་ལྟར་ཉམས་སུ་ལེན་པ་ནི་བསྙེན་རྒྱུད་ཞལ་གྱི་གདམས་པ་ལས་ཤེས་སོ། །དཀྱིལ་འཁོར་དང་། དྲང་། རྩ་བའི་རྩ་བཞི་དེ་ལ་ཕྱེ་ན། ཆོས་ཉིད་ཀྱི་རྩ་དང་། ཡོན་ཏན་གྱི་རྩ་ལ་གསུམ་གསུམ་སྟེ་དྲུག །ཡེ་ཤེས་དང་རང་རྒྱུད་ཀྱི་རྩ་ལ་མ་ཕྱེ་བས་གཉིས་ཏེ། ཡན་ལག་བརྒྱད་དོ། །ཤི་ར་ན་རྩ་ལ་མ་དྷ་ལ་དཀྱིལ་འཁོར་ཏེ་སྲོག་མི་ཤིག་པའི་ཐིག་ལེ་བཾ་གི་དབྱིབས་ཅན་དབུས་ན་གནས་ཤིང་། རྩ་བརྒྱད་པོ་འཁོར་དུ་གནས་པའི་ཕྱིར་དཀྱིལ་འཁོར་རང་ལ་གནས་པའོ། །སྦྱིན་སྲེག་དང་། དྲང་། དེ་ཡང་སུམ་མདོར་རྃ་ལས་མེ། སྒྲོམ་མདོར་ཡྃ་ལས་རླུང་། དེ་བསྐྱོད་པ་ལས་མེ་འབར། གཡས་ཀྱི་རྩ་རོ་མ་ནི་དགང་གཟར། གཡོན་གྱི་རྐྱང་མ་ནི་བླུགས་གཟར། །དབུས་ཀྱི་ཀུན་དྷར་ནི་མེ་ལྷ། །ཡེ་ཤེས་སྙིང་པོ་ནི་བསྲེག་ལྷ། །ཉོན་མོངས་པ་ལ་སོགས་རྣམ་པར་རྟོག་པའི་ཚོགས་ནི་བསྲེག་རྫས་སྟེ། དེ་ལྟར་སྦྱིན་བསྲེག་ཡང་རང་བཞིན་གྱི་ཡེ་ནས་རང་ལ་ལྔན་པར་གནས་པའོ། །དབང་དང་། དྲང་། གནས་པ་རྩ་དང་བརྟེན་པ་ཐིག་ལེ་ལ། ཕྱི་ཕན་པའི་དབང་བཅུ་དང་། ནང་ནུས་པའི་དབང་ལྔ་དང་། གསང་བ་ཟབ་མོ་དབང་གསུམ་སྟེ། དབང་ཆོག་བཅོ་བརྒྱད་པོ་རྣམས་རང་བཞིན་ཡེ་ནས་རང་ལ་ལྡན་པར་གནས་པའོ། །དབང་བཅོ་བརྒྱད་པོ་འདི་རྣམས་ཀྱི་གནས་ཚུལ་རྒྱས་པར་དམར་མ ཆན་ལྟར་རོ། །མཆོད་པ་དང་། དྲང་། གསང་བའི་མཆོད་པ་རང་ལ་གནས་ཚུལ་ནི། ཐབས་ཤེས་རབ་གཉིས་སུ་མེད་པའི་སྙོམས་འཇུག་གི་དུས་སུ་གསང་བའི་ལྷ་མོ་བཅུ་གཉིས་ཤར་བ་ཡིན་ཏེ། སྒྱུ་འཕྲུལ་རྒྱས་པ་ལས། དགུགས་དང་འཛིན་པ་དེ་བཞིན་ཏེ། །དེ་དང་འཁྲུགས་པའི་དོན་འགྲུབ་ཕྱིར། །སྡོམ་དང་མི་གཏོང་དབང་བསྐུར་ཏེ། །བདེ་བའི་སྒྲ་སྙན་ཕྱོགས་བཅུར་སྒྲོགས། །ཤིན་ཏུ་སྒེགས་པའི་གཟི་བརྗིད་འབར། །ཡིད་བཞིན་རིན་ཆེན་འཕྲེང་བ་འབར། །དབྱངས་སྙན་ཡིད་འཕྲོག་གཟི་ལྡན་འབར། །གཟུགས་མཛེས་སྤྱོད་པས་ཕྱོགས་བཅུར་གཡོས། །ཀུན་ཏུ་ཚིམ་བྱེད་བྲོ་བསྲུང་ཐིམས། །ལྷ་མཛེས་རཏྣ་ཕུང་པོ་འབར། །འོད་གསལ་འཕྲོ་བ་ཀུན་ཏུ་འབར། །བདུད་རྩི་བསིལ་དྲོ་འཇམ་པའི་དབྱངས། །ཞེས་པས། གསང་མཆོད་ཀྱི་སྐབས་འདིར་གསང་བའི་ལྷ་མོ་བཅུ་གཉིས་དོན་བཤད་དགོས་པ་གཞན་དུ་ཤེས་སོ། །དེ་རྣམས་དངོས་སུ་སྣང་བ་ནི། ལམ་པའི་ཡུལ་མིན་ཀྱང་། མེད་ན་མི་འབྱུང་བའི་ཚུལ་གྱིས་རང་ལ་གནས་པའོ། །ནང་གི་འདོད་ཡོན་དང་། ཞེས་པས། གཟུགས། སྒྲ། དྲི། རོ། རེག་བྱ་ལྔ་ཡིན་ཏེ། འདོད་ཡོན་གྱི་མཆོད་པ་རང་ལ་གནས་པའོ། །གསུམ་པ་དམ་རྫས་ཀྱི་མཆོད་པ་རང་ལ་ལྡན་པ་ནི། ལྟེ་བའི་རྩ་ན་ཤ་ཆེན། ལང་ཀའི་རྩ་ན་དྲི་ཆེན། ཨ་བ་དྷུ་ཏི་ན་བྱང་སེམས། རྐྱང་མ་ན་དྲི་ཆུ། རོ་མ་ན་རཀྟ་ཏེ། དེ་དག་ནི་དམ་རྫས་ཀྱི་མཆོད་པ་ཡིན་ཏེ་རང་ལ་གནས་པའོ། །དམ་ཚིག་དང་། དྲང་། གོང་དུ་བསྟན་པ་དེ་དག་རང་ལ་གནས་ཤིང་དེ་ལས་མི་འདའ་བས་ལུས་ངག་ཡིད་གསུམ་ལས། རང་བཞིན་ཡེ་ནས་ལྷག་པར་གནས་པའི་ཕྱིར་ས་མ་ཡ་སྟེ། དམ་ཚིག་ཞེས་བྱའོ། །སྤྱོད་པ་རང་ལ་གནས་དང་། དྲང་། རང་བཞིན་གྱི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་འདུ་བྱེད་ཀྱི་སྤྱོད་པ་ནི་གསུམ་སྟེ། ཕྱི་ལྟར་ན་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དངོས་སུ་སྤྱོད་པའོ། །ནང་ལྟར་ན་རྩའི་ཁ་དོག་དབྱིབས་སུ་ཡོད་པ་ནི་ལུས། རྩའི་ནང་ན་ཐིག་ལེ་ཡི་གེའི་དབྱིབས་སུ་ཡོད་པ་ནི་ངག །དེ་ལ་གནས་པའི་ཚུལ་གྱི་རྟག་པ་བདེ་བའི་རང་བཞིན་དུ་ཡོད་པ་ནི་ཡིད་དོ། །གསང་བའི་ལུགས་ལྟར་ན། གསང་བའི་ཡུལ་པད་མ་ལུས། གསང་བའི་དབང་པོ་རྡོ་རྗེ་ངག །གསང་བའི་རྣམ་ཤེས་ཡིད་དོ། །ཡང་ན་ཕྱི་ལུས་ཀྱི་སྤྱོད་པ། ནང་ངག་གི་སྤྱོད་པ། གསང་བ་ཡིད་ཀྱི་སྤྱོད་པའོ། །དེ་ལྟར་ཕྱི་ནང་གསང་གསུམ་ལུས་ངག་ཡིད་གསུམ་གྱི་འདུ་བྱེད་ཀྱི་སྤྱོད་པ་ཐམས་ཅད་དང་། རྒྱལ་བའི་མཛད་པ་དང་། སྤྱོད་པ་ཉིད་དུ་རང་བཞིན་ངང་གི་ཡེ་ནས་རང་ལ་ལྡན་པར་གནས་པའོ། །འབྲས་བུ་རང་ལ་གནས་པ་གཉིས་བགྲང་། རྟོག་ཚོགས་ལྷའི་དལ་དུ་ལས་དང་ངོ་བོ་འབྲས་བུ་རང་ལ་གནས་པ་དང་། དྲང་། ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་འདུས་མ་བྱས་ཅིང་དབྱེར་མེད་པས་རྡོ་རྗེ་ཕུང་པོ་ལྔ། འབྱུང་བ་ལྔའི་ཡན་ལག་དབང་པོ་རྣམ་ཤེས་ཡུལ་དུས་ལ་སོགས་པ་རྟོག་པའི་ཚོགས་ཐམས་ཅད་ཀུན། རྫོགས་པའི་སངས་རྒྱས་ཡབ་ལྔ་དང་ཡུམ་ལྔར་གྲགས་པའི་སོགས་གི་སྒྲས་རྟོག་པ་བཞི་བཅུ་རྩ་གཉིས་རྒྱལ་བ་བཞི་བཅུ་རྩ་གཉིས་རང་ཆས་སུ་གནས་པའོ། །དེས་ན་ཕྱི་ནང་གི་དངོས་པོ་ཀུན་ནི་ཆགས་ཞེས་པ་སྟེ། ཕྱི་ཡུལ་རྣམས་ཡུམ་དུ་སངས་རྒྱས་པ་དང་། ནང་ཕུང་པོ་ལྔ་ཡབ་དུ་སངས་རྒྱས་པའི་ཚུལ་གྱི་འབྲས་བུར་གནས་པ་ཡིན་ཏེ། དེ་ལ་བྷཻ་པའི་བྱེད་ལས་དང་རང་གི་ངོ་བོ་རྟོག་ཚོགས་ལྷའི་དཀྱིལ་འཁོར་དུ་གཞི་གདོད་མ་ནས་སངས་རྒྱས་པས་འབྲས་བུར་རང་ལ་གནས་ནས་ཡོད་དོ། །དཔེ་དང་སྦྱར་ཏེ་རྟོག་ཚོགས་རྒྱལ་བའི་སྐུ་རུ་སངས་རྒྱས་པར་བསྟན་པའོ། །དྲང་། འདི་ལ་འབྲས་བུའི་འདུག་ས་བསྒྱུར། དོན་གྱི་གོ་རིམ་བསྡེབས་ནས་བཤད་དགོས་ཏེ། གོང་གི་རྒྱུ་རྐྱེན་རྟེན་འབྲེལ་འདུས་ནས་སྣང་ལ་རང་བཞིན་མེད་པ་སྒྱུ་མའི་དཔེས་མཚོན་ནས། ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་སྐྱེ་མཆེད་བཅུ་གཉིས་རྣམས་རྒྱུ་རྐྱེན་གྱིས་རང་རྒྱུད་དུ་གྲུབ་པ་མེད་པ་ནི། ལོག་རྟོག་སྒྱུ་མའོ། །སྣང་བ་གཟུང་དུ་མེད་པ་ཆུ་ཟླའི་དཔེ་མཚོན་ནས་ཕྱག་རྒྱ་བཞི་རྫོགས་ལྷའི་དཀྱིལ་འཁོར་སོ་སོར་ཕྱག་རྒྱ་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་ལ་རྟོག་པ་མེད་པ་ནི་ཕྱག་རྒྱ་སྒྱུ་མའོ། །འགྲོ་འོང་མེད་ལ་ཅིར་ཡང་སྣང་བ་སྤྲུལ་པ་ལྟ་བུའི་དཔེས་མཚོན་པ་བཞིན་དེ་ལྟར་ལྷའི་སྐུ་ཕྱག་རྒྱ་དེ་དག་ཀྱང་གདུལ་བྱའི་ངོ་ལ་སེམས་ཀྱི་ངོ་བོ་ཅིར་ཡང་ཤར་བས་སྣ་ཚོགས་སུ་འགྱུར་ཞིང་གང་དུ་བསམ་པ་ལྟར་སྣང་བས་ཅིར་ཡང་འགྲུབ་པ་ནི་རིག་པ་སྒྱུ་མའི། ཡང་ན་གོང་གི་དེ་རྣམས་ལ། དངོས་པོ་སྒྱུ་མ། ཡང་དག །ཐབས་སྒྱུ་མ་ཞེས་ཀྱང་བརྗོད་དོ། །རྟོགས་ལྡན་པའི་དགོངས་པ་ལ། ཕུང་ཁམས་སྐྱེ་མཆེད་རྣམས། ཆུ་ཟླ། སྒྱུ་མ། སྤྲུལ་པ་བཞིན་དུ་སྣང་ལ་རང་བཞིན་མེད་པ་ལྷའི་དཀྱིལ་འཁོར་དུ་གནས་པས། དེ་ཉིད་གཞི་རྫོགས་ཕྱག་རྒྱར་མ་འདྲེས་གསལ། དེ་ཉིད་ཅི་ལྟར་བསམ་པ་བཞིན་སྒོམ་ཞིང་ཉམས་སུ་བླངས་པས། ཇི་ལྟར་བསམ་པ་བཞིན་དུ་འབྱུང་བ་ལ། །ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། །ཅེས་པའོ། །ཀུན་རྫོབ་ཀྱི་གནས་ཚུལ་འདི་རྣམས་ལ། མུ་སྟེགས་པ་ལྟར་རྟག་ལྟ་མི་རེད་པའི་རྒྱུ་མཚན། གསང་སྔགས་བླ་མེད་ཀྱི་དགོངས་པ་ཁྱད་པར་ཅན་ཡིན་པའི་རྒྱུ་མཚན། གནས་ཚུལ་རང་ལ་ཡང་། གཞི་ལམ་འབྲས་བུ་གསུམ་དུ་ཕྱེ་བ་འདི་ཉིད་ལ་དགོངས་གཞི་དགོས་ཆེད་ཡོད་ལུགས་དང་། ལམ་རང་ལའང་། ལམ་གྱི་ངོ་བོ་དང་། ཆ་རྐྱེན་རྣམས་ཀྱི་ལམ་སྐོར་འདི་རྣམས། གཞི་རང་ལ་གནས་པའི་རྒྱུ་མཚན་ཞིབ་ཏུ་བཤད་རྒྱུ་ཡོད་ཀྱང་། ཡི་གེ་མང་གི་དོགས་པའི་ཕྱིར་མ་འགྲེལ་ལོ། །འདི་རྣམས་ལ་འབྲུ་གནོན་ཁོ་ནས་མི་ཆོག་གོ། །དོན་ཁུང་དུ་ཆུད་དགོས་པ་ལ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་བཞི་ལ། བསྙེན་སྒྲུབ་བཞིར་ངོ་སྤྲད་པ་དང་། ཕྲིན་ལས་བཞིར་ངོ་སྤྲད་པ་དང་། ཏིང་ངེ་འཛིན་བཞིར་ངོ་སྤྲད་པ་དང་། སྟོན་འཁོར་ཕུན་སུམ་ཚོགས་པར་ངོ་སྤྲད་པ་རྣམས། མ་འདྲེས་པར་ཁུང་དུ་ཆུད་ཅིང་ཤན་འབྱེད་པ། འདི་འདི་ལ་དགོངས། འདི་འདི་ལ་དགོངས་ཟེར་བ་གཅིག་དགོས། སྤྱིར་མཐར་ཐུག་སངས་རྒྱས་ཀྱི་ཡོན་ཏན་ཚུར་བསྡུ་ན། སྐུ་གསུང་ཐུགས་ཕྲིན་ལས་ལྔ་ཡིན། དེ་སེམས་ཅན་གྱི་དུས་སུ་རང་གནས་ནི། ལུས་ངག་ཡིད་གསུམ་གྱི་བྱ་བྱེད། དགོས་འདོད་འབྱུང་བ་གཉིས་དང་ལྔ་ཡིན། འདི་ལྔ་མ་གཏོགས་པའི་སྣང་ངོ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡིན་བྱས་ན་ཐེ་ཚོམ་ཟ། རྟོགས་པའི་སྣང་ངོ་ལ་འདི་བཅུ་ཆོས་མཐུན་ཅིང་། འདི་ལ་ལོགས་ནས་ལམ་དང་འབྲས་བུའི་ཆོས་རྣམས་ཐོབ་བྱར་མེད་པ་ཐག་ཆོད་པའོ། །གོང་གི་ཀུན་རྫོབ་ཀྱི་གནས་ཚུལ་རྣམས་ཀྱང་འདི་དང་འདྲའོ། །ཀུན་རྫོབ་ཀྱི་གནས་ཚུལ་འདི་གསང་སྔགས་ཀྱི་ཁྱད་ཆོས་ཡིན་ནོ། །དོན་གྱི་གནས་ཚུལ་ནི་ཐེག་པ་ཐུན་མོང་པ་ཕལ་ཆེར་དག་གིས་འདོད་དོ། །དོན་དམ་དུ་ལམ་དང་འབྲས་བུ་གཞན་ན་མེད་པར་རང་ལ་གནས་པ་ལ་བཞི། བགྲང་། དོན་དམ་དུ་གཞི་ཡེ་ཤེས་རང་ལ་གནས་པ་ལ་གསུམ་སྟེ། བགྲང་། དོན་དམ་ལ་ཆོས་ཀུན་མ་འདྲེས་ལ་ཡོངས་སུ་དག་པར་བསྟན་པ་དང་། དྲང་། གནས་ཚུལ་གསུམ་ལས་དང་པོ་ཀུན་རྫོབ་བསྟན་ནས། འདིར་བར་མ་དོན་དམ་པའི་བདེན་པ་ལ་ལམ་དང་འབྲས་བུའི་ཆོས་རྣམས་རང་ལ་གནས་ཏེ། ཞེས་དམ་བཅའ། གཏན་ཚིགས་ཅིའི་ཕྱིར་ན་ཆོས་ཀུན་གང་ཡང་རིགས་རྒྱུད་ཐ་དད་དངོས་པོ་ཕྱོགས་གཅིག་ཏུ་རྟག་པར་འགྲུབ་པ་མིན་པས་སོ། །འོ་ན་འཁོར་འདས་གཉིས་སྣང་ལ་སོགས་པ་ཞེ་ན། ཆོས་ཀུན་སེམས་ཉིད་རང་སྣང་བའི་ཕྱིར་རོ། །དེ་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད། ཀུན་ཀྱང་གོང་གི་ལམ་དེ་དང་འབྲས་བུ་དེ་གཉིས་དབྱེར་མེད་པ་དང་མཚུངས་ཏེ། ཀུན་ཀྱང་དེ་ཉིད་དང་། ཞེས་པ་འདི། དེ་ཞེས་པ་སྙེགས་པའི་ཚིགས་ཡིན་ཏེ། གང་གི་གང་ཡང་རིགས་རྒྱུད་རྟག་མིན་པས། ཞེས་པ་དེ་དང་སེམས་ཕྱིར་དེ་གཉིས་ལ། འབྲུ་གནོན་པ་ཡང་འཐད་འདུག །དེ་ཡང་སྤྱིར་འཁོར་བའི་ཆོས་སུ་སྣང་བ། གཟུགས་ཀྱི་སྒོ་ནས་དབྱིབས་དང་ཁ་དོག་གཉིས་དང་། ཕོ་མོ་མ་ནིང་གི་མཚན་མ་གསུམ་ཡོད་པ་དང་། མཚན་མ་མེད་པ་སྒོང་ང་ལྟ་བུ་དང་། བྱེ་བྲག་ཏུ་ཁམས་གསུམ་གྱི་གནས་མཐོ་དམན་དེ་དང་། ནང་ཚན་རིས་མི་འདྲ་བ་འདོད་ཁམས་ལ་བཞི་ཅུ་རྩ་གཅིག་པ་སོགས་པ་དང་། སྡེ་ཚན་སོ་སོའི་ཆ་ནས་རང་རྒྱུད་པ་དངོས་པོར་གྲུབ་པ་ཡོད་པ་མིན་ཏེ་དོན་དམ་རིག་པ་སྤྲོས་བྲལ་གྱི་ངང་ལ་ཡུལ་མེད་དུ་ཡོངས་སུ་རྫོགས་པའོ། །རྟོགས་ལྡན་པའི་བཞེད་ལ། གཟུགས་གཉིས་མཚན་གསུམ་ཡོད་དང་མེད། འདི་ཁམས་གསུམ་ལ་འབྲུ་གནོན་པ་ཡང་འདུག་གོ། །དོན་དམ་ལ། དཀོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་གནས་པ་དཔེ་དང་བཅས་པ་དང་། གོང་དུ་བཤད་པའི་དོན་དམ་པ་མ་འདྲེས་ཡོངས་རྫོགས་དེ་ཉིད་གཉིས་འཛིན་གྱི་ཡུལ་དང་བྲལ་བཞིན་དུ་འཁོར་བའི་ཆོས་མ་སྤངས་པར་དེ་ཉིད་ཀྱི་ངོར། དཀོར་བདུན་ལྡན་པའི་ཚུལ་ནི། བསྒྲུབ་བྱའི་དོན་གྱི་སྙིང་པོའི་མཆོག་ཏུ་གྱུར་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ནི་འབྲས་བུའི་དོན་དམ་པ་སྟེ། དོན་དམ་རྟོགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཕྱིན་ཅི་མ་ལོག་པར་རྟོགས་པ་ཡི་རིག་པའི་ཡེ་ཤེས་ནི་རིག་པའི་དོན་དམ་པའོ། །ཆོས་ཉིད་མུ་མཐའ་དང་བྲལ་བ་ནི། དབྱིངས་དོན་དམ་པའོ། །དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། དབྱིངས་ཡེ་ཤེས་གཉིས་ཏེ་དཀོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པ་དང་། བསྡུ་ན་འབྲས་བུ་དོན་དམ། ཡེ་ཤེས་དོན་དམ། དབྱིངས་དོན་དམ་གསུམ་ཡིན་པའི་ཕྱིར། ལྷག་པའི་དོན་དམ་པའི་བདེན་པ་ལ། དཔེར་ན་དཔག་བསམ་གྱི་ཤིང་དང་རིན་པོ་ཆེ་ལ་དགོས་འདོད་འབྱུང་བ་ལྟར། བདུན་ནི་གསུམ་པོ་དེ་ཀུན་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་གནས་པའོ། །འོ་ན་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་བྱ་བའི་དོན་གང་ཡིན་ཞེ་ན། སྤྱིར་རྒྱུ་འབྲས་ལ་གསུམ་སྟེ། བསྐྱེད་བྱ་བསྐྱེད་བྱེད་ཀྱི་རྒྱུ་འབྲས་དང་། རྣམ་པར་བཞག་འཇོག་གི་རྒྱུ་འབྲས་དང་། ངོ་བོ་ཉིད་ཀྱི་རྒྱུ་འབྲས་སོ། །དང་པོ་ནི། རྒྱུ་ལ་འབྲས་བུའི་ངོ་བོ་མ་གྲུབ་ལ། རྐྱེན་དང་འཕྲད་ན་དེ་བསྐྱེད་པའི་ནུས་པ་ཙམ་གཅིག་གནས་པ་སྟེ། དཔེར་ན་ས་བོན་དང་མྱུ་གུའམ། མེ་དང་དུ་བ་ལྟ་བུའོ། །གཉིས་པ་ནི། གཏན་ཚིགས་བློ་ཡུལ་དུ་གྱུར་པ་ལ་བརྟེན་ནས། བསྒྲུབ་བྱ་བློ་ཡུལ་དུ་མ་གྱུར་པ་གཅིག་བསྒྲུབ་པ་སྟེ། དཔེར་ན་ཤིང་ལེབ་གཉིས་རྩེ་སྤྲད་ནས། གཉིས་ཀ་མི་འགྱེལ་བ་ལྟ་བུའོ། །གསུམ་པ་ངོ་བོ་ཉིད་ཀྱི་རྒྱུ་འབྲས་ནི། རྒྱུའི་དུས་ན་འབྲས་བུ་ངོ་བོ་ཉིད། ཡིན་པར་འདོད་དེ། ཆ་བྲམ་ཉིད་ཆུ་ཡིན་པ་བཞིན་ནོ། །དོན་དམ་ལྷག་པའི་ཆོས་སྐུར་གནས་པའོ། །དྲང་། འཇིག་རྟེན་གྱི་བརྟན་པ་སྣོད་དང་གཡོ་བ་བཅུད་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཀུན་སྣང་བ་ཉིད་ན་རང་བྱུང་གི་ཡེ་ཤེས་རང་སྣང་བ་ངོ་བོ་ལ་དངོས་པོར་གྲུབ་པ་མེད་དེ། དེ་ཉིད་རྣམ་པ་མཆོག་ལྡན་གྱི་ཆོས་སྐུ་ཆེན་པོ་ཡིན། རང་དེ་ཡང་རང་བཞིན་ནམ་ངང་གིས་དེ་ལྟར་དུ་གནས་པའོ། །དོན་དམ་དུ་གཞི་ཡེ་ཤེས་རང་ལ་གནས་པ་འདི་ལ། ཆོས་ཀུན་མ་འདྲེས་ཡོངས་རྫོགས་བཤད་པ་འདི། སེམས་ཀྱི་གནས་ལུགས་ཀྱིས་ངོ་བོའི་ཡོན་ཏན་ཡིན་ལ། མ་འདྲེས་ཡོངས་རྫོགས་དེ་ཉིད་ལ་འབྲས་བུའི་ཆེ་ཡོན་གཞི་ནས་རྫོགས་པ་དཀོར་བདུན་ངོ་བོ་ཉིད་ལྷུན་གྱིས་གྲུབ་པ་དེ། རྒྱུ་སེམས་ཅན་ལ་ངོ་བོ་ཉིད་ཀྱིས་རྒྱུར་གནས་ལུགས། གནས་དུས་དེའི་དྲི་མ་མེད་པ་དོན་དམ་ལྷག་པའི་ཆོས་སྐུ་ཆེན་པོར་ངོ་སྤྲོད་པར་ཤེས་པར་བྱའོ། །འབྲས་བུ་རང་ལ་གནས་པའི་གཏན་ཚིགས་དང་བཅས་པ་དང་། དྲང་། གོང་དུ་བཤད་པའི་རང་བཞིན་གནས་པའི་དོན་ལྷག་པའི་ཆོས་སྐུ་ཆེན་པོ་དེ་ལས་གཞན་པའི་འབྲས་བུ་བཟང་པོ་གཅིག་གུད་ན་ཐོབ་བྱ་རྡུལ་ཙམ་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀུན་ཀྱང་འབྲུའི་ངོ་བོར་སྨིན་ཟིན་ཡིན་པའི་ཕྱིར་ན། དེ་ལ་གཞན་དུ་ལམ་བགྲོད་པ་མེད་དོ། །ལམ་རང་ལ་གནས་པའི་གཏན་ཚིགས་དང་བཅས་པ་དང་། དྲང་། དེ་ལྟར་དོན་དམ་དེ་ཉིད་ལམ་གྱི་ཡང་ངོ་བོ་ཡིན་ཏེ། དང་པོ་དེ་ལ་འཇུག་ཅིང་རྟོགས་པར་བྱེད། བར་དུ་གནས་ཤིང་གོམས་པར་བྱེད། ཐ་མ་འབྲས་བུ་མངོན་དུ་འབྱིན་བས་ཕྱེ་བ་ཡིན་ནོ། །ཡང་ན་འཇུག་གནས་འབྱིན་པས་ཕྱེ་བ་ཡིན། འདི་ལ། དང་པོ་གཞི་ལ་འཇུག །བར་དུ་ལམ་ལ་གནས། ཐ་མ་འབྲས་བུ་འབྱིན་པའི་བཤད་པ་ཡང་འདུག །དོན་དམ་གཉིས་མེད་ཀུན་གྱི་དངོས་པོར་བསྟན་པ་ལ་གཉིས། བགྲང་། རང་བྱུང་གི་ཡེ་ཤེས་ངོ་བོ་ཉིད་ཀྱི་རྒྱུར་གནས་པ་དང་། དྲང་། དོན་དམ་དེ་ཉིད་ཆོས་ཀུན་གྱི་འབྱུང་གནས་ཡིན་ཏེ། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷག་མ་མ་ལུས་པ་ཐམས་ཅད་ལ་སེམས་ཉིད་རྒྱུ་རྐྱེན་ལས་མ་སྐྱེས་པ་རང་བྱུང་ཆེན་པོ་ཁྱབ་བྱ་ཁྱབ་བྱེད་མེད་པར་ཀུན་ཏུ་ཁྱབ། ཁྱབ་བྱ་ཁྱབ་བྱེད་མེད་པའི་རང་བྱུང་གི་ཡེ་ཤེས་དེ་ཉིད་དངོས་པོ་མཚན་མ་མེད་པར་ཕྱོགས་མེད་ཀུན་ཏུ་རང་སྣང་བས་ཀུན་གྱི་ཕྱག་རྒྱ་སྟེ་གཞི་རང་བཞིན་གྱི་ཕྱག་རྒྱ། ལམ་ལྟ་བའི་ཕྱག་རྒྱ། ལྷག་པ་འབྲས་བུའི་ཕྱག་རྒྱ་དང་གསུམ་པོ་ཀུན་གྱི་རྒྱུ་ཡིན་པའི་ཕྱིར། ཆོས་ཀུན་དེ་ལྟ་བུའི་ངང་དུ་གནས་པའོ། ༈ །དེའི་མིང་གི་རྣམ་གྲངས་ཀྱི་ཀུན་གྱི་དངོས་གཞིར་བསྟན་པའོ། །དྲང་། དོན་དམ་བཅོས་བསླད་མེད་ལས་དེ་བཞིན་ཉིད་མཐར་ཐུག་པ་མེད་པས་དབྱིངས། བསྒྲིབ་གཡོག་མེད་པར་རང་གསལ་བས་ཡེ་ཤེས་ཏེ། དེ་ཉིད་ཤེས་རབ་སྟོང་ཉིད་ཁོ་ན་མ་ཡིན་ཞིང་འགགས་པ་མེད་པར་སྐུ་དང་ཡེ་ཤེས་སུ་འདོད་པའི་ཐབས་ཀྱི་ཕྱག་རྒྱ་སྟེ་སྣ་ཚོགས་སུ་སྣང་བས་འཁོར་འདས་ཀུན་གྱི་ངོ་བོ་ཉིད་ཀྱི་རྒྱུའོ། །དེ་ཡང་རྐྱེན་བཞི་ལ་སོགས་པ་མིང་གྲངས་མེད་པའི་སྣང་བ་ངོ་བོ་ཉིད་ཀྱི་རྒྱུ་ཉིད་དང་། དོན་དམ་ལ་འཁོར་འདས་ཀྱི་ཆོས་ཀུན་ལྷག་མ་མེད་པར་གནས་པ་ཡོངས་སུ་རྫོགས་པ་ཞེས་ཀྱང་བརྗོད་དོ། ༈ །དབྱེར་མེད་རང་ལ་གནས་པ་ལ་གཉིས། དབྱེར་མེད་ལ་གཞི་ཡེ་ཤེས་རང་ལ་གནས་པ་ལ་གནས་པ་དང་། ལམ་དང་འབྲས་བུ་གཞན་ན་མེད་དེ་རང་ལ་གནས་པར་བསྟན་པའོ། །དང་པོ་ལ་ལྔ་སྟེ། བགྲང་། གཞི་འཁོར་འདས་དབྱེར་མེད་ལ་མ་འདྲེས་ལ་ཡོངས་སུ་རྫོགས་པ་དང་། དྲང་། བདེན་པ་གཉིས་པའི་དོན་གོང་དུ་སོང་ནས་གསུམ་པ་དབྱེར་མེད་ཀྱི་དོན་ནི། དོན་དམ་སྟོང་བར་འདོད་པ་དང་། ཀུན་རྫོབ་སྣང་བར་འདོད་པའི་དངོས་པོར་ཞེན་པའི་མྱ་ངན་ལས་འདས་པ་དང་འཁོར་བའི་ཆོས་ཀུན་གཉིས་སུ་མེད་པ་ཡིན་ཏེ། གཏན་ཚིགས་ཅིའི་ཕྱིར་ན་ཡེ་ནས་མྱ་ངན་ལས་འདས་པའི་རིགས་འཁོར་བའི་རྒྱུ་ཅི་སྣང་ཡང་རྟག་པ་མིན་པས། བྱེ་བྲག་སོ་སོའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ལ་སོགས་པ་འཁོར་འདས་ཀྱི་བྱེ་བྲག་ཐ་སྙད་མིང་དུ་བཏགས་པ་ཀུན། དཔེར་ན་འཇའ་ཚོན་སྣ་ལྔ་མ་འདྲེས་པར་སྣང་ཡང་ནམ་མཁའ་སྟོང་པའི་ངང་དུ་གཅིག་པ་ལྟར། ཀུན་རྫོབ་རིག་པ་སྒྱུ་མ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་གསལ་ཡང་དོན་དམ་སྤྲོས་བྲལ་ལ་ནམ་མཁའ་ལྟ་བུར་གཅིག་ཅིང་ཡོངས་སུ་རྫོགས་པའོ། །བདེན་པ་དབྱེར་མེད་དུ་བསྟན་པ་དང་། དྲང་། འཇའ་ལྟར་མཁའ་ལྟར་མ་འདྲེས་གསལ་བའི་དོན་དེ་ཉིད་རང་བྱུང་གི་ཡེ་ཤེས་འདུས་མ་བྱས་ཉིད་འདུས་བྱས་ལྟར་སྣང་ལ་འདུས་བྱས་སུ་སྣང་བའི་དུས་ཉིད་ནའང་། ངོ་བོ་རང་བྱུང་ཡེ་ཤེས་སུ་དབྱེར་མི་ཕྱེད་པའི་དོན་གྱིས་ན་རྡོ་རྗེ་ཉིད་ཞེས་བྱའོ། ༈ །རང་བཞིན་དབྱེར་མེད་དགོས་ཆེད་དང་བཅས་པ་དང་། དྲང་། རང་བཞིན་བདེན་པ་དབྱེར་མེད་གྱི་དོན་དེ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་དགོངས་སྒམ་པོས་མ་མཛད། འགྲོ་བ་སེམས་ཅན་གྱི་ཤེས་པ་སྒྲིན་པས་མ་བཅོས་པར་རང་བཞིན་ནི་ངང་གིས་བདེན་པ་དབྱེར་མེད་པ་སྟེའང་གི་སྒྲས་སངས་རྒྱས་ཀྱི་དགོངས་པ་གཞི་གནས་ལུགས་ལ། སྣང་བ་དང་སྟོང་པ་དབྱེར་མེད་ཀྱི་ཐ་སྙད་མེད་ཀྱང་དེ་ལྟར་རྟོགས་པ་མིན་པའི་ཐ་དད་དུ་འཛིན་པའི་འཁྲུལ་སྣང་ལ་སྣང་སྟོང་གཉིས་ཀྱི་ཞེན་པ་ཡོད་པས་དེ་གྲོལ་བའི་ཕྱིར། དེའི་དོན་གྱི་དབྱེར་མེད་དུ་བསྟན་པ་ལས། གཉིས་ཅན་གཉིས་མེད་བྱེད་པ་དེ་རང་གཉིས་ཞེས་པས་ངོ་བོ་གཉིས་ཅན་དེ་གཉིས་མེད་ལ་སོགས་པ་བཤད་པ་ལ། གཉིས་འཛིན་གྱི་ཞེན་པ་གྲོལ་བའི་དགོས་ཆེད་ཡོད་པའི་ཕྱིར། བདེན་པ་དབྱེར་མེད་ཅེས་སྨོས་པའི་བརྗོད་པ་ཙམ་མ་གཏོགས་པ་དོན་གྱི་ངོ་བོ་ལ་ཐ་སྙད་གི་ཚིག་དང་སྣང་སྟོང་གཉིས་པར་དེ་དབྱེར་མེད་བྱ་བ་ཙམ་རང་དུ་ཡང་། བློས་བསམ་ཞིང་ངག་གིས་ཚིག་ཏུ་བརྗོད་པའི་ཡུལ་ལས་ཀྱང་འདས་ཏེ་སྨྲ་བསམ་བརྗོད་དུ་མེད་པའི་དོན་ཡིན་ནོ། །ཡུལ་སེམས་དབྱེར་མེད་རང་བྱུང་ཡེ་ཤེས་སུ་བསྟན་པ་དང་། དྲང་། འོ་ན་ཤེས་པར་བྱ་བའི་ཡུལ་དང་། ཤེས་པར་བྱེད་པའི་མཁན་པོ་གཉིས་སུ་སྣང་བ་འདི་ཅི་ཡིན་ཞེ་ན། ཡུལ་དང་ཤེས་པར་སྣང་བ་དེ་ཡང་མ་བཅོས་པས་རང་བྱུང་གི་ཡེ་ཤེས་ཉིད་རང་སྣང་བར་ཟད་དོ། ༈ །རྒྱུ་འབྲས་ཕྱི་ནང་དབྱེར་མེད་དུ་བསྟན་པའོ། །དྲང་། རྒྱུ་འབྲས་གཉིས་ཀྱི་ལྟར་སྣང་ཡང་ངོ་བོ་ལ་རྒྱུ་འབྲས་གཉིས་པ་མེད་དེ་རང་བྱུང་ཡེ་ཤེས་སུ་དབྱེར་མེད་པའོ། །ཕྱི་སྣོད་ནང་བཅུད་གཉིས་སུ་གསལ་བའང་དེ་སེམས་ཉིད་ཀྱི་ངང་དུ་དབྱེར་མེད་གཅིག་པའོ། ༈ །ལམ་དང་འབྲས་བུ་གཞན་ན་མེད་དེ་རང་ལ་གནས་པར་བསྟན་པ། དྲང་། དེ་ལྟར་ཆོས་ཀུན་ཡེ་ཤེས་རང་ལ་གནས་པས་དེ་ལྟ་བུ་བདེན་གསུམ་དབྱེར་མེད་ཀྱི་གནས་ཚུལ་ཇི་ལྟ་བ་བཞིན་ཡིན་པས། དེ་ཉིད་ཡང་ལམ་དང་འབྲས་བུ་ཀུན་གྱི་དངོས་གཞི་ཡིན་པས། སྤྱིར་འབྲེལ་བ་ལ་མང་ཡང་། སྐབས་འདིར་གཞི་ལམ་འབྲས་གསུམ་པོ་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་པ་ཡོད་པའི་ཕྱིར། འབྲས་བུ་ཐོབ་པར་བྱེད་པའི་ཐབས་ཐེག་པ་འོག་མ་པས། ཉོན་མོངས་སྤང་། བགེགས་སྦྱོང་། བསྒྱུར་བ་ལས་ཁྱད་པར་དུ་འཕགས་པས་ན་ཆེན་པོ་མ་ཧཱ་ཡོ་གའི་ལམ་གྱིས་ཉམས་སུ་བླངས་པས། འབྲས་བུ་མངོན་སུམ་དུ་སྣང་བར་བྱེད་པ། དེ་ཡང་། རང་ལ་མེད་པ་གཅིག་གཞི་ནས་བྱུང་བ་མ་ཡིན་ཏེ། འབྲས་བུ་ལྷུན་གྱིས་གྲུབ་སངས་རྒྱས་དེ་ཉིད་རང་ལ་འབྱུང་བར་ཟད་དོ། །གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི། གཞི་དེ་ཉིད་གཏན་ལ་དབབ་པས། ལམ་དེ་ཉིད་ཉམས་སུ་བླངས་འབྲས་བུ་དེ་ཉིད་མངོན་དུ་གྱུར་པའོ། ༈ །ལེའུའི་མཚན་ནོ། །དྲང་། དོན་དམ་པ་དང་། ཀུན་རྫོབ་དབྱེར་མེད་ཀྱི་ཡེ་ཤེས་རྣམས་རང་ལ་ལྷུན་གྲུབ་ཏུ་གནས་པ་དེ་དག་གིས་གསལ་བར་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ་ལས་བགྲང་དང་པོའི་དོན་དུ་གདའོ།། ༈ །།སྤྱི་དོན་གཉིས་པ་གཏན་ལ་ཕབ་པ་ལམ་གྱི་སྐབས་འདིར་ཁོག་དོན་ལ་བཞི་སྟེ། ལམ་ལྔའི་ཁོག་དོན། ཟག་བཅས། ཟག་མེད་དང་། ཟག་ལྡོག་ཡོད་མེད། མཚན་ཉིད་གསུམ་གྱི་ཁོག་དོན་ནོ། །དང་པོ་ལྟར་ན། ཚོགས་ལམ་གྱི་རིམ་པ་དང་། སྦྱོར་ལམ་དང་། མཐོང་ལམ་དང་། སྒོམ་ལམ་དང་། མཐར་ལམ་གྱི་རིམ་པའོ། །དང་པོ་ལ་གཉིས། ལྟ་བ་དང་སྒོམ་པའོ། །ལྟ་བ་ནི། ལེའུ་གཉིས་པ་རང་གནས་མཐོང་བའི་ལེའུ་སྟོན་ཏོ། །སྒོམ་པ་ནི། ལེའུ་གསུམ་པ་ནས་དྲུག་པའི་བར། རྣམ་འབྱོར་བཞི་ཡིས་སྟོན་ཏོ། །ད་དེ་དག་ལ་ཅིའི་ཕྱིར་ཚོགས་ལམ་ཞེ་ན། ལེའུ་ལྔ་པ་དེར་བསོད་ནམས་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་སོགས་པའི་ཕྱིར་ཚོགས་ལམ་མོ། །དེ་ཡང་འདི་ཉིད་ཀྱི་ལེའུ་གཉིས་པ་ནས། སྤྱོད་ཡུལ་ཀུན་ཏུ་ཚད་དཔག་མེད། །ཀུན་ནས་ཉོན་མོངས་སྤྱོད་པ་ཡང་གྲོལ། །ཐུན་མོང་ལམ་གཉིས་དེ་བཞིན་པས། །རྣམ་སྨིན་གཉིས་མེད་ཚོགས་གཉིས་རྫོགས། །ཞེས་པ་དང་། ཐ་མལ་སྤྱོད་ལས་ལྷག་པར་འགྱུར། །སྤྱོད་པ་རྒྱུན་གྱིས་ཚོགས་གཉིས་རྫོགས། །ཞེས་སོ། །ལེའུ་གསུམ་པ་ལས། ལོངས་སྤྱོད་མེད་ལས་ཐམས་ཅད་སྤྱོད། །ཞེས་ཚིག་རྐང་བཞིས་བསྟན། བཞི་པ་ལས་ཀྱང་། རྒྱུ་སྤྱོད་བསོད་ནམས་ཚོགས་ཆེན་ལྡན། །དེ་མིང་མ་ཆགས་ཡེ་ཤེས་ཆེ། །ཞེས་པ་དང་། ལྔ་པ་ལས། ལྷ་ཡི་སྐུ་ནི་གསལ་སྒོམ་ན། །ཞེས་སོགས་ཚིགས་རྐང་བཞིས་བསྟན། དྲུག་པ་ལས། སྤྱོད་བཞིན་མ་ཆགས་ཡེ་ཤེས་ཡིན། །བདེ་བའི་མཆོག་ཉིད་བསོད་ནམས་ཚོགས། །ཞེས་ཚོགས་གཉིས་པོ་དེ་ལམ་གོང་མ་བཞི་ལ་མེད་དམ་ཞེ་ན། འདི་ནི་གཙོ་བོ་ལ་བཏགས་པ་སྟེ་ཚོགས་གཉིས་མ་རྫོགས་པར་ཟབ་མོའི་དོན་མི་ཐོབ་པས། ཚོགས་ཁོ་ན་སོགས་པའི་ལམ་ཡིན་པའི་ཕྱིར་རོ། །དེ་སྐད་ཅེས་བྱ་ལམ་བཞི་པོ་ལ་ཚོགས་གཉིས་ཤིན་ཏུ་རྒྱ་ཆེ་བར་ཡོད་དོ། །ཚོགས་ལམ་ལ་མིང་མི་འདོགས་པ་ནི། ཤུགས་ལ་རྫོགས་པ་ཡིན་པ་དང་། ཆོས་ཉིད་ལ་སྦྱོར་བ་དང་། མཐོང་བ་དང་། སྒོམ་པ་དང་། མཐར་ཕྱིན་པ་དང་། གཙོ་ཆེ་བས་མིང་དེ་ལྟར་བཏགས་པའོ། །ཡང་ན་ཚོགས་བསགས་པའི་གྷོ་ཟུག་བསམ་ཡང་ན་སྦྱོར་ལམ་གྱི་རྒྱུ་ཡིན་པས་ཚོགས་ལམ་མོ། །སྦྱོར་བའི་ལམ་ནི། བར་ཆད་མེད་པས་ཚོགས་བསྒྲུབ་ལེའུ་བདུན་པ་སྟེ། དེ་ཉིད་ལས། བར་ཆད་མེད་པར་སྦྱོར་བ་ཡི། །བསྒྲུབ་པ་དུས་ཀྱི་ཚོགས་བཤད་བྱ། །བར་ཆད་མེད་པའི་ལམ་བསྒྲུབ་པའང་། །ཞེས་པ་སྟེ། མཐོང་ལམ་ལ་སྦྱོར་བས་སོ། །མཐོང་ལམ་ནི་ལེའུ་བརྒྱད་པའི་སྟོན་ནོ། །དེའང་ཁོ་རང་གི་སྐབས་ན། ཟག་ཀུན་ཟག་པའི་རིགས་ཆེན་འདི་ཞེས་ཚིག་རྐང་བཞིས་བསྟན་པ་དང་། ཆོས་ཀུན་མི་མཐོང་ཆོས་ཉིད་ཀྱང་། །ཞེས་ཚིགས་རྐང་བཞི་དང་། ཕྱག་རྒྱའི་སྐབས་ན། སྔ་མ་མཐོང་བའི་ལམ་ཉིད་དུ། །རང་གི་ཤེས་རབ་གསུམ་གོམས་པས། །ཞེས་དང་། ལམ་ཆུང་ལས་ཀྱང་། ས་ཡིས་ཆ་ཡིས་ཕྱེ་བ་ཡི། །ནུས་པ་ཐོབ་དང་མ་ཐོབ་ཀྱིས། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་སོ། །དེ་ཡང་ཟག་མེད་ཀྱི་ཆོས་ཉིད་རང་མཚན་མཐོང་བ་ཡིན་པའི་ཕྱིར་རོ། །སྒོམ་ལམ་ནི། ཕྱག་རྒྱ་ཆེན་པོ་སྟེ་ལེའུ་བརྒྱད་པའི་དཀྱིལ་གྱིས་སྟོན་ཏེ། ཡང་དེ་ཉིད་ཀྱི་སྐབས་ལས་ཟག་པ་མེད་པ་སྒོམ་པའི་ལམ། མིག་གཡོ་རྣལ་འབྱོར་ཉིད་དུ་ཡང་བརྗོད། ཅེས་སོ། །དེ་ཡང་མཐོང་ལམ་པའི་ལམ་ལ་སྒོམ་པའི་ཕྱིར་རོ། །མཐར་ལམ་ནི། ལྷུན་གྲུབ་སྟེ། བརྒྱད་པའི་གཤམ་གྱིས་སྟོན་ཏེ། དེ་ཡང་དེ་ཉིད་ཀྱིས་སྐབས་ནས། ཐ་མའི་མིང་གྲངས་མཐར་ཕྱིན་ལམ། ཞེས་པ་ཚིག་རྐང་བཞི་པས་གསལ་ལོ། །དེ་ཡང་། དེ་ལས་ལམ་གཞན་གྱིས་སྐྱེ་བྱེད་དུ་བྱར་མེད་པའི་ཕྱིར་གཞན་ཡང་མདོ་དང་། ཨིན་ཏྲ་བྷོ་དྷིས་ལམ་ལྔ་བཤད་པ་དང་དུ་མ་ཡོད་དེ། ཁ་གཅིག་ལམ་ལྔ་ས་གཅོད་པ་འདི། མཚན་ཉིད་པའི་ལུགས་ཡིན་ཏེ། ནང་ལུགས་ཀྱིས། ལྟ་བ་དང་། རྣལ་འབྱོར་བཞི་དང་། ཚོགས་བསྒྲུབ་དང་། ཚེ་རྣམ་ཕྱག་རྒྱ་ལྷུན་གྲུབ་རིག་འཛིན་བཞི་ལམ་དུ་བྱེད་ཟེར་བ་དག་ཡོད་དེ། འདི་རྣམས་ནི་སྟོད་ལུང་གི་སྐབས་ལ་གསལ་བར་བསྟན་པ་བཞིན་ཡིན་ནོ། །དེ་རྣམས་དང་ལམ་ལྔ་ངོ་བོ་གཅིག་ཡིན་ནོ། ༈ །གཉིས་པ་ཟག་བཅས་དང་ཟག་མེད་ཀྱི་ཁོག་དོན་ནི། ཚོགས་བསྒྲུབ་མན་ཆད་ཟག་བཅས། ཚེ་རྣམ་ཡན་ཆད་ཟག་མེད་ཡིན་ནོ། །དེའི་རྒྱུ་མཚན་ཉིད། ཚོགས་བསྒྲུབ་མན་ཆད་ལ་ལུས་ཁམས་སྐྱེ་གནས་ཀྱིས་ཟག་པ་གསུམ་ཀ་ཡོད་དེ། དེ་ཡང་ལུས་ཀྱི་ཟག་པ་ཡོད་དེ། བསྒྲུབ་པ་པོས་འཚོ་བའི་ཡོ་བྱད་ཁ་ཟས་ལ་ལོངས་སྤྱོད་པས། དྲི་ཆེན་དྲི་ཆུ་ལ་སོགས་པ་འབྱུང་བའོ། །ཁམས་ཀྱི་ཟག་པ་ཡོད་དེ། སྨན་དང་སྨན་པར་བཅས་པ་དང་། ཞེས་པ་དང་། མཐོང་ལམ་མ་ཐོབ་ཀྱི་བར་དུ། སྐྱེ་གནས་ཀྱི་ཟག་པ་ཡང་ཡོད་དེ། དེ་ཕྱིར་དབང་བསྒྱུར་ཕྱི་མའི་དུས། ཉིད་དུ་སྦྱོར་བའང་སྨོས་ཅི་དགོས། དེ་སོགས་ཚིག་རྐང་དྲུག་གི་གསལ་ལོ། །གལ་ཏེ་སུམ་ཅུ་ཕྲག་དྲུག་ནས་ཚེ་དབང་ཐོབ་པའི། ཚོགས་བསྒྲུབ་པ་དེ་ལ། སྐྱེ་གནས་ཀྱི་ཟག་པ་ཡོད་དམ་ཞེ་ན། ཐོབ་པའི་དུས་སུ་རང་ལ་མེད་ལ་མ་ཐོབ་པའི་དུས་ན་ཡོད་དེ། ཐོབ་ལ་ཅི་ཡང་མ་རག་པའི་དུས་ནའང་བར་ཆད་འབྱུང་སྟེ། འབྱུང་ན་སྐྱེ་གནས་སུ་འགྲོ་དགོས་པས་སོ། །རྣམ་སྨིན་ཟག་མེད་ཡིན་ཏེ། ཟག་པའི་གཙོ་བོ་སྐྱེ་གནས་ཀྱི་ཟག་པ་ཡིན་ལ། རྣམ་སྨིན་ལ་དེ་མེད་དེ། ལུས་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའོ། །ཚེ་དབང་ལ་ཟག་པ་གསུམ་ཀ་མེད་དེ། ཟག་གསུམ་ཟག་པ་འདི་ལ་མེད། ཅེས་པ་དང་། དེ་མིང་མི་ལྡོག་ཟག་མེད་དང་། དབང་བསྐུར་དབང་བསྒྱུར་རིགས་ཀྱི་མཚན་ལ་བརྗོད། ཞེས་སོ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡན་ཆད་ལ་ལྟ་ཅི་སྨོས་ཏེ། ༈ །གསུམ་པ་ཟག་ལྡོག་དང་བཅས། མ་བཅས་སུ་ས་བཅད་ན། ཟག་ལྡོག་དང་བཅས་པའི་ལམ་དང་། ཟག་པ་ཡོད་ལ་ལྡོག་པ་མེད་པའི་ལམ་དང་། ཟག་ལྡོག་གཉིས་ཀ་མེད་པའི་ལམ་དང་གསུམ་མོ། །དང་པོ་ནི། ཚོགས་ལམ་རྣལ་འབྱོར་བཞིའི་སྐབས་སུ་ན། ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་གསུམ་ཡོད་ལ། དམ་ཚིག་ཉམས་པ་ལ་སོགས་པ་བྱུང་ན་ངན་སོང་དུ་ལྡོག་ལ་ཡོད་དེ། ལེའུ་དྲུག་པ་ལས། དེ་ཕྱིར་ལམ་བཞིར་ལྡོག་ཟག་ཡོད། །ཅེས་པ་དང་། ལམ་ཆུང་ལས། ལྡོག་བཅས་བཞི་དང་། ཞེས་སོ། །ཟག་པ་ཡོད་ལ་ལྡོག་པ་མེད་པའི་ལམ་ནི། སྦྱོར་ལམ་བར་ཆད་མེད་པར་ཚོགས་བསྒྲུབ་པའོ། །དེ་ཡང་ཟག་པ་ཡོད་པ་ནི་སྔར་བསྟན་ཏོ། །ལྡོག་པ་མེད་པ་ནི། དམ་ཚིག་ཉམས་པ་དང་། མཚམས་མེད་པ་ལྔ་སྤྱད་ཀྱང་། ངན་སོང་དུ་ལྡོག་པ་མེད་པ་སྟེ། དེར་ལས་དང་ཉོན་མོངས་པའི་སྒྲིབ་པ་རགས་པ་སྦྱངས་པའི་ཕྱིར། དེའང་ལེའུ་བདུན་པ་ལས། འགྲོ་དྲུག་དུས་གནས་དེ་དག་སྣང་། །ཞེས་སོགས་ཚིག་རྐང་བཞི་དང་། བསོད་ནམས་ཡེ་ཤེས་དཔུང་ཚོགས་ཀྱིས། །ཞེས་སོགས་ཚིགས་རྐང་གསུམ་གྱིས་གསལ་ལོ། །ཟག་ལྡོག་གཉིས་ཀ་མེད་པའི་ལམ་པ་ནི། ལམ་མཆོག་རྫོགས་པའི་ཚེ་ཡན་ཆོད་གསུངས་ཏེ། རྣམ་སྨིན་ཡན་ཆད་ཟག་ལྡོག་གཉིས་ཀ་མེད་པའི་ལམ་མོ། ༈ །བཞི་པ་མཚན་ཉིད་གསུམ་དུ་ས་བཅད་ན། རྩ་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུངས། །ཞེས་སོགས་གསུང་པ་དང་། རིམ་དྲུག་ལས་ཀྱང་། དེ་དག་མཚན་ཉིད་བསྡུ་བ་ནི། ཤེས་འཇུག་མན་ཆད་མཐུན་པར་བཤད་པ་དང་། ལམ་ཆུང་ལས་ཀྱང་། རྩ་རྒྱུད་ལྟར་བཤད་དོ། །གཞི་ལམ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་དབབ་པ་དང་། རྐྱེན་འཇུག་པའི་མཚན་ཉིད་སྒོམ་པ་ཉམས་སུ་བླང་བ་དང་། མཐར་ཕྱིན་པ་འབྲས་བུའི་མཚན་ཉིད་ཟག་མེད་ཀྱི་ལམ་བགྲོད་ཚུལ་གཏན་ལ་བབ་པ་དང་གསུམ་མོ། །དེ་ལ་ཡང་གཉིས་ཏེ། ལམ་སྤྱིར་མཚན་ཉིད་གསུམ་བརྩི་བ་དང་། བྱེ་བྲག་ཚོགས་སྦྱོར་ལ་བརྩི་བའོ། །དེ་ལ་དང་པོ་ནི། འདི་ཉིད་ཀྱི་གཉིས་པ་ལས། དང་པོའི་ལམ་མཆོག་བཤད་པར་བྱ། །ཞེས་ལྟ་བ་ལ་མཚན་ཉིད་དང་པོར་བཤད་པའོ། །གཉིས་པ་ནི། ལེའུ་གསུམ་པ་ལས། འཇུག་པའི་ཡན་ལག་ལྔ་རུ་བཤད། །ཅེས་པས། རྣལ་འབྱོར་བཞི་སྦྱོར་ལམ་དང་ལྔ་རུ་བཤད་པའོ། །གསུམ་པ་ནི། བརྒྱད་པ་ལས། མཐར་ཕྱིན་འབྲས་བུ་མཚན་ཉིད་བཤད། །ཅེས་པ་དང་། ལེའུ་དགུ་པ་ལས། མཚན་ཉིད་ཐ་མའི་ཐ་མ་ནི། །ཞེས་པས། ཐ་མ་ནི། འབྲས་བུའི་མཚན་ཉིད་རིག་འཛིན་བཞི་ཡིན་ལ་དེའི་ཡང་ཐ་མ་ནི་སངས་རྒྱས་ཞེས་གསུང་སྟེ། མཚན་ཉིད་གསུམ་ལུང་ལས་གསལ་ལོ། ༈ །གཉིས་པ་བྱེ་བྲག་ཏུ་ཚོགས་སྦྱོར་གཉིས་ལ་མཚན་ཉིད་གསུམ་དུ་ས་བཅད་ན། ཚོགས་ལམ་ལ་རྒྱུ་ཤེས་པ་དང་། རྐྱེན་འཇུག་པ་གཉིས། ལེའུ་གཉིས་པ་དང་། གསུམ་པ་ནས་དྲུག་པའི་བར་དུ། རིམ་པ་བཞིན་ནོ། །འབྲས་བུའི་མཚན་ཉིད་ནི། སྤྱོད་ལམ་སྟེ་ཟག་བཅས་ཀྱི་ལམ་མཐར་ཕྱིན་པའོ། །དེ་ཡང་ལམ་ཆུང་ལས། འདིར་ནི་ཤེས་འཇུག་དྲུག་ལ་ཡང་། སྐབས་ཀྱིས་རྒྱུ་མཚན་འབྲས་གསུམ་ལྡན། །ཞེས་འབྱུང་ངོ་། །དེ་ལ་རེ་ཞིག་མཚན་ཉིད་གསུམ་དུ་ས་བཅད་ན་གསུམ་སྟེ། སྤྱི་དོན་གཉིས་པ་ལམ་རང་གནས་ཤིང་གོམས་པར་བྱེད་པ་ལ་གསུམ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་བསྟན་པ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་དང་། གནས་སྐབས་ཀྱིས་འབྲས་བུ་ཟག་མེད་ཀྱིས་རིག་འཛིན་བསྟན་པའོ། །དེ་ལ་དང་པོ་ལེའུ་གཉིས་པ་ལྟ་བ་བསྟན་པ་ལ་གསུམ། ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་ལེའུའི་གཞུང་དང་། མཚན་ནོ། །དེ་ལ་དང་པོ་ཕྱག་འཚལ་བ་ནི། དེ་ཡང་ལེའུ་དང་པོར་བཤད་པ་བཞིན་གཞི་ཡེ་ཤེས་རང་ལ་གནས་པ་བདེན་གསུམ་གྱི་དོན་ལྷུན་གྲུབ་དུ་གནས་པའི་ངང་ལ་ཕྱག་འཚལ་བ་ནི་ལྟ་བ་རྟོགས་པའི་ཕྱག་གོ། །ནས་ཞེས་པ་འབྲེལ་མཚམས་སྦྱར་བའི་ཚིག་གོ། །ལྟ་བ་རྟོགས་པ་འདི་ཉིད་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་དང་པོའི་ལམ་ཞེས་བྱ། དེ་ལ་ལྟ་བ་དང་པོའི་ལམ་དུ་འགྲོ་བའི་རྒྱུ་མཚན་ནི། ལམ་ལ་མོས་པའི་ལམ་དང་། ཅི་བཞིན་པའི་ལམ་གཉིས་ལས། ལྟ་བ་མ་རྟོགས་པའི་གོང་དུ་སྒོམ་པ་ཐམས་ཅད། མོས་པའི་ལམ་ཞེས་བྱ། རྟོགས་ནས་སྒོམ་པ་ཐམས་ཅད་ཅི་བཞིན་པའི་ལམ་ཞེས་བྱ། འདིར་ཅི་བཞིན་པའི་ལམ་གྱི་སྔོན་དུ་ལྟ་བ་འགྲོ་དགོས་སོ། །འོ་ན་ཤེས་རབ་སྤྱན་འབྱེད་ལས། དམན་ལ་རྒྱ་གསུམ་གོམས་བརྟན་དང་། །བརྟེན་ནས་རྟོག་དཔྱོད་ཀླུང་ཞུགས་མཐོང་། །སྒོམ་པ་ལམ་དུ་བསྟན་པར་བྱ། །རིམས་པར་སྐྱེས་ལ་ཐེ་ཚོམ་མེད། །ཅེས་གསུངས་པས། ལྟ་བའི་སྔོན་དུ་སྒོམ་འགྲོ་བར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ལ་སྤྱིར་ལམ་ལ་གཉིས། དྲང་དོན་གྱི་ལམ་དང་། ངེས་དོན་གྱི་ལམ་མོ། །དེ་ལ་ལྟ་བའི་སྔོན་དུ་སྒོམ་པ་འགྲོ་བ་ནི། དྲང་དོན་གྱི་ལམ་ཡིན་ཏེ། དམན་ལ་རྒྱ་གསུམ། ཞེས་པ། བློ་དམན་པ་ཁྲིད་པར་བྱ་བའི་ཕྱིར་གསུངས་པའོ། །དེ་བས་ན་འདིར་ངེས་པའི་དོན་དུ། ལམ་ཐམས་ཅད་ཀྱི་སྔོན་དུ་ལྟ་བ་འགྲོ་དགོས་པས། ལྟ་བ་དང་པོའི་ལམ་དུ་བཞག་གོ། །ཡང་ན་གང་ཟག་ལམ་དུ་འཇུག་ཚུལ་ལ་གཉིས། མཁས་པ་པན་ཏྲི་ཏའི་དཔྱད་སྒོམ་དང་། ཀུ་སུ་ལུ་པའི་འཇོག་སྒོམ་གཉིས་སོ། །དང་པོ་ནི། མགོན་པོ་བྱམས་པའི་ཞལ་ནས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་རྙེད་མི་འགྱུར། །དེ་བས་གཞན་དག་རྗེས་སུ་བཟུང་ཞིང་ཚར་བཅད་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེའི་དེ་ལ་བརྩོན། །ཞེས་པས། དང་པོར་རིག་པའི་གནས་ལྔ་ལ་སོགས་པ། ཤེས་བྱ་ཕྱོགས་མེད་ལ་སྦྱངས་ནས། ཐོས་བསམ་གཉིས་ཀྱིས་ལྟ་བ་གཏན་ལ་དབབ། དེ་ནས་སྒོམ་དགོས་པར་བཤད་དོ། །ཇི་སྐད་དུ། གོམས་པ་བས་ཀྱང་རྟོགས་པ་གཅེས། །རྟོགས་པ་གཏིང་དུ་མ་གྱུར་ན། །སྒོམ་པ་མཚན་མའི་ངང་དུ་སྒོམ། །རྩོལ་བ་ཉོན་མོངས་ཞེན་པ་རྩོལ། །ཅེས་གསུངས། གཉིས་པ་སྔོན་ལ་སེམས་འཛིན་བྱས་ནས། ཐོག་མར་གནས་པ་སྐྱེ་གནས་པ་དེའི་དྲི་མ་ཕྱེད། སྙོམས་འཇུག་དགུ་སྐོར་གྱི་འཕྲང་ལ་གྲོལ་ནས། སེམས་ཀྱི་རང་བཞིན་སྒྲིབ་གཡོག་ཐམས་ཅད་དང་བྲལ་བ་ལྷག་མཐོང་གི་དོན་མངོན་གསུམ་དུ་རྟོགས་པའོ། །ཅི་སྐད་དུ། དམིགས་པ་དག་ལ་བརྟེན་ནས་སུ། །མི་དམིགས་པ་དག་རབ་ཏུ་སྐྱེ། །ཞེས་པ་དང་། ཞི་གནས་སྒོམ་བས་ལྷག་མཐོང་སྐྱེ། །ཞེས་གསུང་། འདི་ཉིད་ནི་གཙོ་ཆེར་པན་ཏྲི་ཏའི་བསླབ་ལུགས་ཀྱིས་དབང་བཙན་དུ་མཛད་པའོ། །མཆོག་ཞེས་པ་ནི། ལམ་འདི་གཞན་ལས་ཁྱད་པར་དུ་གྱུར་པ། ཉེ་བ་དང་། བདེ་བ་དང་། རྫོགས་པའི་དོན་ཡིན་ནོ། །བཤད་པར་བྱ། ཞེས་པ། འཇིག་རྟེན་ན་སྐྲ་བཤད། རྒྱུས་པ་བཤད། མ་འདྲེས་པར་སངས་ཀྱིས་ཕྱུང་པ་ལ་བཤད་ཟེར་བ་བཞིན་དུ། འདིར་ལྟ་བའི་དགོས་ཆེད་ལ་སོགས་པ། དོན་བཅུ་བཞི་པོ་རྣམས་མ་འདྲེས་པར་སྟོན་པས་བཤད་ཅེས་བྱ་སྟེ། བཤད་པར་དམ་བཅའ་བའོ། ༈ །གཞུང་ལ་གསུམ། བགྲང་། ལུས་མདོར་བསྟན་དང་། དྲང་། གང་ཟག་ལམ་པ་ལྟ་བ་རྟོགས་པའི་སྐལ་བ་དང་ལྡན་པ་གང་དག་གཞི་ཡེ་ཤེས་རང་ལ་གནས་པའི་དོན་དེ་མཐོང་བར་འདོད་པ་ལ། དགོས་ཆེད་ལ་སོགས་པ་དོན་བཅུ་བཞིའི་སྒོ་ནས་སྟོན་དགོས་ཏེ། ཐོག་མར་ལྟ་བ་རྟོགས་པའི་དགོས་ཆེད་བསྟན་པ་དང་གཅིག །དུས་བསྟན་པ་དང་གཉིས། སྣོད་དང་གསུམ། རྒྱུ་དང་བཞི། རྐྱེན་དང་ལྔ་ཐབས་དང་དྲུག །རྣམ་གྲངས་དང་བདུན། ངོ་བོ་དངོས་དང་བརྒྱད། སྤྱོད་པ་དང་དགུ། ཡོན་ཏན་དང་བཅུ། དྲོད་དང་བཅུ་གཅིག །རྟགས་དང བཅུ་གཉིས། ཚད་དང་བཅུ་གསུམ། མ་རྟོགས་པའི་སྐྱོན་བསྟན་པ་དང་བཅུ་བཞི་པོས་མདོར་བསྟན་འདི་དག །ཡན་ལག་རྒྱས་པར་བཤད་ཅིང་སྤྲོས་པའི་རྩ་བར་ལུས་རྣམ་བཞག་གི་སྒོ་ནས་མདོར་བསྟན་དུ་བཞག་པའོ། །དེ་ལ་དང་པོ་ལྟ་བའི་དགོས་ཆེད་ནི། གཞན་སེལ་དང་། དོན་གཉེར་གཉིས་པོ་སྟེ། གཞན་སེལ་ནི། ལྟ་བ་དང་མི་མཐུན་པའི་ཕྱོགས་སེལ་བ་ཡིན་ལ། དོན་གཉེར་ནི། ལྟ་བ་རྟོགས་ཅིང་མཐུན་པའི་ཕྱོགས་བསྒྲུབ་པའོ། ༈ །དུས་གསུམ་ཀྱང་སྔོན་ལ་སྣོད་བརྟེན་གྱི་གང་ཟག་བསྟན་ཏེ། དུས་ཉེ་བ་རང་བཞིན་གྱི་སྣོད་དུ་གྱུར་པ་དང་། དུས་རིང་བ་སྦྱངས་པའི་སྣོད་དུ་གྱུར་པའོ། །དེ་གཉིས་ཀྱི་གོ་བ་ནི། སྔར་ཐེག་པ་ཆུང་ངུ་མ་སྦྱང་། ཐེག་ཆེན་གྱི་ཆོས་གོ་ནུས་རྟོགས་ནུས་ཀྱི་བློ་དང་ལྡན་པ་དེ། དུས་ཉེ་བ་རང་བཞིན་གྱིས་སྣོད་དུ་གྱུར་པ་ཡིན་ལ། སྔར་ཐེག་པ་ཆུང་ངུ་ལ་སྦྱངས་ནས། ཐེག་ཆེན་གོ་ནུས་རྟོགས་ནུས་ཀྱི་བློ་དང་ལྡན་པ་དེ། དུས་རིང་བ་སྦྱངས་པའི་སྣོད་དུ་གྱུར་པ་ཟེར། དེ་གཉིས་རེ་རེ་ལའང་། རིམས་དང་གཅིག་ཆར་གཉིས་གཉིས་སུ་ཕྱེ་སྟེ། བཞིར་བཤད་དགོས། གཅིག་ཆར་བའི་གཅིག་ཆར་བ་ནི། སྔར་ཐེག་པ་གང་ལ་ཡང་མ་སྦྱངས་པར། མ་ཧཱ་ཡོ་ག་ལ་འཇུག་ནུས་པའོ། །གཅིག་ཆར་བའི་རིམ་གྱིས་པ་ནི་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གང་རུང་གཅིག་ལ་སྦྱངས་ནས། མ་ཧཱ་ཡོ་ག་ལ་འཇུག་ནུས་པའོ། །རིམ་གྱིས་པའི་རིམ་གྱིས་པ་ནི། ཕལ་པའི་སེམས་བརྒྱད་ནས་བཟུང་སྟེ། ཡོ་ག་མན་ཆད་ཀྱི་ཐེག་པ་ལ་རིམ་གྱིས་སྦྱངས་ནས། མ་ཧཱ་ཡོ་ག་ལ་འཇུག་པའོ། །རིམ་གྱིས་པའི་གཅིག་ཆར་བ་ནི། ངེས་འབྱུང་གི་ཐེག་པ་བཞི་ལ་སྦྱངས་ནས། ཕྱི་རྒྱུད་སྡེ་གསུམ་དོར་ནས་མ་ཧཱ་ཡོ་གར་འཇུག་པའོ། ༈ །རྒྱུ་རྐྱེན་བསྟན་པ་ལ། སེམས་སྐྱེ་བའི་རྒྱུ་རྐྱེན་བསྟན་པ་དང་། ལྟ་བ་རྟོགས་པའི་རྒྱུ་རྐྱེན་གཉིས་ལས། དང་པོ་སེམས་སྐྱེ་བའི་རྒྱུ་རྐྱེན་བསྟན་ཏེ། དེ་ལ་རྒྱུ་གཉིས་ནི། མཚུངས་པར་ལྡན་པའི་རྒྱུ་དང་། །ལྷན་གཅིག་སྐྱེས་པའི་རྒྱུ་གཉིས་ལས། །སྔ་མ་ནི། བདེ་གཤེགས་སྙིང་པོས་མཚུངས་པར་ལྡན། །ཅེས་གསུངས་པས། བདེ་གཤེགས་སྙིང་པོ་རང་ཆས་སུ་ཡོད་པ་སྟེ། མཚུངས་ལྡན་གྱི་རྒྱུའོ། །ཕྱི་མ་ནི། རྒྱུ་རྐྱེན་ལྔ་པོ་ཚོགས་ནས་འབྱུང་བའོ། །རྐྱེན་ལ་བཞི་ལས། རྒྱུ་རྐྱེན་ནི། རང་བཞིན་རྒྱུའི་བསྙུང་བར་གནས། །ཞེས་གསུངས་པས། སྙུངས་གནས་ཀྱི་སེམས་སོ། །དེ་བདག་ཅེས་གསུངས་པས་བླ་མ་དེ་བདག་པོའི་རྐྱེན་ནོ། །གསང་སོགས། ཞེས་པས། ཐེག་པ་ཆེན་པོའི་སྒོ་དེ་དམིགས་པའི་རྐྱེན། སྐད་གཅིག་འཕེལ་བ་དེ་མ་ཐག་ཅེས་པ། སྐད་གཅིག་སྔ་མ་འགགས་ནས། ཕྱི་མ་ཕྱི་མས་གོ་ཕྱེ་བ་དེ་ཡང་། དེ་མ་ཐག་པའི་རྐྱེན་ནོ། །དེ་ལྟར་རྒྱུ་རྐྱེན་ལྔ་པོ་འཚོགས་པ་དེ་ལ་བརྟེན་ནས་བླ་མས་ཐེག་པ་གོང་མའི་ཡོན་ཏན་བརྗོད། འོག་མ་ལ་སྐྱོན་བརྗོད་པས། གོང་མ་ལ་དགའ་བྲོད་ཀྱིས་དངས། འོག་མ་ལ་སྐྱོ་ཞིང་། གོང་མ་ལ་འཇུག་པར་བྱའོ། །ལྟ་བ་རྟོགས་པའི་སྐྱོན་ལ་གཉིས་ཏེ། མཚུངས་ལྡན་གྱི་རྒྱུ་དང་། ལྷན་གཅིག་སྐྱེས་པའི་རྒྱུའོ། །སྔ་མ་ནི། རང་བཞིན་བདུན་དང་མཚུངས་པར་ལྡན། །གཅིག་ཤོས་རྒྱུ་རུ་ངེས་པ་ཡིན། །ཞེས་པས། བློའི་མཚན་ཉིད་བདུན་ལྡན་དེ་མཚུངས་རྒྱུའོ། །ཕྱི་མ་ནི་གང་དག་གཉན་བསམ་ཤེས་རབ་ཆེ། ཉན་ཅིང་ཐོས་འཛིན་བསམ་པ་དང་། །བསམ་པའི་ཚེ་ན་རྟོགས་དཔྱོད་པ། །གཉིས་པོ་འདི་དག་ཤེས་པའི་རྒྱུ། །ཞེས་པས། ཐོས་པ་དང་། བསམ་པ་གཉིས་པོ་དེ་དག་ལྷན་གཅིག་བྱེད་པའི་རྒྱུར་འདོད། ༈ །རྒྱུ་རྐྱེན་ལ་བཞི་སྟེ། རྒྱུ་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན། དེ་མ་ཐག་པའི་རྐྱེན། དང་པོ་ནི། མཚུངས་ལྡན་གྱི་རྒྱུ་གཅིག་སྟེ། རང་རྒྱུའི་རྐྱེན་དུ་འདོད། གཉིས་པ་ནི། མཁན་པོ་ལུང་དང་མན་ངག་བཅས། །ལྷན་གཅིག་བྱེད་པའི་རྐྱེན་དུ་འདོད། །ཞེས་པས། བླ་མ་རྡོ་རྗེ་སློབ་དཔོན་ལུང་མན་ངག་དང་བཅས་པ་དེ། བདག་པོའི་རྐྱེན། གསུམ་པ། འདིར་མ་ཧཱ་ཡོ་གའི་ཐེག་པ་དམིགས་པའི་རྐྱེན། བཞི་པ་ནི། སེམས་ཀྱི་སྐབས་དང་མཐུན་ནོ། ༈ །ལྟ་བ་རྟོགས་པར་བྱེད་པའི་ཐབས་ལ། གཏན་ཚིགས་ཀྱིས་གཏན་ལ་ཕབ་སྟེ། དོན་གྱིས་དམིགས་བཟུང་བ་དང་། གོལ་སྒྲིབ་ཀྱི་གདར་ཤ་བཅད་དེ་དོན་གྱི་དམིགས་ངོས་བཟུང་བ་དང་། རྣམ་གྲངས་རྣམ་པར་ཕྱེ་སྟེ་དོན་གྱི་དམིགས་ངོས་བཟུང་བའོ། །འདི་རྣམས་ཀྱི་སྟོན་ཐུན་རྒྱས་པ་འོག་རྟོགས་ཐབས་རང་ལ་འཆད། ༈ །ལྟ་བའི་ངོ་བོ་དང་རྣམ་གྲངས་ཐུན་མོང་དུ་བསྟན་པ་ལ། གཏན་ཚིགས་ཀྱི་ངོས་ནས་ལྟ་བའི་རྣམ་གྲངས་སུ་བཞག་པ་དང་། རྒྱུད་དོན་གྱི་ངོས་ནས་ལྟ་བའི་རྣམ་གྲངས་སུ་བཞག་པ་དང་ལམ་རིམ་གྱི་ངོས་ནས་ལྟ་བའི་རྣམ་གྲངས་སུ་བཞག་པ་དང་ལྟ་བ་རང་གི་ངོ་བོའི་ངོས་ནས་ལྟ་བའི་རྣམ་གྲངས་སུ་བཞག་པ་དང་བཞིའོ། །དང་པོ་ནི། གཏན་ཚིགས་གར་ཡོད་པ་ན་གྲུབ་མཐའ་རེ་ཡོད་པས། རྣམ་གྲངས་ཀྱང་དེའི་རྗེས་སུ་འགྲོའོ། །གཉིས་པ་ནི། རྒྱུད་དོན་ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་བཅུ་ལ། ལྟ་བ་རེ་ཡོད་པས། ལྟ་བའི་ངོ་བོ་བཅུ། གསུམ་པ་ནི། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཡན་ཆད་ནས། མཐར་ཕྱིན་པའི་ལམ་མན་ཆད་ལ། ལྟ་བའི་རྣམ་གྲངས་དགུ། བཞི་པ་ནི། རྣམ་ཤེས་ཚོགས་བརྒྱད་རང་ལྟ་བའི་ངོ་བོ་ཡིན་པས། ལྟ་བའི་རྣམ་གྲངས་བརྒྱད་དོ། ༈ །སྤྱོད་པ་ལ། བདག་དོན་གྱི་སྤྱོད་པ་དང་། གཞན་དོན་གྱི་སྤྱོད་པའོ། །དེ་ཡང་ལྟ་བ་རྟོགས་པ་དོན་དུ་གཉེར་བའི་སྤྱོད་པ་དང་། ལྟ་བ་རྟོགས་པ་ཁོང་དུ་ཆུད་པའི་སྤྱོད་པའོ། །དང་པོ་ནི། ལྟ་བ་རྟོགས་པར་བྱེད་པའི་ཐབས་ལ། ཐོས་བསམ་གྱི་སྤྱོད་པ་རྣམས་ཡིན་ཏེ། བདག་དོན་གྱི་སྤྱོད་པ་གཙོ་ཆེ། གཉིས་པ་ནི། ལྟ་བ་རྟོགས་ཟིན་པའི་སྤྱོད་པ་རྣམས་ཡིན་ཏེ། གཞན་དོན་གྱི་སྤྱོད་པ་གཙོ་ཆེ། ༈ །ཡོན་ཏན་ལ་རྟོགས་པའི་ཡོན་ཏན་མཐར་མི་གཏོང་བ་དང་། རྟོགས་པའི་ཡོན་ཏན་གང་སྤྱད་ཀྱང་ཚོགས་གཉིས་རྫོགས་པ་དང་། རྟོགས་པའི་ཡོན་ཏན་དོན་གསུམ་རྫོགས་པ་དང་། རྟོགས་པའི་ཡོན་ཏན་འཁོར་བར་མི་གཏོང་ཞིང་བདེ་བར་བསྟན་པའོ། ༈ །དྲོད་ལ་གཉིས། རྩ་བའི་དྲོད། ཡན་ལག་གི་དྲོད་དོ། ༈ །རྟགས་ནི། སྟོབས་ཀྱིས་རྟོགས་པའི་ཀླུང་ལྡན་པ་དང་། །ཞེས་སོགས། ཚིགས་བཅུ་གཉིས་གསུངས་ཏེ། མདོར་བསྡུས་ན་དགུའོ། ༈ །ཚད་ལ་གཉིས། ཐོས་བསམ་གྱི་ལྟ་བ་མཐར་ཕྱིན་པའི་ཚད་དང་། ལྟ་བའི་ངོ་བོ་གཅིག་ཀྱང་བོགས་སུ་འགྲོ་བ་བསྟན་པའོ། །དང་པོ་ནི། རྒྱ་མཚོ་དྭངས་བའི་གཟུགས་བརྙན་ལྟར། །ཞེས་སོགས་ཚིགས་དྲུག་གིས་བསྟན། གཉིས་པ་ནི། འོན་ཀྱང་ས་དང་ས་ཡི་རིམ། །ཞེས་པ། དཔེར་ན་མིག་གི་རྣམ་པར་ཤེས་པའི་སྤྱོད་ཡུལ་ལ། རྫས་ཀྱི་རྣམ་པ་གསལ་བ་དེ། ཐག་རིང་ན། རང་མཚན་ཅི་ལྟ་བ་བཞིན་མི་གསལ། ཉེ་ན་ཇེ་གསལ་དུ་འགྲོ་བ་དེ། རྫས་ཀྱི་ངོ་བོ་མི་འགྱུར་ལ་བལྟ་མཁན་གྱི་ངོ་ལ་ཇེ་གསལ་དུ་འགྲོ་བ་བཞིན་དུ། ལྟ་བའི་ངོ་བོ་ལ་འགྱུར་བ་མེད་ཀྱང་། ལྟ་བ་སྟོབས་འཕེལ་བའི་རིམས་པ་ཡོད་པས། བྱེ་བྲག་གོང་ནས་གོང་དུ་བོགས་དབྱུང་དུ་ཡོད་པར་བསྟན་པའོ། ༈ །ལྟ་བ་མ་རྟོགས་པའི་སྐྱོན་ནི། བློ་ངན་གྱིས་མ་རྟོགས་ཏེ། ལེ་ལོ་བྱས་པའི་སྐྱོན་དང་། དོན་མ་རྟོགས་པར་ཚིགས་གི་མཉམ་པ་སངས་མི་རྒྱས་པར་བསྟན་པ་དང་། ལྟ་བ་མེད་ན་ལམ་ཀུན་ཟག་ཅིང་འཆིང་བས་སྐྱོན་བསྟན་པའོ། །དེ་ལྟར་སྤྱི་དོན་བཅུ་བཞིར་གནས་པ་དེ། བསྡུ་ན་རྣམ་པ་གསུམ་དུ་བསྡུས་ཏེ། ལྟ་བ་རྒྱུད་ལ་གནས་པར་བྱེད་པའི་རྒྱུ། ལྟ་བ་རང་གི་ངོ་བོ་དང་། དགོས་ཆེད་དང་གསུམ་མོ། །དེ་ལ་ལྟ་བའི་རྒྱུ་ལ། དུས། སྣོད། རྒྱུ་དངོས། རྐྱེན། ཐབས། སྤྱོད་པ་དང་དྲུག་པོ་དེ། ལྟ་བ་རྒྱུད་ལ་གནས་པར་བྱེད་པའི་རྒྱུར་སྡུད་དོ། ༈ །རྣམ་གྲངས་ངོ་བོ་དངོས། ཚད་དང་གསུམ་པོ་དེ། ལྟ་བའི་ངོ་བོར་སྡུད་དོ། ༈ །དགོས་པ་བསྟན་པ། ཡོན་ཏན། དྲོད། རྟགས། མ་རྟོགས་པའི་སྐྱོན་དང་། ལྔ་པོ་དེ་ལྟ་བའི་དགོས་ཆེད་དུ་སྡུད་དོ། །དེ་ལ་དོན་གསུམ་གྱི། དང་པོ་རྒྱུ་ལ་དྲུག་དུ་བསྟན་ཀྱང་། གཉིས་སུ་འདུས་ཏེ། དེ་ཡ ང་ལྟ་བ་མ་སྐྱེས་པ་སྐྱེས་པར་བྱེད་པའི་རྒྱུ་དང་། སྐྱེས་པ་བརྟན་པར་བྱེད་པའི་རྒྱུ་གཉིས་སོ། །དེ་ལ་དུས་ཀྱང་ལྟ་བ་མ་སྐྱེས་པ་སྐྱེས་པར་བྱེད་པའི་རྒྱུ་རུ་འགྲོ་སྟེ། དེ་ཡང་། དུས་རེ་ཞིག་སྨོན་པའི་སེམས་ཀྱིས། ཉན་པ་ལ་བརྩོན་འགྲུས་ཀྱི་སྦྱོར་བ་དེ་ཡོད་པས། ལྟ་བ་མ་སྐྱེས་པ་སྐྱེས་པར་བྱེད་པའི་རྒྱུ་རུ་འགྲོའོ། །སྣོད་ཀྱང་རང་བཞིན་གྱི་རྒྱུས་སྣོད་དུ་རུང་ངམ། སྦྱང་པས་སྣོད་དུ་རུང་ཡང་བློའི་མཚན་ཉིད་བདུན་དང་ལྡན་པས། ལྟ་བ་གོ་ནུས་རྟོགས་ནུས་སུ་བྱུང་བས། ལྟ་བ་མ་སྐྱེས་པ་སྐྱེས་པའི་རྒྱུ་རུ་འགྲོའོ། །སྣོད་ཀྱི་ཡོན་ཏན་དང་ལྡན་པ་དེ། སྐྱེས་པ་བརྟན་པར་བྱེད་པའི་རྒྱུ་རུ་འགྲོའོ། །རྒྱུ། རྐྱེན། སྤྱོད་པ་གསུམ་ནི་གོ་སླའོ། །དེ་ཡང་། ངོ་བོ་ལ་གསུམ་ཡོད་ཀྱང་གཅིག་ཏུ་འདུས་ཏེ། ངོ་བོ་ལ་དབྱེ་བ་བྱས་པས་རྣམ་གྲངས་བྱུང་། རྣམ་གྲངས་བཤད་པས་ངོ་བོ་བྱུང་། ཚད་ཀྱང་ངོ་བོར་འདུས་ཏེ། ལྟ་བའི་ངོ་བོ་མཐར་ཕྱིན་པ་ལ་ཚད་ཞེས་བྱའོ། །དགོས་ཆེད་ལ་ལྔ་ཡོད་ཀྱང་གཉིས་སུ་འདུས་ཏེ། གཞན་སེལ་དང་། དོན་གཉེར་རོ། །ཡོན་ཏན་དང་། རྟགས་དང་། དྲོད་གསུམ་པོ་དེ་དོན་གཉེར་གྱི་དགོས་ཆེད། མ་རྟོགས་པའི་སྐྱོན་བསྟན་པ་དེ་གཞན་སེལ་གྱི་དགོས་ཆེད་དོ། ༈ །རྒྱས་པ་ལ་དོན་བཅུ་བཞི་སྟེ། བགྲང་། རྟོགས་པའི་དགོས་ཆེད་ལ་གཉིས། བགྲང་། གཞན་སེལ་ལྟ་བ་མེད་ན་ལམ་མི་རྙེད་པས། ལྟ་བ་དགོས་པར་བསྟན་པ་དང་། དྲངས། ཆོས་ཉིད་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བ་བསམ་གྱིས་མི་ཁྱབ་པའི་དོན་མ་རྟོགས་ཤིང་མ་མཐོང་བས། ཕྱོགས་འཛིན་གྱི་སྒོམ་པ་བསམ་དུ་མེད་པའི་ཏིང་ངེ་འཛིན་དཀྱིལ་འཁོར་དུ་འཇུག་པར་བྱེད་པ་དེ། ཆོས་ཉིད་དོན་མི་ཤེས་པས་བླུན་པོ། ཡང་དག་པའི་གནས་ལུགས་ལ་བསྒྲིབ་པས་མུན་པ་དོན་གྱི་ཐེ་ཚོམ་མ་ཆོད་པས་མ་ངེས་པའི་སྤྲུལ་པའི་བློ་ཅན་དེ་ལ་ཤེས་རབ་ཀྱི་མིག་མེད་པས། ལོང་བའི་གྲོང་ཆེར་ཆེན་པོར་འགྲོ་སྟེ། འཁོར་བའི་གནས་སུ་འཁྱམས་པའོ། ༈ །དོན་གཉེར་དེས་ན་ཐོས་བསམ་གྱིས་ལྟ་བ་རྟོགས་དགོས་པར་བསྟན་པའོ། །དྲང་། ལྟ་བ་མ་རྟོགས་ན་སྒོམ་ཀྱང་ལམ་མི་རྙེད་ཅིང་། འཁོར་བའི་གནས་སུ་འཁྱམས་པས། དེ་བས་ན། མ་རིག་པ་ལིང་ཏོག་དང་འདྲ་བས་ཤེས་རབ་ཀྱི་མིང་ལྡོང་བ་སྟེ་ལོང་བས་དེ་ལ་རྡོ་རྗེ་སློབ་དཔོན་ཐུར་མ་མཁན་དང་འདྲ་བ་དེ་ཟང་ཟིང་སྲི་ཞུས་མཉེས་པར་བྱས་ཏེ། དབང་ཐོབ་པ་ལ་སོགས་པ་སྔོན་དུ་བྱས་ནས་གཟོད་མ་ཧཱའི་གཞུང་ཐོས་ཏེ་ཤེས་རབ་ཀྱི་སྤྱན་དབྱེ་སྟེ་ཤེས་བྱ་རང་བཞིན་གྱི་དཀྱིལ་འཁོར་ལྟ་བས་དོན་མཐོང་བར་བྱ་དགོས་པའོ། །དེས་ན་ལམ་གྱི་ཐོག་མར་ལྟ་བ་རྟོགས་པར་བྱ་དགོས་པའི་ཕྱིར། དོན་གཉེར་བའི་དགོས་ཆེད་ཅེས་བྱའོ། །གཉིས་པ་སྣོད་དུ་གསུམ་པ་དུས་ཐུན་མོང་དུ་བསྟན་པ་ལ་གསུམ། མདོར་བསྟན་དང་། རྒྱས་བཤད་དང་། མཇུག་གོ། །དང་པོ་མདོར་བསྟན་ནི། དེ་ལྟར་རྟོགས་ཤིང་མཐོང་བར་བྱེད་པ་དེ་ཡང་། རང་བཞིན་གྱི་སྣོད་དུ་གྱུར་པ་ལ་ཉེ་ཞེས་བྱའོ། །སྦྱངས་པའི་སྣོད་དུ་གྱུར་པ་ལ་རིང་ཞེས་བྱའོ། །འདི་གཉིས་ཀྱི་གོ་དོན་ནི། སྔར་ཐེག་པ་ཆེན་པོ་ལ་མ་སྦྱང་པར། ཐེག་པ་ཆེན་པོའི་ཆོས་གོ་ནུས་རྟོགས་ནུས་སུ་འདུག་པ་གཅིག་རང་བཞིན་གྱིས་སྣོད་དུ་གྱུར་པ་ཡིན་ལ། སྔར་ཐེག་པ་ཐུན་མོང་ལ་སྦྱངས་ནས་འདི་ཉིད་ཀྱི་སྣོད་དུ་གྱུར་པ། སྦྱངས་པའི་སྣོད་དུ་གྱུར་པ་ཡིན་ནོ། །གཏན་གྱི་གང་ཟག་ལ་དེ་གཉིས་ཡོད་པའི་ཕྱིར་རོ། །དེ་གཉིས་ལ་ཡང་རིམ་གྱིས་པའི་རིམ་གྱིས་པ་དང་། རིམ་གྱིས་པའི་གཅིག་ཆར་བ་དང་། གཅིག་པའི་གཅིག་ཆར་བ་དང་། གཅིག་ཆར་བའི་རིམས་པ་དང་བཞི་ཆ་ཡིས་ཕྱེ་བས་རྣལ་འབྱོར་ཆེན་པོར་འཇུག་ཅིང་རྟོགས་པར་བྱེད་དོ། །འདི་རྣམས་ཀྱི་དོན་ནི། སྔར་ཕལ་པའི་སེམས་བརྒྱད་ནས་བཟུངས་ཏེ་ཡོ་ག་མན་ཆད་ཀྱི་ཐེག་པ་ལ་སྦྱངས་པས་སྔོན་དུ་སོང་ནས། དེ་ནས་མ་ཧཱ་ཡོ་ག་ལ་འཇུག་ནུས་པ་ནི། རིམ་གྱིས་པའི་རིམ་གྱིས་པའོ། །རིམ་གྱིས་པའི་གཅིག་ཆར་བ་ནི། དེས་འབྱུང་གི་ཐེག་པ་བཞི་ལ་སྦྱངས་ནས། སྔགས་ཕྱི་རྒྱུད་སྡེ་གསུམ་དོར་ནས་མ་ཧཱ་ཡོ་ག་ལ་འཇུག་ནུས་པའོ། ༈ །གཅིག་ཆར་བའི་རིམ་གྱིས་པ་ནི། སྔར་ཐེག་ཆེན་གང་རུང་གཅིག་ལ་སྦྱངས་ནས། མ་ཧཱ་ཡོ་ག་ལ་འཇུག་ནུས་པའོ། །གཅིག་ཆར་བའི་གཅིག་ཆར་བ་ནི། སྔར་ཐེག་པ་གང་ལ་ཡང་མ་སྦྱངས་པར་མ་ཧཱ་ཡོ་གར་འཇུག་ནུས་པའོ། ༈ །རྒྱས་པ་ལ་གཉིས། དུས་རིང་བ་སྦྱངས་པའི་སྣོད་དུ་གྱུར་པ་དང་། དུས་ཉེ་བ་རང་བཞིན་གྱིས་སྣོད་དུ་གྱུར་པའོ། །དང་པོ་ལ་གཉིས། བགྲང་། མདོར་བསྟན་དང་། དྲང་། དུས་རིང་བ་ལ་བསྐལ་པ་སྤྲུལ་སྐུའི་ཞིང་གི་ཁམས་རྡུལ་སྙེད་ཙམ་དུ། ངེས་འབྱུང་གི་ཐེག་པ་ལ་སོགས་པ་ལ་ཤིན་ཏུ་སྦྱངས་པ་ལ་རབ་ཏུ་གནས་ཤིང་ཤེས་རབ་ཀྱི་མིག་དང་ལྡན་པ་གཅིག །མ་ཧཱ་འདིར་འཇུག་ཅིང་རྟོགས་པར་བྱ་བའི་ཕྱིར། དུས་རིང་བའང་རིམ་གྱིས་དང་། གཅིག་ཆར་བ། དེ་ཡང་ཤིན་ཏུ་སྦྱངས་པ་འདི་ལ། སྒྲ་བཤད་པ་རྣམས་ཀྱི། སྣ་མང་བ་དང་། ཡུན་རིང་བ་དང་། བར་མ་ཆད་པ་དང་། དར་དྲག་པ་དང་བཞིའི་སྒོ་ནས་འཆད་དགོས་ཏེ། སྣ་མང་བ་ནི། ཐེག་པ་སྣ་ཚོགས་ལ་སྦྱོང་པའོ། །ཡུན་རིང་བ་ནི་ཞིང་གི་རྡུལ་སྙེད་དོ། །དེ་ཡང་། རེས་སྦྱངས་རེས་མ་སྦྱངས་པ་མ་ཡིན་ཏེ། བར་མ་ཆད་པར་སྦྱངས་པའོ། །དེ་ཡང་ལེ་ལོ་སྙོམས་ལས་ཀྱི་དབང་གིས་མ་ཡིན་ཏེ། བརྩོན་འགྲུས་ཡུན་རིང་ལ་དར་དྲག་པར་སྦྱངས་པས། ཤིན་ཏུ་སྦྱངས་ཀྱི་སྒྲ་འདུག་གོ། །རྒྱས་བཤད་ལ་གཉིས། ལུང་གིས་ཡིད་ཆེས་པའི་མདོར་བསྟན་དང་། དེའི་དོན་མན་ངག་གི་ངོ་སྤྲོད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། བགྲང་། སྦྱངས་པའི་རིམ་གྱིས་པའི་ལུང་དང་། དྲང་། སྔ་མ་རིམ་གྱིས་པ་དེའང་ཏན་ཏྲ་གསང་སྙིང་གི་གཞུང་ཉིད་ལས། ས་རྣམས་ཀྱི་ཁྱད་པར་དང་རིམ་པ་བཀོད་པ་དེ་ཡང་། གསང་བའི་སྙིང་པོར་འགྲོ་བའི་ལམ་སྟེགས་ཡིན་ནོ། །སྦྱངས་པའི་གཅིག་ཆར་བའི་ལུང་ངོ་། །དྲང་། ལྷ་མི། ཉན་ཐོས། རང་རྒྱལ། བྱང་ཆུབ་སེམས་དཔའི་ཐེག་པ་བཞིའི་ཚུལ་ཇི་ལྟར་དུ་ན། ལྷ་མིའི་ཐེག་པས་ངན་སོང་ལས། ཉན་རང་འཁོར་བ་ལས་བྱང་སེམས་མཐའ་གཉིས་ལས་ངེས་པར་འབྱུང་ལ། སྔགས་ཕྱི་རྒྱུད་སྡེ་གསུམ་བོར་ཏེ་མ་ཧཱའི་ཐེག་པ་གཅིག་གི་འབྲས་བུ་གནས་དེ་ཡང་ངེས་འབྱུང་གི་ཐེག་པ་བཞི་ལ། ལམ་སྟེགས་སྔོན་དུ་རྫོགས་པར་བྱས་ནས། དེ་ནས་མ་ཧཱ་རང་ལ་སྦྱར་རོ། །དེ་དག་གིས་དོན་མན་ངག་གིས་ངོ་སྤྲོད་རྒྱས་པ་ལ་གཉིས། རིམ་གྱིས་པའི་རིམ་གྱིས་པ་དང་། གཅིག་ཆར་བའི་གཅིག་ཆར་བའོ། །དང་པོ་ལ་བཞི། བགྲང་། སེམས་སྐྱེ་བའི་གཞིའི་སྐྱེས་པ་བསྟན་པ་དང་། དྲང་། ལུང་ནས་བཤད་པ་དེའི་ཕྱིར་རིགས་མ་ངེས་ཏེ། སོ་སོ་སྐྱེ་བོའི་ས་ནས། འཁོར་བ་སྤྱི་བཙན་ལ་མཐའ་མེད་གཏན་དུ་འཁྱམ་དགོས་པ་ལ། འདིར་རིགས་སད་ཅིང་འཁོར་བ་མཐའ་ཡོད་ཡིན་པས་ན། རིགས་མཆོག་ཞེས་བྱ། དེ་ནས་སོ་སོ་སྐྱེ་བོ་མུན་པའི་ཤེས་པ་དང་ལྡན་པ་དེ་ཉིད་ནས། ༈ །སེམས་སྐྱེ་བ་སྤྱིའི་རྒྱུ་མཚན་དང་། དྲང་། བདེ་གཤེགས་སྙིང་པོ་རང་བཞིན་གྱི་གནས་པའི་རྒྱུ་དེ་ཡིས། འཁོར་བ་ལ་སྐྱོ་བ་བག་ཙམ་སྐྱེས་ཏེ། དེ་ཡང་རང་བཞིན་གནས་པའི་རིགས་མེད་ན། འཁོར་བ་ལ་སྐྱོ་བ་སྐྱེས་པ་དང་། མྱ་ངན་ལས་འདས་པ་ལ་བྲོད་པ་བསྐྱེད་པ་མི་འོང་ངོ་། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེ་ཞིང་ཚུལ་ཁྲིམས་སྣ་རེ་སྲུངས་བ་ནི་སྨྱུང་བར་གནས་པ་སྟེ་རྒྱུའི་རྐྱེན་ཡིན་ནོ། །དེ་ཡང་འཇིག་རྟེན་ཕལ་པའི་སེམས་བརྒྱད་སྐྱེས་ཏེ་མཐར་གནས་པ་དེའི་ཚེ་དེའི་དུས་ན། གོང་མ་ངེས་འབྱུང་གི་ཐེག་པ་ལ་འཇུག་པའོ། །དེ་ཡང་ཕལ་པའི་སེམས་བརྒྱད་ནི་དད་པའི་སེམས་ལ་གཅིག །སྦྱིན་པའི་སེམས་ལ་དྲུག །ཚུལ་ཁྲིམས་ཀྱིས་སེམས་ལ་གཅིག་དང་བརྒྱད་དོ། །འདི་རྣམས་ཀྱི་དོན་རྒྱས་པར་དམར་མཆན་བཞིན་ནོ། །བདེར་གཤེགས་སྙིང་པོར་རང་བཞིན་གྱིས་གནས་པས་མཚུངས་པ་དང་ལྡན་པའི་རྒྱུ་ཡིན་ནོ། །དེ་ཡང་ལྷན་སྐྱེས་མ་རིག་དང་། ལྷན་སྐྱེས་ཡེ་ཤེས་གཉིས་དུས་མཚུངས་པ་དང་། ལྟོས་པ་མཚུངས་པའི་ཕྱིར། མཚུངས་རྒྱུ། ཞེས་ཁ་གཅིག་གིས་ཟེར། ཁོ་བོས་ནི། མཚུངས་རྒྱུ་འདི་ལྟར་དུ་རྟོགས་སོ། །མཚུངས་ཟེར་བ་དང་། འདྲ་ཟེར་བ་སྒྲ་གཅིག་སྟེ། སྙིང་པོ་རང་བཞིན་གྱི་གནས་ལུགས་འདི། འབྲས་བུ་སངས་རྒྱས་ཀྱི་དགོངས་པ་ལ་འདྲ་བའི་མཚུངས་པ་ཡིན་པས། དེའི་མཚུངས་རྒྱུ་ཞེས་བྱའོ། །དེའི་སྟེང་ན་བླ་མ་དགེ་བའི་བཤེས་གཉེར་འགྲོ་བའི་མགོན་པོ་ལ་ལམ་གོང་འོག་གི་སྐྱོན་ཡོན་གྱི་ལུང་གཉིས་ཐོས་པའོ། །ལུང་གཉིས་གང་ཞེ་ན། ལམ་གོང་མའི་ཡོན་ཏན་མཐོང་བ་དང་། སྐྱོན་ཡོན་དེ་ཡིས་འོག་མའི་སྐྱོན་གྱི་ལུང་ཐོས་ན་སྐྱོ་ཞིང་རྨོངས་པ་དང་། གོང་མའི་ཡོན་ཏན་གྱི་ལུང་ཐོས་ན་བྲོད་ཅིང་དྭངས་པ་ནི། མཚུངས་རྒྱུ་གོང་དུ་སོང་ནས། གཉིས་པ་ལྷན་གཅིག་བྱེད་པའི་རྒྱུ་རུ་གསུང་པ་ཡིན། ལྷན་གཅིག་བྱེད་པའི་རྒྱུ་འདིའི་སྐབས་ན། ལྷ་མིའི་ཐེག་པ་ནས་བཟུང་སྟེ། གསང་སྔགས་མན་ཆད་སྐྱོན་ཡོན་གྱི་བྱེ་བྲག་རྒྱས་པར་ཤེས་དགོས་སོ། །བཤེས་གཉེན་མགོན་པོ་དེ་བདག་པོའི་རྐྱེན་གསང་སྔགས་ཀྱི་ཐེག་པ་ལ་སོགས་པ་ལྷ་མིའི་ཐེག་པ་ཡན་ཆད་དམིགས་པའི་རྐྱེན་ཡིན་ཏེ། རྟོགས་ལྡན་པས། རང་བཞིན་རྒྱུའི་སྨྱུང་བར་གནས་པ། རྒྱུའི་རྐྱེན་དུ་བཞེད་ལ། འདིར་གཞུང་རང་ལ་བརྟག་ན། གོང་གིས་རྒྱུ་དེ། ལྷ་མི་ཐེག་པ་ལ་འཇུག་པའི་རྒྱུ་སོ་སོ་སྐྱེ་བོ་མུན་པའི་ཤེས་པ་ཅན་དེ་ལ། ཕལ་པའི་སེམས་བརྒྱད་སྐྱེ་ལུགས་འབྱུང་། མཐར་གནས་ཚེ། བྱས་པས། ཕལ་པའི་སེམས་བརྒྱད་མཐར་ཕྱིན་ནས། ངེས་འབྱུང་གི་ཐེག་པ་བཞི་ལ། རྒྱུ་རྐྱེན་དྲུག་གི་སྒོ་ནས་འཇུག་དགོས་པ་ནི། སྙིང་པོ་རང་བཞིན་མཚུངས་པ་ནས་བཟུང་སྟེ། སྐད་གཅིག་འཕེལ་བ་དེ་མ་ཐག་གི་བར་ལ། རྒྱུ་རྐྱེན་དྲུག་ངོས་བཟུང་དགོས་པར་རྟོགས། ཕལ་པའི་སེམས་བརྒྱད་སྨྱུངས་བར་གནས་པ་དེ། ལྷ་མིའི་ཐེག་པའི་རྒྱུ་རྐྱེན་དུ་འགྲོ་ཡང་། ཐེག་པ་གསུམ་པོ་ལ་སྦྱར་དུ་མ་བཏུབ་པས་སོ། །འོ་ན་རྒྱུའི་རྐྱེན་གང་ཞེ་ན། གང་དུ་བཤད་པའི་སྐྱོན་དང་། ཡོན་ཏན་མཐོང་བའི་གང་ཟག་སློབ་བུ་དེ་གོང་མ་གོང་མའི་དོན་གྱི་སྣོད་དུ་གྱུར་པས་རྒྱུའི་རྐྱེན་ཡིན་པར་རྟོགས་སོ། །སྐད་ཅིག་སྔ་མས་གོ་ཕྱེ་ནས་ཕྱི་མར་འཕེལ་བ་ནི་དེ་མ་ཐག་པའི་རྐྱེན་དང་བཞིའོ། །རྒྱུ་རྐྱེན་འཛོམ་ནས་ལམ་སྟེགས་ཀྱི་ཐེག་པ་ལ་རིམ་གྱིས་སྐྱེས་ཚུལ་དང་། དྲང་། དེ་ལྟར་རྒྱུ་གཉིས་དང་རྐྱེན་བཞི་དང་། དྲུག་ལས་དཔེར་ན་རྩ་ལ་མེ་ཆུང་ངུ་ལ་ཆེན་པོར་མཆེད་པ་བཞིན་དུ་སེམས་ཆེར་འཕེལ་ཞིང་གཡོ་ཤིང་སྐྱེས་ཏེ། ངེས་འབྱུང་གི་ཐེག་པ་བཞི་ཡོད་པའི་ཐོག་མར་ལྷ་མིའི་ཐེག་པ་ལ་སེམས་སྐྱེ་བས་དང་པོར་ཞོག་ཞེས་བྱའོ། །དེ་ནས་ཉན་རང་བྱང་སེམས་ལ་སོགས་པ་ནས་རིམ་གྱིས་བགྲོད་པར་བྱས་ཏེ། རྒྱུའི་ཐེག་པ་སྔ་མ་ནས་རྒྱུ་རྐྱེན་གྱི་ཐེག་པ་གོང་མར་འཕར་བ་ཡིན་ཏེ། ཡོ་ག་ནས་མ་ཧཱ་ལ་སེམས་སྐྱེ་ཞིང་འཇུག་ཚུལ་བསྟན་པའོ། །དྲང་། རྣལ་འབྱོར་ཡོ་གའི་རྒྱུད་ཀྱི་དོན་ལ་གནས་པ་ལ་མ་ཧཱ་ཡོ་ག་འདི་ཉིད་ཀྱི་སྟོན་པ་བཤེས་གཉེན་འགྲོ་བའི་མགོན་པོ་ལ་ལུང་གཉིས་ཐོས་པས། དེ་ནི་གོང་དུ་བསྟན་པ་ཅི་ལྟ་བ་བཞིན་དུ་རྒྱུ་གཉིས་དང་རྐྱེན་བཞིས་ཐེག་པ་མཆོག་གི་དོན་མ་ཧཱ་ལ་གཡོ་བའི་སེམས་འབྱུང་བར་འགྱུར་ཏེ། གཡོ་བ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །གཡོ་བའི་སེམས་ཀྱིས་གཞི་དེ་གོ་ཕྱེས་ནས། གསང་སྔགས་མ་ཧཱ་ཡོ་གའི་དོན་ཅི་ནས་ཀྱང་ཁུང་དུ་ཆུད་ན་ཅི་མ་རུང་སྙམས་པའི་སྨོན་པ་བྱེད་པ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས། ལས་དང་བྱ་བས་ལྷག་པས་ན་ལྷག་པ་མཚོན་ཅིང་འདྲ་བས་ན། གཟུགས་ཅན་གྱིས་དཀྱིལ་འཁོར་དུ་རྡོ་རྗེ་ལས་རིམ་ནས་འབྱུང་བ་བཞིན་འཇུག་པ་སྟེ། འཇུག་པ་བྱང་ཆུབ་ཀྱི་སེམས། འཇུག་པ་ལ་ཐོག་མར་བླ་མེད་མཆོག་གི་ཐེག་པ་མ་ཧཱ་ཡོ་གའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཀྱང་སྐབས་དེ་རུ་བྱིན་ནས་རིགས་ངེས་པར་འགྱུར་བ་ལ་ཕན་པའི་དབང་བཅུ་དང་། ནུས་པའི་དབང་ལ། བདག་དོན་བྱེད་ནུས་པ་དང་། ཉན་པ་དང་། སྒོམ་པའི་དབང་། གཉིས་ཀྱིས་བྱིན་རླབས་ཙམ་སློབ་བུའི་རྒྱུད་ལ་བཞག་པར་བྱའོ། །དེ་ནས་ཤེས་རབ་ཀྱིས་རང་གི་སྤྱན་མཆོག་འབྱེད་པའི་ཐབས་ཐོས་བསམ་ལ་བརྩོན་པའི་རྒྱུ་ཡིས་རང་བཞིན་གྱི་དཀྱིལ་འཁོར་མཐོང་བར་བྱ་བའི་ཕྱིར། ཐོས་བསམ་དང་པོ་ལེན་པར་བྱེད་པ་ནི་གནས་པ་བྱང་ཆུབ་ཀྱི་སེམས་སོ། ༈ །རིམ་གྱིས་པའི་གཅིག་ཆར་བའོ། །དྲང་། རིམ་གྱིས་པའི་རིམ་གྱིས་པ་ལ་གཞན་པའི་གང་ཟག་ཁ་གཅིག་སྔར་ཕན་ཆད་ཐུན་མོང་གི་ཐེག་པ་ལ་སྦྱངས་ནས། ཀྲི་ཡོག་སྡེ་གསུམ་བོར་ཏེ་དུས་ཀྱི་མཐའི་ཚེ་གསང་སྔགས་མ་ཧཱ་ཡོ་ག་ལ་སྦྱོར་བས་རིམ་གྱིས་པའི་གཅིག་ཆར་བས་འདི་ནི་དུས་མཐའི་གཅིག་ཆར་ཟེར་རོ། །གཞན་ཡང་གཅིག་ཆར་གྱི་དབྱེ་བ་དྲུག་ཡོད་པ་རྣམས། རྒྱས་པར་སྤྲོ་ན་དམར་མཆན་ལྟར་རོ། །དུས་མཐའི་གཅིག་ཆར་བ། ཅི་ལྟ་བུ་ཡིན་ཞེ་ན། ཚེ་ད་སྔ་ཕན་ཆད་བསྐལ་པའི་གྲངས་ཞིང་གི་རྡུལ་སྙེད་ཙམ་དུ་ལམ་སྟེགས་ཀྱི་ཐེག་པ་སྦྱངས་པ་སྔོན་དུ་སོང་བས་ཐུན་མོང་གི་ཐེག་པ་ལ་ཡུན་གོང་དུ་བཤད་པ། དེ་སྦྱངས་དེ་སྙེད་སྦྱངས་པའི་མཐའ་རུ་ཐུན་མོང་མ་ཡིན་པའི་ཐེག་པ་ལ་ཕྱི་ནང་གཉིས་ཡོད་པ་ལ་ཕྱི་རྒྱུད་སྡེ་གསུམ་དོར་ནས། གསང་སྔགས་མ་ཧཱ་ཡོ་ག་སྒྱུ་འཕྲུལ་དྲྭ་བའི་དོན་ལ་ཞུགས་པ་དེ་ཡང་། བསྐལ་པ་ཞིང་གི་རྡུལ་སྙེད་དུ། སྔར་སྦྱངས་ནས་འདི་ཚེ་མ་ཧཱ་ལ་འཇུག་པའང་ངེས་འབྱུང་གི་ཐེག་པ་བཞི་ལ་སྦྱངས་བས། རིམ་གྱིས་སྔར་སྦྱངས་ལ་ཚེ་འདི་ཉིད་ལ་མ་ཧཱ་ཡོ་ག་ལ་འཇུག་ནུས་པ་ནི་གཅིག་ཆར་དྲོད་ཅེས་བྱ་སྟེ། རིམས་གྱིས་པའི་གཅིག་ཆར་བ་ཡིན་ནོ། །དུས་ཉེ་བའི་རང་བཞིན་གྱིས་སྣོད་དུ་གྱུར་པ་ལ་གཉིས། དབང་པོ་རྣོན་པོའི་རྒྱུ་མཚན་གྱིས་མཚན་ཉིད་བདུན་ལྡན་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་བློའི་མཚན་ཉིད་བདུན་ལྡན་ནི། སྦྱངས་པ་ལས་གཞན་པའི་ལས་རང་བཞིན་གྱི་དབང་པོ་རྣོན་པོ་དག་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གཉིས་རྐྱེན་དང་གང་འཕྲད་གཅིག་ལ་འཇུག་པ་ཡིན་ཏེ། སྔར་ཐེག་པ་ཆེ་ཆུང་གང་ལ་ཡང་མ་སྦྱངས་པར་ཐེག་པ་ཆེན་པོ་ལ་འཇུག་ནུས་པ་ཡིན་ཏེ། དེའི་རྒྱུ་མཚན་གྲུབ་པ་གསུམ་ཕྱིར་གྱི་རྣོན་པོ་བསྒྲུབ་དགོས་ཏེ། གྲུབ་པ་གསུམ་ལ་རྟོགས་ལྡན་པའི་བཞེད་ལ། རང་བཞིན་ངོ་བོ་ཉིད་ཀྱིས་གྲུབ་པ་ནི། བདེ་གཤེགས་སྙིང་པོ་ཡེ་ནས་སངས་རྒྱས་པའི་ངོ་བོ་ལ་བྱ། མཐུའི་གྲུབ་པ་ནི། ཐེག་པ་ཆེན་པོའི་རིགས་ཅན་བློའི་མཚན་ཉིད། བདུན་ལྡན་གཅིག་ལ་བཞེད། བྱིན་གྱིས་རླབས་གྱིས་གྲུབ་པ་ནི། དེ་དང་ཚུལ་མཐུན་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱི་རླབས་པའི་ནུས་མཐུ་ལ་བཞེད་དོ། །འདི་ལ་གཤིས་ཆོས་ཉིད་ཡིན་པའི་དོན་གྱིས། བློའི་མཚན་ཉིད་བདུན་ལྡན་འབྱུང་རུང་། བློའི་མཚན་ཉིད་བདུན་ལྡན་ངེས་ཤེས་བྱའི་གཏིང་མཐའ་ཆོད་ནུས་པའོ། ༈ །གྲུབ་པ་གསུམ་ལ། འགའ་ཞིག་གིས། འདི་ལྟར་དུ་འདོད་པ་ཡང་འདུག །ཆོས་ཉིད་རང་བཞིན་གྱིས་གྲུབ་པ་དང་། ཆོས་ཅན་རང་གིས་ངོ་བོས་གྲུབ་པ་དང་། ཆོས་ཙམ་རང་གིས་སམ་མཚན་ཉིད་ཀྱིས་གྲུབ་པའོ། །དང་པོ་ནི། ཆོས་དབྱིངས་སྤྲོས་པ་དང་བྲལ་བ། སེམས་ཀྱི་ཆོས་ཉིད་རྩལ་ཅིར་ཡང་སྣ་ཚོགས་འགགས་མེད་རང་བཞིན་གྱིས་འཆར་བའི་ཕྱིར། རྣོ་རྟུལ་ལ་སོགས་པ་ཡང་རང་བཞིན་གྱིས་འཆར་བས། ངོ་བོ་ཉིད་ཀྱིས་རྒྱུར་གྲུབ་པའོ། །གཉིས་པ་ནི། ཀུན་རྫོབ་རིག་པའི་ཡེ་ཤེས་ཉིད། ཅིར་ཡང་མ་གྷག་ཆར་བའི་ཕྱིར། གང་ཟག་སྦྱངས་པ་མཉམ་པོ་ལ་ཡང་། འགའ་ཞིག་སྔགས་ཀྱི་གཏམ་གཅིག་ཆར་དུ་ཐོས་པ་ལ་མི་སྐྲག ། མི་སྔངས། ཐོགས་པ་མེད་པར་གོ་བ་འདུག་པས་ན། བློ་རང་གིས་ངོ་བོས་གྲུབ་བོ། །གསུམ་པ་ནི། ཕྱི་རོལ་གྱི་ཆོས་ཅན་གང་ལ་ཡང་། འབྲུའི་ས་བོན་འདྲ་ཡང་། སྐྱེ་ཤུགས་ཆེ་ཆུང་དང་། ལྕགས་ལ་རྣོ་རྟུལ་གྱི་ངར་ཆེ་ཆུང་ལ་སོགས་པ་ཡོད་པ་བཞིན་དུ། ནང་རིག་པ་ལ་རྣོ་རྟུལ་ཡོད་པར་མངོན་ནོ། །དེ་ལ་བློའི་མཚན་ཉིད་བདུན་ལྡན་གྱི་བློ་འཕང་མཐོ་བ་ནམ་མཁའ་ལྟ་བུ་དང་། མི་འགྱུར་བ་བརྟན་པའི་རོ་བོ་ལྟ་བུ་དང་། ཤེས་བྱ་ཀུན་ལ་མྱུར་བ་གློག་ལྟ་བུ་དང་། ཤེས་བྱ་གཏིང་མཐའ་ཆོད་ནུས་པས་རྣོ་བ་རལ་གྲི་ལྟ་བུ་དང་། ཐམས་ཅད་ཤེས་པ་རྒྱ་ཆེ་བ་ས་གཞི་ལྟ་བུ་དང་། དགགས་བསྒྲུབ། བྲལ་བར་གོ་བས་ཡངས་པ་བར་སྣང་ལྟ་བུ་དང་། མིང་འདོགས་ཐམས་ཅད་དང་བྲལ་བར་གོ་བས་རྒྱ་མཚོ་ལྟ་བུ་དང་བདུན་ཡོད་ཅིང་། དེ་ལྟ་བུའི་རྒྱུ་བློ་དང་ལྡན་པའི་གང་ཟག་དེ་ཉིད་ཀྱང་གཞན་རྐྱེན་ཐེག་ཆེན་སྟོན་པའི་དགེ་བའི་བཤེས་གཉེན་དང་སྣོད་དེ་རིམས་པས། ཕྱེ་བས་རྒྱུའི་ཐེག་པ་ཆེན་པོ་དང་། འབྲས་བུའི་ཐེག་པ་ཆེན་པོ་རྣམས་ལ་མ་ངེས་པར་འཇུག་པའི་གཅིག་ཆར་བའི་རིམ་གྱིས་པ་དང་། གཅིག་ཆར་བའི་གཅིག་ཆར་བ་མ་ཧཱའི་སྟོན་པ་དང་འཕྲད་ནས་འདི་ཉིད་དུ་འཇུག་པའོ། །དེ་ལ་དབང་པོ་རྣོ་རྟུལ་གཉིས་པོ་འདི། རྒྱུ་འབྲས་ཀྱི་གཞུང་ཀུན་ནས་བཤད་ཀྱང་ཕལ་ཆེར་སྦྱངས་པའི་དབང་རྣོན་མ་གཏོགས་པ། རང་བཞིན་དབང་རྣོན་ཁས་ལེན་ལ། ཉུང་བར་འདུག་པས། འདི་ཡོད་པར་བསྒྲུབ་པ་ནི། དབང་པོ་རྣོན་པོ། དེ་ཆོས་ཅན། རང་བཞིན་གྱིས་རྣོ་བ་ཡིན་ཏེ། ཅིའི་ཕྱིར་ན་ཐ་མལ་གྱི་ཤེས་རྒྱུད་འདི་ལ་ཤིན་ཏུ་རྣོན་པོ་དག་ཡོད་པའི་ཕྱིར་རོ། །དཔེར་ན་མ་བརྡུངས་པའི་གནམ་ལྕགས་ཐོག་རྒོད་ཤིན་ཏུ་རྣོ་བ་དང་འདྲའོ། །རྣོན་པོ་འདི་མེད་ན་ཐེག་པ་ཆེན་པོའི་ཆོས་འོང་མི་སྲིད་དོ། །ཕྱག་རྒྱ་ཆེན་པོ་ལས། སེམས་ཅན་དང་པོའི་ལས་ཅན་ལ། །གཅིག་ཆར་བ་ནི་བསྟན་པར་བྱ། །དེ་ནས་སྦྱངས་པའི་ཕྲོ་ཅན་ལ། །རིམ་གྱིས་པ་ནི་བསྟན་པར་བྱ། །ཞེས་པ་དང་། མདོ་དགོངས་པ་ངེས་པར་འགྲེལ་པ་ལས། སེམས་ཅན་རྣམས་ཀྱི་ཤེས་པའི་རྒྱུད་ལ་རྣོ་རྟུལ་རང་བཞིན་གྱིས་མེད་པ་ནི་མ་ཡིན་ནོ། །ཞེས་པ་དང་། མདོ་དགོངས་པ་འདུས་པ་ལས། ཞིང་ཁམས་དེ་ན་འཁོད་པའི་སེམསས་ཅན་དེ་དག་ནི། སེམས་ཀྱིས་རང་བཞིན་སྣ་ཚོགས་པའི་ཕྱིར། བློ་ཤིན་ཏུ་ཟབ་པ་དང་། མི་ཟབ་པ་དང་། ཡངས་པ་དང་། དོགས་པ་དང་། བརྟེན་པ་དང་། མྱུར་བ་དང་། བུལ་བ་དང་། རྣོ་བ་དང་། རྟུལ་བ་ཤ་སྟག་གོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གཞན་ཡང་། ཤེས་བྱ་ལ་རྣོ་རྟུལ་གཉིས་ཀ་ལས་གྲོལ་བ་ནི། རྣོན་པོ་གཅིག་པུ་དང་། རྣོ་རྟུལ་གཉིས་ཀ་ལས་མ་གྲོལ་བའི། རྟུལ་པོ་གཅིག་པུ་དང་། རང་བཞིན་བློ་ཆུང་བའི་རྟུལ་པོ་དང་། བློ་རང་བཞིན་གྱིས་རྣོ་བའི་རྣོན་པོ་དང་། རྣོ་རྟུལ་གཉིས་ཀ་ཡོད་པའོ། །དང་པོ་ནི། གཞི་རང་བྱུང་གི་སྟོན་པ་འཁྲུལ་མ་མྱོང་བའི་སངས་རྒྱས་དང་། གཉིས་པ་ནི། འཁོར་བ་མཐའ་མེད་ཀྱི་སེམས་ཅན། གསུམ་པ་ནི། ཐེག་ཆུང་ལ་སྦྱངས་ནས་ཐེག་ཆེན་ལ་རྟོགས་ནུས་པ། བཞི་པ་ནི། སྦྱང་མ་དགོས་པར། ཐེག་ཆེན་རྟོགས་ནུས་པའམ། རྟོགས་གྲོལ་དུས་མཉམ་པ་ཡང་སྲིད་དོ། །ལྔ་པ་ནི། བློའི་རིགས་མ་ངེས་ཤིང་ངེས་མེད་དུ་བསྒྲུབ་པའོ། །རྒྱས་བཤད་ལ་གསུམ། རྒྱུ་རྐྱེན་སྤྱིའི་འབྲེལ་པ་དང་། གཅིག་ཆར་བའི་རིམ་གྱིས་པ་ཐེག་པ་གང་མོས་ནས་འཇུག་པ་དང་། གཅིག་ཆར་བའི་གཅིག་ཆར་བ་གདོད་མ་ཉིད་ནས་མ་ཧཱ་ལ་འཇུག་པའོ། །དང་པོ་རྒྱུ་རྐྱེན་སྤྱིའི་འབྲེལ་པ་ནི། རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གང་རུང་མ་ངེས་པའི་རྣོན་པོ་དེ་དང་། མ་ཧཱ་ཡོ་ག་འདི་ཉིད་དུ་ངེས་པར་འཇུག་པའི་ཤིན་ཏུ་རྣོན་པོ་དེའང་འབྲེལ་པ་བཞི་དང་ལྡན་པའི་ཚུལ་ནི། རང་གི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱི་རྒྱུད་དམ། མཚན་བྱ་དོན་གྱི་བསྟན་པའི་དངོས་གཞིའང་ཡིན་ཅིང་། དེ་ལྟར་ཡང་དག་དོན་གྱི་བཤེས་གཉེན་རྣམས་དང་གཉིས་སུ་མེད་པའི་ངོ་བོ་ཏེ། ངོ་བོ་བདག་ཉིད་གཅིག་པའི་འབྲེལ་པ་ཡོད་དོ། །དེ་ཡང་བློའི་མཚན་ཉིད་བདུན་ལྡན་གྱི་གཞི་སྟོང་ཉིད་རང་བྱུང་གི་ཡེ་ཤེས་དང་། ཡང་དག་པ་རང་རིག་དགེ་བའི་བཤེས་གཉེན་གྱི་ཐུགས་དགོངས། དེ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་པ་ཡིན། ཅེས་འབྲུ་གནོན་འདུག་སྟེ། ཁོ་བོས་ནི། འདི་ལྟར་དུ་སེམས། སངས་རྒྱས་དང་སེམས་ཅན་གཉིས་གཞི་ལ་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་པ། མ་འབྲེལ་རང་འབྲེལ་དུ་ཡོད་ལ། འདིར་ད་རེས་ཐེག་ཆེན་གོ་ནུས་རྟོགས་ནུས་པ། རང་སེམས་བསྟན་པའི་དངོས་གཞི། བློའི་མཚན་ཉིད་བདུན་ལྡན་དགོངས་པ་ཉེ་བར་ལེན་ནུས་པའི་ཤེས་རབ་དེ་དང་། རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་སྟོན་པར་བྱེད་པའི་བཤེས་གཉེན་རྣམས་དང་། ངོ་བོ་བདག་ཉིད་གཅིག་པའི་འབྲེལ་པ་ཡོད། དཔེར་ན་གསེར་འདོད་པ་ལ་གསེར་བསྟན་པ་བཞིན་དུ། བློའི་མཚན་ཉིད་བདུན་ལྡན་ཐེག་ཆེན་གོ་ནུས་རྟོགས་ནུས་པ་དེ་དང་། ཐེག་ཆེན་རྟོགས་ཤིང་ཁུང་དུ་ཆུད་པའི་བཤེས་གཉེན་དེ་གཉིས་ཀྱི། ཤེས་རབ་ཀྱི་ཆ་ལ་ཁྱད་མེད་པས་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་པ་ཡིན་པར་རྟོགས་སོ། །རང་སེམས་བསྟན་པའི་དངོས་གཞིའམ། ཆོས་ཉིད་ཀྱི་དོན་དེ་དང་ལྡན་པ་ནི་ཤེས་བྱ། རང་བཞིན་གྱི་དབང་པོ་རྣོན་པོ་ནི་ཤེས་བྱེད་ཏེ་དེ་གཉིས་ཤེས་བྱ་ཤེས་བྱེད་ཀྱི་འབྲེལ་པའོ། །ཡང་ན་བློའི་མཚན་ཉིད་བདུན་དང་ལྡན་པ་དེ་དང་། ཐེག་ཆེན་གྱི་ཆོས་གཉིས་ཤེས་བྱ་ཤེས་བྱེད་ཀྱིས་འབྲེལ་པ་ཡོད། རང་བཞིན་བདུན་ལྡན་གྱི་སྣོད་ཡིན་ལ། རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་རྣམས་ནི་བཅུད་དུ་འགྲོ་བས། དེས་ན་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོའི་ལུང་རྣམས་དང་། གང་ཟག་དེ་སྣོད་བཅུད་ཀྱི་འབྲེལ་པ་དང་། བླ་མ་དགེ་བའི་བཤེས་གཉེན་འགྲོ་བའི་མགོན་པོ་དང་། གང་ཟག་དབང་པོ་རྣོན་པོ་དེ་གཉིས་ནི། གང་ཟག་དེ་ལ་ཐུགས་རྗེ་སྐྱེ་བར་བྱ་བའི་ལས་འཕྲོ་ཡོད་ཅིང་། བླ་མ་དེ་ལ་ཐུགས་རྗེ་སྐྱེ་བར་བྱེད་པའི་ཐབས་ཡོད་པའི་ཕྱིར། དེ་གཉིས་ལས་དང་ཐུགས་རྗེས་འབྲེལ་པ་སྟེ། འབྲེལ་པ་བཞི་དང་ལྡན་པའོ། །གཅིག་ཆར་བའི་རིམ་གྱིས་པ་གཉིས། བགྲང་། གདོད་མ་ནས་ཐེག་པ་ཆེན་པོ། གང་མོས་སུ་འཇུག་པ་དང་། དྲང་། དེ་ལྟར་འབྲེལ་པ་བཞི་ཡོད་པ་དེའི་ཕྱིར། ཐེག་ཆུང་ལས་ཁྱད་པར་དུ་གྱུར་པ་མཆོག་གི་ལུང་ཐེག་ཆེན་དབུ་མ་ནས་ཡོ་གའི་བར་དང་། དེ་སྟོན་པར་བྱེད་པའི་རྡོ་རྗེ་སློབ་དཔོན་རྣམས་དང་དངོས་སུ་མཇལ་བར་བྱེད་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་ཐེག་པ་མཆོག་གི་བསྟན་པའི་ལུང་ཆེན་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་རྣམས་དང་། བརྒྱུད་ནས་འབྲེལ་པ་བྱེད་པའི་ཕྱིར་རོ། །དེ་ལྟར་རྒྱུ་རྐྱེན་དྲུག་དང་ལྡན་པ་མ་ངེས་པར་འཇུག་པ་ནི་གོང་དུ་བསྟན་པ་བཞིན་རྒྱུ་གཉིས་རྐྱེན་བཞི་སྟེ་དྲུག་དང་ལྡན་པས་རིགས་མ་ངེས་པའི་ས་ནས། རྒྱུ་འབྲས་ཀྱི་ཐེག་ཆེན་གང་རུང་གཅིག་ཏུ་འཇུག་པའི་རྟེན་གྱི་གང་ཟག་དེ་ནི་རང་གི་ཤེས་རབ་ཀྱི་དབང་པོ་རྣོ་རྟུལ་གྱི་རིམ་པ་བཞིན་དུ། རང་རྒྱུ་འབྲས་ཀྱི་ཐེག་པ་གང་ལ་མོས་མི་མོས་ཀྱི་བྱེ་བྲག་གམ། བཤེས་གཉེན་གང་འཕྲད་ཀྱི་རྐྱེན་གྱིས། རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆེན་པོའམ། བྱ་བའི་རྒྱུད་ཀྱི་ཐེག་པ་ཀྲི་ཡའམ། རྣལ་འབྱོར་གྱི་རྒྱུད་ཡོ་གའི་ཐེག་པ་སྟེ། དེ་དག་གང་རུང་གཅིག་གིས་ཤེས་པར་འཇུག་ཅིང་སྦྱོར་བར་བྱེད་པའོ། ༈ །དེས་མ་ཧཱ་ལ་སེམས་སྐྱེ་ཞིང་འཇུག་ཚུལ་ལོ། །དྲང་། ཐེག་པ་ཆེན་པོ་གང་རུང་གཅིག་ལ་ཞུགས་པ་དེ་ནས་གོང་དུ་བསྟན་པ་དེ་བཞིན་དུ་རྒྱུ་རྐྱེན་དྲུག་གི་སྒོ་ནས་གསང་སྔགས་མ་ཧཱ་ཡོ་གའི་སྒོ་འདིར་འཇུག་པའང་སྔོན་དུ་སྦྱངས་པའི་དབང་པོ་རྣོན་པའི་རིམ་གྱིས་པའི་སྐབས་སུ་བསྟན་པ་བཞིན་ཏུ། རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གང་རུང་ནས་རྒྱུ་རྐྱེན་དྲུག་གིས་གཡོ་བ་དང་། སྨོན་པ་དང་། འཇུག་པའི་སེམས་ཀྱིས་གསང་སྔགས་མ་ཧཱ་ཡོ་ག་ལ་སྦྱོར་བའི་ཕྱིར། དེ་ལྟར་གསང་སྔགས་མ་ཧཱ་ཡོ་གའི་དོན་དེ་ལ་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་གྱིས་གནས་པའི་མ་ཧཱ་ཡོ་གའི་དོན་མཐར་ཕྱིན་པར་བྱེད་པ་ནི་ཐོག་མ་སྦྱོངས་པའི་དབང་པོ་རྣོན་པོ་ལ་ལྟོས་ན་ཉེ་ཡང་། རང་བཞིན་གྱིས་དབང་པོ་རྣོན་པོ་གཅིག་ཆར་བ་ལ་ལྟོས་པའི་རིང་བའི་དུས་ཉིད་ཡིན་པར་འདོད་དོ། །གཅིག་ཆར་བའི་གཅིག་ཆར་བ་ལ་གཉིས། བགྲང་། སོ་སོ་སྐྱེ་བོ་ནས། མ་ཧཱ་ལ་སེམས་སྐྱེ་བའི་ཚུལ་དང་། དྲང་། རིགས་མ་ངེས་སོ་སོ་སྐྱེ་བོའི་ས་ནས་འབྲེལ་པ་བཞི་དང་ལྡན་ཞིང་རྒྱུ་རྐྱེན་དྲུག་དང་ལྡན་པའི་རྣལ་འབྱོར་མཆོག་མ་ཧཱ་ལ་སྦྱོར་བའོ། །དེ་ལ་འབྲེལ་པ་བཞི་ནི། སྔར་ཐེག་པ་གང་ལ་མ་སྦྱོར་ཞིང་སོ་སོའི་སྐྱེ་བོ་ནས་བློའི་མཚན་ཉིད་བདུན་ལྡན་དེ་དང་། མ་ཧཱ་ཡོ་གའི་སྟོན་པ་གཉིས། ངོ་བོ་བདག་ཉིད་གཅིག་པའི་འབྲེལ་པ་ཡོད་པ་དང་། མ་ཧཱ་ཡོ་གའི་ཆོས་དེ་དང་། བློའི་མཚན་ཉིད་བདུན་ལྡན་དེ་གཉིས། ཤེས་བྱ་ཤེས་བྱེད་ཀྱིས་འབྲེལ་པའི་སྣོད་དང་བཅུད་ཀྱིས་འབྲེལ་པ་དང་། བྱ་བྱེད་ཐུགས་རྗེའི་འབྲེལ་པ་ཡོད་དོ། །རྒྱུ་གཉིས་ནི། མཚུངས་ལྡན་གྱི་རྒྱུ་བདེ་གཤེགས་སྙིང་པོ་རང་ཆས་སུ་གནས་པ་དང་། ལྷན་ཅིག་བྱེད་པའི་རྒྱུ་འཁོར་བ་དང་། ཐེག་པ་འོག་མའི་སྐྱོན་དང་། མ་ཧཱའི་ཡོན་ཏན་ཐོས་པས། འོག་མ་ལ་སྐྱོ་ཞིང་གོང་མ་ལ་འཇུག་པའོ། །རྒྱུའི་རྐྱེན་རང་བཞིན་རྒྱུའི་སྨྱུང་བར་གནས་པ་སྟེ། འཁོར་བ་ལ་བློ་ལོག་པའམ་མ་ཧཱ་ཡོ་ག་དེ། གོ་ནུས་རྟོགས་ནུས་པ་དེ་རྒྱུའི་རྐྱེན་ནོ། །བདག་པོའི་རྐྱེན་མཆོག་འདི་ཉིད་ཀྱི་དགེ་བའི་བཤེས་གཉེན། དམིགས་པའི་རྐྱེན་གསང་སྔགས་མ་ཧཱ་ཡོ་གའི་ཐེག་པ། དེ་མ་ཐག་པའི་རྐྱེན་སྔ་མ་སྔ་མས། ཕྱི་མ་ཕྱི་མ་གོ་འབྱེད་པའོ། །གསང་སྔགས་མ་ཧཱ་ཡོ་ག་རང་ལ་སྦྱོར་ལུགས་ནི། དཔེར་ན་མུན་པ་ལ་ཉི་མའི་འོད་ཟེར་བྱུང་བའི་ཚུལ་ལམ། རྩ་ལ་མེ་མཆེད་པ་ལྟར་མ་ཧཱ་ཡོ་ག་ལ་སེམས་སྐྱེ་བ་དེའང་གཡོ་བ་དང་། སྨོན་པ་དང་། འཇུག་པའོ། །སྔོན་རིམ་གྱིས་པ་བཞིན་ཡིན་ཏེ། ༈ །སྣོད་ལྡན་འཇུག་པའི་ཁྱད་པར་རོ། །སྣོད་ཀྱི་མཚན་ཉིད་དང་བདུན་དང་ལྡན་པའི་གང་ཟག་དེའང་། ཏན་ཏྲ་ནི་རྒྱུད་དེ་གསང་བའི་སྙིང་པོའི་གཞུང་གིས་ལེའུ་གསུམ་པ་དེ་ཉིད་ནས། སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ཅེས་གསུངས་པ་བཞིན་འདིར་ཡང་ངང་ཆུ་བོའི་གཞུང་ལྟར་རིང་བ་སྟེ། ཞེས་ཀྱང་ཡིད་མི་འཁྲུགས་པ་དང་། ཚུལ་ཤེས་པ་སྟེ་གླང་པོ་ཆེ་གསར་བའི་སྤྱོད་པ་ལྟ་བུ་དང་། རང་བཞིན་བཟང་བ་སྟེ་གསེར་བཙོ་མ་ལྟ་བུ་དང་། སོགས་ཁུང་ནས། བློ་རི་བོ་ལྟ་བུར་མི་འགྱུར་བར་བརྟན་པ་དང་། བྱམས་སྙིང་རྗེ་ཆེ་བ་དང་། ལུས་དང་ལོངས་སྤྱོད་ལ་འཕང་པ་མེད་པར་ཆོས་ཕྱིར་གཏོང་ནུས་པའོ། །དེ་ལྟ་བུའི་སྣོད་ཡོན་ཏན་དང་ལྡན་པས། ཐོས་བསམ་སྒོམ་གསུམ་གྱིས་ཤེས་རབ་གསུམ་ལ་བསླབ་པ་ལ་རང་བཞིན་ལྷུན་གྲུབ་གནས་པའི་དཀྱིལ་འཁོར་ཆེན་པོ་རུ། འཇུག་པ་གཞིའི་ཡན་ལག་བཞི་ཡིན་ཏེ་གཞུང་ཐོས་པའི་འཇུག་པ་དམིགས་ཕྱེ་བ་དང་འདྲ། དོན་རྟོགས་པའི་འཇུག་པ་དཀྱིལ་འཁོར་མཐོང་བ་དང་འདྲ། གོམས་པར་བྱེད་པའི་འཇུག་པ་དལ་དུ་ཆུད་པ་དང་འདྲ། འབྲས་བུ་ཐོབ་པའི་མངོན་དུ་གྱུར་བའི་འཇུག་པ། དབང་ཐོབ་པ་དང་འདྲའོ། །དེ་ལྟར་འཇུག་པའི་མན་ངག་བཞིའི་ནང་ན་མཆོག །དང་པོ་ཐོས་པ་ཆེད་དུ་གཉེར་བར་བྱེད་དགོས་པའོ། །དེ་ཡང་ཐོས་པ་གལ་ཆེ་སྟེ། ཐོས་པ་ལ་བརྟེན་ནས་དྭངས་དྭངས་བ་ལ་བརྟེན་ནས་མོས། མོས་པ་ལ་བརྟེན་ནས་བསྒྲུབ་པ། བསྒྲུབ་པ་ལ་བརྟེན་ནས་ལེགས་པའི་མཆོག་སྐྱེ་བ་ཡིན་ནོ། ༈ །འཇུག་གོ། །དྲང་། སྣོད་དང་ལྡན་པའི་གང་ཟག་དེ་ཐོས་པའི་ཤེས་རབ་ཀྱིས་ལྟ་བ་ཚོལ་བའི་ཚེ་སྦྱངས་པའི་སྣོད་དུ་གྱུར་པ་ལ་རྒྱུ་གཉིས་དང་། རྐྱེན་བཞིས་རིམ་གྱིས་སྦྱངས་ནས་མ་ཧཱའི་དོན་ལ་མི་སྐྲག་ཅིང་བཟོད་པ་ཐོབ་པ་དང་ལྡན་པ་འདི་ནི། གཅིག་ཆར་བའི་རིམ་གྱིས་པ་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་གཉིས་ལ་བློ་སྔོན་དུ་སྦྱངས་ནས་མ་ཧཱ་ཡོ་ག་ལ་མི་སྐྲག་པའི་དོན་ཡིན་ནོ། །རང་བཞིན་ངང་གིས་བཟོད་ཐོབ་ནི། གཅིག་ཆར་བའི་གཅིག་ཆར་བ་གདོད་མ་ནས་མ་ཧཱ་ལ་འཇུག་ཅིང་མི་སྐྲག་པས་བཟོད་པ་ཐོབ་པའོ། །པས་ཞེས་པས་དེ་གཉིས་གང་གིས་ཀྱང་མ་ཧཱ་ཡོ་གའི་གཞུང་དེ་ཁུང་དུ་ཆུད་པར་བྱ་བ་ལ་རེ་བ་དང་སྨོན་པའི་སེམས་ཀྱིས་ཉན་པ་དང་། སྒོམ་པ་ལ་བརྩོན་འགྲུས་བྱེད་ཅིང་སྦྱོར་བའོ། །བཞི་པ་རྒྱུ་དང་། ལྔ་པ་རྐྱེན་ཐུན་མོང་དུ་བསྟན་པ་ལ་གསུམ་སྟེ། བགྲང་། མཚུངས་ལྡན་གྱིས་རྒྱུ་དང་། དྲང་། བློའི་རང་བཞིན་བདུན་དང་མཚུངས་པར་ལྡན་པ་དེ་ལྷན་གཅིག་བྱེད་པའི་རྒྱུ་ལ་དགར་བས་ན། གཅིག་ཤོས་ཏེ་མཚུངས་ལྡན་གྱི་རྒྱུ་རུ་ངེས་པ་ཡིན་ནོ། །བློའི་མཚན་ཉིད་བདུན་ལྡན་དེ་དག་མ་ཧཱའི་བདེན་གསུམ་དབྱེར་མེད་ཀྱི་ལྟ་བ་འདི་གཉིས། སྣོད་བཅུད་མཚུངས་པའི་ཕྱིར་མཚུངས་ལྡན་གྱི་རྒྱུ་ཞེས་བྱའོ། །བློའི་རང་བཞིན་བདུན་ལྡན་གྱི་རྒྱུ་དེ་མེད་ན། འབྲས་བུ་ལྟ་བ་རྟོགས་སུ་མི་རུང་བའི་ཕྱིར་རོ། །ལྷན་གཅིག་བྱེད་པའི་རྐྱེན་དང་། དྲང་། རྒྱུད་ལུང་མན་ངག་གིས་དོན་བཀྲོལ་བར་བྱེད་པའི་མཁན་པོ་དེ་བླ་མ་དམ་པ། རྒྱལ་བའི་ལུང་དང་བླ་མ་གོང་མའི་མན་ངག་དང་བཅས་པ་དེ་ནི་ལྟ་བ་རྟོགས་པ་དང་ལྷན་གཅིག་ཏུ་བྱེད་པའི་རྒྱུ་སྟེ། དེ་དག་རྒྱུའི་རྐྱེན་དུ་འདོད་དོ། །ལྷན་གཅིག་བྱེད་པའི་རྒྱུའོ། །དྲང་། སྣོད་ལྡན། གང་དག་ཐོས་པའི་ཤེས་རབ་ཀྱིས་མིང་ངམ། ཚིག་ལ་དམིགས་ནས་གཞུང་། ཉན་ཅིང་ཚིག་འཛིན་པ་དང་། བསམ་པའི་ཤེས་རབ་ཀྱིས་ཚིགས་དོན་གཉིས་ཀ་ལ་དམིགས་ནས་དཔྱོད་ཅིང་ཐོས་བསམ་བྱེད་པའི་ཚེ། དང་པོར་ཐོས་པ་བྱ་བའི་གནས་བླ་མ་ལ་གཞུང་ཆོས་ཉན་ཅིང་རྣ་བས་ཐོས་པའི་ཚིག་བློ་ལ་འཛིན་པ་དང་། འཛིན་པའི་ཚིག་དོན་ལ་བསམ་པ་དང་། བརྩམས་པའི་ཤེས་རབ་ཀྱི་ཚེ་ན་དོན་ཆེ་ལོང་གི་རྣམ་པའི་རྟོག་པ་སྟེ་རྩིངས་པ་དང་། དོན་ལ་ཞིབ་དུ་དཔྱོད་པ་སྟེ་ཐོས་བསམ་གཉིས་པོ་འདི་དག་གིས་ལྟ་བ་རྟོགས་ཤིང་ཤེས་པར་བྱེད་པའི་རྒྱུའོ། །འགའ་ཞིག་གིས་རྟོགས་དཔྱོད་གཉིས་པོ་ཤེས་པའི་རྒྱུ་ཡིན་པར་འདོད་དེ། རྟོགས་དཔྱོད་གཉིས་ནི་བསམ་པའི་ཁོངས་སུ་གཏོགས་པས། ཐོས་པ་མ་བྱས་པ་ལ་རྟོགས་དཔྱོད་བཏང་རྒྱུ་མེད་པས། དེ་བས་ན། ལྟ་བ་རྟོགས་པའི་རྒྱུ་ཐོས་བསམ་གཉིས་ཡིན་པར་ཤེས་སོ། ༈ །འོ་ན་རྒྱུ་རྐྱེན་འདི་རྣམས་ལ་ཟློས་སྐྱོན་བྱུང་ཟེར་ན། སྤྱིར་ཟློས་པ་ལ། དོན་ཟློས་དང་། ཚིག་ཟློས་གཉིས་ལས། དོན་ཟློས་འགའ་ཞིག་གིས་སྐྱོན་མི་ཆེ་སྟེ། ཕར་ཕྱིན་ལ་སྟོང་ཉིད་བཅོ་བརྒྱད་བཤད་པ་ཡང་ཡོད་དེ། འདི་དགོས་ཆེད་མི་བལྡབ། འགའ་ཞིག་གི་ཚིག་བལྡབ་སྟེ། ཕར་ཕྱིན་གྱི་འགྲེས་རྐང་བརྒྱ་རྩ་ལྟ་བུ་ཡིན་ཏེ། དེ་ཡང་དགོས་ཆེད་མི་བལྡབ། དགོས་ཆེད་ངོ་བོ་ལ་ཟློས་སྐྱོན་བྱུང་ན། སྐྱོན་དུ་འགྱུར་ལ། དེ་མིན་མ་ངེས་སོ། ༈ །དྲུག་པ་ལྟ་བ་རྟོགས་པའི་ཐབས་ལ་གཉིས། མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་མདོར་བསྟན་ནི། དེ་ལྟར་དུས་སྣོད་འབྲེལ་པ་རྒྱུ་རྐྱེན་དང་ལྡན་པའི་ཤེས་རབ་ཀྱི་སྤྱན་ལྟ་བ་འཚོལ་བའི་ཚེ་ལྟ་བ་རྟོགས་བྱེད་ཀྱི་ཐབས་གསུམ་ཀྱི་སྟོན་ཏེ། གང་ཞེ་ན། དང་པོ་གཏན་ཚིགས་འོག་ནས་སྟོན་པར་བྱེད་པ་རྣམས་ཀྱིས་གཞལ་བྱ་གཞིག་ཅིང་རྨལ་བར་བྱ་སྟེ་རྟོགས་པར་བྱ་དང་། གཉིས་པ་གོལ་སྒྲིབ་ཀྱིས་གདར་ཤ་བཤད་ཅིང་རྟོགས་པར་བྱ་བ་ནི། དོན་ནོར་པའི་ཤེས་རབ་སྟེ་འཇིག་རྟེན་པའི་ལྟ་བ་དང་། འཇིག་རྟེན་ལས་འདས་པའི་ཐེག་པ་ཡོ་ག་མན་ཆད་ཀྱི་གོལ་བ་དམིགས་ཀྱི་བཟུང་ཞིང་བསལ་ནས། རྟོགས་པ་བྱ་བ་དང་། འགའ་ཞིག་ནོར་བ་གཞན་སེལ་ལ་བཞག་ནས། ཤེས་རབ་དོན་གཉེར་ལ་བཞག་པ་ཡང་འདུག །གསུམ་མ་ནོར་བར་དོན་དམིགས་ནས་གྲུབ་མཐའ་བླང་བ་ནི། གནས་ལུགས་དོན་མ་ནོར་བའི་མ་ཧཱ་ཡོ་ག་འདི་ཉིད་ཀྱི་གྲུབ་མཐའ་དམིགས་ཀྱིས་ཕྱེ་ནས། དང་དུ་བླངས་ཞིང་གཏན་ལ་དབབ་པར་བྱའོ། ༈ །རྒྱས་བཤད་ལ་གསུམ། གཏན་ཚིགས་ཀྱིས་གཏན་ལ་ཕབ་སྟེ་རྟོགས་པར་བྱ་བ་དང་། གོལ་སྒྲིབ་ཀྱི་གདར་ཤ་བཅད་དེ་དོན་གྱི་དམིགས་བཟུང་བ་དང་། དོན་མ་ནོར་བར་དམིགས་ནས་གྲུབ་མཐའ་བླང་བའོ། །དང་པོ་ལ་གཉིས། མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་མདོར་བསྟན་ནི། གཞལ་བྱ་གཞལ་གཞི་དང་གཞལ་བྱེད་གཏན་ཚིགས་དང་། གཏན་ལ་དབབ་པ་གྲུབ་པའི་དོན་ནི། རྣམ་པ་གསུམ་མོ། །དེ་ལྟར་ལྟ་བ་རྟོགས་པའི་ཐབས་ལ་གསུམ་ཡོད་པའི་སྔ་མ་གཏན་ཚིགས་ཀྱིས་གཏན་ལ་ཕབ་པའི་གཞི་རུ་མདོ་ཙམ་དུ་བཞག་གོ། །དེ་ལ་གཞལ་བྱའི་ངོ་བོ། །ངེས་ཚིག་དགོས་པ། རྣམ་གྲངས་རྣམ་པར་ཕྱེ་བ་དང་བཞི་ཡོད་པ་ལས། ངོ་བོ་ནི། གཏན་ཚིགས་ཀྱིས་གཏན་ལ་དབབ་བྱའི་ཡུལ་དུ་གྱུར་པ་གཅིག་གཞལ་བྱའི་ངོ་བོ། ངེས་ཚིག་ནི་གཏན་ལ་དབབ་བྱའི་ཡུལ་དུ་གྱུར་པའི་ཕྱིར། གཞལ་བྱ་ཞེས་བྱ་སྟེ། ངོ་བོ་ངེས་ཚིག་གོ། །དགོས་ཆེད་ནི། གཞལ་བྱ་མེད་ན། གཏན་ཚིགས་གཏན་ལ་དབབ་མི་བཏུབ་པའི་ཕྱིར། གཞལ་བྱ་དགོས་པའོ། །དབྱེ་བ་ལ། སྔོན་བྱུང་གིས་གཞལ་བྱ་དེ་ཁོ་ན་ཉིད། རྗེས་འཇུག་ཞེན་སྣང་གི་གཞལ་གཞི་གཉིས་སོ། །གཏན་ཚིགས་ལ་ཡང་། ངོ་བོ་དང་། ངེས་ཚིག །དགོས་ཆེད། རྣམ་གྲངས་སོ། །གཏན་ཚིགས་ཀྱི་ངོ་བོ་ནི། གྲུབ་མཐའ་གཏན་ལ་དབབ་པའི་ནུས་པ་དང་ལྡན་པ། ངེས་ཚིག་ནི། གཏན་ལ་འབེབ་པར་བྱེད་པ་ལས་མི་འདའ། དགོས་ཆེད་ནི། དོན་གཏན་ལ་ཕེབས་པར་བྱེད་པ་ལ་དགོས་པའོ། །དབྱེ་བ་ལ་སྔོན་བྱུང་དངོས་ལྔའི་གཏན་ཚིགས་རྗེས་འཇུག་ཚུལ་ལྔའི་གཏན་ཚིགས། དེ་གཉིས་མཚོན་པར་བྱེད་པ་ལ་ཚིག་གིས་གཏན་ཚིགས། དེ་ལ་དཔྱད་དུ་ཡོད་པའི་གོ་བ་དང་། དཔྱོད་དུ་མེད་པའི་གོ་བ་གཉིས། དཔྱད་དུ་ཡོད་པའི་གོ་བ་ལ། ཚིག་དོན་མི་མཐུན་པའི་གོ་བ་དང་། ཚིག་དོན་མཐུན་པ་གཉིས། ཚིག་དོན་མཐུན་པ་ལ། ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་། སྒྲ་མཐུན་དོན་དཔག་གིས་གཏན་ཚིགས་གཉིས་ཚད་མ་བཀའ་གཞུང་གི་གཏན་ཚིགས་ལ། བདག་ཉིད་ཆེན་པོའི་གཏན་ཚིགས། བདེན་པ་དབྱེར་མེད་ཀྱིས་གཏན་ཚིགས། དག་པ་གསུམ་མཉམ་པ་བཞིའི་གཏན་ཚིགས་སོ། །སྒྲ་མཐུན་དོན་དཔག་ལ། རང་དང་སྤྱིའི་གཏན་ཚིགས། མཐའ་བྲལ་གྱི་གཏན་ཚིགས། མཚོན་པ་དཔེའི་གཏན་ཚིགས། རྣམ་པར་དབྱེ་བ། གཅིག་དུ་བྲལ་ལ་སོགས་པ་རྣམས་ཡིན་ནོ། །གསུམ་པ་གཏན་ཚིགས་ཀྱིས་གཏན་ལ་དབབ་པའི་གྲུབ་མཐའ་རང་གི་ངོ་བོ་ལ་ཡང་བཞི་ཡོད་དེ། ངོ་བོ་ནི། ཤེས་རབ་ཀྱི་དབང་པོ་ཡུལ་མེད་རང་གསལ་དུ་བྱུང་བ་ལྟ་བའི་ངོ་བོའོ། །ངེས་ཚིག་ནི། ཤེས་བྱའི་གཤིས་སམ། གནས་ལུགས་གམ། ཡིན་ལུགས་ཤེས་པ། སྒྲིབ་གཡོགས་ཐམས་ཅད་དང་བྲལ་བར་རྟོགས་ཤིང་ཁུང་དུ་ཆུད་པ་ལྟ་བའི་ངེས་ཚིག་གོ། །དགོས་ཆེད་ནི། ལྟ་བ་མ་རྟོགས་ན་སྐྱོན་ཡོད། རྟོགས་ན་ཡོན་ཏན་ཡོད་པས་ལྟ་བ་དགོས་སོ། །དབྱེ་བ་ལ། རྒྱུད་ཀྱི་ལྟ་གྲངས་དགུ་དང་། ལམ་གྱིས་ལྟ་གྲངས་དགུ་ལ་སོགས་པ་རྣམས་ཡིན་པར་ཤེས་པར་བྱའོ། །རྒྱས་བཤད་ལ་གསུམ། གཞལ་བྱ་དང་། གཏན་ཚིགས་དང་དེས་གཏན་ལ་ཕབ་པའི་གྲུབ་མཐའོ། །དང་པོ་གཉིས། བགྲང་། སྔོན་བྱུང་གི་གཞལ་བྱ་དེ་ཁོ་ན་ཉིད་མཇལ་བྱེད་དང་བཅས་པ་དང་། དྲང་། ཡང་དག་པར་རྫོགས་པའི་སངས་རྒྱས་སྟོན་པ་ཆོས་ཀྱི་སྐུ་ལ་སོགས་པ་སྐུ་ལྔས་འདུལ་བའི་འཁོར། ཡེ་ཤེས་རྒྱ་མཚོ་ལ་སོགས་པ་ལྔ་པོ་རྣམས་ལ། སྐྱེ་མེད་དོན་གྱི་གསུང་ལ་སོགས་པ་གསུང་ལྔ་པོ་བསྟན་པས་གཞལ་བྱ་དེ་ཁོ་ན་ཉིད་སེམས་ཀྱི་གནས་ལུགས་ཅི་བཞིན་པ་དངོས་སུ་གཏན་ལ་ཕབས་ཤིང་མཇལ་བར་བྱེད་པའོ། །དེ་ནི་སྔོན་བྱུང་གིས་གཞལ་བྱ་དེ་ཁོ་ན་ཉིད་སེམས་ཀྱི་གནས་ལུགས་ཇི་བཞིན་པ་ལ་གཞལ་བའོ། །འདི་རྣམས་ཀྱི་དོན་རྒྱས་པར་བཤད་པ་ནི། དང་པོ་སྟོན་པ་སྐུ་ལྔ་བཤད་པ་ལ་རང་ངོ་གཞན་ངོ་གཉིས་སུ་ཤེས་དགོས་ལ། ཉིད་ཆོས་སྐུ་ནི། སེམས་ཉིད་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་ཞིང་། སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའོ། །དེ་ཉིད་གདུལ་བྱའི་ངོ་ལ་ཆོས་སྐུ་ཀུན་བཟང་རྡོ་རྗེ་འཆང་ལྟ་བུ་ལ་ཤར་བའོ། །ཉིད་ལོངས་སྤྱོད་རྫོགས་པའི་སྐུ་ནི། མ་འགག་པ་འཁོར་བ་ལ་ལོངས་སྤྱོད། མ་དམིགས་པ་འདས་པ་ལ་ལོངས་སྤྱོད་ཅིང་། འཁོར་འདས་གཉིས་མེད་རོ་གཅིག་པའི་དོན་རྟོགས་ཤིང་མཐར་ཕྱིན་པའོ། །དེ་ཉིད་གདུལ་བྱའི་ངོ་ལ་རྒྱལ་བ་རིགས་ལྔ་ལྟ་བུ། ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ལོངས་སྐུ་ནི། ཁྱད་པར་གྱི་ལོངས་སྐུ། ཐུན་མོང་གི་ལོངས་སྐུ་ནི། རྣམ་པར་སྣང་མཛད་ཡབ་རྐྱང་ལྟ་བུའོ། །ཉིད་སྤྲུལ་སྐུ་ནི། སྐྱེ་མེད་ཀྱི་ངང་ལས་སྣང་བ་སྣ་ཚོགས་སུ་ཤར་ཞིང་གཉིས་སུ་མེད་པ་ནི། སྤྲུལ་སྐུའི་དགོངས་པའོ། །གདུལ་བྱའི་ངོ་ལ། སྤྲུལ་སྐུ་ཤཱཀྱ་སེང་གེ་ལྟ་བུའོ། །ཉིད་རྡོ་རྗེའི་སྐུ་ནི། སྐུ་གསུམ་དབྱེར་མེད་དགོངས་པ་ཟང་ཐལ་བ་སྣང་སྟོང་གཉིས་སུ་མེད་པའི་དོན་ལ་བྱའོ། །གསང་སྔགས་ཀྱི་ལུགས་ཀྱི་གཙོ་ཆེར་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དུག་ལྔ་མ་སྤངས་པར་ཆོས་ཉིད་ཀྱི་ཀློང་དུ་ཤར་བ་རྡོ་རྗེའི་སྐུར་གསུང་སྟེ། ཞེ་སྡང་རྩད་ནས་བཅད་པའི་ཕྱིར། བཛྲ་ཧེ་རུ་ཀའི་ཐུགས་དམ་བསྐངས། ལ་སོགས་རྣམས་ཀྱིས་ཤེས་པར་བྱའོ། །གདུལ་བྱའི་ངོ་ལ་བཛྲ་ཧེ་རུ་ཀ་ལ་སོགས་པ་རིགས་ལྔ། ཁྲག་འཐུང་གི་དཀྱིལ་འཁོར་དུ་ཤར་བའོ། །ཉིད་མངོན་པར་བྱང་ཆུབ་པའི་སྐུ་ནི། ཤེས་བྱའི་ཆོས་ཉི་མའི་དཀྱིལ་ན་མུན་པ་ཀ་ནས་དག་པ་བཞིན། ཡེ་ཤེས་ལྔའི་འཁོར་ཡུག་མ་གཏོགས་པ། ཉོན་མོངས་པ་འཁོར་བའི་ཆོས་བས ལ་བ་མ་ཡིན་ཏེ། ངང་གི་དག་པའོ། །གདུལ་བྱའི་ངོ་ལ་ས་སྙིང་ལ་སོགས་པ། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལྟ་བུའི་གཟུགས་སུ་ཤར་ནས་སྣང་བའོ། ༈ །དམ་པ་བདེ་བར་གཤེགས་པས། བཞི་བཅུ་རྩ་གཉིས་ལ་སོགས་པ་རྣམས་སྐུ་ལྔར་ངེས་བཟུང་བ་ནི་འདི་ལྟ་སྟེ། ཀུན་བཟང་ཡབ་ཡུམ་ནི་ཆོས་ཀྱི་སྐུའོ་རིགས་ལྔ་ཡབ་ཡུམ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཐུབ་པ་རྣམས་ནི་སྤྲུལ་པའི་སྐུའོ། །སེམས་དཔའ་རྣམས་ནི་མངོན་པར་བྱང་ཆུབ་པའི་སྐུའོ། །ཁྲོ་བོ་ཡབ་ཡུམ་རྣམས་ནི་རྡོ་རྗེའི་སྐུའོ་གསུང་། ༈ །འཁོར་ལྔ་ནི། ཆོས་སྐུའི་འཁོར་ཡེ་ཤེས་རྒྱ་མཚོ་ནི། ཡེ་ཤེས་ལྔའི་རང་གཟུགས་རྒྱལ་བ་རིགས་ལྔའི་སྐུར་སྣང་བའོ། །འདི་སྤྲུལ་པ་ཤས་ཆེའོ། །ལོངས་སྐུའི་འཁོར་སྨིན་པ་རྒྱ་མཚོ་ནི། སྤྱིར་སར་ཆུད་པ། སར་ཞུགས་པ། སར་གནས་པ། སར་སྨིན་པ་བཞི་ཡོད་པ་ལས། ས་བཅུ་པ་རྣམ་པར་སྨིན་པ་ཡིན་པ་དང་། མ་ཧཱའི་ཕྱག་རྒྱ་ཆེར་པོའི་རིག་འཛིན་རྣམས་ཤས་ཆེའོ། །རྡོ་རྗེའི་སྐུའི་འཁོར་དབྱེར་མེད་རྡོ་རྗེའི་ཚོགས་ནི། སྣང་སྟོང་གཉིས་མེད་ཀྱི་དོན་རྟོགས་ཤིང་མཐར་ཕྱིན་པའི། ཉོན་མོངས་པ་ཞེ་སྡང་ལ་སོགས་པ་སྤངས་པ་མེད་པར། ཆོས་ཉིད་དུ་ཤར་བ་མཐར་ཕྱིན་པའི་ལམ་པ་སྟེ། འདི་ལྷུན་གྲུབ་རིག་འཛིན་པ་ཤས་ཆེའོ། །མངོན་པར་བྱང་ཆུབ་པའི་སྐུ་ཡི་འཁོར། རྒྱལ་བ་རྒྱ་མཚོ་ནི། སྤངས་རྟོག་མཐར་ཕྱིན་པའི་སངས་རྒྱས་རྒྱལ་བ་རྒྱ་མཚོ་སྟེ། ཐེག་པ་འོག་མའི་སངས་རྒྱས་ཡོ་ག་མན་ཆད་རྣམས་ཤས་ཆེའོ། །སྤྲུལ་སྐུའི་འཁོར་མོས་པ་རྒྱ་མཚོ་ནི། ཚོགས་སྦྱོར་གཉིས་ལ་གནས་པའི་ལམ་པ་རྣམས་ཀྱིས། དོན་དམ་མཚན་ཉིད་པ་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཁོང་དུ་མ་ཆུད་ཅིང་ཚོགས་སྦྱོར་གཉིས་ཀྱི་མཉམ་བཞག་དེ་ཆོས་སྐུ་ཡིན་པར་མོས་པས། མོས་པ་སྤྱོད་པའི་ས་ཞེས་བྱའོ། །གཙོ་ཆེར་ཚོགས་སྦྱོར་གཉིས་ཀྱི་ལམ་ས་ཡིན་ལ། ཡར་དེད་ན་ཚེ་དབང་རིག་འཛིན་སྤྲུལ་སྐུ་མཚན་ཉིད་པའི་འཁོར་དུ་འདོད་དོ། །མར་དེད་ན་འགྲོ་དྲུག་ཡང་འཁོར་ཡིན་པར་འདོད་དོ། ༈ །གསུང་ལྔ་ནི། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་ནམ་མཁའ་ལྟ་བུ་དེས་ཡེ་ཤེས་རྒྱ་མཚོའི་འཁོར་ལ་བརྡ་སྤྲད་ལུགས་ནི། དཔེར་ན་ནམ་མཁའ་དྭངས་པ་ལ་ཟླ་བ་ཤར་བ་དེ། ཆུ་དྭངས་པ་ལ་ཐོགས་པ་མེད་པར་ཟླ་བའི་གཟུགས་བརྙན་སྣང་བ་བཞིན་དུ། ཆོས་སྐུ་ཀུན་བཟང་གི་དགོངས་པ་སྐྱེ་མེད་དོན་གྱི་གསུང་ནམ་མཁའ་ལྟ་བུ་དེ། འཁོར་ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་དགོངས་པ་ཤར་བ་ནི། རྒྱལ་བ་དགོངས་པའི་བརྒྱུད་པ་གཙོ་ཆེ་ལ། འདིར་སྟོན་འཁོར་གྱི་དགོངས་པ་ལ་ཁྱད་མེད། གདུལ་བྱའི་ངོ་ལ་སྟོན་འཁོར་གྱི་ཚུལ་དུ་སྣང་བའོ། །འདི་མན་ཆད་ལ་སྐུ་བཞི་པོའི་སྟོན་འཁོར་ལ་ཁྱད་ཡོད་ཅིང་། འཁོར་ལ་ཡང་དྲི་མ་ཡོད་པར་འདོད། འགའ་ཞིག་གིས་ལོངས་སྤྲུལ་གཉིས་ཀྱི་འཁོར་དང་། རྡོ་རྗེའི་སྐུའི་འཁོར་ལྷུན་གྲུབ་རིག་འཛིན་གསུམ་ལ་ཡོད། མངོན་པར་བྱང་ཆུབ་པའི་སྐུའི་འཁོར་རྒྱལ་བ་རྒྱ་མཚོ་སྟེ། ཐེག་པ་འོག་མའི་སངས་རྒྱས་རྣམས་ལ་དྲི་མ་མེད་པར་འདོད་པ་སྣང་སྟེ། འདི་ནི་གསང་སྔགས་བླ་མེད་ཀྱི་དགོངས་པ་ཇི་བཞིན་པ་མ་ལོན་ཅིང་། འོག་མ་དང་ཤན་ཕྱེ་མ་ཐུབ་པའི་རྟགས་ཡིན་ནོ། །འདི་རྣམས་ལ་ཁྱད་ཡོད་ལུགས་ཞིབ་ཏུ་ངོ་སྤྲད་རྒྱུ་ཡོད་པ། ལེའུ་དགུ་པ་འབྲས་བུ་སྐབས་སུ་འཆད། ལོངས་སྤྱོད་པའི་སྐུའི་དགོངས་པ་བརྡའི་གསུང་ནི། དཔེར་ན་བྱད་ལ་དྲི་མ་ཡོད་ན། མེ་ལོང་ལ་བལྟས་ན་མེ་ལོང་གི་བརྗོད་པ་མེད་ཀྱང་དྲི་མ་ངོས་ཟིན་པ་བཞིན་དུ། ཤེས་སྒྲིབ་གབ་སྐུངས་མཆོམ་པ་རྣམས། བདེར་གཤེགས་སྐུ་ལ་བལྟས་པས་རྟོགས་པའོ། །ཚུལ་ཇི་ལྟར་དུ་རྟོགས་ན། བདེ་བར་གཤེགས་པའི་སྐུ་ལ་མདུན་རྒྱབ་མེད་པ་དང་། མཉམ་པར་མི་བཞག་པ་མི་མངའ་བ་ལ་སོགས་པའི་སྒོ་ནས་ཤེས་དགོས་སོ། །ཞིབ་པར་འོག་འབྲས་བུ་སྐབས་སུ་འཆད། སྤྲུལ་པའི་སྐུའི་བརྗོད་པ་ཚིག་གིས་གསུང་ནི། གདུལ་བྱ་ལས་དག་པ་དང་། མ་དག་པ་མོས་པ་སྤྱོད་ལ་དངོས་སུ་བཤད་པ་ཡིན་ཏེ། ཁྱད་པར་དུ། རྒྱལ་པོ་མ་སྐྱེས་དགྲ་ལ། སྤྲུལ་སྐུ་ཐུབ་པ་ཆེན་པོས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཡང་ཅུང་ཟད་མེད། ཡང་དག་ཉིད་ལ་ཡང་དག་ལྟ། ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་ཚིག་དུ་བརྗོད་ཀྱང་། བརྗོད་པ་ཙམ་དུ་རྟོགས་ནས། ཚིག་དེ་ལ་བརྟགས་དཔྱད་མ་དགོས་པར་སེམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་གཏན་ལ་འབེབས་ཤིང་མཇལ་བར་བྱེད་པའོ། ༈ །རྡོ་རྗེའི་སྐུའི་གསུང་བྲག་ཆ་ལྟ་བུ་ནི། དཔེར་ན་བྲག་ཆའི་སྒྲ་ལ་འཛིན་པ་མེད་དེ་སྟོང་པ་བཞིན་དུ། དངོས་པོ་ཕྱི་ནང་གི་ཆོས་ཐམས་ཅད་དབྱེར་མེད་རོ་གཅིག་ཏུ་རྟོགས་ཤིང་མཇལ་པའོ། །མངོན་པར་བྱང་ཆུབ་པའི་གསུང་ཉི་མའི་སྙིང་པོ་ལྟ་བུ་ནི། དཔེར་ན་ཉི་མ་ལ་མུན་པ་ཀ་ནས་དག་པ་བཞིན་དུ། ཤེས་བྱའི་ཆོས་ཐམས་ཅད་ཡེ་ཤེས་ལྔའི་འཁོར་ཡུག་མ་གཏོགས་པ། ཉོན་མོངས་པ་རྩ་བ་ནས་ཆོད་པར་རྟོགས་ཤིང་བརྡའ་མཇལ་བའོ། ༈ །རྗེས་འཇུག་གཞན་སྣང་གིས་གཞལ་གཞི་བསྟན་པ་ལ་གསུམ། བགྲང་། གཞལ་བྱ་གནས་ལུགས་གཞན་སྣང་དང་བཅས་པ། དྲང་། གཞལ་བྱེད་དེ་ཡང་གཏན་ཚིགས་རྣམས་ཀྱིས་ཡོངས་སུ་བརྟག་ཅིང་དཔྱད་པར་བྱ་བའི་གཞི་ནི། དབང་པོ་ལྔའི་ཡུལ་དུ་མངོན་སུམ་དུ་སྣང་བ་ཀུན་ཆོས་ཅན། ཡུལ་རྣམས་རང་རྒྱུད་དུ་ཡོད་པ་མ་ཡིན་ཏེ། ཞེས་དམ་བཅའ་གཏན་ཚིགས་རང་བྱུང་གི་ཡེ་ཤེས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཕྱི་ནང་གིས་དངོས་པོ་སྣ་ཚོགས་པར་སྣང་བ་དེའི་ཕྱིར་འཁོར་བ་དང་། འདས་པའི་དངོས་པོ་ཕྱོགས་རེར་ཞེན་པའི་སྣང་བ་ལ་བརྟག་ཅིང་གཞལ་བར་བྱའོ། །དེ་ཇི་ལྟར་མཇལ་བའི་དམིགས་བསྟན་པ་དང་། དྲང་། གཞལ་བྱའི་ཡུལ་ངོ་བོ་ནི་འཇིག་རྟེན་གྱི་ཁམས་འདི་ན་ཤེས་བྱ་ལ། སྲིད་ཚད་ཅི་ཡོད་པའི་མིང་ཐ་དད་དང་། མཚན་མར་ཡུལ་དུ་འཛིན་པ་ལ་སོགས་པའི་དེ་མ་ཡིན་པ་ལ་དེར་འཛིན་པས། ལོག་རྟོག་སོ་སོའི་རང་དང་སྤྱིའི་མཚན་ཉིད་རྣམས། ཇི་ལྟར་གནས་པ་དཔྱད་པར་བྱའོ། །གཞལ་བྱ་འདི་རྣམས་ལ་འཁོར་བ་ལ་གཞལ་ལམ། འདས་པ་ལ་གཞལ་བ་ལ་སོགས་པའི་བཤད་པ་མང་པོ་འདུག་སྟེ། འདི་ཉིད་ཀྱི་དགོངས་གཞི་རྟོགས་མ་ནུས་པས་སོ། །རྗེས་འཇུག་གིས་གཞལ་བྱ་གཞལ་པའི་རྒྱུ་མཚན་ནི། དཔེར་ན་མདའ་འཕེན་པ་ལ་འབེན་མཐོང་དགོས་པ་བཞིན་དུ་ཤེས་བྱའི་གནས་ལུགས་ལྟ་བ་གཏན་ལ་ཕབས་པ་ལ་འཁྲུལ་སྣང་འདི་ཉིད་བརྟག་ཅིང་གཞལ་དགོས། འདི་གཞལ་བ་ལ། དག་པ་ཀུན་གཞིའི་གནས་ལུགས་མ་རྟོགས་ཅིང་། མ་དག་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ངོ་བོ་སྣ་ཚོགས་སུ་ཤར་ཡང་། ཚུར་བསྡུ་ན་འཁོར་འདས་གཉིས་བྱུང་། འཁོར་འདས་ཀྱི་སྤྱི་མཚན་དང་། རང་མཚན། མིང་མཚན་མ་སྣ་ཚོགས་སུ་ཤར་བའོ། །དེ་ལྟ་བུ་ཤར་ཚད་མང་པོ་ཤར་ཡང་། ཡིན་ཚད་གཅིག་ཏུ་ཆོད་པའི་ཐབས་བྱུང་སྟེ། འོག་ནས་སྐད་ཅིག་ལ་ཀུན་རྫོགས་ཕྱིར། ཞེས་གསུང་པའི་ཕྱིར། གཞལ་གྱིས་མི་ལང་པའི་དགོས་པ་བསལ་བ་དང་། དྲང་། འཁོར་འདས་གཉིས་ཀྱི་དངོས་པོ་གཉིས་ལ་ཞེན་པའི་དངོས་པོ་དུས་གསུམ་གྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་ལ་ཤར་ཚད་མང་པོ་ཤར་ཡང་། ཡིན་ཚད་གཅིག་གིས་འགྲོས་ཡིན་ཏེ། ད་ལྟར་གྱི་སྐད་ཅིག་མ་གཅིག་ལ་ཀུན་རྫོགས་པའི་ཕྱིར་རྩ་བ་གཅིག་བཅད་ན་ཡན་ལག་ཁྲི་འབུམ་སྐམ། མདུད་པ་གཅིག་གྲོལ་ན། དེ་ཐག་བརྒྱ་ཆད་པ་བཞིན་ནོ། །འཁོར་འདས་ཀྱི་ཆོས་རྣམས་རིག་པ་སྐད་ཅིག་མར་འདུས་ལ། རིག་པ་སྐད་ཅིག་ཀྱང་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་རྟོགས་པས། དེ་དངོས་པོའི་གནས་ལུགས་ཀུན་གཞི་རང་སྣང་དུ་མཐོང་བ་ཡང་དག་པའི་དོན་ཕྱིན་ཅི་མ་ལོག་པ་རིག་པ་རང་སྣང་བ་ཡིན་པ་བཞིན་དུ། འཁོར་འདས་གཉིས་ཀྱི་བསྡུས་པའི་ཆོས་ཀུན་ཀྱང་དེ་ལྟར་དུ་ཤེས་དགོས་སོ། །ཡུམ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཉིད་ཤེས་པར་འགྱུར་རོ། །ཞེས་སོ། །རྟོགས་ལྡན་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་ད་ལྟའི་སྐད་ཅིག་མ་གཅིག་ལ་རྫོགས་ལུགས་ནི། དཔེར་ན་ཚར་ནོན་ལྟ་བུ་གཅིག་ལ་འདས་པ་ཡལ་ག་ལོ་འདབས་ཅན་དང་། མ་འོང་པ་ཞིག་ནས་ཐལ་བར་སོང་བ་གཉིས། ད་ལྟའི་ཚར་ནོན་རང་ལ་གྲུབ་གསུང་། ༈ །གཞལ་བྱའི་ངེས་ཚིག་མེད་པའི་དགོས་པ་བསལ་བ་ལ་གཉིས། བགྲང་། ཐེ་ཚོམ་གྱི་དོགས་པ་གཟུགས་པ་དང་། དྲང་། དེ་ལྟར་ན་ཀུན་བརྟགས་ཀྱི་ཤེས་པ་བསམ་བྱུང་གི་ཤེས་རབ་ཡིན་ལ་བར་མར་འགྱུར་ཞེས་པ་ནི། ཐོས་བསམ་སྒོམ་གསུམ་ཡོད་པ་ལས། གཞལ་བྱ་འདི་བར་མ་བསམ་བྱུང་གིས་ཤེས་རབ་ཀྱི་ཡུལ་ཞེན་པ་ཡིན། ཞེན་ཡུལ་འདི་ཉིད་ཡུལ་ལ་གཞལ་ལམ། སེམས་ལ་གཞལ། ཡུལ་ལ་གཞལ་ན། སྤྱིར་ཡུལ་མེད་པས་སོ། །དཔེར་ན་ལུས་མེད་ན་གྲིབ་མ་མི་འབྱུང་བ་བཞིན་དུ། གཞལ་བྱའི་ཡུལ་མེད་པས་གཞལ་དུ་མི་བཏུབ་བོ། །སེམས་རང་ཉིད་ལ་རང་ཉིད་གཞལ་ལོ། །ཞེ་ན། རང་ལ་རང་གིས་གཞལ་དུ་མི་བཏུབ་སྟེ། དཔེར་ན་འཛུབ་མོས་འཛུབ་མོ་ལ་རེག་མ་བཏུབ་པ་བཞིན་ནོ། །ཞེས་དགོས་པས་འཇིགས་པ་ལ། ༈ །དགོས་པ་བསལ་བའོ། །དྲང་། གཞལ་བྱ་ཀུན་བརྟགས་ཀྱི་ཞེན་པ་དེ་དག་པའི་གཉེན་པོ་སྒོམ་བྱུང་གི་ཤེས་རབ་མིན་པའི་ཀུན་བརྟགས་ཀྱི་ཞེན་པ་དག་པ་མིན་ཞིང་གཞལ་བྱ་གཏན་ཚིགས་གྲུབ་མཐའ་གསུམ་ལ། འདིར་བར་མ་བསམ་བྱུང་གི་གཏན་ཚིགས་ཀྱིས་གཏན་ལ་དབབ་པའི་ཡུལ་ཡིན་པའི་ཕྱིར། གཞལ་བར་བྱ་བའི་ངེས་ཚིག་འགྲུབ་བོ། །གཏན་ཚིགས་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །མདོར་བསྟན་ནི། དོན་དེ་ཉིད་རྟོགས་པར་བྱེད་པའང་། དངོས་ལྔའི་གཏན་ཚིགས་དང་། ཚུལ་གྱི་གཏན་ཚིགས་དང་། ཚིག་གི་གཏན་ཚིགས་མདོ་ཙམ་གཅིག་བརྗོད་པས་གསུང་ལྔས་མཚོན་པའི་དོན་རྒྱས་པར་འབྱུང་བའི་གཞིའམ་ཁུངས་སོ། །འདི་རྣམས་ཀྱི་དོན་ནི་སྔོན་བྱུང་སྟོན་པ་སྐུ་ལྔས། འཁོར་ལྔ་ལ་གསུང་དངོས་སུ་བརྡའ་སྤྲད་པ་ནི། དངོས་སྐུ་དང་། དངོས་འཁོར། དངོས་གསུང་ཡིན་པས། དངོས་ལྔ་ཞེས་བྱའོ། །སྔོན་བྱུང་གཏན་ཚིགས་ཀྱིས་འདིར་སྐབས་ལ་དགོས་ཆེད་ཅི་ཡོད་ཟེར་ན། སྐུ་ལྔའི་འཁོར་ལྔ་ལ། གསུང་ལྔས་བརྡ་སྤྲད་ནས། ཤེས་བྱའི་གཏིང་མཐའ་མ་ལུས་པ་རྟོགས་ཤིང་ཁོང་དུ་ཆུད་པ་དང་། རྗེས་འཇུག་གིས་ཀྱང་དེ་ལྟར་གཏན་ལ་དབབ་ཅིང་རྟོགས་དགོས་པ་དང་། ལྟ་བ་འདི་ཡང་ཁུང་བཙུན་ཞིང་ཡིད་ཆེས་པའི་དགོས་ཆེད་ཡོད། ཚིག་དང་ཡི་གེ་རིས་ལ་མ་བརྟེན་པར་སྔོན་བྱུང་སྟོན་པ་སྐུ་ལྔ་དང་ཚུལ་མཐུན་པར་རྟོགས་པ་ནི། ཚུལ་གྱི་གཏན་ཚིགས་སོ། །འདི་ནི་དབང་པོ་རབ་ལ། སྣང་སྲིད་ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་སྟོན་པ་བྱས་ནས་རྟོགས་པ་ཤར་ལུགས་ཡིན་ནོ། །ཚིག་དང་ཡི་གེ་རིས་ལ་བརྟེན་ནས་བརྟག་དཔྱད་བྱས་པ་ནི། ཚིག་གི་གཏན་ཚིགས་སོ། །དངོས་ལྔ། ཚུལ་ཚིགས་འདི་རྣམས་ལ། འགའ་ཞིག་གིས། དངོས་ལྔ་རྒྱལ་བ་དགོངས་རྒྱུད། ཚུལ་ལྔ་རིག་འཛིན་བརྡའ་རྒྱུད། ཚིག་ལྔ་གང་ཟག་སྙན་རྒྱུད་ཟེར་ཏེ། དེ་མ་ཡིན། འགའ་ཞིག་གིས་དངོས་ལྔ་དང་། ཚུལ་ལྔ་བརྗོད་བྲལ་ཡིན། ཚིག་ལྔ་ཚིག་ཡིན་ཟེར་འདུག་སྟེ། དེའང་མ་ཡིན། འདི་རྣམས་ལ་ཤན་ཕྱེ་ཞིང་སྐབས་ཕྱེ་དགོས། དེའང་དངོས་ལྔའི་སྐབས་ལ། སྐུ་བཞི་པོས་ཚིག་ཏུ་བརྗོད་པ་མིན་ཀྱང་། སྤྲུལ་སྐུའི་གསུང་ནི་ཚིག་ཡིན། ཚིག་དེ་བརྗོད་ཙམ་གྱིས་བརྟག་དཔྱད་མ་དགོས་པར་རྟོག་པ་ཡིན་ཏེ། མ་སྐྱེས་དགྲའི་གཏམ་རྒྱུད་ལྟ་བུའོ། །འདི་ཉིད་ཀྱིས་ལེའུ་དགུ་པ་ལས། སྐུ་ལྔའི་འཁོར་ལྔ་ལ། གསུང་ལྔས་བརྡའ་སྤྲད་ལུགས་ནི། བརྗོད་དང་བརྗོད་འདྲའི་ཕྱིར་ངེས་པ། །ཡི་གེ་མེད་པར་མཇལ་བ་བཞི། །ཡི་གེ་དྲུག་བཅུ་དྲུག་གསུམ་བརྒྱས། །ཞེས་གསུངས་པ་ལྟར་རོ། །ཚུལ་ལྔའི་སྐབས་ལའང་དེ་དང་འདྲ་སྟེ། སྐུ་བཞི་པོ་ཚིག་མིན་ཀྱང་། སྤྲུལ་སྐུ་དང་མཐུན་པའི་ཚུལ་གྱི་སྐབས་ན། སོ་སོའི་སྐད་དུ་བརྡ་སྤྲད་ལྟར། ཞེས་གསུངས་པ་བཞིན་དུ། བླ་མ་དམ་པ་དེས། ཆོས་ཉིད། དབྱེར་མེད། བརྗོད་བྲལ། བློ་འདས། ཟེར་བ་ཙམ་གྱིས་ཚིག་ལ་བརྟེན་ནས་བརྟག་དཔྱད་མ་དགོས་པར་རྟོགས་པ་ཤར་བ་ཡང་ཡོད་དོ། ༈ །ཚིག་གིས་སྐབས་ལ། ཀུན་ཚིག་ཡིན་ཀྱང་། འདི་ལ་སྐབས་གཅིག་འབྱེད་དགོས་ཏེ། བཞི་རྗེས་མི་དཔྱོད་གཅིག་རྗེས་དཔྱོད། གསུངས་པས། དཔྱད་དུ་མེད་པའི་གོ་བ་དང་། དཔྱད་པས་གོ་བ་གཉིས། དཔྱད་དུ་མེད་པའི་གོ་བ་ནི། ཚིག་དང་ཡི་གེ་རིས་ཙམ་ལ་བརྟེན་ནས། བརྟག་དཔྱད་མ་བྱས་པར་རྟོགས་པའོ། །བརྟག་དཔྱད་གཉིས་འཛིན་མི་འཚོལ་བར། །དེ་བརྗོད་བྱེད་ཀྱིས་དེ་ཉིད་མཐོང་། །དེ་བས་གསེར་བལྟ་གསེར་བཞིན་དུ། །ཞེས་པ་བཞིན་ནོ། ༈ །འོ་ན་དངོས་ལྔའི་སྤྲུལ་སྐུའི་ཚིག་དེ་དང་། ཚུལ་ལྔའི་སྤྲུལ་སྐུ་དང་ཚུལ་མཐུན་པའི་ཚིག་དེ་དང་། ཚིག་གིས་སྐབས་ལ་དཔྱད་དུ་མེད་པའི་གོ་བ་འདི་གསུམ། ཁྱད་མི་སྣང་ཞེ་ན་ཁྱད་ཡོད་དེ། དངོས་ལྔའི་སྟོན་པ་སངས་རྒྱས་རང་ཡིན་ལ། འཁོར་ཚོགས་སྦྱོར་བ་ཡིན། རྟོགས་པའི་རྟོགས་གྲོལ་ཐར་པ་དུས་མཉམ་པ་སྟེ། མ་སྐྱེས་དགྲ་ལྟ་བུའོ། ༈ །ཚུལ་གྱི་སྐབས་ན། སྟོན་པ་དང་ཚུལ་མཐུན་པ་བླ་མ་རྟོགས་ལྡན་གཅིག་ཡིན་ལ། རང་འཁོར་ཐ་མལ་པ་ལ། རྟོགས་པའི་ངོ་བོ་ཡང་། སེམས་ཇི་བཞིན་པ་རྟོགས་ཀྱང་རྗེས་ཤེས་མ་ཟད། ༈ །ཚིག་གིས་སྐབས་ན། དཔྱད་དུ་མེད་པའི་གོ་བ་ཡང་། དཔྱད་མ་དགོས་པར་གོ་ཡང་། གོང་མ་ལ་ལྟོས་ན་རྟོགས་པ་ཅི་བཞིན་པ་མིན་ནོ། །འདི་རྣམས་ཀྱི་དོན་རྒྱས་པར་གཞུང་ཁོག་པ་འགྲེལ་དུས་གསལ་ལོ། ༈ །རྒྱས་པར་བཤད་པ་ལ་གསུམ། སྔོན་བྱུང་དངོས་ལྔའི་གཏན་ཚིགས་དང་། དེ་དང་ཚུལ་མཐུན་པར་གོ་ཚུལ་གྱི་གཏན་ཚིགས་དང་། དངོས་དང་ཚུལ་གྱི་གཏན་ཚིགས། ཚིག་གིས་གཏན་ཚིགས་ལ་དབབ་པའོ། །དང་པོ་ནི། མདོར་བསྟན་གྱི་སྐབས་ན་གཏན་ཚིགས་གསུམ་ཡོད་པ་དེ་ལ་གཏན་ཚིགས་དངོས་སྐུ་ལྔ་ཡི་འཁོར་ལྔ་ལ། དངོས་སུ་དེ་ཁོ་ན་ཉིད་བརྡའ་སྤྲད་ཅིང་དེའི་རྗེས་སུ་ཕྱི་རབས་ཀྱི་བློ་དང་ལྡན་པ་རྣམས་འཇུག་ཅིང་བསྟན་པ་འབྱུང་བའང་། དཔེར་ན་གསེར་ཡིན་ནམ་མིན་བསྲེག །ལྷ་ཡོད་མེད་བཅད། ར་ཡོད་མེད་བརྡར་ནས་བརྟག་པའི་གསེར་དུ་འདུག་པ་མ་ནོར་བར་གཏན་ལ་ཕབ་པ་བཞིན་དུ་གཏན་ཚིགས་རྗེས་འཇུག་རྣམས་ཀྱི་དངོས་ལྔས་ལེགས་པར་བརྟག་སྟེ་གཏན་ལ་དབབ་པར་བྱའོ། །ཚུལ་ལ་གཉིས། བགྲང་། མདོར་བསྟན་དང་། དྲང་། དེ་ལྟར་དངོས་ལྔའི་རྗེས་སུ་ཚུལ་ལྔ་ཡིས་འཁོར་བ་དེ་དང་མྱ་ངན་ལས་འདས་པ་དེ་གཉིས་ལ། འཁོར་བ་དེ་དང་འདས་པ་དེའི་རང་བཞིན་ཇི་ལྟར་ཡིན་པ་བརྟག་པར་བྱ་བའང་། རྒྱས་པར་བཤད་པ་དེ་ལ་དྲུག །འགྲང་། ངོ་བོ་ཉིད་ཀྱི་གསུང་གིས་ཚུལ་རང་གསལ་ངོ་བོ་ཉིད་ཀྱི་གཏན་ཚིགས་དང་། དྲང་། ཚུལ་གྱིས་གཏན་ཚིགས་སྐབས་འདིར་དོན་བཞི་ལ་གོ་དགོས་ཏེ། སྟོན་པའི་ཚུལ། འཁོར་གྱི་ཚུལ། ཆོས་འཁོར་བསྐོར་བའི་ཚུལ། དོན་རྟོགས་ཚུལ་དང་བཞིའོ། །ཆོས་ཉིད་ཀྱི་དོན་རྟོགས་སུ་རུང་བ་དང་ལྡན་པའི་རྣལ་འབྱོར་པ་བློ་མཆོག་ཏུ་གྱུར་པ་རྣམས་ལ། འཁོར་གྱི་ཚུལ་ལོ། །ཕྱི་ནང་གི་དངོས་པོ་སྣ་ཚོགས་སུ་སྣང་བ་འདི་ཉིད་སེམས་ཉིད་ཀྱི་དཀྱིལ་འཁོར་རིག་པ་རང་སྣང་བ་གསང་སྔགས་ཀྱི་དགོངས་པ་ཡིན་པ་ནི་སྟོན་པའི་ཚུལ་ལོ། །དེ་ལྟར་གསང་སྔགས་ཀྱི་ངོ་བོ་དེ་ནི་སྒྲོ་སྐུར་དུ་བྲལ་བས་ངེས་པ་དོན་གྱི་ལུང་ཡིན་པའི་ཕྱིར། དངོས་པོ་མཐོང་ཐོས་ཐམས་ཅད་ཀྱིས་ཆོས་ཚུར་ལ་སྟོན་པ་ནི། ཆོས་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལོ། །དེ་ཡང་ཚིག་ཏུ་བརྗོད་པ་མེད་པར་བརྗོད་པ་དང་འདྲ་བར་ཡུལ་མེད་རང་གསལ་དུ་བརྡའ་སྤྲད་པས་གོ་ཞིང་རྟོགས་པ་ནི། རྟོགས་ཚུལ་ལོ། །དེ་རང་གསལ་ངོ་བོ་ཉིད་ཀྱིས་བཤད་པའི་ཕྱིར། མ་འོངས་པའི་གདུལ་བྱའི་དོན་དུ་གཏན་ཚིགས་ངེས་སོ། ༈ །ཆོས་སྐུའི་གསུང་གི་ཚུལ་སྐྱེ་མེད་དོན་གྱི་གཏན་ཚིགས་དང་། དྲང་། ཡང་ན་སྔར་གྱི་དེ་ཡང་ཡིན་ལ། འདི་ཡང་ཡིན་པས་ཡང་ཞེས་བྱའོ། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་འདྲ་བར་ཤེས་རབ་ཀྱིས་མིག་དང་ལྡན་པ་ནི། འཁོར་གྱི་ཚུལ་ཡིན་ལ། རྟོགས་པ་རང་བཞིན་ཤུགས་ཀྱིས་སྐྱེ་བ་མེད་པའི་དོན་མངོན་སུམ་དུ། ཆེད་དུ་མ་བརྩལ་བར་རང་བཞིན་ངང་གི་མངོན་སུམ་དུ་སྣང་བར་བྱེད་པ་ནི། ཆོས་འཁོར་བསྐོར་བའི་ཚུལ་ལོ། །སྣང་བར་བྱེད་པ་དེའང་ཚིག་ཏུ་བརྗོད་པ་མེད་ཀྱང་དེ་ཉིད་སྐྱེ་མེད་རང་སྣང་དུ་རྟོགས་ཤིང་བརྗོད་པ་དང་འདྲ་བར་བརྡ་སྤྲད་པ་ནི་རྟོགས་ཚུལ་ལོ། ༈ །ལོངས་སྐུའི་གསུང་གི་ཚུལ་དགོངས་པ་བརྡའི་གཏན་ཚིགས་དང་། དྲང་། བློ་དང་ལྡན་པ་གང་དག་འཁོར་གྱི་ཚུལ། ཕྱི་རང་བཞིན་བརྡའ་གཟུགས་ཀྱིས་ཆོས་སྟོན་པ་དང་། ནང་རྣལ་འབྱོར་གྱིས་བརྡའི་ཆོས་བསྟན་པ་སྟེ། སྟོན་པའི་ཚུལ་ཏེ། ཕྱི་གཟུགས་ཀྱི་ཆོས་སྟོན་ལུགས་གང་ཞེ་ན། མཐོང་ཐོས་ལ་སོགས་རང་བཞིན་བརྡའ་ཞེས་པས། མཐོང་བ་གཟུགས་ལ། དབྱིབས་དང་། ཁ་དོག་གཉིས། ཁ་དོག་ལ། ཁ་དོག་ལ་ནག་པོ་འགྱུར་བ་མེད་པ། དཀར་པོ་དྲི་མ་མེད་པར་རྟོགས་པ་དང་། དབྱིབས་ལ་ཟླུམ་པོ་སྤྲོས་པ་དང་བྲལ་བ་ལ་སོགས་པ་རྟོགས་པའོ། །གཞན་ཡང་རྣ་བས་སྒྲ་ཐོས་པ་ལ་སོགས་པ་གཟུགས་སྣང་གིས་ཆོས་ཐམས་ཅད་ཀྱིས་རྐྱེན་བྱས་ནས་དོན་རྟོགས་པ་ཡིན་ནོ། ༈ །འོ་ན་ངོ་བོ་ཉིད་ཀྱི་ཚུལ་དང་འདི་གཉིས་འདྲེས་སོ་ཞེ་ན། ངོ་བོ་ཉིད་ཀྱི་སྐབས་ན། དངོས་པོ་སྣ་ཚོགས་ཆོས་ཐམས་ཅད་བརྟགས་དཔྱད་མ་དགོས་པར། ཆོས་སྐུའི་ངོ་བོ་ལྷག་གིས་ཤར་བ་དང་། འདིར་དཀར་པོ་དྲི་མ་མེད་པ། ནག་པོ་འགྱུར་བ་མེད་པའི་བརྡ་ལ་བརྟེན་ནས། རྟོགས་དགོས་པར་ཤེས་པར་བྱའོ། །རྣལ་འབྱོར་ནང་གིས་བརྡའི་མཚན་པ་རྟོགས་པ་ནི། དཔའ་བོ་བརྡའ་དང་ཞེས་པ། བླ་མས། བསམ་གཏན་གྱི་ཆོས་དྲུག་བཅའ་ཞིང་མཉམ་པར་བཞག་པས་དོན་རྟོགས་ནུས་པ་དང་། དགོངས་པ་དང་ཞེས་པ། དགོངས་པ་ལ་མཉམ་པར་བཞག་པའི་བརྡའ་ཡིས་དོན་རྟོགས་པ་དང་། རང་གི་ཏིང་ངེ་འཛིན་གྱི་འཆར་ལུགས་དམིགས་པ་ལ་བརྟེན་ནས། མི་དམིགས་པ་སྐྱེ་བ་དང་། ཞི་གནས་ལ་བརྟེན་ནས་ལྷག་མཐོང་སྐྱེ་བ་རྣམས་ནི། ཆོས་འཁོར་བསྐོར་བའི་ཚུལ་ལོ། །ཚིག་ཏུ་མ་བརྗོད་ཀྱང་བརྗོད་པ་དང་འདྲ་བར་དོན་དང་བརྡའ་སྤྲད་ཅིང་རྟོགས་པར་བྱེད་པ་ནི། གོ་ཚུལ་ལོ། །འདི་རྣམས་ལ་རང་བཞིན་གྱི་བརྡའ་ལ་བརྟེན་ནས། དབང་ཡུལ་རྣམ་ཤེས་ལམ་དུ་ཁྱེར་བ་དང་། དཔེའི་བརྡའ་ལ་བརྟེན་ཏེ། ལྟ་སྟངས་ལམ་དུ་ཁྱེར་བ་དང་། དགོངས་པའི་བརྡའ་ལ་བརྟེན་ཏེ། དཔེར་ནམ་མཁའ་དོན་རིག་པ་དོན་ལམ་དུ་ཁྱེར་བ་དང་། ཏིང་ངེ་འཛིན་གྱི་བརྡའ་ལ་བརྟེན་ཏེ། ཉམས་ལྔ་ལམ་དུ་ཁྱེར་བའི་གནད་ཡིན་ནོ། །མངོན་པར་བྱང་ཆུབ་པའི་སྐུའི་གསུང་གི་ཚུལ་རིགས་པ་བྱིན་རླབས་ཀྱི་གཏན་ཚིགས་དང་། དྲང་། ཆོས་སྟོན་ཚུལ་དཔེར་ན་ས་འོག་ན་གསེར་ཡོད་པའི་རླངས་པ་ནམ་མཁའ་ལ་འཆར་བ་དང་། མེ་ལོང་ཉི་མ་ལ་བཞག་པའི་ངད་ཀྱིས་མེ་ཐོན་པ་བཞིན་དུ། འཁོར་འདས་ཀྱི་ཆོས་ཀུན་ཀྱང་རང་བྱུང་གི་ཡེ་ཤེས་རིག་པ་རང་སྣང་བའི་ཕྱིར། རང་བཞིན་ངང་གིས་རིག་པ་དྲོད་འབྱུང་ཞིང་ཆེད་དུ་མ་བརྩལ་བར་རང་བཞིན་ངང་གིས་རྟོགས་པ་ནི་ཆོས་འཁོར་བསྐོར་བའི་ཚུལ། ཚིག་ཏུ་མ་བརྗོད་ཀྱང་བརྗོད་པ་དང་འདྲ་བར་ཡེ་ཤེས་རང་གསལ་དུ་བློ་ལ་སྣང་ཞིང་རྟོགས་པ་ནི། གོ་ཚུལ་ལོ། །རྡོ་རྗེའི་སྐུའི་གསུང་གིས་ཚུལ་གྲགས་སྟོང་དབྱེར་མེད་ཀྱི་གཏན་ཚིགས་དང་། དྲང་། འཁོར་འདས་ཀྱི་ཆོས་ཀུན་ཀྱང་སྣང་སྟོང་གྲགས་སྟོང་དབྱེར་མེད་བྲག་ཆའི་སྒྲ་བཞིན་ཡིན་པའི་ཕྱིར་ཆོས་སྟོན་ཚུལ། གྲགས་སྟོང་དབྱེར་མེད་དེ་རྡོ་རྗེ་སྐུའི་གསུང་དང་ཚུལ་མཐུན་པར་སྒྲ་ཐོས་པ་ཙམ་ཉིད་ཀྱིས་གྲགས་སྟོང་དབྱེར་མེད་དེ་ཉིད་དུ་ཚིག་དོན་སོ་སོར་མ་བརྟག་པར་དོན་མཇལ་ཞིང་གོ་བར་བྱེད་པའོ། །སྤྲུལ་པའི་སྐུའི་གསུང་གིས་ཚུལ་བསྟན་པའོ། །དྲང་། དོན་དཔེར་བླངས་ན་ཆོས་སྟོན་ཚུལ་ནི། སྔོན་བྱུང་དུ་སྟོན་པ་སྤྲུལ་པའི་སྐུའི་བརྗོད་པ་ཚིག་གིས་གསུང་དབྱངས། ཡན་ལག་སུམ་བརྒྱ་དྲུག་བཅུ་དང་ལྡན་པ་ཤིན་ཏུ་སྙན་པའི་དཔེ་འཇིག་རྟེན་གྱིས་མྱེས་པོ་ཚངས་པའི་སྐད་དམ་ངག་ལྟ་བུའི། ལྷ་ལ་ལྷའི་སྐད། ཀླུ་ལ་ཀླུའི་སྐད་ལ་སོགས་པ། འགྲོ་བ་སོ་སོའི་སྐད་དུ་ཆོས་བསྟན་ནས་གོ་བརྡའ་སྤྲད་པ་ལྟར། རྗེས་འཇུག་ཏུ་རང་གིས་བླ་མ་དམ་པས་ངག་སྙན་པའི་སྒོ་ནས་རང་རང་གིས་སྐད་རིགས་དང་སྦྱར་ནས་དམ་པའི་ཆོས་བློ་དང་མཚམས་ཚད་དུ་སྟོན་པའོ། །སྔོན་བྱུང་དེ་ལྟར་བསྟན་པས་མོས་པ་སྤྱོད་པའི་ས་ལ་གནས་པ་རྣམས་གྲོལ་བར་བྱེད་པ་བཞིན་དུ། རྗེས་འཇུག་དེ་དང་ཚུལ་མཐུན་པར། རང་གིས་བླ་མས་ཆོས་ཟབ་མོ་ཚིག་ཏུ་བརྗོད་པ་ཡིས་སློབ་བུ་ལ་ཆོས་ཉིད་ཀྱི་དོན་བརྡའ་སྤྲོད་ཅིང་སྐལ་ལྡན་རྣམས་རྒྱུད་ཡོངས་སུ་གྲོལ་བར་བྱེད་པའོ། ༈ །ཚུལ་ལྔ་འདི་ཉིད་གང་ཟག་དབང་པོ་རབ་ལ་སྣང་སྲིད་འདིས་སྟོན་པ་བྱས་ནས། ཆོས་ཉིད་ཀྱི་དོན་རྟོགས་པ་བྱུང་། ཚིག་ལྔ་ནི། ཆོས་ཉིད་མ་བཅོས་མ་སླད་པར་སྟོན་པའི་ཚིག་ནི། ངོ་བོ་ཉིད་ཀྱི་སྐུའི་ཚིག་གོ། །སྐྱེ་མེད་བརྗོད་མེད་དུ་སྟོན་པའི་ཚིག་ཐམས་ཅད་ནི། ཆོས་སྐུའི་ཚིག་གོ། །རིག་པ་རང་གསལ་ལམ་ཡེ་ཤེས་ལྔར་སྟོན་པའི་ཚིག་ཐམས་ཅད་མངོན་པར་བྱང་ཆུབ་པའི་སྐུའི་ཚིག་གོ། །དབྱེར་མེད་སྟོན་པའི་ཚིག་ཐམས་ཅད། རྡོ་རྗེའི་སྐུའི་ཚིག་གོ། །བརྡ་དང་ལྡེམ་དགོངས་སྟོན་པའི་ཚིག་ཐམས་ཅད། ལོངས་སྐུའི་ཚིག་གོ། །བཀྲི་དྲང་སྟོན་པའི་ཚིག་ཐམས་ཅད། སྤྲུལ་སྐུའི་ཚིག་གོ། །ཐབས་ལམ་སྟོན་པའི་ཚིག་ཐམས་ཅད་གསང་བའི་སྐུའི་ཚིག་གོ། །དེ་ནི་ལོངས་སྐུའི་ཚིག་ཏུ་བསྡུས་པས་ཚིག་ལྔ་ཞེས་བྱའོ། ༈ །ཚིག་གིས་གཏན་ཚིགས་ལ་གསུམ། བགྲང་། ཚིག་གིས་མཚོན་པའི་དགོས་ཆེད་དང་། དྲང་། རྟེན་གྱི་གང་ཟག་ལས་དང་པོའི་ཤེས་རྒྱུད་ལ་ཤེས་རབ་ཀྱི་དབང་པོ་རྣོ་རྟུལ་དང་། རིགས་ཀྱིས་མོས་པ་བྱེ་བྲག་མི་མཐུན་པ་བློ་རིགས་ཐ་དད་ཡོད་པའི་ཕྱིར་ཐབས་ལམ་གྲོལ་ལམ་གང་མོས་ཀྱིས་སྒོ་ནས་གྲོལ་བ་ཡོད་མོད་ཀྱང་། འདིར་གྲོལ་ལམ་བཤད་ཟེར་ཡང་། གཞུང་ལ་བརྟག་ན། གང་ཟག་ཤེས་རབ་ཆེ་ཞིང་བློ་རྣོ་བ་དང་། ཚུལ་ལྔའི་གཏན་ཚིགས་ཀྱི་སྒོ་ནས་གྲོལ་བ་ཡོད་མོད་ཀྱང་། ཤེས་རབ་ཆུང་ཞིང་བློ་རྟུལ་བ་འགའ་ཞིག་གིས། ཚིག་གིས་གཏན་ཚིགས་ལ་མོས་པའི་གང་ཟག་རྣམས་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱི་མཉམ་པ་ཉིད་ལ་སྦྱོར་ཞིང་རྟོགས་པའི་ཐབས་ཡོད་ཀྱིས། ཐོས་བསམ་སྒོམ་གསུམ་དེ་ལ་ཡང་། དམིགས་པ་ཡུལ་གྱི་ཁྱད་པར་དང་། སྒྲོ་འདོགས་གཅོད་པའི་ཁྱད་པར་གཉིས་སུ་ཕྱེ་དགོས་སོ། །དང་པོ་ནི། ཐོས་པའི་ཤེས་རབ་ཀྱིས། མིང་ལ་དམིགས། བསམ་པས། མིང་དོན་གཉིས་ཀ་ལ་དམིགས། སྒོམ་པས་དོན་འབའ་ཞིག་ལ་དམིགས་པའོ། །གཉིས་པ་ནི། ཐོས་པས་སྤངས་བྱ་དང་། གཉེན་པོ་ངོས་ཟིན་ཏེ། སྤངས་བླངས་དམིགས་ཕྱེད། བསམ་པས། སྤང་བྱ་ཤེས་སྨད། སྒོམ་པས། སྤངས་བྱ་མི་མཐུན་པའི་ཕྱོགས་རྩ་བ་ནས་དག་པར་བྱེད་པའོ། །དེ་བས་ན། ཐོས་པའི་ཤེས་རབ་ཀྱིས་གཞུང་གི་ཚིག་ཐོས། བསམ་པའི་ཤེས་རབ་ཀྱིས་ཚིག་དེའི་དོན་རྟོགས། སྒོམ་པའི་ཤེས་རབ་ཀྱིས་དོན་ལ་མཉམ་པར་བཞག་པས། འབྲས་བུ་གཞན་ནས་འོང་བ་མ་ཡིན་པར་རང་གི་རིག་པ་ལས་བྱུང་བས་རང་བྱུང་ཞེས་བྱ། རང་དང་སངས་རྒྱས་དབྱེར་མེད་དུ་རྟོགས་སམ། རྒྱལ་བའི་དལ་ཀུན་འགྲུབ་པར་བྱེད་པས་ཀུན་ངམ་ཞེས་བྱའོ། །མཐར་ཐུག་གི་འབྲས་བུ་མངོན་སུམ་དུ་འགྲུབ་པར་བྱེད་པའི་ཕྱིར། དོན་དམ་ཆོས་ཉིད་ཅིར་ཡང་མི་དམིགས་པའི་ངང་ཡིན་ལ་བབ་ཀྱང་། བློ་རྟུལ་པོ་གཏན་ཚིགས་ལ་བརྟེན་ནས་དོན་ལ་དམིགས་པའི་ཆོ་འཕྲུལ་བརྗོད་པ་ཚིག་གི་སྒོ་དང་། ཚིག་དེ་ཡང་ཡི་གེ་ཡིས་མཚོན་ཅིང་རྟོགས་པར་བྱའོ། །དངོས་དང་ཚུལ་གྱི་རྗེས་སུ་ཚིག་གིས་མཚོན་པར་གདམས་པ་དང་། དྲང་། སྐུ་ལྔ་ལ་གསུང་ལྔ་དངོས་སུ་ཐོས་པ་དང་། དངོས་ལྔ་དེ་ཡང་ཚུལ་མཐུན་པར་གོ་བས་ཚུལ་ལྔ་བྱུང་ཡང་། དེ་གཉིས་ཀྱི་རྗེས་སུ་ཚིག་གིས་མཚོན་པར་བྱ་བ་ནི། འོག་ནས་རྒྱས་པར་སྟོན་ཏོ། ༈ །ཚིག་གིས་གཏན་ཚིགས་གཏན་ལ་འབེབས་ཚུལ་གཉིས། སྤྱིར་རྒྱལ་བ་སྐུ་བདུན་གྱིས་གསུང་མཚོན་པའི་ཚིག་གིས་གཏན་ལ་དབབ་པ་དང་། བྱེ་བྲག་ཏུ་སྤྲུལ་སྐུའི་ཚིག་གིས་བློ་དང་སྦྱར་ཏེ་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། མདོར་བསྟན་དང་། རྒྱས་པར། དང་པོ་མདོར་བསྟན་ནི། ངོ་བོ་ཉིད་རང་སྣང་དུ་སྟོན་པ་ངོ་བོ་ཉིད་ཀྱི་སྐུའི་གསུང་གི་ཚིག་དང་། སྐྱེ་མེད་རང་སྣང་དུ་སྟོན་པ་ཆོས་སྐུའི་ཚིག་དང་། ལྡེམ་དགོངས་ཀྱི་བརྡའི་ཆོས་ཉིད་མཚོན་པ་ལོངས་སྐུའི་ཚིག་དང་། གང་ཟག་ལམ་ལ་བཀྲི་ཞིང་དྲངས་བའི་ཐབས་སུ་རྒྱུད་ཚིག་ཏུ་སྟོན་པ་སྤྲུལ་སྐུའི་ཚིག་དང་། འདོད་པ་རང་རྐྱེན་དུ་སྟོན་པ་གསང་བའི་སྐུའི་ཚིག་དང་། ཆོས་ཐམས་ཅད་དབྱེར་མེད་དུ་སྟོན་པ་རྡོ་རྗེའི་སྐུའི་ཚིག་དང་། ཆོས་ཉིད་རང་རིག་མངོན་གསལ་དུ་སྟོན་པ་མངོན་པར་བྱང་ཆུབ་པའི་སྐུའི་ཚིག་གིས་དོན་མཚོན་པའོ། །འདི་རྣམས་ནི། རྣམ་མཁྱེན་སངས་རྒྱས་ཀྱི་སྣོད་སྒོ་བཞིར་གཟིགས་ནས་ཆོས་བསྟན་པ་ཡིན་ཏེ། མདོ་དགོངས་པ་འདུས་པ་ལས། མཐའ་མེད་པ་ཡི་གྲོགས་གང་དག ། འདི་དག་སྣོད་བཞི་ཁོ་ནར་གཟིགས། །ཞེན་ཆགས་ཅན་དང་ལོག་སྲེད་ཅན། །བློ་གྲོས་ཅན་དང་རིགས་རྒྱུད་ཅན། །འདོད་ཁྲིད་ཐབས་སུ་ངེས་པར་སྦྱོར། །ཞེས་གསུངས་པས། ལོག་སྲེད་ཅན་གྱི་གདུལ་བྱ་ལ་སྟོན་པ་སྤྲུལ་པའི་སྐུས་བཀྲི་དྲང་བརྒྱུད་པའི་ཚུལ་དུ་བསྟན། ཞེན་ཆགས་ཅན་གྱི་གདུལ་བྱ་ལ། སྟོན་པ་གསང་བའི་སྐུས། འདོད་པ་རང་རྐྱེན་གྱི་ཚུལ་དུ་བསྟན། རིགས་རྒྱུད་ཅན་གྱི་གདུལ་བྱ་ལ། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུས། ལྡེམ་དགོངས་མན་ངག་གི་ཚུལ་དུ་བསྟན། བློ་གྲོས་ཅན་གྱི་གདུལ་བྱ་ལ། སྟོན་པ་ཆོས་ཀྱི་སྐུས། དོན་དམ་ངེས་པའི་ཚིག་ཏུ་བསྟན། མདོར་ན་གདུལ་བྱ་ཐམས་ཅད་བློ་སྒོ་བཞི་རེ་གཟིགས་ནས་རང་རང་བློ་དང་འཚམས་པར་ཆོས་སྟོན་ཏོ། །དེ་ལྟར་བསྟན་པའི་མདོ་དང་། རྒྱུད་རྣམས་ལ་བརྟེན་ནས། བློ་ཕྱོགས་ལྷུང་ཅན་གྱི་གང་ཟག་རྣམས་ཀྱིས། དྲང་། ལུང་དང་། ལྡེམ་ལུང་དང་། དགོངས་ལུང་དང་། ངོས་ལུང་རྣམས་ཀྱི་དགོངས་པ་ལེན་མ་ཤེས་པར་རང་གི་བློ་དང་གང་མཐུན་གྱི་ལུང་རྣམས་ལ། ངེས་པའི་དོན་སྟོན་པའི་ལུང་དུ་འདུ་ཤེས་ནས། ཕྱོགས་ལྷུང་གི་བློས་མཐར་འཛིན་གྱི་གྲུབ་མཐའ་སྣ་ཚོགས་བཟུང་མོད་ཀྱང་། ངེས་པའི་གྲུབ་མཐའ། མཐའ་བཞི་རྣམ་གྲོལ་གཅིག་པུ་ལས་མེད་པར་རིག་པར་བྱའོ་གསུང་། རྒྱས་པར་བཤད་པ་ལ་བདུན། བགྲང་། ངོ་བོ་ཉིད་ཀྱི་གསུང་མཚོན་པ་རང་གསལ་ངོ་བོ་ཉིད་ཀྱིས་ཚིག་དང་། དྲངས། འཁོར་འདས་ཀྱི་ཆོས་ཐམས་ཅད་གསང་སྔགས་ཀྱི་དོན་ངོ་བོ་ཉིད་རང་སྣང་བའི་ཕྱིར། ངོ་བོ་དེ་ལ་མཐའ་ངན་པ་དང་དབུས་བཟང་པོ་ཞེས་བྱ་བ་མེད། ཆོས་ཉིད་དེ་བཞིན་ཉིད་དབྱེར་མེད་པའི་ངང་དུ་ཡེ་ནས་གནས་པ་ལ་རང་བྱུང་གི་ཡེ་ཤེས་ལྔར་རྟོགས་པར་འདོད་པའི་དོན་བྱ་བའི་ཕྱིར་ཕྱོགས་བཞི་དབུས་དང་ལྔས་མཚོན་ནས། ཡེ་ཤེས་ལྔ་རུ་གནས་པར་བྱའོ། །དེ་བཞིན་དུ་ཁ་དོག་ལྔ་ལ་སོགས་ཀུན་ལ་དེ་ལྟར་ཡེ་ཤེས་ལྔར་འབྱོར་པར་གྱིས་ཤིག་ཅེས་པ་གདམས་པའོ། །འོ་ན་ངོ་བོ་ཉིད་ཀྱི་སྐུའི་ཚུལ་དང་། ཚིག་ལ་ཁྱད་ཅི་ཡོད། གཉིས་ཀ་སེམས་ཉིད་རང་སྣང་དུ་འདུག་པའི་ཕྱིར། ཞེ་ན། སེམས་ཉིད་རང་སྣང་ཙམ་དུ་འདྲ་ཡང་ཚུལ་ནི། ཆོས་ཉིད་རང་སྣང་རྟོགས་པའི་ཆ་ནས་བཞག །ཚིག་ནི། གཞུང་ན་ཆོས་ཐམས་ཅད་མ་བཅོས་པའི་ཆོས་ཉིད་རང་སྣང་དུ་སྟོན་པའི་ཆ་ནས་བཞག་པ་ཡིན་ནོ། ༈ །ཆོས་སྐུའི་གསུང་མཚོན་པ་སྐྱེ་མེད་དོན་གྱི་ཚིག་ཏུ་བསྟན་པ་དང་། དྲང་། ཡི་གེ་དང་ཚིག་དང་སྒྲའི་ཐ་སྙད་སྤང་པའི་ཕྱིར། ཚིག་ཏུ་བརྗོད་དུ་མེད་པའི་སྐྱེ་མེད་ཀྱི་ངང་དུ་གནས་པ་ནི་ཆོས་སྐུའི་གསུང་ཉིད་རང་བཞིན་སྐྱེ་བ་མེད་པ་ཡིས་དངོས་སུ་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་ཡེ་ནས་རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཉིད་རྣམ་པར་མི་རྟོག་པའི་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་ཟིན་པས་ན་བརྗོད་པའི་སྒྲ་དང་མཚོན་པའི་ཚིག་ལ་དོན་ཇི་ལྟ་བ་བཞིན་གནས་པ་མིན། གནས་པ་མིན་པ་དེ་དག་ཆོས་སྐུའི་གསུང་བརྗོད་མེད་སྤྲོས་བྲལ་མཚོན་པའི་ཚིག་གོ། །མངོན་པར་བྱང་ཆུབ་པའི་སྐུའི་གསུང་མཚོན་པ་རིག་པ་བྱིན་རླབས་ཀྱི་ཚིག་དང་། དྲང་། མྱ་ངན་ལས་འདས་པ་དང་མ་འདས་པ་འཁོར་བའི་ཆོས་ཀྱི་བསྡུས་པ་དུས་གསུམ་གྱི་ཆོས་རྣམས་ཐམས་ཅད་ཀུན། ཡང་དག་པའི་ཤེས་པས་རབ་ཏུ་བརྟག་ན་རང་བཞིན་ཕྱོགས་གཅིག་གང་ཡང་གྲུབ་པ་མེད་པ་ལ། ཕྱོགས་མེད་ཅིར་ཡང་སྣང་། སྣང་བའི་དུས་ཉིད་ན་མུ་མཐའ་མེད་པ་ཆོས་ཀྱི་དབྱིངས་ཡིན་ཏེ། དེ་ལྟར་རིག་ཅིང་རྟོགས་པའི་ཤེས་པ་ནི། ཀུན་ལ་དབང་ཡེ་ཤེས་དེས་བསྒྱུར་ཞིང་རིག་པ་ལ་རང་དབང་ཐོབ་པས་རང་དབང་ཅན་ཞེས་བྱའོ། །ཡེ་ཤེས་ཀྱི་ཚིག་གསལ་བའི་དཔེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཚིག་གིས་སྒྲ་ཡིས་མཚོན་ནས་དོན་གསལ་བ་བྱེད་པ་ལྟར། ཡེ་ཤེས་སུ་གསལ་བར་གནས་པའོ། །དེ་ལྟར་ཡེ་ཤེས་སུ་གནས་པ་འདི་ནི་རང་བྱུང་གི་ཡེ་ཤེས་རིག་པའི་གསུང་ཡིན་པས་ན་གསུང་གི་ཆེ་བའི་མཆོག་ཡིན་ནོ། ༈ །རྡོ་རྗེའི་སྐུའི་གསུང་མཚོན་པ་གྲགས་སྟོང་དབྱེར་མེད་ཀྱི་ཚིགས་དང་། དྲང་། འཁོར་འདས་ཀྱི་ཆོས་རྣམས་བསམ་གྱིས་མི་ཁྱབ་སྟེ་སྣང་བ་སྣ་ཚོགས་སེམས་སུ་གཅིག་པའི་ཕྱིར་མཐའ་དང་དབུས་གཉིས་སུ་མེད་པའི་འགྲོ་འོང་མེད་པར་འཁོར་འདས་ཀུན་ལ་ཆོས་ཉིད་དུ་ཁྱབ་ལ། འོ་ན་ཁྱབ་བྱ་ཁྱབ་བྱེད་ཡོད་དམ་ཞེ་ན། ཁྱབ་བྱ་དང་ཁྱབ་བྱེད་གཉིས་སུ་མེད་དབྱེར་མེད་རྡོ་རྗེའི་སྐུ་འབྱུང་བ་དང་སྐྱེ་འགྲོ་ལ་སོགས་པའི་སྒྲ་སྐད་སྣ་ཚོགས་བསྒྲགས་པ་ཡང་དངོས་པོར་གྲུབ་པ་མེད་པ་ལས་དངོས་པོའི་སྒྲ་སྐད་སྣ་ཚོགས་བྱུང་སྟེ། དཔེ་ཇི་ལྟར་ཞེ་ན་པི་ཝཾ་དེ་ཉིད་སྐྱེས་བུའི་ལག་ཏུ་ཐོགས་ནས་བསྒྱུར་ན། སྒྲ་སྐད་ཀྱི་རྣམ་པ་ནི་མི་མཐུན་པའི་བྱེ་བྲག་སྣ་ཚོགས་པ་འབྱུང་བར་འགྱུར་ཡང་། སྒྲ་དེ་གཞུ་རྒྱུད་ལས་བྱུང་ངམ། གཞུ་ལས་བྱུང་བརྟག་ན། འདི་ལས་བྱུང་བའི་དངོས་པོ་མེད་དེ། དཔེ་དེ་བཞིན་དུ་སྒྲ་རྣམས་གྲགས་པའི་དུས་ན་ངོ་བོ་སྟོང་པ་གཉིས་མེད་དེ་བཞིན་ཉིད་དུ་སྟོན་པའོ། །མདོར་ན་གཞུང་ན་གྲགས་པའི་སྣང་སྟོང་དབྱེར་མེད་གར་སྟོན་པ་ཐམས་ཅད་རྡོ་རྗེའི་སྐུའི་ཚིག་ཡིན་ནོ། ༈ །ལོངས་སྤྱོད་རྫོགས་པའི་སྐུའི་གསུང་མཚོན་པ་ལྡེམས་དགོངས་མན་ངག་གི་ཚིག་དང་། དྲང་། འདི་ནི་དོན་དཔེར་བླང་བ་ཡིན་ཏེ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་སྤྲུལ་སྐུའི་ཚིག་ཏུ་གསུང་པ་དེ་བཞིན་དུ་ལོངས་སྐུ་བརྡའི་གསུང་མཆོག་ཚིག་ཏུ་མི་སྨྲ་སྟེ། འོ་ན་དེས་ཆོས་ཇི་ལྟར་དུ་སྟོན་ཞེ་ན། སྐུའི་བརྡའི་ཆོས་རྣམས་འཁོར་གྱི་བློ་ལ་མཇལ་བར་སྟོན་པའོ། །དཔེར་ན་མེ་ལོང་ནང་དུ་གཟུགས་བརྙན་ཤར་བས་བྱད་ཀྱི་དྲི་མ་ངོས་ཟིན་པ་བཞིན་དུ་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བལྟས་པས་སྟོན་པའི་ཡོན་ཏན་མ་བསྒྲིབ་པར་སྣང་ནས། བྱང་ཆུབ་སེམས་དཔའ་རང་གི་རྒྱུད་ལ་སྒྲིབ་པ་གང་ཡོད་ངོས་ཟིན་ཏོ། །ལོངས་སྐུ་འདིས་འཁོར་ལ་བརྡའ་སྤྲད་ལུགས་ནི། དེ་པ་ནི་ཡེ་ཤེས་སྒྱུ་མའི་སྒྲ་ཡིན་པས། གཅིག་དང་དུ་མ་ལས་གྲོལ་ལ། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་ལུས་གཅིག་དང་དུ་མ་ལས་མ་གྲོལ། དེ་པ་ཁ་སྦྱོར་གྱི་བདེ་བ་ལ་གནས་ཀྱང་། འཛིན་པ་མེད་པ་ལས་གྲོལ་ལ། རང་ཉིད་ཁ་སྦྱོར་གྱི་བདེ་བ་ལ་གནས་ནས་འཆིང་བར་འདུག །དེ་པ་ལ་མཉམ་རྗེས་མེད་པ་ལ། རང་ཉིད་ལ་མཉམ་རྗེས་ཡོད། དེ་པའི་སྐུ་ལ་མདུན་རྒྱབ་མེད་པ་ལ། རང་ཉིད་ལ་མདུན་རྒྱབ་ཡོད་པ་ལ་སོགས་པས་ཤེས་དགོས་སོ། །འོ་ན་ཚིག་འདི་དངོས་ཀྱི་སྐབས་སུ་བྱུང་བས། ཚིག་ཏུ་བསྟན་པ་འགལ་ལོ་ཞེ་ན། མི་འགལ་ཏེ། དངོས་ཀྱི་སྐབས་ན་ལོངས་སྐུ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ། དེ་ལྟར་བརྡའ་དངོས་སུ་སྤྲད་པ་ཡིན་ལ། འདིར་བཤད་པ་ནི། སྟོན་ཚུལ་དེ་གཞུང་དུ་བཀོད་པའི་ཆ་ནས་ཚིག་ཡིན་ནོ། །སྤྲུལ་པའི་སྐུའི་ཚིག་མཚོན་པ་བཀྲི། དྲང་བརྒྱུད་པའི་ཚིག་ཏུ་བསྟན་པ། དྲང་། འཁོར་འདས་ཀྱི་བསྡུས་པའི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀུན་སྤྲུལ་སྐུ་དེས། མོས་པ་བསྐྱེད་པའི་གདུལ་བྱ་ལ་བཏགས་པའི་མིང་དང་བརྗོད་པའི་ཚིག་ཏུ་བཏགས་ནས་བཀྲི་དྲང་རྒྱུད་པའི་ཚིག་ཏུ་སྟོན་པ་ཡིན་ནོ། །དེ་ལྟར་སྟོན་ནས་འཁོར་འདས་ཀྱི་རྣམ་གྲངས་ཇི་སྙེད་མང་པོའི་དོན་དང་ཚིག་བརྗོད་ཀྱང་གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང་ལས་སྤྲོས་པ་མེད། སྤྲོས་པ་མེད་པ་དེ་ཉིད་མིང་དང་ཚིག་སྣ་ཚོགས་པར་སྣང་ནས་འགྲོ་བ་ཀུན་ལ་གོ་བརྡའ་མཇལ་བར་བྱེད་པའི་ཡེ་ཤེས་ཀྱི་གསུང་ཡིན་པ་ནི། ཆེ་བ་བརྗོད་པའོ། །ཡེ་ཤེས་ཀྱི་གསུང་དེ་ནི་སྒྲ་དང་མིང་ཚིགས་ཀུན་ལས་འདས་པའོ། །སྒྲས་སྨྲས་ཀྱང་ཉེས་པ་མེད་པའི་དཔེ་ནི། སྒྲ་ཐམས་ཅད་ཀྱིས་མཐའི་སྐྱོན་གྱི་མ་གོས་པས་པདྨ་འདམ་ན་གནས་ཀྱང་འདམ་གྱིས་དྲི་མ་མེད་པ་བཞིན་དུ། སྤྲུལ་སྐུའི་གསུང་ཚིག་ཏུ་བརྗོད་པའི་དུས་དེ་ཉིད་ནའང་ཆགས་པ་མེད་པའོ། ༈ །འོ་ན་སྤྲུལ་པའི་གསུང་ཚུལ། ཚིག་གསུམ་ལ་ཁྱད་ཅི་ཡོད། གསུམ་ཀ་ཚིག་ཏུ་འདུག་ཞེ་ན། འདི་རྣམས་ཀྱི་དོན་གོང་དུ་བཤད་པ་བཞིན་ནོ། ༈ །གསང་བའི་སྐུའི་གསུང་མཚོན་པ་བདེ་ཆེན་ཐབས་ཀྱི་ཚིག་དང་། དྲང་། ཡབ་ཡུམ་གྱི་དབང་པོ་རྣམ་གཉིས་བསྲུབ་པ་ཡིས། ཡབ་ཡུམ་གྱི་མཁའ་ལ་ཉི་མ་ཐིག་ལེ་དམར་པོ་དང་། ཟླ་བ་དཀར་པོ་གཉིས་དུས་གཅིག་ཏུ་བདེ་བར་ཤར། དཔེར་ན་མི་འཇིགས་པ་སེང་གེས་རི་དྭགས་གཞན་རྣམས་ཟིལ་གྱིས་ནོན་པའི་ཚུལ་དུ་སྟོང་ཉིད་རང་བྱུང་གི་ཡེ་ཤེས་ཀྱིས་ཆགས་རྟོག་ཟིལ་གྱིས་མནན་ཅིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐོང་བར་བྱེད་པའོ། །རྒྱུ་མཚན་དེའི་ཕྱིར་ཐིག་ལེའི་དངོས་པོ་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ལ་གཏན་ཚིགས་སུ་འཇོག་པ་ནི། རྟོག་པ་ཟིལ་གྱིས་ནོན་པ་དང་། དོན་མཐོང་བར་བྱེད་བའི་ལས་ལ་སྦྱོར་བའི་ཕྱིར། གཏན་ཚིགས་སུ་བརྗོད་པའོ། ༈ །དེ་ལྟར་དངོས་ལ་ལྔ་བྱུང་། ཚུལ་ལ་དྲུག །ཚིག་ལ་བདུན་བྱུང་བ། ཅི་ལྟ་བུ་ཡིན་ཞེ་ན། སྤྱིར་ཤེས་བྱ་རྒྱས་བསྡུས་ཀྱི་དབང་དུ་བཤད་ན། ངོ་བོ་ཉིད་ཀྱི་སྐུ། ཆོས་སྐུའི་ཁོངས་སུ་བསྡུ་གསང་བའི་སྐུ་ལོངས་སྐུའི་ཁུངས་སུ་བསྡུའོ། །བྱེ་བྲག་ཏུ་དོན་གྱི་རྣམ་གྲངས་ངོས་བཟུང་ནས་བཤད་ན། ཚུལ་ལྔའི་སྐབས་ན་ངོ་བོ་ཉིད་ཀྱི་སྐུ་བྱུང་བའི་རྒྱུ་མཚན་ནི། སྐད་ཅིག་སྔ་མ་འཁྲུལ་རྟོག་འཁོར་བའི་ཆོས་འདི་དང་། ཆོས་ཉིད་རང་བྱུང་གི་ཡེ་ཤེས་གཉིས་དབྱེར་མེད་གཅིག་ཏུ་རྟོགས་པ་ལ། འཁོར་འདས་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་གཏན་ལ་ཕབ་དགོས་པས་ངོ་བོ་ཉིད་ཀྱི་སྐུ་བྱུང་ངོ་། །དངོས་ལྔའི་སྐབས་ལ་ངོ་བོ་ཉིད་ཀྱི་སྐུ་མི་འོང་བའི་རྒྱུ་མཚན་ནི། འཁྲུལ་རྟོག་རང་ཁ་མ་མེད་པའི་ཕྱིར་རོ། །འོ་ན་སྤྲུལ་སྐུའི་འཁོར་ཚོགས་སྦྱོར་གཉིས་ལ་ཡོད་ཞེ་ན། དེ་དུས་དོན་རྟོགས་པའི་དུས་སུ་དངོས་པོ་ལ་བརྟག་ནས་རྟོགས་པ་མ་ཡིན། སྤྲུལ་སྐུའི་ཚིག་ལ་བརྟན་ནས་རྟོགས་པའོ། ༈ །ཚིག་གིས་སྐབས་ན། གསང་བའི་སྐུ་འོང་བའི་རྒྱུ་མཚན་ནི། སྐུ་ལྔའི་སྐབས་ལ་དབང་པོ་རབ་ལ། ལྟ་བ་གཅིག་ཆར་དུ་རྟོགས་པ་ཡིན་པས། ཐབས་ལ་བརྟེན་མི་དགོས་ལ། འདིར་ལྟ་བ་གཅིག་ཆར་དུ་རྟོགས་མ་ནུས་པས། ཚིག་དང་ཡི་གེ་རིས་སུ་བརྟེན་དགོས་པའི་ཕྱིར་རོ། །གང་ཟག་ཆགས་པ་ཅན་ལ་ཐབས་ལམ་ཤེས་རབ་ཅན་ལ་གྲོལ་ལམ་བཤད་དགོས་བྱུང་བས། གསང་བའི་སྐུ་བྱུང་བའི་རྒྱུ་མཚན་ནོ། །བྱེ་བྲག་ཏུ་སྤྲུལ་སྐུའི་ཚིག་གིས་བློ་དང་སྦྱར་ཏེ་གཏན་ལ་དབབ་པ་ལ་གསུམ། མདོར་དང་། རྒྱས་པ་དང་། མཇུག་བསྡུས་ཏེ་གདམས་པ་དང་བཅས་པའོ། །དང་པོ་མདོར་བསྟན་ནི་དེ་ལྟར་ཕྱེ་ན་བདུན་ཡོད་མེད་ཀྱང་བསྡུ་ན་གཉིས་ཡོད་དོ། །གཉིས་གང་ཞེ་ན། སྐུ་བཞིའི་རྗེས་སུ་མི་དཔྱོད་སྤྲུལ་སྐུའི་གསུང་གཅིག་པོའི་རྗེས་སུ་དཔྱོད་པའོ། །དེ་ཡང་དཔྱོད་དུ་ཡོད་མེད་རྣམ་པ་གཉིས་ཀྱི་ཚུལ་གྱིས་དོན་རྟོགས་ཤིང་དཔྱོད་པར་བྱེད་པའང་། ཤེས་རབ་ཀྱིས་དབང་པོ་ཆེ་ཆུང་དང་མཐུན་པར་སྦྱར་བའོ། །འདི་འགའ་ཞིག་གིས། དངོས་ལྔ་ཚུལ་ཚིག་ཀུན་གྱི་ཞབས་སྡུད་ཡིན་པར་འདོད། བཞི་རྗེས་མི་དཔྱོད་པ་ནི། སྐུ་བཞིའི་རྗེས་སུ་མི་དཔྱོད་དེ། དེའང་དངོས་ཀྱི་དུས་ནའང་། སྐུ་བཞིའི་རྗེས་སུའང་མི་དཔྱོད་དེ། ཚུལ་གྱིས་དུས་སུའང་། སྐུ་བཞིའི་རྗེས་སུ་མི་དཔྱོད། ཚིག་གིས་དུས་ནའང་། སྐུ་བཞིའི་དཔྱད་དུ་མེད་པས་སོ། །གཅིག་རྗེས་དཔྱོད་ཅེས་པ་ནི། སྤྲུལ་སྐུའི་ཚིག། དངོས་ཚུལ་ཚིག་གསུམ་ལ་དཔྱོད་དགོས་ཟེར་འདུག་སྟེ། འདི་བྱས་ན། མ་འབྲེལ་པ་འགའ་ཞིག་ཡོད་པས། འདིར་བཤད་པ་བཞིན་ཚིག་གིས་འཇུག་སྡུད་ལ་འཐད་རྒྱས་པ་ལ་གཉིས་དཔྱད་དུ་མེད་པའི་གོ་བ་དང་། དཔྱད་པས་གོ་བའི་གཏན་ཚིགས་སོ། །དང་པོ་ལ་ལྔ། བགྲང་། དཔྱད་དུ་མེད་པས་གོ་བའི་རྒྱུ་མཚན་ལ་གཉིས། བགྲང་། གཞལ་བྱ་ཆོས་ཀུན་སྙིང་པོ་བྱང་ཆུབ་ཡིན་པས་དཔྱད་དུ་མེད་པ་དང་། དྲང་། དེ་ལ་སྔ་མས་དཔྱད་དུ་མེད་པའི་གོ་བར་བྱེད་པའང་འགྲོ་དྲུག་སེམས་ཅན་གྱིས་བསྡུས་པའི་ཆོས་རྣམས་མ་ལུས་ཐམས་ཅད་ཀུན། ཡེ་གདོད་མ་ནས་བྱང་ཆུབ་ཀྱི་སྙིང་པོར་གནས་པ་དེའི་ཕྱིར་དཔྱད་པར་བྱ་བའི་ཡུལ་དང་། དཔྱོད་པར་བྱེད་པའི་མཁན་པོ་གཉིས་མེད་དོ། །ཅིའི་ཕྱིར་ན། ཤེས་བྱའི་ཆོས་ཐམས་ཅད་མི་སྲིད་ན་མི་སྲིད། སྲིད་ན་སྲིད་ཚད་ཐམས་ཅད་ཆོས་སྐུ། མི་སྣང་ན་མི་སྣང་། སྣང་ན་སྣང་ཚད་ཐམས་ཅད་ཆོས་སྐུ། དཔེར་ན་རིན་པོ་ཆེའི་གླིང་དུ་ཕྱིན་ན། ས་རྡོ་སྣང་མི་སྣང་གི་དཔྱད་པ་མི་ཞུགས་པ་བཞིན། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཆོས་སྐུའི་རྦ་ཀློང་ཡིན་པའི་དོན་ལ་བརྟག་དཔྱད་ཀྱིས་ཐ་སྙད་མེད་པའོ། །དཔྱད་དུ་མེད་པས་འོང་བའི་རྒྱུ་མཚན་ཁུང་དང་བཅས་པའོ། །དྲང་། ཡང་དག་པ་ཆོས་ཀྱི་སྐུའི་དོན་ཇི་ལྟ་བ་བཞིན་ཚིག་དང་ཡི་གེས་ཀྱང་མི་མཚོན་ཏེ་མཚོན་པར་མི་ནུས་སོ། །གཏན་ཚིགས་ཅིའི་ཕྱིར་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་སྐུ་བཞིའི་དགོངས་པ་ཆོས་ཉིད་དེ་འདི་ཁོ་ནའོ། །ཞེས་རྙེད་པར་དཀའ་བས་བསྟན་པར་དཀའ་ཞེས་བྱའོ། །རྡོ་རྗེ་གཅོད་པ་ལས། ཆོས་ཉིད་ཤེས་བྱ་བ་ཡིན་པས། དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་པ་དང་། ཆོས་ཉིད་ཇི་བཞིན་པའི་དགོངས་པ་འདི། ཐོས་བསམ་སྒོམ་གསུམ་གྱིས་ཡུལ་མ་ཡིན་ཏེ། སངས་རྒྱས་ཤེས་གསུམ་ཡུལ་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རྒྱལ་བ་སྐུ་བཞིའི་སངས་རྒྱས་རྣམས་ཀྱིས། འཁོར་སྲས་པོ་རྣམས་ལ་སྐུ་བཞིའི་དགོངས་པས་ཚིག་ཏུ་ཅང་མི་གསུང་། ཚིག་ཏུ་མ་གསུང་པ་ཉིད་ཀྱང་དོན་མཇལ་ཞིང་རྟོགས་པས་ན། རྒྱ་ཆེར་བཤད་ཞེས་བྱའོ། །འདིའི་སྐབས་ན་སྟོན་པས་ཚིག་ཏུ་འཆད་པ་དང་འཁོར་གྱིས་ཉན་པ་གཉིས་ཀ་མེད་དོ། །ཡང་ན་རྒྱལ་བའི་སྲས་པོས་ཅང་མ་གསུང་། ཞེས་པ་ནི། རྒྱལ་བའི་སྲས་པོ་ནི། བྱང་ཆུབ་སེམས་དཔའ་ཡིན་ལ། རྒྱལ་བའི་སྲས་པོ། དགེ་བསྙེན་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། བརྡའི་ཆོས་བསྟན་ཏེ། ཁང་པ་སྟོང་པ་གཅིག་གི་ནང་དུ། སྔས་མེད། སྟན་མེད་དུ་གཟིམ་ནས་ན་བའི་ཚུལ་བཅོས་ཏེ་བཞུགས་སོ། །དེ་ཡང་ཁང་པ་སྟོང་པ་ནི། ཁམས་གསུམ་འཁོར་བའི་ཁང་མོ་ཆེའི་བརྡའ་ཡིན། སྔས་མེད་སྟན་མེད་དུ་གཟིམ་པ་ནི། འགྲོ་དྲུག་གི་སེམས་ཅན་དུས་གསུམ་གྱིས་བརྡའོ་བའི་བརྡའ་ཡིན། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ། །དགེ་བསྙེན་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ན་ཤིན་འདུག་པས། དྲི་འགྲོ་ནུས་པ་སུ་ཡོད་དམ་བྱས་པས། ཨ་ཅང་འགྲོ་ཟེར་བའི་ཁས་ལན་མི་མ་བྱུང་། དེར་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ཉེ་གནས་ཡིན་པས། ཁྱོད་འདྲི་འགྲོ་ནུས་སམ་བྱས་པས། ཀུན་དགའ་བོ་སྔར་ཡང་སུན་བཏོན་པས། འགྲོ་མ་ནུས་སོ། །སུན་ཇི་ལྟར་བཏོན་ན། སྔོན་བཅོམ་ལྡན་འདས་བསྙུང་ཚུལ་བསྟན་པ་ལ། ཀུན་དགའ་བོས། གྲོང་ན་མར་དང་འོ་མ་འཚོལ་དུ་སོང་བ་ལ། ལམ་ཁར། དགེ་བསྙེན་ལི་ཙ་བྱི་དང་འཕྲད་ནས། ཁྱོད་གར་འགྲོ་བྱས་པས། བཅོམ་ལྡན་འདས་བསྙུང་བས་འོ་མ་འཚོལ་དུ་འགྲོ་བྱས་པ་ལ། བཅོམ་ལྡན་འདས་ཉོན་མོངས་པ་དང་། རྣམ་རྟོག་ཟད་པ་ལ། ན་བ་རང་གང་ན་ཡོད། གལ་ཏེ་ན་བ་ཡོད་ནས། ཁྱོད་ཀྱི་དེ་ཀས་ཕན་ན། སངས་མ་རྒྱས་པ་ཡིན་མོད། གཅོལ་མ་ཆུང་བར་ཡར་ལོག་བྱས་ཏེ། ཀུན་དགའ་བོ་སུན་བཏོན་ནོ། །སྔར་སུན་བཏོན་པ་དེས་བྲེད་ནས། འགྲོ་མ་ནུས་སོ། །འཕགས་པ་འཇམ་དཔལ་ལ་འགྲོ་ནུས་སམ་བྱས་པས། འཕགས་པ་འཇམ་དཔལ་མཁྱེན་རབ་ཀྱི་བདག་པོར་གྱུར་པས། དེ་ལ་བདག་གིས་འགྲོའོ་གསུངས་ནས། གཉིས་ཀ་བྱོན་པས། དེ་འཁོར་རྣམས་དེ་ན་རེ་ཀུན་དགའ་བོ་ཁྱོད་ཟས་འདོད་ནས་འོང་སམ། ཆོས་འདོད་ནས་འོང་གསུང་པས། ཀུན་དགའ་བོ་ཡེ་ནས་བྲེད་པ་དེ་བས་ཀྱང་བྲེད་བཅུག་ཏེ། ཀུན་དགའ་བོས་ཞུས་པས། ཁང་པ་སྟོང་པ་འདིར་ཅི་བགྱིད་བྱས་པས། དགེ་བསྙེན་ལི་ཙ་བྱིའི་ཞལ་ནས་ཀུན་དགའ་བོ། ཁྱོད་ཀྱི་ཁང་པ་གཅིག་པུ་འདི་སྟོང་པར་མཐོང་ངམ། ངས་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པར་མཐོང་ན་གསུང་། དེར་འཇམ་དཔལ་གྱིས་དྲིས་པས། ཆོས་ཉིད་ཟབ་མོའི་དོན་ལ་བསྙུང་རྒྱུ་ནི། ཅི་མཆིས། ཆོས་ཉིད་སྙིང་པོ་བྱང་ཆུབ་ཞེས་བྱ་བའི་དོན་ནི། གང་ལགས་ཞུས་པས། དགེ་བསྙེན་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས། ངོ་བོ་མཚོན་བརྗོད་འདས་པ་ལ་དགོངས་ནས། འབུགས་ཙམ་གཅིག་ཀྱང་མ་གསུང་། དེར་མ་གསུང་པ་ཉིད། འཇམ་དཔལ་གྱིས། འོ་ན་ཆོས་ཉིད་བྱང་ཆུབ་སྙིང་པོའི་དོན་སྨྲ་བརྗོད་ཐམས་ཅད་དང་བྲལ་བ་བྱུང་། སྙམ་དུ་གོ་བས། ཅང་མ་གསུངས་པ་ཉིད་ཀྱིས། སླར་དོན་རྒྱ་ཆེ་བར་བཤད་ཅེས་བྱས་ཏེ། དོན་དེ་ལ་ཚིག་དུ་བཤད་པ་ཉན་པ་གཉིས་ཀ་གྲུབ་པ་མེད་དོ། །དེ་བཞིན་སྐལ་ལྡན་གཞན་གྱིས་ཀྱང་གོ་བར་ནུས་པ་ཡིན་ནོ། །རྟོག་དཔྱོད་གཏན་ལ་མི་ཕེབ་པའི་རྒྱུ་མཚན་དང་། དྲང་། དོན་ཡང་དག་པ་ཡིན་མིན་གྱི་དཔྱོད་པ་ཞུགས་ན་རང་ལས་གཞན་དུ་རྟོག་པའི་གཞི་དེ་ལྟར་རྟོགས་པ་ཞུགས་ན་ཡུལ་དུ་དམིགས་པའི་རྟེན་ཡུལ་དུ་དམིགས་པ་ཞུགས་ན་བདག་ཏུ་འཛིན་པ་འོང་གཟུང་བདག་ཏུ་འཛིན་པ་ཟིན་ཕྱིར་གྲོལ་བར་མི་འགྱུར་རོ། །འོ་ན་གང་དུ་བསམ་པའི་ཚེ་ན་རྟོག་དཔྱོད་པ། གཉིས་པོ་འདི་དག་ཤེས་པའི་རྒྱུ། ཅེས་པ་རྟོག་དཔྱོད་གཉིས་ལྟ་བ་རྟོགས་པའི་རྒྱུར་བཤད་པ་དང་། འདིར་རྟོག་དཔྱོད་གཉིས་སྐྱོན་དུ་བཤད་པ་འགལ་ལོ་ཞེ་ན། གོང་དུ་བཤད་པའི་དོན་ནི། ལས་དང་པོ་པས། ལྟ་བ་གཅིག་ཆར་དུ་རྟོགས་མ་ནུས། ཐོག་མར་གཞུང་ལ་ཐོས་པ་བྱས། ཐོས་པའི་ཚིག་ལ་བརྟག་དཔྱད་བྱས། བརྟག་དཔྱད་བྱས་པས་གོ་བ་སྐྱེ། གོ་མཁན་རང་ཐོག་ཏུ་བཞག་པས་གནས་པ་སྐྱེ་གནས་པའི་དྲི་མ་དག་ནས། ལྷག་མཐོང་ལྟ་བའི་རྟོགས་པ་ཤར། འདི་ལྟ་བུའི་རྒྱུ། དང་པོ་ཐོས་བསམ་བྱུང་བས། གཉིས་པོ་འདི་དག་ཤེས་པའི་རྒྱུ། ཟེར་བའི་དོན་དེ་ཡིན། འདིར་དོན་ངོ་བོ་རྟོགས་པའི་སྐབས་ན། ཆོས་ཉིད་བློ་འདས་ཡིན་པ་ལ། རྟོག་དཔྱོད་ཀྱིས་བློ་ཡུལ་དུ་གཞལ་བས་གར་འོང་། ཐུགས་ཐིག་ལས། གསང་སྔགས་ཡིད་ཡུལ་གང་གིས་རྙེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་རྟོག་དཔྱོད་དམིགས་འཛིན་མེད་པར་དེ་ཉིད་ཀྱིས་དེ་ཉིད་མཚོན་པ་དཔེ་དང་སྦྱར་བ་དང་། དྲང་། དེ་ལྟར་དཔྱད་དུ་མེད་པ་ལས། དཔྱད་ན་གཟུང་འཛིན་ལ་མི་གྲོལ་བས་དེ་བསད་སེར་ན་གང་གི་གསེར་ལྟ་བར་འདོད་པ་ལ། ཁ་དོག་སེར་པོ་གཅིག་ཡོད་བྱས་ན་ར་གན་དང་ནོར། ལྗིད་བྱས་ན། ཞ་ཉེ་དང་ནོར། རིན་ཐང་བྱས་ན་གཡུ་ལྟ་བུ་དང་ནོར་ཏེ། ཕྱོགས་རེ་ཙམ་ལས་མ་རྟོགས་ཤིང་གསེར་གཏན་ལ་མི་ཕེབས་པས། དེས་ན་གསེར་ལྟ་བར་འདོད་པ་ལ། གསེར་ཁོ་རང་ལག་མཐིལ་ཏུ་བཞག་ན། བརྟག་དཔྱད་མ་དགོས་པར་གསེར་ལ་ངེས་ཤེས་སྐྱེས་པ་བཞིན་དུ་ཆོས་ཉིད་རིག་པ་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་དཔྱད་པར་བྱ་བ་དང་། དཔྱད་པར་བྱེད་པ་གཉིས་སུ་མི་དམིགས་པས་རྟོག་པ་དང་དཔྱོད་པ་རྣམས་ཀྱི་གཉིས་འཛིན་གྱི་ལྟ་བ་མི་འཚོལ་བའི་དོན་ཡིན་ནོ། །གདམས་ངག་དེ་བརྗོད་པ་ཉིད་ཀྱིས་དོན་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བར་བྱེད་པའོ། །དེ་ཉིད་དོན་ལ་འཆིང་གྲོལ་མེད་པར་རྟོགས་ཚུལ་དང་། དྲང་། བརྟག་དཔྱད་མ་དགོས་པར་དེ་བརྗོད་ཉིད་ཀྱིས་དེ་ཉིད་མཐོང་བའི་རྒྱུ་མཚན་ནི། འཁོར་བའི་དུས་ན་བཅིང་བ་མེད། །མྱ་ངན་ལས་འདས་པའི་དུས་སུ་གྲོལ་བ་མེད་པའི་དོན་ནི། འཆིང་བྱེད་ཀྱི་མཁན་པོ་དགྲ་ལྟ་བུ། སུས་ཀྱང་མ་བཅིང་། འཆིང་བྱེད་ཀྱི་དངོས་པོ་ཞགས་པ་ལྟ་བུའི་བཅིང་བ་མེད་དེ། བཅིང་བར་བྱ་བའི་ཡུལ་བཙོན་ར་ལྟ་བུ་གང་དུའང་ངང་གིས་ཡོང་པ་མ་ཡིན་ཏེ། ཡེ་ནས་བཅིང་བ་མེད། དེ་ལ་ལྟོས་པའི་རྣམ་པར་གྲོལ་བའང་མེད་པས་དེ་ལས་གྲོལ་བར་མི་འདོད་ཅིང་རང་གྲོལ་དུ་རྟོགས་ན་བཅིངས་པ་དང་བྲལ་བའོ། ༈ །དེ་སོ་སོར་རྟོག་པའི་གཏན་ཚིགས་མཆོག་ཡིན་པའི་ངེས་ཚིག་དང་བཅས་པའོ། །དྲང་། ཡུལ་སོ་སོར་རྟོག་པའི་ཡེ་ཤེས་རབ་ཀྱི་དེ་ཉིད་བརྟག་དཔྱད་མ་དགོས་པར་སོ་སོར་རྟོག་ལུགས་ནི། སོ་སོར་གང་ལའང་རྟོག་པ་དང་དཔྱོད་པ་མེད་པས་ཡུལ་ལ་སོགས་པ་སོ་སོར་སྣང་བ་ཀུན་གཉིས་མེད་རང་སྣང་རྟོགས་པའི་ཕྱིར་སོ་སོར་རྟོག་པའི་ཤེས་རབ་ཀྱི་མཆོག་ཡིན་ཏེ་སོ་སོར་རྟོག་པའི་ཤེས་རབ་རྟོག་དཔྱོད་ཀྱི་མིང་དུ་བཏགས་པ་མེད་པ་ལས། སོ་སོར་རྟོགས་པའི་ཤེས་རབ་མཚོན་པའི་བླ་དྭགས་སམ། དཔྱད་དུ་མེད་པའི་གཏན་ཚིགས་སུ་བརྗོད་པ་ཡིན་ནོ། ༈ །དཔྱད་པས་གོ་བའི་གཏན་ཚིགས་ལ་གཉིས། བགྲང་། མདོར་བསྟན་དང་། དྲང་། དབང་པོ་རྣོན་པོ་དཔྱད་དུ་མེད་པའི་གོ་བས་རྟོགས་ལུགས་བསྟན་པ་གོང་དུ་སོང་ནས། དབང་པོ་རྟུལ་པོ་ཁ་གཅིག་ཕྱི་མ་འདི་ཚིག་བརྟག་དཔྱད་བྱེད་པས་གྲོལ་བར་བྱེད་པ་ནི་འདི་ལྟ་སྟེ། ཚིག་ཏུ་བརྗོད་པའི་གོང་དུ་བཤད་པའི་གཞལ་བྱའི་ཡུལ་དང་དངོས་པོ་ཞེན་པའི་སྤྱོད་ཡུལ་ལ་རང་གི་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྒྱུ་དང་། །འོག་ནས་བཤད་པའི་གཏན་ཚིགས་རྣམས་ཀྱི་རྐྱེན་བྱས་ཏེ་དོན་གཏན་ལ་ཕེབས་པའོ། །དེ་ཡང་ཚིག་དོན་དང་མཐུན་པའི་གཏན་ཚིགས་དང་། ཚིག་དོན་མི་མཐུན་གཏན་ཚིགས་གཉིས་ཀྱིས་དོན་རྟོགས་པར་བྱེད་པའོ། །འདི་རྣམས་ཀྱི་གོ་བྱ་ནི། ཚིག་དོན་མཐུན་པའི་གཏན་ཚིགས་ལ་བཞེད། འདི་རྣམས་ཚིག་མི་འདྲ་ཡང་དོན་ཕལ་ཆེར་གནད་གཅིག་གོ། །ཚིག་དོན་མཐུན་པའི་གཏན་ཚིགས་སྒྲ་ཇི་བཞིན་པའི་སྒོ་ནས་དོན་གཏན་ལ་ཕབས་པ་དང་། ཚིག་དོན་མི་མཐུན་པའི་གཏན་ཚིགས་སྒྲ་ཇི་བཞིན་པ་མ་ཡིན་པའི་སྒོ་ནས་གཏན་ལ་དབབ་པ་དང་གཉིས་ཡིན་ནོ། །དོན་ལ་སྒྲ་དོན་མཐུན་པའི་གཏན་ཚིགས་དང་། སྒྲ་དོན་མི་མཐུན་པའི་གཏན་ཚིགས་གཉིས་ཡིན། འགའ་ཞིག་བསྒྲུབ་བྱའི་དོན་དང་གཏན་ཚིགས་གཉིས་མཐུན་པའི་གཏན་ཚིགས། བསྒྲུབ་བྱའི་དོན་དང་གཏན་ཚིགས་གཉིས་མི་མཐུན་པའི་གཏན་ཚིགས་ལ་བཞེད། འདི་རྣམས་ཚིག་མི་འདྲ་ཡང་དོན་ཕལ་ཆེར་གནད་གཅིག་གོ། །འོ་ན་སྒྲ་དོན་མི་མཐུན་པ་གཅིག་གིས་དོན་གཏན་ལ་ཕེབས་སམ་ཞེ་ན། ཕེབས་ཏེ། མཚན་ཉིད་ཀྱི་ལུགས་ཀྱིས། འགལ་བའི་གཏན་ཚིགས། མ་ངེས་པའི་གཏན་ཚིགས། མ་གྲུབ་པའི་གཏན་ཚིགས། འདི་གསུམ་སྐྱོན་ཆེ་ཤོས་སུ་བརྩི་ལ། གསང་སྔགས་ཀྱི་ལུགས་ཀྱི་འགལ་བས་ཀྱང་གཏན་ལ་ཕེབས་ཏེ། སློབ་དཔོན་དགའ་རབ་རྡོ་རྗེས། ཅི་སྟེ་བཅུ་དྲུག་གིས་གཏན་ཚིགས། འཇམ་དཔལ་གཤིན་རྗེ་ལ་བཤད་ནས། སྟོང་སྟེ་ཅིའི་ཕྱིར། སྣང་བར་འདུག་པའི་ཕྱིར། སྣང་སྟེ་ཅིའི་ཕྱིར་སྟོང་པར་འདུག་པའི་ཕྱིར། ཞེས་པ་ལྟ་བུའོ། །མ་ངེས་པས་ཀྱང་གཏན་ལ་ཕེབས་ཏེ། སྣང་བ་ཡང་ཡིན། སྣང་བ་ཁོ་ན་མིན། སྟོང་པ་ཡང་ཡིན། སྟོང་པ་ཁོ་ན་མིན་སྣང་སྟོང་གཉིས་ཡིན། གཉིས་ཁོ་ན་མིན། སྣང་སྟོང་ངོ་བོ་གཅིག་ཡིན། གཅིག་ཁོ་ན་མིན་པའི་སྒོ་ནས་དོན་རྟོགས་པ་ལྟ་བུའོ། །མ་གྲུབ་པས་ཀྱ ང་གཏན་ལ་ཕེབས་ཏེ། ནམ་མཁའ་ཆེ་ལས། མཆོག་ཏུ་སྣང་བའི་ཆོས་ཉིད་ནི། །རྣ་དབང་གཞན་ལ་ཐོས་མི་འགྱུར། །དེ་བཞིན་ལྕེའི་དབང་པོས་ཀྱང་། །དེ་ལ་བརྗོད་པ་རྡུལ་ཙམ་མེད། །ཅེས་ལྟ་བུའོ། ༈ །རྒྱས་པར་བཤད་པ་ལ་གཉིས། ཚིག་དོན་མི་མཐུན་པའི་གཏན་ཚིགས་དང་། ཚིག་དོན་མཐུན་པའི་གཏན་ཚིགས་སོ། །དང་པོ་ལ་གཉིས། དཔེ་ཡིས་ཉེ་བར་བསྟན་པ་དང་། དོན་རྒྱས་པར་བཤད་པའོ། །ཚིག་དོན་མི་མཐུན་པའི་གཏན་ཚིགས་འདིའི་སྐབས་ལ། གོ་བྱེད་ཀྱི་དང་། མཚོན་བྱའི་དོན། མཚོན་བྱེད་ཀྱིས་གཏན་ཚིགས་མཚོན་དུ་བཏུབ་པའི་འཐད་པ། གྲུབ་མཐའ་དང་དྲུག་ཏུ་འཆད་པའི་ལུགས་ཀྱང་སྣང་། དང་པོ་དཔེ་ཡིས་ཉེ་བར་བསྟན་པ་ནི། མདོར་བསྟན་གྱི་སྐབས་ན་ཕྱི་མ་ཚིག་དོན་དང་མི་མཐུན་པའི་གཏན་ཚིགས་ནི། མཚོན་པར་བྱེད་པའི་དཔེ་འབྱུང་ཆེན་གཏོས་ཀྱི་ནམ་མཁའ་འདི། མཐའ་དབུས་མེད་པ་གཅིག་ཡིན་ཏེ། རང་གིས་ཡུལ་ཁོག་གིས་ལུང་སྲོལ་གྱི་ཕྱེ་བས། ནམ་མཁའ་མཐའ་དབུས་ཅན་དུ་ངོས་བཟུང་། དེ་ལྟར་ནམ་མཁའི་དབྱིབས་དང་ཆེ་ཆུང་མི་འདྲ་བ་སྣང་བ་དེ། ཕྱོགས་གཅིག་ཏུ་ནམ་མཁའ་ཡིན་པ་དང་། ཕྱོགས་བྲལ་གྱི་ནམ་མཁའ་གང་ཡང་མིན། མིན་པའི་ཕྱོགས་བྲལ་གྱི་ནམ་མཁའ་དེ་ཉིད། ཕྱོགས་ཅན་ཐ་དད་དུ་ཤར་བ་དཔེ་དེ་ལྟར་དུ། དོན་མ་སྤང་མི་ལྡན། ཀུན་ཡིན་གང་མ་ཡིན་རྣམས་གོ་དགོས་སོ། །དོན་རྒྱས་པར་བཤད་པ་ལ་བཞི། བགྲང་། གནས་ལུགས་མཚོན་པའི་ཡུལ་ལས་འདས་པས་བསྟན་པར་དཀའ་བ་དང་། དྲང་། འཁོར་འདས་ཀྱིས་ཆོས་ཀུན་མཐའ་ལས་འདས་པ་ཡིན་པ་ལ། སྣང་སྟོང་ལ་སོགས་མཐའ་རྣམས་གང་ཡང་དོར་བ་མེད་པས་དཔེ་འདི་ལྟར་དོན་འདི་ཞེས་ཕྱོགས་གཅིག་ཏུ་བསྟན་ཏུ་མེད་པས། ཆོས་ཐམས་ཅད་རང་གི་ངོ་བོར་ཚིག་ཏུ་བསྟན་པ་དང་བློས་བརྟག་དཀའ་བའོ། །ཆོས་ཉིད་གནས་ལུགས་ཟབ་མོའི་དོན་རང་བྱུང་གིས་ཡེ་ཤེས་དེ་ཉིད་མུ་བཞི་མཐའ་བརྒྱད་མ་སྤངས་པའི་མཐའ་བྲལ་འདི། ངག་ཐོག་ཏུ་བརྗོད་ན་ཚིག་ཡིན། གོ་བ་བློ་ཡིན། གནས་ལུགས་ཀྱི་དོན་ལ་ཚིག་དང་བློ་གཉིས་ཀས་མ་བསླད་པའི་དོན་སྟོན་པ་བྱུང་། ཇི་ལྟར་མཚོན་པའི་དགོས་ཆེད་དང་། དྲང་། འོན་ཀྱང་དེའི་དོན་རྒྱས་པར་མཚོན་པ་དོན་ཅི་ཡང་ཡིན་པས་མིན་པའི་འཛིན་པ་ལས་གྲོལ་བ་དང་། མིན་པས་ཡིན་པའི་འཛིན་པ་ལས་གྲོལ་བ་དང་། སྟོང་པའི་མཐའ་བསལ་ནས་སྣང་བ་བཤད་པ་དང་། སྣང་བའི་ཞེན་པ་དགྲོལ་ནས་སྟོང་པ་བཤད་པ་དང་། དེ་གཉིས་ཀྱི་མཐའ་བས ལ་བ་ལ་དབྱེར་མེད་བཤད་དགོས་བྱུང་བའི་ཕྱིར་རོ། །མཚོན་པའི་གཏན་ཚིགས་ལ་གཉིས། བགྲང་། ཀུན་ཡིན་གང་མ་ཡིན་གྱི་གཏན་ཚིགས་ལྷུན་གྲུབ་ཏུ་བསྟན་པ་དང་། དྲང་། དེ་ཡང་མདོར་བསྡུས་ན་ཇི་ལྟར་རྟག་པར་ཆགས་བསམ་པ་བཞིན་དུ་སྣང་ཞིང་། ཅིར་ཡང་འགྱུར་བས་ཀུན་གྱི་ངོ་བོར་སྟོན་དེ་མཚོན་པར་བྱེད་པའི་གཏན་ཚིགས་ཕྱོགས་རེ་ནས་གང་ཡང་མི་འགལ་ཞིང་ཅི་ཡང་ཡིན་པའི་ཕྱིར། དོན་སེམས་ཀྱི་ཆོས་ཉིད་ལ་ཕྱོགས་འཛིན་ཅན་ཅི་ཡང་མ་ཡིན་ནོ། །དེའི་ཕྱིར་ཕྱོགས་འཛིན་ཅན་གང་ཡང་ངམ་མིན་ཕྱོགས་མེད་ཀུན་གྱི་ངོ་བོ་ཡིན་པས་དོན་གང་ཡང་དོར་བ་མེད་པས་ཅི་ཡང་ཡིན་ནོ། །དེས་ཕྱོགས་བྲལ་ལྷུན་གྱིས་གྲུབ་པའོ། །མ་སྤངས་མི་ལྡན་གྱི་གཏན་ཚིགས་མཐའ་བྲལ་དུ་བསྟན་པ་དང་། དྲང་། ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་མཐའ་ཀུན་གྱི་ཕྱོགས་དང་རིས་སུ་མ་ཆད་པའི་ཕྱིར། མཐའ་རང་ཁའི་འཛིན་པ་དག་པས་མཐའ་དང་བྲལ་བ་ཡིན་པའི་ཕྱིར་རོ། །མཐའ་མ་སྤང་པའི་ཆ་ནས་མ་བྲལ་བའོ། །དེས་ན་གང་ཡང་མ་སྤང་མི་ལྡན་ཡིན་པས། མ་བྲལ་ཕྱིར་ན་བྲལ་ཞེས་བྱའོ། ༈ །གཏན་ཚིགས་ཀྱི་འཐད་པའོ། །དྲང་། དེ་ལྟར་ཆོས་ཉིད་རང་གི་ངོ་བོ་ཉིད་གཏན་ལ་ཕེབས་པས། གཏན་ཚིགས་རྒྱས་པར་འགྱུར་རོ། །ལྟ་བ་གཏན་ལ་འབེབ་པར་བྱེད་པ་ལ་འགའ་ཞིག་གིས། མ་སྤང་མི་ལྡན། ཀུན་ཡིན་གང་མ་ཡིན་འདི་མི་འཐད་ཟེར་འདུག་སྟེ། འདི་ཤིན་ཏུའང་འཐད་པ་ཡིན་ཏེ། གཏན་ཚིགས་ཕྱོགས་རེ་བ་རྣམས་སུན་བྱུང་ནས། ཕྱོགས་མེད་བསྒྲུབ་པའི་ཆོས་སྐད་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཡུམ་རྒྱས་མ་ལས། གཟུགས་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། ཅེས་པ་ནས་རྣམ་མཁྱེན་གྱི་བར་གསུངས་སོ། །ཚིག་དོན་མཐུན་པའི་གཏན་ཚིགས་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། ཚིག་དོན་མི་མཐུན་པའི་གཏན་ཚིགས་ལ་དགར་བས་གཅིག་ཤོས་དུ་གྱུར་པའི་ཚིག་དོན་མཐུན་པར་སྟོན་པའི་གཏན་ཚིགས་ལ་ཡང་ཕྱི་ནང་གིས་བཤད་ལུགས་བསམ་གྱིས་མི་ཁྱབ་པའི་བྱེ་བྲག་ཡོད་ཀྱང་། མདོར་བསྡུས་པ་གཏན་ཚིགས་ཀུན་ལ་ཁྱབ་པ་ལུང་མན་ངག་རིགས་པ་གསུམ་མོ། །དེ་ཡང་རྒྱལ་བས་གནས་ལུགས་ཀྱི་དོན་སྒྲོ་སྐུར་མེད་པར་མངོན་གསུམ་དུ་ཕྱུང་པ་ལ་ལུང་ཚད་མ་ཞེས་བརྗོད་དོ། །བླ་མ་དམ་པ་རྣམས་ཀྱི་དོན་ཉམས་སུ་ལོན་པ་དེ་ཚིག་ཏུ་ཕྱུང་པ་རྣམས་ལ་མན་ངག་ཚད་མ་ཞེས་ཟེར་ལ་དེ་གཉིས་ཀྱི་དོན་རང་རིག་པས་ཉམས་སུ་མྱོང་ཞིང་། སྒྲོ་འདོགས་ཆོད་པ་ལ་རིགས་པ་ཚད་མ་ཞེས་ཟེར་རོ། །ཀུན་ཁྱབ་གསུམ་པོ་དེ་དག་དང་ལྡན་པའི་དོན་མཐུན་པའི་གཏན་ཚིགས་ཀྱི་རྣམ་པའི་གྲངས་བསམ་ཡས་པ་ཡོད་མོད་ཀྱང་། འདིར་དེ་དག་གིས་བརྗོད་པ་འོག་ནས་འབྱུང་བ་འདི་ལྟ་བུ་ཡིན་ནོ། ༈ །རྒྱས་པར་བཤད་པ་དེ་ལ་གཉིས། ཚད་མ་བཀའ་གཞུང་གི་གཏན་ཚིགས་དང་། སྒྲ་མཐུན་དོན་དཔག་གི་གཏན་ཚིགས་སོ། །དང་པོ་ལ་བཞི། བགྲང་། ཚིག་དོན་མཐུན་པའི་གཏན་ཚིགས་འདི་ལ། ཚད་མ་དཀའ་གཞུང་གི་གཏན་ཚིགས་དང་། སྒྲ་མཐུན་དོན་དཔག་གི་གཏན་ཚིགས་གཉིས། ཚད་མ་བཀའ་གཞུང་གི་གཏན་ཚིགས་ལ། ཐེག་པ་འོག་མའི་ཆོས་སྐད་ཀྱིས་སེལ་མ་ཞུགས་ཅིང་། གསང་སྔགས་རང་གཞུང་གི་ཆོས་སྐད་སྨྲ་བ་གཅིག་དགོས་ཏེ། ཐུགས་ཐིག་ལས། དུས་ཀྱི་འབྲུག་ཆར་ཆོས་གསུམ་པོས། །བཀའ་ཡི་ཚད་གསུམ་སྐབས་སྦྱར་སྣང་། །ཞེས་གསུངས་པའི་ཕྱིར་རོ། །སྒྲ་མཐུན་དོན་དཔག་ནི། འོག་མ་དང་སྒྲ་མཐུན་ཡང་དོན་དཔག་དགོས་པ་ཡིན་ཏེ། དོན་དཔག་ལ་འགའ་ཞིག་གིས། གྲུབ་མཐའ་དཔག་ནས། གཏན་ཚིགས་དཔག་པར་མ་ཡིན་པར་འདོད། དེ་ནི་གསང་སྔགས་ཀྱི་དོན་ཁོང་དུ་མ་ཆུད་པ་ཡིན་ནོ། །འདིར་གཏན་ཚིགས་དང་གྲུབ་མཐའ་གཉིས་ཀས་དཔག་དགོས་པ་ཡིན་ཏེ། མངོན་སུམ་པར་རྟོགས་པ་གྲུབ་མཐའ། སྒྲོ་འདོགས་གཅོད་པར་བྱེད་པའི་ངོས་ནས་གཏན་ཚིགས་སོ། །དཔེར་ན་མེ་དང་ཚ་བ་གཉིས་ངོ་བོ་གཅིག་ཚ་ཞིང་བསྲེག་པར་བྱེད་པའི་ཕྱིར་མེ་ཡིན་བྱས་པས། མེ་རུ་ངེས་ཤེས་སྐྱེས་པ་གྲུབ་མཐའ་མེ་ཡིན་པར་ངེས་ཤེས་སྐྱེ་བར་བྱེད་པ་གཏན་ཚིགས་སོ། །དག་མཉམ་གྱི་གཏན་ཚིགས། དྲང་། འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་རང་བཞིན་ནི་ཡང་གི་རྣམ་པར་དག་པའི་དོན་དེ། དག་པ་རྣམ་པ་བཞིའི་ཚུལ་གྱིས་དོན་གཉིས་མེད་མངོན་སུམ་དུ་རྟོགས་པར་བྱེད་པ་ཡིན་ཏེ། དེ་ལ་རྣམ་བཞི་ནི་སྣོད་འབྱུང་བ་ལྔ་ཡུམ་ལྔར་དག་པ་དང་། བཅུད་ཕུང་པོ་ལྔ་ཡབ་ལྔར་དག་པ་དང་། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་དང་། ཁམས་སྐྱེ་མཆེད་རྣམས་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་དག་པར་རྟོགས་ཤིང་གྲོལ་བའོ། །འདི་རྣམས་ཀྱི་དོན་རྒྱས་པར་གཞན་དུ་ཤེས་སོ། །མཉམ་གཉིས་ནི་ཐུན་མོང་གི་མཉམ་གཉིས་ཡིན་ཏེ། ཀུན་རྫོབ་ཏུ་སྒྱུ་མའི་དཔེ་བརྒྱད་ལ་མཉམ། དོན་དམ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་མཉམ། ལྷག་པའི་མཉམ་གཉིས་ནི་དེ་ལྟར་ཐུན་མོང་གི་མཉམ་པ་གཉིས་ལས་དཔགས་པ་ཡིན་ཏེ། ཀུན་རྫོབ་ཏུ་སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་གསལ་བས་འཁོར་འདས་མཉམ་ལ། དོན་དམ་ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་གཅིག་ཅིང་རྟོགས་པས་འཁོར་འདས་མཉམ་པའོ། །དེ་ལྟར་ལྷག་པའི་མཉམ་པ་གཉིས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྱོད་ཡུལ་ཡོངས་སུ་དག་པའི་ཀུན་ཏུ་བཟང་པོའི་ཞིང་ཞེས་བྱའོ། །རྟོགས་པ་བཞི་དང་། དྲང་། འདི་ལ། ལམ་རིམ་གྱིས་པ་ལྟར་བཤད་པ་དང་། གཅིག་ཆར་བ་ལྟར་བཤད་པ་གཉིས་ལས། དང་པོ་རིམ་གྱིས་པ་ལྟར་བཤད་ན། འཁོར་འདས་ཀྱི་ཆོས་གཞལ་བྱ་རྒྱུ་གཅིག་པས་གཏན་ཚིགས་དང་། སྐྱེ་མེད་དུ་རྟོགས་པ་གྲུབ་མཐའ་སྟེ། དེས་དངོས་པོ་མཚན་མར་འཛིན་པའི་ཞེན་པ་དགྲོལ་བའོ། །སྐྱེ་མེད་དུ་ཞེན་པ་གཞལ་བྱ་ཡིག་འབྲུའི་ཚུལ་གྱིས་གཏན་ཚིགས་དང་། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་རྟོགས་པ་གྲུབ་མཐའ་སྟེ། དེས་སྟོང་པ་ཕྱང་ཆད་དུ་འཛིན་པའི་ཞེན་པ་དགྲོལ་བའོ། །རྟོགས་པ་སྔ་མ་གཉིས་ལ་ཞེན་པ་གཞལ་བྱ་བྱིན་རླབས་ཀྱི་གཏན་ཚིགས་དང་དབྱེར་མེད་དུ་རྟོགས་པ་གྲུབ་མཐའ་སྟེ། བདེན་གཉིས་ཐ་དད་དུ་འཛིན་པའི་ཞེན་པ་དགྲོལ་བའོ། །བདེན་གཉིས་དབྱེར་མེད་དུ་ཞེན་པ་གཞལ་བྱ་མངོན་སུམ་པར་གཏན་ལ་འབེབ་པའི་གཏན་ཚིགས་དང་། སྤྱོད་ཡུལ་དང་བྲལ་བར་རྟོགས་པ་གྲུབ་མཐའ་སྟེ་ལྟ་བ་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དུ་བྱེད་པའི་ཞེན་པ་དགྲོལ་བའོ། །བཞི་པ་འདི་སྦྱོར་ངག་དུ་བཀོད་ན། མ་རིག་པ་དང་ལོག་རྟོག་གི་རྒྱུན་ལས་འཁོར་བར་སྣང་བ་དང་། སྐུ་དང་ཡེ་ཤེས་ཀྱི་དལ་ལས་མྱ་ངན་ལས་འདས་པ་སྣང་བ་འདི། ཆོས་ཅན། དེ་དག་རང་བཞིན་དབྱེར་མེད་སྐྱེ་མེད་ཀྱི་དབྱིངས་ལས་གཡོས་པ་མེད་པ་ཡིན་ཏེ། བརྒྱུད་རྒྱུ་སེམས་ཉིད་རང་བྱུང་ཡེ་ཤེས་སུ་གཅིག་པའི་ཕྱིར། དཔེར་ན་རྒྱལ་པོའི་ཕྲུ་གུ་འབངས་སུ་འཁྱམས་པ་བཞིན་ནོ། །དེ་ཡང་། རྒྱ་མཚོ་ལས། ཆོས་ཉིད་དབྱིངས་སུ་ཚུལ་གཅིག་ལས། །མ་ལུས་རང་སྣང་ཆོས་ཐམས་ཅད། །མ་ལུས་བྱང་ཆུབ་སེམས་སུ་རྟོགས། །ཞེས་གསུངས་སོ། །སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགགས་མེད་ལྷའི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད། མཚོན་བྱེད་ཡི་གེ་བཞི་བཅུ་རྩ་ལྔར་སྣང་བའི་ཕྱིར། དེ་ཡང་རྒྱ་མཚོ་ལས། སྐུ་གསུང་ཐུགས་སུ་སྣང་བ་ཡི། །མ་ལུས་གསུང་གི་རྒྱན་དུ་རྟོགས། །ཐམས་ཅད་གསུང་གི་ཡི་གེ་སྟེ། །ཐབས་དང་ལྡན་པས་རྒྱས་གདབ་བོ། །ཞེས་གསུང་། རང་བཞིན་སྐྱེ་མེད་རོལ་པ་འགགས་མེད་གཉིས་ཆོས་ཅན། ཚིག་ལ་སྔ་ཕྱི་བྱུང་ཡང་དོན་ལ་དབྱེར་མེད་དེ། དཀོན་བདུན་ངོ་བོ་ཉིད་ཀྱིས་རྒྱུར་ལྷུན་གྱིས་གྲུབ་པས། སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པས་བྱིན་གྱིས་རླབས་པའི་ཕྱིར། དེ་ཡང་། རྒྱ་མཚོ་ལས། དེ་ཉིད་དབྱེར་མེད་བྱིན་རླབས་ལས། །དེ་ཉིད་དེའི་བྱིན་རླབས་ཏེ། །གཉིས་མེད་ཚུལ་གྱིས་རང་སྣང་བ། །བྱིན་རླབས་ནས་ངོ་མཚར་བསམ་མི་ཁྱབ། །ཅེས་གསུངས་སོ། །བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ་རང་རིག་པའི་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྟོགས་པའི་ཕྱིར། དེ་ཡང་། རྒྱ་མཚོ་ལས། རང་བྱུང་རང་སྣང་ཆོས་ཉིད་དག །གཉིས་མེད་རང་རིག་མ་སྐྱེས་པར། །གསལ་བར་མངོན་གསུམ་ཐེ་ཚོམ་མེད། །རྟོགས་པ་ཀུན་གྱི་མཆོག་ཏུ་བཤད། །ཅེས་གསུང་། དེ་ལྟར་གཏན་ཚིགས་བཞི་གཏན་ལ་ཕབ་པའི་གྲུབ་མཐའ་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས། ཆོས་ཐམས་ཅད་རང་རིག་པའི་མངོན་སུམ་དུ་གསལ་བར་རྫོགས་ཤིང་རིག་པ་ལ་དབང་བསྒྱུར་བས་ན་རྒྱལ་པོ་སྟེ། སྔགས་ཕྱི་རྒྱུད་དབུ་སེམས་ལས་ཁྱད་པར་དུ་གྱུར་པས་ན་འདི་ལས་ཆེ་བའི་གྲུབ་མཐའ་གཞན་མེད་པའོ། །ཡང་གཅིག་ཆར་བ་ལྟར་དུ་བཤད་ན། འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་སྐྱེ་འགགས་གནས་དམིགས་འགྲོ་འོང་དང་བྲལ་བར་རྒྱུ་གཅིག །ཀུན་རྫོབ་སྐྱེ་འགགས་གནས་དམིགས་འགྲོ་འོང་ལྟར་སྣང་བར་རྒྱུ་གཅིག་བདེན་པ་དབྱེར་མེད་དུ། སྐྱེས་པ་མེད་ན་སྐྱེ་བ་མེད་པ་སྔར་རྒྱུ་གཅིག་པའོ། །འོ་ན་ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་མི་དགོས་སམ་ཞེ་ན། དགོས་ཏེ། རྒྱུ་གཅིག་པར་རྟོགས་པ་དེ། ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ཀྱིས་མཚོན་ནས་རྟོགས་པའོ། །འོ་ན་བྱིན་གྱིས་རླབས་པ་མི་དགོས་སམ་ཞེ་ན། དགོས་ཏེ། ཡིག་འབྲུའི་ཚུལ་གྱིས་བརྟེན་ནས་རྟོགས་ཀྱང་མཐུ་ཡི་བྱིན་གྱིས་རླབས་པ་ཡོད་པའོ། །འོ་ན་མངོན་གསུམ་པ་དགོས་སམ་ཞེ་ན། དགོས་ཏེ། དབྱེར་མེད་ཞེན་པ་ལ་ཡང་དགྲོལ་བར་བྱེད་པའོ། །དེ་ཡང་བཞི་པོ་རིམ་པར་རྟོགས་པ་ནི་མ་ཡིན་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་གཅིག་པར་ཡིག་འབྲུའི་ཚུལ་གྱིས་མཚོན་ནས། བྱིན་གྱིས་རླབས་པའི་མཐུ་དབྱེར་མེད་དུ། གཏན་ལ་ཕེབས་པས་རང་རིག་པའི་མངོན་སུམ་གྱིས། བློའི་སྤྱོད་ཡུལ་ལས་གྲོལ་བ་ནི། གྲུབ་མཐའི་མཐར་ཐུག་གོ། །འདི་ལ་ཁ་ཅིག་གིས། རིམ་གྱིས་པ་ལྟར་བཤད་པའི་དབང་དུ་བྱས་ན། གཞལ་བྱ། གཏན་ཚིགས། གྲུབ་མཐའ་གསུམ། མཚོན་ཚུལ་འདྲེས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ་རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་སྟོང་པར་རྟོགས་པ་དང་། ཡིག་འབྲུའི་ཚུལ་གྱིས་སྒྱུ་མར་རྟོགས་པའི་ངོས་ནས་གྲུབ་མཐར་འགྲོ་ཡང་། སྣང་བ་དང་སྟོང་པ་གཉིས་ལ་ཞེན་པའི་ཆ་ནས། བྱིན་རླབས་གཏན་ཚིགས་ཀྱིས་གཞལ་བྱར་འགྲོ་གསུང་། ཡང་འགའ་ཞིག་གིས་འདི་ལྟར་དུ་འདོད་དེ། བདེན་གསུམ་རང་སའི་གཞལ་བྱ། གཏན་ཚིགས། གྲུབ་མཐའ་གསུམ་མཚོན་ཚུལ་འདྲེས་ན་སྐྱོན་དུ་ཆེ་ཡང་གཏན་ཚིགས་སྔ་མ་སྔ་མའི་གྲུབ་མཐའ། ཕྱི་མ་ཕྱི་མའི་གཞལ་བྱར་སོང་བ་ལ་སྐྱོན་མེད་དོ། །ཁྱོད་ཀྱིས་མར་འདོད་གང་ཡིན་པ། །དེ་ནི་ང་ཡི་ཆུང་མ་ཡིན། །ཞེས་པ་བཞིན་ནམ། ཡང་ན། ཀུན་ཏུ་འདོད། མཚན་ཉིད་ཀྱི་ཐེག་པའི་མཐར་ཐུག་གི་འབྲས་བུ་ཡིན་ཀྱང་། སྔགས་ཀྱི་ལམ་སྟེགས་སུ་བཤད་དེ། ཐབས་ཞགས་ལས། ཀུན་ཏུ་འོད་ལས་འདས་ནས་སུ། །པདྨ་ཅན་དུ་གྱུར་པས་ན། །ཞེས་པ་དང་། མིག་སྒྲོན་ལས། ཁྱོད་ཀྱི་མཐར་ཕྱིན་ཀུན་ཏུ་འདོད། །ཐབས་ཆེན་ཐེག་པའི་བསྟིར་གནས་པ། །ཞེས་གསུངས་པ་བཞིན་ནོ། །ཡང་མངོན་སུམ་པ་ནི་གྲུབ་མཐའ་ཡིན་པ་ལ། གཏན་ཚིགས་སུ་ཅིས་འགྲོ་ཞེ་ན། ཞོར་སེལ་ཞོར་བསྒྲུབ་ཀྱི་ཆ་ནས་འགྲོ་སྟེ། དཔེར་ན་མི་ངན་གཅིག་གི་བུད་མེད་ལ་བུ་སྐྱེས་ན། བུ་དེས་དགྲ་གཉེན་ལ་ཕན་གནོད་གང་ཡང་མ་བྱས་ཀྱང་། ཕ་མའི་དགྲ་རྣམས་མི་དགའ་ལ་གཉེན་རྣམས་དགའ་བ་བཞིན་དུ། མངོན་སུམ་པར་རྟོགས་པའི་དབྱེར་མེད་ཀྱི་ཞེན་ཆ་ཞོར་ལ་སེལ་ལ། སྤྱོད་ཡུལ་དང་བྲལ་བ་ཞོར་ལ་གྲུབ་པས། དེའི་ཆ་ནས་གཏན་ཚིགས། གྲུབ་མཐའ་གཉིས་ཀར་ཡང་འགྲོའོ། ༈ །བདག་ཉིད་ཆེན་པོའི་གཏན་ཚིགས་དང་། དྲང་། རིག་པ་རང་བྱུང་གི་ཡེ་ཤེས་ཉིད་དབང་བསྒྱུར་ཞིང་རིག་པ་བདག་ཉིད་ཆེན་པོ་ཉིད་ལ་ལོངས་སྤྱོད་པའི་ཕྱིར། བདག་ནང་གི་ཕུང་པོ་ལྔ་དང་། གཞན་འབྱུང་བ་ལྔ་དང་། བར་རྟོགས་པའི་རྒྱུན་གཟུང་འཛིན་གྱི་རྣམ་ཤེས་ཐམས་ཅད་རིག་པ་བདག་ཉིད་ཆེན་པོའི་ངང་དུ་རྣམ་པར་དག་པས་བླ་ན་མེད་པའི་བྱང་ཆུབ་ཐེག་པའི་མཆོག་མཐར་ཐུག་གི་དགོངས་པའོ། ༈ །རང་བཞིན་བདེན་གསུམ་གྱི་གཏན་ཚིགས་ལ་གསུམ། བགྲང་། དོན་དམ་མ་བཅོས་པའི་དེ་བཞིན་ཉིད་ཀྱི་གཏན་ཚིགས་དང་། དྲང་། རྣམ་པར་བྱང་བ་མྱ་ངན་ལས་འདས་པ་དང་། མ་འདས་པ་འཁོར་བའི་ཆོས་ཀྱི་བསྡུས་པ་ཐམས་ཅད་ཀུན་དོན་དམ་དངོས་པོའི་གནས་ལུགས་ཀུན་ཡང་དག་པའི་ཤེས་པས་རབ་ཏུ་བརྟག་ན་དངོས་པོ་ཕྱོགས་གཅིག་པའི་རང་བཞིན་དུ་གྲུབ་པ་མེད་པ་ལས་འཆར་ལུགས་ཅིར་ཡང་སྣང་ཞིང་ཅིར་ཡང་འགྲུབ། སྣང་བའི་དུས་ཉིད་ན་ཆོས་ཀྱི་དབྱིངས་ཉིད་ཡིན་ཏེ། ༈ །ཀུན་རྫོབ་རིག་པ་སྒྱུ་མའི་ངོ་བོར་སྣང་ཡང་རང་རྒྱུད་དུ་གང་ཡང་མི་གནས་པ་དང་། དྲང་། དེ་ཡང་དེ་བཞིན་གཤེགས་པའི་སྐུ་སྒྱུ་མ་ལྟ་བུར་སྣང་བ་དང་། སེམས་ཅན་ལ་སོགས་པར་རྟོགས་པ་སྒྱུ་མར་སྣང་བ་གཉིས་རང་རིག་པ་ཉིད་ལས་མ་གཡོས་པ་ཡིན་པའི་ཕྱིར། བསྐྱེད་པའི་གཞི་བརྟན་པའི་རྩ་བ་མེད་དེ་རང་བཞིན་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོའོ། །དེ་ལ་འཁོར་འདས་ཀྱི་རིགས་དང་རྒྱུད་ཕྱོགས་གཅིག་ཏུ་བརྟག་ཏུ་མེད་དོ། ༈ །བདེན་པ་དབྱེར་མེད་ཀྱི་ཆོས་ཀུན་གཉིས་མེད་ལྷུན་གྲ྄ུབ་དུ་བསྟན་པའོ། །དྲང་། རང་བྱུང་ཡེ་ཤེས་ལ་རིགས་སོ་སོ་དང་ཁ་དོག་དང་དབྱིབས་ལ་སོགས་ཕྱོགས་གཅིག་ཏུ་གྲུབ་པ་མེད་པ་ལས་འགགས་མེད་དུ་ཕྱི་ནང་སྣོད་བཅུད་ཐམས་ཅད་སྣང་དང་། སྣང་བའི་དུས་ཉིད་ན་རང་བཞིན་མེད་དེ་ཆོས་ཀྱི་སྐུ་དེ་ཉིད་སྣང་ཚུལ་ཅིར་ཡང་ཐམས་ཅད་དེ་ཉིད་དུ་འགྱུར་ཞིང་ཅིར་ཡང་གྲུབ་པའོ། །ཚད་མ་བཀའ་གཞུང་གི་གཏན་ཚིགས་འདི་ལ་དོན་ལྔ་ཡོད་པའི་དགོས་ཆེད་གོ་དགོས་ཏེ། འཁོར་འདས་ཀྱི་ཆོས་ཐམས་ཅད་དག་པ་ཡིན་ལུགས་བཤད་པ་ལ། དག་གསུམ་གྱི་གཏན་ཚིགས། དེ་ཉིད་མཉམ་པ་ཉིད་དུ་ངོ་སྤྲོད་པ་ལ། མཉམ་པའི་གཏན་ཚིགས། མཉམ་པ་དེ་ཉིད་ཤན་འབྱེད་ཅིང་རྟོགས་པར་བྱེད་པ་ལ། རྟོགས་པ་བཞིའི་གཏན་ཚིགས། རྟོགས་པ་བཞི་དེ་ཉིད་ངོ་བོ་དབྱེར་མེད་གཅིག་ཏུ་ཆོད་ཅིང་། རིག་པ་ལ་རང་དབང་བསྒྱུར་བས་ན། བདག་ཉིད་ཆེན་པོའི་གཏན་ཚིགས་དེ་ཉིད་ཀྱི་ངོ་བོ་ལ་མ་ཧཱ་ཡོ་གའི་བདེན་གསུམ་དབྱེར་མེད་ཀྱི་ལྟ་བ་རྫོགས་ལུགས་བསྟན་པས་ན། བདེན་པ་གསུམ་གྱི་གཏན་ཚིགས་སོ། །གོང་གི་ཀུན་ཡིན་གང་མ་ཡིན་གྱི་གཏན་ཚིགས་ལས། ཆོས་སྐུ་མེན་ཤེལ་ལ་ངོ་སྤྲོད་པ་ལྟར། མེན་ཤེལ་དེ་ཉིད་དྭངས་ཆ་ཆེ་བའི་དོན་ལ། རྐྱེན་རྫས་གང་འཕྲད་གཅིག་འཆར་དུ་རུང་བས། ཤེལ་དེ་དཀར་སེར་དམར་ལྗང་གང་ཡིན། ཤེལ་དེའི་ངོ་བོ་ལ་དཀར་སེར་དམར་ལྗང་ཡོད་མ་མྱོང་བས། དཀར་སེར་དམར་ལྗང་གང་མ་ཡིན། དཔེ་དེ་བཞིན་དུ་སེམས་ཀྱི་ངོ་བོ་ཅིར་ཡང་འཆར་བས་ཀུན་ཡིན། དེ་ཉིད་ངོས་བཟུང་ཐམས་ཅད་དང་བྲལ་བས་གང་ཡང་མ་ཡིན་ཏེ། ཐུགས་ཐིག་ལས། དྲུག་གིས་འགྲོ་བ་ཐམས་ཅད་ཀྱིས། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཅིར་ཡང་བསམ་པ་སྣང་བ་ལ། །འཁྲུལ་གཞི་ཡོད་མེད་སྒྲོ་བསྐུར་བྲལ། །ཞེས་གསུངས་སོ། །ཀུན་ཡིན་གང་ཡང་མ་ཡིན་གྱི་གཏན་ཚིགས་འདི་མ་བཤད་ན། མཚན་ཉིད་ཐེག་པ་རང་ལ་ཡང་། རྒྱུ་རིགས་གཉིས། ལྟ་བ་བདེན་གཉིས་ལམ་ཚོགས་གཉིས། འབྲས་བུ་སྐུ་གཉིས་ཀྱི་ཡེ་ཤེས་གཉིས། འདི་རྣམས་ལ་འགལ་ཟླ་ལ་ཤོར་བའི་སྐྱོན་འོང་། མ་སྤང་མི་ལྡན་གྱི་གཏན་ཚིགས་ནི། དཔེར་ན་ཆ་བྲམ་ཉིད་ཆུ་ཡིན་ལ། ཆུའི་དུས་སུ་ཆ་བྲམ་མ་སྤང་སྟེ། ཆ་བྲམ་རང་ཁ་མ་དང་མི་ལྡན་པ་བཞིན་དུ། ཆོས་ཉིད་བདེན་པའི་གནས་ལུགས་རྟོགས་པའི་དུས་སུ། ཀུན་རྫོབ་འདི་ཉིད་ཀྱི་ངོ་བོ་ཆོད་ཅིང་རྟོགས་དགོས་ཏེ། ཀུན་རྫོབ་རང་ཁ་མ་དང་མི་ལྡན། མ་སྤངས་མི་ལྡན་གྱི་གཏན་ཚིགས་འདི་མ་བཤད་ན། འཁོར་འདས་རའི་རྭ་ཅོ་ལྟ་བུའི་སྐྱོན་དང་། འགྲོ་ལ་ཤེས་རྒྱུད་གཉིས་འཆང་གི་སྐྱོན་འོང་སྟེ། བཅོམ་ལྡན་འདས་ཀྱི་འདི་ལ་དགོངས་ནས། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། ཅེས་གསུངས་པའོ། ༈ །སྒྲ་མཐུན་དོན་དཔག་ལ་བཞི། བགྲང་། སྒྲ་མཐུན་དོན་དཔག་གི་གཏན་ཚིགས་འདི་རྣམས་ལ། འོག་མ་དང་སྒྲ་མཐུན་པ་ཙམ་དུ་འབྲུ་ནོན་ནས། དོན་དཔག་གི་གཏན་ཚིགས་ངོས་མ་ཟིན་པའི་རིགས་ཀྱང་འདུག་པས། དེ་བས་འདི་ལྟར་དུ་ཤེས་པར་བྱའོ། །རང་སྤྱིའི་གཏན་ཚིགས་དང་། དྲང་། ཉོན་མོངས་པ་རང་གི་མཚན་ཉིད་དང་། སྤྱིར་བསྟན་པའི་མཚན་ཉིད་དང་གཉིས་ཏེ། ནོར་བ་དང་། མ་ནོར་བའོ། །དང་པོ་ནོར་བ་ནི། ཐུན་མོང་གི་རང་སྤྱིའི་མཚན་ཉིད་རྣམས་ཡིན་ཏེ། སྤྱིའི་མཚན་ཉིད་ནི་མི་རྟག་ཅིང་སྡུག་བསྔལ་བ། རང་གི་མཚན་ཉིད་ནི། འདོད་ཆགས་ཀྱི་མཚན་ཉིད་ཞེན་ཅིང་གདུང་བ། ཞེ་སྡང་གི་མཚན་ཉིད་འཁྲུགས་ཅིང་མ་ཞི་བ། གཏི་མུག་གི་མཚན་ཉིད་ཀུན་རྨོངས་པ། ང་རྒྱལ་གྱི་མཚན་ཉིད་བདག་ལྟ་ལ་བརྟེན་ནས་སེམས་ཁེངས་པ། ཕྲག་དོག་གི་མཚན་ཉིད་བློའི་ཕྲག་ཏུ་གཞན་གྱི་ཡོན་ཏན་མི་ཤོང་བའོ། །གཉིས་པ་མ་ནོར་བ་ནི། ཁྱད་པར་གྱི་སྤྱི་དང་། རང་གི་མཚན་ཉིད་ཡིན་ཏེ། སྤྱིའི་མཚན་ཉིད་རང་བྱུང་གི་ཡེ་ཤེས་སྟོང་ཉིད་སྤྲོས་བྲལ་དུ་རྫོགས་ལ། རང་གི་མཚན་ཉིད་རིག་པའི་ཡེ་ཤེས་སྒྱུ་མ་ཉིད་ཉོན་མོངས་པ་ལྟར་སྣང་བའོ། །དེ་ལྟར་མཚན་ཉིད་གཉིས་ལ་ཁྱད་པར་སྤྱི་དང་རང་གི་མཚན་ཉིད་དེ་མ་ནོར་བར་དོན་རྟོགས་ན་ཉོན་མོངས་པ་ཉིད་རྣམ་པར་བྱང་བ་མྱ་ངན་ལས་འདས་པའི་ལམ་དུ་འགྱུར་བའོ། །ཉོན་མོངས་པ་ལམ་དུ་འགྱུར་བ་དེའི་ཕྱིར་ཁྱད་པར་རང་སྤྱིའི་གཏན་ཚིགས་ཏེ་སྙིགས་མའི་གདུལ་བྱ་རྣམས་ལ་ཤིན་ཏུ་གཅེས་སོ། །ཞེས་གདམས་པའོ། །དཔེ་ན་ཐུན་མོང་གི་རང་དང་སྤྱི་གཉིས་ཐ་དད་དུ་འབྱེད་ལ། ཤེས་བྱ་ངོས་ཟིན་པ་ཙམ་ཡིན། ཁྱད་པར་གྱི་རང་སྤྱི་མ་འདྲེས་ཡོངས་རྫོགས་སུ་འདོད་པས་རང་སྤྱི་སྒྲ་ཙམ་མཐུན་ཡང་དོན་དཔག་པར་ཤེས་པར་བྱའོ། །ཉོན་མོངས་པ་ཉིད་རྣམ་པར་བྱང་བའི་ལམ་དུ་འགྱུར་བའི་རྒྱུ་མཚན་ཞིབ་ཏུ་ངོ་སྤྲད་རྒྱུ་ཡོད་ཀྱང་ཞལ་ལས་ཤེས་སོ། །འདི་གཞུང་བཤད་ཀྱི་དབང་དུའོ། །མཐའ་བྲལ་དང་། དྲང་། སེམས་ཉིད་ལ་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་ཏེ་དམན་པ་དང་། དབུས་ཏེ་དེ་དག་དང་བྲལ་བའི་བཟང་པོ་གཅིག་མེད་གཅིག་དང་དུ་མར་བྲལ་བས་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པ་ཡིན། གཉིས་སུ་མེད་པའི་དེ་བཞིན་ཉིད། བདེན་པ་དབྱེར་མེད་པའི་ཚུལ། དེ་ལམ་པས་རྟོགས་ནས་རྣམ་པར་བྱང་བའི་ལམ་དུ་འགྱུར་བའི་ཕྱིར། ཕྱོགས་རེ་བའི་མཐའ་དང་དབུས་མ་སྤང་ལ་བྲལ་བའི་གཏན་ཚིགས་ཆོས་ཉིད་མཐའ་བྲལ་དུ་གཏན་ལ་དབབ་པའང་ཤིན་ཏུ་གཅེས་པར་གདམས་པ་ནི། དོན་དཔེར་བླངས་པས། སྔ་མ་རང་སྤྱི་བསྟན་པ་དེ་བཞིན་ནོ། །གཅིག་དུ་བྲལ་འདི་ལ་རྟོགས་ལྡན་པའི་དགོངས་པ་མཆན་བཞིན་ནོ། །དེ་ཡང་རྒྱུ་མཚན་ཉིད་ཐེག་པའི་ལུགས་ཀྱིས། ཆོས་ཅན་ཀ་བ་ལྟ་བུ་གཅིག་ལ། གཅིག་དུ་བྲལ་གྱི་གཏན་ཚིགས་ཀྱིས་གཅིག་དང་དུ་མའི་མཐའ་བཀག་ནས་བྲལ་བར་འདོད་ལ། འདིར་མ་འདྲེས་ཡོངས་རྫོགས་སམ། གཅིག་དང་དུ་མའི་མཐའ་མ་སྤངས་ལ་བྲལ་བར་འདོད་པ་ནི། དཔེར་ན་རྒྱ་མཚོ་གཟུགས་བརྙན་བཞིན་ཡིན་ནོ། །དེའི་ཕྱིར་ཐེག་པ་འོག་མ་དང་བཤད་ལུགས་སྒྲ་མཐུན་ཡང་དོན་དཔག་པར་ཤེས་པར་བྱའོ། ༈ །རྣམ་པར་དབྱེ་བའི་གཏན་ཚིགས་དང་། དྲང་། གཞལ་བྱ། འབྱུང་བ་ཆེན་པོ་ལྔ་རྣམས་ལ། རང་རྒྱུད་པར་འཛིན་པའི་རང་བཞིན་གྲུབ་པ་མེད་པར་གཏན་ཚིགས་ཀྱིས་གཞིག་པར་བྱ་བའི་དགོས་ཆེད་ཡོད་པའི་ཕྱིར། ས་ལྟ་བུ་གཅིག་ལའང་། རྟེན་བྱེད་ཅིང་ཐམས་ཅད་བསྐྱེད་པས། སའི་ས་ཚང་ལ། དེ་ཉིད་རྡུལ་ཕྲན་དུ་མ་སོང་བར་ཕྱོགས་གཅིག་ཏུ་འདུས་པ་སའི་ཆུ་དྲོད་རང་ཤུགས་ཀྱིས་འབྱུང་ཞིང་སྨིན་པས་མེ། ཕན་ཚུན་གཡོ་ཞིང་བསྐྱོད་དུ་བཏུབ་པ་གོ་སྐབས་འབྱེད་པ་ནམ་མཁའ། དེ་ལྟར་བྱེད་ལས་ཀྱི་སྒོ་ནས་འབྱུང་ཆུང་ལྔ་ལྔར་དབྱེ་བར་བྱ་ཞིང་། ངོ་བོ་མ་གྲུབ་སྟེ་ཐ་མ་ཡི་གེ་མུཾ་གིས་རླུང་མཚོན་ནས་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་པར་བྱ། མུཾ་གིས་མཚོན་པའི་ཆོས་ཉིད་གང་དུ་སྨྲ་བ་དང་། སེམས་ཀྱི་བསམ་པའི་ཡུལ་ལས་འདས་པའོ། །དེའང་ཐེག་པ་འོག་མ་པས། ཆོས་ཅན་འབྱུང་བ་ལྔ་སོ་སོར་ཕྱེ་ནས། ངོ་བོ་དང་མཚན་ཉིད་ཐ་དད་དུ་གཏན་ལ་ཕབ་ལ། འདི་འབྱུང་བ་ཉི་ཤུ་རྩ་ལྔར་ཕྱེ་ནས། རིགས་མེད་ཕྱོགས་མེད་རྩ་བྲལ་དུ་གཏན་ལ་དབབ་པའི་ཕྱིར། རྣམ་པར་དབྱེ་ལུགས་སྒྲ་མཐུན་ཏེ་དོན་དཔགས་སོ། །མཚོན་པའི་དཔེ་གཏན་ཚིགས་སོ། །དྲང་། དཔེར་ན་ནམ་མཁའ་ལ་ཕྱོགས་དང་རིས་སུ་བཟུང་དུ་མེད་པ་ལྟར་དོན་སྣང་བ་སྣོད་དང་། སྲིད་པ་བཅུད་ཀྱིས་བསྡུས་པའི་འཁོར་འདས་ཀྱིས་ཆོས་ཐམས་ཅད་ཀྱང་འདི་ཞེས་བྱ་བའི་ངོས་བཟུང་གཅིག་ཏུ་གྲུབ་པ་མིན་པ་དེ་དང་འདྲའོ། །ཐམས་ཅད་ཀྱིས་རྟེན་བྱེད་པས་ས་དང་འདྲ་བར་སེམས་ཉིད་ཀྱིས་ཆོས་ཀྱི་རྟེན་བྱེད། ཆུ་མཉེན་ཞིང་དྲི་མ་འཁྲུ་བ་ལྟར་སེམས་ཉིད་ཅིར་ཡང་འགྱུར་བས་མཉེན་ཞིང་དེའི་དོན་རྟོགས་ནས། དྲི་མ་འཁྲུ་བའོ། །གཟུང་དུ་མེད་པ་རླུང་ལྟར་སེམས་ལ་ངོས་བཟུང་དུ་མེད། སེམས་ཉིད་འོད་གསལ་ཞིང་མཚན་མའི་རྟོགས་པ་བསྲེག་པས་མེ་གསལ་ཞིང་རྫས་ཀྱི་དངོས་པོ་བསྲེག་པས་མེ་ལྟར་ཡང་ཤེས་པར་བྱ། འབྱུང་བའི་དོན་གྱིས་སེམས་ཉིད་ཀྱི་མཚན་ཉིད་མཚོན་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་། མིག་ལ་སོགས་པའི་དབང་པོ་ལྔ་དང་། གཟུགས་ལ་སོགས་པ་ཡུལ་ལྔ་དང་། ཆགས་སྡང་ལ་སོགས་པ་ཉོན་མོངས་པ་ལྔ་དང་དཀར་དམར་ལ་སོགས་པ་ཁ་དོག་ལྔ་དང་། དབྱིབས་ལྔ་ལ་སོགས་པ་ཐམས་ཅད་ཀྱིས་དོན་ཕྱོགས་རེ་ཕྱོགས་འགའ་མཚོན་པར་རྟོགས་པར་བྱའོ། །དཔེ་དེ་རྣམས་ཀྱང་བསྒྲུབ་བྱའི་དོན་དམ་གཏན་ཚིགས་གཉིས་ངོ་བོ་གཅིག་ཀྱང་མཚོན་ཚུལ་མ་འདྲེས་པས། དེའི་ཕྱིར་མཚོན་པ་དཔེ་ཡི་གཏན་ཚིགས་དེ་ཡིས་ཆོས་ཉིད་ཀྱི་དོན་ཕྱོགས་རེ་མཚོན་ཞིང་རྟོགས་པར་བྱེད་པའོ། །དེ་ཡང་ཐེག་པ་འོག་མ་པས། དཔེ་ཁོ་ནས་ཆོས་ཉིད་གཏན་ལ་འབེབ་པའི་གཏན་ཚིགས་མེད། དཔེ་ཁོ་ན་ཡིན་པར་འདོད། འདིར་དཔེ་རང་ངོ་ན་ཡིན་པར་འདོད་པས། དེ་ཕྱིར་སྒྲ་མཐུན་སྟེ་དོན་དཔགས་སོ། །འོ་ན་དཔེ་དོན་གཅིག་ན། དཔེ་བཞག་ནས་དོན་རྟོགས་མི་རུང་ངམ་ཞེ་ན། དཔེ་དོན་ངོ་བོ་གཅིག་ཀྱང་མཚོན་ཚུལ་མ་འདྲེས་པར། དཔེའི་གཏན་ཚིགས་ཀྱིས་གཏན་ལ་དབབ་བཏུབ་སྟེ། གོང་དུ་བཤད་པ་བཞིན། དོན་དང་ངོ་བོ་གཅིག་མ་འདྲེས། །དེ་ཕྱིར་དེ་ཡིས་མཚོན་རྟོགས་བྱེད། །ཅེས་གསུངས་པ་ལྟར་ཤེས་དགོས་སོ། ༈ །འོ་ན་ངོ་བོ་ཉིད་དང་། ལོངས་སྐུ་ཡི་ཚུལ་དང་། དཔེ་ཡི་གཏན་ཚིགས་འདི་གསུམ་ལ་ཁྱད་ཅི་ཡོད་ཞེ་ན། ཚུལ་ནི། ཚིག་ཏུ་བརྗོད་པ་ལ་མ་བརྟེན་པར་ཆོས་ཉིད་ཀྱི་བརྡར་འཆར་བ་ཡིན་ལ། འདི་ནི་གཞུང་ན་དཔེའི་དོན་གཏན་ལ་དབབ་པར་བཤད་པ་ལ་བརྟེན་ནས། དཔེ་མཚོན་ཞིང་གཏན་ལ་དབབ་པ་ཡིན་པས། དེ་གསུམ་མི་མཚུངས་སོ། །དེ་ལ་གོང་གི་འབྱུང་བ་ལྔའི་དཔེ་གཞུང་དུ་བཤད་པ་ལྟར་ཡིན་ལ། ཕུང་པོ་ལྔ་ལ་སོགས་པ་རྣམས་ནི། རྟོགས་ལྡན་པས། རིགས་ལྔ་ཡབ་ཡུམ་ལ་སོགས་རིགས་སྐུ་ཡེ་ཤེས་ལ་སོགས་པ་མཚོན་པའི་དཔེར་བཞེད་ལ། འདིར་འགའ་ཞིག་གིས་འདི་ལྟར་དུ་བཞེད་པའང་འདུག་སྟེ་དེ་བཞིན་ཕུང་པོ་ཞེས་པ་སྟེ། འབྱུང་བ་ལྔའི་མཚོན་ནས་རྟོགས་པ་དེ་བཞིན་དུ། ཕུང་པོ་ལྔས་མཚོན་ནས་ཀྱང་རྟོགས་པར་བྱེད་དེ་དེའང་གཟུགས་ཀྱིས་སྣང་སྟོང་དབྱེར་མེད་དུ་ཤེས་ཚོར་བས་མྱོང་སྟོང་དབྱེར་མེད་དུ་ཤེས། འདུ་ཤེས་ཀྱི་མཚན་སྟོང་། འདུ་བྱེད་ཀྱིས་དྲན་པ་དང་དྲན་སྟོང་དབྱེར་མེད། རྣམ་ཤེས་ཀྱི་རིག་སྟོང་དབྱེར་མེད་དུ་ཤེས་པས། མཚོན་ནས་རྟོགས་པར་བྱེད་དོ། །དེ་ཡང་རྣམ་བཀོད་ལས། དེ་བཞིན་གཟུགས་དང་ཚོར་བ་དང་། །འདུ་ཤེས་འདུ་བྱེད་རྣམ་ལྔ་ཡིས། །མཚན་འཛིན་རང་རིག་ཉིད་སྣང་ཕྱིར། །སྣང་སྟོང་དབྱེར་མེད་ཚོར་སྟོང་བྲལ། །མཚན་འཛིན་ཡོད་མེད་བྱ་བྱེད་མེད། །དྲན་སྟོང་དབྱེར་མེད་རང་རིག་ཕྱིར། །ཕུང་པོ་བཞི་པོ་ཡེ་ཤེས་སུ། །གཅིག་པས་རྣམ་ཤེས་ཡེ་ཤེས་ཆེ། །ཞེས་སོ། །ཡང་ན་གཟུགས་ཀྱི་ཕུང་པོ་འདི་འཇིག་པ་ལྟར། ཆོས་ཉིད་ཀྱང་ཕྱོགས་རིས་ཐམས་ཅད་ཕྱོགས་མེད་དུ་འཇིག་པའོ། །ཚོར་བ་ཉམས་སུ་མྱོང་བ་ལྟར། ཆོས་ཉིད་ཀྱང་མྱོང་བྱ་མྱོང་བྱེད་མེད་པའི་ཚུལ་གྱིས་མྱོང་བའོ། །འདུ་ཤེས་ཀྱིས་མཚན་མར་འཛིན་པ་ལྟར་ཆོས་ཉིད་མཚན་མ་མེད་པའི་དོན་ལ་མི་འདའ་བས་མཚན་མར་འཛིན་པའོ། །འདུ་བྱེད་མངོན་པར་སེམས་འདུ་བྱེད་པ་ལྟར། ཡེ་ཤེས་ཀྱི་ཆོས་ཉིད་མངོན་དུ་བྱེད་པའོ། །རྣམ་པར་ཤེས་པ་ནི་རྣམ་པར་རིག་པ་ལྟར། ཆོས་ཉིད་རང་གི་རང་རིག་པའོ། །དབང་པོ་ལྔའི་དཔེ་མཚོན་པ་ནི། དབང་ཞེས་པ་སྟེ། མིག་གི་དབང་པོ་ལ་སོགས་པ་སྟེ་དབང་པོ་ལྔ་དྭངས་པས་མཚོན་ནས། སེམས་ཉིད་མཐའི་དྲི་མ་དང་བྲལ་སྟེ་དྭངས་བར་ཤེས་པའམ། ཡང་ན་རྣམ་པར་ཤེས་པའི་རྟེན་བྱེད་ཅིང་། གཟུགས་ལ་སོགས་རང་རང་གི་ཡུལ་ལ་དབང་བསྒྱུར་བར་བྱེད་པ་ལྟར། ཆོས་ཉིད་ཀྱི་གཞི་བརྟེན་བྱེད་ཅིང་ཐམས་ཅད་ལ་རང་དབང་བསྒྱུར་བའོ། །ཡང་ན། མིག་གིས་རང་རིག་རང་སྣང་གི་གཟུགས་མཐོང་བར་མཚོན། རྣ་བས་རང་རིག་རང་སྣང་གི་སྒྲ་ཐོས་པར་མཚོན། སྣས་རང་རིག་རང་སྣང་གི་དྲི་ཚོར་བར་མཚོན། ལྕེས་རང་རིག་རང་སྣང་གིས་རོ་མྱོང་བར་མཚོན། ལུས་ཀྱིས་རང་རིག་རང་སྣང་གི་ལུས་ལ་རེག་པའམ། རང་རིག་རང་སྣང་གི་དོན་ལ་རེག་པར་མཚོན་པའོ། །དེ་ཡང་རྣམ་བཀོད་ལས། གཟུགས་སྣང་རང་རིག་ཡེ་ཤེས་གཟུགས། །སྒྲར་བརྗོད་རིག་པ་རང་སྣང་སྒྲ། །དྲི་ཞིམ་ཆོས་ཀྱི་དྲི་ཡིན་ཏེ། །རོ་བྲོ་དེ་བཞིན་ཉིད་ཀྱི་རོ། །རེག་བྱ་རང་བྱུང་ཡེ་ཤེས་རེག །ལོག་རྟོགས་ཡུལ་ལྔའི་མིང་ཙམ་དུ། །རང་ལ་རང་རྒྱུད་མེད་པའི་ཕྱིར། །རང་རིག་རང་སྣང་སྤྱོད་ཡུལ་མེད། །ཀུན་ལ་དེ་ལྟར་འབྱོར་པར་གྱིས། །ཞེས་སོ། །ཡུལ་ལྔའི་དཔེས་མཚོན་པ་ནི། ཡུལ་ལྔ་ཅེས་པ་སྟེ། གཟུགས་སྣང་སྟོང་དབྱེར་མེད་པས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མཚོན་ཏེ། རྣམ་བཀོད་ལས། མ་བཅོས་ཡེ་ནས་དེ་ལྟར་གནས། །ཐམས་ཅད་འབྱུང་བའི་གནས་ཡིན་ཏེ། །སྣང་བ་ཉིད་ན་འཇའ་ཚོན་ཕྱིར། །རང་བཞིན་མེད་པར་ཀུན་ཏུ་སྣང་། །དེ་ཉིད་ཆོས་སྐུ་ཡིན་པར་བཤད། །ཞེས་སོ། །སྒྲ་ནི་སྒྲ་དངོས་པོ་མེད་པ་ལ། སྣ་ཚོགས་སུ་གྲགས་ལ་དངོས་པོ་སྟོང་པས་མཚོན་ནས། ཆོས་ཉིད་སྣང་སྟོང་དབྱེར་མེད་དུ་ཤེས་པར་བྱ་སྟེ། དེ་ཉིད་ལས། སྒྲ་རྣམས་ཇི་སྙེད་བརྗོད་པ་ཡང་། །དངོས་པོ་མེད་ལ་དངོས་པོའི་སྒྲ། །བརྗོད་ཀྱང་སྒྲའི་དངོས་པོ་མིན། །ཆོས་རྣམས་སྒྲ་ལྟར་ཤེས་པར་བྱའོ། །ཞེས་སོ། །དྲི་ནི། དངོས་པོ་མེད་པ་ལས། སྣར་བསྲུངས་བས་མཚོན་ནས། ཆོས་ཐམས་ཅད་སྐྱེ་མེད་ཀྱི་དྲི་ཐ་དད་དུ་འཕྲོས་པར་ཤེས་པར་བྱའོ། །ཡང་དེ་ཉིད་ལས། སྣོམ་བྱ་དྲི་ཡི་དངོས་པོ་ཡང་། །ཡོད་པ་མ་ཡིན་ཀུན་ཏུ་བསྲུངས། །ཆོས་རྣམས་ཐམས་ཅད་དྲི་དང་ལྡན། །དངོས་པོ་མེད་པར་ཆོས་རྣམས་ཀུན། །ཐེ་ཚོམ་མེད་པར་ཤེས་པར་གྱིས། །ཞེས་སོ། །རོ་ནི། ཡུལ་དང་དབང་ཤེས་འཚོགས་པས་དངོས་པོ་མེད་པ་བཞིན་མྱོང་བ་ལྟར། ཆོས་ཐམས་ཅད་སྐྱེ་མེད་ཀྱི་རོར་ཤར་བར་ཤེས་པར་བྱའོ། །དེ་ཉིད་ལས། ཡུལ་དང་དབང་ཤེས་དངོས་མེད་པར། །འཚོགས་པ་རོ་ཡི་དངོས་གྲུབ་ལྟར། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཞི་རྩ་མེད་ལས་ཐམས་ཅད་བྱུང་། །ཞེས་སོ། །རེག་བྱ་ནི། ཕུང་གསུམ་རྣམ་ཤེས་ཀྱིས་དབང་བསྒྱུར་ན། རེག་བྱ་སྣ་ཚོགས་མྱོང་བ་ལྟར། རིགས་པས་དབང་བསྒྱུར་ན། སྣ་ཚོགས་སུ་སྣང་ལ་རང་བཞིན་མེད་པར་ཤེས་པར་བྱའོ། །དེ་ཡང་དེ་ཉིད་ལས། ཕུང་བཞི་ཤེས་པས་དབང་བསྒྱུར་ན། །རེག་བྱ་སྣ་ཚོགས་མྱོང་བ་ལྟར། །ཆོས་ཀུན་རེག་པས་དབང་བསྒྱུར་ན། །སྣ་ཚོགས་སྣང་ལ་རང་བཞིན་མེད། །ཅེས་སོ། །ཡང་ན། གཟུགས་སྣང་སྟོང་དབྱེར་མེད། སྒྲ་གྲགས་སྟོང་དབྱེར་མེད། དྲི་ཚོར་སྟོང་དབྱེར་མེད་རོ་བྲོ་སྟོང་དབྱེར་མེད། རེག་གིས་རེག་སྟོང་དབྱེར་མེད་པས་མཚོན་པར་ཤེས་པར་བྱའོ། །ཡང་ན། ཡུལ་ལྔ་ནི། དབང་པོ་ལྔའི་སོ་སོའི་གཟུང་ཡུལ་ཡིན་པ་ལྟར། ཆོས་ཐམས་ཅད་རིག་པའི་ཡེ་ཤེས་ཀྱི་ཤེས་པར་བྱ་བའི་ཡུལ་དུ་མཚོན་ནོ། ༈ །ལྔ་པ་ཉོན་མོངས་པ་ལྔས་མཚོན་པ་ནི། ཉོན་མོངས་ཞེས་པ་སྟེ། འདོད་ཆགས་ཡུལ་དང་འབྲལ་མི་ཕོད་པ་ཆགས་པས་མཚོན་ནས། ཤེས་བྱེད་རིག་པའི་ཡེ་ཤེས། ཤེས་བྱ་ཆོས་དབྱིངས་དང་འདུ་འབྲལ་མེད་པར། ཡང་དག་པའི་འདོད་ཆགས་སུ་རྟོགས་དགོས་པར་མཚོན། ཞེ་སྡང་ཡུལ་ལས་མནར་སེམས་པ་ལྟར། སེམས་ཉིད་སྐྱེ་མེད་རྟོགས་པས་མཚན་མ་སྣ་ཚོགས་ལ་སྡང་བའི་གསལ་ལ་རྟོག་པ་མེད་པར་ཡང་དག་པའི་ཞེ་སྡང་དུ་རྟོགས་པར་མཚོན། གཏི་མུག་རྨོངས་པས་བྱེ་བྲག་མི་འབྱེད་པ་ལྟར། ཆོས་ཉིད་བདེན་པ་དབྱེར་མེད་དུ་མཐའ་དབུས་ཐ་དད་དུ་འབྱེད་པ་མེད་པར་ཡང་དག་པའི་གཏི་མུག་ཏུ་མཚོན། ང་རྒྱལ་ཁེངས་ཤིང་འབྱིང་བ་ལྟར། ཡེ་ཤེས་ཀྱིས་གང་ཤིང་རྒྱས་པའམ། ཡང་ན་ཆོས་ཉིད་ཡོན་ཏན་གྱིས་མངོན་པར་མཐོ་བ་ཉོན་མོངས་ཟིལ་གྱིས་མནོན་པ་ཡང་དག་པའི་ང་རྒྱལ་དུ་མཚོན། འཕྲག་དོག་གིས་གཞན་གྱི་ཡོན་ཏན་ཕྲག་དུ་མི་ཤོང་སྟེ་དོག་པ་མཚོན་ནས། ལྟ་སྤྱོད་དམན་པའི་གཉིས་འཛིན་གྱི་རྟོག་པ་རང་རྒྱུད་པ་ཆོས་ཉིད་ཕྱོགས་མེད་གྱི་གོངས་པར་མི་ཚུད། ཡང་དག་པའི་ཕྲག་དོག་ཏུ་ཤེས་པར་བྱའོ། །དེ་ཡང་གོང་གིས། དངོས་པོ་ཀུན་བཅོམ་ཞེ་སྡང་ཉིད། །ཅེས་པ་ལ་སོགས་པའི་མདོ་གཞུང་གིས་གསལ་ལོ། །ཡང་ན། དངོས་པོ་དངོས་པོས་བཅོམ་པའམ། དུག་ལྔས་དུག་ལྔ་གྲོལ་བར་མཚོན་ཏེ། རྣམ་བཀོད་ལས། ཡང་ན་ཐབས་ཆེན་ཐེག་པའི་ཕྱིར། །དངོས་པོ་དངོས་པོས་བཅོམ་པར་རྟོགས། །ཉོན་མོངས་དུག་ལྔའི་དུག་ལྔ་གྲོལ། །དུག་ལྔ་རྒྱུ་རྐྱེན་ངོ་བོ་དག །རང་བྱུང་ཡེ་ཤེས་རང་སྣང་ཕྱིར། །ཞེས་སོ། ༈ །དྲུག་པ་ཁ་དོག་ལྔས་མཚོན་པ་ནི། ཁ་དོག་ཅེས་པ་སྟེ། ཁ་དོག་ལྔས་མཚོན་ནས་སེམས་ཉིད་ཡེ་ཤེས་ལྔའི་ངོ་བོར་ཤེས་པར་བྱའོ། །དེ་ཡང་དཀར་པོ་མེ་ལོང་ལྟ་བུའི་ཡེ་ཤེས་མཚོན་ལ། སེར་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས། དམར་པོ་སོ་སོར་རྟོགས་པའི་ཡེ་ཤེས། ལྗང་གུ་བྱ་བ་གྲུབ་པའི་ཡེ་ཤེས། མཐིང་ཀ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཚོན་པར་ཤེས་པར་བྱའོ། །དེ་ཡང་རྒྱས་པ་དང་། རྣམས་བཀོད་དང་། སྤྱན་འབྱེད་ལས། མ་མཐོང་རྨོངས་པ་ཐམས་ཅད་ལ། །ཡེ་ཤེས་མཚན་ཉིད་བསྟན་པའི་ཕྱིར། །དཀར་དང་སེར་དང་དམར་བ་དང་། །ལྗང་གུ་ལ་སོགས་ནག་པོར་བསྟན། །ཅེས་སོ། །ཡང་ན་དཀར་པོས་སེམས་ཉིད་ཉེས་སྐྱོན་དག་པ། དམར་པོས་ཆགས་པ་མེད། སེར་པོས་ཡོན་ཏན་རྒྱས་པ། ལྗང་ཀུས་དོན་རྫོགས་པ། ནག་པོས་མི་འགྱུར་བ་མཚོན་པ་སྟེ། དེ་ཡང་རྣམ་བཀོད་ལས། བྱང་ཆུབ་སེམས་ཉིད་དག་པའི་ཕྱིར། །ཤིན་ཏུ་མདོག་ནི་དཀར་བར་བསྟན། །དེ་རྟོགས་བྱ་ཕྱིར་དཀར་པོ་བསྟན། །ཆགས་དང་ཆགས་པར་བྱ་བ་མེད། །ཆགས་མེད་རྟོགས་ཕྱིར་དམར་བའོ། །ཟད་འཕེལ་མེད་རྟོགས་བྱ་བའི་ཕྱིར། །མདོག་ནི་གསེར་གྱི་མདོག་ཏུ་བསྟན། །ཕྲིན་ལས་ཀུན་རྫོགས་རྟོགས་བྱའི་ཕྱིར། །ལྗང་ཀུའི་མདོག་ཏུ་བསྟན་པ་ཡིན། །བསྒྱུར་དུ་མེད་པར་རྟོགས་བྱའི་ཕྱིར། །ཁ་དོག་ནག་པོར་བསྟན་པ་ཡིན། །དེ་བཞིན་ཀུན་ལ་ཤེས་པར་བྱའོ། །ཞེས་སོ། །ཕྱོགས་ལྔས་མཚོན་པ་ནི། ལོགས་པ་ཞེས་པ། སོགས་ཁུང་ནས་ཕྱོགས་ལྔ་ཡེ་ཤེས་ལྔར་མཚོན་ཏེ་ཤར་མེ་ལོང་ལྟ་བུ་ནས། དབུས་ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱི་བར་དུ་སྦྱར་རོ། །དེ་ཡང་། རྒྱས་པ་དང་། རྣམ་བཀོད་ལས། མཐའ་དང་དབུས་མེད་དེ་བཞིན་ཉིད། །དབྱེར་མེད་ངང་དུ་གནས་པ་ལས། །ཡེ་ཤེས་རྟོགས་པའི་དོན་བྱའི་ཕྱིར། །ཕྱོགས་དང་དབུས་སུ་གནས་པར་བྱོས། །ཞེས་སོ། །ཡང་ན། ཤར་ཕྱོགས་ཀྱིས་ཉོན་མོངས་པ་དང་མ་རིག་པའི་མུན་པ་བསལ་ནས། ཡེ་ཤེས་ཤར་བ་མཚོན་ལ། ནུབ་ཕྱོགས་ཀྱིས་ཉོན་མོངས་པའམ་མ་རིག་པ་རྒྱུ་འབྲས་དང་བཅས་པ་གཉིས་མེད་ཀྱི་དབྱིངས་སུ་ནུབ་པར་མཚོན། བྱང་གིས་སྡུག་བསྔལ་དང་བདག་འཛིན་ལ་སོགས་པ་བྱང་བར་མཚོན། ལྷོ་ཕྱོགས་ཀྱིས་གོང་གི་ཡོན་ཏན་དེ་རྣམས་རྫོགས་པར་མཚོན། དབུས་ཕྱོགས་ཀྱིས་ཆོས་ཉིད་དེ་བཞིན་ཉིད་དུ་འདུས་ཤིང་། དེ་ཉིད་མཐའ་གང་ལ་མི་གནས་པར་མཚོན། དེ་ཡང་རྒྱས་པ་ལས། དེ་ལྟར་མ་ལུས་ཐམས་ཅད་ལ། །ཐུགས་རྗེ་ཤར་དང་སྒྲིབ་པ་ནུབ། །རྣམ་རྟོག་མཚན་ཉིད་བྱང་གྱུར་བས། །དེའི་ཡོན་ཏན་ཆེན་པོ་རྫོགས། །ཞེས་པ་དང་རྣམ་བཀོད་ལས་ཉོན་མོངས་གསལ་བས་ཡེ་ཤེས་ཤར། དེ་ཕྱིར་ཤར་གྱིས་མཚོན་པ་ཡིན། །ཉོན་མོངས་མ་རིག་རྒྱུ་འབྲས་ནུབ། །རང་བྱུང་ཡེ་ཤེས་བདག་གཉིས་དང་། །སྡུག་བསྔལ་གདོད་ནས་རང་དག་པའི། །དོན་རྟོགས་བྱ་ཕྱིར་བྱང་དུ་བརྗོད། །དེ་ལྟར་རང་རིག་རང་ཤར་ནུབ། །ཡོན་ཏན་རྫོགས་པ་མཚོན་ཕྱིར་ལྷོ། །དེ་ལྟར་ཆོས་རྣམས་མ་ལུས་ཀུན། །དེ་བཞིན་ཉིད་ཀྱི་དབྱིངས་སུ་འདུས། །ཕྱོགས་རྣམས་མ་ལུས་ཐམས་ཅད་ཀུན། །དེ་བཞིན་ཉིད་དུ་ཟླུམ་པའི་ཚུལ། །ཕྱོགས་རྣམས་ཀུན་ལ་དེ་ལྟར་བལྟ། །ཞེས་སོ། །འདི་རྣམས་ཀྱི་དོན་རྒྱས་པ་ཁོང་དུ་ཆུད་འདོད་ན་སྙམ་པས་ལུང་སྦྱོར་དང་བཅས་པ་བཀོད་བའོ། ༈ །མཇུག་བསྡུས་ཏེ་བསྟན་པ་ལ་གསུམ། བགྲང་། གང་གིས་ཕེབས་ཀྱང་དོན་རྒྱས་པར་བསྟན་པ་དང་། དྲང་། གོང་དུ་བཤད་པའི་དོན། སྔོན་བྱུང་དང་རྗེས་འཇུག་གིས་གཏན་ཚིགས་སམ། སྒྲ་མཐུན་དོན་དཔགས་ཀྱི་གཏན་ཚིགས་དང་། ཚད་མ་བཀའ་གཞུང་གི་གཏན་ཚིགས་ཞེས་ཡང་ནས་ཡང་དུ་བརྗོད་པ་དེ་རྣམས་ཀྱིས་བསྒྲུབ་བྱའི་ངོ་བོ་གང་ཡིན་པ་ཤེས་པར་བྱེད་པའི་དོན་ལ་གཏན་ཚིགས་ཞེས་བྱའོ། །གཏན་ཚིགས་ཀྱི་ངེས་ཚིག་གི་སྒོ་ནས་གཏན་ལ་དབབས་ནས། དེ་ཡང་རང་བྱུང་ཡེ་ཤེས་ལྟ་བུ་གཅིག་ལ་སྦྱར་ན། རྒྱུ་རྐྱེན་མེད་པས་རང་བྱུང་སྒྲིབ་བྱེད་མེད་པས་རང་གསལ་བས་ཡེ་ཤེས་བྱས་པས་ངེས་ཚིག་སྒོ་ནས་གཏན་ལ་དབབ་རུང་། དེའི་ངོ་བོ་སྣང་བ་དང་སྟོང་པ་དབྱེར་མེད་པའི། གསལ་བ་རྟོགས་པ་མེད་པ་ཡིན་བྱས་པས། ངོ་བོའི་སྒོ་ནས་གཏན་ལ་ཕབ་རུང་། མཚན་ཉིད་ཀྱི་སྒོ་ནས་སྣང་སྟོང་ལ་སོགས་པ་དང་། བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་བྱས་པས་དོན་རྟོགས་ཀྱང་རུང་། སོགས་ཁུང་ནས་ཡོན་ཏན་རིན་པོ་ཆེ་ལྟ་བུ་ཡིན། རང་བཞིན་འགྱུར་བ་མེད་པ་ཡིན། དཔེ་ནམ་མཁའ་ལྟ་བུ་ཡིན་བྱ་བ་ལ་སོགས་པ་རྣམས་གང་གི་སྒོ་ནས་དོན་དེ་གཏན་ལ་འབེབ་ཀྱང་དོན་རྒྱས་པར་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ། །ཤེས་པའི་དམ་ཚིག་དང་ལྡན་པར་གདམས་པ་དང་། དྲང་། དེ་ལྟར་གཏན་ཚིགས་ཀྱིས་གཏན་ལ་ཕེབ་ཅིང་དོན་རྟོགས་ན་ཕྱོགས་འཛིན་ཞེན་པ་ལྟ་ངན་ཐམས་ཅད་འཇིགས་པར་བྱེད་ཅིང་ཕྱོགས་མེད་ཀྱི་ལྟ་བ་རྟོགས་པ་ལས་མི་འདའ་བའི་དམ་ཚིག་དང་། དེ་ལྟར་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ལས་མི་འདའ་བའི་དམ་ཚིག་དང་ལྡན་པར་བྱོས་ཤིག་ཅེས་གདམས་པའོ། ༈ །དོན་ཚིག་དང་བྲལ་བ་གོ་བར་གྱིས་ཞིག་པར་གདམས་པའོ། །དྲང་། འཁོར་འདས་ཀྱི་ཆོས་ཐམས་ཅད་གཏན་ཚིགས་ཀྱིས་མ་ལུས་པར་གཏན་ལ་འཕེབས་ཤིང་། གྲུབ་མཐའི་དོན་འབྱུང་བའང་ཚིག་གིས་མཚོན་པ་ལས་དོན་གུད་ན་མེད། འོ་ན་ཚིག་དོན་གཅིག་གོ་ཞེ་ན། ཚིག་གིས་སྒྲ་ཉིད་ཀྱང་དོན་གྱི་དངོས་པོ་མིན་ཏེ། ཚིགས་བློའི་སྤྱོད་ཡུལ་དུ་གྱུར་ཅིང་། དོན་བློའི་སྤྱོད་ཡུལ་དུ་མ་གྱུར་པས་སོ། །འོ་ན་སྒྲ་དོན་ཐ་དད་དམ་ཞེ་ན། མཚན་བྱའི་དོན་ཉིད་ཀྱང་མཚོན་བྱེད་གཏན་ཚིགས་ཀྱི་སྒྲ་ཡིས་མཚོན་པ་དེ་ལས་གཞན་གུད་གཅིག་ན་མེད་དེ། ཚིག་གིས་དོན་མཚོན་པས་སོ། །དེ་ལྟར་ན་དོན་དེ་དང་པོ་རྟོགས་པར་བྱེད་པའི་ཐབས་ཙམ་དུ་ཚིག་གིས་མཚོན་དགོས་ལ། མཐར་རྟོགས་པའི་ཚེ་ཡང་དག་པར་ཚིག་ལམ་ཆད་དགོས། དེས་ན་བཏགས་པའི་མིང་དང་། མཚོན་པའི་ཚིག་དང་། བརྗོད་པའི་སྒྲ་ཙམ་ལ་བློ་མི་བརྟེན་པར་རང་གི་བློའི་གཏིང་དུ་དོན་ཕྱོགས་རེ་དང་བྲལ་བ་ནམ་མཁའ་ལྟ་བུ་དེ་གོ་བར་བྱོས་ཤིག་ཅེས་གདམས་པའོ། །འདི་ནི་རྟོགས་ཆོས་ཁུང་དུ་ཆུད་ན། ལུང་ཆོས་དོར་བའི་ཚིགས་ཡིན་ཏེ། དཔེར་ན་ཆུ་ཕར་ཁ་ལ་ཕྱིན་ན་གྲུ་གཟིང་དོར་བ་ལྟ་བུའོ། ༈ །གསུམ་པ་གྲུབ་མཐའ་དང་། བཞི་པ་གོལ་སྒྲིབ་ཐུན་མོང་དུ་བསྟན་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོར་མདོར་བསྟན་པ་ནི། གསུམ་པ་གྲུབ་མཐའ་དང་། དེའི་སྟེང་དུ་གོལ་སྒྲིབ་ཀྱི་གདར་ཤ་བཅད་པ་བསྣན་པ་བཞི་པ་ཞེས་བྱ་སྟེ། གཉིས་པོ་དེའི་ལུས་ཀྱིས་དོན་བརྗོད་པར་བྱ་བ་སྟེ། གསང་སྔགས་ཐེག་པ་མཆོག་བླ་ན་མེད་པ་མ་ཧཱ་ཡོ་གའི་དོན་ནི། མཚན་མ་ཕྱོགས་རེ་བ་ཀུན་ཏུ་མི་རྟོག་པར་ཆོས་ཉིད་མཉམ་པའི་ངང་དུ་ཆོས་ཀུན་ཐམས་ཅད་ཤེས་འཁོར་འདས་ཀྱི་ཐེག་པའི་ཆོས་ཀུན་ཀྱང་མཉམ་པ་ཉིད་ཡིན་པར་རྟོགས་པས་འཇིག་རྟེན་ལས་འདས་པའི་ལྟ་བའི་ཡོན་ཏན་དང་། འཇིག་རྟེན་པའི་ལྟ་བའི་སྐྱོན་ཏེ་སོ་སོའི་ལྟ་བ་རྣམ་པ་མི་མཐུན་པ་ཐ་དད་དུ་བཟུང་ཞིང་བརྗོད་པར་མི་བྱ། དེ་རྣམས་མི་མཉམ་པ་འོག་མའི་ལྟ་བ་དགག་ཅིང་མཉམ་པ་གོང་མའི་ལྟ་བ་གཞན་ནས་བླང་བར་བྱ་བ་མེད་དེ་ཐམས་ཅད་མཉམ་ཉིད་དུ་རྟོགས་པར་བྱ་བའོ། ༈ །རྒྱས་པར་བཤད་པ་ལ་གཉིས། གོལ་སྒྲིབ་ཀྱིས་གདར་ཤ་བཅད་དེ་དམིགས་དབྱེ་བ་དང་། གྲུབ་མཐའ་མ་ནོར་བའི་དོན་ཉིད་ངོས་བཟུངས་བའོ། །དང་པོ་ལ་གསུམ། བགྲང་། སྤྱིར་གོལ་གཞི་ངོས་བཟུང་བ་དང་། དྲང་། སྤྱིར་ནི་གནས་ལུགས་དེ་མ་ཡིན་ལ་དེར་འཛིན་པའི་ལོག་རྟོག་གིས་སྣང་བ་མི་སྣང་བློས་བསམ་ཡས་པས་འདི་རྣམས་ཡེ་གདོད་མ་ཉིད་ནས་གཞི་གནས་ལུགས་ལ་གྲུབ་ནས་རང་རྒྱུད་གྲུབ་པ་མ་ཡིན་ཏེ། འོ་ན་འཁྲུལ་པ་འདི་ཅི་ལས་བྱུང་ཞེ་ན། འགྲོ་བ་སོ་སོའི་གཟུང་འཛིན་གྱི་རྣམ་པར་རྟོག་པའི་བག་ཆགས་ཀྱི། གཟུང་འཛིན་གྱི་དྲ་བས་ཡང་དག་པའི་དོན་ཉིད་ལ་སྒྲིབ་པར་གྱུར་ཏེ། དོན་དམ་པར་ཆོས་ཉིད་རང་གི་ངོ་བོ་ཅིར་ཡང་གྲུབ་པ་མེད་པ་ལས་ཀུན་རྫོབ་ཏུ་རྟོག་པའི་སྣང་བ་ཅིར་ཡང་སྣང་བའོ། །དེས་ན་བྱང་ཆུབ་ཀྱི་སེམས་སམ། བདེ་གཤེགས་སྙིང་པོའི་གནས་ལུགས་གཞི་དང་དབྱེར་མེད་ལས་གོལ་བའོ། ༈ །དེ་མ་རྟོགས་ཏེ་འཁྲུལ་པའི་ཚུལ་དང་། དྲང་། སོ་སོ་སྐྱེ་བོའི་སྤྱོད་ཡུལ་འཁྲུལ་སྣང་འདི་ཆོས་ཅན། བདེ་པར་གྲུབ་པ་མིན་ཏེ། བདག་ཏུ་འཛིན་པའི་གཟུང་འཛིན་གྱི་དྲི་མ་མ་གྲོལ་བའི་ཕྱིར་ཞེས་པའི་རིག་པ་དང་གཅིག །ལས་དང་ཉོན་མོངས་པས་རང་གི་རྒྱུད་བཅིངས་པ་དང་གཉིས་སྐྱེ་རྒས་ན་འཆིའི་དུས་ཀྱིས་དགྲས་འཇོམས་པ་དང་གསུམ། ཡང་དག་པའི་དོན་གྱིས་བསླུས་པ་དང་བཞི། མི་རྟག་སྟེ་སྔ་ཕྱི་འགྱུར་བ་དང་ལྔ། འཕགས་པའི་ལམ་དང་བྲལ་བ་དང་དྲུག །ལམ་དེ་བརྩལ་དགོས་པ་སྟེ། ཐར་པའི་ལམ་ལ་བརྟེན་དགོས་པ་དང་བདུན། འཁོར་བའི་བཙོན་རར་ཐར་དཀའ་བས་བཙོན་དོང་ངམ་ལྕགས་དང་འདྲ་བར་ཆུད་པ་དང་བརྒྱད། སྡུག་བསྔལ་བརྒྱད་དང་བཅུ་གཅིག་ལ་སོགས་པ་འགའ་མྱོང་ཡང་། གཉེན་པོ་མི་འཇིགས་པ་དང་དགུ་སྟེ། དེ་ལྟར་གཏན་ཚིགས་དགུའི་ཕྱིར་ན་གོལ་ཞིང་འཁྲུལ་བའོ། །རྒྱུ་མཚན་དགུའི་འཁྲུལ་པ་དེ་བས་ན་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ཕྱོགས་འགའ་ཙམ་ཡང་མ་རྟོགས་པས་གཉིས་འཛིན་གྱི་དབང་གིས་ཉོན་མོངས་པ་དུག་ལྔར་རང་རྒྱུད་པ་ལ་འཇོལ་ཉོག་ཏུ་སྤྱོད་པས་འགྲོ་བ་ལམ་རྒྱུད་ལྔར་འཁོར་བའོ། ༈ །གོལ་བའི་དམིགས་དབྱེ་བ་ལ་གཉིས། འཇིག་རྟེན་པའི་ལྟ་བ་གོལ་བ་དང་། འདས་པའི་ཐེག་པ་ཡོ་ག་མན་ཆད་གོལ་བའོ། །དང་པོ་ལ་གསུམ། བགྲང་། ཁམས་གསུམ་གྱི་ལྟ་བར་གོལ་བ་ལ་གསུམ། བགྲང་། འདོད་ཁམས་ལྷ་མིའི་ལྟ་བར་གོལ་བ་དང་། དྲང་། འདི་ལ་འཁྲུགས་གཅིག་སྡེབས་ནས་བཤད་ན། བདེ་འགྲོའི་རྒྱུ་ལས་དཀར་པོ་དགེ་བ་བཅུ་དང་། ངན་འགྲོའི་རྒྱུ་ནག་པོ་སྡིག་པ་མི་དགེ་བ་བཅུ་ལས་ཀྱི་རྒྱུ་འབྲས་མི་མཉམ་པས། དད་པའི་ཀུན་ནས་བསླངས་པའི་ལས་དཀར་པོ་དགེ་བ། ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་སྟེ་བཅུ་པོ་དག་ལ་བཟང་བའམ། གཙོ་བོར་བལྟས་ནས་དང་དུ་ལེན་ཅིང་། སྡིག་པ་མི་དགེ་བ་བཅུ་པོ་སྤང་བར་བྱེད་པ་ནི། དེའི་འབྲས་བུ་འདོད་ཁམས་ཀྱིས་ལྷ་དྲུག་དང་གླིང་བཞི་མིའི་སྐྱེ་གནས་སུ་སྐྱེ་བ་སྟེ་དེས་ཀྱང་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས་པར་འདོད་ཁམས་ཀྱི་ལྷ་མི་མཐོ་རིས་གནས་བཅུར་འཁོར་བའོ། ༈ །གཟུགས་ཁམས་ཀྱི་ལྟ་བར་གོལ་བ་དང་། དྲང་། ཆོས་ཉིད་དབྱེར་མེད་མཉམ་པ་ཆེན་པོའི་དོན་ཉིད་མ་རྟོགས་ཤིང་། དགེ་བཅུའི་སྟེང་དུ་བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཏེ་ཡུལ་དུ་དམིགས་པའི་ཚད་མེད་བཞི་སྒོམ་པ་དང་། དང་པོ་རྟོག་དཔྱོད་གཉིས་ཀ་ཡོད་པ། གཉིས་པ་ལ་རྟོག་པ་མེད་ལ་དཔྱོད་པ་ཡོད་པ། གསུམ་པ་ལ་དཔྱོད་པ་མེད་ལ་རྟོག་པ་ཡོད་པ། བཞི་པ་རྟོག་དཔྱོད་གཉིས་ཀ་མེད་པས་མི་གཡོ་བ་སྟེ་བསམ་གཏན། བཞི་པོ་ལ་རིམ་པ་བཞིན་དུ་རང་རང་གི་ཏིང་ངེ་འཛིན་སོ་སོར་སྒོམ་པས་བདག་ཏུ་འཛིན་པ་དང་མ་བྲལ་ཞིང་རང་རང་གི་གཟུང་རྣམས་ཀུན་ལ་ངའམ་བདག་ཏུ་རྟོག་ཅིང་འཛིན་པ་དང་བཅས་པ་འདི་ནི་ཚངས་པ་ལ་སོགས་བསམ་གཏན་མུ་བཞིའི་སྐྱེ་གནས་བཅུ་བདུན་དུ་རིམ་པར་སྐྱེ་བའོ། །བསམ་གཏན་གྱི་སྒོམ་འདི་རྣམས་ལ། བསམ་གཏན་དང་པོ་གསུམ། བདེ་གསལ་མི་རྟོག་གསུམ་ལ་མཚན་མར་འཛིན་པ། ཞི་གནས་སྙིགས་མ་ཡིན་ལ། བསམ་གཏན་བཞི་པ་ནི། བསམ་གཏན་ལ་ཤིན་ཏུ་དག་པ་ཐོབ་ཅིང་། ཞི་གནས་དྭངས་བའི་དྭངས་ཆ་ཡིན་པར་ཤེས་པར་བྱའོ། །འདི་རྣམས་ནི་ཚོགས་ལམ་ཆོས་རྒྱུན་ཆེན་པོའི་ཏིང་ངེ་འཛིན་གྱི་མཉམ་བཞག་མན་ཆད་ལ་གོལ་བ་ཡིན་ནོ། །འདི་རྣམས་ཀྱི་དོན་རྒྱས་པར་བཤད་ན། བསམ་གཏན་གྱི་ཉེར་ལྡོག་ཡན་ལག་བཅོ་བརྒྱད་དང་། རྒྱུ་དེ་བཅོ་བརྒྱད་སྒོམས་པས། དེར་སྐྱེ་བའི་རྒྱུ་མཚན་དང་། ཏིང་ངེ་འཛིན་རང་གིས་ངོ་བོ་ངོས་བཟུང་དང་། གཟུགས་ཁམས་གནས་རིས་བཅུ་བདུན་གྱི་དབྱེ་བསལ་རྣམས་གཞན་དུ་ཤེས་པར་གྱིས། འདིར་ཡི་གེ་མང་དོགས་པས་མ་བཀོད། སྤྱིར་གསང་སྔགས་མ་ཧཱ་ཡོ་ག་མཉམ་པ་ཉིད་ཀྱི་གནས་ལུགས་མ་རྟོགས་པ་ལ། འོག་མའི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ལྟ་བ་གོལ་སྒྲིབ་ཀྱི་དམིགས་བསལ་ལུགས་ཙམ་གཅིག་བྱུང་བས། ཤེས་བྱ་རབ་འབྱེད་ཀྱི་དབྱེ་གསལ་མི་སྤྲོའོ། ༈ །གཟུགས་མེད་ཀྱི་ལྟ་བར་གོལ་བའོ། །དྲང་། ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་དང་གཟུགས་མེད་འཁོར་བའི་ཆོས་ཡིན་པར་མ་རྟོགས་ནས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ་སྟེ། མིང་བཞིའི་ཕུང་པོ་མེད་པར་མ་ཤེས་ཏེ། ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་ཡིན་སྙམ་པའི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་པ་དང་། ཅི་ཡང་མེད་པ་དང་། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཀྱི་སྒོམ་བཞི་ལ་བློ་གནས་པར་གྱུར་པ་དེ་དག་མཐོ་སྲིད་པའི་རྩེ་མོ་ཞེས་བྱ་སྟེ། སྐྱེ་མཆེད་མུ་བཞིའི་ས་རུ་སྐྱེའོ། །འདི་རྣམས་ལ་སྐྱེ་མཆེད་མུ་བཞིའི་དགོངས་པ་ངོས་བཟུང་བ་ལམ་གྱི་ས་མཚམས་འདི་ནས་གོལ་ལུགས་བསྟན་པ་ནི། སྐྱེ་མཆེད་མུ་བཞི་འདི་རྣམས་ནི། སྦྱོར་ལམ་གྱི་དྲོད་ཡན་ཆད་གྱི་ལྷག་མཐོང་གི་ཉམས་ལས་གོལ་བ་ཡིན་ཏེ། སྦྱོར་བའི་དུས་ན། གཟུགས་ཀྱི་དམིགས་པ་ལས་འདས་ནས། ནམ་མཁའ་མཐའ་ཡས་ཞེས་པ་དང་། གཟུང་བའི་དམིགས་པ་ལས་འདས་ནས། ནམ་མཁའ་ལ་དམིགས་པ་རྣམ་པར་ཤེས་པ་མཐའ་ཡས་སོ། །ཞེས་པ་དང་། འཛིན་པའི་དམིགས་པ་ལས་འདས་ནས། ནམ་མཁའ་ལ་དམིགས་པའི་རྣམ་པར་ཤེས་པ་ནི། ཅི་ཡང་མེད་པའོ། །ཞེས་པ་དང་། མེད་པའི་དམིགས་པ་ལས་འདས་ནས། འདུ་ཤེས་རགས་པ་མེད་ཅིང་ཕྲ་བའང་མ་ཡིན་སྙམ་པའི་མོས་པ་སྔོན་དུ་བཏང་ནས། དངོས་པོའི་གཞིའི་དུས་སུ་དེ་དག་ལ་རྩེ་གཅིག་ཏུ་གནས་པའོ། །ཚོད་ནི་གཞན་དུ་ཤེས་སོ། །མུ་སྟེགས་ཀྱི་ལྟ་བར་གོལ་བ་དང་། དྲང་། ཕྱི་རོལ་རིག་བྱེད་མུ་སྟེགས་པའི་ལྟ་བ་རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་གཉིས་ཀར་གང་ཟག་གང་གིས་བློས་ཞེན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དོན་གྱི་སྙིང་པོ་ཡང་དག་པའི་ཆོས་ཉིད་ལས་གོལ་བར་རྒྱལ་བས་གསུངས་སོ། །དོན་ལ་མུ་སྟེགས་འདི་རྣམས་ཀྱིས། ཆོས་ཉིད་འགྱུར་བ་མེད་པ་ལ་གོལ་གཞི་བྱས་ནས་རྟག་ལྟ་བྱུང་བ་དང་། ཆོས་ཉིད་ངོས་བཟུང་དང་བྲལ་བ་ལ་གོལ་གཞི་བྱས་ནས་ཆད་ལྟ་བྱུང་བའོ། ༈ །ངོ་བོ་ཉིད་ལ་གོལ་བ་མེད་པར་ལ་བཟླ་བ་དང་། དྲང་། འདོད་ཁམས་པ་གཅིག །གཟུགས་ཁམས་བསམ་གཏན་བཞི་ལ་ས་བཞི། གཟུགས་མེད་སྐྱེ་མཆེད་མུ་བཞི་ལ་ས་བཞི་སྟེ་ཁམས་གསུམ་གྱི་ས་དགུའི་ཞེན་པ་དག་ས་ཡི་སྒྲིབ་མེད་ཀྱི་ཡེ་ཤེས་ནི། ས་དགུའི་སྣང་བ་མ་སྤངས་པར་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་དུ་རྟོགས་པས་ན་བཅོམ་ཞེས་བྱའོ། ༈ །འདས་པའི་ཐེག་པ་གོལ་བ་ལ་གཉིས། རྒྱུའི་ཐེག་པ་གོལ་བ་དང་། སྔགས་ཕྱི་པ་གོལ་བའོ། །དང་པོ་ལ་གསུམ། བགྲང་། ཉན་ཐོས་ཀྱི་ཐེག་པར་གོལ་བ་དང་། དྲང་། ཆོས་ཉིད་གཉིས་མེད་མཉམ་པ་ཉིད་མ་རྟོགས་པས་ཆོས་རྣམས་ཐམས་ཅད་ལ་གཟུང་འཛིན་ཕྲ་བ་དོན་དམ་པ་ལ། སྡུག་བསྔལ་དང་། ཀུན་འབྱུང་དང་འགོག་པ་དང་། ལམ་གྱི་བདེན་པ་བཞིའི་དངོས་པོ་གྲུབ་ནས་ཡོད་པར་ལྟ་ཞིང་། སྡུག་བསྔལ་དང་། ཀུན་འབྱུང་གཉིས་འཁོར་བའི་རྒྱུ་འབྲས་སུ་བྱས་ནས་སྤངས་བ་དང་། འགོག་པ་དང་། ལམ་གཉིས་འདས་པའི་རྒྱུ་འབྲས་སུ་བྱས་ནས་མི་སྤངས་བར་དང་དུ་ལེན་པར་བྱེད་པར་གྱུར་པས་ན། དེ་ལྟ་བུ་འདི་ནི་བདེན་བཞི་ཉན་ཅིང་ཐོས་པའི་དོན་གཞན་ལ་སྒྲོགས་པར་བྱེད་པས་ན། ཐོས་སྒྲོགས་ཉན་ཐོས་ཀྱི་ཐེག་པའི་ས་པ་ཞེས་བྱ་བར་གོལ་བ་ཡིན་ནོ། །དེ་ལ་བདེན་བཞིའི་སྐབས་འདིར། མི་རྟག་ལ་སོགས་སྐད་ཅིག་བཅུ་དྲུག་ངོས་བཟུང་བ་དང་། ལྟ་སྒོམས་ཀྱི་འདོད་པ། འབྲས་བུའི་རྣམ་བཞག་རྣམས་གཞན་དུ་ཤེས་པར་བྱའོ། ༈ །རང་སངས་རྒྱས་ཀྱི་ཐེག་པར་གོལ་བ་དང་། དྲངས། ལས་གསུམ་དང་ཉོན་མོངས་པ་ལྔ་པོ་ཐམས་ཅད་ལ་གསང་སྔགས་ལྟར་འཁོར་འདས་མཉམ་པ་ཆེན་པོའི་དོན་ཉིད་དུ་ངོ་མི་ཤེས་ཤིང་། རྟེན་འབྲེལ་བཅུ་གཉིས་ལ་སྔ་མ་རྒྱུ་དང་ཕྱི་མ་འབྲས་བུ་སྟེ། དེ་ལུགས་འབྱུང་དང་། ལུགས་ལྡོག་གཉིས་ཡོད་པར་འཛིན་ཅིང་དེ་ཡང་ལུགས་འབྱུང་དགག་བྱ་དང་། ལུགས་བཟློག་བསྒྲུབ་བྱར་བྱེད་ནས་དེ་ལྟ་བུ་གང་ཟག་འདི་ནི་འབྲས་བུ་རང་སངས་རྒྱས་ཀྱི་ཐེག་པའི་ས་ཞེས་བྱ་བར་གོལ་བ་ཡིན་ནོ། །རྟེན་འབྲེལ་བཅུ་གཉིས་སྐབས་འདིར་བཤད་པ་མང་པོ་ཡོད་ཀྱང་། རྟེན་འབྲེལ་བཅུ་གཉིས་རང་ངོས་བཟུང་ཤིང་མཚན་ཉིད་བཤད་ན། མ་རིག་པའི་མཚན་ཉིད་ནི་ལས་རྒྱུ་འབྲས་དང་། བདེན་པ་བཞི་མ་ཤེས་པ་ཡིན། འདུ་བྱེད་ནི། ལས་དགེ་སྡིག་ལུང་མ་བསྟན་ལ་སེམས་མངོན་པར་འདུ་བྱེད་པ་ཡིན། རྣམ་པར་ཤེས་པ་ནི། ཀུན་གཞི་ས་བོན་གྱི་ཆའི་སྟེང་དུ་འགྱུར་བ་རྣམ་སྨིན་གྱི་ཆའོ། །མིང་དང་གཟུགས་ནི། མངལ་གྱི་གནས་སྐབས་ཀྱི་མིང་གཞི་ཡི་ཕུང་པོ་དང་གཟུགས་ཀྱི་ཕུང་པོ་ཡིན། སྐྱེ་མཆེད་དྲུག་ནི། མངལ་གྱི་གནས་སྐབས་སུ་སྐྱེ་མཆེད་ཀྱི་སྒོ་དྲུག་དོད་པ་ཡིན། རེག་པ་ནི་གསུམ་འདུས་ནས། ཡུལ་ཡིད་དུ་འོང་བ་དང་། མི་འོང་པས་ལྡོག་པ་གཅོད་པ་ཡིན། ཚོར་བ་ནི། བདེ་སྡུག་བཏང་སྙོམས་སུ་ཉམས་སུ་མྱོང་བ་ཡིན། སྲེད་པ་ནི། དེ་ལྟར་གྱི་ལུས་དང་ལོངས་སྤྱོད་ཐོབ་པ་ལ་ཆགས་པ་ཡིན། ལེན་པ་ནི་མ་འོངས་པའི་ཕུང་པོ་ལ་ཐོབ་པར་འདོད་པ་ཡིན། སྲིད་པ་ནི། བག་ཆགས་ནུས་པ་མཐུ་ཅན་དུ་བལྟས་ཏེ། འབྲས་བུ་བསྐྱེད་པ་ལ་མ་རེག་པར་འདུག་པའོ། །སྐྱེ་བ་ནི། སྔར་མ་བྱུང་བའི་དངོས་པོ་གཅིག་ཕྱི་འབྱུང་བ་ཡིན། རྒས་པ་ནི། སྨིན་ཅིང་རིད་པ་ཤི་བ་ནི། དབང་རྟེན་ཁོག་པ་དང་བཅས་པ་དང་། ཀུན་གཞི་རྣམ་ཤེས་བྲལ་ཏེ་དབུག་རྒྱུ་བ་རྒྱུན་ཆད་དོ། །རྒ་ཤི་གཉིས་གཅིག་ཏུ་བསྒྲངས་པས་བཅུ་གཉིས་ཀྱི་རིགས་བསྡུ་བ་ནི། རྒྱུ་བསྡུས་པ་དྲུག །འབྲས་བུ་བསྡུས་པ་དྲུག །དང་པོ་ནི། མ་རིག་པ། འདུ་བྱེད་རྣམ་ཤེས་གསུམ་ཏེ། སྲིད་པ་ལེན་པ། སྲིད་པ་གསུམ་ཏེ་དྲུག་གོ། །དེ་ཡང་འཕེན་པ་སྟེ་རིང་བའི་རྒྱུ་དང་། འགྲུབ་པ་སྟེ་ཉེ་བའི་རྒྱུ་ཐ་མ་གསུམ་དུ་གྲངས་ངེས་སོ། །གཉིས་པ་ནི། འཕངས་པ་སྟེ་ཉེ་བའི་འབྲས་བུ་དང་། འགྲུབ་པ་སྟེ་རིང་བའི་འབྲས་བུའོ། །དང་པོ་ནི། མིང་དང་། གཟུགས་སྐྱེ་མཆེད་དྲུག །རེག་ཚོར་གཉིས་ཏེ་བཞིའོ། །རིང་བ་ནི། སྐྱེ་བ་དང་། རྒ་ཤིའོ། །བཞི་པ་རྒྱུ་འབྲས་ཚེ་དུས་བསྡུ་བ་ནི། ཐ་མ་ཚེ་དུ་ལ་རྫོགས་པ་ནི། སྤྱིར་མཐུན་པ་མང་ན་ཡང་། ཐེག་ཆེན་སྤྱིའི་ལུགས་ཀྱིས། རྒྱུའི་དྲུག་པོ་ད་ལྟར་དང་། འབྲས་བུའི་དྲུག་པོ་ཕྱི་མ་ལ་རྫོགས་པར་འདོད་དོ། །ཡང་ན། ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །ཞེས་པས། དང་པོ་རིག་པ་དང་། བརྒྱད་པ་སྲེད་པ་དང་། དགུ་པ་ལེན་པ་གསུམ་ཉོན་མོངས་པའོ། །གཉིས་པ་འདུ་བྱེད་དང་། བཅུ་པ་སྲིད་པ་ནི་རྐྱེན་ལས་སོ། །ལྷག་མ་རྣམ་པར་ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་དང་བདུན་འབྲས་བུ་བསྡུའོ། །གཉིས་པ་ལུགས་བཟློག་ནི་སྒོམས་པ་སྟེ། ཕྱི་སྣོད་ནི། གཡུང་དྲུང་གི་ལྷ་ཤུགས་ལ་བརྟེན་ཏེ། མ་གྲུབ་པར་རྩད་ཆོད་དོ། །རང་རྒྱལ་བ་ཁ་གཅིག་གིས། འབྲས་བུ་ཅི་ལ་བྱུང་དཔྱད་པས། ལོ་འདབས་ལས་བྱུང་། དེ་ཡལ་ཀ །དེ་སྡོང་བུ། དེ་མྱུ་གུ། དེ་ས་བོན་ལས་བྱུང་བར་རྟོགས། དེ་གང་ལ་བརྟེན་ན། ས་ལ། དེ་མེ། དེ་ཆུ། དེ་རླུང་། དེ་ནམ་མཁའ་ལ། དེ་གང་ལ་ཡང་རྟེན་རྒྱུ་མ་གྲུབ་པས། སྣོད་ཀྱི་འཇིག་རྟེན་འདི་ཉན་ཐོས་ལྟར་རྡུལ་དུའང་། མ་གྲུབ་སྟེ་བར་སྣང་གི་སྤྲིན་ལྟ་བུ་གཅིག་ཏུ་མཐོང་སྟེ། ཕྱི་རྟེན་འབྲེལ་གྱི་མཐུའོ། །དེ་ཡང་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུའི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྫུ་འཕྲུལ་དེ་འདྲ་ན། །ནམ་མཁའ་གང་ཡིན་དོན་འདི་བརྟག་པར་གྱིས། །ཞེས་པའི་དོན་ནོ། །ནང་རྟེན་འབྲེལ་ནི། རང་གི་བླ་མའི་ཞལ་ནས། འཁོར་བའི་རྒྱུ་འདོད་ཆགས་ཡིན་པས། དེའི་གཉེན་པོ་དུར་ཁྲོད་དུ་སོང་ལ་མི་སྡུག་པ་སྒོམས་ཤིག་གསུངས་ནས། དུར་ཁྲོད་དུ་ཕྱིན་པས། རོ་འདི་དག་ཅི་ལས་བྱུང་བརྟག་པས། ཤི་བ་ལ་བྱུང་། དེ་རྒས་པ་ལས། དེ་ན་བ་ལས། དེ་སྐྱེས་པ་ལས། དེ་ཚོར་བ། དེ་རེག་པ། དེ་སྐྱེ་མཆེད་དྲུག་ལ་སོགས་པ་བཟློག་པས། མཐར་མ་རིག་པ་ལ་ཐུག་པས། མ་རིག་པའི་གཉེན་པོ་རིག་པ་ཡེ་ཤེས་བསྟེན་པས། མ་རིག་པ་འགགས་དེ་འགགས་པས་ཐབས་ཀྱི་མེ་སོད་ན། རྩིག་ཁུང་གི་དུ་བ་རང་ཞི་བ་བཞིན་དུ། འདུ་བྱེད་འགགས། དེ་རྣམ་ཤེས་ལ་སོགས་པ་འགགས་པས། འདས་པར་གྲོལ་བའོ། །དེ་ལྟར་རྟེན་འབྲེལ་རྒྱུ་འབྲས་ཀྱི་དངོས་པོར་ཡོད་པར་འཛིན་ནོ། །ཞེ་ན། དེ་བས་ན་དོན་དམ་དུ་གང་ཟག་གི་བདག་མེད་པའི་སྟེང་དུ། ཆོས་ཀྱི་ཕྱོགས་གཅིག་ལ་བདག་མེད་པར་རྟོགས་ཏེ། ཕྱི་ནང་གི། དངོས་པོ་ཐམས་ཅད་རྟེན་འབྲེལ་འབྱུང་བ་བཅུ་གཉིས་ཡིན་པ། གཟུགས་ཀྱི་ཕུང་པོ་རྡུལ་ཕྲ་རབ་དོན་དམ་དུ་མ་གྲུབ་ལ། ཕུང་པོ་ལྷག་མ་བཞི་རིག་པ་སྐད་ཅིག་མར་གྲུབ་པར་འདོད་པའོ། །དེ་ཡང་། གཟུང་བའི་ཡུལ་ལ་རྣམ་རྟོག་བཅོམ། །འཛིན་པའི་ཤེས་པ་མ་སྤངས་དེ། །རང་རྒྱལ་དག་གི་ས་ཡིན་པས། །ཉན་ཐོས་དག་ལས་ཁྱད་པར་འཕགས། །ཞེས་སོ། །རྟེན་འབྲེལ་བཅུ་གཉིས་འདི། ཡིག་ཆ་ནང་ན་ཇི་ལྟར་སྣང་བ་བཞིན་བྲིས་པ་ཡིན་ཏེ། ཐེག་པ་ཆེ་ཆུང་གཉིས་འདོད་པ་འདྲེས་པར་སྣང་ངོ་། །བྱང་ཆུབ་སེམས་པའི་ཐེག་པ་གོལ་བ་དང་། བདེན་གཉིས་དང་རྒྱུ་འབྲས་ཀྱི་ཆོས་ལ་སོགས་མཉམ་པ་ཉིད་རོ་གཅིག་པའི་དོན་ཉིད་མི་ཤེས་ཤིང་མ་རྟོགས་ཏེ་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་གྱི་བདེན་པ་གཉིས་ཐ་དད་དུ་འབྱེད་པ་སྟེ། ཕྲ་བ་ཆོས་ཀྱི་བདག་དང་རགས་པ་གང་ཟག་གི་བདག་གཉིས་མེད་པར་རྟོགས་ན་འདི་ནི་བྱང་ཆུབ་སེམས་དཔའི་ཐེག་པའི་ས་པ་ཞེས་བྱ་བར་གོལ་བ་ཡིན་ནོ། །བདེན་གཉིས་ཀྱི་སྐབས་འདིར། བདེན་གཉིས་ཀྱི་མཚན་ཉིད། མཚན་གཞིའི་དབྱེ་བ། མཚོན་བྱའི་སྒྲ་དོན་རྣམས་གཞན་དུ་ཤེས་པར་བྱ་བས་ཆོག་གོ། ༈ །སྔགས་ཕྱི་པ་གོལ་བ་ལ་གཉིས། བགྲང་། སྤྱིར་བསྟན་པ་དང་། དྲང་། གོང་གིས་ཐེག་པ་འོག་མ་རྣམས་ལ་ལྟོས་པའི་དབང་དུ་བླ་ན་མེད་པའི་ཐེག་པ་དེའི་ནང་ནས་ཕྱི་པ་ཀྲི་ཡོག་ནི། དོན་དམ་དུ་ནི་དབྱིངས་ཡེ་ཤེས་དབྱེར་མེད་ཅིང་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བར་འདོད་དེ། ཀུན་རྫོབ་ཙམ་དུ་ཆོས་རྣམས་ཐམས་ཅད་ལ། དག་པ་སྐུ་དང་ཡེ་ཤེས་དང་། མ་དག་པ་ཕུང་པོ་ཁམས་དང་སྐྱེ་མཆེད་གཉིས་ཀར་འཛིན་པའོ། ༈ །བྱེ་བྲག་ཏུ་བསྟན་པ་ལ་གཉིས། བགྲང་། ཀྲི་ཡ་པ་གོལ་བ་དང་། དྲང་། འདི་ལ་འཁྲུག་བསྡེབས་ནས་བཤད་དགོས་ཏེ། དོན་དམ་ཀུན་རྫོབ་གཉིས་སུ་མེད་ཅིང་ཆོས་ཀུན་མཉམ་པ་ཉིད་ཡིན་པར་མ་ཤེས་པས། དོན་དམ་དུ་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བའི་ཆོས་ཉིད་ཙམ་ཆོས་དབྱིངས་སུ་འདོད་ལ། དེ་རྟོགས་པའི་ཡོན་ཏན་ཡེ་ཤེས་བཞི་རུ་ཤར་བ་ལ་དེ་རྟོགས་པའི་ཡོན་ཏན་ཀུན་རྫོབ་ཏུ་རིག་གསུམ་ལྷའི་དལ་དུ་ཤར་བའོ། །ཡེ་ཤེས་སེམས་དཔའ་ལ་དངོས་གྲུབ་ཏུ་རེ་བར་སྒོམ་པའམ། བསྐྱེད་རྫོགས་མཚན་བཅས་མཚན་མེད་རེས་མོས་སུ་སྒོམ་ཞིང་ཁྲུས་དང་གཙང་སྦྲའི་བྱ་བ་བྱེད་པའི་ལས་ཀྱི་ས་པ་ཞེས་བྱ་སྟེ་ཀྲི་ཡ་ལས་གོལ་བའོ། ༈ །ཡོ་གར་གོལ་བ་དང་། དྲང་། ཡོ་ག་བས་གནས་ལུགས་མཉམ་པ་ཉིད་ལ་སྐུ་དང་ཡེ་ཤེས་ལྷུན་གྲུབ་ཏུ་གནས་པའི་ལྷ་རྟོག་གམ་སྣང་སྟོང་མཉམ་པ་ཉིད་ཀྱི་དོན་ཇི་ལྟ་བར་མ་མཐོང་ཞིང་མ་རྟོགས་པས་འཁོར་འདས་ཀྱི་ཆོས་ཀུན་རྣམ་པར་དག་པའི་ཡེ་ཤེས་ཀྱི་བྱིན་བརླབས་ཀུན་རྫོབ་ཏུ་རིགས་ལྔ་ལ་སོགས་པ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་སུམ་ཅུ་རྩ་བདུན་དུ་སྤྲུལ་ཅིང་སྣང་བས་ལྷ་དང་རྟོགས་པས། དཀར་གསུམ་དང་དམ་རྫས་ལ་བླང་དོར་དུ་བྱེད་པའི་རྣལ་འབྱོར་ཡོ་གའི་སར་གོལ་བའོ། །ཆོས་རྣམས་མ་ལུས་ཐམས་ཅད་ལ་ཞེས་པ་ནས་རྣལ་འབྱོར་ལྟ་བ་དེ་ལྟར་ལྟོས། ཞེས་པའི་བར། ཚིགས་རྐང་བདུན་སྣང་བ་འདི། གཞུང་འགའ་ཞིག་ལ་འདི་མི་སྣང་། འདི་འབྲེལ་ཡང་མ་འབྲེལ་འདི་ལུང་འདྲེན་གཞུང་དུ་དྲང་བ་ཡིན་མིན་བརྟག་པར་བྱའོ། །དེའི་ཕྱིར། གོ་སླ་བར་སྣང་བ་དང་། མ་འགྲབེལ་ལོ། ༈ །གྲུ་མཐའ་མ་ནོར་བའི་དོན་ཉིད་ངོས་གཟུང་བ་ལ་གཉིས། བགྲང་། ཀུན་རྫོབ་ཏུ་ཡང་ཉོན་མོངས་པ་དང་བྱང་ཆུབ་སེམས་དབྱེར་མེད་དུ་བསྟན་པ་དང་། དྲང་། གསང་སྔགས་བླ་མེད་ཀྱི་དགོངས་པ་ཉོན་མོངས་པ། སྤང་མ་དགོས་པར་ཐབས་ཀྱི་ཐེག་པ་ཆེན་པོ་མ་ཧཱ་ཡོ་གའི་ལྟ་བ་ནི། ཇི་ལྟ་བུ་ཡིན་ཞེ་ན་རྣམ་པར་བྱང་བ་མྱ་ངན་ལས་འདས་པ་དང་འཁོར་བ་སྡུག་བསྔལ་དུ་སྣང་བ་དག །ད་རེས་འདིར་དོན་དམ་སྟོང་པའི་ཐོག་ཏུ་དབྱེར་མེད་ཡིན་པར་མི་འདོད་དེ། ཀུན་རྫོབ་འཁྲུལ་པར་སྣང་བའི་དུས་དེ་ཉིད་དུའང་བྱང་ཆུབ་སེམས་སུ་དབྱེར་མེད་དེ་འོག་མ་དང་ལྟ་བའི་ཁྱད་པར་མཐོ་དམན་དེ་ཙམ་མོ། ༈ །དེ་རྟོགས་པའི་ལྟ་སྤྱོད་ཁྱད་པར་དུ་དཔག་ལུགས་ལ་གཉིས། །མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དེ་ལ་མདོར་བསྟན་ནི། ནང་པ་ཐབས་ཀྱི་ཐེག་པའི་ལྟ་བ་དང་སྤྱོད་པ་ཆེན་པོའི་མཚན་ཉིད་ཐེག་པ་བས་དཔག་པས། བླ་མེད་ཐེག་པ་སྟེ་ཀྲི་ཡོག་དང་། དེ་ལས་དཔག་པ་ནི་གསང་སྔགས་མ་ཧཱ་ཡོ་ག་འདི་ཉིད་ཡིན་ནོ། །ཚུལ་ཇི་ལྟར་དུ་དཔགས་ན་འོག་ནས་སྟོན་ནོ། ༈ །རྒྱས་པར་བཤད་པ་ལ་གསུམ། བགྲང་། ལྟ་བ་ཆོས་ཀུན་བདེན་པ་དབྱེར་མེད་མངོན་སུམ་དུ་རྟོགས་པའི་ཁྱད་པར་དང་། དྲང་། དོན་དམ་དུ་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ། དབྱིངས་ཡེ་ཤེས་གཉིས་དང་དཀོར་བདུན་ངོ་བོ་ཉིད་ཀྱི་རྒྱུར་གནས་པས་འཕགས་པ་ཡིན་ནོ། །ཀུན་རྫོབ་ཏུ་ནི་ཆོས་ཀུན་རིག་པ་སྒྱུ་མའི་ངོ་བོར་ལྷ་དང་ལྷ་མོར་མཉམ་ཤིང་རྫོགས་ཏེ། དབྱེར་མེད་ནི་གསང་སྔགས་པའི་དོན་རྟོགས་པའི་སྐྱེས་མཆོག་དམ་པ་དེ་ཡིས་དོན་དམ་ཀུན་རྫོབ་དབྱེར་མེད་པ་དེ་ཕྱིན་ཅི་མ་ལ་ལོག་པར་ཡང་དག་པ་ཉིད་དབྱེར་མེད་དུ་རབ་ཏུ་རྟོགས་སོ། །ལྟ་བ་འདི་རྣམས་བཤད་པ་ལ། འབྲུ་གནོན་རྐྱང་པས་མི་ཆོག་ལྟ་བ་གལ་འགགས་ཀྱིས་བཤད་ཟེར་བ་ཡིན་པས། ཐེག་པ་འོག་མའི་དོན་དམ་སྟོང་པ་ཕྱོགས་གཅིག་པ་ལས། ཁྱད་པར་དུ་གྱུར་པ་དཀོར་བདུན་ངོ་བོ་ཉིད་ཀྱིས་རྒྱུར་འདོད་པ་དང་། འོག་མའི་ཀུན་རྫོབ་འཁྲུལ་སྣང་རང་ཁ་མ་ལས། ཁྱད་པར་དུ་གྱུར་པ་འདིར་རིག་པ་ཡེ་ཤེས་སྒྱུ་མར་ལྷ་དང་ལྷ་མོའི་དལ་དུ་འདོད་པ་དང་། འདིར་དབྱེར་མེད་བཤད་པ་ལ། གང་ཟག་རྟོགས་པའི་ཤེས་རྒྱུད་གཅིག་ལ་དབྱེར་མེད་ཆོད་ལུགས་ཤེས་པར་བྱ་དགོས་སོ། ༈ །སྤྱོད་པ་མཉམ་པ་ཉིད་ལས་མ་གཡོས་ཤིང་འགགས་མེད་ཅིར་ཡང་སྟོན་པ་དང་། དྲང་། དགོངས་པ་མཉམ་ཉིད་རྟོགས་པའི་ངང་ལས་མ་གཡོས་བཞིན་དུ་སྤྱོད་པ་འགགས་མེད་དུ་ལོངས་སྤྱོད། ཉོན་མོངས་པ་འདོད་ཡོན་གྱི་ཕུང་པོ་ལ་སོགས་པ་སྤངས་པ་མེད་པར་ལམ་དུ་ཁྱེར་བ་ལ་ཐབས་ཀྱི་ཕྱག་རྒྱ་ཆེན་པོར་ཅིར་ཡང་སྟོན་པའོ། ༈ །ལྟ་སྤྱོད་གཉིས་མེད་རྣམ་དག་ཆེན་པོར་བསྟན་པ་དེ་ལ་གཉིས། བགྲང་། ངོ་བོ་ཐབས་ཤེས་རབ་གཉིས་མེད་རྣམ་དག་ཏུ་བསྟན་པ་དང་། དྲང་། སྤྱོད་པ་ཐབས་དང་ལྟ་བ་ཤེས་རབ་གཉིས་སུ་མེད་ཅིང་རྣམ་པར་དག་པའོ། །འོ་ན་འདས་པ་ཕྱོགས་གཅིག་ཏུ་སོང་ངམ། ཞེ་ན། འོག་ནས་སྟོན་པའི་དོན་ཡིན་ཏེ། དེ་ཉིད་གཉིས་མེད་རྣམ་དག་ཆེན་པོ་ལ་ཟླ་བའོ། །དྲང་། སྤྱོད་ཡུལ་ཐམས་ཅད་ལྟ་བ་རྟོགས་པའི་ངོ་བོར་དག་ཅེས་བྱ་བའང་མ་དག་པའི་དངོས་པོ་གཅིག་བསལ་ནས་དག་པར་བྱེད་པ་མ་ཡིན་ཏེ། སྣང་བ་བདེ་དང་སྤྱོད་པ་དེའི་དུས་ཉིད་ན་རྣམ་པར་དག །དེ་ཕྱིར་ཀུན་རྫོབ་ཀྱི་ཆོས་ཀུན་བྱང་ཆུབ་སྙིང་པོར་སྣང་བས་རྫུན་པར་མི་ལྟའོ། ༈ །གསུམ་པ་མ་ནོར་བར་དམིགས་ནས་གྲུབ་མཐའ་བླང་བ་ལ་གཉིས། ཉེ་བར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ཉེར་བསྟན་ནི། གོང་དུ་བཤད་པ་བཞིན། གཏན་ཚིགས་རྣམས་ཀྱིས་དེ་ལྟར་དངོས་པོའི་གནས་ལུགས་བརྟག་ཤིང་གཏན་ལ་ཕབས། གོལ་སྒྲིབ་ཀྱི་དམིགས་ཕྱེ་ནས། མ་ནོར་བར་དོན་གྱི་གྲུབ་མཐའ་བླང་བ་ནི་འོག་ནས་བསྟན་པ་འདི་རྣམས་ཡིན་ནོ། །རྒྱས་པར་བཤད་པ་དེ་ལ་བཞི། བགྲང་། དང་པོ་ཆོས་ཀུན་མཉམ་པ་ཉིད་བྱང་ཆུབ་སེམས་སུ་བསྟན་པ་ལ་གཉིས། བགྲང་། ཆོས་ཀུན་མཉམ་པ་ཉིད་དུ་བསྟན་པ་དང་། དེ་བྱང་ཆུབ་སེམས་སུ་བསྟན་པའོ། །དང་པོ་ལ་གཉིས། བགྲང་། ཆོས་ཀུན་རང་བཞིན་མཉམ་པ་ཉིད་ལ་ཉམས་པ་མེད་པར་བསྟན་པ་དང་། དྲང་གོང་དུ་བསྟན་པ་འདིས་ཐེག་པའི་མཐོ་དམན་ཐམས་ཅད་དང་། འཇིག་རྟེན་པའི་ལྟ་བ་ཐམས་ཅད་ཀུན་རང་བྱུང་གི་ཡེ་ཤེས་ཆེན་པོར་ཤེས་རབ་ཀྱིས་རབ་ཏུ་བརྟག་ན་རང་བཞིན་ཕྱོགས་གཅིག་ཏུ་གྲུབ་པ་མེད་པ་ལ་ཅིར་ཡང་འགྲུབ་ཀྱང་རང་བཞིན་མཉམ་པ་ཆེན་པོའི་དབྱིངས་ལས་ཉམས་པ་མེད་དེ། འཁོར་འདས་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་རོ་གཅིག་པར་རྟོགས་ནས་མ་ནོར་བའི་གྲུབ་མཐའ་ཡིན་ནོ། །མཉམ་ཉིད་ཕྱོགས་རིས་ཞེ་འདོད་མེད་པར་བསྟན་པ་དང་། དྲང་། འོ་ན་མཉམ་པའི་དོན་ཉིད་རང་ཇི་ལྟ་བུ་ཡིན་ཞེ་ན། ཆོས་ཀུན་མཉམ་པ་ཉིད་ཀྱིས་རང་བཞིན་ཕྱོགས་གཅིག་ཏུ་གང་ཡང་མེད་པས། ཆོས་ཀུན་མཉམ་པ་ཉིད་ཡིན་ལ་ངོ་བོ་འདྲར་ཕྱོགས་གཅིག་ཏུ་མཚོན་དུ་མེད། མཉམ་པ་ཉིད་དུ་འཛིན་པ་དང་། བཟང་ངན་གྱི་རྟོག་པ་གང་ཡང་མེད་དོ། །དེ་ཕྱིར་མཉམ་པ་ཉིད་ཡིན་ནོ། ༈ །དེ་བྱང་ཆུབ་སེམས་སུ་བསྟན་པ་ལ་གསུམ་སྟེ། བགྲང་། ཆོས་ཀུན་གཉིས་མེད་རང་གྲོལ་བས་བྱང་བ་དང་། དྲང་། བྱང་ཆུབ་དང་སེམས་ལ་སོགས་པ་རྣམ་གྲངས་ཐམས་ཅད་ནི་འདི་ལྟ་སྟེ། བློས་ཤིན་ཏུ་བརྟག་པར་དཀའ་ཞིང་ངོ་བོ་གཏིང་ཟབ་པས་ཡུལ་དང་ཡུལ་ཅན་དུ་འདས་པ་མ་དམིགས་ད་ལྟར་བར་མི་དམིགས་མ་འོངས་པ་དམིགས་སུ་མེད་པས་རྣམ་པར་དག་སྟེ་བྱང་བའོ། །ཆོས་ཀུན་སེམས་སུ་འདུས་པས་ཆུབ་པ་དང་། དྲང་། བྱང་ཆུབ་སེམས་ཞེས་ཐ་སྙད་དུ་བརྗོད་པ་ནི། དང་པོ་གང་ནས་ཀྱང་མ་འོངས་ཐ་མ་གར་ཡང་མི་འགྲོ། ད་ལྟ་གང་ལ་ཡང་མི་གནས་ཏེ་ཡུལ་དང་ཡུལ་ཅན་གྱི་རྟོག་པ་གང་ཡང་མེད་པས་རང་རིག་པ་ཁོ་ན་ཙམ། དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་ལ་གནས་པས་ཆུབ་པའོ། །སེམས་དང་བྱང་ཆུབ་གཉིས་མེད་རང་སྣང་བས་སེམས་སོ། །དྲང་། སེམས་ཉིད་དེ་དོན་ནི་ཇི་ལྟ་བུ་ཞེ་ན། བྱང་ཆུབ་དེ་ནི་སེམས་ཉིད་རང་སྣང་ཡིན་ནོ། །དེ་ན་སེམས་ཉིད་བྱང་ཆུབ་གཉིས་སུ་མེད་ཅིང་དབྱེར་མེད་པས་ཁམས་གསུམ་གྱི་སེམས་ཅན་ལུས་པ་མེད་པ་ཐམས་ཅད་དང་། དུས་གསུམ་གྱི་བསྡུས་པའི་ཆོས་རྣམས་ཐམས་ཅད་རང་གི་ཡེ་ཤེས་རང་སྣང་ཡིན་ནོ། །སེམས་ཉིད་བྱང་ཆུབ་སེམས་སུ་ངོ་སྤྲད་པ་འདི་ཉིད་ལ་བྱང་བ་སྟོང་པའི་རང་བཞིན་དྲི་མེད་ཀ་དག་བརྗོད་བྲལ་གྱི་གནས་ལུགས་ཁོང་དུ་ཆུད་དགོས་ཆུབ་པ་སྣང་བའི་རང་བཞིན་འགགས་མེད་ལྷུན་གྲུབ་རང་གསལ་གྱི་ཡེ་ཤེས་ཁུང་དུ་ཆུད་དགོས། སེམས་རིག་པའི་རང་བཞིན་དབྱེར་མེད་རོ་གཅིག་གཉིས་མེད་ཀྱི་དོན་ཁུང་དུ་ཆུད་དགོས། དོན་ལ་སྣང་རིག་སྟོང་གསུམ་འདི་བྱང་ཆུབ་སེམས་ཡིན་པར་རྟོགས་དགོས་སོ། །བྱ་བརྩལ་མེད་པར་གནས་པ་ལ་གཉིས། བགྲང་། ཉིད་ལ་གཞན་དུ་ལྟ་ཞིང་འཚོལ་བ་གོལ་བར་བསྟན་པ་དང་། དྲང་། སེམས་ཉིད་ཀྱི་ངོ་བོ་འདི་ལ་ཡོད་པ་ལས་བརྩལ་ན་དངོས་པོར་སྒྲོ་བཏགས་པ་ཡིན་ཏེ། སྒྲོ་བཏགས་ཀྱི་དངོས་པོ་བརྒྱད་དུ་ལྟུང་ཞིང་གོལ་བར་འགྱུར་རོ། །བརྒྱད་གང་ཞེ་ན། ཡུལ་ཤེས་བེམ་རིག་ཐ་དད་དུ་ཡོད་པས་འདོད་པ་ནི། སོ་སོ་སྐྱེ་བོ་ལྟར་སྒྲོ་བཏགས་པ་དང་གཅིག །བདག་རྟག་པའི་དངོས་པོར་འདོད་ན། མུ་སྟེགས་རྟག་ལྟ་བ་ལྟར་སྒྲོ་བཏགས་པ་དང་གཉིས། དུས་གསུམ་རྫས་ཡོད་དང་གཟུང་འཛིན་ཕྲ་བ་དོན་དམ་པའི་བདེན་པར་འདོད་ན། ཉན་ཐོས་ལྟར་སྒྲོ་བཏགས་པ་དང་གསུམ། གཟུང་བ་དོན་དམ་པ་དང་། རྟེན་འབྲེལ་རྒྱུ་འབྲས་སུ་འདོད་ན་རང་རྒྱལ་ལྟར་སྒྲོ་བཏགས་པ་དང་བཞི། གཟུང་འཛིན་བྲལ་བའི་རང་རིག་སྐད་ཅིག་སྐྱེ་འགགས་ཅན་དུ་འདོན་ན། སེམས་ཙམ་ལྟར་སྒྲོ་བཏགས་པ་དང་ལྔ། སྣང་བ་སྒྱུ་མ་ལྟ་བུར་བདེན་པར་འདོད་ན། དབུ་མ་ལྟར་སྒྲོ་བཏགས་པ་དང་དྲུག །ཀུན་རྫོབ་སྒྱུ་མ་ལྟ་བུར་བདེན་ཅིང་དོན་དམ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རིག་པ་བདེན་པར་འདོད་ན། ཀྲི་ཡ་ལྟར་སྒྲོ་བཏགས་པ་དང་བདུན། ཀུན་རྫོབ་བྱིན་རླབས་ཀྱི་སྣང་བ་ལྷའི་དལ་དུ་འདོད་ལ་དོན་དམ་དབྱིངས་ཡེ་ཤེས་གཉིས་མཐའ་བྲལ་དུ་འདོད་ན། ཡོ་ག་ལྟར་སྒྲོ་བཏགས་པ་དང་བརྒྱད་དོ། །དེ་རྣམས་ཀྱང་གཉིས་མེད་ཁུང་དུ་མ་ཆུད་ཅིང་། ཕྱོགས་འཛིན་དངོས་པོའི་མཐའ་དང་མ་བྲལ་བས། ཡོད་པར་སྒྲོ་བཏགས་པའོ། །དོན་དམ་པའི་ངོ་བོ་ལ་ཡང་དག་པ་ཅི་ཡང་མེད་པ་ལས་བཙལ་ན་ཆོས་རྣམས་ལ་བསྐུར་པས་བཏབ་སྟེ། བསྐུར་བཏབ་བཅུའི་གནས་སུ་གོལ་ཞིང་ལྟུང་བར་འགྱུར་རོ། །བཅུ་གང་ཞེ་ན། ཆོས་ཉིད་སྟོང་པ་ལ་ཡུལ་ཤེས་དང་། འཁོར་བའི་རྒྱུ་འབྲས་གཏན་མ་གྲུབ་སྟེ་ཅིར་ཡང་མེད་པར་འདོད་ན། འགྲོ་དྲུག་གིས་སྣང་བའི་རྒྱུ་འབྲས་ལ་བསྐུར་བས་བཏབ་པ་དང་། བདག་གཏན་ནས་མེད་པར་འདོད་ན་མུ་སྟེགས་རྟག་པའི་ལྟ་བ་དང་། ཡོན་ཏན་ལ་བསྐུར་པས་བཏབ་པ་དང་གཉིས། གཟུང་འཛིན་ཕྲ་བ་དང་ཆེ་བའི་ཡོན་ཏན་མེད་པར་འདོད་ན། ཉན་ཐོས་ཀྱི་འབྲས་བུ་དང་ལྟ་བ་བསྐུར་པས་བཏབ་པ་དང་གསུམ། རྟེན་འབྲེལ་གྱི་རྒྱུ་འབྲས་དང་ནང་སྐད་ཅིག་ཙམ་ཡང་གཏན་མེད་པར་འདོད་ན། རང་རྒྱལ་གྱི་ལྟ་བ་ལ་བསྐུར་པས་བཏབ་པ་དང་བཞི། སེམས་ཀྱི་སྣང་བ་ཙམ་དང་གཟུང་འཛིན་བྲལ་བའི་རང་རིག་ཙམ་ཡང་མེད་པར་འདོད་ན། སེམས་ཙམ་ལ་བསྐུར་བས་བཏབ་པ་དང་ལྔ། ཀུན་རྫོབ་ཏུ་སྣང་བ་སེམས་ཡིན་པ་དང་དོན་དམ་སྐྱེ་བ་མེད་པའི་དོན་གཏན་མེད་པར་འདོད་ན། རྣལ་འབྱོར་སྤྱོད་པའི་དབུ་མ་ལ་བསྐུར་པས་བཏབ་པ་དང་དྲུག །སྣང་བ་རག་པ་རྡུལ་འདུས་པའི་སྣང་བ་དང་། ཁ་དོག་ངོ་བོ་མཐའ་དང་བྲལ་བའི་རིག་པ་གཏན་མེད་པར་འདོད་ན་མདོ་སྡེ་སྤྱོད་པའི་དབུ་མ་ལ་བསྐུར་བ་དང་བདུན། ལྷ་དང་ལྷ་མོའི་དལ་དང་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རིག་པ་ཙམ་ཡང་གཏན་ནས་མེད་པར་འདོད་ན། ཀྲི་ཡའི་གྲུབ་མཐའ་ལ་བསྐུར་པས་བཏབ་པ་དང་བརྒྱད། རིགས་བཞིའི་ལྷའི་དལ་དང་མཐའ་བྲལ་གྱི་ཡེ་ཤེས་ཙམ་ཡང་གཏན་ནས་མེད་པར་འདོད་ན། ཨུ་པ་ཡ་ཡི་གྲུབ་མཐའ་ལ་བསྐུར་པས་བཏབ་པ་དང་དགུ་སྣང་བ་རྡོ་རྗེ་དབྱིངས་ཀྱི་དལ་དང་མཐའ་བྲལ་གྱི་ཡེ་ཤེས་གཏན་མེད་པར་འདོད་ན། ཡོ་ག་ལ་བསྐུར་པས་བཏབ་པ་དང་བཅུའོ། །དེ་ནི་ཤེས་བྱ་ཅི་ཡང་མ་གྲུབ་པའི་གཏན་ཚིགས་མེད་པ་ཆད་སྟོང་དུ་འདོད་པས། སོ་སོའི་རྒྱུ་འབྲས་དང་བདེར་གཤེགས་སྙིང་པོ་ལ་སོགས་ཏེ། ཤེས་བྱའི་དལ་སྣང་ཚད་ལ་བསྐུར་བས་བཏབ་པས། བསྐུར་འདེབས་ཀྱི་ལོག་ལྟ་མཁན་པོ་དེ་དམྱལ་བའི་གནས་སུ་ལྟུང་བར་གསུང་། དེ་ལྟར་མ་ཡིན་ཏེ་ཡོད་མེད་གཉིས་ལས་གཞན་དུ་བརྩལ་བར་བྱས་ནས། དེ་ཉིད་ལུང་དུ་མ་བསྟན་འགྱུར་ཏེ། མུ་སྟུག་ཁས་མི་ལེན་དུ་གོལ་ལོ། །མ་ཧཱ་ཡོ་གའི་ལྟ་བ་བདེན་གསུམ་དབྱེར་མེད་ཀྱི་རང་བཞིན་ཕྱོགས་མེད་མ་གཏོགས་པ་རྣམས་ཀྱིས་སྒྲོ་སྐུར་ལུང་མ་བསྟན་འདི་གསུམ་ལ་གོལ་བ་ཡིན་ཏེ། གོང་གི་གོལ་སྒྲིབ་ཀྱི་གདར་ཤ་བཅད་པ་རྣམས་ཀྱི་མཇུག་སྡུད་ཡིན་ཏེ། སྒྲོ་བཏགས་པ་ནི། ཐེག་པ་འོག་མ་རང་གི་འདོད་པ་ལ་དམ་དུ་འཛིན་ཅིང་ཕྱོགས་རེར་བཟུང་བ་ནི་ཕྱོགས་མེད་གནས་ལུགས་ཀྱི་དོན་ལ་སྒྲོ་བཏགས་པ་ཡིན་ཏེ་སྐུར་བཏབ་ནི། ཆོས་ཉིད་ཅིའི་ངོ་བོར་མ་གྲུབ་པ་ལ་བློ་རྩེ་གཏད་ནས། ལྷ་མིའི་ཐེག་པ་ནས་བཟུང་སྟེ་ལམ་སྟེགས་ཀྱི་ཐེག་པ་རྣམས་ཀྱི་དོན་འགྱུར་མི་བདེན་པར་འདོད་ནས། སྟོང་ཉིད་རིག་པའི་སྙིང་པོ་ཅན་ཡིན་པས། ཐེག་པ་སྣ་ཚོགས་སུ་ཤར་བ་མ་ཤེས་ནས་བསྐུར་པས་བཏབ་པའོ། །ལུང་མ་བསྟན་ནི། ཡོད་མེད་གོང་དུའང་ངེས་ཤེས་མ་སྐྱེས་ནས་ཁས་ལེན་དུ་མ་བཏུབ་བོ། །སེམས་ཉིད་ཕྱོགས་བྲལ་བྱ་བརྩལ་མེད་པར་གནས་པ་དཔེ་དང་བཅས་པའོ། །དྲང་། ཡོད་མེད་གཉིས་ཀ་གསུམ་པོ་གང་ལ་བརྩལ་ཀྱང་སྐྱོན་འདུག་པ་དེའི་ཕྱིར་དཔེར་ན་འབྱུང་ཆེན་གཏོས་ཀྱི་ནམ་མཁའ་འདི་ལ། ལ་ལས་ཡོད་དོ་ཞེས་པ་དང་། ལ་ལས་མེད་དོ་ཞེས་པ་ལ་སོགས་པ་ནམ་མཁའི་མཚན་ཉིད་ལ་མི་མཁས་པའི་བླུན་པོ་རྣམས་ནི་ཡོད་མེད་མི་མཐུན་པར་རྩོད་པར་གྱུར་ཏེ། ནམ་མཁའི་མཚན་ཉིད་ལ་མཁས་པ་རྣམས་ཀྱིས་ནམ་མཁའི་རང་བཞིན་ཡོད་མེད་ལ་སོགས་པ་མཐའ་ལས་གྲོལ་བ་ཡིན་པ་ལ། ནམ་མཁའ་ལ་ཆོ་འཕྲུལ་ཅིར་ཡང་འཆར་ཞིང་གོ་སྐབས་འབྱེད་པས་མེད་པར་ཀྱང་མི་འཛིན་ལ། ཁ་དོག་དབྱིབས་སུ་མ་གྲུབ་པས་ཡོད་པ་ཁོ་ནར་ཀྱང་མི་འཛིན་ཏེ། ཡོད་མེད་ཀྱི་མཐའ་ཀུན་དང་བྲལ་བའོ། །དེ་ཁོ་ན་ཉིད་མིང་གི་རྣམ་གྲངས་ལ་གཉིས། བགྲང་། དགོས་ཆེད་ཀྱི་སྒོ་ནས་མིང་གི་རྣམ་གྲངས་གང་ཡང་མི་འགལ་བ་དང་། དྲང་། སེམས་ཉིད་རང་སྣང་ཕྱོགས་མེད་ཀུན་ཏུ་འཆར་བས་ཡོད་པ་ཀུན་གྱི་ངོ་བོ་ཡང་ཡིན། སེམས་ཉིད་ལ་དངོས་པོ་མ་གྲུབ་པས་མེད་པ་ཀུན་གྱི་ངོ་བོ་ཡང་ཡིན་ནོ། །དེས་ན་སེམས་ཉིད་ལ་ཡོད་མེད་ཀྱི་སྒྲ་ཙམ་དུ་བརྗོད་དུ་རུང་མེད་ཀྱི་སེམས་ཉིད་ཀྱི་ངོ་བོ་འདི་ཡིན་ཞེས་ཚིག་ཏུ་བསྟན་ཅིང་བློས་དཔག་དཀའ་ལ་ཕྱོགས་སུ་འཛིན་པས་ཡོད་དང་ཞེས་ཅི་བྱར་ཡོད་དེ། ཕྱོགས་མེད་མཉམ་པ་ཉིད་དུ་རྟོགས་དགོས་སོ། །འོ་ན་ཚིག་ཏུ་མཚོན་དུ་མཚོན་དུས་དོན་མཚོན་པའི་མིང་གྲངས་དང་འགལ་ལོ་ཞེ་ན། སེམས་ཉིད་ཡེ་ནས་སངས་རྒྱས་ཀྱི་ངོ་བོ་ཡིན་པ་ལ། དེ་མིན་པར་འཛིན་པའི་ལྟ་བ་ངན་པ་ལས་བཟློག་པའི་ཕྱིར་གཉིས་ཅན་གྱི་ཞེན་པ་དག་པའི་དོན་ལ་གཉིས་མེད་བཤད་དགོས་བྱུང་། མི་མཉམ་པ་ལ་མཉམ་པ་ཉིད་དང་། ཉོན་མོངས་པ་མ་སྤངས་ཞིང་ཡེ་ཤེས་མ་རྒྱས་པ་ལ་ཡེ་ནས་སངས་རྒྱས་པའམ། དེ་བཞིན་དུ་བདག་ཉིད་ཆེན་པོ་དང་། ལྷུན་གྱིས་གྲུབ་པ་དང་། ཆོས་ཀྱི་དབྱིངས་དང་། རྣམ་པར་དག་པ་དང་། བླ་ན་མེད་པའི་བྱང་ཆུབ་དང་། ཆོས་ཉིད་དང་། སྟོང་པ་ཉིད་དང་། སྨྲ་བསམ་ལས་འདས་པ་དང་། དེ་བཞིན་ཉིད་དང་། སྐྱེ་འགགས་མེད་པ་དང་། མཐའ་བྲལ་དང་། མྱ་ངན་ལས་འདས་པ་དང་། རང་གྲོལ་ཆེན་པོ་དང་། རང་བྱུང་ཡེ་ཤེས་ལ་སོགས་སུ་དོན་ལ་མཚོན་དུ་མེད་ཀྱང་། གདུལ་བྱའི་ངོར་རྒྱུ་མཚན་ཕྱོགས་རེ་ནས་གང་ཡང་མི་འགལ་བར་བླ་དག་ཙམ་བརྗོད་པ་ཡིན་ནོ། །དོན་ཚིག་ལ་མི་གནས་པ་ལ་བཟླའོ། །དྲང་། དེ་ལྟར་བྱང་ཆུབ་ཀྱི་སེམས་དེ་ཡང་གཞི་ཡེ་གདོད་མ་ནས་ཚིག་གིས་དངོས་པོའི་དོན་དེ་ཚིག་གི་མཚོན་པ་བཞིན་མི་གནས་པས་ཚིག་ལམ་དོན་ལ་ཆད་པའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཉིད་ཆོས་ཀུན་གྱི་ངོ་བོའི་རང་བཞིན་ཡིན་ལ། དེ་དག་ལ་སོགས་པ་སྒྲ་ཙམ་དུ་བརྗོད་ཅིང་ཡོད་མེད་ལ་སོགས་པའི་ཐ་སྙད་གདགས་སུ་ཅི་ཡོད་དེ་མེད་པའོ། །དེ་བས་ན་ཚིག་ཏུ་བསྟན་ཅིང་བློས་བརྟག་པར་དཀའ་བ་རྒྱལ་བས་གསུངས་སོ། ༈ །སྐྱེས་བུ་མཆོག་གི་སྤྱོད་ཡུལ་ཡིན་པས་རྟོགས་ཤིང་པར་གདམས་པའོ། །དྲང་། འོ་ན་གང་ཟག་གིས་རྟོགས་ཞེ་ན། བློ་ཕྱོགས་ཞེན་གྱི་མཐའ་ལ་མི་གནས་པའོ། །ཚིག་ཐ་སྙད་བརྗོད་པའི་དུས་དེ་ཉིད་ན། ཚིག་གིས་དྲི་མས་གོས་མ་མྱོང་བ་ལ་མ་ཆགས་ཞེས་ཟེར་ཏེ། དཔེར་ན་མེ་ཏོག་པདྨ་འདམ་ནས་ཀྱང་། འདམ་གྱིས་ཉེས་སྐྱོན་གྱིས་དྲི་མས་མ་གོས་པ་དང་འདྲ་བའི་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་རྟོགས་པ་ཅན་གྱི་སྤྱོད་ཡུལ་དེ། ཚིག་གི་ཐ་སྙད་ལ་བརྟེན་པའི་ལྟ་བ་དང་། གཞན་ཡང་ཐེག་འོག་ཀུན་དང་ཐུན་མོང་དེ་མ་ཡིན། དེ་ལྟ་བུ་ནི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཡིན་ཏེ། དེ་ནི་སྐྱེས་བུ་བློ་རྩལ་དང་ལྡན་པ་ཤེས་རབ་ཅན་གྱི་རྟོགས་པའོ། །དེ་ཕྱིར་ཤེས་རབ་ཀྱི་བློ་རྩལ་ཅན་རྣམས་ཀྱིས་བརྩོན་པར་གྱིས་ཞིག་པའོ། ༈ །བདུན་པ་ངོ་བོ་དང་། བརྒྱད་པ་རྣམ་གྲངས་ཐུན་མོང་དུ་བསྟན་པ་ལ་གསུམ། ཉེ་བར་བསྟན་པ་དང་། རྒྱས་པར་བཤད་པ་དང་། ལྟ་བ་ཀུན་འདིར་སྨོས་པའི་དགོས་ཆེད་དོ། །དང་པོ་ཉེ་བར་བསྟན་པ་ནི། རྒྱུ་ཤེས་པའི་མཚན་ཉིད། ལྟ་བ་ལ། ལྟ་བའི་ངོ་བོ་དངོས་པོ་དང་མིང་གི་རྣམ་གྲངས་ཏེ་དབྱེ་བ་སྟོན་པ་དང་གཉིས་ལས། ལྟ་བའི་ངོ་བོའི་རིམ་པས་རྣམ་གྲངས་རྣམ་པར་ཕྱེ་བ་ཡིན་ནོ། །རྒྱས་པ་ལ་གཉིས། ལྟ་བའི་ངོ་བོ་དངོས་པོ་དང་། མིང་གི་རྣམ་གྲངས་སོ། །དང་པོ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། སྔ་མ་ལྟ་བའི་ངོ་བོ་ནི། གང་ཟག་རྟོགས་པ་ཅན། ཁ་གཅིག་དབང་པོའི་མངོན་སུམ་དུ་སྣང་བ་འདི་རྣམས་ལ། རྣམ་པར་ཤེས་པ་ཚོགས་དྲུག་གམ། ཚོགས་བརྒྱད་ཉིད་ཡེ་ཤེས་ལྔར་གནས་སུ་གྱུར་པའི་ཕྱིར། འོག་ནས་སྟོན་པའི་ཤེས་རབ་ཀྱི་དབང་པོ་དྲུག་གི་ཚུལ་དུ་གནས་པ་ལྟ་བའི་ངོ་བོར་བརྗོད་དོ་དོན་རང་གིས་མཚན་ཉིད་ངེས་པར་མ་ནོར་ཞིང་ཡང་དག་པའི་ལྟ་བ་མཐོང་བ་ཡང་ཚོགས་བརྒྱད་ཡེ་ཤེས་ལྔ་རུ་གསལ་བའི་ཕྱིར། གཏན་ཚིགས་དེ་བས་སྒོ་ལྔ་ཡུལ་མེད་རང་གསལ་བར་རྟོགས་པ་ལྟ་བའི་ངོ་བོའོ། །དབྱིངས་དང་རིག་པ་དབྱེར་མེད་བསྟན་པ་དང་། ཤེས་བྱ་ཆོས་དབྱིངས་དང་ཤེས་བྱེད་རིག་པའི་ཡེ་ཤེས་གཉིས་སུ་མེད་པར་ཆོས་ཉིད་དེ་བཞིན་ཉིད་དུ་དབྱེར་མེད་ཅིང་འདུ་འབྲལ་མེད་པས་རྡོ་རྗེའི་རིག་པ་ཞེས་བྱའོ། །གཟུང་འཛིན་གཉིས་མེད་དམིགས་མེད་རང་སྣང་དུ་བསྟན་པ་དང་། དྲང་། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་དང་བྲལ་བའི་རང་རིག་པའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ཉིད་དམིགས་བྱ་དམིགས་བྱེད་མེད་པའི་ཚུལ་དུ་རང་སྣང་བ་ནི་ལྟ་བའི་ངོ་བོའོ། ༈ །ཆོས་ཀུན་ལྷུན་གྲུབ་ཕྱི་ནང་རྣམ་དག་ཏུ་བསྟན་པ་དང་། དྲང་། ཆོས་ཉིད་ལ་ཕྱོགས་རིས་མེད་པས་ཡངས་ཤིང་རྒྱ་ཆེ་ལ་ལྷུན་གྱིས་གྲུབ་ལུགས་ནི། ཕྱི་ནང་སྣོད་བཅུད་ཡེ་ནས་ཀུན་གཞི་རང་སྣང་དུ་དག་པ་ནི་ལྟ་བའི་ངོ་བོའོ། །རྣམ་དག་མཉམ་ཉིད་ཆེན་པོར་བསྟན་པ་དང་། དྲང་། དེ་ལྟར་དག་པར་རྟོགས་པའི་རིག་པ་ཉིད་ཀྱང་ཆོས་ཉིད་དབྱིངས་ཉིད་ཡིན་པ་འདི་ནི་དབྱེར་མེད་པས་རྡོ་རྗེ་བཟང་ངན་མེད་པར་མཉམ་པ་ཉིད་ཡིན་ནོ། །ཤེས་བྱ་ཤེས་བྱེད་གཉིས་མེད་དུ་བསྟན་པའོ། །དྲང་། ཤེས་བྱེད་དང་ཤེས་བྱའི་སྤྱོད་ཡུལ་གཉིས་སུ་མེད་པས་འཁོར་འདས་ཐམས་ཅད་མ་ལུས་ལུས་པ་མེད་པར་ཀུན་གཞི་རང་སྣང་དུ་གཅིག་པའི་ངང་དུ་རྟོགས་པ་ལྟ་བའི་ངོ་བོའོ། །ལྟ་བའི་ངོ་བོ་ལ་དམིགས་དྲུག་ཡོད་པའི་དོན་འདི་རྣམས། དགོས་ཆེད་མ་འདྲེས་པའི་ངོས་ནས་དོན་འབྲེལ་ཆ་ནས་གོ་དགོས་སོ། ༈ །ཚོགས་བརྒྱད་ལྟ་བའི་ངོ་བོར་བསྟན་པ་ལ་བརྒྱད། བགྲང་། གཟུགས་གསལ་སྟོང་དབྱེར་མེད་རང་སྣང་དུ་བསྟན་པ་དང་། དྲང་། ཆོས་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་སྟོང་གཉིས་སུ་མེད་པར་གཟུགས་རང་སྣང་བ་ནི། ལྟ་བྱའི་ཡུལ་དང་ལྟ་བར་བྱེད་པའི་མཁན་པོ་གཉིས་སུ་མེད་པར་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་སྐྱེ་མེད་རང་སྣང་དུ་མཐོང་བའོ། །དེས་ན་ཡུལ་ཡུལ་ཅན། གང་དུའང་མ་མཐོང་གཉིས་མེད་རང་གསལ་དུ་མཐོང་བས་སྤྱན་གྱི་མཆོག་དེ་ནི་ཤེས་རབ་སྤྱན་གྱི་ལྟ་བའོ། །སྒྲ་གྲགས་སྟོང་དབྱེར་མེད་དུ་བསྟན་པ་དང་། དྲང་། ཁྱབ་བྱ་ཁྱབ་བྱེད་མེད་པར་རང་བྱུང་གི་ཡེ་ཤེས་ཀྱིས་ཁྱབ་ཅིང་རིག་པ་རང་གསལ་བ་རང་བཞིན་གྱི་གོ་བའི་སྒྲ་དེ་ནི་ཐོས་པར་བྱ་བ་དང་། ཐོས་པར་བྱེད་པར་གཉིས་མེད་པར་ཐོས་པ་ནི་ཐོས་པའི་ཕུལ་དུ་ཕྱིན་པ་ནི་ཤེས་རབ་སྙན་གྱི་ལྟ་བའོ། ༈ །དྲི་ཚོར་སྟོང་དབྱེར་མེད་དུ་བསྟན་པ་དང་། དྲང་། གཟུང་འཛིན་གྱི་དྲི་མ་མེད་ཅིང་དངས་བས་ཤེས་རབ་ཀྱི་དབང་པོ་ཚིམ་པར་བྱེད་པའི་ཆོས་ཉིད་ཀྱི་དྲི་ཡིན་ཏེ་བསྣམ་བྱ་སྣོམ་བྱེད་མེད་པར་ཚོར་བའི་ཤངས་ནི་ཤེས་རབ་ཤངས་ཀྱི་ལྟ་བ་ཡིན་ནོ། །རོ་མྱོང་སྟོང་དབྱེར་མེད་དུ་བསྟན་པ་དང་། དྲང་། ཆོས་ཉིད་ཀྱི་དོན་གྱི་བཅུད་དམ་སྙིང་པོ་ཆོས་ཉིད་ཐམས་ཅད་སྣང་སྟོང་གཉིས་མེད་རང་རིག་པའི་མངོན་གསུམ་དུ་ཉམས་སུ་མྱོང་བ་ནི་ཆོས་ཉིད་ཀྱི་རོ་ཡིན་ལ། དེ་ཉིད་མྱོང་བར་བྱ་བའི་ཡུལ་རོ་དང་། མྱང་བྱ་མྱོང་བྱེད་ཀྱི་ཤེས་པ་གཉིས་རང་ཁ་མ་མེད་པར་དོན་གཉིས་མེད་རང་གསལ་ཉིད་དུ་རྟོགས་པའི་མྱོང་བ་ནི། ཤེས་རབ་ལྗགས་ཀྱི་ལྟ་བ་ཡིན་ནོ། །རེག་རེག་སྟོང་དབྱེར་མེད་དུ་བསྟན་པ་དང་། དྲང་། དེ་ཙམ་ན་ཡང་དག་པ་ཆོས་ཉིད་ཀྱི་དོན་ལ་བློས་རེག་པ་ཉིད་ནི་ཆོས་ཉིད་ཀྱི་རེག་པ་ཡིན་ལ། དེ་ཉིད་རེག་པ་ཀུན་གྱི་དངོས་གཞི་ཡིན་ཏེ་རེག་བྱ་རེག་བྱེད་རང་ཁ་མ་དང་བྲལ་བས་དོན་གཉིས་མེད་རང་གསལ་དུ་རེག་པ་ནི། ཤེས་རབ་ལུས་ཀྱི་ལྟ་བ་ཡིན་ནོ། །དེ་ལྟར་སྒོ་ལྔ་ཡུལ་དང་བཅས་པ་ཆོས་ཀྱི་དབྱིངས་སུ་རྟོགས་པས། མཐར་ཕྱིན་པའི་དུས་སུ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡིད་ཕྱོགས་མེད་ཡེ་ཤེས་རང་སྣང་དུ་བསྟན་པའི་ལྟ་བ་དང་། དྲང་། འདུས་བྱས་དང་འདུས་མ་བྱས་ཀྱིི་ཆོས་ཁམས་སྣ་ཚོགས་ཀུན་རང་རིག་ཆོས་ཉིད་གཉིས་མེད་དུ་མཁྱེན་པ་ནི་ཤེས་རབ་ཡིད་ཀྱི་ལྟ་བ་ཡིན་ལ། རང་རིག་པ་དེ་ནི་ཆོས་ཉིད་གཉིས་མེད་དུ་དབང་བསྒྱུར་བས་རྒྱལ་པོར་བརྗོད་ལ། གཉིས་མེད་རང་གསལ་དུ་མཁྱེན་པས་རང་སྣང་བའོ་ཞེས་སྨོས་ཏེ། དེ་ནི་ཤེས་རབ་ཡིད་ཀྱི་ལྟ་བ་སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཉོན་ཡིད་བདག་མེད་གཉིས་མེད་རང་གསལ་དུ་བསྟན་པ་དང་། དྲང་། ཐམས་ཅད་རང་སྣང་བ་ཡིན་པ་དེ་བས་ཀུན་གཞི་ལ་བདག་ཏུ་འཛིན་པ་ཉོན་མོངས་པའི་ཡིད་ཀྱང་རིག་པ་གཉིས་མེད་རང་གསལ་བ་ཉིད་ནི། དེ་ཡང་ཀུན་གཞི་མ་འདྲེས་ཡོངས་རྫོགས་དབྱེར་མེད་ཡིན་ཕྱིར། འཛིན་པ་མ་སྤངས་པས་བདག་ཏུ་འཛིན་པ་དང་བཅས་པ་ལྟར་སྣང་བ་ཉིད་ན་འཛིན་པ་རང་ཁ་མར་མི་གནས་པའི་དོན་གྱི་བདག་རང་རྒྱུད་པར་འཛིན་པ་དང་བྲལ་བའི་ཡིད་གཉིས་མེད་རང་གསལ་དུ་ཤེས་པ་ནི། ཉོན་ཡིད་བདག་མེད་རང་གསལ་གྱི་ལྟ་བ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དོན་ཡིན་ནོ། །ཀུན་གཞིར་གསལ་བ་ཡེ་ཤེས་ཐམས་ཅད་མཁྱེན་པའི་ལྟ་བའོ། །དྲང་། ཕྱི་རོལ་གྱི་དོན་ཡུལ་དང་། སེམས་ཅན་ཐམས་ཅད་ཀྱི་ཀུན་གཞི་ལ་རྟོག་པ་རང་རྒྱུད་པ་མེད་པར་གསལ་བ་དེ་ནི་རང་བྱུང་ཡེ་ཤེས་ཀྱི་ཆོས་ཐམས་ཅད་རྟོག་པ་མེད་པར་གཉིས་མེད་རང་གསལ་དུ་མཁྱེན་པ་སྟེ། ཀུན་གཞི་ཐམས་ཅད་མཁྱེན་པ་ཤེས་རབ་ཀྱི་ལྟ་བ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཆོས་དབྱིངས་ཡེ་ཤེས་ནི་ཡེ་ཤེས་བཞི་ཀའི་རྟེན་ཡིན་ནོ། །དེ་ནི་ཚོགས་བརྒྱད་ཡེ་ཤེས་ལྔར་ངོ་སྤྲོད་པའི་ལྟ་བའོ། །མིང་གི་རྣམ་གྲངས་ལ་གཉིས། ལམ་གྱི་ལྟ་གྲངས་དང་། རྒྱུད་ཀྱི་ལྟ་གྲངས་སོ། །དང་པོ་ལ་གསུམ། བགྲང་། ལམ་ཟག་བཅས་ཀྱི་ལྟ་གྲངས་དང་། དྲང་། གོང་དུ་ལྟ་བའི་ངོ་བོའི་རྣམ་གྲངས་སོང་ནས། འདིར་མིང་གི་རྣམ་གྲངས་བརྗོད་པས་ན་ཡང་ནི་ཞེས་ཟེར་ལ། དེ་རྣམས་ལམ་གྱི་ལྟ་གྲངས་དང་། རྒྱུད་ཀྱི་ལྟ་གྲངས་རིམ་པའི་དོན་མ་ནོར་བར་གྲངས་སུ་བརྗོད་པ་ནི་འདི་ལྟ་སྟེ། དོན་དམ་སྤྲོས་པ་དང་བྲལ་བ་དང་། ཀུན་རྫོབ་ཡེ་ཤེས་སྒྱུ་མ་དང་། དེ་གཉིས་དབྱེར་མེད་དུ་མཐོང་བཞིན་རྟོགས་པ་དང་སྤྱོད་ཡུལ་དང་བྲལ་བ་རང་རིག་པའི་མངོན་སུམ་དུ་བྱས་པ་དང་བཞི་ཡིས་རིམ་པས་རྟོགས་པའི་གོ་རིམ་འདི་ལྟར་ཤེས་དགོས་སོ། །རྒྱུད་གཅིག་པ་དང་། ཡིག་འབྲུའི་ཚུལ་དང་། བྱིན་རླབས་དང་། མངོན་སུམ་པར་རྟོགས་པ་སྟེ། འདི་ལ་གོ་རིམ་ཚོགས་ལམ་རྣལ་འབྱོར་རྣམ་པ་བཞིའི་ལམ་དང་སྦྱར་ནས་བཤད་དགོས་ཏེ། དོན་དམ་བདེན་པ་སྟོང་པ་ཆེན་པོའི་རྣལ་འབྱོར། ཀུན་རྫོབ་བདེན་པ་སྙིང་རྗེ་ཆེན་པོའི་རྣལ་འབྱོར། དབྱེར་མེད་བདེན་པ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར། སྤྱོད་ཡུལ་བྲལ་བ་ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་དང་བཞིའོ། །དེའི་དོན་རྣམ་ཐར་སྒོ་བཞི་ཡིན་པ་དང་། རྣམ་ཐར་སྒོ་བཞི་གང་ཞེ་ན། ཆོས་ཐམས་ཅད་རྒྱུས་སྟོང་པས་སྟོང་པ་ཉིད་དང་། དངོས་པོ་སྟོང་པས་མཚན་མ་མེད་པ་དང་། འབྲས་བུ་སྟོང་པས་སྨོན་པ་མེད་པ་དང་། རང་བཞིན་གྱི་འོད་གསལ་བ་དང་བཞིའོ། །སྦྱོར་ལམ་བར་ཆད་མེད་པ་སྟེ་བསྙེན་བསྒྲུབ་བཞི་ལ་སྦྱོར་བའི་ལྟ་བ་དང་། ལམ་གོང་གི་དེ་རྣམས་རེ་རེ་ལ་ཡང་རྣམ་གྲངས་སུ་ཕྱེ་ནས་ཉམས་སུ་མྱོང་ལུགས་བཤད་ན་གཡོ་བའི་ཉམས་དང་། ཐོབ་པ་དང་། གོམས་པ་དང་། བརྟན་པ་དང་། མཐར་ཕྱིན་པའི་ཉམས་དང་ལྔ་ལྔའི་རིམ་པར་གོང་དུ་འཕེལ་ཞིང་འབར་བའོ། །ལམ་ཀུན་གྱི་ལྟ་གྲངས་དང་། དྲང་། ཆོས་ཉིད་བདེན་པ་དབྱེར་མེད་མཉམ་པ་ཉིད་ཀྱི་ངང་ལ་མི་སྐྲག་པའི་བཟོད་པ་ཐོབ་པས་ཆོས་ཉིད་ཀྱི་བདེན་པ་དབྱེར་མེད་གྱི་དོན་རང་རིག་པའི་མངོན་གསུམ་དུ་སྒྲོ་འདོགས་དང་བྲལ་བར་གནས་པས་ཡིད་ཆེས་ངེས་པའི་གདེང་རྙེད་པའི་ཤེས་རབ་རྒྱུ་ཤེས་པའི་ལྟ་བ་དང་གཅིག །རྣམ་པ་ཀུན་ལྡན་སྟོང་པ་ཆེན་པོ་མཐོང་བའི་ངང་ལ་གནས་པ་དེ་བཞིན་ཉིད་དང་གཉིས། ཡུལ་ཡུལ་ཅན་གཉིས་སུ་མེད་པའི་རང་རིག་པའི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱིས་ཡེ་ཤེས་སྒྱུ་མར་གཟིགས་པ་ཀུན་སྣང་སྙིང་རྗེ་ཆེན་པོའི་ལྟ་བ་དང་གསུམ། འདི་ལ་འབྲས་བུའི་འདུག་ས་བསྒྱུར་ནས་བཤད་དགོས་ཏེ། འབྲས་བུ་དབྱེར་མེད་ཡི་དམ་ལྷའི་སྐུ་གཅིག་སྣང་སྟོང་གཉིས་མེད་དུ་གསལ་བར་ལྟ་བ་ཕྱག་རྒྱ་གཅིག་པའི་ལྟ་བ་དང་བཞི། རྟོག་ཚོགས་ཐམས་ཅད་ལྷ་དུ་མའི་དལ་དུ་གཉིས་མེད་དུ་གསལ་བར་རྟོགས་པ་ཕྱག་རྒྱ་སྤྲོས་པའི་ལྟ་བ་དང་ལྔ། སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཡོ་བྱད་ལྔ་སྣང་ལ་རང་བཞིན་མེད་པར་སྤྱོད་པས་བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་རྫོགས་པར་མཐོང་བ་སྦྱོར་ལམ་ཚོགས་བསྒྲུབ་ཀྱི་ལྟ་བ་དང་དྲུག །རིག་པ་ལ་རང་དབང་བསྒྱུར་ཞིང་ཟག་མེད་མངོན་གསུམ་དུ་མཐོང་བ་མཐོང་ལམ་རྣམ་སྨིན་ཚེ་དབང་གི་ལྟ་བ་དང་བདུན། ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ལ་བློ་མི་གཡོ་བ་སྒོམ་པ་ལ་ཕྱག་རྒྱ་ཆེན་པོའི་ལྟ་བ་དང་བརྒྱད། མཉམ་པར་བཞག་པའི་ངང་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན་ཡུལ་མེད་དུ་མཁྱེན་ཅིང་མངའ་བ། མཐར་ལམ་ལྷུན་གྲུབ་གྱི་ལྟ་བ་དང་དགུའོ། །ལམ་གྱི་ལྟ་གྲངས་དགུ་འདི་རྣམས་ལ། གཞི་ཡིན་ཚུལ་གྱི་ལྟ་བ་གཅིག་པུ་བཤད་པས་མི་ཆོག །བློ་རིམ་གྱིས་པའི་མཉམ་བཞག་ལ་ཆོད་ཚུལ་དང་། རྗེས་ཤེས་ཀྱི་དྲི་མ་དག་ལུགས། རྣམ་ཤེས་ཚོགས་བརྒྱད་དག་མ་དག་གི་ས་མཚམས། མཚན་ཉིད་ཀྱི་ལམ་ལྔ་དང་། གསང་སྔགས་ཀྱི་ལམ་ལྔ་སྒྲ་མཐུན་ཏེ། དོན་དཔགས་ལུགས། འདི་རྣམས་ཀྱི་གསང་རིག་དགོས་ཏེ། དེང་སང་སྙིགས་མའི་ཉན་བཤད་ཕལ་ཆེར། དོན་གསང་འདི་ལྟ་བུ་མི་དགོས། དོན་སྤྱིའི་འབྲུ་གནོན་པ་ཙམ་ཡང་། མི་ཤེས་པ་མང་དུ་མཐོང་ངོ་། །རྒྱུ་དང་གདམས་པ་བསྟན་པའོ། །དྲང་། དང་པོ་ལྟ་བ་དེ་རྣམས་རྒྱུ་གང་ལས་བྱུང་ཞེ་ན། ཐོས་པ་དང་བསམ་པའི་སོ་སོར་རྟོགས་པའི་ཤེས་རབ་ལས། གཞི་ཤེས་ཀྱི་ལྟ་བ་བྱུང་། དེ་ལ་སྒོམ་བྱུང་གི་ཤེས་རབ་བྱུང་བ་དང་། སྒོམ་བྱུང་གི་ཐོག་མར་མཆོག་གི་ཏིང་ངེ་འཛིན་རྣལ་འབྱོར་བཞི་དང་། སྦྱོར་ལམ་རིམ་པར་བསྒོམས་པའི་རྒྱུ་ལས་མཐོང་ལམ། དེ་ལས་སྒོམ་ལམ། དེ་ལས་མཐར་ལམ་གྱི་ལྟ་བ་སྐྱེས་པའོ། །དེ་ལྟ་བས་བསམ་ན་ཤེས་རབ་གསུམ་གྱི་རྒྱུ་ལས་ལྟ་བ་སྐྱེས་པའི་ཕྱིར། ལྟ་བ་རྟོགས་ཤིང་རྣམ་མཁྱེན་སངས་རྒྱས་ཐོབ་པར་འདོད་པ་རྣམས། དེའི་རྒྱུ་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་ལ་འབོད། ཅེས་པ་བརྩོན་འགྲུས་གྱིས་ཞིག་པའོ། །རྒྱུ་དོན་གྱི་ལྟ་བ་བསྟན་པ་ལ་གཉིས། ཉེ་བར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོར་ཉེ་བར་བསྟན་པ་ནི། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་དོན་དགུ་པོ་ལྟ་བའི་གཟུངས་གྱི་ཟིན་པའི་ངོས་ནས་ལྟ་གྲངས་དགུ་བསྟན་པ་ནི་འདི་ལྟ་སྟེ། ༈ རྒྱས་པར་བཤད་པ་ལ་དགུ། བགྲང་། མི་འདའ་བ་དམ་ཚིག་གི་ལྟ་བ་དང་། དྲང་། རྒྱུད་གཞུང་རྣམས་ལས། རྩ་བའི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་ཅེས་བྱ་བ་བཤད་པ་དེ་ཡང་། གུད་ན་ཡོད་པ་མ་ཡིན་ཏེ། ཁྱད་པར་དུ་ལམ་པ་རང་གི་ཆོས་ཉིད་ལྟ་བའི་ངང་ལ་མི་འདའ་བ་དམ་ཚིག་ཡིན། དེ་ཅིའི་ཕྱིར་ན་སྒོ་གསུམ་བསྒྲུབ་པའི་དམ་ཚིག་དང་། བསྲུང་བའི་དམ་ཚིག་གི་ལས་མི་འདའ་བས་སྡོམ་པ་སྟེ། དེ་ལ་ཡན་ལག་དང་དུ་བླང་པ་ལྔ་དང་། མི་སྤང་བ་ལྔ་སྟེ། རྣམ་པ་བཅུ་དང་། རྩ་བ་སྐུ་གསུང་ཐུགས་ཀྱི་སྡོམ་པ་གསུམ་དང་། ཡང་ན་བཅུ་གསུམ་འདི་ལ་སུམ་བཅུའི་བཤད་པ་བྱས་ན། རྩ་བའི་དམ་ཚིག་ལྔ། ཡན་ལག་གི་ཉེར་ལྔ་སྟེ་སུམ་བཅུའི་བཤད་པ་ཡང་ཡོད། ཐུན་མོང་སྤྱིའི་དམ་ཚིག་མཐའ་ཡས་པ་ཡོད་ཀྱང་ཆོས་ཉིད་ཐིག་ལེ་ཆེན་པོ་རྟོགས་པའི་ངང་དུ་ཐམས་ཅད་འདུས་ཤིང་དགོངས་པ་ཆོས་ཉིད་ཀྱི་ངང་དུ་གསལ། སྤྱོད་ལམ་རྣམས་དེ་ལས་མ་གཡོས་ན་ཇི་ལྟར་སྤྱད་ཀྱང་དམ་ཚིག་སྡོམ་པ་ལས་མི་འདའ་བས་དམ་ཚིག་མཆོག་ཡིན་ནོ། ༈ །བླང་དོར་མེད་པ་སྤྱོད་པའི་ལྟ་བ་དང་། དྲང་། ལམ་པ་ཀུན་གྱི་སྒོ་གསུམ་གྱི་བྱ་བར་གྱུར་པའི་སྤྱོད་པ་བདག་དོན་གཞན་དོན་རྣམ་པ་གཉིས་པའི་བྱེ་བྲག་ཇི་སྙེད་པ་ཡང་ཆོས་ཉིད་ཐམས་ཅད་ཐིག་ལེ་ཆེན་པོ་དབྱེར་མེད་པའི་ངང་དུ་ངེས་པར་རྟོགས་པས་སྤྱོད་བྱ་སྤྱོད་བྱེད་ཕྱོགས་གཅིག་པ་ཅི་ལ་ཡང་བློ་མི་གནས་པར་བདག་གཞན་གྱི་དོན་ཀུན་ལ་མ་འགགས་པར་སྤྱོད་ཅིང་དེ་ཀའི་དུས་ན། སྤྱོད་པར་བྱེད་པའི་མཁན་པོ་དང་སྤྱོད་པར་བྱ་བའི་ཡུལ་གཉིས་མེད་པར་ཐམས་ཅད་རིག་པ་རང་སྣང་དུ་མཐོང་བ་ནི་སྤྱོད་པའི་ལྟ་བ་ཡིན་ནོ། ༈ །རོལ་པ་ཕྲིན་ལས་ཀྱི་ལྟ་བ་དང་། དྲང་། བྱ་བྱེད་མེད་པའི་ཚུལ་གྱིས་སུ་ལས་རྣམས་ཀུན་ལ་ཐོགས་པ་མེད་པར་སྤྱད་པ་ཡིན་ཏེ། ལམ་པའི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་བཞིའི་ལས་དང་གཅིག་པོ་ལ་ཀུན་ཚང་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔ་ཡང་སེམས་ཉིད་སྤྲོས་བྲལ་ཐིག་ལེ་ཆེན་པོ་གཉིས་སུ་མེད་པའི་ངང་དུ་གསལ་བར་རྟོགས་པའི་སྟེང་ནས། ལས་ཀུན་བྱེད་པ་ནི་ཕྲིན་ལས་ཀྱི་ལྟ་བའོ། །གནས་སུ་སྟོབ་པ་མཆོད་པའི་ལྟ་བ། དྲང་། མཆོད་པའི་ཡོ་བྱད་བླ་རེ་དང་། ལ་སོགས་ཀྱི་རྒྱན་རིན་པོ་ཆེ་དང་། དར་ཟབ་ལ་སོགས་པ་དང་། ཕྱི་ནང་གསང་བའི་ལོངས་སྤྱོད་འདོད་པའི་ཡོན་ཏན་ལྔའི་དངོས་པོ་མ་ལུས་པ་ཀུན་ཀྱང་ཕྱི་རོལ་གྱི་སྣང་བ་རང་ཁ་མིན་ཏེ། རང་རིག་པ་བྱང་ཆུབ་ཀྱི་སེམས་ཆེན་པོའི་ཆོ་འཕྲུལ་ཆེན་པོར་སྣང་བའི་ངང་དུ་འདུས་པར་རྟོགས་པའི་ཕྱིར། མཆོད་པ་ཕུལ་བ་མེད་པ་གནས་སུ་སྟོབས། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་མཉེས་པ་སྟེ་མཆོད་པའི་ལྟ་བའོ། །བཀོད་པ་དལ་གྱི་ལྟ་བ་དང་། དྲང་། ཞི་བའི་ལྷ་བཞུགས་པའི་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་དལ་ཞེ་གཉིས་དང་། འབར་བ་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་ཕོ་ཉའི་འདུ་འཕྲོ་མང་པོ་ཡང་ལོག་ན་ཡོད་པ་མ་ཡིན་ཏེ། རང་རིག་པ་བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ཆེན་པོ་དེ་ཉིད་དེ་ལྟར་དུ་ཤར་བ་ཡིན། གཏ ན་ཚིགས་དེ་ལྟ་བས་ན། འདིར་ནི་རང་བཞིན་དལ་དང་། གཟུགས་བརྙན་ལྷག་པའི་གཟུགས་བརྙན་དང་། ཏིང་ངེ་འཛིན་ལྷག་པའི་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། དེ་ལྟར་དལ་རྣམ་པ་བདུན་པོ་ཐམས་ཅད་ཀྱང་། རང་རིག་པའི་ངང་དུ་གཅིག་པ་རྟོག་པ་ནི། དལ་གྱི་ལྟ་བ་ཡིན་ནོ། །རིམ་པ་དབང་གིས་ལྟ་བ་དང་། དྲང་། སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀུན། རང་བཞིན་ནམ་ངང་གིས་སེམས་ཉིད་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་རོ། །ཕྱི་ནང་གསང་བའི་དབང་ལ། ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། དེ་ཕྱི་ནང་གཉིས། ཟབ་མོའི་དབང་གསུམ་དང་ལྔ་པོ་མ་བརྩལ་བར་རང་གི་སེམས་ལ་ལྷུན་གྱིས་གྲུབ་པར་རྫོགས་ཏེ། དེ་ལྟར་དབང་བཅོ་བརྒྱད་ཀྱང་རང་རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་ཆོ་འཕྲུལ་དུ་རང་སྣང་བར་རྟོགས་པ་ནི། དབང་གི་ལྟ་བ་ཡིན་ནོ། །དོན་དུ་གཉེར་བ་བསྒྲུབ་པའི་ལྟ་བ་དང་། དྲང་། འབྲས་བུ་རང་ལ་ཡོད་པ་ངོ་མཚར་ཞིང་ངམ་པས། ཨེ་མ་ཧོ། རྒྱུ་རྐྱེན་གྱིས་མ་བསྒྱུབ་པར་རང་བཞིན་ལྷུན་གྱིས་གྲུབ་པའི་གྲུབ་པ་ཆེན་པོའོ། །གྲུབ་པ་ཆེན་པོ་རང་གང་ཡིན་ཞེ་ན། གྲུབ་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་སེམས་ཀྱི་གནས་ལུགས་ཐམས་ཅད་ཀྱི་བླར་གྱུར་པས་ཆེ་ཞེས་བྱའོ། །དོན་དུ་གཉེར་བའི་བསྒྲུབ་པས་འབྲས་བུ་མཆོག་ཐུན་མོང་གཉིས་ཀྱི་རྣམ་གྲངས་ཀུན། རང་རིག་པ་བྱང་ཆུབ་ཀྱི་སེམས་ཆེན་པོ་ཡིན་ནོ། །དེ་ལྟར་ཡིན་པ་ལ་ཡིན་པ་ལྟར་རྟོགས་པ་ནི། བསྒྲུབ་པའི་ལྟ་བ་ཡིན་ནོ། ༈ །ཉམས་སུ་ལེན་པ་ཏིང་ངེ་འཛིན་གྱི་ལྟ་བ་དང་། དྲང་། ཏིང་ངེ་འཛིན་གྱི་ལྟ་བའི་ངང་ལ་གནས་པ་ནི། བྱེ་བྲག་ཏུ་མཚན་བཅས་མཚན་མེད་ཀྱི་ཏིང་ངེ་འཛིན་ཀུན་རང་རིག་པ་ཉིད་སྣང་བ་ཡིན་པས་ཕྱིར་ཆུ་ཆུ་བུར་ལྟ་བུ་དང་། མཚན་མེད་ནམ་མཁའ་ལྟ་བུའི་རང་བཞིན་བས། རང་རིག་པའི་ཡེ་ཤེས་ཉིད་ལས་གཞན་དུ་བརྩལ་ཞིང་སྒོམས་པ་ཡིན་པར་རྟོགས་པ་ནི། ཏིང་ངེ་འཛིན་གྱི་ལྟ་བའོ། ༈ །འཆིང་གྲོལ་མེད་པར་སྔགས་དང་ཕྱག་རྒྱའི་ལྟ་བ་བསྟན་པའོ། །དྲང་། སྔགས་གསུམ་དང་ཕྱག་རྒྱ་བཞིར་སྣང་བ་རྣམས་སེམས་ཉིད་རང་རིག་པ་ཉིད་སྣང་བའི་ཕྱིར། སྔགས་ནི་བྲག་ཆ་ལྟར་གྲགས་སྟོང་དབྱེར་མེད་དང་ཕྱག་རྒྱ་ནི་ཆུ་ཟླ་དང་འདྲ་བར་སྣང་ལ་མ་གྲུབ་པར་ལྟ་བ་ཤེས་པའི་དུས་དེ་ཉིད་ན། ཕྱག་རྒྱ་བཅིངས་བ་དང་། སྔགས་བརྗོད་པའི་ལས་ཉིད་གང་ལྟར་སྣང་ཡང་མྱ་ངན་ལས་འདས་པའོ། །དེ་བས་ན་འཆིང་བརྗོད་ཀྱི་བྱ་བྱེད་ཐམས་ཅད་རང་ཁ་མ་མེད་པར་མཉམ་པ་ཉིད་དུ་རྟོགས་པ་ནི། སྔགས་ཕྱག་རྒྱའི་ལྟ་བའོ། །ལྟ་བ་ཀུན་འདིར་སྨོས་པའི་དགོས་ཆེད་དང་། དྲང་། དེ་བས་ལྟ་བའི་རྣམ་གྲངས་དང་། ལྟ་བའི་ངོ་བོ་ཞེས་བྱ་བ་ལམ་གྱི་གཙོ་རུ་བརྗོད་མེད་ཀྱང་། ངེས་པའི་དོན་དུ་ཤེས་རབ་ཀྱི་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པ་ལ་ལྟ་བ་ཞེས་བྱ་བ་དེ་ནི། དཔེར་ན་ཚོང་པ་དེད་དཔོན་གྱི་རྒྱ་མཚོའི་ཕར་ཁ་ནས་ནོར་བུ་རིན་པོ་ཆེ་ལེན་པའི་ཐབས་ལ་མཁས་དགོས་པའི་འདུ་ཤེས་ཆུ་ཚུར་ཁ་ནས་ཤེས་དགོས་པ་ཇི་ལྟ་བ་བཞིན་དུ། གདོད་མ་རྒྱུ་ཤེས་པའི་ལྟ་བ་ནས་མཐའ་མ་འབྲས་བུ་མ་ཐོབ་པའི་བར་གྱི་ལམ་གྱི་ལྟ་གྲངས་དགུ་ལ་སོགས་པ་བྱེ་བྲག་ནང་ཚན་མི་འདྲ་བ་ཐམས་ཅད་ལྟ་བའི་སྐབས་འདིར་ཕྱིན་ཅི་མ་ལོག་པར་ཤེས་དགོས་པའི་ཕྱིར་རོ། ༈ །དགུ་པ་སྤྱོད་པ་ལ་གཉིས། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི་ཐོས་བསམ་སྒོམས་གསུམ་ཤེས་རབ་ཀྱིས་ལྟ་བ་རྟོགས་པས་དེའ ི་དོན་དུ་གཉེར་ཞིང་བྱང་ཆུབ་པར་བྱེད་པའི་ཚེ་བདག་གི་དོན་དང་གཞན་གྱི་དོན་གྱི་ཕྱིར་སྒོ་གསུམ་སྤྱད་པར་བྱ་བ་སྤྱོད་པའི་བྱེ་བྲག་རྣམས་ནི། ཇི་ལྟར་ཞེ་ན་རྒྱས་པར་བཤད་པ་ལ་གཉིས། བདག་དོན་གྱི་སྤྱོད་པ་དང་། གཞན་དོན་གྱི་སྤྱོད་པའོ། །བདག་དོན་ལ་བཞི། བགྲང་། སྤྱོད་པའི་ངོ་བོ་དང་། དྲང་། རྒྱུ་ཤེས་པ་ལྟ་བའི་གཞི་ལས་སྤྱོད་པ་ཀུན་ཀྱང་སྤྱོད་ལ། དེ་ཡང་འདིར་ཐོས་བསམ་གྱི་སྒོ་ནས། ཆོས་སྤྱོད་བཅུའམ། དགེ་བཅུ། བསླབ་པའི་མཐའ་བཅུ། ཡོངས་སུ་ཤེས་པར་བྱ་བའི་དངོས་པོ་རྒྱུད་དོན་བཅུ་ལ་སྤྱོད་ཅིང་དོན་ཆེད་དུ་གཉེར་བར་བྱེད་པའོ། །སྤྱོད་པའི་ཁྱད་པར་དང་། དྲང་། རྒྱུ་ཤེས་པ་ལྟ་བའི་སྤྱོད་པ་འདི་ལ་ཡང་དབང་བསྒྱུར་གྱི་སྤྱོད་པའི་དཔེ་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཙམ་དུ་འདྲ་ཡང་། འདུལ་ཞིང་གི་ས་ཁམས་ལ་ཆུང་ཡོད་པ་དང་། དེ་བཞིན་དུ་གཞན་དོན་བྱེད་པའི་ཁྱད་པར་ཟག་མེད་རིག་འཛིན་བཞིའི་སྤྱོད་པ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་དོ། །ཐབས་ཀྱིས་སྤྱོད་པའི་དཔེ་སྟོབས་ཆེན་གླང་ཆེན་ཙམ་དུ་འདྲ་ཡང་རྩལ་ཆེ་ཆུང་དང་སྒྱིད་རགས་ཞན་ཡོད་པ་དང་། འདི་ནི་གླང་ཆེན་ཆུར་ཞུགས་པའི་ཚེ་ན་ཆུ་ལ་འདམ་ཁ་མེད་དེ། ཐད་ཁ་ན་གཅོད་པ་ཐབས་ལམ་འོག་སྒོའི་སྤྱོད་པའི་དཔེ། དེ་ལ་ཅུང་ཞིག་ཞོལ་ཕྱོགས་སུ་སྤྱོད་པ་ཐབས་ལམ་སྟེང་སྒོའི་དཔེ། ངོ་བོ་བྱིན་རླབས་ཀྱི་སྤྱོད་པའི་དཔེ་ནམ་མཁའ་ཙམ་དུ་འདྲ་ཡང་ཡུལ་གྱི་ལུང་པའི་ཁྱོན་རྒྱ་ཆེ་ཆུང་གི་དབྱིབས་ཀྱི་ནམ་མཁའ་ལ་ཡང་ཆེ་ཆུང་འབྱུང་བ་ཇི་ལྟ་བར། གཞི་ཤེས་པ་ལྟ་བའི་སྤྱོད་པར་གཅིག་ཀྱང་གཞན་དོན་རྒྱ་ཆེ་ཆུང་དང་། ཐབས་ཆེ་ཆུང་གིས་ཉོན་མོངས་པ་ལ་སྤྱོད་པས། གོལ་མི་གོལ་དང་། རྟོགས་པའི་ལྟ་སྒོམས་ཀྱི་གདེངས་ཆེ་ཆུང་གི་སྟོབས་ཀྱིས་སྤྱོད་པ་རྣམས་ལ་ཁྱད་པར་ཡོད་པའོ། ༈ །སྤྱོད་པའི་ལྟ་བ་དང་དྲང་། ཆོས་ཀུན་ཡེ་ནས་ཆོས་ཀྱི་དབྱིངས་སུ་རོ་གཅིག་པས་ཆོས་དབྱིངས་དེ་ལ་ང་དང་བདག་ཏུ་མ་རྟོགས། ངོ་བོ་རང་བཞིན་གྱི་རྣམ་པར་དག་ཅིང་གཉིས་སུ་མེད་པ་ལ་དཀར་གསུམ་ལ་སོགས་གཙང་བ་དང་དམ་རྫས་ལྔ་ལ་སོགས་པ་སྨེ་བ་མི་གཙང་བའི་བློ་གཉིས་སུ་འཛིན་པར་མ་བྱེད་ཅིག །ཅེས་གདམས་པའི་ཚུལ་ལོ། །ཆོས་རྣམས་ཐམས་ཅད་ཡེ་ནས་བདེ་བར་གཤེགས་པའི་སྙིང་པོ་ཡིན་དེ་བས་གློ་བུར་རྣམ་དག་རྐྱེན་གྱི་རྡུལ་གྱིས་ག་ལ་གོས། ཤེས་རབ་མཆོག་གི་དེ་ལྟར་གོམས་ཞིང་རྟོགས་པར་གྱིས། རྟོགས་པའི་ཆོས་རྣམས། མ་ལུས་ཀུན་འདུས་པས་ཆོས་ཀྱི་དབྱིངས་སུ་ཤེས་པར་བྱོས་ཤིག་ཅེས་གདམས་པའོ། །སྤྱོད་པའི་དམ་ཚིག་གོ། །དྲང་། དེ་ལྟར་རྟོགས་པའི་ཡོན་ཏན་དེ་བས་ན་རྒྱུ་ཤེས་པར་བྱ་བ་ལྟ་བ་རྟོགས་པའི་ཐབས་རྣམ་པར་དག་པ་རགས་ལས་མི་འདའ་བས་སྡོམ་པའི་ངོ་བོར་བྱེད་དོ། །བདག་གི་དོན་དང་གཞན་གྱི་དོན་བྱ་བའི་ཕྱིར་སྤྱོད་པ་གཙོར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱི་དང་པོ་ཕོག་པའི་སྡོམ་པ་རྩ་བ་ཡན་ལག་ཀུན་ཀྱང་སློབ་ཅིང་སྤྱོད་པའོ། །བདག་དོན་གྱི་སྤྱོད་པ་འདི་རྣམས་ལ། ལྟ་བ་རྟོགས་ནས་ཆོས་ཀུན་མཉམ་པ་ཉིད་ཀྱི་གནས་ལུགས་ཀྱི་ངང་ལ་སྤྱོད་ཐབས་ཡིན་ཅིང་། རང་དོན་ལ་ལྟ་བ་བོགས་འདོན་ཐབས་དང་། འགའ་ཞིག་ལྟ་བ་མ་རྟོགས་པ་རྟོགས་པར་བྱེད་པའི་ཐབས་ཀྱི་སྤྱོད་པ་ཡིན། འདི་རྣམས་ཀྱི་དམིགས་མ་འདྲེས་པར་ཤེས་པར་བྱའོ། ༈ །གཞན་དོན་གྱི་སྤྱོད་པ་ལ་གསུམ། བགྲང་། ཤེས་རབ་ཆེན་པོའི་སྤྱོད་པ་དང་། དྲང་། ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ཤེས་པའི་ཤེས་རབ་ཆེན་པོའི་ལྟ་བ་རྟོགས་པས། གང་ལ་ཞེན་པ་མེད་པས་སྦྱིན་ཞེས་བྱའོ། །དེའི་དུས་སུ་རྣམ་རྟོག་གིས་མཚན་མ་དག་པས་བསྲེགས། དེ་ལྟ་བུའི་སྦྱིན་བསྲེག་གི་བསྲེགས་རྫས་སྲིད་པ་གསུམ་གྱི་མཚན་མ་བསྲེག་པར་བྱེད་པའི་མེ་ནི་ལྟ་བ་རྟོགས་པ་ཡིན་ཏེ། ཡིན་ཀྱི་རྟོགས་པའི་རང་རིག་ཡེ་ཤེས་ཉོན་མོངས་པ་བསྲེགས་པའི་མེ་རུ་འབར་བའོ། །རྃ་ལས་ཡེ་ཤེས་ཀྱི་མེ་འབར་བས་འགྲོ་བ་ཀུན་ཀྱང་ཆོས་ཉིད་ཀྱི་ངང་དུ་ཆོས་ཀྱི་དབྱིངས་སུ་བསྒྲལ་བའོ། །བདག་དོན་ལ་གཞན་དོན་རྫོགས་པའི་སྤྱོད་པ་དང་། དྲང་། གདོད་མ་མཚོགས་ལམ་དང་པོ་ནས་སེམས་སྐྱེས་ནས་མཐར་འབྲས་བུ་མ་ཐོབ་ཀྱི་བར་དུ་ལམ་དོན་དུ་གཉེར་བ་སྤྱོད་པ་ཡིན་ཅིང་སྤྱོད་པའི་སྒོ་ནས་ཐེ་ཚོམ་གྱི་སྤྲོས་པའི་མཚན་མ་གཅོད་ཅིང་དེ་ཡང་འབྲས་བུ་རང་ལ་གྲུབ་པར་ཤེས་ནས་ལམ་བགྲོད་པ་དང་གཞན་དོན་ལ་འཇུག་པ་ནི། བདག་དང་གཞན་རྣམས་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དུ་སྤྱོད་པ་འདི་རྣམས་སྤྱོད་དང་སྙམ་དུ་དམ་བཅའ་བའོ། །གཏན་ཚིགས་དེ་བས་བདག་ཉིད་ཀྱི་དོན་ལའང་གཞན་དོན་རང་ཤུགས་ཀྱིས་ཡོངས་སུ་རྫོགས་པའོ། །ཁྱད་པར་གྱི་སྤྱོད་པ་རང་རང་གིས་སྐབས་ལས་ཤེས་པར་བྱའོ། །དྲང་། དེ་ལྟར་གཞན་དོན་ཕུན་སུམ་ཚོགས་པ་ཐེག་ཆེན་གྱི་ལུགས་ཡིན་པས་དེ་བས་ན་གཞན་དོན་མི་འབྱུང་བས་བྱིས་སྤ་ཉན་རང་དང་མི་མཚུངས་ཏེ། ལམ་ཀུན་གྱི་སྐབས་ལས་ཀྱང་བདག་དོན་ལ་གཞན་དོན་རྫོགས་པར་ཤེས་པར་བྱའོ། །བཅུ་པ་ཕན་ཡོན་ལ་བཞི། བགྲང་། གང་རྟོགས་པའི་ཡོན་ཏན་མཐར་འཁོར་བར་མི་ལྟུང་ཞིང་ཡོན་ཏན་ཚད་ལས་འདས་པ་དང་། དྲང་། རྣལ་འབྱོར་པ་གང་གིས་ཆོས་ཉིད་ཀྱི་དོན་འདི་ལྟར་མཐོང་ཞིང་ལྟ་བ་རྟོགས་པ་དང་། ཐུན་མོང་གི་དངོས་གྲུབ་ཀྱི་བླར་གྱུར་པ་མཆོག་གི་དངོས་གྲུབ་ཡིན། དེའི་རྒྱུའམ་སྙིང་པོ་ལྟ་བ་ཡིན་ཏེ། ལྟ་བ་དེ་རྟོགས་ནས་དཔེར་ན་ཆུ་སྲིན་གྱི་ཕྱག་རྒྱ་ནི་ཆུ་སྲིན་གྱི་གྲེ་བ་ཡིན་ཏེ། དེར་རིན་པོ་ཆེ་ཆུད་ན་ཕྱི་རྗེས་ནས་མི་གཏོང་བ་ཇི་ལྟ་བ་བཞིན་དུ་དེའི་དོན་ནི། དང་པོ་ལྟ་བའི་དོན་མངོན་གསུམ་དུ་རྟོགས་ན་མཐར་འཁོར་བར་མི་གཏོང་ཞིང་བྱང་ཆུབ་ཐོབ་པའོ། །གཞན་ལྟ་བ་རྟོགས་ན་སྤྱོད་ལམ་རྣམ་བཞི་ཐམས་ཅད་དང་ཡུལ་དུ་ཀུན་ཏུ་ལྟ་བའི་ངང་ལ་མ་ཡེངས་པར་ཁྱེར་བས་ཐམས་ཅད་ཆོས་སྐུའི་ངོ་བོར་ཆོད་པ་ལ་ཡོན་ཏན་ཚད་དཔག་ཏུ་མེད་པའོ་ཞེས་བརྗོད་དོ། །འདིར་ལྟ་བ་རྟོགས་ནས་མར་ལ་མི་ལྡོག་པར་བཤད་པ་དང་། ཕྱག་རྒྱ་སྤྲོས་པའི་སྐབས་ནས། ཚོགས་ལམ་ཆེན་པོར་ཕྱིན་ནས། དེ་ཕྱིར་ལམ་བཞིར་ལྡོག་ཟག་ཡོད་བྱས་པས། འདི་གཉིས་འགལ་ལོ་ཞེ་ན་མི་འགལ་ཏེ། འདི་རྣམས་དགོངས་པ་ཅན་ཡིན་ཏེ། ལྟ་བ་རྟོགས་ནས་དམ་ཚིག་ཆགས་ཉམས་ཀྱི་འགལ་འཁྲུལ་མ་བྱས་ཤིང་ལམ་མཐར་སྐྱོལ་ཞིང་ལྟ་བ་ཇི་བཞིན་པ་རྟོགས་པའི་བློ་རབ་གཅིག་ལ་དགོངས་སོ། །ཕྱག་རྒྱ་སྤྲོས་པ་མཐར་ཕྱིན་ནས་ལྟ་བ་རྟོགས་ཀྱང་རྗེས་ཤེས་ལ་ཉོན་ཡིད་ཀྱི་འཛིན་པ་མ་ཆད་པས། གལ་ཏེ་དམ་ཚིག་ཆགས་ཉམས་བྱུང་ནས་ཟག་ལྡོག་ཡོད་དགོས་སོ། །ཉོན་ཡིད་རྩ་བ་ནས་ཆད་ཅིང་། གསང་སྔགས་ཀྱི་ལྟ་བ་ཇི་བཞིན་པ་རྟོགས་པ་ནི། ཚེ་རྣམ་གཉིས་ཡིན་པས། འདི་ལ་ཟག་ལྡོག་གཉིས་ཀ་འོང་མི་སྲིད། སྤྱིར་ཤེས་བྱའི་ཆོས་ལམ་བསྒྲོད་ཚུལ་འདི་རྣམས་ལ། ཚོགས་ལམ་དང་པོ་ནས་སངས་རྒྱས་ཀྱི་སའི་བར་ལ། ལམ་ལ་ཐང་ལྷོད་མི་ཤོར་ནས། ངན་སོང་ལ་མི་ལྡོག་ཅིང་། ལྷ་མིའི་སྐྱེ་བ་ལེན་ནས་ལམ་གོང་ནས་གོང་དུ་བགྲོད་པའི་རིགས་ཀྱང་ཡོད་དགོས། དབང་པོ་རབ་གཅིག་ཚོགས་ལམ་ཆོས་རྒྱུན་ཆེན་པོ་ནས། ཕྱིར་མི་ལྡོག་པ་དང་། འབྲིང་རྩེ་མོ་བཟོད་པ་གཉིས་ནས་ཕྱིར་མི་ལྡོག་པ་དང་། ཐ་མས་ས་དང་པོ་ཆོས་ཉིད་བདེན་པའི་དོན་རྟོགས་ནས་ཕྱིར་མི་ལྡོག །ཡང་མཐའ་གཅིག་པ་བདུན་བར་ཉོན་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མངོན་དུ་གྱུར་མ་ནུས་པས། ཉན་རང་དུ་ལྡོག་པའི་རིགས་གཅིག་ཀྱང་སྲིད་དོ། ༈ །ཇི་ལྟར་སྤྱད་ཀྱང་རྣམ་སྨིན་མེད་ཅིང་ཚོགས་གཉིས་རྫོགས་པ་དང་། དྲང་། ལྟ་བ་རྟོགས་ནས་ཀུན་ནས་ཉོན་མོངས་པའི་སྤྱོད་པའང་། ཇི་ལྟར་སྤྱད་ཀྱང་ཉ་མོ་ཆུ་ལ་ལོངས་སྤྱོད་པ་བཞིན་དུ་མི་བཅིང་སྟེ་གྲོལ་བ་ཡིན་ནོ། །ཐུན་མོང་གི་ལམ་རྒྱུའི་ཐེག་པ་ཆེ་ཆུང་གཉིས་ཀྱིས། ཡང་ན་རྒྱུ་མཚན་ཉིད་དང་། སྔགས་ཕྱི་རྒྱུད་གཉིས་ལ་སྤྱོད་པའང་གྲོལ་བ་དེ་བཞིན་ཡིན་པས་ན། རྣམ་སྨིན་དགེ་སྡིག་གཉིས་ཀྱི་མི་གོས་ཤིང་། །མེད་པས་སྤྱོད་པ་ལ་མ་ཞེས་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའོ། །མཐའ་གསུམ་བྲལ་ཞིང་དོན་གསུམ་རྫོགས་པ་དང་། དྲང་། རྣལ་འབྱོར་པ་གང་གི་དོན་དེ་ལྟར་ལྟ་བ་རྟོགས་པར་འགྱུར་བ་རྟོགས་པར་འགྱུར་བ་ནི་སྒྲོ་བཏགས་བརྒྱད་དང་། བསྐུར་བཏབ་བཅུ་དང་ལུང་མ་བསྟན་གྱི་མཐའ་གསུམ་ལས་གྲོལ་ཏེ། ལམ་དུ་འཇུག་པའི་དགོས་པའི་དོན་འབྲས་བུ་རྣམས་མངོན་སུམ་དུ་འབྱིན་ཅིང་ཐོབ་པར་བྱེད་དོ། །གཏན་ཚིགས་དེ་བས་ན་ལྟ་བ་རྟོགས་ནས་བདག་དོན་གཞན་དོན་ཆོས་ཀྱི་དོན་རྣམས་ཡོངས་སུ་རྫོགས་པའོ། །ཤེས་རབ་ཆེན་པོས་འཁོར་བར་མི་གཏོང་ཞིང་བདེ་བ་དང་ལྡན་པའོ། །དྲང་། དེ་ལྟར་ལྟ་བ་རྟོགས་པའི་གང་ཟག་དེའི་བློ་ནི་རྒྱ་ཆེ་བ་ས་གཞི་ལྟ་བུ་དང་ཟབ་པ་རྒྱ་མཚོ་ཡངས་པ་བར་སྣང་། ཤེས་རབ་རྣོ་བ་རལ་གྲི། མྱུར་བ་གློག་ལྟ་བུའི་ཆོས་ཉིད་ཟབ་པའི་དོན་མངོན་གསུམ་དུ་རྟོགས་པས་འཁོར་བར་ཕྱིར་མི་ལྡོག་ལ་དགོངས་པ་བདེ་བ་ཆེན་པོ་གནས་པ་དེ་ལ་ང་དང་བདག་ཏུ་འཛིན་པ་མེད་པར་བློ་གྲོས་ཡངས་པས་བདེ་བའི་དོན་དང་ལྡན་པའོ། ༈ །བཅུ་གཅིག་པ་དྲོད་ལ་དབྱེ་བ་མེད་དོ། །དྲང་། རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པས་ལྟ་བ་རྟོགས་པ་ཁོ་ན་ལ་ལྷུར་ལེན་པར་བྱེད་ན། ཀུན་འདུས་རིག་པའི་མདོར། རྨི་ལམ་དུ་ཆོས་ལ་དབང་ཐོབ་པའི་ལྟས་ནི། རིན་པོ་ཆེའི་གླིང་དུ་ཕྱིན་པ་དང་། མེ་ཏོག་དང་འབྲུའི་ཆར་འབབ་པ་དང་། རིན་པོ་ཆེའི་གླེགས་བམ་དང་། ཆོས་ཀྱི་འཁོར་ལོ་ལ་སོགས་པ་ལག་ཏུ་གཏད་ནས་ཆོས་ཀྱི་འཁོར་ལོ་བསྐོར་གཅིག་པ་དང་། དུང་དང་རྔ་བོ་ཆེའི་སྒྲ་ལ་སོགས་པ་སྟོང་གསུམ་གང་བར་བསྒྲགས་པ་དང་། ཉི་ཟླ་ལག་ཏུ་ཐོགས་ཏེ་འཇིག་རྟེན་གྱི་མུན་པ་བསལ་བ་དང་། དེ་ལ་སོགས་པ་རྨིས་ན་ཆོས་ལ་དབང་ཐོབ་པའི་ལྟས་སོ། །བདེན་པ་མཐོང་བའི་ལྟས་ནི། སྔར་མ་མཐོང་བའི་ཡུལ་ཁམས་ཆེན་པོ་མཐོང་བ་དང་། བྱང་ཆུབ་ཆེན་པོའི་མཆོད་རྟེན་ལ་འཛེགས་ཅིང་མཐོང་བ་དང་། རི་བོའི་རྩེ་ནས་ཕྱོགས་ཐམས་ཅད་དུ་ལྟ་ཞིང་མཐོང་བ་དང་། ནམ་མཁའི་ཁམས་ཀུན་མཐོང་བ་དང་། རང་ལས་འོད་བྱུང་ནས་སྣང་སྲིད་ཐམས་ཅད་འོད་གསལ་བ་ལ་སོགས་པའོ། །དེ་ལྟ་བུའི་མཚན་མ་རྨི་ལམ་དུ་མཐོང་ཞིང་འབྱུང་བའོ། །གཞན་ཡང་སྒྲིབ་པ་དག་པའང་འབྱུང་བར་གསུང་སྟེ། སྒྲེན་མོར་བུད་ནས་ལུས་ཀྱི་དྲི་མ་ཐམས་ཅད་དག་པ་དང་། ཆུ་བོ་ཆེ་ལ་རྐྱལ་ཞིང་ཁྲུས་བྱས་པ་དང་། སྣ་ཁྲག་དང་ནང་རོལ་ལ་སོགས་པ་ཐམས་ཅད་ཕྱིར་ལ་སོངས་ཀྱི་ཐོན་པ་དང་། ལུས་མེར་བསྲེག་ཏེ་མི་སྣང་བར་བྱས་པ་ལ་སོགས་པའོ། །ལུས་ངག་ཡིད་གསུམ་རྩ་བའི་དྲོད་ཆོས་ཉིད་ཀྱི་དོན་རྟོགས་ཏེ་རིག་པ་ཀློངས་སུ་ཕེབ་པ་ལས་ཡན་ལག་གི་དྲོད་ཡིན་ནོ། །ཡང་ན། རྩ་བའི་དྲོད་ནང་གི་དགོངས་པ་ཕྱོགས་རིས་མེད་པ་རང་བཞིན་གྱི་བདེ་བ་ཡིན་ལ། དེའི་ཡོན་ཏན་ཡན་ལག་གིས་དྲོད་ནི། ཕྱིའི་དྲོད་ལུས་ཀྱི་བཟོད་པ་ཕྲ་མོ་ཐོབ་པ་དང་། ནང་དྲོད་དབུགས་དལ་ཞིང་དབང་པོ་གསལ་བ་དང་། གསང་བའི་དྲོད་སེམས་རྣལ་དུ་ཕེབས་པ་ལ་སོགས་པའོ། །དེ་དག་ཀུན་ལྟ་བ་རྟོགས་པའི་ངང་ངམ་ཤུགས་ཀྱིས་འབྱུང་བར་ཐེ་ཚོམ་མེད་དོ། ༈ །བཅུ་གཉིས་པ་ལྟ་བ་རྟོགས་པའི་རྟགས་བསྟན་པ་ལ་དབྱེ་བ་མེད་དོ། །དྲང་། ལྟ་བ་རྟོགས་པ་དེ་ལ་མཚན་མ་རྟགས་འབྱུང་བ་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་སྟོབས་ཀྱིས་ལྟ་བ་རྟོགས་པའི་ངང་ལ་རིག་པ་ཀློང་དུ་ཕེབས་ཤིང་རྟོགས་པའི་དོན་དང་ལྡན་པ་སྟེ། སྐྱེ་ཤི་མེད་པར་རྟོགས་པས་གཞན་ཚེ་འཕོ་འགྱུར་མཐོང་ཡང་དེ་ལ་འཇིགས་པ་མེད་ཅིང་ཉམས་ང་བ་མེད་པ་དང་། སྣང་སྲིད་ཆོས་སྐུ་ཤེས་པས་འབྲས་བུའི་ཁམས་ལ་སྐྱེ་བ་མེད་པ་དང་། སངས་རྒྱས་རང་ལ་ཡོད་པར་རྟོགས་པས་གྲུབ་པའི་མཐའ་འབྲས་བུ་སྟེ་གནས་གཞན་ལ་སྨོན་པ་མེད་དམ། གཞན་ཡང་འདོད་པའི་ལོངས་སྤྱོད་ལྔས་ཀྱང་ཆོས་ཉིད་ཐམས་ཅད་མཉམ་ཉིད་ལ་སྦྱོར་རོ། །སྡུག་བསྔལ་དྲག་པོ་ཉོན་མོངས་ཅི་སྐྱེས་ཀྱང་ཆོས་ཉིད་ཀློང་དུ་ཤེས་པས་བཟོད་པ་ཆེན་པོ་ཐོབ་སྟེ། གཞན་དོན་གྱི་ལས་རྣམས་གང་དུའང་ཁུར་དུ་མི་ལྟ་བར་རང་དོན་སྤྱོད་དུས་ཉོན་མོངས་པ་ཅི་ཤར་ཡང་དེ་དང་འདྲའོ། །ཏན་ཏྲ་སྟེ་རྒྱུད་གཞུང་ནས་བཤད་པའི་ལུང་རྣམས་དང་རང་གི་བྱ་སྤྱོད་རྣམས་འགལ་བ་མེད་པར་སྤྱོད་པས། སོ་སོ་སྐྱེ་བོ་ཐ་མལ་པའི་སྤྱོད་པའི་རང་ཁ་མར་སྤྱོད་པ་ལས། ཤིན་ཏུ་ཡང་ལྷག་པར་འགྱུར་ཏེ་སྒོ་གསུམ་གྱིས་སྤྱོད་པ་རྒྱུན་གྱི་ཚོགས་གཉིས་རྫོགས་པའོ། །ལྟ་བ་རྟོགས་པའི་རྟགས་འདིར་མདོ་ཙམ་སྨོས་པ་ཡིན་གྱི། མཐའ་དག་བརྗོད་ཀྱིས་མི་ལང་ངོ་། ༈ །བཅུ་གསུམ་པ་ཚད་ལ་གཉིས། བགྲང་། ཐོས་བསམ་གྱི་ལྟ་བ་མངོན་གསུམ་དུ་རྟོགས་ཤིང་མཐར་ཕྱིན་པའི་ཚད་དང་། དྲང་། དཔེར་ན་རྒྱ་མཚོ་དྭངས་བའི་ནང་དུ་ཉི་ཟླ་གཟའ་སྐར་གྱི་གཟུགས་བརྙན་འཆར་བ་ལྟར་ཚིག་སྒྲ་ལ་བརྟེན་ནས་དོན་སྤྱིའི་རྣམ་པ་ཡིད་ལ་བྱེད་པ་མིན་པར་དོན་རང་གི་མཚན་ཉིད་རང་རིག་པའི་མངོན་སུམ་དུ་རྟོགས་པའི་དམིགས་པའི་ཡུལ་དང་བྲལ་བར་རྟོགས་པ་ནི་སེམས་ཉིད་རང་གསལ་དུ་མཐོང་ཞིང་སྒྲོ་བསྐུར་ལུང་མ་བསྟན་གསུམ་དང་བྲལ་བའམ། ལྟ་བའི་ཡུལ་དང་། ལྟ་བྱེད་ཀྱི་མཁན་པོ། །ལྟ་བའི་དངོས་པོ་གསུམ་དང་བྲལ་ཞིང་གྲུབ་མཐའ་གཞན་གྱི་རྐྱེན་གྱིས་མི་བརྒུལ་བས་ངེས་པར་བློའི་གདེང་ནས་རྟོགས་ཤིང་གདེང་དུ་གང་བྱས་པ་དེ་ནི། དང་པོ་རྒྱུ། ཐོས་བསམ་ལ་བརྟེན་པའི་ལྟ་བ་མཐར་ཕྱིན་པའོ། ༈ །ངོ་བོ་ཡང་ཇེ་གསལ་དུ་འགྲོ་བའི་རིམ་པ་དཔེ་དང་བཅས་པའོ། །དྲང་། འོན་ཀྱང་ཐོས་བསམ་གྱི་སྒོ་ནས་ལྟ་བ་ཁོང་དུ་ཆུད་ན་ཡང་། སྒོམས་པ་གོམས་པ་ལས་ལྟ་བ་འཕེལ་དགོས་ཏེ། ས་དང་པོའི་རིམ་པ་ནི་འདི་ལྟ་བུ་ཡིན་ཏེ། དཔེར་ན་མིག་གི་དབང་པོར་རབ་རིབ་དང་བྲལ་བས་དྭངས་མའི་སྤྱོད་ཡུལ་དང་གཟུགས་རང་མཚན་མཐོང་ཡང་། ཉེ་ན་གསལ། རིང་ན་མི་གསལ། དྲུང་ན་ཤིན་ཏུ་གསལ་བ་བཞིན་དུ་སྟོབས་འཕེལ་བས་སྔ་མས་ཕྱི་མ་གསལ་བའི་སྟོབས་གང་ནས་གོང་དུ་ལམ་རིམ་པ་བཞིན་དུ་འཕེལ་བས་རྒྱུ་ཤེས་པའི་ལྟ་བ་དང་། རྐྱེན་འཇུག་པའི་ཏིང་ངེ་འཛིན་གཉིས་ཀྱིས་གོང་སྔ་མ་སྔ་མ་རྒྱུ་ཡིན། འོག་ཕྱི་མ་ཕྱི་མ་འབྲས་བུར་འབྲེལ་པ་སྟེ། རྟོགས་པ་གསལ་བའི་བྱེ་བྲག་ནང་ཚན་མི་འདྲ་བ་རྣམས་ལ་གོང་ནས་གོང་དུ་རིམ་པར་ཇེ་གསལ་ཇེ་གསལ་འགྲོ་བ་ཡིན་ནོ། །དེ་ཡང་གང་གི་རིམ་པའི་ཆ་དབྱེ་བས་སྐབས་ལ་གསལ་བའི་མིང་བཏགས་པའམ། མི་བརྗོད་པ་ཡིན་གྱི་དངོས་པོ་གཅིག་པའོ། །ཟག་བཅས་བདེན་པ་མཐོང་བའི་སྐབས་འདིར། རང་མཚན་མཐོང་མ་མཐོང་གི་ཁྱད་པར། མཐོང་ན་ལམ་གོང་འོག་གི་ཁྱད་པར་ཡོད་མེད། མཐོང་ལམ་ལ་ཟག་བཅས་ཟག་མེད་གཉིས་བཤད་པའི་ཁྱད་པར། དེ་ལ་སྒོམས་དགོས་མི་དགོས་ཀྱི་རྩོད་པ། ལམ་གོང་འོག་ལ་གསལ་མི་གསལ་གྱི་ཁྱད་པར་རྣམས་འོག་རང་རང་གིས་སྐབས་སུ་འཆད། ༈ །བཅུ་བཞི་པ་མ་རྟོགས་པའི་སྐྱོན་ལ་གསུམ། བགྲང་། བློ་ངན་ཀྱིས་མ་རྟོགས་པར་ལེ་ལོ་བྱས་པའི་སྐྱོན་དང་། དྲང་། ལྟ་བ་གང་གི་རང་གསལ་གསུམ་བྲལ་གྱི་དོན་ལྟར་མ་རྟོགས་པའི་གང་ཟག་རིགས་གཅིག་བློ་ངན་པས་ཆོས་ཐམས་ཅད་ཚིག་གིས་མཉམ་པའི་ཁུང་ཕྱུང་ནས། དོན་མ་རྟོགས་པར་དམན་པ་ལས་གྱུར་པའི་ལེ་ལོ་དང་། སྙོམས་ལས་ལས་གྱུར་པའི་ལེ་ལོ་གཉིས་བྱས་པས་དོན་ཐར་པ་མ་གྲུབ་པར་སླར་ངན་སོང་དུ་འགྲོའོ། །ཚིག་གི་ལྟ་བས་སངས་མི་རྒྱ་བས་ཚིག་དོན་ལྡན་པར་གདམས་པ་དང་། དྲང་། དེས་ན་སེམས་ཀྱི་མཉམ་པ་མ་རྟོགས་ཤིང་ཁ་ལྟ་ཚིག་གིས་མཉམ་པས་སངས་མི་རྒྱ་སྟེ། སྨྲ་ཁམས་ཆེ་ཡང་ས་ཆོད་ཆུང་བ་ཡིན། ཅི་ཙམ་ཟབ་ཀྱང་བློས་བྱས་ཡིན། དཔེར་ན་གློ་ཚོད་བསྐོལ་བ་དང་འདྲ་བས། ཆོས་དེ་ཁ་ནས་བཤད་ཀྱང་ཁུང་ནས་མེད་པའོ། །དོན་མ་རྟོགས་ན་སྐྱོན་འདུག་པ་དེ་བས་ན་དོན་དང་ཚིག་ཏུ་འབྲེལ་ཅིང་ལྡན་པར་གྱིས་ལ་རྟོགས་པར་བྱོས་ཤིག །འོན་ཀྱང་ལྟ་བ་མངོན་དུ་མ་རྟོགས་ན་ཡང་། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཙམ། ཐོས་པ་ཙམ་བྱས་ན་སྐྱེ་བ་འགའ་ཞིག་བརྒྱུད་ནས་ཐེ་ཚོམ་མེད་པར་དོན་འགྲུབ་པའོ། ༈ །ལྟ་བ་མེད་ན་ལམ་ཀུན་ཟག་ཅིང་འཆིང་བས་ལྟ་བ་རྟོགས་ཞིག་པར་གདམས་པ་དང་། དྲང་། དཔེར་ན་སྤྱན་བཟང་ཏེ་ལོང་བ་ལམ་དུ་ཞུགས་ཀྱང་འགྲོ་སར་མི་ཕྱིན་པ་ཇི་ལྟ་བ་བཞིན་གྱི་ཕྱིར། དོན་ལྟ་བ་མེད་ན། ལམ་ཀུན་འཁོར་བར་ཟག་ཅིང་རྒྱུད་འཆིང་བར་འགྱུར་རོ། །བདག་གཞན་གྱི་འབྲས་བུ་ཐོབ་པའི་དོན་དུ་མི་འགྱུར་བའི་ཕྱིར་ན་ལམ་ངན་སོང་དུ་བརླག་པར་འགྱུར་བའི་སྐྱོན་ཡོད་དེ། ལྟ་བ་མེད་ན་སྐྱོན་ཡོད་པ་དེ་བས་ལྟ་བ་རྟོགས་པའི་དོན་དེ་ལ་བརྩོན་ཞིང་འགྲུས་པར་གྱིས་གཅིག་པའོ། ༈ །འཇུག་རྟོགས་ནས་འདྲིས་པར་གྱིས་ཞིག་པར་གདམས་པའོ། །དྲང་། གོང་དུ་བསྟན་པ་དེ་ལྟར་ལྟ་བ་ཇི་བཞིན་པ་རྟོགས་པའི་དོན་མཐོང་བའི་གང་ཟག་འགའ་ཞིག་གིས་གཞན་དུ་ཅི་ལ་ཡང་མི་བསམས་ཏེ། དོན་གྱི་གནད་ཆུང་། དེ་བས་རྟོགས་པ་ལྟ་བའི་དོན་དེ་ཡང་ནས་ཡང་དུ་འདྲིས་པར་བྱའོ། །སྐྱེས་བུ་དམ་པ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་མཆོག་ཐོབ་པར་འདོད་པས་ལྟ་བ་དེ་ལ་དུས་རྟག་ཏུ་བརྩོན་འགྲུས་ཀྱི་ལྟ་བའི་ངོ་བོ་གསལ་བ་མཐར་ཕྱིན་པར་གྱིས་ཞིག་པའོ། །དཔེར་ན་ལམ་ཤེས་ནས་ལམ་དུ་མ་ནོར་བར་འཇུག་པ་བཞིན་ཡིན་པའི་ཕྱིར། འོག་ནས་སྟོན་པའི་འཇུག་པ་ཏིང་ངེ་འཛིན་རྣམས་དང་རྒྱུ་སྔ་མ་ལྟ་བ་རྟོགས་པ་སྔོན་དུ་སོང་ནས། རྐྱེན་འཇུག་པ་ཏིང་ངེ་འཛིན་རྣམས་འབྲས་བུའི་ཚུལ་དུ་འཕེལ་ལོ། །ཡང་ན། དེ་ལྟར་དོན་མཐོང་གང་ཟག་གིས། །ཞེས་པའི་སྐབས་སུ། གོང་དུ་དོན་བཅུ་གཞིར་བསྟན་པ་ལ། དེ་ལྟར་ཤེས་བྱ་སྟེ། དེ་ཡང་འབྲེལ་པ་ཅུང་ཟད་བརྩི་ན། ལྟ་བ་རྟོགས་པར་འདོད་པ་ལ་དགོས་ཆེད་མེད་དམ་ཞེ་ན། དགོས་ཆེད་ཡོད་དེ། གཞན་སེལ་བའི་དགོས་ཆེད་དང་། དོན་དུ་གཉེར་བའི་དགོས་ཆེད་དུ་བསྟན་ནོ། །དེ་ལྟར་དགོས་པ་དང་ལྡན་པའི་ལྟ་བ་དེ། བསྟན་པའི་སྣོད་མེད་དམ་ཞེ་ན། སྣོད་ནི། རང་བཞིན་གྱི་སྣོད་དུ་གྱུར་པ་དང་སྦྱངས་པའི་སྣོད་དུ་གྱུར་པ་གཉིས་ལ་རང་བཞིན་གྱི་སྣོད་དུ་གྱུར་པ་ལ་རིམ་གཅིག་ཆར་གཉིས། སྦྱངས་པའི་སྣོད་དུ་གྱུར་པ་ལ་ཡང་རིམ་གཅིག་ཆར་གཉིས་སྟོན་ནོ། །དེ་ལྟར་སྣོད་ལྡན་དེས་ལྟ་བ་རྟོགས་པར་བྱེད་པའི་དུས་ནི། རེ་སྨོན་སེམས་ཀྱིས་ཉེན་པ་ལ་བརྩོན་འགྲུས་ཀྱིས་སྦྱོར་བའི་དུས་སུ་ལྟ་བ་རྟོགས་པར་བསྟན་ནོ། ༈ །དུས་དེ་ན་སྣོད་ལྡན་དེས་ལྟ་བ་རྟོགས་པར་བྱེད་པའི་རྒྱུ་རྐྱེན་གང་ཡིན་ཞེ་ན་རྒྱུ་གཉིས་རྐྱེན་བཞི་རུ་བསྟན་ནོ། །དེ་ལྟར་རྒྱུ་རྐྱེན་དེ་དང་ལྡན་པས་ལྟ་བ་རྟོགས་པར་བྱེད་པའི་ཐབས་ལ། གཏན་ཚིགས་ཀྱིས་གཏན་ལ་ཕབ་ནས་དོན་གྱི་དམིགས་བཟུང་བ་དང་། གོལ་སྒྲིབ་ཀྱི་གདར་ཤ་བཅད་ནས་དོན་གྱི་དམིགས་བཟུང་། རྣམ་གྲངས་རྣམ་པར་ཕྱེ་ནས་དོན་གྱི་དམིགས་བཟུང་བར་བསྟན་ནོ། ༈ །དེ་ལྟར་ཐབས་ཀྱིས་གཏན་ལ་ཕབ་པའི་ལྟ་བ་རང་གི་ངོ་བོ་དངོས་དང་། རྣམ་གྲངས་ཐུན་མོང་དུ་བསྟན་ཏེ། དེ་ལ་ངོ་བོའི་རྣམ་གྲངས་ལ། ལྟ་བ་རང་གི་ངོ་བོའི་དངོས་ནས་རྣམ་གྲངས་སུ་བཞག་པ་དང་། ལམ་རིམ་གྱིས་ངོས་ནས་རྣམ་གྲངས་སུ་བཞག་པ་དང་། རྒྱུད་དོན་གྱི་ངོས་ནས་ལྟ་བའི་རྣམ་གྲངས་སུ་ཕྱེ་བ་རྣམས་སུ་བསྟན་ནོ། ༈ །ལྟ་བ་འདི་ལ་གནས་པའི་དུས་ཀྱི་སྤྱོད་པ་ལ། རྟོགས་པ་དོན་དུ་གཉེར་བྱ་བདག་དོན་གྱི་སྤྱོད་པ་དང་། རྟོགས་པ་ཁོང་དུ་ཆུད་པ་གཞན་དོན་གྱི་སྤྱོད་པ་གཉིས་སུ་ཕྱེ་ནས་གསུང་ལྟ་བ་དེ་ལ་ཡོན་ཏན་ཇི་ལྟ་བུ་ཡོད་ཞེ་ན། ལྟ་བ་རྟོགས་པས་མཐར་མི་གཏོང་བའི་ཡོན་ཏན་དང་། ཚོགས་གཉིས་རྫོགས་པའི་ཡོན་ཏན་དང་། དོན་གསུམ་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་། མཐར་འཁོར་བར་མི་གཏོང་བའི་ཡོན་ཏན་དུ་ཕྱེ་ནས་བསྟན་ནོ། །རྟོགས་པ་དེ་ལ་དྲོད་འབྱུང་སྟེ། རྩ་བའི་དྲོད་དང་། ཡན་ལག་གི་དྲོད་གཉིས་སུ་ཕྱེ་ནས་གསུང་། འོ་ན་ལྟ་བ་རྟོགས་པ་ལ་རྟགས་འབྱུང་སྟེ། རྨི་ལམ་གྱི་མཚན་མ་རྣམས་བཤད་པས་སོ། །ལྟ་བ་དེ་རྟོགས་པ་མཐར་ཕྱིན་པའི་ཚད་ནི། ཐོས་བསམ་ལ་བརྟེན་ནས་ལྟ་བ་རྟོགས་པ་མཐར་ཕྱིན་པའི་ཚད་དང་། ངོ་བོ་གཅིག་ཀྱང་བགོས་སུ་འགྲོ་བར་བསྟན་པའོ། །ལྟ་བ་དེ་མ་རྟོགས་ན་སྐྱོན་ཇི་ལྟ་བུ་ཡོད་ཞེ་ན། ལྟ་བ་དེ་མ་རྟོགས་སྟེ། ལེ་ལོ་དང་སྙོམས་ལས་བྱས་པའི་སྐྱོན་དང་། ཚིག་གིས་མཉམ་པས་སངས་མི་རྒྱ་བའི་སྐྱོན། མ་རྟོགས་ན་ལམ་ཀུན་ཟག་ཅིང་འཆིང་བའི་སྐྱོན་རྣམས་སུ་ཕྱེ་ནས་གསུང་། དེ་ལྟར་ལྟ་བའི་དོན་མཐོང་བའི་རྣལ་འབྱོར་པ་གང་ཞིག་གིས་ཞེས་བྱའོ། །འདི་ནི་ཤཱཀ་རྡོར་པས་མཛད་ཟེར་བའི་འགྲེལ་བ་གཅིག་གི་ནང་ནས་བཏུས་པ་ཡིན་ཏེ། དོན་གནད་མི་ཆེ་བ་སྣང་། འོན་ཀྱང་ལེའུའི་དོན་བསྡུས་ནས། སྟོང་ཐུན་དུ་འགྲོའོ། །ལེའུ་གི་མཚན་ནོ། །དྲང་། གཞི་གནས་ལུགས་དོན་དམ་ཀུན་རྫོབ་དབྱེར་མེད་པའི་ཡེ་ཤེས་ཡེ་ནས་རང་ལ་གནས་པའི་དོན་རང་རིག་པས་མངོན་གསུམ་དུ་མཐོང་བ་ལྟ་བ་སྟོན་པར་བྱེད་པའི་གཞུང་གི་དོན་རྣམས་མཚམས་དང་རིས་སུ་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ། དེའི་རྣམ་གྲངས་དགུ་ཡོད་པ་ལས། ཡས་བགྲང་གཉིས་པའི་དོན་དུ་གདའ་འོ།། ༈ །།ད་ནི་གཉིས་པ་རྐྱེན་འཇུག་པ་སྒོམ་པའི་མཚན་ཉིད་སྟོན་ཏེ་སློབ་དཔོན་སངས་རྒྱས་གསང་བའི་དགོངས་པ། ལམ་སྤྱི་དང་བྱེ་བྲག་གི་དོན་ཐམས་ཅད་དྲིལ་ན་བརྒྱད་ཡོད་དེ། ཉོན་མོངས་པ་ལམ་དུ་ཁྱེར་མི་ཁྱེར་གྱི་སྒོ་ནས། ཐབས་ལམ་གྲོལ་ལམ་གཉིས། བློ་ཆེ་ཆུང་གི་སྒོ་ནས། རིམ་དང་གཅིག་ཆར་གཉིས། རིམ་པ་འདོར་མི་འདོར་གྱི་སྒོ་ནས། ཐར་ཆག་ཐོད་རྒལ་གཉིས། རང་སྟོབས་དང་གཞན་སྟོབས་ཀྱི་སྒོ་ནས། གདམས་ངག་དང་ཤེས་རབ་ཀྱི་སྟོབས་གཉིས། དངོས་ཡུལ་མོས་ཡུལ་གྱི་དབང་གིས། རྫོགས་སློབ་དང་སྨིན་སློབ་གཉིས། སྐྱེ་བ་ལེན་མི་ལེན་གྱི་སྒོ་ནས། ཟག་པ་ཡོད་མེད་གཉིས། སྤྱོད་པ་དུས་ཚོད་ཀྱི་སྒོ་ནས། ལྡོག་པ་ཡོད་མེད་གཉིས། མྱ་ངན་ལས་འདས་པ་ལ་སྦྱོར་ཚུལ་གྱི་སྒོ་ནས། ལྷག་མ་ཡོད་མེད་གཉིས་དང་བརྒྱད་ཀྱི་སྒོ་ནས་འཆད་དགོས་སོ། །དེ་ཡང་དང་པོ་ཐབས་ལམ་གྲོལ་ལམ་གཉིས་དོན་ནི། འདི་ཉིད་ལས། ཐབས་དང་ཤེས་རབ་ལམ་ཉིད་ཀྱི། འགྲོ་འོང་མེད་པར་བདེ་བར་གཤེགས་པའོ། །ཞེས་པས། གདུལ་བྱ་ཆགས་པ་ཅན་དང་། བློ་གྲོས་ཅན་གྱི་བསམ་པའི། མོས་པ་ཐ་དད་པའི་དབང་གིས། ཐབས་ལམ་གྲོལ་ལམ་གཉིས་སུ་བཤད། འདི་ལ་དོན་གསུམ། ཐབས་ལམ། གྲོལ་ལམ་གྱི་གོ་བ། ཟུང་དུ་འབྲེལ་ལམ། རྐྱང་པས་ལམ་བགྲོད་ཚུལ་ལམ་གྱི་སྔོན་དུ་གོང་འགྲོ་རྣམས་བརྟག་ཅིང་དོན་བླང་བར་བྱའོ། །སྤྱིར་ཐབས་ལམ་ལ་སྟེང་སྒོ་འཇུག་འདུལ་གྱི་མན་ངག །རྩ་རླུང་ཐིག་ལེ་ལ་སྦྱངས་ནས་རིམ་གྱིས་པའི་ལམ་དང་། འོག་སྒོ་བདེ་བ་བཅུད་འདུས་ཤེས་རབ་ཡུམ་ལ་བརྟེན་ནས། དགའ་བཞི་བདེ་སྟོང་ཉམས་སུ་མྱོང་བ་གཅིག་ཆར་བའི་ལམ་གཉིས་ཡོད་དེ། གཞུང་འདི་ཉིད་ཀྱིས་ཀུན་རྫོབ་གནས་ཚུལ་གྱིས་སྐབས་ན། ཐབས་ལམ་རང་ལ་གནས་ཚུལ་ཅུང་ཟད་ཙམ་སྟོན་ཀྱང་། ལམ་ལ་གྲོལ་ལམ་གཙོ་ཆེར་སྟོན་ལ། སྤྱིར་གྲོལ་ལམ་ཡིན་ཀྱང་། ཉོན་མོངས་པ་མ་སྤང་ལམ་དུ་ཁྱེར་བ་གསང་སྔགས་ཀྱི་ཁྱད་པར་ཆོས་ཡིན་པས། འདི་ཉིད་ཀྱི་གསུམ་པ་ལས། ལོངས་སྤྱོད་རིག་མའང་ལྡན་པར་བྱ། གསུམ་པ་དང་། ལེའུ་བདུན་པའི་སྐབས་ན། སྦྱོར་བའི་བསྙེན་བསྒྲུབ་བཞི་སྟོན་པ་དང་། འབྲས་བུའི་སྐབས་ན་རོལ་པའི་ཀ་ར་བསྟན་པའམ། གསུང་པ། མཐར་ཕྱིན་ལམ་པའི་དྲི་མ་སྦྱངས་པ་ལ། ཐབས་ལམ་གྱི་དབང་བསྐུར་དགོས་པར་བཤད་དོ། །དེ་ཡང་གསང་སྔགས་ཀྱི་ཐབས་ལམ་ཡིན་ཀྱང་། ཁེ་ཉེན་ཆེ་བས་གཏན་ལ་འབེབས་ཤིང་ལམ་དུ་སློང་བ་ཤིན་ཏུ་དཀའ། འདི་ཉམས་སུ་ལེན་པ་ལ་ལུང་མན་ངག་ཉམས་མྱོང་གསུམ་དང་འབྲེལ་དགོས། དེ་ཡང་། སྒྱུ་འཕྲུལ་བཤད་རྒྱུད་སྡེ་བཞི་དང་། མན་ངག་རྣམ་བཀོད་དང་། ཀ་མ་ལ་ཤ་ཤྲ་དང་། རྒྱ་གར་མཁས་གྲུབ་རྣམས་ཀྱིས་མཛད་པའི་མན་ངག་རྣམས་ཁོང་དུ་ཆུད་པ། སྙན་བརྒྱུད་གདམ་ངག་གི་གནད་མ་འཆུག་ཅིང་། རང་ཉིད་རྩ་རླུང་ལ་དབང་ཐོབ་པ། སྒྱུ་འཕྲུལ་ཐལ་བ་ནས་འབྱུང་བ་ལྟར། སྒོ་གསུམ་གནད་བདུན་གྱི་མན་ངག་ལ་མཁས་པ། དེ་རྣམས་ཀུན་འཛམ་ནས་ཉམས་སུ་བླང་ན། དུས་རིང་པོར་མི་ཐོགས་ཏེ། ཚེ་འདི་ཉིད་ལ་བདེ་སྟོང་གི་ཡེ་ཤེས་ཤར་ནས་མཆོག་གི་དངོས་གྲུབ་ཐོབ་པར་གསུངས། གཉིས་པ་རིམ་དང་། གཅིག་ཆར་ལ་དོན་གཉིས་ཡོད་དེ། སྤྱི་དང་བྱེ་བྲག་གཉིས་སོ། །སྤྱིར་ནི་རྫུས་སྐྱེས་ཀྱིས་དཔེ་མཚོན་ནས། རང་བཞིན་གྱི་རྣོན་པོས་བདེན་བཞི་གཅིག་ཆོད་དུ་སྒོམ་པ་དང་། མངལ་སྐྱེས་ཀྱི་དཔེས་མཚོན་ནས། སྦྱངས་པའི་རྣོན་པོས་བདེན་བཞི་རིམ་པར་ཉམས་སུ་ལེན་པ་གཉིས་སོ། །དེ་ཡང་། འདི་ཉིད་ལས། སྲིད་པ་འཁོར་ལོའི་ཚུལ་བཞིན་དུ། །ཞེས་ཚིག་རྐང་གསུམ་གྱིས་གསལ། དེ་གཉིས་ཀྱི་ཁྱད་པར་ནི་འོག་ཏུ་སྟོན་ཏོ། །བྱེ་བྲག་ནི་རིམ་གྱིས་ལམ་རེ་རེ་ལ། རིམ་དང་གཅིག་ཆར་གཉིས་ཡོད་པ་སྟེ། དེ་ཡང་འགའ་ཞིག་གིས། སྟོང་ཆེན་དང་། སྒྱུ་མ་ལམ་རིམ་གཅིག་ཆར་མེད་དེ། དེའི་དོན་ནི། རིམ་གཅིག་ཆར་ནི། ལྷ་སྒོམས་པའི་ཐབས་ཡིན་པ་ལ། ལམ་དེ་གཉིས་ལ་ལྷ་མི་སྒོམས་སོ་ཟེར་ཏེ། དེ་ཁོ་ནར་མ་ཟད། བློ་འཇོག་ཐབས་མྱུར་བུལ་ལ་ཟེར་བ་ཡིན་པས། འདི་གཉིས་ལ་ཡང་དོན་གྱིས་ཡོད་དེ། གདམས་ངག་དང་ཤེས་རབ་ཀྱི་སྟོབས་ཀྱིས་འཇོག་པ་ལ་སོགས་པ་ཡིན་ནོ། །དེ་ཡང་འདི་ཉིད་ལས། དེ་ཡང་གདམས་ངག་ཤེས་རབ་ཀྱིས། །སྟོབས་ཀྱིས་བཞག་པས་གོམས་པར་བྱེད། །ཅེས་སོ། །ཟུང་འཇུག་ཕྱག་རྒྱ་གཅིག་པའི་སྐབས་སུ་ལམ་ལྷ་སྒོམས་ཐབས་རིམ་གཅིག་གཉིས་བྱུང་སྟེ། བློ་ཡི་ཤེས་རབ་ཆེ་ཆུང་གིས། ཡང་ན་ཕྱག་རྒྱ་ཆེན་པོ་སྟེ། །ཆུ་ལ་ཉ་ལྡང་ཇི་བཞིན་དུ། །ཞེས་སོགས་དང་། རཀྲའི་ཆུ་འཛིན་པ་ཡང་། སྔོན་བཞིན་རིམ་དང་གཅིག་ཆར་བ། །ཞེས་སོ། །སྤྲོས་བཅས་ནི། ཞི་ཁྲོའི་དལ་གྱི་ལྷ་སྒོམས་པ་ལ། རིམ་གཅིག་ཆར་གཉིས་བྱུང་སྟེ། དེ་ཉིད་ལས། གཅིག་ནས་སྤྲོས་པའང་རྣམ་གཉིས་ཏེ། །ཅེས་སོགས། ཚིགས་རྐང་བཞིས་གསོལ་ལོ། །ཚོགས་བསྒྲུབ་ལ་རིམ་དང་གཅིག་ཆར་མེད་པ་ནི། སྤྲོས་བཅས་སུ་ཏིང་ངེ་འཛིན་བརྟན་ནས། ཚོགས་བསྒྲུབ་ཏུ་སྤྱོད་པས་བོགས་འདོད་པས་སོ། །ཟེར་ཏེ། བློ་ཆེ་བ་ཕྱག་རྒྱ་གཅིག་སྤྲོས་ནས་ཐོད་རྒལ་འབྱུང་ལ། བློ་ཆུང་བ་མཐར་ཆགས་པ་གཅིག་ཚོགས་བསྒྲུབ་དགོས་པའི་ཕྱིར་རོ། །རྣམ་སྨིན་རིམ་གཅིག་ཆར་མེད། ཚོགས་སྦྱོར་གྱི་ཏིང་ངེ་འཛིན་ལས་འདི་སྟོབས་ཅན་དུ་གྱུར་ཡང་། སྣང་བ་ཤུགས་བཀག་གི་དྲི་མ་མེད་པས། ལུས་ཀྱི་སྒྲིབ་གཡོག་དང་བཅས་ནས། སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་མི་སྐྱེ་བའི་ཕྱིར་རོ། །ཚེ་དབང་གི། སྔར་གྱི་བག་ཆགས་ཀྱི་ལུས་ཡོད་ཀྱང་། རྡོ་རྗེའི་ལུས་སུ་གྱུར་པས། སངས་རྒྱས་སྟོང་གི་དལ་ལ་སོགས་སྒོམ་ནུས་ཀྱང་། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་ཕྱིར། རིམ་གཅིག་ཆར་གཉིས་མེད་དོ། །རིམ་པའི་རིམ་པ་མེད་ཚུལ་གྱི། །སྟོང་ཁྲི་ལ་སོགས་གྲངས་མང་ལྷའི། །འཁོར་ལོ་གསལ་རྫོགས་རྣལ་འབྱོར་གནས། །ཞེས་སོ། །ཕྱག་རྒྱ་ཆེན་པོ་ནི། དེ་ཉིད་བརྟན་པར་བྱེད་པ་ལ་སྒོམས་བྱ་གཞན་མེད་པས། རིམ་གཅིག་ཆར་གཉིས་མེད། ཤིན་ཏུ་བརྟེན་པའི་བློ་གནས་པས། །གྲངས་ཅན་འཁོར་ལོ་མངོན་དུ་སྣང་། །ཞེས་སོ། །ལྷུན་གྲུབ་ནི། མཉམ་བཞག་ལ་རྒྱལ་བ་ཉིད་དང་ཁྱད་མེད་པས། རིམ་དང་གཅིག་ཆར་གཉིས་མེད་དོ། །བསམ་ཡས་ལྷུན་གྲུབ་ཀྱི་རྫོགས་པའི་ཕྱིར། ཐམས་ཅད་མཁྱེན་པའི་སྤྱན་མཆོག་འཆང་། །ཞེས་སོ། །བྱེ་བྲག་གི་རིམ་གཅིག་ཆར་འདི་རྣམས་ལམ་ནང་ཚན་གྱིས་བློ་ཆེ་ཆུང་ཡིན་པར་ཤེས་པར་བྱའོ། ༈ །གསུམ་པ་ཐོད་རྒལ་ཐར་ཆག་གི་གོ་དོན་ནི། འོག་ཕྱག་རྒྱ་གཅིག་པ་ཐོད་རྒལ་འཆད་པའི་སྐབས་སུ་འཆད་དོ། །སྤྱི་དོན་བཞི་པ་བླ་མའི་གདམས་ངག་ལ་རག་ལུས་ཆེ་ཆུང་གི་སྒོ་ནས། གདམས་ངག་དང་ཤེས་རབ་ཀྱི་སྒོ་ནས་འཇོག་པ་རྩོལ་བ་ཆེ་ཆུང་གི་ཁྱད་པར་ནི། རང་གི་ཏིང་ངེ་འཛིན་ལ་བློ་ཆུང་བ་གདམས་ངག་སྟོབས་ཀྱིས་བཞག་པ་དང་། བློ་ཆེ་བ་ཤེས་རབ་ཀྱིས་འཇོག་པའོ། །དང་པོ་ནི། རང་སྟོབས་ཀྱིས་ཏིང་ངེ་འཛིན་མ་གསལ་ན། སྒོམས་ཐབས་ལ་སོགས་པ་བླ་མའི་གདམས་ངག་གིས་ཁྲིད་ནས་སྒོམས་པའོ། །གཉིས་པ་ནི། དང་པོ་ཐོས་བསམ་གྱིས་ལྟ་བ་འཚོལ་བའི་ཚེ། གཞན་ལ་ལྟོས་ཀྱང་། སྒོམས་པའི་ཚེ་གཞན་ལ་རག་ལུས་པ་མེད་པར་རང་གི་ཤེས་རབ་ཀྱིས་སྒོམ་ནུས་པའོ། །དེ་ཡང་གདམས་ངག་ཤེས་རབ་ཀྱིས་སྟོབས་ཀྱིས་འཇོག་པས་གོམས་པར་བྱེད། ཅེས་སོ། །ཀུན་ཏུ་སྣང་ལ། བློ་ཆུང་བ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་བཞག་པ་དང་། བློ་ཆེ་བ་ལམ་ལྔ་མ་གོམས་པའི་རྗེས་ལ་སྒོམ་པའོ། །ཡང་དེ་ཉིད་ལས། སོ་སོར་བརྟགས་རྒྱུའམ་རྗེས་ལ་ཐོབ་ཅེས་སོ། །ཕྱག་རྒྱ་གཅིག་པ་ལ། བློ་ཆུང་གདམས་ངག་གིས་སྟོབས་ཀྱིས་སེམས་སྦྱངས་བ་དང་། བློ་ཆེ་བ་ཤེས་རབ་ཀྱི་སྟོབས་ཀྱིས་སེམས་སྦྱངས་བའོ། །ཡང་དེ་ཉིད་ལས། སྔ་མ་གདམས་ངག་ཤེས་རབ་ཀྱིས། །འཇུག་པའི་བཞི་པོ་དེ་ཉིད་དེ། །ཞེས་སོ། །སྤྲོས་བཅས་ལ་ཡང་། ལྟ་བ་མཐོང་བའི་རྗེས་དང་། ལམ་སྔ་མ་གོམས་པའི་རྗེས་ལ་ཐོབ་པ་གཉིས་དོན་གྱི་ཡོད་དེ། དེ་ཉིད་ལས། མཐོང་དང་སྔ་མའི་རྣལ་འབྱོར་སྟོབས། །ཞེས་སོ། །སྤྱི་དོན་ལྔ་པ་རྫོགས་སློབ་དང་། སྨིན་སློབ་ནི། སྤྱིར་གསང་བ་སྒྱུ་འཕྲུལ་གྱི་ལུགས་ཀྱི་ལམ་སློབ་ཚུལ་གཉིས་ཡིན་ཏེ། ལམ་རྫོགས་སློབ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་ཐུན་རེ་ལ་རྫོགས་པར་སྒོམ་ནས། གྲུབ་མཐའ་ལ་སྦྱོར་བ་ཡིན་ཏེ། འདི་ཉིད་ཀྱི་ལྔ་པ་ལས། ཤེས་འཇུག་ཀུན་ཀྱང་གཞན་དོན་དུ། །ཞེས་སོགས་ཚིག་རྐང་དྲུག་གིས་བསྟན་ནོ། །སྨིན་སློབ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་མཐར་ཕྱིན་པར་སྒོམས་ནས་གྲུབ་མཐའ་ལ་སྦྱོར་བ་ཡིན་ཏེ། སྔ་མ་སྔ་མ་གང་དང་གང་། །ཞེས་སོགས་དང་། སྔོན་དུ་སྟོང་གམ་རྣལ་འབྱོར་པས། །ཞེས་སོགས་ཚིག་རྐང་བཞིས་བསྟན་ནོ། །སྤྱི་དོན་དྲུག་པ་ཟག་པ་ཡོད་མེད་ཀྱི་དོན་ལ་གསུམ། ཟག་པ་སྤྱིའི་གོ་བ་དང་། དབྱེ་བ་དང་། ཡོད་མེད་ཀྱིས་མཚམས་རྣམས་ཤེས་དགོས་ཏེ། འོག་ཕྱག་རྒྱ་སྤྲོས་པ་ཟག་ལྡོག་ཡོད་མེད་ཀྱི་སྐབས་དང་། ལེའུ་བརྒྱད་པ་ཚེ་དབང་རིག་འཛིན་གྱི་སྐབས་ལ་སོགས་པ་རྣམས་སུ་འཆད། སྤྱི་དོན་བདུན་པ་ལྡོག་པ་ཡོད་མེད་ནི། སྤྱོད་པ་དུས་ཚོད་ཀྱི་སྒོ་ནས་བཞག་སྟེ། སྤྱོད་པའི་དུས་མ་ཡིན་པར། སྦྱོར་སྒྲོལ་ལ་སོགས་པ་སྤྱད་ན། ངན་སོང་དུ་ལྡོག་ཅིང་ཟག་པ་ཡང་ཡོད་ལ། ལྡོག་པའང་ཡོད་ལ་སྤྲོས་བཅས་མན་ཆད་དོ། །སྤྱོད་པའི་དུས་ཚོད་ལ་བབ་པས། སྦྱོར་སྒྲོལ་ལ་སོགས་པ་སྤྱད་ཀྱང་སླར་ཚོགས་རྫོགས། ངན་སོང་དུ་མི་ལྟུང་བས། ཟག་པ་ཡོད་ཀྱང་ལྡོག་པ་མེད་པ་ནི། ཚོགས་སྒྲུབ་ཡིན་ནོ། །དེ་ཡང་། འདི་ཉིད་ལས། ངན་སོང་གསུམ་དུ་སྐྱེ་བར་འགྱུར། །དེ་ཡི་སྡུག་བསྔལ་བཟོད་གླགས་མེད། །དེ་ཕྱིར་ལམ་བཞིར་ལྡོག་ཟག་ཡོད། །ཅེས་པ་དང་། ཡང་། བསོད་ནམས་ཡེ་ཤེས་དཔུང་ཚོགས་ཀྱི། །ཞེས་སོགས་ཚིག་རྐང་གསུམ་དང་། ལམ་ཆུང་ལམ། ཟག་ལྡོག་ཡོད་པའང་གཉིས་ཡོད་དེ། །མཐུ་ཡི་ངན་འགྲོར་ལྡོག་མི་ལྡོག །སྔོན་གྱི་ཤེས་འཇུག་བརྒྱད་ལ་ཡོད། །ཅེས་སོ། །ཟག་ལྡོག་གཉིས་ཀ་མེད་པའི་ལམ་པ་ནི་མཐོང་ལམ་ཡན་ཆད་དོ། །ཟག་ཀུན་ཟད་པའི་རིགས་ཅན་འདི། །ཇི་ལྟར་སྤྱོད་ཀྱང་ལྡོག་པ་མེད་ཅེས་སོ། །དེས་ན་ཟག་པ་དང་ལྡོག་པ་གཉིས། ངོ་བོ་གཅིག་ལ་ཁྱབ་ཆེ་ཆུང་གི་ཚུལ་ཐ་དད་པར་ཤེས་པར་བྱའོ། ༈ །སྤྱི་དོན་བརྒྱད་པ་ལྷག་བཅས་ལྷག་མེད་ནི། འབྲས་བུ་ལ་སྦྱོར་ཚུལ་གྱི་སྒོ་ནས། ལྷག་མ་ཡོད་མེད་དུ་བཞག་སྟེ། དེ་ཡང་ཟག་བཅས་ཚོགས་སྦྱོར་གྱི་ལུས་རྒྱུན་འདི། མ་བོར་བར་ཡེ་ཤེས་ཀྱི་སྐུ་རུ་འགྲོ་བ་ནི། ལྷག་བཅས་སུ་འདའ་བ་ཚེ་དབང་ཡིན་ལ། འདི་དོར་ནས་རིག་པ་རྐྱང་པ་ཡེ་ཤེས་ཀྱི་སྐུ་རུ་འགྲོ་བ། ལྷག་མེད་དུ་འདའ་བ་རྣམ་སྨིན་ནོ། །དེ་ཡང་ལྷག་མ་མེད་དང་ཡོད་པ་ཡིས། །མྱ་ངན་འདས་པར་མཐར་སྦྱོར་བ། །ཐུན་མོང་ལྟ་བུར་ཟུང་དུ་འགྱུར། །ཞེས་སོ། །ཞིབ་ཏུ་ལེའུ་བརྒྱད་པའི་སྐབས་སུ་འཆད་དོ། ༈ །སྤྱི་དོན་གཉིས་པ་ལ་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་གཉིས། བགྲང་། ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། དེ་ཡང་ལེའུ་གཉིས་པར་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་པའི་མངོན་གསུམ་དུ་བདག་ཉིད་ཆེན་པོར་ལྷུན་གྱིས་གྲུབ་པའི་ངང་དེ་ལ་གཉིས་སུ་མེད་པར་རྟོགས་པས་མོས་ཞེས་བྱའོ། །ལྟ་བ་རྟོགས་པ་དེའི་རྗེས་སུ་རྐྱེན་ཏིང་ངེ་འཛིན་གོམས་པར་བྱེད་ལུགས་བཤད་པར་བྱའོ། ༈ །དེ། དོན་རྒྱས་པར་བཤད་པ་དེ་ལ་གཉིས། ལམ་གོང་འོག་གི་འབྲེལ་པ་དང་། ལམ་གྱི་དམིགས་རྒྱས་པར་རོ། །སྤྱིར་ལམ་གོང་འོག་གི་འབྲེལ་པ་ཡོད་ལུགས་ནི། ལམ་སྔ་མ་སྔ་མ་གང་དང་གང་ཡིན་པ་ནི། ལམ་ཕྱི་མ་ཕྱི་མ་ཐོབ་པའི་ཐབས་དང་རྒྱུ་ཡིན་ནོ། །དེ་བཞིན་དུ་ལམ་ཕྱི་མ་ཕྱི་མ་གང་ཡིན་པ་དེ་ནི། ལམ་སྔ་མ་སྔ་མ་ལས་བྱུང་བའི་འབྲས་བུའོ། །དེ་ཡང་ལམ་འདི་རིམ་གྱིས་པའི་དབང་དུ་བཤད་ན། ལྟ་བ་རྟོགས་པ་རྒྱུ། དེ་བཞིན་ཉིད་ནི་འབྲས་བུའོ། །དེ་བཞིན་ཉིད་གོམས་ཤིང་རྟོགས་པས་ན། སྙིང་རྗེ་རང་ཤུགས་ཀྱིས་སྐྱེ་བས་དེ་བཞིན་ཉིད་ནི་རྒྱུ། སྙིང་རྗེ་འབྲས་བུའོ། །སྙིང་རྗེ་ཆེན་པོའི་རྣལ་འབྱོར་འདི་ངོ་བོ་ལ་གནས་པ་གཙོར་མི་སྟོན་ཅིང་། འགྱུ་བ་ཡིད་ཀྱི་ཤེས་པའི་ཐོག་ན་ཆོད་ཅིང་། ཅིར་ཡང་སྣང་དུ་རུང་བ་རྒྱུ་ཡིན་པ་དང་། ཕྱག་རྒྱ་གཅིག་པ་འབྲས་བུའོ། །ཕྱག་རྒྱ་གཅིག་པ་ནི་རྒྱུ། སྣང་བྱེད་ནི་འབྲས་བུ་སྟེ། འདི་ཉིད་ལས་དུ་མ་གཅིག་གི་གསལ་བྱེད་པའོ། །ཞེས་པས་མངོན་ནོ། །སྣང་བྱེད་སེམས་ལས་སུ་རུང་བ་ནི་རྒྱུ། རྐྱེན་དྲག་པོ་དང་བསྲེ་བ་ཚོམ་བུ་ཚོགས་བསྒྲུབ་པ་ནི་འབྲས་བུའོ། །ཚོམ་བུ་ཚོགས་བསྒྲུབ་པ་རྒྱུ། ཚེ་རྣམ་གཉིས་ཐོབ་པ་འབྲས་བུའོ། །ཚེ་རྣམ་གཉིས་རྒྱུ། རྒྱ་ཆེན་འབྲས་བུའོ། །ཕྱག་རྒྱ་ཆེན་པོ་རྒྱུ། ལྷུན་གྲུབ་འབྲས་བུའོ། །ལྷུན་གྲུབ་རྒྱུ། སངས་རྒྱས་འབྲས་བུ་ཡིན་ཏེ། དེ་བཞིན་དུ་ལམ་སྔ་མ་ཐམས་ཅད་ཕྱི་མ་ཐོབ་པར་བྱེད་པའི་ཐབས་སམ་རྒྱུ་ཡིན་ལ། ཕྱི་མ་ཐམས་ཅད་དེའི་འབྲས་བུའམ་ཐབས་ལས་བྱུང་བ་ཡིན་པར་ཤེས་པར་བྱའོ། །ལམ་གྱི་མིག་རྒྱས་པར་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་རོ། །དང་པོ་མདོར་བསྟན་ནི། གོང་དུ་བསྟན་པ་དེ་ལྟར་ལམ་སྔ་ཕྱི་ལ་རྒྱུ་དང་འབྲུས་བུའི་ཐབས་དང་ཐབས་ལས་བྱུང་བའི་འབྲེལ་པ་ཡོད་པའི་ལམ་དེའང་། དཔེར་ན་སྲིད་པ་འཁོར་བའི་སྐྱེ་གནས་ཀྱི་འཁོར་ལོ་ལ་བརྫུས་སྐྱེས་དང་། མངལ་སྐྱེས་ལ་མྱུར་བུལ་ཡོད་པའི་ཚུལ་བཞིན་དུ་ཤེས་རབ་དབང་པོ་ཆེ་ཆུང་དང་། དོན་དུ་གཉེར་བའི་བརྩོན་འགྲུས་བཟང་ངན་གྱིས་རྣམ་པར་དབྱེ་བ་གཅིག་ཆར་བ་དང་། རིམ་གྱིས་པའི་ལུགས་གཉིས་སུ་བསྟན་པར་བྱའོ། །རྒྱས་བཤད་དེ་ལ་གཉིས། གཅིག་ཆར་བ་དང་། རིམ་གྱིས་པའོ། །དང་པོ་ལ་གཉིས། གཅིག་ཆར་བའི་གཅིག་ཆར་བ་དང་། གཅིག་ཆར་བའི་རིམ་གྱིས་པའོ། །དང་པོ་གཅིག་ཆར་བ་ལ་གསུམ། བགྲང་། གདོད་མ་ཉིད་ནས་རྫོགས་ཚུལ་དུ་སྒོམ་པ་དང་། དྲང་། གཅིག་ཆར་བ་སྲིད་པ་རྫོགས་པར་སྨིན་པ་དེ་བརྫུས་སྐྱེས་ཀྱི་ཚུལ་དུ་ལམ་བསྒྲོད་པ་དང་། རིམ་གྱིས་བའི་ལྟ་བ་བས་ལྷག་པར་རྟོགས་ཤིང་གདེང་དང་ལྡན་པའི་སྐྱེས་བུ་ཡིས། དེ་ཏིང་དོན་དམ་བདེན་པ་དང་། ཀུན་ཏིང་ཀུན་རྫོབ་བདེན་པ། ཕྱག་རྒྱ་གཅིག་པ་དབྱེར་མེད། སྤྲོས་བཅས་སྤྱོད་ཡུལ་དང་བྲལ་བའི་སྒོམ་པ་རྣམ་བཞི་ནི་ཟུང་དང་ལྡན་པར་དུས་གཅིག་ལ་རྫོགས་པ་ཡིན་ཏེ་ལྟ་བ་བདེན་གསུམ་དབྱེར་མེད་གཅིག་ཆོད་དུ་རྟོགས་ནས་སྒོམས་པ་དབྱེར་མེད་གཅིག་ཆོད་དུ་རིམ་གྱིས་པ་ལྟར། མི་དགོས་ཏེ་དེ་ཉིད་གཞི་གདོད་མ་ཉིད་ནས་གོམས་པར་བྱེད་པ་ཡིན་ནོ། ༈ །དེ་ཉིད་དོན་ལ་ཇི་ལྟར་རྫོགས་ཚུལ་དང་། དྲང་། རང་རིག་ཡེ་ཤེས་མཐའ་དབུས་མེད་པའི་ཐིག་ལེ་ཆེན་པོའི་རང་བཞིན་ལ་སྒོམ་པ་རྣམ་གསུམ་རྣམ་བཞི་དུས་གཅིག་རྫོགས་པའོ། །ཐིག་ལེ་ཆེན་པོ་དེ་ནི་སྤྲོས་བྲལ་མཐའ་དབུས་མེད་པས་དེ་བཞིན་ཉིད་ཀྱི་དབྱིངས་དང་། དེའི་ངང་ལ་མ་འགགས་པ་ཅིར་ཡང་སྣང་བས་དེ་ནི་ཀུན་ཏུ་སྣང་གི་དང་། དེ་ཉིད་ཆུ་དང་ཆུའི་བརླབ་བཞིན་དབྱེར་མེད་ཅིང་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་རང་གསལ་བས་དེ་ནི་རྒྱུའི་རིམ་པར་ལྡན་པར་བསྟན་པའོ། ༈ །རྫོགས་པའི་དོན་ལ་གནས་པའི་ཚུལ་ལ་གསུམ། བགྲང་། ཚོགས་བརྒྱད་ཡེ་ཤེས་ལྔར་རྟོགས་པས་ལྟ་སྒོམ་དབྱེར་མེད་གཅིག་ཆོད་དུ་གནས་ཚུལ་དང་། དྲང་། རྟོགས་པ་འདི་ཉིད་ཀྱི་ངོ་བོ་ཚོགས་བརྒྱད་ཡེ་ཤེས་ལྔར་རྟོགས་པ་ཡིན་ཏེ། དེ་ཡང་བློ་ཆུང་བ་ལ་བྱེ་བྲག་སོ་སོར་ངོ་སྤྲོད་པ་དང་། བློ་ཆེ་བ་ལ་མཉམ་ཉིད་རང་གྲོལ་དུ་ངོ་སྤྲད་པའོ། །དང་པོ་ནི། སྒོ་ལྔ་བྱ་བ་གྲུབ་པའི་ཡེ་ཤེས། ཡིད་སོ་སོར་རྟོགས་པའི་ཡེ་ཤེས། ཉོན་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས། དག་པ་ཀུན་གཞིའམ། རྣལ་མ་དོན་གྱི་ཀུན་གཞི་ཆོས་དབྱིངས་ཡེ་ཤེས། མ་དག་ཀུན་གཞིའམ་སྦྱོར་བ་དོན་གྱི་ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་རྟོགས་པའོ། །བློ་ཆེ་བའི་དོན་གྱི་ངོ་བོ་ནི། ཚོགས་བརྒྱད་རང་སྣང་ཡུལ་མེད་རང་བྱུང་ཡེ་ཤེས་སུ་རྟོགས་པས། ཡེ་ཤེས་ལྔའི་ངོ་བོར་གསལ་བ་ཡིན་ཏེ། ཚོགས་བརྒྱད་མ་བསྒྲིབ་རང་གསལ་དུ་རྟོགས་པའི་མེ་ལོང་ལྟ་བུའི་ཡེ་ཤེས། ཡུལ་དང་ཡུལ་ཅན་མེད་པར་རང་གྲོལ་དུ་རྟོགས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ཉིད་གཉིས་སུ་མེད་ཅིང་ཕྱོགས་མེད་རང་གསལ་དུ་རྟོགས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ཉིད། མ་འདྲེས་ཅིར་ཡང་གསལ་བ་སོ་སོར་རྟོགས་པའི་ཡེ་ཤེས། དེ་ལ་བླང་དོར་དང་རེ་དོགས་མེད་དེ་རྩོལ་མེད་ལྷུན་གྲུབ་ཏུ་རྟོགས་པ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལྟར་ཚོགས་བརྒྱད་ཡེ་ཤེས་ལྔའི་ངོ་བོར་རྟོགས་པའི་ལྟ་བ་དེ་ལ། སྒོམ་པའི་ཏིང་ངེ་འཛིན་རིག་པ་ལ་རང་དབང་བསྒྱུར་ནས་སྒོམ་པས་ངོ་བོ་ཚོགས་བརྒྱད་ཡེ་ཤེས་ལྔ་ཡི་ངོ་བོ་རུ་ཡུལ་མེད་དུ་གསལ་བ་ཉིད་དུས་གསུམ་སངས་རྒྱས་ཀྱི་དགོངས་པ་རྣམ་པར་མི་རྟོག་པའི་ཐུགས་ཀྱི་ཡེ་ཤེས་ལྔའི་ངོ་བོར་ལྷུན་གྱིས་གྲུབ་པ་ལ་མི་འདའ་བས་ཕྱག་རྒྱ་ཆེན་པོའོ། །དེ་ལ། མི་འདའ་བའི་དམ་ཚིག་ལ་གཉིས། བགྲང་། མཉམ་པའི་དམ་ཚིག་ལས་མི་འདའ་བ་དང་། དྲང་། ཆོས་ཉིད་མཉམ་པ་ཉིད་ལ་དེ་ལྟར་དུ་རྟོགས་ཏེ་མཉམ་པར་སྦྱོར་བའི་འབྲས་བུ་མཉམ་པའི་དམ་ཚིག་ལ་གནས་ན་འབྲས་བུ་མཉམ་རྫོགས་ཆེན་པོར་མངོན་གསུམ་དུ་འགྲུབ་པར་འགྱུར་བས་མཉམ་པ་ཉིད་ལས་འདས་ན་སངས་རྒྱས་ཐོབ་པ་མ་ཡིན་ནོ། །ཇི་ལྟར་སྤྱོད་ཀྱང་དམ་ཚིག་ལ་གནས་ཤིང་ཚོགས་གཉིས་རྫོགས་པར་བསྟན་པའོ། །དྲང་། གོང་གི་མཉམ་པ་ཉིད་ཀྱི། དམ་ཚིག་དེ་ལ་དགར་བས་ན་ཡང་ན་དམ་ཚིག་འདི་ལྟ་བུ་ཆོས་ཀུན་མཉམ་པ་ཉིད་ལས་མ་གཡོས་ཤིང་དེ་ཉིད་རྟོགས་པས། ཇི་ལྟར་སྤྱད་ཀྱང་སྡོམ་མི་འདའ། དེའི་དུས་སུ་ལུས་ངག་ཡིད་གསུམ་གྱིས་བྱ་སྤྱོད་ཐམས་ཅད་མ་འགགས་པ་བསོད་ནམས་དང་། མ་དམིགས་པ་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་སུ་གྱུར་པ་ཡིན་ནོ། །སྤྱོད་པས་སངས་རྒྱས་པ་ལ་གཉིས། བགྲང་། སྤྱོད་ལམ་མཉམ་པ་ཉིད་ལས་མི་འདའ་བ་དང་། དྲང་། རྣལ་འབྱོར་པ་དེ་འགྲོ་ཆག་གི་སྤྱོད་པ་དང་། འདུག་ཅིང་སྡོད་པ་དང་། ཉལ་ཞིང་གཉིད་ལ་སོགས་པ་དང་། ཟ་ཞིང་ལོངས་སྤྱོད་པའི་དུས་ན་སྟེ། སྤྱོད་ལམ་རྣམ་བཞིར་བདེན་པ་ཆོས་ཉིད་ཀྱི་ཏིང་ངེ་འཛིན་ལས་མཉམ་པར་མཉམ་པ་ཉིད་དེའི་དབྱིངས་སུ་གནས། དེ་གང་གིས་སྤྱོད་ཅིང་ཉམས་སུ་བླང་ན། ལྟ་བ་གཅིག་ཆོད་དུ་རྟོགས་པའི་ཤེས་རབ་མཆོག་གི་སྤྱོད་བྱ་སྤྱོད་བྱེད་མེད་པར་རྟག་ཏུ་སྤྱོད་པའོ། །ལྟ་སྤྱོད་དང་ལྡན་པས་སངས་རྒྱས་པའོ། །དྲང་། དེ་ལྟར་རང་བྱུང་གི་ཡེ་ཤེས་ཀྱིས་དབྱིངས་ཉིད་ལ་ནི་རྟོགས་པའི་ཡེ་ཤེས་ཀྱི་དབྱིངས་ཉིད་སྤྱོད་པའི་ཕྱིར་ཆོས་ཀྱི་དབྱིངས་ཉིད་ལ་ཤེས་རབ་མཆོག་གི་གནས་ལུགས་དོན་ལ་སྤྱོད་པས་དེ་ཉིད་མི་གནས་པའི་མྱ་ངན་ལས་འདས་ཏེ་སངས་རྒྱས་པའོ། ༈ །གཅིག་ཆར་བའི་རིམ་གྱིས་པ་ལ་གསུམ། བགྲང་། རྟོགས་པ་ལྟ་བའི་ཡོན་ཏན་དང་བཅས་པ་དང་། དྲང་། ལྟ་བ་རྟོགས་པའི་རང་བྱུང་གི་ཡེ་ཤེས་ཡིད་བཞིན་གྱི་ནོར་བུ་ལྟར་ཟད་མི་ཤེས་པའི་གཏེར་མཛོད་ཆེན་པོ་ལས་བྱུང་བའོ། །ཐམས་ཅད་ལ་ཡང་དེས་མེ་ལོང་བཞིན་དུ་བལྟས་ཀྱང་། སེམས་ཉིད་རང་སྣང་གི་འབྲས་བུ་མ་གཏོགས་པ་ཡོན་ཏན་གྱི་གཟུགས་སྣང་གཞན་ནས་མི་སྣང་ངོ་། ༈ །རྟོགས་པའི་དོན་ལ་གཞག་ཐབས་ལ་གཉིས། རྟོགས་པའི་དོན་ལ་སྒོམ་ཐབས་དང་སྐྱོན་བཅོས་ཐབས་སོ། །སྒོམ་ཐབས་ལ་གསུམ། བགྲང་། རྟོགས་པའི་དོན་ལ་བཞག་པས་འབྲས་བུ་ཐོབ་ཚུལ་དང་། དྲང་། རང་གི་ཤེས་རྒྱུ་ཅི་ཡིན་གང་གིས་ངོ་ཤེས་ཤིང་རྟོགས་པའི་སྒོམ་བྱ་སྒོམ་བྱེད་ལས་འཕགས་ཞིང་རྩོལ་མེད་ཀྱི་བརྡར་འདུག །བྱེད་པ་དེ་ལྟ་བུའི་གང་ཟག་གང་གི་བློ་ལ་ཉམས་སུ་ལེན་ཤིང་སྤྱོད་པ་ནི་འབྲས་བུ་བྱང་ཆུབ་ཐོབ་པའོ། ༈ །དགོངས་པའི་ངོ་བོ་དང་དྲང་། རང་བྱུང་ཡེ་ཤེས་ཀྱིས་སེལ་མེད་པར་རྟོགས་པས་རྣམ་པར་དག་པའི་ལྟ་བ། འགྱུར་བ་མེད་པས་གཡུང་དྲུང་ལྟར་ཡེ་ནས་སངས་རྒྱས་པའི་ངོ་བོ་ལ་ཐམས་ཅད་ཡེ་ནས་མཉམ་པར་གནས་པས་བསྒོམ་བྱ་སྒོམ་བྱེད་མེད་པར་རྣམ་པར་དག་ཅིང་ཡུལ་ཡུལ་ཅན་དུ་མི་རྟོག་པའི་ངང་ལ་ས་ལེར་གནས་པ་ལ་རྟོགས་པར་མཛད་དོ། །གང་ཟག་ཕྱོགས་རེར་འཛིན་ཅན་འགའ་ཞིག་གིས། ཆོས་སྤོང་གིས་ལས་བསགས་ནས། གོང་གི། རྣམ་པར་དག་པའི་གཡུང་དྲུང་སངས་རྒྱས་ལ། ཞེས་པ་འདི་ལ། གཡུང་དྲུང་ཟེར་བ་སྣང་བས། རྙིང་མ་བོན་ཡིན་པ་སྐད། འོ་ན་གཡུང་དྲུང་གར་སྨོས་པ་བོན་ཡིན་ན། བྱམས་མགོན་གྱིས་གསུང་ཡང་། བོན་ཡིན་པར་ཐལ། གཡུང་དྲུང་ཞི་བ་རྟག་བརྟན་ཉིད། །གསུང་པའི་ཕྱིར། མཁན་པོ་བྷོ་དྷི་ས་ཏྭས་གསུང་པའི་སྨན་ཆོག་ཡང་། བོན་ཡིན་པར་ཐལ། གཡུང་དྲུང་ཆོས་ཀྱི་སྐུ། གསུང་པའི་ཕྱིར། རྡོ་རྗེ་ཕག་མོ་ཡང་། བོན་ཡིན་པར་ཐལ། གཡུང་དྲུང་འཁྱིལ་པའི་རང་བཞིན་ལ། །དགེ་བའི་འཁོར་ལོ་ལ་སོགས་བསྐོར། །ཞེས་པས། སི་དྷུ་རའི་གཡུང་དྲུང་རིས་དགོས་ཅིང་འཇུག་པའི་ཕྱིར། དེ་ལ་སོགས་པ་བཀའ་བསྟན་བཅོས་ཀྱི་ནང་ན་གཡུང་དྲུང་གི་མིང་སྨོས་པ་མང་ངོ་། །འོ་ན་གཡུང་དྲུང་རང་ཅི་ཡིན་ཟེར་ན། འདི་ལ་དཔེ་དང་དོན་གཉིས་ལ། དོན་འགྱུར་མེད་ཀྱི་གནས་ལུགས་མཚོན་པ་ལ། གཡུང་དྲུང་གི་བརྡའ་ཆད་བྱེད་པ་ཡང་ཡོད། དཔེ་རི་རབ་ཀྱི་ཁོང་སེང་ན། རྫས་གཡུང་དྲུང་བྱ་བ་མི་འགྱུར་བ་གཅིག་ཡོད་པར། ཆོས་རྗེ་གཙང་སྟོན་གྱི་གསང་སྙིང་འགྲེལ་པར་བཀོད་འདུག །བོན་པོས་གཡུང་དྲུང་ཟེར་བ་ནི། ཞང་ཞོང་གི་ཡུལ་ནི། ནམ་མཁའ་ལ་གཡུང་དྲུང་ཞེས་འདོགས་པ་བྱུང་། དེ་ཕྱིར་ནམ་མཁའི་དཔེ་གར་སྟོན་དང་། ཆོས་ཉིད་འགྱུར་བ་མེད་པ་གར་མཚོན་པ་ལ། གཡུང་དྲུང་གིས་མིང་སྨོས་པ་འདྲ། ༈ །ཡོན་ཏན་འབྱུང་ཚུལ་ལོ། །དྲང་། དེ་ལྟར་སྒོམ་པས་ཡོན་ཏན་འབྱུང་ཚུལ་ནི། ངོ་བོ་ཕྱོགས་གཅིག་ཏུ་བསྙད་དུ་མེད་པ་ལས་ཉམས་ཡོན་ཏན་སྣ་ཚོགས་འབྱུང་བ་ཡིན། ཉམས་རྟོགས་འབྱུང་བའི་དུས་དེ་ཉིད་ན། ཉམས་ཕྱི་རོལ་ན་ཤར། རིག་པ་ནང་དུ་ཡོད་པ་ལྟ་བུའམ་ང་དང་བདག་ཏུ་རྟོག་པ་མེད་ལ་རང་བྱུང་ཡེ་ཤེས་ལས་མ་གཡོས་པས་བདག་ཉིད་ཆེན་པོའོ། །དེའི་ཡོན་ཏན་ཐམས་ཅད་འབྱུང་བས་མི་ཟད་པའི་གཏེར་མཛོད་ཆེན་པོའོ། ༈ །སྐྱོན་བཅོས་ཐབས་ལ་གསུམ། བགྲང་། རྣམ་རྟོག་ཡེ་ཤེས་ཡིན་པས་གཉེན་པོ་མི་བསྟན་པ་དང་། དྲང་། ཚོགས་དྲུག་མ་བཀག་པ་ལ་སྣ་ཚོགས་རྣམ་རྟོག་རྒྱུ་ཞིང་ངོ་བོ་སེམས་ལས་གཞན་དུ་འབྱུང་བ་མེད་པའི་དོན་ཡིན་ནོ། །རྣམ་རྟོག་སྐྱེས་པའི་དུས་ཉིད་ན་རང་བྱུང་ཡེ་ཤེས་རང་བཞིན་ངང་གིས་གསལ་བ་ཡིན་ཏེ། རྣམ་གསུམ་ནི་རྣམ་རྟོག་ཡེ་ཤེས་རང་གྲོལ། སྒོམ་གྱི་ངོ་བོ་གསུམ་དུ་སྣང་ཞིང་ངོ་བོ་རྣམ་པ་མཆོག་ལྡན་གྱི་སྟོང་ཉིད་ལས་སྣང་བའི་ཕྱིར། རྣམ་རྟོག་ངང་གི་མི་སྐྱེ་བ་དེ་ཉིད་ཡེ་ཤེས་ཡིན་ལ། གཞན་ཡེ་ཤེས་བརྗོད་དུ་མེད་དེ་རྣམ་རྟོག་དང་ཡེ་ཤེས་གཉིས་མེད་རང་གྲོལ་དུ་རྟོགས་པའོ། ༈ །བློ་ཐམས་ཅད་འཛིན་རྩོལ་མེད་པར་རང་བྱུང་རང་ཞི་དང་། དྲང་། ཆོས་རྣམས་ཐམས་ཅད་སེམས་ཀྱི་ངང་ཡིན་ཏེ། སེམས་དངོས་པོ་མེད་ཅིང་འདུས་མ་བྱས་ཡིན་པས་སེམས་ཞེས་ཕྱོགས་གཅིག་ཏུ་མིང་གདགས་སུ་མེད་དོ། །སེམས་ཉིད་འདི་ལ་མ་བཅོས་མ་བསླད་པར། སངས་རྒྱས་ཀྱི་དགོངས་པ་ལྷུན་གྲུབ་ཏུ་གནས་པ་ལ་འབྲས་བུ་ཡེ་ནས་བྱང་ཆུབ་སྙིང་པོ་ཡིན་ཅིང་དེ་ལས་འབྲས་བུ་གཞན་ནས་ཐོབ་རྒྱུ་མེད་པ་ཡེ་ནས་བདེ་བར་གཤེགས་ཀྱི་རང་བཞིན་ཉིད་ཡིན་ནོ། །དཔེར་ན་ནམ་མཁར་ཕྱོགས་སུ་བཟུང་བས། སྒྲིབ་བྱེད་ཀྱི་སྤྲིན་གྱིས་ཁེབ་པར་འགྱུར་བ་ཡིན། ནམ་མཁའ་ལ་ཕྱོགས་བཟུང་དུ་མེད་པར་མཁས་པ་དག་གི་ཤེས་པ་ནི་ནམ་མཁའ་ལས་གཞན་པའི་སྤྲིན་ཞིག་བྱུང་ཞིང་ཁེབ་པར་མི་སྲིད་པ་བཞིན་དུ་སྒོམ་པའི་སེམས་ཀྱང་སྒོམ་ཕྱོགས་འཛིན་ཅན་བྱས་ན་སྐྱོན་དེ་དག་འབྱུང་བར་འགྱུར་གྱི་སྒོམ་ལ་འཛིན་པ་མེད་ཅིང་། ཐམས་ཅད་རང་བྱུང་ཡེ་ཤེས་སུ་ཤེས་པས་སྐྱོན་དེ་དག་འབྱུང་བར་མི་འགྱུར་ཏེ། དོན་དེ་ལྟར་བལྟ་བར་བྱའོ། ༈ །བཅོས་བསླད་མེད་པར་བཞག་པས་འབྲས་བུ་རང་བྱུང་ཚུལ་ལོ། །དྲང་། རྟོགས་པའི་དོན་མ་བཅོས་ལྷུན་གནས་ཇི་བཞིན་ཉིད་ངང་ལ་བཞག་པ་དང་འབྲས་བུ་རྒྱུ་འབྲས་དབྱེར་མེད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རང་ལས་འབྱུང་བའོ། །ཇི་བཞིན་མངོན་དུ་བྱས་པའི་འབྲས་བུ་སངས་རྒྱས་ཚུལ་ལོ། །དྲང་། ཆོས་ཉིད་དེ་བཞིན་ཉིད་ལ་གནས་བཅས་ཤིང་སྒོམ་ན་ཡོན་ཏན་ཉོན་མོངས་པ་དང་སྡུག་བསྔལ་མི་འབྱུང་སྟེ་འབྲས་བུ་རྟག་ཏུ་ཆོས་ཉིད་བདེ་བ་ཆེན་པོའི་ངང་ལ་གནས་ཤིང་བླ་ན་མེད་པའི་བྱང་ཆུབ་བདག་དོན་ཆོས་སྐུ་ཐོབ་ཅིང་། གཞན་དོན་ལོངས་སྐུ་དང་སྤྲུལ་སྐུ་མཚན་དང་དཔེ་བྱད་ཀུན་དང་ལྡན་པ་ཐོབ་པའོ། །སྤྱིར་རིམ་གཅིག་ཆར་འདི་རྣམས་ལ། ཐེག་པ་ལ་འཇུག་པའི་རིམ་གཅིག་ཆར་དང་། ཐེག་པ་དེ་ཉིད་ཀྱི་སྒོ་ནས་འབྲས་བུ་ཐོབ་པ་ལ་རིམ་གཅིག་ཆར་དང་གཉིས་ཡོད། དང་པོ་ནི་ལེའུ་གཉིས་པ་དུས་སྣོད་ཀྱི་སྐབས་ན་བཤད་པ་བཞིན། མ་ཧཱ་ཡོ་ག་རང་རྟོགས་པའི་རྟེན་གྱི་གང་ཟག་ཡིན། ཕྱི་མ་ནི། འདི་ཉིད་ནས་བཤད་པའི་རིམ་གཅིག་ཆར་ནང་ཆེན་བཞི་ཡོད་པ་ལས། གཅིག་ཆར་བའི་གཅིག་ཆར་བ་ནི། རྟོགས་གྲོལ་ཐར་པ་དུས་མཉམ་པ་སྟེ། དེ་ཉིད་མི་གནས་མྱ་ངན་འདས། །ཞེས་གསུངས་པའི་ཕྱིར་རོ། །གཅིག་ཆར་བའི་རིམ་པ་རྟོགས་ནས། སྒོམས་པའི་ངང་ལ་གཉུག་བསྲིང་དགོས་ཏེ། བྱ་བྱེད་ལྷས་འཕགས་ཀྱི་རྡར་འདུག་བྱེད་པ། ཞེས་གསུངས་པའི་ཕྱིར་རོ། །རིམ་གྱིས་པའི་རིམ་གྱིས་པ་ནི། ཚོགས་ལམ་སྟོང་པའི་རྣལ་འབྱོར་ནས་བཟུང་སྟེ། མཐར་ཕྱིན་སངས་རྒྱས་ཀྱི་སའི་བར་ལ་མཐར་ཆགས་སུ་བགྲོད་པ་ཡིན་ཏེ། རྒྱུ་རྐྱེན་གོང་འོག་འབྲས་བུར་འབྲེལ། །ཞེས་གསུངས་པའི་ཕྱིར། རིམ་གྱིས་པའི་ཅིག་ཆར་བ་ནི། ཟག་བཅས་མེད་ཀྱི་ཐོད་རྒལ་བ་རྣམས་ཡིན་ཏེ། ལེའུ་ལྔ་པ་ལས། རྣམ་སྨིན་རིག་ལ་ཐེ་ཚོམ་མེད། །ཞེས་པ་དང་། དྲུག་པ་ལས། སྙོམས་ལས་མེད་པར་བརྩོན་བྱས་ནས། ལམ་དུ་རིག་འཛིན་ཐོབ་པའང་། བརྒྱད་པ་ལས། རྒྱ་དོར་གཅིག་ཆར་མཐར་འགྲོ་བ། །ཅེས་པ་དང་། ཐུགས་ཐིག་ལས། ལྔ་པ་རྣལ་འབྱོར་འབའ་ཞིག་གིས། །འདས་ཚུལ་གཉིས་ཐོབ་འགྱུར་བའང་ཡོད། །ཅེས་སོ། ༈ །རིམ་གྱིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། དཔེར་ན་སྲིད་པ་བཅུད་ཀྱིས་འགྲོ་བ་འགའ་ཞིག་རིམ་པར་མངལ་ནས་སྐྱེས་པའི་སྨིན་ཚུལ་གྱིས། སྦྱངས་པའི་རྣོན་པོའི་རིམ་གྱིས་པའི་རྐྱེན་འཇུག་པ་སྒོམས་པའི་ཡན་ལག་དེ་ཏིང་། ཀུན་ཏིང་། ཕྱག་རྒྱ་གཅིག་པ། སྤྲོས་པ། ཚོགས་བསྒྲུབ་སྟེ་ལྔ་རུ་ལུས་རྣམ་པར་བཞག་པའོ། །ལམ་པ་གང་དག་ཕྱི་ནང་གི་དངོས་པོའི་བྱེ་བྲག་ཀུན་རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ཡིན་པའི་ཕྱིར། ཤི་བའི་ཚེ་ལུས་ཀྱིས་འབྲེལ་ཐག་ཆད་པས་རིག་པ་བརྒྱལ་བ་ལྟར་ཕྱད་ཀྱིས་སོང་སྟེ། ཕྱི་ཡུལ་གྱི་སྣང་བ་དང་། ནང་འཛིན་སེམས་ཀྱི་རྟོག་པ་གཉིས་སུ་མེད་པར་སྤྲོས་མེད་ནམ་མཁའ་ལྟ་བུར་གསལ་ལ་རྟོག་པ་མེད་པ་ནི་དོན་དམ་བདེན་པ་སྒོམ་པ་སྟེ། དེ་ཏིང་སྟོང་པ་ཆེན་པོ་དང་འདྲ་བའི་ཕྱིར། དཔེར་བརྗོད་པའམ། སྦྱང་གཞིའམ། བསླབ་བྱ་ཡང་ཡིན་ནོ། །དེ་ནས་འདི་ཕྱི་གཉིས་ཀྱི་སྐྱེ་བ་བར་མ་སྟེ། སྲིད་པ་བར་དོའི་དུས་སུ་གདོས་པ་ཅན་གྱི་ལུས་མེད་དེ། དྭངས་མ་ལྔ་ལས་བྱུང་བའི་བག་ཆགས་ཀྱི་ལུས་དབང་པོ་ཀུན་གསལ་ཐོགས་མེད་དུ་འགྲོ་བ་དེ། ཀུན་རྫོབ་གྱི་བདེན་པ་སྒོམ་པ། ཀུན་ཏིང་སྙིང་རྗེ་སྒྱུ་མ་དང་འདྲ་བའི་ཕྱིར་དཔེར་བརྗོད་པའམ། སྦྱངས་གཞིའམ། བསླབ་བྱ་ཡང་ཡིན་ནོ། །དེ་ནས་ལས་ཀྱི་རླུང་གིས་བདས་ཏེ། སྐྱེ་གནས་སུ་དང་པོ་མའི་མངལ་དུ་སྲིད་པ་ཉིང་མཚམས་སྦྱོར་བས་ན། རྟེན་ཁུ་བ་དཀར་དམར་ཉི་ཟླའི་གདན་ནོ། །རྣམ་པར་ཤེས་པ་ནི་གསུང་ཡིག་འབྲུ་དང་འདྲ། བརྟུན་ཤིང་ལྟར་སྐྱེ་དྲག་ཏུ་གྱུར་པ་ནི། ཐུགས་ཕྱག་མཚན་རྡོ་རྗེ་དང་འདྲ། དེ་ནས་ཁ་མིག་དོད་པ་ནི་སྐུ་ཕྲ་མོ་དང་འདྲ། དེ་ཉིད་ཨ་ཧཾ་གི་སྔགས་བརྗོད་པ་དང་བཅས་པའོ། །དེ་ནས་བལྟམས་པ་དེ། སྐྱེས་པ་རང་ལའང་རིམ་པ་གསུམ་ཡོད་དེ། སྐྱེས་ནས་ལོ་བཅུ་གཉིས་ལོན་པ་མན་ཆད་ནི། གཞོན་ནུ་ཞེས་བྱ་སྟེ། ཕྱག་རྒྱ་གཅིག་པའི་དཔེའོ། །ལོ་ཉི་ཤུ་རྩ་ལྔ་མན་ཆད་དར་ལ་བབ་པ་ཞེས་བྱ་སྟེ། སྣང་བ་རྣམ་པར་འབྱེད་པའི་དཔེའོ། །དེ་ནས་འཇིག་རྟེན་གྱི་བྱ་བ་སྣ་ཚོགས་བསྒྲུབ་པ་ནི། ཚོམ་བུ་ཚོགས་བསྒྲུབ་ཀྱི་དཔེའོ། །བདེན་གཉིས་ཁ་བྲལ་བ་ལྟར་སྣང་ནས་སྒོམ་ཡང་། དོན་ལ་བདེན་པ་དབྱེར་མེད་གཉིས་སུ་མེད་དེ། སྐྱེས་པ་རིམས་གསུམ་འདི། ལ་ལ་དག་གི། མངལ་དུ་ཆགས་པ་གསུང་ཡི་གེའི་དཔེ། དེ་ལ་རླུང་གིས་སྐུལ་བས་རྡོ་རྗེ་ལྟ་བུར་གྱུར་པ་ནི། ཐུགས་ཕྱག་མཚན་གྱི་དཔེ། དེ་ལ་ཡང་རླུང་གིས་བསྐུལ་ནས་ལུས་སུ་གྲུབ་པ་ནི། སྐུ་ཡོངས་རྫོགས་ཀྱི་དཔེ་ཟེར་ཏེ། དེ་མི་འཐད། ཅིའི་ཕྱིར་ན། མངལ་ན་གནས་པ་འབའ་ཞིག་བྱུང་བས། འདིར་སྐྱེས་པ་རིམ་གསུམ། བྱ་བ་དང་འགལ་དོན་དང་ཡང་འགལ། ཕྱག་རྒྱ་གཅིག་པ་ཁོ་ནའི་དཔེར་འགྱུར་གྱི། ལམ་གོང་མ་གཉིས་ཀྱི་དཔེར་མི་འགྱུར་བའི་ཕྱིར་རོ། །རྟོགས་ལྡན་པས། སྐྱེས་པ་རིམ་གསུམ་ལ། བུ་ཆུང་སྐྱེས་མ་ཐག་ཕྱག་རྒྱ་གཅིག་པ། བྱིས་སྤ་ནི་སྣང་བ་རྣམ་འབྱེད། དར་མ་ནི་ཚོགས་བསྒྲུབ་གསུམ་སྟེ། འདི་ཡང་སྟོབས་རྫོགས་མ་རྫོགས་ཡོད་དོ། །འདི་རྣམས་དཔེ་ཁོ་ན་མ་ཡིན། གསང་སྔགས་ཀྱི་ལུགས་ལ། ཕྱི་སྣོད་འཇིག་རྟེན་གཞན་ཡས་ཁང་། ནང་བཅུད་ལྷ་དང་ལྷ་མོའི་དལ་གཞི་གདོད་མ་ནས་ཡིན་པར་འདོད་པ་དང་། གོང་དུ་བཤད་པའི་དཔེ་དེ་རྣམས་དོན་རྟོགས་ན་དཔེ་དེ་རྣམས་གནས་སུ་དག་ནས་དོན་ཇི་ལྟར་བཞིན་ཡིན་ཏེ། གདམ་ངག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །ཞེས་སོགས་གསུང་པའི་ཕྱིར་རོ། །རྒྱས་པར་བཤད་པ་ལ་གཉིས། ཚོགས་ལམ་གྱི་རྣམ་འབྱོར་བཞི་དང་། སྦྱོར་ལམ་བར་ཆད་མེད་པར་ཚོམ་བུ་ཚོགས་བསྒྲུབ་པའོ། །དང་པོ་ལེའུ་བཞིས་བསྟན་ཏེ། དེ་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་གསུམ། ལུས་མདོར་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པ་དང་། ལེའུའི་མཚན་ནོ། །དང་པོ་མདོར་བསྟན་ནི། དང་པོ་ལམ་ལྟ་བ་ལ་བརྟེན་ནས་ཏིང་ངེ་འཛིན་སྒོམ་པར་བྱེད་པ་དོན་དམ་ཆོས་ཉིད་དེ་བཞིན་ཉིད་དུ་གོམས་པར་བྱ་བའང་དོན་བཅོ་ལྔ་སྟེ། སྤྱི་དང་ཁྱད་པར་གྱི་སྔོན་དུ་བྱ་བ་དང་། སྒོམ་པའི་དགོས་ཆེད་དང་གཉིས། སྒོམ་པ་ལ་བློ་བཞག་པའི་ཐབས་དང་གསུམ། སྒོམ་པའི་ངོ་བོ་དང་བཞི། ཏིང་ངེ་འཛིན་གྱི་མི་མཐུན་པའི་སྐྱོན་ངོས་བཟུང་བ་དང་ལྔ། སྐྱོན་དེ་དག་བཅོས་པའི་ཐབས་དང་དྲུག །སྒོམ་པའི་ཉམས་ཀྱི་རིམ་པ་དང་བདུན། སྤྱོད་པ་དང་བརྒྱད། དམ་ཚིག་དང་དགུ། དྲོད་དང་བཅུ། རྟགས་དང་བཅུ་གཅིག །རྨི་ལྟས་ཀྱི་མཚན་མ་དང་བཅུ་གཉིས། ཏིང་ངེ་འཛིན་གྱི་ཡོན་ཏན་དང་བཅུ་གསུམ། འདའ་ཀ་མའི་མན་ངག་དང་བཅུ་བཞི། དེ་ཏིང་རང་གི་འབྲས་བུ་དང་བཅོ་ལྔས་སྟོང་པ་ཆེན་པོའི་རྣལ་འབྱོར་ཡོངས་སུ་རྫོགས་པར་འགྱུར་རོ། །མདོར་བསྟན་གྱི་སྐབས་སུ་སྤྱི་དོན་བཅོ་ལྔར་བསྟན་པ་ལ་བསྡུ་ན། རྣམ་པ་གསུམ་དུ་འདུས་ཏེ། རྒྱུ་བསྟན་པ་དང་། ངོ་བོ་བསྟན་པ་དང་། དགོས་ཆེད་བསྟན་པ་དང་གསུམ་མོ། །དེ་ལ་རྒྱུ་ནི། སྔོན་དུ་བྱ་བ་དང་། སྒོམས་པའི་ཐབས་དང་། སྐྱོན་ངོས་བཟུང་བ་དང་། དེ་བཅོས་པའི་ཐབས་དང་། སྤྱོད་པ་དང་། དམ་ཚིག་དང་། འདའ་ཀ་མའི་གདམས་ངག་དང་བདུན་ནོ། །ངོ་བོ་ལ་གཉིས། ངོ་བོ་དངོས་དང་། ཉམས་རིམ་འཕེལ་བའི་རིམ་པའོ། །དགོས་ཆེད་ལ་དྲུག །དགོས་ཆེད་དངོས་དང་། དྲོད་དང་། རྟགས་དང་། མཚན་མ་རྨི་ལམ་དང་། ཡོན་ཏན་དང་འབྲས་བུའོ། །འདི་རྣམས་བརྟག་ཅིང་དཔྱད་ནས་དོན་བླང་བར་བྱའོ། །འདི་རྣམས་དམར་མཆན་ལ་བརྟག་དཔྱད་བྱེད་རྒྱུ་མི་སྣང་། མཆན་བུའི་གོ་ས་འཆུགས། བརྩི་བགྲང་གི་རྣམ་གྲངས་རྣམས་བྲིས་པའི་དབང་གིས་ནོར་ཟིན། རྒྱས་པར་བཤད་པ་ལ་དོན་བཅོ་ལྔ་སྟེ། བགྲང་། དང་པོ་སྔོན་འགྲོ་ལ་གཉིས། ཐུན་མོང་སྤྱིའི་སྔོན་དུ་འགྲོ་བ་དང་། ཁྱད་པར་འདི་ཉིད་ཀྱི་སྔོན་དུ་འགྲོ་བའོ། །དང་པོ་དྲུག་བགྲང་། སྔོན་དུ་དབང་ཐོབ་ཅིང་ལྟ་བ་རྟོགས་པར་བྱ་བ་དང་། དྲང་། གསང་སྔགས་ཀྱི་རིགས་ཅན་སྐྱེས་བུ་གང་ཞིག་གྲོགས་ངན་པ་སྤང་སྟེ། གཅིག་པུ་དབེན་པར་གནས་པ་ནི། དཔེར་ན་གངས་ཀྱི་སེང་གེ་བཞིན་དུ་གཅིག་པུར་འཇིགས་མེད་དུ་གནས་ཤིང་རྒྱུ་བས་དོན་བསྒྲུབ་པ་ཡིན་ཏེ། སེང་གེ་ལ་ཆོས་གསུམ་ཡོད། གང་ཞེ་ན། གཅིག་པུར་གནས་པ། འཇིགས་པ་དང་བྲལ་བ། གཞན་ཟིལ་གྱིས་གནོན་པའོ། །དེ་བཞིན་རྣལ་འབྱོར་པས་སྒོམ་པའི་དུས་སུ་གཅིག་པུར་གནས་པ། བར་ཆད་ལ་སོགས་པའི་འཇིགས་པ་དང་བྲལ་བ། ལྟ་བ་དམན་པ་དང་ཉོན་མོངས་པ་ཟིལ་གྱིས་གནོན་པའོ། །སྒོམ་བྱེད་པ་ལ་ལས་དང་པོ་བས། སེམས་ལས་སུ་རུང་དགོས་ཤིང་། གྲོགས་བསྟེན་ན་ཆགས་སྡང་འཕེལ་བས། རང་ཉིད་གཅིག་པུར་སེང་གེ་ལྟ་བུར་རྒྱུ་བར་བྱ་དགོས་ཏེ། དེ་ཡང་བསམ་གཏན་ཆོས་དྲུག་ལས། །མང་པོ་རྟག་ཏུ་འཐབ་གྱུར་ཏེ། །གཉིས་པོ་དག་ཀྱང་འགྲན་ཟླར་འགྱུར། །གཞོན་ནུ་མ་ཡི་གདུའུ་བཞིན། །གཅིག་པུ་རབ་ཏུ་རྒྱུ་བར་བྱ། །ཞེས་གསུངས་པས། ལག་པ་ལ་གདུའུ་མང་ན་མི་མཐུན། ཁྲ་ཤད་དུ་གྱུར་པ་བཞིན། ལུང་པ་ཕུ་མདའ་ན་སྒོམ་ཆེན་མང་ན། འགྲན་ཟླར་གྱུར་ཅིང་ཆགས་སྡང་འཕེལ་བའི་སྐྱོན་ཡོད་པས་མ་དགོས་སོ། །ཡང་དེ་ཉིད་ལས། རབ་ཀྱི་གངས་ཀྱིས་སེང་གེ་བཞིན། །སྒྲ་ཙམ་གྲགས་ཀྱང་མཐོང་མི་བྱ། །འབྲིང་གིས་བྲག་གསེབ་གླ་བ་བཞིན། །མཐོང་ཡང་འཕྲད་པར་མི་བྱའོ། །ཐ་མས་ལུག་ཁྱུའི་རི་བོང་བཞིན། །གྲོང་ལས་དཔག་སྟེ་གཅིག་པུར་འདུག །ཅེས་གསུང་པས། རབ་གངས་ཀྱི་སེང་ཆེན་བཞིན། མི་སྐད་ཁྱི་སྐད་མི་ཐོས་པའི་སར། རང་ཉིད་གཅིག་པུ་སྒོམ་པ་ལ་བརྩོན་པ་དང་། འབྲིང་ནག་གསེབ་ཀྱི་གླ་བ་བཞིན། གྲྭ་རོག་གྲོགས་མཆེད་མཐོང་ཡང་བློ་ཁ་མི་བསྟུན་ནས་རང་ཉིད་གཅིག་པུར་སྒོམ་པ་དང་། ཐ་མ་གྲོང་ལྟག་གི་རི་བོང་བཞིན། བསོད་སྙོམ་ལ་གྲོང་དུ་རྒྱུ་དགོས་ཡང་། དེ་ཁུར་ནས་གངས་བྲག་ཤིང་དྲུང་དུ་སྒོམ་པའོ། །དེ་ཡང་ཏིང་ངེ་འཛིན་ལ་འཇུག་པའི་སྔོན་དུ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་རི་མོ་ཕྱི་ནང་གསང་གསུམ་གྱིས་དབང་བཅོ་བརྒྱད་རིམ་པར་བཞིན་དུ་རྫོགས་པར་མནོས་ཤིང་ཞུས་པའོ། །ལྷག་པའི་ཡོ་བྱད་ལྔ་རྫོགས་པར་བྱ་བ་དང་། དྲང་། ལེའུ་བདུན་པ་ནས་བཤད་པ་བཞིན་སྟོན་པའི་རང་བཞིན་བརྒྱད་དང་ལྡན་པའི་བླ་མ་རྡོ་རྗེ་སློབ་དཔོན་དེ་ལ་སྒོ་གསུམ་གུས་པའི་སྒོ་ནས་མཉེས་པ་གསུམ་གྱིས་མཆོད་ཅིང་བརྩོན་འགྲུས་ཀྱི་སྒོ་གསུམ་གྱིས་རྒྱུད་ཡོངས་སུ་སྦྱོངས་པའི་སྒོ་ནས་ལེའུ་གཉིས་པ་ལྟར་ལྟ་བ་བདེན་གསུམ་དབྱེར་མེད་ཀྱི་དོན་རྟོགས་པ་དང་། དགོངས་པ་ཏིང་ངེ་འཛིན་རྣམ་གསུམ་གསལ་བ་དང་། གཞན་ཡང་ལྷག་པའི་ཡོ་བྱད་ལྔ་ནི། སྤྱི་དང་ཁྱད་པར་གྱི་རྩ་བ་ཡན་ལག་གི་དམ་ཚིག་མ་ཉམས་པ་དང་། ཏིང་ངེ་འཛིན་གསལ་བ་དང་། ཤེས་རབ་རྣོ་བ་དང་། དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་མཚན་མའི་སྤྲོས་པ་དང་བྲལ་བ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་སྟེ། དེ་ལྟར་ལྔ་པོ་དེ་ནི་འཇིག་རྟེན་པའི་ཡོ་བྱད་ལས་ལྷག་པའི་བྱང་ཆུབ་སྒྲུབ་པའི་ཡོ་བྱད་གོང་གིས་དེ་ལྔ་སྔོན་དུ་རྫོགས་པར་བྱའོ། །འདིའི་སྐབས་ན་བདེན་གསུམ་དབྱེར་མེད་ཀྱི་ལྟ་བ་རྟོགས་པ་དང་། ལྷག་པའི་ཡོ་བྱད་ལྔ་སྔོན་དུ་རྫོགས་ནས། སྟོང་པ་ཆེན་པོའི་རྣམ་འབྱོར་ལ་སྦྱང་ཅི་ལ་དགོས་ཟེར་ན། འདི་ནི་ས་བཅད་ནང་ནས་བསྟན་པ་བཞིན་དུ། ལམ་ཐུན་མོང་སྤྱིའི་སྔོན་འགྲོ་ཡིན་པར་ཤེས་དགོས་སོ། །གཞན་དོན་དུ་སྒོམ་པར་དམ་བཅའ་བ་དང་། དྲང་། གོང་གི་ཡོ་བྱད་རྣམས་འཚོགས་པ་དེ་ནས་བུ་གཅིག་པུ་ལ་མ་བྱམས་ཤིང་བརྩེ་བ་ལྟ་བུར་གཞན་ལ་ཕན་པའི་སེམས་དང་ལྡན་པས། ཁམས་གསུམ་འཁོར་བ་ན་གནས་པའི་རིག་དྲུག་གིས་སེམས་ཅན་ཐམས་ཅད་ཐར་པ་མྱ་ངན་ལས་འདས་པའི་སར་འགོད་པར་དམ་བཅའ་བའོ། ༈ །ཚད་མེད་པ་དང་ལྡན་པས་གནས་བརྩིག་ཅིང་གདན་བཤམས་པ་དང་། དྲང་། ཚངས་པ་ལ་སོགས་པའི་གནས་སུ་སྐྱེ་བར་བྱེད་པའི་ཚད་མེད་བཞི་སྔོན་དུ་སོང་བས་རྣལ་འབྱོར་པས་ཡིད་དུ་འོང་བ། ཕྱོགས་མཚམས་ཀྱི་དགྲ་ལ་སོགས་པའི་སྐྱོན་མེད་པའི་ས་བརྟག་ཅིང་བརྩལ་བ་དང་། ས་བསླང་བ་ལ་སོགས་པ་ཆོ་གའི་རིམ་པ་རྣམས་མན་ངག་རྡོ་རྗེ་ལས་རིམས་ལྟར་རྒྱས་པར་བྱའོ། །གནས་ཆེ་ཆུང་རན་ཅིང་འཚམས་པར་བྱས་ཏེ། བྱི་དོར་དང་། ཞ་ལ་དང་། བྱུག་པ་ལ་སོགས་པ་གསེར་ཆུ་གླ་ཆུ་རྣམས་དང་ལྡན་པར་བྱས་པ་དེ་ནི་དུག་སྦྲུལ་ལ་སོགས་པའི་འཇིགས་པ་རྣམས་བསྲུངས་བ་ཡིན་ནོ། །རས་པི་པར་ཏའི་སྟན་འཇམ་ཤིང་འབོལ་བ་ནང་ཚང་ཅན་དང་ལྡན་པར་བྱའོ། ༈ །ཚོགས་བསགས་ཤིང་འབྲེལ་ཐག་བཅད་པ་དང་། དྲང་། ཕྱི་ནང་གི་བར་ཆད་བསལ་ཞིང་ལམ་ཡན་ལག་རྫོགས་པར་བྱ་བའི་ཕྱིར། ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། སྦྱིན་བསྲེག་བརྒྱ་རྩ་ལ་སོགས་བྱ་བ་དང་། གསུང་རབ་འབུམ་ལ་སོགས་པ་འདོན་པ་དང་། གཞན་ཡང་ཚ་ཚ། ཉེའུ་འདོན། ལམ་འཕྲང་བསལ་བ། ཆུ་གཏོར་གཏོང་བ། ཕྱག་དང་བསྐོར་བ་ལ་སོགས་དགེ་བའི་དཔུང་ཚོགས་བསྐྱེད་པ་ལ་འབད་པར་བྱའོ། །བྱིན་རླབས་དངོས་གྲུབ་ཀུན་གྱི་གེགས། །སྒྲིབ་པ་རྣམ་གཉིས་ཡིན་པའི་ཕྱིར། །ཅེས་གསུང་པའི་དོན་ནོ། །ཕྱི་ནང་གི་འབྲེལ་ཐག་བཅད་པ་ནི་ཕྱིའི་བུ་ལོན་དང་ཉེ་དུ་གཉེན་འབྲེལ་གྱི་འབྲེལ་བ་རྣམས་དང་། ནང་གྲུབ་མཐའ། གཞན་གྱི་གཡེངས་བ་དང་། སློབ་དཔོན་དང་། གྲོགས་མཆེད་ལ་སོགས་པའི་བུ་ལོན་དང་། འབྲེལ་ཆགས་པ་ཐམས་ཅད་ཀུན་ཏིང་ངེ་འཛིན་ལས། གཞན་པ་མི་མཐུན་པ་གཡེང་བར་འགྱུར་བའི་ཕྱིར་ཆོད་པར་བྱས་ནས་དུར་རྐུན་ཝ་དང་འདྲ་བར་སྡར་ཏེ། བུ་ལོན་དང་འབྲེལ་ཆགས་ལ་འཛེམ་ཤིང་བག་ཡོད་དགོས་ཏེ་སེམས་ཀྱི་སྤྲོས་པ་ཐམས་ཅད་དོར་ལ་ཏིང་ངེ་འཛིན་ལ་བརྩོན་པར་བྱའོ། ༈ །ཆ་རྐྱེན་བསྡུས་ཤིང་གྲོགས་བརྩལ་བའོ། །དྲང་། ཁམས་དང་མཐུན་པའི་སྨན་དང་། ཁ་ཟས་དང་། ཏིང་ངེ་འཛིན་སྐྱེ་བའི་སྐྱོན་གྲོགས་ཉམས་ཅན་དང་གདམས་ངག་ལ་སོགས་པ་བསྡུས་ལ། བགེགས་ལ་སོགས་བར་ཆད་བསྲུང་བ་སྔོན་དུ་རྫོགས་པར་བྱས་ནས། གསང་བའི་ལོངས་སྤྱོད་རིག་མའང་མཚན་དང་ལྡན་པ་བརྟེན་པར་བྱ། འོ་ན་གོང་གི་སྐྱེས་སུ་སེང་གེ་བཞིན་རྒྱུ་བ་དང་འགལ། ཞེ་ན། མི་འགལ་ཏེ། སེང་གེའི་དཔེ་ནི། རྣམ་གཡེང་གི་གྲོགས་ངན་སྤང་བ་ཡིན་ལ། འདིར་ལྟ་སྤྱོད་མཐུན་ན་མ་སྤོང་གཅིག་གསུང་པས། རིག་མ་ལམ་གྱི་གྲོགས་ཡིན་ཏེ། ཏིང་ངེ་འཛིན་འཐོར་བ་སྡུད། བྱིང་བ་བསིང་། བདེ་བ་བསྐྱེད་པར་བྱེད་པའི་ཆ་རྐྱེན་ཡིན་པས། མི་འགལ་བར་གསུང་། དགྲ་བགེགས་ནད་གསུམ་གྱིས་འཚེ་བ་བཟློག་པའང་ཉེར་རྫོགས་སུ་བཞག་གོ། །ཁྱད་པར་འདི་ཉིད་ཀྱི་སྔོན་འགྲོ་ནི། དེ་ལྟར་ཐུན་མོང་སྤྱིའི་སྔོན་དུ་བྱ་བ་རྫོགས་ནས། ཁྱད་པར་འདི་ཉིད་ཀྱི་སྔོན་འགྲོ་ནི་མཆོད་པ་འབུལ་བའི་རྟེན་དངོས་གྲུབ་ཉེ་བའི་ཡི་དམ་གྱི་ལྷ་སྐུའི་གཟུགས་བརྙན་ལུགས་སུ་བླུགས་པ། རིས་སུ་བྲིས་བ། འབུད་དུ་བཏོད་པ། གང་ཡང་རུང་བ་རབ་གནས་ཅན་རང་གི་མདུན་དུ་བཞུགས་སུ་གསོལ་ལ། ཕྱག་འཚལ། མཆོད་པ་འབུལ། སྡིགས་པ་བཤགས། དགེ་བ་ལ་རྗེས་སུ་ཡི་རངས། ཆོས་ཀྱི་འཁོར་ལོ་བསྐོར། མྱ་ངན་མི་འདའ་གསོལ་བ་འདེབས། དགེ་བའི་རྩ་བ་བསྔོ། དམ་བཅའི་ཡན་ལག་བརྒྱད་པ། དེ་དག་འབུལ་བའི་ཚུལ་ཡོངས་སུ་བཟུང་ལ། དེ་ཚར་ནས་ཚོགས་རྟེན་དབང་པོའི་ལྷ་རྣམས་འོད་དུ་ཞུ་བས་ཡོངས་སུ་གྱུར་ཏེ། བདག་གི་སྤྱི་གཙུག་ནས་མར་ལ་ཐིམ་པར་བྱས་པས། བདག་གི་སྒོ་གསུམ་གྱི་སྒྲིབ་པ་བསྲེག་ཏེ། རང་ཉིད་ཀྱང་འོད་དུ་ཞུ་བའི་རྗེས་ལ་མི་རྟོག་པའི་ངང་ལ་འདུག་པར་བྱའོ། །གཉིས་པ་དགོས་ཆེད་ལ་གསུམ། བགྲང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་དགོས་ཆེད་དང་། དྲང་། དག་པ་བདེན་པ་རྣམ་གསུམ་ནོར་ཞིང་རང་རིག་རྒྱལ་པོ་ཏིང་ངེ་འཛིན་ཉམས་སུ་བླང་ཞིང་གོམས་པའི། བླ་ན་མེད་པའི་བྱང་ཆུབ་རྣམ་པ་མཆོག་ལྡན་གྱི་ཆོས་སྐུ་འདི་རྙེད་པར་འགྱུར་རོ། །ལམ་གོ་རིམ་ངེས་པའི་དགོས་ཆེད་དང་། དྲང་། གོང་གི་གཏན་ཚིག་དེའི་ཕྱིར་ལྟ་བ་མཐོང་བའི་རྗེས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་མོ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དེ་ནི་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་འབྱུང་བའི་གཞི་འམ་རྒྱུ་རུ་བཞག་ཅེས་བྱ་སྟེ། སྙིང་རྗེ་ལ་གོམས་ནས། ཕྱག་རྒྱ་གཅིག་པ་དེ་གོམས་ནས་སྤྲོས་པ་འབྱུང་བའི་གཞི་རུ་འགྱུར་བས་ན། གོ་རིམ་འབྱུང་བའང་དེ་བཞིན་དུ་ངེས་སོ། །སྟོང་པ་ཆེན་པོའི་རྣལ་འབྱོར་གྱི་སྐབས་འདིར། བདེན་གསུམ་དབྱེར་མེད་ཀྱི་ལྟ་བ་ཇི་བཞིན་པ་རྟོགས་ནས་སྒོམ་པ་ཡིན་ནམ་མིན། ཡིན་ན་འདིའི་འོག་ན། གང་དག་སྐལ་བ་ཅུང་དམན་པས། ཞེས་པ། རིམ་གྱིས་པའི་དབང་དུ། བདེན་གསུམ་དབྱེར་མེད་ཀྱི་ལྟ་བ་མཁས་པ་པན་ཏྲི་ཏའི་དཔྱད་སྒོམ་ལ་ཤོར་ནས། དོན་རྒྱུད་ཐོག་ན་དོན་དམ་སྟོང་པ་འཁྲུངས་པ་མིན་ནོ། །འོ་ན་མ་རྟོགས་ན། དག་པ་རྣམ་གསུམ་མ་ནོར་ཞིང་། །ཞེས་པ་དང་འགལ་ཞེ་ན། འདིའི་དགོངས་གཞི་ནི། ལམ་སྤྱིའི་མཚན་ཉིད་མ་ནོར་བར་རྟོགས་ཤིང་། རང་མཚན་ལ་བདེན་གསུམ་དབྱེར་མེད་རྟོགས་པ་མིན། འདི་ནི་མཁས་པ་པན་ཏྲི་ཏའི་དཔྱད་སྒོམ་ལ་དགོངས་པ་ཡིན་ནོ། །སྤྱིར་གཅིག་ཆར་བའི་ལྟ་བ་འདི། ལྟ་བ་མཆོག་ཡིན་ཏེ། གཞི་ལ་བདེན་གསུམ་གནས་ཚུལ་དེ། ལམ་ལ་བདེན་གསུམ་གཅིག་ཆོད་དུ་རྟོགས་ཤིང་། གཅིག་ཆོད་དུ་སྒོམ་མོ། །བློ་དམན་པ་རིམ་གྱིས་པའི་གང་ཟག་དེས། བདེན་གསུམ་དབྱེར་མེད་ཡིན་ཚུལ་ཤེས་ཀྱང་། རྟོགས་ཚུལ་ལ་བདེན་གསུམ་རིམ་པ་ལྟར་རྟོགས་ཤིང་། རིམས་པ་ལྟར་སྒོམས་པ་ཡིན། དེ་བས་ན་ཚོགས་ལམ་རྣལ་འབྱོར་བཞི་འབྱུང་བའི་རྒྱུ་མཚན་ནི། དང་པོ་སྟོང་པ་དོན་དམ་སྐྱེ་མེད་ལ་སྦྱངས་པ་སྟོང་པ་ཆེན་པོའི་རྣལ་འབྱོར། འགགས་མེད་ཀུན་རྫོབ་སྙིང་རྗེ་ལ་སྦྱངས་པ་སྙིང་རྗེ་ཆེན་པོའི་རྣལ་འབྱོར། དབྱེར་མེད་ལ་སྦྱངས་པ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར། སྤྱོད་ཡུལ་དང་བྲལ་བར་སྦྱངས་པ་ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་དང་བཞི་འབྱུང་བས། དེས་ན་གསང་སྔགས་མ་ཧཱ་ཡོ་གའི་ལྟ་བ་ལ། མ་སྐྱེས། མ་འགགས་དབྱེར་མེད། སྤྱོད་ཡུལ་དང་བྲལ་བར་དོན་དམ་པ་ལྷག་པའི་ཆོས་སྐུ་ཆེན་པོ་དེ་བློ་རིམ་གྱིས་པས་ཕྱག་རྒྱ་སྤྲོས་པའི་སྐབས་འདིར། མངོན་གསུམ་དུ་སློང་ཐུབ་པ་ཡིན་ཏེ། ལེའུ་དྲུག་པ་ལས། ཤེས་འཇུག་འབྱོར་པ་གྷོ་ཐོབ་ཅིང་། །ཟུང་དུ་འབྲེལ་བའི་སྐྱེད་མཐར་ཕྱིན། །འབྲས་བུ་ལམ་ཤེས་བསྟན་པ་ཡིན། །གསུང་པ་ཡང་འདི་ལ་དགོངས་པ་ཡིན། དེ་ལྟར་མ་ཡིན་བདེན་གསུམ་དབྱེར་མེད་དེ། གོང་གི་ལྟ་བའི་སྐབས་ལ་རྟོགས་དགོས་ཞེ་ན། འདི་ལ་མཚམས་གཅིག་བྱེད་དགོས། གཅིག་ཆར་བས་རྟོགས་པ་ཡིན། དེའི་དོན་གྱི་ལམ་གྱི་གོ་རིམ་ལ། ལེའུ་གཉིས་པར་ལྟ་བ་བཤད་པའི་ཕྱིར། རིམ་གྱིས་པས་མ་རྟོགས་པ་ཡིན། ལྟ་བ་རྟོགས་སོ་ཞེ་ན། ལམ་ཇེ་ངན་དུ་ཐལ། ལམ་གྱི་ཐོག་མར་བདེན་གསུམ་དབྱེར་མེད་རྟོགས། སྒོམ་པ་ལ་བདེན་གསུམ་ཁ་ཕྲལ་ནས་སྒོམ་པའི་ཕྱིར། འདི་རྣམས་ལ་འབྲུ་གནོན་ཁོ་ནས་མི་ཆོག །དོན་གྱི་འབྲེལ་ཚུལ། གཞུང་གི་འབོད་ལེན། མི་མཐུན་གྱི་ཚིག་གང་བྱུང་ཡང་། འདི་འདི་ལ་དགོངས། འདི་འདི་ལ་དགོངས་ཟེར་བ་གཅིག་དགོས་སོ། །དེ་མིན་སྒོ་ཐེམ་ལ་མ་བརྫིས་པར། ཕུག་གི་ལོ་རྒྱུས་བཤད་པ་དང་འདྲ་བའི་བཤད་པ་འགའ་ཞིག་ལ་སྙིང་པོ་མེད་དོ། ༈ །གཞན་སེལ་དོན་གཉེར་ལ་གསུམ། བགྲང་། མདོར་བསྟན་པ་དང་། དྲང་། གང་ཟག་སྐལ་ལྡན་ཞེས་པ་འདི་ལ། རྟོགས་ལྡན་པས། ལྟ་བ་རྟོགས་པའི་སྐལ་བ་དང་ལྡན་པ་ལ། འབྲུ་གནོན་ཡང་། གདུལ་བྱའི་རིམས་པ་གང་དག་གསང་སྔགས་མ་ཧཱའི་སྒོར་འཇུག་པའི་སྐལ་བ་དང་ལྡན་ཀྱང་། གཅིག་ཆར་བ་ལ་ལྟོས་ན། རིམ་གྱིས་པ་འདི་བློ་ཆུང་དམན་པས་ཀུན་རྫོབ་གནས་ལུགས་མ་རྟོགས་པས་མི་མཐུན་པའི་ཕྱོགས་སྣང་ཞེན་ཉོན་མོངས་གཞན་སེལ་བའི་དགོས་ཆེད་ཡོད་པའི་ཕྱིར་དང་། མཐུན་པའི་ཕྱོགས་སྒྲུབ་བྱ་འབྲས་བུ་ཆོས་སྐུ་དོན་དུ་གཉེར་བའི་དགོས་ཆེད་གཉིས་ཡོད་པའི་ཕྱིར་སྒོམ་དགོས་སོ། ༈ །རྒྱས་པ་ལ་གཉིས། བགྲང་། གཞན་སེལ་དང་། དྲང་། ཏིང་ངེ་འཛིན་ལ་འཇུག་པར་བྱེད་པ་དེའང་མདོར་བསྟན་གྱི་སྔ་མ་གཞན་སེལ་བའང་བདག་གཞན་གཉིས་ཀྱི་དོན་དུ་སྒོམ་པ་ནི། གསལ་བྱ་རྒྱུད་ལྷན་གཅིག་སྐྱེས་པའི་མ་རིག་པ་དང་། རྐྱེན་ཀུན་ཏུ་བརྟག་པའི་མ་རིག་པས་ཕྱིན་ཅི་ལོག་ཏུ་འཁྲུལ་པའི་སྣང་བ་ཐར་བར་དཀའ་བས་ན། འདམ་རྫབ་དང་འདྲ་བའི་དབྱིངས་སུ་སེལ་བྱེད་རང་རིག་པའི་ཡེ་ཤེས་སྒྲོན་མེའི་མདའ་འཕང་ནས་མ་རིག་པ་གཏི་མུག་གི་མུན་པ་རྣམས་བསལ་ཏེ་སེམས་རང་བཞིན་གྱི་འོད་གསལ་ཞིང་དགོངས་པ་བདེ་བའི་མཆོག་ཐོབ་པའོ། །དེ་ཡང་མདོར་ན་སྒྲིབ་པའི་ཚོགས་མུན་པ་དང་འདྲ་བའི་ནང་དུ་སྣང་བའི་ཉི་མ་ཤར་བའི་ཚུལ་བཞིན་དུ་མ་རིག་པའི་མུན་པ་སངས་ཞིང་ཡེ་ཤེས་གསལ་བའོ། །དོན་གཉེར་ལ་གཉིས། བགྲང་། ཆོས་ཉིད་དོན་དུ་གཉེར་བ་དང་། དྲང་། ཆོས་ཀྱི་དབྱིངས་ནི་ནམ་མཁའི་དཀྱིལ་ལྟར་མཐའ་དབུས་ཕྱོགས་རིས་མེད་ཅིང་ཡངས་པ་ལ་དེ་ཉིད་སྒོམ་བྱུང་ཤེས་རབ་ཀྱི་མྱུར་དུ་དོན་སངས་རྒྱས་ཀྱི་ས་ལ་འགྲོ་བ་ཡིན་ནོ། །དེ་ཡང་དོན་ལ་འགྲོ་བ་མེད་ཅིང་འོང་བ་མེད་དེ་འཁོར་འདས་ཀྱི་མཐའ་ལ་མི་གནས་པའོ། །མི་གནས་པ་དེ་ཉིད་བྱང་ཆུབ་སེམས་མཆོག་སྐྱེ་བ་མེད་པའི་ངང་དུ་གནས་པས་ཨ་རབ་བདེ་ཞེས་བྱའོ། ༈ །དངོས་གྲུབ་དོན་དུ་གཉེར་བའོ། །དྲང་། རྟོགས་པ་ཡེ་ཤེས་སུ་བསྒྱུར་བའི་དགོས་ཆེད་ནི། དཔེར་ན་མུན་པ་ཉིད་སྤངས་པ་མེད་པར་སྣང་བར་བསྒྱུར་བ་དང་། དུག་ཉིད་བདུད་རྩིར་འགྱུར་བའི་ཚུལ་བཞིན་དུ། མཚན་མ་རང་ཁའི་རྟོག་པ་རྣམས་སྤངས་པ་མེད་པར་རིག་པ་ཡེ་ཤེས་རྟོགས་པར། དབང་བསྒྱུར་བར་བྱེད་པའི་ཏིང་ངེ་འཛིན་ཡིན། དེ་ལ་མཆོག་ཐུན་མོང་གི་དངོས་གྲུབ་འབྱུང་བ་ནི་དངོས་གྲུབ་རྣམ་གཉིས་དོན་དུ་གཉེར་བ་གང་དག་ཀུན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་འདི་ཡིས་བྱེད་པར་འགྱུར་རོ། །འཇུག་བསྡུ་བའི་དགོས་ཆེད་དོ། །དྲང་། གལ་ཏེ་སྟོང་པ་ཆེན་པོའི་རྣལ་འབྱོར་འདི་མེད་ན། དཔེར་ན། རྒྱ་མཚོ་འཇིང་གི་ཕ་འོང་རྒྱབ་གཤེར་ཀྱང་ནང་སྐོམ་པ་ལྟར། བསྐལ་པ་དཔག་དུ་མེད་པར་མཚན་བཅས་ཀྱི་དགེ་བ་ལམ་ལ་བརྩལ་བར་བྱས་ཀྱང་། གཟུང་འཛིན་གྱི་དྲི་མ་མ་ཆད་ཅིང་འཁོར་བ་ལས་ཐར་པའི་དོན་མེད་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་སྒོམ་པ་ཡིན་ཏེ་འབྲས་བུ་སངས་རྒྱས་མི་འབྱུང་ངོ་། །གསུམ་པ་སྒོམ་ཐབས་ལ་གཉིས། བགྲང་། ལུས་ཀྱི་འདུག་ཐབས་དང་། དྲང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་འདི་མེད་ན་སྐྱོན་ཡོད་པ་དེ་སྒོམ་པའི་ཕྱིར་ལྷག་མའི་ལུས་འདི་ཉིད་འབྱུང་བའི་ཆ་སྙོམས་དགོས་པའི་ཕྱིར། ལུས་བདེ་བ་དང་ལྡན་ཞིང་ཐར་པ་ལ་བགྲོད་པའི་ཆོས་བདུན་ཚུལ་འདི་ལུས་རྣལ་ལ་ཕབ་པ་ཡིན། ལུས་དྲང་བས། རྩ་དྲང་། རྩ་དྲང་བས། རླུང་དྲང་། རླུང་དྲང་ན་སེམས་དྲང་། སེམས་དྲང་ན་སངས་རྒྱས་ཀྱི་དགོངས་པ་ལ་སླེབ་པའི་དགོས་ཆེད་ཡོད་དོ། །ཆོས་བདུན་རང་གང་ཞེ་ན། རྐང་པ་མཉམ་པའི་དཀྱིལ་མོ་ཀྲུང་བཅའ་བ་དང་། ལག་པ་མཉམ་བཞག་གིས་ཕྱག་རྒྱ་ལྟེ་འོག་དུ་བཅའ་བ་དང་། རྐེད་པ་དོང་རྩེ་བརྩེག་པ་ལྟར་བསྲང་བ་དང་། མགྲིན་པ་ལྕགས་ཀྱུ་ལྟར་ཡུད་ཙམ་གུག་པ་དང་། མིག་སྣ་རྩེར་ཕབ་དང་། ལྕེ་ཡར་རྐན་ལ་སྦྱར་བ་དང་། དཔུང་པ་རྒོད་གཤོག་ལྟར་བརྐྱང་བ་དང་། ཡང་ན་སོ་དང་མཆུ་ཐ་མལ་དུ་བཞག་པ་དང་བདུན་ཡང་ཟེར། བསམ་གཏན་གྱི་ཆོས་བདུན་འདི་རྣམས་ལ་སྔོན་བྱུང་དུ་འདི་བཅའ་ཤེས་པས་གྲོལ་བའི་གཏམ་རྒྱུད། རྗེས་འཇུག་རྣལ་འབྱོར་པས་བཅའ་དགོས་པའི་རྒྱུ་མཚན། ཆོས་བདུན་པོ་རེ་རེ་ལའང་། དགོས་ཆེད་ཀྱི་དོན་རེ་རེ་བཤད་རྒྱུ་ཡོད་ཀྱང་། འདིར་གཞུང་བཤད་ཀྱི་དབང་དུ་ཡིན་པས་མ་བཀོད་དོ། །མན་ངག་ཁྲིད་འདེབས་པའི་དུས་སུ་ཤེས་པར་མཛོད། དེ་ལྟར་ལུས་ཀྱི་ཆོས་བདུན་དང་ལྡན་པར་བྱས་པ་དེ་དཔེར་ན། རྗེ་བཙུན་རྣམ་པར་སྣང་མཛད་གངས་ཆེན་མཚོ་རྒྱལ་གྱི་བཞུགས་ཚུལ་བཞིན་དུ་བྱའོ། །སེམས་ཀྱི་བཞག་ཐབས་ལ་གཉིས། བཞག་ཐབས་མ་ནོར་བ་དང་ནོར་བའོ། །དང་པོ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། ལུས་འཛིན་པ་དང་། སེམས་བསྒོམ་བྱ་སྒོམ་བྱེད་ཀྱི་རྩོལ་བ་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་ལ་འདུག་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་ལ་འཇོག་པ་དེ་ཡང་བློ་ཆུང་བ་བླ་མའི་གདམས་ངག་གི་སྟོབས་ཀྱིས་བཞག་པ་དང་། བློ་ཆེ་བ་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་ལྟ་བ་རྟོགས་པའི་ངང་ལ་བློ་བཞག་པས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་གོམས་པར་བྱེད་པ་གཉིས་ཡིན་ནོ། །རྒྱས་པར་བཤད་པ་དེ་ལ་གཉིས། བགྲང་། བློ་ཆུང་བ་གདམས་ངག་གི་སྟོབས་ཀྱིས་སྒོམ་པ་དང་། དྲང་། སྔོན་བརྗོད་བུ་ནི་བཞག་ཐབས་གཉིས་ཡོང་བའི་དང་པོ། གདམ་ངག་གི་སྟོབས་ཀྱིས་བཞག་པའི་སློབ་བུ་དེ་ཡིན་པར་འདོད་ཀྱང་། ད་རེས་འདིར་གོང་དུ། སྐྱེས་བུ་སེང་གེ་བཞིན་རྒྱུ་བས། ཞེས་པ་ལ་སོགས་པའི་མཚན་ཉིད་དང་། ཡོ་བྱད་སྔོན་དུ་བརྗོད་པ་དེ་དག་དང་ལྡན་པའི་བུ་དེ་གྲོང་ཡུལ་དང་འདུ་འཛི་བྱ་བ་ལས་དབེན་པའི་སར་ཞེས་པ་ནི། གནས་དབེན་པ་སྟེ། དུས་དབེན་པ་ཟླ་བ་ཉའི་དུས་སུ་ལྷ་འདྲེ་ཐམས་ཅད་གཟའ་རཱ་ཧུ་ལ་ལ། དམག་འདྲེན་དུ་འགྲོ་བས་དུས་དབེན་པའོ། །དེའི་དུས་སུ་ཕྱི་རྒྱུད་ལ་ཆ་གསུམ་བཏང་། སྒྱུ་འཕྲུལ་ཞི་ཁྲོའི་ལས་གཞུང་བསྲང་ཞིང་ཚོགས་ཀྱི་འཁོར་ལོ་བསྐོར། ན་རག་དོང་སྤྲུགས་ཀྱི་བཤགས་འབུམ་འདོན། དེ་ནས་བླ་མ་དེ་ཉིད་ལ་རིན་ཆེན་གསེར་གཡུ་མུ་ཏིག་ལ་སོགས་པ་དང་། ལྷབ་ལྷུབ་དར་ཟབ་དང་། བཟའ་བཏུང་ལ་སོགས་པའི་ལོངས་སྤྱོད་ཀྱི་བྱེ་བྲག་སྣ་ཚོགས་ཀྱིས་བླ་མ་དམ་པ་དེ་མཉེས་པར་བྱས་ནས་སློབ་བུ་དེ་སློབ་དཔོན་གྱི་དབང་དུ་སྟེ་མདུན་དྲང་པོར་བཞག་ལ། བར་ཆད་ཀྱི་མི་ཚུགས་པར་བྱ་བའི་ཕྱིར་རྡོ་རྗེ་དྲག་པོའི་སྔགས་ཀྱིས་བགེགས་བསྐྲད། ཤོག་དྲིལ་ལམ། རག་དུང་ལྟ་བུའི་སྦུབས་མཆུའི་མན་ངག་རྣ་བ་གཡོན་པར་ཤེས་རབ་ཀྱི་རྩ་ཡོད་པས་དེ་ལ་ཞིབ་བུར་ནི་སྒྲ་ཆུང་བའོ། །གཏིམ་པ་ནི་ལན་གསུམ་བརྗོད་པའོ། །དེ་ཡང་གདམ་ངག་དངོས་ནི། མཆོག་གི་དངོས་གྲུབ་དུས་མྱུར་དུ་ཚེ་གཅིག་ལ་འགྲུབ་པར་འདོད་ན་བསྒོམ་བྱ་སྒོམ་བྱེད་ཤིན་ཏུ་མི་དམིགས་ཆོས་ཀྱི་དབྱིངས་སུ་སྒོམ་མོ། །གདམ་ངག་གི་སྟོབས་ཀྱིས་སྒོམ་པ་འདི། ཀུ་སུ་ལུ་པའི་འཇོག་སྒོམ་བྱུང་། འོག་མ་ཤེས་རབ་ཀྱི་སྟོབས་ཀྱིས་སྒོམ་པ་འདི། མཁས་པ་པན་ཏྲི་ཏའི་དཔྱད་སྒོམ་བྱུང་། བློ་ཆེ་བ་ཤེས་རབ་ཀྱི་སྟོབས་ཀྱིས་སྒོམ་པ་དེ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། མདོར་བསྟན་གྱི་ཕྱི་མ་བློ་ཆེ་བ་ཤེས་རབ་ཀྱི་སྟོབས་ཀྱིས་བཞག་པ་ལའང་གཉིས་ཏེ། གཅིག་ཆར་དུ་རིག་པ་ནམ་མཁའ་ལ་ཉི་མ་ཤར་བ་བཞིན་ཡེ་ཤེས་སྤྱི་བླུགས་སུ་བཞག་པ་དང་། ལྟ་བ་མཐོང་བའི་རྗེས་སུ་བཞག་པའོ། །རྒྱས་པར་བཤད་པ་ལ་གཉིས། རིག་པ་སྤྱི་བླུགས་སུ་སྒོམ་པ་དང་། ལྟ་བ་རྟོགས་པའི་རྗེས་སུ་སྒོམ་པའོ། །དང་པོ་ལ་བཞི། བགྲང་། བདག་དང་བདག་གི་མེད་པར་རིགས་པ་སྤྱི་བླུགས་སུ་སྒོམ་པ་དང་། དྲང་། བདག་དང་བདག་གི་ལ་སོགས་པ་གཞན་ཡུལ་དང་། ཡུལ་ཅན་རྣམས་ནི་ཤིན་ཏུའང་མི་དམིགས་པར་ཆོས་ཀྱི་དབྱིངས་སུ་སྒོམ། རང་རིག་རྟོགས་པའི་ངང་ཉིད་ལ་གནས་པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། དེ་ནི་སུས་ཀྱང་མ་བྱས་རང་བྱུང་གི་ཡེ་ཤེས་རང་ལ་གནས་པ་ཡིན་ཏེ། དེས་ཆོས་ཉིད་དེ་བཞིན་ཉིད་དུ་སྦྱོར་བ་དེ་ཉིད་རྣམ་པ་མཆོག་ལྡན་གྱི་སྟོང་པ་གཉིས་མེད་ཆོས་ཀྱི་དབྱིངས་ཀྱི་ངང་དུ་ཐིམ་མོ། ༈ །རང་བྱུང་སྤྲོ་བསྡུ་མེད་པར་རིགས་པ་སྤྱི་བླུགས་སུ་སྒོམ་པ་དང་། དྲང་། རང་བྱུང་ཡེ་ཤེས་རང་བཞིན་དཀྱིལ་འཁོར་གྱི་ཆོས་རྣམས་མ་ལུས་ཆོས་ཉིད་དེ་བཞིན་ཉིད་དུ་སྡུད་པའོ། །སྡུད་བྱ་དང་མི་སྡུད་པ་གཉིས་ཀ་མིན། རྟོགས་པའི་དོན་ཡང་དག་ཁོ་ན་ཉིད་དུ་སྒོམ་པའོ། །བསྒོམ་བྱ་སྒོམ་བྱེད་མེད་པར་རིག་པ་སྤྱི་བླུགས་སུ་སྒོམ་པ་དང་། དྲང་། སྒོམ་པར་བྱ་བའི་ཡུལ་དང་སྒོམ་པར་བྱེད་པའི་མཁན་པོ་གཉིས་མ་སྐྱེས་ན། ཆོས་ཉིད་རང་ལ་སྒོམ་པར་བྱ་བའང་མེད་པའོ། །དེ་དོན་གྱི་དོན་དམ་ལས་སྒོམ་པར་བྱ་བ་མེད་པས། ཡུལ་དམིགས་བཅས་ལ་མི་འཇུག་ཨ་ཅང་ཆེ་སྟེ། གཉིས་མེད་གང་ལའང་འདུ་ཤེས་མི་འཇུག །གང་ལ་མི་འཇུག་པའི་བློ་ནམ་མཁའ་ལྟ་བུ་དེ་སངས་རྒྱས་ཀྱི་དགོངས་པ་ལ་ཞུགས་པའི་མཆོག་ཡིན་ནོ། ༈ །བསམ་བྱ་བསམ་བྱེད་མེད་པར་རིག་པ་སྤྱི་བླུགས་སུ་སྒོམ་པ་དང་། དྲང་། ཆོས་ཉིད་བསམ་པར་བྱ་བའི་ཡུལ་གཅིག་ལ། བསམ་པར་མི་བྱ་སྟེ། དེ་ཉིད་མི་བསམ་པར་ཡང་མི་བསམ་མོ། །བློ་ཕྱོགས་གཅིག་པ་གང་ལའང་རྣམ་པར་མི་སེམས་པ་སྟེ། དེ་ནི་རང་རིག་པའི་ཡེ་ཤེས་མཉམ་པ་ཉིད་ཀྱི་དོན་ལ་གནས་པའི་ཏིང་ངེ་འཛིན་ཉིད་དེ། རིག་པ་སྤྱི་བླུགས་སུ་སྒོམ་པ་འདི། གཅིག་ཆར་བ་སྒོམ་པའི་མཆོག་བྱང་ཆུབ་འདི་རྣམས་ལ་འབྲུ་གནོན་པ་ཁོ་ནས་མི་ཆོག །རིག་པ་སྐད་གཅིག་མའི་ཐོག་ན་ངོ་སྤྲོད་ཀྱི་གསང་ལ་ཐེབ་དགོས། འདིར་རྒྱས་པར་མ་འགྲེལ་ལོ། ༈ །ལྟ་བ་རྟོགས་པའི་རྗེས་སུ་སྒོམ་པ་ལ་གཉིས། རྟོགས་པའི་ལྟ་བ་དང་། རྟོགས་པའི་དོན་ལ་དམིགས་མེད་རང་སྣང་གི་བསྒོམ་པར་བྱའོ། །དང་པོ་ལ་གཉིས། བགྲང་། ཤེས་རབ་མཆོག་གི་རྟོགས་པར་བསྟན་པ་དང་། དྲང་། བྱང་ཆུབ་སེམས་ཀྱི་དེ་བཞིན་ཉིད་ནི། ཤིན་ཏུ་མི་དམིགས་ཏེ་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བ་བློས་བརྟག་པར་དཀའ་བས་དེ་ཉིད་བློ་ཡངས་ལ་རྒྱ་ཆེ་གཏིང་ཟབ་པས། ཤེས་རབ་ཟབ་པ་རྣམས་ཀྱིས་རྟོགས་པར་འགྱུར་ཏེ། ༈ །རྟོགས་པའི་ལྟ་བ་ལ་འགྲོ་འོང་དང་མཐའ་དབུས་མེད་པའོ། །དྲང་། དེ་ལྟར་སྒོམ་བྱའི་ཡུལ་བྱང་སེམས་དེ་དང་པོ་གང་ནས་ཀྱང་མ་འོངས་ཐ་མ་གར་ཡང་མི་འགྲོ་བས་དེ་ལྟར་འགྲོ་བ་དང་འོང་བར་བྱ་བ་མིན། རང་གི་ངོ་བོ་ཤིན་ཏུ་བརྟག་པར་དཀའ་ཞིང་ཡུལ་ཡུལ་ཅན་མ་དམིགས་པས་མཐའ་དང་དབུས་ཀྱང་ཕྱོགས་དང་རིས་སུ་བརྟག་ཏུ་མེད་དོ། ༈ །རྟོགས་པའི་དོན་ལ་དམིགས་མེད་རང་སྣང་གི་སྒོམས་པའོ། །དྲང་། འོ་ན་ཇི་ལྟར་ཡིན་ན་གཟུང་འཛིན་བྲལ་བའི་རང་རིག་པ་ཉིད། དམིགས་བྱ་དམིགས་བྱེད་མེད་པའི་ཚུལ་དུ་དེར་སྣང་ངོ་། །སྒོམ་བྱ་དོན་དམ་སྤྲོས་བྲལ་ཆོས་ཀྱི་དབྱིངས་དང་། དབྱིངས་ཡེ་ཤེས་ཀྱང་རང་རིག་ཁོ་ན་ཙམ་དུ་ཟད་དོ། ༈ །སེམས་ཀྱི་བཞག་ཐབས་ནོར་བ་ལ་གཉིས། བགྲང་། དམིགས་པ་གོལ་ཞིང་དམིགས་པ་མེད་པ་སངས་རྒྱས་ཡིན་པར་བསྟན་པ་དང་། དྲང་། ལྟ་བ་མ་རྟོགས་པའི་བློ་ཆུང་བ་གང་ཞིག་ལྟ་བ་ཡུལ་དུ་དམིགས་པ་སྟེ། འདི་ལ་གཉིས། དོན་སྤྱི་མཚན་གོ་བ་ལ་དམིགས་པ་དང་། རང་མཚན་ལྷག་མཐོང་གི་ཉམས་ལ་དམིགས་པ་གཉིས། དང་པོ་ནི་མཚན་ཉིད་ཐེག་པའི་ལུགས་ལ། ཚོགས་ལམ་ཆོས་རྒྱུན་ཆེན་པོའི་ཏིང་ངེ་འཛིན་མན་ཆད་ཡིན། གཉིས་པ་སྦྱོར་ལམ་གྱི་དྲོད་ནས་བཟུང་སྟེ། འཇིག་རྟེན་ཆོས་མཆོག་མན་ཆད་པ་རྣམས་ཡིན། དེ་ལྟ་བུའི་མཉམ་བཞག་ཡུལ་དུ་དམིགས་ནས་ཏིང་ངེ་འཛིན་ལ་འཇུག་པ་ནི་དམིགས་པ་ཡོད་པ་དེ་སྲིད་དུ་འཇིག་རྟེན་རྒྱང་འཕེན་པ་སྟེ། དེ་ནི་འཇིག་རྟེན་པའི་སྒོམ་ཡིན་ནོ། །འཇིག་རྟེན་ལས་འདས་པའི་སྒོམ་ནི་ཡུལ་དུ་འཇུག་བྱ་འཇུག་བྱེད་མེད་པར་རྩལ་བྲལ་དུ་རྟོགས་པ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པར་ནི་ཐུབ་པའི་དབང་པོ་ཉིད་དང་ཀུན་ཏུ་བཟང་པོ་ཉིད་ཀྱིས་གསུངས་སོ། །དམིགས་པས་དམིགས་མེད་མི་མཐོང་བ་དཔེ་དང་བཅས་པའོ། །དྲང་། ཡང་དག་པར་རམ་ངེས་པར་སྒོམ་བྱ་ཆོས་ཉིད་བློའི་ཡུལ་དུ་བསམ་ཞིང་དེ་ལ་ཡུལ་དུ་བྱས་ནས་དམིགས་སུ་ཡོད་པར་འདོད་ན་དཔེར་ན་ཕྲ་རབ་ཁབ་མིག་དུ་ཐེན་ཐག་སྐུད་པ་འཛུད་པ་ལྟ་བུའི། །དོན་དམ་ཆོས་ཉིད་དེ་བཞིན་ཉིད་དམིགས་སུ་མེད་པ་དེ་ཡིས་དོན་མི་མཐོང་སྟེ། ཐེན་ཐག་སྐུད་པ་ཁབ་མིག་ཏུ་འཛུད་པས་ནམ་མཁའ་མི་མཐོང་བ་བཞིན་ནོ། ༈ །བཞི་པ་ངོ་བོ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། སྟོང་པ་ཆེན་པོའི་རྣལ་འབྱོར་སྐྱེ་མེད་དུ་མཉམ་པའི་དེ་བཞིན་ཉིད་དེ་ངོ་བོ་ཐ་དད་ཡོད་པ་བཞིན་དུ་དེའི་རྣམ་གྲངས་ཀྱང་འཇུག་ཅིང་ཞོར་ལ་ངེས་ཚིག་དང་། རྣམ་པ་གསུམ་དུ་ངེས་པར་འབྱུང་བ་ཡིན་ནོ། །དེ་བས་ན་ཀུན་སྣང་ལ་སོགས་པའི་ལམ་ཀུན་ལ་ཡང་ངོ་བོ། རྣམ་གྲངས། ངེས་ཚིག་གསུམ་གསུམ་དུ་འབྱོར་པར་གྱིས་ཤིག ༈ །རྒྱས་པར་བཤད་པ་ལ་གཉིས། བགྲང་། དེ་བཞིན་ཉིད་ཀྱི་རྣམ་གྲངས་སྤྱིར་བསྟན་པ་དང་། དྲང་། སྤྱིར་རྒྱུའི་ཐེག་པར་ཉན་རང་ལ་ལྟོས་ན་ཆེན་པོ་དབུ་མ་པ། གསང་སྔགས་ཀྱི་ཐེག་པ་ལ་ལྟོས་ན་དམན་པས་ན་ཐེག་འོག་དབུ་མ་པས་སྤྲོས་པའི་མཐའ་བརྒྱད་པོ་བཀག་ཅིང་བསལ་བའི་ཆོས་ཉིད་མ་སྐྱེས་དེ་བཞིན་ཏེ་རང་བཞིན་ནམ་ངང་གི་སྟོང་པ་ཉིད་དུ་འདོད་པའོ། །དེ་ཡང་སྔར་མི་སྟོང་པ་གཅིག་འཕྲལ་དུ་སྟོང་པར་འདོད་པ་ཡིན་ཏེ་ཡེ་གདོད་མ་ནས་སྟོང་པ་ལ་སྟོང་པ་ཉིད་བྱ་བའི་ཐ་སྙད་ཙམ་དང་ཡང་བྲལ་བས། སྐྱེ་འགགས། རྟག་ཆད། འགྲོ་འོང་། གཅིག་དུ་མའི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ཙམ་རང་དུའང་། མ་ཧཱ་ཡོ་ག་འདིར་འདོད་པ་མ་ཡིན་ནོ། །སྔགས་ཀྲི་ཡའི་ཐེག་པ་བ་གང་གི་རང་གི་སེམས་ཉིད་དག་པ་མཐའ་བཞིའི་དྲི་མ་མེད་པའི་དེ་བཞིན་ཉིད་རྣམ་པར་དག་པའི་ཆོས་ཉིད་དུ་འདོད་པ་དང་། རྣལ་འབྱོར་ཡོ་གའི་དེ་བཞིན་ཉིད་ནི་རྣལ་འབྱོར་ཡོ་ག་བའི་ཆོས་ཀྱི་དབྱིངས་ལ་སྤྲོས་པའི་མཚན་མ་མེད་པའི་དེ་བཞིན་ཉིད་དུ་འདོད་པ་དང་། བཞི་པ་མ་ཧཱ་ཡོ་གའི་དེ་བཞིན་ཉིད་ནི། མ་ཧཱ་ཡོ་གའི་སྣང་སྟོང་གཉིས་མེད་ལ་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པའི་སྣང་སྟོང་ངོ་བོ་མཉམ་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །ཁྱད་པར་མ་ཧཱའི་དེ་བཞིན་ཉིད་རྒྱས་པར་བསྟན་པ་ལ་བཞི། བགྲང་། མ་ཧཱའི་དེ་བཞིན་ཉིད་དཔག་ཚུལ་དང་། དྲང་། དེ་ལྟར་དབུ་མའི་དོན་དམ་སྟོང་ཉིད་སྤྲོས་པའི་མཐའ་བརྒྱད་བྲལ་བར་འདོད་པ་དང་། ཀྲི་ཡའི་སེམས་དག་པ་མཐའ་བྲལ་དང་། ཡོ་ག་བས་ཆོས་ཀྱི་དབྱིངས་སྤྲོས་བྲལ་དང་། མ་ཧཱ་ཡོ་གའི་སྣང་བ་མ་སྤངས་པའི་སྟོང་ཆེན་ཏེ། རྣམ་གྲངས་བཞིའི་གོ་རིམ་གྱི་རིམ་པ་ཐ་མ་མ་ཧཱའི་དེ་བཞིན་ཉིད་སྔ་མ་གསུམ་ལས་བྱིན་རླབས་ཀྱི་ཁྱད་པར་འཕགས་པ། ཡོན་ཏན་གྱི་ཁྱད་པར་དུ་འཕགས་པ། ངོ་བོའི་སྒོ་ནས་བླ་ན་མེད་པའོ། །དེའི་དོན་རྒྱས་པར་བཤད་ན་ངོ་བོ་དཔག་ལུགས་ནི། དབུ་མ་ཀྲི་ཡ། ཡོ་གའི་དོན་དམ་གྱི་ངོ་བོ་ནི། གོ་རིམ་ལྟར་དོན་དམ་སྤྲོས་བྲལ་མཐའ་བརྒྱད་དང་བྲལ་བ་དང་། སྣང་བ་རྒྱུ། འབྲས་བུ་གང་དུའང་མ་གྲུབ་པའི་སྟོང་པ་ཕྱོགས་གཅིག་པ་སེམས་དག་པའི་མཐའ་བཞི་དང་བྲལ་བ་དང་། ཆོས་ཀྱི་དབྱིངས་ལ་སྤྲོས་པའི་མཚན་མ་མེད་པ་སོགས་སྔར་བཤད་པ་ལྟར་འདུག་ལ། མ་ཧཱ་ཡོ་ག་པས་སྣང་བ་གང་ཡང་མ་སྤང་པའི་སྟོང་ཆེན་དུ་འདུག་པས་དཔགས་སོ། །བྱིན་རླབས་དཔག་པ་ནི། འོག་མའི་དོན་དམ་གསུམ་ལ་གོ་རིམ་ལྟར། བྱིན་རླབས་ཅིར་ཡང་མི་འཆར་བ་དང་། རིགས་གསུམ་ཙམ་དང་རིགས་ལྔ་ཙམ་ལས་མི་སྣང་བ་ལ། མ་ཧཱ་ཡོ་གའི་དོན་དམ་ལ་ཉི་ཁྲི་བཞི་སྟོང་ལ་སོགས་པ་སྣང་བས་དཔགས་སོ། །ཡོན་ཏན་གྱིས་དཔག་པ་ནི། འོག་མའི་དོན་དམ་གསུམ་ལ་རྟོགས་ཤིང་གོམས་པའི་ཡོན་ཏན་གྱི། ཀུན་ཏུ་འོད་དང་། རིགས་གསུམ་རྡོ་རྗེ་འཛིན་དང་། ཡོ་ག་སྟུག་པོ་བཀོད་པ་རང་སའི་འབྲས་ བུ་རེ་ལས་མི་ཐོབ་ལ། མ་ཧཱ་ཡོ་གས། པདྨ་སྤྱན་ཐོབ་པས་དཔགས་སོ། །ཡང་ན་དོན་དྲིལ ་ནས་བཤད་ན། བྱིན་རླབས་ཀྱི་ཡོན་ཏན་ངོ་བོས་བླ། འདི་ལ་ཡོ་ག་མན་ཆད་ཀྱི་དེ་བཞིན་ཉིད་ཀྱི། ཐབས་ཀྱི་ཕྱག་རྒྱ་ཞི་ཁྲོ་ལ་སོགས་པའི་གཟུགས་སྐུ་དཔག་ཏུ་མེད་པ་མི་འགྱུར་ལ། འདིར་མ་ཧཱ་ཡོ་གའི་དེ་བཞིན་ཉིད་ལ། ཀུན་རྫོབ་ཀྱི་སྣང་བ་ཅིར་ཡང་འཆར་ཞིང་འབྱུང་བས་བྱིན་རླབས་ཀྱི་བླར་གྱུར་པ་ཡིན་ཏེ། གསང་སྙིང་ལས། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེ་བ་མེད་པ་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། སྐྱེས་པ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་འཆར་དུ་རུང་བའི་དོན་ཡིན་ནོ། །ཡོན་ཏན་གྱི་བླར་གྱུར་པ་ནི། ཡོ་ག་མན་ཆད་ཀྱི་དོན་དམ་མཚན་མ་མེད་པར་གནས་པས་ཡོན་ཏན་ཆུང་ལ། མ་ཧཱ་ཡོ་གའི་དོན་དམ་དུ། དཀོར་བདུན་ལྷུན་གྲུབ་ཀྱིས་དཔགས་སོ། །འདི་ཉིད་ལས། དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཞེས་གསུངས་པ་བཞིན་ནོ། །ངོ་བོས་བླར་གྱུར་པ་ནི། ཡོ་ག་མན་ཆད་ཀྱི་དོན་དམ་སྟོང་པ་ཕྱོགས་གཅིག་པ་ཡིན་ལ། འདིར་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྱིས་གྲུབ་པས། ངོ་བོ་སྣང་སྟོང་དབྱེར་མེད་ཡིན་པས་དཔགས་སོ། །དེ་ཡང་འདི་ཉིད་ལས། དཔག་བསམ་ཤིང་དང་རིན་ཆེན་ལྟར། །དེ་ཀུན་ངོ་བོ་ཉིད་རྒྱུར་གནས། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་གསུང་པའི་ཕྱིར་རོ། །འགའ་ཞིག་གིས། བདེན་གཉིས་ཡེ་ནས་དབྱེར་མེད་པ། གསང་སྔགས་སྤྱིའི་ལྟ་བ་ཡིན། །ཟེར་བ་འདི་ལ་གོལ་གཞི་བྱས་ནས། དབུ་མའི་དོན་དམ་དང་། མ་ཧཱ་ཤན་ཕྱེ་ལ། གསང་སྔགས་ཐམས་ཅད་དོན་དམ་ཀུན་རྫོབ་དབྱེར་མེད་ཡིན་པར་འདོད་པའི་རིགས་ཀྱང་མཐོང་ངོ་། །དེ་བཞིན་ཉིད་ཀྱི་རྣམ་གྲངས་ལ་གཉིས། རྣམ་གྲངས་མ་འདྲེས་པར་ཡོན་ཏན་གྱི་ཆ་ནས་དམིགས་དབྱེ་བ་དང་། དྲང་། བླ་མར་གྱུར་པ་མ་ཧཱ་ཡོ་གའི་དེ་བཞིན་ཉིད་འདི་ལའང་གནས་སྐབས་ཀྱི་མིང་གི་རྣམ་གྲངས་སུ་ཕྱེ་ན། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་གཅིག་ཅིང་བཟང་ངན་སྤང་བླང་མེད་པའི་དོན་གྱི་མཉམ་པ་ཉིད་དང་། ཆོས་ཀུན་རང་རིག་པ་ལ་ལྷུན་གྱིས་གྲུབ་པས་ལྷུན་གྲུབ་དང་། མཐའ་གང་ཡང་མ་སྤང་ཞིང་མི་ལྡན་པས་མཐའ་བྲལ་དང་། ཆོས་ཐམས་ཅད་ངོས་བཟུང་དང་བྲལ་ཞིང་བརྗོད་དུ་མེད་པས་ཐ་སྙད་མེད་པ་དང་། ཆོས་ཐམས་ཅད་ངོ་བོ་སྟོང་པས་སྟོང་པ་ཆེན་པོ་དང་། ཆོས་ཐམས་ཅད་དངོས་པོ་མ་གྲུབ་ཅིང་འདུས་མ་བྱས་ཡིན་པས་མ་སྐྱེས་པ་དང་། ཆོས་ཐམས་ཅད་རྩ་བྲལ་གཞི་མ་མེད་ཅིང་འབྱུང་ཁུངས་སུ་གྱུར་པས། ཆོས་ཀྱི་དབྱིངས་དང་། དེ་ལ་སོགས་པ་ཆོས་ཐམས་ཅད་ཀྱི་ཡོན་ཏན་གྱི་ལྡོག་པའི་བྱེ་བྲག་ཆ་རེ་ནས་མིང་རེ་བརྗོད་པར་ཟད་དོ། །དེ་གང་ཡང་མི་འགལ་བར་གཏན་ཚིགས་གསུམ་དང་ལྡན་པར་གནས་ཚུལ་ལོ། །མིང་གི་རྣམ་གྲངས་བདུན་པོ་དེ་དག་རེ་རེའང་། གནས་སྐབས་ཀྱི་མཚོན་པའི་མིང་དུ་བརྗོད་ན་གཉིས་ཏེ། ཐུན་མོང་མ་ཡིན་པ་རང་གི་ངོ་བོ་ངོས་བཟུང་བ་དང་། མིང་གི་མཚོན་པའི་སྒྲ་དོན་ནམ། ངེས་ཚིག་བརྗོད་པ་དེའང་སྒྲུབ་པར་བྱེད་པའི་གཏན་ཚིགས་ཀྱི་ཡན་ལག་དུ་དང་ལྡན་པ་ཡིན་ཞེ་ན། ལུང་མན་ངག་རིགས་པ་རྣམ་པ་གསུམ་ཐམས་ཅད་ལ་འཕྲུག་པར་སྦྱར་བ་རྒྱུད་ལས་འབྱུང་བ་ཡིན་ཏེ། རྡོ་རྗེ་མེ་ལོང་ལས། ལུང་དང་མན་ངག་རིགས་པ་ཡིས། །ཚད་མ་དག་གིས་གང་གཞལ་བ། །ཤེས་བྱེད་དེ་ཡང་ཚད་མར་འགྱུར། །ཅེས་པ་དང་། རིམ་གསུམ་ལས། གཞི་ལམ་འབྲས་བུ་བཅས་པའི་ཆོས། །དྲི་ལན་དམ་བཅའ་མཐར་དབྱུང་བ། །ལུང་དང་མན་ངག་རིགས་སྒོ་ནས། །རྟོགས་པར་བྱ་ཕྱིར་རྣམ་བཤད་བྱའང་། །ཞེས་པས། དེ་ལྟར་ན་མིང་བདུན་པོ་རེ་རེ་ནི་ལུང་རིགས་པ་མན་ངག་གསུམ་གསུམ་འབྱུང་སྟེ། མཉམ་པ་ཉིད་ཀྱི་ལུང་ནི། རྩ་རྒྱུད་ལས། མཉམ་ལ་མཉམ་པར་སྦྱོར་བ་ཡིས། །མཉམ་པའི་དམ་ཚིག་ལ་གནས་ན། །ཞེས་སོ། །མན་ངག་ནི། འདི་ཉིད་ལས། མཉམ་པའི་དོན་ཉིད་ཇི་ལྟ་བུ། །མཉམ་ཉིད་རང་བཞིན་གང་ཡང་མེད། །ཅེས་སོ། །རིགས་པ་ནི། བཟང་ངན་ཆེ་ཆུང་མེད་པའི་ཕྱིར་མཉམ་པ་ཉིད་དོ། །ལྷུན་གྲུབ་ཀྱི་ལུང་ནི། རྩ་རྒྱུད་ལས། བཅིང་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་སོ། །མན་ངག་ནི། འདི་ཉིད་ལས། དེ་ཕྱིར་མ་ཡིན་ཀུན་ཡིན་པ། །ཅི་ཡང་ཡིན་ནོ་ལྷུན་གྱིས་གྲུབ། །ཅེས་སོ། །རིགས་པ་ནི། གཉིས་སུ་མེད་པའི། ཅིར་ཡང་སྣང་བའི་ཕྱིར་ལྷུན་གྱིས་གྲུབ་བོ། །མཐའ་བྲལ་གྱི་ལུང་ནི། རྩ་རྒྱུད་ལས། གཅིག་དང་དུ་མ་བྲལ་བ་ཡིས། །མཐའ་དང་དབུས་མེད་དེ་བཞིན་ཉིད། །ཅེས་སོ། །མན་ངག་ནི། འདི་ཉིད་ལས། མཐའ་དང་བྲལ་ཕྱིར་མ་བྲལ་བ། །མ་བྲལ་ཕྱིར་ན་བྲལ་ཞེས་བྱ། །ཞེས་སོ། །རིགས་པ་ནི། མཐའི་ཞེན་པ་དང་དྲི་མ་མེད་པའི་ཕྱིར་མཐའ་བྲལ་ལོ། །ཐ་སྙད་མེད་པའི་ལུང་ནི། དགོངས་འདུས་ལས་གསུམ། བགྲང་། ཏིང་ངེ་འཛིན་གྱི་ངོ་བོ་ལ་གནས་པའི་སྐྱོན་ལ་ལྔ། བགྲང་། གོལ་སྒྲིབ་ཀྱི་སྐྱོན་ཉི་ཤུ་རྩ་ལྔ་དང་། དྲང་། དམིགས་པ་བརྗེད་དང་། ཞེས་པ་འདི་ལ་ལྟ་བ་ཇི་བཞིན་པ་མ་རྟོགས་ཤིང་། བླ་མའི་གདམ་ངག་བརྗེད་པ་སྟེ། ལས་དང་པོ་གཡོ་བའི་ཉམས་ཀྱི་དུས་ཕན་ཆད། དམིགས་མེད་བཞག་པ་འདྲེན་པས་བཟུང་ཤོར་ཏེ། སེམས་ཡེངས་ནས་སྒོམ་བྱའི་དོན་མི་གསལ་བའོ། །འོ་ན། གོང་དུ། གང་ཞིག་དམིགས་ནས་འཇུག་བྱེད་པ། །དེ་སྲིད་འཇིག་རྟེན་རྒྱང་འཕེན་པ། །ཞེས་པ་ལ་སོགས་པ་དམིགས་བྱ་དམིགས་བྱེད་མེད་པར་བཤད་པ་དང་། འདིར་དམིགས་པ་བརྗེད་པ་དང་། འགལ་ལོ་ཞེ་ན། མི་འགལ་ཏེ། དང་པོ་ནི། སྟོང་ཉིད་དུ་དམིགས་ནས་ཡུལ་དུ་སྒོམ་ན། གཉིས་འཛིན་ཡིན་པས། དེ་བཞིན་ཉིད་མི་མཐོང་བའི་སྐྱོན་ཡིན་པས། དམིགས་མེད་དུ་བཞག་པར་བསྟན་པ་ཡིན་ལ། འདིར་དྲན་པའི་གདམས་ངག་གི་དམིགས་པ་མ་བརྗེད་པར་མ་བྱས་ན་སྒོམ་དུ་མི་འཇོག་ཅིང་། ཕྱལ་བར་སོང་ན་མ་དྲན་ནས། ཐ་མ ལ་དུ་ལུས་ན་སྐྱོན་དུ་བསྟན་པ་ཡིན་པས་མི་འགལ་ལོ། །བྱིང་རྒོད་དྲུག་ཞེས་པ་འདི་ལ་བཤད་ལུགས་འགའ་ཞིག་ཡོད་དེ། འདིར་རེ་ཞིག་འདིར་ལྟར་བྱས་ན་གོ་བདེ། བྱིང་བ་ནི། སྒོམ་བྱའི་དོན་མི་གསལ་བ་སྟེ། ཤེས་པ་བྱིང་ཐིབས་སེ་སོང་བའོ། །དེ་ལ་ཡང་གསུམ། རང་བཞིན་གྱིས་བྱིང་བ་དང་། རྐྱེན་གྱིས་བྱིང་བ་དང་། ཆེད་དུ་བྱས་པའི་བྱིང་བའོ། །དང་པོ་རང་བཞིན་གྱིས་བྱིང་བ་ནི། ཤེས་པ་རང་བཞིན་གྱིས་འཐིབ་པའོ། །གཉིས་པ་རྐྱེན་གྱིས་བྱིང་བ་ནི། ཆད་དང་ངལ་དུབ་དང་། དྲོ་སར་བསྡད་པས་བྱིང་བའོ། །གསུམ་པ་ཆེད་དུ་བྱས་པའི་བྱིང་བ་ནི། ཤེས་པ་ནང་དུ་བསྡུས་ནས་སྒོམ་པས་བྱིང་བའོ། །རྒོད་པ་ནི། རིག་པ་བཞག་ཐོག་ཏུ་མི་སྡོད་པར་ཤེས་པ་ཡུལ་སྣ་ཚོགས་ཀྱིས་རྗེས་སུ་འཕྲོ་བའོ། །དེ་ལ་ཡང་གསུམ། རང་བཞིན་གྱིས་རྒོད་པ་དང་། རྐྱེན་གྱིས་རྒོད་པ་དང་ཆེད་དུ་བྱས་པའི་རྒོད་པའོ། །དང་པོ་རང་བཞིན་གྱི་རྒོད་པ་ནི། རང་ཤུགས་ཀྱི་ཤེས་པ་འཕྲོ་བའོ། །གཉིས་པ་རྐྱེན་གྱི་རྒོད་པ་ནི། ཉིན་པར་འདུ་འཛི་གཡེངས་པ་མི་ཆོས་ཀྱི་གཏམ་རྒྱུད། ལྷ་ཆོས་སྒྲུང་གླིང་ལ་སོགས་རྣམས་ཀྱི་སྟོབས་ཀྱིས་ཤེས་པ་ཡུལ་ལ་འཕྲོ་བའོ། །གསུམ་པ་ཆེད་དུ་བྱས་པའི་རྒོད་པ་ནི། སྒོམ་གྱི་ངོ་བོ་དོན་གསལ་སྟོང་ཆེད་དུ་གཉེར། ལྟ་སྟངས་བསྟོད་ནས་སྒོམ་པའོ། །ཆེད་དུ་རྩོལ་བ་དང་། བཅོས་ནས་སྒོམ་པ་སྟེ་ཤེས་པ་བསྒྲིམ་པ་དང་། མི་རྩོལ་བ་སྟེ། ལེ་ལོའི་དབང་དུ་ཤོར་ནས་ཏིང་ངེ་འཛིན་དུ་མི་འཇུག་ཅིང་ལྷོད་པ་དང་། ལུས་ངག་ཡིད་གསུམ་ཆེད་དུ་འཆོས་པར་བྱེད་པ་དང་། འདི་གསུམ་གྱི་སྒོམ་ལ་གཅུན་ཀློད་སྤྲད་མ་ཤེས་པའི་སྐྱོན་ཡིན། འདི་ལ་བྲམ་ཟེ་མོའི་སྐུད་པ་བཀལ་བ་ལྟ་བུའི། བ་མུ་འཚོས་ཀྱིས་གདམ་ངག་ཤེས་དགོས་སོ། །སྒོམ་ཀྱི་ངོ་བོ་ཁམས་གསུམ་ས་དགུ་ལ་གྲོལ་དགོས་པ་དང་། ས་དགུ་གང་ཞེ་ན། འདོད་ཁམས་ས་གཅིག་པ་དང་། གཟུགས་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་སྐྱེ་མཆེད་མུ་བཞི་དང་དགུའོ། །མུ་སྟེགས་རྟག་ཆད་དུ་ལོག་གི་དོགས་པ་སྟེ། དེ་གཉིས་དྲིལ་བས་བཅུ་གཅིག་དང་། ཐུན་མོང་ཉན་རང་གཉིས། སེམས་ཙམ་དང་གསུམ། དབུ་མ་དང་བཞི། ཀྲི་ཡ་དང་ལྔ། ཨུ་པ་དང་དྲུག །ཡོ་ག་དང་བདུན་སྟེ། གོང་གི་བཅུ་གཅིག་དང་བཅོ་བརྒྱད་དོ། །དེའི་ཐོག་ཏུ་གོལ་སྒྲིབ་ཀྱི་སྐྱོན་ཉི་ཤུ་རྩ་ལྔ་བརྩི་ན། དམིགས་པ་བརྗེད་དང་གཅིག །རྩོལ་མི་རྩོལ་གཉིས་བྱིང་རྒོད་ཀྱི་ཁུངས་སུ་རྟོགས་པས། བྱིང་རྒོད་དྲུག་སྟེ་བདུན་དང་ཉི་ཤུ་རྩ་ལྔའོ། །ཡང་ན་འདི་བཅོ་བརྒྱད་ཚོ་འདི་ལྟར་དུ་འདོད་དེ། སྤྱིར་གོལ་དུ་དོགས་པ་ནི། ལྷ་མི་ནས། ཡོ་ག་མན་ཆད་ཐུན་མོང་གི་ཐེག་པ་བདུན་དུ་གོལ་དོགས་ཡོད་པའི་ཕྱིར་ཏེ། དེ་ལྟར་བདུན་དང་། གོང་གི་བཅུ་བཞི་སྟེ་བརྒྱད་དོ། །དེ་ཡང་དོགས་པ་ནི། ཁམས་གསུམ་ས་དགུའོ། །ལོག་པ་ནི་རྟག་ཆད་གཉིས་སོ། །ཐུན་མོང་ནི། དམིགས་པ་བརྗེད་པ་དང་། རྩོལ་བའི་རྐྱེན་གྱི་རྒོད་པ་གསུམ་དང་། མི་བརྩོལ་བའི་རྐྱེན་གྱིས་བྱིང་བ་གསུམ་དང་བདུན་སྟེ་བཅོ་བརྒྱད་དོ། །ཡང་ན། དམིགས་པ་བརྗེད་དང་བྱིང་བ་དང་། རྒོད་པ་དང་། རྩོལ་བ་དང་། མི་རྩོལ་བ་དང་། དགེ་བ་སྤྱི་ནས་བགྲངས་པའི་གཅིག་དང་ལོག་པ་སྤྱི་ནས་བགྲངས་པ་གཅིག་དང་བདུན། བྱེ་བྲག་ནས་བགྲངས་པས་བཅུ་གཅིག་དང་བཅོ་བརྒྱད་དོ། །ཡང་ལུགས་གཅིག་ལ། ཐུན་མོང་གི་ཐེག་པ་བདུན། ཞོར་བྱུང་གི་མུ་སྟེགས་དགུ་དང་། གཞི་བོའི་རྟག་ཆད་གཉིས་དང་བཅོ་བརྒྱད་དུ་འདོད་དོ། །གཡེང་བའི་སྐྱོན་དྲུག་དང་། དྲང་། གོང་གི་སྒྲིབ་པ་དེ་བཞིན་དུ་གཞན་ཡང་ཏིང་ངེ་འཛིན་ལ་གཡེང་བའི་སྐྱོན་རྣམ་པ་དྲུག་ཡོད་ཏེ། གང་ཞེ་ན། ངོ་བོས་གཡེང་བ་དང་། ཕྱི་རོལ་གྱིས་གཡེང་བ་དང་། ནང་གིས། མཚན་མས། ཡིད་ལ་བྱེད་པས། གནས་ངན་ལེན་གྱིས་གཡེང་བའོ། །དང་པོ་ནི། རང་བཞིན་ངོ་བོས་ཡུལ་འཕྲོ་བའི་གཡེངས་བ་ནི་སྒོ་ལྔའི་རྣམ་པར་ཤེས་པ་ལྔ་ནི་ངོ་བོའི་གཡེང་བའོ། །གཉིས་པ་ཕྱི་རོལ་འདོད་ཡོན་གྱི་ཡུལ་ལྔར་ཤེས་པ་འཕྲོས་པས་ཏིང་ངེ་འཛིན་གྱི་བར་ཆད་ཀྱི་རྐྱེན་བྱེད་པ་སྟེ་ཕྱི་རོལ་གྱིས་གཡེང་བའོ། །བྱིང་བ་དང་། རྒོད་པ་དང་། མཉམ་བཞག་ལ་གཡེང་བའི་སྙོམས་འཇུག་ཏིང་ངེ་འཛིན་གྱི་རོ་མྱོང་བར་འདོད་པ་ནང་གི་གཡེང་བ་ཡིན་ཏེ། གཞན་གྱི་དོན་བྱ་བའི་ཕྱིར་དགེ་སྦྱོར་བྱེད་པ་ནི་མཚན་མའི་གཡེང་བའོ། །འགོག་པའི་སྙོམས་འཇུག་གཞན་ཡང་ཐེག་པ་གཞན་གྱི་གཞུང་དེ་ཡི་ལུགས་ཀྱི་ཏིང་ངེ་འཛིན་ལ་སེམས་འཕྲོ་བ་ནི། ཡིད་ལ་བྱེད་པའི་གཡེང་བའོ། །འཇིག་རྟེན་གྱི་དྲེགས་པའོ། །སྙོམས་པའི་བདག་ཏུ་འཛིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེ་ནི་གནས་ངན་ལེན་གྱི་གཡེང་བ་ཞེས་བྱ་སྟེ། དེའི་རྐྱེན་གྱི་འཁོར་བར་སྐྱེ་བ་ལེན་པར་ཐེ་ཚོམ་མེད་དོ། ༈ །བར་དུ་གཅོད་པའི་སྐྱོན་བཅུ་དང་། དྲང་། སྔར་གྱི་ཡུལ་ལམ་རྟོགས་པའི་དྲན་པ་བྱུང་ནས་དེའི་རྗེས་སུ་རྟོགས་པ་ཕྱི་མ་ལུང་བཏགས་ཤིང་བློ་འབྲང་བ་དང་། གཉིས་པ་ཆེད་དུ་འགོག་པ་སྟེ་མཉམ་པར་འཇོག་པའི་ཚེ། རིག་པ་ཡེ་ཤེས་ཀྱི་འཆར་སྒོ་མ་ཤེས་ནས། ཚོགས་དྲུག་ཆེད་དུ་བཀག་ནས་འགོག་པའོ། །གསུམ་པ་ནི། ཐེར་ཟུག་ཅེས་པ་ནི་དཔེར་ན་མི་འགྱུར་བའི་གདམས་པ་ལྟར། ཉམས་ལེན་གྱི་སྣ་བསྒྱུར་མ་ཤེས་པར་ཨ་འཐས་སུ་སྒོམ་པའོ། །འདིས་ལྷག་མཐོང་ལ་སྒྲིབ་པའོ། །བཞི་པ་ནི་ཕྱལ་བ་དང་། ཞེས་པ་ནི་སྒོམ་པའི་ཚེ་གནད་འཛིན་མི་ཤེས་པས་ཉམས་ལེན་རྒྱུ་མ་རྙེད་པའོ། །ལྔ་པ་ནི། ཆེད་དུ་གསུམ་ཆོས་ཡིད་ལ་བྱེད། །ཞེས་པས། ལུས་ངག་ཡིད་གསུམ་ཆེད་དུ་བཀོལ་ནས། སྒོམ་བཅོས་བསླད་དང་བྲལ་བ་བཅོས་བསླད་ཅན་བྱེད་པའོ། །དྲུག་པ་ནི། ཏིང་ངེ་འཛིན་གྱི་རོ་ཉམས་སུ་མྱོང་བར་བྱེད་པ་དང་། བདུན་པ་ནི། འདུ་ཤེས་ཀྱི་མཚན་མ་ལ་གནས་ཤིང་ཡུལ་དུ་དམིགས་པ་དང་། བརྒྱད་པ་ནི། ཤེས་པ་ནང་དུ་སྡུད་པ་དང་། དགུ་པ་ནི། ཏིང་ངེ་འཛིན་གྱི་དོན་ཇེ་གསལ་དུ་མངོན་དུ་བྱེད་པ་དང་། བཅུ་པ་ནི། ཏིང་ངེ་འཛིན་དང་འབྲས་བུ་ལ་རེ་བ་མང་བའོ། །བར་དུ་གཅོད་པའི་སྐྱོན་འདི་ལ་ས་བཅད་ནང་ལ་བཅུ་གཅིག་བྱས་ཟིན་པ་འདི་ཡི་གེ་མ་དག་པ་ཨི་ཡིན་བརྟག་པར་བྱའོ། ༈ །རྟོག་པའི་སྐྱོན་བཅུ་དང་། དྲང་། ཏིང་འཛིན་ལ་སྒྲིབ་པའི་སྐྱོན་རྩ་བའི་རྟོག་པ་ལྔ་ཡན་ལག་གི་རྟོག་པ་བཅུའོ། །དང་པོ་རྩ་བ་ལྔ་ནི། རྟོག་པ་དང་། མཚན་མ་དང་། རྒྱུ་བ་དང་། ཚོར་བ་དང་། བྱུང་ཚོར་རོ། །དེ་ལ་རྟོག་པ་ནི། ཡོད་མེད་དང་ཡིན་མིན་ལ་སོགས་པ་སེམས་སྤྱིའི་རྣམ་པ་ལ་རྟོག་པའོ། །མཚན་མ་ནི། འདུ་ཤེས་ཀྱི་ཡུལ་ལ་མཚན་མར་འཛིན་པའོ། །རྒྱུ་བ་ནི། དེའི་རྗེས་སུ་དྲན་པའི་རྒྱུན་རིང་ཐུང་དུ་རྒྱུ་བའོ། །ཚོར་བ་ནི་ཉམས་སུ་མྱོང་བའོ། །བྱུང་ཚོར་ནི། རྟོག་པའི་འབྱུང་འཇུག་དུས་མྱུར་བུལ་ལྟོས་པའོ། །གཉིས་པ་ཡན་ལག་བཅུ་ནི། རྩ་བ་ལྔ་པོ་དེ་དག་རེ་རེ་ལ་ཡན་ལག་གཉིས་གཉིས་ཏེ་བཅུའོ། །དེ་ཡང་རྟོགས་པ་སེམས་ཀྱི་རྣམ་པའི་སྒོ་ནས་བཞག་སྟེ། ཁྲས་དང་རྩེད་མོ་གཞན་ལྟ་བུ། ཕྲ་རགས་གཉིས་དང་། མཚན་མ་འཛིན་པའི་སྒོ་ནས་བཞག་སྟེ། དགོས་ཆེད་དང་བྱིས་པ་ལྟ་བུ་ཆེ་ཆུང་གཉིས་དང་། རྒྱུ་བ་རྒྱུན་གྱི་སྒོ་ནས་བཞག་སྟེ། འདོད་ཆགས་དང་ཞེ་སྡང་ལྟ་བུ་རིང་ཐུང་གཉིས་དང་། ཚོར་བ་ཉམས་མྱོང་གི་སྒོ་ནས་བཞག་སྟེ། ངར་གདོངས་དང་སྣག་པོ་ཆེ་ལྟ་བུ་གསལ་མི་གསལ་གཉིས་དང་། བྱུང་ཚོར་གོམས་པའི་སྒོ་ནས་བཞག་སྟེ། ཁ་འདོན་བྱང་མ་བྱང་ལ་མྱུར་བུལ་ལྟ་བུ་ཡོད་པ་གཉིས་སོ། །འདི་རྣམས་ཀྱི་དོན་རྒྱས་པར་ཤག་རྡོར་བའི་ཡིག་ཆ་ནང་དུ་གཟིགས་མཛོད། སྐྱོན་དབང་དུ་སོང་བའི་གོལ་ས་བསྟན་པའོ། །དྲང་། འཇིག་རྟེན་གསུམ་གྱི་དང་པོ་འདོད་ཁམས་སུ་གོལ་བ་ནི། གོང་གི་རྟོགས་པ་ཕྲ་རགས་དེ་ལ། མི་དགེ་བ་བཅུ་རང་ཁ་སྤྱོད་ན་ངན་སོང་གནས་བཅུ་ལ་གོལ་ལ། དགེ་བཅུའི་རྟོག་པ་ཕྲ་རགས་བསྐྱེད་ན། མཐོ་རིས་གནས་བཅུ་ལ་གོལ་ལོ། །གཟུགས་ལ་བདག་ཏུ་བཟུང་བས་གཟུགས་ཁམས་ཀྱི་བསམ་གཏན་བཞིར་གོལ་བར་བསྟན་ཏེ། དེ་ཡང་སྟོང་ཆེན་ལ་མཉམ་པར་བཞག་པའི་ཚེ་ན་གནས་ལུགས་ཀྱི་དོན་མ་རྟོགས་པར། མཉམ་བཞག་ངོ་བོ་ལ་འདི་ཡིན་འདི་མིན་གྱི་རྟོག་དཔྱོད་ལ་ཤེས་པ་འཇུག་ན། བསམ་གཏན་དང་པོར་གོལ་ལོ། །དེ་ནས་རྟོག་པ་ཞི་ནས་དཔྱོད་པ་ལ་གནས་ཅིང་དགའ་བདེ་ཤར་བ་ནི། གཉིས་པར་གོལ་ལོ། །རྟོག་དཔྱོད་གཉིས་ཞི་ནས་མཉམ་བཞག་ཀློང་ལ་བརྟེན་པ་ནི། གསུམ་པར་གོལ་ལོ། །དེ་ཡི་སྤྲོས་པ་ཡང་ཞི་ནས། སེམས་མི་གཡོ་བཏང་སྙོམས་སུ་གནས་པ་ནི་བསམ་གཏན་བཞི་པར་གོལ་ལོ། །མིང་བཞིའི་ཕུང་པོ་ལ་བདག་ཏུ་བཟུང་བས། གཟུགས་མེད་པའི་སྙོམས་པར་འཇུག་པ་སྐྱེ་མཆེད་མུ་བཞིར་གོལ་ཏེ། དེ་ཡང་མཉམ་བཞག་ནམ་མཁའ་ལྟ་བུ་ཡིན་སྙམ་ནས། དེ་ལ་བློ་གནས་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་གོལ་ལོ། །དེ་ཉིད་སེམས་རྣམ་རང་བྱུང་སྙམ་ནས་སྒོམ་ན། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་གོལ་ལོ། །དེའི་སྤྲོས་པ་ཡང་ཞི་ནས་སྟོང་པ་ལ་བློ་གནས་པ། ཅི་ཡང་མེད་པའི་སྐྱེ་མཆེད་དུ་གོལ་ལོ། །དེ་ཆད་ལྟར་འགྱུར་དོགས་ནས་འདུ་ཤེས་ཕྲ་བ་ཡོད་པ་ཡང་མ་ཡིན། རྟག་ལྟར་འགྱུར་དོགས་ནས་རགས་པ་ཡོད་པ་ཡང་མ་ཡིན་སྙམ་ནས་སྒོམ་པ་ནི། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དུ་གོལ་ལོ། །དེ་ལྟར་ཁམས་གསུམ་པ་ས་དགུ་སྟེ་དེ་དག་དུ་གོལ་བའོ། །མུ་སྟེགས་རྟག་ཆད་དུ་ལོག་པ་ནི་ཐེར་ཟུག་རྟག་པར་ལྟར་བ་དང་། སྔ་ཕྱིའི་མཐའ་ཆད་པ་མ་གྲུབ་པར་ལྟ་བ་སྟེ། དེ་གཉིས་ནི་ཕྱིན་ཅི་ལོག་གི་ལྟ་བར་གོལ་བའོ། ༈ །ཁམས་ཀྱི་སྐྱོན་དང་། དྲང་། སྒོ་གསུམ་གྱི་འཇིག་རྟེན་གྱི་བྱ་བ་མང་པོ་བྱེད། ཏིང་ངེ་འཛིན་ལ་བློ་འབྱུང་འཇུག་རྐྱེན་ཞིང་སྒོམ་པ་ཉམས་སུ་ལེན་པ་ལ་ངང་ཐུང་བ་དང་སེམས་འཁྲུགས་པ་དང་། རྣ་བར་དུ་ཤང་གི་སྒྲ་ཐོས་པ་དང་། ཡུལ་ཁམས་དང་གནས་ཁང་ལ་རང་གི་མགོ་བོ་འཁོར་ཞིང་སྔོ་སྐྱ་རླུང་སེར་སྐྱ་མཁྲིས་པ། དམར་སྨུག་བད་ཀན་ལ་སོགས་པའི་ཁ་དོག་མཐོང་བ་དག་ཁམས་འཁྲུགས་པ་ལས་གྱུར་པའི་སྐྱོན་གྱི་ཆ་ཡང་བརྟག་ཤིང་ཤེས་པར་བྱའོ། །སྤྱོད་ལམ་སྒོམ་ཆེན་གྱི་སྐྱོན་དྲུག་གོ། །དྲང་། རྣལ་འབྱོར་པ་དེ་ཡིས་འགྲོ་བ་དང་། ཉལ་བ་དང་། འདུག་ཅིང་སྡོད་པ་དང་། ཟས་ནོར་ལ་ལོངས་སྤྱོད་པའི་ཚེ་ནའང་སྟོང་པ་ཆེན་པོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་དང་བྲལ་བ་ནི། འདུག་ཅིང་སྡོད་པའི་ཚེ། ཡུར་རྩེ་དེ་བྱ་ར་བ་ཁྲ་ལྟ་བུའི་སྒོམ་ཆེན་དང་། འགྲོ་བའི་ཚེ་མཉམ་བཞག་དང་མི་འབྲལ་བ་མི་བྱེད་བཅིང་། བསྒྲུབ་ཁང་ནང་ན་དོན་མང་སྟེ་དཔེར་ན་དུར་རྐུན་སྟེ་མིས་མི་མཐོང་བའི་ལུང་སྲོལ་ནང་དུ་དོན་མང་ཝ་ལྟ་བུའི་སྒོམ་ཆེན་དང་། དེ་བཞིན་དུ་ཆུ་སྟེང་དུ་མི་མངོན་ཡང་། ཆུ་ཞབས་སུ་དོན་མང་བ་ཉ་ལྟ་བུའི་སྒོམ་ཆེན་དང་། ཉལ་བའི་ཚེ་འོད་གསལ་གཉིད་དང་མི་བསྲེ་ཞིང་གླང་གཉིད་པ་ལྟ་བུའི་སྒོམ་ཆེན་དང་། ཟས་ནོར་ལ་ལོངས་སྤྱོད་པའི་ཚེ་མཉམ་བཞག་དྲན་པས་མི་བཟུང་ཞིང་སྐམ་ཆགས་ཆེ་བ་ཚོང་པའི་སེམས་ལྟ་བུར་གྱུར་ཏེ་ཚོང་པ་ལྟ་བུའི་སྒོམ་ཆེན་དང་། ཏིང་ངེ་འཛིན་ལ་སྡོད་མི་ཚུག་ཅིང་བྱ་བྱེད་མང་བ་སྤྲེའུ་གྱི་སྤྱོད་པ་བཞིན་བྱེད་པ་ནི། བྱ་བྱེད་མང་བ་སྤྲེའུ་ལྟ་བུ་སྒོམ་ཆེན་དང་། དེ་རྣམས་སྒོམ་ཆེན་གྱི་སྐྱོན་ཆེ་ཤོས་ཡིན། བསམ་གཏན་ཆོས་དྲུག་ལས། མཚན་མ་ཚིག་གི་རྣལ་འབྱོར་པ། །ཚིག་ལ་ཞིབ་ཅིང་དོན་ལ་རྩིང་། །ཡང་དག་དོན་ལ་མ་འབྱོར་བ། །འདུག་ན་མཚན་མའི་བྱ་ར་བྱེད། །འགྲོ་ཚེ་མ་རབ་འཕྱོ་ཞིང་རྒྱུག །ཉལ་ན་མཚན་མའི་བསམ་དཔྱོད་བཏོང་། །འདུག་ཚེ་གཉིད་དང་བྱིང་དབང་སོགས། །ཟ་ན་སྐོམས་ཆགས་དབང་གིས་སྤྱོད། །འཚོགས་ན་ག་ཞ་བྲེ་མོ་གཏམ། །སྒོམ་ཁང་ནང་ན་གྲོང་ཆོག་མཛད། །རྫས་ཀྱི་ཁས་ལེན་རློམ་སེམས་པ། །བཞེད་པ་མཐོ་རིས་བྱང་ཆུབ་བཞེད། །འགྲོ་བ་འཁོར་བའི་གནས་སུ་འགྲོ། །ཞེས་སོ། །དྲུག་པ་བཅོས་ཐབས་ལ་གསུམ། བགྲང་། ཏིང་ངེ་འཛིན་ངོ་བོ་ལ་གནས་པའི་སྐྱོན་བཅོས་ཐབས་ལ་གཉིས། བགྲང་། གཡོ་ཐོབ་བློའི་རིམ་པ་དང་སྦྱར་ཏེ་བཅོས་ཐབས་དང་། དྲང་། གོང་གི་དེ་ལྟར་སྐྱོན་ངོ་ཤེས་པའི་རྣལ་འབྱོར་པས་སྐྱོན་དེ་དག་སྤང་བར་བྱེད་པའི་འདུ་བྱེད་ཀྱི་ཡན་ལག་བརྒྱད་བརྟེན་པའི། བརྒྱད་གང་ཞེ་ན། དད་པ། འདུན་པ། བརྩོན་འགྲུས། ཤིན་ཏུ་སྦྱོང་པ། དྲན་པ། ཤེས་བཞིན། སེམས་གཟེངས་བསྟོད་པ། བཏང་སྙོམས་སོ། །དེ་ལ་དད་པ་དང་། བརྩོན་འགྲུས། འདུན་པ། ཤིན་ཏུ་སྦྱངས་པ་བཞིས། ལེ་ལོ་དང་གཡེང་བ་དྲུག་ལ་སོགས་པའི་སྐྱོན་སེལ་ལོ། །དྲན་པས་དམིགས་པ་བརྗེད་པ་ལ་སོགས་པ་སེལ། ཤེས་བཞིན་གནས་པས། བྱིང་རྒོད་དང་། དོགས་པ་ལ་སོགས་བཅོ་བརྒྱད་དང་། བྱུང་ཚོར་དབང་གིས་གཡེང་བ་ལ་སོགས་པ་སྒོམ་ཆེན་སྤྱོད་ལམ་གྱི་སྐྱོན་དྲུག་ལ་སོགས་པ་སེལ་ལོ། །སེམས་གཟེངས་བསྟོད་པས། མི་རྩོལ་བ་དང་། བྱིང་རྒོད་ལ་སོགས་པ་སེལ་ལོ། །བཏང་སྙོམས་ཀྱིས། རྩོལ་བ་ཡིད་ལ་བྱེད་པ་ལ་སོགས་པ་སེལ་ལོ། །འདི་བརྒྱད་ནི། གཡོ་ཉམས་ཀྱི་དུས་སུ་བཅོས་ཐབས་ཡིན། ཅུང་ཞིག་བརྟན་པ་ཐེག་པའི་ཉམས་ལ། སྐྱོན་རྣམས་ངེས་བཟུང་ནས་སོ་སོར་ཅུང་ཟད་ངོ་བོ་ལ་བལྟས་པའམ། ཡང་ན་སྐྱོན་ཅི་བྱུང་རྡོ་ཚན་ཐོག་ཏུ་ཁ་བ་བབ་པ་བཞིན་རང་བྱུང་རང་ཞིར་བྱའོ། །དེ་ཡང་ལས་དང་པོ་པས་སྤོང་བའི་འདུ་བྱེད་བརྒྱད་ཀྱིས་བཅོས་པ་ཟབ། དེ་ནས་སོ་སོར་ཅུང་ཟད་བལྟས་ན། བརྟག་ཅིང་དཔྱད་ནས་སྒོམ་པ། མཁས་པ་པན་ཏྲི་ཏའི་དཔྱད་སྒོམ་བྱེད་ལུགས་བྱུང་། དེ་ནས་སྒོམ་པ་ལ་ཐོབ་པའི་ཉམས་ཤར་ནས། སྐྱོན་དང་རྣམ་རྟོག་གང་བྱུང་ཆོས་སྐུའི་ངོ་བོ་ལ་་གཅོད་ཐབས་བྱུང་ངོ་། ༈ །དགག་བསྒྲུབ་མེད་པའི་བཅོས་ཐབས་སོ། །དྲང་། དཔེར་ན་ཇི་ལྟར་བྱིས་པ་དོན་ལ་ཤེད་བྱེ་བ་དེ། བྱ་བྱེད་ཀྱི་གཡེང་བ་ལྟར་ལུས་ངག་གི་བྱ་བྱེད་མང་པོས་རང་ཉིད་གཡེང་བར་གནས་ཀྱང་། བྱ་བྱེད་མང་པོ་དེ་ལ་བདག་དང་བདག་གིར་མེད་པར་རྟོགས་པས་ཏིང་ངེ་འཛིན་གྱི་རིག་པ་ལ་རང་དབང་བསྒྱུར་ནས་གཉིས་འཛིན་གྱི་མཚན་མ་ཅི་བྱུང་ཡང་ཆོས་ཉིད་མཉམ་པའི་ངང་དུ་གྲོལ་ཞིང་དབྱིངས་སུ་གནས་པར་བྱ་དེས་ན་སྐྱོན་དགག་པ་དང་ཡོན་ཏན་བསྒྲུབ་པ་ག་ལ་ཡིན་ཏེ་མིན་ནོ། །ཁམས་ཀྱི་སྐྱོན་བཅོས་ཐབས་དང་། དྲང་། ཅུང་ཟད་ཁམས་ལས་གྱུར་པའི་སྐྱོན་རྣམས་ཀྱིས་ཁམས་ཀྱི་ཆ་ཉམས་པས། སྒོམ་བྱའི་དོན་མི་གསལ་བའི་ཁ་དོག་མི་གསལ་བ་མཐོང་བ་དང་། ཏིང་ངེ་འཛིན་ལ་བློ་མི་འཇུག་པ་ལ་སོགས་གོང་གི་སྐྱོན་ཚོ་ངོས་ཟིན་ནས་སྤྱོད་ལམ་གང་དང་གང་ལ་དགའ་བ་བརྟན་པར་བྱ་བ་དང་རང་གི་ཁམས་དང་མཐུན་པའི་ཟས་དང་སྨན་དཔྱད་ལ་སོགས་ཀྱིས་ཆོ་གས་གསོ་བར་བྱའོ། ༈ །སྤྱོད་ལམ་གྱི་སྐྱོན་དང་། དྲང་། སྤྱོད་ལམ་རྣམ་བཞིར་ཏིང་ངེ་འཛིན་རྣལ་དུ་མ་འབྱོར་པའི་དུས་སུ་དེ་ཤེས་བཞིན་གྱི་བྱ་ར་བས་སོ་འཐས་ཆོད་ནས་སྐྱོན་དེ་དག་དོར་བར་བྱའོ། །རྟོགས་པའི་ངང་ལ་དྲན་པས་ཐག་པས་བསྡོམས་པར་བྱ་སྟེ། སྤྱོད་ལམ་གྱི་རྣམ་པ་ཀུན་ཏུ་སྒོམ་པ་ལས་ཉམས་པར་མི་བྱའོ། ༈ །བདུན་པ་ཉམས་ལ་གསུམ། བགྲང་མདོར་བསྟན་པ་དང་། དྲང་། དེ་ལྟར་སྐྱོན་བཅོས་ཤིང་ལྟ་སྒོམ་གྱི་དོན་ལ་མི་འདའ་བས་ནོག་ཐུབ་པ་དང་། བརྩོན་འགྲུས་ཆེ་བ་དང་། སྒོམ་པའི་དོན་ལ་ཡུན་རིང་པས་ཏིང་ངེ་འཛིན་ལ་གནས་པའི་སྟོབས་ཉམས་ཀྱིས་རིམ་པ་ནི། གདོད་མ་གཡོ་བའི་ཉམས་ནས། ཐ་མ་མཐར་ཕྱིན་པའི་ཉམས་ཀྱི་བར་དུ་གོང་ནས་གོང་དུ་འཕེལ་བ་ཡང་གཡོ་བའི་ཉམས་དང་། ཐོབ་པ་དང་། བརྟན་པ་དང་། མཐར་ཕྱིན་པ་དང་། མུ་ལྔའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཉམས་ཡོངས་སུ་རྫོགས་པར་འགྱུར་རོ། ༈ །རྒྱས་བཤད་ལ་ལྔ། བགྲང་། གཡོ་བའི་ཉམས་ལ་བརྩོན་འགྲུས་བྱ་བ་དང་། དྲང་། རྣལ་འབྱོར་པ་གང་དག །དཔེར་ན་རི་གཟར་པོ་ལ་ཆུ་འབབ་པ་སྟེ། དར་གཅིག་ཀྱང་མི་གནས་ཏེ་འགྲོ་བ་ལྟར། ཏིང་ངེ་འཛིན་ལ་གནས་པའི་ཚེ་སྒོམ་བྱུང་མ་ཐག་སྐྱོན་དབང་དུ་འགྲོ་བའོ། །དེས་ན་སྐྱོན་དབང་དུ་འགྲོ་ན་ཉམས་ལ་ཅི་ལ་བརྩི་ཞེ་ན། ཐ་མལ་གྱི་དུས་སུ་སྐྱོན་ངོས་མི་ཟིན་ཤིང་། ཤེས་པ་ཁ་ཡན་དུ་ཤོར་བ་ལས། འདིར་རྣམ་རྟོག་ངོས་ཟིན་གྱི་ཉམས་ཡིན་པས་ཉམས་སུ་འགྲོའོ། །སྔར་ཀུན་བརྟགས་ཀྱི་ཤེས་པ་ཕྱིན་ཅི་ལོག་ལ་ཐོག་མ་མེད་པ་ནས་གོམས་པའི་སྟོབས་ཀྱིས་དཔེར་ན་རྫ་མཁན་གྱིས་འཁོར་ལོ་བསྐོར་བ་མི་གནས་པ་ལྟར་རྣམ་རྟོག་གྱི་དབང་དུ་འགྲོ་བས་སྐྱོ་བར་བྱེད་པའོ། །དེའི་ཚེ་དཔེ་མགོ་ལ་མེ་འབར་བ་གསོད་པ་ལ་བརྩོན་པ་བཞིན་བརྩོན་འགྲུས་ཀྱི་ཉམས་སུ་ལོང་ལའོ། །ཐོབ་པའི་ཉམས་ལ་འབྱུང་འཇུག་བསྲེ་བ་ལ་གཉིས། བགྲང་། སྐྱོན་གྱི་རྒྱུ་བརྟག་སྟེ་དོར་བ་དང་། དྲང་། གཉིས་པ་ཐོབ་པའི་ཉམས་བར་འགར་སྐྱོན་དབང་དུ་འཆོར་རོ། །བར་དུ་སྐྱོན་དབང་དུ་མི་ཤོར་ནས་ཐོབ་པ་སྟེ། ཕུ་གསུམ་གྱི་ཆུ་བྲན་ལྟ་བུའི་ཉམས་འོང་བ་ལ། ཏིང་ངེ་འཛིན་དེའི་འཕེལ་བསྐྱེད་བྱེད་ཐབས་ནི། ཁམས་དང་སྤྱོད་ལམ་ལ་སོགས་པའི་སྒོ་ནས་ཏིང་ངེ་འཛིན་འཆོར་བའི་རྒྱུ་བརྟག་སྟེ། ཏིང་ངེ་འཛིན་མི་སྐྱེ་བའི་རྒྱུ་རྣམས་དོར། ཏིང་ངེ་འཛིན་སྐྱེ་བའི་རྒྱུ་བསྟེན་ནས་མཉམ་བཞག་གསོ་བའོ། །ཡང་ན། འདི་ལ་ཏིང་ངེ་འཛིན་འཆོར་བའི་རྒྱུ་ཁམས་ཀྱིས་སྐྱོན་དང་འཆོར་བའི་རྒྱུ་རྟོག་པ་གཉིས་པོ་གང་ཡིན་བརྟག་ལ་ཁམས་སྐྱོན་ཡིན་ན་ཁམས་གསོ། རྟོག་པའི་སྐྱོན་ཡིན་ན་དོར་བར་བྱའོ། །འབྱུང་འཇུག་བསྲིང་བའོ། །དྲང་། ཏིང་ངེ་འཛིན་ཅུང་ཟད་ཡོད་ལ་སྐྱོན་དེ་དག་ཉུང་བ་ཡིན་ནོ། །དེ་ཚེ་དལ་བུས་སྒོམ་ཞིང་ཏིང་ངེ་འཛིན་ལ་འབྱུང་འཇུག་བྱེད་པའི་དུས་སུ་ཐུན་བསྲིང་ཤེས་དགོས་པའོ། །གོམས་པའི་ཉམས་ལ་བཏང་སྙོམས་བྱ་བ་དང་། དྲང་། དེ་ལྟར་ཐོབ་པའི་ཉམས་དེ་གོམས་ནས། ཏིང་ངེ་འཛིན་ལ་བྲོད་པས་ཆེད་དུ་སྒོམ་པར་བྱེད་པ་ལ་སོགས་པའི་སྐྱོན་བྱུང་ན། དཔེར་ན་ས་ཆ་བདེ་མོར་ཆུ་དེ་འགྲོ་བ་མི་མངོན་པ་ལྟར། སྐྱོན་དབང་དུ་ཅུང་ཟད་འགྲོ་ཡང་འགྲོ་བ་མི་ཚོར། གོམས་པའི་སྐབས་འདིར་རྣམ་རྟོག་འགོག་རྒྱུའི་སྐྱོན་ཡོད་པས། དེ་ཆོད་པར་བྱེད་པའི་ཐབས་ལ་བཏང་སྙོམས་དང་པོས་བླང་བར་བྱ་དགོས་སོ། །བཏང་སྙོམས་དང་པོ་གང་ཞེ་ན། བཏང་སྙོམས་ལ་གསུམ་ཡོད་དེ། རྩོལ་བ་དང་བཅས་པའི་བཏང་སྙོམས་དང་། རྩོལ་བ་མེད་པའི་བཏང་སྙོམས་དང་། དུས་ཕྱད་པའི་བཏང་དང་སྙོམས་དང་གསུམ་ལས། འདིར་དང་པོའི་དོན་ཉམས་སུ་བླང་བར་བྱའོ། ༈ །བརྟེན་པའི་ཉམས་ལ་མི་སུན་པར་བྱ་བ་དང་། དྲང་། དཔེར་ན་རི་བོ་རླུང་གིས་མི་བསྒུལ་བ་ལྟ་བུར་རྣམ་པར་རྟོག་པའི་རྐྱེན་གྱིས་ཏིང་ངེ་འཛིན་མི་བསྒུལ་བ་བརྟན་པ་ཐོབ་པ་དེ། ཉིན་ཞག་གཅིག་ལ་ཐུན་གཅིག་ཏུ་བསྐྱང་ནས་ཉིན་མཚན་འབྲེལ་པར་སྒོམ་ནུས་ན་ཡང་། ཏིང་ངེ་འཛིན་གྱི་ཐུན་ཆེད་དུ་བཟུང་ཞིང་། ཧ་ཅང་སུན་སུན་དུ་སྒོམ་པར་མི་བྱའོ། །དེ་ཡང་ཐུན་ཚད་ནི། རབ་ཀྱི་ཉིན་ཞག་གཅིག་ལ་བརྒྱད་དུ་བགོས་པ་དང་། འབྲིང་གི་བཅུ་དྲུག །ཐ་མ་སུམ་བཅུ་སོ་དྲུག་ཏུ་བགོས་པའོ། །མཐར་ཕྱིན་པའི་ཉམས་ལ་དགའ་བྲོད་མི་བྱ་བའོ། །དྲང་། ཏིང་ངེ་འཛིན་གྱི་རོ་མྱོང་ཡང་ཞེན་འཛིན་གྱི་སྐྱོན་དོར་བས་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་དེ་ཉིད་མཐར་ཕྱིན་པར་བྱའོ། །དེའི་ཚེ་ཐུན་དུ་བཅད་པའམ། འཁོར་ཡུག་ཏུ་སྒོམ་པའི་ཤུགས་ལས་སྣང་བ་བརྒྱད། མཐོང་བ་ལ་དགའ་བ་དང་། བྲོད་པ་མེད་པར་བཞག་གོ། །དེ་ཡང་ཤུགས་སྣང་བརྒྱད་གང་ཞེ་ན། མེ་ལོང་སྐར་མདས་བརྒྱན་པ་དང་། སྣང་སྲིད་རྡུལ་ཕྲ་རབ་ཏུ་མཐོང་བ་དང་། ནམ་མཁའ་འོད་དུ་འབར་བ་དང་། ཀུན་དགའི་ར་བ་མཐོང་བ་དང་། སྐྱེས་མོས་ཚལ་མཐོང་བ་དང་། གླང་ཆེན་ལ་ཞོན་པ་དང་། གྲུར་ཞུགས་པ་དང་། སྟོང་གསུམ་ལག་མཐིལ་སར་མཉམ་པའོ། །འཇུག་བསྡུ་བའོ། །དྲང་། ཏིང་ངེ་འཛིན་ལ་ཤིན་ཏུ་ངང་བསྲིང་ནས་ཡུན་རིང་བར་བརྩོན་འགྲུས་བསྐྱེད་ནས་སྒོམ་པ་ཡིས་ཡོན་ཏན་ཇི་ལྟ་བུ་བྱུང་ན། ཉམས་གོང་ནས་གོང་དུ་རིམ་པ་བཞིན་དུ་བོགས་ཆེན་པོ་སྐྱེ་ཞིང་འཕེལ་བར་འགྱུར་རོ། ༈ །བརྒྱད་པ་སྤྱོད་པ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། བདག་དང་གཞན་གྱི་དོན་བྱ་བའི་ཕྱིར་བྱ་བ་སྤྱོད་པ་ཀུན། དང་པོ་སློབ་པ་གཡོ་བ་ནས་བཟུང་སྟེ་ཉམས་ལྔ་མཐར་ཕྱིན་པའི་བར་དུ་གཉིས་འཛིན་གྱི་རྣམ་པར་རྟོག་པ་མེད་པའི་ཚུལ་གྱིས་ནི་སྤྱོད་ལམ་ཐམས་ཅད་ཀུན་ལ་འཛིན་ཞེན་དང་། ཆགས་ཞེན་མེད་པར་རོལ་བར་བྱའོ། །རྒྱས་པར་བཤད་པ་ལ་གཉིས། བདག་དོན་དང་། གཞན་དོན་ནོ། །དང་པོ་ལ། བགྲང་། ཏིང་ངེ་འཛིན་དང་མཐུན་པའི་སྤྱོད་པ་དང་། དྲང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཉམས་སུ་བླངས་པའི་ཚེ་ཆོས་སྤྱོད་དགུའི་སྤྲོས་པ་དོར་བ་ཡིན་པའི། གཅིག་ཆ་སྒོམ་ཡིན་ཏེ། དེ་ཡང་གསང་བ་སྒྱུ་འཕྲུལ་གྱི་ལུགས་འདིར། མཚན་བཅས་བསྐྱེད་རིམ་སྒོམ་པ་དང་། མཚན་མེད་རྫོགས་རིམ་གཉིས་ལས། འདིར། མཚན་མེད་སྒོམ་པ་ལ་ཡང་མི་དམིགས་ཞིང་ཏིང་ངེ་འཛིན་དང་མཐུན་པས་སྤྱོད་པ་ཞེས་བྱ་སྟེ། སྒོམ་པ་གཅིག་པུ་དོན་དུ་གཉེར་བའོ། །དེ་ལ་ཆོས་སྤྱོད་བཅུ་ནི། ཡི་གེ་བྲི་མཆོད་སྦྱིན་པ་དང་། ཉན་དང་འཛིན་དང་ཀློག་པ་དང་། འཆད་དང་ཁ་ཐོན་བྱེད་པ་དང་། དེ་སེམས་པ་དང་སྒོམ་པ་ནི། ཆོས་སྤྱོད་བཅུའི་བདག་ཉིད་དོ། །དེ་ལ་ཆོས་སྤྱོད་འདི་བཅུ་ལུས་ངག་ཡིད་གསུམ་ཀྱིས་སྤྱོད་པ་ཡིན་པ་ལ། ཡི་གེ་བྲི་མཆོད་སྦྱིན་པ་གསུམ། ཉན་པ་དང་བཞི། ལུས་ཀྱི་ཆོས་སྤྱོད་འཛིན་པ། ཀློག་པ། འཆད་པ། ཁ་དོག་བྱེད་པ་བཞི། ངག་གི་ཆོས་སྤྱོད། སེམས་པ་དང་། སྒོམ་པ་གཉིས་ཡིད་ཀྱི་ཆོས་སྤྱོད། དེ་ཡང་སེམས་པ་ནི། བསམ་བྱུང་གི་ཤེས་རབ་རྟོགས་པ་ཡིན་པས། འདིར་མཚན་མེད་པའི་ཏིང་ངེ་འཛིན་སྒོམ་པའི་སྐབས་སུ་ཆོས་སྤྱོད་དགུ་ནི། མཚན་མའི་གཡེང་བ་ཡིན་པའི་ཕྱིར་དོར་བར་བྱའོ། །འོ་ན་ཉ་མོ་ཆུ་ལས་མི་འདའ་བཞིན། དཀར་བའི་ཆོས་དང་བྲལ་ཐབས་མེད། གསུང་པ་འདི་དང་འགལ་ལོ། །ཞེ་ན་མི་འགལ་ཏེ། ཆོས་སྤྱོད་དགུ་དོར་བ་ནི། ལས་དང་པོ་ལས། ཆོས་སྤྱོད་དགུའི་སྤྲོས་པ་བྱས་ན། མཉམ་པར་བཞག་མི་ཐུབ་པའི་སྐྱོན་ཡོད་པ་ལ་དགོངས་སོ་ལུང་ཕྱི་མ་ནི། གཅིག་ཆར་བ་བཞིན་ལམ་གཅིག་ཆོད་དུ་རྫོགས་མ་ནུས། རྗེས་ཤེས་ཀྱི་མཚན་མ་ཤར་བ་ལ། མཚན་བཅས་ཀྱི་དགེ་སྦྱོར་ལ་འབད་ན། མཉམ་བཞག་གི་བོགས་སུ་འགྲོ་བ་ལ་དགོངས་སོ། ༈ །སྤྱོད་ལམ་དང་ལོངས་སྤྱོད་ཀྱི་སྤྱོད་པ་དང་། དྲང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་འདི་སྒོམ་པའི་སྐབས་སུ། སྤྱོད་ལམ་ཅི་བྱེད་འདི་ལྟར་དུ་རྟོགས་དགོས་ཏེ། ཆོས་ཉིད་ཐམས་ཅད་འགྲོ་བ་དང་འོང་བ་མེད་པ་ལ་སྤྱོད་པ་འགྲོ་བ་དང་འོང་བ་ལྟར་སྣང་བའི་དུས་དེ་ཉིད་ན་ཆོས་ཉིད་ཐམས་ཅད་ལ་འགྲོ་འོང་མེད་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་ངོ་བོ་ལ་གནས་པ་མེད་པའི་ངང་ལ་ཐམས་ཅད་གནས། དེ་ལྟར་གཏན་ལ་ཅི་འདུག་པའི་ཚེ་གནས་པའི་དུས་ཉིད་ན་གནས་པ་རང་ཁ་མར་འཛིན་པ་མེད། ཆོས་ཉིད་ཐམས་ཅད་ལ་ལོངས་སྤྱོད་བྱ་སྤྱོད་བྱེད་མེད་པ་ལས། ཟས་ཟ་བ་ལ་སོགས་པ་འདོད་ཡོན་ལ་སོགས་ཐམས་ཅད་ལ་སྤྱོད་པ་ལྟར་སྣང་སྤྱོད་པའི་དུས་དེ་ཉིད་ན་སྤྱོད་པ་མེད་པའི་ངང་ལ་ཏིང་ངེ་འཛིན་ཉམས་པ་མེད་པར་སྤྱོད་ཅིང་དེ་ཉིད་ལའང་ཆགས་པར་མི་བྱའོ། ༈ །སྤྱོད་པའི་ཡོན་ཏན། དྲང་། དེ་ལྟར་སྤྱོད་པའི་ཡོན་ཏན་ནི། སྤྱོད་པ་ཐམས་ཅད་མི་འགོག་པ་བསོད་ནམས་ཀྱི་ཚོགས། མི་འཛིན་ཏེ་ཞེན་པ་མེད་པ་ཡེ་ཤེས་ཀྱི་ཚོགས་དང་ཚོགས་གཉིས་རྫོགས་སྟེ་བདག་དོན་ཏིང་ངེ་འཛིན་ལ་གནས་པར་བྱ་བའི་ཕྱིར། སྤྱོད་པ་ཀུན་ལ་མི་དམིགས་པའི་ངང་དུ་གོམས་པར་བྱས་ན། རྣལ་འབྱོར་པས་བྱང་ཆུབ་མྱུར་དུ་ཐོབ་པར་ཐེ་ཚོམ་མེད་དོ། །གཞན་དོན་གྱི་སྤྱོད་པ་ལ་གཉིས། བགྲང་། སྤྱོད་ལམ་ཆོས་ཉིད་ཐམས་ཅད་དུ་སློབ་ཞིང་གཞན་དོན་རྫོགས་པ་དང་། དྲང་། དེ་ཡང་རྣལ་འབྱོར་པ་འགྲོ་ཞིང་འོང་བ་དང་། ཉལ་ཞིང་གཉིད་ལོག་དང་། འདུག་ཅིང་སྡོད་པ་དང་། ལོངས་སྤྱོད་པའི། དུས་ཀྱིས་ཚེ་གོང་དུ་བསྟན་པ་དེ་ལྟར་དུ་སྤྱོད་པས་ཅི་སྤྱོད་ཐམས་ཅད་སྤྱོད་ལམ་ཆོས་ཉིད་དུ་སྤྱོད་དོ། །དེའི་ཚེ་བྱིན་རླབས་ཀྱིས་འགྲོ་བ་སྒྲོལ་བ་གཅིག་ཤོས་ཏེ་གཞན་དོན་ཡིན། དེའི་རྒྱུ་མཚན་གང་ཡང་གཞན་གྱི་དོན་དུ་འགྱུར་བའི་ཕྱིར། སེམས་བསྐྱེད་པས་བདག་དོན་ལ་གཞན་དོན་རྫོགས་པའོ། །ཐུགས་རྗེ་ཐབས་ཀྱིས་གཞན་དོན་བྱ་བ་དེ་ལ་གཉིས། བགྲང་། སྐབས་མིན་ཀྱང་ཐུགས་རྗེ་བྱ་བར་གསུང་པ་མདོར་བསྟན་པ་དང་། དྲང་། རྒྱུད་གཞུང་ལས་གྲགས་པའི་སྤྱོད་པ་རྨད་དུ་བྱུང་བ་ཕྲིན་ལས་ལ་སོགས་པ་རྣམས། སྟོང་པ་ཉིད་ཀྱི་དོན་རྟོགས་ཀྱང་། སྐྱེ་བ་ལ་རང་དབང་ཐོབ་པས་སྐྱེ་བོ་ཀུན་གྱི་སྤྱད་གསུངས་པ། མོས་པ་ཕྱག་རྒྱ་སྤྲོས་པའི་སྐབས་དང་། སློབ་པ་ཚོགས་བསྒྲུབ་སྐབས་རྣམས་ལ་ལྟ་ཅི་སྨོས་ཏེ། གདུལ་བྱའི་དོན་འགྱུར་གྱི་རྐྱེན་མཐོང་ན། མོས་པ་སློབ་པ་དེ་དག །རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། རྐྱེན་འཇུག་པ་ཏིང་ངེ་འཛིན་གྱི་ཏིང་ངེ་འཛིན་གོམས་པ་ལ་གཞི་བླང་ནས་མི་དམིགས་པའི་ངང་ལ་གནས་པས་སྤྱོད་པའོ། ༈ །རྒྱས་པར་གཞན་དོན་བྱ་བའི་ཐབས་སོ། །དྲང་། རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ཀུན་ཀྱང་གཞན་དོན་དུ་འགྱུར་ན། ཕྲིན་ལས་བཞི་སྤྱོད་ཅིང་དོན་གཉིས་བསྒྲུབ་པར་བྱེད་པ་དང་། དབང་བསྐུར་བ་ལ་སོགས་པའི་ཚེ་ལྟ་བ་དང་ཏིང་ངེ་འཛིན་རྣམ་པ་གསུམ་ལ་སོགས་པའི་ལམ་ཀུན་སྐད་ཅིག་མ་རེ་རེ་ཙམ་གྱི་ཆས་རྫོགས་པར་སྒོམ་ནས། མཐར་ཞི་ཁྲོའི་ཕྱག་རྒྱ་མོས་པའི་འཁོར་ལོ་གང་ཡིན་དངོས་སུ་སྒོམ་པའི་སྤྱོད་ཡུལ་མིན་ཀྱང་། མོས་པ་ཙམ་གྱི་སྒོམ་ཞིང་། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འོག་ནས་སྙན་གསན་ཕབ་སྤྱན་དྲངས་ཞིང་བསྟིམས། བརྟེན་པར་བཞུགས་སུ་གསོལ་བ་རྫོགས་ནས། ཕྱི་ནང་གསང་བའི་མཆོད་པ་རིམ་བཞིན་འབུལ། བསྙེན་པ་བྱེད་ནས་གཞན་དོན་ཕྲིན་ལས་བསྒྲུབ་པ་དང་། དབང་ལ་སོགས་པའི་སྐབས་གང་ཡིན་གྱི་སྤྱོད་པ་རྣམས། བྱེད་ནུས་པའི་གཟི་བྱིན་དང་ལྡན་པར་བྱས་ནས་གཞན་དོན་རྫོགས་པར་སྟོང་པ་ཆེན་པོའི་རྣལ་འབྱོར་འདིིའི་སྐབས་སུའང་བྱེད་དོ། །དེ་ནས་རྗེས་ཆོག་ལྷག་མ་ཡན་ཆད་བྱའོ། །ནུས་པ་བྱིན་ལྡན་རྫོགས་པར་བྱེད། ཅེས་པ་འདི་ལ་དམར་མཆན་པས། སྐུ་གསུང་ཐུགས་བྱིན་རླབས་དང་། ཡེ་ཤེས་ལྔས་དབང་བསྐུར་བར་བཞེད་གདའ་སྟེ། གཞུང་རང་ལ་བརྟག་ན། སྔ་མ་ལྟར་འཐད་དོ། ༈ །དགུ་པ་དམ་ཚིག་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། སྟོང་པ་ཆེན་པོ་རྣལ་འབྱོར་སྒོམ་པ་དེའི་ཚེ་དམ་ཚིག་དང་སྡོམ་པ་ཐམས་ཅད་ཀུན། མོས་པའི་སྒོ་ནས་སློབ་ཅིང་མི་གཏོང་བར་བསྲུངས་མོད་ཀྱང་། ཁྱད་པར་ཏིང་ངེ་འཛིན་གྱི་དམ་ཚིག་ལས་མི་འདའ་བར་བསྲུང་ཞིང་ལྡན་པར་བྱ། རྒྱས་པར་བཤད་པ་ལ་གཉིས། ཁྱད་པར་གྱི་ལྟ་བའི་དམ་ཚིག་དང་། ལམ་གྱི་དམ་ཚིག་གོ། །དང་པོ་ལ་གསུམ། བགྲང་། རང་གི་ལྟ་བའི་དམ་ཚིག་ཡིན་པས་ལྟ་བ་འདི་གོམས་པར་བྱ་བ་དང་། དྲང་། རྩ་བའི་དམ་ཚིག་དང་། ཡན་ལག་གི་དམ་ཚིག་ཅེས་བྱ་བ། ལོགས་ན་ཡོད་པ་མ་ཡིན་ཏེ། རང་གི་ལྟ་བ་རྟོགས་པ་ལས་མི་འདའ་བ་དམ་ཚིག་ཡིན། ལྟ་བའི་གཟུངས་ཀྱིས་འཁོར་བར་མི་གཏོང་བའི་ཕྱིར་དམ་ཚིག་ཅེས་བྱའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་གཟུངས་སུ་གྱུར་པས་ཀྱང་དམ་ཚིག་ཅེས་བྱའོ། །ལྟ་བ་རྟོགས་པའི་དོན་ཟེར་ཡང་སྔར་ལྟ་བའི་སྐབས་སུ་ལྡན་པའི་དམ་ཚིག་དེ་ཡང་སྟོང་ཆེན་གྱི་སྐབས་འདིར་གོམས་པར་བྱེད་པའོ། ༈ །ལྟ་བའི་དམ་ཚིག་ལ་མི་ཉམས་པར་བསྲུངས་ཐབས་དང་། དྲང་། ལྟ་བ་དམ་ཚིག་གི་མཆོག་ཡིན་པ་དེ་བས་རང་སེམས་ལྟ་བ་རྟོགས་པར་བྱ་སྟེ། དམན་པས་གྱུར་པའི་ལེ་ལོ་དང་། གཡེང་བ་དྲུག་ལ་སོགས་པའི་སྐྱོན་ཀུན་ཡངས་སུ་སྤངས་ལ། ང་དང་བདག་ཏུ་འཛིན་པ་མེད་ཅིང་མཉམ་པ་ཉིད་ཀྱི་ངང་ལས་མི་འདའ་བར་བསྲུང་བའོ། །དེ་བཞིན་ཉིད་ལས་མི་འདའ་བའི་དམ་ཚིག་དག་གོ། །དྲང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལས་འདའ་བར་མི་བྱེད་ཅིང་། རྣལ་འབྱོར་པ་གང་ཡང་དེ་བཞིན་ཉིད་དང་ལྡན་ན་དམ་པ་ཡིན་ཏེ། དེ་བཞིན་ཉིད་དེ་ལས་འདས་ན་རང་གི་བྱང་ཆུབ་ཀྱི་མྱུ་གུ་ཚིག་པར་འགྱུར་རོ། ༈ །ལམ་སྤྱིའི་དམ་ཚིག་ལ་གཉིས། བགྲང་། ལམ་སྔ་ཕྱི་དམ་ཚིག་རིམ་པར་གང་དུ་འཕར་ཚུལ་དང་། དྲང་། དེའང་ལམ་སྔ་མ་སྔ་མར་ལྟ་བའི་སྐབས་ལྟ་བུར་ལམ་རང་རང་གི་དམ་ཚིག་རྫོགས་པར། བྱས་པ་དེ་ཡང་ལམ་གོང་མ་གོང་མ་དེ་ཏིང་ལྟ་བུའི་རྒྱུད་ལ་ལྡན་དུ་ཡོད་པ། སྔ་མ་སྔ་མའི་དམ་ཚིག་སྟོང་པ་ཆེན་པོ་འོག་ནས་གོང་དུ་ཡོངས་སུ་འཕར་བའི་ཚུལ་གྱི་གཅིག་སྤྲོས་ལ་སོགས་ཕྱི་མ་ཕྱི་མ་མངོན་དུ་སྤྱོད་པ་ཡིན། དེ་ཡང་ལམ་རིམ་པར་འོག་ནས་གོང་དུ། འཕར་བས་འོག་མ་འོག་མའི་དམ་ཚིག་གི་སྤྱོད་པ་ཀུན་གོང་མ་གོང་མའི་སྔོན་དུ་འགྲོ་བའི་རྒྱུ་ཡིན་ནོ། ༈ །ལམ་གོང་འོག་ནི་དམ་ཚིག་སྤྱོད་པ་ལ་ཁྱད་པར་ཡོད་པའི་དཔེ་བསྟན་པའོ། །དྲང་། ལམ་གོང་འོག་གི་ལྟ་སྤྱོད་ལ་རིམ་པ་ཡོད་པ་དེ་བས་ན་ལམ་གོང་འོག་སོ་སོའི་ལྟ་བ་རྟོགས་པའི་ཚབ་ཆེ་ཆུང་གི་གཞི་ལས་བདག་དོན་གྱི་སྤྱོད་པ་དཔེས་སྟོན་ཏེ། དེ་ཡང་དངོས་ཀྱི་སྤྱོད་པ་དང་། དམ་ཚིག་དང་། ཏིང་ངེ་འཛིན་ལ་སོགས་པའི་ཁྱད་པར་ཡོད་པའི་དཔེ་ནི། ནམ་མཁའ་ཙམ་དུ་གཅིག་ཀྱང་ཡུལ་ལམ། ལུང་པའི་ཁྱོན་ཆེ་ཆུང་གིས་ནམ་མཁའ་ལ་ཡང་ཆེ་ཆུང་འོང་བ་དང་། འདྲ་བར་ལྟ་བ་རྟོགས་ཚབ་ཆེ་ཆུང་གིས་རང་དོན་གྱི་སྤྱོད་པ་ཡང་དོགས་འོང་བའོ། །གཞན་དོན་གྱི་སྤྱོད་པའི་དཔེ་ནི། གཞན་དོན་སྤྱོད་པའི་གདུལ་བྱ་གདུལ་བའི་ཞིང་ཁམས་ལ་རྒྱ་ཆེ་ཆུང་ཡོད་པ་ནི་མིའི་དབང་པོ་གསེར་དངུལ་ཟངས་ལྕགས་ཅན་གྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལས་ཁམས་རྒྱ་ཆེ་ཆུང་ཡོད་པ་བཞིན་ནོ། །བདག་གཞན་གཉིས་ཀའི་སྤྱོད་པའི་དཔེ་ནི། སྤྱོད་པ་དང་། དམ་ཚིག་དང་། ཏིང་ངེ་འཛིན་ལ་སོགས་པའི་ནུས་པ་དང་སྟོབས་ཆེ་ཆུང་གི་ཁྱད་པར་ནི། སྟོབས་ལྡན་གླང་ཆེན་ཙམ་དུ་གཅིག་ཀྱང་རྩལ་ཆེ་ཆུང་སྒྱིད་པ་རགས་ཞན་གྱི། ཆུ་ལ་རབ་གྱེན། འབྲིང་ཐད་ཀ །ཐ་མ་གཞོལ་ཕྱོགས་སུ་གཅོད་པ་དང་འདྲ་བའོ། ༈ །བཅུ་པ་དྲོད་དང་། བཅུ་གཅིག་པ་རྟགས་བསྟན་པ་ལ་གཉིས། བགྲང་། དགོས་ཆེད་ཀྱི་མདོར་བསྟན་པ་དང་། དྲང་། བྲུ་ཤའི་སྐད་དུ། ཁུ་ལྗོངས་བོད་སྐད་དུ། བྱིས་པ་སྟེ། དེ་ཡང་ནར་སྨིན་པ་ལོ་ཉི་ཤུ་ལོན་པའི་རིགས་དེ་ལ། ཕ་མས་ཁྱོད་ལ་ཆུང་མ་འདི་ལྟ་བུ་ལེན་ནོ་ཞེས་ཁྱིམ་ཐབས་ཀྱི་ལྟས་བསྟན་ན་བྱིས་པ་དེ་ཁྱིམ་ཐབས་དེ་ལ་བྲོད་པས་བསུ་ཞིང་རང་གི་ཟང་ཟིང་གི་ནོར་མང་པོ་དག་དོན་དུ་གཉེར་བ་ལ་བརྩོན་པར་བྱེད་པའོ། །དཔེ་དེ་བཞིན་དུ་སྟོང་ཆེན་གྱི་རྣལ་འབྱོར་པ་འབྲས་བུ་བྱང་ཆུབ་ཀྱི་བདེ་བ་ཆེན་པོ་འཚོལ་བ་རྣམས་ཀྱི་དྲོད་དང་། རྟགས་རྣམས་མངོན་གསུམ་དུ་མཐོང་བའི་འབྲས་བུ་ལ་བློ་བྲོད་པའི་ཚུལ་གྱི་ཤིན་ཏུ་དྲོད་རྟགས་དེའི་རྒྱུ་ཐར་པའི་ལམ་ཉམས་སུ་ལེན་པ་ལ་བརྩོན་འགྲུས་བྱེད་པར་འགྱུར་རོ། །དེ་ཕྱིར་དྲོད་འདི་དག་རྗེས་སུ་བསྟན་པ་ཡིན་ནོ། ༈ །དྲོད་རྟགས་ངོ་བོ་རྒྱས་པ། དེ་ལ་གཉིས། དྲང་། རྟགས་སོ། །དྲོད་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། གོང་དུ་བསྟན་པ་དེ་ལྟར་བསྒོམ་བྱ་སྒོམ་བྱེད་མེད་པར་ཡུན་བསྲིང་ནས་སྒོམ་ན། ཕྱི་ལུས་དང་། ནང་ངག་དང་། གསང་བ་སེམས་ལ་མྱོང་བའི་དྲོད་གསུམ་འབྱུང་སྟེ། རྒྱས་པར་བཤད་པ་དེ་ལ་གསུམ། བགྲང་། དྲོད་གསུམ་རྒྱས་པར་བསྟན་པ་དང་། དྲང་། ཇི་ལྟར་འབྱུང་ཞེ་ན། ཕྱི་ལུས་ཀྱི་དྲོད་ན་ཚ་མེད་པ་དང་། ལུས་ཡང་བ་དང་། ཤིག་མི་ཟ་བ་དང་། གཉེར་མ་མེད་པ་དང་། གདན་ལ་འདུག་ཚུགས་པ་ལ་སོགས་བཟོད་པ་ཕྲ་མོ་ཐོབ་པ་དང་། ནང་གི་དྲོད་སེམས་གནས་པའི་ཚེ་རླུང་རང་ཤུགས་གིས་ཟིན་པས། ཕྱི་ནང་དུ་རྒྱུ་བའི་དབུགས་མི་ཚོར་སྟེ་བཏང་བཟུང་ལ་རང་དབང་ཐོབ་སྟེ་དབུགས་བདེ་བ་དང་། གསང་བ་སེམས་ཀྱི་དྲོད་དོན་ཆོས་ཉིད་ལ་བློ་རྣལ་དུ་ཕེབས་པ་སྟེ། རིག་པ་མི་གཡོ་བར་འབྱུང་བ་ནི་ཐེ་ཚོམ་མེད་ཅིང་ངེས་པར་ཕྱི་ནང་གསང་གསུམ་གྱི་དྲོད་རང་གི་ཉམས་སུ་མྱོང་བའོ། །ཕྱི་ནང་གི་དྲོད་རྒྱས་པར་བསྟན་པ་དང་། དྲང་། སྔར་བསྟན་པའི་དྲོད་གསུམ་པོ་དེ་ལས། གཞན་དུ་སྟེ་ཕྱི་རོལ་གྱི་སྣང་བ་རགས་པར་འཛིན་པ་ཞིག་ནས་རྡུལ་ཕྲན་ཙམ་དུ་མཐོང་བ་དང་། ཟླ་བ་ཚེས་པ་ལྟར་སྣང་བ་ཐམས་ཅད་སྐྱ་ལམ་མེ་བ་དང་། གཞན་ཡང་པད་མ་དང་། ཀུན་དྷའི་ཞིང་ཁམས་ལ་སོགས་མཚན་མ་མཐོང་བ་དང་། གཉིས་པ་ནང་སེམས་ལ་སྣང་བའི་དྲོད་ནི། མི་སྒོམ་པར་འདོད་པའི་ཡུལ་ལ་མི་འགྲོ་ཞིང་རིག་པ་རྣམ་རྟོག་གི་རི་རྩེ་ལ་མ་ཡན་པ་ཆོས་ཉིད་ཀྱི་ཀློང་དུ་ཕེབས་པ་དང་། འདོད་པའི་ཡོན་ཏན་གྱི་ཡུལ་ལྔ་ལ་སེམས་མི་འཕྲོ་སྟེ་མི་འགྲོ་ཞིང་སྐྱེ་འཆི་གཉིས་ཀྱི་འཕོ་འགྱུར་དག་ལ་ཉམས་མི་ང་བ་དང་། ཕྱི་ནང་གི་ཞེན་ཆགས་ཐམས་ཅད་དང་བྲལ་ཞིང་ཞེན་པ་ཆུང་བ་དང་། སྔར་ལྟ་བའི་དུས་བས་དྲོད་ཁྱད་པར་དུ་དཔག་པ་ཉམས་སུ་མྱོང་བ་འབྱུང་བ་འབྱུང་། སེམས་ཅན་གཞན་ཡུལ་ཉམས་ཐག་མཐོང་ན་ཐུགས་རྗེས་སེམས་འཕྲོག་པ་དང་། ཆོས་བརྒྱད་མཉམ་པར་མགོ་བོ་སྙོམས་པ་ཕལ་ཆེར་འབྱུང་ངོ་། །ཆོས་བརྒྱད་གང་ཞེ་ན་ཐེག་ཆེན་རྣལ་འབྱོར་ལས། གྲགས་དང་མ་གྲགས་སྟོད་སྨད་བདེ་སྡུག་དང་། །རྙེད་དང་མ་རྙེད་འཇིག་རྟེན་ཆོས་བརྒྱད་པོ། །ཞེས་སོ། །དྲོད་གསུམ་རིམ་པར་བསྟན་པའོ། །དྲང་། དེ་ལྟར་གོང་དུ་བསྟན་པའི་དྲོད་ཀྱི་རྣམ་པ་དེ་དག་ཀུན་ཀྱང་གཡོ་བའི་སྐབས་སུ་རེས་ཡོད་རེས་མེད་ལ། ཐོབ་པའི་སྐབས་སུ་ཕལ་ཆེར་ཡོད། བརྟན་པའི་སྐབས་སུ་མི་འགྱུར་བར་ཡོད་པའི་གོ་རིམ་གྱི་དེ་ཏིང་གི་སྐབས་འདིར་མ་ཟད། ལམ་གཞན་གྱི་དུས་ཀུན་ཏུ་ཡང་། དེ་གསུམ་འཁོར་བར་འབྱུང་བ་ཡིན་ནོ། ཡང་ན་རྟགས་དེ་རྣམས་ཉམས་གཡོ་ཐོབ་གོམས་བརྟན་ཀུན་ཏུ་འཁོར་བར་འབྱུང་བ་ཡིན། ཞེས་འབྲུ་གནོན་ཡང་རུང་ངོ་། ༈ །རྟགས་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། དྲོད་ཀྱི་ཕྱི་མའང་རྟགས་ལ་ལམ་གྱི་ནུས་པའི་སྟོབས་ཆེ་ཆུང་གི་ཆ་ལས་ཕྱི་ནང་གི་རྟགས་དང་མངོན་ཤེས་དང་། རྫུ་འཕྲུལ་དག་ཀྱང་རྣམ་པར་འགྱུར་རོ། ༈ །རྒྱས་པར་བཤད་པ་ལ་གཉིས། རྟགས་དང་། མངོན་ཤེས་དང་། རྫུ་འཕྲུལ་དང་། རྟགས་ལ་གཉིས་ཉེ་བར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ཉེར་བསྟན་ནི། མདོར་བསྟན་གྱི་གསུམ་པོ་དེ་ལ་སྔ་མ་རྟགས་ལ་དབྱེ་ན་ཕྱི་རྟགས་དང་། ནང་རྟགས་གཉིས་སྟེ་འོག་ནས་སྟོན་ནོ། ༈ །རྒྱས་པ་ལ་གཉིས། འགྲང་། ཕྱིའི་རྟགས་དང་། དྲང་། ཕྱི་རོལ་གྱི་སྤྱོད་ཡུལ་འདི་དག་ཆུ་ལྟ་བུ་གཅིག་པུར་སྣང་ཞིང་གཞན་ཟད་པས་ན་ཟད་པར་གྱི་སྐྱེ་མཆེད་དེ། མེ་དང་རླུང་ལ་སོགས་འབྱུང་བ་བཞི་དང་། སྔོན་པོ་ལ་སོགས་པའི་ཁ་དོག་བཞི་དང་ཟད་པར་བརྒྱད་དང་དངོས་སུ་མཐོང་དང་། ཉི་ཟླ་དང་། པད་མོའི་ཚལ་དང་། ཀུན་དྷའི་ཞིང་ཁམས་འོད་སོགས་མཐོང་བའོ། །ཡང་ན་དྲོད་ཀྱི་སྐབས་ནས་ཀྱང་། བཟོད་པ་ཕྲ་མོ་ཐོབ་པ་དང་། ཞེས་པ་དང་། ཟླ་ཚེས་ལ་སོགས་མཚན་མ་མཐོང་། ཞེས་བཤད་པ་དང་། འདི་ནས་ཀྱང་། ཕྱི་རོལ་ཟད་པར་སྐྱེ་མཆེད་དངོས་སུ་མཐོང་བ་དང་། པདྨོའི་འོད་ལ་སོགས་མཐོང་བར་བཤད་པ་ལ། ཁྱད་ཅི་ཡོད་ཞེ་ན། སྤྱིར་དྲོད་རྟགས་གཉིས་ངོ་བོ་གཅིག་ཀྱང་། མཚོན་ཚུལ་མ་འདྲེས་ཏེ། དྲོད་ནི་རང་གི་ཉམས་སུ་མྱོང་བའི་ཆ་ནས་བཞག་སྟེ། ངེས་པར་དྲོད་གསུམ་མྱོང་བའོ། །ཞེས་སོ། །རྟགས་ནི། གཞན་ལ་མངོན་དུ་སྣང་བའི་ཆ་སྟེ། ཟད་པར་ཆུ་ལ་སོགས་པའི་ལོ་རྒྱུས་བཞིན་ནོ། །དེ་ཡང་། རྟགས་དངོས་རྫུ་འཕྲུལ་སྣང་བར་འགྱུར། ཞེས་པས་སོ། ༈ །ནང་གི་རྟགས་སོ། །དྲང་། ནང་དུ་ལུས་ཀྱི་ན་ཚ་ལ་སོགས་པ་བཟོད་པ་ཐོབ་པའི་བྱེ་བྲག་དང་། ཉོན་མོངས་པའི་ཆུ་བོ་ལྔ་རྒྱུན་ལ་ཤར་ཡང་བག་ཀྱི་བཅད་དེ་ཤས་ཆུང་ངུ་འགྲོ་བ་དང་། རྟགས་པའི་རྐྱེན་གྱི་ཏིང་ངེ་འཛིན་མི་འཕྲོག་ཤིང་། ཡེ་ཤེས་ཀྱི་ལྷ་མོས་ཙནྡན་གྱི་འོད་གུས་བྱུག་ཀྱང་། དེ་ལ་སེམས་མི་མྱོས་པ་དང་། སྲིན་པོའི་རྒྱལ་པོས་སྟ་རེ་ཐོགས་ནས་བྱུང་ཡང་མི་སྐྲག །ཏིང་ངེ་འཛིན་ཉམས་སུ་མྱོང་ཡང་དགའ་དྲོད་མེད་པའོ། །སྒོམས་པའི་ཤུགས་སྣང་བརྒྱད་པོ་མཐོང་བ་ཡང་འབྱུང་། རྣམ་པར་སྣང་མཛད་ཀྱི་སྤྱི་བོར་ཕྱག་བཞག་པ་ལ་སོགས་པ་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་ཀྱི་ཆ་ཙམ་ཡང་མཐོང་བའི་ལེའུ་དྲུག་པ་ལྟར་འབྱུང་ངོ་། ༈ །མངོན་པར་ཤེས་པ་ལ་གསུམ། བགྲང་། མདོར་བསྟན་པ་དང་། དྲང་། དེ་ལྟར་རྟོགས་ཤིང་། ཉམས་སུ་བླངས་པ་ལའང་། མངོན་པར་ཤེས་པ་རྣམ་པ་དྲུག་རང་བཞིན་གྱིས་འབྱུང་སྟེ། དྲུག་གང་ཞེ་ན། སྤྱན་གྱི་མངོན་པར་ཤེས་པ་དང་། རྣ་བ་དང་། ཕ་རོལ་གཞན་གྱི་སེམས་ཤེས་པ་དང་། འཆི་འཕོ་སྐྱེ་བ་ཤེས་པ་དང་། སྔོན་གྱི་གནས་ཤེས་པ་དང་། གདུལ་བྱ་དུས་ལ་བབ་མ་བབ་ཀྱི་མངོན་ཤེས་སོ། །འདི་ལ་ལམ་གྱི་ཟག་པ་ཡོད་པའི་མངོན་པར་ཤེས་པ་དང་། མེད་པའི་མངོན་པར་ཤེས་པའོ། །རྒྱས་པར་བཤད་པ་ལ་གཉིས། བགྲང་། ལམ་ཟག་གི་མངོན་པར་ཤེས་པ་ལ་གཉིས། བགྲང་། ལམ་གྱི་མངོན་ཤེས་ངོས་བཟུང་བ་དང་། དྲང་། མངོན་ཤེས་ལ་གཉིས་ཡོད་པའི་སྔོན་ལ་ཟག་བཅས་ཀྱི་མངོན་ཤེས་ལ། སྟོང་ཆེན་དང་། སྙིང་རྗེའི་སྐབས་སུ་ཡུལ་ལ་དམིགས་པ་སྟེ་མདུན་གྱི་མི་གཅིག་ལ་དམིགས་པ་བཏད་ནས་སྒོམ་པས། ༈ དེའི་སེམས་ཤེས་པའོ། །དེ་ཡིས་མིང་ནི་དམིགས་པའི་མངོན་ཤེས་བྱ་བ་དང་། ཕྱག་རྒྱ་གཅིག་སྤྲོས་ཀྱི་སྐབས་སུ་མངོན་ཤེས་ཉི་ཤུ་རྩ་ལྔ་གྲངས་ཙམ་ཡོངས་སུ་རྫོགས་པ་འབྱུང་བ་ཡིན་པས། དེའི་མིང་ནི་ཡོངས་སུ་རྫོགས་པའི་མངོན་ཤེས་ཞེས་བྱ་བ་དང་། བར་ཆད་མེད་པའི་མངོན་ཤེས་སོ་ཞེས་པ་ནི། ལམ་པའི་མིང་མངོན་ཤེས་ལ་བཏགས་པ་སྟེ། ཚོགས་བསྒྲུབ་ནི་བར་ཆད་མེད་པའི་ལམ་པ་ཡིན་པས། མངོན་ཤེས་ཀྱི་མིང་ཡང་བར་ཆད་མེད་པའི་མངོན་ཤེས། ཞེས་པ་སྟེ། ཚོགས་བསྒྲུབ་དང་རྣམ་པར་སྨིན་པའི་རིག་འཛིན་གཉིས་ཐུན་མོང་གི་མངོན་ཤེས་སོ། །མངོན་ཤེས་ཀྱི་ཁྱད་པར་རོ། །དྲང་། མངོན་ཤེས་ཡུལ་གྱི་ཁྱད་པར། དེ་ཏིང་གི་སྐབས་སུ་ལྷན་གཅིག་དྲུང་ན་འདུག་པའི་མི་ལ་དམིགས་པ་གཏད་པས་འགལ་ཏེ། གཅིག་གཉིས་གསུམ་ཙམ་གྱི་སེམས་ཤེས་པ་དང་། ཀུན་སྣང་གི་སྐབས་སུ་དེ་བས་གོང་དུ་འཕེལ་བ་སྟེ། བཅུ་ཙམ་གྱི་སེམས་ཤེས་པ་དང་། ཕྱག་རྒྱ་གཅིག་པ་ལས་དབང་པོ་རེ་རེས་ཀྱང་ཡུལ་ལྔ་ལྔ་གཅོད་པས། མངོན་ཤེས་ཉི་ཤུ་རྩ་ལྔའི་གྲངས་ཙམ་རྫོགས་པ་དང་། སྤྲོས་བཅས་རབ་ཀྱི་གླིང་བཞི་མཐོང་ཞིང་། འབྲིང་དང་ཐ་མས་ཀྱང་ཡུལ་ཚུན་ཆད་དང་མཐོང་ཞིང་ཐོས་པའོ། །བར་ཆད་མེད་པའི་ལམ་ཚོགས་བསྒྲུབ་པས་རབ་འབྲིང་གི་གླིང་གྲངས་གཉིས་དང་གསུམ་དང་བཞི་ཚུན་ཆད་ལྷའི་མིག་གིས་མཐོང་ཞིང་། རྣ་བས་ཐོས་པ་དང་། སྔོན་གྱི་གནས་ཤེས་པ་ལ་སོགས་པ། གཅིག་སྤྲོས་བར་ཆད་མེད་པའི་ལམ་གྱི་བློའི་རིམ་པས་ཕྱེ་བའོ། །ཡང་ན་འདིས་རྩང་ནག་གི་འབྲེལ་པར། དེ་ཏིང་དམིགས་པའི་མངོན་ཤེས་ནི། མངོན་ཤེས་དྲུག་པོ་གཅིག་འབྱུང་བས། འགའ་དང་། ཞེས་སྨོས་ལ། ཀུན་ཏིང་ལ་དེ་བས་གཉིས་འགྱུར་ཙམ་དུ་འཕེལ་ཞིང་འབྱུང་བ་དང་། ཕྱག་རྒྱ་གཅིག་པ་ལ། སྒོ་ལྔའི་རྣམ་ཤེས་གཅིག་གིས་ཀྱང་། ཡུལ་ལྔ་ཀ་གཅོད་པས་ན། རེ་རེ་ལའང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་རྫོགས་པ་དེ་རྣམས་ཀྱི་ཐ་མལ་པའི་སྒོ་ལྔའི་ཡུལ་དུ་གྱུར་ཚད་ཤེས་སོ། །སྤྲོས་བཅས་ཀྱི་ཡུལ་ཁམས་མཐོང་བ་དང་། ཚོགས་བསྒྲུབ་ཀྱི་གླིང་གྲངས་མཐོང་ཞིང་ཐོས་པས་ན་ལམ་གྱི་རིམ་པས་ཕྱེ་བའོ། །སྣར་སྟོན་གྱི་འགྲེལ་པར། དེ་ཏིང་གི་མངོན་ཤེས་ཀྱི་ཡུལ་དམིགས་པའི་ཕ་རོལ་པོ་དེའི་སེམས་འགའ་ཙམ་ཤེས་པ་སྟེ། ཡུལ་ངོ་བོ་སྟོབས་ཆེ་བ་དང་། ཀུན་ཏིང་གི་དེ་ལས་གཉིས་འགྱུར་དུ་འཕེལ་བ་དང་། མངོན་ཤེས་ཉི་ཤུ་རྩ་ལྔ་རྫོགས་པས། ཡུལ་ཁམས་རྒྱ་ཆུང་བ་མཐོང་བ་ཕྱག་རྒྱ་གཅིག་པ། རྒྱ་ཆེ་བ་མཐོང་བ་སྤྲོས་བཅས། གླིང་གྲངས་གསུམ་ཚུན་ཆད་མཐོང་བ་ཚོགས་བསྒྲུབ། བཞི་ཆར་མཐོང་ཞིང་ཐོས་པ་རྣམ་སྨིན་ཏེ། དེ་དག་རིམ་པ་དྲུག་ཏུ་ཕྱེ་བའོ། །ཞེས་བཤད་དོ། །ཟག་མེད་ཀྱི་མངོན་ཤེས་སོ། །དྲང་། ཚེ་དབང་ཕྱག་རྒྱ་ལྷུན་གྲུབ་ཀྱི་མངོན་ཤེས་ཀྱི་ཁྱད་པར་ནི། ཟག་བཅས་མངོན་ཤེས་སྔོན་དུ་སོང་ནས། འདིར་ཕྱི་མ་ཟག་མེད་ཀྱི་མངོན་ཤེས་ལ་གསུམ་ཡོད་པས། དང་པོ་མཐོང་ལམ་ཚེ་དབང་གི་མངོན་ཤེས་ཀྱི་ཡུལ་ནི། སྟོང་གསུམ་ལ་གླིང་བཞི་ལ་སོགས་བྱེ་བ་ཕྲག་བརྒྱ་ཡོད་པས། དེ་བརྒྱ་ཕྲག་གཅིག་ཚུན་ཆད་མཁྱེན་པའི་ཡུལ་དུ་གྱུར་པ་དང་། གཉིས་པ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་མངོན་ཤེས་ཀྱི་ཡུལ་ལ་གཉིས་ཀྱི། དང་པོ་མདོར་བསྟན་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་རང་སྟོང་ཕྲག་བཅུ་ལ་ཁྲི་ལ་སོགས་པ་སྟེ། དེའི་རྡུལ་སྙེད་མཁྱེན་པའི་ཡུལ་དུ་གྱུར་པ་ལ་སོགས་པའོ། །དེ་ཉིད་རྒྱས་པར་བཤད་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་དེ་ཉིད་གཅིག་དུ་བརྩིས་པས་དེ་སྟོང་ཕྲག་བཅུ་ལ་ཁྲི་དེའི་རྡུལ་ཕྲ་མོའི་གྲངས་དེ་སྙེད་དང་། དེ་ཡང་གནས་གཞན་དྲུག་བཅུར་བརྩིས་པའི་གྲངས་མེད་པ་དང་། གྲངས་མེད་པ་དེའང་བརྒྱ་ཚན་བཅུ་ལ་སྟོང་། དེ་སྟོང་ཕྲག་བཅུ་དེའི་རྡུལ་གྱི་གྲངས་དེ་སྙེད་ཚུན་ཆད་སྒོམ་ལམ་པའི་མངོན་ཤེས་ཀྱི་མཁྱེན་པའི་ཡུལ་དུ་གྱུར་པའོ། །གསུམ་པ་མཐར་ལམ་ལྷུན་གྱིས་གྲུབ་པའི་མངོན་ཤེས་ནི་རྒྱལ་བ་དང་། མངོན་ཤེས་ཀྱི་རྒྱ་མཉམ་པས་ཁྱད་མེད་ཏེ། ནམ་མཁའི་ཁམས་ཆོས་ཀྱི་དབྱིངས་སུ་མཐའ་ཀླས་པ་ཚུན་ཆད་མཁྱེན་པའོ། །འོ་ན་ཁྱད་མེད་དམ་ཞེ་ན། བག་ལ་ཉལ་གྱི་དྲི་མ་ཡོད་པ་དང་མེད་པའི་ཕྱེ་བས་ཁྱད་པར་ཡོད་པའི་ཕྱིར། མཐར་ལམ་དུ་སྨོས་པ་ཡིན་ལ། དེ་ལྟར་ན་ལམ་པ་ཐམས་ཅད་ཀྱི་མངོན་ཤེས་རྫོགས་པ་ཡིན་ནོ། །ལམ་རྫོགས་ཡིན། འདི་ལ། ལྷུན་གྲུབ་མཐར་ལམ་པ་དང་། རྫོགས་པའི་སངས་རྒྱས་ཀྱི་ཁྱད་ཡིན་ནོ། །ཞེས་འབྲུ་གནོན་ན་རུང་ངོ་། ༈ །རྒྱུ་འབྲས་ཀྱི་ཁྱད་པར། དྲང་། རྒྱུའི་བྱང་ཆུབ་སེམས་དཔའ་ལས་ཁྱད་པར་དུ་གྱུར་པ་ནི། ཟག་མེད་ཀྱི་མངོན་ཤེས་ཀྱི་ཡུལ་དེ་ཙམ་ཡིན་པ་དེ་བས་ན་རྒྱུ་མཚན་ཉིད་ཀྱི་ཐེག་པའི་བྱང་ཆུབ་སེམས་དཔའི་ལམ་གྱིས་དང་པོ་དང་། སྔགས་ཀྱི་མཐོང་ལམ་ཚེ་དབང་གཉིས། མཐོང་ལམ་ཙམ་དུ་མཉམ། ཕྱག་རྒྱ་ཆེན་པོ་དང་རྒྱུའི་ས་བརྒྱད། ལྷུན་གྲུབ་དང་རྒྱུའི་ས་བཅུ་པར་ལམ་ཚོད་ཀྱི་སྐལ་བ་མཉམ་པའི་ཕྱིར་ན་མཐོང་ལམ་སྒོམ་ལམ་མཐར་ལམ་གསུམ་དུ་བརྗོད་ཀྱི་འོན་ཀྱང་ཡོན་ཏན་ནམ་ཁྱད་པར་གྱི་ཚུལ་མི་འདྲ་ཞིང་མི་མཉམ་སྟེ། ཇི་ལྟར་མི་མཉམ་ཞེ་ན། མངོན་པར་ཤེས་པའི་ཁྱད་པར་དང་། དགོངས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་དང་། གཞི་ལྟ་བ་མཐོ་དམན་གྱི་ཁྱད་པར་ཡོད་པའི་ཕྱེ་བས། རྒྱུའི་ལམ་པ་དང་། འབྲས་བུའི་རིག་འཛིན་ལ་ཁྱད་ཤིན་ཏུ་ཆེ་བ་ཡོད་པར་ངེས་སོ། །འདི་ཉིད་ལས། དགོངས་སྤྱོད་རྒྱ་མཚོ་ཁྱད་པར་འཕགས། ལྟ་བའི་སྒྲིབ་པས་ཕྱེ་བ་ཡིན་ཅེས་སོ། ༈ །ཆོ་འཕྲུལ་ལོ། །དྲང་། དེ་ཏིང་སྟོང་ཆེན་སྒོམ་པ་འདི་ཡི་ཚེ། རྫུ་འཕྲུལ་གྱི་མཐུ་ཉི་ཤུ་འབྱིན་ནུས་པ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། འགྲོ་བ་སོ་སོའི་སྐད་དུ་ཆོས་སྟོན་ནུས་པ་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། གཞི་ཕྱོགས་དྲུག་གི་ས་གཡོ་བས། ནང་དུ་སེམས་སྐྱེད་འཕེལ་བར་བྱེད་པ་ཆོས་སྣང་བའི་ཆོ་འཕྲུལ་དང་། ཕྱི་ནང་སྣོད་བཅུད་ཐམས་ཅད་གསང་སྔགས་ཀྱི་རང་སྒྲ་ཏི་རི་རི་སྒྲོགས་པ་ཀུན་བརྗོད་པའི་ཆོ་འཕྲུལ་ཏེ། དེ་ལྟར་ཆོ་འཕྲུལ་བཞི་པོ་ཡང་། ལམ་གཅིག་ཆར་བ་ལ་བཞི་ཀ་རྫོགས་པར་འབྱུང་གི་ལམ་རིམ་གྱིས་སྒོམ་པ་དེ་ཏིང་སྟོང་ཆེན་འདིའི་ཚེ་འབྱུང་བའི་རྒྱུ་ཙམ་ཡིན་ནོ། །འོ་ན་མ་ངེས་སྟེ་དངོས་སུ་མི་འབྱུང་ཞེ་ན་ཉམས་ལྔའི་ཐ་མ་མཐར་ཕྱིན་པའི་སྐབས་སུ་ཆོ་འཕྲུལ་བཞིའི་ཆ་གཅིག་ཙམ་འབྱུང་བ་ཡང་སྲིད་དོ། ༈ །བཅུ་གཉིས་པ་རྨི་ལམ་ལ་བཞི། བགྲང་། སྒྲིབ་པ་དག་ཅིང་བདེན་པ་མཐོང་བའི་ལྟས་དང་། དྲང་། གསང་སྔགས་མ་ཧཱ་ཡོ་གའི་ལམ་པ་གང་དག་སྟོང་པ་ཆེན་པོའི་རྣལ་འབྱོར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་བློ་གནས་པའི་རྨི་ལམ་ན་ཡང་སྒྲིབ་པ་དག་པའི་ལྟས་སུ་གཅེར་བུར་ཕྱུངས་ཤིང་ལུས་ཀྱི་དྲི་མ་དག་པ་དང་། ཆུ་བོ་ལས་བརྒལ་བ་དང་། མཚོ་ཆུ་ལ་རྐྱལ་བ་དང་། གཞན་གྱི་ཆར་རྒྱུ་གྱི་འཁྲུ་བ་དང་། གཞན་གྱི་བུམ་ཆུས་བདག་གི་ལུས་ལ་བླུགས་པ་དང་། ཤིན་ཏུ་མཐོ་བའི་རི་རྩེ་ལ་ལྡིང་ནས་རླུང་གི་ཤིན་ཏུ་གཡེང་བ་རྣམས་འདི་དག་སྔར་ཞེན་གྱི་བག་ཆགས་བྱང་བའི་ལྟས་ཡིན་ནོ། །དགོངས་འདུས་ལས། སྒྲོན་མོར་བྱུང་དང་རྟག་པར་འཁྲུ། །རྣམ་དག་ཆུ་བོ་འབོག་དང་རྐྱལ། །ཆར་རྒྱུན་བུམ་ཆུ་འབྱུང་བ་དང་། །བསྲེག་དང་གཡིང་དང་རྣམ་པར་འཐོར། །འདི་དག་བག་ཆགས་སྦྱང་བའི་བལྟས། །ཞེས་སོ། །བདེན་པ་མཐོང་བའི་ལྟས་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་མཐོང་བ་ལ་སོགས་པའོ། །དེ་ཡང་བྱང་ཆུབ་ཆེན་པོའི་མཆོད་རྟེན་དཀར་པོ་བང་རིམ་བཞི་པ་མཐོང་བ་ནི། ཚོགས་ལམ་གསུམ་པ་ཕྱག་རྒྱ་གཅིག་པའི་དུས་སུ་བདེན་པ་དབྱེར་མེད་ཉམས་སུ་ལོན་ཞིང་། འབྲས་བུའི་ཆོས་ཡོངས་སུ་རྫོགས་པ་ཐོབ་པའི་ལྟས་སོ། །དེ་ཡང་རྡོ་རྗེ་བཀོད་པ་ལས། ས་རྣམས་ཐོབ་པའི་སྔ་ལྟས་ནི། །ཁྲི་རྐང་དག་ལ་འཛེགས་པ་དང་། །ཕལ་པའི་སྐས་ལ་འཛེགས་པ་དང་། །གྱེན་དུ་ཤིན་ཏུ་འགྲོ་བ་དང་། །རི་བོའི་རྩེ་ལ་འཛེགས་པ་དང་། །མཆོད་རྟེན་དག་ལ་འཛེགས་པ་དང་། །ནམ་མཁའི་སྐས་ལ་འཛེགས་པ་དང་། །འདི་དག་སྔོན་གྱི་སྔ་ལྟས་ཡིན། །ཞེས་སོ། ༈ །དབང་བསྐུར་ཞིང་ལུང་བསྟན་འབྱུང་བ་ལ་སོགས་པའི་རྨི་ལྟས་དང་། དྲང་། དམ་པ་མཆོག་སངས་རྒྱས་དང་དམ་པ་བྱང་ཆུབ་སེམས་དཔའ་ཡིས། དམ་པ་སངས་རྒྱས་ཀྱི་སྲས་སུ་དགོངས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤུན་དུ་དགོངས་ནས་བྱིན་གྱིས་རླུབས་སོ། །འདི་ན་མེད་ཀྱང་ལུང་གྲ་ཆད་ལ་ཉལ་བ་ཟུར་ལ་བསླང་བ། འཆད་པ་པོའི་གཉེར་བྱ་བ་ཡིན། མ་མོ་དང་མཁའ་འགྲོ་རྣམས་ཀྱི་རྗེ་བོར་དགོངས་ནས་ཕྲིན་ལས་བསྒྲུབ་པའོ། །གཞན་ཡང་རྨི་ལམ་གྱི་མཚན་མར་ཉམས་སྣང་བླ་མ་འགྲོ་བའི་མགོན་པོ་མངོན་སུམ་དུ་སྣང་བས་བདག་ཉིད་ལ་དབང་བསྐུར་བ་དང་། བྱིན་གྱིས་རློབས་པ་དང་། སོགས་ཁུང་ནས་ཆོས་ཀྱི་ལུང་སྟོན་པ་དང་། རིན་པོ་ཆེ་ལ་སོགས་པའི་ཁྲི་ཆེན་པོའི་སྟེང་ལ་འཇོག་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་སྟོན་པ་སྟེ་བྱང་ཆུབ་ཀྱི་ལམ་དུ་འཛུད་པ་ལྔ་བྱེད་ཅིང་། ཡང་ན་ཁྲུས་བྱེད་པ་དང་། དབང་སྐུར་བ་དང་། བྱིན་རླབས་བྱེད་པ་དང་། ལས་ལ་བསྐོ་བ་དང་། ལུང་བསྟན་པ་དང་། བཀའི་གཉེར་དུ་གཏད་པ་ལ་སོགས་པ་ལམ་དུ་འཛུད་པ་ལྔ་བྱའོ། །དེ་ཡང་ཚོགས་ལམ་དུ་སྒྲིབ་པ་བྱང་བའི་ལྟས་སུ་བླ་མས་ཁྲུས་བྱས་བ་དང་། སྦྱོར་ལམ་དུ་ཆོས་ལ་དབང་ཐོབ་པའི་ལྟས་སུ་དབང་བསྐུར་ཞིང་བྱིན་གྱིས་རློབས་པ་དང་། མཐོང་ལམ་དུ་བདེན་པ་མཐོང་བའི་ལྟས་སུ། བླ་མས་ཁྲི་གདན་ལ་བཞག་ནས་ཆོས་འཆད་པ་མཐོང་བ་དང་། སྒོམ་ལམ་དུ་ལུང་བསྟན་ཐོབ་པའི་ལྟས་སུ། བླ་མས་ལས་དང་བྱ་བ་གང་ཡང་རུང་བ། ལུང་སྟོན་པ་དང་། མཐར་ལམ་དུ་གཞན་དོན་ནུས་པའི་ལྟས་སུ། རང་ཉིད་ཀྱི་སྟན་ལ་བཞག་ནས། གསེར་གྱི་འཁོར་ལོ་ལག་ཏུ་གཏད་ནས་ཆོས་ཤོད་ཅིག་པ་བཀའ་བསྒོ་བ་བྱེད་པའོ། །བྱང་ཆུབ་བསྒྲུབ་པ་ལ་བར་ཆད་འབྱུང་མི་འབྱུང་དང་། ལེགས་པའི་ཡོན་ཏན་དང་། ཉེས་པའི་སྐྱོན་འབྱུང་མི་འབྱུང་ལ་སོགས་པའི་སྒོ་ནས། ལམ་ལ་བརྩོན་འགྲུས་ཆེར་གྱིས་ཤིག་པ་ལ་སོགས་པའི་ལུང་སྟོན་པ་རྨི་ལམ་ལ་འབྱུང་ངོ་། །དེ་ཉིད་བདུན་དང་ཆ་ཕྱེ་བར་བསྟན་པ་དང་། དྲང་། ལུང་སྟོན་པའི་མཚན་ལྟས་དེ་ཡང་། བདུད་ཀྱི་བར་ཆད་དང་། ཏིང་ངེ་འཛིན་ལམ་རྟགས་གཉིས་ཆ་ཕྱེ་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། བདུད་སྡིག་ཅན་ཉིད། རང་གི་སློབ་དཔོན་དུ་སྤྲུལ་ནས་བྱིན་གྱིས་རློབས་པ་དང་། ལུང་སྟོན་པ་ལྟར་སྣང་བ་ཡང་། བདུད་ཀྱི་བར་ཆད་བྱུང་བ་ཉེས་བྱེད་དུ་མའི་བདུད་སློབ་དཔོན་ལ་སོགས་པར་སྤྲུལ་ནས་འབྱུང་སྲིད་པའི་ཕྱིར། བདུད་ཀྱི་བར་ཆད་དང་། ཏིང་ངེ་འཛིན་གྱི་རྟགས་གང་ཡིན་ཆ་བརྟག་པ་ཀུན་ཏུ་གཅེས་སོ། །དེ་ཡང་ཕྱིའི་བར་ཆད་བདུད་ལ། དངོས་པོ་ལྟ་བས་མ་ཆུན་པ་དང་། རྨི་ལམ་རང་རྒྱུད་པར་བཟུང་བ་དང་། ཧ་ཅང་རེ་དོགས་ཆེ་བ་ལ་སོགས་པས་ཀྱང་འབྱུང་ངོ་། །འོ་ན་གཞན་ལ་མི་འོང་བར་ཆོས་པ་བཟང་པོ་རྣམས་ལ་བདུད་འབྱུང་བ་ཅི་ཡིན་ཞེ་ན། ལམ་ལ་མ་ཞུགས་པ་དང་ཚུལ་བཞིན་ཡིད་ལ་མི་བྱེད་པ་རྣམས་ཁོ་རང་གི་འཁོར་དུ་མཐོང་བས། སླར་སྲུང་སྐྱོབས་བྱེད་པ་ལ་ཆོས་པ་རྣམས་ལ་མཁོས་ཀ་ཆེད་པོ་མེད་ཀྱང་། འདོད་ཁམས་ཀྱི་གཙོ་བོ་དགའ་རབ་དབང་ཕྱུག་གིས་བལྟས་ཙམ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ལྟར་གཞན་ཡང་མང་པོ་དྲངས་ནས། ཁོ་རང་འཁོར་མེད་ཀྱི་དོགས་ནས། བར་དུ་གཅོད་པའི་སྦྱོར་བ་ལ་བརྩོན་ནས། དཔེར་ན་དགྲའི་བུ་ཆུང་དེས། དེ་ལ་གནོད་པ་མི་འབྱུང་ཡང་། ཕྱིས་འབྱུང་གི་དོགས་ནས། བསམ་སྦྱོར་ངན་པ་བྱེད་པ་དང་འདྲའོ། །དེ་ཡང་མདོ་ལས། བདུད་ནི་གང་ལས་འབྱུང་ཞེ་ན། །རྟག་ཏུ་འགྲུས་ལ་འབྱུང་བ་ཡིན། །མི་འགྲུས་པ་ལ་བདུད་མི་འབྱུང་། །ཅི་ཕྱིར་མི་འགྲུས་དེ་ཉིད་བདུད། །ཅེས་སོ། །དེའི་བར་ཆད་བསལ་ཕྱིར་བླ་མ་ལ་ཞུས་པའོ། །དྲང་། དེ་ལྟར་བདུད་ཀྱི་བར་ཆད་དེ་དག་བསལ་བའི་ཕྱིར་གོང་གི་མཚན་མ་དེ་དག་ཀུན་གསང་ན་དངོས་གྲུབ་མྱུར་བས། རང་གི་རྩ་བའི་བླ་མ་ཉིད་ལ་ཞུས་པ་ལས། གཞན་དུ་དྲི་ཞིང་སྨྲ་བར་བྱ་བ་མིན་ཏེ་གསང་བའོ། ༈ །བཅུ་གསུམ་པ་ཕན་ཡོན་ལ་དྲུག །བགྲང་། དགེ་སྡིག་ལས་ཀྱིས་མི་གོས་པའི་ཕན་ཡོན་དང་། དྲང་། ཆོས་ཉིད་དེ་བཞིན་ཉིད་དུ་ལྟ་བས་མཐོང་ཞིང་ཏིང་ངེ་འཛིན་གོམས་ནས་དགེ་སྡིག་གི་བག་ཆགས་དེ་དག་དང་། མི་དགེ་གཉིས་སུ་མེད་པར་རང་འགྲོལ་ལོ། །བདེ་སྡུག་ལ་སོགས་པ་གང་ལ་ཡང་རྣམ་རྟོག་མཚན་མར་མི་འཛིན་ཏེ། ཆོས་ཐམས་ཅད་རང་བཞིན་ངང་ངམ་ཡེ་ནས་སེམས་ཉིད་འོད་གསལ་བའི་ངང་དུ་རྟོགས་ཤིང་གོམས་པས། དགེ་སྡིག་གི་རྣམ་སྨིན་མེད་པ་ཤིན་ཏུའང་བདེ་བའོ། ༈ །བདེ་སྡུག་གཉིས་སུ་མེད་པར་གྲོལ་བའི་ཕན་ཡོན། དྲང་། དེས་ན་བདེ་བ་དང་མི་བདེ་བ་གཉིས་སུ་མེད་པས་རང་བྱུང་གི་ཡེ་ཤེས་བདེ་སྡུག་གཉིས་འཛིན་གྱི་ཆགས་པ་མེད་པར་རྣམ་པར་དག་པའོ། །ཆོས་རྣམས་ཐམས་ཅད་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཡིན་པའི་དོན་ལ་སེམས་ཉིད་ཡང་ཕྱོགས་འཛིན་དྲི་མས་མ་གོས་ཞིང་དྭངས་བས་ཨ་རབ་བདེ་བ་ཡིན་ནོ། ༈ །གཙང་སྨེ་གཉིས་སུ་མེད་པའི་ཕན་ཡོན་དང་། དྲང་། འདོད་པའི་ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ། གཙང་དང་སྨེ་བའི་བློ་མ་འཛིན། དེ་གཏན་ཚིགས་ཅིའི་ཕྱིར་ན་ཐམས་ཅད་ཆོས་ཉིད་རོ་གཅིག་པས། གཙང་སྨེ་གཉིས་སུ་མེད་པ་ཤིན་ཏུ་བདེ་བའོ། ༈ །འཁོར་བ་མ་སྤང་རང་སར་གྲོལ་བའི་ཕན་ཡོན་དང་། དྲང་། ཤེས་རབ་ཆུང་བ་རིམ་གྱིས་པ་དང་། ཆེན་པོ་གཅིག་ཆར་བའི་ཏིང་ངེ་འཛིན་གསལ་མི་གསལ་ལམ་བརྟན་མི་བརྟན་གྱི་ལྟ་སྒོམ་སྤྱོད་པ་ལ་སོགས་པ་མ་ནོར་བར་རྒྱུད་གཞུང་ལུགས་བཞིན་རྟོགས་ཤིང་སྒོམ་ན་འཁོར་བ་མ་སྤངས་པར་རང་སར་གྲོལ་བས་སྡུག་བསྔལ་བསལ་དུ་མེད་འཁོར་འདས་གཉིས་སུ་མེད་པར་རྟོགས་ཤིང་ཡིད་ཚིམ་པས་སྐྱེ་བ་མེད་པའི་དོན་རྟོགས་པས་ཨ་རབ་བདེ་ཞེས་བྱའོ། །ཆོས་ཉིད་མངོན་གསུམ་དུ་མཐོང་བའི་ཕན་ཡོན་དང་། དྲང་། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་ལུས་ཆོས་ཉིད་དེ་བཞིན་ཉིད་དུ་གཅིག་པའི་ངང་ཡིན་པས་དོན་ལ་ལྟ་བར་བྱ་བའི་ཡུལ་དང་ལྟ་བར་བྱེད་པའི་མཁན་པོ་གཉིས་ཀ་མེད། རྟོགས་པའི་ཡེ་ཤེས་མ་རིག་མུན་པ་སེལ་བའི་སྒྲོན་མ་རྒྱུན་མི་ཆད་པར་སྦྲེང་བ་ནི། ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་མ་བལྟས་པར་ཤེས་རབ་སྤྱན་གྱིས་ཆོས་ཉིད་བདེན་པའི་དོན་མཐོང་བའོ། །མ་བསྒྲོད་པར་ས་ནོན་པའི་ཕན་ཡོན་ནོ། །དྲང་། ཚེ་འདི་དང་ཕ་རོལ་ཏེ་ཕྱི་མ་གཉིས་དེ་བཞིན་ཉིད་ཀྱི་ངོ་བོ་ལ་གཉིས་སུ་མེད་པའི་ཕྱིར་འགྲོ་དང་འོང་བར་བྱ་བ་མིན་ནོ། །ཡན་ལག་བཞིའི་སྟོབས་ཆེན་གང་ཡང་མ་མཆོང་པར་རིག་པ་མཐའ་དབུས་མེད་པར་ཕྱོགས་བཅུའི་ཁམས་ཐམས་ཅད་གཉིས་སུ་མེད་པར་མནན་ནོ། །ཡོན་ཏན་གྱི་སྐབས་འདིར་ས་དམིགས་དྲུག་གི་ནང་ན་བསྟན་བཞིན་དོན་ཆོད་པར་གྱིས། འདི་ཚིག་གིས་འབྲུ་རྒྱས་པར་མ་བྱས་སོ། །བཅུ་བཞི་འདའ་ཀ་མ་ལ་གཉིས། བགྲང་། མཚན་མེད་པའི་འཕོ་བ་དང་། དྲང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་འདི་སྒོམ་པའི་ཚེ་སྤྱོད་ཡུལ་འགྱུར་ཏེ་འཆི་བར་མཐོང་ན་མཚན་མའི་གཡེང་བ་སྟེ་ཕྱི་ནང་གི་འདུ་འཛི་དང་། ཉེ་འབྲེལ་གྱི་སྨྲེ་སྔགས་ལ་སོགས་ཐམས་ཅད་ཀུན་བསལ་ནས། དངོས་པོ་ཡོ་བྱད་ལ་སོགས་ཡོད་ན་ཆོས་ཕྱོགས་སུ་འགྲོ་བའི་ཞལ་ད་བྱེད། བླ་མ་དང་གྲོགས་པོ་བཟང་པོ་བཞུགས་ན། འཆི་ཁ་རང་ལ་གསལ་འདེབས་དགོས། ཞེས་པའི་ཞུ་བ་བྱེད། དེ་ནས་གཞན་ཅི་ཡང་ཡིད་ལ་མི་བྱེད་ནས་གནད་གཅོད་ཀྱི་ཟུགས་ཟེར་དྲག་པོ་དེ་དང་། སྟོང་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ལ་དབྱེར་མེད་དུ་གཅུན་ཅིང་། བློ་རྩེ་གཅིག་དུ་ལྷན་ནེ་འདུག་གོ། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་བྲན་པས་སྔར་གྱི་ལས་ངན་གྱི་བག་ཆགས་རྒྱུན་བཅད། དེའི་ངང་ལ་འདའ་ན་འབྲས་བུ་འདོད་ཁམས་ལྷ་མིའི་སྐྱེ་བ་ཁྱད་པར་ཅན་དུ་སྐྱེས་ནས། ཐེག་པ་ཆེན་པོའི་ཆོས་དང་འཕྲད་ཅིང་ཏིང་ངེ་འཛིན་ལ་སྦྱོར་རོ། །མཚན་བཅས་ཀྱི་འཕོ་བའི་མན་ངག་གོ། །དྲང་། གོང་དུ་མཚན་མེད་ཀྱི་འཕོ་བ་སོང་ནས། མཚན་བཅས་སྟོན་པས་ན་ཡང་ན་ཞེས་བྱའོ། །གསང་བའི་གསེར་སྒྲོམ་དུ་ཞེས་པ་སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་ཀྱི་དབུས་སུ་ཀུན་གཞི་འོད་ཕུང་ཁ་དོག་ལྔའི་ངོ་བོ་ཚོན་གང་བ་གཅིག་དུ་བསམ་པ་དང་། དེའི་སྟེང་དུ་ཉོན་ཡིད་ཟླ་བའི་དཀྱིའ་འཁོར་དུ་བསམ། དེའི་སྟེང་དུ་ཡིད་ཤེས་ཧཱུྃ་རིང་པོར་གཅིག་སྒོམ་ཞིང་དེ་གསུམ་བརྩེགས་པའི་ཏིང་ངེ་འཛིན་ལ་དམིགས་པ་རྩེ་གཅིག་ཏུ་བརྟན་པ་ཐོབ་ནས། དབུག་གི་རླུང་གིས་ཕར་འཕྲོ་ཚུར་འདུས་ཧཱུྃ་ཡིག་ལ་ཐིམ་དེ་ཟླ་བ་ལ་ཐིམ། དེ་འོད་ཕུང་ལ་ཐིམ། མཐར་འོད་ཕུང་དེ་ཉིད་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་ལ་ཁྱབ་པར་བརྡལ་ཏེ། སྣང་སྲིད་ཐམས་ཅད་འོད་ཀྱི་ངོ་བོར་ཁྱབ་ཅིང་སྟོང་པའི་ངང་ལ་འདུག་གོ། །འདི་ལ་ཡང་། མར་པ་ལོ་ཙཱ་ལ། ན་རོ་པན་ཆེན་གྱིས། སྒོ་ལྔ་ལ་སོགས་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཀག་ནས་སྒོ་གཅིག་ཕྱེ། །རྣམ་པར་ཤེས་པ་ཆོས་ཉིད་འདས། །མིང་ཡང་འཕོ་བའི་གདམས་ངག་ཟེར། །རླུང་དུས་སུ་ཁེགས་སམ་ལོ་ཙ་བ། །ཞེས་གསུང་། རྟོགས་ལྡན་པའི་དགོངས་པ་མཆན་ལྟར་རོ། །ཡང་ན་མཚན་བཅས་ཀྱི་འཕོ་བ་འདེབས་པ་ལ། གསང་བའི་གསེར་སྒྲོམ་རྩ་དབུ་མ་ཡིན། རྩ་འདི་ཡར་སྣ་ཚངས་པའི་བུ་ག །མར་སྣ་ལྟེ་འོག་སོར་བཞིའི་སོ་ན་ཡོད། ཚོན་གོང་འོད་དང་ཟླ་བ་ཧཱུྃ་ཞེས་པ་བདེ་རྩ་དབུ་མའི་མར་སྣ་ན། ཟླ་བའི་དཀྱིལ་འཁོར་ཚོན་གང་བ། དེའི་སྟེང་དུ་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་ཧཱུྃ་སྒོམ། སྤྱི་བོར་མདའ་གང་ཙམ་གྱི་སོ་ན་བླ་མ་རྡོ་རྗེ་འཆང་གི་རྣམ་པ། བླ་མའི་ཐུགས་རྗེ་རྣམ་པ་འོད་ཟེར་ལྕགས་ཀྱུ་ལྟ་བུ་དེ་ཆར་ལ་བྱུང་ནས་ཧཱུྃ་ལ་འཁྱུད། ཧཱུྃ་མོས་གུས་དང་ལྡན་པ་དེ། རླུང་རིང་པོ་བརྩེགས་ནས། ན་ར་ར་སོང་ནས། བླ་མའི་ཐུགས་ཀར་ཐིམ། བླ་མ་དེ་ཉིད་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་སོང་ནས། སྟོང་ཉིད་སྤྲོས་བྲལ་གྱི་ངང་དུ་བཞག་པ་ལ། རླུང་གི་འཕྲོ་འདུས་འོད་བདག་འདུག །ཟེར་རོ། །འཕོ་བ་འདི་རྣམས་ལ། གང་དུ་འཕོ་བ་ཡུལ་གྱི་གནད། །གང་འཕོ་བ་ཤེས་པའི་གནད། འཕོ་ཚུལ་དོན་ལ་སྦྱོར་ཚུལ་གྱི་གནད་གསུམ་ཡོད་པ། བླ་མའི་ཞལ་ལས་ཤེས་སོ། །ལས་དང་པོ་པ་ལ་འཕོ་བ་འདི་གནད་ཆེ་སྟེ། ལས་མི་དགེ་བ་བྱས་ཟིན་ཡིན་ན། རླུང་དང་རྣམ་པར་ཤེས་པ་ཡར་འགྲོགས་ནས་འཕོས་ན། རེ་ཞིག་ལྷ་མིའི་གོ་འཕང་ཐོབ་པར་བཤད་དོ། ༈ །བཅོ་ལྔ་པ་འབྲས་བུ་ལ་གཉིས། བགྲང་། འབྲས་བུ་ཆོས་སྐུ་ཐོབ་པ་དང་། དྲང་། དོན་སྣང་སྟོང་དབྱེར་མེད་སྟོང་ཆེན་གྱི་རྣལ་འབྱོར་ལ་གོམས་པའི་མཐའ་མ། སྟོང་པའི་ཏིང་ངེ་འཛིན་དེས་མངོན་དུ་བྱས་པའི་འབྲས་བུ་དབུ་མ་ལས་ལྷག་པའི་ཆོས་སྐུར་སྦྱོར། ༈ དེ་ལ། རྩོད་པའི་སྐྱོན་སྤངས་པའོ། །དྲང་། གོང་གི་ལྷག་པའི་ཆོས་སྐུར་སྦྱོར། ཟེར་བ་འདི་བརྒྱུད་རྒྱུ་ལ་དགོངས་པ་ཡིན། དངོས་སུ་སྦྱོར་བ་མ་ཡིན་ནོ། །འོ་ན་འདིར་ཆོས་སྐུ་ཐོབ་ན། སྙིང་རྗེ་ཆེན་པོ་ཡན་ཆད། དོན་མེད་དུ་འགྱུར་ཞིང་། མཐར་ལམ་པ་དང་ཁྱད་མེད་དུ་འགྱུར་རོ། །ཞེས་བསྒལ་ཚིག་ཁུང་ནས་ཕྱུང་ལ། ལེན་དཀྱུས་ཀྱིས་འདེབས་པ་ནི། འབྲས་བུ་ཉིད་ལ་ལམ་ཕྱིར་ཏེ། །ཞེས་པས། སྤྱིར་གསང་སྔགས་ཀྱི་ལུགས་ཀྱིས་འབྲས་བུ་ལམ་དུ་བྱེད་པ་ཡིན་ལ། བྱེ་བྲག་འོད་གསལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཆོས་སྐུའི་ལམ་དུ་བྱེད་པའི་ཕྱིར་ན། བརྒྱུད་པའི་འབྲས་བུ་ལ་དགོངས་པ་ཡིན་གྱིས། དངོས་སུ་ཐོབ་པ་མ་ཡིན་པས་སྐྱོན་མེད་དོ། །འོ་ན་བརྒྱུད་ནས་སྐུ་གསུམ་མམ་ལྔ་ཀ་ཐོབ་པ་ལ། ཆོས་སྐུ་ཁོ་ན་སྨོས་པ་ཅི་ཡིན་ཞེ་ན། །ཕྱོགས་མཐུན་བརྗོད་ཀྱི་རིམ་པ་ཡིན་ཞེས་པས། །དེ་ཏིང་དོན་དམ་སྐྱེ་མེད་སྒོམ་པ་དང་། །སྐྱེ་མེད་མངོན་དུ་བྱེད་པའི་ཆོས་སྐུ་གཉིས། །སྐྱེ་བ་མེད་པ་ཙམ་དུ་ཕྱོགས་མཐུན་པས། །ཆོས་སྐུ་ཐོབ། ཅེས་བརྗོད་ཀྱི། སྐུ་གཞན་ལ་མི་སྦྱོར་བའི་རྒྱ་དང་རིས་སུ་ཆད་པ་མེད་དོ། །ལེའུའི་མཚན་ནོ། །དྲང་། རྣམ་པ་ཀུན་ལྡན་གྱི་སྟོང་པ་ཆེན་པོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་བསྟན་པའི་གཞུང་གི་ཚིག་དོན་རྣམས་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ། ཡས་བགྲང་གསུམ་པའི་དོན་དུ་གདའ་འོ།། ༈ །།སྟོང་པ་ཆེན་པའི་རྣལ་འབྱོར་གྱི་སྐབས་འདིར། ལྟ་བ་རྟོགས་ནས་སྒོམ་པ་ཡིན་ནམ་མིན། ཡིན་ན་ལམ་ཇེ་ངན་དུ་ཐལ། ལྟ་བ་བདེན་གསུམ་དབྱེར་མེད་རྟོགས་ནས། འདིར་ཁ་ཕྲལ་དགོས་པའི་ཕྱིར། ལྟ་བ་རྟོགས་ནས་སྒོམ་པ་མིན་ན། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྒོམ་པ་མ་ཡིན་པར་ཐལ། ལྟ་བ་མ་རྟོགས་པའི་ཕྱིར། འདི་རྣམས་ཀྱི་མཐའ་བསལ་གོང་དུ་ཐལ་ལོ། །བཅོ་ལྔ་པ་འབྲས་བུ་འདི་ཆོས་སྐུ་ལ་སྦྱོར་བ་ཡིན་ནམ་མིན། མིན་ན་གཞུང་རང་དང་འགལ། ཡིན་ན་སྙིང་རྗེ་ཆེན་པོའི་རྣལ་འབྱོར་ལ་སོགས་པ་ལམ་གཞན་འགྲོ་དོན་མེད་པར་ཐལ། སྔོན་དུ་འབྲས་བུ་ཆོས་སྐུ་ཐོབ་པའི་ཕྱིར། འདིའི་མཐའ་བསལ་ཡང་གོང་དུ་ཐལ། ཉམས་མཐར་ཕྱིན་པ་འདི་སྟོང་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མཐར་ཕྱིན་པ་ཡིན་ནམ་མིན། མིན་ན་གཞུང་རང་དང་འགལ་ཏེ། རོ་མྱོང་དོར་བས་དེ་མཐར་ཕྱིན། །ཅེས་གསུང་བའི་ཕྱིར་རོ། །ལམ་མཐར་ཕྱིན་ན། སྟོང་པ་ཉིད་ཀྱི་འབྲས་བུ་ཆོས་སྐུ་ཐོབ་པར་ཐལ། དེ་ཐོབ་ན་ལམ་གཞན་བཤད་པ་དོན་མེད་དུ་འགྱུར་རོ། །སྟོང་པ་ཆེན་པོའི་རྣལ་འབྱོར། སྙིང་རྗེ་ཆེན་པོའི་རྣལ་འབྱོར་ལ་སྦྱར་བའི་ས་མཚམས་གང་ནས་ཡིན་རྣམས་ཤེས་དགོས་ལ། འདི་རྒྱས་པར་བཤད་ན། རྣམ་ཤེས་ཚོགས་བརྒྱད་ས་འཚམས་གང་དང་། གང་ན་དག་ངོས་བཟུང་བ་དང་། སྟོང་པ་ཆེན་པོའི་རྣལ་འབྱོར་གྱི་ཉམས་མཐར་ཕྱིན་པའི་ཚད་གང་ཡིན་དང་། གོང་མ་སྐྱོན་རྣམས་ཀྱིས་མཐའ་བསལ་ལ་སོགས་པ་རྣམས་ལ། བཤད་པ་མང་པོ་གཅིག་དགོས་འདུག་པས། ཡི་གེར་མ་བཀོད་བཤད་པ་བྱེད་དུས་ག་དར་མཛོད། ༈ ལེའུ་བཞི་པ་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ལ་གསུམ། བགྲང་། ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། དོན་དམ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ཆོས་ཀྱི་སྐུ་དེ་ཉིད་རྟོགས་ཤིང་གོམས་པའི་ངང་ལ་ཕྱག་འཚལ་ཏེ། དེ་ཉིད་ཆོས་ཐམས་ཅད་དངོས་པོ་མེད་ཅིང་སྟོང་པར་རྟོགས་ཀྱང་། སྟོང་ཞེན་གྱི་དྲི་མ་བསལ་དགོས་པ་དང་། གདུལ་བྱ་སངས་རྒྱས་ཀྱི་ས་ལ་དགོད་པའི་ཕྱིར། སྙིང་རྗེ་འདི་ལ་ཡུལ་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ་དང་གསུམ་ལས། འདིར་དམིགས་པ་མེད་པའི་སྙིང་རྗེ་ཡིན་པས་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བཤད་པར་བྱའོ། །ཡང་ན་སྙིང་རྗེ་ལ་དབྱེ་ན་བཞི་སྟེ། ཕྱོགས་གཅིག་པའི་སྙིང་རྗེ་དང་། གཏོད་པ་དང་བཅས་པ་དང་། དམིགས་པ་དང་བཅས་པ་དང་། རྣམ་པ་དང་བཅས་པའོ། །དང་པོ་ནི། འཇིག་རྟེན་པའི་སྙིང་རྗེ་སྟེ། ཁྲ་དང་སྤྱང་ཀུ་དང་མི་སྡིག་ཅན་གྱིས་ཀྱང་། བུ་སྨད་ཀྱི་སྡུག་བསྔལ་མཐོང་ན་སྙིང་རྗེ་ནས་རང་གི་སྲོག་འདོར་ཕོད་པའོ། །གཉིས་པ་ནི། ཉན་རང་གི་སྟེ། རང་རང་གི་བདེན་བཞི་དང་། རྟེན་འབྲེལ་གྱི་ལམ་ལ་འཇུག་པའི་རིགས་མཐུན་གྱི་གདུལ་བྱ་ལ་ཆོས་སྟོན་པ་དང་། རྫུ་འཕྲུལ་གྱི་དོན་ཤས་འགའ་བྱས་ནས་འདྲེན་པའོ། །འོ་ན་སྙིང་རྗེ་མེད་ཅིང་གཞན་དོན་མི་བྱེད་པར་བཤད་པ་དང་འགལ་ཞེ་ན། སྙིང་རྗེ་ཡེ་མེད་པ་མ་ཡིན་ཏེ། ཤས་ཆུང་བ་ལ་དགོངས་པའོ། །གསུམ་པ་དམིགས་པ་དང་བཅས་པ་ནི། བྷོ་དྷིས་ཏེ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་དེ་སྙིང་རྗེ་སྐྱེ་བྱའི་ཡུལ་སེམས་ཅན་དང་། སྐྱེ་བྱེད་ཀྱི་མཁན་པོ་རང་ཉིད་དང་། སྙིང་རྗེའི་ངོ་བོ་གདུང་བ་དང་གསུམ་དུ་དམིགས་ཤིང་འཛིན་པ་དང་བཅས་པ་དེའོ། །བཞི་པ་རྣམ་པ་དང་བཅས་པའི་སྙིང་རྗེ་ནི་མ་ཧཱའི་སྟེ། སྙིང་རྗེའི་རྣམ་པ་ཙམ་ཡོད་ཀྱང་འཛིན་པ་མེད་པའོ། །དེ་ལ་མ་ཧཱའི་རྐྱེན་བྱིན་ན་སྙིང་རྗེ་ཆེན་པོ་ཞེས་བྱ་སྟེ། སྙིང་རྗེ་བྱ་བའི་ཡུལ་སེམས་ཅན་ཡང་རང་རྒྱུད་པ་མེད་དེ། རིག་པ་སྒྱུ་མར་གསལ་བ་ཕ་རོལ་ན་མེད། རྗེ་བྱེད་ཀྱི་མཁན་པོ་ཡང་སྒྱུ་མར་གསལ་བས་ཚུ་རོལ་ན་མེད། སྙིང་རྗེའི་ངོ་བོ་ཡང་རིག་པ་སྒྱུ་མར་གསལ་བས་གཞན་ན་མེད་དེ། མངོན་པར་གདུང་བ་མེད་པའོ། །དེ་བས་ན། སངས་རྒྱས་སེམས་ཅན་གཉིས་མེད་གཅིག་རྟོགས་ན། །སྙིང་རྗེ་ཆེན་པོ་སྐྱེ་ཞེས་དེ་ལ་བྱ། །ཞེས་སོ། །དེ་བས་ན་དམིགས་པའི་ཞེན་པ་དང་བཅས་པའི་བྱང་ཆུབ་སེམས་དཔའི་སྙིང་རྗེ་མན་ཆད་ནི། སྙིང་རྗེ་ཆུང་ངུ་ཞེས་བྱ་ལ། འདིའི་སྙིང་རྗེ་རྣམ་པ་སྣང་བ་དང་བཅས་པ་དེ་ལ་འཛིན་ཞེན་མེད་པས་ཆེན་པོ་ཞེས་བྱའོ། །དེ་ཡང་མདོའི་བརྒྱད་པ་ལས། ལང་ཀའི་བདག་པོ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་རང་བཞིན་གྱི་གནས་པས་ན། གཉིས་སུ་མཐོང་། སྙིང་རྗེའི་ཡུལ་མེད་པ་ནི། སྙིང་པོ་བྱང་ཆུབ་ཏུ་ཡོངས་སུ་བསྒྲལ་བའི་ཕྱིར། སྙིང་རྗེ་ཆེན་པོ་ཡིན་ལ། བྱམས་པའི་སྙིང་རྗེ་དག་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་སྲོག་བཏོན་པ་དང་། གར་ཐར་བར་བཏོན་པ་དེ་ནི། སྙིང་རྗེ་ཆུང་ངུར་རིག་པར་བྱའོ། །ཞེས་སོ། །ད་རེས་གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་ལ་ཕྱོགས་རིས་སམ། ཡུལ་ཡུལ་ཅན་མེད་པར་གསལ་བས་སྙིང་རྗེ། འོག་མའི་སྙིང་རྗེ་ལས་ཁྱད་པར་འཕགས་པས་ཆེན་པོའི་དོན། རིག་པ་སྒྱུ་མ་བཅོས་བསླད་དང་བྲལ་བའི་རྣལ་མ་ལ། ལམ་པའི་བློ་རྩེ་གཅིག་ཏུ་འབྱོར་བར་བྱེད་པས་རྒྱུ། ལུས་ཀུན་ཏུ་སྣང་གི་དོན་རྒྱས་པར་བཤད་པར་བྱའོ། ༈ །གཞུང་ལ་གཉིས། བགྲང་། ལུས་སྔ་མ་དང་མཐུན་པར་མདོར་བསྟན་པ་དང་། དྲང་། ཀུན་སྣང་ལེའུ་བཞི་པ་འདི་ལ་ཡང་། དེ་བཞིན་ཉིད་དང་རྗེས་སུ་མཐུན་པའི་ལུས་དོན་བཅོ་ལྔ་ཉིད་ཀྱིས་མདོར་བསྟན་པ་ནི། འོག་ནས་ཡན་ལག་རྒྱས་བཤད་ཀྱི་སྒོ་ནས་ཤེས་པར་གྱིས་ཤིག་པའང་། ༈ རྒྱས་པར་བཤད་པ་ལ་བཅོ་ལྔ་དེ་ལ་དང་པོ་སྔོན་དུ་འགྲོ་བ་ལ་དབྱེ་བ་མེད། སྙིང་རྗེ་སྒྱུ་མའི་སྔོན་དུ་དེ་ཏིང་སྟོང་ཆེན་ལ་གོམས་པའི་རྣལ་འབྱོར་པས། ཁམས་གསུམ་གྱི་སེམས་ཅན་རྣམས་ཡུལ་ཡུལ་ཅན་དུ་འབྱེད་པ་མེད་པའི་ཐུགས་རྗེ་ཆེན་པོས་གཉིས་མེད་དུ་རྗེས་སུ་བཟུང་བའི་དགོས་ཆེད་ཡོད་པའི་ཕྱིར། ཚོགས་བསགས་པའི་ཡན་ལག་བརྒྱད་པ་སྔོན་དེ་ཏིང་བཞིན་དུ་བྱས་ནས་དེའི་རྗེས་ལ་ངོ་བོ་ཡེ་ཤེས་རང་གསལ་གྱི་རྣམ་པ་སྒྱུ་མ་ལྟ་བུས་ཁྱབ་པའི་སྙིང་རྗེ་ཆེན་པོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་སྒོམ་པར་བྱའོ། ༈ །གཉིས་པ་དགོས་ཆེད་ལ་དབྱེ་བ་མེད་དོ། །དྲང་། བདག་གཞན་དུ་འཛིན་པའམ། ཆོས་དང་གང་ཟག་གཉིས་ཀྱི་དྲི་མ་བསལ་བ་དང་། དེ་བཞིན་ཉིད་སྟོང་པ་ལ་ཞེན་པའི་མདུད་པ་བཤིག་པ་དང་། གདུལ་བྱ་རྣམས་ཚད་མེད་པ་བཞིས་ཡང་དག་པའི་ས་ལ་དགོད་པ་དང་། ཕྱག་རྒྱ་གཅིག་པའི་རྒྱུར་སྔོན་དུ་ཐོབ་པར་བྱ་ཞིང་གཏན་ཚིགས་དེའི་ཕྱིར་ན་སྙིང་རྗེ་ཆེན་པོའི་རྣལ་འབྱོར་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ཉིད་ནི་དོན་དུ་གཉེར་བར་བྱ་བ་དང་། བདེན་པ་གཉིས་སུ་ཐ་དད་དུ་མི་གཏོང་བའི་ཕྱིར། ཡེ་ཤེས་སྒྱུ་མའི་རྣལ་འབྱོར་འདི་ལ་གནས་པར་བྱེད། འཇུག་པའི་ཐུན་ཐུན་མཚམས་དེ་ཏིང་མཐར་ཕྱིན་པའི་དུས་ཀྱི་བྱའོ། །ཡང་ན་འཇུག་པའི་ཐུན་མཚམས་དུས་ཀྱི་བྱ། འདི་ལ། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་འཇུག་པའི་ཐུན་ཆེ་ཆུང་གི་མཚམས་ཉམས་མཐོ་དམན་གང་ཡིན་གྱི་དུས་ཀྱི་དབྱེ་བར་བྱའོ། །དུས་ཀྱི་དབྱེ་བ་ནི། འདི་ལྟར་གཡོ་བའི་ཉམས་ཀྱི་སྐབས་སུ། ཉིན་ཞག་འཕྲུག་གཅིག་ལ་དུས་དྲུག་བཅུ་རྩ་བཞིར་བཅད་པས་སུམ་བཅུ་རྩ་གཉིས་སྒོམ་པ་ལ་འཇུག་ཅིང་། སུམ་བཅུ་རྩ་གཉིས་བར་དུ་ངལ་བསོའོ། །དེ་བཞིན་དུ་ཐོབ་པ་ལ་སུམ་བཅུ་རྩ་གཉིས་དང་། གོམས་པར་བཅུ་དྲུག་དང་། བརྟན་པར་བརྒྱད་དང་། མཐར་ཕྱིན་པ་ལ་བཞིར་ཕྱེ་ནས། བཅུ་དྲུག་དང་། བརྒྱད་དང་། བཞི་དང་། གཉིས་ལ་སོགས་པར་སྒོམ་པ་ལ་འཇུག་པ་གསུམ་སྟེ། གོམས་བརྟན་ན་དུས་ཀྱི་གནད་ཆུང་། ཞེས་གསུང་། གོང་གི་བདག་གཉིས་དྲི་མ་བསལ་བ་དང་། སྟོང་པའི་མདུད་པ་བཤིགས་པ་རྣམས་ལ། འབྲུ་གནོན་པས་མི་ཆོག་དོན་རྒྱུད་ཐོག་ན་ངོས་ཟིན་དགོས་སོ། །གསུམ་པ་བཞག་ཐབས་ལ་གཉིས། སྒོམ་པའི་ཐབས་དང་། སྙིང་རྗེའི་ཁྱད་པར་རོ། །དང་པོ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། སྙིང་རྗེ་ཆེན་པོའི་རྣལ་འབྱོར་པ་གང་གི་ཁམས་གསུམ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་རིགས་པ་སྒྱུ་མའི་ཡེ་ཤེས་སུ་ཤེས་རབ་སྤྱན་གྱིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་དང་། ལྕེའི་ངོ་མྱོང་བ་དང་། ལུས་ཀྱི་རེག་པ་དང་། སྣའི་ཚོར་བའང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་བརྟག་པའི་རྒྱུས་སྒོམ་པའམ། དེ་བཞིན་ཉིད་སྒོམ་པའི་རྗེས་ལ་ཐོབ་ཅིང་སྒོམ་པར་བྱེད་པ་དང་གཉིས་སོ། །རྒྱས་པར་བཤད་པ་ལ་གཉིས། བགྲང་། ལྟ་བའམ་སོ་སོར་རྟོགས་པའི་རྒྱུས་སྒོམ་པ་དང་། དྲང་། སྙིང་རྗེ་ཆེན་པོ་སྒོམ་པའི་ལམ་པ་དེ་ཡིས་འཁོར་འདས་དུས་གསུམ་གྱི་བསྡུས་པའི་ཆོས་སོ་ཅོག་ལྷག་མ་ལུས་པ་ཐམས་ཅད་རྟག་པ་ཐེར་ཟུག་པའི་སྙིང་པོ་རང་རྒྱུད་དུ་གྲུབ་ནས་ཡོད་པ་མ་ཡིན་ཏེ། ཡེ་ཤེས་རང་གསལ་སྒྱུ་མ་ལྟར་རྟོགས་པའི་ངང་ལ་བློ་མི་གཡོ་བར་བཞག་པའོ། །འོ་ན་སྒྱུ་མ་ལྟར་རྟོགས་པ་ནི་ཇི་ལྟ་བུ་ཞེ་ན། སྒྱུ་མའི་དཔེའམ་དངོས་པོ་དྲུག་གི་ཚུལ་ཏེ། གང་ཞེ་ན། སྣང་ལ་རང་རྒྱུད་མེད་པའི་དབེན་པའི་སྒྱུ་མ་སྟེ། ལོག་རྟོག་སྒྱུ་མ་དང་། སྣང་ལ་ངོ་བོ་མེད་མི་གཡོར་ཏེ་རྟེན་འབྲེལ་གྱི་སྒྱུ་མ་དང་། ཅིར་ཡང་ངེས་པ་སྤྲུལ་པ་སྟེ། ཡང་དག་སྒྱུ་མ་དང་། སྣང་ལ་མ་གྲུབ་པར་སྨིག་རྒྱུ་སྟེ་དངོས་པོ་སྒྱུ་མ་དང་། སྣང་ལ་རང་བཞིན་མེད་པས་འཇའ་ཚོན་སྟེ་ཡེ་ཤེས་སྒྱུ་མ་དང་། གསལ་ལ་ངོས་བཟུང་མེད་པས་ཆུ་ཟླའི་དཔེ་སྟེ་ཕྱག་རྒྱ་སྒྱུ་མའོ། །དེས་ན་དཔེ་དྲུག་གིས་མཚོན་པའི་ཚུལ་དུ་གཅིག་གོ། །དེ་ཡང་གང་གཅིག་ན། སྙིང་རྗེ་བྱེད་མཁན་གྱི་རྣལ་འབྱོར་པ་བདག་དང་། སྙིང་རྗེའི་ཡུལ་འགྲོ་བ་རིས་དྲུག་གི་སེམས་ཅན་ཐམས་ཅད་ཡེ་ཤེས་སྒྱུ་མ་རུ་ངོ་བོ་གཅིག་གོ། །འོ་ན་ཐ་དད་དུ་སྣང་ཞེ་ན། རྐྱེན་གྱི་འཁྲུལ་པ་རྣམས་ལ་ཐ་དད་དུ་མཚོན་ཚུལ་གྱི་བསལ་བ་དང་། རྟོག་པའི་བློ་གཉིས་སུ་བརྟགས་པས་བདག་དང་འགྲོ་བ་ཐ་དད་པའི་ཕྱིར་གཉིས་སུ་སྣང་ངོ་། །དེ་ཡང་དོན་དམ་པར་ན་ངོ་བོ་གཅིག་དང་ཐ་དད་པ་གཉིས་སུ་དབྱེ་བ་མེད་པས་གཅིག་ཐ་དད་ཀྱི་མཐའ་ལས་གྲོལ་བའོ། །གཉིས་སུ་བྱར་མེད་ཅིང་གཉིས་སུ་བྱ་བའི་སྣང་བ་ཡང་འགོག་པ་མེད་པར། ལྟ་བའི་དོན་མཐོང་བའི་ངང་ལ་མ་ཤོར་ཙམ་དུ་བྱ། ལྟ་བ་རྟོགས་པའི་རྗེས་སམ་རྟོག་དཔྱོད་སྔོན་དུ་བཏང་ནས་དེ་ནས་གོམས་པར་བྱའོ། ༈ །སྔ་མ་གོམས་པའི་རྗེས་སུ་སྒོམ་པ། དེ་ལ་གསུམ། བགྲང་། ཡེ་ཤེས་སྤྱི་བླུག་ཏུ་སྒོམ་པ་དང་། དྲང་། དེ་བས་རྒྱུ་ཤེས་པ་ལྟ་བ་དང་། སྟོང་པ་ཆེན་པོའི་རྣལ་འབྱོར་གཉིས་ལ་གོམས་པ་ནི་སྙིང་རྗེ་སྒྱུ་མའི་རྒྱུ་ལ་གོམས་པ་སྔོན་དུ་སོང་བ་ཡིན་པས། ཡེ་ཤེས་སྒྱུ་མ་སྒོམ་སྙམ་དུ་དྲན་པ་ཙམ་གྱིས་དུས་གཅིག་ཆར་དུ་ཏིང་ངེ་འཛིན་རང་ཤར་དུ་འབྱུང་བ་ནི། གཅིག་ཆར་བ་སྤྱི་བླུགས་ལྟར་སྐད་ཅིག་གིས་ཡེ་ཤེས་སྒྱུ་མ་ཡུལ་མེད་དུ་གསལ་བའོ། །དེའི་སྔོན་དུ་ལྟ་བ་དྲན་པའམ་རྟོག་དཔྱོད་ལ་སོགས་པ་བཏང་བའི་རྩོལ་བ་གང་ཡང་མེད། དཔེར་ན་ནམ་མཁའ་ཡུལ་དུ་བྱར་མེད་པ་ཇི་བཞིན་ནོ། ༈ །དམིགས་མེད་མཁའ་ལྟར་དུ་སྒོམ་པ་དང་། དྲང་། རང་གི་ལུས་ངག་སེམས་དང་ཕྱི་ནང་གི་ཆོས་ཐམས་ཅད་རིག་པ་རང་སྣང་ཡིན་པས་བློའི་མཚན་མ་གང་ནའང་མི་གནས་ཡུལ་དུ་མི་དམིགས་པས་ཡེ་ཤེས་སྒྱུ་མའི་ངོ་བོར་སྣང་ལ་རང་བཞིན་མེད་པས་མི་གཡོར་ཚུལ་དུ་སྦྱོར་བའི་སེམས་ཉིད་ཇི་ལྟ་བུའི་ངོ་བོ་ཡང་དམིགས་སུ་མེད་པ་མཐའ་བྲལ་སྟོང་པ་ནམ་མཁའ་ལྟ་བུར་གནས་པ་ལ་ནི། བློས་ཀྱང་མི་དམིགས་པར་རང་གསལ་བ་སེམས་ཉིད་མཐའ་དབུས་དང་བྲལ་བ་ནམ་མཁའ་ལྟ་བུར་སྒོམ་མོ། ༈ །མ་འགག་པ་ཐབས་ཀྱིས་སྒོམ་པ། ཡོན་ཏན་དང་བཅས་པའོ། །དྲང་། ཆོས་རྣམས་ཐམས་ཅད་མ་འགགས་པར་རང་སྣང་བ་ཐབས་ཀྱིས་མཚན་ཉིད་ཙམ་ཡིན་པར་འདོད་ཏེ། ཐབས་མ་འགགས་པ་ལ་ཐབས་ནི་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་གཉིས་སུ་མེད་པར་རྟོགས་པས་རྣམ་པར་སྦྱོར་ཞེས་བྱའོ། །ཡེ་ཤེས་སྒྱུ་མ་ཐབས་ཆེན་སྒོམས་པས་ཐབས་དེ་ལས་ཡེ་ཤེས་སྒྱུ་མ་མངོན་སུམ་དུ་འབྱུང་བ་ཡིན། དེ་ནི་བླ་ན་མེད་པའི་བྱང་ཆུབ་ཡེ་ཤེས་སྒྱུ་མའི་ངོ་བོར་དབྱེར་མེད་པས་རྡོ་རྗེ་མཆོག་ཅེས་བྱའོ། །སྙིང་རྗེའི་ཁྱད་པར་ལ་གཉིས། བགྲང་། ཚད་མེད་པ་བཞིའི་ཁྱད་པར་དང་། དྲང་། ཤེས་བྱ་ཕྱི་ནང་གི་ཆོས་ཐམས་ཅད་དུ་ནི་ཡེ་ཤེས་སྒྱུ་མར་རང་གསལ་བའི་ཕྱིར། ཡེ་ཤེས་སྒྱུ་མ་མ་ཡིན་པའི་ཆོས་འགའ་ཙམ་ཡང་ཡོད་པ་མིན་པས་མ་བུ་ལ་གདུང་བ་དང་འདྲ་བར་མ་བསྒྲལ་དུས་གཅིག་བསྒྲལ་བ་དེ་ནི་ཡེ་ཤེས་ཀྱི་མཚོན་གྱིས་དངོས་སུ་བསད་པ་མེད་པས་བསད་དེ། དེ་གཉིས་སུ་མེད་པའི་བསྒྲལ་བས། གསང་ཆེན་སྙིང་རྗེ་ཆེན་པོའི་རང་བཞིན་ཏེ། དེ་ཙམ་ན་གདུལ་བྱ་གདུལ་བྱེད་གཉིས་སུ་མི་འབྱེད་པར་སེམས་ཅན་རྣམས་ལ་ཕན་པ་རྫོགས་པར་བྱེད་པའི་ཆ་ནས་ཚད་མེད་པའི་བྱམས་པ་ཆེན་པོའོ། །ཐམས་ཅད་ཡེ་ཤེས་སྒྱུ་མར་མངོན་གསུམ་པར་སངས་རྒྱས་པས། འགྲོ་བའི་དོན་ལ་མི་འགྱེད་ཅིང་དགའ་བ་ནི་དགའ་བའི་ཆོས་སྟེ་དགའ་བ་ཚད་མེད་པའོ། །ཡེ་ཤེས་སྒྱུ་མ་དེ་དང་འདུ་འབྲལ་མེད་པས་ན་གཏང་སྙོམས་ཚད་མེད་པ་སྟེ། འདི་ཡེ་ཤེས་རང་གསལ་ཉིད་ལ་ཚད་མེད་བཞི་རྫོགས་ལུགས་ཡིན་ནོ། །དེ་ལྟར་ཚངས་པའི་རྒྱུ་ཚད་མེད་བཞི་དུས་གཅིག་ཡེ་ཤེས་སྒྱུ་མའི་ངོ་བོར་རྫོགས་པའོ། །ཐེག་པ་འོག་མ་ལྟར་ཡུལ་ཡུལ་ཅན་གྱི་མངོན་པར་གདུང་བ་དེ་ལ་མེད་དོ། ༈ །སྙིང་རྗེ་ཡུལ་གྱི་ཁྱད་པར་དང་། དྲང་། ཐེག་པ་འོག་མ་ལྟར་ཡུལ་ཡུལ་ཅན་གྱི་མངོན་པར་གདུང་བ་མེད་པ་དེའི་ཕྱིར་ཐེག་པ་འོག་མ་པ་འཁོར་བའི་རྒྱུ་མ་རིག་པ་དང་། རྐྱེན་ལས་དང་ཉོན་མོངས་པ་དང་། འབྲས་བུ་སྡུག་བསྔལ་ཞིང་ཉམས་ཐག་པ་དང་། དུས་ཐོག་མ་མེད་པ་དང་། རང་བཞིན་དེ་མ་ཡིན་ལ་དེར་འཛིན་པའམ། མི་རྟག་སྐྱེ་འཇིག་ཅན་གྱི་འཁྲུལ་པ་དང་། འཁྲུལ་ཚུལ་རྟེན་འབྲེལ་བཅུ་གཉིས་རྒྱུན་གྱི་འཁོར་བ་དང་། ཉེས་པ་འཕགས་པའི་ལམ་དང་བྲལ་ཞིང་སྡུག་བསྔལ་བ་དང་། ངོ་བོ་འགྲོ་བ་རིས་དྲུག་གིས་སྣོད་བཅུད་སྣ་ཚོགས་སུ་ཞེན་པ་དང་། དཔེ་ཐར་དཀའ་བས་ན་བརྩོན་གྱི་ར་བ་ལྟ་བུ་སྟེ་འབྲས་བུ་དང་། ངོ་བོ་གཅིག་ཏུ་བསྡུས་པས་བརྒྱད་དུ་འདོད་པ་ཡིན་ལ། དེ་དང་ལྡན་པའི་ཡུལ་སེམས་ཅན་རྣམས་ལ་དམིགས་ནས་ཚད་མེད་བཞི་སྐྱེ་བ་རྒྱུའི་ཐེག་པ་དང་། སྔགས་ཀྱི་སྙིང་རྗེ་ཆེན་པོ་དེ་ཡིས་ཡུལ་ཡུལ་ཅན་མེད་པར་ཆོས་ཀུན་གཅིག་པར་ཤེས་པས། ཐེག་པ་འོག་མའི་ཚད་མེད་བཞི་སྔགས་ཀྱི་ཚད་མེད་བཞིའི་སྙིང་རྗེ་ཆེན་པོ་གཅིག་གིས་རྫོགས་ཤིང་ཚང་བར་འབྱ྄ུང་བ་ནི། ཕ་རོལ་ཏུ་ཕྱིན་པའི་ཚད་མེད་པ་བཞི་ངོ་བོ་ཐ་དད་པའམ། ཡུལ་ཡུལ་ཅན་དུ་འདོད་པ་དང་། སྔགས་ཀྱི་ཚད་མེད་བཞི་ངོ་བོ་མི་གཅིག་ཅིང་། ཡུལ་ཡུལ་ཅན་གཉིས་སུ་མེད་པར་འདོད་པའི་ཕྱིར་དེ་གཉིས་མཚུངས་པའམ། འདྲ་བ་མ་ཡིན་ནོ། ༈ །བཞི་པ་སྒོམ་པའི་ངོ་བོ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། ཀུན་ཏིང་སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་དེ་དག་རང་གི་ངོ་བོ་ཉིད་བསྟན་པའང་། གང་ཞེ་ན་དོན་གྱི་རྣམ་གྲངས་བཞིན་དུ་འདིར་ཡང་མིང་གི་རྣམ་གྲངས་ཀྱང་འཇུག་སྟེ། དེའི་ལུགས་ནི་ཇི་ལྟར་ཡིན་ཞེ་ན། བསྒོམ་བྱ་དོན་གྱི་ངོ་བོ་དང་། སྒོམ་བྱེད་རྣལ་འབྱོར་ཏིང་ངེ་འཛིན་གྱི་ངོ་བོ་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་པ་ཡིས། བསྒོམ་བྱ་སྒོམ་བྱེད་གཉིས་སུ་ཕྱེ་བས་ན། ཟུང་གཅིག་ཡ་གཉིས་སུ་འགྱུར་ལ། ཞོར་ལ་སྒོམ་པའི་ངེས་ཚིག་དང་གསུམ་དུ་འབྱུང་ངོ་། ༈ །རྒྱས་པར་བཤད་པ་ལ་གཉིས། ངོ་བོ་དང་། ངེས་ཚིག་གོ། །ངོ་བོ་ལ་གཉིས། བསྒོམ་བྱ་དོན་གྱི་ངོ་བོ་དང་། སྒོམ་པ་ཏིང་ངེ་འཛིན་གྱི་ངོ་བོའོ། །དང་པོ་ལ་གཉིས། སྒྱུ་མའི་ངོ་བོ་དྲུག་གིས་དམིགས་རྒྱས་པར་བསྟན་པ་དང་། སྒྱུ་མ་རང་སྣང་གཉིས་མེད་དགོས་ཆེད་དང་བཅས་པའོ། །དང་པོ་ལ་དྲུག །བགྲང་། ལོག་རྟོག་སྒྱུ་མ་དང་། དྲང་། མདོར་བསྟན་ལ་གསུམ་ཡོད་པ་དེ་ལ་དེ་མ་ཡིན་ལ་དེར་འཛིན་པའི་ལོག་རྟོག་སྒྱུ་མ་ནི། ཆོས་ཀྱི་བདག་དང་། གང་ཟག་གི་བདག་དང་། ཀུན་བཏགས་ཀྱི་དངོས་པོ་རྣམས། ངོ་བོ་ཡོད་པ་ནི་བདག་དང་སྲོག་དང་། བྱེད་པོ་ལ་སོགས་ཀུན་ཏུ་བརྟགས་པའི་གཉིས་འཛིན་གྱི་རྣམ་པར་རྟོག་པ་སྒྱུ་མའི་ཀློང་གྱུར་པ། ལོག་རྟོག་གིས་བློ་ལ་སྐྱེས་ཀྱང་རིགས་པས་བརྟག་ཅིང་དོན་མཐོང་ན་མི་བདེན་བསླུ་བས་སྒྱུ་མའི་ངེས་ཚིག་འགྲུབ་བོ། ༈ །རྟེན་འབྲེལ་སྒྱུ་མ་དང་། དྲང་། དཔེར་ན་རྟེན་ཅིང་འབྲེལ་པའང་ཤིང་རྟའི་འཁོར་ལོ་བཞིན་ཏེ་འཇིག་རྟེན་པའི་རྣམ་རྟོག་འདི་རྣམས་དངོས་པོར་མི་བདེན་པར་གཟུགས་བརྙན་དང་འདྲ་བའི་ཕྱིར། སྒྱུ་མའི་རྟ་གླང་ལ་སོགས་པ་ལྟ་བུར་འཁྲུལ་པའི་རྒྱུ་རྐྱེན་ལས་སྐྱེས་པའོ། །འཁྲུལ་སྣང་གི་བྱ་བ་མེ་ཆུས་བཙོ་བསྲེག་ལ་སོགས་པ་ཀུན་བྱེད་ཀྱང་། རྟོག་ཅན་སྟེ་བློ་འཁྲུལ་པ་ཅན་རྣམས་ལ་མཐུན་པར་ཟད། གཟུགས་བརྙན་འདྲ་ཕྱིར་བརྟག་པས་དབེན། དེ་ཕྱིར་ཐམས་ཅད་རྫུན་པར་ཙམ་ནི་གོ་སླའོ། །གཏན་ཚིགས་དེའི་ཕྱིར་ན་མིང་ཙམ་ལས་དངོས་པོ་མེད་དེ། རང་རྒྱུད་དུ་འདོད་པ་མིན་ནོ། ༈ །ཡང་དག་སྒྱུ་མ་དང་། དྲང་། ཡང་དག་ཉིད་དུ་བདེན་པར་གྲགས་སོ་ཅོག་གཉིས་སུ་སྣང་བའི་དུས་ཉིད་ན་ཕྱོགས་གཅིག་པ་གང་ཡང་མིན་པས། སེམས་ཉིད་རང་སྣང་བའི་ཕྱིར། ཇི་ལྟར་སྣང་ཡང་ངོ་བོ་རྒྱུ་རྐྱེན་མེད་པར་རང་འཆར་བས་རིག་པ་སྣ་ཚོགས་སུ་སྣང་ལ་རང་གི་ངོ་བོ་ཕྱོགས་གཅིག་པ་གང་དུ་ཡང་ངེས་པ་མེད་ཅིང་། ཇི་ལྟར་ལྟས་པའི་སྣང་བ་གང་ཡང་ཤར་རུང་དང་། སྣང་བཞིན་དུ་དོན་དང་ཕྱོགས་གཅིག་པར་ཐེར་ཟུག་སྟེ་རྟག་པ་མེད་ལ། སྣང་ཆ་གང་ཡང་མི་འགགས་པས་ཆད་པའི་མཐའ་དང་བྲལ་བའོ། ༈ །ཐབས་སྒྱུ་མ་དང་། དྲང་། རྒྱལ་བའི་སྐུ་ཡང་རྒྱུ་རྐྱེན་གཞན་གྱིས་མ་བསྐྱེད་པར། རིག་པའི་ཡེ་ཤེས་སྒྱུ་མར་ཤར། ཁམས་གསུམ་པའང་དེ་བཞིན་ཡིན་པས་མ་འགགས་པ་ཐབས་ཆེན་སྒྱུ་མ། འཁོར་འདས་ཀུན་གྱི་ངོ་བོའོ། ༈ །ཡེ་ཤེས་སྒྱུ་མ་དང་། དྲང་། ཆོས་ཀུན་ཡེ་ཤེས་ཉིད་ལ་ནི་ཡེ་ཤེས་ཉིད་རོལ། ཡེ་ཤེས་རོལ་པ་ཉིད་ཀྱང་དངོས་པོ་མེད་པས་གསོག་ཞེས་བྱའོ། ༈ །ཕྱག་རྒྱ་སྒྱུ་མའོ། །དྲང་། རྒྱལ་བའི་སྐུ་མངོན་གསུམ་དུ་བྱུང་ནས་འགྲོ་བ་སྐྱོབས་ཞིང་ཕན་འདོགས་པ་དང་། བྱིན་གྱིས་རླབས་པ་དང་། ཆོས་སྟོན་པའང་གོང་གི་དེ་བཞིན་ཏེ་ཐེར་ཟུག་པ་མེད་དོ། ༈ །རྒྱུ་མ་གཉིས་མེད་རང་སྣང་དགོས་ཆེད་དང་བཅས་པའོ། །དྲང་། དེ་རྣམས་ཀྱང་རང་བྱུང་ཡེ་ཤེས་རང་སྣང་བས་རྒྱུ་རྐྱེན་རག་ལུས་པ་མེད་པའི་ཕྱིར་སྣང་བ་ཉིད་ན་འཇིགས་པ་མེད་པས་སྒྱུ་མ་རྡོ་རྗེ་སྟེ་བཙན་པའི་མཆོག་དེས་ན་འདུས་མ་བྱས་ཀྱི་ཀུན་རྫོབ་ཏུ་འདུས་བྱས་སུ་སྣང་བའི་དུས་དེ་ཉིད་ན་དབྱེར་མེད་རྡོ་རྗེ་ཉིད་ཡིན་པའི་ཕྱིར། ངོ་བོ་བདེན་གཉིས་ཐ་དད་མེད་པའོ། །འོ་ན་བདེན་པ་གཉིས་རེ་མོས་སུ་སྒོམ་པ་ཅི་ཡིན་ཞེ་ན། དམན་པ་ལ་རིམ་པ་ལྟར་སྟོང་པ་ཆེན་པོའི་རྣལ་འབྱོར་ལ་སོགས་པ་སྣང་བར་གོམས་བྱེད་ཙམ་དུ་སྨོས་པ་ཡིན་ནོ། །དེ་ལྟར་ན་སྒོམ་པའི་ངོ་བོ་དང་། དོན་གྱི་རྣམ་གྲངས་ཐུན་མོང་དུ་བསྟན་པ་འདི་ལ། སྒྱུ་མའི་དངོས་པོ་དྲུག །དོན་དམ་ལ་དབྱེར་མེད་དུ་བསྟན་པ་དང་བདུན་ཏེ། དང་པོ་སྒྱུ་མའི་དངོས་པོ་དྲུག་ནི། ལོག་རྟོག་སྒྱུ་མ་དང་། རྟེན་འབྲེལ་གྱི་སྒྱུ་མ་དང་། ཡང་དག་རིག་པ་སྒྱུ་མ་དང་། ཕྱག་རྒྱ་སྒྱུ་མ་དང་། ཐབས་སྒྱུ་མ་དང་། ཡེ་ཤེས་སྒྱུ་མའོ། །དེ་ལ་ལོག་རྟོག་སྒྱུ་མ་ནི། བདག་གཞན་དགྲ་གཉེན་དུ་སྣང་བས་ལོག་རྟོག་གོ། །མི་བདེན་ཞིང་བསླུ་བས་སྒྱུ་མའོ། །གཉིས་པ་རྟེན་འབྲེལ་གྱི་སྒྱུ་མ་ནི། སྣང་བ་འདི་དག་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་སྟེ། རྒྱུ་རྐྱེན་ལས་སྐྱེས། དོན་བྱེད་ནུས། མཐུན་པར་སྣང་། ཡང་དག་པར་སྟོང་པས་ན། རྟེན་འབྲེལ་གྱི་སྒྱུ་མའོ། །གསུམ་པ་ཡང་དག་རིག་པ་སྒྱུ་མ་ནི། འདི་ལྟར་དུ་སྣང་བ་ཐམས་ཅད་ཀུན། རང་རིག་ཡེ་ཤེས་ཀྱི་སྣང་བ་ཡིན་ལ། སྣང་ཙམ་ན་ངོ་བོ་གྲུབ་པ་མེད་དེ། ཐེར་ཟུག་རྟག་ཆད་ཀྱི་མཐའ་ལས་གྲོལ་བས་སྒྱུ་མའོ། །བཞི་པ་ཕྱག་རྒྱ་སྒྱུ་མ་ནི། རྒྱལ་བའི་སྐུ་ཕྱག་རྒྱ་ཆེན་པོར་མ་འགགས་པ་གསལ་ལ། ལྷ་རང་རྒྱུད་པར་མ་གྲུབ་པས་སྒྱུ་མའོ། །ལྔ་པ་ཐབས་སྒྱུ་མ་ནི། སྣང་བ་འདི་འགགས་མེད་སྣ་ཚོགས་སུ་ཤར་བས་ཐབས་སོ། །དེ་ལ་རང་རྒྱུད་པ་མེད་པས་སྒྱུ་མའོ། །དྲུག་པ་ཡེ་ཤེས་སྒྱུ་མ་ནི་ཐམས་ཅད་རང་རིག་པའི་ཡེ་ཤེས་སྒྱུ་མའི་སྣང་བ་ལ། རང་རིག་ཏུ་སྣང་ཙམ་ན་རང་རྒྱུད་དུ་མེད་པའོ། །བདུན་པ་དོན་ལ་བདེན་པ་དབྱེར་མེད་ནི། སྒྱུ་མའི་རྣམ་གྲངས་ཇི་སྙེད་བརྗོད་ཀྱང་། དོན་ལ་བདེན་པ་གཉིས་སུ་མེད་པའོ། །དེ་དག་ཆོས་ཅན་ཚར་ནོན་ལྟ་བུ་གཅིག་ལ་སྦྱར་ན། ཚར་ནོན་གྱི་དབྱིབས་ཁ་དོག་ཏུ་སྣང་བ་ལོག་རྟོག །དེ་རང་རྒྱུད་པ་མེད་པས་སྒྱུ་མའོ། །འདི་ཀ་རྒྱུ་རྐྱེན་རྟེན་འབྲེལ་ལས་འབྱུང་ཞིང་། རང་རྒྱུད་མེད་པས་རྟེན་འབྲེལ་སྒྱུ་མ། དེ་ཀ་སེམས་ཉིད་སྣང་བ་ཡིན་པས། ངོ་བོ་མེད་བཞིན་སྣང་སྟེ། ཐེར་ཟུག་རྟག་ཆད་ཀྱི་མཐའ་ལས་གྲོལ་བས། ཡང་དག །རིག་པ་སྒྱུ་མ། འདི་ཀ་བསྐྱེད་རིམ་ལྷ་སྐུ་སྒོམ་པ་རྣམས་ལ། ལྷའི་སྐུ་ཕྱག་རྒྱ་ཆེན་པོར་སྣང་ཞིང་། སྣང་བ་རང་རྒྱུད་པ་མེད་པས་ཕྱག་རྒྱ་སྒྱུ་མ། རང་རིག་པའི་ཡེ་ཤེས་ཉིད་དབྱིབས་ཁ་དོག་དུ་མ་འགགས་པར་ཤར་བས་ཐབས་སྒྱུ་མ། འདི་ཀ་རང་རིག་ཡེ་ཤེས་སྒྱུ་མ་ཅིས་ཀྱང་མ་སྒྲིབ་པར་རང་གསལ་བ་ལས་མ་གཡོས་ཤིང་། རང་རྒྱུད་པ་མེད་པས་ཡེ་ཤེས་སྒྱུ་མའོ། ༈ །སྒོམ་པ་ཏིང་ངེ་འཛིན་གྱི་ངོ་བོའོ། །དྲང་། འགྲོ་བ་སེམས་ཅན་གྱི་རྒྱུད་ལ་ཤེས་པའི་རྒྱུ་སྐད་གཅིག་མ་གཅིག་ལ་ཉོན་མོངས་པ་དང་ཡེ་ཤེས་གཉིས་མི་ལྡན་ཅིང་སྐད་ཅིག་མ་ལ་རྟོག་པ་གཉིས་མི་འཇུག་པས་རྒྱུན་ཆད་ལ་རྟོག་པ་སྔ་མ་འགགས་ཕྱི་མ་མ་སྐྱེས་ད་ལྟ་སྐྱེས་ལ་མ་འགགས་པས། གཟུང་འཛིན་གཉིས་དང་བྲལ་བའི་རང་རིག་པ་ཉིད་ཡེ་ཤེས་སྒྱུ་མར་མི་གཡོ་བས་ཞི་གནས། མ་བསྒྲིབ་པར་རང་གསལ་བ་ལྷག་མཐོང་། དཔེར་ན་ཆུ་དང་ཟླ་བ་ཇི་བཞིན་དུ་ཞི་གནས་ལྷག་མཐོང་མཚུངས་པར་གསལ་བ་ཡེ་ཤེས་སྒྱུ་མའི་ངོ་བོར་བརྗོད་དོ། ༈ །ངེས་ཚིགས། དྲང་། ཇི་ལྟར་སྣང་ཡང་སེམས་ལས་མ་གཏོགས་པའི་ཆོས་མེད་ཕྱིར། ཡེ་ཤེས་སྒྱུ་མ་གཞན་ན་སྒོམ་དུ་མེད། ཡེ་ཤེས་སྒྱུ་མ་ཉིད་ཀྱང་གཉིས་སུ་མེད་ཅིང་ཆགས་ཞེན་བྲལ་བའི་ངང་ལ་གནས་པས་ཐ་སྙད་ཙམ་དུ་སྒོམ་ཞེས་བྱའོ། ༈ །ལྔ་པ་མི་མཐུན་པའི་སྐྱོན་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། ཀུན་སྣང་གི་ཏིང་ངེ་འཛིན་དང་མི་མཐུན་པའི་སྒྲིབ་པའི་སྐྱོན་གྱི་དམིགས་བཟུང་བ་ནི་གསུམ་སྟེ། གང་ཞེ་ན། སྐྱོན་བསྐྱེད་པར་བྱེད་པའི་རྒྱུ་དང་། སྐྱོན་རང་གི་ངོ་བོ་དང་སྐྱོན་དབང་དུ་སོང་བའི་ཉེས་པ་བསྟན་པ་དང་གསུམ་ནི་འོག་ནས་འབྱུང་བ་འདི་ལྟ་སྟེ། ༈ རྒྱས་དང་བཤད་པ་ལ་གསུམ། བགྲང་། སྐྱོན་གྱི་རྒྱུ་དང་། དྲང་། ཡེ་ཤེས་སྒྱུ་མའི་ངང་ལ་མ་གོམས་པ་དང་། ཆེད་དུ་བཅོས་ནས་བརྩོན་འགྲུས་བྱེད་པའི་སྐྱོན་འབྱུང་སྟེ། དཔེར་ན་རྒྱུ་མེ་ཡོད་པ་དང་འབྲས་བུ་དུ་བའི་ཚུལ་བཞིན་དུ་མ་གོམས་པ་དང་འབྲས་བུ་བྱེད་ཀྱི་ཤུགས་ལ། བསྒོམ་བྱ་སྒོམ་བྱེད་བདག་ཏུ་འཛིན་པ་རྣམ་གཉིས་ཀྱི་ཏིང་ངེ་འཛིན་ལ་བསྒྲིབ་པའི་སྐྱོན་འབྱུང་བར་བྱེད་པའོ། ༈ །ངོ་བོོ་ལ་གཉིས། ཏིང་ངེ་འཛིན་གྱི་ངོ་བོ་ལ་གནས་པའི་སྐྱོན་དང་། ཁམས་ཀྱི་སྐྱོན་གཉིས་སོ། །དང་པོ་ལ་གཉིས། བགྲང་། སྤྱིའི་སྐྱོན་ཉུང་དང་འབྲིང་བར་བསྟན་པ་དང་། དྲང་། ཡེ་ཤེས་སྒྱུ་མའི་སྔོན་དུ་དེ་ཏིང་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ཇི་བཞིན་པ་ཉིད་ལ་བརྟན་པ་ཐོབ་མེད་ཀྱང་། རྒྱུ་དེ་ཏིང་དང་། འབྲས་བུ་ཕྱག་རྒྱ་གཅིག་པ་གཉིས་ཀྱི་མཚམས་སྦྱོར་བའི་སྙིང་རྗེ་སྒྱུ་མ་འདི་སྐྱོན་མ་རྟུལ་ཏེ་གཡུང་བ་མིན་པས། སྐྱོན་འབྱུང་ལ་འོན་ཀྱང་དེ་ཏིང་གི་སྐབས་སུ་བརྗོད་པའི་སྐྱོན་གྱི་བྱེ་བྲག་ཀུན་དེ་ཏིང་བས་འདིར་ངོ་བོ་འབྲིང་པོ་དང་། གྲངས་བག་ཙམ་གྱི་ཉུང་བར་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྐྱོན་གྱི་རྐྱེན་རྣམས་སྔར་སྤང་ཞིང་དེ་བཞིན་ཉིད་གོམས་པའི་ཐ་མལ་གྱི་སྐྱོན་རགས་པ་སྔར་བས་དཀོན་ནོ། ༈ །ཁྱད་པར་གྱི་སྐྱོན། དྲང་། འདིར་སྐྱོན་ཡེ་མེད་པ་མ་ཡིན་ཏེ། ཀུན་སྣང་རང་གི་སྐྱོན་ཆ་ཤས་ཙམ་འབྱུང་བའི་ཕྱིར། འོན་ཀྱང་ཞེས་བྱའོ། །ཀུན་སྣང་འདི་ཉིད་སྒོམ་དུས་སུ་རྒོད་པའི་སྐྱོན་སེམས་ཡུལ་ལ་འཕྲོ་བ་དང་། བྱིང་བའི་སྐྱོན་ནང་དུ་སྡུད་པ་དང་། ཡུལ་གང་ཡིན་མ་ངེས་པའི་ས་ཕྱོགས་ཁང་ཁྱིམ་བཅས་པ་མཐོང་ནས་སེམས་ཤོར་བ་དང་། མེ་ཆུ་ལ་སོགས་ཟད་པར་གྱི་སྐྱེ་མཆེད་མཐོང་ནས་སླར་སེམས་བྲེད་པ་དང་། ཁ་དོག་གཅིག་ཏུ་མ་ངེས་པའི་མདོག་མཐོང་བ་དང་། ༈ ཁམས་ཀྱི་སྐྱོན་ནོ། །དྲང་། མེ་འཁྲིས་པ། ཆུ་ཁྲག །རླུང་དངོས། ས་བད་ཀན་སྟེ་འབྱུང་བ་བཞིའི་ཁམས་ཀྱི་ཆ་འཁྲུགས་སྟེ་འཁྲུལ་བས་དོན་མི་གསལ་བས་ཁ་དོག་གམ་མདོག་སྟེ། མཁྲིས་པ་ལ་སེར་པོའམ་ལྗང་ཀུ། ཁྲག་ལ་དམར་པོ། རླུང་ལ་སྔོ་སྐྱའམ་སྐྱ་བོ། བད་ཀན་སྨུག་པོ་ལ་སོགས་པའི་ཁ་དོག་དུ་མཐོང་ན་ཁམས་འཁྲུགས་པའམ། རྟོག་པའི་སྐྱོན་གང་ཡིན་བལྟ་བར་བྱའོ། །ས་གཡོགས་པ་མཐོང་བའང་འབྱུང་བ་བཞིའི་ས་གཡོས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་གཡོས་པ་དང་། བདུད་དང་། བྱང་སེམས་དང་། ཉམས་རྟགས་དང་། ཁམས་འཁྲུགས་པ་གང་ཡིན་གྱི་ཆ་དབྱེ་བར་བྱའོ། ༈ །སྐྱོན་གྱི་ཉེས་པའོ། །དྲང་། ནམ་མཁའ་དྭངས་བ་ལ་སྤྲིན་གྱིས་ཉི་མ་བསྒྲིབ་པ་དང་། ལིང་རྟོག་གིས་མིག་བསྒྲིབ་པ་དང་། མུན་པས་རྫས་མི་གསལ་བ་བསྒྲིབ་པ་བཞིན་དུ་སྐྱོན་གྱི་རྣམ་པ་གོང་མ་གོང་ཡང་རུང་བ་དེ་དག་རྒྱུད་གཞུང་ལ་གྲགས་པ་ཐུན་མོང་དང་ཁྱད་པར་གྱི་སྐྱོན་གྱི་བྱེ་བྲག་ཕྲ་བ་དང་རགས་པའི་ཆས། ཡེ་ཤེས་སྒྱུ་མའི་དོན་ངོ་བོ་མི་གསལ་ཞིང་ཉམས་སྐྱེ་བ་ཤིན་ཏུ་བུལ་བར་བྱེད་པའི་སྐྱོན་ཡོད་དོ། ༈ །དྲུག་པ་བཅོས་ཐབས་ལ་གཉིས། ངོ་བོའི་སྐྱོན་བཅོས་ཐབས་དང་། ཁམས་སྐྱོན་བཅོས་ཐབས་སོ། །དང་པོ་ལ་གཉིས། བགྲང་། ཉམས་ཀྱི་བློ་ལ་དང་སྦྱར་ཏེ་བཅོས་ཐབས་ལ་གསུམ། བགྲང་། བློ་རབ་ལ་རང་བྱུང་རང་ཞིར་བཞག་པ་དང་། དྲང་། སྔོན་དེ་ཏིང་གི་སྐབས་སུ་བསྟན་པ་བཞིན་དུ་རྣམ་པར་རྟོག་པའི་ནད་སྐྱོན་བཅོས་པ་ནི་འདི་ལྟ་སྟེ། རབ་ལ་ཤེས་བཞིན་གྱི་བྱ་ར་བས་སོ་འཐས་ཆོད་པར་བྱས་ལ་སྐྱོན་ངོས་བཟུང་ངོ་། །དེ་ལྟར་ཚོར་བར་འགྱུར་ན་རྐུན་པོ་མཐོང་བ་དང་བྲོས་པའི་ཚུལ་བཞིན་དུ་སྐྱོན་དེ་རྣམས་ཆེད་དུ་མ་བསལ་བར་རང་བཞིན་གྱི་ཤེས་པས་དངས་ཏེ་མེད་པར་འགྱུར་རོ། །དེ་ལྟར་རྣམ་རྟོག་མཚན་མ་ཅི་སྐྱེས་ཀྱང་། ཡེ་ཤེས་སྒྱུ་མ་རང་སྣང་ཕྱིར་ཏིང་ངེ་འཛིན་ལ་ཆགས་པ་དང་། སྐྱོན་ལ་སྡང་བ་དང་། ཡོན་ཏན་ལ་རེ་བ་དང་། སྐྱོན་འབྱུང་གི་དོགས་པ་མི་འབྱུང་སྟེ། ཅིའི་ཕྱིར་ན་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ལས་གཞན་དུ་མིན་ནོ། ༈ །འབྲིང་ལ་རྟོག་པའི་གནས་ཡུལ་བལྟས་ཏེ་བཅོས་པ་དང་། དྲང་། རབ་ཀྱི་སྐྱོན་རྣམས་རང་ཞི་རང་དག་ཏུ་བསྟན་པ་དེ་སོང་ནས། འབྲིང་གི་རྣམ་རྟོག་རང་ངོ་ལ་བལྟས་བ་སྟོན་པས་ཡང་ན་ཞེས་བྱའོ། །དེ་ཇི་ལྟ་ཞེ་ན། རྟོགས་པའི་གནས་ཡུལ་ལྟ་སྟེ་རྟོག་པ་དེ་རང་གང་ཡིན་ལྟས་པས་དེའི་རང་བཞིན་མཐོང་བས་སྐྱོན་མུན་པ་རྣམ་དག་སྟེ་སངས་པའོ། ༈ །ཐ་མ་ལོ་རྒྱུས་བྱ་སྟེ་བཅོས་པའོ། །དྲང་། གང་གི་དེ་ལྟར་མ་ལྡན་ན། རྣལ་འབྱོར་པ་གང་དག་གིས་སྐྱོན་དེ་དག་གང་བྱུང་ཚོར་ནས་སྐྱོན་དེ་རྣམས་དང་པོ་གང་ན་བྱུང་། ཐ་མ་གང་དུ་འགྲོ། ངོ་བོ་ལ་གཟུགས་དབྱིབས་ཁ་དོག་གྲུབ་པ་ཅི་སྣང་ལོ་རྒྱུས་ཀྱི་དཔྱད་པས་ཞི་བའོ། ༈ །རྒོད་པའི་སྐྱོན་བཅོས་ཐབས་དང་། དྲང་། སྔོན་དེ་ཏིང་བཞིན་སྔར་འདས་ཀྱི་དྲན་པའི་རྗེས་སུ་བློ་འབྲང་བ་དང་། ཕྱི་མ་འོང་པའི་སྔོན་བསུ་བར་བྱེད་པ་དང་གོང་གི་དེ་ལྟར་རང་བཞིན་གྱི་རྐྱེན་གྱི་རྒྱས་ཤིང་རྒོད་ན་ཤེས་བཞིན་གྱི་བྱ་ར་བས་རྟོག་པ་ཚོར་ན་འཁོར་བའི་ཐོག་མཐའི་ཉེས་པ་བསམ་སྟེ་འཁོར་བ་ལ་སྐྱོ་བ་བསྐྱེད་པས་སྐྱོན་རྣམས་དོར་ཏེ། དྲན་པའི་ཐག་པས་བཅིང་ངོ་། ༈ །བྱིང་བའི་སྐྱོན་བཅོས་པ་དང་། དྲང་། གང་ཞིག་སྒོམ་པའི་ཚེ་སེམས་ནང་དུ་ཐིམ་སྟེ་བྱིང་རྨུགས་སུ་སོང་ན། ཁྲུས་བྱ། བསྐོར་བ་བྱ་ཞིང་ལུས་བཅགས་པར་བྱ། ཁམས་བསང་ངོ་། །སྒོམ་པའི་དྲོད་རྟགས་ལ་བྲོད་པས་ཏིང་ངེ་འཛིན་ལ་འཇུག་ཅིང་སེམས། གཟིང་བསྟོད་པར་བྱའོ། ༈ །ཁམས་ཀྱི་སྐྱོན་བཅོས་ཐབས་དང་། དྲང་། རང་གི་འདོད་པ་མིན་པའི་ཁ་དོག་ལྔ་ལ་སོགས་པ་མ་ངེས་ཤིང་མི་གསལ་བ་མཐོང་བས་ན། འབྱུང་བ་རླུང་མཁྲིས་བད་ཀན་འདུ་བ་བཞིའི་གཉེན་པོ་སྟེ་སྨན་དང་། ཟས་ཀྱི་བཅོས་ལ་གཞིལ་བར་བྱའོ། ༈ །བདུན་པ་ཉམས་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། གོང་དུ་བསྟན་པ་དེ་ལྟར་བློ་བཞག་ཐབས་ཀྱིས་བཞག །སྐྱོན་བྱུང་ན་བཅོས་ཐབས་ཀྱིས་དེ་ལྟར་བཅོས་ཤིང་བརྩོན་འགྲུས་ཀྱིས་སྒོམ་པར་འགྱུར་བའི་སྐབས་སུ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ཉིད་ཀྱི་ཉམས་གོང་ནས་གོང་དུ་འཕེལ་བའང་ལྔ་སྟེ། གང་ཞེ་ན། གཡོ་བ་དང་། ཐོབ་པ་དང་། གོམས་པ་དང་། བརྟན་པ་དང་། མཐར་ཕྱིན་པའི་ཉམས་ཀྱི་བོགས་འོག་ནས་གོང་དུ་འགྲོ་བ་སྒོམ་བྱ་དོན་གྱི་ངོ་བོ་ཡེ་ཤེས་སྒྱུ་མ་ལ་མེད་ཀྱང་། སྒོམ་བྱེད་བློའི་སྒྲིབ་པ་རབ་རིབ་དག་མ་དག་གི་ཚོགས་ཆེ་ཆུང་གི་ཆས་ཉམས་ཀྱི་རིམ་པ་ལྔར་བརྗོད་པའོ། ༈ །རྒྱས་པར་བཤད་པ་ལ་ལྔ། བགྲང་། གཡོ་བའི་ཉམས་དང་། དྲང་། ཏིང་ངེ་འཛིན་ལ་བློ་རྩེ་གཅིག་ཏུ་མི་སྡོད་བར་འཕྲོ་ཞིང་ཡུལ་སོ་སོར་འགྱེས་པས་རྒོད་པ་དང་། ནང་དུ་ཐིམ་པས་བྱིང་བའི་སྐྱོན་རྣམས། དཔེར་ན་རླུང་དྲག་པོས་དེད་པའི་ཆུའི་གཉེར་མ་དང་འདྲ་བར་དོན་ལ་བློ་གནས་པ་དེ། ཏིང་ངེ་འཛིན་དང་རྟོག་པ་འདྲེས་མར་ཅུང་ཟད་ཡོད་པ་ནི། ཉིན་ཞག་གཅིག་ལ་ཐུན་དྲུག་བཅུ་རྩ་བཞིར་ཕྱེ་བའི་ཐུན་གྱི་ཚད་གཅིག་གི་སུམ་གཉིས་རྟོག་པ་རྒྱུ་བ་དང་། སུམ་ཆར་རྟོག་པ་དང་ཆོས་ཉིད་འདྲེས་མར་ཡོད་པའོ། ༈ །ཐོབ་པའི་ཉམས་དང་། དྲང་། ཉིན་ཞག་གཅིག་ལ་ཐུན་སོ་གཉིས་བགོས་པའི་ཐུན་གཅིག་གི་བཞི་ཆའམ་ལྔའི་ཆར་རྟོག་པ་དེ་མེད་ཅིང་ཆོས་ཉིད་འབའ་ཞིག་རྒྱུ་ལ། བཞི་གསུམ་འམ། ལྔ་ཆའི་བཞི་ནི། རྟོག་པ་དང་ཆོས་ཉིད་འདྲེས་མར་རྒྱུ་བས་ན་ཐོབ་པའི་ཉམས་སོ། །འོ་ན་ཐོབ་པའི་ཉམས་ཀྱི་སྐབས་སུ། གཡོ་བའི་ཉམས་ལས་ཞན་དུ་སོང་ངམ་ཞེ་ན། ཞན་དུ་སོང་བ་མ་ཡིན་ཏེ། གཡོ་བའི་སྐབས་སུ། སུམ་གཉིས་རྟོག་པ་ཁོ་ན་རྒྱུ་ཞིང་། སུམ་ཆ་ལ་ཡང་ཆོས་ཉིད་དང་རྟོག་པ་འདྲེས་མར་རྒྱུ་ལ། ཐོབ་པའི་སྐབས་འདིར། ཐུན་ཡང་གཉིས་འགྱུར་གྱི་ཆེ་ཞིང་། བཞི་ཆའམ། ལྔ་ཆར་ཆོས་ཉིད་འབའ་ཞིག་དང་། དེ་ལས་གཞན་དུ་སྟེ། བཞི་གསུམ་མམ། ལྔ་ཆའམ་བཞི་ནི། རྟོག་པ་དང་ཆོས་ཉིད་འདྲེས་མར་རྒྱུ་བས་དཔགས་སོ། །ཡང་ན། བཞི་གསུམ་མམ། ལྔ་ཆའི་ཆར། ཉམས་རྟོགས་ཀྱི་ཏིང་ངེ་འཛིན་འབྱུང་ལ། བཞི་ཆའམ། ལྔ་ཆར་རྟོག་པའི་དབང་དུ་འགྲོ་བའོ། ༈ །གོམས་པའི་ཉམས་དང་། དྲང་། ཉིན་ཞག་གཅིག་ལ་བཅུ་དྲུག་ཏུ་བགོས་པའི། ཆ་གཅིག་ལ་ཐུན་རེར་བྱས་པས་ཐུན་རྐྱང་ཙམ་དུ་རྟོག་པ་མེད་པར་སྒོམ་ནུས་ཤིང་ཆོས་ཉིད་གསལ་བ་དང་ལྡན་ན། རྟོག་པའི་དབང་དུ་ཅང་དུ་འགྲོ་བ་ནི། དཔེར་ན། ཆུ་ཀློང་ལ། ཕུས་བཏབ་པའི་ཚུལ་བཞིན་དུ་གནས་པ་ཡིན་ནོ། །འདི་ལ་རྣམ་རྟོག་འོག་འགྱུའི་སྐྱོན་ཡོད་པ་ཡིན་ནོ། །བརྟན་པའི་ཉམས་དང་། དྲང་། སྒོ་བརྟེན་པའི་རྫས་རྐྱང་འདེན་བཅུག་ན་རླུང་གིས་མི་བསྒུལ་བ་ལྟར་ཞག་གཅིག་ལ་བརྒྱད་དུ་བགོས་པའི་ཐུན་རེར་རྣམ་པར་རྟོག་པའི་རླུང་གི་ཏིང་ངེ་འཛིན་མི་འགུལ་བར་གཞི་མ་རིག་པ་སྒྱུ་མ་ལ་བརྟེན་པར་གནས་པའོ། །ལྔ་པ་མཐར་ཕྱིན་པའི་ཉམས། དྲང་། ཆོས་ཉིད་ལ་གསལ་བའི་ཚད་མིག་གཟུགས་ལ་བལྟ་བ་ལྟར་དབང་པོའི་མངོན་གསུམ་དུ་ཕྱི་རོལ་གྱི་ཡུལ་སྣང་གང་སྣང་བར་གསལ་བར་བྱས་པ་དེ་བཞིན་དུ། དོན་ཡེ་ཤེས་སྒྱུ་མ་ལ་སྐྱེད་འདོན་ཞིང་བོགས་དབྱུང་དུ་བྱ་བ་མེད་པའི་ཕྱིར། ཉམས་ལྔའི་ཐ་མ་མཐར་ཕྱིན་པའི་ཉམས་ཞེས་བྱའོ། །ཡང་ན་ཤེས་རབ་ཀྱི་དབང་པའི་མངོན་གསུམ་དུ་གང་བྱས་པ་སྐྱེད་དུ་བྱར་མེད། བྱས་ན་རུང་། ༈ བརྒྱད་པ་སྤྱོད་པ་ལ་གཉིས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་སྲིད་གསུམ་འཁོར་བའི་སེམས་ཉིད་དམ་ཡེ་ཤེས་སྒྱུ་མ་དང་འདྲ་བར་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པའི་བྱང་ཆུབ་ལ་མཁས་པས་ཤེས་པ་ལྟར་ཤེས་པར་བྱས་ནས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་འགྲོ་བ་སེམས་ཅན་རྣམས་འཁོར་བ་ལས་བསྒྲལ་བའི་ཆེད་དུ། གཞན་དོན་གྱི་གོ་ཆ་བགོས་ཏེ། འགྲོ་བ་དྲུག་པོ་ཡང་གོང་གི་དེ་ལྟར་སྔ་མ་སྟེ། ཡེ་གདོད་མ་ནས་ཤེས་ཏེ། ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་དུ་ཤེས་པའོ། ༈ །རྒྱས་པར་བཤད་པ་ལ་གཉིས། ཡེ་ཤེས་སྒྱུ་མར་ཤེས་པའི་གཞི་ལ་སྤྱོད་པ་དང་དེ་ཡང་འགྲོ་བའི་ཆེད་དུ་སྤྱོད་ཐབས་སོ། །དང་པོ་ལ་གསུམ། བགྲང་། སྔོན་བྱུང་རྒྱལ་བའི་རྗེས་ཤེས་པ་དང་། དྲང་། གཟུང་འཛིན་གཉིས་ཀྱི་ལོག་པར་རྟོག་ཅིང་དེར་བརྟག་ཅིང་ཀུན་བརྟག་རྣམ་པར་དག་པར་རྟོག་ཅིང་མཁྱེན་པའོ། །ཆོས་ཀུན་ཡེ་ཤེས་དབྱིངས་ལས་མི་གཞན་པའི་ཕྱིར་དང་། སེམས་ཅན་གྱི་ལས་དང་སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོ་འབྲེལ་པས་ན་འགྲོ་དྲུག་དུས་གནས་མ་ལུས་སྣང་ཞིང་མཁྱེན་པའོ། །སྔོན་བྱུང་རྒྱལ་བའི་རྗེས་སུ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་འཇུག་པ་ལ་དེ་བཞིན་དུ་ཤེས་པར་བྱའོ། ༈ །ཡེ་ཤེས་སྒྱུ་མར་ཤེས་པ་དངོས་དང་། དྲང་། གནས་ལུགས་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་དེ་སྣ་ཚོགས་མང་པོ་མ་འགགས་པའི་ཐབས་སུ་ཅིར་ཡང་སྣང་། མ་འགག་པའི་ཐབས་སུ་སྣང་བ་ཉིད་རང་རྒྱུད་པ་གང་ཡང་མེད་དེ་སྒྱུ་མ་དང་། མིག་གཡོར་དང་། ཆུ་ཟླ་གཟུགས་བརྙན་གྱི་ཚུལ་བཞིན་དུ་སྣང་ལ་རང་བཞིན་མེད་པའོ། །དེ་ཉིད་རང་རིག་ཡེ་ཤེས་སྒྱུ་མའི་ངོ་བོར་སྣང་བས་གང་ཡང་ཆགས་པ་མེད་ཅིང་སྣ་ཚོགས་ཀུན་ཏུ་རང་སྣང་བའོ། ༈ །དེ་ལ་གནས་པའི་ཡོན་ཏན་ནོ། །དྲང་། སྣང་བ་ཐབས་དང་རང་བཞིན་མེད་པ་ཤེས་རབ་དང་ལྡན་པའི་དེ་ཉིད་ཡོན་ཏན་མཆོག་གི་གནས་སུ་གྱུར་པ་ཡིན་ནོ། །དེ་ལྟར་རྟོགས་པའི་གང་ཟག་དེས། །ཇི་ལྟར་སྤྱད་ཀྱང་ཡོན་ཏན་ཟད་མེད་འབྱུང་ཞིང་ཚོགས་གཉིས་ཀྱིས་བདག་གཞན་གྱི་དོན་གཉིས་འགྲུབ་པ་དང་། སྒྲིབ་པ་གཉིས་ཀྱི་གོས་པར་མི་འགྱུར་རོ། །ཤེས་རབ་དང་ཐབས་ཆེན་པོའི་ཐེག་པ་མཆོག་གི་དོན་ཡེ་ཤེས་སྒྱུ་མའི་ངང་ཡེ་ནས་རོལ་པ་ཡིན་ནོ། ༈ །འགྲོ་བའི་ཆེད་དུ་སྤྱོད་པ་ལ་གཉིས། གཞན་དོན་དང་། བདག་དོན་ནོ། །དང་པོ་གསུམ། བགྲང་། ཆོས་ཀུན་བྱང་ཆུབ་སེམས་སུ་གཅིག་པས་རྩ་བའི་སྙིང་རྗེ་དང་། དྲང་། ཆོས་ཀུན་བྱང་ཆུབ་སེམས་སུ་རྒྱུ་གཅིག་པས་བདག་དང་འགྲོ་ཀུན་གཉིས་སུ་མེད་པར་གཟུངས་ཀྱི་ཟིན་པའི་རྩ་བའི་སྙིང་རྗེ་ཆེན་པོ་འབྱུང་བའོ། །འོ་ན་གཉིས་མེད་ཡིན་ན། དེ་ལ་སྙིང་རྗེའི་ངེས་ཚིག་མེད་དོ་སྙམས་པ་ལ་སངས་རྒྱས་དང་། སེམས་ཅན་ཀུན་ཡེ་ཤེས་སྒྱུ་མའི་ངོ་བོར་གཅིག་པར་རྟོགས་ན་རྩ་བའི་སྙིང་རྗེ་ཆེན་པོ་སྐྱེ་ཞེས་དེ་ལ་བྱ། དེའི་དུས་སུ་རིག་པ་ལ་མཐའ་དབུས་མེད་པས་བདལ་ཆེན་བློ་ནི་ཀུན་ཏུ་སྣང་བའོ། ༈ །སྙིང་རྗེས་ཕན་འདོགས་ཤིང་སྐྱོབས་པས་བྱམས་པ་དང་། དྲང་། གདུལ་བྱ་འདུལ་བའི་མ་འགག་པ་ཐབས་ཆེན་པོས་འགྲོ་བ་ཀུན་གྱི་དོན་མཛད་པའི་རིག་པ་འོད་གསལ་ལ་བྱམས་པ་ཚད་མེད་པའོ། །འགྲོ་བ་ཐམས་ཅད་དགྱེས་པར་མཛད་ཅིང་ཕྱོགས་རིས་མེད་པས་དབྱིངས་ཡེ་ཤེས་ཞེས་བྱའོ། །དེ་ཡང་བྱམས་པ་ཆེན་པོ་དེ་ཆོས་ཉིད་ལ་མ་གཡོས་བཞིན་དུ་མ་བུ་ལ་གདུང་བ་ལྟར་བརྩེ་བ་ཆེན་པོ་འཛིན། འགྲོ་དྲུག་གི་སེམས་ཅན་མ་ལུས་པ་ཐམས་ཅད་ལ་བརྩེ་བའི་སྙིང་རྗེའི་ཐག་པ་དང་འདྲ་བ་མ་ཆད་པར་འགྲོ་བ་ཉོན་མོངས་འཁོར་བའི་ལམ་དེ་ལས་མྱ་ངན་ལས་འདས་པའི་ལམ་དུ་འགྲོ་བར་བྱེད་ཅིང་བྱམས་པ་དག་གིས་ཕན་ཐོགས་ཤིང་འགྲོ་བ་ཀུན་ལ་སྐྱོབས་པའི་སྒོ་ནས་མཉེས་པར་གྱིས་ཤིག་པའོ། ༈ །འགྲོ་བའི་དོན་ལ་མི་སྐྱོ་ཞིང་དགའ་བས་དགའ་བ་དང་། དྲང་། དེ་བཞིན་དུ་འཁོར་བའི་བརྩོན་ར་དང་འདྲ་བའི་སེམས་ཅན་ལ། ཆོས་ཉིད་ལས་མ་གཡོས་བཞིན་དུ་བརྩེ་བའི་སྙིང་རྗེའི་ཞགས་པ་ཆེར་བརྐྱང་ནས་འགྲོ་བ་ཉོན་མོངས་འདམ་དང་འདྲ་བའི་ནང་ནས་ཐར་པའི་སྐམ་སར་འདྲེན་པར་བྱེད་པ་ལ། སྙིང་རྗེ་ཆེན་པོ་ཞགས་པ་དང་འདྲ་བར་ཆེར་བརྐྱང་ནས་འཁོར་བ་ཉོན་མོངས་པའི་གནས་ནས་འདྲེན་པར་བྱེད་པའི་སྙིང་རྗེ་ཚད་མེད་པ་དེས། འགྲོ་བའི་དོན་བྱེད་པ་ལ་སྐྱོ་བར་མ་བྱེད་ཅིག །སྙིང་རྗེ་སྐྱེ་བ་དེ་བཞིན་དུ་སྐྱེ་བོ་ཕལ་རྣམས་ཐམས་ཅད་ལ། ལས་ཀྱི་སྒྲིབ་པས་མི་གོས་ཤིང་ངན་སོང་ལས་ཐར་བ་དང་། སེམས་ཅན་ཐམས་ཅད་མངོན་པར་སངས་རྒྱས་པར་བྱ་བའི་དོན་ལ་དགའ་བས་དགའ་བ་དག་ལ་འགྱོད་པར་མ་བྱེད་ཅིག ༈ །ཕྱོགས་རིས་མེད་པར་སྙོམས་པས་བཏང་སྙོམས་སོ། །དྲང་། ཁམས་གསུམ་གྱི་སེམས་ཅན་ཀུན་གཞི་ཆོས་ཉིད་ལ་ང་དང་བདག་མེད་ལ་རྣལ་འབྱོར་པའི་ཐུགས་རྗེས་ང་དང་བདག་གཉིས་སུ་མེད་རྟོག་པས་མི་འབྱེད་དེ། བུ་གཅིག་པ་ལ་མ་བྱམས་པ་འདྲ་བར་བློ་བཞག་བྱ། སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་དྲི་མེད་པར་བཏང་སྙོམས་ལ་གནས་པར་བྱའོ། །གོང་བཞིན་བདག་དོན་ལ་གཞན་དོན་རྫོགས་པར་བསྟན་པ་ལ། དྲང་། ལམ་གྱི་སྔོན་དུ་ཚད་མེད་པ་བཞི་རྫོགས་སྟེ། ཞེས་པའམ། སྟོང་ཆེན་སྔོན་དུ་རྫོགས་པའི་དོན་བྱ་བའི་རྐྱེན་གདུལ་བྱ་དང་འཕྲད་ན་གཞན་དོན་གྱི་སྤྱོད་པ་བྱེད་པ་སྔོན་དེ་ཏིང་གི་སྐབས་བཞིན་དུ་བྱས་ཏེ། དེ་ཡང་སྙིང་རྗེ་ཆེན་པོའི་རྣལ་འབྱོར་སྒོམ་པའི་བདག་དོན་ཉིད་ལ་གདུལ་བྱ་གཞན་གྱི་དོན་ཤུགས་ཀྱིས་རྫོགས་པར་བྱེད་པའོ། ༈ །འོག་མ་ལས་ཁྱད་པར་དཔག་ཚུལ་ལོ། །དྲང་། དེ་ཡང་རྒྱུའི་ཐེག་པ་དང་། འབྲས་བུའི་ཐེག་པའི་ཁྱད་པར་སྟོན་ཏེ། དམིགས་པ་བདུན་གཉིས་གདུལ་བྱ་ལ། །ངོ་བོ་ལས་དང་ཕན་ཡོན་གྱིས། །ཕྱོགས་གཏད་མེད་དེ་ཐུན་མོང་གི། །ཆེན་པོ་དག་ལ་བླར་གྱུར་ཡིན། །ཞེས་པ་ཚིག་རྐང་འདི་བཞི། མཚན་ཉིད་ཐེག་པའི་སྙིང་རྗེ་དང་། འདི་ཉིད་ཀྱི་སྙིང་རྗེ་གཉིས་ཤན་ཕྱེ་བ་ཡིན། འདི་ལས་ནང་ཚེགས་སུ་བཅད་ན་ལྔ་སྟེ། དམིགས་པ་ཡུལ་གྱི་ཁྱད་པར་དང་། ངོ་བོ་དང་། ལས་དང་། ཕན་ཡོན་གྱི་དང་། ཕྱོགས་གཏད་ཡོད་མེད་ཀྱི་ཁྱད་པར་རོ། །དང་པོ་ནི་རྒྱུའི་ཐེག་པ། དེ་ཕྱིར་རྒྱུ་རྐྱེན་འབྲས་བུ་དང་། །དུས་དང་རང་བཞིན་འཁྲུལ་པ་དང་། །ཚུལ་གྱི་ཉམས་དང་ངོ་བོ་དང་། །བརྩོན་རར་ལྟ་བུར་བརྒྱད་ལ་དམིགས། །ཞེས་འབྱུང་བས་འཁོར་བའི་སེམས་ཅན་གྱི་རྒྱུ་གཅིག །རྐྱེན་གཉིས་འབྲས་བུ་དང་ངོ་བོ་གཅིག་ཏུ་བརྩིས་པས་གསུམ། དུས་དང་བཞི། ཚུལ་དང་ལྔ། ཉེས་པ་དང་དྲུག །རང་བཞིན་འཁྲུལ་པ་དང་བདུན་པོ་དེ་ལ་དམིགས་ནས་ཐུགས་རྗེ་སྐྱེ་བའི་ཡུལ་རྒྱ་ཆུང་ལ། འདིར་དེའི་སྟེང་དུ་ངེས་འབྱུང་གི་ཐེག་པ་བཞི། ཕྱི་རྒྱུད་སྡེ་གསུམ་སྟེ་གཉིས་བསྣན་པས། བདུན་གཉིས་བཅུ་བཞི་པོ་དེ། གསང་སྔགས་མ་ཧཱ་ཡོ་གའི་གདུལ་བྱ་ཡིན་པས། དམིགས་པ་ཡུལ་རྒྱ་ཆེ་བའི་ཁྱད་པར་ཡོད་ཏེ། དཔེར་ན་རྗེེ་འབངས་གཉིས་ནོར་འགྲན་པ་ལྟ་བུའོ། །ཡང་ན། འདིར་འགྲོ་བ་དྲུག །མུ་སྟེག་རྟག་ཆད་གཉིས། རྒྱུའི་ཐེག་གསུམ། ཕྱི་རྒྱུད་སྡེ་གསུམ་དང་བདུན་གཉིས་བཅུ་བཞི་དམིགས་ནས་སྐྱེ་བར་བཤད། ངོ་བོའི་ཁྱད་པར་ནི། རྒྱུའི་ཐེག་པས། གདུལ་བྱའི་ཡུལ་དམིགས་པ་བདུན་གྱི་སེམས་ཅན་ལ་སྙིང་རྗེ་བྱེད་ཀྱི། མཁོན་ནས་ཡུལ་དུ་བྱེད་ན་སྐྱེ་བས་ཐ་དད་ལ། འདིར་རིག་པ་སྒྱུ་མའི་ངང་དུ་ཡུལ་ཡུལ་ཅན་དབྱེར་མེད་དུ་རྟོགས་པས། ངོ་བོའི་ཁྱད་པར་རོ། །ལས་ཀྱི་ཁྱད་པར་ནི། རྒྱུའི་ཐེག་པས་གདུལ་བྱའི་དོན་བྱེད་ཙ་ན། རྟོགས་པ་སྔོན་དུ་བཏང་ནས་དོན་བྱེད་པ། འདིར་བརྩིས་གདབས་ཀྱི་རྟོག་པ་སྔོན་དུ་མ་བཏང་བར་རྟོག་པ་མེད་པར་དོན་བྱེད་པ། ལས་ཀྱི་ཁྱད་པར་རོ། །ཡང་རྒྱུའི་ཐེག་པའི་སྙིང་རྗེ་ནི། སྙིང་རྗེ་ཁོ་ནའི་དོན་བྱེད་ལས་མི་ནུས་ལ། འདིར་སྙིང་རྗེ་གཅིག་པུས་ཀྱང་ཚད་མེད་བཞི་ཀའི་དོན་བྱེད་ནུས་པས་འཕགས་པའོ། །ཕན་ཡོན་ནི། དོན་བྱས་པའི་འབྲས་བུ་ལ་ཁྱད་པར་ཡོད་དེ། རྒྱུའི་ཐེག་པས་གདུལ་བྱ་དྲངས་པས། བཅུ་གཅིག་ཀུན་ཏུ་འོད་ཀྱིས་སངས་རྒྱས་སྐུ་གསུམ་ཡེ་ཤེས་བཞིའི་བདག་ཉིད་ཅན་ལས་མི་ཐོབ་ལ། འདིར་གདུལ་བྱ་སྐུ་ལྔ་ལྷུན་གྲུབ་གྱི་ས་ལ་དྲངས་པས། ཕན་ཡོན་གྱི་ཁྱད་པར་རོ། །ཕྱོགས་གཏད་ཡོད་མེད་ནི། རྒྱུའི་ཐེག་པས་འདི་ལ་སྐྱེ་ལ། འདི་ལ་མི་སྐྱེ་བའི་ཕྱོགས་གཏད་ཡོད་པ་ལ་མ་ཧཱའི་ཐུགས་རྗེ་འདི་ལ་སྐྱེ་འདི་ལ་མི་སྐྱེའི་ཕྱོགས་གཏད་མེད་དོ། །དེས་ན་ཐུན་མོང་གི་ཐེག་པ་ཆེན་པོ་ལས། དེའི་སྙིང་རྗེ་བླར་གྱུར་ཅིང་འཕགས་པ་ཡིན་ནོ། །འོ་ན་ལེའུ་འདིར་ཚད་མེད་པ་བཞི་ལན་གཉིས་བྱུང་བས་བལྡབ་ཞེ་ན། མ་བལྡབ་སྟེ། དང་པོ་ནི། མཉམ་བཞག་གི་དངོས་ན་དགོངས་པ་ཐུན་གཅིག་ལ། ཡོན་ཏན་གྱི་ཆ་ནས་ཚད་མེད་བཞི་ཡིན་ལ། ཐ་མ་ནི། རྗེས་ཤེས་སྙིང་རྗེའི་ཆ་ནས་ཚད་མེད་བཞི་ཡིན། ཡང་ན་གོང་མ་བློ་བཞག་ཐབས་སྐབས་ལ། འོག་མ་སྤྱོད་པའི་སྐབས་སོ། ༈ །བདག་དོན་གྱི་སྤྱོད་པ་ལ་གཉིས། བགྲང་། ཡེ་ཤེས་སྒྱུ་མའི་ངང་ལས་མི་དྷ་བའི་སྤྱོད་པ་དང་། དྲང་། བདག་གི་དོན་བྱ་བའི་ཕྱིར་ཕྱི་ནང་གི་སྤྱོད་ལམ་ཐམས་ཅད་ཀུན། ཡེ་ཤེས་སྒྱུ་མ་རང་སྣང་ཕྱིར། ཕྱི་ནང་གཉིས་སུ་འཛིན་པའི་སྒྲིབ་པ་མེད་པར་རིག་པ་རང་གསལ་བའི་ངང་ལ་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ལ་བློ་བརྟན་ཞིང་ཤིན་ཏུ་བདེ་བའོ། ༈ །ལོངས་སྤྱོད་ཀྱི་སྤྱོད་པ་བསྟན་པའོ། །དྲང་། འདོད་པའི་ཡོན་ཏན་ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ་གཙང་དང་སྨེ་བའི་བློ་འཛིན། དེའི་རྒྱུ་མཚན་ནི། ཐམས་ཅད་ཡེ་ཤེས་སྒྱུ་མའི་ངོ་བོར་རོ་གཅིག་པས་གཙང་སྨེ་གཉིས་སུ་མེད་པས་ཤིན་ཏུ་བདེ། དེ་བས་ན་སྤྱད་པར་བྱ་བ་ལྔ་དང་། མི་སྤང་བ་ལྔ་དང་། དང་དུ་ལེན་པ་ལྔ་དང་། འདོད་ཡོན་ལྔ་ལ་སོགས་པའི་སྤྱོད་ཡུལ་ཐམས་ཅད་ལ། ཡེ་ཤེས་ལ་ཡེ་ཤེས་རོལ་བའོ། ༈ །དགུ་པ་དམ་ཚིག་ལ་གཉིས། བགྲང་། ཁྱད་པར་གྱི་དམ་ཚིག་གི་ཡེ་ཤེས་སྒྱུ་མ་ལས་མི་འདའ་བ་དང་། དྲང་། དང་པོ་སྔོན་བྱུང་རྒྱལ་བའི་མཛད་སྤྱོད་ནི་ཐུབ་པ་ཆེན་པོ་སྟོན་པ་སངས་རྒྱས་ཀྱི་སྤྱོད་ཡུལ་ནི། ཆོས་ཐམས་ཅད་ལ་དབང་ཐོབ་པས་ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། དེ་བཞིན་དུ་ཆོས་རྣམས་ཐམས་ཅད་ཡུལ་ཡུལ་ཅན་དུ་དམིགས་སུ་མེད། ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ལ་ཅིར་ཡང་སྣང་ཞིང་ཅིར་ཡང་འགྲུབ། ཆོས་ཉིད་ཟག་པ་མེད་པའི་ཟབ་མོའི་དོན་རྟོགས་ན་ཐམས་ཅད་དག་པར་མ་གྱུར་གང་ཡང་མེད། ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་མ་བཅོས་པ་ཕྱོགས་མེད་ཀུན་ཏུ་གསལ། རང་བཞིན་ངང་གི་རྣམ་པར་དག་པའོ། །དེའི་ཕྱིར་སྤྱོད་ཡུལ་ཐམས་ཅད་ཀུན། སྒྱུ་མ་ལྟ་བུའི་ཡེ་ཤེས་སུ་རང་གསལ་བས་འདའ་བར་མི་བྱའོ། ༈ །ཐུན་མོང་གི་དམ་ཚིག་སྔ་མ་དང་མཐུན་པར་འཕེལ་བར་བསྟན་པའོ། །དྲང་། རྩ་བའི་དམ་ཚིག་དང་། ཡང་ལག་གི་དམ་ཚིག་ཐམས་ཅད་ཀུན་སྤྱིར་སྔ་མ་དེ་ཏིང་སྟོང་པ་ཆེན་པོའི་སྐབས་བཞིན་ཡིན་ཏེ་ཁྱད་པར་དུ་སྟོབས་དང་། ནུས་པ་འཕེལ་བར་བསྲུང་བའོ། །བཅུ་པ་དྲོད་ལ་དབྱེ་བ་མེད་དོ། །དྲང་། དེ་ལྟར་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ཐོབ་ཅིང་གོམས་པས། འཁོར་བའི་ཆོས་སྡུག་བསྔལ་གྱི་ཕུང་པོ་ལ་ཚད་མེད་བཞི་ཤར་བས་བྱང་ཆུབ་སེམས་དཔའ་རང་དབང་མེད་པར་སྐྱོ་བའི་སེམས་ཀྱི་སེམས་འཕྲོག་པར་འགྱུར་རོ། །སེམས་རང་སྣང་ལ་གཞན་མེད་པས་མ་འཁྲུལ་དེ་ངོ་མ་ཤེས་པས་འཁྲུལ་པ་དེ་ལ་ངོ་མཚར་ཞིང་ཡ་མཚན་སྐྱེ་བའོ། །དོན་མེད་པར་ལེ་ལོར་འདུག་པ་ལ་དེ་བཞིན་དུ་སྙིང་རྗེ་སྐྱེས་ཏེ། ཕྱི་ནང་གསང་བའི་དྲོད་རྣམ་པ་གསུམ་པོ་དེ་སྔ་མ་དེ་བཞིན་ཉིད་ལས་བརྟན་ཞིང་འཕེལ་བར་སྣང་བའོ། ༈ །བཅུ་བཞི་པ་རྟགས་ལ་གསུམ། བགྲང་། རྟགས་དངོས་དང་། དྲང་། དེ་ལྟར་ཉམས་ཀྱི་རིམ་པ་འཕེལ་བའི་སྔ་རྟགས་ནི། ལུས་ཤིང་བལ་གྱི་འདབས་མ་ལྟ་བུར་ཤིན་ཏུ་ཡང་བ་དང་། ལུས་ཀྱི་ན་ཚ་ལ་སོགས་པ་བཟོད་པ་ཕྲ་མོ་ཐོབ་ཅིང་ཏིང་ངེ་འཛིན་ཡུན་རིང་བ་དང་། འབྱུང་བ་ལུས་ཀྱི་ཕུང་པོ་ཁམས་བདེ་མི་བདེ་སྙོམས་པ་དང་། དུས་སྐབས་འདིར་ཕལ་ཆེར་རྟགས་དེ་རྣམས་ཡོད་ཅིང་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པ་འབྱུང་ངོ་། ༈ །ལམ་གོང་མ་བས་འཕེལ་ཞིང་གསལ་བའི་རྟགས་དང་། དྲང་། དེ་བས་ལྟ་བའི་སྐབས་སུ་ཆེས། རིམ་གྱི་མང་བ་དང་། དེ་ཏིང་ལ་འབྲིང་བ་དང་། འདིར་ཀུན་ཏིང་ལ་ཆོས་བརྒྱད་མཉམ་སྟེ་ཕལ་ཆེར་འགོ་སྙོམས་པ་དང་། རྟགས་ཀུན་ཀྱང་སྔར་དེ་བཞིན་ཉིད་ལས་གྲངས་འཕེལ་ཞིང་། ངོ་བོ་གསལ་བ་དང་། ཡུན་རིང་བའོ། ༈ །མངོན་ཤེས་སོ། །དྲང་། རང་དང་ལྷན་ཅིག་དུ་དྲུང་ན་འདུག་པའི་གང་ཟག་ཕ་རོལ་པོ་དེའི་སེམས་རྒྱུད་ལ་དམིགས་པ་གཏད་དེ། ཏིང་ངེ་འཛིན་ལ་བཞག་པ་ཙམ་གྱི་ཕ་རོལ་པོ་དེའི་སེམས་རྒྱུད་ཤེས་པའི་མངོན་པར་ཤེས་པ་དེ་ཡང་། དེ་ཏིང་བས་འདིར་གྲངས་མང་དུ་འཕེལ་བ་དང་ངོ་བོ་ཅུང་ཟད་གསལ་ཞིང་བརྟན་པ་དང་། དེ་ལས་གཞན་པ་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་སོགས་པའི་མངོན་པར་ཤེས་པའི་མིག་གིས་ཀྱང་གཟུགས་མཐོང་བ་དང་། སྒྲ་ཤེས་པ་ལ་སོགས་ཅུང་ཙམ་འབྱུང་ངོ་། །གོམས་ནས་ཡོན་ཏན་ཡོད་པ་དེ་བས་ན་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་ལ་བློ་བརྟེན་ཞིང་འདྲིས་པར་བྱའོ། ༈ །བཅུ་གཉིས་པ་རྨི་ལམ་ལ་དབྱེར་བ་མེད་དོ། །དྲང་། ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ལ་གནས་པ་འདི་ཡིས་ཚེ་དབང་དྲུག་གི་སྤྱོད་ཡུལ་གྱི་སྣང་བ་མ་ལུས་པ་ཐམས་ཅད་ཀུན་དངོས་སུ་སྒྱུ་མར་སྣང་བ་སྨོས་ཅི་དགོས། གཉིས་པའི་རྨི་ལམ་དུའང་སྤྱོད་ཡུལ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་མཐོང་བ་དང་། རྒྱུད་སྙིང་རྗེས་གང་བར་རྨི་ལམ་དུ་སྙིང་རྗེ་འབའ་ཞིག་མཐོང་བ་དང་། རྨི་ལམ་དུ་བླ་མ་དང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཅིང་དབང་སྐུར་བ་ལ་སོགས་པ་ལམ་དུ་འཇུག་པ་ལྔ་བྱེད་ཅིང་། བར་ཆད་ལེགས་ཉེས་བརྩོན་ལུང་སྟོན་པ་རྣམས་སྔར་བས་མང་དུ་མཐོང་བ་དང་། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དང་། མཚན་མ་ལྔ་མཐོང་བ་དང་། དེ་ལ་སོགས་པ་ཤུགས་སྣང་བརྒྱད་དང་། མཚན་མ་བཟང་ངན་ཅི་སྣང་ཡང་། ཡེ་ཤེས་སྒྱུ་མའི་ངང་དུ་རྟོགས་པས་ཆགས་ཞིང་ཞེན་པར་མི་བྱའོ། ༈ །བཅུ་གསུམ་པ་ཕན་ཡོན་ལ་གཉིས་བགྲང་ཡོན་ཏན་ཚད་མེད་པར་བསྟན་པ་དང་། དྲང་། སྙིང་རྗེ་ཆེན་པོའི་རྣལ་འབྱོར་ལ་གོམས་པར་བྱས་ནས་རྣལ་འབྱོར་པས་བདེན་གཉིས་དབྱེར་མེད་ཀྱི་དོན་ཆེན་པོ་རང་སྣང་གཉིས་མེད་རྟོགས་པ་ཡིས། དུས་མཐའ་མེད་ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་དེ་ལྟར་སྒོམ་དེའི་ཡོན་ཏན་ལ་ཚད་མེད་པས་ནམ་མཁའི་མཐའ་དང་མཉམ། སྤྱོད་ཡུལ་སངས་རྒྱས་ཉིད་དང་ཡེ་ཤེས་སྒྱུ་མའི་ངོ་བོར་གཅིག་གོ། ༈ །ཚོགས་གཉིས་རྫོགས་ཤིང་ཕྱག་རྒྱ་གཅིག་པར་སྦྱོར་བའོ། །དྲང་། ཡེ་ཤེས་སྒྱུ་མའི་སྤྱོད་པ་བསོད་ནམས་ཀྱི་ཚོགས་ཆེན་དཔལ་ལྡན་དེའི་མིང་དོན་གསལ་ཡང་མ་ཆགས་པས་ཡེ་ཤེས་ཀྱི་ཚོགས་ཆེན་དང་ལྡན་ནོ། །ཡེ་ཤེས་སྒྱུ་མའི་རྣལ་འབྱོར་འདི་ཡིད་འགྱུ་ཐོག་ན་སེམས་ལས་སུ་རུང་བས་རྣལ་འབྱོར་ཕྱི་མ་ཕྱག་རྒྱ་གཅིག་པ་བཙལ་བ་མེད་པ་རང་ཤུགས་ཀྱིས་འཆར་བའོ། །བཅུ་བཞི་པ་དྷ་ཀ་མ་ལ་དབྱེ་བ་མེད་དོ། །དྲང་། སེམས་འཕོ་བའི་དཔེ་ཉི་མ་ལས་མ་གཡོས་པར་འོད་འཇིག་རྟེན་དུ་འབྱུང་བ་དང་། ལུས་འཕོ་བའི་དཔེ། ས་བོན་མ་གཡོས་པར་མྱུ་གུ་འབྱུང་བ་དང་། ངག་འཕོ་བའི་དཔེ་བསྒྱུར་ལས་མ་གཡོས་པར་འགྲམ་པ་ལ་ཆུ་ལྡང་བ་དང་། བྲག་ཆ་ལས་གཡོས་པ་མེད་པར་སྒྲ་ལྷང་ལྷང་བྱེད་པ་བཞིན་དུ། ཆོས་ཉིད་ཐམས་ཅད་རང་བྱུང་གི་ཡེ་ཤེས་དུས་གསུམ་དུ་འགྲོ་འོང་མེད། གཞན་དུ་འཕོ་བ་མེད་ཀྱང་གོང་གི་དཔེ་བཞིན་འཁྲུལ་པའི་ངོ་ལ་འཕོ་འགྱུར་ལྟར་སྣང་སྟེ་འཆི་བའི་ཚེ། ཡེ་ཤེས་སྒྱུ་མའི་ཏིང་ངེ་འཛིན་ལ། བརྟན་པར་བྱས་པའི་ངང་ལ་འདས་ན་ལས་ཀྱི་རྒྱུན་ཐམས་ཅད་གཅོད་ཅིང་དཔེ་ལྷ་མིའི་གོ་འཕང་ཐོབ་ནས། སྔར་གྱི་བག་ཆགས་བཟང་པོའི་འབྲེལ་པས་ཡང་དག་པའི་ལམ་གསང་སྔགས་ཀྱི་ཐེག་པ་འདི་ཉིད་དང་མཇལ་ནས་བསྐོལ་བར་མི་འགྱུར་སྟེ་འཕྲད་ནས་གྲོལ་བ་འགྱུར་རོ། །འཕོ་བ་འདི་ནི། ཡེ་ཤེས་སྒྱུ་མ་རང་གཞུང་གི་ལུགས་ཡིན་ལ་རྒྱུ་མཚན་ཉིད་ཐེག་པ་ལྟར་ན། དོན་དམ་སེམས་སྐྱེད་དང་། ཀུན་རྫོབ་སེམས་སྐྱེད་སྒོམ་ཞོར་ལ་འཕོ་ན་འདི་ལྟར་ཡིན་ཏེ། ཐེག་ཆེན་འཕོ་བའི་གདམས་ངག་ནི། སྟོབས་ལྔ་ཉིད་དེ་སྤྱོད་ལམ་བཅས། ཞེས་གསུང་སྟེ། ཆོས་འདི་ལ་སྦྱངས་པའི་གང་ཟག་དེ་འཆི་ངེས་པའི་ནད་ཀྱིས་ཐེབ་པ་ན། དང་པོ་དཀར་པོ་ས་བོན་གྱི་ལག་ལེན་ནི། ཡོ་བྱད་ཐམས་ཅད་བླ་མ་དཀོན་མཆོག་ལ་མཆོད་པ་ལ་སོགས་བསོད་ནམས་གང་ཆེ་བར་གཏོང་ལ། དེ་རྣམས་ལ་ཆགས་ཞེན་མེད་པར་བྱ། དེའང་རང་གི་བློ་ལ་འདི་རང་བསོད་ནམས་ཆེ་སྙམས་པ་དེ་བྱའོ་གསུང་། དེ་ནས་སྨོན་ལམ་གྱི་སྟོབས་ནི། བླ་མ་དཀོན་མཆོག་ལ་ཡན་ལག་བདུན་པ་ཕུལ་བདག་བར་དོ་དང་། ཚེ་རབས་ཕྱི་མ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་འདི་སྟོན་པའི་བླ་མ་དང་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ་ཅིང་། དེ་ལྟར་སྨོན་ལམ་ཡང་གདབ་བོ། །དེ་ནས་སུན་འབྱིན་པའི་སྟོབས་ནི། བདག་གཅེས་འཛིན་གྱི་རྣམ་རྟོག་འདིས་སྔར་ཡང་སྡུག་བསྔལ་དུ་བཅུག །ད་རུང་འདི་དང་མ་བྲལ་ན་བདེ་མི་སྟེར་བར་འདུག་ཅིང་། ད་ལྟ་ཡང་བདག་གི་འདི་ལ་གཅེས་པར་བཟུང་བས་སྡུག་བསྔལ་བར་འདུག་པས། བརྟག་ན་ལུས་ལ་གཅེས་འཛིན་གྱི་རྣམ་རྟོག་སྤངས་ནས། སེམས་ལ་བདག་ཏུ་བཟུང་རྒྱུ་མི་འདུག་པས། ལུས་སེམས་གང་ལ་ཡང་བདག་འཛིན་སྤངས་ལ་བཞག་གོ། །དེ་ནས་འཕེལ་པའི་སྟོབས་ནི། ངེས་པར་བར་དོ་ལ་ཡང་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་ཡང་ཡང་བྱའོ། །དེ་ནས་གོམས་པའི་སྟོབས་ནི། སྔར་གྱི་བྱང་ཆུབ་ཀྱི་སེམས་གཉིས་སྤྱོད་ཚུལ་དེ་དྲན་པར་བྱའོ། །སྤྱོད་ལམ་ནི་འཆི་ཁར་གློ་གཡས་པ་འོག་ཏུ་བཅུག །ལག་པ་གཡས་པས་འགྲམ་པ་བརྟེན། མཐིལ་ཆུང་གིས་སྣ་བུག་གཡས་བཀབ་ལ། རླུང་གཡོན་ནས་རྒྱུ་བར་བྱའོ། །དེ་ནས་བྱམས་སྙིང་རྗེ་སྔོན་དུ་འགྲོ་བའི་རླུང་། འགྲོ་འོང་ལ་བསྐྱོན་ནས་གཏོང་ལན་གཉིས་པོ་སྦྱངས། དེའི་རྗེས་ལ་འཁོར་འདས་སྐྱེ་འཆི་ལ་སོགས་པ་ཐམས་ཅད་སེམས་སྣང་ཡིན། སེམས་ཉིད་ཅིར་ཡང་མ་གྲུབ་པའི་ངང་ནས། བློས་ཅིར་ཡང་མི་འཛིན་པར་བཞག་གོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་གཉིས་པོ་དེ། སྤེལ་ཞིང་སྒོམ་པའི་འཕྲོ་ལ་འཆི་བར་བྱའོ། །འཆི་ཁ་མའི་གདམས་ངག་ལ། འདི་ནུད་ཆེ་བ་མང་སྟེ། འདི་བས་ངོ་མཚར་ཆེ་བ་མེད་གསུང་། བྱང་ཆུབ་སེམས་གཉིས་གང་རུང་གི་སྒོ་ནས་འཕོ་བ་དང་། འཕོ་བའི་མཆོག་ཡིན་སྟེ། འཕོ་བྱ་འཕོ་བྱེད་དང་བྲལ་བ་ནི། འཕོ་བའི་མཆོག་ཡིན་ལ། བདག་བས་གཞན་གཅེས་ཀྱི་འཕོ་བའང་མཆོག་ཡིན་ཏེ། མ་སྨད་གཉིས་ཆུས་ཁྱེར་བས། མས་བུ་མོ་འདི་མ་ཤི་ན། བུ་མོས་མ་འདི་མ་ཤི་ན་སྙམས་པའི་བསམ་པ་བྱུང་བས། གཉིས་ཀ་ཚངས་པའི་གནས་སུ་སྐྱེ་བར་འདུག་གསུང་། ༈ བཅོ་ལྔ་པ་འབྲས་བུ་ལ་གསུམ། བགྲང་། གནས་སྐབས་ཀྱི་འབྲས་བུ་རིག་འཛིན་ཐོབ་པ་དང་། དྲང་། བློ་ཆེ་བས་སྐྱེ་བ་ཕྱི་མས་བློ་ཆུང་བས་ལན་གྲངས་གཞན་དག་ལ་འཁོར་བར་མི་ལྡོག་པར་ཚེ་ལ་དབང་བསྒྱུར་བའི་རིགས་སུ་ངེས་སོ། ༈ །གཞུང་བཞིན་བསྒྲུབ་པས་མཐར་ཐུག་གི་འབྲས་བུ་དང་། དྲང་། ཡེ་ཤེས་སྒྱུ་མའི་ལམ་དེར་ཆ་རྐྱེན་ཀུན་རྫོགས་ཤིང་རིམ་པར་བསྒྲུབ་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཀུན་དང་ལྡན་པའང་། དབང་ཕྱུག་ཆེན་པོ་ལོངས་སྐུའི་གནས་ཉིད་དུ། མངོན་པར་བྱང་ཆུབ་བར་ཐེ་ཚོམ་མེད་དོ། །དེ་ལྟར་འབྲས་བུ་ལོངས་སྐུར་ཐོབ་པར་བསྟན་པ་ནི། རྒྱུའི་ཆོས་མཐུན་འབྲས་བུ་ལ་སྦྱར་བ་ཡིན་ཏེ། དེ་ཡང་ལེའུ་གསུམ་པ་ལས། འབྲས་བུ་ཉིད་ནི་ལམ་ཕྱིར་ཏེ། །ཕྱོགས་མཐུན་བརྗོད་ཀྱི་རིས་མ་ཡིན། །ཅེས་པ་དང་མཐུན་པར་ལེའུ་བཞི་པ་འདིར་ཡང་། འབྲས་བུ་ནི། ཕྱོགས་མཐུན་གྱི་འབྲས་བུ་ལོངས་སྐུ། གནས་སྐབས་ཀྱི་འབྲས་བུ་ལྷ་མི་མཚན་རྫོགས། ཉེར་སྦྱོར་གྱི་འབྲས་བུ་ཕྱག་རྒྱ་གཅིག་པའོ། ༈ །མ་རྟོགས་ལེ་ལོ་བྱས་པའི་སྐྱོན་ནོ། །དྲང་། ཡེ་ཤེས་སྒྱུ་མའི་དོན་ལྟ་བ་མ་རྟོགས་ཏེ་དམན་པ་ལས་གྱུར་པའི་ལེ་ལོ་སྙོམས་ལས་བྱས་བདག་གཞན་ནམ་འབྲས་བུ་བླ་མེད་བྱང་ཆུབ་ཀྱི་དོན་མ་གྲུབ་པར་སླར་ཡང་ངན་སོང་གསུམ་དུ་འགྲོ་བར་འགྱུར་རོ། །དེ་བས་ན་སྒོམ་པ་ལ་བརྩོན་འགྲུས་ཀྱིས་གཅིག་པར་ཤུགས་ལ་གདམས་པའོ། །ལེའུའི་མཚན་ནོ། །དྲང་། ཡུལ་ཅན་གཉིས་སུ་མེད་པའི་སྙིང་རྗེ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བསྟན་པའི་གཞུང་གི་ཚིག་དོན་རྣམས་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱིས་ན། ལེའུ་ཞེས་བྱ་སྟེ་ཡས་བགྲང་བཞི་པའི་དོན་དུ་གདའོ།། །།ལེའུ་ལྔ་པ་ཕྱག་རྒྱ་གཅིག་པ་ལ་གསུམ། བགྲང་། ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། སེམས་ཉིད་སྣང་སྟོང་གཉིས་མེད་ཡེ་ཤེས་སྒྱུ་མའི་ངང་ལ་གོམས་པའི་ཏིང་ངེ་འཛིན་གྱིས་ཕྱག་འཚལ་ནས། སྣང་སྟོང་དབྱེར་མེད་ཅི་བཞིན་པ་ཞི་ཁྲོ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བཤད་པར་བྱའོ། །གཞུང་དོན་ལ་གཉིས། བགྲང་། ལུས་སྔ་མ་དང་མཐུན་པར་བསྟན་པ་དང་། དྲང་། སྙིང་རྗེ་སྒྱུ་མ་གོམས་པའི་རྣལ་འབྱོར་པ་ཕྱག་རྒྱ་གཅིག་པ་སྒོམ་པར་འདོད་པའི་གང་ཟག་ལུས་སྐུ་རྡོ་རྗེ། ངག་གསུང་རྡོ་རྗེ། ཡིད་ཐུགས་རྡོ་རྗེ་གསུམ་ལྡན་དུ་སྒོམ་པའང་། དེ་ཏིང་སྟོང་པ་ཆེན་པོ་དང་། ཀུན་ཏིང་སྔར་ལྟར་སྔ་མ་འདས་པའི་ལུས་ཀྱིས་ཤེས་སྟེ་དོན་བཅོ་ལྔའོ། ༈ །ཡན་ལག་རྒྱས་པར་བཤད་པ་ལ་དོན་བཅོ་ལྔ་སྟེ། དང་པོ་སྔོན་དུ་འགྲོ་བ་དང་། དྲང་། ཚོགས་ལམ་རྣལ་འབྱོར་བཞིའི་སྤྱིའི་སྔོན་དུ་བྱ་བའི་ལས་དབང་ཐོབ་ལྷག་པའི་ཡོ་བྱད་ལྔ་དང་ལྡན་པ་ལ་སོགས་པ་སྔོན་དེ་ཏིང་གི་སྐབས་སུ་རྫོགས་པར་བྱས་པ་ཡིས། ཁྱད་པར་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་འདི་ཉིད་སྒོམ་པའི་སྔོན་འགྲོ་ལ་ཡེ་ཤེས་སྒྱུ་མ་མཐར་ཕྱིན་པ་སྔོན་དུ་བྱས་པ་ལ་གོམས་ཤིང་། དེ་ནས་དམིགས་པའི་རྟེན་རྒྱལ་བའི་སྐུ་གསེར་ལ་སོགས་པ་ལ་ལུགས་སུ་བླུག་པའམ། རྦ་ཤིང་ལ་འབུར་དུ་བཏོད་པའམ། རས་ཤོག་ལ་བྲིས་པའམ། འཇིམ་པ་ལ་འདེར་པོ་བྱས་པ་ལ་སོགས་པ་ཡི་དམ་ལྷའི་མཚན་མའི་སྐུ་ཕྱག་རྒྱ་རབ་གནས་ཅན་མདུན་དུ་བཞག་པ་དེ་ལ་ཡན་ལག་བརྒྱད་པ་འབུལ་བ་སྔོན་དེ་ཏིང་གི་སྐབས་སུ་བསྟན་བཞིན་དུ་བྱའོ། །གཉིས་པ་དགོས་ཆེད་ལ་དབྱེ་བ་མེད་དོ། །དྲང་། དབྱེར་མེད་འབྲས་བུ་ངོ་བོ་ཡིན་པས་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྒོམ་ཞིང་ཕྱག་རྒྱ་སྤྲོས་པའི་རྒྱུ་ཕྱག་རྒྱ་གཅིག་པ་འདི་ཡིས་ཐོབ་པར་བྱ་ཞིང་སྙིང་རྗེ་སྒྱུ་མ་ཀུན་སྣང་དང་། སྟོང་པ་དེ་བཞིན་ཉིད་ཀྱི་རྟོགས་པའི་ཞེན་པ། དབྱེར་མེད་དུ་བྱ་བའི་ཕྱིར་དང་། རྟོགས་པའི་ཕུང་པོ་ལྔ། འབྱུང་བ་ལྔ་ལ་སོགས་པ་ལྟར་གནས་སུ་དག་པར་འགྱུར་ཞིང་གདུལ་བྱ་གཞན་དག་སྨིན་པར་བྱ་བའི་ཕྱིར། ཞི་ཁྲོ་ཕྱག་རྒྱ་གཅིག་པའི་རྣམ་པར་སྒོམ་པའི་ཤིན་ཏུ་གཅེས་པའོ། །གསུམ་པ་བཞག་ཐབས་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། དེ་ཡང་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པའི་ཐབས་ལ་རྣམ་པ་གཉིས་ཏེ། གང་ཞེ་ན། ལྷ་སྒོམ་པའི་སྔོན་དུ་རྣལ་འབྱོར་པའི་སེམས་ཀྱི་རྩལ་ཡི་གེ་ལ་སྦྱངས་བ་དང་། དེ་འབྱུང་ནས་ཞི་ཁྲོའི་ལྷར་བསྐྱེད་ཅིང་སྒོམ་པའི་ཐབས་བསྟན་པའོ། ༈ །རྒྱས་པར་བཤད་པ་ལ་གཉིས། ཡི་གེ་ལ་སེམས་སྦྱང་དང་། ལྷར་བསྐྱེད་པའོ། །སྔ་མ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། དང་པོ་མདོར་བསྟན་ནི། དེ་ལ་མདོར་བསྟན་གྱི་སྔ་མའང་སེམས་སྦྱང་བ་ལ་བློ་ཆུང་བ་གདམ་ངག་གི་སྟོབས་ཀྱིས་སེམས་སྦྱང་བ་དང་། བློ་ཆེ་བ་རང་གི་ཤེས་རབ་ཀྱི་སྟོབས་ཀྱིས་སེམས་སྦྱང་བའོ། །དེ་ལྟར་སེམས་སྦྱངས་པ་གཉིས་ཀ་ལ་འཇུག་པའི་གཞི་བོའི་རྩ་བའི་རྒྱུའི་ཡི་གེ་ཨའམ་ཧཱུྃ་འདི་ཉིད་དེ། ༈ །རྒྱས་པར་བཤད་པ་ལ་གཉིས། བགྲང་། ཨ་ལ་སེམས་སྦྱངས་པ་དང་། དྲང་། འདི་ལ་འགྲེལ་པ་སྤར་ཁབ་ལས། ཨ་ནི་ཨ་སྟེ། དཀར་བ་ནི་བྱང་ཆུབ་ཀྱི་སེམས་སོ་ཞེས་གསུང་པས་སྟོང་པ་ཉིད་ཀྱི་ངང་ལས། རང་གི་རིག་པའི་ངོ་བོ་ཡི་གེ་ཨ་དཀར་པོ་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་གཅིག་སྒོམ་མོ། །དེ་ཡང་རབ་ཏུ་བརྟན་པའི་ཚད་བཞི་དང་ལྡན་པ་སྟེ། གང་ཞེ་ན། མི་གཡོ་བ། མི་འགྱུར་བ། མངོན་པར་མི་འགྱུར་བ། ཅིར་ཡང་བསྒྱུར་དུ་བཏུབ་པའོ། །རིག་པ་ཨར་གསལ་བ་དེ་ཉིད་རྟོགས་པའི་མཐར་མི་གཡོ་བ། རྐྱེན་གྱིས་དབང་དུ་མི་འགྱུར་བ། རྐྱེན་དབང་དུ་མངོན་པར་མི་འགྱུར་བ། ཀ་ཁ་ལ་སོགས་པ་ཡི་གེ་ཞེ་གཉིས་སུ་འཆར་བས། ཅིར་ཡང་བསྒྱུར་དུ་བཏུབ་པར་སྒོམ་པའོ། །འོ་ན་བསྒྱུར་དུ་རུང་བ་དེ། བརྟན་པའི་ཚད་དུ་ཅི་འགྲོ་ཅེ་ན་ཅིར་ཡང་བསྒྱུར་དུ་རུང་བ་ནི། ཤིན་ཏུ་བརྟན་པ་ཐོབ་པའི་ཚད་ཡིན་ཏེ། དཔེར་ན་སྐྱེས་བུས་རྟ་རྐྱ་བའམ། རྐྱལ་འབྱོངས་པ་ལྟ་བུའོ། །དེ་ལྟར་རང་རིག་ཨར་སྣང་བ་དེ་ཉིད་གཟུང་འཛིན་དང་བྲལ་ཤིང་ཉེས་པའི་སྐྱོན་གྱི་མ་གོས་པར་དགར་བ་སྟེ། གསལ་བའི་ཚད་བཞི་དང་ལྡན་པའོ། །གང་ཞེ་ན། ས་ལེ། སེང་ངེ་། ལྷག་གེ། ལྷང་ངེ་བའོ། །དེ་ཡང་སེང་ངེ་བ་ནི། སེམས་ཉིད་ཨར་གསལ་བ་དེ་ཉིད། རྟོག་པའི་རྙོགས་མ་མེད་པར་ཤེལ་ལྟ་བུར་སེང་བའོ། །ས་ལེ་བ་ནི། ཨ་ཉིད་སྒྲིབ་གཡོགས་མེད་པར་ས་ལེ་བའོ། །ལྷང་ངེ་བ་ནི། དེ་ཉིད་སྐར་མ་པ་བ་སངས་ལྟར་གཏིང་ལྷང་ངེ་བའོ། །ལྷག་གེ་བ་ནི། དེ་ཉིད་མེ་ལོང་ལ་ཉི་མ་ཤར་བ་ལྟར་རྒྱང་ནས་ལྷག་གེ་བའོ། །དེ་ལས་ཨ་སྥ་ར་ན་ཕཊ། ཅེས་སྤྲོས་པས། གཞི་བོའི་ཨ་དེ་ལས་ཤིན་ཏུ་ཕྲ་བའི་ཨ་དཔག་ཏུ་མེད་པ་རྣམས་སྤྲོས་པས་ཕྱོགས་བཅུ་ཐམས་ཅད་ཨས་གང་བར་གསལ་བར་གྱུར་ནས་སྃ་ཧ་ར་ཎ་ཧཱུྃ། ཞེས་བསྡུས་ཀྱང་གཞི་མའི་ཨ་ལ་འཕེལ་བ་དང་། ཕྱོགས་བཅུའི་ཨ་ལ་འགྲིབ་པ་མེད་པར་ཏིང་ངེ་འཛིན་བརྟན་པའི་ཚད་ནི་གསལ་བ་ཡུལ་གྱིས་མི་འཕྲོག་པའོ། །འདི་ལ་བརྩད་སྤང་གཉིས་ཏེ། སྤྲོ་བསྡུའི་ཚད་ཀྱིས་བརྩད་སྤང་དང་། རྒྱུའི་ཡི་གེ་ལ་འཕེལ་འགྲིབ་མེད་པའི་བརྩད་སྤང་ངོ་། །དང་པོ་ནི་སྤར་ཁབ་ལས། ཨའི་འཕྲོ་འདུའི་སྐབས་སུ། ནམ་མཁའ་ཁྱབ་པར་སྤྲོ་བ་དང་བསྡུ་བར་བྱ་བ་ཡིན་ནོ། །ཞེས་པ་དང་། མདོ་ལས། ཚོགས་ལམ་གྱི་སྤྲོ་བསྡུ་བློ་ཆུང་ན། དབུགས་ཡུལ། བློ་ཆེ་ན་སྣའི་དྲི་ཚོར་བ་ཚུན་ཆད་སྤྲོ་བསྡུ་བྱ་བ་གཉིས་བྱུང་བས། འགལ་ཞེ་ན། མི་འགལ་ཏེ། སྤར་ཁབ་དང་། འདི་ཉིད་ལ་སོགས་པ་ནི། མོས་སློབ་ཀྱི་དབང་ཡིན་ལ། མདོའི་དོན་ནི་དངོས་ཡུལ་གྱི་དབང་ཡིན་པའི་ཕྱིར་རོ། །བརྩད་སྤང་གཉིས་པ་ནི། བསྡུས་ཀྱང་འཕེལ་འགྲིབ་མེད་པར། མི་འཐད་དེ། བསྡུས་ན་འགྲིབ་པ་འོང་ལ། སྤྲོས་ན་འཕེལ་བའི་ཕྱིར་རོ། །ཞེ་ན་ལན་ནི། སྣང་བ་མ་འདྲེས་ཡོངས་རྫོགས་ཀྱི་གནད་ཡིན་ཏེ། སྣང་བ་མ་འདྲེས་པར་འཆར་བས། ཨ་གྲངས་མེད་སྤྲོས་ཀྱང་གཞི་མའི་ཨ་ལ་འགྲིབ་པ་མེད་པ། དཔེར་ན་ནམ་མཁའི་ཟླ་བ་གཟུགས་བརྙན་དུ་མ་ཤར་ཡང་། གཞི་མ་མི་འགྲིབ་པ་དང་འདྲ་ལ། སྣང་བ་ཡོངས་སུ་རྫོགས་ཀྱང་གཞི་མ་ཨ་ལ་འཕེལ་བ་མེད་པ། དཔེར་ན་ཕྱོགས་བཅུའི་གཟུགས་བརྙན་དུ་མ་བསྡུས་ཀྱང་། གཞི་མའི་ཟླ་བ་ལ་འཕེལ་བ་མེད་པ་ལྟ་བུ་ཡིན་གསུང་ངོ་། །ཡང་ན། དངོས་པོ་རྣམས་ཀྱི་སྤྱི་ལུགས་ཀྱི་མང་པོ་སྤྲོས་ན། གཞི་མ་ལ་འགྲིབ་པ་ལ་མང་པོ་བསྡུས་ན་གཞི་མ་འཕེལ་བ་ཡིན་པས། འདིར་ཡང་བསྡུས་ན་གཞི་མའི་ཨ་ལ་འཕེལ་བ་མེད་པ་མེད་མི་བཏུབ། སྤྲོས་ན་དེ་ལ་འགྲིབ་པ་མེད་པ་མི་བཏུབ་སྟེ། འགལ་ལོ་ཞེ་ན། འདི་ནི་དོན་རྟགས་གཉིས་སུ་མི་འགལ་ལོ། །དོན་སེམས་ཉིད་སེམས་བྱུང་གི་ཆོས་དུ་མ་སྤྲོས་ཀྱང་། སེམས་ཉིད་ལ་འགྲིབ་པ་མེད་ལ། སེམས་བྱུང་གི་ཆོས་དུ་མ་བསྡུས་ཀྱང་། སེམས་ཉིད་ལ་འཕེལ་བ་མེད་པ་ལྟར། རྟགས་ཨ་ནོར་བུ་རིན་པོ་ཆེ་ལྟ་བུ་ལས། ཨ་དུ་མ་སྤྲོས་ཀྱང་། གཞི་མའི་ཨ་ལ་འགྲིབ་པ་མེད་པ་ནི། གཟུགས་རང་རྒྱུད་པ་མེད། སེམས་ཉིད་ཨར་ཤར་བའོ། །ཨ་དུ་མ་བསྡུས་ཀྱང་འཕེལ་བ་མེད་པ་ནི། ཨ་དུ་མ་སེམས་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་རྩ་རྒྱུད་ལས། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཞེས་པ་གསུང་། ཧཱུྃ་ལ་སེམས་སྦྱང་བའོ། དྲང་། དེ་ལྟར་ཨ་དེ་ལ་སེམས་སྦྱང་བའམ་ཞི་བ་ལས་ཡང་ན་ཁྲོ་བོ་ལྟར་ན་ཐུགས་ཡེ་ཤེས་ལྔ་མཚོན་པའི་ཡི་གེ་ཧཱུྃ་མཐིང་ག་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་སྒོམ་མོ། །དེ་ཡང་གོང་དུ་ཨ་ལ་འཕྲོ་འདུ་ཅི་ལྟར་བྱེད་པ་དེ་བཞིན་དུ་ཧཱུྃ་ལ་སྤྲོ་བསྡུ་ཡང་ནས་ཡང་དུ་སྒོམ་པའོ། །གོམས་པས་ཧཱུྃ་དེ་ཉིད་གསལ་བརྟན་དུ་ལས་སུ་རུང་བར་གྱུར་ནས། དོན་ཡེ་ཤེས་ལྔར་གསལ་བ་ལས། མ་རྟོགས་པའི་ཆོས་གཞན་མེད་པའི་རྟགས་སུ། སྣང་ཞིང་སྲིད་པའི་ཕྱི་སྣོད་དང་ནང་བཅུད་ཀྱི་དངོས་པོ་ཐམས་ཅད་ཡི་གེ་ཧཱུྃ་ཡེ་ཤེས་ལྔ་ལྡན་གཅིག་ཏུ་གསལ་བར་བསྡུ། འོ་ན་རྣལ་འབྱོར་པ་རང་ཉིད་མི་སྡུད་དམ་ཞེ་ན། དེ་མ་ཡིན་ཏེ། རང་གི་ལུས་ཀྱི་ཡན་ལག་ལྔ་དང་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱང་རང་རིག་པའི་ཡེ་ཤེས་ལྔ་ཡེ་ནས་ཡིན་པའི་ཕྱིར། དེ་དག་ཀྱང་སེམས་ཉིད་རང་སྣང་གི་ཡི་གེ་ཧཱུྃ་དུ་ཤིན་ཏུ་ཡང་འདུས་པར་བསྡུ་བའོ། །ཧཱུྃ་དེ་ཉིད་གསལ་བའི་ཚད་ནི་ནྲྀཿསྟེ་མིའི་སྙིང་པོ་ཡིན་ལ། དེ་རྣལ་འབྱོར་པའི་མིག་གི་དབང་པོའི་མངོན་སུམ་དུ་ལྟར་ཡོད་པ་ལྟར་དེ་ལྟར་རྣལ་འབྱོར་པའི་མངོན་སུམ་གསལ་བར། འདྲིས་ཤིང་གོམས་ནས་བདག་དང་གཞན་གྱི་དོན་བྱ་བའི་ཕྱིར་སྤྲོས་པ་ལས། འཕགས་པ་མཆོད་ཅིང་སེམས་ཅན་གྱི་དོན་རྫོགས་ནས་སླར་གཞི་བོའི་ཧཱུྃ་ལ་བསྡུ་སྟེ། ཧཱུྃ་ཉིད་མི་དམིགས་ཆོས་ཀྱི་དབྱིངས་སུ་གསལ། དེ་ལྟར་གོམས་ཤིང་འདྲིས་པར་བྱ་བ་ཤིན་ཏུ་གཅེས་སོ། ༈ །ལྷ་བསྐྱེད་པ་ལ་གཉིས། ལྷ་སྒོམ་པའི་ཐབས་དང་། ཕྲིན་ལས་རིམ་པ་བྱ་བའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ཡང་མདོར་བསྟན་གྱི་ཕྱི་མ་ལྷར་བསྐྱེད་པ་ལ་ཚངས་པ་ཕྲུ་གུའི་ཚུལ་ཅན་ཞི་བ་དང་། སྲིན་པོ་ཕྲུ་གུའི་ཚུལ་ཅན་ཁྲོ་བོ་སྟེ། དེ་ལྟ་བུའི་ཞི་ཁྲོའི་ལྷའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་སྒོམ་པར་བྱ་བའི་ཐབས་ཞི་ཁྲོ་ཟུང་གཅིག་ཏུ་སྟོན་པར་འགྱུར་རོ། །རྟོགས་ལྡན་པས་སྐུ་རྫོགས་པར་བྱ་བའི་ཐབས་ཤེས་རབ་ཟུང་དུ་འགྱུར་བར་གསུང་སྟེ། གཞུང་ལ་བརྟག་ན་སྔ་མ་ལྟར་འཐད་པའོ། ༈ །རྒྱས་པར་བཤད་པ་ལ་གཉིས། ཞི་བ་སྒོམ་པ་དང་ཁྲོ་བོ་སྒོམ་པའོ། །སྔ་མ་ལ་གཉིས། བགྲང་། སྤྱིར་གང་མོས་སུ་སྒོམ་པ་དང་། དྲང་། དང་པོ་ཚངས་པ་ཞི་བའི་ལྷའི་ཚུལ་རྫོགས་པར་བྱ་ཞིང་སྒོམ་པའང་ཡི་དམ་གྱི་ལྷ་རིགས་ལྔ་གང་བསྒྲུབ་ཀྱང་། ས་བོན་གྱི་ཡི་གེ་ཧཱུྃ་ༀ་སྭ་ཨཾ་ཧཾ་ལྔ་པོ་སོ་སོ་ལས་བསྐྱེད་པ་སྟེ། དེ་ཡང་སྤྱིར་ནི་ཡི་དམ་གྱི་ལྷ་རིགས་ལྔ་པོ་གང་བསྒོམས་ཀྱང་རྒྱལ་བ་ལ་བཟང་ངན་དུ་གྲུབ་པ་མེད་པས་ཀུན་དང་འདྲ་ཞིང་མཉམ་པ་སྟེ། བདེར་གཤེགས་གཅིག་སྒོམ་རྒྱལ་ཀུན་གྱི་ངང་། ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཐུགས་སྒྱུ་འཕྲུལ་གྱི་སྐབས་སུ་རྡོ་རྗེ་སེམས་དཔའ་ཉིད་དུ་འདུས་ཏེ། ཐུགས་ཀྱི་རིགས་དང་རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། ༈ །སྒོམ་ཐབས་ལ་གཉིས། བློ་ཆུང་བ་རིམ་གྱིས་སྒོམ་པ་དང་། བློ་ཆེ་བ་ཅིག་ཆར་དུ་སྒོམ་པའོ། །དང་པོ་ལ་གཉིས། རྟེན་གཞལ་ཡས་ཁང་སྒོམ་པ་དང་། བརྟེན་པ་ལྷ་སྒོམ་པའོ། །དང་པོ་ལ་གཉིས། བགྲང་། ཨ་སེམས་སྦྱངས་ཤིང་གདན་སྒོམ་པ་དང་། དྲང་། དང་པོ་མི་རྟོགས་པའི་ངང་ལས་རྒྱུའི་ཡི་གེ་སྒོམ་པ་ནི། དེ་ཉིད་ཐབས་འོག་ནས་བསྟན་པ་འདི་ལྟར་རྡོ་རྗེ་སེམས་དཔའ་དེ་ཉིད་གོམས་པར་བྱ་བའམ། གཞལ་ཡས་ཁང་བསྐྱེད་ཅིང་ལྷ་སྒོམ་པའི་སྔོན་དུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅིར་ཡང་མི་དམིགས་པ་སྐྱེ་མེད་དང་། སྙིང་རྗེ་ཆེན་པོ་ཀུན་སྣང་གི་ཏིང་ངེ་འཛིན་སྒོམ་པའི་ངང་ཉིད་ལས་རང་གི་རིག་པ་ཉིད་ཨ་དཀར་པོ་གསུང་ཡིག་འབྲུ་དག་གི་ཕྱག་རྒྱ་འོད་འབར་བ་ཤིན་ཏུ་འཚེར་བར་གསལ་སྒོམ་ལ། ཕྱོགས་བཅུ་ཐམས་ཅད་ཨར་ནི་གྱུར་པར་སྒོམ་པ་རྟགས་ཡིན་ལ། དོན་སྐྱེ་མེད་རང་སྣང་དུ་ཤར་བའོ། །དེ་བཞིན་ཉིད་དུ་འདྲིས་ཤིང་གོམས་པར་བྱས་ནས་ཡི་གེ་ཨ་ལས་མ་ཡི་དཀྱིལ་འཁོར་སྤྲོ། དེ་ལྟར་སྤྲོས་པས་ཕྱོགས་བཅུ་ཐམས་ཅད་ཨ་དཀར་པོ་དང་། མ་དམར་མོ་གཉིས་ཀྱིས་གང་བར་གསལ་བར་ཏིང་ངེ་འཛིན་གྱི་བློ་ལ་འབྱོར་པར་གྱུར་ནས། བསྡུས་ཏེ་འོད་དུ་ཞུ་བ་ལས་མ་ལས་ཉི་མ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་བསྒྲིལ་མ་སྟེ་བརྩེགས་པར་སྒོམ། དེའི་འོག་ཏུ་ཧྲཱིཿདམར་པོར་གསལ་བ་འོད་དུ་ཞུ་བ་ལས་པདྨ་འདམ་སྐྱོན་གྱིས་མ་གོས་པས་ཆགས་པ་མེད་པ་ཁ་དོག་སྣ་ཚོགས་པ་གཅིག་སྒོམ། ༈ །གཞལ་ཡས་ཁང་གདན་དང་བཅས་པ་སྒོམ་པའོ། །དྲང་། དེའི་འོག་ཏུ་ཡེ་ཤེས་རིན་པོ་ཆེ་འོད་འབར་བའི་གདན་གྱི་འོད་ལས། ཞི་བའི་གཞལ་ཡས་ཁང་སྦྲ་གུར་ལྟ་བུར་སྒོམ། ཡང་ན་བྷྲ྄ཱུྃ་ལས་དོན་ཡེ་ཤེས་ལྔ་དང་ལྡན་པའི་རྟགས། རྒྱུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་ཅིང་འོད་འབར་བའི་གཞལ་ཡས་ཁང་སྒོམ་པའོ། །དེ་ལྟར་ཉི་ཟླ་པདྨ་རིན་པོ་ཆེའི་གདན་དང་། རིན་པོ་ཆེའི་གཞལ་ཡས་ཁང་དུ། རིན་པོ་ཆེའི་ཟ་ར་ཚག་ལ་སོགས་པའི་རྒྱན་ཐམས་ཅད་བསྡུས་ཤིང་ངོ་བོ་ཆ་ཕྲ་བར་རྣམ་པ་གསལ་བར་སྒོམ་མོ། ༈ །བརྟེན་པ་ལྷ་སྒོམ་པ་ལ་གཉིས། རྩ་བའི་ལྷ་ཆོ་ག་ཡན་ལག་གསུམ་གྱིས་སྒོམ་པ་དང་། ཡན་ལག་ལྷག་པའི་ལྷ་དགུའོ། །དང་པོ་ལ་གསུམ། བགྲང་། གསུང་ཡིག་འབྲུ་དང་། དྲང་། གཞལ་ཡས་ཁང་གི་ནང་ན་གདན་དེའི་དཀྱིལ་དུ་ཡི་གེ་ཧཱུྃ་གནས་པར་སྒོམ་སྟེ་ཁ་དོག་མཐིང་ཀ་འོད་ཟེར་འཚེར་ལ་རྣམ་པ་གསལ་བའམ། འོད་ཟེར་འཕྲོ་བར་རྣམ་པར་སྒོམ་ཧཱུྃ་ལས་འོད་འཕྲོས་མཆོད་དོན་བྱས་དབྱིངས་སུ་སླར་ནས་ཐུགས་ཕྱག་མཚན་དུ་གྱུར་ཏོ། །ཐུགས་ཕྱག་མཚན་དང་། དྲང་། འོད་ཟེར་ཚུར་འདུས་ནས་ཧཱུྃ་འོད་དུ་ཞུ་བ་ལས། ཐུགས་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་ནས་འབྲས་ཙམ་གཅིག་ཏུ་གྱུར་པ་ནི་ཤིན་ཏུ་རྡོ་རྗེ་ཕྲ་བ་སྒོམ་ཞེས་བརྗོད་དོ། །རྡོ་རྗེ་དེ་ལས་འོད་འཕྲོ་ཞིང་ཁ་དོག་གསལ་ཞིང་འོད་འབར་མཆོད། དོན་བྱས་ནས་སླར་བསྡུས་ནས་ཆོས་ཀྱི་དབྱིངས་སུ་ཡང་ནི་བསྟིམ་པར་བྱ་སྟེ་རྡོ་རྗེ་འོད་དུ་ཞུ་བའོ། ༈ །སྐུ་ཕྱག་རྒྱ་ལ་གཉིས། བགྲང་། སྐུ་ཕྲ་བ་དང་། དྲང་། སྙིང་པོ་བརྗོད་པ་ཙམ་གྱི་རྡོ་རྗེ་དེ་ཉིད་རྡོ་རྗེ་སེམས་པའི་སྐུར་གྱུར་ནས། སྐུ་ཚོན་གང་བ་ཤིན་ཏུ་ཕྲ་ཞིང་རྒྱན་དང་ཆ་ལུགས་འདུས་པར་སྒོམ་མོ། །ཡོངས་རྫོགས་དེ་ལ་གཉིས། བགྲང་། ཞལ་གཅིག་ཕྱག་གཉིས་པ་དང་། དྲང་། གོང་གི་སྤྲོ་བསྡུ་དེ་བཞིན་ཉིད་ལྷའི་སྐུ་གསུང་ཐུགས་དང་། བདག་གི་སྒོ་གསུམ་གཉིས་སུ་མེད་པར་གསལ་བར་གྱུར་ནས་སྐུ་རགས་པ་ལུས་ཙམ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་གཡོན་ དྲིལ་བུ ་འོད་འབར་བ་བསྣམ་ཚུལ་དགུ་དང་ལྡན་པར་སྒོམ་མོ། ༈ །ཞལ་གསུམ་ཕྱག་དྲུག་སྒོམ་པའོ། །དྲང་། གོང་གི་ཞལ་གཅིག་ཕྱག་གཉིས་པ་དེ་བཞིན་དུ་གོམས་ནས་འདྲིས་ཤིང་བརྟན་པར་གྱུར་པ་དང་། རྣམ་ཐར་གསུམ་དང་ལྡན་པའི་རྟགས་སུ་དབུ་གསུམ། ཡེ་ཤེས་དྲུག་དང་ལྡན་པའི་རྟགས་སུ་ཕྱག་དྲུག་པ་ཉིད་དུ་སྒོམ་སྟེ། དེ་ཡང་གཡས་དང་པོ་རྡོ་རྗེ། བར་མ་འཁོར་ལོ། ཐ་མ་རལ་གྲི་འོད་འབར་བ། གཡོན་བར་མ་རིན་པོ་ཆེ། ཐ་མ་པདྨ། གཡོན་དང་པོ་ དྲིལ་བུ ་འོད་འབར་བའོ། ༈ །ཡན་ལག་ལྷག་པའི་ལྷ་དགུའོ། །དྲང་། ཡན་ལག་གི་ལྷ་ཕྲ་བའི་གཞལ་ཡས་ཏེ་ཉི་ཟླ་པདྨའི་གདན་དང་ལྡན་པར་སྒོམ་སྟེ་གནས་གཅིག་སྟེ་སྙིང་ཁར་ཐུགས་ཡེ་ཤེས་སེམས་དཔའ་ཕྱག་མཚན་མེད་པ་ཚོན་གང་བ་ཙམ་གཅིག་སྒོམ་མོ། །སྤྱི་བོར་སྐུའི་ལྷ་དཀར་པོ། མགྲིན་པ་གསུང་གི་ལྷ་དམར་པོ། ཙིཏྟ་ཐུགས་ཀྱི་ལྷ་མཐིང་ཀ །གནས་གསུམ་དུ་གོང་དུ་བཤད་པ་ལྟར། ཐ་མལ་གྱི་ལུས་ངག་ཡིད་གསུམ་དེ་དང་དེའི་སྐུ་གསུང་ཐུགས་སུ་བྱིན་རླབས་རྡོ་རྗེ་གསུམ་སྒོམ་བྱ། དབུའི་གནས་རྣམས་སུ་རིན་པོ་ཆེའི་ཁང་བུ་ལྔར་ཡི་གེ་ལྔ་ཡེ་ཤེས་ལྔས་དབང་ཡོངས་སུ་རྫོགས་པས་དབུ་རིགས་ལྔས་བརྒྱན་པའོ། ༈ །ཅིག་ཆར་བའི་སྒོམ་པ་ལ་གཉིས། བགྲང་། ཅིག་ཆར་དུ་སྒོམ་པ་ལ་གཉིས། བགྲང་། ཅིག་ཆར་དུ་སྒོམ་པ་དང་། དྲང་། རྣལ་འབྱོར་བློའི་ཤེས་རབ་ཆེ་ཆུང་གི་རིམ་གྱིས་པ་ལ་དགར་བས་ཡང་ན་ལྷ་ཅིག་ཆར་དུ་ཕྱག་རྒྱ་ཆེན་པོའི་སྐུར་སྒོམ་པ་སྟེ། སྙིང་རྗེ་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་བ་ཅི་བཞིན་དུ་རྣལ་འབྱོར་པ་བདག་ཉིད་ཕྱག་རྒྱ་ཆེན་པོ་སྒོམ་སྟེ། དེ་ཡང་ཞལ་གསུམ་ཕྱག་དྲུག་ཕྱག་མཚན་གོང་དང་མཐུན་པར་དུས་རྟག་དུ་སྒོམ་མོ། ༈ །གཞལ་ཡས་ཁང་ལྷག་པའི་ལྷ་སྔ་མ་དང་མཐུན་པར་རོ། །དྲང་། གཞལ་ཡས་གདན་སོགས་སྔ་མ་བཞིན་ཡིན་ཏེ་འདིར་ཅིག་ཆར་དུ་སྒོམ། ཡན་ལག་ལྷག་པའི་ལྷ་དགུའང་དེ་བཞིན་ཡིན་ལ་འདི་ཅིག་ཆར་སྒོམ་པ་ཡིན་ནོ། །ལྷ་སྒོམ་ཚུལ་དེ་ལ་ཤིན་ཏུ་འདྲེས་ཤིང་གོམས་པར་བྱའོ། ༈ །ཁྲོ་བོ་སྒོམ་པ་ལ་གཉིས། བགྲང་། སྒོམ་ཐབས་རིམ་དང་ཅིག་ཆར་སྤྱིར་ཞི་བ་དང་མཐུན་པར་སྒོམ་པ་དང་། དྲང་། རཀྴ་ཁྲོ་བོའི་ཆ་ལུགས་འཛིན་པའང་། བློ་ཆུང་བ་རིམ་གྱིས་སྒོམ་པ་དང་། བློ་ཆེ་བ་ཅིག་ཆར་དུ་སྒོམ་པ་སྔོན་ཞི་བ་བཞིན་དུ་སྒོམ་པ་ཡིན་ཏེ། ཁྱད་པར་དུ་ཞི་བ་ལས་ཁྲོ་བོར་བསྒྱུར་ཏེ་སྒོམ་པའོ། །དྲང་། སྐུ་གསུང་ཐུགས་ཀྱི་རྡོ་རྗེ། ཆོ་ག་གསུམ་གྱི་སྒོ་ནས་བསྐྱེད་པ་དང་། དེ་རྣམས་རིགས་ཀྱི་ཁ་དོག་དང་། གཞལ་ཡས་གདན་ལ་སོགས་ཞི་བ་ལས་ཁྲོ་བོར་བསྒྱུར་ཏེ་སྒོམ། དེ་ཡང་ཐུགས་ཀྱི་རིག་ལ་བཛྲ་ཧེ་རུ་ཀ་སྒོམ་པ་ཡིན། དེ་ལས་གཞན་རིགས་བཞི་ལ་མོས་པས། རྒྱུ་མ་ནོར་བ་རྩ་བའི་ཡི་གེ་ཧཱུྃ། དཀར་སེར་དམར་ལྗང་གི་ཡི་གེ་འབྲུ་བཞི་སྦྱང་སྟེ་རིགས་བཞི་སྒོམ་པ་དང་། གདན་དང་གནས་དང་ཡེ་ཤེས་སེམས་དཔའ་དང་། རྡོ་རྗེ་རྣམ་གསུམ་རང་རིག་ཏུ་བསྒྱུར། རྩ་བའི་སྐུ་དང་ཡན་ལག་གི་ལྷ་བསྐྱེད་པ་བསྒྱུར་བ་གོང་གི་དེ་བཞིན་ནོ། །ཕྲིན་ལས་ཀྱི་རིམ་པ་ལ་གསུམ། བགྲང་། ཕྲིན་ལས་ཀྱི་རིམ་པ་བྱ་བ་དང་། དྲང་། དེ་ལྟར་ཞི་ཁྲོ་གཉིས་ཀ་བློ་ཆུང་བ་རིམ་གྱིས་པ་ལ་བརྟན་པ་ཐོབ་པའམ། བློ་ཆེ་བ་ཅིག་ཆར་བ་སྒོམ་པའི་དུས་སུ་གང་ལྟར་བསྐྱེད་ཀྱང་རུང་སྟེ། ཕྲིན་ལས་ཀྱི་རིམ་པ་ནི། དེ་ལ་དང་པོ་ཡན་ལག་བརྒྱད་པ་བྱས་པའི་མཐར་མཚམས་བཅད། བཤགས་པ་བྱ། དམ་བཅའ། བྱིན་ཕབ་ཧཱུྃ་ཞེས་འོད་དང་གཟི་བྱིན་རང་ལ་ཐིམ་པ་ལས་ཡི་དམ་གྱི་ལྷར་བསྐྱེད་ལ་ཕྱི་ནང་གི་མཆོད་པ་རྣམས་གཞུང་བཞིན་དུ་བྱིན་གྱིས་རླབས་ནས། སྟོང་པ་དང་སྒྱུ་མའི་ཏིང་ངེ་འཛིན་ཅུང་ཟད་ཙམ་སྔོན་དུ་སོང་བས་རང་རང་གང་སྒོམ་གྱི་ལྷའི་སྐུར་རིམ་ཅིག་ཆར་གྱིས་སྒོམ་སྟེ། ཡན་ལག་ལྷག་པའི་ལྷ་དགུ་དང་ལྡན་པར་བསྐྱེད་པ་ཡན་ཆད་རྫོགས་ནས། སྙན་གསན་དབབ། སྤྱན་དྲངས། བརྟན་པར་བཞུགས་སུ་གསོལ་ནས་དེ་ལ་ཕྱི་ནང་གསང་བའི་མཆོད་པ་འབུལ་བསྟོད་པ་དང་བཅས་པ་རྒྱས་པར་བྱ་བའོ། ༈ །བཟླས་པ་བྱ་བ་དང་། དྲང་། དེ་ནས་གང་སྒོམ་གྱི་ལྷ་དང་སྔགས་ཀྱི་ཡན་ལག་མ་ཉམས་པར་ཞི་ཁྲོའི་རིགས་གང་ཡིན་གྱི་སྔགས་བཟླས་པའང་། ཞེས་པ། དེ་ལ་སྤྱིར་ཡན་ལག་མ་ཉམས་པ་ལ་བཞི་སྟེ། དང་པོ་ལམ་གྱི་ཡན་ལག་མ་ཉམས་པ་ནི། ལྟ་བ་རྟོགས་པ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། སྒྱུ་མ་གོམས་ནས་སྒོམ་པའོ། །གཉིས་པ་བསམ་པའི་ཡན་ལག་མ་ཉམས་པ་ནི། སེམས་ཉོན་མོངས་དང་གཡེང་བའི་དབང་དུ་མི་འགྲོ་ཞིང་། པ་ཏི་དང་མི་འབྲལ་བའོ། །གསུམ་པ་ལྷའི་ཡན་ལག་མ་ཉམས་པ་ནི། བཟླས་པའི་རྟེན་ཕྱག་རྒྱ་བཞི་མ་ཉམས་པ་སྟེ། རྩ་བའི་ལྷ་དང་ཡན་ལག་གི་ལྷ་གསལ་བའོ། །བཞི་པ་སྔགས་ཀྱི་ཡན་ལག་མ་ཉམས་པ་ནི། འོག་ནས་སྟོན་པ་ལྟར་སྒྲ་ལ་སྐྱོན་མེད་པའོ། །སྐྱོན་བཅུ་སྤང་སྟེ། ཞེས་པ་འདི་ལ། སྤྱིར་དགེ་བཅུ་ལ་བར་དུ་གཅོད་པའི་སྐྱོན་བཅུ་དང་། བྱེ་བྲག་ཏུ་སྔགས་ལ་བསམ་དཔྱོད་ཀྱི་བར་དུ་གཅོད་པའི་སྐྱོན་བཅུ་དང་། སྔགས་ཟློས་པའི་སྒྲ་དང་། བར་ཆད་ཀྱི་སྐྱོན་བཅུ་སྤངས་པའོ། །དང་པོ་ནི། མི་དགེ་བཅུ་ཞེས་གསུང་པ་ནི། མ་བྱིན་ལེན་དང་སྲོག་གཅོད་གཡོ། །ཚིག་གི་ངག་འཁྱལ་ཕྲ་མ་རྫུན། །བརྣབ་སེམས་གནོད་སེམས་ལོག་པར་ལྟ། །དགེ་བཅུ་བར་དུ་གཅོད་པ་སྟེ། །ཡང་དག་དོན་གྱི་དགྲ་ཞེས་བཤད། །ཅེས་པས། སྤྱིར་དགེ་བ་ཙམ་ལ་བར་གཅོད་བྱེད་ལ། ཕྱག་རྒྱ་གཅིག་པ་སྒོམ་པའི་སྐབས་འདིར་ཡང་བྱེད་ལ། ཁྱད་པ་དུ་ངག་གི་བཞི་པོ་སྔགས་ལ་གནོད་པས་སྤངས་ངོ་། །གཉིས་པ་བསམ་སྤྱོད་ཀྱི་བར་དུ་གཅོད་པའི་སྐྱོན་བཅུ་ནི་ཉོན་མོངས་པ་ལྔ་བསམ་པའི་སྐྱོན་དང་། བརྩོན་འགྲུས་ཆུང་བ་སྤྱོད་པའི་སྐྱོན་དང་དྲུག །འདོད་ཆགས་ཆེ་བ་རེ་དོག་གི་སྐྱོན་དང་བདུན། ཏིང་ངེ་འཛིན་དང་བྲལ་བ་གཡེང་བའི་སྐྱོན་དང་བརྒྱད། ཡིད་ཆེས་མེད་པ་ཐེ་ཚོམ་གྱི་སྐྱོན་དང་དགུ། དོན་དང་མི་ལྡན་པ་རང་རྒྱུད་པའི་སྐྱོན་དང་བཅུའོ། །དེ་ཡང་ནག་པོ་དྲུག་ཅུ་པ་ལས། སྔགས་ཀྱི་བསྙེན་པ་བྱེད་དུས་སུ། །མེ་དང་འདྲ་བའི་ཞེ་སྡང་གིས། །སྔགས་ཀྱི་འབྲས་བུ་བསྲེགས་པར་བྱེད། །ཀུན་ནས་འཁྲིག་པའི་ཆགས་པ་ཡིས། །ཡོན་ཏན་རྒྱུད་རྣམས་འཆིང་བར་བྱེད། །མུན་པ་ལྟ་བུའི་གཏི་མུག་གིས། །དངོས་གྲུབ་སྟེར་བ་རྙེད་མི་འགྱུར། །སྒང་བུ་ལྟ་བུའི་ང་རྒྱལ་གྱིས། །དངོས་གྲུབ་ཆུ་འདྲ་རྩེ་ནས་སྙིལ། །སྔགས་ཀྱི་ཡོན་ཏན་སྤྲིན་འདྲ་ལ། །ཕྲག་དོག་རླུང་གིས་འཐོར་བར་བྱེད། །དངོས་གྲུབ་ཆུ་བོའི་རྒྱུན་བསྡུས་ལ། །བརྩོན་འགྲུས་རྡོ་རྗེ་བྲག་མེད་ན། །ལེ་ལོ་རྦ་བརླབ་ཆེན་པོ་འཁྲུགས། །འདི་ལྟར་སི་ཏི་ཀུན་ལྡན་ལ། །སྔགས་ཀྱི་དངོས་གྲུབ་འདོད་པས་སྤང་། །བཟླས་བརྗོད་མེ་ཡི་རྒྱུན་འདྲ་ལ། །སྡིག་པ་ཆུ་དང་འདྲ་བས་གསོད། །ཅེས་པས་བཅུ་པོ་དེ་སྤངས་པའོ། །གསུམ་པ་སྔགས་བཟླ་བ་སྒྲའི་སྐྱོན་བཅུ་ནི། སྒྲ་ཆེ་བར་མ་ཡིན། ཆུང་བར་མ་ཡིན། མགྱོག་པར་མ་ཡིན། བུལ་བར་མ་ཡིན། ཞན་པར་མ་ཡིན། དྲག་པར་མ་ཡིན། ཡིག་འབྲུ་མ་ཉམས་པ། མི་ཚིག་གིས་བར་མ་ཆོད་པ་ཉོན་མོངས་པ་དང་མ་འདྲེས་པ། སེམས་གཞན་དུ་མ་ཡེངས་པ་དང་བཅུ་སྟེ། རྔམ་ཀློག་གི་ལེའུ་བཅུ་པ་ལས། སྒྲ་ཆེ་མ་ཡིན་ཆུང་བར་མིན། །མགྱོག་པར་མ་ཡིན་བུལ་བར་མིན། །དྲག་པར་མ་ཡིན་དལ་བ་མིན། །ཡིག་འབྲུའི་ཡན་ལག་ཉམས་མ་ཡིན། །ཡིག་མེད་ཕྱལ་དང་བར་ཆད་མིན། །རྒྱུ་བའི་སེམས་པ་སྤང་བར་བྱ། །ཞེས་སོ། །རྣམ་གསུམ་གྱིས་ཞེས་པ་འདི་ལ། ཕྱི་ནང་གསང་གསུམ་སྟེ། འོག་ཚོགས་བསྒྲུབ་ནས་སྟོན། བཟླས་པ་གྲངས་དམ་བཅའ་བཞིན་རྫོགས་པར་བྱ། ཏིང་ངེ་འཛིན་སྤྲོ་བསྡུ་བདག་དང་། གཞན་གྱི་དོན་རྫོགས་པར་བྱའོ། །ཕྱི་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ལ་བསྐོར་བ་དང་། ནང་རླུང་འབྱུང་རྔུབ་ཏུ་བསྐོར་བ་དང་། གསང་བ་ཞལ་ནས་ཞལ། མཁའ་ནས་མཁའ་རུ་བསྐོར་བ་གང་མོས་སུ་ཡི་དམ་ལྷའི་བཟླས་པ་དུས་གྲངས། མཚན་མ་རྣམས་ཚད་དུ་ཕྱིན་པར་བསྐྱལ་བར་བྱའོ། །ཡང་ན། ཕྱིའི་བཟླས་པ་ནི། བསྙེན་པའི་དུས་སུ། དམ་ཚིག་སེམས་དཔའ་དང་། ཡེ་ཤེས་སེམས་དཔའ་གཉིས་ཐ་དད་དུ་གསལ་བར་བྱས་ནས་བཟླས་པ་བྱེད་པའོ། །ནང་གི་བཟླས་པ་ནི། བསྒྲུབ་པའི་དུས་སུ་དེ་གཉིས་ཐ་མི་དད་པར་གསལ་བར་བཟླས་པ་བྱེད་པའོ། །གསང་བའི་བཟླས་པ་ནི། བསྒྲུབ་པ་ཆེན་པོའི་དུས་སུ། བདག་དམ་ཚིག་པའི་ཐུགས་ཀ་ནས། ཡིག་འབྲུ་བྱང་སེམས་འོད་ཟེར་དང་བཅས་པ་འཕྲོས་ཏེ། ཡེ་ཤེས་སེམས་དཔའི་ཞལ་དུ་ཐིམ་ཞིང་ཀླད་པའི་རྒྱས་སུ་བྱུང་སྟེ། ཨ་བ་དྷུ་ཏི་ན་མར་ཞུགས་ཏེ། གསང་བའི་རྡོ་རྗེ་ནས་བདག་གི་རྡོ་རྗེར་ཐིམ། ཨ་བ་དྷུ་ཏི་ན་ཡར་ཞུགས་ཏེ། བདག་གི་མཁའ་ནས་ཡེ་ཤེས་ཀྱི་ཞལ་དུ་ཐིམ་མཁའ་ནས་མཁའ་རུ་ཐིམ་ཞིང་བཟླས་པ་བྱེད་པའོ། །ཡང་ན། ཕྱིའི་བཟླས་པ་ནི། བདག་དམ་ཚིག་སེམས་དཔའི་དལ་དུ་གསལ། ལྷ་ཡེ་ཤེས་སེམས་དཔའ་དལ་དུ་གསལ། དེ་གཉིས་ཀྱི་བར་གྱི་འཕྲོ་འདུ་གསལ་བས་བཟླས་པའི་འོད་ཟེར་ཕར་འཕྲོས་པས། སྒྲིབ་པ་སྦྱོངས་ཤིག་པར་བསྐུལ། ཚུར་འདུས་པས་བདག་གི་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་པར་བསམ་ཞིང་བཟླས་པའོ། །ནང་གི་བཟླས་པ་ནི། ཕར་འཕྲོས་པས་དེ་བའི་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། བདག་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྩོལ་གཅིག་པར་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་འདུས་པས་ཡེ་ཤེས་ཅན་གྱི་དངོས་གྲུབ་དེ་བདག་དམ་ཚིག་སེམས་དཔའི་ཐོབ་པར་བསམ་ཞིང་བཟླས་པ་བྱའོ། །གསང་བའི་བཟླས་པ་ནི། བཟླས་པའི་འོད་ཟེར་ཕར་མི་འཕྲོ་བར། མཚོ་ལ་སེར་ཆེན་བབ་པ་བཞིན་དུ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཚུར་ལ་སིབ་སིབ་འདུས་པར་བསམ་ཞིང་བཟླས་པ་བྱའོ། །ཡང་ན། ཞལ་ནས་ཞལ་དུ་འཕྲོ་འདུ་བྱེད་པ་ནི་ཕྱི། ཐུགས་ནས་ཐུགས་ནི་ནང་། མཁའ་ནས་མཁའ་རུ་འཕྲོ་འདུ་བྱེད་པ་ནི་གསང་བའོ། །ཡང་ན། ཕྱིའི་བཟླས་པ་ནི། བདག་དང་ལྷ་གཉིས་ཀའི་བ་སྤུའི་བུ་ག་ནས། གསུང་ཡིག་འབྲུའི་འཕྲོ་འདུ་བྱེད་ཅིང་གདུལ་བྱའི་བཟླས་པ་བྱེད་པའོ། །ནང་ནི་གདོད་མ་ནི། ཐུགས་ཀ་ནས་ཐུགས་ཕྱག་མཚན་གྱི་འཕྲོ་འདུ་བྱས་ནས་དངོས་གྲུབ་ཐོབ་པར་བསམ་ཞིང་བཟླས་པ་བྱས་པའོ། །གསང་བའི་བཟླས་པ་ནི། མཁའ་ཞལ་གྱི་འདུ་འཕྲོ་དང་སྐུ་ཕྲ་མོའི་འཕྲོ་འདུ་བྱས་པས། དངོས་གྲུབ་དབང་དུ་འདུས་པ་གཉིས་སུ་མེད་པའི་བཟླས་པའོ། །དེ་ཡང་འདི་སྐད་དུ། དང་པོ་གསུང་དང་བར་ཐུགས་དང་། །ཐ་མ་ཕྲ་མོའི་སྐུ་འཕྲོ་འདུ། །ཡང་ན་རྡོ་རྗེའི་བཟླས་པའམ། །ཡང་ན་མཁའ་ཞལ་འདུ་འཕྲོ་བྱས། །ཞེས་པས་མངོན་ནོ། །བཟླས་པ་ཚད་དུ་ཕྱིན་པར་བྱ། །ཞེས་པ། བཟླས་བརྗོད་གྲངས་ཀྱི་དང་། ཞག་ཚིག་དུས་ཀྱི་དང་། མཚན་མ་རྟགས་ཀྱི་བསྙེན་པ་རྟགས་མ་བྱུང་གི་བར་དུ་བྱའོ། །ཡང་བྱེ་བྲག་ཏུ་ལམ་ལྔ་པོ་ཀུན་ཡང་། རང་རང་གི་བཟླས་པ་ཚད་དུ་ཕྱིན་པར་བྱེད་དེ། ཚོགས་ལམ་སྒྱུ་སྟོང་གཉིས་མོས་སློབ་ཀྱི་བཟླས་པ་བྱེད་པས་རྟོག་པ་རགས་པའོ། །གཅིག་སྤྲོས་གཉིས་རྟོག་པ་བསྲབ་པའི་བཟླས་པ་བྱེད་དེ། སྦྱོར་ལམ་ཚོམ་བུ་ཚོགས་བསྒྲུབ་སྒྱུ་མ་ལྟ་བུའི་བཟླས་པ་བྱེད་པས་རྒྱུན་མ་ཆད་པར་བཟླའོ། །མཐོང་ལམ་ཆོས་ཉིད་ཡང་དག་པའི་བཟླས་པ། སྒོམ་ལམ་མི་གཡོ་བ་ཏིང་འཛིན་གྱི་བཟླས་པ། མཐར་ལམ་རྩོལ་བྲལ་མངོན་གྱུར་གྱི་བཟླས་པའོ། །དེ་ཡང་། འདི་སྐད་དུ། དང་པོ་རྟོགས་པའི་བཟླས་པ་དང་། །གཉིས་པ་རྗེས་མཐུན་བསྲབ་པ་དང་། །གསུམ་པ་སྒྱུ་མའི་བཟླས་པ་དང་། །བཞི་པ་གཉིས་མེད་བཟླས་པ་དང་། །ལྔ་པ་རྒྱུན་གྱི་བཟླས་པ་དང་། །དྲུག་པ་དག་པའི་བཟླས་པ་དང་། །བདུན་པ་མི་གཡོའི་བཟླས་པ་དང་། །བརྒྱད་པ་དགུ་པ་བཅུ་པ་ནི། །རྩོལ་བྲལ་མི་གཡོའི་བཟླས་པ་སྟེ། །ཚད་དང་མཐུན་དང་ངོ་བོས་དབྱེ། །ཞེས་པས། ལམ་ལྔ་ས་བཅུ་ངོ་བོས་བཟླས་པའི་ཚད་སོ་སོར་བྱའོ། །སྤྱིར་བཟླས་པ་ཀུན་ལའང་འདི་བཞིན་དུ་ཤེས་པར་བྱའོ། །ཐུན་མཚམས་ཀྱི་ཏིང་ངེ་འཛིན་ནོ། །དྲང་། དེ་ལྟར་ལྷའི་བཟླས་སྒོམ་གྱི་ཁམས་དུབ་པར་གྱུར་ན་ཉལ་བའི་རྣལ་འབྱོར་ནི། སྙིང་ཀར་དྭངས་མ་ལྔ་འདུས་ཀྱི་དབུས་སུ་ཡེ་ཤེས་སྙིང་པོའི་ཐིག་ལེ་དོན་དམ་སྤྲོས་པ་དང་བྲལ་བ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དེ་ལ་བལྟ་ཞིང་མཚན་མོ་ཡང་དེའི་ངང་ལ་ཉལ་བས་ཁམས་དུབ་སངས། ནང་པར་ལང་པ་དང་། ཡེ་ཤེས་ཀྱི་ཐིག་ལེ་དེ་ཉིད་ལ་གསུང་ཡིག་འབྲུའི་ཆོ་ག་ཧཱུྃ་ༀ་སྭཱ་ཨཾ་ཧ་ལ་སོགས་ཞི་ཁྲོ་གང་ཡིན་གྱི་ཆོ་ག་གསུམ་གྱིས་བསྒྱུར་ཏེ་སྐུ་ཕྱག་རྒྱ་གཅིག་པ་ཡོངས་སུ་རྫོགས་པ་ལ། ལས་རིམ་མཆོད་བསྟོད་བཟླས་པ་ལ་སོགས་པ་སྔོན་གང་དུ་བསྟན་པ་བཞིན་སྒོམ་བཟླས་ལ་སྒོ་གསུམ་རབ་ཏུ་བརྩོན་པས་ལྷའི་རྣལ་འབྱོར་ལ་གོམས་ཤིས་འདྲིས་པར་བྱའོ། ༈ །བཞི་པ་ངོ་བོ་ལ་གསུམ། བགྲང་། ལྷ་དམིགས་མེད་རང་སྣང་དུ་གསལ་བ་ཏིང་ངེ་འཛིན་གྱི་ངོ་བོ་དང་། དྲང་། རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་དལ་སྒོམ་པ་ཡང་རང་གི་སེམས་ཀྱི་ཆོ་འཕྲུལ་རིག་པ་རང་སྣང་ཡིན་པའི་ཕྱིར། ལྷ་ལ་ཡུལ་དུ་དམིགས་ནས་སྒོམ་དུ་མེད་དེ་རང་གི་རིག་པ་ཉིད་ཡིན་ནོ། །ཕྱག་རྒྱ་བཞི་རྫོགས་པའི་རྒྱལ་བའི་སྐུ་དེ་རིག་པ་རང་སྣང་བའོ། ༈ །སྒོམ་བྱ་དོན་གྱི་ངོ་བོ་དཔེ་དང་བཅས་པ་དང་། དྲང་། ཐུན་མོང་གི་རྒྱལ་བའི་ཡང་རྒྱལ་བ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་སྐུ་རུ་གསལ་བ་ནི། དུས་དང་གནས་སྐབས་ཀུན་ཏུ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཡིན་ཏེ། ཡོན་ཏན་ཐམས་ཅད་ལྷུན་རྫོགས་སུ་ཡོད་པས་འདི་ལ་ཕན་གདགས། འདི་ལ་མི་གདགས་ཀྱི་རྟོག་པ་མེད་པར་གདུལ་བྱའི་རེ་བ་བསྐངས་བའོ། །དེ་ལྟར་ཡོན་ཏན་ཟད་པ་དང་འཕེལ་བ་མེད་དགོངས་པ་ལ་འགྲོ་འོང་མེད་ཐུགས་རྗེ་ལ་ཉེ་རིང་མེད་པའོ། ༈ །ངེས་ཚིག་གོ། །དྲང་། ལྷའི་སྐུ་ཕྱག་རྒྱ་གཅིག་པ་སྒོམ་པའི་ཚེ་རེས་འགའ་གསལ་བར་ཡོད། རེས་མེད། རེས་སྐྱོན་ལས་གྲོལ་རེས་མ་གྲོལ་ཞེས་བྱ་བ་གཏན་ནས་མེད་དེ། དེ་གཏན་ཚིག་ཅིའི་ཕྱིར་ན། ཅི་སྣང་རིག་པ་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར། དགོངས་པ་ལ་ཕྱོགས་རིས་མེད་ཅིང་སྤྱོད་པ་ལ་བླང་དོར་མེད་དོ། །ལྷའི་སྐུ་སྒོམ་པ་ལ་བྱིང་བ་དང་རྒོད་པའི་དབང་དུ་མ་སོང་བར་སྙོམས་ཙམ་སྟེ། དགོངས་པ་ཏིང་ངེ་འཛིན་གྱི་ངང་ལ་མཉམ་པར་བཞག་པ་སྟེ། སྒྲ་དོན་ནམ་ངེས་ཚིག་གོ། ༈ །ལྔ་པ་མི་མཐུན་པའི་སྐྱོན་ལ་གཉིས། བགྲང་། ཐུན་མོང་གི་སྐྱོན་ཕྲ་བ་དང་། དྲང་། ཏིང་ངེ་འཛིན་ངོ་བོ་དང་མི་མཐུན་པའི་སྐྱོན་རྣམས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་གནས་པ་འདི་ཡི་ཚེ་སྐྱོན་རྣམས་དམིགས་ངོས་བཟུང་བ་ནི། དང་པོ་ཡི་གེ་ལ་སེམས་སྦྱངས་པ་ནས་བཟུང་སྟེ་སྐུ་ཡོངས་སུ་རྫོགས་པར་སྒོམ་པའི་བར་དུ་དམིས་པ་བརྗེད་དང་། བྱིང་རྒོད་ལ་སོགས་པ་ཐུན་མོང་གི་སྐྱོན་རྣམས་ཀུན་ཏུ་འབྱུང་ཡང་འདིར་རགས་པ་མི་འབྱུང་སྟེ་ཕྲ་བ་ཙམ་འབྱུང་ངོ་། །ཐ་མ་ཕྲ་བ་སྟེ་ཕྱག་རྒྱ་གཅིག་པའི་འདི་ལ་སོ་འཐས་ཤེས་བཞིན་གྱི་བྱ་ར་བས་བཅད་པས་ཆིག་གོ། ༈ །བྱེ་བྲག་གི་སྐྱོན་དངོས་བཟུང་བའོ། །དྲང་། ཕྱག་རྒྱ་གཅིག་པ་འདི་ཉིད་ཀྱི་ཁྱད་པར་གྱི་སྐྱོན་ནི། གཡོ་ཐོབ་ཀྱི་སྐབས་སུ་ལྷའི་སྐུ་སྨིག་རྒྱུ་ལྟར་རབ་རིབ་ལས་མི་སྣང་བ་དང་། གོམས་བརྟན་གྱི་སྐབས་སུ་ལྷ་སྣང་ཡང་དུ་བའི་གསེབ་ཀྱི་རྫས་ལྟར་མོག་མོག་ཏུ་བདུག་པ་དང་། གསལ་ཤིང་འགྲིབ་ནས་འགྲོ་བ་གྲིབ་མ་ལྟ་བུའི་ནག་ནོག་གྱི་ཆོད་པའོ། །འགྱུར་བའི་སྐྱོན་བརྒྱད་ནི། ལྷའི་ཚད་རྣལ་འབྱོར་པ་གང་གི་ལུས་ཚད་ཙམ་དུ་དམིགས་ནས་སྒོམ་པ་ལ་ཆེ་ཆུང་གི་ཚད་དུ་འགྱུར་བ་དང་། གཅིག་ཞི་ཁྲོའི་ཚུལ་དགུའམ། གར་དགུའམ་བཞེངས་པ་དང་བཞུགས་པའི་ཚུལ་འགྱུར་བ་དང་གཉིས། གྲངས། མང་ཉུང་འགྱུར་དང་གསུམ། ཞི་ཁྲོའི་ཆ་ལུགས་དུར་ཁྲོད་དང་། རིན་པོ་ཆེའི་རྒྱན་འགྱུར་བ་དང་བཞི། སྐུ་མདོག་དཀར་སེར་ལ་སོགས་འགྱུར་བ་དང་ལྔ། ཞི་བ་ཁྲོ་བོའི་དབྱིབས་འགྱུར་བ་དང་དྲུག །ཁ་དོག་སྟེ་སྐུ་གསུང་ཐུགས་འབའ་ཞིག་ལས་མི་སྣང་སྟེ། སྐུའི་དབྱིབས་མེད་པ་དང་བདུན། དབུའི་གཙུག་ཏོར་སྒོམ་ན་ཞབས་ཀྱི་གདན་ཁྲི་མེད་པ་རིམ་པར་ནུབ་ནས་མི་སྣང་བའམ། དབུའི་གཙུག་ཏོར་ནས་རིམ་པར་ནུབ་ཅིང་འཇམ་མི་གསལ་བར་འགྲོ་བ་དང་བརྒྱད་འབྱུང་ངོ་། ༈ །དྲུག་པ་བཅོས་ཐབས་ལ་གསུམ། བགྲང་། ཐུན་མོང་གི་སྐྱོན་བཅོས་ཐབས་དང་། དྲང་། དེ་ལྟར་འགྱུར་བའི་སྐྱོན་རྣམས་ཚོར་བྱ་སྟེ། ཐུན་མོང་གི་སྐྱོན་དབང་དུ་གྱུར་པ་རྣམས། ཤེས་བཞིན་གྱི་བྱ་ར་བས་བཅོས་མཚན་མའི་འདུ་བྱེད་རྣམ་རྟོག་གི་རླུང་གིས་སྤྱོད་པར་མི་བྱའོ། ༈ །ཁྱད་པར་གྱི་སྐྱོན་བཅོས་ཐབས་དང་། དྲང་། འདི་ཉིད་ཀྱི་ཁྱད་པར་གྱི་སྐྱོན་གོང་དུ་བསྟན་པ། དེ་ལྟར་སྐྱོན་ཟིན་པའི་རྣལ་འབྱོར་པས་སྐྱོན་དེ་དག་ཀུན་བཅོས་པའི་ཐབས་ནི། འདི་ཉིད་ཀྱི་ཁྱད་པར་མི་གསལ་བའི་སྐྱོན་གསུམ་ལ་ལམ་སྔ་མ་གཉིས་མ་བརྟན་པའི་སྐྱོན་ཡིན་པས་ཀུན་སྣང་སྙིང་རྗེ་སྒྱུ་མ་དང་། དེ་ཏིང་སྟོང་ཆེན་གྱི་ངང་ལ་ཡུན་རིང་དུ་འདུག་ལ། དེ་གོམས་པའི་རྗེས་ལ་ཕྱག་རྒྱ་གཅིག་པ་ལྷའི་ཏིང་ངེ་འཛིན་རང་ཤུགས་ཀྱིས་ཐོབ་པ་དེ་ཧ་ཅང་ཡུན་མི་རིང་བར་བྱ་སྟེ། ཐུན་ཚོད་མ་སུན་ཙམ་དུ་འདུག་ཅིང་སྒོམ་མོ། ༈ །འགྱུར་བའི་སྐྱོན་བརྒྱད་བཅོས་ཐབས་ནི། ཚད་ནས་དབྱིངས་ཡན་ཆད་ཀྱི་བར་འགྱུར་བའི་སྐྱོན་དྲུག་ལ་སྐུ་རི་བོ་ལྟར་ཆེ་ཞིང་གདོས་བཅས་རང་རྒྱུད་པ་བྱ་ཞིང་། བདུན་པ་ཁ་དོག་འབབ་ཞིག་ལས་དབྱིབས་མེད་པ་ལ། ཁ་དོག་བརྟན་ནས། སྐུའི་དབྱིབས་དང་གཉིས་བསྲེ་སྟེ་སྒོམ་པར་བྱའོ། ༈ །བརྒྱད་པ་རིམ་པར་ནུབ་པའི་སྐྱོན་ལ་སྐུ་སྤྱིའི་རྣམ་པ་གསལ་བ་མིན་ཀྱང་བྱེ་བྲག་ཏུ་ཞལ་ཕྱག་གམ། ཕྱག་གི་སོར་ཚིག་ནས་དཔུང་པ་ཙམ་ལ་སོགས་གང་གསལ་བ་ལ་བློ་གནས་པར་བྱའོ། ༈ །སྤྱོད་ལམ་གྱི་སྐྱོན་བཅོས་ཐབས་སོ། །དྲང་། ཕྱག་རྒྱ་གཅིག་པའི་སྐབས་འདིར་བྱ་བ་མིན་པའི་ལས་ཡི་གེ་བྲི་མཆོད་ལ་སོགས་པ་ཀུན་དོར་བར་བྱ་སྟེ། སྤང་ལ་སྤྱོད་ལམ་བཞི་རྣལ་དུ་མ་འབྱོར་པའི་སྐྱོན་རྣམས་ངོས་ཟིན་པར་བྱས་ལ་བཏང་སྟེ་སྤང་བར་བྱའོ། ༈ །བདུན་པ་ཉམས་ལ་གཉིས། བགྲང་། ཉམས་སྔ་མ་བཞིན་འཕེལ་བ་བསྟན་པ་དང་། དྲང་། དེ་ཏིང་སྟོང་པའི་ངང་ཡེ་ཤེས་སྒྱུ་མ་གཉིས་ལ་ཉམས་ལྔ་ཁུག་ནས་བརྟན་མོད་ཀྱང་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་འདི་ལ་གོམས་པས། ཉམས་རིམ་ལྔ་གོང་ནས་གོང་དུ་འཕེལ་བའི་ཚུལ་བསྟན་པའང་ལམ་སྔ་མ་དེ་ཏིང་ཀུན་གཉིས་སུ་བསྟན་པ་བཞིན་ཤེས་པར་བྱའོ། །ཉམས་ཀྱི་སྣང་བ་དང་སྦྱར་ཏེ་ཚོད་བཟུང་བ་དང་། དྲང་། ཉམས་ལྔ་མཚན་མ་དང་སྦྱར་ཏེ། བཤད་པ་ནི་གཡོ་བའི་ཉམས་ཀྱི་དུས་སུ་སྨིག་རྒྱུ་ལྟ་བུ་ལྷ་དངོས་སུ་མི་གསལ་ཅིང་རྟོག་པ་ཡུལ་ན་བྲང་བྲིང་ཡིན་སྙམ་ཙམ་དུའོ། །ཐོབ་པའི་དུས་སུ་དུ་བ་ལྟ་བུ་སྟེ། རེས་འོང་རེས་མི་འོང་། གསལ་ཞོར་མི་གསལ་བ་དང་། གོམས་པའི་དུས་སུ་སྲིན་བུ་མེ་ཁྱེར་ཡུད་ཙམ་གསལ་བ་དང་། བརྟན་པའི་དུས་སུ་མར་མེ་ལྟ་བུར་རླུང་གི་བསྐྱོད་པ་ལ་སོགས་ཀྱི་སྐྱོན་མེད་ན་གསལ་བ་དང་། མཐར་ཕྱིན་པའི་དུས་སུ་ཉི་མ་ཤར་བ་ལྟ་བུར་ལྷ་གསལ་བ་མཐར་ཕྱིན་པའོ། །དེ་ལྟར་ཉམས་ལྔ་མཚན་མའི་ཚུལ་དེ་དག་དང་སྦྱར་ཏེ་ཤེས་པར་བྱའོ། །དེ་དག་གིས་དུས་སུ་རྩོལ་བ་དང་བཅས་པའི་བཏང་སྙོམས་དང་། རྩོལ་བ་མེད་པའི་བཏང་སྙོམས། དུས་ཕྱེད་པའི་བཏང་སྙོམས་ཀྱི་རིམ་པ་དང་གསུམ་དང་རྩོལ་བཅས་དང་། རྩོལ་མེད་དང་། དུས་ཕྱད་པའི་བརྩོན་འགྲུས་ཏེ་བརྩོན་འགྲུས་ཀྱི་རིམ་པ་རབ་འབྲིང་ཐ་མ་གསུམ་པོ་དག །གཡོ་ཐོབ་ལ་རྩོལ་བཅས་ཀྱི་བཏང་སྙོམས་དང་། བརྩོན་འགྲུས་གཉིས་བླང་ཞིང་། གོམས་བརྟེན་ལ་རྩོལ་མེད་གཉིས་དང་། མཐར་ཕྱིན་ལ་དུས་ཕྱད་པར་གཉིས་བླང་ལ། གཞན་དོར་བར་བྱ་སྟེ། དེ་ཡང་གནས་སྐབས་ཀྱི་ངང་དུ་གང་བླང་། རྒྱབ་ཏུ་གང་དོར་གྱི་བྱེ་བྲག་རྣམས་རང་གི་ཉམས་ལྔའི་ས་མཚམས་གར་ཕྱིན་པ་ལས་སྦྱར་ཏེ་ཤེས་པར་བྱའོ། །བརྒྱད་པ་སྤྱོད་པ་ལ་གཉིས། བདག་དོན་དང་། གཞན་དོན་ནོ། །དང་པོ་ལ་ལྔ། བགྲང་། མཚམས་བཅད་ཅིང་བདག་ཉིད་ཆེན་པོའི་མཆོད་པ་བྱ་ཐབས་ལ་གཉིས། བགྲང་། མཚམས་བཅད་ཅིང་བདག་ཉིད་ཆེན་པོའི་མཆོད་པ་བྱ་ཐབས་དང་། དྲང་། སྤྱི་མགྲིན་སྙིང་ཁ་ལྟེ་བ་བཞི་རུ་ཡིག་འབྲུ་ཧཱུྃ་བཞིས་གཤིན་རྗེ་གཤེད། སྟོབས་ཆེན། རྟ་མགྲིན། འཁྱིལ་པ་བཞིར་བསྐྱེད་ལ་དུས་རྟག་ཏུ་མཚམས་བཅད། འདི་ལ་ཕྱི་ནང་གསང་གསུམ་དུ་བཤད་ན། ཕྱི་མཚམས་ནི་ཁྲོ་བཅུས་དགྲ་བགེགས་སམ་སྡིག་པ་མི་དགེ་བ་བཅུ་གཅོད་པའོ། །ནང་མཚམས་ནི། བདག་ཡི་དམ་གང་ཡིན་དུ་གསལ་བའི་གནས་བཞིར་ཡིག་འབྲུའི་འཕྲོ་འདུ་ལས་སྒོ་བ་བཞིར་བསྐྱེད་དེ། ཏིང་ངེ་འཛིན་ལ་བར་ཆད་ཀྱི་བགེགས་ཀྱིས་མི་ཚུགས་པར་སྒོམ་པ་སྟེ། དེ་ཡང་རྒྱས་པར་དམར་མཆན་ལྟར་རོ། །གསང་མཚམས་ནི། སེམས་རྣམ་པར་རྟོག་པའི་དབང་དུ་མི་གཏོང་བ་སྟེ། མདོ་ལས། མཚམས་མེད་པ་ལ་མཚམས་གཅོད་པ། །འདི་ནི་རྣལ་འབྱོར་ཅན་གྱི་ལས། །ཤེས་བྱ་ནང་གི་ཆོས་ཉིད་ལ། །དོན་དུ་མཉམ་པར་འཇོག་པས་ན། །ཕྱི་ནང་གསང་བའི་མཚན་མ་ཡི། །འགྲོ་འོང་འགྱུར་རྣམས་བཅད་པར་བྱ། །ཞེས་པས། ཏིང་ངེ་འཛིན་ལ་བར་མཚམས་མེད་པ་ལ་བར་དུ་གཅོད་པ་རྣམ་རྟོག་ཡིན་པས་དེ་བསྐྲད་དགོས་པར་བཤད་དོ། །ཆོས་ཀུན་རང་བྱུང་ཡེ་ཤེས་ལ་རང་ལུས་ལྷའི་དལ་དུ་གསལ་བས། ཚོགས་འབུལ་བྱ་འབུལ་བྱེད་མེད། རིག་པ་བདག་ཉིད་ཆེན་པོའི་ལོངས་སྤྱོད་ཀྱི་ཚོགས་ཀྱི་མཆོད་པ་བྱ་ཞིང་ཆོས་ཉིད་ལ་ཆོས་ཀྱི་རོལ། ནང་གི་སྦྱིན་སྲེག་ཀྱང་ཟས་ཚོགས་ལྟར་དུ་བླང་བར་བྱའོ། །གཟུགས་སྒྲ་དྲི་རོ་རེག་ཆོས་སོགས་ཡུལ་དྲུག་པོ་མཚན་མེད་ལྟར་ན་སྤྲོས་པ་མེད་པས་ཐིག་ལེ་ཆོས་ཉིད་ལ་ཆོས་ཉིད་རོལ་པའམ། མཚན་བཅས་ལྟར་ན་འདོད་ཡོན་གྱི་ལྷ་མོ་དྲུག་ཏུ་ཤར་བས་ལྷ་ལ་ལྷ་ཐིམ་པར་རོལ་ཞིང་དབང་པོ་བཞི་རྣམ་ཤེས་བཞི་དང་བརྒྱད། སེམས་དཔའ་བརྒྱད་ཡུལ་བཞི་དང་། དུས་བཞི་སེམས་མ་བརྒྱད་དེ། ལྷ་ཡབ་ཡུམ་དུ་སྦྱོར་བར་ཤེས་པར་བྱ། དེ་ཡང་ཡི་དམ་གྱི་ལྷ་ཞི་ཁྲོ་ཕྱག་རྒྱ་གཅིག་པ་གང་ཡིན་པའི་སྐབས་ཀྱིས་སེམས་དཔའ་སེམས་མ་ལ། ཀེའུ་རི་སིང་ཧ་ལ་སོགས་པའི་ཚུལ་དུ་བསྒྱུར་བར་བྱའོ། །དེའི་ཕན་ཡོན་ནི། དྲང་། བདག་ཉིད་ཆེན་པོ་མཆོད་པའི་ཕན་ཡོན་ནི། གོང་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་སེམས་ཉིད་ཀྱི་བདག་ཉིད་ཆེན་པོ་ཡིན་པས་འབུལ་བྱ་འབུལ་བྱེད་གཉིས་སུ་མེད་པ། དུས་གསུམ་གྱི་སངས་རྒྱས་དང་ཁམས་གསུམ་གྱི་སེམས་ཅན་གཉིས་སུ་མེད་པར་ཤེས་པར་བྱས་པས་མཆོད་པ་ཕུལ་བ་ཡིས་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་བདག་ཉིད་ཀྱི་རང་རིག་པའི་ཡེ་ཤེས་ལ་ཐ་མི་དད་པས་ན་མཉེས་ཤིང་རྒྱལ་བ་རྣམས་མཉེས་པ་དེའི་བྱིན་གྱིས་སྲིད་གསུམ་ནི་འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་གསུམ་ཡིན་ཏེ། དེས་བསྡུས་པའི་འགྲོ་བ་རིས་དྲུག་གིས་སེམས་ཅན་དེ་དག་བསྐྱེད་པར་བྱེད་པའི་ས་བོན། ཨ་ཪྣྲི་སུཾ་ཏྲི་པྲེ་དུ་ཐམས་ཅད་ལ་བྱང་ཆུབ་ཀྱི་བདེ་བའི་རོ་དགའ་བ་ཆེན་པོས་ཁྱབ་ནས་ཚིམ་པར་འགྱུར་རོ། ༈ །སྤྱོད་ལམ་ཀུན་དུ་ལྷའི་ཕྱག་རྒྱ་ལས་མི་འདའ་བ་དང་། དྲང་། རྣལ་འབྱོར་པ་ཕན་ཚུན་དུ་འགྲོ་བ་དང་། ཉལ་བ་དང་། འདུག་ཅིང་སྡོད་པ་དང་། ཁ་ཟས་ལ་ལོངས་སྤྱོད་པའི་ཚེ་དང་། ཉོན་མོངས་པ་དང་ཆགས་སྡང་ལ་སོགས་པ་དང་། ལུས་ཀྱི་ན་ཚ་དང་། སེམས་ཀྱི་སྡུག་བསྔལ་བྱུང་བའི་ཚེ་ན་ཡང་། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཡི་དམ་ལྷའི་སྐུ་ཕྱག་རྒྱ་སྒོམ་ཞིང་མི་སྤང་སྟེ། སྔོན་བཞིན་ལྷ་སྒོམ་ཞིང་དབང་པོ་ཡུལ་དུས་ཀྱི་སྦྱོར་བས་ལྷ་མྱུར་དུ་འགྲུབ་བོ། ༈ །ཏིང་ངེ་འཛིན་གྱི་སྤྱོད་པ་ལ་མི་ཉམས་པ་དང་། དྲང་། དེ་ཏིང་ཀུན་ཏིང་རྒྱུ་དང་། འབྲས་བུ་སྤྲོས་པ་དང་ཚོགས་ཀྱི་བསྒྲུབ་པ། དེ་གཉིས་ཀྱི་འཚམ་སྦྱར་བར་བྱེད་པས་ཕྱག་རྒྱ་གཅིག་པ་དང་གསུམ། དེ་རྣམས་བར་སྐབས་ཀུན་དུ་སྒོམ་པ་མ་ཡིན་པའི་ཡི་གེ་བྲི་མཆོད་ལ་སོགས་པ་ཆོས་སྤྱོད་དགུའི་སྤྲོས་པ་དོར་བར་བྱའོ། །ཤེས་ཤིང་རྒྱུད་ལ་ལྡན་ཡང་བླང་བྱ་མིན་ཏེ། དེའི་ཅིའི་ཕྱིར་ཞེ་ན། མཚན་མའི་གཡེང་བ་ཡིན་པའི་ཕྱིར་རོ། །ལུས་ངག་ཡིད་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་སྒོམ་པའི་རྣལ་འབྱོར་པས་གཞན་ལ་ཕྱག་དང་སྐོར་བ་ལ་སོགས་མི་བྱ། གལ་ཏེ་འཚལ་དགོས་ན་བླ་མ་དང་ཡི་དམ་མདུན་དུ་སྒོམ་མོ། །དེ་ལྟར་མིན་ན་ཕྱག་འཚལ་བ་དེ་སྒྲིབ་པར་འགྱུར་ཏེ། སྤྱིར་ཡང་ལྕི་བ་བཞི་ལ། སྒོམ་ཆེན་ཕྱག་ལྕི་སྟེ། སྒོམ་ཆེན་ལྟ་དགོངས་ཅན་རྣམས་སྒོ་གསུམ་ལྷར་གསལ་བའི་ཕྱག་བླ་མ་མིན་པས་བླང་དུ་མི་རུང་ངོ་། །མཁས་པའི་གོང་ལྕི་སྟེ། ཆོས་རྒྱུད་སྡེ་མང་པོ་ཤེས་པའི་གང་། རིགས་རྒྱུད་ཅན་གྱི་མི་ཆེན་པོ་ཆོས་མི་ཤེས་པ་དེའི་གོང་དུ་འགྲོ་ན། སྡིག་ཤིན་ཏུ་ཆེ་སྟེ། མི་མཁས་མཁས་པའི་གོང་ན་མེད། །དེའི་ཕུང་པོ་གཞོབ་རེ་མཁས། ཞེས་གསུང་། སྒོམ་བསྒྲུབ་མཁན་གྱིས་ཟས་ལྕི་སྟེ། དེའི་ཟས་ཅི་ཡོད་ཐམས་ཅད་ཚོགས་སུ་བསྔོས་པས། དེའི་ཟས་ཕལ་པས་མི་ཆོམ་པའོ། །སྔགས་པའི་ནོར་ལྕི་སྟེ། སྔགས་པ་ནག་པོའི་ནོར་མ་འབག་ན། ནོར་བས་འདྲེ་ཆེ་སྟེ། རང་ཕུང་ནས་འགྲོ་བས་སོ། །ཕྱག་རྒྱ་གཅིག་པའི་རྣལ་འབྱོར་སྤྱོད་པ་ལ་ལྟ་བ་དང་ཏིང་ངེ་འཛིན་གྱི་དོན་དང་ལྡན་ཞིང་དམ་ཚིག་མཉམ་ལ་སྤྱོད་པ་དག་པར་བྱས་ནས། བརྩོན་འགྲུས་ཆེར་བསྐྱེད་དེ། སྒོམ་ན་འབྲས་བུ་མྱུར་བར་འགྲུབ་བོ། །ཚོགས་ཀྱི་སྤྱོད་པས་ཚོགས་གཉིས་རྫོགས་པ་དང་། དྲང་། སྤྱོད་ལམ་ཐམས་ཅད་དུ་ལྷ་ལ་ལྷ་རོལ་བས་བསོད་ནམས་ཀྱི་ཚོགས་རྫོགས་ཏེ། དེ་ལྟར་སྤྱོད་པ་ལ་མ་ཆགས་ཤིང་གཉིས་སུ་མེད་པ་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། ༈ །བདག་དོན་གྱི་སྤྱོད་པ་ལ་དངོས་གྲུབ་བྱུང་ཚུལ་ལོ། །དྲང་། བདག་གི་དོན་བྱ་བའི་ཕྱིར་ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་རྣམས་ཕྱག་རྒྱ་གཅིག་པ་འདི་བརྟེན་ནས་དངོས་གྲུབ་ལ་སྦྱོར་བར་ཐེ་ཚོམ་མེད་དོ། ༈ །གཞན་དོན་གྱི་སྤྱོད་པ་དང་། དྲང་། གཞན་གྱི་དོན་བྱ་བའི་ཕྱིར་འཕྲོ་འདུའི་རིམ་པར་རྫོགས་པར་བྱ་ཞིང་། ཡང་ན་གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར། མཉམ་བཞག་ལས་ལང་སྟེ་བཟླས་པའི་འོད་ཟེར་གྱི་འཕྲོ་འདུའི་རིམ་པས་བདག་གཞན་གྱི་དོན་རྫོགས་པར་བྱེད་དོ། །གདུལ་བྱ་རྐྱེན་དང་འཕྲད་པའང་ཐུགས་རྗེས་ཡལ་བར་མི་དོར་ཏེ། སྤྲོས་པ་སྒོམ་པའི་དུས་མིན་ཀྱང་། གཞན་དོན་བྱ་བའི་ཕྱིར། སྤྲོས་པའང་མོས་སྒོམ་གྱི་སྒོ་ནས་ལན་ཅིང་གདུལ་བྱ་གང་དང་མཚམས་པར་དེའི་དོན་རྫོགས་པར་བྱེད་པའོ། ༈ །དགུ་པ་དམ་ཚིག་ལ་དབྱེ་བ་མེད་དེ། དྲང་། ཕྱག་རྒྱ་གཅིག་པ་འདིའི་ཚེ་ལ་གཞི་འདྲ་བའི་དམ་ཚིག་ཀུན་རྒྱུད་ལ་ལྡན་མེད་ཀྱང་། ཁྱད་པར་དུ་གསུང་གི་ཞི་སྔགས་གསུམ་ཕྱག་རྒྱ་བཞི་ལ་བསླབ་བྱ་ཞིང་། ཕྱག་ཕྱག་ཆེན་པོའི་རྣལ་འབྱོར་དུ། སྤྱོད་ཡུལ་ཐམས་ཅད་དུ་ལྷའི་ང་རྒྱལ་ལས་མི་འདའ་བས་བསྡོམ་པར་བྱའོ། ༈ །བཅུ་པ་དྲོད་ལ་དབྱེ་བ་མེད་དོ། །དྲང་། ཕྱི་ལུས་དང་ནང་ངག་དང་། གསང་བ་སེམས་ཀྱི་དྲོད་གསུམ་པོ་ཡང་། འདིར་སྔར་བས་ཤིན་ཏུ་འཕེལ་ཏེ། འདིར་དྲོད་མ་ཐོབ་པ་ཐོབ་པ་དང་། ཐོབ་པ་བརྟན་པའི་ཆར་འཕེལ་གྱུར་ཏེ། ཡང་ན་དེ་ཏིང་དང་ཀུན་ཏིང་ལ་ཐོབ་པ་དང་འདིར་བརྟེན་པའི་ཆར་གྱུར་ཏེ། ཞེས་བྱས་ཀྱང་རུང་། ཕྱིའི་དྲོད་འདོད་པའི་ལོངས་སྤྱོད་ལྔ་པོ་ལ་ཞེན་པ་ཕྲ་བ་ལས་མེད་དེ་སྔར་བས་ཆུང་བ་དང་། དབང་པོ་ཡུལ་དུ་སྣང་བ་ཀུན་ལྷའི་ཏིང་ངེ་འཛིན་དུ་གོམས་པ་དང་། ནང་གི་བྲོད་དབུགས་ཕྱི་ནང་དུ་རྒྱུ་བ་བར་དུ་ཆད་པ་དང་། གསང་བའི་དྲོད་ཏིང་ངེ་འཛིན་ལ་ཐུན་བཞི་ལ་སོགས་ཀྱི་མཚམས་དང་བྲལ་ཏེ། གོང་དུ་བསྟན་པ་ལྟར་ཕྱི་ནང་གསང་གསུམ་གྱི་དྲོད་ཀྱི་བྱེ་བྲག་མ་ལུས་པ་ཀུན་དང་གསལ་བརྟན་དུ་ལྡན་པར་འགྱུར་རོ། ༈ །བཅུ་གཅིག་པ་རྟགས་ལ་བཞི། བགྲང་། རྟགས་དངོས་དང་། དྲང་། ཕྱག་རྒྱ་གཅིག་པའི་རྟགས་ཆེན་པོ་གོམས་ཤིང་བརྟེན་ནས་མཐར་ཕྱིན་པའི་ཚེ། སྨིག་རྒྱུ་དང་། དུ་བ། སྲིན་བུ་མེ་ཁྱེར། མར་མེ། ཉི་མ་ལྟ་བུའི་མཚན་མ་ལྔ་པོ་དེ་རྣམས་དངོས་སུ་མཐོང་བ་དང་། ཡི་དམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་གསུང་ཡིག་འབྲུ་ཐུགས་ཕྱག་མཚན། སྐུའི་སྐྱེ་མཆེད་དངོས་སུ་མཐོང་བ་རྣམས་ལྷ་གྲུབ་པའི་རྟགས་ཀྱི་མཚན་མ་ཡིན་ཏེ། དངོས་གྲུབ་ཐོབ་པ་ལ་དང་པོའི་རྟགས་འབྱུང་བ་ཡིན་ཞེས་བྱའོ། །གོང་གི་སྐྱེ་མཆེད་ཀྱི་སྐབས་ན་ཟད་པར་ལ་འབྲུ་གནོན་པ་ཡང་ཡོད། གོང་གི་མཚན་མ་རླུང་རྟགས་ལྔའི་སྐབས་ན། སེམས་དང་རླུང་སེམས་གཉིས་མེད་རྟེན་དང་རྟེན་པ་ཡིན་པས། སེམས་གནས་པའི་ཚེ་རླུང་ཟིན་ཅིང་། རླུང་ལ་ས་ཆུ་མེ་རླུང་ནམ་མཁའི་རླུང་ལྔ། དེ་ལ་རྩ་རོ་བརྐྱང་གཉིས་ལ་ལྔ་གཉིས་བཅུ་རྒྱུ་བ་དེ་ནང་དུ་ཟིན་པའི་རྟགས་སུ། རྣལ་འབྱོར་པའི་མཐོང་སྣང་དུ། དུ་བ་ལྟ་བུ་ཁ་དོག་དཀར་སེར་མ་ངེས་པ་དང་། སྨིག་རྒྱུ་ལྟ་བུ་ལ་སོགས་ཆུ འི་རིགས་དང་། སྲིན་བུ་མེ་ཁྱེར་དང་མེ་སྟག་ལྟ་བུ་ལ་སོགས་མེའི་རིགས་དང་། མར་མེ་འབར་བ་ལྟ་བུ་གཅིག་ནས་མང་པ་ོའབར་བ་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་རྒྱ་ཆེ་ཆུང་མེད་པ་དང་། འོད་དཀར་པོ་དམར་པོ་སེར་པོ་ལམ་ལམ་པ་དང་། སྣང་བ་མེད་པའི་མུ་ནག་ལྟ་བུ་དང་། ཉི་མ་དང་ཟླ་བ་འོད་ཅན་དང་འོད་མེད་དང་། ཕྱེད་པོ་དང་། བར་སྣང་སྦྲང་མདའ་ལྟ་བུ་སྐྱ་རྩིག་རྩིག་པས་གང་བ་དང་། འོད་ཀྱི་ཐིག་ལེ་ཁ་དོག་སྣ་ལྔ་གང་རུང་ལ་འོད་ཟེར་གྱི་ཐག་པ་བརྐྱངས་པ་ལྟ་བུ་དང་། འོད་ལྔའི་རྣམ་པ་རིག་པ་ཅི་རིག་པ་མཐོང་སྟེ་དེ་ཡང་རླུང་གི་མཚན་མ་རྣམ་ལྔ་ཡང་། དུ་བ་ལྟ་བུ་ལང་ལུང་དང་། །སྨིག་རྒྱུ་ལྟ་བུ་གྱ་གྱུ་དང་། །སྲིན་མེ་ལྟ་བུར་དམར་འཕྲོ་དང་། །མར་མེ་ལྟ་བུར་དམར་ཁམ་གསལ། །མཁའ་ལ་ཉི་ཤར་ལྟ་བུར་སྣང་། །ཞེས་སོ། །མངོན་ཤེས་དང་། དྲང་། དམིགས་པའི་ཡུལ་གྱི་རྒྱ་ཆེན་པོ་དང་ལྡན་པ་ཕྱག་རྒྱ་གཅིག་པའི་མངོན་ཤེས་ཀྱང་། ཏིང་ངེ་འཛིན་སྔ་མ་གཉིས་ལས་གྲངས་མང་བ་ཉི་ཤུ་རྩ་ལྔ་ལ་སོགས་པ་དང་། ཡུལ་སྔར་བས་རྒྱ་ཆེ་བ་གཉིས་ཀྱི་ལམ་སྔ་མའི་མངོན་ཤེས་ལས་ཁྱད་པར་དུ་འཕགས་པས་བླ་ན་མེད་ཞེས་བྱའོ། །གཞན་ཡང་སྒོ་ལྔའི་དབང་པོ་རེ་རེས་ཡུལ་ལྔ་ལྔ་གཅོད་ནུས་པས་ཉི་ཤུ་རྩ་ལྔའི་མངོན་ཤེས་རྣམས་ཀྱང་། ཕྱག་རྒྱ་གཅིག་པའི་སྐབས་འདིར་གཡོ་ཐོབ་ཙམ་དུ་འབྱུང་བ་ཐེ་ཚོམ་མེད་དོ། །ཆོ་འཕྲུལ་དང་། ལུས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ། ངག་ནི་རྟགས་ཀུན་བརྗོད་པའི་ཆོ་འཕྲུལ། སེམས་ཀྱི་རྟགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་མཐུ་ཡི་རྟགས་བྱིན་རླབས་ཀྱི་ཆོ་འཕྲུལ་རྣམས་ཀྱང་། ཆོ་འཕྲུལ་བཞིའི་ཚུལ་ཏེ། དེ་རྣམས་ཀྱང་གཡོ་ཐོབ་ཙམ་དུ་འབྱུང་བར་བྱེད་དོ། ༈ །རྟགས་སྔར་བས་གསལ་ཞིང་བརྟན་པར་འབྱུང་ཚུལ་ལོ། །དྲང་། བྲོད་རྟགས་དེ་དག་གཞན་ཡང་སྔོན་ཏིང་ངེ་འཛིན་གཉིས་པས་གསལ་ཆ་ཆེ་ལ་ངོ་བོ་བརྟན་པ་ནི། རྒྱུ་ཅི་ལས་འབྱུང་ཞེ་ན། ཏིང་ངེ་འཛིན་གོང་མ་གཉིས་བདེན་པ་ཁ་ཕྲལ་ནས་སྒོམ་པ་ཡིན་ལ། འདིར་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལྷག་པ་དབྱེར་མེད་སྒོམ་པའི་སྟོབས་ཀྱིས་ཐོབ་པ་ཡིན་ནོ། ༈ །བཅུ་གཉིས་པ་མཚན་མ་རྨི་ལམ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། ཉལ་བ་གཉིད་ཀྱིས་སྤྱོད་ལམ་རྨི་ལམ་ཉིད་དུ། ལམ་སྒྲུབ་པ་ལ་ལེགས་པའི་ཡོན་ཏན་དང་། ཉེས་པ་སྐྱོན་འབྱུང་བའི་བྱེ་བྲག་ཀུན་ལམ་སྔ་མ་ལས་ཀྱང་འདིར་གསལ་བར་འགྱུར་ཞིང་སྔར་བས་ཀྱང་ཤིན་ཏུ་བརྟན་པར་འབྱུང་བའོ། །ཡི་དམ་ལྷ་ཞི་ཁྲོ་གང་ཡིན་གྱི་བསམ་གཏན་ལ་བརྩོན་འགྲུས་ཀྱི་འབད་པ་དང་། སྔགས་ཀྱི་བཟླས་པ་བྱས་པ་ཡི། བསྒྲུབ་པ་པོས་ནི་རྨི་ལམ་ཁྱད་པར་ཅན་རྟགས་སུ་མཐོང་བའོ། ༈ །རྒྱས་པར་བཤད་པ་ལ་གཉིས། བགྲང་། ལེགས་པའི་ཡོན་ཏན་གྱི་རྨི་ལྟས་བཅུ་བཞི་དང་། དྲང་། དང་པོ་ནི། རྣལ་འབྱོར་པ་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུ་དང་མཚུངས་ཤིང་མཉམ་པར་མཐོང་བ་དང་། གཉིས་པ་ནི། རྫོགས་པའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དཔེས་བརྒྱན་པ་དང་། རྣལ་འབྱོར་པ་བདག་ཉིད་ཐ་དད་མེད་པར་ནི་དུས་མྱུར་དུ་ཐོབ་པར་འདུག་སྙམས་དུ་མཐོང་བ་དང་། གསུམ་པ་ནི། སེམས་དཔའ་ཆེན་པོ་རྣམས་དང་ཚངས་པ་དང། བརྒྱ་བྱིན་ལ་སོགས་པ་ཁམས་གསུམ་པས་རྣལ་འབྱོར་པ་བདག་ལ་མཆོད་པ་བྱེད་པར་རྣལ་འབྱོར་པ་དེས་རང་གི་རྨི་ལམ་ན་མཐོང་ངོ་། །བཞི་པ་ནི། གཉིས་མེད་ཀྱི་ཡེ་ཤེས་ཆེན་པོ་འོད་འདྲའི་གཟུགས་སྐུར་སྣང་བའི་སངས་རྒྱས་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཀྱི་དུས་རྟག་ཏུ་བདག་ལ་མཆོད་པར་བྱེད་པར་མཐོང་བ་དང་། ལྔ་པ་ནི། རྡོ་རྗེ་སེམས་པའི་གཟུགས་ཆེན་དང་། །གྲགས་ཆེན་ཕྱག་ན་རྡོ་རྗེ་གཟུགས་མཆོག་དགས་སུ། གཉིད་ལོག་པའི་རྨི་ལམ་དག་ན་རྣལ་འབྱོར་པ་རང་གི་གཟུགས་ལྷ་དེ་དག་ཏུ་མཐོང་བ་དང་། དྲུག་པ་ནི། སངས་རྒྱས་ཀྱི་ཞིང་དུ་གྲགས་ཆེན་རྡོ་རྗེ་གསང་བ་ལྷུན་གྱི་གྲུབ་པའི་རིན་ཆེན་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་པ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཅན་དང་། སངས་རྒྱས་ཆེན་པོ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་ཕྱག་འཚལ་བའི་རྨི་ལམ་འདི་འདྲ་བསྒྲུབ་པ་པོས་མཐོང་བར་གྱུར་པ་དེ་ནི་ལུས་ལྷའི་སྐུ་ངག་གསུང་སེམས་ཐུགས་ཀྱི་ཏིང་ངེ་འཛིན་སྒོམ་པའི་མཐུའམ་བྱིན་རླབས་ལས་སྐྱེས་པ་ཡིན་ནོ། །བདུན་པ་ནི། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས་པས་བརྒྱན་པ་ལྷའི་བུ་མོ་ཡིད་དུ་འོང་བ་དང་མིའི་ཁྱི་དང་བུ་མོ་ཡིད་དུ་འོང་བ་དག་གིས་འདོད་ཡོན་ལྔས་བདག་ལ་མཆོད་པ་བྱེད་པ་མཐོང་ན་རྟགས་དེ་ནི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་བའི་བལྟས་ཡིན་ནོ། །བརྒྱད་པ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྣམས་རང་རང་གི་ཞིང་ན་གནས་པ་བདག་གི་ངེས་པར་མཐོང་སྟེ། དེ་རྣམས་བདག་ལ་ཐུགས་ནི་རྗེས་པར་གྱུར་ནས་ཀྱང་ཆོས་མཛད་ཅིག་ཅེས་པ་དང་། ཡིད་དུ་འོང་བའི་གཏམ་ལ་སོགས་པ་སྟོན་པ་མཐོང་བ་དང་། དགུ་པ་ནི། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཐུ་ཡིས་སེམས་ཅན་ཀུན་གྱིས་ཀྱང་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བ་ནི། རྣལ་འབྱོར་པ་ལྷའི་བསམ་གཏན་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་ལས་དབྱེར་མི་ཕྱེད་པར་གནས་པའི་དམ་ཚིག་ལས་མི་འདའ་བས་སྦྱོར་བས་མཐོང་བར་འགྱུར་བའོ། །བཅུ་པ་ནི། སྐྱེད་མོས་ཚལ་ལ་སོགས་པ་ཉམས་དགའ་བའི་ཕྱོགས་སྣ་ཚོགས་པ་ཀུན་གྱི་བདག་ལྷའི་བུ་དང་བུ་མོ་ལ་སོགས་པའི་བརྒྱན་པ་དང་། དུས་གསུམ་སངས་རྒྱས་ཀུན་གྱི་བདག་ལ་བྱིན་གྱིས་རླབས་ལས་སྣང་བའི་བསམ་གཏན་ཏིང་ངེ་འཛིན་དང་དམ་ཚིག་ཅན་གྱི་མཐོང་བའོ། །བཅུ་གཅིག་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིས། དེ་ནི་བདག་ལ་མངོན་པར་དབང་བསྐུར་བར་མཐོང་བ་དང་། བཅུ་གཉིས་པ་ནི། རིག་འཛིན་བཞི་དང་རྒྱལ་པོ་ཆེན་པོ་བཞི་ཡིས་བདག་ལ་མཆོད་པར་བྱེད་པ་རྣལ་འབྱོར་པ་དེ་མཐོང་བར་འབྱུང་ངོ་། །བཅུ་གསུམ་པ་ནི། ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་སྒོམ་ལས་བྱུང་བས་ཡོན་ཏན་སྣ་ཚོགས་པས། རྨི་ལམ་ཡང་དག་པར་གསལ་བ་ལ་སྐྱོན་གྱི་དྲི་མ་མེད་པ་དེ་དག་མཐོང་ན་ཡི་དམ་ལྷའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་སྒོམ་པ་ལས་སྐྱེས་པའི་འབྲས་བུ་བླ་ན་མེད་པ་རྒྱལ་བ་ཉིད་འགྲུབ་པའོ། །བཅུ་བཞི་པ་ནི། ཆོས་ཀུན་ཡི་གེ་དང་ལྷའི་སྐུ་ཕྱག་རྒྱ་རྣམ་གཉིས་ཀྱི་སྐྱེ་མཆེད་ཐམས་ཅད་གསལ་བར་མཐོང་བའང་དེ་བཞིན་ནོ། །དེ་ཡང་དོན་འགྲུབ་པར་འགྱུར་བ་དང་བཅུ་བཞིའོ། །ཉེས་པའི་རྨི་ལྟས་སོ། །དྲང་། གདོལ་པ་ཁྱིའི་སྦྱོར་ལ་སོགས། ཚིགས་རྐང་བཞི་པོ་འདི་ཡོན་ཏན་དུ་བཤད་པ་དང་སྐྱོན་དུ་བཤད་པ་གཉིས་ལས། ཡོན་ཏན་དུ་བཤད་ན། ཁྱི་ཤ་ཟ་བ་ལ་སོགས་རྣམས་རྡོ་རྗེ་འཛིན་པས་རྨི་ལམ་དུ་མཐོང་ན་ནི། །སྤང་བླང་མེད་པའི་དོན་རྟོག་པའི་ལྟས་སོ། །སྐྱོན་དུ་བསྟན་པ་ནི་དམར་མཆན་བཞིན་ནོ། །འདི་གཞུང་རང་ལ་བརྟག་པ་དང་། དམ་པ་བདེ་བར་གཤེགས་ཀྱི་ལམ་ཆུང་གི་དགོངས་པ་དང་། འགྲེལ་ཏིག་གཞན་འགའ་ནས་ཡོན་ཏན་དུ་བཤད་དོ། །སྐྱེ་མཆེད་མཐོང་བའང་དེ་བཞིན་ནོ། །ཞེས་པའི་ཚིགས་རྐང་གཉིས་པོ་འདི་ཟད་པར་གྱི་སྐྱེ་མཆེད་མཐོང་བ་ལ་བཞག་ནས། རྨི་ལྟས་བཅུ་བཞི་ལ་མི་ཐེ་བར་འདོད་པ་མཐོང་ངོ་། །ཕྱག་རྒྱ་གཅིག་པའི་སྐབས་འདིར་ཉེས་པའི་རྨི་ལྟས་འདི། དོན་དང་གཞུང་གཉིས་ཀ་ལ་བརྟག་ན་མེད་པར་རྟོགས་སོ། ༈ །བཅུ་གསུམ་པ་ཕན་ཡོན་ལ་གསུམ། ལྷ་སྒོམ་པའི་ཕན་ཡོན་དངོས་དང་། མ་སྒོམ་པའི་སྐྱོན་གྱི་ངོས་ནས་བརྩོན་འགྲུས་ཀྱིས་ཅིག་པ་དང་། ཞལ་མཐོང་མོས་ཤིང་བསྒྲུབ་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ། བགྲང་། ཚོགས་གཉིས་རྫོགས་པའི་ཡོན་ཏན་དང་། དྲང་། རྣལ་འབྱོར་པས་ཡི་དམ་ལྷའི་སྐུ་ནི་གསལ་ལ་མ་འགགས་པར་སྒོམ་ན་རྒྱུ་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པར་འགྱུར། ལྷ་དེ་ཉིད་ཆུ་ཟླའི་ཚུལ་དུ་སྣང་ལ་རང་བཞིན་མེད་པར་ཤེས་པར་གྱུར་ན་འབྲས་བུ་ཡེ་ཤེས་ཚོགས་ཆེན་རྫོགས་པར་འགྱུར་རོ། ༈ །ཡོན་ཏན་ཆུང་ཡང་བསྒྲུབ་ན་འགྲུབ་པའི་ཡོན་ཏན་དང་། དྲང་། རྣལ་འབྱོར་པ་བ དག་ཉིད་ཀྱི་སྒོ་གསུམ་ཡི་དམ་ལྷའི་སྐུ་གསུང་ཐུགས་དང་ཐ་དད་མེད་པར་མཉམ་པར་སྦྱོར་བས་ན། དེ་ལས་གཞན་པའི་ཡོན་ཏན་ཐུན་མོང་ཟེར་ཡང་ཐོས་པ་ཆུང་ཡང་མཆོག་ཐུན་མོང་དངོས་གྲུབ་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །དེ་ནས་ལྷ་སྒོམ་པར་གདམ་པ་ནི། དེ་ཡང་ལྷ་ཞེས་བྱ་བ་གཅིག་གཞན་ནས་གྲུབ་པ་མེད་ཡེ་གདོད་མ་ནས་ལྷ་དང་བདག་གཉིས་ངོ་བོ་དབྱེར་མེད་པས་མཉམ་པ་ཉིད་དུ་སྦྱོར་བས་སུ། ཡི་དམ་གྱི་ལྷ་གང་ཡིན་ཉིད་དུ་ནི་དུས་རྟག་ཏུ་སྒོམ་པར་བྱའོ། ༈ །ལྷ་གཅིག་སྒོམ་པས་འབྲས་བུ་ཀུན་ཐོབ་པའི་ཡོན་ཏན་ནོ། །དྲང་། ལྷ་གཅིག་སྒོམ་ན་བདེར་གཤེགས་ཀུན་དང་མཉམ་སྦྱོར་བས་ཉེ་བའི་དཀྱིལ་འཁོར་ཀུན་དང་མཉམ་པར་འགྱུར། ཉེ་བའི་དཀྱིལ་འཁོར་ཀུན་དང་མཉམ་པའི་ཕྱིར། འབྲས་བུ་རྒྱལ་བའི་སྐུ་ལྔ་དང་། གསུང་ལྔ་དང་། ཡེ་ཤེས་ལྔ་སྟེ་ཐུགས་ལྔ་དང་། གཞན་ཡང་ཡོན་ཏན་ལྔ་དང་། ཕྲིན་ལས་ལྔ་རྫོགས་ཤིང་འགྲུབ་པར་འགྱུར་རོ། །འདི་རྣམས་ལ་ལྷ་གཅིག་སྒོམ་པས་ཡོན་ཏན་ཀུན་འགྲུབ་པའི་རྒྱུ་མཚན་གོ་དགོས་ཏེ། གྲུབ་ཐོབ་ཚེམ་བུ་པ་དང་། ཇོ་བོ་རྗེ་དང་། ལོ་ཙཱ་བ་རིན་ཆེན་བཟང་གཉིས་ཀྱི་གཏམ་རྒྱུད་བཞིན་ནོ། ༈ །མ་སྒོམ་པའི་སྐྱོན་གྱི་སྒོ་ནས་བརྩོན་འགྲུས་གྱིས་ཤིག་པ་ལ་གཉིས། བགྲང་། མ་སྒོམ་པའི་སྐྱོན་དང་། དྲང་། ཡི་དམ་ལྷའི་མཚན་ཉིད་ནི་གང་ཞེ་ན་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་པོ་ཡིན་པའི་ཕྱིར། ཡི་དམ་གྱི་ལྷ་སྤང་ནས། གཞན་དགེ་བ་ཅི་སྤྱད་ཀྱང་འདོད་པའི་དོན་འབྲས་བུ་མེད་པར་འགྱུར་ཏེ། དཔེར་ན་ནད་ཚབ་པོ་ཆེས་ཐེབ་པ་ལ་སྨན་པ་སྤང་ནས་མི་བོས་པ་དང་འདྲའོ། ༈ །བརྩོན་འགྲུས་གྱིས་ཤིག་པར་གདམས་པ་ལ་གསུམ། བགྲང་། བརྩོན་འགྲུས་གྱིས་ཤིག་པར་གདམས་པ་དང་། དྲང་། རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་བ་དང་། སྐྱོན་བཅུ་སྤང་སྟེ་སྔགས་བཟླས་པ་དང་། ལྷའི་སྐུ་ཕྱག་རྒྱ་རྒྱུན་མི་བཅད་པ་བཞི་སྟེ། བཞི་གང་ཞེ་ན། དམ་ཚིག་ལས་དང་ཆོས་དང་ནི་སྐུ་ཉིད་ཕྱག་རྒྱ་ཆེན་པོ་བ ཞི་སྒོམ་མོ། །དེ་ལྟར་དམ་ཚིག་བསྲུང་ཞིང་ལྷ་སྒོམ་པ་ལ་བརྩོན་འགྲུས་ཆེ་ཞིང་བློས་བརྟན་པར་བྱས་ལ་བཟུང་ངོ་། །དེ་ལྟར་མ་ཡིན་ཏེ་རྣལ་འབྱོར་བརྩོན་འགྲུས་ཆུང་གྱུར་ན་འདོད་པའི་འབྲས་བུ་མི་འགྲུབ་སྟེ་སླར་ངན་སོང་དུ་འགྲོ་བས་ཉེན་ཡང་ཆེ་བར་གསུང་སྟེ། རྒྱུད་ལས། དད་མེད་ཉམས་ན་ཕུང་བར་འགྱུར། །ཞེས་སོ། ༈ །གལ་ཏེ་ནན་ཏན་མ་བྱས་པའི་སྐྱོན་དཔེ་དོན་དང་། དྲང་། དཔེ་ཅི་ལྟར་ཞེ་ན། རལ་ཁ་འགྱེད་པའི་ཚེ་རལ་གྲིའི་སོ་ལ་ནན་ཏན་དུ་ཡུ་བ་ནས་ལེགས་པར་མ་བཟུང་ན་ལག་པ་ཆོད་པར་འགྱུར་བ། དེ་བཞིན་དུ་རྣལ་འབྱོར་པ་དམ་ཚིག་དང་ལྷ་སྒོམ་པ་ལ་ནན་ཏན་མེད་པའི་གསང་སྔགས་པས་ཚེ་འདིར་ཕུང་བའམ། ཡང་ན་ཕྱི་མར་བསྒྲུབ་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་མེད་པར་འགྱུར་རོ། །བརྩོན་འགྲུས་མེད་པའི་སྐྱོན་ནོ། །དྲང་། སྐྱོན་འཇུག་པ་དེ་བས་ལྷའི་སྒོམ་བཟླས་ལ་བར་ཆད་ཅིང་བརྩོན་འགྲུས་མེད་ན། དཔེར་ན་ས་བོན་ཚིག་པ་ལས། འབྲས་བུ་འདོད་པ་དང་འདྲ་སྟེ། བསྒྲུབ་པའི་འབྲས་བུ་མཆོག་ཐུན་མོང་གང་ཡང་མེད་པར་འགྱུར་བ་དང་། མི་ཁོམ་པའི་གནས་བརྒྱད་ལ་སོགས་པ་ཁ་འཁོར་བར་བརྒྱུད་པར་འགྱུར་རོ། ༈ །ཞལ་མཐོང་བ་ལ་མོས་ཤིང་བསྒྲུབ་པའི་ཕན་ཡོན་ནོ། །དྲང་། རྣལ་འབྱོར་པ་གང་ཞིག་གི་ཡི་དམ་ལྷའི་ཞལ་མཐོང་བའི་ལྷ་ལ། མོས་པ་བྱས་པ་ཡིས། ལྷ་ལ་བསྙེན་བསྐུར་བྱས་པ་དང་། མཆོད་པ་བྱས་པའི་བསོད་ནམས་ཀྱིས། མི་དགེ་བ་བཅུ་དང་འཚམ་མེད་པ་ལྔ་སྟེ་བཅོ་ལྔ་ལ་སོགས་པ་ལས་ངན་ཐམས་ཅད་རྩ་བ་ནས་སྦྱངས་ཏེ་རིག་འཛིན་ལ་སྦྱོར་རོ། ༈ །བཅུ་བཞི་འདའ་ཀ་མ་ལ་དབྱེ་བ་མེད་དོ། །དྲང་། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་པ་གང་གིས་མི་རྟག་སྟེ་ཚེ་འཕོ་བའི་དུས་མཐོང་ན་ཡང་ཡི་དམ་ལྷའི་སྐུ་ཕྱག་རྒྱ་མ་ཉམས་པ་ཏིང་ངེ་འཛིན་གསལ་བར་ཡིད་ལ་བཟུང་སྟེ། སྔར་མི་དགེ་བ་བསག་པའི་ལས་ཀྱིས་ངན་སོང་ལ་སོགས་མི་འཁོལ་བར་རང་ཉིད་གང་འདོད་པའི་སངས་རྒྱས་ཀྱིས་ཞིང་ཁམས་ཁྱད་པར་ཅན་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སྐུ་ཚོན་གང་བ་གཅིག་གསལ་བར་བྱས་ཏེ། དབུགས་ཀྱི་རྟ་ལ་བསྐྱོན་ནས། ཡཾ་ལས་རླུང་གི་སྟོབས་ཀྱིས་བསྐུལ་བར་བྱས་ཏེ་སངས་རྒྱས་ཀྱི་ཞིང་ཁམས་སུ་འཕང་བར་བྱའོ། །ཡང་ན་ཨ་ཡང་སྟོབས་ཀྱིས་བསྐུལ་བར་བྱ། །ཞེས་པ་འདི་ལ། རང་གི་རིག་པ་ཡི་དམ་ལྷར་གསལ་བ་དེ་ཨ་ལས་ཟླ་བའི་དལ་གྱི་སྟེང་དུ་བཞག །ཡཾ་ལས་རླུང་གིས་བཏེགས་ཏེ་ཨ་ཡྃ་ཨུ་ཏི་ཕཊ་ཛཿ ཞེས་བརྗོད་དེ། རང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་མོས་ནས་དེར་འཕང་། ནུབ་ཕྱོགས་པདྨ་ཅན་དུ་འཕོས་ན་དེར་འཕང་སྟེ། རང་གང་མོས་ཀྱི་གནས་སུ་བསྐུལ་བར་བྱའོ། །བཅོ་ལྔ་པ་འབྲས་བུ་ལ་གསུམ། བགྲང་། གནས་སྐབས་ཀྱི་འབྲས་བུ་རིག་འཛིན་ལ་སྦྱོར་བ་དང་། དྲང་། ཐོད་རྒལ་བ་རྣམ་སྨིན་གྱི་རིག་འཛིན་ཐོབ་པ་ལ་ཐེ་ཚོམ་མེད་དེ། ཉམས་མཐར་མ་ཕྱིན་ཅིང་བློ་ཆུང་ན་འོན་ཏེ་རྣམ་སྨིན་དུ་མ་གྱུར་ན་ཡང་ཉམས་མཐོ་དམན་དང་། བློ་རྩལ་ཆེ་ཆུང་བརྩོན་འགྲུས་དྲག་ཞན་རིམ་པ་ཡིས་རྣམ་སྨིན་རིག་འཛིན་དེ་ཉིད་བར་དེའི་ཚེ་ཕྱི་མའམ་སྐྱེ་བའི་ལན་གྲངས་གཞན་བརྒྱུད་ནས་ཐོབ་པར་འགྱུར་རོ། །ཉམས་མཐར་ཕྱིན་ཅིང་རྩལ་དང་བརྩོན་པ་རབ་ཡིན་ན་ཚེ་དབང་ཡང་ཚེ་ཕྱི་མ་ལ་ཐོབ་པའམ། ལན་གྲངས་གཞན་དུ་ཐོབ་པར་ངེས་སོ། །དེ་ཡང་ཕྱག་རྒྱ་གཅིག་པ་འདིའི་ལམ་མ་ནོར་བ་ཚུལ་བཞིན་ཉམས་སུ་བླངས་པའི་འབྲས་བུ་ནི། ཕྱོགས་མཐུན་དུ་གཟུགས་སྐུ་གཉིས་དང་། ཐུན་མོང་དུ་ལྷ་མིའི་ལུས་ཁྱད་པར་འཕགས་ཐོབ་པ་ནི་སྤྱི་ཙམ་ཡིན་ལ། བྱེ་བྲག་ཏུ་ཉེ་སྦྱོར་ནི་བློ་རྩལ་དང་། བརྩོན་པ་ཆེ་ན་ཐོད་རྒལ་དུ་རྣམ་སྨིན་རྣམས་རིག་འཛིན་དང་། བློ་རྩལ་དང་བརྩོན་པ་ཆུང་ན། ཐར་ཆག་སྤྲོས་པ་ཕྱག་རྒྱ་ལ་སྦྱོར་རོ། །སྤྱིར་གྱི་ཐོབ་རྒལ་གྱི་འབྱུང་ས་གོ་བ། འབྱུང་བའི་རྒྱུ་མཚན་དང་གསུམ་ལས། དང་པོ་ཐོད་རྒལ་འབྱུང་ས་ནི། ཟག་བཅས་ཀྱི་ལམ་གྱི་སྐབས་སུ། ཕྱག་རྒྱ་གཅིག་དང་། སྤྲོས་བཅས་གཉིས་ནས་འབྱུང་སྲིད་ཀྱིས་ཁྱབ་པ་ནི་མེད། ཟག་མེད་ལམ་གྱི་སྐབས་སུ། ཚེ་ལ་དབང་བའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་གཉིས་ཀྱི་ས་ནས་འབྱུང་བ་སྲིད་ཀྱི། ཁྱབ་པ་ནི་མེད་དོ། །གཉིས་པ་ཐོད་རྒལ་གྱི་གོ་བ་ནི། ལམ་བར་ནས་བོར་ནས་གྲངས་ཀྱི་འོག་མ། དོན་གྱི་གོང་མ་ལ་སྦྱོར་བ་ཞིག་ཡིན་ནོ། །གསུམ་པ་ཐོད་རྒལ་འབྱུང་བའི་རྒྱུ་མཚན་ནི། ལམ་རིམ་གྱིས་པ་གང་ཞིག །ལམ་བར་ནས་བོར་དུ་ཡོད་པ་དང་གཅིག །ངང་གི་བློ་ཆེ་བ་དང་གཉིས། སྟོང་པ་དང་སྙིང་རྗེ་དབྱེར་མེད་སྒོམ་པའི་ལམ་པ་ཡིན་པ་དང་གསུམ་མོ། །གཞི་གཅིག་ལ་འཚོག་ན་འབྱུང་གིས། དེ་ལས་གཞན་དུ་མི་འབྱུང་ངོ་། །རྒྱུ་མཚན་དེའི་ཕྱིར། སྟོང་པ་ཆེན་པོའི་རྣལ་འབྱོར་དང་། སྙིང་རྗེ་སྒྱུ་མ་སྒོམ་པའི་རྣལ་འབྱོར་གཉིས་ངང་གི་བློ་ཆེ་བ་ཡིན་ཡང་། ལམ་ཕྱག་རྒྱ་གཅིག་སྤྲོས་ཚོམ་བུ་ཚོགས་བསྒྲུབ་དང་གསུམ་བར་ནས་བོར་དུ་ཡོད་ཀྱང་། སྟོང་ཉིད་སྙིང་རྗེ་དབྱེར་མེད་སྒོམ་པའི་ལམ་པ་མ་ཡིན་པའི་ཕྱིར་ཐོད་རྒལ་མི་འབྱུང་ལ། ཟག་བཅས་བར་ཆད་མེད་པའི་ལམ། ཚོམ་བུ་ཚོགས་བསྒྲུབ་པ་བློ་ཆེ་ཤོས་དང་། ཟག་མེད་མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་གཉིས་ནི། ངང་གི་བློ་ཆེ་བ་ཡང་ཡིན། སྟོང་པ་དང་སྙིང་རྗེ་དབྱེར་མེད་སྒོམ་པའི་ལམ་པ་ཡིན་ཀྱང་། ལམ་བར་ལ་བོར་དུ་མེད་པའི་ཕྱིར་། ཐོད་རྒལ་མི་འབྱུང་། རྣམ་པར་སྨིན་པའི་རིག་འཛིན་སྟོང་པ་དང་སྙིང་རྗེ་དབྱེར་མེད་སྒོམ་པའི་ལམ་པ་ཡང་ཡིན། ལམ་བར་ནས་བོར་རྒྱུ་ཡང་སྒོམ་ལམ་དང་མཐར་ལམ་གཉིས་ཡོད་ཀྱང་། ངང་གིས་བློ་ཆུང་བ་ཡིན་པའི་ཕྱིར། ཐོད་རྒལ་མི་འབྱུང་ངོ་། ༈ །མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པ་དང་། དྲང་། རྣལ་འབྱོར་པ་ཕྱག་རྒྱ་གཅིག་པའི་རིག་འཛིན་ལས་སུ་རུང་རྣམས་ཀྱིས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་རང་རིག་པའི་མངོན་སུམ་དུ་གསལ་བ་རྫོགས་པར་འགྱུར་ཞིང་ཏིང་ངེ་འཛིན་ལྷར་གསལ་བའི་ཚད་ཡུལ་གྱིས་མི་འཕྲོག་པ་ལ་བརྟེན་པ་ཐོབ་ནས་ཡིད་གཉིས་དང་ཐེ་ཚོམ་མེད་པར་གྱུར་ན། མཐར་ཐུག་གི་འབྲས་བུ་རྒྱལ་བའི་སྐུ་གསུང་ཐུགས་ཀྱིས་དཀྱིལ་འཁོར་གྱི་དངོས་གྲུབ་ཆེན་པོ་འབར་བ་ཡི་གེ་འཁོར་ལོ་ཚོགས་ཆེན་ཉིད་དུ་འགྲུབ་པར་འགྱུར་རོ། །མ་ཐོབ་ཀྱང་ངན་སོང་དང་ཐེག་དམན་དུ་ལྟུང་མྱུར་རོ། །དྲང་། འདི་ལྟར་བཤད་པ་བཞིན་སྒོམ་ཞི་བསྒྲུབ་པར་བྱས་ན་འབྲས་བུ་ཚེ་འདི་ལ་མངོན་སུམ་དུ་མ་བྱུང་ཡང་། ཚེ་རབས་སྐྱེ་བ་ཐམས་ཅད་དུ་ལྷ་མིའི་མཚན་བཟང་པོ་ཁྱད་པར་ཅན་དབང་པོ་གསལ་ལ་ཚམ་པ་རྫོགས་ཤིང་བདག་གཞན་གྱི་སྡུག་བསྔལ་སེལ་བར་བྱེད་པའི་གང་ཟག་ལ་སྐྱེ་བ་བླང་ངོ་། །བདེ་བར་གཤེགས་པ་སྤྲུལ་པའི་སྐུ་འཇིག་རྟེན་དུ་འབྱུང་བ་དང་། གནས་དང་དུས་ཀྱིས་མི་བསྐོལ་ཞིང་འཕྲད་པ་དང་། འཕྲད་ནས་ཀྱང་མཚན་ཉིད་ཀྱི་ཐེག་པར་འཇུག་པར་མི་འགྱུར་ཏེ། ཐེག་མཆོག་གསང་སྔགས་བླ་ན་མེད་པའི་བྱང་ཆུབ་ལས་མི་ལྡོག་པའི་གཟུང་ལ་ཞུགས་པ་ཡིན། དེ་ལྟ་བུའི་ཡོན་ཏན་ཡོད་པ་དེ་བས་ན་གསང་སྔགས་ཀྱི་ལམ་ཕྱག་རྒྱ་གཅིག་པ་འདི་དང་བྲལ་བར་མི་བྱའོ། །ལེའུའི་མཚན་ནོ། །དྲང་། བདེན་གསུམ་དབྱེར་མེད་ལྷ་ཕྱག་རྒྱ་གཅིག་པའི་ཏིང་ངེ་འཛིན་ནི་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས་གཅོད་ཅིང་མཚམས་འཛིན་པར་བྱེད་པའི་དོན་གྱི་ན་ལེའུ་སྟེ་ཡས་བགྲང་ལྔ་པའི་དོན་དུ་གདའོ། ༈ །ལེའུ་དྲུག་པ་སྤྲོས་བཅས་ཀྱི་རྣལ་འབྱོར་ལ་གསུམ། བགྲང་། ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། རང་གི་ཡི་དམ་གྱི་ལྷ་ཞི་ཁྲོ་ཕྱག་རྒྱ་གཅིག་པ་རྟོགས་ཤིང་གོམས་པའི་ངང་ལ་ཕྱག་འཚལ་ཏེ། ལྷ་གཅིག་ལས་དུ་མ་སྤྲོས་པའི་ཚུལ་དུ་སྒོམ་པ་ཕྱག་རྒྱ་སྤྲོས་པ་དང་བཅས་པའི་རྣལ་འབྱོར་ཏིང་ངེ་འཛིན་གྱི་རིམ་པ་བཤད་པར་བྱའོ། ༈ །གཞུང་གི་དོན་ལ་གཉིས། བགྲང་། ལུས་སྔ་མ་དང་མཐུན་པར་བསྟན་པ་དང་། དྲང་། ཕྱག་རྒྱ་སྤྲོས་བཅས་སྒོམ་པའི་གཞི་བོའི་ལུས་མདོར་བསྟན་པ་དང་། སྔར་དེ་ཏིང་གི་སྐབས་སུ་དོན་བཅོ་ལྔ་བཤད་པ་དེ་ལྟ་བུར། འདིར་ཡང་དོན་བཅོ་ལྔ་བཞག་པ་དེ་རྣམ་པར་གྲོལ་བའི་ཕྱིར། ཡན་ལག་རྒྱས་པར་བཤད་པར་བྱའོ། །ཡན་ལག་རྒྱས་པར་བཤད་པ་ལ་དོན་བཅོ་ལྔ། དང་པོ་སྔོན་བྱ་བ་ལ་གསུམ། བགྲང་། སྔོན་དུ་རྟེན་བཞེངས་པ་དང་། དྲང་། དེ་ཏིང་སྟོང་པ་ཆེན་པོ་དང་། སྙིང་རྗེ་སྒྱུ་མ་དང་། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་རྣམ་པ་གསུམ་ཕྱག་རྒྱ་སྤྲོས་པའི་སྔོན་དུ་རྫོགས་པར་བྱས་ནས། ས་ལ་སོགས་པའི་ཁུང་ནས་གསེར་དངུལ་ར་ཤིང་ལ་སོགས་པ་རྣམས་ལ་གསལ་བའི་སྐུ་གསུང་ཐུགས་ཀྱིས་ཕྱག་རྒྱར་བྱ་སྟེ། དེ་ཡང་། རས། ཤོག་གུ། འཇིམ་པ། རྡུལ་མཚོན་ཏེ། རི་མོའི་རྒྱུ་བཞིའམ། རྦ་ཤིང་ལ་སོགས་པ་འབུར་དུ་བརྐོས་པའམ། གསེར་དངུལ་ཟངས་གསུམ་ལ་ལུགས་སུ་བླུགས་པ་དང་། འཇིམ་པ་ལས་འདེར་པོ་བྱས་པ་ལ་སོགས་པའི་དཀྱིལ་འཁོར་ནི་ལས་དང་བྱ་བས་ལྷག་པའི་གཟུགས་བརྙན་གྱི་བསྒྲུབ་པའི་ཁང་བུ་དང་བཅས་པ་དངོས་སུ་བཞེངས་པ་ལ། ཡེ་ཤེས་ཀྱི་བྱིན་རླབས་དང་རབ་གནས་ལྡན་པར་བྱས་ལ་རྟེན་དུ་གཟུང་བར་བྱའོ། །དེ་ཡང་གོང་གི་རི་མོ་རྒྱུ་བཞི་འབུར་ལུགས་འདི་རྣམས་ལ། ཀུན་འདུས་ལེའུ་གསུམ་པ་ལས། ཤིང་ཤུན་རས་ཀྱི་དུར་ཁྲོད་ཀྱིས། །ཞིང་ཆེན་རས་ལ་ཁ་དོག་ལྔས། །ཕྱག་རྒྱ་འབར་བའི་གཟུགས་བྲིས་ནས། །དེ་ནི་མཚན་མ་འབྱུང་བའི་རྟེན། །རྡོ་དང་ཤེལ་རྡོ་ལ་སོགས་པའི། །དུང་དང་བ་སོའི་རྒྱུ་ལས་ནི། །མཁས་པས་འབུར་དུ་བཏོད་བྱས་ནས། །མཚན་མ་འབྱུང་བའི་རྟེན་དུ་བྱ། །གསེར་དངུལ་རིན་ཆེན་ལ་སོགས་པ། །ཟངས་ལྕགས་འབར་བའི་རྒྱུ་དག་ལས། །མཚོན་གྱིས་བླུགས་ཏེ་མ་ཉམས་ན། །དེའང་མཚན་མའི་རྟེན་དུ་འགྱུར། །ཀླག་ཤ་བྱང་ཆུབ་ཤིང་ལ་སོགས། །ཀླུ་ཤིང་ཡལ་ག་མཉེན་པ་ལ། །ཕྱག་རྒྱའི་ལུགས་ཏེ་ལེགས་སྦྱར་ནས། །དེ་ཡང་རྟེན་དུ་མཁས་པར་བཤད། །མཉེན་ཞིང་སྤྱིན་པའི་མཆོག་རྣམས་ལ། །གཞན་དང་འབྲེལ་ཁུག་ལེགས་སྦྱར་ཏེ། །ཕྱག་རྒྱ་ཆེན་པོའི་གཟུགས་བྱས་ནས། །དེའང་བརྟེན་པའི་འོས་སུ་འགྱུར། །ཞེས་གསུང་། ༈ །མཆོད་རྫས་བཤམས་པ་དང་། དྲང་། མ་ཧཱ་བྷ་ལིང་ཏེ་གཏོར་མ་ཆེན་པོ་དང་། ཨ་མྲྀ་ཏ་བདུད་རྩི་སྨན་དང་། དམར་ཆེན་རཀྟ་དང་། ཕྱིའི་མཆོད་པ་རྣམ་ལྔ་དང་། ནང་གི་མཆོད་པ་གསུམ་པོ་རྣམས་དགྲ་བཅོམ་ལུགས་ནི། སེམས་ཅན་རྣམས་ཀྱི་དུག་གསུམ་བསྡུས་ནས། །དཔའ་ཆེན་པོའི་ཞལ་གཡས་དཀར་བ་ལ་བདུད་རྩི་གཡས། གཡོན་དམར་བ་ལ་རཀྟ་གཡོན། དབུས་མཐིང་ཀ་ལ་གཏོར་མ་འབུལ་བ་ཡིན་པས་གཏོར་ཆེན་དབུས་སུའོ། །རོལ་མོའི་བྱེ་བྲག་མི་འདྲ་བའི་མཆོད་པ་རྣམས་དང་། སོགས་ཁུངས་སུ་བླ་རེ། རྒྱལ་མཚན། གདུགས། བ་དན། ཕན་ལ་སོགས་པ། དད་ལྡན་དྭངས་བ་འདྲེན་པའི་དམིགས་པའི་ཆ་རྐྱེན་ཡོད་བྱད་རྣམས། ཅི་ལྟར་འོས་པ་བཞིན་དུ་བསྡུ་བར་བྱའོ། ༈ །ཕྲིན་ལས་ཀྱི་སྔོན་དུ་བྱའོ། །དྲང་། ཕྱོགས་བཅིང་ཞེས་པ་ནི། རྒྱལ་ཆེན་རིགས་བཞིའི་ཐོ་བརྩིག་པ་དང་། ཁྲོ་བཅུས་བསྲུང་བའི་གུར་ཆེན་ཕུབ་པའོ། །དེ་ནས་ཡན་ལག་བརྒྱད་པ་ནས་བཟུང་སྟེ། བཤགས་པ། དམ་བཅའ། བྱིན་ཕབ་ཡན་ཆད་ཀྱི་རིམ་པ་རྫོགས་པར་བྱས་ནས། རང་ཉིད་ལས་ཀྱི་བདུད་རྩི་འཁྱིལ་པའམ། ཡི་དམ་གྱི་ལྷ་གང་ཡིན་པའི་རྣལ་འབྱོར་དང་ལྡན་པའི་ཏིང་ངེ་འཛིན་གྱི་ཕྱི་ནང་གི་མཆོད་རྫས་རྣམས་ཚུལ་བཞིན་བྱིན་གྱིས་རླབས་པར་བྱས་ལ། དེ་ཡང་ཐོག་མར་བདུད་རྩིའི་ཆུས་བསང་བ་གཞུང་བཞིན་དུ་བྱ་ཞིང་བགེགས་བསྐྲད་དེ་མཆོད་པ་བྱིན་གྱིས་རླབས་ལ་བསྟན་ལ་འདུག་གོ། །གཉིས་པ་དགོས་ཆེད་ལ་གཉིས། བགྲང་། བདག་དོན་དང་། དྲང་། རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་ཞིང་། སྤྱོད་ཡུལ་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བྱིན་གྱིས་རླབས་པ་དང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མཐར་དབྱུང་བ་སྟེ་ཐོབ་པར་བྱ་བ་དང་། ཚོམ་བུ་ཚོགས་བསྒྲུབ་པ་ལ་སྤྲོས་པ་མཐར་ཕྱིན་པའི་དུས་ཀྱི་བསྒྲུབ་དགོས་པའི་ཕྱིར་སྒོམ་པ་དང་། ༈ །གཞན་དོན་ནོ། དགུག་པ་ནི་དབང་དུ་བསྡུ་བ་སྟེ། དགྲ་བགེགས་དགུགས་པ་དང་། ཡུལ་ཁམས་ལ་སོགས་པ་དབང་དུ་བསྡུ་བ་དང་། གཟུང་མ་དགུག་པའོ། །བཏང་བ་ནི། དགྲ་ལ། ལྟས་ངན་བཏང་བ་དང་། དགྲ་བགེགས་གཞན་དུ་བསྐྲད་ཅིང་བཏང་བ་དང་། མི་མཐུན་པའི་དགྲའི་ཡུལ་ཁམས་གཞན་དུ་བསྐྲད་ཅིང་བཏོང་བའོ། །བཅིང་བ་ནི། གཅན་གཟན་གྱི་ཁ་བཅིང་བ་དང་། མ་མོའི་ཇག་ཅིང་བླ་བཟུང་ལ་སོགས་པའོ། །དགྲོལ་བ་ནི། བྱད་དུ་བཅུག་པ་དགྲོལ་བ་སྟེ། ཕ་རོལ་གྱི་གདུག་པའི་མཐུ་ཐམས་ཅད་དགྲོལ་བ་དང་། ངག་ནན་དགྲོལ་བ། ལྕགས་བརྩོན་དོང་ནས་དགྲོལ་བའོ། །གསོ་བ་ནི། ཕ་རོལ་གྱི་ནད་དང་། རྨ་དང་། རིམས་དང་། མཛེ་གསོ་བ། སྲིན་བུ་ལོ་ཐོག་གསོ་བ་ལ་སོགས་པའོ། །བསད་པ་ནི། དགྲ་བགེགས་ལ་སོགས་པ་གསོད་པ་དང་། ཕམ་པ་ནི། ཕ་རོལ་གྱི་ཡུལ་དང་། བདུད་ཀྱི་དཔུང་ཕམ་པར་བྱེད་པའོ། །རྒྱལ་བ་ནི། རང་གི་ཡུལ་དང་། ཕྱོགས་ཐམས་ཅད་ལས་རྒྱལ་བར་བྱེད་པའོ། །དེ་རྣམས་ཕྱག་རྒྱ་སྤྲོས་པ་སྣང་འབྱེད་ཀྱི་ཏིང་ངེ་འཛིན་འདིས་བྱེད་པའི་ཕྱིར་རོ། །རྣལ་འབྱོར་པ་གང་དག་གདུལ་བྱ་ཅི་སྙེད་པ་རྣམས་ཕྱག་རྒྱ་སྤྲོས་པའི་སྒོ་ནས། ཕྲིན་ལས་ཀྱི་གདུལ་བྱ་འཁོར་བ་ནས་འདོན་དགོས་པའི་ཕྱིར་རོ། །དེ་དོན་གྱི་ཕྱག་རྒྱ་སྤྲོས་པ་ལ་དགོས་ཆེད་ཡོད་དོ། ༈ །གསུམ་པ་སྒོམ་ཐབས་ལ་གསུམ། དམ་ཚིག་གི་དཀྱིལ་འཁོར་བ སྐྱེད་པ་དང་། ཡེ་ཤེས་ཀྱིས་དལ་སྤྱན་དྲངས་ཤིང་བསྟིམ་པ་དང་དེ་ལ་མཆོད་ཅིང་ཕྲིན་ལས་ཀྱི་རིམ་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་བརྟན་པ་ཐོབ་ནས་ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་སྒོམ་པའང་རྣམ་པ་གཉིས་ཏེ། གང་ཞེ་ན། ཕྱག་རྒྱ་གཅིག་པ་དང་རྗེས་སུ་མཐུན་པར་ཞི་བ་སྤྲོས་བཅས་དང་། ཁྲོ་བོ་སྤྲོས་བཅས་གཉིས་སྟོན་ནོ། །ཞི་ཁྲོ་དེ་གཉིས་གང་རུང་རེ་རེ་ལ་རིམ་དང་ཅིག་ཆར་གྱི་ཚུལ་གཉིས་ཀྱི་གདུལ་བྱའི་བློ་ཆེ་ཆུང་གི་རིམ་པ་དང་ལྡན་པར་གང་འཚམས་པར་སྟོན་པ་ཡིན་ནོ། ༈ །རྒྱས་པར་བཤད་པ་ལ་གཉིས། ཞི་བ་ལ་བསླབ་པ་དང་། ཁྲོ་བོ་ལ་བསླབ་པའོ། །ཞི་བ་ལ་གཉིས། མདོར་བསྟན་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། སྔ་མ་ཞི་བ་དེ་ལ་རིམ་གྱིས་པ་དང་། ཅིག་ཆར་བ་གཉིས་ཡོད་དོ། ༈ །རྒྱས་བཤད་ལ་གཉིས། བགྲང་། ཅིག་ཆར་བ་དང་། དྲང་། མདོར་བསྟན་གྱི་སྐབས་སུ་རིམ་ཅིག་ཆར་གཉིས་ཕྱེ་བས་ཕྱི་མ་ཅིག་ཆར་དུ་འཇུག་པ་དེ་སོང་། ཕྱག་རྒྱ་གཅིག་པ་བཞིན་དུ་ཅིག་ཆར་དུ་འཇུག་པ་ནི། དཔེར་ན་ནམ་མཁའ་ལ་ཉི་ཟླ་གཟའ་སྐར་དུས་གཅིག་གསལ་བ་དེ་ཆུ་དཀྱིལ་རྒྱ་མཚོ་དྭངས་བར་གཟུགས་བརྙན་གསལ་བར་འཆར་བ་བཞིན་དུ། ཕྱག་རྒྱ་སྤྲོས་པའི་སྐུ་གསལ་བ་དེ་ཡང་གཅིག་གིས་འོད་དུ་འབར་བ་སྒོམ་པའང་། སྙིང་པོ་བརྗོད་པས་ཞི་བའི་འཁོར་ལོ་ལྷའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་ཡིན་དེ་གསལ་བའོ། །རིམ་གྱིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། དེ་སྔོན་ཕྱག་རྒྱ་གཅིག་པའི་སྐབས་ན་བསྟན་པ་བཞིན་སྤྲོས་བཅས་རིམ་གྱིས་འཇུག་པ་ནི། ལྟ་བ་མཐོང་བ་དང་། ལམ་སྔ་མའི་རྣལ་འབྱོར་ཏིང་ངེ་འཛིན་གསུམ་ཀའི་ཕྱག་རྒྱ་གཅིག་པ་གོམས་པའི་སྟོབས་ཀྱིས་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་ཐོབ་པས། དཔེར་ན་ཤེས་བྱ་གཅིག་ཤེས་ནས་དུ་མ་ལ་སློབ་པའི་ཚུལ་དུ་ཕྱག་རྒྱ་སྤྲོས་པ་ལྷའི་དཀྱིལ་འཁོར་དུ་མའང་། ཕྱག་རྒྱ་གཅིག་པ་ལ་གོམས་པའི་དབང་གསལ་བར་བྱེད་པའང་། ཅི་ལྟར་ཡིན་ཞེ་ན། ཞི་བ་ལས་ཁྲོ་བོར་མ་བསྒྱུར་བའམ་མ་བཅོས་རྣལ་མ་ཞི་བའི་དཀྱིལ་འཁོར་ལ་བཞི། འཁོར་ལོ་སྟེ་དལ་སྤྲོས་པ་དང་། ཚོམ་བུ་སྤྲོས་པ་དང་། རྣམ་གྲངས་སྤྲོས་པ་དང་། ཞལ་ཕྱག་སྤྲོས་པ་དང་བཞིའོ། ༈ །རྒྱས་པར་བཤད་པ་ལ་བཞི། བགྲང་། དལ་སྤྲོས་པ་ལ་བསླབ་པ་དང་། དྲང་། དལ་ལ་རྒྱས་བསྡུས་འབྲིང་གསུམ་ཡོད་པ་ལ་དང་པོ་དལ་བསྡུས་པ་ལྷ་བརྒྱད་ནི། རིགས་ལྔ་ཡབ་ཡུམ་བཅུ་སྒོ་བ་ཡབ་ཡུམ་བརྒྱད་དེ་བཅོ་བརྒྱད་དོ། །འབྲིང་པོ་ལ་བཞི་བཅུ་རྩ་གཉིས་ནི་གོ་སླའོ། །རྒྱས་པའི་དཀྱིལ་འཁོར་ལ་ལྷ་བརྒྱད་ཅུ་རྩ་གཉིས། རིགས་ལྔ་རེ་རེས་རིགས་ཀྱི་གཙོ་བྱས་པའི། ཡབ་ཡུམ་བཅུ་བཅུ་སྟེ་ལྔ་བཅུ་ཐམ་པའོ། །སེམས་དཔའ་སེམས་མ་བཅུ་དྲུག་སྟེ། དྲུག་ཅུ་རེ་དྲུག་དང་། སྒོ་བ་ཡབ་ཡུམ་བརྒྱད་དེ་དོན་བཞི། ཀུན་བཟང་ཡབ་ཡུམ་གཉིས། ཐུབ་པ་དྲུག་སྟེ་བརྒྱད་ཅུ་རྩ་གཉིས་སོ། །དཀྱིལ་འཁོར་སྤྲོས་པ་དེ་གསུམ་རིམ་པར་སློབ་པའི་ཚུལ་ལོ། ༈ །ཚོམ་བུ་སྤྲོས་པ་ལ་གསུམ། བགྲང་། ཚོམ་བུ་གཅིག་པ་ལ་བསླབ་པ་དང་། དྲང་། དལ་སྤྲོས་པ་གང་དུ་སོང་ནས་གཉིས་པ་ཚོམ་བུ་ལ་བསླབ་པ་ནི། བདག་སྟེ་རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས། གནས་པའི་གཞལ་ཡས་འཁོར་ལོ་རྩིབ་བཞི་པ་ལྟེ་བ་མུ་ཁྱུད་དང་བཅས་པ་གྲུ་ཆད་ལ་སྒོ་དོད་པ་གསལ་བར་བྱ་སྟེ། གདན་སེང་གེའི་ཁྲི་ལ་སོགས་སུམ་བརྩེགས་དང་ལྔ་བརྩེགས་དང་། ལྡན་པའི་དབུས་ཀྱི་ལྟེ་བ་ན་རིགས་ཀྱི་བདག་པོ་གཙོ་བོ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གནས་པ་དེ་ལ་རྡོ་རྗེ་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བརྒྱད། ཕྱོགས་བཞིའི་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་ཏེ། ཚོམ་བུ་གཅིག་པ་ལ་ལྷ་བཅོ་བརྒྱད་དོ། །ལྷའི་མིང་ནི་དམར་མཚན་བཞིན་ནོ། །གསུམ་པ་དང་། དྲང་། དེ་ལྟར་ཚོམ་བུ་གཅིག་པ་ལ་བློ་བརྟན་པ་ཐོབ་ནས། མདུན་དང་། རྒྱབ་དང་། དབུས་སུ་སྐུ་རྣམ་སྣང་། གསུང་སྣང་མཐའ། ཐུགས་རྡོ་རྗེ་སེམས་དཔའ་རྣམས་ལ་ལྷ་བཅུ་བཅུ་སྟེ། འཁོར་ལོའི་ཕོ་བྲང་དུ་ལྷ་སུམ་ཅུ་དང་། ཕྱོགས་མཚམས་ཀྱི་ཁྲོ་བོ་བཅུ་དྲུག་སྟེ་ལྷ་ཞེ་དྲུག་རྫོགས་པར་སྒོམ་པ་ལ། ཡི་གེ་ༀ་ཨཱཿཧཱུྃ་འབྲུ་གསུམ་སྐུ་གསུང་ཐུགས་ཀྱི་བརྡའོ། །ཚོམ་བུ་ལྔ་པ་ལ་བསླབ་པས་གསུམ་པ་ལྷ་ཉུང་། ཏིང་ངེ་འཛིན་ནི་བློ་སྟོབས་ཆུང་བས་མིའི་དབང་དུ་ཞེ་དྲུག་ཚོམ་བུ་གཙོ་བོ་གསུམ་པ་དེ་ལ་ཤིན་ཏུ་ཏིང་ངེ་འཛིན་གོམས་ཤིང་འདྲིས་པར་བྱ་བ་གཅེས་པ་ཡིན། ལྷའི་རྣམ་གྲངས་མཆན་བཞིན་ནོ། ༈ །ལྔ་པ་ལ་བསླབ་པའོ། །དྲང་། དེ་ལྟར་ཚོམ་བུ་གསུམ་པ་ལ་བློ་བརྟན་པ་ཐོབ་ནས་གཙོ་བོ་ཞལ་ཤར་དུ་གཟིགས་པའི་གཡས་ལྷོའི་རྩིབས་དང་། གཡོན་བྱང་གི་རྩིབས་ཉིད་དུ། ཡོན་ཏན་གྱི་རིགས་རིན་ཆེན་འབྱུང་ལྡན་དང་། ཕྲིན་ལས་ཀྱི་རིགས་དོན་ཡོན་གྲུབ་པ་ཡབ་ཡུམ་དཀྱིལ་དུ་གནས་པ་ལ་འཁོར་རང་རང་གི་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་འཁོར་དང་བཅས་པ་བཞག་སྟེ་ཕོ་བྲང་གི་ལྷ་བཅུ། ཕྱོགས་མཚམས་སྟེང་འོག་གི་ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ་ལྷ་བདུན་ཅུའོ། །དེའི་སྟེང་དུ་ཀུན་བཟང་ཡབ་ཡུམ་གཉིས་ཐུབ་པ་དྲུག །སྒོ་བ་བཞི་དང་བརྒྱད་ཅུ་ཡིན་ཡང་ཟེར། འདི་རྣམས་ཀྱི་མིང་གི་རྣམ་གྲངས་དམར་མཆན་དུ་གསལ་ལོ། །ཚོམ་བུ་གསུམ་པ་བས་ལྔ་པའི་ཏིང་ངེ་འཛིན་སྟོབས་ཆེ་བས་རྣལ་འབྱོར་དབང་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསྒྲུབ་པའི་ཚོམ་བུ་ལྔ། དེ་ལ་ཤིན་ཏུ་འདྲིས་ཏེ་སྤྲོས་པའི་ཏིང་ངེ་འཛིན་མཐར་ཕྱིན་ནས་བསྒྲུབ་པ་དུས་ཀྱི་ཚོགས་བསྒྲུབ་ལ་སྦྱར་རོ། །སྐབས་འདིར་ཚོམ་བུ་དང་དཀྱིལ་འཁོར་གང་ཞེ་ན། སྒོམ་བྱ་ལྷའི་ཁྱད་པར་དང་། སྒོམ་བྱེད་རྣལ་འབྱོར་པའི་ཁྱད་པར་གཉིས་སོ། །དང་པོ་ནི། གཙོ་བོའི་ངོས་ནས་བཞག་པ་ཚོམ་བུ་སྟེ། གཙོ་བོའི་རིགས་གཅིག་གི་བྱས་པ་ཚོམ་བུ་གཅིག་པ་དང་། གཙོ་བོའི་རིགས་གསུམ་གྱིས་བྱས་པ་ཚོམ་བུ་གསུམ་པ། གཙོ་བོའི་རིགས་ལྔས་བྱས་པ་ཚོམ་བུ་ལྔ་པ་སྟེ། དེ་དག་ཀྱང་གཙོ་བོ་འཁོར་ལྷ་གྲངས། གྲལ་ངེས་པ་ཅན་ཡིན་ནོ། །ལྷའི་རྣམ་གྲངས་བྱུང་རྫོགས་ཀྱིས་ངོས་ནས་བཞག་པ་དལ་སྟེ། ལྷ་གྲངས་དང་གྲལ་མ་ངེས་པ་ཡིན་ནོ། །ཡང་རིགས་འགྱུར་གྱི་ཡེ་ཤེས་མི་འགྱུར་བ་ཚོམ་བུ་དང་། རིགས་དང་ཡེ་ཤེས་གཉིས་ཀ་འགྱུར་བ་དལ་དུ་བཞེད་པ་ཡོད་དོ། །དེ་དག་གི་གོ་དོན་ནི་སྐུ་སྒྱུ་འཕྲུལ་གྱི་སྐབས་སུ་གཙོ་བོ་དབུས་ཀྱི་རྣམ་སྣང་གི་བྱེད་ལ། གསུང་སྒྱུ་འཕྲུལ་གྱི་སྐབས་སུ་དབུས་ཀྱི་གཙོ་བོ་མཐའ་ཡས་ཀྱི་བྱེད་པ་ལ་སོགས་པ་ནི། རིགས་འགྱུར་བ་ཡིན་ལ། རིགས་ཅི་ལྟར་འགྱུར་ན། དབུས་ཀྱི་གཙོ་བོའི་ཐུགས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་པ་ལ་སོགས་པ་ནི། རིགས་འགྱུར་ཡང་ཡེ་ཤེས་མི་འགྱུར་བ་ཞེས་བྱ་ལ། དབུས་ཀྱི་གཙོ་བོ་རྣམ་སྣང་གི་བྱེད་ན། དེའི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་པ་ལ་སོགས་པ་དང་། དབུས་ཀྱིས་གཙོ་བོ་མཐའ་ཡས་ཀྱི་བྱེད་ན། དེའི་ཐུགས་སོ་སོར་རྟགས་པའི་ཡེ་ཤེས་ཡིན་པ་ལ་སོགས་པ་ནི། རིགས་དང་ཡེ་ཤེས་གཉིས་ཀ་འགྱུར་ཞེས་བྱའོ། །དེའི་ཕྱིར་ན་ཐུགས་སྒྱུ་འཕྲུལ་གྱི་སྐབས་འདིར་། ཚོམ་བུ་གཅིག་གསུམ་ལྔ་པ་ཀུན་གྱི་གཙོ་བོ་རྡོ་རྗེའི་རིགས་ཡིན་པ་བཞིན་དུ། སྐུ་སྒྱུ་འཕྲུལ་གྱི་སྐབས་སུ། ཚོམ་བུ་གཅིག་གསུམ་ལྔ་པ་ཀུན་གཙོ་བོ། དེ་བཞིན་རིགས་ཡིན་པ་ལ་སོགས་པའི་བཞེད་པའང་ཡོད་དོ། །གཉིས་པ་སྒོམ་བྱེད་རྣལ་འབྱོར་པའི་ཁྱད་པར་ནི་ལྷ་དང་རྣལ་འབྱོར་པ་བྲང་སྤྲད་དུ་སྒོམ་པ་ཚོམ་བུ་ཡིན་ལ། རྣལ་འབྱོར་ཕོ་མོ་གང་རུང་གཅིག་གིས་ཀྱང་། ལྷའི་དཀྱིལ་འཁོར་བྱུང་རྫོགས་སུ་སྒོམ་པ་དཀྱིལ་འཁོར་རོ། །ཡང་ན་ཕོ་མོ་ཟུང་དུ་འབྲེལ་བའི་སྒོ་ནས་བསྒྲུབ་པ་ནི་ཚོམ་བུ། ཕོ་རྐྱང་མོ་རྐྱང་གི་བསྒྲུབ་ཏུ་རུང་བ་ནི། དཀྱིལ་འཁོར་ཞེས་བཞེད་པ་ཡང་ཡོད་དེ། འོ་ན་གལ་ཏེ། དཀྱིལ་འཁོར་དང་ཚོམ་བུ་འདི་གཉིས་གང་རུང་གི་ཆོག་ན། གཉིས་ལ་བསླབ་པ་དོན་མེད་དུ་ཐལ་བ་དང་། གཉིས་ཀ་ལ་བསླབ་དགོས་ན། གཅིག་སྤྲོས་ནས་མཐོང་ལམ་ལ་སྦྱོར་མི་སྲིད་པར་འགྱུར་ཞེ་ན། བློ་ཆུང་ན་གཉིས་ཀ་དགོས་ཤིང་། ཆེ་ན་དལ་ཁོ་ནས་སྦྱོར་སྲིད་དོ། །དེ་བཞིན་དུ་ཚོམ་བུ་གཅིག་གསུམ་ལྔ་པ་གང་རུང་གཅིག་གིས་ཀྱང་འབྲས་བུ་ལ་སྦྱོར་ན། བརྟེན་ནས་མདུན་རྒྱབ་བསྒྲུབ་པ་དང་། ཞེས་པ་དང་། བརྟེན་པ་གཡས་དང་གཡོན་ཉིད་དུ། ཞེས་རིམ་པར་སྦྱར་བར་གསུང་པ་དང་འགལ་ཞིང་། གསུམ་ཀ་སྒོམ་དགོས་ན་ཡང་ན་སྐུ་གསུང་ཐུགས་ཉིད་དོ། །ཞེས་འདམ་ཀར་གསུང་པ་དང་འགལ་ལོ་ཞེ་ན། སློབ་དུས་སུ་རིམ་པར་སྒོམ་ལ། བསྒྲུབ་དུས་སུ་གང་རུང་སྒོམ་པས་འབྲས་བུ་ལ་སྦྱོར་རོ། ༈ །རྣམ་གྲངས། སྤྲོས་པ་ལ་གཉིས། བགྲང་། རྩ་བའི་རྣམ་གྲངས་སྤྲོས་པ་དང་། དྲང་། མདོར་བསྟན་གྱི་གསུམ་པ་རྣམ་གྲངས་སྤྲོས་བཅས་ལ་བསླབ་པའི་དང་པོ་ནི། རྩ་བའི་ལྷ་གཙོ་བོ་རྡོ་རྗེ་སེམས་དཔའི་སྐུ་ཉིད་དུ་གསལ་བའི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་ནས་སྐུ་རྣམ་སྣང་དང་། གསུང་གི་སྣང་བ་མཐའ་ཡས་འཁོར་མེད་པའི་ངོ་བོར་གསལ་བར་བྱ། དེ་ལྟར་གསུམ་པོ་ལ་ཏིང་ངེ་འཛིན་འཚོར་བ་མེད་པར་བརྟན་པ་ཐོབ་ན། ཡོན་ཏན་རིན་ཆེན་འབྱུང་ལྡན་དང་། །ཕྲིན་ལས་དོན་གྲུབ་སྟེ་རིགས་ལྔ་ཆར་སངས་རྒྱས་རྫོགས་པར་སྒོམ། དེ་ཡང་ཡབ་ཡུམ་ཟུང་དུ་འབྲེལ་པར་སྒོམ་པ་ལ་བློ་བརྟན་པ་ཐོབ་པར་བྱས་ནས་བཞི་བཅུ་རྩ་གཉིས་བསླབ་པ་ནི། གཙོ་བོ་རིགས་ལྔ་པོའི་དོན་ལ་རང་རང་གི་རིགས་སུ་སྤྲོས་པའི་སངས་རྒྱས་བཞི་བཅུ་རྩ་གཉིས་སུ་བྱེད་པ་གང་གིས་ཀྱང་མ་བཅོས་ངང་གིས་གནས་པ་ལ་དེ་ལྟར་རྟོགས་པའི་ཡེ་ཤེས་ཀྱི་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་སྒོམ་མོ། ༈ །ཡན་ལག་གི་རྣམ་གྲངས་སྤྲོས་པ་ལ་གསུམ། བགྲང་། སངས་རྒྱས་སྟོང་གི་དཀྱིལ་འཁོར་བསླབ་པ་ལ་གཉིས། བགྲང་། བསླབ་པ་དངོས་དང་། དྲང་། ཡན་ལག་གི་ལྷ་བཞི་བཅུ་ཐམ་པ་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་ལྡན་པར་སྒོམ་སྟེ། དེ་ཡང་བདག་རྩ་བའི་ལྷ་མི་བསྐྱོད་པ་ཡབ་ཡུམ་ཡིན་པའི་དབང་བརྩན་དུ་བྱས་ནས། དེ་ལྟར་གསལ་བ་ལས། གཞན་ཡན་ལག་གི་ལྷ་ཡབ་ཉི་ཤུ་རྩ་གསུམ་རྩ་བའི་ལྷ་ཡབ་ལ་དགོད་དེ་དབུ་ལ་རྣམ་སྣང་དང་། ལག་པ་གཉིས་ཀྱིས་འདམ་རྩའི་གཡས་ཀྱི་ཆ་ལ་ཀུན་བཟང་དང་། གཡོན་གྱི་ཆ་ལ་རིན་ཆེན་འབྱུང་ལྡན་དང་། རྐང་པ་གཉིད་ཀྱི་འདམ་རྩའི་གཡས་ཀྱི་ཆ་ལ་དོན་སྒྲུབས། གཡོན་གྱི་ཆ་ལ་མཐའ་ཡས། མིག །རྣ་བ། སྣ། ལྕེ་རྣམས་ཀྱི་འདམ་རྩའི་གཡས་ཀྱིས་ཆ་རྣམས་སུ་རིམ་པ་བཞིན་ས་སྙིང་ཕྱག་རྡོར་ནམ་སྙིང་། སྤྱན་གཟིགས་གཡོན་གྱི་ཆ་རྣམས་སུ། བྱམས་པ། སྒྲིབ་སེལ། ཀུན་བཟང་། འཇམ་དཔལ་རྣམས་བཀོད་དོ། །ལག་མཐིལ་གཡས་གཡོན་དང་། རྐང་མཐིལ་གཡས་གཡོན་ལ། གཤིན་རྗེ། སྟོབས་པོ་ཆེ། བདུད་རྩི་འཁྱིལ་བ། རྟ་མགྲིན་རྣམས་དགོད་དོ། །འཚོག་མ། སྟ་ཟུར། སྙིང་ག །མགྲིན་པ། ལྟེ་བ། སུམ་མདོ་རྣམས་སུ་ལྷ་ལ་སོགས་པའི་ཐུབ་དྲུག་བཀོད་དོ། །དེ་བཞིན་དུ་ཡན་ལག་ལྷ་ཡུམ་བཅུ་བདུན་རྩ་བའི་ལྷ་ཡུམ་ལ་བཀོད་དོ། །བཀོད་ཚུལ་སྔར་གྱི་ཡབ་དང་མཚུངས་སོ། །རྩ་བའི་ལྷ་རྣམ་སྣང་ཡབ་ཡུམ་དབང་བ་ཅན་དུ་བྱས་ནས། ཡན་ལག་གི་ལྷ་བཞི་བཅུ་བཀོད་ན། ལག་པ་གཉིས་ཀྱི་འདམ་རྩའི་གཡས་ཀྱི་ཆ་ལ་མི་བསྐྱོད་པ་དང་། གཡོན་གྱི་ཆ་ལ་ཀུན་ཏུ་བཟང་པོ་བཀོད་དོ། །དེ་བཞིན་དུ་རིན་འབྱུང་ཡབ་ཡུམ་ལ་སོགས་པའི་རྩ་བའི་ལྷ་ཡབ་ཡུམ། རང་རང་གི་བསྐྱེད་པ་གང་ཡིན་དུ། ཀུན་བཟང་ཡབ་ཡུམ་བཀོད་ལ། གཞན་རྣམས་སྔར་མི་བསྐྱོད་པ་ལ། ཡན་ལག་གི་ལྷ་བཀོད་པ་དང་མཚུངས་སོ། །ཡང་ཐུབ་དྲུག་རེ་རེའང་རྩ་བའི་ལྷ་ཡིན་པའི་དབང་བཙན་དུ་བྱས་ན། ཐུབ་དྲུག་ལ་ཡུམ་མེད་པས། གཡས་ཀྱི་ཆ་ལ་ཡབ་ཉི་ཤུ་རྩ་གསུམ་དང་། གཡོན་གྱི་ཆ་ལ་ཡུམ་བཅུ་བདུན་བཀོད་དོ། །སྤྱི་བོའི་གཡས་ཀྱི་ཆ་ལ་རྣམ་སྣང་དང་། གཡོན་གྱི་ཆ་ལ་སྤྱན་མ། ལག་པ་གཡས་ཀྱི་འདམ་རྩའི་མདུན་དང་རྒྱབ་ལ། མི་བསྐྱོད་པ་དང་། རིན་ཆེན་འབྱུང་དང་། རྐང་པ་གཡས་ཀྱི་འདམ་རྩའི་མདུན་དང་རྒྱབ་ཏུ། མཐའ་ཡས་དང་། དོན་འགྲུབ། གཡས་ཀྱི་མིག །རྣ་བ་སྣ། ལྕེ་རྣམས་ཀྱི་རྩའི་ནང་དུ། ནང་གི་སེམས་མ་བཞི། ཕྱི་རུ་ཕྱིའི་སེམས་མ་བཞི། ལག་མཐིལ་གཡས་ཀྱིས་མདུན་དང་རྒྱབ་ཏུ། གཤིན་རྗེ་གཤེད་དང་། སྟོབས་པོ་ཆེས། རྐང་མཐིལ་གཡས་ཀྱི་མདུན་དང་། རྒྱབ་ཏུ། བདུད་རྩི་འཁྱིལ་བ་དང་། རྟ་མགྲིན་དགོད། དེ་ཡང་རྩ་བའི་ལྷ། ལྷའི་ཐུབ་པ་ཡིན་ན། །མཚོག་མར་ཀུན་ཏུ་བཟང་པོ། །ལྟ་ཟུར་ལ་སོགས་པ་ལ། ལྷ་མ་ཡིན་ལ་སོགས་པའི་ཐུབ་པ་དགོད་པ་སྔར་དང་མཚུངས་སོ། །མདོར་ན་རྩ་བའི་ལྷ་གང་ཡིན་ཡང་། ཡུམ་དང་བཅས་པ་རྣམས་རྩ་བའི་ལྷ་ཡབ་ཡུམ་གཉིས་ཀ་ལ། ཡན་ལག་གི་ལྷ་བཞི་བཅུ་དགོད་པ་ཡིན་ལ། ཡུམ་མེད་ཐུབ་པ་རྣམས་རྩ་བའི་ལྷ་རེ་རེ་ལ་ཡན་ལག་གི་ལྷ་བཞི་བཅུ་བཞི་བཅུ་དགོད་པ་ཡིན་ཏེ། ཡན་ལག་གི་ལྷ་ཀུན་བཟང་ཡབ་ཡུམ་ནི། རྩ་བའི་ལྷ་གང་དང་གང་ཡིན་པ། དེ་དང་དེའི་གནས་སུ་དགོད་པ་ནི་ཀུན་མཐུན་པ་ཡིན་ནོ། །དེ་ལྟར་ཡན་ལག་གི་ལྷ་བཞི་བཅུ་ནི། རགས་པའི་ཆ་ནས་ཐབས་ཀྱི་ལྷར་བཞག་ལ། དེ་ཉིད་ཡན་ལག་ཅེས་པས། མི་གཅིག་གྲུབ་ན་སྙིང་གཅིག་གྲུབ་པའི་ཚུལ་དུ། ཐབས་ཀྱི་ལྷ་རེ་རེའི་ཡང་སྲོག་གིས་སྒོར། ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་རེ་སྒོམ་མོ། །ཕྲ་བའི་ཆ་ནས་ཤེས་རབ་ཀྱི་ལྷར་བཞག་པ་ཡིན་ནོ། །དེ་ལྟར་ཐབས་དང་ཤེས་རབ་ཀྱི་ལྷ་བརྒྱད་ཅུ་ལ། ཤེས་རབ་ཀྱིས་ལྷ་བཞི་བཅུ་ནི། བུ་མོས་ཕའི་རབ་མི་ཟིན་པའི་ཚུལ་དུ་རྒྱན་དང་ཆ་ལུགས་རྣམ་པར་སྤངས་པ་ཡིན་ལ། ཐབས་ཀྱི་ལྷ་བཞི་བཅུ་པོ་རྩ་བའི་ལྷ་ཡབ་ཡུམ་གཉིས་ལ་བཀོད་པ་རྣམས་རེ་རེ་ལ་ཡང་གསུམ་འཕྲོས་འགྱུར་ཞེས་པས། དཔྲལ། མགྲིན། སྙིང་དཀར། སྐུ་གསུང་ཐུགས་ཀྱི་ལྷ་རེ་རེ་སྟེ། བརྒྱ་ཉི་ཤུའོ། །དེ་ལྟར་ཐབས་ཀྱི་ལྷ་བཞི་བཅུ་དང་བཅས་པ་བརྒྱ་དྲུག་ཅུ་པོ་རེ་རེ་ཡང་། གོང་གི་བདག་སྟེ་ཞེས་པས། རང་རང་གི་རིགས་ཀྱི་བདག་པོས་གཙོ་བྱས་པའི། དབུ་བརྒྱན་རིགས་ཀྱི་ལྷ་ལྔ་སྟེ་བརྒྱད་བརྒྱའོ། །མདོར་ན་ཐབས་དང་ཤེས་རབ་ཀྱི་ལྷ་བརྒྱད་ཅུ་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོའི་བརྒྱ་ཉི་ཤུ། དབུ་བརྒྱན་གྱི་ལྷ་བརྒྱད་བརྒྱ་སྟེ་ཀུན་དྲིལ་བས། རྩ་བའི་ལྷ་ཡབ་ཡུམ་གཉིས་ལ། ཡན་ལག་ལྷག་པའི་ལྷ་སྟོང་སྒོམ་པ་ནི། སངས་རྒྱས་སྟོང་གི་དཀྱིལ་འཁོར་ལ་བསླབ་པ་ཞེས་བྱའོ། །དེ་ཅི་ལྟར་ལྡན་ཚུལ་ལོ། །དྲང་། རྩ་བའི་ལྷ་སྟོང་སྟེ་ཡབ་རྡོ་རྗེ་སེམས་དཔའ་དང་དཔྱལ་ཏེ་ཡུམ་ནམ་མཁའ་དབྱིངས་ཕྱུག་མ་གཉིས་ཀྱི་སྐུ་ཕྱག་རྒྱ་དང་དེ་ལ་བཀོད་པའི་སངས་རྒྱས་སྟོང་གི་དལ་ཡང་སྐུ་རི་རབ་ཙམ་ལ་རྒྱན་ཏིལ་འབྲུ་ཙམ་བཀོད་པའི་ཚུལ་བཞིན་དུ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་བརྒྱན་ཅིང་སྤྲས་པའོ། ༈ །ཉི་ཁྲི་བཞི་སྟོང་ལ་བསླབ་པ་དང་། དྲང་། གོང་གི་ལྷ་སྟོང་ཚོ་ལྟར་དེ་ལྟར་རིགས་ཀྱི་གཙོ་བོ་ལྔ་ཡོད་པའི་ནང་ནས། ཐུགས་ཀྱི་རིགས་ཆོས་ཀྱི་ཡེ་ཤེས་མཆོག་ཏུ་གྱུར་པ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་ལྡན་པར་བྱས་ནས། ཆོས་བྱ་བ་མོ་ཡིད་བྱེད་པ་པོ་ཀུན་བཟང་ཡབ་ཡུམ་དང་། རྒྱལ་བ་རིགས་བཞིའང་ཡབ་ཡུམ་ལ། སྟོང་ཚོ་རེ་སྒོམ་པར་བྱ་སྟེ། སྟོང་ཚོ་དྲུག་གོ་བཅུ་གཉིས་ནི་སེམས་དཔའ་ཡབ་ཡུམ་ཟུང་བརྒྱད། སྒོ་བ་ཡབ་ཡུམ་ཟུང་བཞི་སྟེ། དེ་ལྟར་ཡབ་ཡུམ་ཟུང་བཅུ་གཉིས་ལ་སྟོང་ཚོ་བཅུ་གཉིས་ཏེ། གོང་གི་སྟོང་ཚོ་དྲུག་གི་སྟེང་དུ་སྟོང་ཚོ་བཅུ་གཉིས་བཞག་པས་སྟོང་ཚོ་བཅོ་བརྒྱད་དོ། །དྲུག་གི་འོད་འཕྲོ་བ་འབར་ཞེས་པ་འདི་ལ། ཐུབ་པ་དྲུག་ལ་སྟོང་ཚོ་དྲུག་གོ། །གོང་གི་སྟོང་ཚོ་བརྒྱད་པོ་དང་། སྟོང་ཚོ་ཉི་ཤུ་རྩ་བཞི་པོ་ཐམས་ཅད་ཀྱང་འོད་ཟེར་འཕྲོ་ཞིང་གཟི་བརྗིད་འབར་བ་དང་བཅས་པ་སྒོམ་པ་ནི། གཉིས་ཁྲི་བཞི་སྟོང་གི་དལ་ལ་བསླབ་པ་ལ་གཉིས་ཁྲི་བཞི་སྟོང་དུས་གཅིག་གསལ་ཞེས་བརྗོད་དོ། །བསམ་ཡས་ལྷུན་གྲུབ་ཀྱི་དལ་ལ་བསླབ་པའོ། །དྲང་། ཕྱི་སྣོད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ལྷའི་གཞལ་ཡས་སུ་སྒོམ་པ་ལ་ཉི་ཟླ་གཟའ་སྐར་ཐམས་ཅད་གདན་དང་རྒྱན་དུ་གསལ་ཞིང་། ནང་བཅུད་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་དལ་མ་ལུས་པར་སྒོམ་པས། བསམ་ཡས་ལྷུན་གྱིས་གྲུབ་པའི་ཏི ང་ངེ་འཛིན་དེ་ཉིད་ལ་སློབ་པའོ། ༈ །ཞལ་ཕྱག་སྤྲོས་པ་ལ་བསླབ་པའོ། །དྲང་། གྲངས་ཀྱི་བཞི་པ་ཞལ་ཕྱག་སྤྲོས་པ་ནི། དང་པོ་ཚོམ་བུ་གཅིག་པ་ལ་ཞལ་གསུམ་དྲུག་སྒོམ་མོ། །གཅིག་པ་ལ་བརྟན་པ་ཐོབ་ནས་ཚོམ་བུ་གསུམ་པ་ལའང་ཞལ་གསུམ་ཕྱག་དྲུག་སྒོམ་པ་གོང་གི་དེ་བཞིན་དེ་ལ་བརྟེན་ནས་ཚོམ་བུ་ལྔ་པ་ལའང་། ཞལ་གསུམ་ཕྱག་དྲུག་པ་སྔ་མའི་རྗེས་སུ་མཐུན་པོར་གོམས་ནས། དེ་ལྟར་ཕྱག་རྒྱ་སྤྲོས་པ་དང་བཅས་པའི་སྐབས་སུ་ལྷ་ཀུན་ལ་ཞལ་གསུམ་ཕྱག་དྲུག་པར་རྫོགས་པར་མོས་སློབ་ཙམ་དུ་གསལ་བའོ། །དེ་ཡང་སློབ་རིམ་ཙམ་ལ་འགའ་ཞིག་དངོས་ཀྱི་སྤྱོད་ཡུལ་མ་ཡིན་པར་གོ་དགོས་སོ། ༈ །ཁྲོ་བོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། ཞི་བ་ལས་ཁྲོ་བོར་བསྒྱུར་བའི་འཁོར་ལོ་སྒོམ་པའང་། ཞི་བའི་སྐབས་ལྟར་དེ་བཞིན་ཏེ། དལ། ཚོམ་བུ། རྣམ་གྲངས། ཞལ་ཕྱག་སྤྲོས་པའོ། །རྒྱས་པར་བཤད་པ་ལ་བཞི། བགྲང་། དལ་སྤྲོས་པ་ལ་བསླབ་པ་དང་། དྲང་། དང་པོ་ཁྲོ་བོ་བསྡུས་པ་ལྔ་བཅུ་རྩ་བརྒྱད་སྒོམ་པ་ནི་གོ་སླའོ། །དེ་གོམས་ཤིང་བརྟན་ནས། དལ་འབྲིང་པོ་ཁྲོ་བོ་བཅུ་བསྣན་པ་སྟེ་དྲུག་ཅུ་རྩ་བརྒྱད་སྒོམ་མོ། །རྒྱས་པ་ལ་དེ་བཞིན་ཞི་བ་ལྟར་ཡིན་ཏེ། ཁྲག་འཐུང་རིགས་ལྔ་ལ་ཕོ་བྲང་གི་ལྷ་ལྔ་བཅུ། གནས་ཡུལ་སྒོ་མ་ཉི་ཤུ་བསྣན་པས་བདུན་ཅུ། ཁྲོ་བོ་བཅུ་སྟེ་བརྒྱད་ཅུ། དབང་མོ་ཉེར་བརྒྱད་དང་བརྒྱ་རྩ་བརྒྱད་དོ། །ཚོམ་བུ་ལ་གཉིས། བགྲང་། གཅིག་པ་དང་གསུམ་པ་ལ་བསླབ་པ་དང་། དྲང་། དང་པོ་ཚོམ་བུ་གཅིག་པ་ལ་བསླབ་པ་ན། དབུས་ཀྱི་ལྟེ་བ་ལ་གཙོ་བོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གྱི་གཞི་བོ་བྱས་པ་ལ་ཐུགས་ཀྱི་རིགས་ཁྲོ་བོ་ཡབ་ཡུམ་བརྒྱད་ཀྱིས་བསྐོར་བས་བཅུ་དང་། དབང་མོ་ཡན་ཆད་བསྣན་པས་ལྔ་བཅུ་རྩ་བརྒྱད་དོ། །ཡང་ན། གཙོ་བོ་ལས་འཁོར་ཁྲོ་མོ་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བཅུ་ཡབ་ཡུམ་ཉི་ཤུ་དང་བཅས་པ་སྟེ། ཚོམ་བུ་གཅིག་པ་ལ། ལྷ་བདུན་ཅུ་དོན་བརྒྱད་འདོད་པ་ཡང་ཡོད་དོ། །ཚོམ་བུ་གསུམ་པ་ལ་བསླབ་པ་ནི། དབུས་སུ་ཐུགས་ཀྱི་རིགས་བཛྲ་ཧེ་རུ་ཀ་ཡིན་པ་ལ་སྐུའི་རིགས་བྷུདྡྷ་ཧེ་རུ་ཀ་ཡབ་ཡུམ་བཅུ། གསུང་གི་རིགས་པདྨ་ཧེ་རུ་ཀ་ཡབ་ཡུམ་བཅུ། གཙོ་བོ་ཡབ་ཡུམ་བཅུ་ཡོད་པའི་མདུན་དང་། རྒྱབ་སྟེ་ཤར་ནུབ་གཉིས་ཀྱིས་རྩིབས་ལ་ཕོ་བྲང་གི་ཁྲག་འཐུང་སུམ་ཅུ་གསལ་བར་སྒོམ་དེ་ལ་བརྟེན་ནས་འཁོར་གནས་ཡུལ་སྒོ་མ་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཁྲོ་མོ་ཉི་ཤུ་དང་བཅས་པ་སྒོམ་སྟེ། ཚོམ་བུ་གསུམ་པ་ལ་ལྷ་དགུ་བཅུ་གོ་བརྒྱད་དོ། ༈ །ལྔ་པ་ལ་བསླབ་པའོ། །དྲང་། དེ་ལྟར་གོང་གི་སྐུ་གསུང་ཐུགས་ཀྱི་ཚོམ་བུ་ལ་ཏིང་ངེ་འཛིན་བརྟན་པར་བྱས་ནས་གཙོ་བོའི་གཡས་དང་གཡོན་ཏེ། ལྷོ་བྱང་གི་རྩིབས་ལ་ཡོན་ཏན་གྱི་རིགས་རཏྣ་ཧེ་རུ་ཀ་དང་། ལས་ཀྱི་རིགས་ཀྱི་ཁྲོ་བོ་ཀརྨ་ཧེ་རུ་ཡབ་ཡུམ་སྟེ་གཙོ་བོ་ཡབ་ཡུམ་གསལ་བར་སྒོམ་ནས་དེ་དག་ལ་རང་རང་གི་རིགས་ཆུང་གིས་ཧེ་རུ་ཀ་བརྒྱད་བརྒྱད་ཀྱིས་བསྐོར་ཏེ། ཕོ་བྲང་འཁོར་ལོའི་ལྷ་ལྔ་བཅུ། གནས་ཡུལ་སྒོམ་ཉི་ཤུ། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ། ཚོམ་བུ་ལྔ་པ་ལ་ལྷ་བརྒྱ་དང་བཅོ་བརྒྱད། ཁྲོ་བོ་བཅུ་དང་། བརྒྱ་རྩ་བརྒྱད་ཡང་ཟེར་དེ་ཐམས་ཅད་ཡོངས་སུ་རྫོགས་པར་སྒོམ་པའི་རིམ་པ་བཞིན་དུ་སྒོམ་པར་གང་བྱས་པ་དེ་ལ་ཚུན་ཐུན་ཚོད་མ་སུན་པར་ཇེ་གསལ་དུ་གྱེན་དུ་འཕར་ཞིང་བརྟན་པར་སྒོམ་པའོ། ༈ །རྣམ་གྲངས་ལ་གཉིས། བགྲང་། རྩ་བའི་རྣམ་གྲངས་ལ་བསླབ་པ་དང་། དྲང་། ཞི་བ་དང་རྗེས་སུ་མཐུན་པའི་འཇིགས་བྱེད་ཁྲོ་བོའི་རྣམ་གྲངས་སྤྲོས་པ་དག་ཀྱང་རིགས་གཅིག་རྡོ་རྗེའི་རིགས་བཛྲ་ཧེ་རུ་ཀ་དང་གཉིས་དེ་བཞིན་གཤེགས་པའི་རིགས་བྷུདྡྷ་ཧེ་རུ་ཀ་དང་། གསུམ་པདྨའི་རིགས་པདྨ་དང་། བཞི་རིན་པོ་ཆེའི་རིགས་རཏྣ་ལྔ། ལས་ཀྱི་རིགས་ཀར་མ་ཧེ་རུ་ཀ་སྟེ། གཙོ་བོ་རིགས་ལྔ་ཡབ་ཡུམ་བཅུ་ལ་ཏིང་ངེ་འཛིན་གསལ་བ་སྒོམ་པ་མཐར་ཕྱིན་ནས། དེ་རེ་རེ་ལའང་འཁོར་ལོ་ལྔའི་རྩིབས་ཀྱི་ཆས་རིགས་ཆུང་གི་ཧེ་རུ་ཀ་བརྒྱད་ཀྱིས་བསྐོར་བ། དེ་ལྟར་ཕོ་བྲང་གིས་ལྷ་བཅུ་ཐམས་ཅད་པའི་ཚོམ་བུ་ལ་གནས་མ་བརྒྱད་དང་། ཡུལ་མ་བརྒྱད་དང་སྒོ་མ་བཞི། སླས་མོ་དབང་མོ་ཉེར་བརྒྱད། ཧཱུྃ་ཆེན་ལ་སོགས་པའི་ཁྲོ་བོ་བཅུ་སྟེ་བརྒྱ་རྩ་བརྒྱད་ཀྱི་ལྷར་གསལ་བའོ། ༈ །ཡན་ལག་གི་རྣམ་གྲངས་ལ་བསླབ་པའོ། །དྲང་། གཙོ་བོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་གཉིས་ལ་ཡན་ལག་གི་ལྷ་བཀོད་པ་ཐབས་ཀྱིས་ལྷ་ལྔ་བཅུ་རྩ་བརྒྱད་སྒོམ། དེ་ལ་ཤེས་རབ་ཀྱི་ལྷ་ཡེ་ཤེས་སེམས་དཔའ་རེ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་སྟེ། ང་བརྒྱད་པ་ཆ་ལྔའི་གྲངས་ནི་ཉིས་བརྒྱ་དང་དགུ་བཅུའི་ལྷ་རྣམས་ཀྱི་ཡན་ལག་ཏུ་ལྡན། དེ་རྣམས་ལ་དབུ་བརྒྱན་གྱི་ལྷ་ལྔ་ལྔ། དེ་ལྟར་ལྔ་བཅུ་རྩ་བརྒྱད་པོ་ཀུན་ལ་བརྩིས་པས། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ཐམ་པ་ཡོད་དོ། །འདི་ཞིབ་ཏུ་བརྩི་ན། ཆ་ལྔ་ཞེས་པས། ཐབས་ཀྱི་ལྷ་ལྔ་བཅུ་རྩ་བརྒྱད། ཤེས་རབ་ཀྱི་ལྷ་ལྔ་བཅུ་རྩ་བརྒྱད། སྐུའི་ལྷ་ལྔ་བཅུ་རྩ་བརྒྱད། གསུང་གི་ལྷ་ལྔ་བཅུ་རྩ་བརྒྱད། ཐུགས་ཀྱི་ལྷ་ལྔ་བཅུ་རྩ་བརྒྱད། ལྔ་བཅུ་རྩ་བརྒྱད་ཆ་ལྔའི་གྲངས་ནི། གཉིས་བརྒྱ་དང་དགུ་བཅུ་ཞེས་བྱའོ། །ཡན་ལག་བདུན་ཞེས་པ། དེ་རེ་རེ་ལ་ཡང་དབུ་རྒྱན་རིགས་ཀྱི་ལྷ་ལྔ་དང་ལྡན་པས། ཡེ་ཤེས་ཀྱི་དལ་འབའ་ཞིག་སྟོང་བཞི་བརྒྱ་ལྔ་བཅུ་ཡོད་ལ། རྩ་བ་བགྲངས་ན། སྟོང་བདུན་བརྒྱ་བཞི་བཅུ་དང་ལྡན་པའོ། །དེ་ལྟར་ཡིན་མོད་ཀྱི། དེ་ལྟར་བརྩིར་མི་བཏུབ་པས། འདིར་བཛྲ་ཧེ་རུ་ཀ་ཡབ་ཡུམ་ལ། གཞན་ལྷ་ལྔ་བཅུ་རྩ་དྲུག་བཀོད་པས། རགས་པ་ཐབས་ཀྱི་ལྷ་ལྔ་བཅུ་རྩ་བརྒྱད། དེ་དག་གིས་ཐུགས་ཀར་ཡེ་ཤེས་སེམས་དཔའ་སྒོམ་པས། ཕྲ་བ་ཤེས་རབ་ཀྱི་ལྷ་དང་བརྒྱད། སྤྱི་བོ་སྐུ་ང་བརྒྱད། མགྲིན་པ་གསུང་ང་བརྒྱད། སྙིང་ཁར་ཐུགས་ང་བརྒྱད། ང་བརྒྱད་ཕྲག་ལྔ་ལ་གཉིས་བརྒྱ་དགུ་བཅུ། དེ་ལ་ཕྲ་བ་ཡེ་ཤེས་སེམས་དཔའ་ང་བརྒྱད་ལ། དབུ་བརྒྱན་མེད་ཅིང་། ང་བརྒྱད་ཕྲག་བཞི་པ་ལ། དབུ་བརྒྱན་ཡེ་ཤེས་ཀྱི་ལྷ་ལྔ་ལྔ་སྟེ། ཡེ་ཤེས་སེམས་དཔའ་སྟོང་དང་བརྒྱ་དྲུག་ཅུ་ཡོད་དོ། །དེའི་སྟེང་དུ་རྩ་བའི་ལྷ་གཉིས་བརྒྱ་དགུ་བཅུ་བསྣན་པས་སྟོང་བཞི་བརྒྱ་ལྔ་བཅུ་ཡོད་དེ། དེ་བཞིན་དུ་བྷུདྡྷ་ཧེ་རུ་ཀ །རཏྣ། པདྨ། ཀརྨ་སྟེ་རིགས་ལྔ་ཡབ་ཡུམ་ཆ་རེ་ལ། སྟོང་བཞི་བརྒྱ་ལྔ་བཅུ་པོ་རེ་རེ་སྟེ། དབང་མོ་ཡན་ཆད་ལྔ་བཅུ་རྩ་གསུམ་པོ་རེ་རེ་སྟོང་བཞི་བརྒྱ་ལྔ་བཅུ་པོ་རེ་རེ་སྟེ། དེ་རྩིས་པས། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་ཡོད་དོ། །ཡང་ན་དམར་མཆན་ལྟར་བརྩི་ན། ༈ །ཞལ་ཕྱག་ལ་གཉིས། བགྲང་། ཞལ་ཕྱག་སྤྲོས་པ། ལ་བསླབ་པ་དང་། དྲང་། ཞལ་ཕྱག་སྤྲོས་པ་ནི་དང་པོ་ཞལ་གཅིག་ཕྱག་གཉིས། དེ་ནས་ཞལ་གསུམ་ཕྱག་དྲུག །དེ་ནས་དབུ་དགུ་དང་ཕྱག་བཅོ་བརྒྱད་ཕྱག་ཀུན་ཕྱག་མཚན་དང་ལྡན་པ་དང་། དེ་ནས་དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས། དེ་ནས་དབུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ་དེ་ལྟར་ཞབས་བརྒྱད་བརྒྱ་དང་། དེ་ནས་ཞལ་ཕྱག་གྲངས་མེད་པའི་བར་དུ་སློབ་པར་བྱེད་པའོ། ༈ །དེ་ལམ་པ་གང་གིས་སྤྱོད་ཡུལ་ཡིན་པའོ། །དྲང་། ཞལ་ཕྱག་གི་རྣམ་གྲངས་དེ་དག །གང་ཟག་རིམ་གྱིས་པ་སློབ་པའི་ཐབས་སུ་བརྗོད་ཀྱི་དངོས་ཀྱི་སྤྱོད་ཡུལ་མིན་ནོ། །དངོས་ཀྱི་སྤྱོད་ཡུལ་ནི། ཚོགས་ལམ་ཕྱག་རྒྱ་གཅིག་སྤྲོས་གཉིས་སུ་ཞལ་གསུམ་ཕྱག་དྲུག་དང་། སྦྱོར་ལམ་དུ་དབུ་དགུ་ཕྱག་བཅོ་བརྒྱད་དང་། ཐུན་མོང་དུ་དབུ་ཉི་ཤུ་རྩ་གཅིག །ཕྱག་བཞི་བཅུ་ཞེ་གཉིས་དང་། སྒོམ་ལམ་དུ་དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ་དང་། ཞལ་ཕྱག་གྲངས་མེད་པར་སྒོམ་པ་དེ་མཐར་ཕྱིན་ལྷུན་གྲུབ་རིག་འཛིན་གྱི་སྤྱོད་ཡུལ་ཡིན་པར་ལྟར་རིམ་པར་ལྡན་པའོ། །ཕྲིན་ལས་ཀྱི་རིམ་པ་ལ་གཉིས། བགྲང་། ཕྲིན་ལས་གཞུང་གིས་རིམ་པ་དང་། དྲང་། གོང་དུ་བསྟན་པ་དེ་ལྟར་མཐོང་ལམ་ལྷག་པ་ཏིང་ངེ་འཛིན་གྱིས་སྤྲོས་བཅས་ལ་བཞི་ཡོད་པ་རྣམས་ལ། དང་པོ་ཏིང་ངེ་འཛིན་ལ་ཞུགས་བར་དུ་སློབ། ཐ་མ་མཐར་ཕྱིན་པར་བྱས་ནས་བར་སྐབས་སུ་དམ་ཚིག་གི་དལ་བསྐྱེད། རང་བཞིན་ལྷུན་གྱིས་གྲུབ་པའི་དལ་གྱི་ཡུལ་འོག་མིན་ནས། སྙན་གསན་དབབ། སྤྱན་དྲང་བར་བྱས་ཏེ། གཉིས་སུ་མེད་བཞུགས་ཤིང་བརྟན་པར་བཞུགས་སུ་གསོལ་བ་ལ་སོགས་པའི་ཆོ་ག་དང་ལྡན་པར་བྱ་སྟེ། དེ་ནས་ཕྱག་ལེགས་པའི་མཆོད་པ་དང་། རྫས་དང་། ཚིག་དང་། སྔགས་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་རིམ་པས་གཞུང་བཞིན་དུ་མཆོད་པར་བྱས་ནས་བསྟོད་པ་བྱ། སྨོན་ལམ་གདབ་པ་དང་། ལྡན་ནས་འཛབ་དང་བསྙེན་པ་དང་ཚོགས་རྣམས་གཞུང་བཞིན་དུ་བྱའོ། ༈ །ལྷག་མ་དང་འཇུག་གིས་རིམ་པའོ། །དྲང་། བར་སྐབས་སུ་ལྷག་མ་ལ་དབང་བའི་གནས་རེ་བ་བསྐངས་ནས་དང་པོ་དམ་བསྒྲག་ཕྲིན་ལས་བཅོལ་ཅིང་རང་རང་གི་གནས་སུ་སོ་སོའི་ལས་ལ་དགྱེའོ། །འཁོར་ལོ་དེ་ལ་བསྡུས་ཞིང་ལུས་སྲུང་གོ་བགོ། སྤྱོད་ལམ་རྒྱུན་གྱི་ཏིང་ངེ་འཛིན་ཀུན། ཁྲོ་བོ་གང་ཡིན་གྱི་མན་ངག་སྒྱུ་འཕྲུལ་དྲྭ་བ་དང་། སྣང་བ་དམ་པ་རྒྱན་ལ་སོགས་པའི་གཞུང་ནས་འབྱུང་བ་བཞིན་དུ་བྱའོ། །དེས་ན་ལྟ་བ་སྟོང་ཕྱོགས་ཁ་ལྟ་སྨྲ་མཁན་འགའ་ཞིག་གིས། ཆོག་ཁྲིགས་ལ་རྩིས་སུ་མི་བྱེད་དེ། དགོངས་འདུས་ལེའུ་དགུ་པ་ལས། བདེར་གཤེགས་མཉེས་བྱས་ལས་རྣམས་ལ། །ཡན་ལག་ཚིགས་སུ་མ་དག་ན། །ཉེས་བྱས་ལས་ཀྱི་རྒྱུ་དེས་ནི། །དྲན་པའི་དབང་པོ་ཉམས་པར་འགྱུར། །ཞེས་པ་དང་། སྒེག་རྡོར་གྱིས། རང་གི་སྒོ་གསུམ་ཡི་དམ་གྱི། །སྐུ་གསུང་ཐུགས་སུ་རབ་སྦྱར་ལ། །རྟག་ཏུ་བཟླས་པ་བྱེད་པ་ནི། །བྱང་ཆུབ་གཟུངས་ལ་ཞུགས་པ་ཡིན། །ཞེས་གསུངས་པས། གསང་སྔགས་ཀྱི་ཆོག་འགྲིགས་འདི་རྣམས། སྐྱེ་མེད་ཀྱི་ངང་ལ་འགགས་མེད་ཀྱི་རྩལ་སྦྱངས་ཞིང་། གཉིས་མེད་དུ་རང་གྲོལ་བའི་ཐབས་ཡིན་ནོ། །འདི་ལ་ཡན་ལག་བརྒྱད་པ་ནས་བཟུང་སྟེ། ལུས་བསྲུངས་གོ་བགོ་ཡན་ཆད་ལ་དགོངས་གཞི་དགོས་ཆེད་ལམ་ཚོད་ཐེག་ཆེན་ཐུན་གྱི་ཉམས་ལེན་བྱེད་ལུགས་འདི་དག་ལ་བསྙན་རྒྱུད་ཀྱི་གདམ་སྐོར་ཆེན་མོ་རྗེ་བཙུན་གོང་མའི་ཐུགས་དམ་མན་ངག་གནད་ཀྱི་ལྷ་ཁྲིད་ཞེས་བྱ་བ་ལས་ཤེས་པར་བྱའོ། །ལྷ་སྒོམ་ནས་རྟོག་པ་ལམ་ཁྱེར་འདི་རྣམས་ལ། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་འདི་གསུམ་འཛོམ་དགོས། དེ་མ་འཛོམ་ན་གྲོལ་བ་མི་སྲིད་དོ། །དལ་འདི་ཉིད་ཉམས་སུ་ལེན་པ་ལ། བློ་རབ་ཀུན་བཟང་ཡབ་ཡུམ་ལ་བརྟེན་ཏེ་སངས་རྒྱས་པ་དང་། བློ་འབྲིང་རིགས་ལྔ་ཡབ་ཡུམ་ལ་བརྟེན་ཏེ་སངས་རྒྱས་པ་དང་། བློ་ཐ་མ་སངས་རྒྱས་བཞི་བཅུ་རྩ་གཉིས་ལ་བརྟེན་ཏེ་སངས་རྒྱས་པ་ཡོད་དོ། །འདི་རྣམས་ཀྱི་གནད་རྟོགས་དགོས་སོ། །འདི་ལྟ་བུ་མ་ཡིན་པའི་གསང་སྔགས་ཡིན་པར་ཁས་ཆེས་པའི། ཁྱེར་བསྐུལ་འགའ་ཞིག་ངག་འཁྱལ་ཡིན་ཏེ། རེ་མེ་དེ། མཁས་པ་ཆེན་པོ་ཉི་མ་རྡོ་རྗེས། མུ་སྟེགས་རྒྱང་འཕེན་གསང་སྔགས་བོན་གྱེར་དང་། །དགོངས་པ་གསལ་འདེབས་ཕྲིན་ལས་གྱེར་སྒོམ་གཉིས། །འདྲའོ་འདྲའོ་ནོར་སར་ཤོར་ལ་རེ། །ཞེས་གསུངས་པའི་ཕྱིར་རོ། ༈ །བཞི་པ་ངོ་བོ་ལ་གཉིས། བགྲང་། ངོ་བོ་ལྷ་རང་སྣང་ཡུལ་མེད་ཞི་གནས་ལྷག་མཐོང་ཟུང་འབྲེལ་དུ་བསྟན་པ་དང་། དྲང་། ཕུང་པོ་ལྔ་ལ་སོགས་པ་རྟོགས་པའི་ཚོགས་ཐམས་ཅད་ལྷའི་དལ་རིག་པ་རང་བྱུང་གི་ཡེ་ཤེས་ལྷར་སྣང་བ་ལ། དཔེར་ན་རྒྱ་མཚོའི་ནང་ན་ཉི་ཟླའི་གཟུགས་བརྙན་སྣང་བ་ཅི་བཞིན་དུ་ཕྱི་ནང་གི་ཆོས་ཀུན་གྱི་དངོས་པོ་ཐམས་ཅད་རང་རིག་པ་ཉིད་ལྷར་གསལ་བ་ལ། གཅིག་དང་དུ་མ་ཡོངས་ཀྱིས་མེད་དེ། ལྷ་འགགས་མེད་དུ་སྤྲོས་ཚོགས་སྣ་ཚོགས་སུ་ཤར་བས། གཅིག་པའི་མཐའ་དང་བྲལ། ཤར་བའི་དུས་དེ་ཉིད་ན་རང་བྱུང་ཡེ་ཤེས་རིག་པ་ཉིད་ལས་མ་གཡོས་པས་དུ་མའི་མཐའ་དང་བྲལ་བའོ། །རྟོགས་ཚོགས་ལྷའི་དལ་དུ་གསལ་བས་ལྷག་མཐོང་ཡིན་ལ། ཡུལ་དང་ཡུལ་ཅན་མེད་ཅིང་མི་གཡོ་བར་གནས་པས་ཞི་གནས་དེ་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ངོ་བོར་རྒྱལ་བས་གསུངས་སོ། ༈ །སྤྲོས་བཅས་སྒོམ་པའི་ངེས་ཚིག །དྲང་། རང་བཞིན་གཞི་ནས་བདེན་གསུམ་དུ་སྤྲོས་པས་དེ་ཉམས་སུ་ལེན་པའི་རྣལ་འབྱོར་ཏིང་ངེ་འཛིན་ཡང་ལྷ་དུ་མར་སྤྲོས། ལྷ་དེ་ཡང་གདུལ་བྱ་གདུག་པ་ཅན་དང་། འདུལ་བའི་ངོ་བོ་ལ་ཁྲོ་བོ་དང་ཞི་བ་གཉིས་སུ་སྤྲོས་དེ་གཉིས་ཡང་འཁོར་ལོ་སྟེ་དལ་སྤྲོས་པ་དང་། ཕྱག་རྒྱ་སྟེ་རྣམ་གྲངས་སྤྲོས་པ་དང་། ཚོམ་བུ་སྤྲོས་པ་དང་། ཞལ་ཕྱག་སྤྲོས་པ་དང་། དེ་ལྟར་ན་གཞི་ལམ་ཀུན་ནས་སྤྲོས་པའི་ཕྱིར། གཞི་མངོན་དུ་བྱས་པའི་འབྲས་བུ་ལ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་སྟེ། དེ་ཡང་ལྷ་དུ་མའི་དཀྱིལ་འཁོར་དུ་སྤྲོས་པའོ། །དེ་ལྟར་སྤྲོས་པས་མཉམ་བཞག་ལ་གསལ་བས་ཕྱག་རྒྱ་རྣལ་འབྱོར་གྱི་སྒྲ་དོན་ནམ་ངེས་ཚིག་འགྲུབ་པའོ། ༈ །ལྔ་པ་སྐྱོན་ལ་བཞི། བགྲང་། ལེ་ལོ་མཚན་མའི་སྐྱོན་དང་། དྲང་། སྤྲོས་པའི་རྣལ་འབྱོར་ལ་གནས་པ་འདི་ཡི་ཚེ་དམན་པའི་ལེ་ལོ་དང་། སྙོམས་ལས་ཀྱི་ལེ་ལོ་རྣམ་པ་གཉིས་དང་། དུ་བ་ལ་སོགས་པ་མཚན་མའི་མཐའ་ལྔ་པོ་དངོས་སུ་འབྱུང་བ་མཐོང་ཞིང་དེ་ལ་བདེན་པར་འཛིན་ན་སྐྱོན་དུ་གྱུར་པ་དང་། ༈ །བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དང་། དྲང་། ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་པས་འཆད་པར་འགྱུར་བའི་སྤྱོད་ཡུལ་འདི་དག་ལ་དམ་པར་བཟུང་ན། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་མཐོང་བ་རང་འབྱུང་སྟེ། གང་ཞེ་ན། སངས་རྒྱས་ཀྱི་སྤྲུལ་པ་གྲངས་མེད་པ་འཇིག་རྟེན་དུ་འགྱེད་པ་མཐོང་བ་དང་གཅིག །བདག་གཞན་གྱི་ནང་ནས་རང་དམ་པ་འདུག་པར་མཐོང་བ་དང་གཉིས། བདག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་པར་སྨྲ་བ་དང་གསུམ། རྒྱལ་བས་གསུང་པའི་ཆོས་ཀུན་མངོན་སུམ་དུ་གསལ་བར་མཐོང་བ་དང་གཞི། དུས་གསུམ་གྱི་ཆོས་ཀུན་སྐད་ཅིག་མ་ལ་གསལ་བར་ཤེས་ཤིང་མཐོང་བ་དང་ལྔ། རྒྱུ་དྲུག་གི་ལམ་དང་གནས་ཀུན་མཐོང་བ་དྲུག ། དེ་ལ་སྙིང་རྗེ་ཤུགས་ལས་འབྱུང་བ་དང་བདུན། སྣོད་བཅུད་ཀུན་ཀྱང་ཉིན་མཚན་མེད་པར་གསལ་བར་མཐོང་བ་དང་བརྒྱད། རི་བྲག་ལ་སོགས་ཅི་ལའང་བདག་གི་ལུས་ཐོགས་པ་མེད་པར་འགྲོ་བ་དང་དགུ། ནམ་མཁའ་ལ་བྱ་བཞིན་དུ་འགྲོ་ཞིང་འདུག་ནུས་དང་བཅུ། རྒྱལ་བས་ཕྱག་བརྐྱང་ནས་བདག་གི་མགོ་ལ་བྱུག་སྟེ་ལུང་སྟོན་པ་དང་བཅུ་གཅིག །འགྲོ་བ་ཀུན་གྱི་སྐད་དུ་ཆོས་སྨྲ་བ་དང་བཅུ་གཉིས། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱི་བདག་ལ་བཀུར་སྟི་དང་རིམ་འགྲོའི་གནས་སུ་མཐོང་བ་དང་བཅུ་གསུམ། ཏིང་ངེ་འཛིན་གྱི་ཤུགས་ལ་སྟོང་གསུམ་ལག་མཐིལ་ལྟར་མཉམ་པར་བཀོད་པ་དང་བཅུ་བཞི། དེ་ཉིད་རང་བཞིན་སེམས་ཉིད་དུ་གསལ་བར་སྣང་བ་དང་བཅོ་ལྔ། ཏིང་ངེ་འཛིན་ལས་སུ་རུང་བའི་སྤྱོད་པ་ཅི་ལ་ཡང་ཐོགས་པ་མེད་པར་སྤྱོད་ནུས་སོ་སྙམ་པ་དང་བཅུ་དྲུག །དམ་པའི་དོན་ཐར་པའི་ལམ་ལ་ཞུགས་པར་གྱིས་ཤིག །ཅེས་པ་སངས་རྒྱས་བྱང་སེམས་རྣམས་ཀྱི་བདག་ལ་བཀའ་བསྒོ་བ་དང་བཅུ་བདུན། འཇིག་རྟེན་པའི་གཙོ་བོ་ལྷ་སྲིན་སྡེ་བརྒྱད་ཀྱི་བདག་ལ་མཆོད་པ་འབྱུང་བ་རྣམས་ཏེ་བཅོ་བརྒྱད་དོ། །རང་བཞིན་སེམས་ཉིད་རང་སྣང་དུ་རྟོགས་ན་དམ་པའི་རྟགས། དེ་ལྟར་དུ་མི་ཤེས་པས་སེམས་དགའ་བྲོད་ཕྱོགས་འཛིན་བྱེད་པ་བདུད་ཡིན་ནོ། །དུས་དང་རྣམ་པ་ཐམས་ཅད་དུ་བདུད་ཀྱི་སྤྱོད་ཡུལ་ངོས་བཟུང་བས་མི་འོང་། བཅོ་བརྒྱད་པོ་འདི་ལམ་གྱི་ཡོན་ཏན་དང་རྟགས་ཡིན་པས་སོ། ༈ །ང་རྒྱལ་ཁེ་དྲག་གི་སྐྱོན་དང་། དྲང་། འཇིག་རྟེན་གྱི་ཁེ་དང་སྙན་གྲགས་ཐོབ་པར་འདོད་པས་སེམས་རང་དབང་མེད་པར་འཕྲོགས་པ་དང་། འཇིག་རྟེན་པ་རྣམས་ཀྱི་བདག་ལ་སྐྱེས་བུ་དམ་པ་ཞེས་སྔགས་པ་ཐོབ་ནས་དེའི་རྗེས་སུ་འདུ་འཛི་ལོངས་སྤྱོད་ཀྱི་མཚན་མས་སེམས་གཡེང་བ་དང་། འབྲས་བུ་ཐོབ་ཏུ་རེ་བ་དང་མ་ཐོབ་ཀྱི་དོག་པ་ཅུང་ཟད་ཡོད། །ངའམ་ང་ལྟ་བུ་མེད་ཅེས་ང་ཆེ་ཕྱུང་བས་ང་རྒྱལ་འཕེལ་བ་ཡིན་ནོ། །འོ་ན་སྔར་གྱི་ལམ་སྐབས་རྣམས་དང་ཁྱད་ཅི་ཡོད་ཅེ་ན། །ཐུན་མོང་གི་སྐྱོན་ཕྲ་བར་བསྟན་པ་དང་། དྲང་། ཕྱག་རྒྱ་སྤྲོས་པའི་སྐབས་འདིར་ཐུན་མོང་གི་སྐྱོན་ཐ་མལ་པའང་སྔར་བས་གྲངས་ཉུང་ལ་ངོ་བོ་ཆ་ཕྲ་བ་ལས་མི་འབྱུང་སྟེ། རྟོག་པ་རྒྱུ་བའི་གཟུང་འཛིན་གྱི་བྱེ་བྲག་རྣམས་འདིར་ཤེས་པར་གྱིས་ཤིག་པའོ། །དྲུག་པ་བཅོས་ཐབས་ལ་གསུམ། བགྲང་། ལེ་ལོའི་སྐྱོན་བཅོས་ཐབས་དང་། དྲང་། ཕྱག་རྒྱ་སྤྲོས་པའི་སྐབས་འདིར་ལེ་ལོ་རྣམ་གཉིས་ཆད་དགོས་ཏེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ལ། མ་སྐྱེས་མི་འགགས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་བཞི། རྐྱེན་འཇུག་པའི་མཚན་ཏིང་ངེ་འཛིན་ལ། བློ་རིམ་གྱིས་པས་བདེན་པ་བཞིའི་དོན་ཚོགས་ལམ་རྣལ་འབྱོར་བཞི་ལ་གཅོད་དགོས་པས། འདི་ལྟ་སྒོམ་གཉིས་འབྱོར་པ་གྷོམ་ཐོབ་ཅིང་དེ་བས་ན་ལྟ་སྒོམ་གཉིས་ཟུང་དུ་འབྲེལ་བས་ཉམས་ལེན་གྱི་སྐྱེད་ཚོགས་ལམ་བཞི་མཐར་ཕྱིན། དེའི་ཚེ་ན་བདེན་བཞིའི་ངོ་བོ་སྐུ་བཞིའི་དགོངས་པ་ཡིན་པས། འབྲས་བུ་ལམ་དུ་ཤེས་པ་ཡིན། དེ་ལྟ་བུའི་ཏིང་ངེ་འཛིན་དེ་བརྟེན་པ་ཡིན་ཆེད་དུ་ལེ་ལོ་རྣམ་གཉིས་ཀྱི་བྱ་བ་མེད་པའི་བརྩོན་འགྲུས་བླངས་སོ། ༈ །མཚན་མ་རང་དང་། བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་བཅོས་ཐབས་དང་། དྲང་། མཚན་མ་ལྔ་ལ་སོགས་པར་རང་རིག་པའི་ཆོ་འཕྲུལ་འབྱུང་བ་ནི་སེམས་ཉིད་རང་སྣང་ཡིན་པའི་ཕྱིར། མཚན་མ་མཐོང་བའི་དུས་ལ་ཡོན་ཏན་ལ་རེ་བ་དང་སྐྱོན་ལ་དགོས་པ་མེད་དོ། །དཔེར་ན་ནམ་མཁའ་དྭངས་པའི་རང་བཞིན་ལ་ཉི་ཟླ་གཟའ་སྐར་གློག་འགྱུ་དང་། འཇའ་ཚོན་སྤྲིན་མང་འཁྲུག་འགྱུར་ཡང་། ནམ་མཁའི་དབྱིངས་ལས་གཞན་དུ་འགྱུར་ཞིང་ཉམས་པ་མེད་པ་བཞིན་དུ། ཆོས་ཀྱི་དབྱིངས་ནི་བསམ་ཡས་པར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པ་རྨད་དུ་བྱུང་བའི་ལྟས་ངོ་མཚར་ཅན་དང་བདུད་ཀྱི་སྤྱོད་ཡུལ་མཚན་མ་སྣ་ཚོགས་པ་ཅི་ལྟར་འབྱུང་བར་གྱུར་ཡང་། ཆོས་ཉིད་དེ་བཞིན་ཉིད་ལ་ཉམས་པ་དང་གཞན་དུ་འགྱུར་བ་མེད་དེ། ང་རྒྱལ་དྲེག་པའི་སྐྱོན་བཅོས་ཐབས་སོ། །དྲང་། བདག་མེད་རྟོགས་པས་ང་རྒྱལ་མེད་པ་ནི་སྤྲོས་པའི་རྣལ་འབྱོར་པ་ཏིང་ངེ་འཛིན་གྱི་སྟོབས་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བས་གང་ཟག་དང་ཆོས་ཐམས་ཅད་བདག་གཉིས་སུ་མེད་པར་ཤེས་ཤིང་རྟོགས་པས་ང་རྒྱལ་མེད་དེ། མདོར་ན་བདུད་ཀྱི་སྤྱོད་ཡུལ་དང་། མཚན་མ་སྣ་ཚོགས་གང་མཐོང་ཡང་རང་གི་ཡེ་ཤེས་རང་ཉིད་དུ་རྟོགས་ཤིང་སྦྱར་བར་བྱའོ། ༈ །བདུན་པ་ཉམས་ལ་གསུམ། བགྲང་། མདོར་བསྟན་པ་དང་། དྲང་། སྣང་བྱེད་སྤྲོས་པའི་ཉམས་གོང་ནས་གོང་དུ་འཕེལ་བར་བྱེད་པའི་རིམ་པ་ཡང་གོང་དུ་བཤད་པའི་ཤེས་བྱ་བསླབ་པའི་རིམ་པ་སྔ་མ་གོམས་ནས་ཕྱི་མ་སློབ་པ་ཅི་བཞིན་དུ། ཉམས་ཀྱི་རིམ་པ་ཡང་འཕེལ་ཏེ། ཏིང་ངེ་འཛིན་གསུམ་ཀའི། ཕྱག་རྒྱ་གཅིག་པར་ཉམས་ལྔ་སྔོན་དུ་བརྟན་ཞིང་མཐར་ཕྱིན་མོད་ཀྱང་། ཕྱག་རྒྱ་སྤྲོས་པ་འདི་ལ། ད་གཟོད་སློབ་པ་ཡིན་པས། སྔར་སྣང་བྱེད་ལ་མ་གོམས་པའི་དབང་གིས་གཡོ་ཐོབ་གོམས་བསྟན་མཐར་ཕྱིན་པའི་ཉམས་རྣམ་པ་ལྔ་འབྱུང་བའོ། ༈ །རྒྱས་པར་ཉམས་ལྔ་ཡེ་ཤེས་མཐར་ཕྱིན་པར་བྱ་བ་དང་། དྲང་། དང་པོ་ཚོམ་བུ་གསུམ་པ་དང་། ལྔ་པའི་ལྷ་གསལ་བའི་ཚེ་ཅུང་ཟད་རྟོག་པའི་དབང་དུ་གཡོ་བས་ཏིང་ངེ་འཛིན་ལ་རྟོག་པའི་བར་ཆད་འབྱུང་བ་དེ་ཉམས་ལྔའི་དང་པོ་གཡོ་བའོ། །ཐོབ་པའི་ཉམས་ནི་ལྷ་དེ་གསལ་བ་ནི་ཉིན་ཞག་འཕྲུག་གཅིག་ལ་ཐུན་བཞིར་བགོས་པའི་ཆ་གཅིག་ཙམ་སྐྱོན་དུ་འགྱུར་ཞིང་ཆ་གསུམ་ཙམ་དུ་ལྷའི་ཏིང་ངེ་འཛིན་གསལ་བ་མི་གཡོ་བ་གཉིས་པའི་ཉམས་ཡིན་ཏེ། གོམས་པའི་ཉམས་ནི། རྐྱེན་མེད་ན་རྟོགས་པ་མེད་པར་ཐུན་རྐྱང་གཅིག་སྒོམ་ནུས་པ་ནི་གསུམ་པ་གོམས་པའི་ཉམས་ཡིན་པའོ། །བརྟན་པའི་ཉམས་ནི། ཐུན་རྐྱང་ནུས་པ་དེ་ཉིད་རྟོག་པ་མི་མཐུན་པའི་སྐྱོན་རྐྱེན་གྱི་དབང་དུ་མི་འགྲོ་ཞིང་ལྷར་གསལ་བ་དེ་ནི། བཞི་པ་བརྟན་པའི་ཉམས་ཡིན་པའོ། །ལྔ་པ་མཐར་ཕྱིན་པའི་ཉམས་ནི། དེ་ནས་ཉིན་ཞག་གི་དུས་ཁྱད་པར་ལྷའི་རྣལ་འབྱོར་ལ་གང་ཞིག་གནས་པ་དེ་ནི་ཤིན་ཏུ་གསལ་ཞིང་རྐྱེན་གྱི་མི་འཕྲོག་པ་ནི། ལྔ་པ་མཐར་པའི་ཉམས་སྟེ། ༈ །བརྩད་པ་སྤང་བའོ། །དྲང་། དེ་ཡང་སྟོང་དང་། ཉི་ཁྲི་བཞི་སྟོང་ལ་སོགས་པ་རྣམས་སྤྲོས་པ། དབུ་ཉི་ཤུ་རྩ་གཅིག་ལ་སོགས་པ་ཞལ་ཕྱག་སྤྲོས་པ་གྲངས་ལ་ཉམས་ཀྱིས་དངོས་སུ་སྦྱར་ན་མཐར་ལམ་པར་ཐལ་བར་འགྱུར་ཏེ། དེ་བས་ན་དལ་དང་ཚོམ་བུ་སྤྲོས་པ། རྣམ་གྲངས་སྤྲོས་པ་ལ་སོགས་པའི་ཉམས་ཚོད་ཟིན་པ་ཤིན་ཏུ་གཅེས་ཏེ། ཚོམ་བུ་ལྔ་པ་མན་ཆད་སྒོམ་ནུས་པའོ། ༈ །བརྒྱད་པ་སྤྱོད་པ་ལ་གསུམ། བགྲང་། ལྟ་དགོངས་ཆོས་ཉིད་ཀྱི་སྤྱོད་པ་ལ་གསུམ། བགྲང་། ལྟ་དགོངས་ཉམས་པ་མེད་པར་སྤྱད་པ་དཔེ་དང་བཅས་པ་དང་། དྲང་། ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་ཆེན་པོའི་ལྟ་བ་དང་། སྤྱོད་པའི་ཚུལ་ནི་འདོད་ཡོན་ལ་ཅི་ལྟར་སྤྱད་ཀྱང་སྤྱོད་པའི་དུས་ཉིད་ན། རང་བཞིན་མེད་དོ། །དཔེར་ན་ནམ་མཁའ་ལ་བྱ་ཆེན་ཁྱུང་ལྡེངས་པ་བཞིན་གཡང་མི་ཟ། ཆུ་ལ་རྐྱལ་ཆེན་པོ་འཕྱོ་བ་ཉ་མོ་བཞིན་ཉམས་ང་མེད། ནམ་མཁའ་ལ་རླུང་ཆེན་པོ་འཕྱོ་བ་ཐོག་ཆར་དང་ཕྱོགས་རིས་མེད་པ་བཞིན་དུ་སྤྲོས་པའི་རྣལ་འབྱོར་པའི་སྤྱོད་པའི་ལྟ་བ་དཔེ་གསུམ་པོ་དེ་ལྟར་གཡང་མི་ཟ་ཉམས་མིང་ཐོགས་པ་མེད་པར་བལྟས་ཞིང་སྤྱོད་པའོ། ༈ །ལྟ་བའི་དོན་ལ་མི་འདའ་བས་ཅི་སྤྱོད་ཚོགས་གཉིས་རྫོགས་པ་དང་། དྲང་། ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་ཆེན་པོའི་སྒོ་གསུམ་གྱིས་སྤྱོད་པ་ནི་སྤྱོད་པ་ཅི་ལ་ཡང་ཐོགས་ཆགས་མེད་པར་ལྟ་བས་ཟིན་པར་བྱས་ནས་ཆོས་རྣམས་ཐམས་ཅད་ཀུན་ལ་སྤྱོད་བྱ་སྤྱོད་བྱེད་གཉིས་སུ་མེད་པའམ། དབྱེར་མེད་པ་དེ་ལྟར་སྤྱོད་པས་སྣང་བ་མ་འགགས་པ་ཏིང་ངེ་འཛིན་བདེ་བ་ཆེན་པོའི་རོ་མཆོག་མྱོང་བར་འགྱུར་ཏེ། མྱོང་ཡང་དེ་ལས་སུ་ཞིག་ཞེན་པ་དང་ཆགས་པར་མི་བྱེད་པའོ། །སྤྱོད་བཞིན་མ་ཆགས་པས་ཡེ་ཤེས་ཀྱི་ཚོགས་ཆེན་རྫོགས་པ་ཡིན་ཀྱང་། ཏིང་ངེ་འཛིན་བདེ་བའི་མཆོག་ཉིད་མ་འགགས་པས་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པ་ཡིན། སྤྱོད་པ་ཅི་སྤྱོད་དེ་ལྟ་བུའི་ངང་ནས་སྤྱོད། འདི་ནི་སྤྱོད་པ་བརླབ་ཆེན་ཡིན་ནོ། ༈ །ལྟ་སྤྱོད་དང་འབྲེལ་པར་གདམས་པའོ། །དྲང་། ལྟ་བ་དང་སྤྱོད་པ་ཡ་ཆར་མ་གྱུར་ཏེ་ལྟ་སྤྱོད་འབྲེལ་བས་སྔགས་འཆང་རྣམས་ཀྱི་དུས་རྟག་ཏུ་སྤྱོད་དོ། །རྨད་བྱུང་ཐབས་ཀྱི་སྤྱོད་པ་དང་། དྲང་། མི་སྤང་བ་ལྔ་དང་། དང་དུ་བླང་བ་ལྔ། སྤྱོད་པར་བྱ་བ་ལྔ། འདོད་ཡོན་ལྔ་སྟེ་ལྔ་ཚན་བཞི་པོ་འདི་རྣམས་ཐེག་པ་འོག་མའི་སྤང་བྱ་དང་། སྨད་པའི་སྤྱོད་པ་ཀུན་འདིར་ལྟ་བ་དང་ཐབས་ཀྱིས་ཟིན་པའི་རྣལ་འབྱོར་པས་བདག་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་འཇོལ་ཉོག་ཏུ་སྤྱད་ཏེ། སྤྱོད་པ་གང་ཡང་བྱས་ལ་སྐྱོན་གྱིས་མ་ཐོགས་ཤིང་སླར་ལ་ཚོགས་གཉིས་རྫོགས་པར་འགྱུར་ཞིང་དཔེར་ན་འདམ་སྐྱེས་པདྨ་བཞིན་སྤྱོད་པའི་དུས་ཉིད་ན་གང་གིས་ཀྱང་མ་གོས་པས་ཐབས་ཀྱི་སྤྱོད་པའོ། །ཁྱད་པར་ཐབས་ཀྱི་སྤྱོད་པ་ལ་བཞི། བགྲང་། སྤྱོད་ལམ་ལྷའི་དཀྱིལ་འཁོར་དུ་སྤྱོད་པ་ལ་གཉིས། རྒྱས་པར་བཤད་པ་དང་མཇུག་བསྡུ་བའོ། །རྒྱས་ལ་གཉིས། བགྲང་། དབང་པོ་རྣམ་ཤེས་ལ་སོགས་པ་ཀུན་ཡབ་ཀྱི་དལ་དུ་བསྟན་པ་དང་། དྲང་། ཡན་ལག་ལྔ་དང་། དབང་པོ་ལྔ་དང་། རྣམ་ཤེས་ཚོགས་བརྒྱད་པོ་ཀུན་ཏུ་རང་རིག་རང་སྣང་བར་ཤེས་པས། དེ་དག་རྟོག་པ་རང་ཁ་མའི་རྣམ་པ་མིན་ཏེ་ཡི་གེ་ༀ་དུ་མཚོན་པའི་ཡེ་ཤེས་ལྔ་རུ་ལྟ་བས་ཤེས་པར་བྱ། དེས་མཚོན་པའི་སྐུ་དང་ཡེ་ཤེས་ལྔ་མ་འགགས་པའི་རྩལ་ཡོངས་སུ་རྫོགས་པའི་འབྲས་བུ་རིགས་ལྔ་ལ་སོགས་ལྷ་ཡབ་ཡུམ་གྱི་དལ་ཉིད་དུ་སྒོམ་མོ། །ཞི་བ་ལ་དགར་བས་ཡང་ན་ཁྲོས་པ་ཁྲོ་བོ་རིགས་ལྔའི་དཀྱིལ་འཁོར་དུ་སྒོམ་མོ། ༈ །ཡུལ་དུས་ལ་སོགས་པ་ཀུན་བཟང་ཡུམ་གྱི་དལ་དུ་སྒོམ་པའོ། །དྲང་། དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་ལ་སོགས་པ་ཡུལ་གྱི་རྟོག་པ་ཀུན། རང་ཀ་མའི་རྣམ་པ་མིན་ཏེ་ཡི་གེ་མུྃ་དུ་མཚོན་ནས་མཉམ་ཉིད་ཀྱི་ལྟ་བའི་དབྱིངས་སུ་ཤེས་པར་བྱ། མཉམ་པ་ཉིད་ཀྱིས་དབྱིངས་དེས་མཚོན་པའི་དབྱིངས་ལྔ་མ་འགགས་པའི་རྩལ་ལྷ་ཡུམ་གྱི་དལ་ཉིད་དུ་སྒོམ་མོ། །ཞི་བ་ལས་དགར་བས་ཡང་ན་ཁྲོ་མོའི་ཡུམ་གྱི་དལ་ཉིད་དུ་སྒོམ་མོ། ༈ །མཇུག་བསྡུ་བའོ། །དྲང་། མདོར་ན་སྤྱོད་ཡུལ་འདི་ལྟར་དུ་སྣང་བ་ཐམས་ཅད་ལྷ་དང་ལྷ་མོར་གསལ་བས། ལྷ་ལ་ལྷའམ། ཡེ་ཤེས་ལ་ཡེ་ཤེས། ཆོས་ཉིད་ལ་ཆོས་ཉིད་རོལ་ལོ། ༈ །སྤྱོད་ཡུལ་འདོད་པའི་ལྷ་དང་ལྷ་མོར་སྤྱོད་པ་དང་། དྲང་། གཟུགས་སྒྲ་དྲི་རོ་རེག་ལ་སོགས་པའི་འདོད་ཡོན་ལྔ་པོ་ཐམས་ཅད་དང་། གཞན་ཡང་རྟོགས་པ་སྣ་ཚོགས་སུ་སྣང་བ་ཐམས་ཅད་ཀུན་འབྲས་བུ་དེ་བཞིན་གཤེགས་པ་རིགས་ལྔའི་དལ་དང་གཟུགས་མཛེས་པའི་ལྷ་མོ་ལ་སོགས་པ་འདོད་ཡོན་གྱི་ལྷ་དང་ལྷ་མོར་བརྟག ༈ །སྤྱོད་ཡུལ་ཀུན་ཏུ་བཟང་པོའི་ལོངས་སྤྱོད་དུ་སྤྱོད་པ་དང་། དྲང་། རྟོག་པ་ཐམས་ཅད་སྤྱོད་ཡུལ་ལྷར་དག་པ་ཀུན་ཏུ་བཟང་པོ་ཡིས་རང་བཞིན་དུ་ཤེས་པས་འདོད་པའི་ཡོན་ཏན་ལྔ་རྣམས་ཐམས་ཅད་ལ། ཐོགས་པ་དང་འཛིན་ཆགས་མེད་པར་མ་བགགས་པར་སྤྱད་པར་བྱ་སྟེ། དེ་ཁོ་ན་བསོད་ནམས་ཀྱི་ཚོགས་ཆེན་པོ་ཡིན་པར་བརྟག་གོ། །ཡང་ན་འདོད་ཡོན་ལྔ་པོ་དེ་བཞིན་གཤེགས་པ་རིགས་ལྔར་ཡང་བརྟག །ཆོས་ཀུན་སྤྱད་ཐབས་རྣལ་འབྱོར་གྱི་དམིགས་དང་བཅས་པའོ། །དྲང་། གཞན་ཡང་སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སྲིད་ཚད་རང་གསལ་བས་ཡེ་ཤེས་མཐའ་དབུས་མེད་པས་དབྱིངས་དང་འོད་ཟེར་འདོད་པའི་ཡོན་ཏན་ལྔ་རྣམས་ལ། སྣང་འབྱེད་ཀྱི་བློ་རབ་འབྲིང་ཐ་མ་ཐམས་ཅད་ཆོས་ཉིད་ལ་ཆོས་ཉིད་ལྷ་ལ་ལྷ་རོལ་ཅིང་སྤྱོད་པའོ། །ཡང་ན་འདི་ལ་ཤེས་བྱའི་ཆོས་སྲིད་ཚད་དང་འདོད་ཡོན་ལྔ་ལ་སོགས་པ་བཟང་ངན་རབ་འབྲིང་ཐ་མ་ཐམས་ཅད་ཆོས་ཉིད་ཀྱི་རྦ་ཀློང་དུ་ལོངས་སྤྱོད་པའོ། །དགུ་པ་དམ་ཚིག་ལ་གཉིས། དམ་ཚིག་བསྲུང་ཐབས་དང་། མ་བསྲུངས་པའི་སྐྱོན་ནོ། །དང་པོ་ལ་གཉིས། བདག་དོན་བསྲུང་བ་དང་། གཞན་དོན་དུ་གང་ལྟར་འཚམ་པར་བསྲུང་བའོ། །དང་པོ་ལ་གཉིས་རིམ་གྱིས་པ་དང་། ཅིག་ཆར་བའི་དམ་ཚིག་གོ། །དང་པོ་རིམ་གྱིས་པ་ལ་གཉིས། བགྲང་། མི་སྤང་ཞིང་དང་དུ་བླང་བའི་དམ་ཚིག་དང་། དྲང་། དང་དུ་བླང་བའི་དམ་རྫས་ལྔ་དང་། མི་སྤང་བ་ཉོན་མོངས་པ་ལྔ་པོ་ཀུན་ཀྱང་། སྤྲོས་པའི་རྣལ་འབྱོར་པའི་དུས་རྟག་ཏུ་སྤྱོད་པར་བྱའོ། །དེ་ལྟར་འདོད་པ་ལ་སྤྱད་པའི་དུས་དེ་ཉིད་ནའང་ཆགས་པ་དང་ཞེན་པ་མེད་པ་གྱུར་པ་དང་ཡོན་ཏན་གང་འབྱུང་ན་མཆོག་ཐུན་མོང་གི་དངོས་གྲུབ་ངོ་མཚར་བས་ཡ་མཚན་ཆེན་པོ་འབྱུང་བ་ནི། སྤྱིར་སུམ་བརྒྱ་དྲུག་བཅུ་ལས་རྩ་བའི་དམ་ཚིག་ལྔ་མདོ་ཙམ་དུ་བཤད་པ་རྒྱས་པའི་ལེའུ་གསུམ་པ་དང་། ལེ་ལག་གི་གཉིས་བརྒྱ་བརྒྱད་ཅུ་གྱ་བདུན་པའི་ནང་ནས་འབྱུང་བའོ། །དེ་ཡང་། དངོས་གྲུབ་ཡ་མཚན་ཆེན་པོ་ནི། །ཚེ་ལ་དབང་དང་རིག་པ་འཛིན། །མཁའ་ལ་སྤྱོད་དང་ཐོགས་མེད་འགྲུབ། །མཐར་ནི་སྐྱེ་ཤི་མེད་པའི་ས། །གཞན་ཡང་ཅི་ལྟར་དམིགས་པ་བཞིན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། ༈ །སྤྱོད་ལམ་ཀུན་དུ་སྤྲོས་པའི་རྣལ་འབྱོར་ལས་མི་འདའ་བར་བསྲུངས་པའོ། །དྲང་། དབང་པོའི་སྤྱོད་ཡུལ་དུ་མཐོང་ཐོས་ཐམས་ཅད་ཀུན་ལ། འགྲོ་བ་དང་འདུག་པ་དང་ཉལ་བ་ལ་སོགས་པའི་ཚེ་ན། ཞི་ཁྲོའི་དལ་གཉིས་སྒོམ་པ་སྤྲོས་བཅས་ཀྱི་རྣལ་འབྱོར་ལ་མཉམ་པར་ཏིང་ངེ་འཛིན་དེའི་དབྱིངས་སུ་གནས་པར་ལམ་པའི་ཤེས་རབ་ཀྱི་དབང་པོ་མཆོག་དང་ལྡན་པ་དག་གིས་དུས་རྟག་ཏུ་སྤྱོད་པར་བྱའོ། ༈ །ཅིག་ཆར་བའི་དམ་ཚིག་དང་། དྲང་། རིམ་གྱིས་པ་ལ་དགར་བས་ཡང་ན་ཅིག་ཆར་བར་དམ་ཚིག་འདི་ལྟ་བུ་རྟོགས་ཤིང་སྣང་བར་བྱེད་པའི་རྣལ་འབྱོར་པས་ཅི་ལྟར་སྤྱོད་ཀྱང་སྡོམ་པ་ལས་མི་འདའ་བའོ། །དེའི་གཏན་ཚིགས་ནི་སྣང་སྲིད་ཀྱི་ཆོས་ཐམས་ཅད་ལྷག་མ་མ་ལུས་པར་ལྷའི་དལ་དུ་ཡེ་ནས་སངས་རྒྱས་པར་རྟོགས་པ་ལ། འབྲས་བུ་བསྒྲུབ་ཅིང་དམ་ཚིག་བསྲུང་བར་བྱ་བ་མེད་དེ། དེ་བསྲུང་བ་ལ་དགེ་བ་དང་མ་སྲུང་བས་མི་དགེ་བའི་རྣམ་པ་གཉིས་ཀར་དབྱེ་བ་མེད་པ་རྨི་ལམ་ལྟར་རྟོགས་ཙམ་ན། ཡེ་ནས་དབྱེར་མེད་དུ་སངས་རྒྱས་པ་དེ་ལ་དམ་ཚིག་གི་བསྲུང་དུ་རྡུལ་ཕྲ་མོ་ཙམ་ཡང་མེད་དོ། ༈ །གཞན་དོན་དུ་གང་ལྟར་འཚམ་པ་ལྟར་སྲུང་བའོ། །དྲང་། གདུལ་བྱ་གཞན་དོན་བྱ་བའི་ཕྱིར་རྒྱུད་ལས་གྲགས་པའི་རྩ་བ་ཡན་ལག་གི་བསྲུང་བྱའི་དམ་ཚིག་ཀུན། ཅི་ལྟར་འབྱུང་བའམ། གདུལ་བྱ་གང་ལ་མོས་ལྟར་བློ་དང་འཚམ་པར་འདའ་བར་མ་བྱེད་པར་སྲུངས་ཤིག །མ་བསྲུང་བའི་སྐྱོན་ནོ། །དྲང་། སྟོན་པའི་སྐྱེས་བུ་རྡོ་རྗེ་སེམས་དཔའི་བཀའ་ནས་བཤད་པའམ་སྡོམ་པའི་རྩ་བ་ལྔ་དང་ཡན་ལག་གི་དམ་ཚིག་གི་ཐམས་ཅད་ཀུན། གཞུང་ནས་བཤད་པའི་ལྟ་སྤྱོད་དབྱེར་མེད་ཀྱི་དེ་བཞིན་ཉིད་དུ་ནི་མ་བསྲུངས་ན་སྐྱོན་ཅི་ལྟ་བུ་འབྱུང་ཞེ་ན། དབང་བསྐུར་བའི་དུས་སུ་དམ་ཆུ་བླུད་པ་དེ་ཡཀྵ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ཚ་བ་མེའི་དབལ་ལྟ་བུ། ལྕགས་ཀྱི་སྡིག་པ་མགོ་དགུ་པར་གྱུར་པ་ཅན་གྱིས། ཁྱོད་ཀྱི་སྙིང་ལ་ཚང་བཅས་ནས་ཚེ་འདི་ལ་སྙིང་གི་རྩ་བརྒྱད་ནས་དྲང་སྟེ་ཁྲག་ཐུང་ནས་དུས་མ་ཡིན་པར་འཆི་ཞིང་ཚེ་ཐུང་བ་ཡིན་ལ། ཕྱི་མ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་ཞིང་དེ་ཡིས་སྡུག་བསྔལ་ཚ་གྲང་བཀྲེས་སྐོམ་གླན་ལྐུག་ལ་སོགས་བཟོད་པའི་ཀླག་ཆད་དེ་ཚད་བཟུང་དུ་མེད་དོ། །དེ་ཡང་ལམ་བཞིར་ལྡོག་ཟག་ཡོད་པར་བསྟན་པ་ནི། དམ་ཉམས་ན་ངན་སོང་དུ་ལྟུང་བ་དེའི་ཕྱིར། དེ་ཏིང་ཀུན་ཏིང་། ཕྱག་རྒྱ་གཅིག་པ། སྤྲོས་པ་དང་ལམ་བཞིར་འཁོར་བར་ལྡོག་ཅིང་ངན་སོང་དུ་ལྟུང་བ་དང་། ཟག་པ་གསུམ་ཡོད་པར་བསྟན་པའོ། །དེ་ལྟར་སྤྲོས་པ་ངན་འགྲོར་ལྡོག་སྲིད་ན། ལྟ་བའི་སྐབས་སུ། ཆི་སྲིན་ཕྱག་རྒྱ་ཅི་བཞིན་དུ། །དང་པོའི་དོན་རྟོགས་མཐར་མི་གཏོང་། །ཞེས་པ་དང་། ཟག་པའི་དོན་རྟོགས་མི་ལྡོག་ཅེས་བཤད་པ་དང་འགལ་ལོ་ཞེ་ན། འདི་ལ་འདོད་པ་འགའ་ཞིག་ཡོད་དེ། རེ་ཞིག་ལྟུང་ཡང་མཐར་མི་བསླུ་བ་ལ་དགོངས་པ་དང་། ལྟུང་ཡང་རྟོགས་པའི་ཡོན་ཏན་གྱིས་སྡུག་བསྔལ་དྲག་པོ་ཡུན་རིང་མི་མྱོང་བ་ཡིན་ཏེ། མདོ་ལས། ཅི་ལྟར་ཕོ་ལང་བརྡབ་པ་བཞིན། །འཕེན་འགྲོ་དོན་གྱི་དེར་མི་གནས། །ཞེས་པ་དང་། དེའི་སྡུག་བསྔལ་བཟོད་ཀླག་ཆད། །ཅེས་ལུང་གཉིས་དང་འགལ་ལོ་ཞེ་ན། བཟོད་རླག་ཆད་ནི། ཉེན་ཆེ་བ་ལ་དགོངས་ཀྱིས། ཡུན་རིང་བ་མ་ཡིན་ནོ། །དམ་ཚིག་ངོ་བོ་ལྟ་བ་ཡིན་པ་དེ་རྟོགས་ན་ཉམས་མི་སྲིད་པས། དེ་རྐྱེན་གྱི་ལྟུང་བ་མེད་ལ། འདིར་ལྟུང་བར་བཤད་པ་ནི། ལྟ་བ་མ་རྟོགས་པའི་སྒོམ་པ་ཞིག་ལ། ཉམས་པ་འབྱུང་སྲིད་པས་རྐྱེན་གྱི་ལྟུང་བ་ཡིན་ནོ་གསུང་སྟེ། འདིར་རྣལ་འབྱོར་བཞི་ལ་ལྟ་བ་རྟོགས་པའི་གསལ་ཆ་མེད་ན། རྟོགས་པ་མེད་པས། གོམས་པ་ཡང་མི་འབྱུང་བས། རྣལ་འབྱོར་ལ་ཡོད་ན། རང་ཚིག་དང་འགལ་བར་འགྱུར། དེས་ན་རྟོགས་པ་རྒྱུན་ཆགས་པ་རྣམས། ངན་འགྲོར་མི་ལྟུང་ལ། རེས་འགའ་བ་རྣམས་འགལ་རྐྱེན་གྱི་ལྟུང་སྲིད་པ་ལ་དགོངས་པས། སྔ་ཕྱི་གཉིས་ཀ་དང་མི་འགལ་ལོ། །དེས་ན་སྤྲོས་བཅས་མན་ཆད་ལ་ལྡོག་ཟག་གཉིས་ཀ་ཡོད་པའི་མུ་ཡིན་ལ། སྦྱོར་ལམ་ནི། ལྡོག་མེད་ཟག་པ་ཡོད་ཀྱི་མུ་ཡིན། མཐོང་ལམ་ཡན་ཆད་ཟག་ལྡོག་གཉིས་མེད་པའི་མུ། ཟག་མེད་ལྡོག་ཡོད་ཀྱི་མུ་ནི། འཕགས་པ་དགྲ་བཅོམ་པའི་རྟེན་གྱི་གང་ཟག་ཞིག །ཐེག་ཆེན་གྱི་ཚོགས་སྦྱོར་གྱི་ལམ་ལ་གནས་པ་དེའོ། ༈ །བཅུ་པ་དྲོད་ལ་དབྱེ་བ་མེད་པའོ། །དྲང་། ཕྱིའི་དྲོད་ལུས་ཤིང་བལ་གྱི་འདབས་མ་ལྟ་བུར་ཤིན་ཏུ་ཡང་བ་དང་། ནང་གི་དྲོད་དབུགས་ཀྱི་ཕྱི་ནང་དུ་རྒྱུ་ཡུན་རིང་དུ་བྲལ་བ་དང་། གསང་བ་སེམས་ཀྱི་དྲོད་ནི་རྣལ་འབྱོར་པའི་ཏིང་ངེ་འཛིན་མཁའ་ལ་གཟའ་སྐར་ཤར་བ་དེ་མ་འདྲེས་ལ་ཡོངས་སུ་རྫོགས་པར་གསལ་བ་བཞིན་དུ། ཞི་ཁྲོའི་དལ་གྱི་ལྷ་རྣམས་མ་འདྲེས་ཡོངས་སུ་གསལ་བས་ལྷག་མཐོང་ལ། རྟོགས་པ་མཐར་མི་གཡོ་བ་ཞི་གནས། སྒོམ་བྱ་སྒོམ་བྱེད་ཀྱི་སྤྱོད་ཡུལ་དུ་ཞེན་པ་མེད་པར་ཞི་གནས་ལྷག་མཐོང་ཟུང་འབྲེལ་དུ་གསལ་བའོ། །དེ་ཡང་དྲོད་གསུམ་པོ་དེའི་ཞོར་ལས་བྱུང་བའི་དྲོད་ཀུན་ཀྱང་ཚོགས་ལམ་ཆེན་པོ་འདིར་རྫོགས་པར་འགྱུར་བའི་ཕྱིར་ན། དྲོད་དང་ཡོན་ཏན་འདི་ཞེས་གྲངས་ཀྱི་ཆ་ལས་འདས་ཏེ་དཔག་ཏུ་མེད་པའོ། ༈ །བཅུ་གཅིག་པ་རྟགས་ལ་བཞི། བགྲངས་རྟགས་དངོས་དང་། དྲང་། སྤྲོས་པའི་ཏིང་ངེ་འཛིན་ལས་སུ་རུང་བའི་རྟགས་རྣམས་ཀྱང་། སྔོན་ཏིང་ངེ་འཛིན་གསུམ་པའམ། ཕྱག་རྒྱ་གཅིག་པའི་སྐབས་སུ་འབྱུང་བ་འདི་རུ་སློབས་སུ་གྱུར་པ། ངོ་བོ་གསལ་བརྟན་དུ་འཕེལ་བའང་། ཁམས་བདེ་མི་བདེ་སྙོམས་ཤིང་རང་གི་ལུས་ཏིང་ངེ་འཛིན་གྱི་བདེ་བས་རྒྱས་པ་དང་། རླུང་མཁྲིས་བད་ཀན་འདུས་པའི་ནད་འདུ་བ་རྣམ་པ་བཞི་དང་བྲལ་ནས་ལུས་ཀྱི་བཟོད་པ་ཚབ་ཆེར་ཐོབ་པའི་ཆེ་རྟགས་གཞན་རྣམས་འབྱུང་བ་ཡིན་ནོ། །མངོན་ཤེས་དང་། དྲང་། སྔོན་གྱི་གནས་རྗེས་སུ་དྲན་པ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་དང་། དབང་པོའི་སྒོ་རེས་ཀྱང་ཡུལ་ལྔ་ལྔ་གཅོད་པས་ཉི་ཤུ་རྩ་ལྔའི་གྲངས་ཀྱང་རྫོགས་པར་འགྱུར་ཞིང་། སྤྲོས་པའི་ཏིང་ངེ་འཛིན་ནི། མངོན་ཤེས་རབ་འབྲིང་གི་ཆ་ཡིས་འབྲིང་གི་ཡུལ་ཁམས། རབ་ཀྱི་གླིང་གཅིག་ཚུན་ཆད་ཀྱི་མངོན་ཤེས་ཀྱི་གསལ་ཞིང་དགོངས་ལ་ཐུགས་རྗེས་འདུལ་བར་བྱེད་དོ། །དེ་རྒྱུ་ཅི་ལས་བྱུང་ཞེ་ན། འཇུག་པའི་རྣམ་པར་ཤེས་པ་ཚོགས་དྲུག་རང་རྒྱུད་པར་ཐ་དད་དུ་འཛིན་པའི་རྟོགས་པ་དག་ཅིང་དངས་པའི་སྟོབས་ལས་འབྱུང་བར་འགྱུར་བ་ཡིན་ནོ། ༈ །ཆོ་འཕྲུལ་དང་། དྲང་། སྤྲུལ་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཉི་ཤུའི་ཆ་རོ་ཙམ་དུ་གཡོ་བ་དང་། ཐོབ་པ་ཙམ་དུ་འབྱུང་བ་དང་། ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་འགྲོ་བ་ཐམས་ཅད་ལ་རང་རང་གི་སྐད་དང་མཐུན་པར་ཆོས་སྟོན་ནུས་པ་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། གླིང་གཅིག་ཆད་པ་གཡོས་ཤིང་ལྟས་འབྱུང་བས་ཆོས་སྣང་བར་བྱེད་པའི་ཆོ་འཕྲུལ་དང་། དངོས་པོ་ཀུན་ཡི་གེའི་སྒྲར་བརྗོད་པར་བྱེད་པ་ཀུན་བརྗོད་པའི་ཆོ་འཕྲུལ་ལོ། ༈ །སྤྱོད་ཡུལ་བཅོ་བརྒྱད་ཤུགས་སྣང་མཐོང་ཚུལ་གདམས་པ་དང་བཅས་པའོ། །དྲང་། དེ་ལྟར་ཆོ་འཕྲུལ་བཞི་པོ་འདི་དག་མཐོང་བ་དང་། གོང་ལྟར་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དང་། གླང་པོ་ཆེ་ཞོན་པ་དང་། གྲུར་ཞུགས་ལ་སོགས་ཏིང་ངེ་འཛིན་གྱི་ཤུགས་ལས་སྣང་བརྒྱད་མཐོང་བ་ཡང་འབྱུང་། དེ་དག་ཅི་བྱུང་ཡང་རེ་བ་དང་དོག་པའི་རྟོགས་པ་དོར་ལ་མཉམ་པར་བཞག་གོ། ༈ །བཅུ་གཉིས་པ་རྨི་ལམ་ལ་གཉིས། བགྲང་། རྨི་ལམ་སྔ་མ་དང་མཐུན་ཞིང་རྫོགས་པར་འབྱུང་བ་དང་། དྲང་། སྤྲོས་པའི་སྐབས་འདིར་རྨི་ལམ་གྱི་མཚན་མ་ཡང་ཕྱག་རྒྱ་གཅིག་པ་དང་ཆོས་མཐུན་ཏེ་ངོ་བོ་གཅིག་པར། གྲུབ་པའི་རྨི་ལྟས་བཅུ་བཞི་ལ་སོགས་འབྱུང་བ་ཡིན་ནོ། །འོ་ན་ཁྱད་མེད་དམ་ཞེ་ན། ངོ་བོ་གསལ་བ་དང་བརྟན་པར་འགྱུར་བས་ཁྱད་པར་ཕྱེ་བའམ། གཞན་ཡང་རྒྱུད་གཞུང་ཀུན་ལས་མཚན་མ་བཟང་པོའི་ལྟས་སུ་རྒྱལ་བས་ལུང་བསྟན་པ་ཀུན། ཚོགས་ལམ་ཆེན་པོ་སྤྲོས་པའི་སྐབས་འདིར་ཐམས་ཅད་རྫོགས་པར་འབྱུང་བ་ཡིན་ནོ། ༈ །མི་རྟགས་ཀུན་འབྱུང་འབྱུང་བའི་གཏན་ཚིག་གོ། །དྲང་། བསྒྲུབ་པའི་རིག་འཛིན་སྤྲོས་བཅས་ཀྱི་ལམ་འདི་ཉིད། མཐར་ཕྱིན་རིག་འཛིན་རྒྱུ་ཡིན་པའི་ཕྱིར། རྨི་ལམ་གྱི་ལྟས་བཟང་པོ་མཚན་མ་འབྱུང་བའི་ས་ཡིན་ཏེ། བར་ཆད་མེད་པར་ཚོགས་བསྒྲུབ་པའི་སྐབས་སུའང་རྨི་ལྟས་བཅུ་བཞི་པོ་འདི་དག་འབྱུང་བའོ། ༈ །བཅུ་གསུམ་པ་ཡོན་ཏན་ལ་གསུམ། བགྲང་། རྟོགས་ཚོགས་ལྷར་གསལ་བའི་ཡོན་ཏན་དང་། དྲང་། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཉིད་དེ་བཞིན་གཤེགས་པ་རིགས་ཀྱི་ཡབ་ལྔ་ས་ལ་སོགས་པའི་འབྱུང་བ་ལྔ་པོ་ཉིད་རིགས་ཀྱི་ཡུམ་ལྔ། མིག་ལ་སོགས་པའི་དབང་པོ་བཞི་རྣམས་ནི་ཕྱི་ནང་གི་བྱང་ཆུབ་སེམས་དཔའ་བརྒྱད། མིག་གི་ཡུལ་གཟུགས་ལ་སོགས་པ་བཞི་དང་། འདས་པ་ལ་སོགས་པའི་དུས་བཞི་ནི། བྱང་ཆུབ་སེམས་མ་ཆེན་མོ་བརྒྱད་ཡིན་ནོ། །བདག་ཏུ་རྟོག་པ་རགས་པ་ལས་སྐྱེས་པའི་ལུས་ཀྱིས་ཆོས་རྣམ་པ་བཞི་ཁྲོ་བོ་སྒོ་བ་བཞི་ཡིན། རྟག་ཆད་བདག་འཛིན་མུ་བཞི་ཁྲོ་མོ་བཞི། ཡིད་ཆོས་ཀུན་བཟང་ཡབ་ཡུམ། ཉོན་མོངས་པ་ཐུབ་པ་དྲུག་ཡིན་པའོ། །དེ་རྣམས་རང་སྣང་དུ་བསྟན་པ་ནི། རྟོགས་ཚོགས་ཐམས་ཅད་ལྷའི་དལ་དུ་གསལ་བ་དེ་ཡང་སེམས་རང་གི་རིག་པ་ཉིད་ལྷ་དང་ལྷ་མོའི་དལ་དུ་སྣང་བ་ཡིན་ཞེས་བྱའོ། །དེ་བཞིན་དུ་ཐམས་ཅད་མཉམ་ཉིད་དུ་རྫོགས་པས་དཔལ་ལྷུན་གྱིས་གྲུབ་པའི་ས་སྟེ། ༈ །ལྷ་སེམས་ཉིད་རང་སྣང་དུ་བསྟན་པ་དང་། །དྲང་། དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔ་ལ་སོགས་པའི་རྟོགས་ཚོགས་ལྷའི་དལ་ཐམས་ཅད་རང་བྱུང་ཡེ་ཤེས་ཆེན་པོའི་དལ་ཉིད་ལས་མ་གཡོས་ཤིང་མི་འདའ་བས་སྒོམ་ཞེས་བརྗོད་དོ། ༈ །ཅི་ལྟར་བསམ་པ་བཞིན་འགྲུབ་པའི་ཡོན་ཏན་ནོ། །དྲང་། གཟུང་འཛིན་གྱི་རྟོག་པ་གཉིས་དང་བྲལ་བའི་སྤྲོས་པའི་རྣལ་འབྱོར་པ་ཐབས་མཁས་ཀྱི་རྟོགས་ཚོགས་ཐམས་ཅད་ཞི་ཁྲོའི་ལྷ་རུ་གསལ་ལ་དེ་ཡང་འཛིན་མེད་དུ་ཤེས་པས་དངོས་པོ་རང་རྒྱུད་པ་མེད་པར་སྒོམ་ན། མིག་གི་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་ལ་སོགས་པ་སྤྱོད་ཡུལ་འདི་དག་རང་རྒྱུད་པ་མེད་པའི་ཚུལ་དུ་དག་པར་འགྱུར་རོ། །ལྷ་དེ་དག་ཀྱང་རང་གི་རིག་པའི་ཡེ་ཤེས་སུ་གསལ་བར་སྒོམ་ན། དོན་དམ་པར་ལྷའི་རང་བཞིན་ཅིར་ཡང་གྲུབ་པ་མེད་པ་ལས། ཀུན་རྫོབ་ཏུ་ཅི་ལྟར་བསམ་པ་ལྟར་སྣང་བས་བསྒྲུབ་ན་ཅིར་ཡང་འགྲུབ་པར་འགྱུར་རོ། ༈ །བཅུ་བཞི་པ་འདའ་ཀ་མ་ལ་གཉིས། བགྲང་། འདས་ཚུལ་ཡོན་ཏན་དང་བཅས་པ་དང་། དྲང་། ཕྱག་རྒྱ་སྤྲོས་པ་འདི་སྒོམ་པའི་དུས་ན་རྐྱེན་གྱིས་བསྒྱུར་བའི་དུས་འཆི་ལྟས་བྱུང་ན་ཞི་ཁྲོ་ཕྱག་རྒྱ་སྤྲོས་པའི་ཏིང་ངེ་འཛིན་གང་ཡིན་དྲན་པས་བཟུང་བ་ཡིས། དེའི་ངང་ལ་འདས་ན། ལས་ངན་གྱི་རྣམ་སྨིན་དང་ལམ་གྱི་ཞེན་རྒྱུན་ཅད་ནས་ཐོད་རྒལ་དུ་སྲིད་པ་བར་མ་དོའི་ཕྱི་མར་བློ་ཆུང་ན་རྣམ་སྨིན་དང་། བློ་ཆེ་ན་ཚེ་དབང་གཉིས་གང་རུང་དུ་བྱེད་ལ་སྦྱོར་ཏེ། མཐོང་ལམ་གྱི་རིག་འཛིན་ཐོབ་པའོ། ༈ །ནུས་པ་ཞན་ཅིང་མན་ངག་སྒོམ་པའི་སྐབས་མེད་ཀྱང་གནས་སྐབས་ཀྱི་འབྲས་བུ་འབྱུང་བའོ། །དྲང་། སྤྲོས་པའི་རྣལ་འབྱོར་པ་བློ་ཆུང་བ་གང་ཞིག་ཏིང་ངེ་འཛིན་དང་བརྩོན་འགྲུས་ཀྱི་ནུས་པ་ཞན་པས་འདའ་ཁ་མའི་ཏིང་ངེ་འཛིན་སྒོམ་པའི་སྐབས་མེད་པར་ཚེ་འཕོ་བར་འགྱུར་བའང་། སྔར་གྱི་ཏིང་ངེ་འཛིན་གྱི་འཕེན་པའི་འབྲེལ་བ་སྤྲོས་བཅས་སྒོམ་པའི་ས་བོན་རྒྱུད་ལ་ཡོད་པའི་རྐྱེན་གྱིས་ཚེ་རབས་འདི་དང་ཕྱི་མ་ཀུན་ཏུ་བདེ་འགྲོ་ལྷ་དང་མིའི་གོ་འཕང་ཕུན་སུམ་ཚོགས་པ་ཐོབ་ནས། ལྷའི་སྐུ་གསུང་ཐུགས་ཀྱི། དཀོན་མཆོག་གསུམ་དང་། རང་བཞིན་ནམ། གནས། དུས་ཀྱི་མི་སྐོལ་བར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་སྤྱད་པས་ཐར་ཆགས་སུ་བརྒྱུད་ནས་འབྲས་བུ་རིག་འཛིན་ཐོབ་པར་འགྱུར་རོ། །བཅོ་ལྔ་འབྲས་བུ་ལ་གཉིས། བགྲང་། གནས་སྐབས་ཀྱི་འབྲས་བུ་རིག་འཛིན་ཐོབ་པ་དང་། དྲང་། སྙོམས་ལས་ལས་གྱུར་པའི་ལེ་ལོ་མེད་པར་བརྩོན་པར་བྱས་ན། ཚེ་འདི་ཉིད་ལ་ལམ་དུ་འབྲས་བུ་རིག་འཛིན་ཐོབ་པའང་ཆོས་ཉིད་རྟོགས་པའི་ལྟ་བ་དང་། རྩ་བ་ཡན་ལག་གི་དམ་ཚིག་མ་ཉམས་པར་བསྲུངས་པ་དང་། རྐྱེན་རྨི་ལམ་རྣམ་དག་བཏབ་པའི་མཐུ་དང་། ལམ་གྱི་ཆ་རྐྱེན་གྱི་ཡན་ལག་ཆོ་ག་ལྔ། ཡོ་བྱད་ལྔ། སྔགས་ཀྱི་ཡན་ལག་ལྔ་ལ་སོགས་པ་རྫོགས་པས་བསྒྲུབ་ན་འབྲས་བུ་མཐོང་ལམ་རིག་འཛིན་ཉིད་ཐོབ་པར་འགྱུར་བའོ། ༈ །མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་པའོ། །དྲང་། ཞི་ཁྲོ་ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་ཏིང་ངེ་འཛིན་ཡང་ནས་ཡང་དུ་རྒྱུན་ཆག་པར་སྒོམ་པའོ། །བསོད་རྣམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པའི་ལོངས་སྤྱོད་ཀྱིས་དཔེ་མུན་པ། མ་སྤངས་པར་སྣང་བ་དང་། དུག་མ་སྤངས་པར་སྨན་དུ་འགྱུར་བའི་ཚུལ་ཅི་བཞིན་དུ། རྟོག་ཚོགས་མ་སྤངས་པར་འབྲས་བུ་སྐུ་དང་ཡེ་ཤེས་སུ་གསལ་བ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མཆོག་བརྙེས་ཏེ་དངོས་སུ་ཐོབ་པ་ལྟར་སྣང་བ་ནི། ཕྱོགས་མཐུན་སྦྱར་བའམ། དེ་ཉིད་ཀྱི་ངོ་བོ་ལམ་དུ་བྱེད་པ་ལ་དགོངས་པ་ཡིན་ལ། ཉེ་སྦྱོར་ནི། བློ་ཆེ་ན་རྣམ་སྨིན་དང་། བློ་ཆུང་ན་ཚོགས་བསྒྲུབ་ཐོབ་པའོ། ༈ །ལེའུའི་མཚན་ནོ། །དྲང་། ཞི་ཁྲོའི་ལྷ་ཕྱག་རྒྱ་དུ་མར་སྤྲོས་ནས་སྒོམ་པའི་རྣལ་འབྱོར་ཏིང་ངེ་འཛིན་ལ་བསླབ་པའི་ཐབས་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས་གཅོད་ཅིང་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ་ཡས་བགྲང་དྲུག་པའི་དོན་དུ་གདའོ། ཀས། ༈ །སྤྱི་དོན་གཉིས་པ་བར་ཆད་མེད་པར་ཚོགས་བསྒྲུབ་པ་ལ་གསུམ། བགྲང་། ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། ཕྱག་རྒྱ་སྤྲོས་པ་ཞི་ཁྲོའི་དལ་གཉིས་གོམས་པའི། རྟོགས་པའི་ངང་ལ་ཕྱག་འཚལ་ནས། ཟག་བཅས་ཟག་མེད་བར་ཆད་མེད་པར་འབྲས་བུ་རིག་འཛིན་ལ་སྦྱོར་བ་ཡིས། སྤྲོས་པ་ཚོགས་ལམ་མཐར་ཕྱིན་པའི་དུས་ཀྱི་རྗེས་ཐོག་ཏུ། སྦྱོར་ལམ་ཚོམ་བུ་ཚོགས་བསྒྲུབ་པ་བཤད་པར་བྱའོ། །གཞུང་དོན་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། བར་ཆད་མེད་པའི་ལམ་ཚོམ་བུ་ཚོགས་བསྒྲུབ་པ་ལ། བསྙེན་པ་དང་ནི་ཉེ་བའི་བསྙེན་པ་དང་། བསྒྲུབ་པ་དང་ནི་བསྒྲུབ་པ་ཆེན་པོས་བར་ཆད་མེད་པའི་ལམ་བསྙེན་བསྒྲུབ་བཞིའོ་དོན་ལ་རྫོགས་པའང་སྐབས་འདིར་ཤེས་པར་བྱའོ། །བསྙེན་བསྒྲུབ་བཞི་འདི་ཡང་ལམ་རིམ་འཇུག་གི་བསྙེན་བསྒྲུབ་བཞི་དང་། བསྒྲུབ་པ་གཞུང་གི་བསྙེན་བསྒྲུབ་བཞི་དང་། སྦྱོར་བའི་བསྙེན་སྒྲུབ་བཞི་ཡོད་པ་ལས། ༈ །རྒྱས་པར་བཤད་པ་ལ་གསུམ་ལམ་གྱི་བསྙེན་སྒྲུབ་བཞི་དང་། སྦྱོར་བའི་བསྙེན་སྒྲུབ་མཆོད་པའི་སྐབས་སུ་བསྟན་པ་དང་། བསྒྲུབ་པའི་བསྙེན་སྒྲུབ་བཞིའོ། དང་པོ་ལ་བཞི། བགྲང་། དེ་ལྟར་བསྙེན་སྒྲུབ་བཞི་ཆ་གསུམ་ཡོད་པའི་དང་པོ་ལ་ལམ་རིམ་འཇུག་གི་བསྙེན་སྒྲུབ་བཞིའོ། །དེ་ལ་ཡང་བཞི་ཡོད་པའི་དང་པོ་བསྙེན་པ་ནི། ཐོག་མར་དོན་དམ་དང་ཀུན་རྫོབ་བྱང་ཆུབ་སེམས་བདེན་པ་དབྱེར་མེད་དུ་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་སྒོམ་པ་ལ་བརྩོན་འགྲུས་བྱེད་ནས་དེ་ནི། གྲངས་དུས་རྟགས་ཀྱི་བསྙེན་པ་གསུམ་ཡོད་པའི་ནང་ནས་དམ་པ་ལས་བྱས་པ་ཆུད་མི་ཟ་བ་དང་། འགྲུས་པར་ལྟ་བ་ཡིན་པའི་ཕྱིར། ལམ་གྱི་ས་མཚམས། སེམས་གཉིས་ཀྱི་ཆས་ཕྱེ་བས། དེ་ཏིང་སྟོང་ཆེན་དང་། ཀུན་ཏིང་སྙིང་རྗེ་ཆེན་པོ་མན་ཆད་བསྙེན་པར་བརྗོད་དོ། །གཉིས་པ་ཉེ་བའི་བསྙེན་པ་ནི། དེ་ལ་བརྟེན་པ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་གཅིག་དང་དུ་མར་གསལ་བ་སྒོམ་པ་ནི། གོང་མ་བས་ཀྱང་འབྲས་བུ་ལ་ཉེ་བའི་ཕྱིར་ཉེ་བའི་བསྙེན་པ་ཡིན་པས་ན། གཏན་ཚིག་དེའི་ཕྱིར་ཟུང་འཇུག་ཕྱག་རྒྱ་གཅིག་པ་དང་། སྣང་བྱེད་ཕྱག་རྒྱ་སྤྲོས་པ་གཉིས་ཉེ་བའི་བསྙེན་པའོ། །གསུམ་པ་བསྒྲུབ་པ་ནི། བསྒྲུབ་པ་ཉིད་ནི་སྦྱོར་ལམ་བར་ཆད་མེད་པའི་ལམ་དུ་ཚོམ་བུ་ཚོགས་བསྒྲུབ་པའོ། །བཞི་པ་བསྒྲུབ་པ་ཆེན་པོ་ནི། དུས་ཀྱི་ཚོགས་བསྒྲུབ་པའི་མཐའ། མཚན་མ་རྟགས་ཀྱི་བསྙེན་པ་རྫོགས་ནས་ནུབ་ཐ་མ་དངོས་གྲུབ་ལེན་པ་དེ་བསྒྲུབ་པ་ཆེན་པོའོ། །དེ་ལས་སུ་རུང་ནས་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་མཐོང་ལམ་རྣམ་སྨིན་དང་། ཚེ་དབང་གཉིས་གང་རུང་ཐོབ་པ་དེ་འབྲས་བུ་གྲུབ་པའོ། ༈ །སྦྱོར་བའི་བསྙེན་སྒྲུབ་མཆོད་པའི་སྐབས་སུ་བསྟན་པ་དང་། དྲང་། མདོར་བསྟན་གྱི་གསུམ་པ་སྦྱོར་བའི་བསྙེན་བསྒྲུབ་བཞི་ནི། ཞི་ཁྲོའི་ཏ་ན་གྷ་ན་ཡི་མཆོད་པའི་སྐབས་སུ་འོག་ཏུ་སྟོན་པ་ལྟར་ཤེས་པར་བྱའོ་ཞེས་ཁ་འཕོང་པའོ། །འོན་ཀྱང་བསྙེན་བསྒྲུབ་གཉིས་པོ་ལ་ངོས་བཟུང་ཙམ་བྱེད་ན་སྦྱོར་བའི་བསྙེན་བསྒྲུབ་བཞི་ནི། ཡུམ་མཚན་ལྡན་བཙལ་ནས་ཁྲུས་བྱས་ཆས་སུ་ཞུགས་ལུས་བསྲུང་བ་ནི། བསྙེན་པའོ། །དམ་ཚིག་འབོག་བྱིན་གྱིས་རླབས་འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པར་བྱས་པ་ནི། ཉེ་བསྙེན་ཕྱག་རྒྱ་བཞི་པ་རོལ་བ་བསྒྲུབ་པ་བྱང་སེམས་མཁའ་ལ་ཕབ་པ་བསྒྲུབ་པ་ཆེན་པོ། བསྒྲུབ་པའི་བསྙེན་བསྒྲུབ་བཞི་ནི། ཟླ་གཅིག་གི་དབང་དུ་བརྩི་ན། གནས་གཞལ་ཡས་ཁང་མཐུན་པར་རྫས་བསོགས། དལ་བྲིས་ནས་རྟེན་རྫས་བཀོད། རྒྱལ་ཆེན་ཕྱོགས་སྐྱོངས་མཆོད་པ་ནི། བསྙེན་པའོ། །ཞག་བཅོ་ལྔ་ཡན་ཆད་ཆོ་ག་གཞུང་སྲོང་བ་ཉེ་བསྙེན་ནོ། །ཞག་བཅོ་ལྔ་མན་ཆད་ཞག་བཅུ་བཞི་བསྒྲུབ་པའོ། །ནུབ་ཐ་མ་དངོས་གྲུབ་ལེན་པ་ནི་བསྒྲུབ་པ་ཆེན་པོའོ། །བསྒྲུབ་པའི་བསྙེན་སྒྲུབ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། མདོར་བསྟན་གྱི་གཉིས་པ་བསྒྲུབ་པ་དུས་ཀྱི་བསྙེན་བསྒྲུབ་བཞི་གཙོ་བོ་བྱས་ཏེ་ཚོགས་བསྒྲུབ་ཀྱི་སྐབས་འདིར་རྒྱས་པར་བསྟན་པ་ལ་གཉིས་ཏེ། གང་ཞེ་ན། ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་བ་དང་། བསྙེན་བསྒྲུབ་ཡན་ལག་བཞིས་བསྒྲུབ་པའི་གཞུང་བསྲང་བ་དག་གི་སྦྱོར་ལམ་ཚོགས་བསྒྲུབ་རྫོགས་པར་འགྱུར་ཏེ། བསྒྲུབ་པ་པོ་གནས་དུས། ཡོ་བྱད་ལ་སོགས་ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་ལ། བསྙེན་བསྒྲུབ་ཡན་ལག་བཞིའི་བསྒྲུབ་པའི་གཞུང་བསྲང་བར་བྱ་བའང་། ཅི་ལྟར་ཞེ་ན། རྣལ་འབྱོར་པ་གང་དག་གཅིག་སྤྲོས་ཀྱི་སྐབས་སུ་ཞི་ཁྲོ་གང་ལ་མོས་པ་ཇི་བཞིན་དུ། འདིར་ཡང་ཞི་བ་ཚོགས་བསྒྲུབ་པ་དང་། ཁྲོ་བོས་ཚོགས་བསྒྲུབ་པར་བྱ་བའོ། །རྒྱས་པར་བཤད་པ་ལ་གཉིས། ཞི་ཁྲོ་གང་མོས་སུ་ཚོགས་བསྒྲུབ་པ་དང་། བསྒྲུབ་པའི་རྟགས་དང་འབྲས་བུའོ། །དང་པོ་གཉིས། ཞི་བ་བསྒྲུབ་དང་། ཁྲོ་བོ་བསྒྲུབ་པའོ། །ཞི་བ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། སྤྱིར་བསྟན་ལ་ཞི་ཁྲོ་གཉིས་ཡོད་པ་དེ་ལ་ཡང་སྔ་མ་ཞི་བའི་སྒོ་ནས་ཚོགས་བསྒྲུབ་པ་ལ་གནས་ཕུན་སུམ་ཚོགས་པ་དང་གཅིག །དུས་ཕུན་སུམ་ཚོགས་པ་དང་གཉིས། ཡོ་བྱད་ཕུན་སུམ་ཚོགས་པ་དང་གསུམ། སྟོན་འཁོར་བསྒྲུབ་པ་པོ་ཕུན་སུམ་ཚོགས་པ་དང་བཞི། བསྒྲུབ་པའི་ཐབས་ཕུན་འདིར་མ་དཔེ་ལྡེབ་གཅིག་ཆད་འདུག་པས་དཔེ་གཞན་ལ་བསྡུར་དགོས།ཏིང་ངེ་འཛིན་ནི། སྤྲོས་མཐར་ཕྱིན་པའོ། །དམ་ཚིག་ནི། སྤྱིར་ཐམས་ཅད་དང་ལྡན་ཞིང་། ཁྱད་པར་དུ་བསྒྲུབ་པ་ལ་མི་འདའ་བའི་དམ་ཚིག་གོ། །བླ་མ་མཚན་ཉིད་དང་ལྡན་པ་ལ། ཆུ་བོ་བཞི་རྫོགས་དགོས་ཏེ། གང་ཞེ་ན། བཀའ་བརྒྱུད་འདུས་པ་ལུང་གི་ཆུ་བོ། བླ་མ་བརྒྱུད་པ་བྱིན་རླབས་ཀྱི་ཆུ་བོ། ཡོངས་སུ་རྫོགས་པ་དབང་གི་ཆུ་བོ། རང་རིག་པ་ཉམས་ཀྱི་ཆུ་བོ་དང་བཞིའོ། །དབང་གི་ཆུ་བོ་ལ་བཞི། ཡི་དམ་ལྷའི་དབང་ཐོབ་པ་ཀུ་ཀུ་ར་ཙ་ལྟ་བུ། པོ་ཏི་གླེགས་བམ་གྱི་དབང་ཐོབ་པ་རྒྱལ་པོ་ཛ་ལྟ་བུ། རིག་པ་རྩལ་གྱི་དབང་ཐོབ་པ་པདྨ་འབྱུང་གནས་ལྟ་བུ། ཐམས་ཅད་ཀྱི་དབང་ཐོབ་པའམ། མཁས་པ་པན་ཏྲི་ཏའི་དབང་ཐོབ་པ་བྷི་མ་ལ་ལྟ་བུའོ། །ཡང་ན་ཆུ་བོ་བཞིའི་བརྒྱུད་པ་བར་མ་ཆད་པ་ལྷའི་དབང་བསྐུར་ནས་ཐོབ་པ། སློབ་དཔོན་དགའ་རབ་རྡོ་རྗེའི་བརྒྱུད་པ། གང་ཟག་གིས་དབང་སྐུར་ནས་ཐོབ་པ་བྷི་མ་ལའི་བརྒྱུད་པ། རིག་པ་རྩལ་གྱི་དབང་བསྐུར་ནས་ཐོབ་པ། སློབ་དཔོན་པདྨའི་བརྒྱུད་པ། པོ་ཏི་གླེགས་བམ་གྱི་དབང་བསྐུར་ནས་ཐོབ་པ། རྒྱལ་པོ་ཛའི་བརྒྱུད་པ་ཞེས་ཀྱང་ཟེར། ཡང་ན་དབང་གི་ཆུ་བོ་བཞི་ནི། ཕྱི་དབང་རྒྱུད་ཀྱི་ཆུ་བོ། ནང་དབང་འབྱུང་བའི་ཆུ་བོ། བསྒྲུབ་དབང་གྲགས་པའི་ཆུ་བོ། གསང་དབང་རྫོགས་པའི་ཆུ་བོ་དང་བཞིའོ། །གང་ཡིན་ཡང་། དམ་པའི་མཛོད་གསུམ། དབང་གི་ཆུ་བོ་རྫོགས་པ་དང་བཞི། ཞན་འཛིན་པའི་གཉེར་དང་ལྡན་པ་དང་ལྔ། རྒྱུད་སྡེ་ལ་མཁས་ཤིང་ལུང་གི་དོན་ཁྲོལ་བ་དང་དྲུག །ཕྲིན་ལས་ཏེ་བསྒྲུབ་པའི་ཆོག་འགྲིགས་ལ་མཁས་པ་དང་བདུན། སྙན་རྒྱུད་ཉམས་མྱོང་མན་ངག་དྲོད་འཆང་བ་དང་བརྒྱད། སྟོན་པ་དེའི་རྒྱུད་ལ་འཆང་བའོ། །དེ་ལྟ་བུའི་རྣལ་འབྱོར་སྤྲོས་བཅས་མཐར་ཕྱིན་ཅིང་དགོངས་པ་དང་ལྡན་པའི་སྟོན་པ་ཤིན་ཏུ་ཡང་གཅེས་པས་ཏེ་བརྟེན་པར་བྱའོ། ༈ །འཁོར་ཕུན་སུམ་ཚོགས་པའོ། །དྲང་། གོང་དུ་བཤད་པ་དེ་ལྟ་བུའི་སྟོན་པའི་རང་བཞིན་བརྒྱད་དང་ལྡན་པའི་བླ་མ་རྡོ་རྗེ་སློབ་དཔོན་ལ། སྒོ་གསུམ་གུས་པའི་སྒོ་ནས་མཉེས་པ་གསུམ་གྱིས་མཆོད་ཅིང་། ཕན་ནུས་ཟབ་མོའི་དབང་རིམ་པ་བཞིན་ཐོབ་པར་བྱ་སྟེ། བརྩོན་འགྲུས་ཀྱིས་སྒོ་གསུམ་གྱི་རྒྱུད་ཡོངས་སུ་སྦྱངས་པའི་སྒོ་ནས། རྟོགས་པའི་ལྟ་བ་དང་ལྡན་པ་བདེན་པ་དབྱེར་མེད་མངོན་དུ་བྱས་ཤིང་། དེ་བཞིན་ཉིད་སོགས་ཀྱི་ཏིང་ངེ་འཛིན་བཞི་གསལ་བ་དང་། བླ་མེད་མི་སྤངས་པ་ལ་སོགས་པ་རྩ་བ་ལྔ་དང་། མི་སྤང་མི་འདོར་བ་ཡན་ལག་བཅུ་སྟེ། རྩ་བ་ཡན་ལག་བཅོ་ལྔ་ལ་སོགས་པའི་དམ་ཚིག་མ་ཉམས་པ་དང་། རྒྱུ་མ་ནོར་རྩ་བའི་སྔགས་དང་། བསྐྱེད་པ་རྐྱེན་གྱིས་སྔགས་དང་། བཟླས་པ་ལམ་རིམ་གྱི་སྔགས་ཏེ་གསུམ་མམ། སྔགས་ཀྱི་ཡན་ལག་ལྔ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི། ཆོས་ཀྱི། སྐུ་ཕྱག་རྒྱ་ཆེན་པོ་དང་བཞི་པོ་རྣམས་ཤེས་ཤིང་། གོང་དུ་བཤད་པ་བཞིན་དམ་ཚིག་མ་ཉམས་ཤིང་། ཕྱག་རྒྱ་སྒོམ་ཤེས་ཤིང་། བཟའ་དང་བཏུང་བའི་ཡོ་བྱད་རྒྱན་དང་བགོ་བའི་གླུ་ཚིག །སྒྲའི་བྲོ་གར་འདུ་འཕྲོའི། ཨ་ལི་ཀ་ལིའི་ཡོ་བྱད་ལྔ་དང་ལྡན་པའོ། །དེ་ལྟ་བུའི་འཁོར་གྲུབ་པར་འགྱུར་རོ། །དོན་དེ་དང་མི་ལྡན་ན་མི་འགྲུབ་སྟེ་བརླག་པར་འགྱུར་རོ། ༈ །གནས་ལ་གཉིས། བགྲང་། གནས་བཙལ་ཤིང་ས་ཆོག་བྱ་བ་དང་། དྲང་། དགྲ་བགེགས་ཀྱི་སྡེ་དཔུང་གི་བར་ཆད་ཆེན་པོས་མི་ཚུགས་པའི་གནས་བཙན་ཤིང་། རྡོ་རྗེ་ལས་རིམ་ནས་འབྱུང་བ་ལྟར་ས་གཞི་དང་བར་སྣང་གི་མཚན་ཉིད་ལ་སོགས་པ་བཀྲ་ཤིས་པ་དང་། མི་ཆོས་གཙུག་ལག་དང་། ལྷ་ཆོས་ཀྱི་ལོ་རྒྱུས་རྣམ་པ་གཉིས་ཀ་ཤིས་པ་དང་ལྡན་པ་དང་། རང་ཉིད་ཤིན་ཏུ་ཡིད་དུ་འོང་བའི་ས་ཕྱོགས་བཙལ་བ་དེར། ལས་རིམ་ནས་འབྱུང་བ་ལྟར་ས་ཡི་ཆོ་ག་རྒྱས་པར་བྱའོ། །འདི་རྣམས་ཀྱི་དོན་རྒྱས་པར། ཀུན་འདུས་དང་། །རྔམ་གློག་དང་། རྡོ་རྗེ་ལས་རིམ་ནས་འབྱུང་བ་ལྟར། ས་དང་བར་སྣང་ཤིས་པའི་མཚན་ཉིད་བཟང་པོ་དང་ལྡན་པ་དང་གཅིག །ལྷ་ཆོས་དང་ཆོས་ཀྱི་གཙུག་ལག་གི་རྣམ་པ་གཉིས་ཀ་ཤེས་པ་དང་གཉིས། རྣལ་འབྱོར་པ་ཉམས་དགའ་ཞིང་ཡིད་དུ་འོང་བ་བར་ཆད་མེད་པའི་ཕྱོགས་བརྩལ་བར་བྱ་བ་དང་གསུམ་མོ། །དང་པོ་ནི། རྡོ་རྗེ་ལས་རིམ་ལས། གནམ་དང་ས་དང་བར་སྣང་དང་། །ལེགས་པར་བརྟག་སྟེ་ལས་རྣམས་བྱ། །ཞེས་པས། དེ་ལ་གསུམ། ནམ་མཁའ་ཡོན་ཏན་བཞི་དང་ལྡན་པ་དང་བར་རིའི་སྒྲོན་བརྟག་པ་དང་། ས་བརྟག་པའོ། །དང་པོ་ལ་བཞི། མཚོན་ཆ་ལྔའི་དབྱིབས་སམ། འཁོར་ལོའི་རད་ན་ཟུར་བརྒྱད་དམ། རྩེ་མང་ཙ་ཏྲ་རྩིབས་སྟོང་དང་ལྡན་པ་དང་། ཆུ་བོ་བཞིན་མ་བོ་བ། སླང་ངའི་ཁ་བཞིན་མཉམ་པ་དང་། བར་སྣང་འོ་ཀའི་ཆུ་ལྟར་དྭངས་པ་དང་། མཚོན་ཆ་ལྔའི་དབྱིབས་དག་ཏུ། བརྟག་ནས་མངོན་པར་ནམ་མཁའ་ཤིས། །ཞེས་པ་དང་། ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མོང་དང་། །ཆུ་བོ་བཞིན་དུ་མ་བོ་ཞིང་། །མཉམ་ཞིང་འོ་ཁ་ཆུ་ལྟར་དང་། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། ཕྱོགས་ཀྱི་རིགས་བརྟགས་པ་དང་། མཚམས་ཀྱི་དགྲ་བརྟག་པའོ། །དང་པོ་ནི་ཤར་གྱི་རི་རྒྱང་རིང་ཞིང་བགས་ཀྱིས་གཞོལ་བ། ལྷོ་ཕྱོགས་ཀྱི་རི་འཇམ་ཞིང་ནགས་ཚལ་མཐུག་པོ་སྐྱེས་པ། ནུབ་རི་མཐོ་བ། བྱང་རི་བསྐྱོབ་ཅིང་འདུད་པ་ལྟ་བུ་སྟེ། ཤར་ལྷོ་འཇམ་ཞིང་གཞོལ་བ་ལ། །མཐོ་དང་འདུད་པ་ནུབ་བྱང་ཡིན་ཅེས་གསུང་། ༈ །གཉིས་པ་མཚམས་ཀྱི་དགྲ་ནི། ཤར་ལྷོ་ན་གཤིན་རྗེ་གདུག་པའི་མདུང་རྩེ་ལྟ་བུ་རྣོ་ཟང་ངེ་བ་འདུག་ན། གཙོ་བོ་སློབ་དཔོན་གྱི་ཚེ་ལ་གནོད་པ་དང་ལྷོ་ནུབ་མཚམས་ན་སྲིན་པོ་དུས་པའི་མཆི་རྗེས་གཡའ་དང་། བྱེ་མ་བཤལ་བ་འདྲ་འདུག་ན། འཁོར་དུ་ཡུག་ས་མང་དུ་འབྱུང་བ་དང་། ནུབ་བྱང་མཚམས་ན་མ་མོ་རྔམ་པའམ། སྤར་ཞད་ཀྱི་བྲབ་པ་གྲོག་པོ་ཤ་ཤུར་མང་པོ་འདུག་ན། གཙོ་འཁོར་གྱི་ནོར་ལ་གནོད་པ་དང་། བྱང་ཤར་མཚམས་ན་འབྱུང་པོ་རྐུན་མོའི་འཇོལ་པ། མདོང་དྲུད་པའི་ཤོལ་ལྟ་བུ་འདུག་ན། བྱིས་པ་དང་འགབ་ལ་གནོད་པས་སྤང་ངོ་། །གཞན་ཡང་གདུག་པ་ཀླུའི་རྒྱུ་སྲང་། སྐྱོན་ཅན་རྒྱུ་བའི་ལམ་སྲང་། ཞང་བློན་གདུག་པའི་འདུག་ས་དང་། ཉེས་པ་དང་འབྲེལ་བའི་གནས་རྣམས་སྤང་ངོ་། །དེ་ཡང་། རྔམ་གློག་ལས། སྤང་བར་བྱེད་པའི་གནས་ངན་ནི། །གཤིན་རྗེ་གདུག་པའི་མདུང་རྩེ་དང་། །སྲིན་པོ་ངུས་པའི་མཆི་རྗེས་དང་། །འཕྲོས་པའི་གནོད་སྦྱིན་སྤར་རྗེས་དང་། །མ་མོ་རྔམས་པའི་སྤར་རྗེས་དང་། །འབྱུང་པོ་རྐུན་མའི་འཇོལ་སྲང་དང་། གདུག་པ་ཀླུའི་རྒྱུ་སྲོང་དང་། །སྐྱོན་ཅན་རྒྱུ་བའི་ལམ་སྲོང་དང་། །ཞང་བློན་གདུག་པའི་འདུག་ས་དང་། །ཉེས་དང་འབྲེལ་པའི་གནས་རྣམས་ནི། །སྦྲུལ་གདུག་པང་དུ་འོང་བ་ལྟར། །ཝའི་བརྟུལ་ཞུགས་ཆེན་པོ་ཡིས། །ལོ་ཡིས་བཤུགས་ཏེ་རབ་ཏུ་སྤང་། །ཞེས་པ་དང་། ས་འདི་རྣམས་ལ། རྒྱལ་བ་ཡང་དགོན་པའི་རི་ཆོས་ནང་དུ་། །ཉལ་ས་གྲུ་བཞི་འདོམ་གང་ལ། །དགེ་སྦྱོར་འཕེལ་མི་འཕེལ་ཡོད་པས། །ས་འདི་རྣམས་གནད་ཆེའོ། །གསུངས། གསུམ་པ་གཞི་བརྟག་པ་ནི། ས་གཞི་ལྷུན་ཆགས་ཤིང་། བརྗིད་ཆགས་པ། ཆུ་བོ་ནུབ་ནས་ཤར་དུ་འབབ་པ། རླུང་ཆུང་ཞིང་། རྩི་ཤིང་དང་། ནགས་ཚལ་དང་། མེ་ཏོག་གི་གསེབ་ནས་བྱ་སྐད་སྙན་པ་རྣམ་པ་སྣ་ཚོགས་པ་སྒྲོགས་པ། མི་ཆོས་ཀྱི་ལོ་རྒྱུས་ཀྱི་བཀྲ་ཤིས་པ། གཙུག་ལག་གི་ལྷ་བཞི་སྟེ། ཤར་ན་སྟག་སྐྱ་བོ་སྟེ། རྒྱ་ལམ་ཡོད་པ། ལྷོ་ན་གཡུ་འབྲུག་སྔོན་མོ་སྟེ། ཆུ་རྒྱུན་འབབ་པ། ནུབ་ན་བྱ་དམར་པོ་སྟེ། བྲག་མཐོ་བ། བྱང་ན་རུས་སྦལ་ནག་པོ་སྟེ། ཤིང་རྐང་གཅིག་གམ་ཆུ་མིག་ཡོད་པ། ལྷ་ཆོས་ཀྱི་བཀྲ་ཤིས་པ། སྟོན་པས་ཞབས་ཀྱི་བཅག་པའི་ས་དང་། གང་ཟག་ཁྱད་པར་ཅན་གྱི་གྲུབ་པ་མཉེས་པའི་ས་སྟེ། ལས་རིམ་ལས། ལྷུན་སྡུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ལྡན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱི་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བཏགས། །ལོ་རྒྱུས་ཤིས་པ་མཆོག་ཏུ་གསུངས། །ཞེས་སོ། །གཞན་ཡང་དགྲའི་བར་ཆད་ཀྱིས་དབེན་ཏེ། མི་རྒོད་ཀྱི་འདུ་སར་མ་སོང་བ། བགེགས་ཀྱི་བར་ཆད་ཀྱི་དབེན་ཏེ། ལྷ་འདྲེ་འགྲུལ་སྲང་མ་ཟུག་པ། ནད་ཀྱི་བར་ཆད་ཀྱི་དབེན་ཏེ། དུག་དང་ཆུ་ནད་ལ་སོགས་པ་མེད་པར་ས་ཕྱོགས་ཚ་གྲང་སྙོམས་པའོ། །དེ་ཡང་ལས་རིམ་ལས། བདག་ཉིད་རྟོགས་ཤིང་ཉམས་དགའ་དང་། །བསམ་གཏན་དགྲ་ལ་རིང་གྱུར་པ། །རང་ཁྱིམ་ལ་སོགས་དེ་བཞིན་ཏེ། །ནན་ཏན་ནུས་མཐུ་ལྡན་ཕྱིར་ཡིན། །ཞེས་གསུངས་སོ། །ས་ནང་གི་བརྟག་པ་ལ། ས་སའི་བརྟག་པ་དང་། ས་ཆུའི་བརྟག་པ་གཉིས་སོ། །དེ་ནས་ས་བསླང་བ་དང་། ས་སྦྱངས་པ་དང་། དབང་དུ་བྱ་བ་དང་། ས་བསྲུངས་རྣམས་གཞན་དུ་ཤེས་པར་བྱའོ། །གཞན་ཡང་ཨོ་རྒྱན་པདྨ་དང་། རྒྱལ་བ་ཡང་དགོན་ས་གཉིས་ཀྱི། དམ་པའི་ཆོས་བསྒྲུབ་པའི་གནས་ཀྱི་ལེགས་ཉེས་འདི་ལྟར་གསུངས་ཏེ། བྲག་ཕུག་མ་མོ་དང་སྲིན་མོའི་གནས་ཡིན། རེག་པ་དང་ཐབས་ལམ་ལ་དགའ། ནགས་ཁྲོད་ཀླུ་དང་གནོད་སྦྱིན་གནས་ཡིན། གནས་པ་ཆེ། གསར་པ་ལ་དགའ། དུར་ཁྲོད་ནི། གཤིན་རྗེ་དང་ཤ་ཟ་མཁའ་འགྲོའི་གནས་ཡིན། བྱིན་བརླབ་ཆེ། རྙིང་པ་ལ་དགའ། ས་ཕུག་ཐེལ་རང་དང་དམ་སྲིའི་གནས་ཡིན། ཡེ་འགྲོག་མང་། མ་མོ་བསྒྲུབ་པ་ལ་དགའ། ཤིང་རྐང་གཅིག་དང་། ལྷ་རྟེན་ཡོད་ས་མུ་སྟེགས་ཀྱི་གནས་ཡིན། དེ་ཡང་དབང་ཕྱུག་ཆེན་པོ་བསྒྲུབ་པ་ལ་དགའོ། །དེའི་ཁོངས་སུ་སྡོད་པ་རྣམས་གནས་བརྟག་ཤེས་པར་བྱའོ། །དེ་ལ་སྐྱོན་ཡོན་བརྩི་བ་ལ་གསུམ། མཚན་ཉིད་དང་མི་ལྡན་པའི་སྐྱོན། ལྡན་པའི་ཡོན་ཏན། ལྡན་ཚུལ་ངོས་བཟུང་བའོ། །དང་པོ་ནི་ཤར་རི་མཐོ་ན་ཚེ་ལ་གནོད། ནུབ་རི་ཧད་པོར་སོང་ན་བཀྲ་མི་ཤིས། རི་སྣ་མདུང་ཚུགས་སུ་ཟུག་ན་བར་ཆད་འོང་། ཚ་གྲང་མ་སྙོམས་ན་ནད་འཇུག་གདོན་གདུག་པ་ཅན་ཡོད་ན་བར་ཆད་འོང་། རྒྱུ་སྲང་ཟུག་ན་མིའི་འཚེ་བ་འོང་། གཞན་ཡང་སྟེང་ན་བྲག་ལྷུང་ལ་ཁད་པ་དང་། ངུས་པའི་མཆི་རིས་འདྲ་བ་དང་། སྡེར་སེན་གྱི་བྲད་པ་འདྲ་བ་དང་། ཞིང་ལྤགས་བརྒྱང་བ་འདྲ་བ། སྒོ་ལ་གྲོག་མདོ་ཟུག་པ་། སྒོ་ལ་མི་ལོངས་བ་ལྟ་བུ་བྱུང་ན། ས་དགྲ་ཡིན་པས་སྐྱོན་ཅན་ཡིན་ནོ། །གཉིས་པ་ཡོན་ཏན་ནི། བྲག་སྐྱིལ་ཀྲུང་བཅའ་བ་འདྲ་ན། ཏིང་ངེ་འཛིན་སྐྱེ། པདྨ་ཁ་ཕྱེས་པ་འདྲ་ན་རྟོགས་པ་འཆར། ས་དང་ལམ་གྲུ་གསུམ་ཡོད་ན། གྲུབ་ཐག་ཉེ་རྒྱབ་རི་མཐོ་ན་བག་དྲོ། བྱང་རི་མཐོ་ན་བཀྲ་ཤིས། ལྷོ་སྐྱོབས་མདུད་པ་འདྲ་ན་ལོངས་སྤྱོད་འདུ། ས་དགྲ་གང་ཡང་མེད་ན་བཀྲ་ཤིས་ཏེ་ཡོན་ཏན་ནོ། །གསུམ་པ་ལྡན་ཚུལ་ངོས་བཟུང་བ་ནི། ས་པདྨ་འདབ་བརྒྱད་དུ་ཡོད་པ། གནམ་འཁོར་ལོ་རྩིབས་བརྒྱད་དུ་ཡོད་པ། རྒྱབ་རི་མཐོ་བ་བྱང་རི་འཐུག་པ། གཡས་དར་དཀར་གྱི་ཡོལ་བ་འདྲ་བ། གཡོན་རིན་ཆེན་སྤུངས་པ་འདྲ་བ། མདའ་ཕྱག་རྒྱ་བསྣོལ་བ་འདྲ་བ། རི་ཐམས་ཅད་སྣུམ་ཞིང་ཁེངས་པ། མདོར་ན་མཐོ་བ་ཡངས་པ། བྱང་སྐྱོབས་པ་ལྷོ་འདུད་པ། ཤར་གཞོལ་བ། མདུན་ཐང་བ། ཆུ་བོ་དབང་གི་ཕྱོགས་ནས་འབབ་པ། ཉི་མ་རྟག་ཅིང་གངས་མཐོ་བ། གསལ་ཆ་ཆེ་ཞིང་སོ་ཐུབ་པ། ཚ་གྲངས་སྙོམས་ཤིང་གཞི་བདག་འཇམ་པ། ཐག་ཉེ་རིང་རན་ཅིང་ས་བཙན་པ། བཀྲ་ཤིས་ཤིང་གྲུབ་ཐོབ་ཀྱི་ཞབས་ཀྱིས་བཅག་པ་གཅིག་བཙལ་ལོ། །དེར་དགོན་པ་འདེབས་པ་ལ། སའི་སྙིང་ནོན་དགོས་ཏེ། པདྨ་འདྲ་བའི་ལྟེ་བ་ལ། དཀྱིལ་ཀྲུང་འདྲ་ན་བསྣོལ་མཚམས་ན། ཆོས་འབྱུང་འདྲ་ན་དབལ་ཁ་ལ། མི་འདྲ་ན་སྙིང་ཁར། ཕག་འདྲ་དང་གླང་ཆེན་འདྲ་ན། མིག་ཚིལ་དང་ལྟོ་ཚིལ་ལ། མཁལ་མ་འདྲ་བའི་སྟེང་དུ་གདབ་བོ། །གཞན་ཡང་སྒང་གི་གཤོང་། གཤོང་གི་སྒང་། ལོག་གི་ཁུག །ཁུག་གི་རྔམ། མདོར་ན་སའི་སྙིང་ནོན་པ། ས་སྣ་མང་པོའི་གཞིའམ། གཞུང་འདྲིལ་ལ་གདབ་བོ། །དེ་ལས་གཞན་པ་ཕག་གི་ཟེ་བ། གླང་གི་རྐང་པ། མིའི་གསུས་བཤལ་ལ་མི་གདབ་བོ། །ས་དགྲ་བསྲུང་བའི་རྟེན་འབྲེལ་ནི། རིག་སྣ་ཟུག་པ་དང་། མདོག་སྔོན་པོ་ལ་ས་དགྲ་བྱུང་ན། མེའི་རི་མོ་བྱ། གྲོག་པོ་རེ་ཧྲུལ་དུ་ཆད་པ་ལ་ཆུའི་རི་མོ་བྱ། སྡེར་ཟིན་གྱི་བྲད་པའམ། ཞིང་པགས་བརྐྱངས་པ་འདྲ་བ་ལ། བཀྲ་ཤིས་རྟགས་བརྒྱད་བྲི། སྟེང་དུ་ལྷུང་ལ་ཁད་པ་ལ་མཆོད་རྟེན་བརྩིགས། མཚན་མ་ཟོད་པ་འདྲ་བ་འདུག་ན། ཕོ་རྟགས་བཙུག །བྲག་རྟ་ཙམ་སྒོའི་ཐད་ཀ་ན་འདུག་ན། ས་དགྲ་ཆེ་བས་རྟེན་འབྲེལ་མང་དུ་བྱ། གཞན་ཡང་སེམས་ཅན་གྱི་གཟུ་འདྲ་བ་འདུག་ན། དེའི་གཉེན་པོ་གང་འགྲོ་བའི་གཟུགས་བྱའོ། མདུན་དུ་གཤོང་མི་བྲུ། ཤར་དུ་མཆོད་རྟེན་མི་བརྩེགས། ཁང་པའི་ས་དགྲ་ལ། བྱང་ཁ། ལྷོ་མིག །གདུང་རོ་འདོན་པའི་ཁྲི་ལྟ་བུ་དང་། ནད་པའི་ཁྲི་ལྟ་ བུ་དང་། ཀ་བ་དྲིལ ་གཤིབ། རླུང་ཁ་ཡོད། སྒོ་ཕུག་གསལ། སྣེ་གདུང་ཐུག་ཡོད་པ་རྣམས། ས་དགྲ་ཡིན་ནོ། །དེའི་ཐད་ཀར་བཀྲ་ཤིས་པའི་མཚན་མ་དང་སྙིང་པོ་བྲི། དེ་ནས་ལྷོ་གཤིན་རྗེ་རུ་སྒོ་མ་བསྟན། ལྷོ་ནུབ་སྲིན་པོའི་སྟེང་དུ་མལ་མི་བཅའ། ནུབ་བྱང་རླུང་ལྷའི་སྟེང་དུ་གཡོས་མི་བྱ། ཤར་ལྷོ་མེ་ལྷར་ཐབ་བཙུག་གོ། །བྱང་ཤར་དབང་ལྡན་དུ་མལ་བཅའོ། །མལ་གྱི་དགྲ་ནི། རི་ལ་མགོ་བོ་ཐུར་བསྟན། མལ་མགོ་ལྷོར་བསྟན། གདུང་གི་མལ་གྱི་སྐེད་པ་བཅད་པ། ལྡེམ་འཚམས། སྒོ་འཕྲེད། ལྷྭམ་སྔས་བཅུག །སྟན་ཁ་འགག་བསྟན། ལྤགས་རློན་གདན་བཏིང་། དེ་རྣམས་དགྲ་ས་ཡིན་པས་མི་བྱའོ། །དེ་ནས་མལ་ས་གྲུ་བཞི་འདོམ་གང་ལ། དགེ་སྦྱོར་འཕེལ་མི་འཕེལ་གྱི་གདན་ཡོད་དོ། །ཕྱི་ནང་སྣོད་བཅུད་སྣང་སེམས་གཅིག་གི་ངོ་བོ་ཡིན་པའི་ཕྱིར། རྟེན་ཕྱི་རོལ་གྱི་སྐྱོན་གང་ཡིན་པ་དེ། བརྟེན་པ་ནང་གི་སེམས་རྒྱུད་ལ་འོང་བ་ཡིན་ནོ། །གཞན་ཡང་སྒོ་དྲུང་དུ། ཐོ་དཀར་པོ་བརྩིགས། བར་ཆད་མི་འབྱུང་བའི་རྟེན་འབྲེལ་ཡིན། མལ་འོག་དུ་ས་དཀར་གྱི་གཡུང་དྲུང་རིས་བྲིས། འདུག་ཚུག་པའི་རྟེན་འབྲེལ་ཡིན་པར་གསུངས་སོ། །གནས་བརྩེགས་ཤིང་བྱུག་བསྲུང་བྱའོ། །དྲང་། གནས་རྙེད་ནས་ཚོམ་བུ་གཅིག་གསུམ་པ་ལྔ་པ་གང་བྱེད་པའི་ལྷའི་གྲངས་གང་ཡོད་ཀྱི་རིམ་པ་བཞིན་དུ། གནས་ཁང་ཆེ་ཆུང་གི་ཚད་ཡང་རྐྱེན་བསྒྲུབ་པ་པོ་མང་ཉུང་གི་རིམ་པ་བཞིན་དུ་མཚམས་པར་བྱ། དེ་ཡང་འཁོར་ཁང་ཕྱི་མར་ཡོ་བྱད་བསོག་ཅིང་གཡོས་བྱེད། ནང་མར་གསང་སྤྱོད་ཀྱི་མཆོད་པ་འབུལ། བར་མ་ཚོགས་བསྒྲུབ་པ་སྟེ། རིམ་པ་གསུམ་དང་ལྡན་པའི་ཁང་པར། རིན་ཆེན་གསེར་དངུལ་ལ་སོགས་པ་དང་ཙནྡ་དང་གླ་རྩི་ལ་སོགས་པ་བྱུག་པས་གནས་ཁང་གི་བར་ཆད་བསྲུང་བ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་མཛེས་པར་སྤྲལ་པའི་གཞལ་ཡས་ཁང་རང་ཉམས་དགའ་ཞིང་ཡིད་དུ་འོང་བར་བྱ་བ་ཤིན་ཏུ་གཅེས། དུས་ལ་གཉིས། བགྲང་། བསྒྲུབ་པ་ལ་འཇུག་པའི་དུས་དང་། དྲང་། དེ་ལ་བསྒྲུབ་པ་ལ་འཇུག་པའི་དུས་ཀྱི་ཚེ་གྲངས་ནི་ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་ལ་ལྷའི་ཚོགས་འདུས་པའི་དུས་ཡིན་པས་བརྩོན་པར་བྱ་སྟེ། ཤིན་ཏུ་ཡང་ཚེས་གྲངས་དེ་དང་སྐར་མ་རྒྱལ་དང་གཟའ་ཕུར་བུ་རྣམས་ས་ག་ཟླ་བ་ལ་འཛོམས་པས། དེའི་དུས་སུ་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་སྤྱོད་པ་བརླབ་པོ་ཆེར་སྤྱོད་པ་ནི་རང་བཞིན་གྱིས་ནུས་པ་ཡོད་པ་ནི། གསང་སྔགས་མཆོག་གི་དངོས་གྲུབ་དུས་མྱུར་དུ་ཐོབ་པའི་རྟེན་འབྲེལ་ཡོད་པའི་ཕྱིར། ཚེས་གྲངས་དང་གཟའ་དང་སྐར་མ་རྒྱལ་ལ་སོགས་པ་བཟང་པོ་རྣམས་བཀྲ་ཤིས་པ་ཡིན་པས་བླང་བར་བྱའོ། །འགྲུབ་པའི་དུས་སོ། །དྲང་། ལྟ་བ་དང་དམ་ཚིག་མ་ཉམས་པར་བརྩོན་པ་ལ་གནས་ན་བློ་དང་བརྩོན་འགྲུས་རབ་ཀྱི་ཞག་ནི་སུམ་ཅུ་པ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། འབྲིང་གི་ཟླ་བ་བཅུ་གཉིས་ཏེ་ལོ་གཅིག་གམ། ཡང་ན་ཟླ་བ་བཅུ་བཞི་སྟེ་ལོ་གཅིག་དང་ཟླ་བ་གཉིས་སམ་ཐ་མས་ཀྱང་ཟླ་བ་བཅུ་དྲུག་གིས་ཏེ་ལོ་གཅིག་དང་ཟླ་བ་བཞིས། དབང་པོ་བརྟུལ་ན་རྣམ་པར་སྨིན་པའི་རིག་འཛིན་ནམ། དབང་པོ་རྣོ་ན་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་རྣམས་ཀྱི་ནང་ནས་དམ་པ་སྟེ་མཆོག་ཏུ་གྱུར་པ་ལུས་མི་འདོར་བར་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་ལ་དབང་བའི་རིག་འཛིན་ཉིད་དུ་འགྲུབ་པའི་ཕྱིར། སྦྱོར་ལམ་གྱི་རྣལ་འབྱོར་པ་བློ་དང་བརྩོན་འགྲུས་ཆེ་ཆུང་རབ་འབྲིང་ཐ་མའི་ཆོས་དུས་ཉེ་རིང་རིག་པ་བཞིན་དུ་འགྲུབ་པའོ། །སྤྱོད་པ་ལ་གཉིས། བགྲང་། ཡོ་བྱད་ཚོགས་པར་བསགས་པ་དང་། དྲང་། གོས་རྒྱན་བཟའ་བཏུང་གསང་བ་དང་བསྒྲུབ་པའི་སྤྱོད་ལྔ་རྣམས་དང་། ཞེས་པ། རྒྱན་དང་བགོ་བའི་ཡོ་བྱད་དང་། བཟའ་དང་བཏུང་བའི་དང་། བྲོ་གར་འདུ་འཕྲོའི་དང་། གླུ་ཚིག་སྒྲའི་དང་། གསང་བ་ཨཱ་ལི་ཀཱ་ལིའི་ཡོ་བྱད་དང་ལྔའོ། །དང་པོ་ནི། སྐུའི་སྟོད་གཡོག་དང་། གསུང་གི་སྨད་དཀྲིས། ཐུགས་ཀྱི་ཟེ་ཁབ་དང་། ཕྱག་རྒྱ་ཕུ་རུང་དང་། གསང་ཡོབ་དང་། གསང་ནན་དང་། ཀུན་ལ་ཁྱབ་པའི་ཆོས་གོས་ལ་སོགས་པའི་རྒྱན་བདུན་ནོ། །གཉིས་པ་ནི། ཤ་དང་། མར་དང་། ཁུར་བ་དང་། ལ་དུ་དང་། བུ་རམ་དང་། སྦྲང་རྩི་དང་། ཤིང་ཐོག་དང་། ཟན་ལ་སོགས་པའི་གཟའ་བའི་བྱེ་བྲག་རྣམས་དང་། ཞོ་དང་། ཆང་དང་། རྒུན་ཆང་དང་། འབྲས་ཆང་། བུ་རམ་ཆང་དང་། ཆབ་ཚ་དང་། སྦྲང་ཆུ་ལ་སོགས་པ་བཏུང་བའི་བྱེ་བྲག་རྣམས་སོ། །གསུམ་པ་ནི། རྣལ་འབྱོར་ཕོ་མོ་རིགས་ལྔ་སྤྱིའི་དང་། ཡེ་ཤེས་རྒྱན་གྱི་བྲོའི་བྱེ་བྲག་ལ་མཁས་པའོ། །བཞི་པ་ནི། དེ་དག་གི་གླུའི་བྱེ་བྲག་ལ་མཁས་པ་དང་། རོལ་མོའི་སྒྲ་སྣ་ཚོགས་ལྡན་པའོ། །དེ་ཡང་བསྒྲུབ་མཆོག་གསང་བའི་རྣལ་འབྱོར་པ། །སྐྱོ་བའི་ཡིད་རྣམས་བསང་ཕྱིར་དང་། །གཏི་མུག་མུན་པ་གཞོམ་པའི་ཕྱིར། །དུང་དང་མཁར་རྔ་རྫ་དང་། །ཅང་ཏེའུ་པི་ཝང་ཀོ་ཀི་ལ། །སྙན་པར་སྒྲོགས་པའི་རྫས་རྣམས་ཀུན། །སྣ་ཚོགས་འབྱུང་བའི་རོལ་མོ་སྟེ། །ཉེར་རྫོགས་སུ་ནི་སྦྱོར་བར་བྱ། །ཞེས་སོ། །ལྔ་པ་ནི། གཟུགས་མ་སྟེ། བྱིན་རླབས་དང་ལྡན་པའི། དེ་ལྟར་སྒྲུབ་པའི་ཡོ་བྱད་རྣམ་ལྔ་དང་ལྡན་པ་སྟེ། མདའ་རལ་གྲི་མེ་ལོང་ལ་སོགས་དཀྱིལ་འཁོར་གྱི་རྒྱན་ཡོ་བྱད་དང་ཕྱི་ནང་གསང་བའི་མཆོད་པའི་རྫས་རྣམས་དང་། དངོས་གྲུབ་རྟེན་གྱི་ཡོ་བྱད་ཐོད་སྐུ་མར་མེ་རྡོར་དྲིལ་ལ་སོགས་པ་དང་། དགྲ་བགེགས་དང་ནད་ཀྱི་བར་ཆད་རྐྱེན་བཟློག་གི་ཡོ་བྱད་དང་། གོ་མཚོན་ཡུངས་དཀར། གུ་གུལ། སྨན་དང་སྨན་པར་བཅས་པ་རྣམས་བསྡུ་ཞིང་བསགས་པར་བྱའོ། །འཚོ་བའི་ཡོ་བྱད་བྱིན་གྱིས་རླབས་པའོ། །དྲང་། ཡོ་བྱད་དག་པ་སྟེ། དམ་ཉམས་ཀྱི་ལག་ནས་ལོན་པ་ལྟ་བུ་མ་ཡིན་པ། རྐུས་པ་མ་ཡིན། མཛེ་ཕོ་དང་། ཕུད་པ་ཉམས་པ་མ་ཡིན་པ་བསྡུ་བར་བྱ་སྟེ། དེ་ལ་ཚོ་གསུམ་དུ་བཅད་ལ་ཡང་དག་བཞིན་བྱིན་གྱིས་རླབས་པར་བྱའོ། །དེ་ཡང་ཚོ་གསུམ་དུ་བཅད་པའི་ཚོ་དང་པོ་ཏྲམ་ལས་རིན་པོ་ཆེའི་མཆོད་སྡོང་འོད་འབར་བའི་རྩེ་ལ་ཡི་གེ་གསུམ་ལས། ཕྱི་ནང་གསང་བའི་ལོངས་སྤྱོད་འབྱུང་བར་བསམ་སྟེ། ཕྱི་ནང་གི་གཏོར་མ་བྱའོ། །བར་པ། ཉི་ཟླའི་སྟེང་དུ་དཔའ་བོ་འབྲུ་ལྔའི་འཕྲོ་འདུ་ལས། འདོད་ཡོན་གྱི་ལྷར་བརླབ་སྟེ་རྣལ་འབྱོར་པ་རྣམས་ཀྱིས་རོལ། ཐ་མ་ལ་སོགས་ལས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས། ཡངས་ཤིང་རྒྱ་ཆེ་བར་སྤེལ་ཏེ། མཆོད་མགྲོན་བྱའོ། །བསྒྲུབ་ཐབས་ཕུན་སུམ་ཚོགས་པའོ། །དྲང་། བསྒྲུབ་པའི་ཐབས་ནི་བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་བས་བསྒྲུབ་པའི་གཞུང་བསྲང་སྟེ། དགྲ་དང་བགེགས་ཀྱི་འགྲིམས་སྲང་མེད་པ་མིའི་དབང་མ་བྱས་པ་བར་ཆད་མེད་པའི་གནས་དང་། གོང་དུ་བཤད་པའི་ཡོངས་སྤྱོད་རྣམས་དང་ཅི་བདེ་བ་སྟེ་ལྟ་བ་དང་། དམ་ཚིག་མ་ཉམས་པ་དང་། སྒྲུབ་པའི་ཉམས་སུ་ལེན་པའི་ལྟ་བ་ཏིང་ངེ་འཛིན་གྱི་བློ་ནི་རབ་ཏུ་ལྡན་པའི་ཚོམ་བུ་གཅིག་གསུམ་ལྔ་པའི་དང་པོ་དམ་མནོས་བཞིན་དུ་བྱ། འབྲས་བུ་མ་ཐོབ་བར་དུ་བསྒྲུབ་པར་དམ་བཅས་པའི་ལྡན་པས་རྣལ་འབྱོར་ཕོ་མོ་འདུས་ཏེ་བསྒྲུབ་པར་བྱའོ། །བསྙེན་བསྒྲུབ་བཞིས་གཞུང་བསྲུང་བ་ལ་གཉིས། བསྙེན་བསྒྲུབ་བཞིས་གཞུང་བསྲང་བ་དངོས་དང་། ཁྱད་པར་དུ་སྤྱོད་ལམ་དང་མཆོད་པའི་ཏིང་ངེ་འཛིན་བཤད་པའོ། །དང་པོ་ལ་བཞི། བགྲང་། དང་པོ་བསྙེན་པ་ལ་གསུམ། བགྲང་། དཀྱིལ་འཁོར་བྲི་ཞིང་རྫས་དགོད་པ་དང་། དྲང་། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དགར་བས་ཡང་ན་འདིར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དཔག་ཚད་རྒྱང་གྲགས་སུ་བསྒོམ་ནུས་པས་སམ། དེ་ཡང་རྒྱང་གྲགས་དཔག་ཚད་ལ་སོགས་པ་འདི། སྦྱོར་ལམ་མཐར་ཕྱིན་པས་གཞན་དོན་དབང་བསྐུར་ལ་སོགས་པ་ལ་དགོས་པ་ཡིན་གྱི། ལས་དང་པོ་པའི་སྤྱོད་ཡུལ་མ་ཡིན་ཏེ། རྒྱས་པ་ལས། སློབ་དཔོན་མཐར་ཉེའི་ལམ་གནས་པ། །རྒྱང་གྲགས་དཔག་ཚད་ལ་སོགས་པར། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བ་དང་། །ཞེས་པས་མངོན་ནོ། །དེ་མི་ནུས་ན། ལྷག་པ་གཟུགས་བརྙན་གྱི་དལ་བྲི་བ་ནི། ཚོམ་བུ་གཅིག་གསུམ་ལྔ་པ་སོ་སོར་གང་བྱེད་མཚམས་པའི་གཟུགས་བརྙན་བྲི། དཀྱིལ་འཁོར་གྱི་རྒྱན་དང་ཕྱི་གསང་བའི་མཆོད་པ་ལ་སོགས་པ་དཀྱིལ་འཁོར་གྱིས་ཐ་མ་འཁོར་བ་དང་། ཕྱི་མཆོད་བྱ་ཞིང་མཚམས་བཅད་པ་དང་། དྲང་། ཕྱི་རོལ་ཏུ་ཆ་གསུམ་བཏང་ལ་མཆོད་པའི་ལས་རྫོགས་པར་བྱ་སྟེ་ཕྱི་མཚམས་རྒྱལ་ཆེན་གྱི་ཐོ་ཆོག་དང་། ཕྱོགས་སྐྱོང་བཅུའི་མཚམས་བཅད། དམ་སྲི་མནན། བསྲུང་སྒོ་ནི་སྒོ་བྱང་ཕྱི་ནང་གདམས་པ་རྣམས་རིམ་པ་བཞིན་དུ་བྱའོ། ༈ །སྔོན་དུ་བྱ་བའི་རིམ་པ་རྫོགས་པར་བསྟན་པའོ། །དྲང་། གྲངས་ཀྱིས་བསྙེན་པ་དང་། དུས་རྟགས་བྱ་བ་ལས་ཀྱི་རིམ་པའི་བསྙེན་པ་དང་བཞི་ལས། འདིར་བྱ་བ་ལས་ཀྱིས་བསྙེན་པའི་དོན་དུ་སྔོན་བྱ་བ། རྫོགས་པའི་ལས་རྣམས་གོང་དུ་བཤད་བཞིན་ཟིན་པར་བྱས་ལ། ཉེ་བའི་བསྙེན་པ་ལ་གཉིས། བགྲང་། ཉེ་བའི་སྔོན་དུ་བྱ་བ་དང་། དྲང་། རྣལ་འབྱོར་པ་རྣམས་ནང་དུ་འདུས་པས་ཚུལ་ཕྱག་དང་། གྲལ་ཕྱག་དང་། བསྲུང་འཁོར་གྱིས་ཕྱོགས་བཅིང་། བཤགས་པ་དང་། དལ་ལ་བྱིན་དབབ། མཆོད་རྫས་ཕྱི་ནང་ཐམས་ཅད་བྱིན་གྱིས་རླབས་ནས་དལ་སྒོམ་པ་ལ་འཇུག་པར་བྱའོ། །གཞུང་རྒྱས་པར་བཤད་པ་ལ་གསུམ། བགྲང་། ཏིང་ངེ་འཛིན་གྱིས་དལ་བསྐྱེད་པ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། རྣལ་འབྱོར་པས་ལྷ་སྤྱིར་སྒོམ་པའམ་ཡང་ན་རྣལ་འབྱོར་ཕོ་མོ་རེ་རེས་ལྷ་རེ་རེར་སྒོམ་ཞིང་། ཚོམ་བུ་གཅིག་གསུམ་ལྔ་པའི་འཁོར་ལོ་སྟེ་དལ་རྒྱས་བསྡུས་འབྲིང་གསུམ་བློ་ཆེ་ཆུང་གི་རིམ་བཞིན་སྒོམ་མོ། །རྒྱས་པར་བཤད་པ་ལ་གཉིས། ལྷ་སྒོམ་པ་དང་། དབང་བསྐུར་ཞིང་བྱིན་རླབས་བྱ་བའོ། །དང་པོ་ལ་གཉིས། བགྲང་། སོ་སོ་བྱེ་བྲག་ཏུ་སྒོམ་པ་དང་། དྲང་། རྣལ་འབྱོར་པ་ཐབས་ཡབ་དང་། ཤེས་པར་ཡུལ་གྱི། དེ་བཞིན་གཤེགས་པ་ཡབ་རིགས་ལྔ་དང་། ཡུམ་དུ་སྒོམ། འཁོར་ཕོ་མོ་རྣམས་ཀྱིས་སེམས་དཔའ་སེམས་མ་ཉིད་དུ་སྒོམ། །དེ་རྣམས་སོ་སོའི་རིགས་དང་ཕྱག་རྒྱ་དང་། ཏིང་ངེ་འཛིན་ཡང་དག་པར་སོ་སོར་གསལ་བར་སྒོམ་མོ། ༈ །སྤྱིར་ དྲིལ་ཏེ་སྒོམ་པ་དེ་ལ་གསུམ། བགྲང་། ཚོམ་བུ ་གཅིག་པ་དང་། དྲང་། དེ་སའི་རིགས་ཅི་སྙེད་ཐམས་ཅད་ཀྱི་འདུས་ཚུལ་ནི། རིགས་ལྔར་འདུས་པ་ཡིན་ཏེ། དེ་ཡང་བསྡུ་ན་ཐུགས་སྒྱུ་འཕྲུལ་གྱི་ལུགས་ཀྱི་རིགས་ཀྱིས་གཙོ་བོ་རྡོ་རྗེའི་རིགས་སུ་འདུས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ས་ཐམས་ཅད་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་པ་དང་། རིགས་བསྡུ་ན་ཐུགས་ཡེ་ཤེས་ལྔར་འདུས་པ་ཡིན་ཏེ། ཡེ་ཤེས་ལྔ་པོ་དེ་ཡང་ཐུགས་ཀྱི་མཆོག་སྟོང་པ་ཉིད་ཀྱི་ཡེ་ཤེས་ཁོ་ནར་འདུས་པའི་ཕྱིར་རོ། །དེས་ན་རྡོ་རྗེ་སེམས་དཔའ་ཡབ་ཡུམ། རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་དང་བཅས་པ། ཟུང་ལྔ་ཡ་བཅུ་དང་། ཁྲོ་བོ་སྒོ་བ་ཡབ་ལྔ། ཡུམ་བཞིའི་ཚོགས་དང་ལྡན་པའི་ཚོམ་བུ་གཅིག་པའི་ལྷ་བཅོ་བརྒྱད་དོ། །དེ་ལྟར་གཙོ་བོ་རིགས་གཅིག་གི་བྱས་པ་ཚོམ་བུ་གཅིག་པའི་ལྷ་བཅོ་བརྒྱད་ཀྱི་ཚོགས་རྣམས་བསྙེན་པའི་དུས་སུ་བྲིས་ལ། ཉེ་བསྙེན་གྱི་དུས་སུ་སྒོམ་མོ། །ཚོམ་བུ་གསུམ་པ་དང་། དྲང་། གོང་གིས་ཚོམ་བུ་ལས་ལྷོ་བྱང་གཉིས་བཞག་པས། མདུན་གྱི་ཤར་གྱི་ཕྱོགས་སུ་དེ་བཞིན་རིགས་ཀྱི་ཚོམ་བུ་ཡབ་ཡུམ་ཆ་ལྔ་སྟེ་ཡ་བཅུ་དང་། དབུས་སུ་རྡོ་རྗེའི་རིགས་ཀྱི་ཚོམ་བུ་ཡ་བཅུ་དང་། རྒྱབའམ་ནུབ་ཏུ་པད་མའི་རིགས་ཀྱི་ཚོམ་བུ་ཡ་བཅུ་སྟེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་ཚོམ་བུ་ཆ་གསུམ་གྱིས་མཐར། ཕྱོགས་མཚམས་བརྒྱད་དུ་ཁྲོ་བོ་བརྒྱད། ཡུམ་བརྒྱད་དེ་བཅུ་དྲུག་ཞལ་སྦྱོར་བའི་ཚོགས་དང་ལྡན་པའི་ཚོམ་བུ་གསུམ་པའི་ལྷ་ཞེ་དྲུག་གོ། །དེ་ལྟར་གཙོ་བོ་རིགས་གསུམ་ཀྱིས་བྱས་པའི་ཚོམ་བུ་གསུམ་པའི་ལྷ་བཞི་བཅུ་ཞེ་དྲུག་གི་ཚོགས་རྣམས་བསྙེན་པའི་དུས་སུ་བྲིས། ཉེ་བསྙེན་གྱི་དུས་སུ་སྒོམ་མོ། །ལྔ་པོ། དྲང་། གཙོ་བོ་ཡབ་ལྔ་དང་། གཙོ་མོ་ཡུམ་ལྔ་ཡིས་ཐབས་ཤེས་རབ་གཉིས་སུ་མེད་པར་ཞལ་སྦྱོར་བ་ཅན་དུ་བཞུགས་པ་ཡིས་ཚུལ་ནི། ཅི་ལྟ་བུ་ཞེ་ན། འོག་གཞི་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་ལྔ་པོ་རེ་རེ་ལ་ཡང་། རྩིབས་ཆུང་བཞི་སྟེ། ལྟེ་བ་དང་བཅས་པ་རེ་རེ་སྟེ། ཕོ་བྲང་ཆ་ལྔ་ལ། དབུས་ཀྱིས་འཁོར་ལོའི་ལྟེ་བ་ལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ། རྩིབས་བཞི་ལ་རྡོ་རྗེ་རིགས་ཀྱི་རིགས་ཆུང་གི་སེམས་དཔའ་ཡབ་ཡུམ་བརྒྱད་རྣམས་ཀྱི་བསྐོར་བ། རྡོ་རྗེ་རིགས་ཀྱི་ཚོམ་བུའི་ལྷར་གསལ་བའི་རྣལ་འབྱོར་པ་ཡབ་ཡུམ་བཅུ་དང་། དེ་བཞིན་དུ་ཤར་ལྷོ་ནུབ་བྱང་བཞི། རྣམ་སྣང་རིན་འབྱུང་། མཐའ་ཡས། དོན་འགྲུབ་ཡབ་ཡུམ་གྱི་གཙོ་བོ་བྱས་པ་རྣམས་ལ། དེ་བཞིན་རིགས་དང་། རིན་ཆེན་རིགས་དང་། པད་མའི་རིགས་དང་། ལས་ཀྱི་རིགས་ཀྱི་རིགས་ཆུང་གིས་སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་བསྐོར་བ་སྟེ། རིགས་བཞིའི་ཚོམ་བུ་ལ་ལྷ་བཅུ། གོང་གི་དབུས་ཀྱི་ཚོམ་བུ་ལ་ལྷ་བཅུ་སྟེ། དེ་ལྟར་ཚོམ་བུ་ཆ་ལྔ་ཡིས་ལྷ་ལྔ་བཅུ། རྣལ་འབྱོར་ཕོ་མོ་ལྔ་བཅུས་གསལ་བར་སྒོམ་པ་བཀོད་ལ། ཚོམ་བུ་ཆ་ལྔ་པོ་དེའི་མཐར། ཕྱོགས་བཞི་མཚམས་བཞི། སྟེང་ཆ་ཤར་སྟོད། འོག་གིས་ཆ་ནུབ་སྨད་དུ། རྣལ་འབྱོར་ཡབ་ཡུམ་ཆ་བཅུ་ལ། ཁྲོ་བོ་ཡབ་བཅུ་དང་། ཁྲོ་མོ་ཡུམ་བཅུ་སྟེ་ལྷ་ཉི་ཤུ་གསལ་བར་བཀོད་པས། ཚོམ་བུ་ལྔ་པ་ལྷ་བདུན་ཅུ་ཐམ་པའོ། །དེ་ལྟར་གཙོ་བོ་རིགས་ལྔས་བྱས་པ་ལ། ཚོམ་བུ་ལྔ་པའི་ལྷ་བདུན་ཅུ་པོ་དེ་དག་ཀྱང་དལ་གྱི་འཁོར་ལོའི་ཚུལ་དུ་བསྙེན་དུས་སུ་བྲིས་ལ། ཉེ་བསྙེན་གྱི་དུས་སུ་རྣལ་འབྱོར་སྒོམ་མོ། ༈ །དབང་བསྐུར་ཞིང་བྱིན་རླབས་བྱ་བའོ། །སྐུ་གསུང་ཐུགས་བྱིན་གྱིས་རླབས་ཏེ་ལྷ་གསུམ་སྒོམ་པ་དང་། ཡེ་ཤེས་ལྔས་དབང་བསྐུར་བ་སྟེ། རིགས་ལྔའི་དབུ་བརྒྱན་པ་དང་ལྡན་པར་བྱས་ནས། ཡེ་ཤེས་ཀྱིས་དལ་སྤྱན་དྲང་ཞིང་ཕྲིན་ལས་ཀྱི་རིམ་པ་དང་། དྲང་། རང་བཞིན་འོག་མིན་གྱི་གནས་ནས་སྙན་གསན་དབབ་པ་དང་སྤྱན་དྲངས་པར་བྱས་ཏེ། གཉིས་སུ་མེད་པར་བཞུགས་ཤིང་བརྟན་པར་བཞུགས་སུ་གསོལ་བ་བྱས་ཏེ། ཕྱག་འཚལ་བ་ནས་གཞུང་བསྲང་སྟེ་ཕྱི་ནང་གསང་བའི་མཆོད་པས་རིམ་བཞིན་མཆོད་པ་རྫོགས་ནས་གླུ་ཡེ་ཤེས་ཀྱིས་བསྟོད་དེ། སྨོན་ལམ་གདབ་ནས་བསྙེན་པ་བྱ། བཟླས་པ་ཟིན་ནས་དལ་བསྡུ་སྟེ་རྣལ་འབྱོར་པས་ཚོགས་ཚུལ་བཞིན་དུ་མཆོད་པའི་ཕྲིན་ལས་བྱ། དེ་ནས་ནང་ནུབ་མཁའ་འགྲོ་རྣམས་མཆོད་པའི་ཕྱིར། ལྷག་མ་གཞུང་བཞིན་དུ་སྦྱིན་ནོ། །རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་བྲོད་ཉུལ་བར་བྱེད་པའི་ཉུལ་ལེ་མའི་བར་ཆད་བཟློག་ཕྱིས་བསྙེན་པ་བྱ། དེ་ལ་དུས་ཚད་བཅུ་གཉིས་ཀྱི་ཉུག་ལེ་མ་ནི། བསྒྲུབ་པ་ལ་ཞུགས་ནས། དགོང་མོ་ཉི་མ་ནུབ་ཁའི་ཟེར་ལ་ཉུག་ལེ་བྱ་རམ་སྐད་བསྒྱུར་མ་འོང་སྟེ། རྟགས་སུ་ཉམས་མི་དགའ། སྙིང་འཐིབ་པ་འོང་། སྲོད་ལ་བྲང་རྐུན་ནག་མོ་འོང་སྟེ། རྟགས་སུ་ཤེས་པ་བྱིང་། སྙིང་རྗེ་མི་སྐྱེ། ཤ་ཁྲག་ཟ་འདོད་པ་འོང་། ནམ་གོང་ལ་གཏི་མུག་རྒྱན་མེད་པ་འོང་སྟེ། རྟགས་སུ་མར་མེ་བཀྲགས་ཉམས། ཆགས་པ་སྐྱེ། དབང་མེད་དུ་གཉིད་དུ་འགྲོ། ནམ་ཕྱེད་ན་འདོད་ཆགས་དམར་མོ་ དྲིལ་བུ ་ཅན་འོང་སྟེ། རྟགས་སུ་དལ་སྟེང་དུ། ཞིང་ལྤགས་མགོ་མཐུར་ནས་བསྟན་པ་གོང་ནས་སྲུངས་མར་བརྫུས་ཏེ། ཆགས་པ་སྤྱོད་ཚུལ་སྟོན་དུ་འོང་། ཕྱེད་ཡོལ་ནམ་སྨད་དུ་གཏུན་སེར་ཙེར་འོང་སྟེ། ཉམས་ཟོ་ངོ་། བྱིན་མེད་གཅིག་ཀྱང་འོང་། ཐོ་རས་སྐྱ་རེངས་ཤར་ཙམ་ན། ལག་བསེ་མ་འོང་སྟེ། རྟགས་སུ་རིག་པ་འཕྲོ་བར་འོང་། ཉི་མ་ཤར་ཙམ་ན། རྣམ་ཐོས་ནག་པོ་འོང་སྟེ། རྟགས་སུ་ཤེས་པ་འཕྱོ་འདོད་པའང་འོང་། ཉི་མ་གྲོས་པ་ལ་ཀླུ་སྲིན་སྔོན་མོ་འོང་སྟེ། རྟགས་སུ་སྙིང་ཆུ་ཧྲིལ་བྱེད། བསྒྲུབ་མཆེད་ལ་ནད་དྲག་པོ་གཏོང་ངོ་། །ཉི་མ་ཕྱེད་ཚོད་ལ་ཀླུ་ཆེན་བཞི་འོང་སྟེ། རྟགས་སུ་ཉལ་སྙིང་འདོད། སྡུག་སེམས་སྐྱེ། དཀར་དམར་སྙིང་ལ་འདོད་པ་འོང་། ཉི་མ་ཕྱེད་ཡོལ་ནས་ས་བདག་མ་ཡམ་འོང་སྟེ། རྟགས་སུ་ཉམས་ཆུང་ཞིང་བྱིང་བྱིང་བྱེད་པ་འོང་། །ཉི་མ་སྐུར་སྨད་ལ། བདུད་ཐེ་རང་སྟོང་སྡེ་འོང་སྟེ། རྟགས་སུ་ཚིག་པ་ཟ། རྣམ་སྨིན་དྲན། སྡིག་བྱེད་འདོད་པ་འོང་། །དེ་ཡན་ཆད་ནི་དུས་བཅུ་གཉིས་ཉུ་ལེ་མས་བར་དུ་གཅོད་པའི་རྟགས་ཡིན་ལ། །མདོར་ན་དམ་སྲི་རྒྱལ་འགོང་། ཀླུ་སྲིན། སྔགས་པ་དམ་ཉམས། བཙུན་པ་ཁྲིམས་ཉམས། བོན་པོ་མཐར་ལྷུང་ལ་སོགས་ཤི་འདྲེ་ཉམས་པ་རྣམས་བདུད་ཀྱི་བསྐུལ་ནས། དུས་ཐམས་ཅད་དུ་ཡང་བར་ཆད་བཙལ། བཟང་བར་སྟོན་ཡོང་ཉམས་མི་དགའ་བའོ། །དགོང་ཁ་བྱ་མཆུ་ནག་མོ་འོང་བ་ཤས་ཆེ་བས། དེ་དག་གི་ལྟས་ནི་དྲི་ལོག་པ་ཏིང་ངེ་འཛིན་མི་གསལ་བྱིན་ཆུང་། ཉམས་ཟིང་། སྙིང་མི་དགའ། ཆོས་བྱེད་སྙིང་མི་འདོད། ཐེ་ཚོམ་ཕྱོགས་མེད་ལ་སྐྱེ། བླ་མ་དང་མཆེད་ལ་སྣང་བ་ལོག །གླུ་གཞས་ལ་དགའ། སེམས་ལས་སུ་མི་རུང་བ་ཐེ་ཚོམ་པ་ཐམས་ཅད་དོ། །དེ་ཚོ་ཉུ་ལེ་བསྐྲད་པ་ནི། ལས་སློབ་པས། གིང་ཆས་ཐོགས་ལ་འཇིགས་པ་ལ་ཞུགས། མི་རྐང་མི་ལྤགས་འབྲས་མཆན་སྔགས་ལྡན་དང་། བོང་མཇེ། འུག་མགོ་སྐམ་པོའི་ཐོ་བ་དང་། ཀུ་ཀུ་ལ་སྦྱོར་བ་ཡང་བཤམ་སྟེ། རྔ་དྲག་ཏུ་བརྡུང་། ཨེ་གྲུ་གསུམ་དོང་ནང་དུ། ཉུ་ལེ་མ་རྣམས་ཀྱི་མིང་གི་ཏྲི་ལ་བསྐོར་བར་བྱས་ལེ། དགུག་གཞུག་བྱ། ཕོ་ཉ་བཏང་ནས་བསྐྲད་དགོས་པར་གསུང་། ༈ །ཉེ་བའི་བསྙེན་པའི་ཚད་ཏིང་ངེ་འཛིན་ནོ། །དྲང་། ཟླ་བ་གཅིག་དབང་དུ་བརྩི་ན། གནས་གཞུང་དང་མཐུན་པར་རྫས་བསག་གོ། །དལ་བྲིས་ནས་རྟེན་རྫས་བཀོད། ཕྱོགས་སྐྱོངས་མཆོད་པ་ནི་བསྙེན་པའོ། །ཟླ་བ་ཕྱེད་ཀྱི་ཕྱེད་ཞག་བདུན་ཉེར་བསྙེན་ཡིན་ཟེར་ཡང་། ཟླ་བ་གཅིག་ལ་ཕྱེད་དུ་བགོས་པའི་ཕྱེད་པོ་དེ་ལ་ཞག་བཅོ་ལྔ་ཡོད་པ་དེ་ཉེ་བའི་བསྙེན་པ་མིན་ཏེ། བདག་ལྷར་གསལ་འོད་ཟེར་ཁ་དོག་དཀར་པོ་ཕར་འཕྲོ་མཆོད་པ་འབུལ། ཚུར་འདུས་ནས་དངོས་གྲུབ་ཀྱི་སྣོད་རུང་བར་བྱས། བསྒྲུབ་པ་ནི། དྲང་། དེ་ནས་ཞག་བཅོ་ལྔ་མར་ཕྱེད་ནུབ་ཐ་མ་ལ་གཏོགས་པ་བསྒྲུབས་པ་བྱེད་པ་སྟེ། འོད་ཟེར་ཁ་དོག་དམར་པོ་ཕར་འཕྲོ་ཐུགས་དམ་བསྐུལ་ཚུར་འདུས་ཏེ་དངོས་གྲུབ་ཐོབ་པའི་འོད་ཟེར་བསྣོལ་མར་བསྒྲུབ་པར་བྱ། བསྒྲུབ་པ་ཆེན་པོ་ནི། དྲང་། དེ་ལྟར་བསྙེན་བསྒྲུབ་ཀྱི་ཞག་གྲངས་ཉེར་དགུ་ཚང་ནས་མཚན་མ་རྟགས་ཀྱིས་བསྙེན་པ་བསྒྲུབ་པའི་རྟགས། འོད་སྒྲ། སྐུ་གཟུགས་ལ་སོགས་པ་བྱུང་ན། བདུད་ཆ་བརྟག་ལ་མ་ནོར་ན་ནུབ་ཐ་མ་ན་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ། བཟླས་པའི་འཕྲོ་འདུས་འོད་ཟེར་ཁ་དོག་མཐིང་ཀའི་སྒོ་ནས་བླང་བ་ནི། བསྒྲུབ་པ་ཆེན་པོའོ། །འོ་ན་ཟླ་བ་གཅིག་གིས་ཆོག་གམ་ཞེ་ན། མི་ཆོག་སྟེ། བསྙེན་བསྒྲུབ་ཀྱི་ཡུན་དེ་བཞིན་དུ་ཆ་བརྩི་ལ་རྒྱུད་ཀྱི་ཞག་གྲངས་སུམ་ཅུ་ཕྲག་དྲུག་ལ་སོགས་པ་བཞིན་བར་ཆད་མེད་པར་ཚོམ་བུ་ཚོགས་བསྒྲུབ་པར་བྱའོ། ༈ །ཁྱད་པར་སྤྱོད་ལམ་དང་མཆོད་པའི་ཏིང་ངེ་འཛིན་ལ་གཉིས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། ཚོགས་བསྒྲུབ་པའི་ཚེ་སྤྱོད་ལམ་དུ་སྤྱོད་རྣམ་ལྔ་ལ་སྤྱིར་ལོངས་སྤྱོད་ཅིང་རོལ་པར་བྱའོ། །དངོས་སུ་མཆོད་པ་སྦྱོར་སྒྲོལ་རྣམ་གཉིས་པོའང་། ༈ །རྒྱས་པར་བཤད་པ་ལ་གཉིས། བགྲང་། སྦྱོར་སྒྲོལ་གྱི་མཆོད་པ་ཁྲོ་བོའི་སྐབས་སུ་སྤྱད་ཐབས་དང་། དྲང་། གཙོ་རུ་དགོས་པ་གང་ཡིན་པའི་སྦྱོར་སྒྲོལ་ནི། ཕྱི་མ་གདུག་པ་འདུལ་བ་ཁྲོ་བོའི་སྐབས་སུ་དགོས་པར་བྱའོ། །ལྷ་དང་སྤྱོད་ལ་སྤྱད་ཐབས་ལ་གསུམ། བགྲང་། སྤྱད་ཐབས་སྤྱིར་དྲིལ་ཏེ་མི་དམིགས་པ་ཆོས་ཉིད་དུ་སྤྱད་ཐབས་དང་། དྲང་། སྔ་མ་སྤྱོད་ལམ་དུ་ཡོ་བྱད་ལྔ་ལ་སྤྱོད་ཐབས་རྒྱས་པར་བཤད་ཅིང་གསལ་བར་བྱ་བ་འདི་ལྟ་སྟེ། གོས་དང་རྒྱན་གྱི་སྤྱོད་དང་། བཟའ་དང་བཏུང་བའི་དང་། གླུ་ཚིགས་སྒྲའི་དང་། དྲང་། བྲོ་གར་འདུ་འཕྲོའི་ཡོ་བྱད་རྣམས། རང་རིག་པའི་ཡེ་ཤེས་ཡི་གེ་ཧཱུྃ་གི་རང་བཞིན་དུ་ཤེས་པས་ཡོ་བྱད་རྣམས་ལ་སྤྱོད་བཞིན་མ་ཆགས་པའི་ཚུལ་གྱིས་རབ་ཏུ་སྤྱོད་ན། ངོ་མཚར་བའི་འབྲས་བུ་ཚོགས་ཆེན་གཉིས་འབྱུང་བའི་དལ་ཐམས་ཅད་བདག་ཉིད་ཆེན་པོའི་མཆོད་པས་མཉེས་པར་འགྱུར་བའི་ཕྱིར། དེས་གྲུབ་པའི་དོན་ནི་གསང་བ་ཨ་ལི་ཀ་ལི་ལ་སོགས་ཡོ་བྱད་ལྔ་པོ་རྣམས་རང་རིག་པ་ཉིད་ཡིན་པའི་ཕྱིར་ན་དོན་དམ་པ་མ་སྐྱེས་པའི་ཆོས་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོར་གསལ་བས། མི་རྟོག་པའི་ཆོས་ཉིད་ལ་ཆོས་ཉིད་ཐིམ་ལ། ཀུན་རྫོབ་ཏུ་མ་འགགས་པའི་ཡེ་ཤེས་གཉིས་མེད་ཀྱི་རོལ་པར་སྒོམ་ཞིང་སྤྱོད། ཞི་བ་ལས་གཅིག་ཤོས་ཁྲོ་བོའི་ཚོགས་བསྒྲུབ་པའི་ཡོ་བྱད་ལ་སྤྱོད་པའི་ཚེ་ནའང་། མཚན་མ་མེད་པའི་སྤྱོད་ཐབས་ཀྱི་ཏིང་ངེ་འཛིན་དེ་བཞིན་དུ་སྒོམ་པ་བྱ་བ་ཡིན་ནོ། །བྱེ་བྲག་སོ་སོ་ནས་རྒྱས་པར་སྤྱད་ཐབས་ལ་གཉིས་སྤྱོད་པ་ལྷའི་དལ་དུ་སྤྱོད་ཐབས་དང་། བྱེ་བྲག་སོ་སོ་ནས་སྤྱོད་ཐབས་སོ། །དང་པོ་ལ་གཉིས། སྣོད་བཅུད་རྒྱལ་བའི་དལ་དུ་སྒོམ་པ་དང་། ལྷག་པ་ཏིང་ངེ་འཛིན་དལ་སྒོམ་པའོ། །དང་པོ་ལ་གཉིས། བགྲང་། ཕྱི་སྣོད་རྒྱལ་བའི་དལ་ཡིན་ཚུལ་ལྟར་སྒོམ་པ་དང་། དྲང་། ཕྱོགས་བཅུ་མཐའ་ཡས་དུས་བཞིའི་བསྡུས་པའི་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་རང་རིག་པར་དབྱེར་མེད་པའི་མན་ཌ་ལ་སྟེ་དལ་ལོ། །ཐབས་ཤེས་རབ་གཉིས་སུ་མེད་པའི་ཕྱིར་ཉི་ཟླ་འབར་བའི་གདན་དང་བཅས་པའི་གཞལ་ཡས་ཁང་དེ་ལ། པདྨ་ལྟར་ཆགས་པ་མེད་པའི་གདན་བཏིང་ནས། རྒྱུ་ཡེ་ཤེས་རིན་པོ་ཆེ་ཡོན་ཏན་ཟད་པ་མེད་པར་འབྱུང་བའི་ཕོ་བྲང་གི་ལྷའི་གཞལ་ཡས་དབུས་ཀྱི་ལྟེ་བ་ལ་སོགས་པའོ། །དེ་ཡང་རྒྱ་ཆེ་ཆུང་གི་ཚད་བློས་དཔག་ཏུ་མེད་པ་ཡིས་ཕྱིར་རོ། །ལྷའི་ངོ་བོ་རང་རིག་བྱང་ཆུབ་བདེ་བ་ཆེན་པོ་དང་ལྡན་པ་བཞུགས་པའི་གཞལ་ཡས་ཁང་གི་དལ་ལ། ཐབས་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ལྷ་དང་ལྷ་མོའི་དལ་ཏེ། ཚོམ་བུ་གང་ཡིན་གྱི་ལྷའི་ཏིང་ངེ་འཛིན་གྱི་རབ་ཏུ་བཀོད་ན་དགོས་པ་ཅི་བྱེད་ན། ཡོ་བྱད་ལ་ལོངས་སྤྱོད་ཅིང་། སྣོད་བཅུད་མ་ལུས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྡུས་ནས། ནང་བཅུད་ཀྱི་ཡིན་ཚུལ་ལྟར་སྒོམ་པའོ། །དྲང་། སྤྱོད་པ་ལུས་སྤྱོད་པ་དང་། ཡན་ལག་བསྒུལ་ཅིང་བསིགས་ནས། མིག་ལ་སོགས་པ་དབང་པོ་ལྔ་ཡི་སྤྱོད་ཡུལ་ལྷ་རིགས་ལྔའི་དལ་དུ་གསལ་བ་ཀུན་ཀྱང་། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ཉིད་དུ་ཡེ་ནས་ཡིན་པར་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། མི་ཌ་བི་དོན་གྱི་ན་ཕྱག་རྒྱའོ། ༈ །ལྷག་པ་ལྷའི་དལ་སྒོམ་ལ་གསུམ། བགྲང་། གདན་གཞལ་ཡས་ཁང་གདན་དང་བཅས་པ་དང་། དྲང་། ལྷག་པའི་ཏིང་ངེ་འཛིན་གྱི་དལ་འབའ་ཞིག་གོམས་ཡང་ན་བྲོ་གར་ལ་སོགས་ཡོ་བྱད་བཞི་ལ་སྤྱད་པའི་ཚེ་ན། གཞལ་ཡས་ཁང་སྒོམ་པ་ཡང་། ཅི་ལྟར་སྒོམ་ཞེ་ན། རྩ་སྔགས་བྷྲ྄ཱུྃ་ལས་གཞལ་ཡས་ཁང་། ཙ་ཏྲ་རྩིབས་བཞི་ལྟེ་བ་དང་བཅས་པའི་དལ་དུ། གདན་ཉི་ཟླ་གཉིས་ཟུང་དུ་འཕྲུག་པར་བརྩེགས་པའི་འོག་ས་གཞི་ཡི་སྟེང་ལ། པདྨ་ཆགས་མེད་ཀྱི་གདན་བཏིང་ནས། གོང་གི་གདན་ཟླ་བ་ཐབས་དང་། ཉི་མ་ཤེས་རབ་པདྨ་འཛིན་ཆགས་མེད་པའི་ཚུལ་དུ་སྒོམ་མོ། །ཡང་ན་གདན་དེའི་སྟེང་དུ་རྣལ་འབྱོར་པ་ཐབས་ལྷ་ཡབ་དང་། ཤེས་རབ་ཡུམ་དུ་གསལ་བས་འཛིན་ཆགས་མེད་པའི་ཚུལ་དུ་སྒོམ། ཞེས་ལྷ་ཡབ་ཡུམ་དུ་འཆད་དེ། འདི་ནི་གཞལ་ཡས་ཁང་སྒོམ་པའི་སྐབས་ཡིན་པས། གཞུང་ལ་བརྟག་ན་མི་འཐད་པར་མཐོང་ངོ་། ༈ །བརྟེན་པ་ལྷའི་དལ་སྒོམ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། ལུས་ཀྱི་ཡན་ལག་བཞི་མགོ་དང་ལྔ་པོ་ཐམས་ཅད་ཀུན། རང་རྒྱུད་པའི་རྣམ་པ་མིན་ཏེ། རང་བཞིན་ནམ་ངང་ངམ་ཡོངས་ཀྱིས་ལྷ་རིགས་ལྔའི་དལ་དུ་རྣམ་པར་དག་པ་ཡིན་པ་དང་། ཏིང་ངེ་འཛིན་གྱིས་ཀྱང་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པར་སྒོམ་པའོ། །རྒྱས་པར་རྟོགས་ཚོགས་ལྷའི་དལ་དུ་སྒོམ་པའོ། །དྲང་། ཡེ་ནས་རང་རིག་ལྔ་ཡིན་པ་མ་བཅོས་པར་ཡོངས་ཀྱིས་གྲུབ་པ་སྟེ། གཞི་ཡེ་ནས་དེ་ལྟར་ཡིན་པ་ལ། ཡིན་པ་ལྟར་སྒོམ་པ་ལྷག་པའི་ཏིང་ངེ་འཛིན་གྱི་དལ་གྱིས་ཀྱང་། ཅི་ལྟར་སྒོམ་ཞེ་ན། རྣལ་འབྱོར་པ་ཚོམ་བུའི་ལྷར་གསལ་བའི་དབུ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་འཁོར་གྱི་བཅུ་སྒོམ་ཡན་ལག་བཞི་ལ་རིགས་བཞིའི་གཙོ་འཁོར་གྱི། ལྷ་བཅུ་བཅུ་སྟེ་བཞི་བཅུ་སྒོམ་མོ། །དེ་ཡང་ལག་པ་གཡས་རྡོ་རྗེའི་རིགས་ཀྱི་ལྷ་བཅུ། གཡོན་རིན་ཆེན་རིགས་རྐང་པ་གཡས་པདྨ་གཡོན་ལས་ཀྱིས་རིགས་སོ། །ལྷ་དེ་དག་གིས་ཁ་དོག་དང་དབྱིབས་དང་། ཕྱག་རྒྱ་ཕྱག་མཚན་རྣམས་དང་། ཐབས་ཡབ་དང་ཤེས་རབ་ཡུམ་ཚོམ་བུ་ལྔ་བཅུ་གསལ་བར་སྒོམ་སྟེ། ལྷ་ལ་འོད་ཟེར་ཕྱོགས་བཅུར་སྤྲོ་ཞིང་ངན་སོང་གསུམ་ལ་སོགས་པའི་སྒྲིབ་པ་སྦྱོངས། དེ་ནས་སླར་རང་རང་གི་གནས་སུ་བསྡུ་ཞིང་དལ་ལ་གཉིས་སུ་མེད་པར་བསྟིམ་མོ། ༈ །སྒོམ་པའི་ཡོན་ཏན་ནོ། །དྲང་། དེ་ལྟར་འཕྲོ་འདུ་བྱས་པའི་ཡོན་ཏན་ནི། འདས་པ་སངས་རྒྱས་དང་མ་འདས་པ་འཁོར་བ་ཐམས་ཅད་ཀུན། བདེར་གཤེགས་རྒྱལ་བའི་དལ་གྱི་ཞིང་དུ་ལྷག་པའི་ཏིང་ངེ་འཛིན་གྱི་དལ་གྱི་རྣལ་འབྱོར་སྦྱོངས་པའོ། །ཡན་ལག་བསྐྱོད་པའི་ཡོན་ཏན་ནི། རྣལ་འབྱོར་པའི་ཡན་ལག་ཆེན་པོ་ལྔ་བསྐྱོད་ན། རིགས་ལྔའི་དལ་མ་ལུས་གཡོ་ཞིང་བསྐྱོད་དོ། །འགྲོ་བ་ལྔ་བྱང་ཆུབ་ཀྱི་ལམ་དུ་འདྲེན་ཅིང་འཛུད། སྙིགས་མ་ལྔ་ཡང་རང་བཞིན་རྣམ་པར་དག་པའི་ཞིང་དུ་སྦྱོར་བའོ། །བྱེ་བྲག་སོ་སོ་ནས་སྤྱད་ཐབས་ལ་བཞི། རྒྱན་དང་མགོ་བ་དང་། གླུ་གར་ཚིག་དང་། བཟའ་བཏུང་དང་། ཨ་ལི་ཀ་ལི་ལ་སྤྱོད་ཐབས་སོ། །དང་པོ་ལ་གཉིིས། གོས་དང་། རྒྱན་ནོ། །གོས་ལ་གཉིས། བགྲང་། སྤྱད་ཐབས་དང་། དྲང་། རྒྱུ་བཟང་ཞིང་དབྱིབས་མཛེས་པ་ཁ་དོག་ལེགས་པའི་གོས་བགོ་ནས། ཏིང་ངེ་འཛིན་གྱི་ཡེ་ཤེས་ལྔའི་འོད་ཟེར་སྣ་ཚོགས་འཕྲོ་བར་འགྱུར། ༈ །ཡོན་ཏན་ནི། དྲང་། དུས། དེས་ན་མཐར་ཐུགས་མེད་ཀྱི་བར། ཡེ་ཤེས་ལྔའི་རྒྱན་གྱི་བརྒྱན་པར་འགྱུར་རོ། ༈ །རྒྱན་ལ་གཉིས། བགྲང་། སྤྱད་ཐབས་དང་། དྲང་། དབུ་རྒྱན་དང་འགུར་ཆུ་ལ་སོགས་པའི་རྒྱན་མཆོག་མཛེས་པའི་ལུས་བརྒྱན་ནས། ཏིང་ངེ་འཛིན་གྱི་ཚོམ་བུའི་ལྷ་ཚོགས་ལ་འོད་ཟེར་འབར་ཞིང་གསལ་སྒོམ་སྟེ། དེ་ལས་ཕྱོགས་བཅུ་གང་བར་དལ་ལ་འོད་ཟེར་སྤྲོས། སྤྱོད་ཡུལ་ཐམས་ཅད་རིག་པ་བདག་ཉིད་ཆེན་པོའི་ངང་ལ་མ་གཡོས་པའི་དལ་ལ། མི་དམིགས་དབྱིངས་ནས་དལ་ཐམས་ཅད་རང་བཞིན་ཏིང་ངེ་འཛིན་གྱིས་མཆོད། །ཡོན་ཏན་ནོ། །དྲང་། འདོད་པ་ལྔའི་ལོངས་སྤྱོད་མ་འགགས་པ་ཐབས་དང་། མི་དམིགས་པའི་ཤེས་རབ་གནས་དགོངས་པ་ཟག་མེད་བདེ་བ་མཆོག་གི་རོ་ཡང་མྱོང་བར་བྱེད་པ་བསོད་ནམས་ཀྱི་ཚོགས་བདེ་བ་དེ་ཉིད་ལ་མ་ཆགས་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་དང་ལྡན་པའོ། ༈ །བྲོ་གར་གླུ་ཚིག་ལ་གཉིས། སྤྱད་ཐབས་དང་ཡོན་ཏན་ནོ། །དང་པོ་ལ་གསུམ། བགྲང་། ཚོམ་བུའི་ལྷ་ལ་སྤྱད་ཐབས་དང་། དྲང་། ཚོམ་བུ་གཅིག་གསུམ་ལྔ་པ་དང་། ལྷ་རྒྱས་བསྡུས་འབྲིང་ཕོ་གསལ་བའི་ཡུམ་རྣམས། ཕན་ཚུན་འོད་ཟེར་འཕྲོས། འདུས་ཤིང་བདག་ལ་བསྟིམ་པར་བྱ་སྟེ། ལྷག་པའི་ཏིང་ངེ་འཛིན་དེ་ལ་འོད་འབར་ཏེ་འོད་ཆག་གསལ་བར་སྒོམ་གྱུར་ནས། བདག་རྣལ་འབྱོར་པ་དང་ཕྱོགས་བཅུའི་སངས་རྒྱས་ཀྱིས་དགོངས་པ་གཉིས་མེད་དུ་སྒོམ་མོ། །མངོན་ཤེས་སྒྲུབ་པའི་ཐབས་ཡོན་ཏན་དང་བཅས་པ་དང་། དྲང་། མིག་ལ་སོགས་པའི་དབང་པོ་ལྔ་ལ་ༀ་ལ་སོགས་པའི་ཡི་གེ་ལྔ་སྒོམ་ཚུལ་ནི། མིག་ལ་ༀ། རྣ་བ་ལ་ཧཱུྃ། སྣ་ལ་ཏྲཾ། ལྕེ་ལ་ཧྲི། ལུས་ལ་ཨ་སྟེ། དེ་རྣམས་གསལ་བའི་ཡི་གེ་འཕྲོ་འདུས་མངོན་ཤེས་ཉི་ཤུ་རྩ་ལྔ་རྫོགས་སོ། །འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་མེད་པར་རོལ་པའི་ཡོན་ཏན་དེས་བདག་གི་དོན་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་དོ། །ལུས་ཀྱིས་བྲོ་གར་གྱིས་སྤྱད་ཐབས་ལ་གཉིས། བགྲང་། གཙོ་བོ་ལ་སྤྱད་ཐབས་དང་། དྲང་། རྣལ་འབྱོར་པ་ཕོ་མོ་ལྷར་གསལ་བའི་ཐབས་ཡབ་དང་། ཤེས་རབ་ཡུམ་ཐམས་ཅད་ཀུན་ལངས་ལ་གར་བྱ་ཞིང་གཙོ་བོ་དབུས་ནས་ཤར་གྱི་ཕྱོགས་སུ་ཁ་ལྟ་ཞིང་རིགས་ཆུང་རྣམས་ཀྱང་དབུས་ཀྱིས་ཕྱོགས་སུ་ཁ་བལྟ་སྟེ། རྟོགས་པ་ཟིལ་གྱིས་གནོན་པ་སེང་གེའི་མཆོང་སྟབས་ཆེན་པོས་མཆོང་པར་བྱའོ། །གང་གིས་དབང་པོ་ལྔ་ལ་ཡི་གེ་ལྔ་སྒོམ་ནས་འདོད་པའི་ཡོན་ཏན་ལྔ་ལམ་དུ་ཁྱེར་ནས་མངོན་ཤེས་ཤར་ལུགས་ལས། སྒྱུ་འཕྲུལ་རྒྱས་པ་ལས། ཐབས་དང་ཤེས་རབ་ལྡན་གྱུར་ནས། །ཤར་ཕྱོགས་སུ་ནི་ཁ་བལྟས་ཏེ། །སེང་གེའི་སྟབས་ཆེན་འཆོང་བར་བྱ། །ལྕེ་དཀྱིལ་ཡི་གེ་ཧྲི་སྒོམ་ནས། །ལྕེ་ནི་བསམ་གྱིས་མི་ཁྱབ་དང་། །ཧྲཱིཿཡང་བསམ་གྱིས་མི་ཁྱབ་སྤྲོ། །ཕྱོགས་བཅུ་དུས་བཞི་མཐའ་ཡས་སུ། །གསུང་གི་ད་ལ་རབ་འཇམ་པར། །གསུང་གཅིག་ད་ལ་ལན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་དང་གྲགས། །སྒྲ་དང་མིང་ཚིག་སོ་སོར་གསལ། །ལྗགས་ཀྱི་དབང་པོ་བཀྲམ་ལས་གསུང་། །ཐར་དང་ཐ་མར་གཉིས་ཀ་བརྗོད། །ངེས་པར་ཁོ་ནར་ཡང་དག་འདུས། །དེ་བཞིན་ཉིད་ཀྱི་གཅིག་མ་གསུང་། །རྣ་བའི་དབང་པོའི་དལ་དལ་དུ། །ཏྲཾ་གི་ཡི་གེ་གསལ་སྒོམ་ན། །མཐའ་ཡས་བསམ་གྱིས་མི་ཁྱབ་སྤྲོས། །ཏྲཾ་ཡང་བསམ་ཡས་འོད་འཕྲོ་འབར། །ཕྱོགས་དུས་ད་ལ་མ་ལུས་ཐོས། །འགྲོ་དྲུག་འཁོར་བའི་གནས་ཀྱང་ཐོས། །སྒྲ་དང་ཐོས་པས་གཉིས་མེད་པའོ། །དེ་བཞིན་དྲི་དང་རོ་རེག་རྣམས། །སོ་སོའི་མཚན་ཉིད་གསལ་སྒོམ་ན། །ཡིག་འབྲུའི་སྙིང་པོ་ཅི་བཞིན་དགོད། །སངས་རྒྱས་ད་ལ་མ་ལུས་དང་། །འགྲོ་དྲུག་མ་ལུས་ཐམས་ཅད་ཀུན། །ཆགས་པ་མེད་པའི་ཚུལ་གྱིས་རོལ། །དྲི་ལ་སོགས་པ་བདེ་མཆོག་གིས། །ཀུན་ལ་ཚིམ་པར་ཡང་དག་མཆོད། །འགྲོ་དྲུག་མ་ལུས་ཐམས་ཅད་ལ། །ཅི་ལྟར་མཚམས་པའི་དོན་ཡང་བྱེད། །ཐབས་མཁས་ཐུགས་རྗེ་དེ་ལྟར་གཙོ་བོ་སྟོན། །ཀུན་ཀྱང་བྱང་ཆུབ་ཏུའོ། །ཞེས་སོ། ༈ །རིགས་སོ་སོའི་སྤྱད་ཐབས་ཡོན་ཏན་དང་བཅས་པའོ། །དྲང་། དེ་ནས་རིགས་ལྔ་པོ་དབུས་ནས་ཤར། དེ་བཞིན་རིགས་ཤར་དང་། རཏྣ་ན་ལྷོ། པདྨ་ནུབ། ལས་བྱང་ཕྱོགས་ལ་སོགས་ལ་རང་རང་གི་ཕྱོགས་སུ་རིམ་པ་བཞིན་ཁ་བལྟས་ཏེ། དབུས་སུ་ཐུགས་རྡོ་རྗེའི་རིགས་དང་ཤར་དུ་སྐུ་དེ་བཞིན་གཤེགས་པའི་རིགས་དང་། ནུབ་ཏུ་གསུང་པདྨའི་རིགས་དང་། ལྷོར་ཡོན་ཏན་རཏྣའི་རིགས་དང་། བྱང་དུ་ལས་ཀྱི་རིགས་དོན་ཡོད་གྲུབ་པའི་གླུ་དང་། བྲོའི་ཚིགས་རྒྱས་པའི་རྒྱུད་ནས་འབྱུང་བ་ལྟར་བརྗོད་པ་དང་། དེ་ནས་ཡེ་ཤེས་ལྔས་བརྒྱན་པའི་བྲོ་གླུ་བྱ་སྟེ། དེ་ཡང་རིགས་ལྔ་སྤྱི་ཡིས་གླུ་ཚིག་བརྗོད་པ་དང་། བྲོ་བྱ་བ་ཡིན་པས། སེང་གེ། གླང་ཆེན། རྟ་མཆོག །རྨ་བྱ། ཤང་ཤང་དང་། རྣམ་པ་ལྔའི་སྟོབས་ལྔ་དང་། གླུ་ལྔ་དང་། རང་རང་གི་ཏིང་ངེ་འཛིན་དང་ལྡན་པར་བྱའོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྲོག་དང་ལྡན་པའི་བྲོ་གླུའི་བདག་གཞན་གྱི་དོན་གཉིས་རྫོགས་པར་བྱའོ། །དེ་ཡང་དབུས་སུ་རྡོ་རྗེ་སེམས་དཔའ་བྲོ་ཚིག་བརྗོད་པ་ནི། རྒྱས་པར་རྒྱུད་ལས། དབུས་ནས་ཤར་དུ་ཁ་བལྟས་ཏེ། །རྐང་པའམ་སྟབས་ཆེན་བསྐྱོད་བྱས་ཤིང་། །ལག་གི་འདུ་བྱེད་ཀུན་བསྐྱོད་ནས། །བྲོ་དང་གར་གྱི་ཕྱག་རྒྱ་བྱ། །དེ་ལ་འོད་ཟེར་དཀར་འཕྲོ་བ། །བྱང་ཆུབ་སེམས་སུ་རྣམ་པར་དག །ཤིན་ཏུ་གསལ་དང་འོད་ཟེར་འབར། །ཐབས་དང་ཤེས་རབ་བདེ་བ་འགྲུབ། །ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན། །བདུད་བཞི་དག་ནི་འཇོམས་པར་བྱེད། །ཐེག་མཆོག་རྡོ་རྗེ་རིག་འཛིན་པ། །ཐབས་དང་ཤེས་རབ་བདེ་འགྲུབ་ཤོག །སེམས་ཉིད་རིགས་པ་རྡོ་རྗེ་ཡིས། །ཉོན་མོངས་སྡུག་བསྔལ་མེད་པར་བྱེད། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །ཐབས་དང་ཤེས་རབ་གསལ་འགྱུར་ཤོག །ཉོན་མོངས་སྡུག་བསྔལ་རྩད་བཅད་ནས། །མ་རིག་མུན་པ་མེད་པར་ཤོག །ཐུགས་རྗེའི་འོད་ཟེར་ཉི་ཤར་བས། །ཐབས་དང་ཤེས་རབ་འོད་འབར་ཤོག །ཤིན་ཏུ་སྲ་ཞིང་སྐྱེ་ཤི་མེད། །རྡོ་རྗེ་ཐུགས་ཀྱིས་རོལ་སྟོན་པ། །འགྲོ་ལ་ཐུགས་རྗེས་ཡོངས་ཀྱིས་འབྱུངས། །ཐབས་དང་ཤེས་རབ་བྱམས་ལྡན་ཤོག །དེ་ནས་སྐུ་དེ་བཞིན་གཤེགས་པའི་བྲོ་གླུ་ནི། ཁ་ཤར་ལྟས་ཏེ། གླང་པོའི་སྟངས་སྟབས་ཀྱིས། བདེ་གཤེགས་མ་ལུས་ཐམས་ཅད་ཀུན། །ཕྱོགས་དུས་ད་ལ་བདག་ཉིད་ཚེ། །མི་དམིགས་ཐུགས་ཀྱི་ད་ལ་རུ། །མ་ལུས་ཀུན་འདུས་རྣམ་པར་དག །ཐབས་ཆེན་ད་ལ་ཡང་དག་པ། །བདེར་གཤེགས་ཀུན་ལ་རྣམ་པར་འཕྲོ། །ཐབས་དང་ཤེས་རབ་ལྡན་པ་ཡི། །བདེ་བའི་དཀྱིལ་དུ་མཁས་པས་བསྡུ། །ཐམས་ཅད་མ་ལུས་རིགས་བཞི་ཡི། །ནང་དུ་མ་འདུས་གང་ཡང་མེད། །དེ་ནི་བདེར་གཤེགས་ད་ལ་ཉིད། །ཐབས་དང་ཤེས་རབ་བདེ་འགྲུབ་ཤོག ༈ །དེ་ནས་ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་གྲོ་གླུ་ནི། རྟ་མཆོག་གི་སྟངས་སྟབས་བྱ་ཞིང་། ཐབས་དང་ཤེས་རབ་ལྡན་གྱུར་པས། །ཡོན་ཏན་ཕྱོགས་སུ་ཁ་བལྟས་ཏེ། །ལུས་བསིག་ཡན་ལག་བསྐུལ་བསྐྱོད་ནས། །སྟོབས་ཆེན་དག་ཀྱང་བརྡུངས་བར་བྱ། །ད་ལ་མ་ལུས་འབྱུང་བའི་གཏེར། །ཟག་མེད་ནོར་བུ་རིན་པོ་ཆེ། །མ་ལུས་ཀུན་གྱི་རེ་བ་བསྐོང་། །ཐབས་དང་ཤེས་པར་བདེ་འགྲུབ་ཤོག ༈ །དེ་ནས་གསུང་སྣང་བ་མཐའ་ཡས་ཀྱི་བྲོ་གླུ་ནི། རྨ་བྱའི་སྟངས་སྟབས་བྱ་ཞིང་། ཐབས་དང་ཤེས་རབ་ལྡན་གྱུར་ནས། །ནུས་ཕྱོགས་སུ་ནི་རབ་བལྟས་ཏེ། །ཡན་ལག་ལྔ་པོ་བསྐྱོད་བྱས་ནས། །གར་རྣམས་ཤིན་ཏུ་མཛེས་བྱས་ནས། །སྟོབས་ཆེན་དག་ཀྱང་བརྡུངས་བ་བྱ། །ཆོས་རྣམས་མ་ལུས་ཀུན་སྤྱོད་ཀྱང་། །པདྨ་ལ་ནི་འདམ་བཞིན་དུ། །ཆགས་པ་གསུམ་ཚོགས་པ་དང་ལྔ་ཡིས་བསྙེན་བསྒྲུབ་ཡན་ལག་བཞི་དང་སྦྱར་བས་ཞི་བ་ཚོགས་བསྒྲུབ་ཀྱི་གཞུང་རྫོགས་པར་བྱའོ། ༈ །རྒྱས་པར་བཤད་པ་ལ་གཉིས། ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་བ་དང་། བསྙེན་བསྒྲུབ་བཞིས་གཞུང་བསྲང་བའོ། །དང་པོ་ལ་ལྔ། བསྒྲུབ་པ་པོ་ཕུན་སུམ་ཚོགས་པ་དང་། གནས་དང་། དུས་དང་། ཡོ་བྱད་དང་། བསྒྲུབ་ཐབས་ཕུན་སུམ་ཚོགས་པའོ། །དང་པོ་ལ་གསུམ། བགྲང་། སྤྱིར་བསྒྲུབ་པའི་མཚན་ཉིད་ལྡན་ཞིང་ཕུན་སུམ་ཚོགས་པ་དང་། དྲང་། ཚོགས་བསྒྲུབ་པ་དེ་ལ་སྤྲོས་པ་མཐར་ཕྱིན་པས་བསྒྲུབ་དགོས་ཏེ། དེ་བཞིན་ཉིད་ཀྱི་ཆོ་ག་དང་། ཀུན་ཏུ་སྣང་གི་ཕྱག་རྒྱ་གཅིག་པ་ལ། ཕྲ་བ་ཡིག་འབྲུ་ལ་བསླབ་པའམ། རགས་པ་ལྷ་སྐུ་ལ་བསླབ་པའི། ཕྱག་རྒྱ་སྤྲོས་པ་དང་བཅས་པའི། ཆོ་ག་ལྔ་ནི་མངོན་རྫོགས་པར་བྱ་ཞིང་། བྲོ་གར་འདུ་འཕྲོའི་ཡོ་བྱད། གླུ་ཚིག་སྒྲའི་རྒྱན་དང་བགོ་བའི། བཟའ་དང་བཏུང་བའི། ཨ་ལི་ཀ་ལིའི་ཡོ་བྱད་དང་ལྔ་ནི། ཚོགས་བསྒྲུབ་པའི་མངོན་དུ་རྫོགས་པར་ལྡན་པར་བྱས་ནས། སྔགས་ཀྱི་ཞེས་པ། ཡིད་སྐྱོབས་དང་བྱིན་རླབས་འབྱུང་བའི་ཕྱིར་ན་སྔགས་ཞེས་བྱ་བའོ། །ཡན་ལག་ལྔ་ནི་ཐུགས་ཡེ་ཤེས་སེམས་དཔའ། སྐུ་གསུང་ཐུགས་ཀྱི་ལྷ་གསུམ། དབུ་རྒྱན་གྱི་ལྷ་ལྔ་པོ་དེ་གཅིག་ཏུ་དྲིལ་བས་ལྔ་པོ་དེ། སྔོན་དུ་རྫོགས་པར་བྱས། རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས་བསྒྲུབ་པའི་ངེས་པར་ལེགས་པའི་དགོངས་པ་ཟག་མེད་ཀྱི་རིག་འཛིན་འགྲུབ་པའོ། །སྟོན་པ་དང་། དྲང་། སྟོན་པའི་རང་བཞིན་དམ་པའི་མཛོད་གསུམ་དང་ལྡན་པ་དེ། མཛོད་གསུམ་གང་ཞེ་ན། ལྟ་བ། ཏིང་ངེ་འཛིན། དམ་ཚིག་གོ། །ལྟ་བ་ནི། བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་རང་རིག་པའི་མངོན་སུམ་དུ་རྟོགས་པའོ། །མཁྱེན་གཉིས་ཀ་ལ་བསྒྲིབ་པ་དང་། ཤེས་སྒྲིབ་ཀྱིས་རྣམ་མཁྱེན་ཁོ་ན་ལ་སྒྲིབ་པར་བཤད་དོ། །དེ་ལྟར་ན་ལམ་པ་གང་ལ་སྒྲིབ་པ་གང་ཡོད་ཞེ་ན། འདི་ཡི་ལུགས་ཀྱིས་ཚོགས་ལམ་ལ་ལས་སྒྲིབ། སྦྱོར་ལམ་ལ་ཉོན་སྒྲིབ། མཐོང་ལམ་ལ་ཀུན་འགྲོའི་སྒྲིབ་པ། སྒོམ་ལམ་ལ་ལྷན་ཅིག་གནས་པའི་སྒྲིབ་པ། མཐར་ལམ་ལ་བག་ལ་ཉལ་གྱི་སྒྲིབ་པ་རྣམས་ཡོད་པར་འདོད་དོ། །སྒྲིབ་པ་དེ་དག་སྤོངས་ཚུལ་ནི། གསང་སྔགས་པས་ལྟ་བ་རྟོགས་ན་གོམས་བྱེད་པའི་ཕྱིར། ཤེས་སྒྲིབ་ཐོག་མར་སྤོང་བར་འདོད་ལ། ཐེག་པ་འོག་མ་པས་ནི། ཉོན་མོངས་པ་དག་ནས་ཡེ་ཤེས་འཕེལ་བས་ཉོན་སྒྲིབ་ཐོག་མར་སྤང་བར་འདོད་དོ། །འདི་རྣམས་ལ་མཉམ་བཞག་དང་རྗེས་སྤངས་ཚུལ། མཐོང་ལམ་སྤངས་དང་། སྒོམ་སྤངས་འོང་པའི་རྒྱུ་རྐྱེན་རྣམས་རིགས་དགོས་སོ། །བྲོ་ཡི་སྒོ་ནས་བདེན་པ་མཐོང་བ་དང་། གླུ་ཡིས་སྙན་པ་དང་གྲགས་པ་ཐོབ་ཅིང་། བསོད་ནམས་ཀྱི་ཚོགས་ཆེན་པོ་འགྲུབ་ལ། དེ་ལ་ཡང་མ་ཆགས་ཤིང་མི་འཛིན་པས་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང་ལྡན་པར་འགྱུར་རོ། །བཟའ་བཏུང་ལ་གཉིས། བགྲང་། བདག་ཉིད་ཆེན་པོའི་མཆོད་པ་བྱ་ཐབས་དང་། དྲང་། གཟའ་བ་དང་བཅའ་བ་དང་། མུར་བ་དམ་བཏུང་བའི་བྱེ་བྲག་ཡོ་བྱད་རྣམས། དེ་དག་ཏུ་སྣང་བ་མ་འགགས་པ་ཐབས་དང་། རང་བཞིན་མེད་པ་ཤེས་རབ་སྟེ། དེ་གཉིས་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཉིད་ཀྱི་ཚུལ་དུ་གནས་ཤིང་། མཆོད་བྱ་མཆོད་བྱེད་ཐ་མི་དད་པར་ཤེས་པས་བདག་ཉིད་ཆེན་པོ་གནས་སུ་སྟོབས་པའི་མཆོད་པ་ཕུལ་བ་ཡིས། ༈ །ཡོན་ཏན་ལ་གཉིས། བགྲང་། མཆོད་སྦྱིན་མཆོག་ཏུ་གྱུར་པའི་ཡོན་ཏན་དང་། དྲང་། བདག་དང་སངས་རྒྱས་གཉིས་སུ་མེད་པས་དུས་གསུམ་གྱི་མེད་པའི་ཚུལ་གྱི་གནས། ཐབས་དང་ཤེས་རབ་བདེ་འགྲུབ་ཤོག །དེ་ནས་ཕྲིན་ལས་དོན་འགྲུབ་ཀྱི་བྲོ་ནི། ཤང་ཤང་སྟབས་བྱ་ཞིང་། ཐབས་དང་ཤེས་རབ་ལྡན་གྱུར་པ། །བྱང་ཕྱོགས་སུ་ནི་ཁ་བསྟན་ནས། །ལུས་བསྐྱོད་ཡན་ལག་གར་བྱེད་ཅིང་། །ཕྱག་རྒྱ་སོ་སོར་གསལ་གྱུར་ནས། །རྐང་པས་སྟབས་ཆེན་བརྡུངས་བར་བྱ། །ཡང་དག་རྟོགས་པའི་ཤེས་རབ་ཀྱིས། །བསྐལ་པ་བསམ་གྱིས་མི་ཁྱབ་པའི། །སྒྲིབ་པ་ཐམས་ཅད་བྱང་བྱས་ཏེ། །ཐབས་དང་ཤེས་རབ་མྱུར་འགྲུབ་ཤོག །བྲོ་གར་གྱི་ཡོན་ཏན་ནོ། །དྲང་། རྐང་པའི་བྲོ་སྟབས་དང་ལག་པའི་གར་གྱི་ཕྱག་རྒྱ་དང་། ངག་གི་སྙན་པའི་གླུ་དབྱངས་བདེན་པའི་ཚིགས་ཏིང་ངེ་འཛིན་དང་ལྡན་པ་དག་གི་སྒྲ་བསྒྲགས་ནས། ཡོན་ཏན་གང་འབྱུང་སྙམ་པ་ལ། ཕྱོགས་བཅུའི་འགྲོ་དྲུག་གི་སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་མ་ལུས་པ་ཀུན། སྐུ་ལྔ་ལྷུན་གྲུབ་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་རུ་མཐོང་བར་འགྱུར་ཞིང་། ལྷུན་གྲུབ་རྡོ་རྗེའི་སྐུའི་ལ། ལྷུན་གྲུབ་རིག་འཛིན་དུ་ངོས་བཟུང་བ་ཡོད། ཀླུའི་ཡོན་ཏན་སྒྲ་སྐད་ཐམས་ཅད་གསུང་ལྔ་ལྷུན་གྲུབ་དམ་པ་ཆོས་ཀྱི་དུང་ཆེན་པོའི་སྒྲ་ཡང་ཐོབ་པར་འགྱུར་རོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་གཉིས་བྱང་ནས་ལྷག་པའི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་འགྱུར་བའོ། །དེ་ཡང་སྒྲིབ་པ་གཉིས་པོ་དེ། ཅི་ལྟར་ཡིན་ཞེ་ན། ཉོན་མོངས་པའི་སྒྲིབ་པས། བློ་ལ་ཆོས་ཐམས་ཅད་གསལ་དུ་མི་སྟེར་བ་དང་། ཤེས་བྱའི་སྒྲིབ་པས་ཤེས་བྱ་ལ་ཡེ་ཤེས་འཕེལ་དུ་མི་སྟེར་བའོ། །ཡང་ན། ཉོན་སྒྲིབ་ཀྱི་ཚོགས་ཀྱི་ཆོས་ཐམས་ཅད་གསལ་དུ་མི་སྟེར་བ་དང་། ཤེས་སྒྲིབ་ཀྱི་མཐོང་སྒོམ་ཡན་ཆད་དུ། ཆོས་ཐམས་ཅད་གསལ་དུ་མི་སྟེར་བའང་ཡིན་ནོ། །གཞན་དུ་ན། ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲིབ། ཅེས་པས་ཉོན་སྒྲིབ་ཀྱི་ཐར་པ་དང་། རྣམ་མཁྱེན་སངས་རྒྱས་ཀྱི་དལ་མ་ལུས་པ་ཐམས་ཅད་ལ་མཉེས་པའི་ཁྱབ་ཅིང་། བདག་དང་སེམས་ཅན་དབྱེར་མེད་པ། སྲིད་པ་གསུམ་གྱི་སེམས་ཅན་མ་ལུས་པ་ཐམས་ཅད་ལ། དགའ་བ་དང་བདེ་བ་ཆེན་པོ་ཁྱབ་པར་འགྱུར་རོ། །བདུད་རྩི་མཆོག་ཏུ་གྱུར་ཅིང་དངོས་གྲུབ་འབྱུང་བའི་ཡོན་ཏན་ནོ། །དྲང་། ཕྱག་རྒྱ་གཅིག་སྤྲོས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པས། ཟས་དུག་ཅན་ལ་ཡི་གེ་ཨ་བཀོད་དེ་འཇུ་འདུལ་བྱས་པ་ཙམ་གྱིས་བདུད་རྩིར་འགྱུར་ཞིང་དེའི་ཡོན་ཏན་འབྱུང་བ་དང་། ཡོན་ཏན་གང་ཞེ་ན། བདུད་རྩིའི་ཟས་ཟོས་པས། རླུང་། མཁྲིས། བད་ཀན། འདུས་པ་བཞི་རེ་རེ་ལའང་བརྒྱ་རྩ་གཅིག་བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། བདུད་རྩིའི་འོད་ཟེར་ལས་ལོངས་སྤྱོད་ཕུན་གསུམ་ཚོགས་པ་འབྱུང་ཞིང་ངན་སོང་གསུམ་དུ་སྐྱེ་བའི་ས་བོན། ཏྲི་པྲེ་དུ་རྣམས་སྦྱོང་བ་དང་། དེ་ལས་གཞན་དུ་ཅི་ཡང་གཞན་དུ་སྟེ། བྱེ་མ་ལ་གསེར་དང་། སོལ་བ་ལ་ལྗོན་ཤིང་དུ་འགྱུར་བ་དང་སྐོམ་སར་ཆུ་འབྱུང་བ་ལ་སོགས་པ་ཕན་ཚུན་མི་མཐུན་པར་འགྱུར་བ་ཀུན་འགྲུབ་བོ། ༈ །ཨ་ལི་ཀ་ལི་ལ་གཉིས། བགྲང་། བསྙེན་བསྒྲུབ་བཞིའི་སྤྱད་ཐབས་དང་། དྲང་། དེ་ལྟར་ཡོ་བྱད་བཞི་པོ་དང་ལྡན་པའི་རྣལ་འབྱོར་པས། ཐབས་ལྷ་ཡབ་དང་། ཤེས་པར་ལྷ་ཡུམ་དུ་ལྡན་པར་འགྱུར་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷ་དང་། མཁའ་གསང་རྡོ་རྗེ་པདྨ་བྱིན་གྱིས་བརླབ་ཅིང་འདོད་པའི་སྦྱོར་བའི་བཅོས་ཀྱི་བདེ་བ་རྒྱས་པའི་ཆ་རྣམས་ཀྱང་རྫོགས་པར་བྱ་བའོ། །གསང་བ་སྦྱོར་བའི་བསྙེན་པ་ཉེ་བསྙེན་བསྒྲུབ་པ་བསྒྲུབ་ཆེན་པོ་དང་བཞི་ཡི་རིམ་པས་རྟོགས་པ་ཐམས་ཅད་གསལ་སྟོང་གཉིས་སུ་མེད་པས་བདེ་བ་ཆེན་པོའི་དབྱིངས་སུ་སྦྱོར་བའོ། ༈ །སྤྱོད་པའི་ཡོན་ཏན་ལ་གཉིས། མཆོག་གི་ཡོན་ཏན་འབྱུང་ཚུལ་དང་། ཐུན་མོང་གི་ཡོན་ཏན་ནོ། །དང་པོ་ལ་གཉིས། བགྲང་། ཟབ་མོའི་དབང་རྣམས་རྫོགས་པའི་ཡོན་ཏན་དང་། དྲང་། ཡབ་ཡུམ་གཉིས་མེད་དབྱིངས་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འབར། ལུས་ལ་འོད་ཟེར་འཕྲོས་ཤིང་བདེ་བ་འབར་བས་ཏིང་ངེ་འཛིན་ཕྱོགས་བཅུར་གསལ་ཆགས་པའི་ཐིག་ལེ་བདེ་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཚོན་པས་ཐབས་ཆེན་པོ་སྟེ། ཐབས་ཀུན་གྱི་མཆོག་གོ། །ཤེས་རབ་ཡེ་ཤེས་ཀྱིས་དབང་དང་བདེ་མཆོག་ནི་བདེ་བ་ཆེན་པོའི་དབང་དང་། ཤིན་བརྟན་པའི་དབང་རྣམས་དང་ལྡན་ཞིང་རྫོགས་པའོ། །ཡང་ན། བདེ་བའི་ཡེ་ཤེས་སུ་གསལ་བ་མ་འགགས་པ་ཐབས་ཆེ་ལ། ཉེས་སྐྱོན་གྱི་མ་གོས་པས་ཐབས་ཀྱི་མཆོག་སྟེ་གསང་དབང་སྟེ། དེ་ལ་བདེ་བར་འཛིན་པའམ། རང་བཞིན་མེད་པར་ཤེས་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པར་སྦྱོར་བའི་བདེ་བའི་ཡེ་ཤེས། བདེ་སྟོང་གཉིས་མེད་རྒྱུད་ལ་སྐྱེས་པ་དེ། གོང་མ་གཉིས་ལས་ཁྱད་པར་འཕགས་ཏེ། ཤིན་ཏུ་བརྟན་པ་བདེ་བ་ཆེན་པོའི་དབང་ཡང་ལྡན་ཞིང་རྫོགས་པའོ། ༈ །མཆོད་པ་རྫོགས་ཤིང་ཡེ་ཤེས་སྐྱེས་ནས་རྒྱལ་བའི་དལ་འབྱུང་ཚུལ་ལོ། །དྲང་། ཡབ་ཀྱི་གསང་བའི་རྡོ་རྗེ་དང་། ཡུམ་མཁའ་ དྲིལ་བུ ་གཉིས་སྲུབ་པའི་སྦྱོར་བ་ལས་བྱུང་བ་ཡང་དག་པའི་བདེ་བ་དང་ལྡན་པ་ལ་སྒོ་མ་བཞིའི་ཕྱག་རྒྱ་བཞི་དང་ཕྱི་སྒེག་ནང་སྒེག་གི་ལྷ་མོ་བརྒྱད་རྫོགས་ཤིང་རོལ་དུས་སུ། མཁའ་ལ་ཉི་ཟླ་དུས་གཅིག་ལྡན་ཐབས་གཉིས་མེད་ཟུང་དུ་འབྲེལ་གྱུར་ན་འབྲས་བུ་བདེ་བར་གཤེགས་པའི་དལ་མངོན་སུམ་དུ་མ་ལུས་འབྱུང་ཞིང་འཆར་བའོ། །འདི་རྣམས་ཀྱི་དོན་རྒྱས་པར་དམར་མཆན་བཞིན་ནོ། །ཐུན་མོང་གི་ཡོན་ཏན་ནོ། །དྲང་། དེའི་དུས་སུ་ཡབ་ཡུམ་གྱི་ཐིག་ལེ་ཉི་ཟླ་གཉིས་སླར་བཟློག་པས་རླུང་དང་འདྲེས་པའི་སྐྱེ་འཇིགས་མེད་པ་རྡོ་རྗེའི་གཟུགས་སུ་ཆགས་པས་ཐབས་གྱུར་པའི་ཚེ་དབང་ཐོབ་བོ། །དེ་སྦྱོར་བའི་མཆོད་པ་ཆེན་པོ་དེའི་ཡོན་ཏན་ཐུན་མོང་དུ་ཚེ་རིང་བ་དང་། མཁའ་ལ་བྱ་བཞིན་འགྲོ་བ་དང་། ཁ་དོག་གསལ་ཞིང་འོད་འབར་འགྱུར་རོ། ༈ །གསུམ་པ་འབྲས་བུ་བྱུང་ཚུལ་ལ་གཉིས། སྤྱོད་ཡུལ་རྒྱལ་བའི་དལ་དུ་སྤྱོད་པའི་འབྲས་བུ་དང་། བྲོ་གར་འདུ་འཕྲོ་ལ་སོགས་པའི་བྱེ་བྲག་སོ་སོའི་བྱུང་ཚུལ་ལོ། །དང་པོ་ལ་གཉིས། བགྲང་། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སངས་རྒྱས་བྱུང་ཚུལ་དང་། དྲང་། སྒྱུ་འཕྲུལ་གྱི་དལ་ལྷ་བཞི་བཅུ་རྩ་གཉིས། ལྷ་ཡབ་ཡུམ་དྲ་བའི་དལ་རང་རིག་པའི་མངོན་གསུམ་དུ་རྫོགས་པའི། ཕྱོགས་བཅུ་དུས་བཞི་རྫོགས་པའི་དལ་ཐམས་ཅད་འགྲུབ་པར་འགྱུར་ཏེ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ས་ཐོབ་པའོ། ༈ །ཡེ་ཤེས་བླ་མའི་འབྲས་བུ་འབྱུང་ཚུལ་ལོ། །དྲང་། སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་བརྟན་པའི་ས། ཕྱོགས་བཅུ་དུས་བཞིར་དེ་བཞིན་གཤེགས་པ་ཡིས་སངས་རྒྱས་དཀྱིལ་འཁོར་མ་ལུས་དང་། ཁམས་གསུམ་འགྲོ་རྣམས་རང་རིག་པའི་མངོན་སུམ་དུ་གྱུར་ཏེ་ཡེ་ཤེས་བླ་མའི་ས་ཐོབ་པའོ། ༈ །བྲོ་གར་འདུ་འཕྲོ་ལ་སོགས་པ་སོ་སོའི་བྱུང་ཚུལ་ལོ། །དྲང་། སྒྱུ་འཕྲུལ་དྲྭ་བ་སྔོན་རྫོགས་པས། དལ་དང་ཚོམ་བུ་ལ་གོམས་ཤིང་བརྟན་པའི་ཏིང་ངེ་འཛིན་གྱི་བྲོ་གར་འདུ་འཕྲོ་ཡིས་ཕྱག་རྒྱ་ཡིས་རི་བྲག་ལ་འཛུལ་ནམ་མཁར་འགྲོ་བར་འགྱུར་ཏེ་རྫུ་འཕྲུལ་ཐོབ་པར་འགྱུར་རོ། །གླུ་ཚིགས་སྒྲ་ཡིས་ཕྱག་རྒྱ་ཡིས་ཆོས་ཀྱི་དངོས་གྲུབ་འབྱུང་སྟེ་ཆོས་ལ་དབང་ཐོབ་པར་འགྱུར་རོ། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས་མཚན་དང་དཔེ་བྱད་དང་འོད་ཟེར་འབར་བའི་སྐུ་རྒྱལ་པོ་བདུད་ཀྱི་དཔུང་བཞི་པ་མི་ཚུགས་པས་ཐུབ་པ་མེད་པའི་སྐུ་འགྲུབ་པའོ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཐུན་མོང་གི་དངོས་གྲུབ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་སྐུ་མདངས་དང་ལྡན་པ་དང་། ཟས་ཐམས་ཅད་བདུད་རྩིར་འགྲུབ་པའོ། །ཡུམ་ཨ་ལི་ཡབ་ཀ་ལིའི་ཕྱག་རྒྱ་ཡིས། ཐུན་མོང་དངོས་གྲུབ་ཐམས་ཅད་དང་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། ༈ །སྤྱི་དོན་གཉིས་པ་ཁྲོ་བོ་བསྒྲུབ་པ་ལ་གཉིས། ཕུན་སུམ་ཚོགས་པ་ལྔས་བསྒྲུབ་པའི་གཞི་བཟུང་བ་དང་། བསྙེན་བསྒྲུབ་བཞིས་བསྲང་བའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི་གདུག་པའི་འདུལ་ཁྲོ་བོའི་དལ་གྱིས་ཚོགས་བསྒྲུབ་པར་བྱ་བའང་། བསྒྲུབ་པ་པོའི་གནས་དང་ཟླ་ཡུམ་དང་གྲོགས་པོ་རྣམས་དང་། རྫས་དང་། དུས་དང་། བསྒྲུབ་ཐབས་རྣམས་ནི་ཚོགས་བསྒྲུབ་པའི་ཆ་རྐྱེན་མཆོག་ཏུ་དམིགས་པས་བཞག་པའོ། ༈ །རྒྱས་པར་བཤད་པ་ལྔ། བགྲང་། གནས་ཕུན་སུམ་ཚོགས་པ་དང་། དྲང་། དུར་ཁྲོད་དམ། རྩི་ཤིང་གི་ནགས་ཚལ་ཆེན་པོ་ཡོད་པ། གྲོངས་ལས་དཔག་ཚད་རྒྱང་གྲགས་ཀྱི་རིང་བ། བར་ཆད་གསུམ་གྱིས་དབེན་པའི་སར། རྔམས་གློག་དང་རྡོ་རྗེ་ལས་རིམ་ལ་སོགས་པའི་གཞུང་ནས་བཤད་པ་དང་མཐུན་པའི་གནས་རྙེད་ནས་ནི། གནས་དེར་སའི་ཆོ་ག་བྱ་བ་ནི། དང་པོར་ས་ཕྱོགས་དེའི་གནོད་བགེགས་ལ་ཞི་བས་གླུད་གཏོར་བྱིན་ལ་ཁྲོ་བོའི་ཕུར་པས་བསྐྲད་ཅིང་། ས་ལ་གཏེར་གནན་པ་དང་། ས་གཞི་དུར་ཁྲོད་ཀྱི་གཞལ་ཡས་ཁང་། ཡེ་ཤེས་རིན་པོ་ཆེ་བྱིན་གྱིས་རླབས་པ་ལ་སོགས་པ་གཞི་མཉམ་པའི། ཆོ་ག་རྣམས་རྡོ་རྗེ་ལས་རིམ་ལྟར་རྒྱས་པར་བྱའོ། །བསྒྲུབ་པ་པོ་ལ་གཉིས། བགྲང་། སྤྱིར་ཏིང་ངེ་འཛིན་མཐུ་མཉམ་པས་བསྒྲུབ་པ་དང་། དྲང་། སྒྱུ་འཕྲུལ་དྲྭ་བ་སྟེ་ཁྲོ་བོས་ལྷ་ཡབ་ཡུམ་ཟུང་འབྲེལ་མངོན་པར་རྫོགས་པར་སངས་རྒྱས་པས་ཁྲག་འཐུང་ཁྲོ་བོའི་དལ་གྱི་ལྷ་ལྔ་བཅུ་རྩ་བརྒྱད་ལ་སོགས་སྒོམ་པ་ལ་སྤྲོས་པའི་སྐབས་སུ་བློ་བརྟེན་པ་ཐོབ་པའི་སྟོབས་ཀྱིས། ཆོ་ག་ལྔ་དང་། ཡོ་བྱད་ལྔ་དང་། སྔགས་ཀྱི་ཡན་ལག་ལྔ་སྟེ་ཆོས་བཅོ་ལྔ་ཚང་ཞིང་རྫོགས་པ་ཁྲོ་བོ་སྤྲོས་པ་མཐར་ཕྱིན་པ་ཡིས། རྣལ་འབྱོར་པ་ཕོ་མོ་དོན་བརྒྱད་དང་། གོ་བརྒྱད་དང་། བརྒྱ་དང་བཅོ་བརྒྱད་ལ་སོགས་པ་སྦྱོར་བ་མཐུ་དང་སྐལ་བ་མཉམ་པ་འདུས་པས་ཚོགས་བསྒྲུབ་ན་ངེས་པར་སྟེ་ཐེ་ཚོམ་མེད་པར་མཐོང་ལམ་གྱི་དངོས་གྲུབ་འགྲུབ་པར་འགྱུར་རོ། །བྱེ་བྲག་ཏུ་སྟོན་འཁོར་མཚན་ཉིད་དང་ལྡན་པས་བསྒྲུབ་པའོ། །དྲང་། དེ་ཡང་སྟོན་པ་རྡོ་རྗེ་རྒྱལ་པོ་དམ་པའི་མཛོད་གསུམ་དང་ལྡན་པ་དབང་གི་ཆུ་བོ་རྫོགས་པ་ཅན་མཐར་ཉེ་ལམ་ལས་གོང་ལྟར་ཡོན་ཏན་བརྒྱད་དང་ལྡན་པ་དང་རྡོ་རྗེ་རྒྱལ་ཚབས་ཀྱི་སྐྱེས་བུ་ཡང་། རྡོ་རྗེ་རྒྱལ་པོར་ཡོན་ཏན་དང་ལྟ་དགོངས་མཚུངས་ཤིང་མཉམ་པ་དང་། ཀར་མ་ལས་མཁན་སྐད་ཀྱི་གདངས་ཆེན་པོ་སྙན་ལ་ཕྲིན་ལས་ཀྱི་ཁྲིགས་ཀྱི་རིམ་པ་མ་ནོར་བའི་འཕྲེང་བ་ལྡན་པ་དང་། ཡུམ་ལྗོན་ཤིང་མ་ནི་ཁ་དོག་དཀར་ཞིང་མཚན་དང་ལྡན་ལ། རི་མོ་རིན་པོ་ཆེའི་གཟུགས་སུ་ཡོད་པ། སྲིན་ལག་གི་རྩ་བ་ལ་སོགས་རི་མོ་འཁོར་ལོའི་ཚུལ་དུ་ཡོད་པ་ཞི་བའི་གཟུང་མ་སྟེ། སྒྱུ་འཕྲལ་རྡོ་རྗེ་ལས། དཀར་མོ་བུང་ཆུང་སྐད་ཆེ་བ། །བཞིན་ལུས་གཙུག་ཕུད་གཡས་སུ་འཁྱིལ། །ཡན་ལག་འཕྲ་འཇམ་སྐད་གསལ་ཞིང་། །བསླུ་ཁར་ལྕི་བའི་ཞི་བར་བྱ། །ཞེས་སོ། །ལྕུག་ཕྲན་མ་ནི ། ཁ་དོག་དཀར་སེར་མཚན་དང་ལྡན་པ་ལ། རི་མོ་རིན་པོ་ཆེའི་གཟུགས་སུ་ཡོད་པ། རྒྱས་པའི་གཟུང་མ་སྟེ། ཟླ་དང་ཡན་ལག་མང་བ་དང་། །ཕྲ་ཞིང་ཡན་ལག་ཟོངས་སུ་རིངས། །བཞིན་ལུས་སེར་ཞིང་གྲུ་བཞིར་གནས། རྣ་འཕྱང་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་བཟུང་། །ཞེས་སོ། །སྡོང་གཅིག་མ་ནི། ཤ་མདོག་དཀར་ལ་རྩ་དམར་ན། །རི་མོ་པདྨའི་དབྱིངས་སུ་ཡོད་པ། དབང་གི་གཟུངས་མ་སྟེ། བཞིན་མདོག་པད་འདྲ་སེང་ཁ་མ། །སྨིག་དཀྱུས་རིང་ལ་སྟོད་སྨད་འབྱེད། །ལུས་དང་ཆུ་ཀླུང་དྲི་ཞིམ་ཞིང་། །བདེ་བ་ལྡང་ཞིང་ཡལ་ཀ་མེད། །འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །ཞེས་སོ། །རེག་མ་ནི། ཁ་དོག་ནག་གམ། སྔོ་ལ། རི་མོ་ཟུར་གསུམ་དུ་ཡོད་པ། དྲག་པོའི་གསུང་མ་སྟེ། ནག་མོ་གྲུ་གསུམ་རྩི་མགོ་མ། །ཁྲོ་གཉེར་བྱིས་པའི་ལུས་ལྡན། །གཏུམ་ཞིང་བརླང་ཚིག་འཛེམ་བག་མེད། །གཙང་སྨེ་རྟོག་པ་གསོད་པར་བྱེད། །ཅེས་གསུང་། དེ་ལྟ་བུའི་རིག་མ་མཚན་ཉིད་དང་ལྡན་ཞིང་ཡོན་ཏན་རྫོགས་པ་དང་། གཞན་ཡང་། རྡོ་རྗེ་ཀིང་དང་། དྲོད་འཛིན་པ་དང་། བྱ་རོག་དང་། བྱན་པོ་དང་། རྡུལ་ཕྱག་སྐྱེས་བུའི་འཁོར་ལ་སོགས་པ་རྣལ་འབྱོར་ཕོ་མོ་སེམས་ཉོན་མོངས་པ་དང་ལྡན་པའི་ཆགས་སེམས་མ་ཡིན་པ་མིང་པོ་དང་སྲིང་མོའི་ཚུལ་དུ་བརྩེ་གདུང་དང་ལྡན་པ། ཚོམ་བུ་གཅིག་གསུམ་ལྔ་པ་ཚང་བའམ། ཡང་ན་ཚོམ་བུ་གང་བསྒྲུབ་ཀྱང་ཡབ་ཡུམ་ཟུང་དུ་འབྲེལ་པ་གཅིག་གི་ཀྱང་བསྒྲུབ་བོ། ༈ །ཡོ་བྱད་ལ་གསུམ། ཡོ་བྱད་རྣམས་ཚོགས་པར་བསགས་པ་དང་། དེ་ཅི་ལྟར་སྤྱོད་ཐབས་དང་། དགོས་ཆེད་དོ། །དང་པོ་ལ་གཉིས། བགྲང་། བསྒྲུབ་པ་རྫས་ཀྱི་སྤྱོད་དང་། དྲང་། དཀར་རྩི་སྟེ་ཡབ་ཀྱི་བྱང་སེམས་དང་། དམར་རྩི་སྟེ་ཡུམ་གྱི་རག་ཏ་དང་། དྲི་ཆེན་དང་། དྲི་ཆུ་དང་། ཤ་ཆེན་དང་། རྡོ་རྗེ་དུང་ཆེན་ཐོད་པ་རཀྟ་དམར་གྱི་བཀང་བ་དང་། གསོལ་བྱ་གི་སྣོད་དུ་ཐོད་དཀར་པོ་དང་། ཞེས་པའམ། ཐོད་རྔའམ་མི་རྐང་གི་དུང་དང་། སྲོག་ཤིང་སྟེ་མིའི་སྒལ་ཚིག་གསར་རྙིང་དང་། ལྷའི་རྟེན་དུ་ཁྲོ་བོའི་སྐུ་གཟུགས་བྲིས་སྐུ་ལ་སོགས་པ་དང་། ལུགས་སུ་བླུག་པའི་དཔལ་ཆེན་སྐུའམ། དུང་མཆོག་སྟེ་ཐོད་སྐུ་དང་། དུར་ཁྲོད་ཀྱི་རྒྱན་བརྒྱད་དང་། དཔལ་ཆས་བརྒྱད་དེ། བཅུ་དྲུག་ཚང་བ་དང་། བསྒྲུབ་པ་པོའི་འཚོ་བའི་ཡོ་བྱད་བཟའ་བཏུང་གི་བྱེ་བྲག་རྣམས་དང་། སྐུ་གསུང་ཐུགས་ཀྱི་བསྒྲུབ་པའི་རྫས་ཀྱི་ཡོ་བྱད་རྡོ་རྗེ་ དྲིལ་བུ ་མར་མེ་ལ་སོགས་པ་དང་། དལ་གྱི་མཆོད་རྫས་ཕྱི་ནང་གི་བྱེ་བྲག་རྣམས་དང་། བསྒྲུབ་པའི་ཞིང་ལ་གཉིས། བཀྲ་ཤིས་དག་པའི་ཞིང་དུ་གྱུར་པ་མཆོག་སྐྱེ་བ་བདུན་པ་དང་། མཆོག་ཕྲན་ཙ་ར་དང་ཤེལ་སྒོང་ལ་སོགས་དང་། ཐུགས་རྗེས་བསྒྲལ་བའི་ཞིང་དུ་གྱུར་པ། མཆོག་ནི་མི་ལས་གྱུར་པ་བདུན་དང་། མཆོག་ཕྲན་ངན་སོང་གསུམ་དང་། ༈ །བར་ཆད་རྐྱེན་བཟློག་གི་ཡོ་བྱད་དོ། །དྲང་། འདི་ལ་གསུམ། སྡང་བ་དགྲ་བཟློག་པའི་ཡོ་བྱད་དང་། གནོད་པ་བགེགས་བཟློག་པའི། འདུ་བ་ནད་བཟློག་པའི་ཡོ་བྱད་དོ། །དེ་ལ་བགེགས་ཀྱི་རྐྱེན་བཟློག་པ་ཡུངས་དཀར་རྒྱལ་པོ་དང་། ཕུར་པ་དང་། ལྕེ་སོག་སྟེ་ཀུ་ཀུལ་ནག་པོའི། སྦྱར་མ་དང་། ནད་ཀྱི་རྐྱེན་བཟློག་བསིལ་དྲོད་སྨན་དང་དེ་སྦྱོར་ཤེས་པའི་སྨན་པར་བཅས་པ་དང་། དགྲའི་རྐྱེན་བཟློག་པའི་རྡོ་རྗེའི་གོ་ཆ་དང་། རྡོ་རྗེའི་མཚོན་ཆ་མདའ་གཞུ་དངོས་དང་། རལ་གྲི་བཅས་པ་དང་། གཞན་ཡང་ཁྲོ་བོ་བསྒྲུབ་པ་ལ་དགོངས་པའི་ཅི་སྙེད་པའི་རྫས་རྣམས་ཀུན། ༈ །དེ་ཅི་ལྟར་སྤྱོད་ཐབས་དང་། དྲང་། རྣལ་འབྱོར་པ་རང་ཉིད་འཇིགས་བྱེད་དཔལ་ཆེན་པོའི་སྐུར་གསལ་བའི་ཏིང་ངེ་འཛིན་དང་ལྡན་ཞིང་ཐམས་ཅད་སེམས་སུ་ཤེས་པས་གོང་གིས་རྫས་དེ་རྣམས་ལ་ཉམས་ང་བ་དང་། བག་ཚ་བ་དང་། ཐེ་ཚོམ་རེ་དོགས་དང་འཇིགས་པ་མེད་པའི་སེམས་ཀྱིས་སྤྱད་པར་བྱའོ། ༈ །ཡོ་བྱད་ཀྱི་དགོས་ཆེད་དོ། །དྲང་། ཡོ་བྱད་དེ་རྣམས་བསྡུས་ཏེ་དེ་རྣམས་ལ་བརྟེན་ནས་ཁྲོ་བོའི་ཚོགས་སུ་བསྒྲུབ་པར་བྱ་བའི་ཕྱིར། རང་ཅི་འདོད་པའི་ཡོ་བྱད་དགོས་པ་སྣང་བར་བདག་གིས་མཚམས་ཤིང་རྫོགས་པར་བཀོད་དོ། ༈ །དུས་ལ་གཉིས། བགྲང་། བསྒྲུབ་པའི་དུས་དང་། དྲང་། བསྒྲུབ་པའི་ཞག་དྲངས་ནི། བློ་ཆུང་བས་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། རབ་ཀྱི་ཞག་དྲུག་ཅུ་སྟེ། ཟླ་བ་གཉིས་དང་། འབྲིང་ཞག་དགུ་ཅུ་རྩ་དྲུག་སྟེ་ཟླ་བ་གསུམ་དང་ཞག་དྲུག་གི་བར་དུ། འཇིགས་བྱེད་ཆེན་པོ་ཁྲོ་བོའི་ཚོམ་བུ་ཚོགས་ཀྱི་དཀྱིལ་འཁོར་གསུམ་པོ་གང་མོས་སུ་ཏིང་ངེ་འཛིན་གསལ་བ་དང་ལྡན་པ་སྒོམ། དེ་ཡང་སྐབས་འདིར་ཞི་ཁྲོ་གཉིས་ལ། དུས་ཉེ་རིང་བྱུང་བ་ཅི་ལྟར་ཡིན་ཞེ་ན། གསང་སྔགས་ཉོན་མོངས་པ་ལམ་དུ་བྱེད་པས། ཁྲོ་བོ་ཉེ་བ་ལྟར་བཤད། ཅེས་པའམ། ཁྲོ་བོ་ལ་བར་ཆད་ཉུང་ཞིང་། སྤྱོད་པ་བརླབས་ཆེ་བས་དུས་མྱུར་བ་ཡིན། གཞན་ཡང་ཏིང་ངེ་འཛིན་སྟོབས་ཆེ་ཆུང་ཡོད་པས་འབྱུང་བ་ཡིན་ཏེ། ཞི་བའི་ཚོམ་བུ་གཅིག་པ་ལ། ལྷ་བཅོ་བརྒྱད། གསུམ་པ་ལ་ཞེ་དྲུག །ལྔ་པ་ལ་བདུན་ཅུ་ལས་མེད་པ་ལས། ཁྲོ་བོའི་ཚོམ་བུ་གཅིག་པ་ལ་བདུན་ཅུ་རྩ་བརྒྱད། གསུམ་པ་ལ་དགུ་བཅུ་གོ་བརྒྱད། ལྔ་པ་ལ་བརྒྱ་བཅོ་བརྒྱད་སྒོམ་ནུས་པའོ། །དེ་ལྟར་འདོད་མོད་ཀྱང་། གསང་སྔགས་བླ་མེད་ཀྱི་ལྟ་བ་ཅི་བཞིན་པར་རྟོགས་པ་ལ། བཟང་ངན་དང་གཙང་རྩོག་མེད་ཅིང་མཉམ་ཉིད་རོ་གཅིག་ཏུ་རྟོགས་དགོས་པ་ལ། རྟོགས་པ་མངོན་དུ་གྱུར་པ་ཚེ་རྣམ་གཉིས་ཡིན། ཐོག་མར་མགོ་ཟུག་ནས་སྦྱང་དགོས་པ་ཚོམ་བུ་ཚོགས་བསྒྲུབ་འདི་ཡིན། འདི་ལ་ཁྲོ་བོ་བསྒྲུབ་པའི་རྟེན་གྱི་གང་ཟག་དེས། གདིང་དཀར་རྩི་དམར་རྩི་དྲི་ཤ་ཆེན་ལ་སོགས་པའི་རྫས་སྨྲེ་བ་འདི་རྣམས་དང་། ཆོས་ཉིད་རང་བྱུང་གི་ཡེ་ཤེས་གཉིས་དབྱེར་མེད་རོ་གཅིག་ཏུ་རྟོགས་པ་ལ་བློ་སྦྱོངས་པས། ཁྲོ་བོ་བསྒྲུབ་པའི་རྟེན་གྱི་གང་ཟག་དེ་དུས་མྱུར་བར་འཐད་པར་སེམས་སོ། །དུས་ལ་རེ་དོགས་མེད་པར་བསྒྲུབ་པའོ། །དྲང་། སྒྱུ་འཕྲུལ་དྲ་བ་ཁྲོ་བོ་ཡབ་ཡུམ་ཟུང་དུ་འབྲེལ་བའི་དལ་ལ། ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་གསལ་ལྟ་དགོངས་ཀྱི་གདིང་དང་བཅས་པའི་བསམ་པས། འབྲས་བུ་ཐོབ་ཏུ་རེ་བ་མ་ཐོབ་ཀྱི་དོགས་པ་མེད་པར་རབ་ཏུ་བརྩོན་འགྲུས་བསྐྱེད་ལ་བསྒྲུབ་པའོ། ༈ །བསྒྲུབ་ཐབས་ཕུན་སུམ་ཚོགས་པའོ། དྲང་། རྒྱས་པའི་ལེའུ་དོན་བརྒྱད་པ་ལྟར་ཚོགས་བསྒྲུབ་པའི་གླུ་ཚིག་སྒྲ་དང་བྲོ་གར་འདུ་འཕྲོ་དང་ཕྱག་རྒྱ་དང་། ཤེས་རབ་ཐབས་སུ་སྦྱོར་ཤེས་པ་དང་། ཐབས་ཤེས་གཉིས་སུ་མེད་པ་རོལ་པའི་ཉི་ཟླ་བྱང་ཆུབ་སེམས་ཀྱི་བདེ་བས་གཞན་ལ་མཆོད་པ་དང་། བསྒྲུབ་པ་དུས་ཀྱི་ལུས་ངག་ཀྱི་བརྡ་ལ་སོགས་པའི་ཡོན་ཏན་ནི་ཅི་ལྟར་ཞེ་ན། སྦས་པས་གྲུབ་རྟགས་ཉེ། མ་མཁའ་འགྲོ་འདུ་ཞིང་དགྱེས། གཞན་ཟིལ་གྱིས་ནོན། ཕལ་པས་མི་རིག་པའི་དགོས་ཆེད་ཡོད་དེ། བརྡ་ནི། ལུས་ཀྱི་བརྡ་དང་། ངག་གི་བརྡ་གཉིས་སོ། །ངག་གི་བརྡ་ལ་ཐ་དད་པ་སྟེ། ཕྱག་བྱ་བའི་བརྡ་ནི། ཨ་ཏི་པུ་ཧོ། །པྲ་ཏི་པུ་ཧོ། སྦྱོར་བའི་བརྡའ་ནི། ས་མ་ཡ་ཧོ། ས་མ་ཡ་སྟཾ། ཨ་ནུ་ར་ག་ཡ་ཧཾ། ཨ་ནུ་ར་ག་ཡ་མི། ཡོ་བྱད་ཀྱི་བརྡའ་ནི། ཟླ་རྒྱས་དང་། ཟླ་ཕྲོམ། ཟླ་རྫོགས། ཚེ་མཆོག་འཇམ་ལ། ཐབས་རྫས། ཛ་གད་ལ་སོགས་པའོ། །རྒྱན་གྱི་བརྡའ་ནི། བྱ་ཏྲི། ཙ་མ་ར་ཡ། བ་ཤ་ཤན། བྱི་ར། ས་ཡ་ཏ་ཉོ་ནི། བྷནྡྷ་ཀ་པ་ལ། ཙ་ར་མ་ན་ག་དུ་བྱ་བ་ལ་སོགས་པ་དང་། ལུས་ཀྱི་བརྡའ་ནི། རྔམ་གློག་ལས། ལག་གཡས་ཡབ་དང་གཡོན་པ་ཡུམ། །སྤྱི་བོར་བྱུག་པ་ཕྱག་འཚལ་ཏེ། །དཔྲལ་བར་བྱུག་པ་ཕྱག་ལེན་ཡིན། །ལག་པ་གཡས་བརྒྱང་མགོ་བཏུད་པས། །ཁམས་བདེ་དྲི་བའི་བརྡའ་རུ་བསྟན། །ལག་གཡོན་བརྐྱང་སྟེ་བཏུད་པ་ནི། །བདེ་ཞེས་བྱ་བ་ལེན་གྱི་བརྡའ། །མིག་གཉིས་རེག་པ་གཟུགས་སྟོན་བརྡའ། །གཡས་པ་སྐྱེས་པ་གཡོན་པ་ནི། །བུད་མེད་བཟང་མོའི་བརྡའ་རུ་བསྟན། །རྣ་བ་གཡས་པ་ལག་པ་རེག །ཚིག་བསྙན་སྨྲ་དང་གཡོན་གླུའི་བརྡའ། །ཞེས་པ་ལ་སོགས་རྒྱས་པར་བཤད་དོ། །དེའི་ཡོན་ཏན་ནི། ཀུན་འདུས་བརྡའི་ལེའུ་ནས་འབྱུང་བ་ལྟར་ཤེས་པར་བྱའོ། །བཟའ་བ་དང་། བཅའ་བ་དང་བཏུང་བ་རྣམས་རོ་ཞིམ་པ་བགོ་བ་རེག་བྱ་འཇམ་ལེགས་དང་། གཞན་ཡང་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ་སྟེ། འདོད་པའི་ཡོན་ཏན་ལོངས་སྤྱོད་ལྔ་དང་ལྡན་པའི་རྣལ་འབྱོར་པ་ཏིང་ངེ་འཛིན་མཐུན་པ་ཐམས་ཅད་ནི། མདོ་དོན་ དྲིལ་ན་ཁྲོ་བོ་ཚོགས་ཀྱི་དལ་ཚོམ་བུ ་གཅིག་གསུམ་ལྔ་པོ་རྣམས་མངོན་སུམ་དུ་བསྒྲུབ་པར་བྱའོ། །བསྙེན་བསྒྲུབ་བཞིས་གཞུང་བསྲངས་བ་ལ་གཉིས། སྤྱིའི་བསྙེན་བསྒྲུབ་སྔོན་བཞིན་དང་བསྒྲུབ་པའི་བསྙེན་བསྒྲུབ་པ་དང་པོ། དྲང་། སྤྱིའི་ལམ་རིམ་འཇུག་གི་བསྙེན་བསྒྲུབ་བཞི་སྔོན་ཞི་བའི་སྐབས་བཞིན་དུ་ཤེས་པར་བྱའོ། །བསྒྲུབ་པའི་བསྙེན་བསྒྲུབ་ལ་བཞི། བསྙེན་བསྒྲུབ་བཞི་པ་གཞུང་བསྲོང་བ་དངོས་དང་། སྦྱོར་སྒྲོལ་གསང་བའི་མཆོད་པ་ལ་སྤྱད་ཐབས་དང་། ཡོ་བྱད་བཞི་ལ་སྤྱད་ཐབས་དང་། སྐབས་དང་འཇུག་གི་ལས་བསྟན་པའོ། །དང་པོ་ལ། བགྲང་། ཉེ་བར་བསྟན་པ་དང་། དྲང་། འདིར་ཁྲོ་བོ་ཚོགས་བསྒྲུབ་པའི་ཐབས་ཀྱི་བསྙེན་པ། ཉེ་བསྙེན་བསྒྲུབ་པ། བསྒྲུབ་ཆེན་བཞི་ནི། གང་ཞེ་ན། ༈ །རྒྱས་པར་བཤད་པ་ལ་བཞི། བསྙེན་པ་དང་། ཉེ་བའི་བསྙེན་པ་དང་། བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོའོ། །དང་པོ་ལ་བཞི། བགྲང་། དལ་བརྩིག་ཅིང་བྲི་བ་དང་། དྲང་། དང་པོ་བསྙེན་པ་བྱེད་པའི་དུས་ཀྱི་ཚེ་ན་གོང་དུ་བཤད་པའི་གནས་ཆེན་པོ་དབེན་པའི་ཕྱོགས་དེར་དལ་བཞེངས་ཏེ། ཚུལ་ཅི་ལྟར་དུ་བཞེངས་ཞེ་ན། བློ་རབ་འབྲིང་གིས་ལྷག་པའི་ཏིང་ངེ་འཛིན་གྱི་དལ་རྒྱང་གྲགས་དང་། དཔགས་ཚད་ལ་སོགས་པ། གཟུགས་བརྙན་གྱི་དལ་ཚོམ་བུ་གཅིག་པ་ལ་ལུས་གང་ཚོམ་བུ་གསུམ་པ་ལ་ལུས་དོ། །ལྔ་པ་ལ་ལུས་གསུམ་སྟེ་འདམ་གསུམ་གྱི་ཚད། རྣལ་འབྱོར་པ་རང་གི་རིག་པ་ཙམ་སྒོམ་ནུས་པར་ཕྱག་རྒྱ་ལྷའི་གཟུགས་དང་སྙིང་པོ་རྣམས། ཐལ་ཆེན་ལ་སོགས་པ་ཁ་དོག་ལྔའི་མཚོན་གྱིས་ཁ་བསྒྱུར་ཏེ་བྲིས་པར་བྱའོ། ༈ །ཡོ་བྱད་བྱིན་གྱིས་བརླབས་པ་དང་། དྲང་། བསྒྲུབ་པའི་ཡོ་བྱད་རྣམས་སྔོན་ཞི་བའི་སྐབས་བཞིན་བྱིན་གྱིས་རླབས་ནས། ཕྱི་མཆོད་བྱ་ཞིང་མཚམས་བྱ་བ་དང་། ཆ་གསུམ་དཔལ་བསྡོམ་མ་ལྟར་ཕྱི་མཆོད་རྣམས་ཀྱིས་འཕགས་པའི་རྒྱལ་པོ་རྡོ་རྗེ་སེམས་དཔའ་ལ་ལྷ་མོ་བཅུ་གཉིས་ཀྱིས་བསྐོར་བ་མཆོད་ཅིང་། བསྟན་པ་བསྲུང་བར་དམ་བཅས་པའི་ཕྱི་རོལ་པ་ཕྱོགས་སྐྱོངས་བར་བཅུ་དང་རྒྱལ་ཆེན་བཞི་གཏོར་མ་དང་པོས་མཉེས་པར་བྱ་བ་དང་། སྙིང་རྗེ་ལན་ཆགས་ཀྱི་མགྲོན་གཉིས་པོ་ཡང་། གཏོར་མ་བར་མ་དང་། ཐ་མས་སྦྱིན་པས་ཤེས་པའི་རྒྱུད་ཚིམས་པར་བྱས་ལ། ཆོས་སྐྱོང་ལ་བསྟན་པ་བསྲུང་བ་དང་། འབྱུང་པོ་ལ་རང་གི་གནས་སུ་དེང་ཅིག་པ་དང་། བགེགས་ལ་བར་ཆད་མ་བྱེད་ཅེས་བཀའ་བསྒོ་བ་བྱའོ། །བསྲུང་འཁོར་གྱིས་མཚམས་བཅད་པའོ། །དྲང་། དེ་ལ་བསྲུང་བ་འཁོར་ལོས་མཚམས་ཕུར་གདབ་པ་ནི་འཇིགས་བྱེད་ཞེ་སྡང་རྡོ་རྗེའི་དབང་ངམ་ཏིང་ངེ་འཛིན་དུ་རྣལ་འབྱོར་བདག་ཉིད་ཞུགས་ཏེ་ཧཱུྃ་ཀ་ར་དང་། ཏ་ཀི་ར་ཙ་ལ་སོགས་པ་རིམ་པ་བཞིན་བསྐུལ་ནས། སྙིང་པོ་བརྗོད་པ་ཙམ་གྱིས་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ་འཁོར་དུ་བྱས་ཏེ། གདན་ཉི་མའི་སྟེང་དུ་ཕྱོགས་སྐྱོངས་བཅུ་གཟིར་ཞིང་སྟོད་ཁྲོ་བོ་བཅུར་བརླབས་པའི་ཕུར་བུས་ཕྱོགས་སྐྱོངས་བཅུ་ལ་བདུད་རྩི་འཁྱིལ་པས་གདབ། དེ་ཡང་རང་བཞིན་གྱི་གནས་འོག་མིན་ནས་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་ཡབ་ཡུམ་ལ་སྙན་གསན་དབབ་སྤྱན་དྲངས་བསྟིམ་ལ། མཆོད་པ་དང་བསྟོད་དེ། བསྒྲུབ་པའི་བར་ཆད་བྱེད་པའི་བགེགས་ཐམས་ཅད་ཁྲོ་བོ་བཅུའི་ཏིང་ངེ་འཛིན་མཆོག་གིས་བཟློག་པར་བྱའོ། །དེ་ལྟར་བསྙེན་བསྒྲུབ་ཀུན་གྱི་ཐུན་མོང་གི་མཚམས་བསྲུངས་བའི་འཁོར་ལོ་བྱའོ། ༈ །ཉེ་བའི་བསྙེན་པ་ལ་གཉིས། སྔོན་དུ་འགྲོ་བ་དང་། གཞུང་བཞིན་བྱ་བའོ། །དང་པོ་སྔོན་དུ་བྱ་བ་ནི། བསྙེན་པ་སོང་བ་དེ་ནས་གཉིས་པ་ཉེ་བའི་བསྙེན་པ་ལ་དལ་གྱི་རྒྱན། ཞིང་བླ་རེ་དང་། རྒྱུ་མའི་ལྡ་ལྡི། དལ་སོགས་ཏེ་འགོ་ལོག་གི་རྒྱན་རྣམས་དགོད་པ་དང་རྡོ་རྗེ་ དྲིལ་བུ ་དང་ཐོད་སྐུ་ལ་སོགས་པ་བསྒྲུབ་པའི་རྫས་གང་ཡིན་དང་། ཕྱི་ནང་གསང་གསུམ་གྱིས་མཆོད་པའི་རྫས་རྣམས་དགྲ་བཅོམ་པ་རྫོགས་ནས་ཕྱི་མཚམས་རྟ་མགྲིན། ནང་མཚམས་བདུད་རྩི་འཁྱིལ་པ། གསང་མཚམས་ཁྲོ་བོ་བཅུར་གསལ་བས་བར་ཆད་བསྲུང་བར་བྱས་ཏེ། སྤྱིར་ཕྱི་ནང་གསང་གསུམ་གྱིས་མཚམས་དེ་ལྟར་དུ་བཅད་ཀྱང་། ལག་ལན་དུ་འདི་རྣམས་ཐམས་ཅད་ཕྱི་མཚམས་ཡིན་ལ། ནང་མཚམས་དགེ་བཅུས་མི་དགེ་བཅུ་གཅོད་དེ། སྤང་བྱ་སྡིག་པ་མི་དགེ་བ་བཅུ་ལ། སྤང་བྱེད་དགེ་བ་བཅུས་བཅད་པས་འབྲས་བུ་དབང་བཅུ་ཐོབ་སྟེ། གནས་གྱུར་ཁྲོ་བོ་བཅུར་འགྱུར་བའོ། །དེ་ཡང་ན་རག་ནས། སྲོག་གཅོད་སྐྱོན་སྤང་ཚེ་ལ་མངའ་མཛད་པ། །ལ་སོགས་པས་གསལ་ལོ། །དེས་ནས་དེ་གལ་ཆེ་སྟེ་དེ་མེད་ན་ད་ལྟའི་ཕྱི་མཚམས་དེས། ཅི་ལ་ཡང་མི་ཕན་ཏེ། གཟུགས་བརྙན་ཡིན་ནོ། །གསང་མཚམས་བདག་ཏུ་འཛིན་པ་གཅོད་པ་སྟེ། གཉེན་པོ་གང་གིས་གཅད་ན། བདག་མེད་རྟོགས་པའི་མཚོན་ཆེན་གྱིས་ཏེ། ཡེ་ཤེས་འཁོར་ལོ་སྐད་ཅིག་མས། །རྣམ་རྟོག་ལོག་འདྲེན་བགེགས་རྣམས་བསྒྲད། །ཅེས་གསུང་པའི་ཕྱིར་རོ། །དེས་ན་བདག་འཛིན་ལ་མཚམས་གཅིག་མ་ཆོད་ན་སངས་རྒྱས་མི་སྲིད་དོ། །དེ་ནས་ལས་ཀྱི་སྲིན་པོའི་རྒྱལ་པོ་མ་ཏང་དགུག་པ་དང་བསྒྲལ་བ་དང་། དལ་བསྐྱེད་པ་ལ་སོགས་གཞུང་ནས་འབྱུང་བའི་ཚུལ་བཞིན་དུ་མནན་པར་བྱའོ། །དེ་ཡང་སྔོན་འབྱུང་དུ་དཔལ་ཆེན་པོ་རྡོ་རྗེ་སྲིན་པོས། མ་ཊཾ་བསྒྲལ་བའི་རྗེས་སུ་རྣལ་འབྱོར་པ་རྣམས་འཇུག་པ་ཡིན་པས་ན། ཕའི་ལས་ཁ་གང་ཡིན་པ་དེ། བུས་བླངས་པའམ། སེང་གེའི་རོ་ལ་གཅན་གཟན་གཞན་གྱི་ཉེ་བ་མི་ནུས་པ་ལྟར། མ་ཊཾ་གི་ཁོག་པར་གཞལ་ཡས་ཁང་བསྐྱེད་པས། བགེགས་ཀྱིས་ཉེ་མི་ནུས་པའམ། བདག་འཛིན་དུག་གསུམ་སྒྲོལ་བའི་དགོས་པ་ཡོད་དོ། །དེ་ཡང་མདོ་ལས། གཤོག་ལམ་སྒོའི་འཇིག་རྟེན་ནས། །ཡང་དག་ཐར་ལམ་གཅོད་བྱེད་པའི། །འབྱུང་པོ་གཏུམ་པོ་གདོས་པ་ཅན། །ཁྱོད་ནི་དེ་བཞིན་དོན་ལ་སྒྲིབ། །ཡང་དག་ངེས་པའི་བློ་གྲོས་ཀྱིས། །ཁུང་བཅད་རྩད་བཅད་བདག་ལས་བྱུང་། །བདག་འཛིན་བདག་གིས་རྟོགས་པའོ། །ཕྱིན་ཅི་ལོག་སྟོབས་བརྩོན་འགྲུས་ཀྱིས། །གནས་ངན་ལེན་པའི་བརྩོན་འགྲུས་བྱེད། །དེ་ཉིད་བདག་རྟོག་ཡིན་པས་ན། །བདག་མེད་ནམ་མཁའི་སྟོབས་ཀྱིས་གཞོམ། །ཞེས་སོ། །དེ་ན་རྟགས་གསུམ་དང་ལྡན་པར། །བཤགས་པས་སྡིག་སྒྲིབ་སྦྱང་བ་དང་། །དམ་བཅའ་བ་དང་། བྱིན་དབབ་པར་བྱ། དེ་ནས་ཕྱི་ནང་གི་མཆོད་རྫས་རྣམས་བྱིན་གྱིས་རླབས་པར་བྱའོ། ༈ །གཞུང་བཞིན་བྱ་བ་ལ་གསུམ། ཏིང་ངེ་འཛིན་གྱི་དལ་བསྐྱེད་པ་དང་། ཡེ་ཤེས་ཀྱི་དལ་སྤྱན་དྲངས་ཤིང་ཕྲིན་ལས་ཀྱི་རིམ་པ་དང་། བསྙེན་པ་བྱ་བའོ། །དང་པོ་ལ་གསུམ། བགྲང་། ཚོམ་བུའི་ལྷ་བསྐྱེད་པ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། སྔོན་འགྲོ་རྫོགས་པ་དང་དེ་ནས་འཁོར་ཚོམ་བུ་གཅིག་པའམ། ཚོམ་བུ་གསུམ་པ་དང་ལྔ་རུ་སྒོམ་པར་བྱ་བ་ནི། ཕོ་བྲང་གིས་འཁོར་ལོ་དང་བར་འཁྱམ་དང་སྒོ་རྣམས་སུ། འཇིགས་བྱེད་བཛྲ་ཧེ་རུ་ཀ་འཁོར་ལོ་རིགས་ཀྱི་གཙོ་བོ་མཛད་པའི་བཙུན་མོའི་ཚོགས་དང་ལྡན་པར་སྒོམ། ༈ །རྒྱས་པར་བཤད་པ་ལ་གསུམ། བགྲང་། ཚོམ་བུ་གཅིག་པ་དང་། དྲང་། ཡང་ན་འཁོར་ལོ་བར་ཁྱམས་ཞེས་པ་འདི་ཕན་ཆད་རྒྱས་བཤད་ལ་བཏང་ནས་བཤད་ན། ༈ །ཚོམ་བུ་གཅིག་པའི་དལ་ལ་ས་ནང་ཚེགས་སུ་བཅད་ན་གཉིས་ཏེ། དེ་བཞིན་རིགས་ཀྱི་གཙོ་བོ་བྱས་པ་དང་། དེ་རིགས་བཞི་ལ་སྦྱར་བའོ། །དང་པོ་ལ་བཞི་གང་དུ་སྒོམ་པའི་གནས་དང་། གཙོ་བོ་སྒོམ་པའི་ལྷ་དང་འཁོར་གྱི་སྒོམ་པའི་ལྷ་དང་། ཅི་ལྟར་སྒོམ་པའི་ཐབས་སོ། །དང་པོ་ནི། གནས་གང་དུ་སྒོམ་ན། འོག་གཞི་འཁོར་ལོ་གཅིག་གསུམ་ལྔ་པ་གང་རུང་བ་གཅིག་བར་ཁྱམས་གཉིས་དང་། སྒོ་གཉིས་རིམ་དང་། བསྐལ་པའི་མེ་རི་རྣམས་སུ། ༈ །གཉིས་པ་གཙོ་བོ་སྒོམ་པའི་ལྟ་བ་ནི། གང་སྒོམ་ན། དཔལ་འཇིགས་བྱེད་ཆེན་པོ། ཁྲོ་བོའི་འཁོར་ལོ་རྩིབས་བཞི་དང་ལྡན་པའི་དབུས་ཀྱི་ལྟེ་བ་ལ་རིགས་ཀྱི་གཙོ་བོ་བཙུན་མོའི་མཆོག་དང་ལྡན་པར་སྒོམ་མོ། ༈ །གསུམ་པ་འཁོར་གྱི་ལྷ་སྒོམ་པའི་ལྷ་ནི། དེ་ཡང་ཞི་བའི་ཕྱོགས་ཤར་གྱི་རྩིབས་བཞི་དང་། དྲག་པོ་སྟེ་བྱང་དང་། དབང་སྟེ་ནུབ་དང་། རྒྱས་པ་སྟེ་ལྷོའི་རྩིབས་བཞི་པོ་དེར། གདུལ་བྱ་འཇིགས་པར་བྱེད་པའི་ཚོགས་ཆེན་བྷུདྡྷ་ཧེ་རུ་ཀ་དང་། ཀརྨ་དང་། པདྨ་དང་། རཏྣ་ཧེ་རུ་ཀ་དང་བཞི་པོ་དེ་བཞུགས་པ་ཡིན་ལ། དེའི་དབུས་ཀྱི་ལྟེ་བའི་སྟེང་ན་རྩིབས་བཞི་ལྟེ་བ་དང་བཅས་པ་གཅིག་ཡོད་པའི་ལྟེ་དབུས་སུ། ༈ །བཞི་པ་ཅི་ལྟར་སྒོམ་པའི་ཐབས་ནི། དེ་ཡང་གང་ལྟར་སྒོམ་ན། རྣལ་འབྱོར་པ་བདག་ཉིད་ཞི་བ་ལས་དྲག་པོར་བཅོས་པ་བཛྲ་ཧེ་རུ་ཀའི་ཚུལ་དུ་གསལ་བས། རང་གི་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་དལ་དུ་གསལ་བར་སྒོམ། ༈ །གཉིས་པ་དེ་རིགས་བཞི་ལ་སྦྱར་བ་ནི། གཙོ་བོ་ཁྲོ་བོ་ཚུལ་དུ་སྒོམ་པ་དེ་བཞིན་དུ། འཁོར་ལོ་རྩིབས་ཆུང་གི་ཤར་གྱི་རྩིབས་ལ་རྡོ་རྗེའི་རིགས་ཀྱི་དེ་བཞིན་རིགས་ཆུང་དང་། ནུབ་ཏུ་རྡོ་རྗེ་པདྨའི་རིགས་ཆུང་དང་། ལྷོར་རྡོ་རྗེའི་རིན་ཆེན་རིགས་ཆུང་དང་། བྱང་དུ་རྡོ་རྗེའི་རལ་གྲི་སྟེ་ལས་ཀྱི་རིགས་ཀྱི་ཡབ་ཡུམ་གཉིས་ཏེ་བཅུ། ཚོམ་བུ་གསུམ་ཀར་གྱི་དབུས་འགྱུར་མཐའ་མི་འགྱུར་བས། མཐའི་འཁོར་རྣམས་ཀྱི་ལྷའི་རྣམ་གྲངས་འདིར་མ་སྨོས་ཀྱང་ཤུགས་ལ་ཚངས་པས། གནས་མ་བརྒྱད། ཡུལ་མ་བརྒྱད། སྒོ་མ་བཞི། དབང་མོ་ཉེར་བརྒྱད། ཁྲོ་བོ་ཡབ་ཡུམ་ཉི་ཤུ་སྟེ། ཚོམ་བུ་གཅིག་པ་ལ་ལྷ་བདུན་ཅུ་དོན་བརྒྱད་སྒོམ་མོ། །ཚོམ་བུ་གསུམ་པ་དང་། དྲང་། ཚོམ་བུ་གཅིག་པ་ལས་གཞན་པ་སྐུ་གསུང་ཐུགས་རྡོ་རྗེའི་ཚོམ་བུ་གསུམ་པ་ལ་མོས་པ་ཡིན་ན་མདུན་དུ་སྐུ་བྷུ་དྷའི་ཚོམ་བུ། རྒྱབ་ཏུ་གསུངས་པདྨའི་ཚོམ་བུ། དབུས་སུ་ཐུགས་རྡོ་རྗེ་རིགས་ཀྱི་འཇིགས་བྱེད། ཁྲོ་བོའི་ཚོམ་བུ་དེ་དག་རེ་རེ་ལ་ལྷ་བཅུ་བཅུ་སྟེ། ཕོ་བྲང་གི་ལྷ་སུམ་ཅུ་འཁོར་དྲུག་ཅུ་རྩ་བརྒྱད་དེ། ཚོམ་བུ་གསུམ་པ་ལྷ་དགུ་ཅུ་གོ་བརྒྱད་དོ། ༈ །ཚོམ་བུ་ལྔ་པའི་ལྷ་བསྐྱེད་ཅིང་སྒོམ་པའོ། །དྲང་། འཇིགས་བྱེད་ཁྲོ་བོའི་ཚོམ་བུ་ལྔ་པོ་ཉིད་ཡོངས་སུ་རྫོགས་པའི་དལ་སྒོམ་པ་ནི། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་རིགས་ལྔར་འདུས་པའི་ཕྱིར་ན། ཚོམ་བུ་ཆ་ལྔའི་རིགས་སོ། །དེ་ལྟར་རྒྱལ་བ་ཧེ་རུ་ཀ་རིགས་ལྔ་པོ་རེ་རེ་ལའང་། རིགས་ཆུང་དང་བཅས་པ་ཡབ་ཡུམ་ཉི་ཤུ་རྩ་ལྔའོ། །དེ་ལ་འཁོར་ཆ་ལྔ་ལ་བཀོད་པ་ནི། སྐུའི་ཚོམ་བུ་བཅུ་དང་། གསུང་གི་ཚོམ་བུ་བཅུ་དང་། ཐུགས་ཀྱི་ཚོམ་བུ་བཅུ་དང་། ཡོན་ཏན་གྱི་ཚོམ་བུ་བཅུ་དང་། ཕྲིན་ལས་ཀྱི་ཚོམ་བུ་བཅུ་སྟེ། ལྔ་བཅུ་རྩ་བརྒྱད་དེ། ཚོམ་བུ་ལྔ་པ་ལ་ལྷ་བརྒྱ་དང་བཅོ་བརྒྱད་རྫོགས་པར་སྒོམ་མོ། ༈ །རྒྱན་དང་ཆ་ལུགས་རྫོགས་པར་སྒོམ་པ་དང་། དྲང་། དེ་དག་ཀྱང་དུར་ཁྲོད་ཀྱི་རྒྱན་བརྒྱད་དཔལ་གྱི་ཆས་བརྒྱད་དང་འབར་བའི་གར་དགུའི་ཆ་ལུགས་ལ་སོགས་ལ། གདུལ་བྱ་གདུག་པ་ཅན་འཇིགས་པར་བྱེད་པའི་ཁྲོ་བོའི་ཚོགས་ནི། རང་བཞིན་གྱི་གནས་འོག་མིན་ནས་བཞུགས་པའི་འབྲས་བུ་མཐར་ཕྱིན་གྱི་དལ། ཇི་བཞིན་པར་བསྒྲུབ་པ་པོ་ཡབ་ཡུམ་ཟུང་གཅིག་གིས་ལྷ་ཐམས་ཅད་སྤྱིར་སྒོམ་པའམ། ཡང་ན་རྣལ་འབྱོར་པ་རེ་རེས་ལྷ་རེ་རེ་རུ་སྒོམ་པ་སྟེ། དེ་དག་ཀྱང་འཚམ་རྔམ་ཆེན་པོ་རོལ་པ་ཁྲོ་བོའི་ཆ་ལུགས་སུ་གསལ་བར་སྒོམ་པའོ། ༈ །ཡན་ལག་གི་ལྷས་དབང་བསྐུར་བྱིན་གྱིས་རློབས་པའོ། །དྲང་། དེ་ནས་ལྷ་ཐམས་ཅད་ལ་ཡན་ལག་ལྷག་པའི་དལ། དབུ་རྒྱན་ལྔ། སྐུ་གསུང་ཐུགས་གསུམ། ཡེ་ཤེས་སེམས་དཔའ་དང་དགུ་དགུར་ལྷ་རེ་རེ་ལ་ལྡན་པ་སྟེ་དེ་ལྟར་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། ཡེ་ཤེས་ལྔས་དབང་བསྐུར་བ་ཐོབ་པའི་བདག་ཉིད་དམ་ཚིག་གི་དཀྱིལ་འཁོར་ལ། ༈ །ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང་ཕྲིན་ལས་ཀྱི་རིམ་པ་ལ་བཞི། བགྲང་། རང་བཞིན་དལ་སྤྱན་དྲང་ཞིང་བསྟིམ་པ་དང་། དྲང་། རང་བཞིན་ཡེ་ཤེས་པའི་དལ། སྙན་གསན་ཕབ་སྤྱན་དྲངས་ལ་ལྕགས་ཀྱུའི་རྒྱག་རྒྱས་འགུག །ཞགས་པས་གཞུག་ལྕགས་སྒྲོག་གིས་བཅིངས་དྲིལ་བུས་དགྱེས་པར་བསྐྱེད་ནས་བརྟན་པར་བཞུགས་སུ་གསོལ། ༈ །མཆོད་པའི་རིམ་པ་བྱ་ཞིང་བདུད་རྩི་དངོས་གྲུབ་བླང་བ་དང་། དྲང་། དེ་ནས་ཕྱག་འཚལ་བ་ནས་སྨན་མཆོད་ཡན་ཆད་ཀྱི་རིམ་པ་བཞིན་མཆོད་པར་བྱའོ། །བདུད་རྩིའི་དངོས་བླང་བའི་སྔགས་ནི། ༀ་ཨཱཿཧཱུྃ། སྐུ་གསུང་ཐུགས། སུ་ར་ཏོ། བསྲུང་བདེ་བ། མ་ཧཱ་ཆེན་པོ། པཉྩ་ལྔ། ཨ་མྲྀ་ཏ་བདུད་རྩི། ཤྲི་དཔལ་ཧེ་དགྱེས། རུ་ཆགས་པ། ཀ་ཕྲིན་ལས། མན་ཏྲ་སྔགས། ཛྭ་ལ་འབར་བ། མ་ཧཱ་ཆེན་པོ། མཎ་ཌ་ལ་དལ། ཀ་ཡ་བ་ག་ཙི་ཏ་སྐུ་གསུང་ཐུགས། ༀ་ༀ་ༀ་སྐུའི་སྐུ་གསུང་ཐུགས། ཧཱུྃ་ཧཱུྃ་ཧཱུྃ་ཐུགས་ཀྱི་གསུམ། སྭ་སྭ་སྭ་ཡོན་ཏན་གྱི་གསུམ། ཨཾ་ཨཾ་ཨཾ་གསུང་གི་གསུམ། ཧཾ་ཧཾ་ཧཾ་ཕྲིན་ལས་ཀྱི་སྐུ་གསུང་ཐུགས། བཛྲ་རྡོ་རྗེ། མ་ཧཱ་ཆེན་པོ། ཀ་པ་ལ་ཐོད་པ། ཁད་ཁ་སྙིང་པོ། དན་དྷ་ན་སྦྱིན་པ། ཛྭ་ལ་འབར་བ། སིདྡྷི་དངོས་གྲུབ། དོན་གྱི་ན། དཔལ་ཁྲག་འཐུང་ཆེན་པོ་རིགས་ལྔའི་སྐུ་གསུང་ཐུགས་ཀྱིས་དངོས་གྲུབ་རྩོལ་ཅིག་པའོ། ༈ །གསང་ནན་འབུལ་བ་དང་། དྲང་། མ་ཧཱ་ཆེན་པོ། ཤྲི་དཔལ་ཧེ་རུ་ཀ་ཁྲག་འཐུང་། ཨ་མེ་མེ་ཏོག །དུ་མེ་སྤོས། སིད་དོད་གྲུབ་པར། བྷ་ཝེ་གྱུར་ཅིག །སཾ་ཧ་ར་ཎ་བསྡུས་ཅིག །ཧཱུྃ་ཧཱུྃ་ཧཱུྃ་སྡུད་ཅིག་མ་ཧཱ་ཆེན་པོ་ཡོ་ག་རྣལ་འབྱོར། ཨད་དྷ་མ་ཧཱ་ས་མ་ཡ་དམ་ཚིག །རུ་ལུ་རུ་ལུ་ཧུབ་གསུམ་བཏུང་བའོ། །ཨ་ལ་ལ་ངོ་མཚར། ཧོ་དགྱེས་པ། དོན་ལ་སྨན་གྱིས་བདེ་བར་གཤེགས་པ་ཐམས་ཅད་མཆོད་ཅིང་། དངོས་གྲུབ་བླང་ཞིང་ཧུབ་གསུམ་རང་གི་བཏུང་བ་ལ། སྤྱི་བོར་བླ་མ། མགྲིན་པ་ན་མཁའ་འགྲོ། ཐུགས་ཀ་ན་ཡི་དམ། ལྟེ་བ་ན་ཆོས་སྐྱོངས། རང་ལུས་རྒྱལ་བའི་དལ་མཆོད་པ་ནི། བདུད་རྩི་གསང་ནན་གྱི་མཆོད་པ་ཞེས་བྱའོ། །གཏོར་མ་འབུལ་ཞིང་མཆོད་བསྟོད་བྱ་བའོ། །དྲང་། ༀ་ཨཱཿཧཱུྃ་སྐུ་གསུང་ཐུགས་ཀྱི་ངོ་བོ། སུ་ར་ཏོ་བདེ་བ་འབུལ། ཀ་མ་ལ་ཚད་མ། མ་ཧཱ་ཆེན་པོ། སུ་ཀ་བདེ་བ། ཀ་མ་ལ་ཡེ་འཕྲེང་བ། མ་ནུ་ཡིད། ས་མ་ན་དམ་ཚིག །ཛྭ་ལ་ནི་འབར་བ། དྷ་ན་སྦྱིན་པ། ཨ་ཝ་མཆོད་སྦྱིན། ཡོ་ག་རྣལ་འབྱོར། ཁ་ཧི་གསོལ་ཅིག །ཨ་ལ་ལ་ཧོ་དགྱེས་པ། དེ་ལྟར་མཆོད་པའི་རིམ་པ། བསྟོད་པ་སྨོན་ལམ་ཡན་ཆད་རྫོགས་ནས། བཟླས་བརྗོད་བསྙེན་པ་ལ་གསུམ། བགྲང་། བསྙེན་པའི་ཏིང་ངེ་འཛིན་དང་། དྲང་། བཟླས་པའི་བསྙེན་པ་བྱ་བ་ནི། བདག་དམ་ཚིག་སེམས་དཔའ་གསལ་བ་དང་། ལྷ་ཡེ་ཤེས་སེམས་དཔའ་མདུན་གྱི་ཐད་ཀ་དབུགས་ཀྱི་སླེབ་ཚད་ཙམ་དུ་སྟེ་ལྷག་པ་ཉིད་དུ་གསལ་གནས་པ་དང་། བར་གྱི་བཟླས་པའི་འཕྲོ་འདུའི་ཏིང་ངེ་འཛིན་གསལ་བ་སྟེ། དེ་ལྟར་གསལ་བ་གསུམ་ལྡན་གྱི་བསྙེན་པ་བྱ་བའོ། །སྔགས་དང་། དྲང་། གང་བསྙེན་གྱི་ལྷ་གང་ཡིན་ཀྱང་། ད་རེས་བཛྲ་ཧེ་རུ་ཀ །བཛྲ་ཤྲི་ཧེ་རུ་ཀ །ཡབ་ཀྱི་སྙིང་པོ། ༀ་བཛྲ་ཀྲོ་ཏི་ཤ་རི། ཡུམ་གྱི་སྙིང་པོ། སརྦ་ཐམས་ཅད། དུཥྚན་སྡང་བ། ཧཱུྃ་སྡུད་པ། ཕཊ་སྒྲོལ་བ། རུ་ལུ་མ་ཧཱ་ས་མ་ཡ་ཧཱུྃ། ཐམས་ཅད་གནད་དབབ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བསྙེན་སྔགས་ཡིན། ཚོད། དྲང་། དེ་ལྟར་འཛབ་རྫོགས་པ་ནི་རིགས་བཞི་བཟླས་བསྙེན་དང་། འཕྲོ་འདུ་ཡིས། ཞག་བདུན་གྱི་འོད་ཟེར་ཕར་འཕྲོས་པར་ཐུགས་དམ་བསྐུལ་བ་དང་། ཚུར་འདུས་པས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱེད་པའོ། །བསྒྲུབ་པའི་དུས་སུ་འདི་བཟླས་པས་བསྙེན་པའི་དལ་རྫོགས་པའོ། །དེ་ཡན་ཆད་བསྙེན་པ་ཡིན་ནོ། །བདུན་པར་ཟེར་ཡང་། གཞུང་ལ་བརྟགས་ན། མདུན་ཡིན་པར་མངོན་སྟེ་ཡེ་ཤེས་ཀྱི་ལྷ་མདུན་གྱི་བར་སྣང་ལ་བཞུགས་པ་ལ། བདག་དམ་ཚིག་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་བྱུང་ནས། ཡེ་ཤེས་སེམས་དཔའ་ཐུགས་ཀར་འཕྲོས། ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་འདུས་བདག་དམ་ཚིག་སེམས་དཔའ་སྒོ་གསུམ་གྱིས་སྒྲུབ་པ་སྦྱངས་ནས་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱས་པར་བསམ་ཞིང་། འཕྲོ་འདུ་བསྣོལ་མར་མེད་པའོ། །དེ་ལྟར་ཡིན་པ་ཡང་། གོང་ནས། ཡེ་ཤེས་མདུན་ལྷག་པ་ལ་གནས་པ་གསལ་བ་གསུམ་གྱི་བྱ། ཞེས་པས་གསལ་ལོ། ༈ །བསྒྲུབ་པ་དང་། དྲང་། ཚོམ་བུའི་ལྷ་དེ་ཉིད་ལ་ཉེ་བའི་བསྙེན་པ་དང་དེ་བཞིན་དུ་བསྒྲུབ་པ་བྱ་བའི་དུས་སུ་ཡང་། བཟླས་པའི་འོད་ཟེར་ཁ་དོག་དམར་པོ་འཕྲོས་པས་དངོས་གྲུབ་སྩོལ་ཅིག་པར་རྒྱུད་བསྐུལ་བ་དང་། ཚུར་ལ་འདུས་པས་བདག་ལ་དངོས་གྲུབ་བསྡུད་པར་བསམ་ཞིང་། བཟླས་པའི་སྐྱོན་བཅུ་སྤང་སྟེ་བསྒྲུབ་པ་བྱ་བ་ནི། དེ་ལྟར་བསྒྲུབ་པ་བྱེད་པའི་དུས་སུ་དགོས་པར་ཤེས་པར་བྱ་བའོ། ༈ །བསྒྲུབ་པ་ཆེན་པོ་ལ་གསུམ། བགྲང་། བསྒྲུབ་པ་བྱ་བ་དངོས་དང་། དྲང་། གཅིག་ནི་བསྒྲུབ་ཆེན་པོ་ལ་རྫས་དང་མཆོད་པ་ལྟར་དངོས་གྲུབ་ཀྱི་རྫས་རྣམས་བཤམས་ལ། འོད་ཟེར་ཕར་མི་སྤྲོ་ཚུར་བསྡུ་བ་ནི། བསྒྲུབ་པ་ཆེན་པོ་ཡིན་པར་ཤེས་པར་བྱ། །སྤྱིར་འཛབ་དགོངས་ཀྱི་ཏིང་ངེ་འཛིན་བྱ་ཐབས་དང་། དྲང་། བསྙེན་པ་དང་ཉེ་བསྙེན་ལ་ཤེལ་ལྟར་ཁ་དོག་དཀར་པོ་དང་། བསྒྲུབ་པའི་དུས་སུ་བྱེ་རུ་ལྟར་ཁ་དོག་དམར་པོ་བུང་བ་ལྡིང་བ་ལྟར་དང་། བསྒྲུབ་པ་ཆེན་པོ་ལ་མཐིང་གི་བུང་བ་ལྟ་བུ་མང་པོ་དག་ཚུར་འདུས་པའོ། །བསྙེན་བསྒྲུབ་ཀྱི་རིམ་པ་བཞིན་དུ། བསྙེན་པ་དང་བསྒྲུབ་པ་ལ་བཅུད་བསྡུས་པ། བུང་བས་མེ་ཏོག་འཇིབ་ཅིང་ཚང་དུ་བསོགས་པའི་ཚུལ་དང་། བསྒྲུབ་ཆེན་དུས་མཚོ་ལ་སེར་ཆེན་འབབ་པ་བཞིན་ཕར་མི་འཕྲོ་ཚུར་ལ་ཐིམ་པ་ཡིན་ནོ། །འདི་དག་གི་དོན་རྒྱས་པར་བཤད་ན། བསྙེན་བསྒྲུབ་རྣམས་ལ་རིམ་པ་བཞིན་དུ་གོང་མ་རྣམས་ལ། དཔེར་ན་བུང་བ་ཕར་ཕྱིན་ནས་མེ་ཏོག་འཇིབ། ཚུར་ཚང་དུ་འཇུག་སྟེ། ཕར་འཕྲོ་ཚུར་འགྲོ་ཟིང་ཟིང་བྱེད་པ་ལྟར། བསྒྲུབ་པའི་དུས་སུ་བཟླས་པའི་འོད་ཟེར་ཡེ་ཤེས་པ་ལ། བདག་གི་སྒྲིབ་པ་སྦྱོང་ལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཅིག་པར་རྒྱུད་བསྐུལ། ཚུར་འདུས་བདག་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱས་ཤིང་། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་སེམས་པའི་དཔེའོ། །འོག་མ་མཚོ་ལ་སེར་བ་འབབ་པ་དེ། ཕར་མི་འཕྲོ་བར་ཚུར་ལ་འབབ་ཅིང་འདུག་པ་ལྟར། བསྒྲུབ་པ་ཆེན་པོའི་དུས་སུ། བཟླས་པའི་འོད་ཟེར་ཕར་མི་འཕྲོ་བར། ཚུར་སྐུ་གསུང་ཐུགས་ཀྱི་གནས་ནས་དངོས་གྲུབ་བདག་གི་སྒོ་གསུམ་ལ་སིབ་སིབ་ཚུར་འདུ་བའི་དཔེའོ། །དེ་ཡང་དཔེར་ན་སྟོན་མོ་གཅིག་བྱེད་པ་ལ། སྔོན་དུ་ཡོ་བྱད་ཆང་ཐམས་ཅད་འཚགས་པ་དང་། དེ་ནས་བུད་མེད་གཤིམ་པར་རྫས་ཡོ་བྱད་བསོགས་འཁྲུད་པ་དང་། དེ་ནས་ཆང་འཚགས་པ་དེ། ཟུག་ཐིམ་པར་བསྐུལ་བས། ཆང་ཚུར་རྒྱང་རྒྱང་འོང་བ་དང་། དེ་ནས་མགྲོན་རྣམས་ལ་དྲང་པས། ཏིམ་ཏིམ་འཐུང་བར་བྱེད་པ་དེ་བཞིན་དུ། དང་པོར་བསྙེན་པས་ཡོ་བྱད་བསོགས་ཤིང་། སྔོན་འགྲོའི་ཤོམ་དུ་བྱེད་པའོ། །དེ་ནས་ཉེ་བསྙེན་གྱིས་བསྒྲུབ་པ་ཞག་གྲངས་དུ་བྱེད་ཀྱི་ཕྱེད་དུ། ཆོ་ག་གཞུང་བསྲངས་ཤིང་བཟླས་པའི་འཕྲོ་འདུས་སྒྲིབ་པ་སྦྱང་ཞིང་དངོས་གྲུབ་ཀྱི་སྣོད་དུ་རུང་བར་བྱེད་པའོ། །དེ་ནས་བསྒྲུབ་པའི་དུས་སུ་ཞག་དུ་བྱེད་ཀྱི་ཕྱེད་མན་ཆད་དུ། བཟླས་པའི་འོད་ཟེར་ཕར་འཕྲོས། བདག་གི་སྒྲིབ་པ་སྦྱོང་ལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་ཅིག་རྒྱུད་བསྐུལ། ཚུར་འདུས་པས་དངོས་གྲུབ་ཐོབ་པར་བསམ་ཞིང་ཟློས་པའོ། །དེ་ནས་ནུབ་ཐ་མ་བསྒྲུབ་པ་ཆེན་པོའི་དུས་སུ། བཟླས་པའི་འོད་ཟེར་ཕར་མི་འཕྲོ་བར། ཚུར་སིབ་སིབ་འདུ་བར་བསམ་ཞིང་སི་ཏི་ལེན་པའོ། །རྟགས་བྱུང་ན་བར་ཆད་བརྟག་ཅིང་དངོས་གྲུབ་བླང་བའོ། །འོད་མི་བརྟན་ཅིང་མི་གསལ་བ་བར་ཆད་ཀྱི་རྟགས་དང་། འོད་དྭང་ཞིང་གསལ་བ་བརྟན་པ་དངོས་གྲུབ་ཀྱི་རྟགས། དྲི་མི་ཞིམ་པ་གསེབ་དྲི་ལ་སོགས་པ་བར་ཆད་ཀྱི་རྟགས་དང་། དྲི་ཞིམ་ཞིང་དྭངས་པ་དངོས་གྲུབ་ཀྱིའོ། །སྒྲ་མི་བསྙན་པ་བར་ཆད་དང་། སྙན་པ་དངོས་གྲུབ་ཀྱི་ལྟས་སོ། །ལྷའི་གཟུགས་ལ་སོགས་པ་རྣམས་འགྱུར་ཞིང་མི་བརྟན་ཅིང་ཤེས་པ་མཐོ་དམན་ཆེ་བ་བདུད་ཀྱི་དང་། གཟུགས་བརྟན་ཅིང་ཤེས་པར་ར ང་བཞིན་གྱི་གནས་པ་དངོས་གྲུབ་ཀྱིའོ། །འོད་ལ་སོགས་པ་བསྒྲུབ་པ་པོ་ལ་འཁོར་བའམ། ཕྱག་མཚན་དང་རྫས་ནམ་མཁའ་ལ་འཁོར་བ་དང་། རྫས་ལ་འོད་འབར་བའམ། མེ་རྟ་མགོ་ཙམ་ཆེར་འབར་བ་དང་། སྨན་རག་ལ་སོགས་ཁོལ་ཞིང་ལུད་པ་བྱུང་ན་དེ་དག་བདུད་ཀྱིས་ཀྱང་བྱེད་པས་བར་ཆད་ཡིན་ནམ་ལྷའི་གྲུབ་རྟགས་ཀྱི་ཆ་རྣམས་གང་ཡིན། ཐོད་པ་ཚར་གསུམ་གྱིས་ཕྱག་རྒྱ་དང་སྔགས་དང་རང་ཉམས་ཀྱིས་བརྟག་པར་བྱ་སྟེ། བར་ཆད་ཡིན་ན་བསྐྲད་དེ་བདག་བསྲུང་བ་ནི། བར་ཆད་ཡིན་ན་རྡོ་རྗེ་དྲག་པའི་སྔགས་དང་ཕྱག་རྒྱ་དང་རྫས་དང་། ཏིང་ངེ་འཛིན་གྱིས་བསྐྲད་དེ། རྣལ་འབྱོར་པ་བདག་ཉིད་ལྷར་གསལ་བ་ལ་གོ་བགོ་ལུས་བསྲུང་བྱས་ལ། དེ་ལ་དངོས་གྲུབ་བླང་ཐབས་ནི། ཞག་ཚིག་དུས་ཀྱི་བསྙེན་པ་དང་། བཟླས་བརྗོད་གྲངས་ཀྱི་བསྙེན་པ་ཚང་ཞིང་། མཚན་མ་རྟགས་ཀྱིས་བསྙེན་པ་གོང་གི་རྟགས་རྣམས་བྱུང་ན་བརྟག་པས་ཡེ་ཤེས་ལྷའི་གྲུབ་རྟགས་ཡིན་ངེས་ན། དངོས་གྲུབ་བླང་བ་ནི། རྟོག་པའི་གནས་སུ་ལྷ་བསྟིམ་པ་ཡིན་པས། ཚོམ་བུ་དཀྱིལ་འཁོར་གང་བསྒྲུབ་ཀྱང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། རང་གི་ལུས་ངག་ཡིད་གསུམ་རྟོག་པའི་གནས་སུ་མཐུན་པ་ཉིད་དུ་སྦྱར་ཞིང་། མངོན་ཤེས་དབང་པོ་ལྔ་ལ། ལྷའི་དངོས་གྲུབ་སྙིང་ལ། རྫུ་འཕྲུལ་རྐང་པ་ལ་བསྟིམ་པ་ལ་སོགས། རྟོག་ཚོགས་ཀྱི་གནས་ལྷའི་དངོས་གྲུབ་བསྟིམ་ཞིང་ཀ་ཡ་བ་ཀ་ཙི་ཏ་ཏིཥྛ་བཛྲ་དང་། སེམས་ཅན་དོན་ཕྱིར་གྱི་དངོས་གྲུབ་བརྟན་པར་བྱའོ། །དེའི་དགོས་པ་ནི། རྟགས་དང་ལྡན་ན་དངོས་གྲུབ་བླང་བ་དེས་ན་དགོས་པའི་འབྲས་བུ་ནི། སྔོན་ཞི་བ་ཚོགས་བསྒྲུབ་ཀྱི་སྐབས་སུ་བསྟན་པ་བཞིན་སྐུ་གསུང་ཐུགས་རྣམ་པ་གསུམ་མམ། ཡི་གེ་འཁོར་ལོ་ཡེ་ཤེས་བླ་མ་དང་། ཡོ་བྱད་ལ་སྤྱད་པ་སོ་སོའི་ཡོན་ཏན་དང་གསུམ་ཐོབ་པར་འགྱུར་རོ། །སྦྱོར་སྒྲོལ་གསང་བའི་མཆོད་པ་ལ་གསུམ། བགྲང་། བཤད་པར་དམ་བཅའ་དང་། དྲང་། ཞི་བའི་སྐབས་ན་ཁས་བླངས་པའི་གསང་བ་སྦྱོར་གྲོལ་གྱི་མཆོད་པ་རྒྱས་པར་བཤད་པར་བྱ་བ་ནི་གང་ཞེ་ན། རྒྱས་པར་བཤད་པ་ལ་གཉིས། སྟ་ན་སྒྲོལ་བ་དང་། གྷ་ན་སྦྱོར་བའོ། །དང་པོ་ལ་བཞི། སྒྲོལ་བའི་དབྱེ་བ་དང་། སྒྲོལ་བས་མི་གོས་པའི་གཏན་ཚིགས། སྒྲོལ་བའི་ངེས་ཚིགས། སྦྱོར་སྒྲོལ་དོན་ལ་ཐ་དད་མེད་པར་བསྟན་པའོ། །དང་པོ་གྲོལ་བའི་དབྱེ་བ་ལ་ལྔ། བགྲང་། རང་བཞིན་གྱི་ནི་སྦྱོར་སྒྲོལ་དང་། དབང་པོ་ཡུལ་གྱི་སྦྱོར་སྒྲོལ་དང་། ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་དང་། ཐབས་ཆེན་པོའི་སྦྱོར་སྒྲོལ་དང་། མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ལོ། །ཞེས་པས། རང་བཞིན་གྱི་སྦྱོར་སྒྲོལ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་རང་བཞིན་གྱི་ཕྲ་རགས་ཀྱི་ཆས་ཐབས་ཤེས་རབ་གཉིས་སུ་མེད་པར་སྦྱོར་བ་དང་། ཐ་མལ་གྱི་རྟོག་པ་ངང་གི་གྲོལ་བ་ནི། རང་བཞིན་གྱི་སྦྱོར་སྒྲོལ་ཏེ་རྟོགས་པ་ལྟ་བ་དང་སྦྱོར་རོ། །དབང་པོ་ཡུལ་དུས་ཀྱི་སྦྱོར་སྒྲོལ་ནི། ཕྱག་རྒྱ་གཅིག་པ་དང་སྤྲོས་པ་མཐར་ཕྱིན་པའི་སྤྱོད་པའི་དུས་ཏེ། དབང་པོས་ཡུལ་མཐོང་ཞིང་ཐོས་ཙམ་ན། དེ་ཉིད་ལྷ་ཡབ་ཡུམ་དུ་སྦྱོར་བས་དབང་པོ་ཡུལ་གྱི་རྟོག་པ་ཀར་དག་པའོ། །ཏིང་ངེ་འཛིན་གྱི་སྦྱོར་སྒྲོལ་ནི། ཏིང་ངེ་འཛིན་ལ་རིག་ལ་ལྷ་ཡབ་ཡུམ་དུ་གསལ་བར་སྦྱོར་བ་དང་། ཡི་གེ་རིམ་གྱི་འཕྲོ་འདུ་ཡིས། དངོས་པོ་ཐམས་ཅད་སྦྱང་སེམས་ཀྱིས་ཆོས་ཉིད་མཐོང་བར་བསམ་པ་སྟེ། སྐབས་ཀྱི་ཏིང་ངེ་འཛིན་གྱི་མཆོད་པར་ཡང་འགྲོའོ། །ཐབས་ཆེན་པོའི་སྦྱོར་སྒྲོལ་ནི། འབྲས་བུའི་རྒྱུད་ཀྱི་དབང་སྟེ། དཔལ་ཆེན་པོས་ཐུགས་རྗེས་པོའི་སྒོ་ནས་ཚར་བཅད་རྗེས་བཟུང་དང་བཅས་པས། གདུག་པ་ཅན་ཕོ་མོ་རྣམས་སྦྱོར་ཞིང་བསྒྲལ་བས་མི་གོས་པའོ། །མངོན་དུ་ཕྱུང་བའི་སྦྱོར་སྒྲོལ་ནི། སྦྱོར་ལམ་པས་འདོད་ཡོན་གྱི་མཆོད་པའི་སྐབས་སུ། དབང་པོའི་མངོན་སུམ་མི་མོའི་རིགས་ཀུན་དང་། བསྒྲལ་བའི་ཞིང་བཅུའི་ཐབས་ལ་མཁས་པས་སྦྱོར་ཞིང་སྒྲོལ་བའོ། །མངོན་དུ་བྱུང་བའི་སྒྲོལ་བ་དང་། དྲང་། དེ་ཡང་བསྒྲལ་བའི་ཞིང་དུ་གྱུར་པ་ནི་གཉིས་ཡིན་ཏེ། བཀྲ་ཤིས་དག་པའི་ཞིང་དང་། ཐུགས་རྗེས་བཟུང་བའི་ཞིང་ངོ་། །སྔ་མ་ནི་བྲམ་ཟེ་སྐྱེ་བ་བདུན་པ་ཡིན་ཏེ། དེའི་ཤ་རུས་ལ་སོགས་པ་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་ཡིན་པའི་ཕྱིར། དེའི་རྟགས་ནི། སྐྲ་ནག་ལ་ལི་བ། མིག་བྱ་བཞིན་མས་འཛུམ་པ། ཟླ་བ་ཉའི་ནུབ་མོ་གྲིབ་མ་བདུན་འོང་བ། མི་ཚེ་བདུན་རྒྱུད་དུ་བར་མ་ཆད་པར་མི་ལུས་བླངས་པ་སྟེ། སྐྱེ་བདུན་ཡིན་ན་བྱད་བདུན་ཤར། །ཅེས་སོ། །གཞན་ཡང་། ཚེ་གཅིག་གིས་སངས་རྒྱས་པ་དང་གཅིག །རྫས་གཅིག་ལ་བརྟེན་པས་མཁའ་འགྲོ་མ་དབང་དུ་འདུས་ཤིང་དམ་ཚིག་ཆག་ཉམས་བསྐང་བ་དང་གཉིས། སྔགས་གཅིག་བགྲངས་པས་ཡེ་ཤེས་མྱུར་དུ་འགྲུབ་ཅིང་། ཡི་དམ་ལྷའི་ཞལ་མཐོང་བ་དང་གསུམ། རྫས་གཅིག་འདི་ལ་ཡང་། ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་དང་བཞི། ཕྱིའི་རྫས་ནི། དྲ་བ་མ་ཡིན་ནང་རྫས་ནི། སྐྱེ་བ་བདུན་པའི་ཤ་ཡིན། དེ་བཙལ་ཐབས་ལ། བྱ་རྒོད་ཀྱི་རྐང་ལ་བུད་པར་ཡོད་པར་བྱས་ལ། མིག་གཡས་པ། ལག་གཡས་པས་བཀབ་ལ། གཡོན་པས་རྐང་གི་བུག་ན་ཕར་བལྟས་པས། ཆུའི་ནང་དུ་གྲིབ་མ་བདུན་དུ་སྣང་བ་འབྱུང་ངོ་། །དེའི་ཤ་ཟོས་ན་བདག་ཉིད་ཀྱང་སྐྱེ་བ་བདུན་པར་གྱུར་པ་དང་གཅིག །ཚེ་འདི་ལ་ཐུན་མོང་གི་དངོས་གྲུབ་ཐོབ་པ་དང་གཉིས། ཚེ་ཕྱི་མ་ལ་མཆོག་གི་དངོས་གྲུབ་ཐོབ་པ་དང་གསུམ། ཌ་ཀི་དབང་དུ་འདུས་ཤིང་དམ་ཚིག་གིས་ཉམས་པ་བསྐང་བ་དང་བཞིའོ། །གསང་བའི་རྫས་ནི། བདུད་རྩི་དྲི་ཆེན་གྱི་བཅུད་ལེན་ནོ། །དེ་ཁོ་ན་ཉིད་ཀྱི་རྫས་ནི། ཆོས་ཉིད་ངོ་བོས་གྲུབ་པ་རྣམས་ཡིན་ནོ། །སྔགས་གཅིག་བགྲང་ནས་སངས་རྒྱས་པ་ལས་ཟབ་རྒྱ་ལྟ་བུའོ། །ཕྱི་མ་ནི། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་དམ་ལས་ལོག་པ་དང་། །འདུས་པར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱི་དང་དུ་བླངས། །ཞེས་གསུང་པས་བསྒྲལ་བའི་ཞིང་བཅུ་ནི། ཤིན་ཏུ་སྙིང་རྗེ་བས་ན་ཕན་གདགས་པའི་ཕྱིར་དུ་བསྒྲལ་བའམ། དེ་ཡང་མཆོག་ནི་མི་ལས་གྱུར་པ་བརྒྱད་དང་མཆོག་ཕྲན་ནི་ངན་སོང་གསུམ་པོ་རྣམས་སོ། །འོ་ན་བསྒྲལ་བའི་ཞིང་བཅུ་གཅིག་ཡོད་དམ་སྙམ་ན། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། གཅིག་ཏུ་བསྡུས་པའོ། །ཡང་ན་མཆོག་གི་སྒྲལ་བྱ་གང་ཡིན་པ་ལ་ངོས་འཛིན་ཅིང་། ཙ་ར་དང་། ཤེལ་ཆེན་རྣམས་ལ་བཀུག་ནས་སྒྲོལ་ཞེས་བཤད་པ་ཡང་ཡོད་དོ། །མདོར་ན་གང་བསྒྲལ་བར་བྱས་ནས། བསྒྲལ་བྱ་བཅུ་གཅིག་པོ་དེ་རྣམས། བདག་གཞན་ཆོས་ཀྱི་དོན་དུ་བསྒྲལ་བར་བྱའོ། །གང་གིས་བསྒྲལ་ན། བར་ཆད་མེད་པའི་ལམ་པ་དེས་བསྒྲལ་བར་བྱ། དུས་ནམ་གྱི་ཚེ་བསྒྲལ་ན། ཚོམ་བུ་ཚོགས་བསྒྲུབ་ཀྱི་ནུབ་ཐ་མའི་ནམ་གུང་གི་དུས་སུ་བསྒྲལ་བར་བྱ། ཐབས་གང་གིས་བསྒྲལ་ན། རྡོ་རྗེ་སློབ་དཔོན་བསྒྲལ་བའི་ཐབས་ལ་མཁས་པ་དང་ལྡན་པས་བསྒྲལ་བར་བྱ་བ་ཡིན་ཏེ། དེ་ཡང་རང་བཞིན་སྒྲོལ་བ་ལྟ་བའི་ཐབས་ལ་མཁས་པ། ཏིང་ངེ་འཛིན་གྱི་སྒྲོལ་བ་སྒོམ་པའི་ཐབས་ལ་མཁས་པ། དབང་པོ་ཡུལ་དུས་ཀྱི་སྒྲོལ་བ་སྤྱོད་པའི་ཐབས་ལ་མཁས་པ། ཐབས་ཆེན་པོའི་སྒྲོལ་བ་བདག་གི་ཐབས་ལ་མཁས་པ་མངོན་དུ་ཕྱུང་བའི་སྒྲོལ་བ་མཛད་སྤྱོད་ཀྱི་ཐབས་ལ་མཁས་པ་ལྔ་དང་ལྡན་པས་བསྒྲལ་བར་བྱ་སྟེ། དལ་གྱི་ལྷོ་ཕྱོགས་སུ་དྲག་པའི་དལ་གྲུ་གསུམ་བྲིས་ལ། ཨེ་རྃ་གྱིས་དྲག་པོའི་དལ་བསྐྱེད་ལ། ཨ་དང་མ་ལས་བྱུང་བའི་ཉི་ཟླའི་གདན་གྱི་སྟེང་དུ་སྒྲོལ་བའི་ཐབས་ལ་མཁས་པ་བདག་ཉིད་གོང་དང་བཅས་པའི་ཏིང་ངེ་འཛིན་ལ་མ་ཡེངས་པར། སྒྲོལ་བྱ་དེ་ཉིད་སྔགས་དང་ཏིང་ངེ་འཛིན་ནུས་པས་དངོས་སུ་བཀུག་ལ། གྲུ་གསུམ་གྱི་སྟེང་དུ། མགོ་བོ་ལྷོ་ནུབ་དང་། རྐང་པ་བྱང་ཤར་དུ་བསྟན་དུ་བསྟན་ཏེ། འཁོར་བ་རུ་བཟློག་པའི་ཚུལ་གན་རྐྱལ་དུ་བསྒྱེལ་བའི་སྙིང་དཀར་རྡོ་རྗེས་མནན་ལ་གཞག་གོ། །ཚུལ་ཅི་ལྟར་དུ་བསྒྲལ་ན། ང་རྒྱལ་རྣམ་པ་ལྔ་དང་ལྡན་པའི་ཚུལ་གྱིས་སྒྲོལ་བར་བྱ་སྟེ། དེ་ཡང་སྒྲོལ་བྱེད་ཀྱི་བླ་མ་དཔལ་ཆེན་པོར་ང་རྒྱལ་བས་ཀུན་བརྟགས་ཀྱིས་རྟོག་པ་ཟིལ་གྱིས་གནོན་པའི་དགོས་ཆེད་དང་། སྒྲོལ་གིང་ཏ་ཀི་ར་ཙར་ང་རྒྱལ་བས། འཁོར་བ་རུ་བཟློག་པའི་དང་། གྲི་འཇམ་དཔལ་རྣོན་པོར་ང་རྒྱལ་བས། མ་རིག་པའི་རྒྱ་མོ་འདྲེལ་བའི། ཀིང་གི་ལག་སོར་དཔའ་བོ་འབྲུ་ལྔར་ང་རྒྱལ་བས། བདག་འཛིན་དྲུང་ནས་དབྱུང་བའི། སྒྲོལ་བྱ་རུ་ཏྲར་ང་རྒྱལ་བས། དུག་གསུམ་རྩད་ནས་ཆོད་པའི་དགོས་ཆེད་དང་ལྡན་པ་སྟེ། དེ་ལྟར་ང་རྒྱལ་དང་ལྡན་པའི་ཚུལ་གྱི་ལག་གི་འདུ་བྱེད་ཀྱི་བསྒྲལ་ལོ། །སྒྲོལ་བའི་ཏིང་ངེ་འཛིན་གང་སྒོམ་ན། གྲི་འཇམ་དཔལ་རྣོན་པོ་གསལ་བ་དེས། བསྒྲལ་བྱའི་ཁོག་པ་ཤག་གི་གཤག་པས། མ་རིག་པའི་དབུགས་ཀྱི་རྒྱ་མོ་འདྲལ་བར་སྒོམ། ལག་སོར་དཔའ་བོ་འབྲུ་ལྔར་གསལ་བ་དེས། སྙིང་རྩིར་གྱི་བཟུང་བས། སྙིང་གི་རྩ་ཆེན་བཞི་ལ་གནས་པའི་ས་བོན་ཟུང་གསུམ་གཉིས་དང་བཅས་པ། དཔའ་བོ་འབྲུ་ལྔའི་འཕྲོ་འདུའི་འོད་ཟེར་གྱིས་བསྲེག་ནས། བསྒྲལ་བྱའི་ཤེས་པ་ཡིག་འབྲུ་ཧཱུྃ་དྲུག་ཏུ་གྱུར་པས་འཁོར་བར་སྐྱེ་བའི་ས་བོན་དྲུག་བག་ཆགས་དང་བཅས་པ་རྣམ་པར་དག་ཅིང་། ཧཱུྃ་དྲུག་པོ་དེ་ཡང་། ཐུགས་རང་རིག་པའི་ཡེ་ཤེས་སུ་གཅིག་པ་ལས་མ་འདས་པའམ། ཆོས་ཉིད་གཅིག་པའི་ཕྱིར། ཧཱུྃ་དཀར་པོ་གཅིག་ཏུ་གྱུར་པར་སྒོམ་སྟེ། དེ་ནི་ཕྱི་ལྟར་ན། བསྒྲལ་བྱའི་ཁོག་པ་བཀྲལ་ཁོའི་ཙི་ཏ་དངོས་སུ་ཕྱུང་བ་ཡིན་ལ། ནང་ལྟར་ཐོས་བསམ་ཤེས་རབ་ཀྱིས་གཟུང་འཛིན་གྱི་རྒྱ་བཀྲལ་ནས། བདག་མེད་རྟོག་པའི་ཤེས་རབ་ཀྱིས། བདག་འཛིན་དྲུང་ནས་ཕྱུང་བ་ཡིན་ཏེ། ཤེས་པ་ཆོས་ཉིད་དུ་བསྒྲལ་བ་ཞེས་བྱའོ། །དེ་ནས་ཧཱུྃ་དཀར་པོ་དེ། བདག་ཉིད་རྡོ་རྗེ་རྒྱལ་པོ་ལྷར་གསལ་བ་ཡབ་ཡུམ་སྦྱོར་བ་མཛད་པའི་ཤངས་ཁུང་གཡོན་གྱིས་རྔུབ། གླད་པའི་རྒྱས་སུ་ཕྱུང་། སྐུའི་དབྱིབས་སུ་བརྒྱུད། སྲོག་དག་པ་རྡོ་རྗེའི་ལམ་ནས་ཕྱུངས། ཡུམ་གྱི་མཁའ་ལ་ཕབ་པས། གསང་བའི་དབྱིངས་སུ་ཐིམ་པར་སྒོམ་མོ། །དེ་ནི་ཤེས་པ་ཡུམ་གྱི་མཁའ་ལ་བསྒྲལ་བ་ཞེས་བྱའོ། །དེ་ནས་ཡུམ་གྱི་མཁའི་གསུང་ཡིག་འབྲུ་ཡོངས་སུ་གྱུར་པ་ལས། ཐུགས་ཕྱག་རྒྱ་རྡོ་རྗེ་འོད་ཟེར་འབར་བ་གཅིག་ཏུ་གྱུར། རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། སྐུ་ཡོངས་སུ་རྫོགས་པ་རྡོ་རྗེ་སེམས་དཔའི་སྐུ་ཕྲ་མོ་གཅིག་ཏུ་གྱུར་ཏེ། དེ་ཡང་ཉོན་མོངས་པ་ལྔ་རྣམ་པར་དག་པས། འཁོར་འདས་གཉིས་སུ་མེད་པར་ལོངས་སྤྱོད་པས་ན། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་དུ་ལྡན་པ། འོད་ཟེར་སྣ་ལྔ་འཕྲོ་བས་རབ་ཏུ་བརྗིད་པ་དང་ལྡན་པའོ། །རྡོ་རྗེ་སེམས་དཔའི་སྤྱི་གཙུག་ཏུ། འཁོར་བ་ལས་རྣམ་པར་རྒྱལ་བ་མཚོན་པ་རིགས་ཀྱི་བདག་པོ་མི་བསྐྱོད་པ་ཚོན་གང་བ་ཞིག་སྒོམ། །ཡང་ན། བྷཻ་རོ་ཙ་ན་ༀ། ཞེས་རྣམ་པར་སྣང་མཛད་སྒོམ་པའང་བཞེད་དོ། །དེ་ནི་རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་ས་ལ་བསྒྲལ་བ་ཞེས་བྱའོ། །དེ་ལྟར་བསྒྲལ་བྱའི་ཤེས་པ་དེ་ཉིད་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པ་དེ་ཡང་ཨས་ཟླ་བའི་དལ་གྱི་སྟེང་བཞུགས། ཡྃ་ལས་རླུང་གི་དལ་གྱིས་བཏེགས་ནས། ཨ་ཡྃ་སྥ་ར་ཎ་ཕཊ། ཅེས་དུས་གསུམ་རྒྱལ་བ་ཀུན་གྱིས་བཞུགས་གནས་འོག་མིན་དུ་འཕང་སྟེ། འོག་མིན་གྱི་རྒྱལ་བ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་མཚམས་སུ་བསྟིམས་ཏེ་སོང་ནས། གསང་བ་བྱང་ཆུབ་སེམས་ཀྱི་དབང་ཡང་བསྐུར། སྒྲིབ་པ་དག་པ་ལ། ཧཱུྃ་བཛྲ་དྷིག །མུཾ་ད་དུ་ཤྭ་རི། ཞེས་ཞེས་བརྗོད་པས། རྒྱལ་བའི་རིགས་ངེས་པའི་སྲས་སུ་གྱུར་པ་རྡོ་རྗེ་སེམས་ཡབ་ཡུམ་གྱི་སྐུར་གྱུར་ཏེ། ཕཊ་ཛས་ཕྱིར་བཏོན་པས། ཡབ་ཡུམ་སྐུ་རགས་པ་མཚན་ཡོངས་སུ་རྫོགས་པ་གཅིག་ཏུ་གྱུར་ནས། གནས་དེ་ཉིད་དུ་བཞུགས་པར་སྒོམ་མོ། །དེ་ནི་ཤེས་པ་འོག་མིན་དུ་བསྒྲལ་བ་ཞེས་བྱའོ། །དེ་ནས་ཤ་ཁྲག་རུས་པའི་ཚོགས་རྣམས་བསྐོ་བཏབ་ནས་དལ་གྱི་ལྷ་ཚོགས་རྣམས་ལ་མཆོད་པ་ཕུལ་བས་མཉེས་པར་བསམ་མོ། །དེ་དག་གི་ཕུང་པོ་དུར་ཁྲོད་དུ་བསྒྲལ་བ་ཞེས་བྱའོ། །ཐབས་ཆེན་པོའི་སྒྲོལ་བ་དང་། དྲང་། དེ་ཡང་སྔོན་བྱུང་དུ་བསྒྲལ་བ་ནི། སྐུ་གསུང་ཐུགས་ཤིན་ཏུ་འཁྲོས་པའི་ཁྲོ་བོ་དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། ཐུགས་རྗེ་དང་བསྒྲལ་བའི་ཐབས་ཀྱིས་ལྷ་ཆེན་པོ་རུ་ཏྲ་འཁོར་བཅས་བསྒྲལ་བ་ལྟར། རྗེས་འཇུག་གི་རྣལ་འབྱོར་པ་ཆོས་ཉིད་ལྟ་བའི་དོན་རྟོགས་པའི་གདིང་དང་ལྡན་ཅིང་། སྒོམ་པའི་ཏིང་ངེ་འཛིན་གྱི་སྦྱོར་ལམ་མཐར་ཕྱིན་པ་སྟེ། དེ་ལྟར་ལྟ་སྒོམ་མམ། ཐབས་ཤེས་སམ། རང་གཞན་གཉིས་སུ་མེད་པར་རྟོགས་པའི་ཐབས་ཀྱིས་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་བསྒྲལ་བར་བྱའོ། ༈ །དབང་པོ་ཡུལ་དུས་ཀྱི་སྒྲོལ་བ་དང་། དྲང་། དེ་ཡང་གང་གིས་བསྒྲལ་ན་ལམ་པའི་ཐུགས་རྗེ་ཆེན་པོའི་སྒོ་ནས་དགོངས་པའི་བྱིན་རླབས་ཀྱིས། གང་བསྒྲལ་ན། ཨ་ནྲི་སུཾ་ཏྲི་པྲི་དུ་ཛ། ཞེས་ལམ་རྒྱུད་ལྔའི་སེམས་ཅན་མ་ལུས་པའི་ཤེས་པ་ཀུན་བཀུག་ནས་བསྒྲལ་བྱ་དེ་ལ་བསྟིམ་སྟེ་གང་ལྟར་བསྒྲལ་ན། སེམས་ཅན་ཀུན་ཀྱང་བདག་འཛིན་ཅན་ཡིན་ལ། དེ་གཉིས་སུ་མེད་པའི་ངང་ལ་བསྒྲལ་ཏེ་རྩད་བཅད་པས་ན་ཐམས་ཅད་མ་ལུས་བསྒྲལ་བར་བྱ་བའོ། ༈ །རང་བཞིན་གྱི་སྒྲོལ་བ་དང་། དྲང་། ཕྱི་སྣོད་དང་། ནང་བཅུད་ཀྱི་འཇིག་རྟེན་ཅི་སྙེད་པ་ན་གནས་པའི་འགྲོ་བ་དྲུག་གིས་སེམས་ཅན་ཕྲ་རགས་མ་ལུས་པ་ཀུན་གྱི་རང་བཞིན་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོར་ལྟ་བ་རྟོགས་པ་སྦྱོར་ལམ་གྱི་རྣལ་འབྱོར་པ་ཡིས། རྟོགས་པ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱིས་དབྱིངས་སུ་ཡང་ནི་རྟོགས་པས་བསྒྲལ་ལ། གཉིས་འཛིན་གྱི་རྟོགས་པ་མི་དམིགས་པར་བྱའོ། ༈ །ཏིང་ངེ་འཛིན་གྱི་སྒྲོལ་བའོ། །དྲང་། བསྒྲལ་བྱ་ནི། ཕྱི་ལྟར་ན་དབུས་ཀྱི་རི་རབ་ཆེན་པོའི་ཕྱོགས་བཞི་གླིང་བཞི་གླིང་ཕྲན་བརྒྱད་ལ་གནས་པའི་སེམས་ཅན་བསྒྲལ་བྱ་མ་ལུས་པ་ཀུན་བསྒྲལ་བའི་མཁན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྦྱོར་ལམ་གྱི་རྣལ་འབྱོར་པ་ལྟ་བ་རྟོགས་ཤིང་སྒོམ་པ་ཏིང་ངེ་འཛིན་དང་ལྡན་པའི་བྱིན་རླབས་ཀྱིས་བསྒྲལ་བའི་ཐབས་ནི། རང་རིག་པ་ཉིད་རྃ་དུ་གྱུར་པ་ལས། ཡེ་ཤེས་ཀྱི་མེ་ཆེན་པོ་འབར་བའི་ཏིང་ངེ་འཛིན་སྒོམ་པར་བྱ་སྟེ། ཡེ་ཤེས་ཀྱིས་མེ་དེས་རི་རབ་གླིང་བཞི་ལ་སོགས་ལ་གནས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་རྣམ་པར་རྟོགས་པའི་མཚན་མ་དང་བག་ཆགས་མ་ལུས་པ་བསྲེག་པར་བྱའོ། །དེ་རྣམས་ཆོས་ཉིད་སྐྱེ་བ་མེད་པའི་དབྱིངས་སུ་ཡང་ནི་རང་གྲོལ་དུ་བསྟིམ་པ་སྟེ་རྟོགས་པར་བྱ། དེ་ལྟར་རྟོག་པ་དེ་དག །ཕྱི་ལྟར་ན། ས་བླ་ས་འོག །ས་སྟེང་། སྲིད་པ་ཁམས་གསུམ་མམ། ནང་ལྟར་ལུས་ངག་ཡིད་གསུམ་གྱི་མཚན་མ་ཐམས་ཅད་བསྲེག་པའི་མེ་ཡིན་ནོ། །དེ་ཡང་མེ་རང་རྒྱུད་པས་སྲིད་གསུམ་དངོས་སུ་བསྲེག་པ་མ་ཡིན་ཏེ། རྣལ་འབྱོར་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལྟ་སྒོམ་ལས་སུ་རུང་བས། ཡེ་ཤེས་ཀྱི་མེ་རུ་འབར་ཏེ་བསྲེག་པ་ཡིན་ནོ། །ཡེ་ཤེས་ཀྱིས་མེ་བསྐྱེད་པའི་ས་བོན་ནི་རྃ་ཡིན་ནོ། །སྒྲོལ་བས་མི་གོས་པའི་གཏན་ཚིགས་ལ་བཞི། བགྲང་། བདེན་པ་གཉིས་ཀྱི་ཚུལ་དུ་རྟོགས་པས་སྦྱོར་སྒྲོལ་གྱིས་མི་གོས་པ་དང་། དྲང་། དེ་ལྟ་བུའི་སྦྱོར་སྒྲོལ་བའི་ཐབས་ཁྱད་པར་ཅན་ནི། བདག་ལ་སྒྲིབ་པ་མི་སོགས་གཞན་ལ་སྡུག་བསྔལ་མི་བསྐྱེད་པས་ངོ་མཚར་ཞིང་། ལས་ངན་སྤྱད་པས་གནས་ངན་པར་འགྲོ་བའི་རྒྱུ། བསྟན་པའི་སྤྱི་དགྲ་ལ་སོགས་པ་བདུན་དང་། ངན་སོང་གསུམ་དུ་སོང་བ་སྟེ། ཞིང་བཅུ་པོ་ཐམས་ཅད་ཀྱང་ཐར་པར་བྱེད་པའི་ཐབས་ཁྱད་པར་ཅན། འདི་ལས་ལྷག་པ་གཞན་མེད་པའི་ཕྱིར་རོ། །དེ་ཡང་སྒྲོལ་བ་འདི་དག་ལོགས་འགྱུར་རོ་ཞེ་ན། ཉོན་མོངས་པས་ཀུན་ནས་བསླངས་ནས། སེམས་ཅན་གྱི་སྲོག་གཅོད་པ་དང་། བྱེད་དུ་བཅུག་ན་སྐྱོན་དུ་འགྱུར་བས་འབྲས་བུ་སྡུག་བསྔལ་འབྱུང་མོད་ཀྱིས། འདིར་སྐྱོན་མེད་དེ། གཞི་རང་བཞིན་གྱི་སྣང་བ་ཡེ་ནས་སྐྱེ་བ་མེད་པ་དོན་དམ་བདེན་པ་དེ་ཉིད། རྒྱུ་ཤེས་པའི་མཚན་ཉིད་ལྟ་བས་དེ་བཞིན་ཉིད་ཁོ་ནར་རྟོགས་ཤིང་། རྐྱེན་འཇུག་པའི་མཚན་ཉིད་ཀྱི་ཉམས་སུ་བླངས་པས། ཀུན་རྫོབ་སྒྱུ་མར་སྣང་བ་འདི་ཡང་། དཔེ་ཐོ་ཡོར་ལ་མིར་འཛིན་པ་དེ་ཉིད་ངོ་ཤེས་པས་གྲོལ་བ་བཞིན། སྣང་བ་ཐམས་ཅད་མིག་གཡོར་གྱི་ཚུལ་དུ་ཤེས་ནས། དངོས་གྲུབ་རྣམ་གཉིས་བསྒྲུབ་པའི་དོན་དུ། སྦྱོར་བ་དང་སྒྲོལ་བའི་བྱ་བ་ཀུན་བྱས་ཀྱང་། ཐ་མལ་པའི་སྦྱོར་སྒྲོལ་རྡུལ་ཕྲན་གྱི་ཆ་ཙམ་ཡང་རང་རྒྱུད་དུ་བྱས་པ་མེད་པས་ན། སྦྱོར་སྒྲོལ་གྱི་ཉེས་པས་མི་གོས་པའོ། ༈ །ཕུང་པོ་ལ་རྣམ་པར་དབྱེ་བའི་གཏན་ཚིགས་བསྒྲལ་བས་མི་གོས་པ་དང་། དྲང་། ཚུལ་དེ་ལྟར་རྟོགས་ན་ཀུན་རྫོབ་ཏུ་ཞིང་བཅུ་ལ་སོགས་སྒྲོལ་བའི་བྱ་བ་ཀུན་ནམ་ཡང་ན་སྒྲོལ་བའི་ཐབས་ལྔ་པོ་ཀུན་གང་བྱས་ཀྱང་། དོན་དམ་པར་སྒྲོལ་བའི་དངོས་པོ་རང་རྒྱུད་པ་གང་ཡང་མེད་དོ། །དེ་ལ་རྣམ་པར་དབྱེ་བ་ནི། དེ་ཡང་གོང་གིས་བསྒྲལ་བའི་དངོས་པོ་གང་ཡང་མེད་པ་དེ། ཅིའི་ཕྱིར་ན། ལོག་རྟོག་གི་ངོ་ལ་སྣང་བའི་ཕུང་པོ་ལྔ་ཉིད་རིགས་པས་བརྟག་ན་རང་བཞིན་མེད་པར་བཤིག་པར་བྱ། བྱེ་བྲག་ཏུ་གཟུགས་ཕུང་བཤིག་ན་ཡང་འབྱུང་བ་ལྔའི་བག་ལ་ཞ་སྟེ་འབྱུང་བ་ལྟ་རང་སར་གྲོལ། མ་བཤིག་ན་ཡང་འབྱུང་བ་འདུས་པའི་ཕུང་པོ་ཡིན་ཏེ་རང་སར་དག ༈ །རྣམ་ཤེས་ལ་དམིགས་སུ་མེད་པས་སྒྲོལ་བས་མི་གོས་པ་དང་། དྲང་། སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་རང་རྒྱུད་པར་གཟུགས་སུ་གྲུབ་པ་མེད་པར་ཤེས་པས་བསད་པར་བྱས་ན། དཔེར་ན་རྨི་ལམ་དུ་སྲོག་བཅད་པར་སྣང་ཡང་དོན་ལ་མ་གྲུབ་པས་ཉེས་པ་མེད་པའི་ཚུལ་ཅི་བཞིན་དུ། འཁྲུལ་ངོར་སྲོག་གཅོད་བྱ་གཅོད་བྱེད་དུ་གནས་པ་ཉིད་ན་ཡང་དག་པའི་དོན་ལ་དངོས་པོ་རང་རྒྱུད་པར་གྲུབ་པ་མེད་པའོ། ༈ །སེམས་ཀྱི་རང་བཞིན་ལ་བསྒྲལ་དུ་མེད་པའོ། །དྲང་། འོ་ན་སེམས་ཉིད་བསྒྲལ་ལམ་ཞེ་ན། ཀུན་གཞི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བ་དེ་ལ་ནི། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དགྲར་ལངས་ཀྱང་། གཉིས་སྣང་རང་རྒྱུད་དུ་གྲུབ་པ་མེད་པའི་ཕྱིར་ན། སངས་རྒྱས་ལ་སོགས་པ་སུས་ཀྱང་ཟིན་ཅིང་སོད་པ་མེད་པའོ། །བསྒྲལ་བའི་ངེས་ཚིག་དང་། དྲང་། འོ་ན་དངོས་སུ་བསྒྲལ་རྒྱུར་དུ་གྲུབ་པ་མེད་ན་རྣལ་འབྱོར་པའི་ཐུགས་རྗེས་གང་བསྒྲལ་བ་ཡིན་ཞེ་ན། གདུལ་བྱའི་བདག་འཛིན་ལ་སོགས་པར་རྟོག་པའི་མཚན་མར་ཞེན་པ་ཐམས་ཅད་ཀུན། འཁྲུལ་པའི་ལོག་རྟོག་ཕྱིན་ཅི་ལོག་ཏུ་ཞེན་ཅིང་འཛིན་པ་ལས་བཟློག་པར་བྱ་སྟེ་སྒྲོལ་བའི་དགོངས་པ་ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱ་དང་གསུམ་ལས་བློ་ཤིན་ཏུ་གོམ་ཤིང་གདིང་དུ་གྱུར་པས་བསྒྲལ་བྱའི་ཤེས་པ་ལ་དབང་བསྐུར་ཏེ། མཐར་ཐུག་གི་འབྲས་བུ་བྱང་ཆུབ་ཀྱི་ཞིང་ལ་དགོད་པར་བྱ། རྒྱུ་མཚན་དེའི་ཕྱིར་ན། དེ་ལྟར་ལོག་རྟོག་རྒྱུན་བཅད་ནས། བྱང་ཆུབ་ཀྱི་ས་ལ་དགོད་པ་དེ་ཙམ་ལ་ནི་འཁོར་བ་ལས་བསྒྲལ་བའི་དོན་གྱི་ན། བསྒྲལ་བ་ཞེས་བྱ་བ་ཐ་སྙད་དུ་གདགས་སོ། ༈ །སྦྱོར་སྒྲོལ་དོན་ལ་ཐ་དད་མེད་པའི་གཏན་ཚིགས་སོ། །དྲང་། དེ་ཡང་གཉིས་འཛིན་གྱི་རྟོགས་པ་དེ་སྒྲོལ་བའི་དུས་ཉིད་ན། གཉིས་མེད་ཆོས་ཉིད་དུ་སྦྱོར་བ་ཡིན་ཏེ་དེ་ཡང་ཅི་ལྟར་ཡིན་ཞེ་ན། བསྒྲལ་བྱའི་རྒྱུ་ཉོན་མོངས་པ་དང་། འབྲས་བུ་སྡུག་བསྔལ་མ་ལུས་པ་ཀུན་རྩད་བཅད་ནས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་སུ་སྒྲོལ་བ་ན། ཆོས་ཉིད་མཉམ་པ་ཉིད་ཀྱི་སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པའི་དབྱིངས་སུ་བསྒྲལ་བྱ་སྦྱོར་བའང་ཡིན་ནོ། ༈ །གྷ་ན་སྦྱོར་བ་ལ་ལྔ། བགྲང་། མངོན་དུ་ཕྱུང་བའི་སྦྱོར་བ་ལ་གསུམ། སྦྱོར་བའི་མཆོད་པ་དངོས་དང་། དེའི་ཡོན་ཏན་དང་སྦྱོར་སྒྲོལ་དོན་ལ་ཐ་དད་མེད་པར་བསྟན་པའོ། །དང་པོ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། དེ་ལ་གང་ལ་སྦྱོར་བའི་ཡུམ་འདི་ལ་ཡང་། ལོ་གྲངས་ཀྱི་སྒོ་ནས་དབྱེ་བ་དང་། བྱང་སེམས་ཀྱི་སྒོ་ནས་དབྱེ་བ་དང་། རྩའི་སྒོ་ནས་དབྱེ་བ་དང་། སྦྱོར་ཐབས་ཀྱི་སྒོ་ནས་དབྱེ་བ་བཞིས་སྟོན་པ་ལ། དང་པོ་ནི། ལོ་བཅུ་གཉིས་མ་མཚན་དང་ལྡན་པ་ལྷ་མོ་སྟེ་རབ་བཅུ་དྲུག་མ་མཚན་དང་ལྡན་པ་ཀླུ་མོ་སྟེ་འབྲིང་། ཉི་ཤུ་མ་མཚན་དང་ལྡན་པ་རིགས་ངན་མོ་སྟེ་ཐ་མའོ། ༈ །གཉིས་པ་རྩའི་སྒོ་ནས་དབྱེ་བ་ནི། རྩ་འདུད་ཅན་མ་ཡོད་པ་ལྷ་མོ། མཉམ་པ་ཅན་ཀླུ་མོ། ཞར་མ་ཅན་རིགས་ངན་མོ། གསུམ་པ་བྱང་སེམས་ཀྱི་སྒོ་ནས་དབྱེ་ན་ནི། ཉི་ཟླ་གཉིས་ཀར་འཛགས་པ་ལྷ་མོ། ཉི་ཟླ་འཛག་མ་ཀླུ་མོ། གཉིས་གར་མི་འཛག་པ་ནི་རིགས་ངན་མོ། བཞི་པ་སྦྱོར་ཐབས་ཀྱི་སྒོ་ནས་དབྱེ་བ་ནི། བདག་གཞན་གཉིས་ཀའི་བདེ་བ་སྦྱོར་ཐབས་ཤེས་པ་ནི་ལྷ་མོ། གཞན་བདེ་བ་ཀླུ་མོ། བདག་བདེ་བ་ཙམ་རིགས་ངན་མོའོ། །ཡང་ན་ལྷ་མོ་ནི་ལྷ་མོ་དངོས། ཀླུ་མོ་ནི་ཀླུ་མོ་དངོས་ཏེ། དེ་དག་སྔགས་དང་ཏིང་ངེ་འཛིན་གྱི་དངོས་སུ་དགུག་པའམ། དེ་མ་ནུས་ན། རིགས་ངན་མོ་སྟེ་མིའི་བུ་མོ་ཡང་རུང་བས། སློབ་དཔོན་ནུས་པ་ཆུང་བ་སྟེ་དགོངས་པ་མི་གསལ་ན། ཕྱག་རྒྱའི་མཚན་བཟང་ངན་བརྟག་ནས་བཟང་རིགས་བརྟེན་ཅིང་། ངན་རིགས་མི་བརྟེན་པའམ། ཡང་ན་སློབ་དཔོན་ནུས་པ་ཆེ་ཞིང་དགོངས་པ་གསལ་ན། བཟང་ངན་མི་དབྱེ་བར་བྱའོ། །དེ་ལྟ་བུའི་ཡུམ་དེ་ལ་སྦྱོར་བའི་བསྙེན་སྒྲུབ་བཞི་བཤད་ན། ཡུམ་མཚན་ཉིད་དང་ལྡན་པ་དེ་ལ་ཁྲུས་གསུམ་བྱ། རྒྱས་གསུམ་བཏགས། ཆོས་གསུམ་བཤད་ནས། སྟ་གོན་དུ་གནས་པ་ནི་བསྙེན་པའི་ཡན་ལག་དང་། མཁའ་གསང་བརླབས། སྦྱོར་བའི་བརྡས་བསྐུལ། ཡོ་བྱད་བཞི་དང་། འདོད་པའི་སྟོབས་རྩལ་དྲུག་ཅུ་རྩ་བཞིས་བདེ་བ་རྒྱས་པར་བྱེད་པ་ནི་ཉེ་བའི་བསྙེན་པ། ཕྱག་རྒྱ་བཞིས་རོལ་པ་ནི། བསྒྲུབ་པ་དང་། ཉི་ཟླ་རྡོ་རྗེའི་ལྕེས་ལེན་པ་ནི་བསྒྲུབ་པ་ཆེན་པོ་སྟེ། ནུབ་ཐ་མ་ལ་མཐོང་ལམ་གྱི་ཡེ་ཤེས་ཆེན་པོ་རྒྱུད་ལ་སྐྱེ་བར་བྱེད་པ། དངོས་གྲུབ་ཆེན་པོ་ཡུམ་གྱི་མཁའ་ལས་བླངས་པའི་དབང་དུའོ། ༈ །རྒྱས་པར་བཤད་པ་ལ་བཞི། བགྲང་། བསྙེན་པ་དང་། དྲང་ཤེས་རབ་སམ་དབྱིངས་ཀྱི་ཆ་འཛིན་པས་ཡུམ་གཟུངས་མ་མཚན་ཉིད་དང་ལྡན་པ་ཕྱི་ནང་གསང་བའི་ཁྲུས་གསུམ་བྱས། རྒྱན་གསུམ་བརྟགས་པ་ལ་སོགས་པས་ཆས་སུ་བཅུག་ལ། ༈ །ཉེ་བའི་བསྙེན་པ། དྲང་། དེ་ནས་ཡུམ་གྱི་ལུས་ལ་བདེ་བར་གཤེགས་པ་ཡུམ་ལྔའི་དལ་ལ་སོགས་པ་ཀུན་བཀོད་དེ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་རྟོག་ཚོགས་རྣམས་བྱིན་རླབས་པའམ་ཡུམ་གྱི་མཁའ་གཞལ་ཡས་ཁང་དུ་བསྐྱེད་པ་དེ་བླ་མ་བདེ་གཤེགས་ལྷའི་དལ་ཚོམ་བུ་རྒྱས་འབྲིང་བསྡུས་གསུམ་གང་རུང་ཀུན་བཀོད་ལ། རྣལ་འབྱོར་པ་བདག་ཉིད་ཀྱི་རིག་པ་རྡོ་རྗེ་སེམས་དཔའ་ལྟ་བུའི་ལྷ་སྒོམ་སྟེ། བསྒྲུབ་པ་དང་། དྲང་། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པར་རོལ་ཞིང་བདེ་བའི་ཐབས་དང་ལྡན་པར་བྱའོ། །བསྒྲུབ་པ་ཆེན་པོའི། དྲང་། ཡབ་ཀྱི་རྡོ་རྗེ་ཡུམ་གྱི་ དྲིལ་བུ ་པདྨ་གཉིས་སུ་མེད་པར་ལྡན་བྱས་ན། ཡུམ་གྱི་པདྨའི་དལ་དུ། བདེ་བ་ཐུགས་ཀྱི་དལ་ཡབ་ཀྱི་བྱང་སེམས་སྤྲོ་དགའ་བ་བཅུ་དྲུག་གཡོ་ལྡང་ལ་སོགས་པ་སེམས་ལྔའི་རིམ་པ་ཐབས་ཀྱི་ཟིན་པ་ཡིས། ༈ །ཡོན་ཏན་ལ་བཞི། བགྲང་། རྒྱལ་བའི་དལ་མཉེས་ཤིང་སེམས་ཅན་བདེ་བའི་ཡོན་ཏན་དང་། དྲང་། བྱང་ཆུབ་སེམས་འཕྲོས་པའི་མཆོད་པས་སངས་རྒྱས་དལ་མ་ལུས་ལ། བདེ་བས་དགྱེས་ཤིང་དགོངས་པ་མཉམ་ཉིད་མཆོག་གི་སྦྱིན་པས་རིས་པས་ཕྱོགས་བཅུ་དུས་བཞིའི་དལ་གྱི་སྐུ་གསུང་ཐུགས་གསུམ་མཉེས་པ་དང་། འགྲོ་བ་མང་པོ་ལ་སྦྱིན་པ་ཚིམས་ཤིང་བདེ་བ་ཐོབ་ནས། སླར་ཡང་ཚུར་བསྡུས་ཏེ་བཟློག་པས་གཉིས་སུ་མེད་པར་དབྱིངས་སུ་ཐིམ། ༈ །རྒྱལ་བའི་སྐུ་རུ་གསལ་ཞིང་ཚོགས་གཉིས་རྫོགས་པའི་ཡོན་ཏན་དང་། དྲང་། དེ་ལྟར་ཐིམས་པར་གྱུར་ནས་ཡུམ་གྱི་དབྱིངས་ནས་ལྷའི་སྐུ་ཕྱག་རྒྱ་འབར། བདེ་བར་གཤེགས་པའི་དགོངས་པ་ཐབས་དང་ཤེས་རབ་རྫོགས། ཕྱག་རྒྱའི་དལ་རིགས་ལྔ་ཀུན་ཏུ་བཟང་དྲུག་དང་། ཤེས་བྱའི་གནས་ལུགས་ཡང་དག་པར་རྫོགས་པའོ། །མ་འགགས་པ་བདེ་བ་བསོད་རྣམས་ཀྱི་ཚོགས་དང་། མ་དམིགས་པ་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་ཀྱང་རྫོགས་པའོ། །དངོས་གྲུབ་བླང་ཞིང་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་ཡོན་ཏན་དང་། དྲང་། བདེ་བའི་ཡེ་ཤེས་ཆེན་པོ་བསྒྲུབ་པའི་ཐབས་ཡབ་ཡུམ་གཉིས་སུ་མེད་པ་རོལ་པ་ལས་བྱུང་བའི་ཐིག་ལེ་ཉི་ཟླ་གཉིས་འདྲེས་པ་དེ། ཡོན་ཏན་ཐབས་ཀྱིས་བཅུད་འདུས་པའི་སྙིང་པོ་དེ། དལ་ཐམས་ཅད་ཀྱིས་བདག་ཉིད་ཡེ་ཤེས་ལྷར་གསལ་བར་བྱེད་པའི་རྟེན་ཡིན་པས་ན། དེ་བླང་བར་བྱའོ། །སུ་ཡིས་བླང་ན། བར་ཆད་མེད་པའི་ལམ་པས་དུས་ནམ་གྱི་ཚེ་ན། ཚོགས་བསྒྲུབ་ཀྱི་ནུབ་ཐ་མའི་ཐོ་རས་ཀྱི་དུས་སུ། གང་ནས་བླང་ན། ཡུམ་གྱི་མཁའ་ནས། གང་གིས་བླང་ན། རྡོ་རྗེ་ལྕེ་ཡིས་ཏེ། གསང་བའི་རྡོ་རྗེ་ཉིད་དོ། །ཡང་ན། ལྕེ་རྡོ་རྗེ་རྩེ་ལྔ་པར་སྒོམ་དེ་ཡིས་སོ། །ཚུལ་ཅི་ལྟར་ན་བུང་བས་མེ་ཏོག་འཇིག་པའི་ཚུལ་གྱིས་བླངས་སོ། །དགོས་ཆེད་ཅིའི་ཕྱིར་བླང་ན། དངོས་གྲུབ་གཉིས་བདེ་བླག་ཏུ་ཐོབ་པའི་ཕྱིར་དུའོ། །གང་ཞེ་ན། ཐུན་མོང་གི་དངོས་གྲུབ་ནམ་མཁའ་ལ་བྱ་བཞིན་དུ་འགྲོ་ཞིང་ལྷའི་བུ་མོ་ལ་སྤྱོད་པ་དང་། ཁ་དོག་གསལ་བ་དང་། གཟི་རྗིད་འབར་བ་དང་། ཚེ་ལོ་གྲངས་མེད་པ་ཐུབ་པ་ལ་སོགས་པའི་སོགས་ཁུང་ནས་ཡལ་བྱི་བ་བཞིན་དུ་འཛུལ་ནས་ཀླུའི་བུ་མོ་ལ་སྤྱོད་པ་དང་། གཞན་ཡང་མངོན་པར་ཤེས་པ་དྲུག་དང་རྫུ་འཕྲུལ་དུ་མ་ཐོབ་བོ། །མཆོག་གི་དངོས་གྲུབ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་མ་གཡོས་བཞིན་དུ། དགོས་འདོད་ཆར་བཞིན་དུ་འབྱུང་བས་ན་སྲིན་གྱི་ཚོགས་ཏེ། དཔེ་དེ་དང་འདྲ་བའི་རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཡང་ཐོབ་པར་འགྱུར་རོ། །ཡང་ན་སྔ་མ་གསང་བའི་རྡོ་རྗེས་བླངས་པས་ཡོན་ཏན་ནི་ཡིད་བཞིན་སྤྲིན་གྱི་བདག་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ལ། ཕྱི་མ་ལྕེ་རྡོ་རྗེ་རྩེ་ལྔ་པར་སྒོམ་ནས་བླངས་པའི་ཡོན་ཏན་ནི། མཁའ་འགྲོ་གསལ་འབར་ཚེ་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ངན་འགྲོ་ལས་གྲོལ་ཞིང་སངས་རྒྱས་འགྲུབ་པའི་ཡོན་ཏན་ནོ། །དྲང་། འགྲོ་དྲུག་གི་དུས་དང་གནས་ན་ཡང་ཐ་མལ་པའི་བདེ་བ་ལ་སྦྱོར་བའི་ཡེ་ཤེས་ཡོན་ཏན་དེ་དག་སྣང་ཞིང་ཡོད་པ་ཡིན་ཡང་། ངོ་མ་ཤེས་པས་ཐབས་ཀྱིས་མ་ཟིན་པ་ཡིན་ནོ། །སྦྱོར་བའི་མཆོད་པ་བྱས་པས་མཚོན་ཅིང་ངོ་ཤེས་པར་བྱེད་པའི་ཐབས་ཀྱི་ཟིན་ནས་གསང་བ་བྱང་སེམས་ཀྱི་མཆོད་པ་ཆེན་པོའི་བདེ་བ་ཡབ་ཡུམ་མཉམ་སྦྱོར་ཞིང་། རྟོག་པ་ཐམས་ཅད་བདེ་སྟོང་གཉིས་མེད་ཀྱི་དབྱིངས་སུ་སྦྱོར་བས་ན། དེའི་ཡོན་ཏན་ངན་འགྲོ་གསུམ་པོར་མི་ལྟུང་ཞིང་ཡང་དག་པའི་འབྲས་བུ་མཐོང་ལམ་ནས་སངས་རྒྱས་འགྲུབ་པར་འགྱུར་རོ། ༈ །སྦྱོར་སྒྲོལ་དོན་ལ་ཐ་དད་མེད་པའོ། །དྲང་། སྦྱོར་བའི་སྒོ་ནས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཆོས་ཉིད་ཀྱི་དོན་རྟོགས་པ་འདི་ནི། གཉིས་འཛིན་གྱི་རྟོགས་པ་རང་ཀ་མ་རྣམས་སྒྲོལ་བ་ཆེན་པོའམ་ངན་སོང་ལས་སྒྲོལ་བ་ཡང་ཡིན་ལ། རྟོག་པ་སྒྲོལ་བ་ཉིད་ན་ཆོས་ཉིད་དུའམ་བྱང་ཆུབ་ལ་སྦྱོར་བ་ཡང་ཡིན་པས། དེ་ལྟར་སྦྱོར་བའི་དུས་ཉིད་ནས་རྟོག་པ་རང་ཁ་མ་ལུས་སྒྲོལ་བའི་ཕྱིར་སྦྱོར་སྒྲོལ་གཉིས་དོན་ལ་ཐ་དད་མེད་པའོ། །རང་བཞིན་གྱི་སྦྱོར་བ་དང་། དྲང་། གཞི་ཡེ་གདོད་མ་ནས་རྟོག་པ་རགས་པ་ཐམས་ཅད་ལྷ་ཡབ་དང་ཕྲ་བ་ཐམས་ཅད་ཡུམ་ལྷ་མོའི་དལ་དུ་གསལ་བར་གནས་པས། ཡང་དག་པའི་ས་ལ་སྦྱོར་བ་དང་། ༈ །དབང་པོ་ཡུལ་དུས་ཀྱིས་སྦྱོར་བ་དང་། དྲང་། དབང་པོ་རྣམ་ཤེས་བརྒྱད་ནང་ནས་འཇུག་པ་ནི་ལྷ་སེམས་དཔའ་ཡབ་བརྒྱད། ཡུལ་དུས་བརྒྱད་ཕྱི་ནང་འཇུག་པ་ནི་ལྷ་སེམས་མ་བརྒྱད་དུ་གསལ་བ་སྟེ། དེ་གཉིས་འཕྲད་པ་ནི་ལྷ་ཡབ་ཡུམ་གཉིས་མེད་དུ་སྦྱོར་བ་ཏེ་དབང་པོ་ཡུལ་དུས་ཀྱི་སྦྱོར་བའོ། །དེའི་དོན་རྒྱས་པར་བཤད་ན། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་ཉིད། རིགས་ལྔའི་དེ་བཞིན་གཤེགས་པ་དང་། ས་སོགས་འབྱུང་བ་ལྔ་ཉིད་རིགས་ཀྱི་ཡུམ་ལྔ་ཉིད་དུ་སྦྱོར་བ་དང་། དབང་པོ་བཞི་དང་རྣམ་ཤེས་བཞི་སེམས་མ་བརྒྱད་དང་། ཡུལ་བཞི་དང་དུས་བཞི་ལྷ་མོ་སེམས་མ་བརྒྱད་ཉིད་དུ་སྦྱོར། བདག་རྟོག་རྣམ་བཞི་ཁྲོ་བོ་བཞི་དང་རྟག་ཆད་མུ་བཞི་ཁྲོ་མོ་བཞི་ཡིད་ཆོས་གཉིས་ཀུན་བཟང་ཡབ་ཡུམ་ཉོན་མོངས་པ་དྲུག་ཐུབ་པ་དྲུག །དེ་ལས་གཞན་པ་ཁྲོ་བོའི་དལ་དུ་ཡང་སྦྱོར། ༈ །ཏིང་ངེ་འཛིན་གྱིས་སྦྱོར་བ་དང་། དྲང་། རྟོག་ཚོགས་ཐམས་ཅད་མ་ལུས་པར་འབྱུང་བ་ཀུན། ཆོས་ཉིད་མཉམ་པའི་དབྱིངས་དང་དེ་རྟོགས་པ་རང་རིག་པའི་ཡེ་ཤེས་སུ་ལྷག་པ་ཏིང་ངེ་འཛིན་གྱི་མཉམ་པར་སྦྱོར་བའོ། ༈ །ཐབས་ཆེན་པོའི་སྦྱོར་བ་ཕན་ཡོན་འཇུག་བསྡུས་བསྟན་པའོ། །དྲང་། སྔོན་བྱུང་དུ་དཔལ་ཆེན་པོས་མ་ཆགས་ཐམས་ཀྱིས་སྦྱོར་བས་སྲིན་མོ་སྐེམ་མ་དང་། དབང་མོ་རྣམས་ལ་རོལ་ཀྱང་རང་ལ་ཉེས་པས་མ་གོས་པ་ལྟར་རྗེས་འཇུག་རྣལ་འབྱོར་པ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བའི་དུས་ཉིད་ན་སྦྱོར་ཐབས་ལ་མཁས་པས་དགའ་བདེའི་རོ་ལ་ཆགས་པ་དང་ཀ་མ་ཎ་པའོ། །དངོས་པོ་ཐམས་ཅད་སེམས་ཉིད་དུ་རང་སྣང་བས་ཡུལ་སེམས་གཉིས་མེད་དུ་གསལ་བ་ནི། མ་ཆགས་པའི་ཡེ་ཤེས་སོ། །དེ་ལ་ཕོ་མོ་གཉིས་སུ་ཞེན་ཅིང་ཆགས་པ་ནི་ལོག་པའི་ཆོས་སོ། །དེ་ལྟར་འདོད་ཆགས་རང་ཁ་མ་དང་། ཚུལ་མཐུན་པར་སྤྱོད་ཀྱང་། དེ་དག་སེམས་ཉིད་དུ་ཤེས་པའི་ལྟ་བ་དང་། འདུ་ཤེས་གསུམ་ལྡན་གྱི་སྒོམ་པ་དང་། ཐབས་ཀྱིས་ཟིན་པའི་སྤྱོད་པ་དང་གསུམ་ལྡན་གྱིས་སྒོ་ནས། ཆགས་པ་མ་འགག་པར་སྤྱོད་པའི་འདུ་ཉིད་ན། ཆགས་པའི་རོ་ཉིད་ཡེ་ཤེས་སུ་གསལ་བས་སེམས་ཉིད་མི་རྟོག་པའི་ངང་དུ་ཆགས་ཤིང་། ཆགས་པ་ཐ་མལ་པའི་ཉེས་སྐྱོན་གྱི་དྲི་མས་གོས་པ་མེད་པའོ། །དེ་ལྟར་ཆགས་པའི་ཉེས་སྐྱོན་གྱིས་མ་གོས་པ་འདི་ནི་ཚངས་པར་སྤྱོད་པའི་ཆོག །བདེ་བའི་ཡེ་ཤེས་ལ་དབང་བསྒྱུར་བས་རྒྱལ་པོ་ཡིན་ཏེ། དེ་ནི་ཤིན་ཏུ་ཡང་དག་པའི་ཆགས་པ་ཆེན་པོ་སྤང་གཉེན་རོ་གཅིག་ཏུ་གྱུར་པས། དེ་པའི་དགོངས་པ་ངོ་བོ་ཉིད་ཡིན་ནོ། ༈ །རང་ཀར་སྤྱོད་པའི་སྐྱོན་ནོ། །དྲང་། དེ་ལྟར་གསང་བའི་མཆོད་པ་སྦྱོར་སྒྲོལ་གཉིས་པོའི་དོན། ཆོས་ཉིད་དོན་གྱི་ལྟ་བ་མ་རྟོགས་པའི་རྣལ་འབྱོར་པའི། ཁ་འབྱམས་ཚིག་གིས་ལྟ་བ་སྟེ་སྒྲའི་རྗེས་སུ་འབྲངས་ནས། སྦྱོར་སྒྲོལ་གཉིས་རང་ཁ་མར་སྤྱོད་པར་གྱུར་ན། ཉེས་པ་ཅི་ཡོད་ན། སྦྱོར་བའི་རྣམ་པར་སྨིན་པའི་འབྲས་བུ་ཡིད་བཏགས་དང་། རོ་མྱག་གི་འདམ་གྱི་དམྱལ་བ་དང་། རྒྱུ་མཐུན་པའི་འབྲས་བུ་མངལ་གྱི་སྲིན་བུར་སྐྱེ་བར་བཤད་ཅིང་། སྒྲོལ་བའི་རྣམ་པར་སྨིན་པའི་འབྲས་བུ་ཡང་སོས་ཀྱི་དམྱལ་བ་དང་། རྒྱུ་མཐུན་གྱི་འབྲས་བུ་སྲིན་པོའི་གནས་སུ་སྐྱེ་བར་བཤད། སྦྱོར་སྒྲོལ་རང་ཁ་མ་དེ་ལ་ལོག་པའི་ལམ་དུ་འགྱུར་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་གསང་སྔགས་ཀྱི་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པ་གང་ཞིག །སེམས་ཉོན་མོངས་པས་ཀུན་ནས་བསླང་ནས། འདོད་ཆགས་ཐ་མལ་དུ་སྤྱོད་པ་དང་། སེམས་ཅན་གྱི་སྲོག་ལ་འཚེ་བ་བྱས་པ་དང་། བྱེད་དུ་བཅུག་ན་ཉེས་སྐྱོན་ཆེན་པོ་འདུག་པས། དེ་དག་བརྩོན་འགྲུས་ཆེན་པོས་སྤོང་ལ། ཡང་དག་པའི་ལྟ་སྒོམ་སྤྱོད་གསུམ་དང་ལྡན་པའི་རྣལ་འབྱོར་པས། མཆོག་ཏུ་གྱུར་པའམ་གསང་སྤྱོད་ཐུན་མོང་མ་ཡིན་པའི་སྦྱོར་སྒྲོལ་གཉིས་ལ། བདག་གཞན་ཆོས་གསུམ་གྱི་དོན་དུ་ལོངས་སྤྱོད་པར་གྱིས་ཤིག །ཅེས་གདམས་པའོ། ༈ །ཡོ་བྱད་ལ་སྤྱད་ཐབས་ལ་གསུམ། བགྲང་། སྤྱད་ཐབས་ཀུན་ཞི་བ་དང་མཐུན་པར་སྤྱོད་པ་དང་། དྲང་། མཆོད་པ་འབུལ་བའི་སྤྱོད་ལམ་རྣམ་བཞི་ལ་སོགས་པ་ཐམས་ཅད་དུ། ཞི་བ་དང་མཐུན་པ་ཡིན་ལ། ཁྱད་པར་དུ་དུར་ཁྲོད་ཆས་བརྒྱད་ཀྱི་རྒྱན་རྣམས་བགོ་ཞིང་གདག་པར་བྱ་སྟེ། ཆས་བརྒྱད་ནི་དམར་ཆེན་བཞིན་ནོ། །བཟའ་དང་བཏུང་བའི་ཡོ་བྱད་ཀྱང་ཞི་བའི་ཚོགས་བསྒྲུབ་ཀྱིས་རྗེས་སུ་མཐུན་པར་མཚན་མེད་ཀྱི་ཏིང་ངེ་འཛིན་དང་ལྡན་པར་ལོངས་སྤྱོད་ཅིང་རྐང་པའི་བྲོ་དང་། ལག་པའི་གར་ངག་གི་གླུ་ཚིག་རྣམས་ཀྱང་མཚན་མེད་ཀྱི་ཏིང་ངེ་འཛིན་གསལ་བ་དང་ལྡན་པར་བྱ་བའོ། ༈ །བྲོ་གར་གྱིས་སྤྱོད་ཐབས་རྒྱས་པ་ལ་གཉིས། སྤྱོད་ཐབས་སྤྱིར་བསྟན་པ་དང་། སྤྱད་ཐབས་སོ་སོའི་ཡོན་ཏན་དང་བཅས་པའོ། ༈ །དང་པོ་ལ་གཉིས། བགྲང་། བྲོ་གར་གྱི་ལྟ་བའི་ངང་ལ་མི་འདའ་བ་དང་། དྲང་། དབང་པོ་དང་རྣམ་ཤེས་ཡུལ་དུས་དང་རིག་པ་རྣམས། ཐབས་ཡབ་དང་ཤེས་རབ་ཡུམ་གཉིས་སུ་མེད་པར་ལྡན་གྱུར་ཞིང་། ཆོས་ཉིད་མཉམ་པའི་ངང་ཉིད་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་གསལ་ན་འཁོར་འདས་སྣོད་བཅུད་ཐམས་ཅད་དགོངས་པ་བདེ་བ་ཡེ་ཤེས་མཆོག་གི་ཕྱག་རྒྱ་དལ་རོ། ༈ །སྤྱིར་སྤྱད་ཐབས་ཡོན་ཏན་དང་བཅས་པའོ། །དྲང་། ཡན་ལག་ལྔ་བསྐྱོད་ཆེན་ལུས་འཁོར་ལོའི་གཞལ་ཡས་སུ། ལྷ་རིགས་ཀྱི་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀུན། ཏིང་ངེ་འཛིན་སྐུ་གསུང་ཐུགས་གསལ་ཞིང་འོད་ཟེར་འཕྲོ་བར་སྒོམ་ན་ལུས་ཀྱི་བསྐུལ་ཡན་ལག་བསྐྱོད་པ་ཐམས་ཅད་ལྷའི་ཕྱག་རྒྱ་ཡིན་ནོ། །སྤྱད་ཐབས་སོ་སོའི་ཡོན་ཏན་དང་བཅས་པ་ལ་གཉིས། ཡན་ལག་སོ་སོར་བསྐྱོད་པའི་ཡོན་ཏན་ནམ། ཡན་ལག་ཀུན་སྤྱོད་ཐབས་ཡོན་ཏན་དང་བཅས་པའོ། །དང་པོ་ལ་བཞི། བགྲང་། གོམ་པ་སྤྱོད་ཐབས་ཡོན་ཏན་དང་བཅས་པ་དང་། དྲང་། ཐབས་གཡས་དང་ཤེས་རབ་གཡོན་ལྡན་པའི་ཞབས། དུས་རྟག་ཏུ་ཞབས་ལ་རྡོ་རྗེ་རྩེ་ལྔ་འོད་འབར་བར་འགྱུར་བར་སྒོམ་ཐབས་ཆེན་པོ་གོམས་པ་རེ་རེ་ས་ལ་བསྐྱོད་ཅིང་དོར་བར་བྱས་ན། དོན་ཆགས་པ་མེད་པའི་རྟགས་སུ་རྐང་རྗེས་ལ་མེ་ཏོག་པདྨ་རེ་རེ་འབྱུང་བར་སྒོམ། རྐང་པའི་རྡོ་རྗེ་དང་། ས་གཞིའི་པདྨ་དེ་གཉིས་ཏིང་ངེ་འཛིན་གསལ་བར་འབྱོར་ན། དེའི་བར་དུ་སོང་བའི་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། ༈ །དབུའི་དལ་སྤྱོད་ཐབས་དང་། དྲང་། རང་བཞིན་གྱི་དལ་དང་ཞི་བའི་ལྷ་རྣམས་ཀྱང་ཞི་བ་ལས་འདིར་ཁྲོ་བོའི་དལ་དུ་བསྒྱུར་ཏེ་སྒོམ་པར་བྱ་སྟེ། དེ་ཡང་དབུའི་དལ་ལ་བྷུདྡྷ་ཧེ་རུ་ཀ་ལ་དེ་བཞིན་རིགས་ཀྱི་ཁྲོ་བོས་བསྐོར་བ་ཡབ་ཡུམ་སྒོམ་སྟེ་བསྒུལ་བསྐྱོད་ན་ཕྱོགས་དུས་ཀྱི་སངས་རྒྱས་དལ་ཐམས་ཅད་ཐུགས་རྗེས་འགྲོ་བའི་དོན་ལ་གཡོས་ནུས་པའོ། ༈ །རྐང་པའི་སྟོབས་བྱ་ཐབས་ཡོན་ཏན་དང་བཅས་པའོ། །ལག་པ་སྤྱོད་པའི་ཐབས་དང་། དྲང་། ལག་གི་འདུ་བྱེད་དེ་ཕྱག་གཡས་བཛྲ་ཧེ་རུ་ཀ་འཁོར་དང་བཅས་པ་དང་། གཡོན་རཏྣ་ཧེ་རུ་ཀ་འཁོར་དང་བཅས་པ་སྒོམ་སྟེ་བསྐྱོད་བྱས་ནས། རིག་འཛིན་གྱི་ཞིང་ཁམས་ཐམས་ཅད་ཏིང་ངེ་འཛིན་གྱི་ནུས་པ་སྐྱེ་ནས་རང་དོན་ལ་ས་འོག་ནས་གོང་དུ་འཕར་ཞིང་། གཞན་དོན་དུ་ཐུགས་རྗེས་འགྲོ་བའི་དོན་ལ་གཡོ་བར་ནུས་སོ། །དྲང་། རྐང་པའི་གཡས་ཀརྨ་ཧེ་རུ་ཀར། གཡོན་པདྨ་ཧེ་རུ་ཀ་འཁོར་དང་བཅས་པ་སྒོམ་སྟེ་སྟབས་ཆེན་མནན་ཅིང་མཆོང་ན། གཡོན་གྱི་འགྲོ་དྲུག་གི་སེམས་ཅན་གྱི་སྡུག་བསྔལ་མི་བཟད་ཐམས་ཅད་དང་། གཡས་ཀྱི་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མནན་ནུས་སོ། །དེ་ལྟར་དབུ་དང་ཕྱག་ཞབས་བསྐྱོད་པའི་ཡོན་ཏན་གྱི་རིམ་པ་དེ་དག་ནི། སངས་རྒྱས་རིགས་ལྔ་ལུས་ཀྱི་མགོ་དང་ཕྱག་ཞབས་རྣམས་ལ་མཐུ་ཆེ་ཆུང་གི་ཁྱད་པར་ཡོད་པ་ནི་མ་ཡིན་ཏེ། ལུས་ཀྱི་གནས་རིམ་ནས་སྨོས་པ་ཡིན་ལ། དེ་ཡང་ཆོས་ཅན་ཡན་ལག་མཐོ་དམན་གྱི་ཆ་ནས་བཞག་པ་ཡིན་གྱི། ཆོས་ཉིད་རིག་པར་རང་བྱུང་གི་ཡེ་ཤེས་ལ་བཟང་ངན་མེད་དོ། ༈ །ཡན་ལག་ཀུན་བསྐྱོད་ཐབས་ཡོན་ཏན་དང་བཅས་པའོ། །དྲང་། སྤྱིར་ལུས་དང་ཡན་ལག་ཐམས་ཅད་དུས་གཅིག་ལ་བསྒུལ་ཞིང་བསིགས་ན། བདག་གི་བ་སྤུའི་བུ་ག་རེ་རེ་ནས། ཁྲོ་བོའི་སྤྲུལ་པ་རྡུལ་སྙེད་གྲངས་མེད་པ་སྤྲོ། ཁྲོ་བོ་དེའི་སྤྲུལ་པ་གྲངས་མེད་པ་རྣམས་ཀྱི། དོན་བྱ་བའི་གནས་ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། དག་མ་དག་བར་མ་རྣམས་རྡུལ་ཕྲ་རབ་ཀྱི་གྲངས་དེ་སྙེད་དུ། ཁྲོ་བོའི་གདུལ་བྱའི་དོན་མཛད་པ་རྣམས་ཀྱང་རྡུལ་ཕྲན་གྱི་གྲངས་དེ་སྙེད་རྣམས་ནས་དོན་བྱེད་ཚུལ། དེ་དག་གི་ཐུགས་རྗེས་གདུལ་བྱ་རྣམས་འདུལ་ཞིང་། སླར་རང་གི་བ་སྤུའི་བུ་གའི་ཆོས་ཀྱི་དབྱིངས་སུ་བསྟིམ་མོ། ༈ །སྤྱད་ཐབས་ཀུན་ཞི་བ་ལས་ཁྲོ་བོར་གྱུར་ཏེ་སྤྱད་ཐབས་དང་། དྲང་། ཁྲོ་བོ་ལ་ཁྱུ་མཆོག་དང་མ་ཧེ་ལ་སོགས་པའི་བྲོ་སྟབས་སམ། ཡང་ན། རྐང་པའི་བྲོ། ལག་པའི་གར། ངག་གི་གླུ་ཚིག་དང་ཁྲོ་བོའི་མིག་གིས་ལྟ་སྟངས་དང་སེམས་ཀྱི་ཏིང་ངེ་འཛིན་གྱི་ཡོ་བྱད་ལྔ་ལ་སྤྱོད་པའི་ཐབས་ལ་སོགས་པ་ཀུན་སྔར་གྱི་ཞི་བ་ཚོགས་བསྒྲུབ་ཀྱི་དཀྱིལ་འཁོར་སྐབས་སུ་བསྟན་པ་ལས། བྲོ་གར་རྩེ་འཇོ་ལ་སོགས་ཁྲོ་བོར་བསྒྱུར་ལ་བྱའོ། ༈ །སྐབས་དང་མཇུག་གི་ལས་བསྟན་པའོ། །དྲང་། བར་སྐབས་སུ་ཚོགས་བྱ། དེ་ནས་དཔལ་ཆེན་པོའི་འཁོར་གྱིས་ཕྲ་མན་དབང་མོ་རྣམས་ལྷག་མ་ཕུད་ཀྱིས་མཆོད་པས་ཚིག་པར་བྱ་སྟེ། རྟ་མགྲིན་གྱིས་ཕྱག་རྒྱས་དབང་དུ་བསྡུ་བ་དང་། སོ་སོར་མཆོད་པ་དང་། ལས་ལ་བཀའ་བསྒོ་བ་ལ་སོགས་པ་རྣམས། ལས་གཞུང་ལྟར་རྒྱས་པར་བྱས་ནས། ལས་ལ་བཀྱེ་ལ་བརྟེན་མ་བསྐྱང་དལ་བསྡུ་སྟེ། སྤྱོད་ལམ་བཞིར་ལྷའི་ཏིང་ངེ་འཛིན་དང་མི་འབྲལ་བར་སྤྱད། ཚུལ་བཞིན་བསྒྲུབ་པས་འབྲས་བུ་མཐོང་ལམ་རིག་འཛིན་འགྲུབ་པ་ལ་ཐེ་ཚོམ་མེད་དོ། །སྤྱི་དོན་གཉིས་པ། ཚོགས་བསྒྲུབ་པའི་རྟགས་ཀྱི་འབྲས་བུ་ལ་གསུམ། བགྲང་། བསྒྲུབ་པའི་ཡོན་ཏན་དང་། དྲང་། ཚོམ་བུ་ཚོགས་བསྒྲུབ་ཀྱི་རྣལ་འབྱོར་པ་ཐབས་ཡབ་དང་ཤེས་རབ་ཡུམ་ཐམས་ཅད་ཀྱིས། གོང་གི་ཏིང་ངེ་འཛིན་གྱི་ཚུལ་དེ་ལྟ་བུ་དང་ལྡན་པའི་ཡོ་བྱད་ལྔ་ལ་ལོངས་སྤྱོད་ན། ཕྱོགས་བཅུའི་རྒྱལ་བ་རྣམས་རྣལ་འབྱོར་པའི་རིག་པར་ཐ་དད་མེད་པའི་ཕྱིར་རམ། མཆོད་པའི་ལོངས་སྤྱོད་གནས་སུ་སྟོབས་པས་ན་སངས་རྒྱས་ཀྱི་དལ་མ་ལུས་པ་རྣམས་ཀྱང་མཉེས་པར་མཆོད་པ་ཡིན་ལ་སྲིད་པ་ཁམས་གསུམ་གྱི་འགྲོ་བ་སེམས་ཅན་ཐམས་ཅད་ལ་འདོད་ཡོན་གྱི་འོད་ཟེར་སྤྲོས་པས་བདེ་བའི་རོའི་དགའ་བ་ཆེན་པོས་ཁྱབ་པས་སྦྱིན་པར་འགྱུར་བའོ། དེ་ཡང་རང་བཞིན་གཅིག་པ་ལ་དགོངས་པ་ཡིན་ནོ། ༈ །རྟགས་ཀྱི་འཕེལ་རིམ་འབྱུང་ཚུལ་དང་། དྲང་། ལམ་གྲུབ་པའི་དྲོད་རྟགས་ཀྱི་ཆ་རྣམས་ཀྱང་སྔོན་སྤྲོས་པའི་སྐབས་སུ་བསྟན་པ་བཞིན་འབྱུང་ཞིང་། འོན་ཀྱང་ཁྱད་མེད་པ་ནི་མ་ཡིན། ཚོགས་བསྒྲུབ་ཀྱི་སྐས་འདིར། དྲོད་རྟགས་དེ་རྣམས་གྲངས་དུ་འཕེལ་ལ་ངོ་བོ་གསལ་ཞིང་ཡུན་རིང་དུ་བརྟན་པར་འབྱུང་བའོ། །མངོན་ཤེས་ནི་ཐ་མ་གླིང་གྲངས་གཅིག་གཉིས། འབྲིང་གི་གསུམ། རབ་ཀྱི་གླིང་བཞི་ཚུན་ཆད་ལ་སོགས་པའི་གྲངས་འཕེལ་བ་མཐོང་བ་དང་། མངོན་ཤེས་དྲུག་ཀྱང་འཕེལ་ལ་བརྟེན་པར་འབྱུང་ངོ་། །རྨི་ལྟས་ནི། རྣ་བར་སྒྲ་སྙན་དུ་ཐོས་པའམ། གཉིད་ཀྱི་རྨི་ལམ་དག་ཏུ་ཡང་། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལ་སོགས་པ་སངས་རྒྱས་ཀྱིས་གཞལ་ཡས་ཁང་གནས་ཀྱི་ཞིང་ཁམས་རྣམས་སུ་སྐྱེ་བར་ལུང་སྟོན་པ་དང་། ལྷ་མི་ལ་སོགས་པའི་སྐྱེ་བ་རྣམ་དག་གང་ཡང་རུང་བ་དག་འཛིན་པ་ལུང་སྟོན་པ་དང་། རིག་འཛིན་དུ་ལུང་སྟོན་པ་ལ་སོགས་འབྱུང་བས། དེ་རྣམས་ཡང་དག་པའི་རྟགས་མ་ནོར་བ་ཡིན་ནམ། བདུད་ཀྱི་བར་ཆད་ཡིན་བརྟག་པར་བྱ་བ་ཤིན་ཏུ་གལ་ཆེའོ། །འབྲས་བུ་རིག་འཛིན་ཐོབ་ཚུལ་ལོ། །དེ་ལ་གཉིས། ལྷག་བཅས་ཚེ་དབང་ཐོབ་ཚུལ་དང་། ལྷག་མེད་རྣམ་སྨིན་ཐོབ་ཚུལ་ལོ། །དང་པོ་ལ་གསུམ། བསྒྲུབ་པ་མཐར་ཕྱིན་པས་ཚེ་འདི་ལ་ཚེ་དབང་ཐོབ་པ་དང་། མཐར་མ་ཕྱིན་ཀྱང་ཕྱི་མ་ཐོབ་པ་དང་། ལན་གྲངས་གཞན་ལ་ཚེ་དབང་ཐོབ་པའོ། །དང་པོ་ལ་གཉིས། བགྲང་། ཚེ་དབང་ཐོབ་ནས་སངས་རྒྱས་ཚུལ་དང་། དྲང་། ཚེ་དབང་ཐོབ་པ་དངོས་ནི། ཞག་གྲངས་སུམ་ཅུ་པ་ཕྲག་དྲུག་གམ། བཅུ་བཞི་སམ། བཅུ་བཞིའམ། བཅུ་དྲུག་ཚུན་ཆད་ཀྱིས་ཚོགས་བསྒྲུབ་པའི་དུས་ཀྱིས་འབྱུང་བའི་ལུས་འདི་ཉིད་མ་སྤངས་པར་སྐྱེ་འཇིགས་མེད་པ་རྡོ་རྗེའི་སྐུར་གྱུར་ཏེ་ཚེ་ལ་དབང་བའི་རིག་འཛིན་གྱིས་ས་ནོན་པར་འགྱུར་རོ། །སངས་རྒྱས་ཐོབ་ཚུལ་ནི། དེ་ལྟ་བུའི་ཚེ་དབང་དེས་རང་དོན་དུ་ལོ་སྟོང་ཕྲག་བརྒྱ་ལ་སོགས་པ་ཡུན་རིང་པོར་ཟག་མེད་མཐོང་ལམ་པའི་ཆོས་ཀྱི་བདེ་བ་ལ་ལོངས་སྤྱོད་ན། ལམ་ཐར་ཆགས་སམ། ཐོད་རྒལ་གང་རུང་གི་སྒོ་ནས་བླ་ན་མེད་པ་རྡོ་རྗེ་སེམས་དཔའ་ཡི་མཚན་ཡོངས་སུ་རྫོགས་པའི་སངས་རྒྱས་ས་ཐོབ་སྟེ། སངས་རྒྱས་དེའི་ཡོན་ཏན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཔེ་བྱད་བརྒྱད་ཅུ་དང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་རྣམ་པར་བརྒྱན་ཅིང་། ཟག་པ་མེད་པའི་མངོན་པར་ཤེས་པ་དྲུག་དང་ལྡན་ལ་ཤེས་བྱ་ཅི་ལྟ་བ་དང་། ཅི་སྙེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་ཀྱང་མངོན་དུ་རྫོགས་པར་རོལ་པའི་བདེ་བ་དེ་ཉིད། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལོངས་སྐུའི་ཞིང་ཁམས་ཀྱི་གདུལ་བྱ་ལ་རང་དབང་བསྒྱུར་ཏེ། སྤྱོད་ཡུལ་མ་ལུས་པ་ཀུན་ཏུ་སྐུ་དང་ཡེ་ཤེས་ཀྱི་མ་ཌ་ལ་ཏེ་དལ་གསལ་བ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པ་ཡིན་པས་ན། བདེ་བར་གཤེགས་པའི་སྣང་བས་ཅི་ལྟར་དམིགས་ཤིང་དགོངས་བཞིན་དུ་ལྷུན་གྱིས་འགྲུབ་པར་འགྱུར་རོ། །དེའང་ལས་དང་ས་ལ་རག་ལུས་པ་མེད་པ་ཚེ་གཅིག་སངས་རྒྱས་པའོ། །དྲང་། གོང་གི་དེ་བས་ན་སྔགས་ཀྱི་ལས་དང་འབྲས་བུ་དུས་ལ་རག་ལུས་པ་མེད་དེ། རེ་དོགས་དོར་བར་བྱས་ནས་དོན་དང་ལྡན་པའི་བརྩོན་འགྲུས་ཆེན་པོའི་ཟག་པ་མེད་པའི་དོན་ལ་སྦྱར་རོ། །མཐོང་བའི་ཚེ་འདི་ལ་མྱ་ངན་འདས་ཏེ་སངས་རྒྱས་པའོ། །ཕྱི་མ་ལ་ཚེ་དབང་ཐོབ་པ་ལ་གཉིས། རྒྱས་པར་བཤད་པ་དང་། མཇུག་བསྡུས་ཏེ་ཐེ་ཚོམ་མེད་པར་ཐོབ་ཚུལ་ལོ། །རྒྱས་པ་ལ་གསུམ། བགྲང་། ཕྱི་མ་ལ་ལྷ་མི་ཁྱད་པར་ཅན་ཐོབ་ཅིང་ཐེག་མཆོག་མི་བརྗེད་པ་དང་། དྲང་། སངས་རྒྱས་མི་བཞུགས་པའི་ཞིང་དུ་མི་སྐྱེ་བ་ནི། གལ་ཏེ་ཚེ་འདི་ལ་མཐོང་ལམ་མ་ཐོབ་ནས་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་ལས་མ་འདས་ན། ཅི་ལྟར་འབྱུང་ན་ཚོགས་ལམ་རྣལ་འབྱོར་བཞི་ལས་སུ་རུང་བའི་ལམ་པ་རྣམས་ཀྱིས་སྦྱོར་ལམ་ཚོགས་བསྒྲུབ་པ་འདི་ལྟ་བུའི་ལས་ལ་འབད་རྩོལ་ཆེ་བར་བྱས་ནས། བློ་དང་བརྩོན་འགྲུས་ཞན་པས་འབྲས་བུ་མཐོང་ལམ་ཚེ་འདི་ལ་མངོན་སུམ་དུ་མ་གྱུར་ཀྱང་། བར་དེར་བག་ཆགས་ཀྱི་ལུས་བླང་ནས། ལུས་ངག་ཡིད་གསུམ་ལ་རང་དབང་ཐོབ་སྟེ་རང་ངོ་ཤེས་པས་སྐྱེ་གནས་ཁྱད་པར་ཅན་དུ་སྐྱེས་ནས། སངས་རྒྱས་སྤྲུལ་པའི་སྐུ་འཇིག་རྟེན་དུ་འབྱུང་བ་དང་སྐལ་བ་མཉམ་སྟེ་དུས་དང་གནས་ཀྱི་མ་བསྐོལ་བར་ཅི་ནས་ཀྱང་མཇལ་བར་འགྱུར་རོ། །ཐེག་པ་དམན་པར་མི་སྐྱེ་བ་ནི། སྔར་གསང་སྔགས་ལ་སྦྱང་ཞིང་ཚོགས་བསྒྲུབ་པའི་ལས་འཕྲོ་དང་། ཐུགས་རྗེ་དང་སྨོན་ལམ་གྱི་འབྲེལ་པའམ་བྱིན་རླབས་ཀྱིས་གསང་སྔགས་འདི་ཉིད་དང་འཕྲད་དེ་ཐེག་པ་དམན་པར་ཉན་རང་ལ་སོགས་པའི་སྒོར་འཇུག་ལ་ཡོང་མི་སྐྱེ་བའོ། །ངན་སོང་དུ་མི་སྐྱེ་བ་ནི། ཡོ་བྱད་ལྔ་ལ་སྤྱོད་པའི་བསོད་ནམས་དང་ཐམས་ཅད་སེམས་ཉིད་དུ་ཤེས་པས་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་དང་ལྡན་པའི་དཔུང་ཚོགས་ཀྱིས་སྐྱེ་བ་སྔ་མ་ཕན་ཆད་ཀྱི་རྒྱུ་ལས་ཀྱི་སྒྲིབ་པའི་མུན་པ་རྣམས་སྦྱངས་པའི་ཕྱིར། འབྲས་བུ་དམྱལ་བ་ལ་སོགས་ངན་སོང་གསུམ་གྱི་གནས་སུ་ཡོང་མི་ལྟུང་བར་འགྱུར་རོ། །ངོན་སོང་དུ་མི་སྐྱེ་མིར་སྐྱེས་ཀྱང་། མི་ཁམས་གནས་བརྒྱད་དུ་མི་སྐྱེ་བ་ནི། མཐོ་རིས་སུ་སྐྱེས་ན་ཡང་གཞན་པའི་གནས་ངན་པ་དང་། ལོངས་སྤྱོད་ཆུང་བ་དང་། མི་བདེ་ཞིང་སྡུག་བསྔལ་བའི་ཡུལ། དམ་པའི་ཆོས་བྱ་བར་མི་ཁམས་པའི་གནས་ངན་པར། ཀླ་ཀློ་དང་། ལྷ་ཚེ་རིང་པོ་དང་། ལྟ་བ་ལོག་པ་དང་། མཐའ་འཁོབ་དང་། དབང་པོ་མ་ཚང་བ་དང་། ངན་སོང་གསུམ་སྟེ་བརྒྱད་པོ་དག་ཏུ་འགྲོ་བར་མི་འགྱུར་རོ། །གཞན་ཡང་དྲན་པ་ཕུན་སུམ་ཚོགས་པ་ནི། མི་རྗེད་པའི་གཟུངས་ཀྱིས། མཆོག་དམ་པ་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་གོམས་པ་དང་ལྡན་པའི་ཕྱིར། སྐྱེ་བ་བར་ཆད་ཀྱང་གསང་སྔགས་རྡོ་རྗེའི་ཐེག་པ་མཆོག་གི་བརྗོད་བྱ་བརྗོད་བྱེད་བརྗོད་པར་མི་འགྱུར་བ་དེ་ལ་འཇུག་ཅིང་ཉམས་སུ་ལེན་ནུས་པའི་དྲན་པ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །ཚེ་ཕུན་སུམ་ཚོགས་པ་ནི། དེས་ཀྱང་ཚེ་རིང་ཞིང་ནད་མེད་པ་དང་བདེ་ཞིང་འབྱོར་པ་ཕུན་སུམ་ཚོགས་པ་དང་གཞན་ལ་རག་མ་ལུས་པ་ཐོབ་བོ། ༈ །མཚན་དང་ལྡན་ཞིང་ཡོན་ཏན་རྫོགས་ཚུལ་དང་། དྲང་། ལྷ་དང་མིའི་སྐྱེ་གནས་ཀྱི་མཆོག་སྟོད་རིགས་ཐོབ་པའི་སའི་གནས་སྐབས་དེར། ལུས་དང་བྱད་བཞིན་བཟང་བཞིན་མཛེས་ལ་ཡན་ལག་ཆད་ལྷག་མེད་པར་རྫོགས་པ་དང་། དབང་པོ་ལྔ་ཚང་ཞིང་ཉིང་ལག་ལ་ལྷག་ཆད་མེད་པ་སྟེ་གཟུགས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །སྐད་ཀྱི་གདངས་བཟང་ལ་སྙན་ཞིང་ཕུན་སུམ་ཚོགས་པ་ཚངས་པའི་དབྱངས་ལྟ་བུ་དང་ལྡན་པས་འགྲོ་དོན་བྱེད་ནུས་པ་དང་། བདག་གི་འབྱོར་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ནི་ཐམས་ཅད་ཀུན་འགྲོ་བ་སེམས་ཅན་གཞན་ལ་གནོད་པ་དང་འཚེ་བ་མེད་པ་དང་ལྡན་པའི་སྒོ་ནས་རྣམ་པར་དག་པའི་འཚོ་བ་དང་ལོངས་སྤྱོད་རྩོལ་མེད་དུ་འགྲུབ་པར་འགྱུར་རོ། །ཚན་པོ་ཆེའི་མཐུ་སྟོབས་དང་ལྡན་པ་ཕྱག་ན་རྡོ་རྗེ་ལྟ་བུར་འགྱུར་ཞིང་། དེ་ཡང་འགྲོ་བའི་དོན་དུ་འགྱུར་བའི་མཐུ་སྟོབས་ཕུན་སུམ་ཚོགས་པ་ཡང་དག་དང་ལྡན་པ་དང་། འགྲོ་བ་སེམས་ཅན་གཞན་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གནོད་པ་ཡང་མི་བྱེད་པའི་བསམ་པ་ཕུན་སུམ་ཚོགས་པས་སེམས་ཅན་ལ་སྙིང་རྗེ་ཆེ་ཞིང་གསང་སྔགས་ཀྱི་དོན་ལ་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་བ་དང་། ཚོགས་བསྒྲུབ་པའི་མཐུ་སྟོབས་ཆེ་ཞིང་ཡོ་བྱད་ལ་སྤྱོད་པའི་ཐབས་མཁས་པ་དང་ལྡན་པས་རྣལ་འབྱོར་པ་བདག་དང་གདུལ་བྱ་གཞན་གྱི་དོན་རྫོགས་པར་བྱེད་ནུས་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །དེར་ཚེ་ལ་དབང་བའི་རིག་འཛིན་ཐོབ་ཚུལ་ལོ། །དྲང་། དབང་པོ་རབ་ཀྱིས་དེ་ལྟ་བུའི་ལུས་དེ་ལ་བརྟེན་ནས་ཟག་བཅས་ཀྱི་ལམ་རྣམས་མཐར་ཕྱིན་པའི་འབྲས་བུ་སྐྱེ་ཤི་མེད་པ་ཚེ་ལ་དབང་བའི་རིག་འཛིན་གྱི་ས་ཐོབ་ནས་སངས་རྒྱས་སྤྲུལ་པའི་སྐུ་ཆེ་བའི་ཡོན་ཏན་དགོས་པ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་བཀོད་པའི་ཞིང་ཁམས་ཚད་གཞལ་བ་ལས་ཡས་པ་ཐམས་ཅད་ལ། དཔེར་ན་འདོད་ཁམས་ན་ལྷ་རིས་དྲུག་ཡོད་པའི་དྲུག་པ་གཞན་འཕྲུལ་གྱི་ལྷས་ལོངས་སྤྱོད་རང་ལས་སྤྲུལ་ནས་རང་གི་ལོངས་སྤྱོད་པ་ཅི་ལྟ་བར། དབང་བསྒྱུར་ཞིང་ལོངས་སྤྱོད་པའི་མཐོང་ལམ་གྱི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ། ༈ །མཇུག་བསྡུས་ཏེ་ཐེ་ཚོམ་མེད་པར་ཐོབ་ཚུལ་ལོ། །དྲང་། འབྲིང་གིས་ཕྱི་མ་ལ་ཚེ་དབང་དུ་འགྱུར་བ་དེའི་ཕྱིར་ཚེ་ལ་རང་དབང་བསྒྱུར་བའི་རིག་འཛིན་ཚེ་ཕྱི་མའི་དུས་ཉིད་དུ་སྦྱོར་བ་དང་སྨོས་ཅི་དགོས་ཏེ་གདོན་མི་ཟ་བར་འགྱུར་རོ། ༈ །ལན་གྲངས་གཞན་ལའང་ཚེ་དབང་ཐོབ་པའོ། །དྲང་། གོང་དུ་བསྟན་པའི་ཚུལ་དེ་ལྟར་ཚོགས་བསྒྲུབ་པ་ལ་སྒོ་གསུམ་བརྩོན་འགྲུས་དང་ལྡན་པས་ནི་དབང་རབ་བརྩོན་འགྲུས་རབ་ཀྱིས་མཐོང་ཆོས་ཚེ་འདི་ལ་ཐོབ་པ་དང་འབྲིང་གི་ཕྱི་མ་ཚེ་དབང་ཐོབ་པ་དང་། དེ་ལྟར་ཐོབ་པར་མ་གྱུར་ནའང་ཐ་མས་ཀྱང་སྐྱེ་བ་བརྒྱུད་པའི་ལན་གྲངས་གཞན་དུའམ་མི་ཚེ་སྟེ་སྐྱེ་བ་བདུན་ཉིད་ལས། མི་འདའ་བར་མཐོང་ལམ་གྱིའམ། ཚེ་དབང་རང་ལ་བཞི་ཡོད་པའི་ནང་ནས་རིག་འཛིན་གྱི་དམ་པ་ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་ཉིད་འགྲུབ་པར་འགྱུར་རོ། །རྣམ་སྨིན་ཐོབ་ཚུལ་ལ་གཉིས། བསྒྲུབ་པ་མཐར་ཕྱིན་ནས་ཚེ་དབང་མ་ཐོབ་ཀྱང་། ཚེ་འདི་ལ་རྣམ་སྨིན་ཐོབ་པ་དཔེ་དོན་དང་། དྲང་། དེ་ལ་འགྲུབ་པའི་རྒྱུ་ནི། དེ་ཡང་ཆོ་ག་ལྔ་དང་། སྔགས་ཀྱི་ཡན་ལག་ལྔ་དང་ཡོ་བྱད་ལྔ་པོ་དག་སྟེ་ཆོ་ག་ལྔ་གསུམ་དུ་བཅོ་ལྔ་པོ་དེ་དག་སྦྱོར་ལམ་གྱི་མངོན་དུ་རྫོགས་པར་བྱས་ནས་དམ་ཚིག་མ་ཉམས་པ་དང་ལྡན་པའི་རྣལ་འབྱོར་པ་རྣམས་ངེས་པར་འཚོགས་ཏེ་ཞི་ཁྲོའི་ཚོགས་བསྒྲུབ་ཤིང་ཡོ་བྱད་ལྔ་ལ་ལོངས་སྤྱད་པར་གྱུར་ན། བློ་ཆུང་བའི་དབང་གིས་འབྲས་བུ་ཚེ་དབང་ཚེ་འདི་ལ་མངོན་སུམ་ཐོབ་པར་མ་གྱུར་ན་ཡང་། རྣམ་སྨིན་གྱི་ཡིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་སྨིན་པའི་འབྲས་བུ་དེ། ཐ་མལ་པའི་ལུས་ཀྱི་བསྒྲིབ་ནས། མངོན་སུམ་དུ་ལྷར་མི་སྣང་བས་ན་མ་གྱུར་ཡང་ཞེས་སྨོས། དེའི་དཔེ་ནི་དཔེར་ན་རྒྱལ་པོ་ཆེན་པོ་ཞིག་གིས་བྲན་མོ་ངན་མ་གཅིག་དང་བཤོས་པ་སྟེ་སྦྱོར་ཡང་། རྒྱལ་པོའི་སྲས་འབྱུང་བའི་ས་བོན་ནུར་ནུར་པོ་བྲན་མོའི་མངལ་དུ་ཆགས་པའི་བུ་དེ་ཡང་རྒྱལ་པོའི་རིག་འཛིན་པར་བྱེད་དེ། དེ་སྐྱེས་པ་མཐོང་མ་ཐག་ནས་རྒྱལ་བུ་དེ་རྨོངས་ཕལ་པ་ཐམས་ཅད་ཀྱི་བླ་སྟེ་གོང་མ་བཀུར་འོས་སུ་གྱུར་ཅིང་། རྒྱལ་སར་བཏོན་ནས་འཁོར་ཀུན་ལ་དབང་བསྒྱུར་བའི་སྟོབས་དང་ལྡན་པ་དེ་ལ། འཇིག་རྟེན་པའི་ལྷ་རྣམས་ཀྱང་གསོལ་མཆོད་ལ་སོགས་པ་རེ་བའི་མཐུའམ་བསམ་པ་སྐྱེ་བའི་དབང་གི་རང་རང་གི་མཐུ་སྟོབས་བསྐྱེད་པས། རྒྱལ་བུ་དེ་ལ་བསྲུངས་པ་དང་། སྦེད་པ་དང་། མཆོད་པ་བྱེད་པའི་དཔེ་ལྟར་དུ། དོན་ནི་ཚོགས་བསྒྲུབ་ཀྱི་རྣལ་འབྱོར་པ་ཡང་དག་པའི་ལྟ་བ་དང་ཏིང་ངེ་འཛིན་གྱི་སྟོབས་དང་ལྡན་པ་རྣམ་སྨིན་རིག་འཛིན་གྱི་སྐུར་གྱུར་ན། གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཅན་མ་མཁའ་འགྲོ་ལ་སོགས་པའི་ཆོས་སྐྱོངས་སྲུངས་མ་མང་པོ་ཀུན་གྱི་དམ་ཚིག་གི། དགོངས་པ་ལྷར་སྨིན་པ་དེའི་དབང་གིས་སྤྱི་གཙུག་ཏུ་ཁུར་ཞིང་བསྲུངས་བར་བྱེད་ལ། རྣམ་སྨིན་གྱི་ལུས་ཀྱིས་སྤྱོད་ཡུལ་དོར་ནས་ཤི་འཕོས་མ་ཐག་ཏུ་ཡིད་ལྷའི་སྐུར་སྨིན་པ་དེ་དངོས་སུ་གསལ་བ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཉིད་དུ་ངེས་པར་རྫོགས་པར་འགྱུར་རོ། །མཐར་མ་ཕྱིན་ཀྱང་ཕྱི་མ་ཐོབ་པ་གདམས་པ་དང་བཅས་པའོ། །དྲང་། དབང་པོ་ཐ་མའི་ནང་ན་བློ་ཆེ་བ་ལ་ལ་གོང་དུ་བསྟན་པ་དེ་ལྟར་ཚེ་འདིར་རྣམ་སྨིན་ཐོབ་ནས། ཕྱི་མར་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བ་དེ་ལྟ་བུར་ངེས་ན་ཡང་། བློ་ཆུང་བ་ལ་ལ་དག་དེ་ལྟར་མ་གྱུར་པས་ཕྱི་མ་བསོད་ནམས་བསགས་པའི་ས་ལ་གནས་པར་འགྱུར་ཏེ། དེ་ཡང་ཚེ་རབས་སྐྱེ་བ་ཐམས་ཅད་ཀྱི་བར་དུ་ལས་ངན་པར་གྱུར་པའི་འཚམས་མེད་པ་ལྔ་དང་། མི་དགེ་བ་བཅུ་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་ལ་སོགས་པའི་ས་དང་། གནས་ཀུན་ཏུ་ཚོགས་སྒྲུབ་ཀྱི་རྣལ་འབྱོར་པ་དེ་དེར་སྐྱེ་བར་མི་འགྱུར་ལ། དེ་བས་ལྷག་པ་ལྷ་མིའི་ཐེག་པ་ལ་སོགས་ངེས་འབྱུང་གི་ཐེག་པ་བཞི་ལའང་འཇུག་ཅིང་སྤྱོད་པར་མི་འགྱུར་རོ། །ཐོབ་པའི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རིག་མཆོག་འཛིན་པ་ཁོ་ན་འགྱུར་ཏེ། སྐྱེ་བ་ཕྱི་མའམ་ལན་གྲངས་གཞན་ལ་རྣམ་པར་སྨིན་པའི་རིག་འཛིན་ཐོབ་པར་བྱས་ནས། སྔོན་དུ་བསྟན་པའི་སྤྱོད་ཡུལ་དོར་ནས་ཕྱག་རྒྱར་རྫོགས། ཞེས་པ་བཞིན། ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བར་འགྱུར་ཏེ། འབད་པར་གདམས་པ་ནི། གོང་དུ་བསྟན་པའི་དོན་འདི་ལ་ཐེ་ཚོམ་དང་སམ་ཉི་ལྡན་པ་མིན་ཏེ་ཐེ་ཚོམ་མེད་པས། ལས་འཕྲོ་དང་སྐལ་བར་ལྡན་པའི་རྣལ་འབྱོར་པ་ཀུན་གྱི་དུས་རྟག་ཏུ་ཚོགས་བསྒྲུབ་པ་ལ་བརྩོན་འགྲུས་ཆེན་པོ་བསྐྱེད་པར་བྱའོ། །དེ་ཡང་རྣམ་སྨིན་དང་། ཚེ་དབང་རིག་འཛིན་བར་དོ་ལ་ཐོབ་པ་ཡོད་དམ་མེད། མེད་ན། འདི་ཉིད་ཀྱི་ལེའུ་དྲུག་པ་སྤྲོས་བཅས་ཀྱི་སྐབས་ན། བར་མའམ་ཕྱི་མར་གཉིས་སྦྱོར་འཛིན། རྣམ་སྨིན་ཚེ་དབང་གང་རུང་ལ་སྦྱོར་བར་བཤད་པ་དང་འགལ་ལ། བར་དོ་ལ་ཐོབ་པ་ཡོད་ན། རྣམ་སྨིན་དེ་ཆ་ལུགས་ཅི་ལྟར་ཡོད། ལྷའི་ཆ་ལུགས་སུ་ཡོད་ན། ཕྱག་རྒྱ་ཆེན་པོ་དང་ཆ་ལུགས་ཁྱད་མེད་པར་འགྱུར་རོ། །ཚེ་དབང་བས། རྣམ་སྨིན་བཟང་བར་འགྱུར་ལ། མེད་ན་ཡིད་ལྷར་མ་སྨིན་པར་འགྱུར་རོ། །ཚེ་དབང་བར་དོ་ལ་ཐོབ་པར་འདོད་ཀྱང་། མི་འཐད་དེ། ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་ཆ་ལུགས་ཁྱད་མེད་དུ་འགྱུར་བའི་སྐྱོན་དང་། ཡང་ལུས་སྔ་མ་ནི་དོར་ཟིན་ལ་གཞན་མེད་པས། ལྷག་བཅས་སུ་མི་འགྱུར་བའི་སྐྱོན་འོང་བའི་ཕྱིར་རོ། །དེ་ལ་ཉེའུ་སྟོན་ཆོས་ཀྱི་སེང་གེས་ན་རེ། ཚེ་དབང་བར་དོ་ལ་ཐོབ་པའི་ཆ་ལུགས་ནི། བར་དོ་ལ་འབྱུང་བ་དྭངས་མ་འོད་ཀྱི་ལུས་གཅིག་ཡོད་པས། དེ་མི་འདོར་བས། ཚེ་དབང་བར་དོ་ལ་ཐོབ་པར་འདོད་ལ། རྣམ་སྨིན་ནི། འདི་འམ་ཕྱི་མ་ལ་བར་དོར་ཐོབ་པར་མི་འདོད་དེ། མི་ཡི་ལུས་ལ་ཕྱག་རྒྱ་ཆེ། །རྒྱ་མིག་རྒྱ་པ་ཁྱུང་ཕྲུག་བྱ། །གསལ་རྫོགས་སྨིན་ནས་བར་ཆད་མེད། །ཅེས་སློབ་དཔོན་བྷི་མ་ལས་གསུངས་པས་མངོན་གསུང་། དེ་དག་ལ་རིགས་པས་བརྟག་ན། རྣམ་སྨིན་ཚེ་དབང་གཉིས་བར་དོ་ལ་ཐོབ་པའང་མི་འགལ་ཏེ། རྒྱུ་མཚན་གང་ཞེ་ན། བར་དོའི་འབྱུང་བ་དྭངས་མ་འོད་ཀྱིས་ལུས་སུ་ཡོད་པ་དེ་དོར་ནས་ཕྱག་རྒྱ་ལ་སྦྱོར་བས། ལྷག་མེད་རྣམ་སྨིན་དང་། འོད་ཀྱི་ལུས་དེ་ཉིད་མི་འདོར་པར་ཁྱེར་བས། ལྷག་བཅས་ཚེ་དབང་གཉིས་སུ་མི་འགལ་ལོ། །ཞེས་ཆོས་རྗེ་ཟུར་པ་ཚང་གིས་གསུང་འདུག་ཀྱང་། ཁོ་བོས་ནི། རྣམ་སྨིན་བར་དོ་ལ་ཐོབ་པའི་ལུང་འདུག །ཚེ་དབང་བར་དོ་ལ་ཐོབ་པའི་ལུང་མི་འདུག་སྟེ་ལེའུ་ལྔ་པ་ཕྱག་རྒྱ་གཅིག་པ་ལས། རྣམ་སྨིན་བར་དོ་ལ་ཐོབ་པའི་ལུང་ནི། དེ་ཉིད་བར་ཕྱིའམ་ལན་གྲངས་གཞན་གསུང་། ཚེ་དབང་བར་དོ་ལ་ཐོབ་པའི་ལུང་མི་འདུག་སྟེ། དེ་ཉིད་ལས། ཚེ་ལ་གཞན་ཐོབ་ངེས། ཞེས་གསུང་པའི་ཕྱིར་རོ། །འོ་ན་ཕྱག་རྒྱ་སྤྲོས་པའི་སྐབས་ན། བར་མའམ་ཕྱི་མ་གཉིས་སྦྱོར་འཛིན་འདི་དང་འགལ་ལམ་ཞེ་ན། མི་འགལ་ཏེ། བར་མའམ། ཞེས་པ། རྣམ་སྨིན་བར་དོ་ན་ཐོབ་ལུགས་བྱུང་། ཕྱི་མ་གཉིས་སྦྱོར་འཛིན། ཅེས་པ་འདི་ནི། རྣམ་སྨིན་ཚེ་དབང་གཉིས་ཕྱི་མ་ལ་ཐོབ་ལུགས་བྱུང་། འོ་ན་རྣམ་སྨིན་བར་དོ་ལ་ཐོབ་ལུགས་ཅི་ལྟར་ཡིན་ཞེ་ན། ཚེ་འདི་ཉིད་ཀྱི་ཐོག་ན་ཀུན་འགྲོའི་སྒྲིབ་པ་དག་མ་ནུས། དེ་མ་ནུས་པའི་དོན་གྱིས། ཕྱག་ཆེན་བར་དོ་ན་མ་ཐོབ། དེ་སྦྱངས་པའི་དོན་ལ་བར་དོ་ན། ཡུན་རིང་པོ་གཅིག་སྦྱངས་དགོས་པར་སེམས་སོ། །རྣམ་སྨིན་རིག་འཛིན་དེ་བར་དོ་ལ། ཚོགས་བསྒྲུབ་དགོས་ནས། ཚེ་དབང་བར་དོ་ལ་ཐོབ་པ་ཡོད་དགོས་སོ། །དེ་དོན་གྱི་འདི་རྣམས་བརྟག་པར་བྱའོ། །ལེའུའི་མཚན་ནོ། །དྲང་། ཟག་བཅས་ཟག་མེད་དུ་སྦྱོར་བ་ལ་བར་ཆད་མེད་པའི་སྦྱོར་ལམ་ལ་ཚོམ་བུ་ཚོགས་བསྒྲུབ་ཀྱི་དལ་ལ་བརྟེན་ནས། མཐོང་ལམ་བསྒྲུབ་པར་བྱེད་པའི་ཐབས་སྟོན་པར་བྱེད་པའི་གཞུང་གི་ཚིག་དོན་རྣམས། གཅོད་ཅིང་མཚམས་འཛིན་པར་བྱེད་པས་ན། ལེའུ་ཞེས་བྱ་སྟེ། ཡས་བགྲང་བདུན་པའི་དོན་དུ་གདའོ། ༈ །ད་ནི་འཕགས་པའི་ལམ་གསུམ་སྟོན་ཏེ་དེ་ལ་ཟག་མེད་ཀྱི་རིག་འཛིན་བཞི་ཡོད། དེ་ལ་ཐོག་མར་རྣམ་སྨིན་རིག་འཛིན་གྱི་སྟོང་ཐུན་བརྗོད་ན། རྣམ་སྨིན་ལ་ཡང་དོན་བརྒྱད་ལས། དང་པོ་ནི། ཐོད་རྒལ་བའི་རྒྱུ། ཕྱག་རྒྱ་གཅིག་སྤྲོས་ཡིན། ཐར་ཆག་པའི་རྒྱུ་ཚོམ་བུ་ཚོགས་བསྒྲུབ་པ་ཡིན། དུས་ནི། ཚོམ་བུ་ཚོགས་བསྒྲུབ་ཀྱི་ས་ན། རབ་ཟླ་བ་དྲུག །རབ་འོག་ལོ་གཅིག །མཐའ་ལྟག་ལོ་གཅིག་དང་ཟླ་བ་གཉིས། ཐ་མས་ལོ་གཅིག་ཟླ་བ་བཞི་ནས། རྣམ་སྨིན་ཐོབ་བོ། །ཚེ་དབང་གི་རྒྱུ་དང་། དུས་ཀྱང་དེ་ཁོ་ནའོ། །དེ་ཡང་དེ་ཉིད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། ཞེས་པ་ནས། དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པའི་བར་དུ། ཚེ་དབང་གི་དུས་ཀྱི་སྐབས་སུ་གསུང་། ༈ །ངོ་བོ་ལ་གསུམ། མི་འཐད་པའི་ལུགས་དགག་པ་དང་། འཐད་པའི་ལུགས་བཞག་པ་དང་། དེ་ལ་རྩོད་པའོ། །དང་པོ་རྣམ་སྨིན་གྱི་ངོ་བོ་ནི། ཡིད་ལྷའི་སྐུར་སྨིན་པ་རྣམ་སྨིན་ཡིན་ཟེར་ན། སྣང་འབྱེད་མཐར་ཕྱིན་པ་འདི་ཡང་རྣམ་སྨིན་དུ་ཐལ། ཚེ་དབང་ཡང་རྣམ་སྨིན་དུ་ཐལ། ཡིད་ལྷའི་སྐུར་སྨིན་པ་ཙམ་དེ་གཉིས་ལ་ཡང་ཡོད་པས་སོ། །ཡང་ཡིད་དམ་ལྷར་སྨིན་པ་ལ་ལུས་ལྷ་དང་མིའི་ཆ་ལུགས་སུ་ཡོད་པ་ཡིན་ཟེར་ན། ཚེ་དབང་ཡང་རྣམ་སྨིན་དུ་ཐལ། དེ་ལྟར་ཡོད་པས་སོ། །གཉིས་པ་ནི། ཡིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་རྫོགས་ཤིང་། མིང་བཞི་དང་བཅས་པའི་ལུས་ཉིད་ལྷའམ་མིའི་ཆ་ལུགས་སུ་ཡོད་ཅིང་། ལུས་དེ་ཉིད་དང་འབྲལ་མ་ཐག །བར་ན་ལམ་གཞན་མེད་པར་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བ་གང་ཡིན་པའོ། །དེ་ཡང་དེ་ཉིད་ལས་ཡིད་ཀྱི་ལྷ་ཡི་གཟུགས་བཟུང་ནས། ཞེས་པ་ནས། གཟུགས་རྫོགས་སྟོབས་ཆེན་དེ་ཁོ་ན། ཞེས་པའི་བར་གསུང་། གསུང་པ་ནི། ངོ་བོ་ལ་རྩོད་པ་སྤང་བ་དང་། ཆ་ལུགས་ལ་རྩོད་པ་སྤངས་པ་དང་། ཟག་པ་ཡོད་མེད་རྩོད་པ་སྤང་བ་དང་། ཚེ་དབང་དང་ཁྱད་ཡོད་མེད་ཀྱི་སྒོ་ནས་རྩོད་པ་སྤང་བ་དང་བཞིའོ། །དང་པོ་ནི་རྣམ་སྨིན་གྱི་ངོ་བོ་དེ་ཡིད་ལྷའི་སྐུ་ཕྱག་ཆེན་པོར་སྟོབས་རྫོགས་ཤིང་ལུས་ལྷའམ་མིའི་ལུས་སུ་ཡོད་ལ། ལུས་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོར་སྦྱོར་བ་ཡིན་ན། ཚོམ་བུས་ཚོགས་བསྒྲུབ་པ་ཐོད་རྒལ་བ་ཕྱག་རྒྱ་ཆེན་པོ་ལ་སྦྱོར་ངེས་པ། དེ་ཡང་རྣམ་སྨིན་དུ་ཐལ། དེ་འདོད་ན། ཚོགས་བསྒྲུབ་ཐོད་རྒལ་བ་དེ་ཟག་མེད་དུ་ཐལ། རྣམ་སྨིན་རིག་འཛིན་ཡིན་པའི་ཕྱིར། དེ་ཡང་འདོད་ཐོག་ན། སྦྱོར་ལམ་ཟག་བཅས་མ་ཡིན་པར་ཐལ། ཞེ་ན། ཚོམ་བུ་ཚོགས་བསྒྲུབ་ཐོད་རྒལ་བ་དེ་ལ་ཡིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་སྟོབས་རྫོགས་ཤིང་། ལུས་ལྷའི་ལུས་སུ་ཡོད་ལ། ལྷ་མིའི་ལུས་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བ་ཙམ་གཅིག་ཡོད་ཀྱང་། བར་ན་ལམ་གཞན་མེད་པར་ཕྱག་རྒྱ་ཆེན་པོ་ལ་དངོས་སུ་སྦྱོར་བ་མེད་པས། དེའི་སྐྱོན་མེད་ཅིང་། འདི་ནི་གོང་གི་མཚན་ཉིད་གཉིས་ཀྱི་ཁ་བར་ན། ལམ་གཞན་མེད་པར་དངོས་སུ་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའི་ཆོས་གསུམ་ལྡན་དེ་ཉིད་རྣམ་སྨིན་ཡིན་པས་སོ། །གཉིས་པ་ནི། འོ་ན་རྣམ་སྨིན་པའི་ཆ་ལུགས་ཅི་ལྟར་ཡོད་བྱས་པ་ལ། ཁ་ཅིག་གིས། ལྷའི་སྐུར་ཡོད་དེ། འདི་ཉིད་ལས། ལྷག་མེད་འབྱུང་མེད་ལས་ལུས་མེད། །མྱ་ངན་འདས་པར་སྨིན་ཆས་བརྗོད། །ཅེས་ནས་སོ། །ལྷ་མིའི་ལུས་སུ་ཡོད་ན། ཟག་བཅས་སུ་འགྲོ་བས་ན་སྐྱོན་མེད་དོ། །དེ་ཅི་ལྟར་ཡིན་ཞེ་ན་ཟག་པ་མེད་པ་ནི། སྐྱེ་འཇིག་གི་ཆོས་དང་བྲལ་བའི་མྱ་ངན་ལས་འདས་པ་ཡིན་པས། དེས་ན་ལྷག་མའི་ལུས་འདི་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ཡང་མི་འཐད་དོ། །འགའ་ཞིག་གིས། རྣམ་སྨིན་ལྷའི་སྐུའི་ཕྱག་རྒྱ་ཆེན་པོར་ཡོད་ན་ཚེ་དབང་བས་བཟང་བར་ཐལ། ཚེ་དབང་ནི་ལྷ་མིའི་ལུས་སུ་ཡོད་ལ་རྣམ་སྨིན་ལྷའི་སྐུར་ཡོད་པའི་ཕྱིར་རོ། ༈ །ཡང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་ཁྱད་མེད་པར་ཐལ་ཏེ། རྣམ་སྨིན་དེའི་ལུས་སུ་ལྷའི་སྐུར་ཡོད་པའི་ཕྱིར་རོ། །ཡང་བཀའ་སྤྱི་དང་འགལ་ཏེ། བཀའ་སྤྱི་ནས་ཟག་པ་མེད་པའི་མཐོང་ལམ་དང་། འདིར་ཡོད་པར་བཤད་པའི་ཕྱིར་རོ། །གསུམ་པ་ལ། དེའི་སྐྱོན་མི་འོང་སྟེ། དང་པོ། ཚེ་དབང་བས་བཟང་བའི་སྐྱོན་མི་འོང་བ་ནི། རྣམ་སྨིན་ལུས་ལྷའི་སྐུར་ཡོད་པའི་དོན་གྱིས་སླར་ངན་པ་ཡིན་ཏེ། ལྷག་མའི་ལུས་འདི་ཉིད་མྱ་ངན་ལས་འདས་པར་ཁྱེར་མ་ནུས་པའི་ཕྱིར་རོ། །ཚེ་དབང་གི་ཁྱེར་ནུས་པས་བཟང་བ་ཡིན་ནོ། །ཡང་ཕྱག་རྒྱ་ཆེན་པོ་དང་ཁྱད་མེད་པར་ཐལ་བའི་སྐྱོན་མ་འོང་སྟེ། དཔེར་ན་བུ་ཆུང་དང་། མཁས་པ་པན་ཏྲི་ཏ་གཉིས། མི་ཙམ་དུ་གཅིག་ཀྱང་ཁྱད་ཡོད་པ་བཞིན། ལྷའི་སྐུ་ཙམ་དུ་གཅིག་ཀྱང་དགོངས་པ་ལ་ཁྱད་ཡོད་པས་སོ། །ཡང་། བཀའ་སྤྱི་ནས་བཤད་པའི་སྐྱོན་མི་འོང་སྟེ། བཀའ་སྤྱི་ནས་ཟག་པ་མེད་པའི་མཐོང་ལམ་པ་སྟེ། ལྷ་མིར་ཡོད་པར་བཤད་པ་དེ། ཚེ་དབང་ལ་དགོངས་པ་ཡིན་ནོ། །འགའ་ཞིག་གིས། སྐྱོན་དེ་རྣམས་མི་འོང་ཡང་། རྣམ་སྨིན་གྱི་ལུས་ལྷའི་སྐུར་ཡོད་པ་མི་འཐད་དེ། སྤྱིར་ཐོབ་པའི་དུས་ལ། ཚེ་འདི་ལ་ཐོབ་པ་དང་། ཕྱི་མ་ལ་ཐོབ་པ་དང་། ལན་གྲངས་གཞན་ལ་ཐོབ་པར་བཤད་པ་ལས། རྣམ་སྨིན་གྱི་ལུས་ལྷར་ཡོད་ན། ཚེ་འདི་ལ་ཐོབ་པ་རྒྱུན་ཆད་མེད་པར་འགྱུར་ཏེ། ལུས་རང་ཡང་སྣང་བས་སོ། །ལྷ་མའི་ལུས་འདོར་དགོས་པའི་ཕྱིར་རོ། །ཡང་། རྣམ་པར་སྨིན་པའི་ངེས་ཚིག་ཀྱང་མེད་དེ། ངེས་ཚིག་ནི་རྣམ་པ་ལྷ་མའི་ལུས་སུ་ཡོད་ལ། སྨིན་པ་ནི། ཡིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་སྟོབས་རྫོགས་པར་སྨིན་ཅིང་། ལུས་དང་བྲལ་མ་ཐག་ལྷའི་སྐུར་གསལ་བ་དེ་ཉིད་ཡིན་པས་སོ། །ཡང་། ཕྱག་རྒྱ་ཆེན་པོ་ལ་ཐོད་རྒལ་བ་འོང་བ་བཞིན་དུ། རྣམ་སྨིན་གྱི་ཆ་ལུགས་ཡིན་ཟེར་ན། འོ་ན་དགོངས་པ་ལྷ་དང་ཁྱད་མེད་པར་འགྱུར་རོ། །ཡང་། ལ་ལ་དག་གི། རྣམ་སྨིན་དག་གི་ཆ་ལུགས་ནི། དཔེར་ན་ཁྱུང་སྒོང་ལ་ཁྱུང་ཕྱུག་མི་ཟེར་བ་དང་། མའི་མངལ་ལ་སེང་ཕྲུག་མི་ཟེར། མངལ་གྱི་ནང་ལ་ཕྲུ་གུ་ལ་སེང་ཕྲུག་ཟེར་བ་བཞིན་དུ། ལུས་ལྷ་མིར་ཡོད་པ་ལ་རྣམ་སྨིན་མི་ཟེར། ཡིད་ལྷར་སྨིན་པ་དེ། རྣམ་སྨིན་གྱི་ཆ་ལུགས་ཡིན་ཟེར་ན། འོ་ན་དགོངས་པ་ལྷ་དང་ཁྱད་མེད་པར་འགྱུར་རོ། །ཡང་། ལ་ལ་དག་གི། ལུས་ལྷ་མིར་ཡོད་པ་དེ། འདི་ཡང་རྣམ་སྨིན་གྱིས་ལུས་ཡིན། ལྷའི་སྐུར་ཡོད་པ་འདི་ཡང་མིན། འོ་ན་གང་ཡིན་ན། ལུས་འདི་བྲལ་མ་ཐག་གི་བར་གྱིས་སྐད་གཅིག་མ་དེ་རྣམ་སྨིན་གྱི་ལུས་ཡིན། ཟེར་བ་དག་ཀྱང་ཡོད་དེ། དེ་ཡང་མི་འཐད་ཅིའི་ཕྱིར་ན། འོ་ན་རྣམ་སྨིན་གྱི་གཞན་དོན་བྱེད་དམ་མི་བྱེད། མི་བྱེད་ན་བྱེད་པར་བཤད་པ་དང་འགལ་ལོ། །བྱེད་ན་སྐད་ཅིག་མ་ལ་གཞན་དོན་རྫོགས་པར་ཐལ། འོ་ན་རྣམ་སྨིན་གྱི་ཆ་ལུགས་ཅི་ལྟར་ཡོད་ཅེས་པ་ལ། ལྷ་མིའི་ཆ་ལུགས་སུ་ཡོད་པ་ཡིན་ནོ། །འོ་ན་རྣམ་སྨིན་དེ་ལྷག་བཅས་སུ་ཐལ། དེའི་སྐྱོན་མི་འོང་། བྱས་པ་ལ་མི་འོང་སྟེ། མྱ་ངན་ལས་འདས་པ་ལ་གཉིས་ཡོད་པ་ལ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་དང་། མི་གནས་པའི་མྱ་ངན་ལས་འདས་པའོ། །ཕྱོགས་གཅིག་པའི་མྱ་ངན་ལ་འདས་པ། ཟག་མེད་ཀྱི་མྱ་ངན་ལ་འདས་པ་དེ་ཡིན་ཀྱང་། ༈ །མི་གནས་པའི་མྱ་ངན་འདས་པ་དེ་ནི། མྱ་ངན་ལ་འདས་པ་དེ་རང་གི་ཡང་མཐའ་ལ་མི་གནས་པ། ཐུགས་རྗེས་འཁོར་བ་ལ་འགྲོ་དོན་བྱེད་པའི་སངས་རྒྱས་ལ་ཟེར་བ་ཡིན་པས། མི་གནས་པའི་མྱ་ངན་ལ་འདས་སངས་རྒྱས་ཀྱི་ས་ལ་ལྷག་མིའི་ལུས་འདི་ཁྱེར་ནུས་མི་ནུས་ལ། ལྷག་བཅས་ལྷག་མེད་ཟེར་བ་ཡིན་པས། རྣམ་སྨིན་དེ་ནི་མི་གནས་པའི་མྱ་ངན་ལ་འདས་པའི་སར་ལུས་ཁྱེར་མི་ནུས་པས་ལྷག་མེད་ཟེར་བ་ཡིན་ནོ། །གསུམ་པ་ནི། འོ་ན་རྣམ་སྨིན་དེ་ཟག་བཅས་ཡིན་ནམ། ཟག་མེད་ཡིན། ཞེས་པ་ལ་ཟག་བཅས་ཡིན་ན། ཟག་མེད་ཀྱི་མཐོང་ལམ་དུ་མི་འཐད། ཟག་མེད་ཡིན་ན་ལུས་ལ་འདོར་བས་ལུས་ཀྱི་ཟག་པ་འདུག་པས། ཟག་མེད་དུ་མི་འཐད། ཅེས་པ་ལ། འགའ་ཞིག་གིས། ཟག་བཅས་སུ་འདུག་ཀྱང་ཟག་མེད་ཀྱི་ཁོངས་སུ་འདེབ་སྟེ། དཔེར་ན་ཉ་ལྕགས་ཀྱུས་འཛིན་པའམ། སྐྱེས་བུའི་རྒྱུ་ཞབས་སུ་མཚོན་རྒྱབ་པ་ལྟ་བུ་སྟེ། ལུས་ཀྱི་ཟག་པ་འདུག་ཀྱང་། ལུས་དེ་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་དུ་འགྱུར་བས། ཟག་མེད་ཡིན་གསུང་སྐད་དོ། །དེ་ཡང་མི་འཐད་དེ་ཅིའི་ཕྱིར་ན། ཟག་བཅས་སུ་འདུག་ན་ཟག་མེད་དུ་མི་འཐད། ཟག་མེད་ཡིན་ན། ཟག་བཅས་སུ་མི་འཐད། དེ་གཉིས་ཀ་འགལ་བ་ཡིན་པའི་ཕྱིར་རོ། །དེ་གཉིས་ཀྱི་བར་ན་ཕུང་པོ་གསུམ་པ་མེད་དོ། །ཡང་། འགའ་ཞིག་གིས། རྣམ་སྨིན་ཟག་མེད་ཡིན་ཏེ། ལུས་ཀྱི་ཟག་པར་འདུག་ཀྱང་། ཟག་པའི་རྩ་བ་སྐྱེ་གནས་ཡིན་པས། ཟག་པའི་རྩ་བ་མེད་པས་ཟག་མེད་ཡིན་གསུང་ཡང་། འགའ་ཞིག་གིས་ལུས་འདོར་བ་ཙམ་འདུག་པས། ལུས་ཀྱི་ཟག་པར་མི་འགྲོ་སྟེ། དེ་འགྲོ་ན། ཤཱཀ་ཐུབ་ལ་ཡང་། ལུས་འདོར་བ་ཙམ་འདུག་པས། ལུས་ཀྱི་ཟག་པ་ཡོད་པར་ཐལ་ལོ། །འོ་ན་ལུས་ཀྱི་ཟག་པ་གང་ལ་ཟེར་བྱས་པ་ལ། ལས་སམ་ནད་ཀྱི་སྡུག་བསྔལ་དང་བཅས་ནས་ལུས་འདོར་བ་དང་བཅས་ནས། ལུས་འདོར་བའི་ས་བོན་དང་བཅས་པ་ནི། ལུས་ཀྱི་ཟག་པའོ། །དེ་མིན་ན་ལུས་ཀྱི་ཟག་པ་མེད་པ་ཡིན་པས། རྣམ་སྨིན་དེ་ཡང་། ལུས་འདོར་བ་ཙམ་དུ་འདུག་ཀྱང་། ནད་ཀྱི་སྡུག་བསྔལ་མེད་པར་ལུས་འདོར་བ་ཡིན་ཏེ། ཡིད་ལྷའི་སྐུར་སྨིན་པས་སྟོབས་རྫོགས་ནས་ཡོད་པའོ། །དཔེར་ན་རྫུ་འཕྲུལ་ངན་ཀོག་ཏུ་འདོར་བ་དང་འདྲ་བའི་ཚུལ་དུ། ལུས་འདི་དོར་ནས་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བས་བྱེད་པའོ། །བཞི་པ་ནི། འོ་ན་ལྷག་བཅས་ཚེ་དབང་དང་། རྣམ་སྨིན་གཉིས་ཀྱི་མཐོང་ལམ་ལ་ཁྱད་པར་ཡོད་དམ་མེད། ཅེས་པ་ལ་མེད་ན། ཚེ་དབང་ལ་ཐོད་རྒལ་འོང་བ་བཞིན་དུ། རྣམ་སྨིན་ལ་ཡང་ཐོད་རྒལ་འོང་བར་ཐལ། ཁྱད་པར་ཡོད་ན། ཟག་མེད་ཀྱི་མཐོང་ལམ་གྱི་ངོ་བོ་ཡང་གཉིས་སུ་འགྱུར་རོ། །ཞེས་པ་ལ་ཁྱད་པར་ཡོད་དེ། འོ་ན་མཐོང་ལམ་གཉིས་སུ་འགྱུར་བའི་སྐྱོན་མི་འོང་ངམ་ཞེ་ན། མི་འོང་སྟེ། ངོ་བོ་མཐོང་ལ་དུ་མ་ཁྱད་པར་ལེན་ལ། ནུས་པ་ལ་ཁྱད་པར་ཡོད་པ་ཡིན་ཏེ། ཅི་ལྟར་ཡོད་ན་རྒྱུ་ལ་ཁྱད་པར་ཡོད་པས། མཐོང་ལམ་གྱི་འབྲས་བུ་ལ་ཡང་ཁྱད་པར་ཡོད་དོ། །དགོངས་པ་ལ་ཁྱད་པར་ཡོད་དོ། །དགོངས་པ་ལ་ཁྱད་པར་ཡོད་དེ། དོན་ཤེས་པ་ལ་རྒྱ་ཆེ་ཆུང་ཡོད་པའི་ཕྱིར་རོ། །ནུས་པ་ཆེ་ཆུང་འདུག་པས། ངོ་བོ་རང་ལ་ཡང་ཁྱད་པར་ཡོད་པ་བཞིན་ནོ། །འོ་ན་མཐོང་ལམ་ལ་གཉིས་སུ་མི་འགྲོའམ་ཞེ་ན་མི་འགྲོ་སྟེ། གཉིས་ཀ་མཐོང་ལམ་དུ་གཅིག་པ་ཡིན་པས་སོ། ༈ །བཞི་པ་རྣམ་གྲངས་ནི། རྡོ་རྗེ་རིགས་ཀྱི་རྣམ་པར་སྨིན་པ་ལ་སོགས་པ། རིག་འཛིན་གྱི་རྣམ་གྲངས་ཡིན་ཏེ། གཞུང་ན་གསལ་ལོ། །ལྔ་པ་དགོངས་པ་ནི་རིག་པ་ལྷ་སྐུ་གཅིག་དང་དུ་མ་ལས། གྲོལ་བའི་ཕྱག་རྒྱ་ཆེན་པོར་གསལ་བ་སྟོབས་རྫོགས་པའོ། །དྲུག་པ་སྤྱོད་པ་ནི། དལ་རལ་བའི་ཚུལ་སྤྱོད་པའོ། །ཞེས་གསུངས་པས། དེ་ཉིད་སྤྱོད་པ་ཐམས་ཅད་ལྷ་ལ་ལྷ་རོལ་བ་དང་། ཡེ་ཤེས་ལ་ཡེ་ཤེས། ཆོས་ཉིད་ལ་ཆོས་ཉིད་རོལ་པའི་ཚུལ་དུ་སྤྱོད་པའོ། ༈ །བདུད་པ་མངོན་པར་ཤེས་པ་ནི། དེ་ཉིད་ཀྱི་མངོན་ཤེས་ལའམ། ཉི་ཤུ་རྩ་ལྔས་གླིང་བཞི་ཚུན་ཆད་གསལ་བར་མཁྱེན་པའོ། །ས་ལམ་གང་མ་ལ་སྦྱོར་ཚུལ་ནི། རྣམ་སྨིན་གྱི་ཚེ་ཐོས་བསམ་སྒོམ་གསུམ་གྱིས། ཀུན་འགྲོའི་དྲི་མ་དག་མ་དག་ལ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བའོ། །གནས་སྐབས་ཀྱི་འབྲས་བུ་ཟག་མེད་ཀྱི་ལམ་ལ་གསུམ། བགྲང་། ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། དངོས་གྲུབ་ཅེས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་གཉིས་ལས་འདིར་ལྷག་པའི་ཞེས་པས། ཐུན་མོང་བས་མཆོག་ཏུ་འགྲོ་བ་ཟག་པ་མེད་པའི་མཆོག །གནས་སྐབས་ཀྱི་འབྲས་བུ་དེ་ཉིད་ལ། བསྙེན་བསྒྲུབ་རྣམ་པ་བཞི་ཡིས་གཞུང་བཞིན་དུ་བསྒྲུབ་པ་ལ་མོས་པར་བྱས་པ་ནི། བརྗོད་བྱ་དོན་གྱི་ཕྱོགས་ནས་ཞེས་པ་འབྲེལ་མཚམས་སྦྱར་བའི་ཚིག་གོ། །འཁོར་བའི་སྡུག་བསྔལ་མེད་པས་བདེ་ཆེན་རིག་འཛིན་གྱི་ས་ལ་དགོད་པའི་ཕྱིར། སྤྱིར་ལམ་ལས་མཚན་ཉིད་གསུམ་པ་ཟག་བཅས་ཚོགས་སྦྱོར་གཉིས་ཀྱི་ལམ་མཐར་ཕྱིན་པའི་གནས་སྐབས་ཀྱི་འབྲས་བུའི་མཚན་ཉིད། ཟག་མེད་མཐོང་སྒོམ་མཐར་ལམ་གྱི་རིག་འཛིན་བཞི་པོ་བཤད་པར་བྱ། གཞུང་དོན་ལ་གསུམ། མཐོང་ལམ་དང་། སྒོམ་ལམ་དང་། མཐར་ཕྱིན་པའི་ལམ་མོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། ཕྱག་རྒྱ་སྤྲོས་བཅས་མཐར་ཕྱིན་ནས། ཟླ་བ་བཅུ་དྲུག་ལ་སོགས་པ་རབ་འབྲིང་ཐ་མའི་དུས་ཚོགས་ཞི་ཁྲོ་ཚོམ་བུ་བར་ཆད་པ་བསྒྲུབ་པའི་སྦྱོར་ལམ་ཟག་བཅས་ཟག་མེད་དམ། ངན་སོང་དུ་ལྡོག་པའི་བར་ཆད་མེད་པའི་ས་ནས་ཞེས་པའམ། ཡང་ན་ཐོད་རྒལ་གྱི་དབང་བཙན་དུ། ཏིང་ངེ་འཛིན་བར་ཆད་མེད་པ། ཕྱག་རྒྱ་གཅིག་སྤྲོས་ཀྱི་ས་ནས། སྔར་འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་པའི་ལས་ལས་གྲུབ་པའི་ཕུང་པོ་ལུས་འདི་ཉིད་ལྷག་མ་མེད་པ་དང་། ཡོད་པའི་ཚུལ་གྱིས་མྱ་ངན་ལས་འདའ་བས། མཐར་ཐུག་གི་འབྲས་བུ་ལ་ཐར་ཆགས་དང་ཐོད་རྒལ་གྱི་ཚུལ་གཉིས་ཀྱིས་སྦྱོར་བ་ནི། ཚེ་རྣམ་གཉིས་ཡིན་ཏེ། འདི་ལ་ལྷག་མ་ཡོད་མེད་ནི། ཆོས་རྗེ་ཟུར་པ་ཚང་གིས་འདི་ལྟར་དུ་གསུང་སྟེ། འབྱུང་བ་དངས་མ་ལས་གྲུབ་པའི་ལུས་ནི་ལྷག་མ་མ་ཡིན་གྱི། འབྱུང་བ་རགས་པ་སྙིགས་མའི་ཆ་ལས་གྲུབ་པ་ལྷག་མའི་ལུས་ཞེས་བྱ་གསུང་སྟེ། དེ་ལྟར་ན། ཚེ་དབང་བར་དོ་ནས་ཐོབ་པ་དེ་ལྷག་མེད་དུ་ཐལ། འབྱུང་བ་རགས་པ་སྙིགས་མའི་ལུས་ལ་མེད་པའི་ཕྱིར་རོ། །ཡང་ན། རྣམ་སྨིན་བར་དོ་ན་ཐོབ་པ་འདི་ཆོས་ཅན། ལྷག་བཅས་སུ་ཐལ། འབྱུང་བ་རགས་པའི་ལུས་མེད་ཅིང་། དངས་མའི་ལུས་དེ་མ་དོར་བར་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའི་ཕྱིར་རོ། །གཏན་ཚིགས་མེད་དོ། །ཞེ་ན། མདོ་ལས། དེ་སོགས་གོང་དུ་སྐྱེ་འགྱུར་བའི། །དེའི་བྱིན་རླབས་འཛིན། ཅེས་པས། བར་དོའི་ལུས་དེ་ཕྱི་མ་གར་ལེན་གྱི་ལུས་ཀྱི་ཆ་ལུགས་སུ་ཡོད་པར་བཤད་པས། དེ་ཡང་ཕྱག་ཆེན་གི་ཆ་ལུགས་སུ་ཡོད་དགོས་པས། དེ་ཡང་མི་འདོར་རོ། །གསུངས་སོ། །ཡང་ན། བར་དོ་ནས་རིག་འཛིན་དེ་གཉིས་ཐོབ་པ་རྒྱུན་ཆད་དུ་ཐལ། འབྱུང་བ་དངས་མའི་ལུས་མི་འདོར་བའི་ཕྱིར་རོ། །འདོད་ན་གཞུང་དང་འགལ་ལོ། །འོ་ན་འགའ་ཞིག་གིས། འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་པའི་ལྷག་མ། རིག་འཛིན་ཐོབ་པའི་ལུས་འདི་ཡིན་པས་ལྷག་མའོ། །འདི་སངས་རྒྱས་ཀྱི་ས་ལ་ཁྱེར་ནུས་མི་ནུས་གསུང་སྟེ། དེ་ལ་ཡང་། བར་དོ་ནས་ཐོབ་པའི་རྣམ་སྨིན་དེ། ལྷག་བཅས་སུ་འགྱུར་བའི་སྐྱོན་འོང་བར་མཐོང་ངོ་། །དེའི་ལུས་མི་འདིིར་བའི་ཕྱིར་རོ་སྙམ་སྟེ་དཔྱོད་དོ། །འོ་ན་འདི་ནི་འབྱུང་བ་དྭངས་སྙིགས་གང་ལ་གྲུབ་ཀྱང་ལྷག་མ་ཡིན་ནོ། །ཐོབ་པ་གང་ན་ཐོབ་ཀྱང་རྣམ་སྨིན་ནི། རང་གི་ལུས་རྒྱུན་སྦྲུལ་ལྤགས་ལྟར་དོར་ནས། འབྲས་བུ་ཕྱག་ཆེན་ནམ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སར། རིག་པ་རྐྱང་པས་འགྲོ་བ་ལྷག་མེད་དུ་བཤད་དེ། མེ་ལོང་ལས། གལ་ཏེ་འབྱུང་བའི་ལུས་འཛིན་ན། །བདག་ཉིད་སྒོ་གསུམ་ལྷར་གསལ་ཞིང་། །འབྱུང་བ་བསགས་པའི་ལུས་ལ་གྲོལ། །ཏིང་ངེ་འཛིན་ནི་ཕྱག་རྒྱ་ཆེན་པོར་སྨིན། །ཁྱུང་ཕྲུག་སྦུབ་དང་བྲལ་བ་བཞིན། །མ་ལུས་ཕྱག་རྒྱ་སྒྱུ་མའི་མཆོག །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་པ་དང་། འདི་ཉིད་ལས། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །ཞེས་པ་གསུམ་གྱིས་གསལ་ལོ། །ཚེ་དབང་ནི། ལྷག་བཅས་ཡིན་ཏེ། ཐོབ་པ་གང་ནས་ཐོབ་ཅིང་དྭངས་སྙིགས་གང་ཡང་རུང་སྟེ། རང་གི་ལུས་རྒྱུན་གྱི་ལྷག་མ་འདི་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་ནས། དེ་ཉིད་སངས་རྒྱས་ཀྱི་ས་ལ་ཁྱེར་ནུས་པས་སོ། །དེའང་རྒྱས་པ་དང་། འདི་ཉིད་ལས། རྡོ་རྗེའི་ལུས་གྱུར་ཚེའི་རིགས། །ཞེས་པ་གསུམ་གྱིས་གསལ་ལོ། །ཡང་ན་འགའ་ཞིག་གིས། དེ་གཉིས་རང་གི་ངོ་བོའི་དུས་ན། ལྷག་བཅས་ལྷག་མེད་དུ་སྦྱོར། དེ་ལྟར་མ་ཡིན་ཏེ། དེ་གཉིས་རང་གི་དུས་ན་གཉིས་ཀྱི་ལྷག་མའི་ལུས་དང་བཅས་པའི་ཕྱིར་རོ། །འོ་ན་ཅི་ལྟར་ཡིན། སྤྱིར་ལྷག་མ་དང་བཅས་མ་བཅས་སམ། ལྷག་མ་ཡོད་མེད་ཞེས་བྱ་བར་འཇོག་པ་ནི། ཐོབ་པའི་ངོས་ནས་བརྩི་བ་དང་། སྦྱར་བའི་ངོས་ནས་བརྩི་བའོ། །དང་པོ་ནི། འཁོར་བའི་གནས་སུ་ཕུང་པོའི་ལྷག་མ་མ་ལུས་པར་ནི། ལྷག་མེད་དུ་སངས་རྒྱས་ཞེས་ཟེར་ལ། རོ་ལུས་ནས་སྤུར་སྦྱངས་དགོས་པ་རྣམས་ནི། ལྷག་མ་མ་ལུས་པར་གྲགས་སོ། །དེ་ནི་འཇིག་རྟེན་པ་ལ་གྲགས་པའི་དབང་དུའོ། །གཉིས་པ་ནི་དེ་ལ་གོ་བཟློག་ནས་འོངས་པའོ། །དེ་ལ་འདི་ཐ་མ་སྦྱར་ས་ནས་བརྩིས་པ་ཡིན་ཏེ། མཐོང་ལམ་རིག་འཛིན་གཉིས་པོ་རང་རང་གནས་སྐབས་དང་མཐར་ཐུག་གི་འབྲས་བུའི་རྟོགས་ཚོགས་ཀྱིས་ལུས་རྒྱུན་ཁྱེར་ནུས་མི་ནུས་བཞག་པའོ། །ཐུན་མོང་གི་ཐེག་པ་ཉན་ཐོས་ལ་ཡང་། ལྷག་བཅས་ལྷག་མེད་གཉིས་ཡོད་པ་ལྟ་བུར། རིག་འཛིན་གྱི་སྐབས་འདིར་ཡང་ལྷག་བཅས་ལྷག་མེད་གཉིས་ཟུང་དུ་སྟོན་པར་འགྱུར། ཡང་ན། ལམ་སྔ་མ་ལ་ཟག་བཅས་ཚོགས་སྦྱོར་རྣམས་ལ་ཐུན་མོང་ཞེས་བྱ་སྟེ། དེ་གཉིས་ལའང་བློ་ཆེ་ཆུང་ཡོད་པའི་དབང་གིས། རིམ་ཅིག་ཆར་གཉིས་ཡོད་པ་ལྟ་བུར། འདིར་ཡང་གྲངས་ཟུང་དུ་འགྱུར་རོ། །ཞེས་འཆད་དེ། དེའི་དོན་རྒྱས་པར་བཤད་ན། ཐུན་མོང་ལྟ་བུར་ཞེས་པ་དཔེ་སྟེ། ཐུན་མོང་གི་ཐེག་པ་ལ། རྣམ་གྲོལ་གྱི་ལམ་དང་། བར་ཆད་མེད་པའི་ལམ་གཉིས་ལས། ཐ་མ་ནས་དགྲ་བཅོམ་ཐོབ་ཚུལ་གཉིས་ཏེ། ཕུང་པོ་ལྷག་མ་དང་བཅས་པ་དབྱིངས་མྱ་ངན་ལས་འདས་པ་དང་ལྷག་མ་མེད་པའི་དབྱིངས་སུའོ། །དང་པོ་ནི། རྒྱུ་ཀུན་འབྱུང་གི་བདེན་པ་སྤངས་ཀྱང་། འབྲས་བུ་སྡུག་བསྔལ་གྱི་བདེན་པ་མ་སྤངས་པ་སྟེ། སྔར་གྱི་ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་རྟེན་ཕུང་པོ་འདི་དང་ནི་མ་བྲལ། སེམས་ཉོན་མོངས་པ་ཐ་དག་དང་བྲལ་བའོ། །དེ་བས་དགྲ་བཅོམ་པ་ལ་མཛེ་བྱུང་བ་དང་། གཡང་དུ་ལྷུང་བ་ལ་སོགས་པ་ཡོད་དེ། སྔར་གྱི་ལས་སྨིན་པ་ཡིན་སྐད། དེ་ཡང་སྤྱོད་འཇུག་ལས། ཉོན་མོངས་ཟད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་པ་དང་། མདོ་སྡེ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །འཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །དེ་བས་ན། དེ་ངན་ཤོས་ཡིན་ཏེ། ལུས་འདོར་དགོས་པའི་ཕྱིར་རོ། །དེ་ཡང་འདི་སྐད་དུ་ཕུང་པོ་དག་དང་མ་བྲལ་བར། །མྱ་ངན་འདས་པར་མི་འགྱུར་ཏེ། །དེ་ཚེ་དེར་ནི་སྤང་བྱ་ན། དེའི་ཚེ་ཡང་གྲོལ་བར་འགྱུར། །ཞེས་མངོན་ནོ། །གཉིས་པ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་འདས་པ་ནི། རྒྱུ་འབྲས་གཉིས་ཀ་སྤང་སྟེ། སེམས་ཉོན་མོངས་མཐའ་དག་དང་བྲལ་ནས། རྣམ་མིན་གྱི་ལུས་ཉིད་ཀྱང་མཚོ་ལ་འཁྱག་ཞུ་བའམ། ནམ་མཁའ་ལ་སྤྲིན་དེངས་པ་ལྟར་གྱུར་པའོ། །དེའང་གོང་ལ་འཕགས་པས་མཐར་ཐུག་གི་འབྲས་བུའོ། །དེ་ཡང་འདི་སྐད་དུ། ལུས་ཞིག་འདུ་ཤེས་འགག་པ་དང་། །ཚོར་བ་རྣམ་པ་བྲལ་འགྱུར་ཞིང་། །འདུ་བྱེད་ཉེ་བར་ཞི་བ་དང་། །རྣམ་པར་ཤེས་པ་ནུབ་འགྱུར་ཚེ། །སེམས་ནི་རྣམ་པར་གྲོལ་གྱུར་ཏེ། །མར་མེ་ཤི་བའི་རོ་བཞིན་ནོ། །ཞེས་སོ། །བྱང་ཆུབ་སེམས་དཔའ་ཡང་། ཅི་སྲིད་ཡིད་ཀྱི་ལུས་ཡོད་ཀྱི་བར། ལྷག་བཅས་ལ་ཡིད་གྱི་ལུས་དང་བྲལ་ནས་ལྷག་མེད་དེ། དེ་ལྟར་ཉན་ཐོས་ལ་ལྷག་བཅས་ལྷག་མེད་གཉིས་ཡོད་པ་ལྟ་བུར། འདིར་ཡང་མཐོང་ལམ་ལྷག་མེད་དུ་མྱ་ངན་ལ་འདའ་བའི་རྣམ་སྨིན་དང་། ལྷག་བཅས་སུ་འདའ་བའི་ཚེ་དབང་གཉིས་ཡོད་པས། མཐོང་ལམ་ཟུང་དུ་འགྱུར་ཞེས་བྱའོ། །ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་རྣམ་པ་གཉིས་སུ་འགྱུར། །ཞེས་སོ། །དེ་བས་ན། གོང་མ་རྣམས་ཀྱི་རྣམ་སྨིན་ལྷག་མེད། གཞན་གསུམ་ཀ་ལྷག་བཅས་སུ་བཞེད་དོ། །མཐོང་ལམ་གཉིས་ཡོད་པའི་དབང་གིས། དེ་གཉིས་ན་ཡང་སྦྱར་བའི་ལམ་གོང་མ་གཉིས་པོ་ལ་ཡང་། ལྷག་བཅས་ལྷག་མེད་གཉིས་གཉིས་ཡོད་ཟེར་རོ། །དོན་ལ་ལྷག་བཅས་ལྷག་མེད་གཉིས་ཀྱི་གོ། །ཉན་ཐོས་ལ་ལུས་མལ་ན་བཞག་པ་ལ་ལྷག་བཅས། ལུས་མ་བོར་བར་དགྲ་བཅོལ་ཐོབ་པ་ནི། ལྷག་མེད་དུ་འདོད་དེ། འདིར་ཚེ་རྣམ་གཉིས་ཀྱི་ལྷག་བཅས། མེད་ནི་དེ་ལས་གོ་བཟློག་པའོ། ༈ །རྒྱས་པར་བཤད་པ་གཉིས། ལྷག་མ་དེ་རྣམ་པར་སྨིན་པའི་རིག་འཛིན་དང་། ལྷག་བཅས་ཚེ་ལ་དབང་བའི་རིག་འཛིན་ནོ། །དང་པོ་ལ་བརྒྱད། བགྲང་། རྣམ་སྨིན་ཐོབ་པའི་རྒྱུ་དང་། དྲང་། དང་པོར་བཤད་པར་ཁས་བླངས་པ་ནི། དེ་ལྟར་གཉིས་ཡོད་པ་དེ་ལ་ཐོག་མ་རྣམ་པར་སྨིན་པའི་རིག་འཛིན་བཤད་པ་ནི། གང་ཞེ་ན། རྒྱུ་ནི། ཐོད་རྒལ་གྱི་དབང་བཙན་དུ། རབ་ཕྱག་རྒྱ་གཅིག་པ་དང་། འབྲིང་ཕྱག་རྒྱ་སྤྲོས་པ། ལྷ་དུ་མའི་རྣལ་འབྱོར་ཏིང་ངེ་འཛིན་ལ་ཉམས་བརྟན་ཞིང་མཐར་ཕྱིན་པར་བྱས་པ་ཉིད་ཀྱི་ས་ནས་རྣམ་སྨིན་ལ་སྦྱོར་བའམ། ཐར་ཆགས་པའི་དབང་བཙན་དུ་ཕྱག་རྒྱ་སྤྲོས་པའི་རྣལ་འབྱོར་དེ་མཐར་ཕྱིན་པར་བརྟན་པ་ཐོབ་ནས། སྦྱོར་ལམ་དུ་བློ་རབ་འབྲིང་ཐ་མའི་ཕྱེ་བས་ཟླ་བ་དྲུག་གམ་བཅུ་གཉིས་སམ། བཅུ་བཞིའམ། བཅུ་དྲུག་གི་བར་དུ། བསྙེན་བསྒྲུབ་པའི་ཚེ་རྣམ་པར་སྨིན་པའི་རིག་འཛིན་ཐོབ་པ་ཡིན། ཞེས་སྨོས་པའོ། །ངེས་ཚིག་ནི། ཚེ་དབང་ལྟར་སྐྱེ་ཤི་མེད་པ་རྡོ་རྗེ་ལྟ་བུའི་ལུས་སུ་སྨིན་ཅིང་གྲུབ་པར་མ་གྱུར་པ། ལྟ་བ་རྟོགས་པ་དང་། སྒོམ་པ་གོམས་པའི་སྟོབས་ཆུང་བ་དང་། རྐྱེན་བརྩོན་འགྲུས་དང་། སྨོན་ལམ་གྱི་མཐུ་ཞན་པའི་ཕྱིན་ན། རྣམ་རྟོག་གི་ལུས་ནི། རྣམ་རྟོག་རང་གཟུགས་ཀྱིས་ལུས་ཡིན་ཏེ། དུག་ལྔའི་རང་གཟུགས་ལ་རྒྱུད་ལྔའི་སེམས་ཅན་སྣང་བ་ལྟ་བུའོ། །འབྱུང་བའི་ལུས་ནི། འབྱུང་བཞི་འདུས་པའི་ཕུང་པོ། ལྷག་མའི་ལུས་ནི་འགའ་ཞིག་གིས་འབྱུང་བ་རགས་པ་སྙིགས་མའི་ཆ་ལས་གྲུབ་པ་ལ་ཟེར། སྔར་གྱི་ལས་ཀྱིས་འཕན་པ་ལས་གྲུབ་པ་ལས་ཀྱི་ལུས་དེ་བཞག་ནས། འབྲས་བུ་རྡོ་རྗེ་འཆང་ཆེན་པོའི་སངས་རྒྱས་ཀྱི་སར་ཕྱག་རྒྱ་ཆེན་པོ་དང་། ལྷུན་གྲུབ་བརྒྱུད་ནས་རིག་པས་འགྲོ་བས། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། ༈ །དུས་དང་། དྲང་། རྣམ་སྨིན་རིག་འཛིན་དེས། གཅིག་སྤྲོས་སམ། ཚོགས་བསྒྲུབ་ནས་ཐོབ་པ་དེའང་། རབ་ཀྱི་ཚེ་འདི་ལ་ཐོབ་པ་དང་། འབྲིང་གི་བར་དོ་དང་ཚེ་ཕྱི་མ་སྟེ་གཉིས་དང་། ཐ་མས་ཀྱང་སྐྱེ་བའི་ལན་གྲངས་བརྒྱུད་པ་གཞན་བདུན་ཚུན་ཆད་དུ་བློ་དང་བརྩོན་པ་རབ་དང་འབྲིང་ཐ་མའི་ཚུལ་དག་གིས་རྣམ་སྨིན་ཐོབ་པར་འགྱུར་གྱིས་དུས་བསྐལ་པ་གྲངས་མེད་ལ་སོགས་པར་མི་འགྱང་སྟེ། དེ་ཅིའི་ཕྱིར་ཞེ་ན། དགོངས་པ་ཏིང་ངེ་འཛིན་གསལ་བ་ཚོགས་ཀྱིས་སྤྱོད་ལམ་བརྟུལ་ཞུགས་དང་ལྡན་པ་དང་། སྒོ་གསུམ་གྱི་བརྩོན་འགྲུས་བསྐྱེད་པ་རྣམས་གཙོ་ཆེར་བྱེད་པའི་ཕྱིར་རོ། །ཡང་ན། དགོངས་པ་ནི་འབྲས་བུ་ལམ་དུ་བྱེད་པ་དང་། སྤྱོད་པ་ནི། རྨད་བྱུང་ཐབས་ཀྱིས་སྤྱོད་པ་ཉམས་སུ་བླངས་པ་དང་། བརྩོན་པ་དེ་དག་དང་ལྡན་པའི་ཕྱིར་རོ། ༈ །ངོ་བོ་ལ་གསུམ། བགྲང་། རྣམ་སྨིན་ངོ་བོའི་དཔེ་དོན་དང་། དྲང་། ཡིད་ལྷའི་སྐུའི་རྣལ་འབྱོར་དུ་ཏིང་ངེ་འཛིན་གསལ་ཞིང་ཡིད་ལྷར་རྫོགས་པར་སྨིན་པ་ལ་ལུས་ཀྱི་དྲ་བས་བསྒྲིབ་པར་འགྱུར་བ་སྟེ། དཔེར་ན་ཀ་ལ་པིང་ཀ་སྒོང་རྒྱས་བསྒྲིབ། མི་འཇིགས་སེང་གེའི་མངལ་རྒྱས་བསྒྲིབ་པ་བཞིན་དུ། འབྱུང་བ་ལུས་རྒྱ་དང་བྲལ་ནས་ལྷའི་སྐུ་མངོན་སུམ་དུ་སྣང་བར་བྱེད་པ་དེ་རྣམ་པར་སྨིན་པའི་རིག་འཛིན་ནོ། །རྣམ་སྨིན་གྱི་ངེས་ཚིག་དང་། དྲང་། ཡིད་ཀྱི་ལྷའི་གཟུགས་བཟུང་ཞིང་། ལུས་ཀྱི་རྒྱ་མདུད་དང་འདྲ་བ་མ་གྲོལ་བར་གྱུར་ནས། ལྷའི་སྐུ་ཉིད་མངོན་དུ་གསལ་བར་གྱུར་ནས། རྣམ་པར་སྨིན་པའི་རིག་འཛིན་ཞེས་དེ་ལ་གདགས་སོ། ༈ །ངོ་བོ་དངོས་དང་། དྲང་། དཔེར་ན་རྒྱ་མིག་སྐོལ་ཕོར་རྒྱ་པ་ཚྭ་ཚྭ་ཅི་ལྟ་བར་ལུས་རྒྱས་བསྒྲིབ་སྟེ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་ལ་མ་རག་པའི། ཡིད་ལྷའི་གཟུགས་སུ་རྫོགས་ཤིང་དགོངས་པ་སྟོབས་ཆེན་དེ་ཁོ་ན་རྣམ་སྨིན་རིག་འཛིན་ཡིན་ནོ། ༈ །བཞི་པ་དང་ལྔ་པ་དགོངས་སྤྱོད་ཐུན་མོང་དུ་བསྟན་པ་ལ་གཉིས། དགོངས་སྤྱོད་སྔ་ཕྱི་དང་ཕྱོགས་མཐུན་པར་སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོ་ནས་བསྟན་པའོ། །དང་པོ་ནི། རྣམ་སྨིན་དེ་ཡང་ལྟ་དགོངས་བཟང་ངན་དང་སྤྱོད་པ་ཟབ་མི་ཟབ་རྣམས་ལམ་གང་གོང་འོག་ཀྱིས་ཕྱེ་བས་ཁྱད་པར་གཉིས་ཡོད་པ་སྟེ། གང་ཞེ་ན། དེ་ཡང་ཕྱག་རྒྱ་གཅིག་སྤྲོས་ནས་ཐོབ་པ་ཡི་རྣམ་སྨིན་དགོངས་སྤྱོད་དམའ་ཞིང་། ཚོགས་བསྒྲུབ་ནས་ཐོབ་པའི་རྣམ་སྨིན་དགོངས་སྤྱོད་བཟང་ཞིང་མཐོ་བའོ། །རྒྱུ་མཚན་དེས་ན། གཅིག་སྤྲོས་ནས་ཐོབ་པ་དེ་དགོངས་སྤྱོད་རྒྱ་མཚོ་སྔ་མ་ཕྱག་རྒྱ་གཅིག་སྤྲོས་དང་རྒྱུ་མཐུན་ལ། ཚོགས་བསྒྲུབ་ནས་ཐོབ་པ་དེ། དགོངས་སྤྱོད་རྒྱ་མཚོ་དེ་ཕྱི་མ་ཚོགས་བསྒྲུབ་དང་རྒྱུད་མཐུས་པས། དེ་ལྟར་དགོངས་སྤྱོད་རྣམས་སྟོབས་ཆེ་ཆུང་གི་ཆས་རྣམ་སྨིན་དུ་མིང་གྲགས་པ་ཡིན་ནོ། །ཡང་ན་སྤྱོད་པ་རྒྱ་མཚོ་སྔ་མ་ཚོགས་བསྒྲུབ་དང་རྒྱུད་མཐུན། དགོངས་པ་རྒྱ་མཚོ་ཕྱི་མ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་རྒྱུད་མཐུན། འོ་ན་གོང་འོག་དང་ཁྱད་མེད་དམ་ཞེ་ན། སྤྱོད་པ་ཚོགས་བསྒྲུབ་པས་སྟོབས་ཆེ། དགོངས་པ་ཕྱག་ཆེན་པས་སྟོབས་ཆུང་། ཆེ་ཆུང་གི་ཆས་ཕྱེ་བས། འདི་རྣམ་སྨིན་རིག་འཛིན་གྱི་མིང་དུ་གྲགས་པ་ཡིན་ནོ། །དགོངས་པ་དང་། དྲང་། རྣམ་སྨིན་རིག་འཛིན་གྱི་དགོངས་པའི་ངོ་བོ་ལ་ལྷག་མའི་ལུས་མེད་འབྱུང་བའི་ལུས་མེད་ལས་ཀྱི་ལུས་མེད་པར་དགོངས་པ་མྱ་ངན་ལས་འདས་པ་ཡི་ལྷའི་སྐུར་སྨིན་པའི་ཆ་ནས་དགོངས་པའི་རྒྱུད་ཕྱག་རྒྱ་ཆེན་པོ་དང་མཐུན་པར་བརྗོད་པའོ། ༈ །སྤྱོད་པ་རྒྱ་མཚོ་དང་། དྲང་། དེ་ལ་བདག་གཞན་གཉིས་ཏེ། དང་པོ་རང་དོན་དུ་ཅི་སྤྱོད་ཞི་ཁྲོའི་དལ་དུ་གསལ་བས་ལྷ་ལ་ལྷའམ། དལ་ལ་དལ་རོལ་པའི་ཚུལ་མ་འགགས་པར་སྤྱོད་པས། བསོད་ནམས་དང་དེ་ལ་མ་ཞེན་པ་སྟེ་རང་བཞིན་མ་དམིགས་པར་ཤེས་པས་ཡེ་ཤེས་ཏེ། ཚོགས་གཉིས་ཟུང་འཇུག་ཏུ་རྫོགས་པར་བྱེད་པ་དེ་ནི་རྣམ་སྨིན་རིག་འཛིན་གྱི་བདག་གི་དོན་གྱི་སྤྱོད་པའོ། །གཞན་དོན་ནི། ཡིད་ལྷའི་སྐུར་སྨིན་པས་ཕྲིན་ལས། ཞི་རྒྱས་དབང་དྲག་བཞིས། གཞན་དོན་རྫོགས་པར་བྱེད་པ་ལ། གདུལ་བྱ་གང་ཡང་ཡལ་བར་མི་འདོར་བར་ཡང་དག་པའི་སའམ། དོན་ལ་དགོད་པ་ནི་གཞན་དོན་གྱི་སྤྱོད་པའོ། ༈ །མངོན་ཤེས་དང་། དྲང་། སྦྱོར་ལམ་བར་ཆད་མེད་པའི་ལམ་པའམ། མཐོང་ལམ་རྣམ་པར་སྨིན་པའི་རིག་འཛིན་གྱི་མངོན་པར་ཤེས་པ་ལམ་དེ་ཉིད་ཀྱི་མིང་ཅན་ཏེ། བར་ཆད་མེད་པའི་མངོན་ཤེས་དང་། རྣམ་པར་སྨིན་པའི་མངོན་ཤེས་ཞེས་བྱའོ། །འོ་ན་ཁྱད་པར་མེད་དམ་ཞེ་ན། ཚོགས་བསྒྲུབ་ལས་མངོན་ཤེས་ཀྱི་གྲངས་དང་ཡུལ་ལ་ཁྱད་པར་ཡོད་པར་མི་འགྱུར་ཀྱང་། ཅེས་པའང་། ཚོགས་བསྒྲུབ་ཏུ་འགྱུར་སྲིད་པ་ལ་འདིར་མི་འགྱུར་བ་སྟེ། འདིར་ཡུལ་དང་ངོ་བོ་གསལ་བ་དང་། ཟག་མེད་ཀྱི་ནུས་པ་སྟོབས་ཆེ་བས་ངེས་པ་ཉིད་དུ་ཁྱད་ཡོད་པར་འགྱུར་བ་ཡིན་ཏེ། ཡུལ་དཔག་པའི་ཚད་ནི། ཕྱག་རྒྱ་གཅིག་ནས། ཐོབ་པའི་རྣམ་སྨིན་གྱིས་དཔགས་ཚད། སྤྲོས་པ་ནས་གླིང་ཁམས་གཅིག །ཚོགས་བསྒྲུབས་ནས་གླིང་བཞིའི་ཡུལ་ཁམས་ལ་སྦྱོར་བའམ། ཡང་ན་མངོན་པར་ཤེས་པ་དཔག་ཅིང་ཤེས་པའི་ཚུལ་གྱི་ཚད་ནི། གླིང་ཁམས་ཀྱི་ཡུལ་སྦྱོར་ཞིང་ཤེས་པའོ། །ལམ་གང་མ་ལ་སྦྱོར་བའི་ཚུལ་དང་། དྲང་། གང་རྣམ་སྨིན་རིག་འཛིན་དེ་ལུས་རྒྱ་དང་བྲལ་མ་ཐག་པའི་དུས་སུ། ཡིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་རྫོགས་པའི་ལྷའི་སྐུ་བདག་ཉིད་དངོས་སུ་འགྱུར་བས། རྡོ་རྗེ་སེམས་དཔའི། རྣམ་སྣང་། རིན་འབྱུང་། མཐའ་ཡས། དོན་འགྲུབ་དང་ལྔ་ལ་སོགས་པ་རིགས་གང་ཡིན་པ་དེ་རིག་པས་འཛིན་པས། དེ་ཀ་ལ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་སྟེ། རྣམ་སྨིན་གྱི་གནས་སྐབས་ཀྱི་འབྲས་བུའོ། །རིག་འཛིན་གྱི་དོན་བཤད་ན་གསུམ་སྟེ། ངོ་བོ་དང་། དབྱེ་བ་དང་། མཚན་ཉིད་དོ། །དང་པོ་ནི། ཟག་མེད་གྱི་མཐོང་ལམ་ཡན་ཆད་ལ་གནས་པའི་རྟེན་གྱི་གང་ཟག་མཉམ་རྗེས་ལ་ལྷ་དང་། རིག་པའི་གནས་ལུགས་སམ། འཆར་ལུགས་ཤེས་པའོ། །དབྱེ་བ་ནི་རིག་འཛིན་གྱི་ས་དང་། རིག་པ་འཛིན་པའོ། །དེ་ལྟར་གཉིས་སུ། སྤར་ཁབ་ལས། གཞན་དག་གི་ཕྱིར་ཏིང་ངེ་འཛིན་རིག་པ་ཡུལ་གྱིས་མི་འཕྲོག་པ་ཉིད། རིག་པ་ཟིན་པའི་ཕྱིར། རིག་པ་འཛིན་པ་སྟེ། ཕྱག་རྒྱའི་རྣལ་འབྱོར་ལ་སོགས་པ་ནི། སོ་སོའི་རིག་འཛིན་པ་ཁོ་ནའོ། །ཞེས་སོ། །གཞན་ཡང་། རིག་འཛིན་དུ་གྲགས་པ་ནི་མང་ལ། རིག་པ་འཛིན་པའི་ལུང་ནི། རྩ་རྒྱུད་ལས། ས་རབ་རིག་པ་འཛིན་ལ་གནས། ཞེས་པ་དང་། རྡོ་རྗེ་མེ་ལོང་ལས། རིག་པའི་སྐྱེས་བུར་ལུང་ཐོབ་བོ། །ཞེས་པ་དང་། མདོ་ལས། རིག་པ་འཛིན་པ་ཆེན་པོ་ཞེས་དང་། མན་ངག་ནི། འདི་ཉིད་ལས། མཐོང་གོམས་མཐར་ལྡན་རིག་པ་ཉིད། །ཅེས་པ་གསུམ་གྱིས་གསལ་ལོ། །མཚན་ཉིད་ལ་གཉིས་ལས། རིག་པ་འཛིན་པའི་མཚན་ཉིད་ནི། སངས་རྒྱས་ཀྱི་དགོངས་པ་རང་གིས་རིག་པ་ལ་རྫོགས་པ་མི་གཏོང་བར་འཛིན་པའམ། ཟག་མེད་ཀྱི་མི་རྟོགས་པ་ཡུལ་གྱི་མི་འཕྲོག་པར་འཛིན་པའོ། ༈ །རིག་འཛིན་གྱི་མཚན་ཉིད་ནི། ཡི་དམ་གྱི་ལྷ་རིགས་ལྔ་གང་བྱེད་ཀྱི་རིགས་མི་གཏོང་བར་འཛིན་པའོ། །དེ་ཡང་འདི་ཉིད་ལས། མཁས་རྟོག་གོམས་སྤྱོད་རིག་པ་འཛིན། །ཅེས་པ་གསུམ་དང་། ཐུགས་ཐིག་ལས། མེ་ཆུ་རླུང་གི་རིགས་གནས་བཞིན། །གང་རིགས་ཟིན་པ་མི་གཏོང་བ། །དང་པོ་འབྱུང་དང་བྱ་བྱེད་དང་། །ཐ་མ་རྒྱུད་འཛིན་གསུམ་གྱིས་འགྲུབ། །ཅེས་སོ། །སྤར་ཁབ་ལས་ཀྱང་། རང་གི་ངོ་བོ་ཡོངས་སུ་སྨིན་པ་དང་། །དེ་ཉིད་ཀྱི་འབྲས་བུ་ཡོངས་སུ་ལེན་པའི་ཕྱིར། འབྲས་བུའི་མཚན་ཉིད་དེ། དེ་ཡང་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ནི། སོ་སོའི་རིག་པ་འཛིན་པ་ཁོ་ནའོ། །དེའང་རྣམ་སྨིན་པའི་རིག་འཛིན་དང་ཕྱག་རྒྱ་ཆེན་པོའི་རིག་འཛིན་གཉིས་སོ། །ཞེས་སོ། །དེའི་ཤུགས་ཀྱིས་ཚེ་དབང་དང་། ལྷུན་གྲུབ་གཉིས་རིག་པ་འཛིན་པ་གཙོ་བོས་མངོན་ནོ། །ཡང་སྤར་ཁབ་དང་། སྤྱན་འགྲེལ་གཉིས་ཀ་ལས། ཕྱག་རྒྱའི་རྣལ་འབྱོར་དང་། ཡེ་ཤེས་ཀྱི་རྣལ་འབྱོར་གཉིས་སུ་ཡང་བཤད་དོ། །དེ་ཡང་རིག་འཛིན་མཚན་བཅས་ཡིན་ལ། རིག་པ་འཛིན་པ་ནི་མཚན་མེད་དོ། །རིག་པ་འཛིན་པ་ལ་ལྔ་ཡོད་པ་ལ། ད་ལྟ་ཐམས་ཅད་མཐུན་པ་རྡོ་རྗེའི་རིགས་དང་། དེ་བཞིན་རིགས་དང་། རིན་ཆེན་དང་། པདྨ་དང་། ལས་ཀྱི་རིགས་དང་ལྡན་གྲག་པོ་འདིའི་དོན་རིགས་ལྔ་ཀུན་ལ་བརྟགས་པས། ཐ་དད་དུ་གྲགས་ཚུལ་བརྒྱད་དེ། གསུང་ས་བོན་ལས་རིགས་སུ་བརྟག་པ་དང་། ཐུགས་ཕྱག་མཚན་དང་། སྐུ་རྒྱས་འདེབས་ལས་དང་། ངོ་བོ་ལས་དང་། ཕྱོགས་དང་། ཁ་དོག་དང་། དབྱིབས་དང་། ལས་ལས་རིགས་སུ་བརྟགས་པའོ། །དང་པོ་ནི། ལྷ་བསྐྱེད་ཡི་གེ་བཞི་བཅུ་རྩ་གཉིས་ལས་རིགས་སུ་ཕྱེ་བའོ། །གཉིས་པ་ནི། ཕྱག་ན་རྡོ་རྗེ་བསྣམ་པ་ལ་རྡོ་རྗེའི་རིག །དེ་བཞིན་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་བསྣམས་པ་དག་གིས་རིགས་སུ་གྲགས་པའོ། །གསུམ་པ་ནི། མི་བསྐྱོད་པ་དང་། རྣམ་སྣང་དང་། རིན་འབྱུང་དང་། སྣང་མཐའ་དང་། དོན་ཡོད་གྲུབ་པར་བརྟགས་ཤིང་རྒྱས་གདབ་པའོ། །བཞི་པ་ནི་མི་འཁྲུགས་པའི་རིགས་དང་། དེ་བཞིན་རིགས་དང་། ཡོན་ཏན་དང་། འོད་དཔག་མེད་དང་། ཕྲིན་ལས་ཀྱི་རིགས་སུ་གྲགས་པའོ། །སྤྲོས་པའི་སྐབས་ནས། བརྟེན་པ་མདུན་རྒྱབ་སྐུ་གསུང་ཐུགས། །འཁོར་ལོ་རྫོགས་པ་འབྲུ་གསུམ་བརྡའ། །ཞེས་པ་དང་། བརྟེན་ནས་གཡས་དང་གཡོན་ཉིད་དུ། །ཡོན་ཏན་ཕྲིན་ལས་དལ་བཞག །ཅེས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔར་བཞག་གོ། །ལྔ་པ་ནི། དབུས་དང་ཤར་ལྷོ་ནུབ་བྱང་ལ་རིགས་སུ་བརྟག་པའོ། །དྲུག་པ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ། རྒྱུད་ལས། མཐིང་ཀ་དང་། དཀར་པོ་དང་། སེར་པོ་དང་། ལེ་བརྒན་དང་། ལྗང་ཀུའི་མདོག་ཏུ་འཚེར་བ། ཞེས་སོ། །བདུན་པ་ནི། ཟླུམ་པོ་དང་། གྲུ་བཞི་དང་། ཟླ་གམ་དང་། གྲུ་གསུམ་དང་། སྣ་ཚོགས་པའི། བརྒྱད་པ་ནི། ལྷུན་གྱིས་གྲུབ་པའི་ལས་དང་། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོའི་རིགས་ཞེས་བརྟགས་པའོ། །དེ་ལ་འདིར་ནི། རྣམ་སྨིན་དང་། ཕྱག་རྒྱ་གཅིག་པའི་རིག་འཛིན་འདི་གང་ལས་བརྟག་པའི་རིག་འཛིན་ལྔ་པོ་ཡིན་ཞེ་ན། དེ་རྣམས་རང་བཞིན་ཐ་དད་པ་མ་ཡིན་ཀྱང་། འདི་ནི་ཕྱག་མཚན་ལས་བརྟགས་པའི་རིགས་ལྔའི་རིག་འཛིན་ཏེ། འདི་ཉིད་ལས། རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲི་རིག་འཛིན་འགྱུར། །ཞེས་སོ། །རྣམ་སྨིན་དང་ཚེ་དབང་གཉིས་ཀྱིས་དབྱེ་བ་དང་འདུ་བའོ། །དྲང་། དེའི་ཕྱིར་ཕྱག་རྒྱ་ཆེན་པོ་དང་སྦྱོར་ལམ་བར་ཆད་མེད་པ་གཉིས། ལམ་མཆོག་མཐོང་ལམ་རྣམ་སྨིན་ཚེ་དབང་གཉིས་ཀྱི་རིགས་གཉིས་སུ་དབྱེ་བའི་ས་དང་འདུ་ས་གཅིག་ཡིན་པས་ལམ་འུར་རྡོའི་དཀྱིལ་ལྟ་བུ་ཡིན་ནོ། །ཞེས་པའམ། ཡང་ན། དེ་ཕྱིར་ཕྱག་རྒྱ་ཆེན་པོ་ཐོབ་པ་ལ་བར་ཆད་མེད་པའི་ལམ་མཆོག་ཟག་མེད་མཐོང་ལམ་གཉིས་སོ། །རབ་ཕྱག་རྒྱ་གཅིག །འབྲིང་སྤྲོས་བཅས། ཐ་མ་ཚོགས་བསྒྲུབས་ནས་ཐོབ་པའི་ཕྱིར། དབྱེ་ས་གསུམ། འདུ་ས་ཕྱག་རྒྱ་ཆེན་པོའི་རིག་འཛིན་གཅིག་པོ་ཡིན། ད་ནི་ཚེ་དབང་གི་སྟོང་ཐུན་ལ། རྒྱུ་དུས། ངོ་བོ། རྣམ་གྲངས། དགོངས་པ། སྤྱོད་པ། མངོན་ཤེས། ལམ་གོང་མ་ལ་སྦྱོར་ཚུལ་དང་བརྒྱད་དོ། །དང་པོ། རྒྱུ་ནི། ཚོགས་བསྒྲུབ་མན་ཆད་ལ། བརྟན་པ་ཐོབ་པ། ཡོ་བྱད་ཐབས་ཀྱི་སྟོབས་ལས་སྐྱེས་པ་གཅིག་དགོས་སོ། །གཉིས་པ་ནི། དེ་ཉིད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ཞེས་པ་ནས། དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་པའི་བར་དུ་གསུང་པ་སྟེ། རྣམ་སྨིན་དུ་གསུང་པ་བཞིན་ནོ། །རྣམ་སྨིན་ཐོབ་པའི་དུས་ཀྱང་གཉིས་སུ་སྦྱོར་བ་དེ་བཞིན་དུ་ཤེས་པར་བྱའོ། ༈ །གསུམ་པ་ལ། ངོ་བོ་དང་། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། མིང་བཞི་དང་བཅས་པའི་ལུས་ཉིད་རྡོ་རྗེའི་ལུས་སུ་འགྲུབ། མིང་བཞིའི་ལྷག་མའི་ལུས་ཀྱི་ངོ་བོ་མ་སྤངས་པར་གོང་མ་ལ་སྦྱོར་བའོ། །གཉིས་པ་ནི། འོ་ན་ཚོགས་བསྒྲུབ་པ་ཚེ་འདི་ལ། ཚེ་དབང་ཐོབ་ལ་མ་རག་པའི་ཚེ་དབང་སྒྲེས་པོ་དེ་ཡང་ཚེ་དབང་དུ་ཐལ། ལུས་དེ་ཉིད་མི་འདོར་བའི་ཕྱིར་རོ། །ཞེ་ན། ལེན་ནི། ཐོབ་ནས་ཐལ་ཟེར་རམ། མ་ཐོབ་པའི་ངོས་ནས་ཐལ་ཟེར། སྔ་མ་ལྟར་ན། ལུས་མི་འདོར་བ་ཙམ་གཅིག་ཡོད་ཀྱང་། ལུས་དངོས་སུ་ཡོད་པ་མ་ཡིན་ཏེ། ཟག་པའི་ས་བོན་ཆ་ཕྲ་བ་ཡོད་པའི་ཕྱིར། ཚེ་དབང་མ་ཡིན་ན། ཅི་སྟོ་སྟེ་ཁྱབ་པ་མ་གྲུབ་བོ། །ཕྱི་མ་ལྟར་ན། འདོད་ཐོག་གོ། ༈ །བཞི་པ་ལྟར་ན། ཚེ་དབང་ཙམ་གྱི་རྣམ་གྲངས་དང་། ལམ་མཆོག་ཡོངས་སུ་བསྒྲུབ་པའི་ཚེ་དབང་གི་རྣམ་གྲངས་སོ། །དང་པོ་ནི། འདི་ཉིད་ལས། ངོ་བོ་སྨན་དང་ཐབས་རིག་འཛིན། །ཅེས་སོགས་གསུངས་པས། སྨན་གྱི་རིག་འཛིན་དང་། ཐབས་དང་། རླུང་དང་། ལམ་མཆོག་ཡོངས་སུ་བསྒྲུབ་པའི་ཚེ་དབང་ངོ་། །ཕྱི་མ་ནི་གཞུང་ན་གསལ་ལོ། །ལྔ་པ་ནི། མ་འགགས་པ་ཕྱག་རྒྱའི་དགོངས་པ་དང་། མ་དམིགས་པ་ཆོས་ཉིད་ཀྱི་དགོངས་པའོ། །དང་པོ་ནི། སངས་རྒྱས་སྟོང་གི་དལ། དགོངས་པ་ལ་མཐར་ཕྱིན་གསལ་བའོ། །ཕྱི་མ་ནི། ཆོས་ཉིད་རང་གི་མཚན་ཉིད་ཅི་བཞིན་པ་ཡུལ་མེད་རང་གསལ་དུ་རྗེས་ཤེས་དང་སྐྱེ་འགགས་བྲལ་བའི་ངོ་བོར་གནས་པའོ། ༈ །དྲུག་པ་ནི། བདག་གཞན་གྱི་སྤྱོད་པ་གཉིས་ལས། སྔ་མ་ནི། ཚེ་དབང་དེ་ཉིད་ཀྱི་ཤེས་རབ་རྣམ་གསུམ་གྱིས་ཀུན་འགྲོའི་སྒྲིབ་པ་དག་པར་བྱེད་པའོ། །ཕྱི་མ་ནི། ཕྲིན་ལས་རྣམ་ལྔས་གཞན་དོན་རྫོགས་པར་བྱེད་པ་སྟེ། གཤིན་རྗེ་ལ་ལའི་ཞལ་ནས། སྟོང་གསུམ་གྱི་སྟོང་ཆེན་པོ་ལ་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ཡོད་པས། དེ་དག་ཉིད་འདུལ་བ་ཡིན་གསུང་སྐད། བླ་མ་རྣམས་ནི། སྟོང་གསུམ་གྱི་སྟོང་ཆེན་པོ། རང་བརྒྱ་འདུལ་བ་ཡིན་གསུང་། བདུན་པ་མངོན་པར་ཤེས་པ་བདུན་ནམ་ཉི་ཤུ་རྩ་ལྔས་སྟོང་གསུམ་འཇིག་རྟེན་བརྒྱ་ཚུན་ཆད་མཁྱེན་པའོ། །བརྒྱད་པ་ནི། ཚེ་དབང་དེ་ཉིད་གྱི་ས་ནས། གོང་མ་ལ་སྦྱོར་ཚུལ་གཉིས་ལས་ཐར་ཆགས་པ་ནི་ཚེ་དབང་གི་ཚེ། ཀུན་འགྲོ་སྒྲིབ་པ་དང་བྲལ་མ་ཐག །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཁོ་ན་ལ་སྦྱོར་བའོ། །ཐོད་རྒལ་བ་ནི། དེ་ཉིད་ཀྱི་ས་ནས་ཤེས་རབ་རྣམ་གསུམ་གྱིས། ཀུན་འགྲོའི་སྒྲིབ་པ་དག་པར་བྱས་པའི་ཚེ། ལྷུན་གྱི་གྲུབ་པའི་རིག་འཛིན་ལ་སྦྱོར་བ་དེ་ནི། ལྷན་ཅིག་སྐྱེས་པའི་དྲི་མ་སྤང་ཞོར་དག་པ་དེ་ཉིད་ལ་སྦྱོར་བའོ། །འདི་ཉིད་ལས། རྒྱ་དོར་ཅིག་ཆར་འཐར་འགྲོ་བ། །ཆོས་ཉིད་དམ་ཚིག་སྨན་མཐུ་ཡིན། །གསུང་པས་སོ། །གཞུང་དེ་ལ་བརྟེན་ནས། ལ་ལ་དག་གི་ཚེ་དབང་ཐོད་རྒལ་དབང་དག་ལ་གཉིས་སུ་བྱས་ནས། གཅིག་ནི་ལྷུན་གྲུབ་རིག་འཛིན་ལ་སྦྱོར་ཞིང་དེ་བས་བློ་ཆེ་བ་ནི། ལམ་གཉིས་བོར་ནས་སངས་རྒྱས་ཀྱི་ས་ལ་སྦྱོར་བར་འདོད་པ་ཡང་ཡོད་དེ། རྒྱ་དོར་ཅིག་ཆར་མཐར་འགྲོ་བ། །ཞེས་གསུངས་པས། དེ་ལྟར་འདོད་པའང་ཡོད་དོ། །ལ་ལ་དག་གིས། རྒྱ་དོར་ཅིག་ཆར་མཐར་འགྲོ་བ། །ཞེས་གསུངས་པ་དེ་ནི། ཕྱག་རྒྱ་ཆེན་པོའི་རིག་འཛིན་དོར་ནས། མཐར་འགྲོ་ཞེས་པས་མཐར་ལམ་པ་ཁོ་ན་ལ་སྦྱོར་བ་ཡིན་གྱི། ལམ་གཉིས་དོར་ནས་སངས་རྒྱས་ལ་སྦྱོར་བའི་ཚིག་མ་ཡིན་པས། ལམ་གཉིས་དོར་ནས་སངས་རྒྱས་ལ་སྦྱོར་བའི་ཐོད་རྒལ་བ་དེ་མི་འཐད་གསུང་སྟེ། དེ་ཡང་རྩ་རྒྱུད་ལེའུ་བཅུ་གཉིས་པ་ནས། སངས་རྒྱས་ལ་སྦྱོར་བར་བཤད་པས། འགལ་བ་མེད་པར་སེམས་སོ། །གཞན་ཡང་སྤྱིར་རིག་འཛིན་ལ་གསུམ། དགོས་དང་། རིག་འཛིན་གང་ཡིན་ངོས་བཟུང་བ་དང་། རིག་འཛིན་གསུམ་གྱི་ངེས་ཚིག་ལ་རྩོད་པ་སྤངས་པའོ། །དང་པོ་དངོས་ལ་གཉིས། དངོས་ཀྱི་ཕྱི་མོ་ངོས་བཟུང་བ་དང་། དེའི་རིག་འཛིན་ལུགས་སོ། །དང་པོ་ལ་གསུམ་སྟེ། ཚེ་དབང་དངོས་སམ་ཕྱི་མོ་ནི་སྤྲུལ་སྐུ་སྟེ་སྐྱེ་ཤི་ལ་དབང་ཐོབ་པས་སོ། །ཕྱག་རྒྱ་ཆེན་པོ་དངོས་ནི་ལོངས་སྐུ་སྟེ། ཡེ་ཤེས་སྐུའི་ཕྱག་རྒྱར་བཞུགས་པས། །ལྷུན་གྲུབ་དངོས་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་རྒྱལ་བ་དྲུག་པ་སྟེ། སྐུ་ལྔ་ལྷུན་གྱིས་གྲུབ་པས་སོ། དེ་དག་སོ་སོའི་རིག་འཛིན་ལུགས་ནི། དང་པོ་ལ་ཚེ་ལ་དབང་བའི་རིག་འཛིན་ཅིང་གདུང་འཚོབ་པའོ། །ཟག་མེད་ཀྱི་མཐོང་ལམ་མོ་གསུང་སྟེ། ཚེ་དབང་བའོ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་པ་ནི། ཟག་མེད་ཀྱི་སྒོམ་ལམ་པའོ། །དེ་ལྷུན་གྲུབ་ཀྱི་རིག་འཛིན་ནི། མཐར་ལམ་པའོ། །དེ་ཡང་ཚེ་དབང་གི་སྐབས་ན། མི་གཏོངས་བཟུངས་ལ་མིང་ཐོབ་པ། ཞེས་པ་གཉིས་དང་། ལྷུན་གྲུབ་ཀྱི་སྐབས་ན། ཆ་བྱད་རྒྱལ་བ་ཉིད་དུ་སྟེ། ཞེས་པ་བཞིས་གསལ་ལོ། །སྔ་རབས་པ་རྣམས་རིག་འཛིན་འཆད་ཅིང་། དངོས་སམ་ཕྱི་མོ་ངོས་མ་ཟིན་པ་ནི། ཕ་མྱེས་ངོ་མ་ཤེས་པར་བུ་ཙའི་ཆོ་འབྲང་འཆད་པ་ལྟ་བུའོ་གསུང་། གཉིས་པ་ངེས་ཚིག་གི་བརྩད་པ་སྤང་ལ་གསུམ་ལས། ཚེ་ལ་དབང་བའི་རིག་འཛིན་གྱིས་ངེས་ཚིག་ནི། ཁ་ཅིག་ཚེ་ལ་དབང་ཐོབ་སྟེ། བསྒྲེས་རྒུད་མེད་པ་ཡིན་ཟེར་རོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་དང་། ལྷུན་གྱིས་གྲུབ་པའི་རིག་འཛིན་གཉིས་ཀྱང་ཚེ་དབང་དུ་ཐལ་ཏེ། ཤིན་ཏུ་ཡང་ཚེ་ལ་དབང་ཐོབ་པའི་ཕྱིར་ཞེ་ན་འདི་དོན་ནི། སྦྱོར་ལམ་མན་ཆད་ནི་ཚེ་ལ་དབང་མ་ཐོབ་ལ། རྣམ་སྨིན་གྱི་ངོ་བོ་ལ། ཚེ་འགགས་པ་མེད་ཀྱང་། ལུས་འདོར་དགོས་པས་ཚེ་དབང་དུ་མ་གྲགས་སོ། །ཟག་མེད་ཀྱི་མཐོང་ལམ་ཡན་ཆད་ན། ཚེ་ལ་བསྲིང་བསྟུང་གི་དབང་ཡོད་པའི་འགོ་ཟུག་པས། དེ་སྐད་ཅེས་བྱའོ། །ཕྱག་རྒྱ་ཆེན་པོ་དང་། ལྷུན་གྲུབ་པ་གཉིས་ནི་ཚེ་དབང་ཐོབ་པར་མ་ཟད། བསྐལ་པར་གནས་ཀྱང་བསྐུལ་མི་དགོས་པས། དབང་བསྒྱུར་ཞིང་བརྟན་པ་ཡིན་ཀྱང་། ཚེ་དབང་དུ་མིང་མི་འདོགས་པ་ནི། ལོངས་སྐུ་དང་ལྷུན་གྲུབ་ཀྱི་རིག་འཛིན་པ་ལ་བརྟགས་པའོ། །ཕྱག་རྒྱ་ཆེན་པོའི་ངེས་ཚིག་ནི། ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས་ཞེས་པ། ལོངས་སྤྱོད་རྫོགས་པའི་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་པའོ། །དེ་ཡང་། རང་ལུས་གདོད་ནས་ཕྱག་རྒྱ་ཆེ། །ཞེས་པས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་རིག་འཛིན་ཀྱང་། ཕྱག་རྒྱ་ཆེན་པོར་ཐལ་ཏེ། རྒྱལ་བའི་སྐུར་ཡོད་པའི་ཕྱིར་ཞེ་ན། ཕྱག་ཆེན་ནི། རིགས་ལྔའི་ཆ་ལུགས་སུ་ཡོད་ཅིང་འཛིན་ལ། ལྷུན་གྲུབ་ནི། དྲུག་པའི་ཆ་ལུགས་སུ་ཡོད་པས་མི་འདྲའོ། །ལྷུན་གྲུབ་རིག་འཛིན་ནི་སྐུ་ལྔ་ལྷུན་གྲུབ་ཀུན་བཟང་གི་རིགས་འཛིན་པའོ། །དེ་ཡང་ཆ་བྱད་རྒྱལ་བ་ཉིད་དུ་སྟེ། ཞེས་པ་ལ་སོགས་པས་གསལ་ལོ། །ལྷ་མི་རྒྱལ་པོའི་སྐྱེ་བ་འཛིན། ཅེས་པ་ལ། འོ་ན་རྒྱུའི་ས་དང་པོ་རབ་དགའ་ཡང་། ལྷ་མིིའི་རྒྱལ་པོའི་ཆ་ལུགས་སུ་བཞུགས་པར་བཤད་པས་ཁྱད་མེད་དུ་འགྱུར་རོ། །ཞེས་བརྒལ་ཚིག་ཁུང་ནས་ཕྱུངས་པ་ལ། ལན་དཀྱུས་ཀྱིས་འདེབས་པ་ནི་ལྷ་དང་མི་དང་ཞེས་པ་ནས་ཀྱང་། ཞེས་པའི་བར་གྱི་མྱུར་ཏེ། ཆ་ལུགས་དང་མཐོང་ལམ་ཙམ་དུ་འདྲ་མོད་ཀྱང་། ཁྱད་པར་ས་ལ། ཞེས་པས། ཁྱད་པར་ཡོད་དེ། རྒྱུའི་དང་པོ་ནི། ཟག་མེད་ཀྱི་ཡོན་ཏན་འབྱུང་བའི་ཆ་ཆུང་སྟེ། རྒྱུ་འབྲས་དབྱེར་མེད་ཀྱི་དོན་མཐོང་ལ། འབྲས་བུའི་མཐོང་ལམ་བསོད་ནམས་གཏེར་གྱི་ས་ནི། དབྱེར་མེད་མཐོང་བས་ཡོན་ཏན་འབྱུང་བའི་སྟོབས་ཆེ་བས། དཔེར་ན་ཞིང་ས་གཤིན་པ་དང་། མི་གཤིན་པའི་སྟོན་ཐོག་བཞིན་ནོ། །དེ་གཉིས་ཀྱིས་ཁྱད་པར་ནི། འོག་ནས་སྟོན་པས་སོ། ༈ །ཚེ་དབང་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མདོར་བསྟན་གྱི་ཕྱི་མ་ལྷག་བཅས་ཚེ་དབང་ནི། སྦྱོར་ལམ་དུ། ཞག་སུམ་ཅུ་ཕྲག་དྲུག་ལ་སོགས་པའི་དུས་ཀྱི་གྲངས་དང་ལྡན་པས་ཚོམ་བུ་ཚོགས་བསྒྲུབ་པས་རྣལ་འབྱོར་བའི་ལྟ་བ་དང་དགོངས་པ་ཏིང་ངེ་འཛིན་གསལ་བ་དང་། ཚོགས་ཀྱིས་སྤྱོད་པ་ཨ་ལི་ཀ་ལི་ལ་སྤྱད་པ་དང་། བསྒྲུབ་པ་ལ་བརྩོན་འགྲུས་བསྐྱེད་པ་ཆེན་པོ་དང་ལྡན་པའི་སྟོབས་ཀྱིས་སྦྱངས་པ། ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་དང་། །གསང་བའི་ཡོ་བྱད་ཨ་ལི་སྟེ་སྦྱོར་བ་ཐབས་ལམ་རྐྱང་བ་ལས་བྱུང་བ་ཐབས་ཀྱི་ཚེ་དབང་དང་། སྟེང་འོག་གི་རླུང་བཟུང་བའི་ཐབས་ཀྱིས་ནུས་པའི་སྟོབས་རྫོགས་པ་ལས་སྐྱེས་པ་སྒྲོལ་མ་རླུང་ལས་གྱུར་པའི་ཚེ་དབང་དང་། ལམ་སྦྱངས་པ་དེ་དག་ལས་གཞན་པའི་སྨན་གྱི་སྒོ་ནས་ཚེ་དབང་བསྒྲུབ་པ་དང་། ཛ་གད་འབྲང་རྒྱས་ལ་སོགས་པའི་ཡོ་བྱད་ལ་བརྟེན་ནས་ཚེ་བསྒྲུབ་པས་འགྲུབ་པས་འགྲུབ་པའི་རྟགས་དང་ལྡན་པ་དང་། དངོས་གྲུབ་ལ་རོལ་ཅིང་ལོངས་སྤྱོད་པའི་ནུས་མཐུ་ལས་འབྱུང་བ་བདུད་རྩི་སྨན་ལས་གྱུར་པའི་ཚེ་དབང་དང་། དེ་དག་རང་རང་གི་ཐོབ་པར་བྱེད་པའི་ཐབས་སམ་རྒྱུས་ཕྱེ་བས་ཚེ་དབང་བཞི་པོ་སོ་སོ་ཐ་དད་པ་བྱུང་ན། ཡང་། འདིར་ཚོགས་སྦྱོར་གྱི་ལམ་སྦྱངས་པའི་སྟོབས་ལས་སྐྱེས་པའི་ཚེ་དབང་སྟེ། ཚེ་དབང་གཞན་གསུམ་པོ་ལས་མཆོག་ཏུ་གྱུར་པ་ཡིན་ཏེ། ཟག་པ་མེད་པའི་རིག་འཛིན་ཡིན་པའི་ཕྱིར་རོ། །གོང་གི་གཞན་པའི་ཡོ་བྱད་རྟགས་ལྡན་པ། ཞེས་ཚིག་རྐང་གཉིས། རྟོགས་ལྡན་པས། ལམ་མཆོག་ཚེ་དབང་གི་རྒྱུ་ལ་ངོས་བཟུང་ཐབས་རྒྱུ། ཞེས་པ་འདོད། ཚེ་དབང་གསུམ་པའི་རྒྱུད་ལ་ངོས་བཟུང་། དེའི་དགོངས་པ་ནི། མཆན་བཞིན་ནོ། །བྱེ་བྲག་ཏུ་བཤད་པ་ལ་གཉིས་མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། དེ་ཡང་བརྒྱུད་པ་དང་། དངོས་ཀྱི་རྒྱུ་དང་། རང་ཐོབ་པ་སངས་རྒྱས་ལ་སྦྱོར་བའི་དུས་དང་། ཚེ་དབང་གི་ངོ་བོ་དང་དོན་དང་མིང་གི་རྣམ་གྲངས་དང་། ལྟ་བ་དང་དགོངས་པ་དང་། བདག་གཞན་གྱི་སྤྱོད་པ་དང་། མངོན་ཤེས་ཀྱིས་གཟིགས་ནས་ཆོ་འཕྲུལ་བཞི་པ་དོན་མཛད་ཚུལ་དང་། ཐར་ཆག་ཐོད་རྒལ་གཉིས་ཀྱིས་འབྲས་བུ་ལ་སྦྱོར་བའི་ཚུལ་དང་། དེ་ལྟར་བཞི་ཚན་གཉིས་ཏེ་བརྒྱད་ཀྱི་ལུས་རྣམ་བཞག་མདོར་བསྟན་པའི་རྣམ་གྲངས་ཀྱིས་ཚེ་དབང་རིག་འཛིན་གྱི་དོན་ཡོངས་སུ་རྫོགས་པར་བཤད་པར་བྱའོ། ༈ །རྒྱས་བཤད་ལ་བརྒྱད། བགྲང་། ཚེ་དབང་ཐོབ་པའི་རྒྱུ་དང་། དྲང་། འདི་ལས་ནང་ཚིགས་སུ་བཅད་ན་གཉིས། དེ་ལ་སྤྱིར་བསྟན་ནི་ངེས་དོན་དུ་རྒྱུ་འབྲས་དབྱེར་མེད་ཀྱང་། ལམ་པ་གང་དག་འབྲས་བུ་ཐོབ་པར་བྱེད་པའི་ཐབས་དང་འབྲས་བུ་ལ་མོས་པ་དྲང་བའི་དོན་ཙམ་དུ་ཚེ་དབང་ཐོབ་པའི་རྒྱུར་བྱ་བའམ། ཡང་ན། རིག་འཛིན་གསུམ་པའི་རྒྱུ་གོང་མའི་རིག་འཛིན་ཐོབ་པར་བྱེད་པའི་ཐབས་སམ། དྲང་བའི་རྒྱུར་བྱ་བའོ། །ངེས་དོན་དུ་ཟག་བཅས་ཚོགས་བསྒྲུབ་ཡན་ཆད་ཀྱི་ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པ་གསུམ་ཡིན་པས། དེ་དག་ལ་རིམ་དང་ཅིག་ཆར་གྱི་བློ་གོམས་པར་བྱས་ནས། བྱེ་བྲག་སོ་སོར་བཤད་ན། དེ་ཡང་ལམ་ཅིག་ཆར་བའི་དབང་དུ། མཉམ་པའི་དོན་རྟོགས་ཏེ། ཞེས་པ་གོང་དུ་བླང་སྟེ། བདེན་པ་གཉིས་སུ་མེད་པ་ལྟ་བས་ཆོས་ཉིད་མཉམ་པའི་དོན་མ་ནོར་བ་གཅིག་ཆོད་དུ། ཐོས་པའི་ཤེས་རབ་ཀྱིས་ཐོས། དེ་བསམ་པའི་ཤེས་རབ་ཀྱིས་རྟོགས་ཏེ། བདེན་པ་གཉིས་མེད་ཀྱི་ཏིང་ངེ་འཛིན་གྱི་དགག་བསྒྲུབ་དང་བྲལ་བས། དུས་དང་གནས་སྐབས་ཀུན་ཏུ་ཆོས་ཉིད་མཐའ་བྲལ་ཡང་པ་ཆེན་པོར་ཅིག་ཆར་དུ་སྒོམ་པ་ཡིན་ལ། ལམ་རིམ་གྱིས་པའི་དབང་དུ་རྒྱུ་ཤེས་པ་ལྟ་བ་དང་། རྐྱེན་འཇུག་པ་ཏིང་ངེ་འཛིན། དེ་ཏིང་། སྙིང་རྗེ། ཕྱག་རྒྱ་གཅིག་སྤྲོས། ཚོགས་བསྒྲུབ་སྟེ། ལམ་ཚོགས་སྦྱོར་གྱི་རྣལ་འབྱོར་ལྔ་པོ། ལྟ་བའི་སྐབས་སུ་ཐོས་བསམ་གྱི་ཤེས་རབ་ཀྱིས་རྟོགས། ཏིང་ངེ་འཛིན་རིམ་གྱིས་གོམས་པར་གྱུར་ནས་ཚོགས་བསྒྲུབ་པའི་རྣལ་འབྱོར་པས་ནི། ཟླ་བ་དང་ཞག་གྲངས་རྩ་རྒྱུད་གསང་བའི་སྙིང་པོའི་ལེའུ་དགུ་པ་ནས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །ལ་སོགས་གསུང་པ་བཞིན་དུ་ཚོགས་བསྒྲུབ་པར་བྱེད་པ་བློ་ཆེ་བས། འབྲས་བུ་ནི་ཚེ་ལ་དབང་བ་གྲུབ་ནས་སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུའི་ལུས་སུ་འགྲུབ་པ་ཐེ་ཚོམ་མེད་དོ། །དེ་ཡང་ལུས་འདི་མི་དོར་ཏེ། ལྷག་མའི་ལུས། འབྱུང་བའི་ལུས། རྟོག་པའི་ལུས། ལས་ཀྱི་ལུས་ཏེ་མིང་བཞི་དང་ལྡན་པའི་ལུས་ཉིད་མ་སྤངས་པར་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་སུ་གྱུར་ཚུལ་ནི། དེ་ལྟ་བུར་འགྱུར་བའོ། །གཉིས་པ་ལུས་ལ་གཉིས། བགྲང་། ཚེ་དབང་ཐོབ་པའི་དུས་དང་། དྲང་། བསྒྲུབ་པའི་ཞག་གྲངས་ནི་སུམ་ཅུ་ཕྲག་དྲུག་སྟེ་ཟླ་བ་དྲུག་གམ། འབྲིང་ཟླ་བ་བཅུ་གཉིས་ཏེ་ལོ་གཅིག་གམ། ཟླ་བ་བཅུ་བཞི་སྟེ་ལོ་གཅིག་དང་ཟླ་བ་གཉིས་སམ། ཐ་མས་ཀྱང་ཟླ་བ་བཅུ་དྲུག་སྟེ་ལོ་གཅིག་ཟླ་བ་བཞི་པོ་དག་གིས། བློ་དང་བརྩོན་འགྲུས་རབ་འབྲིང་ཐ་མའི་རིམ་པ་གཞུང་ནས་བཤད་པ་ཅི་བཞིན་དུ་མ་ནོར་བར་ཉམས་སུ་བླང་ཞིང་བསྒྲུབ་ན། ངེས་པར་མི་བསླུ་བར། ཚེ་ལ་རང་དབང་བསྒྱུར་ཅིང་ལུས་མི་འདོར་བ་སྤྲུལ་སྐུའི་རིག་འཛིན་པས་རིག་འཛིན་གྱི་དམ་པ་ལམ་མཆོག་ཚེ་དབང་འགྲུབ་པར་འགྱུར་བའོ། ༈ །བདག་དོན་དུ་ལམ་གོང་མ་ལ་སྦྱོར་ཏེ་སངས་རྒྱས་པའི་དུས་སོ། །དྲང་། རྒྱུ་ལམ་དང་འབྲས་བུ་སངས་རྒྱས་གཉིས་སྔ་ཕྱི་དབྱེར་མེད་དུས་གཅིག་ཏུ་གཞི་ལ་ཡེ་གདོད་མ་ནས་རྫོགས་པ་ཡིས། རང་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ལ་རང་དབང་ཐོབ་པར་འགྱུར་ཏེ། དེའི་རང་དོན་གྱི་ཚེ་ཚད་ནི། ཚེ་ལོ་བརྒྱ་པའི་དབང་དུ་ལོ་བརྒྱ་ཕྲག་བཅུ་དང་དྲུག་སྟེ་སྟོང་དྲུག་བརྒྱ་གནས་པའི་བར། ལོ་བརྒྱ་བརྒྱ་ནས་བྱིས་པ་གཞོན་ནུ་ལོ་བརྒྱད་ལོན་པ་དག་ཏུ་བསྣུར་ཞིང་འཇིག་རྟེན་དུ་གནས་ནས། མཐར་ད་ལྟར་གྱི་ལུས་འདི་མ་བོར་པར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ཁྱེར་ནས་འགྲོ་བའི་ནུས་པ་དང་ལྡན་པའོ། ༈ །གསུམ་པ་ངོ་བོ་ལ་ལྔ། བགྲང་། ཟག་མེད་རྡོ་རྗེའི་ལུས་སུ་གྱུར་ཅིང་ཚེ་གཅིག་ལ་སངས་རྒྱས་པ་དང་། དྲང་། དོན་མཐོང་བ་ལྟ་བ་དང་འཇུག་པའི་ཏིང་ངེ་འཛིན་རྣམས་མཐར་ཕྱིན་པའི་རྗེས་ལ། ཚོགས་སྤྱོད་བསྒྲུབ་པའི་དངོས་གྲུབ་ཀྱིས། ལུས་ཀྱི་ཟག་པ་མེད་པ་ནི། ལུས་འབྱུང་བ་རྡོ་རྗེའི་ལུས་སུ་གྱུར་པས་རྒས་རྒུད་དང་འཆི་བ་མེད་པའོ། །ཁམས་ཀྱི་ཟག་པ་མེད་པ་ནི། ལུས་ཀྱི་ཟག་པ་ཁམས་ལས་བྱུང་བས། བཤང་ལྕི་ལ་སོགས་པ་མི་འབྱུང་ཞིང་། ཁམས་ཀྱི་བདེ་དོག་གཏན་ནས་མེད་པའོ། །སྐྱེ་གནས་ཀྱི་ཟག་པ་ཟད་པ་ནི་སྐྱེ་བ་ལ་རང་དབང་བས། ལས་དབང་གི་སྲིད་པ་གསུམ་དུ་མི་སྐྱེ་བའོ། །ལུས་ཀྱི་སྐྱེ་འཇིག་མེད་པ་འབྱུང་བ་རྡོ་རྗེ་ལུས་སུ་འགྱུར་བ་ཚེ་ལ་དབང་བའི་རིག་འཛིན་མཐོང་བའི་ཆོས་ཚེ་འདི་ལ་མྱ་ངན་ལས་འདས། ལུས་མ་བོར་བར་སངས་རྒྱས་པ་ལ་འགྲོ་བའོ། །སྐབས་འདིར་ཟག་པའི་དོན་ལ་གསུམ། ཟག་པ་ཡོད་མེད་ཀྱི་ས་མཚམས་དང་། ཟག་པའི་གོ་བ་དང་། དབྱེ་བའོ། །དང་པོ་ནི། ཁ་གཅིག་ཚོགས་བསྒྲུབ་མན་ཆད་ཟག་བཅས། ཚེ་དབང་ཡན་ཆད་ཟག་མེད། རྣམ་སྨིན་རྩོད་པ་ཡིན་ཟེར་རོ། །ཁ་ཅིག་ནི། རྣམ་སྨིན་ཕུང་གསུམ་ཡིན་ཟེར་རོ། །འདི་ནི། ཚོགས་སྦྱོར་གཉིས་ཟག་བཅས། མཐོང་ལམ་རྣམ་སྨིན་ཡན་ཆད་ཟག་མེད་དུ་བཞེད་དོ། །གཉིས་པ་ཟག་པའི་གོ་བ་ལ་གཉིས། གཞན་གཞུང་དང་། རང་གཞུང་ངོ་། །དང་པོ་ནི། ཐེག་པ་ཐུན་མོང་བ་ལྟར་ན། ལས་དང་ཉོན་མོངས་པ་གཉིས་ལ་ཟག་པ་ཞེས་ཟེར་ཏེ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ། ཅེས་པས། ལས་དང་ཉོན་མོངས་པ་ཐམས་ཅད་སྡུག་བསྔལ་བའོ། །དེ་ལ་ཅིའི་ཕྱིར། ཟག་པ་ཞེས་ཟེར་ན། ཟག་པ་དང་འདྲ་བའི་ཕྱིར་ན། ཟག་ཅེས་བྱས་ཏེ། དཔེར་ན་ཆུ་སྣོད་དམ། རྫིང་བུ་ཁེང་ཙམ་ན། ཟག་ནས་འོང་བ་ལྟར། ལས་ཉོན་གྱི་རྒྱུད་གང་ཙམ་ན། དབང་པོའི་སྒོ་དྲུག་གམ། བུ་ག་དགུ་ནས་འཁོར་བའི་ཕུང་པོ་ལྔ་ཟག་པར་བྱེད་པའི་ཕྱིར་རོ། །དེ་ཡང་། མདོ་སྡེའམ། རིགས་ཚོགས་ལས། ཅི་ལྟར་ཕུང་པོ་འཛིན་པ་དེ། །དེ་སྲིད་དེ་ལ་ངར་འཛིན་རྟེན། །ངར་འཛིན་ཡོད་ནའང་ལས་ཡིན་ཏེ། །དེ་ལ་ཡང་ནི་སྐྱེ་བ་ཡིན། །ཞེས་བྱ་སྟེ། རང་གཞུང་ནི། ལས་དང་ཉོན་མོངས་པ་དང་བཅས་པས་ཁམས་གསུམ་དུ་འཕོ་ཞིང་འཛག་པའི་ཕྱིར་ན་ཟག་པའོ། །དེ་ཡང་མདོ་སྡེ་ལས། ཟག་པ་དང་བཅས་པ་ནི་སྡུག་བསྔལ་བའོ། །ཞེས་བཤད་པ་དང་། ཐེག་ཆེན་རྣལ་འབྱོར་ལས། གང་ཟག་གི་བདག་གི་སྐབས་ནས་གང་ཟག་ལྔ་ཕུང་རྒྱུ་ཡིན། ཅིའི་ཕྱིར་ན། རྒྱུ་ནི། ལས་དང་ཉོན་མོངས་པས་གང་ནས་འབྲས་བུ་ཕུང་པོར་ཟག་སྟེ། དེ་བདག་ནི། ཞེས་གསུང་། གསུམ་པ་ཟག་པའི་དབྱེ་བ་ནི། གཞན་གཞུང་གི། ལས་གསུམ་དང་། ཉོན་མོངས་པ་ལྔ་དང་། དེས་བསྐྱེད་པའི་ཆོས་རྣམས་སུ་བཤད་དོ། །འདིར་རྒྱུའི་ཟག་པ་དང་། འབྲས་བུའི་ཟག་པའོ། །དང་པོ་ནི། ལས་ཉོན་གཉིས་ཏེ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བའོ། །འབྲས་བུའི་ཟག་པ་ལ་གསུམ། ལུས་ཀྱི་ཟག་པ་དང་། ཁམས་ཀྱི་ཟག་པ་དང་། སྐྱེ་གནས་ཀྱིའོ། །ཁ་ཅིག །ཁམས་ཀྱི་ཟས་ལ་བརྟེན་ནས། བཤང་ལྕི་ལ་སོགས་དམ་རྫས་ལྔ་འདོར་བའོ། །ཟེར་ཏེ། དེ་ལྟར་ན། ཁམས་གང་མ་གཉིས། ལུས་ཀྱི་ཟག་པ་ཟད་པར་འགྱུར་ཏེ། ཁམས་ཀྱི་ཟས་དང་བྲལ་བཤང་ལྕི་མེད་པའི་ཕྱིར་རོ། །ཟེར་ཡང་། བཤང་ལྕི་དོར་བ་མེད་པ་ཁམས་ཀྱི་ཟག་མེད་ཡིན། འདིར་ནི་ལས་དང་ཉོན་མོངས་པའི་ཕྲ་རག་ཀྱི་ཀུན་ནས་བསླངས་ནས། འཁོར་བ་ལུས་རང་དབང་མེད་པར་བླང་བའོ། །གཉིས་པ་ནི། ལས་དང་ཉོན་མོངས་པ་ཕྲ་རགས་ཀྱི་ཀུན་ནས་བསླངས་ནས། འཁོར་བའི་བདེ་སྡུག་རང་དབང་མེད་པར་མྱོང་བའོ། །གསུམ་པ་ནི། ལས་དང་ཉོན་མོངས་པ་ཕྲ་རགས་ཀྱིས་ཀུན་ནས་བསླང་ནས་སྐྱེ་གནས་བཞིར་རང་དབང་མེད་པར་འཇུག་པའོ། །ཡང་ན། མདོའི་ལེའུ་དྲུག་པ་ལས། ཕྱི་དང་ནང་གི་ཟག་པ་རྣམས། །ཐམས་ཅད་ཐམས་ཅད་ཀུན་ཟག་པར། །ཞེས་པ་དང་། རེ་ལྔ་པ་ལས། རྟོགས་པའི་རྩ་བ་ཕྱི་ནང་གི། །ཀུན་ནས་ཟག་པ་རྣམ་གཉིས་ཡིན། །ཞེས་པས། ཕྱི་ནང་གཉིས་སུ་ཡང་བཤད་པ་དང་། མངོན་པ་ཀུན་ལས་བཏུས་པ་ལས། །ཟག་པའི་སྒོ་དྲུག་ཏུ་བཤད་དེ། ཟག་པ་དེའི་བདག་ཉིད་དང་། ཟག་པ་དང་འབྲེལ་བ་དང་། ཟག་པས་བཅིངས་པ་དང་། ཟག་པའི་རྗེས་སུ་འབྲང་བ་དང་། ཟག་པའི་རྗེས་སུ་མཐུན་པ་དང་། ཟག་པའི་རྒྱུ་ལས་འབྱུང་བའི་ཕྱིར་ཟག་བཅས་སུ་ལྟའོ། །ཞེས་གསུངས་པས། དེ་ལ་ཟག་པའི་བདག་ཉིད་ནི། ཉོན་མོངས་ཉེ་ཉོན་རྣམས་སོ། །འབྲེལ་བ་ནི། སྐྱེ་བའི་གནས་སུ་དང་། མཚུངས་ལྡན་གྲོགས་སུ་འགྲེལ་པ་ནི། མིག་དབང་སོགས་དང་། ཉོན་མོངས་ཉེ་ཉོན་རྣམས་དང་། ལྷན་ཅིག་ཏུ་འབྱུང་བའི་སེམས་སེམས་བྱུང་རྣམས་སོ། །བཅིངས་པ་ནི། ཉོན་མོངས་པའི་དབང་གིས་འབྱུང་བའི་ལས་སོ། །རྗེས་འབྲེལ་ནི། ཁམས་གསུམ་གཞན་གྱི་བག་ཆགས་ལ། གཞན་གྱི་ཉོན་མོངས་ཀྱི་གནས་ངན་ལེན་དང་ལྡན་པའོ། །རྗེས་མཐུན་ནི་ཚོགས་ལམ་མོ། །རྒྱུ་ལས་བྱུང་བ་ནི། དགྲ་བཅོམ་ལྷག་བཅས་ཀྱི་ཕུང་པོའོ། །དེས་ན་འོག་མ་ལྔ་ནི་བཅས་པ་སྟེ། བཤད་པ་དང་། གཞན་ཡང་ཁམས་གསུམ་དུ་ཟག་པས་ཟག་པའོ། །ཞེས་སློབ་དཔོན་སེང་གེ་བཟང་པོས་གསུང་པ་དང་། མཚན་བརྗོད་ཀྱི་འགྲེལ་པར། དཔེར་ན་རྨའི་བུ་ག་ནས། མར་རྣག་དང་། ཆུ་སེར་ལ་སོགས་པ་ཟག་པ་བཞིན་དུ། སྐྱེ་ཆེད་དྲུག་གི་རྨ་ནས། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཟག་པས། ཟག་པའོ། །ཞེས་པ་དང་། འདོད་པའི་ཟག་པ་དང་། སྲིད་པའི་ཟག་པ་དང་། མ་རིག་པའི་ཟག་པ་དང་། ལྟ་བའི་ཟག་པའོ། །དང་པོ་ནི། འདོད་ཁམས་སུ་གཏོགས་པའི་ཉོན་མོངས་པ། གཉིས་པ་གཟུགས་མེད་ཁམས་སུ་གཏོགས་པའི་ཉོན་མོངས་པ། གསུམ་པ་ཁམས་གསུམ་ཆར་དུ་གཏོགས་པའི་ཉོན་མོངས་པ། བཞི་པ་ལྟ་བ་ལྔ་ལ་བཤད་པའོ། །མངོན་པ་མཛོད་དུ་ཡང་། ལམ་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་གང་ཕྱིར་དེ་དག་ལས། ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་བཤད་དོ། །དེས་ན་ཟག་པའི་ངོ་བོ་ནི། སྤྱི་མདོ་ལས་ཀྱང་། རྟོག་པའི་རྩ་བ་ཕྱི་ནང་གི། །ཀུན་ནས་ཟག་པ་རྣམ་པ་ལྔ། །ཞེས་གསུང་པས། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་རྣམས་ཏེ། དེས་ཁམས་གསུམ་དུ་ཟག་པའི་ཕྱིར་ཟག་པའོ། །ལུས་ཁམས་སྐྱེ་གནས་ནི། ཟག་འབྲེལ་ལ་དེར་བཞག་པའོ། །སྐྱོན་ལས་གྲོལ་ཞིང་ཆོ་འཕྲུལ་བཞི་རྫོགས་པའི་ཚུལ་དང་། དྲང་། ཉོན་མོངས་པ་ལྔའི་འཇིགས་པ་ཀུན་དང་བྲལ་ཤིང་ཆོ་འཕྲུལ་བཞི་མངོན་ཤེས་དྲུག་རྫོགས་པའོ། ༈ །ཆ་ལུགས་ཀྱིས་ཆོས་སྟོན་ཚུལ་དང་། དྲང་། ཚེ་ལ་དབང་བའི་རིག་འཛིན་གྱི་ཆ་བྱད་ནི། ལྷ་དང་མིའི་རྒྱལ་པོའི་རིགས་ཚངས་པ་དང་བརྒྱ་བྱིན་དང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་སོགས་པ་སྐྱེ་བ་རྣམ་པར་དག་པ་རང་དབང་ཅན་འཛིན་ཅིང་། འདོད་ཁམས་ཀྱི་ལྷ་རིགས་དྲུག་དང་། མིའི་དབང་པོ་འཁོར་ལོ་བསྒྱུར་བ་ལ་སོགས་པ་དང་། གཟུགས་ཁམས་ཀྱི་ལྷ་ཚངས་པ་ལ་སོགས་པ་ཆ་ལུགས་སུ་གནས་པ་སྟེ། དེ་རྣམས་ཀྱི་སྐྱེ་བ་རྣམ་པར་དག་པ་རང་དབང་ཅན། དབང་པོ་ལྷག་ཆད། ཞ་གྲུམ་ལ་སོགས་པ་མེད་པ་འཛིན་པ་ཡིན་མོད་ཀྱི། འོ་ན་དེ་རྣམས་དང་ཁྱད་མེད་དམ་ཞེ་ན། ཀྱང་ཞེས་པས་ཁྱད་པར་ཡོད་དེ། དེ་དག་ཁྱད་པར་ནི་ས་ལ་གནས་པ་དང་མི་གནས་པར་འགྱུར་བའི་ཁྱད་པར་ཡོད་པ་ཡིན་ནོ། །དེ་ཡང་རྒྱུའི་ཐེག་པ་མཐོང་ལམ་པ་དང་། ཚེ་དབང་ལ་ཁྱད་པར་ཡོད་དམ་མེད་ཞེ་ན། རྒྱུའོ་ཐེག་པའི་མཐོང་ལམ་དང་། ཚེ་ལ་དབང་བའི་རིག་འཛིན་གཉིས། མཐོང་ལམ་ཙམ་དུ་སྐལ་པ་མཉམ་ཡང་། དགོངས་པ་ས་བརྒྱད་པ་ལ། གནས་པའི་བྱང་ཆུབ་སེམས་དཔའ་དང་སྐལ་མཉམ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་རྒྱུའི་ཐེག་པའི་ས་བརྒྱད་པ་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་གཉིས་སྒོམ་ལམ་ཙམ་དུ་སྐལ་བ་མཉམ་ཡང་། དགོངས་པ་རྒྱུའི་མཐར་ལམ་པ་དང་མཉམ་མོ། །རྒྱུའི་ཐེག་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་དང་། ལྷུན་གྲུབ་རིག་འཛིན་གཉིས། མཐར་ལམ་ཙམ་དུ་སྐལ་བ་མཉམ་ཡང་དགོངས་པ་ཀུན་ཏུ་འོད་དང་མཉམ་པ་སྟེ། ལམ་ཆུང་ལས། དེ་ཡང་དང་པོའི་དང་པོ་དང་། །སྐལ་མཉམ་གཉིས་པའི་རིགས་མཆོག་དེ། །བརྒྱད་པའི་ས་དང་སྐལ་བ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མེད། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་གསུངས་པས་མངོན་ནོ། །ཆ་བྱད་ལྷ་དང་མིའི་རྒྱལ་པོའི་ཆ་བྱད་དེ་ཉིད་ཀྱི་གདུལ་བྱ་དེའི་རིག་འཛིན་ཅན་ལ། བསྐྱེད་རྫོགས་གསུམ་གྱི་ཆོས་སྟོན་པ་སྟེ། སངས་རྒྱས་སྤྲུལ་པའི་སྐུའི་རྒྱལ་ཚབ་བྱེད་པའོ། །དེ་ལྟར་ན་ཚེ་ལ་དབང་བའི་རིག་དེའི། རྩ་བའི་ལུས་ལྷ་མི་སྐྱེ་བ་ཁྱད་པར་ཅན་སྐྱེ་འཆི་མེད་པ་རྡོ་རྗེའི་ལུས་སུ་ཁྱེར་བའོ། །དེ་ཡང་སྒྱུ་འཕྲུལ་གྱི་བཤད་རྒྱུད་རྡོ་རྗེ་ལས། རིག་པའི་སྐྱེས་བུ་ཐུབ་པ་མེད། །ལྷ་མི་སྐྱེ་བ་འཛིན་མོད་ཀྱང་། །ཞིང་དང་ལོངས་སྤྱོད་དག་པ་ཡི། །གང་ནས་གང་དུ་མཉམ་པར་སྦྱོར། །རྡོ་རྗེ་རིག་པ་འཛིན་གྱི་སྐུ། །ཞིང་ཁམས་ཀུན་ལ་གནས་པར་བྱེད། །ཅེས་པ་དང་། ཟག་པ་ཟད་པ་རྡོ་རྗེའི་ལུས། །ཕྱིན་ཆད་འགྱུར་འཇིག་ཆས་དང་བྲལ། །བདེ་བ་ཆེན་པོར་ལུང་ཐོབ་པས། །ཟག་བཅས་བསླབ་པའི་ཆོས་དང་བྲལ། །ཅེས་པ་དང་། བསྒྲུབ་པའི་ནུས་པ་གང་ལྡན་པ། །རྡོ་རྗེའི་ལུས་འགྱུར་འཇིགས་པ་མེད། །འཇིགས་པ་ལྔ་བྲལ་ཟག་པ་ཟད། །དབང་བསྒྱུར་གསུམ་ལ་དབང་ཐོབ་པས། །བདེ་བའི་ལོངས་སྤྱོད་དཔག་ཏུ་མེད། །ཅེས་བཤད་དོ། །སྤྲུལ་པའི་ལུང་ནི། འདུལ་བའི་དབང་གིས་མ་ངེས་ཏེ། །དེ་ཉིད་ལས། ཞིང་ལ་དབང་བསྒྱུར་སྤྲུལ་པའི་ལུས། །ཏིང་འཛིན་ལོངས་སྤྱོད་དཔག་ཏུ་མེད། །ཅེས་སོ། ༈ །སྐྱོན་བྲལ་ཡོན་ཏན་རྫོགས་ཤིང་འདུལ་ཞིང་གི་ཚད་དང་། དྲང་། དཔེར་ན་གང་དག་དུག་སྦྲུལ་གྱི་མི་འཇིགས་པའི་རྩི་མ་གི་འཆང་བ་ལྟར་དུ། ཚེ་ལ་དབང་བསྒྱུར་བས་འཇིགས་ལྔ་སོགས་བྲལ་བའོ། །འཇིགས་པ་ལྔ་གང་ཞེ་ན། འཚོ་བ་མེད་དང་མི་བསྔགས་འཁོར་བ་དང་། །འཁོར་གྱི་འཇིགས་བྲལ་འཆི་བའི་བག་ཆགས་སྤངས། །ཞེས་པས། འཚོ་བ་མེད་པའི་འཇིགས་པ་དང་། མི་བསྔགས་པའི་འཇིགས་པ་དང་འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་དང་། འཁོར་གྱི་དྲི་བའི་འཇིགས་པ། འཆི་བའི་འཇིགས་པ་མེད་པའོ། །དང་པོ་ནི། ཁམས་ཀྱི་ཟས་དང་ཕྲལ་ཞིང་ཟག་པ་མེད་པའི་བདེ་བས་རྒྱས་ལ་ནམ་མཁའ་མཛོད་ལ་མངའ་བརྙེས་པས་འཚོ་བའི་འཇིགས་པ་དང་བྲལ། གཉིས་པ་ནི། བདག་གི་འཛིན་པ་མེད་ཅིང་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པས་གཞན་གྱི་ཉེས་སྐྱོན་ལ་སོགས་པའི་ཚིག་ཅི་བརྗོད་ཀྱང་ཉེས་པ་མེད་པ་དང་། གསུམ་པ་ནི། ཉོན་མོངས་པ་གཏན་ནས་གྲོལ་ཞིང་འཁོར་བ་ལ་དབུགས་ཕྱུང་བས། འཁོར་བར་འཁྱམས་ཀྱི་དོག་པའི་འཇིགས་པ་མེད་པ་དང་། བཞི་པ་ནི། ཤེས་རབ་སྟོབས་ཆེན་དུ་གྱུར་ཏེ། ཤ་རིའི་བུ་ལ་སོགས་པས་དུས་གཅིག་ཏུ་དྲིས་ཀྱང་། ཐེ་ཚོམ་གྱིས་ལན་དུས་གཅིག་ལ་ཐེབ་པའོ། །ལྔ་པ་ནི། རིག་པ་ལ་དབང་ཐོབ་ཅིང་། རྡོ་རྗེའི་ལུས་སུ་གྱུར་པས། འཆི་བའི་འཇིགས་པ་མེད་པའོ། །དེ་ཡང་སོགས་ཁོང་དུ་འཁོར་བའི་ཉེས་སྐྱོན་ཐམས་ཅད་དང་བྲལ་བའོ། །མངོན་ཤེས་དྲུག་དང་ཆོ་འཕྲུལ་བཞི་པོ་འདི་དག་ཡན་ལག་ཉེར་ལྔ་དང་ཉི་ཤུ་ལ་སོགས་ཀུན་གྱི་རྩལ་དང་གྲངས་ཡོངས་སུ་རྫོགས་ཤིང་ཚེའམ་རིག་པ་དང་སྐྱེ་བ་ལ་རང་དབང་བསྒྱུར་བའི་སྟོབས་ཀྱི་ལྷ་མིའི་རྒྱལ་པོའམ་སྐྱེ་བ་རྣམ་དག་ཁྱད་པར་ཅན་བླངས་པའི། གཞན་དོན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྱི་གླིང་བཞི་པ་ཕྲག་བརྒྱ་ཡིས་གདུལ་བྱ་རྣམས་འདུལ་བར་བྱེད་དོ། །རྒྱུ་ཡི་ཐེག་པ་ཆེན་པོ་ཡིས་ས་དང་པོ་རབ་དགའ་དང་། ཚེ་དབང་གཉིས་མཐོང་ལམ་ཙམ་དུ་སྐལ་བ་མཉམ་པའོ། །དོན་གྱི་མི་མཉམ་པ་ནི་གོང་དུ་བཤད་པ་བཞིན་ནོ། །སྐུ་ཚེའམ་བཞུགས་པའི་ཚད་བསྟན་པ་ལ་གཉིས། བགྲང་། བདག་དོན་དུ་བརྒྱ་ཕྲག་བཅུ་དྲུག་དང་། དྲང་། བདག་གི་དོན་གྱི་ཕྱིར་ཐོས་བསམ་ལ་སོགས་པའི་ལམ་དོན་དུ་གཉེར་བའི་འབྲས་བུ་ཐོབ་པའི་དུས་ནི། ལོ་བརྒྱ་ཕྲག་བཅུ་དྲུག་སྟོང་དང་དྲུག་བརྒྱ་ཚེ་ཡིས་རང་དོན་རྫོགས་ནས་འབྲས་བུ་ལ་སྦྱོར་བའོ། ༈ །གཞན་དོན་དུ་ངེས་པ་མེད་པའོ། །དྲང་། གདུལ་བྱ་གཞན་གྱི་དོན་དུ་ཚེ་ལ་རང་དབང་ཐོབ་པ་ཡིན་པའི་ཕྱིར་ཚད་བཟུང་དུ་མེད། བཞུགས་པར་བཞེད་ན་ཡང་དུས་བསྐལ་པ་གྲངས་མེད་པའི་བར་དུ་འཇིག་རྟེན་གྱི་ཁམས་སུ་གནས་པར་གྱུར་ཀྱང་། བསྒྲེས་རྒུད་མི་མངའ་བ་སྐུ་ནི་ཤིན་ཏུ་གཞན་པ་ལོ་བརྒྱད་པའི་ཚུལ་དུ་སྣང་སྟེ། དེ་ཡང་ལོ་བརྒྱད་ལོན་པ་དང་། ལོ་བརྒྱད་ལེན་པ་བསྒྱུར་ནུས་པའོ། །རྩ་བའི་ལུས་ལ་སྐྱེ་འཆི་མེད་ཀྱང་གདུལ་བྱ་རྟག་འཛིན་ཅན་དང་། ལེ་ལོ་ཅན་འདུལ་བའི་དུས་ཀྱི་སྤྲུལ་པའི་ལུས་ལ་འཆི་འཕོ་བ་དང་། མི་འདུལ་ན་འདུག་པར་ཡང་བྱེད་དོ། ༈ །བཞི་པ་རྣམ་གྲངས་ལ་གཉིས་སྤྱིར་ཚེ་དབང་ཙམ་གྱི་གྲངས་ཕྱེས་ཏེ་ཁྱད་པར་དང་། ཁྱད་པར་དུ་ལམ་མཆོག་བསྒྲུབ་པའོ། །དང་པོ་ལ་གཉིས། བགྲང་། རྣམ་གྲངས་དང་། དྲང་། ཚེ་དབང་གི་ངོ་བོའི་རྣམ་གྲངས་ལ་བཞི། སྨན་དང་ཞེས་པ། སྨན་གྱི་སྒོ་ནས་བཅུད་ལན་ལ་བརྟེན་ནས་ཚེ་རིང་བར་འགྱུར་ཏེ། ཉེལ་ཤིང་དང་། ར་མོ་ཤག །བདུད་རྩི་ལྔ། རྡོ་རྗེའི་ཚེ་བསྒྲུབ་པ་ལ་བརྟེན་ནས་སྨན་མར་ཟོས་པས་ཚེ་རིང་བར་འགྱུར་རོ། །ཐབས་རིག་འཛིན་ཞེས་པ། ཐབས་ལམ། འོག་སྒོ་རྒྱ་མོ་ལ་བརྟེན་ཏེ། ཐིག་ལེ་དབབ་བཟློག་པ་ཙམ་ལ་བརྟེན་ནས་ཚེ་རིང་བར་འགྱུར་རོ། །རྣལ་འབྱོར་སྒྲོལ་མ་ནི་སྟེང་སྒོ་འཁོར་ལོ་དང་། སྒྲོལ་མ་རླུང་ལ་བརྟེན་ཏེ། ཚེ་དབང་གི་རིག་འཛིན་ཐོབ་པ་དང་། དེའི་རྒྱུ་མཚན་ནི། འོ་སྐོལ་ལ་ཉིན་ཞག་འཕྲུག་རེ་རེ་རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་རྒྱུ་བའི་རླུང་གྲངས་ནི་ཐིམ་ཙ་ན་འཆི་བ་ཡིན་པ་ལ། ཏིང་ངེ་འཛིན་གྱི་འོག་རླུང་འཐན་ཏེ། སྟེང་རླུང་མནན་ཏེ། བར་དུ་རླུང་བཟུང་ཞིང་སྒོམ་པས། རླུང་གྲངས་ནུར་བས་འགོག་པ་སྙོམས་འཇུག་ལྟར་ཚེ་བསྐལ་པའི་བར་དུ་གནས་པ་འོང་བའོ། །དེ་ཅིའི་ཕྱིར་ན། མཐས་རླུང་འགྲེ་ལོག་ཟིན་ལ། ཕལ་ཆེར་དེས་མི་མདོ་སྟེ། ཆུ་ཚོད་ལ་སོགས་པ་ཟིན་པ་འོང་བའི་ཕྱིར་རོ། །ལམ་ཚོགས་རྫོགས་པ་ནི་ལྟ་བ་རྟོགས་ཏེ། རྟོགས་པའི་དོན་ལ་རིམ་དང་ཅིག་ཆར་གྱི་ཟག་མེད་མངོན་སུམ་དུ་ཐོབ་པའི་རིག་འཛིན་དང་རིམ་པ་བཞི་ཡོད་པ་ལ། ༈ །ཁྱད་པར་རོ། །དྲང་། དབང་བཅུའི་དང་པོར་ཚེ་དབང་ཐོབ་པར་འདྲ་ཞིང་མཚུངས་མོད་ཅེས་བྱའོ། །ཀྱང་ཞེས་པ་མི་མཐུན་པ་སྟོན་པའི་ཚིག་རྒྱན་ཏེ། ལམ་མཆོག་འདི་ཉིད་ཀྱི་རིག་འཛིན་དང་། རིག་འཛིན་གཞན་གསུམ་པོ་ལ་ཁྱད་ཡོད་པའོ། །དབང་བཅུའི་རྣམ་གྲངས་ནི། དབང་རྒྱུད་ལས། ཚེ་ལ་དབང་བས་འཁོར་བར་ཅི་སྲིད་བཞུགས། །སྐྱེ་ལ་དབང་བས་རིགས་ཀྱི་སྤྲུལ་སྐུར་སྟོན། །ཡོ་བྱད་དབང་བས་འདོད་ཡོན་ལྔ་ལ་རོལ། །སྨོན་ལམ་དབང་བས་བདག་གཞན་མོས་བཞིན་སྣང་། །རྫུ་འཕྲུལ་དབང་བས་རྫུ་འཕྲུལ་ཆོ་འཕྲུལ་སྟོན། །ཆོས་ལ་དབང་བས་ཆོས་སྐད་སོ་སོར་སྒྲོགས། །ཡེ་ཤེས་དབང་བས་ཤེས་བྱ་ཀུན་མ་རྨོངས། །སེམས་ལ་དབང་བས་ཏིང་འཛིན་འབུམ་ཕྲག་རོལ། །ལས་ལ་དབང་བས་འབྱོར་པའི་ཕྲིན་ལས་མཛད། །ཅེས་སོ། །དེ་ཉིད་མཐུ་ཡིས་ཟག་མི་ཟག །ཅེས་པ་བཞིས། ཁྱད་པར་དྲུག་སྟེ། བྱིན་རླབས་ཀྱི་མཐུ་ལ་ཆེ་ཆུང་དང་། །ཟག་པ་ཡོད་མེད་དང་། བསྐྱོད་པ་རྒྱུའི་ཁྱད་པར་དང་ཐོབ་བྱའི་ངོ་བོ་ལ་མཐོ་དམན་དང་ཟག་པ་ཡོད་མེད་དང་། ལྟ་དགོངས་བཟང་ངན་དང་། སྤྱོད་པའི་ཁྱད་པར་རོ། །དང་པོ་ནི། དེ་ཉིད་མཐུ་ཡིས། ཞེས་པ། ཚེ་དབང་བཞི་པོ་དེ་དག་ཉིད་ལ་ནུས་མཐུ་ཆེ་ཆུང་ཡོད་དེ་གསུམ་པོས་བདག་དོན་ཀུན་འགྲོ་སྤང་མི་ནུས་ཤིང་། རྫུ་འཕྲུལ་ཉི་ཤུ་སོགས་སྟོན་མི་ནུས་ལ། འདིས་སྤང་ནུས་ཤིང་རྫུ་འཕྲུལ་ཉི་ཤུ་སོགས་སྟོན་ནུས། གཞན་དོན་སྤྲུལ་སྐུའི་རྒྱལ་ཚབ་ནུས་མི་ནུས་ཡོད་པའོ། །གཉིས་པ་ནི། ཟག་མི་ཟག །ཅེས་པ་སྟེ། གསུམ་པོ་ལ་ཟག་པ་ཡོད་དེ། ལྟ་དགོངས་ཀྱི་རྩིས་མ་ཟིན་པར། འཕྲལ་གྱི་ཐབས་རྐྱང་པ་ལས་བྱུང་བའོ། །འདི་ནི་ཟག་མེད་ཡིན་ཏེ། ཟག་པ་ཟད་པ་མཐོང་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རྒྱུ་དང་ཞེས་པ་གསུམ་པོ་སྨན་དང་ཐབས་དང་། རླུང་ལས་གྱུར་པའོ། །འདི་ནི་ཐེག་མཆོག་གི་ལམ་ཉམས་སུ་བླངས་པས་གྱུར་པའོ། །བཞི་པ་ནི། ངོ་བོ་ཞེས་པ། གསུམ་པོ་ནི་ཟག་བཅས་པས་སྐྱེ་བོའི་ས་ལས་མ་ཐོབ་ལ། འདི་ནི་ཟག་པ་མེད་པས་འཕགས་པའི་གོ་འཕང་ཐོབ་པའོ། །རྣམ་པ་གཉིས་ཞེས་པ། རྒྱུ་དང་ངོ་བོས་ཟག་བཅས་ཟག་མེད་རྣམ་པ་གཉིས་སུ་འགྱུར་བའོ། །ལྔ་པ་ནི། དེ་བས་དགོངས་ཞེས་པ། རྒྱུ་དང་ངོ་བོ་གཉིས་ལ་ཁྱད་ཡོད་པ་དེ་བས་ན། ལྟ་དགོངས་ལ་ཁྱད་ཡོད་མེད་སྨོས་ཅི་དགོས་ཏེ། གསུམ་པོ་ལ་ནི། ཟག་མེད་ཀྱི་དགོངས་པ་མེད་ལ། འདི་ནི་ཟག་མེད་ཀྱི་ཆོས་ཉིད་རང་མཚན་ལ་མངའ་བརྙེས་པའོ། །དྲུག་པ་ནི། སྤྱོད་སྨོས་ཅི་དགོས་ཞེས་པ། གསུམ་པ་ནི། བདག་གཞན་གྱི་དོན་རྒྱ་ཆེན་པོ་སྤྱོད་མི་ནུས་ལ། ལམ་མཆོག་རྫོགས་པའི་ཚེ་དབང་ཞེས་བྱ་བ་འདིས་ནི། རང་དོན་དུ་རིགས་མཐུན་མཆོག་རྒྱ་སྤྲུལ་པ་ལས་ཆོས་ཉན་ཅིང་ཀུན་འགྲོའི་སྒྲིབ་པ་འཇོམས་ནུས་ལ། གཞན་དོན་དུ་སྤྲུལ་སྐུའི་རྒྱལ་ཚབས་ནུས་པའོ། །རྒྱུ་གཞན་སྨན། ཐབས། རླུང་ལ་སོགས་པ་ལས་གྲུབ་པ་སྟེ་ལམ་མཆོག་རྫོགས་པའི་རིག་འཛིན་པ་ཡིན་ནོ། ༈ །ཁྱད་པར་དུ་ལམ་མཆོག་རྫོགས་པའི་ཚེ་དབང་གི་རྣམ་གྲངས་ལ་དྲུག །བགྲང་། ལྷག་བཅས་ཀྱིས་མྱ་ངན་ལས་འདས་པ་དང་། དྲང་། ལམ་མཆོག་ལའང་ཡོན་ཏན་གྱི་མཚན་གྱི་རྣམ་གྲངས་ཀྱི་ཆ་ནས་བརྗོད་པ་ནི། ལྷག་མའི་ལུས་ཏེ་གཟུགས་ཀྱི་ཕུང་པོ་དང་མིང་བཞིའི་ཕུང་པོར་བཅས་པའི། བསྐལ་པ་གྲངས་མེད་ལ་སོགས་པ་རང་ཅི་ཙམ་གནས་པར་འདོད་པ་ལ་རང་དབང་ཐོབ་པས་ཚེ་ལ་དབང་བའི་རིག་འཛིན་འགྲུབ་པའི་ཕྱིར། ལྷག་མའི་ལུས་དང་། རྟོགས་པའི་ལུས་དང་། འབྱུང་བའི་ལུས་དང་། ལས་ཀྱི་ལུས་དང་བཅས་ནས་མྱ་ངན་ལས་འདས་པས་ལྷག་བཅས་ཀྱིས་མྱ་ངན་ལས་འདས་པ་ཞེས་བྱའོ། ༈ །ཟག་ལྡོག་མེད་པ་དང་། དྲང་། ཟག་པ་གསུམ་པོ་ལ་སོགས་ཀུན་ཟད་པ་རིག་འཛིན་ཆེན་པོ་འདི་སྤྱོད་པ་ཅི་ལྟར་སྤྱད་ཀྱང་། འཁོར་བ་ལྡོག་པ་མེད་དོ། །ཚེ་དབང་རིག་འཛིན་འདི་ཉིད་ནི། ས་བརྒྱད་པའི་རྟོགས་པ་རྒྱུད་ཐོག་ན་འཁྲུངས། ཉོན་ཡིད་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་ཡིན་པས། ལྡོག་པ་མེད་པའི་དོན་ཡིན། ས་བདུན་པ་མན་ཆད་ལ་བྱང་ཆུབ་སེམས་དཔའ་ལྡོག་པའི་སྐྱོན་ཡོད་པས། ཐེག་དམན་ཉན་རང་གི་ལྟུང་འཇིགས་འོང་སྟེ། ཤ་རིའི་བུའི་གཏམ་རྒྱུད་ལྟ་བུའོ། །ཅི་ལྟར་ས་བརྒྱད་མ་ཐོབ་པར། དེ་སྲིད་ཐེག་པ་དམན་གྱི་འཇིགས་ཞེས་གསུང་པའི་ཕྱིར་རོ། །སྐྱོབ་པ་ལས། ས་བརྒྱད་ལོན་ནས་ད་རུང་ལྡོག་ཉེན་ཡོད། གསུང་པ་འདི་ནི། ས་བརྒྱད་པ་མཐར་ཕྱིན་ནས་ལྡོག་པའི་ལུང་མ་ཡིན། ས་བདུན་མཐར་ཕྱིན་ནས་བརྒྱད་པ་གྷོ་ཟུག་གི་གང་ཟག་དེ་ལ་དགོངས་པའོ། ༈ །དབུགས་ཕྱིན་ཅིང་མཐོང་ལམ་དང་། དྲང་། ཚེ་ལ་རང་དབང་ཐོབ་པས་འཁོར་ལ་དབུགས་ཕྱུང་བའི་ཕྱིར། དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཞེས་བྱའོ། །ལམ་ལས་སྐྱེས་པའི་ཚེ་དབང་གི་སྐབས་འདིར་བདེན་པ་བར་མ་འགྲིབ་པ་མེད་པ་ལ་འཕེལ་བ་ཡོད་པར་མཐོང་ལམ་པ་ཞེས་བྱའོ། །ཟག་བཅས་ཀྱི་སྐབས་སུ་འཕེལ་འགྲིབ་ཅན་གྱི་མཐོང་ལམ་ཡིན་ཏེ། སྤྲིན་བར་ཉི་འདྲ་གསལ་ཡིད་ཆེས། ཞེས་དང་། རྒྱལ་བའི་སྲས་དང་ཤིང་སྣའི་མེ། །རང་མཚན་མཐོང་ཡང་སྟོབས་མ་རྫོགས། །ཞེས་གསུང་། སངས་རྒྱས་ཀྱི་ས་ན་འཕེལ་འགྲིབ་མེད་པའི་ཡེ་ཤེས་མངོན་དུ་གྱུར་པ་ཡིན་ཏེ། འདི་ཉིད་ལས། ཡེ་ཤེས་འགྲོ་འོང་མེད་ཀུན་ཁྱབ། །ཅེས་སོ། ༈ །རིག་པ་འཛིན་པ་དང་། དྲང་། ཆོས་སྤྱི་དང་རང་གི་མཚན་ཉིད་ལ་མཁས་ལྟ་བ་རྟོགས་རྐྱེན་ཏིང་ངེ་འཛིན་གྱི་གོམས་སྤྱོད་པ་རྨད་དུ་བྱུང་བའི་ཚེ་ལ་དབང་བའི་རིག་པ་འཛིན་པ་ཡི་དམ་གྱི་ལྷ་མི་བསྐྱོད་པ་ལ་སོགས་པའི་རིག་འཛིན་ལ། རྡོ་རྗེའི་རིག་འཛིན་པ་ལ་སོགས་པའོ། །དེས་ན་རང་རིག་མི་གཏོང་བས་རིག་འཛིན་ལྟ་དགོངས་ཀྱིས་གཟུངས་ལ་རིག་འཛིན་གྱི་མིང་ཐོབ་པའོ། །གཞན་ཡང་ཡོན་ཏན་གྱི་ཆ་ནས་མཚན་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་སྟེ། ༈ །ལུང་སྟོན་ཅིང་དབང་བསྐུར་བ་དང་། དྲང་། རྒྱལ་བས་དངོས་སུ་ས་ཁམས་ཏེ་ཁྱོད་ཀྱི་ཞིང་འདི་ཡིན་ནོ། །ཞེས་ལུང་སྟོན་ཐོབ་པ་དང་། སངས་རྒྱས་རྡོ་རྗེ་འཆང་གི་གསང་མཚན་རྡོ་རྗེ་ཆེ་གེ་མོ་ཞེས་བོས་ནས། དབང་བསྐུར་བའོ། །རིག་འཛིན་པ་ཉིད་གཞན་དོན་དུ་རྣམ་འཕྲུལ་མ་ངེས་པའོ། །དྲང་། ལྟ་བ་མཐོང་ཞིང་ཏིང་ངེ་འཛིན་གོམས་པས་འབྲས་བུ་མཐར་ཕྱིན་པ་དང་ལྡན་པའི་རང་གི་རིག་པ་ཉིད། ཕྱི་ནང་མེད་པའི་སྣང་བ་རིག་པ་འཛིན་པའི་གནས་གདུལ་བྱ་རིགས་དང་མཐུན་པར་སྣང་ཚུལ་དང་། གནས་ལ་ངེས་པ་མེད་སྐྱེ་བ་དང་ཆ་བྱད་གདུལ་བའི་དོན་གྱིས་འགྱུར་ཞིང་ཅིར་ཡང་སྟོན་ནོ། །ལྔ་པ་དགོངས་པ་ལ་གསུམ། མི་དམིགས་པ་ཆོས་ཉིད་ཀྱི་དགོངས་པ་དང་མ་འགགས་པ་ཕྱག་རྒྱའི་དགོངས་པ་དང་། དགོངས་པ་ལ་གནས་པའི་དུས་སོ། །དང་པོ་ལ་གཉིས། བགྲང་། དགོངས་པ་མཐོང་བྱ་མཐོང་བྱེད་མེད་པ་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ངང་ལ་གནས་པའི་ཚུལ་དང་། དྲང་། འཁོར་འདས་ཀྱི་ཆོས་རྣམས་བདག་ཉིད་ཆེན་པོར་སྣང་བའི་ཕྱིར་དམིགས་བྱ་དམིགས་བྱེད་མེད་པའི་ཕྱིར། ཆོས་ཅན་ཀུན་ཡུལ་ཡུལ་ཅན་དུ་མི་མཐོང་ཆོས་ཉིད་ཀྱང་ཡུལ་དང་ཡུལ་ཅན་དུ་མི་མཐོང་ངོ་། །སངས་རྒྱས་ཐུགས་ཉིད་ཀྱང་ཡུལ་དུ་དངོས་པོར་མི་མཐོང་ངོ་། །སྣོད་བཅུད་ཡུལ་དང་ཡུལ་ཅན་དུ་མི་མཐོང་ཞིང་། དེ་ལྟར་གཉིས་མེད་ཡུལ་བྲལ་དུ་གང་མཐོང་བ། དེ་ནི་ཡང་དག་པའི་དོན་ཆོས་ཉིད་ཀྱི་བདེན་པ་ཞེས་བྱའོ། །དེ་བས་ན་རྣ་བས་སྒྲ་ཐོས་པ་དང་། ལྕེས་རོ་མྱོང་བ་དང་། རེག་པ་ལ་སོགས་པ་ཀུན་གཉིས་མེད་ཡུལ་བྲལ་དུ་ཤེས་པས་ལམ་གོལ་མེད་ཀྱི་མཐོང་ལམ་མོ། ༈ །སྔ་མའི་རྒྱུས་ཆོས་ཉིད་མངོན་སུམ་དུ་མཐོང་ཞིང་ཟག་པ་མེད་པའོ། །དྲང་། རྒྱུ་ཤེས་པའི་ལྟ་བ་རྟོགས་པ་དང་། རྐྱེན་འཇུག་པའི་ཏིང་ངེ་འཛིན་བཞི་བར་ཆད་མེད་པར་ཚོགས་བསྒྲུབ་པ་ལས་ཚེ་དབང་རིག་འཛིན་གྱི་མཐོང་ལམ་འདི་ཉིད་སྐྱེས་པའོ། །དེའི་ཕྱིར་ཆོས་ཀུན་རང་གི་ཤེས་རབ་མངོན་སུམ་དུ་ལྟ་བ་རྟོགས་པའི་ངང་ལམ་མཆོག་ཚེ་དབང་ནི། རིག་པ་ལ་རང་དབང་ཐོབ་ནས་སྔོན་བཞིན་ལུས་མ་དོར་བར་སངས་རྒྱས་པ་སྟེ། ཟག་གསུམ་ལུས་ཁམས་སྐྱེ་གནས་ཀྱིས་ཟག་པ་ལམ་མཆོག་གི་ཚེ་དབང་འདི་ལ་མེད་ཅེས་པ་ཚེ་དབང་གཞན་གསུམ་ལ་ཟུར་ཟོས་པའོ། །མ་འགགས་པ་ཕྱིའི་དགོངས་པ་དང་། དྲང་། སྔོན་འཆད་ཟག་བཅས་ཀྱི་སྐབས་བཞིན་ཏིང་ངེ་འཛིན་ལ་ལམ་གྱི་རྩོལ་བའི་འདུ་བྱེད་མེད་དེ། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན་རྩོལ་བ་དེའི་དོན་ལ་རེ་བ་དང་། དོག་པའི་འཛིན་ཆགས་དང་བྲལ་བས། བློ་ཆེ་ཆུང་གི་དབང་གིས། ཆུང་ན་རིམ་པ་སྒོམ་པའམ། ཆེ་ན་རིམ་མེད་པར་ཅིག་ཆར་དུ་རྫོགས་ཚུལ་གྱིས་སངས་རྒྱས་སྟོང་དང་ཉི་ཁྲི་བཞི་སྟོང་གི་དལ་ལ་སོགས། གྲངས་མང་པོའི་འཁོར་རང་གི་རིག་པ་ལ། གསལ་བར་རྫོགས་པའི་རྣལ་འབྱོར་ཏིང་ངེ་འཛིན་ལ་གནས་ནས་ཞི་ཁྲོའི་དལ་རྣམ་པ་གཉིས་ཀྱིས་རང་བཞིན་གྱི་དོན་ཐམས་ཅད་འགྲུབ་པར་མཛད་དོ། །དགོངས་པ་ལ་གནས་པའི་དུས་སོ། །དྲང་། དགོངས་པ་དེའི་མིང་ནི་ཚེ་ལ་དབང་བསྒྱུར་བའི་རྣལ་འབྱོར་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་ཏེ། རང་དོན་དུ་ལོ་བརྒྱ་ཕྲག་བཅུ་དྲུག་གི་ཆ་རྫོགས་ཀྱི་དུས་ཀྱི་བར་དུ། རང་གི་ཤེས་རབ་གསུམ་ལ་གོམས་པར་བྱེད་ནས། སྒོམ་ལམ་ཕྱག་རྒྱ་དང་། མཐར་ལམ་ལྷུན་གྲུབ་གཉིས་རིམ་པར་ཐོབ་པའི་མཐའ་ཡིས་སྐད་ཅིག་མ་གཅིག་གི་ཆ་ཡི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་འཇོམ་པས་དཔའ་བོར་མཐར་ཐུག་གི་འབྲས་བུ་སངས་རྒྱས་ལ་སྦྱོར་བའོ། །ཡང་ན། གོམས་བྱས་གཉིས་ཐོབ་མཐའ་སྐད་ཅིག །ཅེས་པ་འདི་ལ་ཚེ་དབང་རིག་འཛིན་ཐར་ཆག་པས། ཕྱག་ཆེན་ལ་སྦྱོར་བ་དང་། ཐོད་རྒལ་བས་ལྷུན་གྲུབ་ལ་སྦྱོར་བ་དང་། དེ་བས་བློ་ཆེ་བ་གཅིག་སངས་རྒྱས་ཀྱི་ས་ལ་སྦྱོར་བར་གསུང་སྟེ། ཁ་ཅིག་དབང་བསྒྱུར་རིག་ཉིད་ལས། །བཅུ་དྲུག་ཐུན་གྱི་སྐུ་ལ་རྫོགས། །ཁ་ཅིག་ཕྱག་རྒྱ་ཆེན་པོ་ལས། །བླ་མེད་ཀུན་ཏུ་བཟང་པོར་འགྱུར། །ཞེས་གསུང་པའི་ཕྱིར་རོ། ༈ །དྲུག་པ་སྤྱོད་པ་ལ་གཉིས། བགྲང་། བདག་དོན་དུ་ཤེས་རབ་གསུམ་གྱིས་ཀུན་འགྲོའི་སྒྲིབ་པ་སྦྱངས་པ་དང་། དྲང་། རིགས་མཐུན་ཞེས་པས། ཚེ་དབང་ནང་ན་སློབ་དཔོན་བཅའ་སྟེ་རང་བས་དགོངས་པ་མཆོག་ཏུ་གྱུར་པ་ལ་ཆོས་ཉན་པའོ། །གཞན་ཡང་ཕྱག་རྒྱ་ཆེན་པོའི་རིག་འཛིན་དང་། སངས་རྒྱས་སྤྲུལ་པའི་སྐུ་རྣམས་ལས། །གསང་སྔགས་ཀྱི་དོན་ཟབ་མོ་ཟག་མེད་ཀྱི་ཐོས་པའི་ཤེས་རབ་ཀྱི་ཐོབ་པར་བྱས། བསམ་པའི་ཤེས་རབ་ཀྱི་དོན་རིག་ཅིང་རྟོགས་པ་དང་། སྒོམ་པའི་ཤེས་རབ་ཀྱི་རྒྱུད་སྦྱོངས་པས། དཔེར་ན་དཀྱུས་སར་ཕྱིན་པའི་རྟ་ཅང་ཤེས་ཞུགས་ནས་དཀྱུས་གྷོས་མཐོང་བས་འཇུག་ཤེས་པ་བཞིན་འདིར་ཀུན་དུ་འགྲོ་བའི་སྒྲིབ་པ་དག་པར་བྱེད་ཅིང་། ལམ་གོང་མ་རྣམས་ཁ་འོག་ཏུ་ཚུད་པར་བྱེད་པ་ནི་བདག་པོའི་དོན་གྱི་སྤྱོད་པ་ཡིན་ནོ། ༈ །གཞན་དོན་ཡོན་ཏན་དང་བཅས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། ཆོས་སྣང་བའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་ཏེ་ཆོ་འཕྲུལ་བཞི་པོ་དེ་དག་དང་། མངོན་པར་ཤེས་པ་དྲུག་ཤེས་ཤིང་། ཚེ་དབང་ངམ། དབང་བསྒྱུར་རམ་མི་ལྡོག་པ་དེ་ཉིད་ཀྱི་མིང་ཅན་ལ་ལྡན་པ་ཡིས། ཚེ་ལ་དབང་བསྒྱུར་བའི་ལམ་ས་དེའི་རྩ་བའི་ལུས་སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུའི་སྐུ་ལས་མ་གཡོས་པར་སྤྲུལ་པའི་ལུས་ལྷ་མིའི་རྒྱལ་པོའི་ཆ་བྱད་ཀྱིས། བདག་གཞན་གྱི་གདུལ་བྱ་མ་ལུས་པའི་དོན་ཕྲིན་ལས་རྣམ་བཞིའི་སྒོ་ནས་བྱེད་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་ཡིན་ནོ། །རྒྱས་བཤད་ལ་གསུམ། བགྲང་། ཆོ་འཕྲུལ་བཞིས་གཞན་དོན་བྱ་བ་ལ་བཞི། བགྲང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་དོན་མཛད་པ་དང་། དྲང་། ཆོ་འཕྲལ་བཞིའི་ཐོག་མའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་དོན་སྤྱོད་པ། ལྟ་བ་སྤྱོད་པ། ཏིང་ངེ་འཛིན་ནུས་མཐུ་ཅན་དུ་རང་དབང་བསྒྱུར་ནས། རྫུ་འཕྲུལ་ཉི་ཤུ་ལ་སྤྱོད་པའི་ཚུལ་ནི། ཅི་ལྟ་བུ་ཞེ་ན། དེ་ཡང་། ལུས་ཤིང་བལ་ལྟ་བུར་ཡང་བས་ནམ་མཁའ་ལ་བྱ་བཞིན་འཕྱོ་བ་དང་། རིག་འཛིན་གྱི་གནས་ཐམས་ཅད་དུ་བགྲོད་པ་དང་། ངག་གི་བདེན་པ་གྲུབ་པས་ཆུ་བོའི་རྒྱུན་གྱེན་ལ་བཟློག་པར་གྱུར་ཅིག །ཅེས་བརྗོད་པ་ཙམ་གྱིས་བཟློག་པ་དང་། རླུང་ཞི་བར་གྱུར་ཅིག་བྱས་པ་ཙམ་གྱི་མིང་འགུལ་བར་འཆི་ནུས་པ་དང་། རི་དང་བྲག་ལ་སོགས་པ་ལ་ཐོགས་པ་མེད་པར་འཛུལ་ནུས་པ་དང་། ཆུ་ལ་མི་བྱིང་བ་དང་། རྡོ་རྗེའི་ལུས་སུ་གྲུབ་པས། མེས་མི་ཚིགས་པ་དང་། དུག་དང་མཚོན་གྱི་འཇིགས་པར་མི་འགྱུར་ཏེ་མི་ཚུགས་པ་དང་། ལུས་འདི་མངོན་སུམ་དུ་མི་སྣང་བ་དང་། ལུས་གཅིག་ལས་མང་པོར་སྤྲུལ་པ་དང་། དེ་དག་ལས་གཞན་པ་ཡང་རང་ཉིད་ཡིད་ལ་ཇི་ལྟར་བཞིན་དུ་འགྲུབ་སྟེ། གང་ཞེ་ན། འཇིག་རྟེན་གྱི་ཁམས་ལྷ་མ་སྲིན་སྡེ་བརྒྱད་རྣམས་ལ་བདག་གི་དབང་བསྒྱུར་བ་དང་། རང་གཞན་གྱི་ཚེ་དང་དུས་ལ་བསྲིང་བར་ནུས་ལ། བསྟུང་བར་འདོད་ན་བསྟུང་བར་ནུས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡུངས་འབྲུ་གཅིག་གི་ནང་དུ་ཤོང་བ་དང་། ཡུངས་འབྲུ་གཅིག་གི་སྟོང་གསུམ་གཅིག་པོ་ཐམས་ཅད་གང་བར་ནུས་པ་དང་། བ་སྤུ་ཉག་གཅིག་གིས་སྟོང་གསུམ་གང་བ་དང་། སྟོང་གསུམ་བ་སྤུའི་བུ་གར་དགང་སྟེ་བསྡུ་བའང་གོང་གི་ཡུངས་འབྲུའི་དཔེ་དེ་བཞིན་ནོ། །སྣོད་བཅུད་ཐམས་ཅད་བསྲེག་པར་བྱེད་པའི་མེའི་བསྐལ་པ་ཆེན་པོ་ཡང་གཞིལ་བར་ནུས་པ་དང་། རང་གི་ལུས་ལ་ཉི་མའི་དཀྱིལ་འཁོར་འབུམ་དུས་གཅིག་ལ་འགྱེད་པར་ནུས་པ་དང་། ས་ཕྱོགས་སྐམ་པོའི་སར་ཆུ་དབྱུང་བ་དང་། བྱེ་མ་ལས་གསེར་དུ་སྒྱུར་བ་དང་། སོལ་བ་ལྗོན་ཤིང་དུ་དབྱུང་བ་དང་། འབྱུང་བ་སྟོབས་ཆེན་དུ་བྱ་བ་ནི། ནམ་མཁའ་ལ་ཧཱུྃ་ཞེས་རྡོ་རྗེའི་བྲག་སྒྲ་སྒོམ་པས་རྡོ་རྗེའི་བྲག་ལྟར་སྲ་བའི་སྒྲ་འབྱུང་ཞིང་། དེ་ལ་འཛེགས་ཏེ་སྒོམ་པས། ཏིང་ངེ་འཛིན་ཡུལ་ཡངས་པའི་དགོས་པ་ཡོད། ཅེས་བླ་མ་གོང་མ་རྣམས་ཀྱིས་གསུངས་སོ། །ལག་མཐིལ་དུ་ཡི་གེ་རྃ་བཀོད་པས། དེ་ལ་ཡེ་ཤེས་ཀྱི་མེ་འབར་ནས་ཐ་མལ་གྱི་མེ་ཡང་ཚིག་པར་འགྱུར་བ་དང་། ཡི་གེ་ཁྃ་ལས་ཡེ་ཤེས་ཆུར་འགྱུར་འབབ་པའང་དཔེ་གོང་མ་དེ་བཞིན་ཏེ། ཐ་མལ་གྱི་ཆུ་ཡང་དག་པར་བྱེད་པ་དང་། ཡི་གེ་ཡྃ་ལས་ཡེ་ཤེས་ཀྱི་རླུང་བྱུང་བས་འཇིག་རྟེན་གྱི་ཁམས་འཐོར་བར་སྟོན་པ་དང་། ཡི་གེ་ཨེ་བཀོད་དེ་འཕྲོ་འདུ་བྱས་པས། ཐམས་ཅད་སྟོང་པར་བསམ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྟོང་ཞིང་། སྣོད་བཅུད་ཐམས་ཅད་སྟེང་ནས་འོག་ཏུ་ལྟུང་བ་དང་། འོག་ནས་སྟེང་དུ་འཕེན་པར་བྱ་བ་ལ་སོགས་པའང་འགྲུབ་པར་འགྱུར་རོ། །ལས་ཁ་ཚར་བ་བརྒྱད་ནི། དགུག་དང་བཏང་དང་བཅིངས་དང་དགྲོལ། །གསོ་དང་གསད་དང་ཕམ་དང་རྒྱལ་ནི་གོ་སླའོ། །རང་གི་ཇི་ལྟར་དམིགས་ཤིང་བསམ་པ་བཞིན་ཏུ་འགྲུབ་སྟེ། ཏིང་ངེ་འཛིན་ལས་སུ་རུང་བའོ། །གདུག་པ་ཅན་དབང་དུ་འདུ་བ་ནི། སྦྲུལ་གདུག་པ་ཅན་དང་། སྟག་དོམ་ལ་སོགས་པའི་གཅན་གཟན་གདུག་པ་ཅན་རྣམས་དང་། ཁྱི་ལ་ཟན་བྱིན་པ་བཞིན་དུ་བདག་གི་ཕྱི་བཞིན་དུ་རྗེས་སུ་འབྲང་བར་འགྱུར་རོ། །གཞན་ཡང་བར་དུ་གཅོད་པའི་བདུད་དང་། གནོད་སྦྱིན་དང་ལྷ་སྲིན་ལུས་སེམས་གདུག་པ་ཅན་ལ་སོགས་པ། བདག་ལ་བར་ཆད་ཀྱི་ཚུགས་པར་མི་འགྱུར་གྱི་སླར་བྲན་གཡོག་བཞིན་དུ་བདག་གི་བཀའ་ཉན་པས་ཕྲིན་ལས་ཅི་བཅོལ་བ་ཐམས་ཅད་ཐོགས་པ་མེད་པར་བྱེད་པར་འགྱུར་རོ། །རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། དྲང་། ལྷག་མའི་ལུས་མ་བོར་བར་ཚེ་ལ་དབང་བའི་རིག་འཛིན་གྱི་སར་གནས་ནས། དེའི་ཐུགས་རྗེ་སྤྲུལ་པའི་འབྱུང་བའི་བྱིན་རླབས་ཀྱིས། འགྲོ་བ་ལྷ་ཀླུ་ལ་སོགས་པ་སོ་སོའི་སྐད་དང་མཐུན་པ་ཡིས། འགྲོ་བའི་སོ་སོར་ཐར་པའི་ལམ་ཡང་སྟོན། ངན་སོང་གསུམ་ལ་སོགས་པ་སྟོང་ཞིང་དགེ་བའི་ལས་ལ་བསྐུལ་བ་དང་། དེ་ཉིད་ལམ་སྟེགས་ཀྱི་ཐེག་པ་ལ་དགོད་ཅིང་། ལམ་སྟེགས་ཀྱི་ལམ་དེ་དག་ཉིད། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལམ་ལ་དགོད་པར་མཛད། ཉན་ཐོས་ཐར་པ་ཐམས་ཅད་མཁྱེན་པའི་དོན་ལ་བསྐུལ་ཞིང་ཞི་བ་ཉན་ཐོས་འགོགས་པ་ལས་སློང་བ་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་སྟོན་པ་བྱེད་ནུས་ཤིང་གསང་སྔགས་ཀྱི་དོན་བསྟན་དེས་ཤེས་བྱ་སྦྱོང་བར་བྱེད་ཅིང་བདེ་གཤེགས་སྤྲུལ་པའི་སྐུའི་འཁོར་ལའང་ཆོས་སྟོན་ཞིང་སྤྲུལ་སྐུའི་རྒྱལ་ཚབས་མཛད། འོ་ན་མཐོང་ལམ་པས། མཐར་ལམ་པ་ས་བཅུའི་སྒྲིབ་པ་སྦྱོངས་བ་མི་འཐད་ཞེ་ན། འདི་ཉིད་ཀྱི་མཐོང་ལམ་ནི། བདེན་གསུམ་དབྱེར་མེད་ལྟ་བ་ཆོས་ཀུན་མཉམ་པ་ཉིད་ཀྱི་གནས་ལུགས་ཁོང་དུ་ཆུད་པ་ཡིན་ཏེ། འདི་ཉིད་ཀྱི་ལེའུ་གཉིས་པ་ལས། རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་པའི། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་པས། མཚན་ཉིད་ཐེག་པའི་ས་བཅུ་པའི་མཉམ་བཞག་སྣང་བ་ཤུགས་བཀག་དབྱིངས་རྐྱང་ལ་སོང་བ་དང་། འདིར་མངོན་སུམ་དུ་རྟོགས་པ་ཡིན། གཏན་ཚིགས་དེས་ན་གསང་སྔགས་ཀྱི་མཐོང་ལམ་ཚེ་དབང་དེས། ས་བཅུའི་སློབ་དཔོན་བྱེད་དགོས་པར་གསུང་ངོ་། །འགའ་ཞིག་གིས་ལུས་མ་བོར་བར་སངས་རྒྱས་ཀྱིས་ཐོབ། དེ་ནས་འོག་མ་རྣམས་ཀྱི་དོན་བྱེད་ལུགས་ཡིན། ཟེར་འདུག་སྟེ། དེ་ན་ཚེ་དབང་རིག་འཛིན་གྱི་སྤྱོད་པ་ལའང་དོན་ཅི་ཡོད། ཆོས་སྣང་བའི་ཆོ་འཕྲུལ་དང་། དྲང་། ཆོ་འཕྲུལ་དངོས་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་གཅིག་ལ་གླིང་བཞི་བྱེ་བ་ཕྲག་བརྒྱ་ཡོད་པའི་ཡུལ་འཇིག་རྟེན་རྣམས། ཕྱོགས་ཆ་དྲུག་ཏུ་གཡོ་བ་དང་། །ཚབས་ཆེར་རབ་གཡོ། ཀུན་ཏུ་ཁྱབ་ཅིང་ཚབ་ཆེར་ཤིན་ཏུ་གཡོ་བ་ལ་སོགས་པ་ཆོས་སྣང་བའི་ཚད་པ་སྣང་བ། དེ་ཡོན་ཏན་ནི་ཞིང་ཁམས་དེ་ན་གནས་པའི་སེམས་ཅན་རྣམས་མི་རྟག་པ་རྒྱུད་ལ་སྐྱེ་ཞིང་། ལམ་ལ་ཞུགས་པ་རྣམས་ཕྱི་ལྟར་ས་གཡོས་པས། ནང་ལྟར་ཏིང་ངེ་འཛིན་གྱི་ཉམས་གཡོས་ནས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་རིམ་པ་འོག་ནས་གོང་དུ་གཡོ་བར་བྱེད་པའོ། །ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱི་དོན་མཛད་པའོ། །དྲང་། མཐོང་ལམ་ཚེ་ལ་དབང་བ་དེ་ཉིད་ཀྱི་གསང་བ་སྔགས་ཀྱི་རང་སྒྲ་བསྒྲགས་པས། སྒྲ་སྐད་ཀུན་ཀྱང་ཡོན་ཏན་རྨད་དུ་བྱུང་བ་གསང་སྔགས་ཀྱི་སྒྲར་ཏི་རི་རི་གྲགས་པས། དེའི་ཡོན་ཏན་ནི། ཕྱི་ནང་གི་བདུད་བཞི་ལ་སོགས་པ་དང་མུ་སྟེགས་རྣམས་འདུལ་ཞིང་། སེམས་ཅན་རྣམས་ཀྱི་རྒྱུད་ལ་ངན་སོང་གསུམ་གྱི་རྒྱུ་ལས་དང་ཉོན་མོངས་པ་ཡོད་པ་རྣམས་སྦྱོང་ལ། འགྲོ་བ་དྲུག་གི་སེམས་ཅན་ལྷག་མ་ལུས་པའི་དོན་ཡང་རང་རང་གི་བློ་དང་ཇི་ལྟར་འཚམས་པ་བཞིན་དུ་བྱེད་དོ། །གཞན་དོན་མཛད་ནས་འབྲས་བུ་ལ་སྦྱོར་ཚུལ་དང་། དྲང་། བདག་གཞན་གྱི་ལས་རྣམས་ཐམས་ཅད་ཀུན་བྱས་ནས་འབྲས་བུ་སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་ཀུན་གྱིས་བརྒྱན་པའི་ལམ་མཐར་ཕྱིན་པ་ལྷུན་གྱིས་གྲུབ་པའི་རིག་འཛིན་བྱ་བ་མེད་པར་སངས་རྒྱས་ཀྱི་ས་འགྲུབ་བོ། །རྨད་དུ་དབྱུང་བའི་སྤྱོད་པས་གདུལ་བྱ་འདུལ་བར་བསྟན་པའོ། །དྲང་། རྒྱས་པ་ལ་སོགས་པའི་རྒྱུད་ལས་གསུང་པའི་མི་སྤང་བ་ལྔ། དང་དུ་བླང་བ་ལྔ། འདོད་ཡོན་ལྔ་སྟེ། ལྔ་ཚན་བཞི་ཡི་སྤྱོད་པ་ལ་བྱེ་བྲག་བཅུ་ཚན་གཉིས་ཏེ་འཁོར་བའི་ཆོས་ཉི་ཤུ་ལ་སྤྱོད་པ་དང་། ཕྲིན་ལས་རྣམ་པ་བཞིས་གཞན་དོན་བྱེད་པ་ནི། ཚེ་ལ་དབང་བསྒྱུར་བ་ཐོབ་པའི་སྐབས་འདི་ཉིད་དུ་ཐོགས་པར་མེད་པར་འབྱུང་བས། སྔོན་ཆོ་འཕྲུལ་གྱི་སྐབས་སུ་བསྟན་པ་བཞིན་དུ། གླིང་བཞི་ལ་སོགས་པ་བྱེ་བ་ཕྲག་བརྒྱའི་ཡུལ་ཁྱོན་དེ་དག་གི་གདུལ་བྱ་མ་ལུས་པ་འདུལ་བར་བྱེད་དོ། །བདུན་པ་མངོན་ཤེས་ལ་བཞི། བགྲང་། མངོན་ཤེས་འབྱུང་བའི་རྒྱུ་མཚན་དང་། དྲང་། ཕུང་ཁམས་སྐྱེ་མཆེད་དང་དབང་པོ་རྣམས་ནི་རང་བཞིན་བཅོས་བསླད་དང་བྲལ་བས་ཡེ་ཤེས་ཡིན་པའི་ཕྱིར། དེ་ཉིད་བྱེ་བྲག་མ་འདྲེས་པས་གཅིག་པ་དང་བྲལ་ལ། རང་བྱུང་ཡེ་ཤེས་སུ་གཅིག་པས་དུ་མའི་མཐའ་གཅིག་དང་དུ་མ་གཉིས་སུ་མེད་པར་ལྟ་བས་མངོན་སུམ་དུ་རྟོགས་ཤིང་ཏིང་ངེ་འཛིན་གོམས། དེ་ནས་ཟག་མེད་མངོན་དུ་མཐོང་བའི་ཚོགས་དྲུག་གི་དྲི་མ་དྲུག་སྦྱང་བའི་ཕྱིར་རོ། །དཔེར་ན་ཆུའི་སྙོགས་མ་དྭངས་པ་མཐར་ཕྱིན་པ་ལ། གཟུགས་བརྙན་འཆར་བ་བཞིན་དུ། ཚོགས་དྲུག་གི་སྣང་བ་མཚན་མའི་གཟུང་འཛིན་དག་ན་མངོན་ཤེས་འཆར་བར་གསུང་། མངོན་ཤེས་ཉི་ཤུ་རྩ་ལྔ་རྫོགས་པ་དང་། དྲང་། དེ་སྙེད་སྟོང་གསུམ་གྱིས་སྟོང་ཆེན་པོ་བརྒྱ་ཚུན་ཆད་ཀྱི་སྤྱན་གྱི་གཟུགས་མཐོང་བ་དང་། རྣ་བས་སྒྲ། སྣས་དྲི། ལྕེས་རོ། ལུས་ཀྱི་རེག་བྱ་ཚོར་བ་དང་། དེ་རེ་རེ་ལའང་ལྔ་ལྔ་ཚང་བས་ཤེས་པའི་བྱེ་བྲག་རེ་རེ་ལ་ཡང་ལྔ་ལྔ་སྟེ་རྩ་ལྔར་ཤར་རོ། །དེས་དབང་པོ་གཅིག་གི་ཀྱང་ཡུལ་ལྔ་གཅོད་པར་བྱེད། དབང་པོ་ཚང་བ་དང་མ་ཚང་བའི་འཇིགས་པ་དང་། ཚང་མ་ཚང་གི་དོག་པ་མེད་དོ། །མངོན་ཤེས་དྲུག་རྫོགས་པ་དང་། དྲང་། ཉི་ཤུ་རྩ་ལྔ་ལས་གཞན་དུ་སྟོང་གསུམ་ཚུན་ཆད་ལྷའི་རྣ་བའི་མངོན་ཤེས་དང་། རང་གཞན་གྱི་སྔོན་ཚེ་རབས་མང་པོ་ནས་གནས་དང་སྐྱེ་བ་ཅི་བླངས་རྗེས་སུ་འདྲན་པའི་མངོན་པར་ཤེས་པ་དང་། སེམས་ཅན་ཕ་རོལ་པོ་རྣམས་ཀྱི་རྟོག་པ་ཅི་རྒྱུ་ཤེས་པའི་མངོན་ཤེས་དང་། རང་དང་འགྲོ་བ་གཞན་འདི་ཙམ་ན་འཆི་འཕོ་དང་སྐྱེ་བ་གང་དུ་ལེན་པ་མཁྱེན་པའི་མངོན་ཤེས་དང་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་སྟེ་མི་མཐུན་པ་བརྒྱད་ལ་སོགས་པ་སྟོན་པའམ། གོང་གི་སྤྱོད་ཡུལ་དེ་རྣམས་ལ་འཛིན་པ་ན། ཟག་པ། ཟད་པའི་མངོན་ཤེས་དང་དྲུག་གོ། །མངོན་ཤེས་ཀྱི་ཡུལ་དང་མིང་གི་རྣམ་གྲངས་སོ། །དྲང་། སྟོང་གསུམ་གྱི་ཁྱོན། མངོན་ཤེས་ཀྱིས་མཐོང་ཚད་དེ་སྙེད་ཚུན་ཀྱི་ཡུལ་དང་གདུལ་བྱའི་བྱེ་བྲག་རྣམས། ཚེ་དབང་གི་མངོན་པར་ཤེས་པས། གདུལ་བྱ་མོས་པ་ཐ་དད་པ་གང་དང་གང་ཡང་རུང་བ་རྣམས་གང་ལ་གང་འཚམ་གྱི་སྒོ་ནས་འདུལ་བར་མཛད་དོ། །མངོན་ཤེས་དེའི་མིང་གི་རྣམ་གྲངས་ནི། འཁོར་བར་མི་ལྡོག་པའི་མངོན་ཤེས་ཞེས་ཀྱང་བྱ། ཟག་པ་མེད་པའི་མངོན་ཤེས་ཞེས་བྱ་བ་དང་། ཚེ་ལ་དབང་བསྒྱུར་བའི་རིག་འཛིན་གྱི་མཚན་ལས་མངོན་ཤེས་ཀྱི་མིང་ཡང་བརྗོད་པ་སྟེ། དེས་ཚེ་དབང་བའི་མངོན་ཤེས་ཞེས་པ་ལ་སོགས་མཚན་གྱི་རྣམ་གྲངས་ལས། མངོན་ཤེས་ཀྱི་མིང་གྲངས་ཀྱང་བརྗོད་པ་ཡིན་ནོ། ༈ །བརྒྱད་པ་ལམ་གོང་མ་ལ་སྦྱོར་བ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། ཚེ་ལ་དབང་བ་གང་ཟག་བདག་གམ་གདུལ་བྱ་གཞན་གྱི་དོན་བྱ་བའི་ཕྱིར་ཚེ་ལ་རང་དབང་ཅན་གྱི་རིག་འཛིན་དེས། རང་དོན་དུ་སྐུ་ཚེའི་ཚད་ལོ་སྟོང་དྲུག་བརྒྱ་ཉིད་དམ་གཞན་དོན་དུ་བསྐལ་བའི་གྲངས་ཅི་སྙེད་པར། འཇིག་རྟེན་དུ་བཞུགས་པའི་ཐ་མ་རང་གི་གྲུབ་མཐའི་འབྲས་བུ་ལ་སྦྱོར་བའི་ཚུལ་ནི། སྔོན་གྱི་ལམ་སྔ་མ་ཕྱག་རྒྱ་གཅིག་སྤྲོས་ཡན་ཆད་ལ་བློ་ཆེ་ཆུང་བྱུང་བའི་དབང་གིས། ཐར་ཆགས་རིམ་གྱིས་པ་དང་། ཐོད་རྒལ་ཅིག་ཆར་བ་གཉིས་གཉིས་ཡོད་པ་བཞིན་དུ་འདིར་ཡང་། འབྲས་བུ་ལ་སྦྱོར་བ་ལ་ཐར་ཆགས་པ་རིམ་གྱིས་སྦྱོར་བ་དང་། ཐོད་རྒལ་བ་ཅིག་ཆར་དུ་སྦྱོར་བ་གཉིས་འབྱུང་བའོ། །རྒྱས་པར་བཤད་པ་ལ་གཉིས། བགྲང་། རིམ་གྱིས་བགྲོད་པ་ཐར་ཆགས་པ་དང་། དྲང་། དེའང་མདོར་བསྟན་གྱི་སྔ་མ་ཐར་ཆགས་པ་རིམ་གྱིས་པའི་སྦྱོར་ཚུལ་ནི། ཟག་མེད་མཐོང་བའི་ལམ། ཚེ་དབང་འདི་ཉིད་དང་། ཚེ་དབང་རང་གི་ཟག་མེད་ཀྱིས་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལ་བློ་གོམས་པར་བྱས་པས། མཐོང་སྤངས་ཀྱི་སྒྲིབ་པ་དག་པ་ཚེ་དབང་རང་གི་རྩ་བའི་ལུས་སྐྱེ་འཆི་མེད་པར་རྡོ་རྗེའི་ལུས་དེ་རྒྱལ་བའི་སྐུ་ཕྱག་རྒྱ་ཆེན་པོར། ལམ་གྱི་དུས་ན་ཡི་དམ་ཞི་ཁྲོ་རིགས་ལྔ་གང་གོམ་པ་དེ་མངོན་སུམ་དུ་གསལ་བར་གྱུར་པའི་ལྷའི་སྐུའི་ཆ་ལུགས་འཛིན་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་སྒོམ་པ་དེ་ཉིད་དུ། གནས་ཡོངས་སུ་འགྱུར་ནས་སྒོམ་སྤངས་ཀྱི་སྒྲིབ་པ་དག་སྟེ། མཐར་ལམ་ལྷུན་གྱི་གྲུབ་པའི་རིག་འཛིན་ཐོབ་ནས་སངས་རྒྱས་ཀྱི་ས་ལ་གཤེགས་པའོ། །ཅིག་ཆར་དུ་འགྲོ་བ་ཐོད་རྒལ་བའོ། །དྲང་། མདོར་བསྟན་གྱི་ཕྱི་མ་ཐོད་རྒལ་ཅིག་ཆར་དུ་སྦྱོར་བ་ནི། མཐོང་ལམ་གྱི་རིག་མཆོག་ལམ་སྦྱངས་པའི་ཚེ་དབང་དེ་ཉིད་ནས། སྔོན་རིམ་གྱིས་སྐབས་བཞིན་དུ་རང་གི་ཤེས་རབ་གསུམ་ལ་གོམས་པར་བྱས་པས། མཐོང་སྤང་སྒོམ་སྤང་དུས་གཅིག་ལ་དག་སྟེ། སྒོམ་ལམ་ཕྱག་རྒྱ་ཆེན་པོ་བར་དུ་དོར་ནས། ཅིག་ཆར་དུ་མཐར་ལམ་ལྷུན་གྲུབ་རིག་འཛིན་དུ། ཐོད་རྒལ་ནས་འགྲོ་བའོ། །དེའི་རྒྱུ་མཚན་ཅི་ཕྱིར་ཞེ་ན། རྒྱུ་ལྟ་བ་ཆོས་ཉིད་རྟོགས་ཚབ་ཆེ་བ་དང་། རྐྱེན་དམ་ཚིག་ཙང་མར་བསྲུང་བ་དང་། སྨོན་ལམ་གྱི་ནུས་མཐུ་བཙན་པའང་ཡིན་པས། དེ་ནི་གནས་སྐབས་ཀྱི་ཅིག་ཆར་བའམ། ཐོད་རྒལ་བ་ཞེས་བྱའོ། །སྐབས་འདིར་ཚེ་རྣམ་གཉིས་ཀྱིས་ལམ་གོང་མ་ལ་སྦྱོར་ཚུལ་གྱི་བརྒལ་ལེན་ཅིག་ཆར་བརྗོད་པར་བྱའོ། །རྣམ་སྨིན་རིག་འཛིན་བར་དོ་ན་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བ་ཡིན་ནམ་མིན། མིན་ན། འདི་ཉིད་ཀྱི་གཞུང་དང་འགལ་ཏེ། སྤྱོད་ཡུལ་དོར་ནས་རྒྱག་རྒྱར་རྫོགས། ཞེས་པ་དང་། བྲལ་ནས་སྣང་བྱེད་དེ་རྣམ་སྨིན། ཞེས་ལ་སོགས་པའི་བར་དོ་ལ་ཕྱག་ཆེན་ལ་སྦྱོར་བའི་ལུང་མོང་། བར་དོ་ལ་སྦྱར་བ་ཡིན་ན། ཚེ་དབང་བས་རྣམ་སྨིན་བཟང་བར་རྣམ་སྨིན་གྱི་ཚེ་གཅིག་ལ་ཕྱག་ཆེན་ཐོབ་ལ། ཚེ་དབང་གི་བདག་དོན་ལ་ལོ་སྟོང་དྲུག་བརྒྱ་དགོས་པའི་ཕྱིར། འདོད་ན། སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །ཞེས་གསུང་པ་དང་འགལ་ལོ། །དེ་ལྟར་ཡིན་ཀྱང་། རྣམ་སྨིན་སྟོབས་ཆུང་དགོས་ཟེར་ན། འབྲས་བུ་ཉེ་བར་སྦྱོར་བ་རྣམས་སྟོབས་ཆེ་བའི་དམ་བཅའ་ཉམས། ཡང་ཚེ་དབང་གི་ལོ་སྟོང་དྲུག་བརྒྱ་སངས་རྒྱས་ཀྱི་ས་ལ་སྦྱོར་རམ། ལམ་གོང་མ་ལ་སྦྱོར། སྔ་མ་ལྟར་ན། མཐར་ཆགས་པས་ཀྱང་སྦྱོར་བར་ཐལ། འདོད་ན་ལོ་སྟོང་དྲུག་བརྒྱ། ཚེ་དབང་གི་ཚེ་ཚད་དུ་བཞག་པ་དང་འགལ་ཏེ། འདི་ཉིད་ལས། བདག་ཕྱིར་དོན་དུ་གཉེར་བ་ཡི། །བརྒྱ་ཕྲག་བཅུ་དྲུག་ཚེ་ཡི་རྫོགས། །ཞེས་གསུངས་པའི་ཕྱིར་རོ། །ཚེ་ཚད་ཡིན། ཕྱག་རྒྱ་ཆེན་པོ་དང་ལྷུན་གྲུབ་དེའི་ཁུངས་སུ་འདུས་སམ། མི་འདུས། མི་འདུས་ན། དེ་གཉིས་བགྲོད་དགོས་སམ་མི་དགོས། མི་དགོས་ན། མཐར་ཆགས་ཉམས་ལམ་གཉིས་པོ་བགྲོད་མི་དགོས་པའི་ཕྱིར་དགོས་ན། ལོ་སྟོང་དྲུག་བརྒྱ་ལ་སངས་རྒྱས་ཀྱི་ས་ལ་སྦྱོར་བའི་དམ་བཅའ་ཉམས་སོ། །རང་ལུགས་ནི། ཚེ་དབང་རབ་ཀྱི་ལོ་སྟོང་དྲུག་བརྒྱ་ནས། སངས་རྒྱས་ཀྱི་ས་ལ་སྦྱོར། འབྲིང་གི་བཅུ་དྲུག་ནས་ལྷུན་གྲུབ་ལ་སྦྱོར། ཐ་མ་བཅུ་དྲུག་ནས་ཕྱག་ཆེན་ལ་སྦྱོར། དེ་ནས་ལྷུན་གྲུབ། དེ་ནས་སངས་རྒྱས་ལ་སྦྱོར་རོ། །འོ་ན་ཕྱི་མ་ལྟར་གཞུང་དང་འགལ་ལོ། །ཞེ་ན་། མི་འགལ་ཏེ། ལམ་རྣམ་བཤད་ན། ཁ་ཅིག་དབང་བསྒྱུར་རིག་འཛིན་ནས། །བཅུ་དྲུག་རྒྱུན་གྱི་སྐུ་ལ་རྫོགས། །ཞེས་པ་དང་། ཁ་ཅིག་ཕྱག་རྒྱ་ཆེན་པོས། བླ་མེད་ཀུན་ཏུ་བཟང་པོར་འགྱུར། །ཞེས་པ་དང་། ཁ་ཅིག་རྣམ་གསུམ་བགྲོད་པའི་མཐར། །ལྷུན་གྲུབ་རིག་ལ་རྫོགས་སངས་རྒྱས། །ཞེས་གསུང་སོ། །འོ་ན་རྩ་རྒྱུད་ནས། དེ་ཚེ་བཅུ་དྲུག་ཚུན་ཆད་གྱིས། །སྐུ་ལྔ་ལྷུན་གྲུབ་རྫོགས་པ་ཡིན། །ཞེས་གསུང་པ་དང་འགལ་ཞེ་ན། མི་འགལ་ཏེ། དེ་ནི་ཐོད་རྒལ་བའི་ལུང་ཡིན་ནོ། །ཚེ་དབང་བས་རྣམ་སྨིན་བཟང་བ་མ་ཡིན་པའི་རྒྱུ་མཚན་ནི། སྤྱིར་བཤད་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཚེ་རྣམ་གཉིས། ཚེ་འདི་ལ་ཐོབ་པ་དང་། བར་དོ་ལ་ཐོབ་པ་དང་། ཕྱི་མ་ལ་ཐོབ་པ་དང་། ལན་གྲངས་གཞན་དུ་ཐོབ་པ་སྟེ། རིག་བརྒྱད་མེད་དེ། འདི་རྣམས་རིམ་པ་བཞིན་ཚེ་རྣམ་གཉིས་ཚེ་དབང་བཟང་བར་ཤེས་པར་བྱའོ། །བྱེ་བྲག་བཤད་ན། ཚེ་དབང་ཐར་ཆགས་པ་འདི་དང་། རྣམ་སྨིན་ཚེ་འདི་ལ་ཐོབ་པ་གཉིས། རྣམ་སྨིན་ཕྱག་ཆེན་ལ་སྦྱོར་བ་ལ་ལམ་ཐག་ཉེ་སྟེ། སངས་རྒྱས་ཀྱི་ས་ལ་སྦྱོར་བ་ལ་ཡུན་བསྲིང་དགོས་པར་གསུང་། ཟག་བཅད་ནས་ཕྱག་རྒྱ་གཅིག་སྤྲོས་ནས། རྣམ་སྨིན་ཐོབ་པ་དེ་དང་། ཚོགས་བསྒྲུབ་ནས་ནམ་སྨིན་ཐོབ་པ་གཉིས། ལམ་གོང་མ་ལ་སྦྱོར་བ་ལ་སྟོབས་ཆེ་ཆུང་ཡོད་པར་བཤད་པས་སོ། །གཞན་ཡང་། ཚོགས་ལམ་ལ་ལས་སྒྲིབ་སྦྱངས། སྦྱོར་ལམ་ལ་ཉོན་སྒྲིབ་སྦྱང་། མཐོང་ལམ་ལ་ཀུན་འགྲོའི་སྒྲིབ་པ་སྦྱོངས། སྒོམ་ལམ་ལ་ལྷན་ཅིག་གནས་པའི་དྲི་མ། མཐར་ལམ་ལ་བག་ལ་ཉལ་གྱི་སྒྲིབ་པ་སྦྱངས་ནས་སངས་རྒྱས་དགོས་པ་ལ། ལས་ཀྱི་སྒྲིབ་པ་ནི། ཀུན་བཞི་བག་ཆགས་ལས་གང་བསགས་རྣམས་ཡིན། །ཉོན་མོངས་པའི་སྒྲིབ་པ་ནི། ཉོན་མོངས་པ་དུག་གསུམ་དུག་ལྔ་རྣམས་ཡིན་ནོ། །འཕགས་པའི་ལམ་གྱི་སྒྲིབ་པ་ནི། ཤེས་སྒྲིབ་ཡིན་ཏེ། ཤེས་བྱ་ལ་ཤེས་སུ་མི་སྟེར་བ་དང་། ཤེས་བྱ་དམ་དུ་འཛིན་པའི་སྒྲིབ་པ་གཉིས། ཤེས་བྱ་ལ་དམ་དུ་འཛིན་པའི་ཀུན་འགྲོའི་སྒྲིབ་པ་ནི། ལྟ་བ་ལ་ཆེད་འཛིན་པ་སྟེ། ལྟ་བ་དེ་ཉིད་ལམ་ཀུན་གྱི་སྔོན་དུ་འགྲོ་བས། ཀུན་འགྲོ་ཞེས་བྱའོ། །ལྟ་བ་ལ་ཆེད་དུ་བཟང་འཛིན་བྱས་པ་ན་སྒྲིབ་པ། དེའི་ཕྱིར་ཀུན་འགྲོའི་སྒྲིབ་པ་ཞེས་བྱའོ། །ཤེས་བྱ་ལ་ཤེས་སུ་མི་སྟེར་བའི་སྒྲིབ་པ་ནི། སྒོམ་ལམ་ལྷན་ཅིག་གནས་པའི་སྒྲིབ་པ། སྒོམ་པ་ལ་ཆེད་དུ་འཛིན་པ་ཡིན་ཏེ། དེ་ཡང་སྒོམ་གྱི་ཐུགས་དེ་ཉིད་དང་། སྒོམ་པ་ཏིང་ངེ་འཛིན་གྱི་ངོ་བོ་དེ་གཉིས་ལ། ཕན་ཚུན་ཐ་དད་པར་གནས་པས། ལྷན་ཅིག་གནས་པ་ཞེས་བྱའོ། །སྒོམ་པ་ལ་ཆེད་དུ་བཟུང་བས་བསྒྲིབ་པར་འགྱུར་ཏེ། དེས་ན་ལྷན་ཅིག་གནས་པའི་སྒྲིབ་པ་ཞེས་བྱའོ། །བག་ལ་ཉལ་གྱི་བསྒྲིབ་པ་ནི། ཀུན་བཞི་རྣམ་ཤེས་སྣང་ཡང་། གཟུང་འཛིན་ལ་མ་ཤར་བ་དེའི་ཆ་ཕྲ་བ། ཡུན་སེ་གོལ་བརྡབ་པ་ཙམ་གཅིག་གོ། །དེ་ལ་རྣམ་སྨིན་ཀུན་འགྲོའི་སྒྲིབ་པ་དང་ལྔ་ཡང་། ལྷན་ཅིག་གནས་པའི་དྲི་མ་སྦྱང་བ་ལ་ཡུན་རིང་པོ་གཅིག་དགོས་པས། ཚེ་དབང་བས་བཟང་བར་མི་འགྱུར་རོ། །འདི་རྣམས་ལ་ཞིབ་ཏུ་ངོ་སྤྲད་ནས། གནས་འགྱུར་དག་མ་དག་གི་ས་མཚམས། སྣང་བ་ལ་ཤུགས་བཀག་ཡོད་ན། དེ་རྣམས་ཀྱི་དོན་གོ་དགོས་སོ། །སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལའང་དོན་བརྒྱད་དོ། །གོང་མ་བཞིན་ལས། དང་པོ་ནི། ཀུན་འགྲོའི་སྒྲིབ་པ་དག་པ་དེ་ཉིད། ༈ །ཕྱག་རྒྱ་ཆེན་པོའི་སྐུར་གསལ་བས། དེ་ཉིད་ཀྱི་ནི་ཀུན་འགྲོའི་སྒྲིབ་པ་དག་པ་ཁོ་ན་སྟེ། འདི་ཉིད་ལས། ཀུན་འགྲོའི་སྒྲིབ་དག་ངོ་བོའི་རྒྱུ། །ཞེས་གསུང་། གཉིས་པ་ནི། སྤྱི་དང་བྱེ་བྲག་ལས། སྔ་མ་ནི། ཀུན་འགྲོའི་སྒྲིབ་པ་དག་པའི་དུས། །དེའི་ཚེ་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བས་དེ་ཉིད་དུས་ཀྱང་ཡིན་པས་སོ། །ཕྱི་མ་ནི། ཚོགས་བསྒྲུབ་པའི་ཐོད་རྒལ་བས། ཕྱག་རྒྱ་ཆེན་པོ་ལ་སྦྱོར་དུས་ནི། ཚོགས་བསྒྲུབ་ཀྱི་ས་ན་དངོས་སུ་མ་སྨོས་ཀྱང་། རྣམ་སྨིན་ཚེ་དབང་ཐོབ་པའི་དུས་དང་། མཚུངས་པས་ཤུགས་ཀྱི་ཤེས་ཟེར་ཡང་། ཚོགས་བསྒྲུབ་ལས་ཐོད་རྒལ་མི་འབྱུང་སྟེ། དེ་ཐོག་ན་རྣམ་སྨིན་ཐོབ་ནས་ཕྱག་ཆེན་ལ་སྦྱོར་བའོ། །མཐོང་ལམ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བའི་དུས་ཀྱང་གཉིས་ལས། རྣམ་སྨིན་གྱིས་སྒོམ་ལམ་ལ་སྦྱོར་བའི་དུས་ཀྱང་། དེ་ཉིད་ཀྱི་ཚེ་ཤེས་རབ་གསུམ་གྱིས་སྒོ་ནས་ཀུན་འགྲོའི་སྒྲིབ་པའི་དུས་དེ་ཉིད་དོ། །ཚེ་དབང་གི་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའི་དུས་ནི། རང་དོན་དུ་ལོ་སྟོང་དྲུག་བརྒྱ་ཡིན་ཏེ། གཞན་དོན་དུ་མ་ངེས་ཏེ། འདི་ཉིད་ལས། བསྐལ་པ་གྲངས་མེད་གནས་འགྱུར་ཀྱང་། །སྐུ་ནི་ཤིན་ཏུ་གཞོན་པའི་ཚུལ། །ཅེས་དང་། དེ་ཚེ་སྐུ་ཚེའི་ཚད་མེད་དོ། །འདུལ་བའི་དུས་ཀྱི་འཕོ་འདུག་བྱེད། ཅེས་གསུངས་སོ། །གསུམ་པ་ནི། ཡི་དམ་གྱི་ལྷའི་རིགས་གང་ཡིན་པ་དེ་ཉིད། གོམས་པ་མཐར་ཕྱིན་པའི་སྟོབས་ཀྱིས། སྒོ་གསུམ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་གསལ་བ་དེ་ཉིད་དོ། །འོ་ན་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་ཁྱད་ཅི་ཡོད་ཅེ་ན། ལྷུན་གྱིས་གྲུབ་པའི་རིག་འཛིན་ནི། སྐུ་ལྔ་ལྷུན་གྲུབ་ཀྱིས་ཆ་ལུགས་སུ་བཞུགས་པ་འདི་ཡིན་ཞིང་། འདིར་ནི། རིགས་ལྔ་རྐྱང་བཀར་གྱི་ཆ་ལུགས་སུ་བཞུགས་པས་ཁྱད་ཡོད་དོ། །བཞི་པ་ནི། ཕྱག་རྒྱ་ཆེན་པོ་ཙམ་གྱི་རྣམ་གྲངས་དང་། མ་ཧཱ་རང་གཞུང་གི་ཕྱག་རྒྱ་ཆེན་པོའི་རྣམ་གྲངས་སོ། །དང་པོ་ནི། ཀྲི་ཡོག་རིགས་གསུམ་དང་། ཨུ་པ་ཡའི་རིགས་བཞིའི་དང་ཡོ་གའི་རིགས་ལྔ་དང་། མ་ཧཱའི་རིགས་ལྔའི་དང་བཞིའོ། གཉིས་པ་ནི། ཕྱག་རྒྱ་ཆེན་པོ་ཉིད་དང་། སྒོམ་ལམ་དང་། ལུང་ཆེན་ཐོབ་པའི་རྣལ་འབྱོར་ལ་སོགས་པ་གཞུང་ཉིད་ན་གསལ་ལོ། །དང་པོ་ནི། རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ལ་སོགས་པ་ལྔ་གཞུང་ཉིད་ན་གསལ་ལོ། །ལྔ་པ་ནི། མ་འགག་པ་ཕྱག་རྒྱའི་དགོངས་པ་དང་། མ་དམིགས་པ་ཆོས་ཉིད་ཀྱི་དགོངས་པའོ། །དང་པོ་ནི། སངས་རྒྱས་ཉི་ཁྲི་བཞི་སྟོང་གཅིག་དང་དུ་མ་ལས་གྲོལ་བས། ངོ་བོ་ཉིད་ཡུལ་ལུས་མེད་དུ་རང་གསལ་བའོ། །གཉིས་པ་ནི། དབྱེར་མེད་སྤྱོད་ཡུལ་དང་བྲལ་བའི་ངོ་བོ་ཉིད་མཐའ་དབུས་ལས་གྲོལ་བར་གསལ་བའོ། །དགོངས་པ་དེ་གཉིས་ཀྱང་། གཅིག་དང་དུ་མ་ལས་གྲོལ་བའི་བདག་ཉིད་ཡིན་པས་ཕན་ཚུན་ཐ་དད་དུ་མི་བྱའོ། །དྲུག་པ་ནི། བདག་གཞན་གྱི་སྤྱོད་པ་གཉིས་ལས། སྔ་མ་དེ་ཉིད་ཚེ། ཤེས་རབ་གསུམ་གྱི་སྒོ་ནས་ལྷན་ཅིག་གནས་པའི་དྲི་མ་དག་པར་བྱེད་པའོ། །ཕྱི་མ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་གདུལ་བྱའི་དོན་མཛད་པའོ། །གདུལ་བྱའི་ཚད་ནི། མངོན་ཤེས་ཀྱི་ཚད་དང་མཐུན་ནོ། །དེ་ཉིད་ལས། སྟོང་གསུམ་འཇིག་རྟེན་བརྒྱ་སྟོང་ཕྲག་བཅུའི་ཞིང་ཁམས་རྡུལ་སྙེད་དུ། ཞིང་གྲངས་མེད་པར་བརྒྱ་སྟོང་ཕྲག །ཅེས་པ་ལ་སོགས་པ་དེ་ཉིད་དོ། །བདུན་པ། དེ་ཡང་མངོན་ཤེས་ལྔ་དང་། ཉི་ཤུ་རྩ་ལྔ་མཁྱེན་པའོ། །བརྒྱད་པ་ནི། ཐོད་རྒལ་དང་། ཐར་ཆགས་གཉིས་ལས། སྔ་མ་ནི། དེ་ཉིད་ཀྱི་ཚེ་ཤེས་རབ་གསུམ་གྱིས་ལྷན་ཅིག་གནས་པའི་དྲི་མ་དག་པའི་ཚེ། བག་ལ་ཉལ་གྱི་དྲི་མ་ཡང་ཤུགས་ཀྱི་དག་ནས། ལྷུན་གྱི་གྲུབ་པའི་རིག་འཛིན་བོར་ནས། རྒྱལ་བ་ཉིད་ལ་སྦྱོར་བའོ། །ཕྱི་མ་ནི། དེ་ཉིད་ཀྱི་སྐབས་ན། ལྷན་ཅིག་གནས་པའི་དྲི་མ་དག་ནས་ལྷུན་གྱི་གྲུབ་པའི་རིག་འཛིན་ལ་སྦྱོར་བའོ། ༈ །གཉིས་པ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་གཉིས། བགྲང་། ལུས་སྔ་མ་དང་མཐུན་པར་བསྟན་པ་དང་། དྲང་། དེ་ཉིད་ཟག་མེད་ལམ་ལ་གསུམ་ཡོད་པའི་བར་ལ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་བཤད་པར་བྱ་བའང་། སྔོན་གྱི་ཚེ་དབང་གི་ལུས་བཞིན་དོན་བརྒྱད་ཀྱིས་རྫོགས་པར་བྱ་བའོ། ༈ །ཡན་ལག་རྒྱས་པར་བཤད་པ་ལ་བརྒྱད། བགྲང་། ཐོབ་པའི་རྒྱུ་དང་། དྲང་། ཚོགས་ལམ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་པ་དང་། དུ་མ་སྒོམ་པ་སྤྲོས་པའི་རྣལ་འབྱོར་པའི། རང་གི་འབྱུང་བཞི་འདུས་པས་ལུས་ཀྱང་ངོ་བོ་སེམས་ཉིད་ཡིན་པའི་ཕྱིར། རྟོག་ཚོགས་ཐམས་ཅད་རང་བཞིན་ལྷའི་དལ་དུ། ལྟ་བས་མངོན་དུ་མཐོང་བའི་དོན་ལ་ཏིང་ངེ་འཛིན་གོམས་པར་བྱས་ཤིང་། སྤྱོད་པ་ཚོགས་གཉིས་བསགས་པའང་མཐར་སྦྱོར་ལམ་དུ་ཚོགས་བསྒྲུབ་པས། མཐོང་ལམ་དུ་རྣམ་སྨིན་ཚེ་དབང་གཉིས་ཐོབ་ནས། ལྟ་བ་ལ་ཆེད་དུ་འཛིན་པ་ཀུན་འགྲོའི་སྒྲིབ་པ་མཐོང་ལམ་པའི་རྒྱུད་ལ་ཡོད་ནས་དག་པ་དེ་ཉིད་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་ངོ་བོའི་རྒྱུ་ཡིན་ནོ། །རྒྱུའི་ཁྱད་པར་ནི་རྒྱུ་ལས་ཀྱི་རྣམ་པར་སྨིན་པའི་ལུས་ཀྱི་ཚུལ་གྱིས་འབྲས་བུ་ཕྱག་རྒྱ་ཆེན་པོར་དུས་ཕྱིའི་གྲུབ་པ་རྒྱུ་འབྲས་ཐ་དད་པ་ལྟ་བུ་མེད་དེ། ཅིའི་ཕྱིར་ཞེ་ན། བསྐྱེད་བྱ་བསྐྱེད་ཀྱི་རྒྱུ་འབྲས་ས་བོན་དང་མྱུ་གུ་ལྟར་སྔ་མ་དང་ཕྱི་མ་རྒྱུ་འབྲས་ཐ་དད་དུ་འདོད་པ་ནི་མིན་ཏེ། རྒྱུ་འབྲས་དབྱེར་མེད་པའི་ཕྱིར་རོ། །ཐོབ་པའི་དུས་དང་། དྲང་། སྒོམ་ལམ་ཐོབ་པའི་དུས་ཀྱི་རིམ་པ་ལ་སྔ་ཕྱི་གཉིས་སུ་འདོད་པ་མིན་ཏེ། དུས་གསུམ་རྒྱུ་འབྲས་དབྱེར་མེད་དུ་གཅིག་པར་འདོད་པའི་ཕྱིར། རྒྱུ་འབྲས་ངོ་བོ་དབྱེར་མེད་གཅིག་ཡིན་པས། གཅིག་པ་དེ་ཉིད་ལ་ལམ་དུ་བྱས་པས། ཚེ་དབང་རང་གི་ལྷག་མའི་ལུས་དང་བཅས་པས་ལོ་བརྒྱ་བརྒྱ་ནས། བརྒྱད་བརྒྱད་ལོན་པར་བསྣུར་ཞིང་བསྒྲུབ་པའི་མཐའ་མ་ལ། ཚེ་དབང་ཉིད་ཕྱག་རྒྱ་ཆེན་པོ་དེ་ཉིད་དུ་འགྱུར་བས། ཚེ་དབང་ཉིད་ཕྱག་རྒྱ་ཆེན་པོ་ཉིད་དུ་སྦྱོར་བ་ལ། ངེས་པ་གཅིག་ཏུ་བཟུང་དུ་མེད་དོ། །དེ་ལྟར་ན་ཚེ་དབང་དེ་ཕྱག་རྒྱ་ཆེན་པོ་ལ་འབྱུང་ལུས་དང་བཅས་པ་སྦྱོར་ན། འབྱུང་བ་རྡོ་རྗེའི་ལུས་ལས་གྲོལ། །ཅེས་པ་དང་འགལ་ཞིང་། བྲལ་ནས་སྦྱོར་ན། ལྷག་རྟོག་འབྱུང་བའི་ལུས་བཅས་འདས། །ཞེས་པ་དང་འགལ་ཞེས་བརྗོད་ན། འགལ་བ་མ་ཡིན་ཏེ། འབྱུང་ལུས་ཀྱི་རྒྱུན་དང་བཅས་ཤིང་། ལྡོག་པ་དང་བྲལ་ནས་སྦྱོར་བས། སྔ་ཕྱིའི་ལུགས་གཉིས་ཀ་དང་མི་འགལ་ལོ། །ངོ་བོ་ལ་གསུམ། བགྲང་། ངོ་བོ་ལོངས་སྐུ་དང་ཚུལ་མཐུན་པ་དང་། དྲང་། མཐོང་ལམ་པ་རང་གི་སེམས་ཉིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་ཡེ་ནས་རང་གྱུར་པ་ཡིན་ཏེ། དེའི་དོན་རྟོགས་ཤིང་ལམ་གཅིག་སྤྲོས་གཉིས་སུ་ལྷ་སྒོམ་པའི་མཐར་ཡི་དམ་གྱི་ལྷ་གང་ཡིན་པ་དེ་ཉིད་མངོན་སུམ་དུ་གྱུར་པའི་སྐུ་ལ། ཐུན་མོང་དང་མཆོག་གི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་ལོངས་སྐུའི་རིག་འཛིན་པས། ལོངས་སྤྱོད་རྫོགས་པའི་སྐུ་འདྲ་བས་ན་ལོངས་སྐུ་གཉིས་པ་ལྟ་བུ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནོ། །རིགས་ལྔ་གང་ཡིན་གྱི་རིག་འཛིན་ཅིང་། མཚན་དཔེ་མངོན་ཤེས་དང་ཆོ་འཕྲུལ་རྣམས་རྫོགས་པ་དང་། དྲང་། དེ་ཡང་། བྱེ་བྲག་ཏུ། རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ཆེན་པོ་དང་། དེ་བཞིན་དུ་འཁོར་ལོ་དེ་བཞིན་གཤེགས་པའི་རིགས་དང་། རིན་ཆེན་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ་ཕྱག་མཚན་ལྔས་མཚོན་ནས་ཡིད་རིགས་ལྔ་གང་ཡིན་གྱི་སྐུ་ཕྱག་རྒྱ་ཆེན་པོའི་རིགས་དང་ཆ་བྱད་འཛིན་པར་འགྱུར་བས་ན་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནོ། །དེ་ཡང་རང་གི་ལུས་ཉིད་ཡེ་གདོད་མ་ནས་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གནས་པ་དེ། ལྟ་བས་རྟོགས། ཏིང་ངེ་འཛིན་གྱི་ཡང་དང་ཡང་དུ་སྒོམ་པས་ཡི་དམ་གྱི་ལྷ་གང་ཡིན་པ་དབང་པོའི་མངོན་སུམ་དུ་གྱུར་པའི་ལྷའི་སྐུ་ལ། མཚན་དཔེ་གཉིས་གཉིས་ཏེ་བཞི་ནི་ཆོ་འཕྲུལ་བཞི་ལ་ངོས་བཟུང་ཡང་རུང་བས་བཞི་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ལ་སོགས་མངོན་ཤེས་དྲུག་དང་ཉེར་ལྔ་ལ་སོགས་རྫོགས་པ་སྟེ། ལོངས་སྐུའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་པས་ན། དེ་ཀ་ལ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་གྲགས་སོ། །ཡེ་ཤེས་སྐུའི་ཆ་ལུགས་འཛིན་ཅིང་ཚེ་དབང་དང་ཁྱད་ཕྱེ་བའོ། །དྲང་། ཡེ་ཤེས་སྒྱུ་མའི་སྐུ་ལོངས་སྐུའི་ཆ་ལུགས་ཅན་ཏེ། རྣམ་སྨིན་ལྟར་འབྱུང་བའི་ལུས་དང་། ཚེ་དབང་ལྟར་སྐྱེ་འཇིགས་མེད་པ་འབྱུང་བ་རྡོ་རྗེའི་ལུས་བགྲེས་རྒུད་ཅན་ལས་ཀྱང་གྲོལ་ལོ། །དེའི་ཕྱིར་ཡེ་ཤེས་སྒྱུ་མའི་སྐུ་ལ་བགྲེས་རྒུད་དང་འཕོ་འགྱུར་མེད་པ་ཐོབ་པས། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སྐུ་ཚེའི་ཚད་བཟུང་དུ་མེད་ཏེ། ཚེ་དབང་ལྟར་ལོ་བརྒྱ་ནས་བརྒྱད་ལྟར་བསྣུར་ཞིང་འབྲས་བུ་མངོན་དུ་ཐོབ་པར་བྱ་བའི་རྩོལ་བ་དང་བྲལ་བས་ཚེ་དབང་བས་དཔག་པའོ། །བཞི་པ་རྣམ་གྲངས་ལ་གཉིས། བགྲང་། ཕྱག་རྒྱ་ཆེན་པོའི་རྣམ་གྲངས་ཕྱིར་བསྟན་པ་དང་། དྲང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་དེ་ཉིད་ལ་ཀྲི་ཡ་རིགས་གསུམ་གྱི་ཕྱག་རྒྱ་དང་། ཨུ་པ་རིགས་བཞིའི་ཕྱག་རྒྱ་དང་། ཡོ་ག་རིགས་ལྔའི་ཕྱག་རྒྱ་དང་། མཆོག་མ་ཧཱ་ཡོ་གའི་རིགས་ལྔའི་ཕྱག་རྒྱ་སྟེ། ལྷ་དེ་རྣམས་ཀྱི་རིགས་དང་ཆ་བྱད་འཛིན་པས་ན་ཕྱག་རྒྱ་ཆེན་པོའི་ཏིང་འཛིན་ཏེ། དེ་ལས་ཡང་། རྣམ་གྲངས་རིགས་རྣམ་པ་བཞི་རུ་སྔོན་ཚེ་དབང་ལ་ཡང་། ངོ་བོ་སྨན་དང་ཐབས་རིག་འཛིན། །ཅེས་སོགས། རྣམ་གྲངས་བཞི་ཡོད་པ་བཞིན་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་སྐབས་འདིར་ཡང་། རྣམ་གྲངས་བཞིར་འགྱུར་བའོ། ༈ །ཁྱད་པར་དུ་མ་ཧཱ་ཡོ་གའི་ཕྱག་རྒྱ་ཆེན་པོའི་རྣམ་གྲངས་སོ། །དྲང་། དེ་ལྟར་ཕྱག་རྒྱ་ཆེན་པོའི་རིག་འཛིན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་མ་ཧཱ་ཡོ་གའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་དག་གི་མིང་གི་རྣམ་གྲངས་གཉིས་པ་དང་གསུམ་ལ་ལྔ་འབྱུང་བ་སྟེ། གང་ཞེ་ན། གང་གི་ཚེ་དབང་གི་སྐབས་སུ་ཏིང་ངེ་འཛིན་དགོངས་པ་ཆོས་ཉིད་དབྱེར་མེད་མཉམ་པ་ཉིད་ཀྱི་རང་མཚན་རྟོགས་པ་ཉིད་ལས་དགོངས་པ་གཞན་དུ་མི་གཡོ་ཞིང་གནས་པས། མི་གཡོ་གྲུབ་པའི་རྣལ་འབྱོར་ཞེས་ཀྱང་བྱ། ཚེ་ལ་རང་དབང་བསྒྱུར་བའི་སྐབས་ཀྱིས་རྩོལ་བའི་འདུ་བྱེད་དང་བྲལ་བའམ། ལྟ་བ་ལ་ཆེད་དུ་འཛིན་པ་ཀུན་འགྲོའི་སྒྲིབ་པའི་འདུ་བྱེད་དང་བྲལ་བས། མཐོང་ལམ་འདུ་བྱེད་བྲལ་བའི་ལམ་པ་ཞེས་ཀྱང་བྱ། མཐོང་ལམ་དུ་ཟག་པ་མེད་པ་ཆོས་ཉིད་རང་མཚན་མཐོང་བའི་རྒྱུན་ལ་གནས་པས། སྒོམ་པའི་ལམ་པ་ཞེས་ཀྱང་། དགོངས་པ་ཆོས་ཉིད་མཉམ་པ་ཉིད་ལས་མི་གཡོ་བས་མི་གཡོ་བའི་རྣལ་འབྱོར་ཞེས་ཀྱང་བྱ། ཕྱག་རྒྱ་ཆེན་པོའི་རིག་འཛིན་ཉིད་དུའང་བརྗོད་དེ་མིང་གི་རྣམ་གྲངས་ལྔའོ། །ཡང་ལུགས་གཅིག་ལ། མཆོག་མ་ཧ་ཡོ་གའི་རིག་འཛིན་པར་བྱེད་པའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་འདི་ཡིས་མིང་གི་རྣམ་གྲངས་ནི་ཅི་ལྟ་བུ་ཡོད་ན། དེ་ཡང་རྒྱལ་བ་ལོངས་སྐུ་གཉིས་པ་དེ་ལ་མིང་གི་རྣམ་གྲངས་ལ་གསུམ་སྟེ། གང་ཞེ་ན། དགོངས་པ་ཏིང་ངེ་འཛིན་མཉམ་པ་ཉིད་ལས་མི་གཡོ་ཞིང་། ཚེ་ལ་དབང་བསྒྱུར་བས་བསྣུར་ཞིང་མངོན་དུ་བྱེད་པའི་འདུ་བྱེད་དང་བྲལ་བས། ཟག་པ་མེད་པའི་ལམ་པ་ཞེས་པ་དང་། སྒོམ་པའི་ལམ་པ་ཞེས་པ་དང་། མི་གཡོ་བའི་རྣལ་འབྱོར་ཞེས་པ་སྟེ། རྣམ་གྲངས་གསུམ་པོ་ཉིད་དུ་བརྗོད་དོ། །དེ་ལ་རྒྱལ་བས་འགྲོ་བར་ལུང་སྟོན་པའི་སངས་རྒྱས་ལོངས་སྤྱོད་པའི་སྐུ་དངོས་སུ་འབྱུང་བས། ལུང་ཆེན་ཐོབ་པའི་རྣལ་འབྱོར་པ་ཞེས་ཀྱང་བྱ་སྟེ། དེ་ལྟར་ལུང་བསྟན་ལ། བདུད་དང་ཆ་དབྱེ་ཞིང་བརྟག་པའི་བྱེ་བྲག་ཟག་མེད་ཀྱི་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་འདི་ལས་དོག་པ་མེད་དེ་མི་དགོས་སོ། ༈ །དགོངས་པ་དང་། དྲང་། ལོངས་སྐུ་ཡེ་ཤེས་སྒྱུ་མའི་སྐུའི་ཆ་ལུགས་སུ་ཡོད་པའི་སྒོམ་ལམ་གྱི་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན་དེས། སངས་རྒྱས་སྐུ་གསུམ་གྱི་གཉིས་པ་ལོངས་སྤྱོད་རྫོགས་པའི་ཤེས་རབ་ལྟ་བའི་སྤྱན་དང་དགོངས་པ་ཏིང་ངེ་འཛིན་རྣམས་ཡོད་ཀྱང་། ལོངས་སྐུ་དང་ཁྱད་མེད་པ་རང་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་དང་ལོངས་སྐུ་དེ་གཉིས་དགོངས་པའི་རྒྱུད་མཐུན་པར་སྣང་མོད་ཀྱང་། ཁྱད་པར་ཡོད་དེ། གང་ཞེ་ན། ཕྱག་རྒྱ་ཆེན་པོ་མཉམ་པ་ཉིད་ལ་མི་གཡོ་བ་ཐོབ་ཅིང་། ཏིང་ངེ་འཛིན་ཤིན་ཏུ་བརྟན་པའི་རིག་པ་ཀློང་དུ་བབ་པར་གནས་པ་སྟེ། ཉི་ཁྲི་བཞི་སྟོང་ལ་སོགས་པའི། །གྲངས་ཅན་གྱི་ལྷའི་འཁོར་ལོ་མངོན་སུམ་དུ་གསལ་བར་སྣང་བའོ། །འོ་ན་སྒོམ་མི་དགོས་པས། སངས་རྒྱས་ལོངས་སྐུ་དང་ཁྱད་མེད་དམ་སྙམ་པ་ལས། འོན་ཀྱང་ད་རུང་ལམ་པ་ཡིན་པས་སྒོམ་པའི་རྣལ་འབྱོར་ཏིང་ངེ་འཛིན་ལ་མཉམ་པར་འཇོག་དགོས་པའི་རྩོལ་བ་ཅན་ཡིན་པས་ན། རྩོལ་བ་ཡོད་མེད་ཀྱི་ཁྱད་པར་ཡོད་དེ། ཡང་ལུགས་གཅིག་ལ། ཡེ་ཤེས་སྒྱུ་མའི་སྐུའི་ཆ་ལུགས་སུ་ཡོད་པའི་རྣལ་འབྱོར་པ། སངས་རྒྱས་ལོངས་སྐུའི་ཆ་ལུགས་ཅན་གཉིས་པ་ཕྱག་རྒྱ་ཆེན་པོའི་རིག་འཛིན། དེའི་ལྟ་བའི་སྤྱན་དང་། དགོངས་པ་ཏིང་ངེ་འཛིན་རྣམས་ཀྱང་། ཚེ་དབང་དང་གཉིས། ལྟ་དགོངས་རང་མཚན་རྟོག་པ་ཙམ་དུ། རྒྱུད་ཐུན་མོང་ཡང་ཁྱད་མེད་པ་མ་ཡིན་ཏེ། ཚེ་དབང་གིས་མི་གཡོ་བ་ཙམ་ཐོབ་པ་ལས་མེད་ལ། འདིར་དགོངས་པ་མི་གཡོ་བ་ཤིན་ཏུ་བརྟན་པའི་ཕྱིར། དེའི་ཀློང་དུ་གནས་པ་སྟེ། ཉི་ཁྲི་བཞི་སྟོང་ལ་སོགས་པ་གྲངས་ཚིག་ཅན་གྱི་ལྷའི་འཁོར་ལོ་མངོན་སུམ་དུ་སྣང་བའོ། འོན་ཀྱང་མཐར་ལམ་ལྷུན་གྲུབ་པ་ལ་ལྟོས་ན། སྒོམ་ལམ་གྱི་རྣལ་འབྱོར་ཕྱག་རྒྱ་ཆེན་པོའི་རིག་འཛིན་འདི་ཡང་། རྩོལ་བ་ཅན་ཡིན་ནོ། ༈ །ཐུགས་རྗེའི་སྤྱོད་པ་དང་། དྲང་། རང་དོན་དུ་དགོངས་པ་མཉམ་པར་བཞག་པའི་ངང་ལས་མ་གཡོས་བཞིན་དུ། གཞན་དོན་དུ་སྟོང་གསུམ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། གླིང་བཞི་སོགས་བྱེ་བ་ཕྲག་བརྒྱ་བརྒྱ་ལོ་འདི་གྲངས་ཀྱི་གཞིར་བྱས་པ་དེ་ཉིད་བརྒྱ་སྟོང་ཕྲག་བཅུ་ཡི་འཇིག་རྟེན་གྱི་ཁམས་རྣམས་རྡུལ་ཕྲ་རབ་ཏུ་བསིལ་བའི་གྲངས་དེ་སྙེད་དེ་དག་དང་མཉམ་པའི་འཇིག་རྟེན་གྱི་ཁམས་གྱི་གདུལ་བྱ་དང་། སངས་རྒྱས་སྤྲུལ་སྐུའི་ཞིང་ཁམས་དེ་ལྟ་བུ་གྲངས་ཀྱི་གནས་གཞན་དྲུག་ཅུ་ལས་འདས་པས་བགྲང་དུ་ཡོད་པ་གཅིག་གཞིར་བཞག་ནས་བགྲངས་པས། གྲངས་མེད་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ། ཆ་ལུགས་རྔོན་པ་དང་སྨད་འཚང་གི་འདུལ་བ་དེ་དང་དེས་འདུལ་བ་ལ་སོགས་པ་རིགས་བཟང་ངན་དང་། མཐོ་དམན་གྱི་བྱེ་བྲག་སྣ་ཚོགས་པ། ཕྱག་རྒྱ་ཆེན་པོའི་རིག་འཛིན་དེ་ཉིད་ཀྱི་རྩ་བའི་ལུས་ཡེ་ཤེས་སྒྱུ་མའི་སྐུ་ལས་མ་གཡོས་པས་སྤྲུལ་པའི་ལུས་ཀྱིས་གདུལ་བྱ་རྣམས་གང་ལ་གང་འཚམས་ཀྱིས་འདུལ་བར་བྱེད་དོ། །ཕྲིན་ལས་ཀྱི་ཆོ་འཕྲུལ་བཞི་དང་། མངོན་ཤེས་དྲུག་དང་། རྫུ་འཕྲུལ་གྱི་མཐུ་ཉི་ཤུ་དང་། མངོན་ཤེས་ཉེར་ལྔ་ལ་སོགས་པས་དོན་བྱེད་པའི་ཡུལ་ཡང་གོང་དུ་བསྟན་པ་དེ་བཞིན་ནོ། ༈ །མངོན་ཤེས་དང་། དྲང་། མངོན་པར་ཤེས་པ་དྲུག་དང་། དབང་པོ་སྒོ་ཡིས་མངོན་ཤེས་རེ་རེ་ལའང་ཡན་ལག་ལྔ་ལྔ་ཉེར་ལྔ་དང་བཅས་པའི་ཚུལ་གྱིས་ཤེས་པའང་ཚེ་དབང་དང་འདྲ་མོད། འོ་ན་ཚེ་དབང་དང་ཕྱག་རྒྱ་ཆེན་པོ་གཉིས་མངོན་ཤེས་ཁྱད་པར་མེད་དམ་ཞེ་ན། ཁྱད་ཡོད་པར་སྟོན་ཏེ། ཆོ་འཕྲུལ་བཞི་དང་། མངོན་ཤེས་དྲུག་ལ་སོགས་པ་ཀུན་གོང་ལྟར་སྟོང་གསུམ་དང་། ཞིང་གྲངས་མེད་ལ་སོགས་དེ་སྙེད་ཀྱི་འདུལ་ཞིང་གི་ཡུལ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་པ་དང་། ཟག་མེད་ཀྱི་སྒོམ་ལམ་དུ་མཐོང་ལམ་གྱི་དོན་རྫོགས་པ་དང་། ཞེས་པའང་། གདུལ་བྱའི་དོན་ཡོངས་སུ་རྫོགས་པར་བྱེད་པ་ནུས་མཐུ་ཆེ་ཆུང་གི་ཁྱད་པར་དང་། ཚེ་དབང་རང་ཡང་། ཕྱག་རྒྱ་ཆེན་པོའི་གདུལ་བྱར་གྱུར་པས་གདུལ་བྱ་རྒྱ་ཆེ་ཆུང་གི་ཁྱད་པར་གྱི་སྒོ་ནས་ཀྱང་དཔགས་སོ། །འབྲས་བུ་ལ་སྦྱོར་ཚུལ་ལོ། །དྲང་། སྒོམ་ལམ་ཕྱག་རྒྱ་ཆེན་པོ་རང་གི་དགོངས་པ་མི་གཡོ་བའི་དོན་ལྟ་བས་མཐོང་ཞིང་ཏིང་ངེ་འཛིན་གྱིས་གོམས་པར་བྱས་པ་དང་། དོན་དུ་གཉེར་བ་བསྒྲུབ་པ་དང་། རིམ་པ་དབང་དང་ཏིང་ངེ་འཛིན་ལ་སོགས་པ་ལམ་ལ་བརྩོན་འགྲུས་ཀྱིས་རྩོལ་བའི། ལམ་གྱི་ཆ་རྐྱེན་རྒྱུད་དོན་བཅུ་པོ་ཀུན་རྫོགས་པར་ཉམས་སུ་ལོན་པའི་བྱིན་བརླབས་དང་། མཐུ་སྟོབས་ཀྱིས། མི་གཡོ་བའི་རྣལ་འབྱོར་ཏིང་ངེ་འཛིན་ལ་ཆེད་འཛིན་གྱི་རྩོལ་བ་ཅན་སྒོམ་པ་དང་བྲལ་ནས། མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་སྦྱོར་ཏེ། ལྷན་ཅིག་གནས་པ་ནི། སྒོམ་པ་ཡིན་ཅིང་། དེ་ལ་ཆེད་དུ་འཛིན་པ་ནི། དྲི་མའི་སྒྲིབ་པ་སྟེ། དེ་ལྟར་ན་སྒོམ་པ་ལ་ཆེད་དུ་འཛིན་པ་ལྷན་ཅིག་གནས་པའི་དྲི་མ་དག་པས། ཆེད་དུ་བརྩལ་བ་མེད་པར་གནས་སྐབས་ཀྱི་འབྲས་བུ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པའོ། །དེ་ཡང་ལམ་པ་དེ་བློ་ཆེ་ཆུང་གིས། མཐར་ཐུག་སངས་རྒྱས་དང་ལྷུན་གྲུབ་ལ་སྦྱོར་བ་ཡིན་ནོ། ༈ །སྐབས་འདིར་ལྷུན་གྲུབ་རིག་འཛིན་གྱིས་སྟོང་ཐུན་བརྗོད་ན་དོན་བརྒྱད་དེ། དང་པོ་རྒྱུ་ནི། སྒོམ་ལམ་ལ་གནས་པའི་ཚེ་དེ་ཉིད་ཀྱིས། ཤེས་རབ་གསུམ་གྱིས་ལྷན་ཅིག་གནས་པའི་དྲི་མ་དག་ནས། ལྷུན་གྱིས་གྲུབ་པའི་རིག་འཛིན་དུ་སྣང་བ་ཡིན་པས། དེ་ལྟར་ལྷན་གཅིག་གནས་པའི་དྲི་མ་དག་པ་ནི་རྒྱུའོ། །གཉིས་པ་དུས་ནི། ཐོད་རྒལ་བ་དང་། ཐར་ཆག་གི་དུས་གཉིས་ལས། དང་པོ་ནི། ཚེ་དབང་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་ལ་སྦྱོར་བ་ཡིན་ཏེ། དེའི་དུས་ནི། ཚེ་དབང་གི་རང་དོན་དུ་ལོ་སྟོང་དྲུག་བརྒྱ་ཡིན་ལ། གཞན་དོན་དུ་མི་མ་ངེས་སོ། །གཉིས་པ་ནི། སྒོམ་ལམ་གྱི་སྒྲིབ་པ་དག་པའི་དུས། དེའི་ཚེ་འདི་ཉིད་ལ་སྦྱོར་བ་ནི། དུས་སོ། །གསུམ་པ་ངོ་བོ་ནི། སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཅིང་། བག་ལ་ཉལ་གྱི་དྲི་མ་དག་པ་དང་སངས་རྒྱས་ལ་སྦྱོར་བ་ཉིད་དོ། །བཞི་པ་གྲངས་ནི། མཐར་ལམ་པ་དང་། རང་རྒྱུད་པའི་སངས་རྒྱས་དང་། ལམ་གྱི་མཐར་རྒྱལ་བ་ལ་སྦྱོར་བ། མཐར་སྦྱོར་བ་ལ་སོགས་པ་གྲངས་དཀྱུས་ན་གསལ་ལོ། །ལྔ་པ་དགོངས་པ་ནི། མ་འགག་པ་ཕྱག་རྒྱའི་དང་། མ་དམིགས་པ་ཆོས་ཉིད་ཀྱི་དགོངས་པའོ། །དང་པོ་ནི། བསམ་ཡས་ལྷུན་གྱིས་གྲུབ་པའི་སངས་རྒྱས། གཅིག་དང་དུ་མ་ལས་གྲོལ་བའི་ངོ་བོ་ཉིད་ཡུལ་མེད་རང་དག་དལ་བ་མཐར་ཐུག་པའོ། །གཉིས་པ་ནི། གནས་ལུགས་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཉིད་མཐའ་དབུས་མེད་པར་གསལ་བའོ། །དགོངས་པ་དེ་གཉིས་ཀྱང་ཐུན་མོང་མ་ཡིན་པར་དབྱེར་མེད་ཡིན་པས་ཐ་དད་དུ་མི་བསམ་མོ། །དྲུག་པ་སྤྱོད་པ་ནི། བདག་གཞན་གྱི་སྤྱོད་པ་གཉིས་ལས། སྔ་མ་ནི། ཤེས་རབ་གསུམ་གྱི་བག་ལ་ཉལ་གྱི་དྲི་མ་སྦྱོངས་བར་མཛད་པའོ། །ཕྱི་མ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཞིང་ཁམས་མཐའ་ལས་གྲོལ་བའི་དོན་མཛད་པའོ། །བདུན་པ་མངོན་ཤེས་ནི། ལྔ་དང་ཉི་ཤུ་རྩ་ལྔའི་མངོན་པར་ཤེས་པས། མཁྱེན་པའི་ཚད་ལས་འདས་ཏེ། རྒྱལ་བ་ཉིད་དང་མཉམ་མོ། །དེ་ཡང་། འདི་ཉིད་ལས། ཐམས་ཅད་མཁྱེན་པའི་སྤྱན་མཆོག་འཆང་། །ཞེས་སོ། །འོ་ན། སངས་རྒྱས་དང་ཁྱད་མེད་ཞེ་ན། མཁྱེན་ཡུལ་ལ་ཁྱད་མེད་པ་ཡིན་ཅིང་། མཁྱེན་ཚུལ་ལ་ཅུང་ཟད་ཁྱད་ཡོད་དེ་རྒྱལ་བ་ཉིད་ནི། ཤུགས་འབྱུང་གི་མཉམ་རྗེས་ཆ་ཕྲ་བ་ཡང་བྲལ་བའི་ཚུལ་གྱི་མཁྱེན་པ་ཡིན་ཅིང་། ལྷུན་གྲུབ་དགུ། མདོ་གཅིག་ཏུ་བསྡུ་བ་པོ་ནམ་མཁན་གྱི་ལོ་ཐོག་བསྡུ་བ་ལྟར་བསྡུ་བ་དང་བཅུའོ། །འདི་དག་གི་དོན་རྒྱས་པར། དགོངས་འདུས་ལེའུ་དྲུག་ཅུ་རེ་དྲུག་པ་ནས། དོན་ལྔའི་བར་གྱི་ལེའུ་བཅུས་བསྟན་ཏོ། །འོ་ན། བསླབ་པའི་མཐའ་བཅུ་ཚོགས་ལམ་དུའང་རྫོགས་པར་བྱ་དགོས་པས། འདི་དང་ཁྱད་མེད་དུ་ཐལ། འདོད་ན། ལས་དང་པོ་པར་འགྱུར་རོ། །སྙོམས་ན། བསླབ་པ་བཅུ་རང་རང་གི་གནས་སྐབས་ཀྱི་ཁྱད་ཡོད་དེ། མདོའི་སྒྲོན་ལས། དེའི་དེ་ཉིད་གཅིག་ལས། རྩལ་འཕང་མཐོ་དམན་རྩལ་འཕང་གིས། །སའི་གོ་འཕང་ཁྱད་པར་ལ། །རིམ་པ་དེ་ལྟར་སྣང་བ་ཡིན། །ཞེས་པ་དང་། མདོ་ལམ་རིམ་ལས། བསླབ་པའི་མཐའ་བཅུ་སྒྲ་གཅིག་ལ། །ཟག་བཅས་བཞི་དང་བར་ཆད་མེད། །ཟག་མེད་ལྔའི་བསླབ་པ་དང་། །སློབ་པས་ལུགས་དང་ལོབ་པ་དང་། །རྩལ་དང་ངོ་བོ་ཁྱད་པར་དང་། །བསླབ་བྱ་ཡུལ་གྱི་ཁྱད་པར་འགྱུར། །ཞེས་གསུང་པས། འདི་ལ་དོན་ལྔ་སྟེ། དང་པོ་སློབ་ལུགས་ཀྱི་ཁྱད་པར་ནི། ཟག་བཅས་ཚིག་དང་ཡི་གེ་ལ་རྟེན་ནས་སློབ་ལ་བར་ཆད་མེད་པ་ཚིག་དང་ཡི་གེའམ། རིགས་པའམ། ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་སློབ་ལ། ཟག་མེད་ཆོས་ཉིད་མངོན་སུམ་རྟོགས་པ་ལ་སློབ་པའོ། །གཉིས་པ་ལོབ་པའི་ཁྱད་པར་ནི་ཟག་བཅས་ཀྱི་སྐབས་སུ་ཆོས་ཐམས་ཅད་ཀྱི་རྒྱ་མཚོ་ལྟར་ལོབ་པ་ལ། བར་ཆད་མེད་པས་མངོན་སུམ་དུ་ལོབ་སྟེ། ཟག་མེད་ཀྱི་རང་རིག་མངོན་སུམ་དུ་ལོབ་པའོ། །གསུམ་པ་ནུས་པའི་ཁྱད་པར་ནི། ཟག་བཅས་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ཅིང་གནས་སྐབས་ཀྱི་འབྲས་བུ་ཐོབ་ལ། བར་ཆད་མེད་པས་ལས་དང་ཉོན་མོངས་པའི་སྒྲིབ་པའི་སྒྲིབ་པ་འབྲིང་པོ་དག་སྟེ་མཐོང་ལམ་ལ་སྦྱོར་རོ། །ཟག་མེད་ཀྱི་ཤེས་བྱའི་སྒྲིབ་པ་ཆ་ཕྲ་བ་དག་ནས་སངས་རྒྱས་རིག་འཛིན་གྱི་སྐབས་འདིར་ནི། ཤུགས་འབྱུང་གི་མཉམ་རྗེས་དང་བཅས་པས་མཁྱེན་པ་ཡིན་པས་སྐྱོན་མེད་དོ། །བརྒྱད་པ་འབྲས་བུ་ལ་སྦྱོར་ཚུལ་ནི། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ཚེ། བག་ལ་ཉལ་གྱི་དྲི་མ་ཆ་ཕྲ་མོའི་སྒྲིབ་པ་དང་བྲལ་བའི་ཚེ། རྒྱལ་བ་ཉིད་དུ་འགྱུར་བའོ། ༈ །ལྷུན་གྲུབ་རིག་འཛིན་ལ་གཉིས། བགྲང་། ལུས་སྔ་མ་དང་མཐུན་པར་མདོར་བསྟན་པ་དང་། དྲང་། ཐོད་རྒལ་དུ་མཐོང་ལམ་ཚེ་དབང་དང་། ཐར་ཆག་ཏུ་སྒོམ་ལམ་ཕྱག་རྒྱ་ཆེན་པོ་དེས་མངོན་དུ་བྱས་པ་ཡིས་འབྲས་བུ། རྩ་བའི་ལུས་སྐུ་ལྔ་ལྷུན་གྲུབ་ཀྱི་ཆ་བྱད་དམ་རིག་འཛིན་པས་ལྷུན་གྱི་གྲུབ་པའི་རིག་པའམ། རིག་འཛིན་ཞེས་ཀྱང་བྱ། རང་གི་རྒྱུད་ལ་ལྷན་གཅིག་གནས་པའི་དྲི་མ་དག་པའི་སངས་རྒྱས་ཞེས་ཀྱང་བྱ་སྟེ། དེ་ལ་ཡང་སྔོན་ཚེ་དབང་གི་སྐབས་སུ་བསྟན་པ་བཞི་ཟུང་བཞི་ཡ་བརྒྱད་ཀྱི་ལུས་རྣམ་བཞག་དགོད་པར་བྱ་བའོ། །ཡན་ལག་རྒྱས་པར་བཤད་པ་ལ་བརྒྱད། བགྲང་། ཐོབ་པའི་རྒྱུ་དང་། དྲང་། ལམ་སྔ་མ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་ལྟ་སྒོམ་གྱི་ནུས་པའི་མཐུ་རྫོགས་པས། སྔོན་སྒོམ་ལམ་གྱི་སྐབས་སུ་བཤད་པ་བཞིན་དུ་ལྷན་གཅིག་གནས་པའི་དྲི་མ་སྦྱངས་ནས། སངས་རྒྱས་ལོངས་སྐུའི་ཆ་བྱད་ཅན་གཉིས་པ། ཕྱག་རྒྱ་ཆེན་པོའི་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ལ་གོམས་པའི་ཉིད་འབྲས་བུ་ལྷུན་གྱི་གྲུབ་པའི་རིག་འཛིན་དངོས་སུ་འབྱུང་བའི་རྒྱུའོ། ༈ །ཐོབ་པའི་དུས་དང་། དྲང་། ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ་པའི་གནས་སྐབས་དེར་སྔོན་དུ་བསྟན་པའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་བཞིན་ཤེས་རབ་གསུམ་པོ་རྫོགས་པས། རྒྱལ་བ་ལོངས་སྤྱོད་ཆེན་པོའི་སྐུ་གྲུབ་པ་ལས་གསང་སྔགས་རྡོ་རྗེ་ཐེག་པའི་ལུང་ཐོས་ཤིང་། ལྷུན་གྲུབ་རང་གི་དགོངས་པ་ཏིང་ངེ་འཛིན་དང་རྫུ་འཕྲུལ་གྱི་སྤྱོད་ལམ་སའི་ནུས་པ་མཐུ་ཅན་དུ་གྱུར་པའི་ཚེ། སངས་རྒྱས་ཀྱིས་མཐར་སྐད་གཅིག་གཉིས་པ་ལ་དབྱུང་བའི་དུས་ལ་བབ་པ་སྟེ་སངས་རྒྱས་ཐོབ་པའི་དུས་སོ། །ཡང་ལུགས་གཅིག་ལ། སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གནས་སྐབས་དོར། སྔོན་ཚེ་དབང་གི་སྐབས་སུ་བསྟན་པ་བཞིན། སྒོམ་ལམ་པའི་ཤེས་རབ་རྣམ་པ་གསུམ་རྫོགས་པས་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ལ། གསང་སྔགས་རྡོ་རྗེ་ཐེག་པའི་ལུང་བརྡའི་གསུང་ལས་ཐོས་ཤིང་། སྒོམ་ལམ་པ་རང་གི་ལྟ་དགོངས་དང་། སྤྱོད་པ་ནུས་པ་མཐུ་སྟོབས་ཅན་དུ་གྱུར་པའི་ཚེ། སློབ་པའི་ས་མཐར་ཕྱིན་པས། མཐར་ལམ་ལྷུན་གྱིས་གྲུབ་པའི་རིག་འཛིན་དུ་འབྱུང་བའི་དུས་ལ་བབ་སྟེ། འདི་ལའང་དུས་ཚད་བཟུང་དུ་མེད་དོ། །ངོ་བོ་ལ་གསུམ། བགྲང་། ངོ་བོ་སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་འཛིན་ཅིང་སྒྲིབ་པ་སྦྱངས་ཚུལ་དང་། དྲང་། དེ་ལྟར་ཀུན་འགྲོ་དང་ལྡན་ཅིག་གནས་པའི། རང་རྒྱུད་ཀྱི་དྲི་མ་དག་པའི་ཤེས་པ་དེ་ཉིད། སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་གྲུབ་པའི་རྡོ་རྗེ་འཛིན་པ་ཆེན་པོའོ། །དགོངས་པའི་ངོ་བོ་ནི། དགོངས་པ་ལྷུན་གྲུབ་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་བཞིན། ཆོས་ཉིད་རྣམ་པར་མི་རྟོག་པ་ཉིད་དུ་མཉམ་པར་བཞག་ནས་བཞུགས་པ་ཡང་། བག་ལ་ཉལ་བའི་སྒྲིབ་པ་སྟེ། སྣོད་ལ་ཅི་ཞེན་པའམ། ཉིན་པར་གྱི་སྐར་མ་ལྟ་བུ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འཇོམ་པར་བྱེད་ཅིང་། སངས་རྒྱས་ས་ལ་སྐད་ཅིག་ལ་རགས་ལས་པ་ནི། ལྷུན་གྱིས་གྲུབ་པའི་རིག་འཛིན་མཐར་ལམ་པའོ། ༈ །ཆ་ལུགས་དང་རྒྱལ་ཚབས་ཀྱི་ངེས་ཚིག་དང་། དྲང་། མཐར་ལམ་ལྷུན་གྲུབ་རིག་འཛིན་དེའི་སྐུའི་ཆ་བྱད་ནི་རྒྱལ་བ་དྲུག་པ་ཀུན་བཟང་རྡོ་རྗེ་འཆང་ཆེན་ཉིད་ཀྱི་ཆ་བྱད་དུ་གནས་པ་སྟེ། རིགས་སམ་སྐུ་ལྔ་པོ་གཅིག་ལ་དབྱེར་མེད་དུ་ལྷུན་གྱིས་གྲུབ་པའི་ཕྱིར་ན། རྒྱལ་བ་དྲུག་པའི་སྐུ་དེ་ཉིད་དང་འདྲ་བས་ན། སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་དྲུག་པ་དེ་ཉིད་ཀྱི་རྒྱལ་ཚབས་ཀྱི་སྐྱེས་བུ་བྱས་ནས་འཁོར་གདུལ་བྱ་རྣམས་ལ་ཆོས་སྟོན་པའོ། །ངེས་ཚིག་ནི། སྐུ་ལྔ་ལྷུན་གྲུབ་ཀྱི་བདག་ཉིད་རྒྱལ་བ་དྲུག་པ་དེའི་རྒྱུད་མི་གཏོང་བས་ན་ལྷུན་གྲུབ་རིག་འཛིན་གྱི་མིང་དོན་དང་། ངེས་ཚིག་རྣམས་འགྲུབ་པ་ཡིན་ནོ། །ངོ་བོའི་མཛད་པའོ། །དྲང་། དེ་ཉིད་ལ་སྐྱེ་ཤི་མི་མངའ་བའི་ཕྱིར་སྐྱེ་འཇིག་མེད་པ། རྡོ་རྗེའི་སྐུ་ཡང་གདུལ་བྱའི་ངོ་ལ་སྤྲུལ་པའི་སྐུ་རྣམས་ནི་མྱ་ངན་ལས་འདས་པའི་ཚུལ་དུ་སྟོན། དེ་ཡང་རྒྱལ་བུ་དོན་འགྲུབ་ལ་སོགས་ཅི་ལྟ་བའོ། ༈ །བཞི་པ་རྣམ་གྲངས་ལ་གཉིས། མདོར་བསྟན་པ་དང་། དྲང་། བྱ་བ་ཀྲི་ཡའི་ལྷུན་གྲུབ་རིག་འཛིན། རྣལ་འབྱོར་ཡོ་གའི་ལྷུན་གྲུབ་ཀྱི་རིག་འཛིན་དང་། རྣལ་འབྱོར་ཆེན་པོ་ནང་པའི་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་། ༈ །རྒྱས་པ་ལ་གཉིས། བགྲང་། སྔགས་ཕྱི་པའི་རྣམ་གྲངས་དང་། དྲང་། སྔ་མ་ཀྲི་ཡའི་རིགས་གསུམ་གྱི་ལྷུན་གྲུབ་དང་། ཡོ་ག་པའི་སེམས་དཔའ་དང་སོ་བཞི། དེ་དག་དབྱེར་མེད་དུ་ལྷུན་གྱིས་གྲུབ་པའི་རིག་འཛིན་གསུམ་རྡོ་རྗེ་འཛིན་པ་དང་། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆ་ལུགས་འཛིན་ཅིང་རང་རང་གི་བསྟན་པ་དེ་གཉིས་ཀྱི་རྒྱལ་ཚབས་དང་དེ་གཉིས་ཀྱི་སྡུད་པ་པོ་ཡང་བྱེད་དོ། ༈ །མ་ཧཱ་ཡོ་གའི་ལྷུན་གྱིས་གྲུབ་རྣམ་གྲངས་སོ། །དྲང་། དེ་ལྟར་དོན་གྱི་རྣམ་གྲངས་ལ་གསུམ་ཡོད་པའི་གྲངས་ཀྱི་ཐ་མ་རྣལ་འབྱོར་ཆེན་པོ་ནང་པ་མ་ཧཱ་ཡོ་ག་པའི་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་མིང་གི་རྣམ་གྲངས་ནི་ལྔ་སྟེ། ལམ་ཟད་པར་སྐྱོལ་བས་མཐར་ཕྱིན་པའི་ལམ་པ་ཞེས་ཀྱང་བྱ། རང་གི་རྒྱུད་ལ་སྒྲིབ་པ་མངོན་རྒྱུ་མེད་པ་རྒྱུད་དག་པའི་སངས་རྒྱས་ཞེས་བྱ་བ་དང་། ལྷུན་གྱིས་གྲུབ་པའི་རིག་འཛིན་ཞེས་བྱ་བ་དེ་ཉིད་དང་ནི། སངས་རྒྱས་ལ་དངོས་སུ་སྦྱོར་བས་མཐར་སྦྱོར་བའི་ལམ་པ་ཞེས་ཀྱང་བྱ། ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་ལ་ཀུན་བཟང་གི་རྒྱལ་ཚབ་བྱེད་པས་ན། རྒྱལ་ཚབ་ཀྱི་སྐྱེས་བུ་ཞེས་བྱ་སྟེ། མིང་གི་རྣམ་གྲངས་ལྔ་པོ་དེ་དག་གོ། །དགོངས་པ་ལ་གཉིས། བགྲང་། དགོངས་པ་དང་མཁྱེན་པ་སངས་རྒྱས་དང་མཉམ་ལ་ཤེས་སྒྲིབ་ཕྲ་མོས་ཕྱེ་བ་དང་། དྲང་། ཆོས་ཉིད་དམ་ལྷའི་དལ་གདུལ་བྱའི་བློས་བསམ་ཡས་པ་ལྷུན་གྱིས་རྫོགས་ཤིང་གྲུབ་པའི་ཏིང་ངེ་འཛིན་གསལ་བའི་ཕྱིར། ཤེས་བྱའི་ཆོས་ཅི་ལྟ་བ་དང་། ཅི་སྙེད་པ། ཐམས་ཅད་ལྟ་བ་མཉམ་བཞག་ལ་མཁྱེན་པའི་ཡེ་ཤེས་ཀྱིས་སྤྱན་མཆོག་ཏུ་གྱུར་པ་འཆང་། བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་རྣལ་འབྱོར་གྱི་མངོན་སུམ་དུ་གཟིགས་པའོ། །དེའི་དགོངས་པ་ཏིང་ངེ་འཛིན་ཆོས་ཉིད་མི་གཡོ་བའི་དོན་ལ་བློས་གང་དུ་ཡང་མི་རྟོག་པར་སྒོམ་དགོས་པས་ན། མཉམ་རྗེས་ཡོད་པས། ད་རུང་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དུས་ནམ་གྱི་ཚེ་སངས་རྒྱས་ན། དུས་ཀྱི་མཐའི་སྐད་ཅིག་མ་གཅིག་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བག་ལ་ཉལ་གྱི་སྒྲིབ་པ་བཅོམ་ནས་སངས་རྒྱས་དེ་ཉིད་ཀྱི་ས་ལ་གཤེགས་པའོ། །དེ་ལ་སྐད་ཅིག་མའི་ངོ་བོ་དང་། དབྱེ་བའོ། །ཁ་ཅིག་ནི་མི་རྟག་པ་སྟེ། དེའི་དོན་ནི་སྐད་ཅིག་མ་གཉིས་ལ་མི་སྡོད་པའོ་ཟེར། ཁ་ཅིག་གིས། ཤིན་ཏུ་མྱུར་བའམ་ཐུང་བ་གཅིག་ལ་བྱའོ་ཟེར། འདིར་ནི། ཏོལ་སྐྱེས་ཀྱི་སྐད་ཅིག་མ་ཡིན་ཏེ། མངོན་པ་ཀུན་བཏུས་ལས། ཤེས་བྱ་ལ་ཤེས་པ་སྐྱེ་བ་སྟེ་གང་མ་འགའ་ཞིག་བར་དུ་འོང་གསུང་། དབྱེ་བ་ལ་གཉིས། བྱ་རྫོགས་ཀྱི་སྐད་ཅིག་མ་དང་། དུས་མཐའི་སྐད་ཅིག་མའོ། །དང་པོ་ལ། འདོད་ལུགས་མི་མཐུན་ཏེ། ཁ་ཅིག་གི་མཛད་པ་བཅུ་གཉིས་རྫོགས་སངས་རྒྱས་ཀྱི་མཛད་པ་ཚར་གཅིག་རྫོགས་པ་ལ་ཟེར་ཏེ། དོན་གྲུབ་ལྟ་བུ་དང་པོར་སེམས་བསྐྱེད་པ་ནས། སངས་མ་རྒྱས་ཀྱི་བར་དུ་བསྐལ་པ་གྲངས་མེད་གསུམ་དུ་འདོད་ལ། ཁ་ཅིག་ཚད་མ་གཅིག་གིས་བྱེད་པ་རྫོགས་པ་ཟེར་ཏེ། སྦྱོར་སྐོར་གཅིག་གི་ཚད་མ་མ་ཡིན་པའི་ཤེས་པ་ཅིག་ཆར་ཆོད་ལ་འདོད་དོ། །དུས་མཐའི་སྐད་ཅིག་ནི། གྱད་ཀྱི་སེ་གོལ་གཅིག་ལ་བརྒྱ་ཉི་ཤུ་དབྱེ་བའི་ཆ་ཤས་གཅིག་ལ་འདོད་དེ། ད་རེས་འདིར་བཤད་པའི་དུས་མཐའི་སྐད་ཅིག་ནི། འདི་མ་ཡིན་ཏེ། དུས་མཐའ་ནི་ལམ་གྱི་བྱ་བ་མཐའ་ཕྱིན་པ་ལ་དུས་ཞེས་བྱའོ། །སྐད་ཅིག་མ་ནི། ཏོལ་སྐྱེས་ཀྱི་སྐད་ཅིག་མ་ཡིན་ཏེ། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་སོ། ༈ །དགོངས་པའི་མིང་གྲངས་བསྟན་པའོ། །དྲང་། འདི་ལ་འབྲས་བུའི་འདུག་པ་བསྒྱུར། དོན་གྱི་གོ་རིམ་བསྡེབས་ན། དེ་ཡང་ལྟ་བ་དང་དགོངས་པ་སྔར་བསྟན་པ་ལྟར་ཡིན་ལ་དེས་ན་མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་དགོངས་པ་རྒྱ་མཚོ་ལྟ་བུར་ཟབ་ཅིང་བརླབས་ཆེ་བ་ཀུན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པ་ཞེས་བྱ་བའི་དགོངས་པ་དང་། མཐར་ཕྱིན་པའི་ལམ་པའི་དགོངས་པ་ཞེས་བྱ་བ་ལ་སོགས་པ་དགོངས་པའི་མིང་གི་རྣམ་གྲངས་དང་། སྤྱོད་པ་རྒྱ་མཚོ་ལྟར་ཟབ་ཅིང་བརླབ་ཆེ་བ་ཀུན། ལམ་སྔ་མའི་རྩོལ་བའི་བྱ་བ་བྱེད་པའི་སྤྱོད་པའམ། བྱ་བྱེད་ཀྱི་རྩོལ་བ་དང་བྲལ་བས་བྱ་བྲལ་ལྷུན་གྲུབ་ཀྱི་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་སྤྱོད་པའི་མིང་གི་རྣམ་གྲངས་བརྗོད་པ་དེ་དག་ཀུན་ལྟ་སྤྱོད་ཀྱི་ཡོན་ཏན་གྱི་ཆ་ལས་བརྗོད་པར་ཟད། ༈ །དྲུག་པ་སྤྱོད་པ་ལ་གཉིས། བགྲང་། བདག་དོན་སྒྲིབ་པ་བཅོམ་ནས་སངས་རྒྱས་ཚུལ་དང་། དྲང་། མཐར་ལམ་པ་བདག་ཉིད་ཀྱི་དོན་ཕྱིར་སྐུ་ལ་ལྷུན་གྲུབ་དྲུག་པ་རྡོ་རྗེ་འཛིན་པ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། དུས་མཐའི་སྐད་ཅིག་མའི་དུས་ཀྱི། ཐག་ལྟ་བས་བཅད་པ་ལ་སོགས་བསླབ་པའི་མཐའ་བཅུ་ཡོངས་སུ་རྫོགས་པར་བྱས་ནས། ལམ་མཐར་ཕྱིན་ན་ཐ་མ་ལྷུན་གྲུབ་རིག་འཛིན་གྱི་རྒྱུད་ལ་ཡོད་པའི་བག་ལ་ཉལ་གྱི་སྒྲུབ་པ་ཆ་ཕྲ་བ་དེ་དག་པ་དང་། མཉམ་པར་བཞག་མ་བཞག་ལས་འདས་ཏེ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོར་སངས་རྒྱས་པར་གྱུར་པ་ཡིན་ནོ། །དེ་ལ་བསླབ་པའི་མཐའ་བཅུ་ནི། །དམ་ཚིག་གཞི་དང་རྒྱུད་དགྲོལ་དང་། །སྒོ་བསྡུར་བ་དང་ཕུལ་དབྱུང་དང་། །ཐག་བཅད་པ་དང་མཉམ་བླངས་དང་། །ལ་དོར་སྤྱོད་དང་དབང་རིམ་དང་། །མན་ངག་དོར་དང་མདོར་བསྡུས་ནི། །རྣལ་འབྱོར་བསླབ་པའི་མཐའ་བཅུར་བཤད། །ཅེས་གསུང་པས། དང་པོ། གཞི་དམ་ཚིག་བཟུང་བ་ས་གཞི་གཤིན་མོ་ལྟ་བུ་ལ་བསླབ་པ་དང་གཅིག །རྒྱུད་ཐོས་པས་དགྲོལ་བ་ཀྱི་ལིང་ཅང་ཤེས་སྒྲོགས། བཀྲོལ་བ་ལྟར་བསླབ་པ་དང་གཉིས། སྒོ་ཀུན་ནས་བསྟུར་བ་བོང་བ་ཚངས་ཚོལ་བ་ལྟར་བསླབ་པ་དང་གསུམ། ཕུལ་མཁས་དབྱུང་བའི་རི་མཐོན་པོའི་རྩེ་མོར་འཛེགས་པ་ལྟར་བསླབ་པ་དང་བཞི། གོ་འཕང་དབང་གི་བགྲོད་པ། རྒྱལ་རིགས་རྒྱལ་སར་དབྱུང་བ་ལྟར་བསླབ་པ་དང་ལྔ་ལ་སྤྱོད་པས་དོན་བ་གླང་པོ་ཆེ་ཆུར་འཇུག་པ་ལྟར་བསླབ་པ་དང་དྲུག །ཐག་ལྟ་བས་བཅད་པ་ཁྱུང་ནམ་མཁའ་ལྡིང་བ་ལྟར་བསླབ་པ་བདུན། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་རྒྱ་མཚོའི་གླིང་ནས་ནོར་བུ་ལེན་པ་ལྟར་བསླབ་པ་དང་བརྒྱད། དོན་མན་ངག་གིས་བསྒྲུབ་པ་གསེར་འགྱུར་གྱི་རྩིའམ། སྨན་མ་ཀི་ཏ་ལྟར་བསླབ་པ་དང་དགུ། མདོ་གཅིག་ཏུ་བསྡུ་བ་པོ་ནམ་མཁན་གྱི་ལོ་ཐོག་བསྡུ་བ་ལྟར་བསྡུ་བ་དང་བཅུའོ། །འདི་དག་གི་དོན་རྒྱས་པར། དགོངས་འདུས་ལེའུ་དྲུག་ཅུ་རེ་དྲུག་པ་ནས། དོན་ལྔའི་བར་གྱི་ལེའུ་བཅུས་བསྟན་ཏོ། །འོ་ན། བསླབ་པའི་མཐའ་བཅུ་ཚོགས་ལམ་དུའང་རྫོགས་པར་བྱ་དགོས་པས། འདི་དང་ཁྱད་མེད་དུ་ཐལ། འདོད་ན། ལས་དང་པོ་པར་འགྱུར་རོ། །སྙོམས་ན། བསླབ་པ་བཅུ་རང་རང་གི་གནས་སྐབས་ཀྱི་ཁྱད་ཡོད་ཏེ། མདོའི་སྒྲོན་ལས། དེའི་དེ་ཉིད་གཅིག་པ་ལས། །རྩལ་འཕང་མཐོ་དམན་རྩལ་འཕང་གིས། །སའི་གོ་འཕང་ཁྱད་པར་ལ། །རིམ་པ་དེ་ལྟར་སྣང་བ་ཡིན། ཞེས་པ་དང་། མདོ་ལམ་རིམ་ལས། བསླབ་པའི་མཐའ་བཅུ་སྒྲ་གཅིག་ལ། །ཟག་བཅས་བཞི་དང་བར་ཆད་མེད། །ཟག་མེད་ལྔའི་བསླབ་པ་དང་། །སློབ་པས་ལུགས་དང་ལོབ་པ་དང་། །རྩལ་དང་ངོ་བོ་ཁྱད་པར་དང་། །བསླབ་བྱ་ཡུལ་གྱི་ཁྱད་པར་འགྱུར། །ཞེས་གསུངས་པས། འདི་ལ་དོན་ལྔ་སྟེ། དང་པོ་སློབ་ལུགས་ཀྱི་ཁྱད་པར་ནི། ཟག་བཅས་ཚིག་དང་ཡི་གེ་ལ་རྟེན་ནས་སློབ་ལ་བར་ཆད་མེད་པ་ཚིག་དང་ཡི་གེའམ། རིགས་པའམ། ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་སློབ་ལ། ཟག་མེད་ཆོས་ཉིད་མངོན་སུམ་རྟོགས་པ་ལ་སློབ་པའོ། །གཉིས་པ་ལོབ་པའི་ཁྱད་པར་ནི་ཟག་བཅས་ཀྱི་སྐབས་སུ་ཆོས་ཐམས་ཅད་ཀྱི་རྒྱ་མཚོ་ལྟར་ལོབ་པ་ལ། བར་ཆད་མེད་པས་མངོན་སུམ་དུ་ལོབ་སྟེ། ཟག་མེད་ཀྱི་རང་རིག་མངོན་སུམ་དུ་ལོབ་པའོ། །གསུམ་པ་ནུས་པའི་ཁྱད་པར་ནི། ཟག་བཅས་ཀྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ཅིང་གནས་སྐབས་ཀྱི་འབྲས་བུ་ཐོབ་ལ། བར་ཆད་མེད་པས་ལས་དང་ཉོན་མོངས་པའི་སྒྲིབ་པའི་སྒྲིབ་པ་འབྲིང་པོ་དག་སྟེ་མཐོང་ལམ་ལ་སྦྱོར་རོ། །ཟག་མེད་ཀྱི་ཤེས་བྱའི་སྒྲིབ་པ་ཆ་ཕྲ་བ་དག་ནས་སངས་རྒྱས་ལ་སྦྱོར་རོ། །བཞི་པ་ངོ་བོའི་ཁྱད་པར་ནི། ཟག་བཅས་བཞི་ནི། ཟག་ལྡོག་དང་བཅས་པའི་ལམ་པའི་བསླབ་པ་ཡིན། བར་ཆད་མེད་པ་ཟག་པ་ཡོད་ལ། ལྡོག་པ་མེད་པའི་ལམ་པའི་བསླབ་པ་ཡིན། །ཚེ་དབང་ཡན་ཆད་ཟག་ལྡོག་གཉིས་ཀ་མེད་པའི་ལམ་པའི་བསླབ་པ་ཡིན་ནོ། །ལྔ་པ་བསླབ་པ་ཡུལ་གྱི་ཁྱད་པར་ནི། ཟག་བཅས་ནི། གང་ཟག་ཆོས་ཀྱི་མིག་ཅན་ནམ། །ལྟ་དགོངས་ཀྱི་དྲོད་ཅན་ལ་སློབ་ལ། བར་ཆད་མེད་པས། རིག་འཛིན་ལ་སློབ་སྟེ། ཟག་མེད་ནི། རང་རང་གི་རིགས་མཐུན་དང་། སངས་རྒྱས་སྐུ་གསུམ་ལ་སློབ་བོ། །དེས་ན་ཚོགས་ལམ་གྱི་མཐའ་བཅུ་པོ་ནི། ཟག་བཅས་ཀྱི་ལམ་མཐར་ཕྱིན་ཡིན་པའི་ཕྱིར་རོ། །དེ་རང་ལ་ཡང་། གཡོ་ཐོབ་ལ་སོགས་པའི་མཐའ་བཅུ་རིམ་པ་བཞིན་ཡོད་དོ། །འདི་ནི་ཟག་མེད་ཡིན་པས་འཕགས་སོ། །དོན་ལ་བསླབ་པའི་མཐའ་བཅུ་འདི། ལམ་མཐར་ཕྱིན་ནས་ལྷུན་གྲུབ་རིག་འཛིན་གྱི་དགོངས་པ་ལ། བསླབ་པ་བཅུ། ཅིག་ཆར་དུ་རྫོགས་ལུགས་ཡིན། ཕར་ཕྱིན་པས་སྐད་ཅིག་མའི་སྦྱོར་བའི་ཐོག་ན། ལམ་ཆོས་ཕར་ཕྱིན་བཅུ་ལ་སོགས་པ་རྫོགས་ལུགས་ཀྱང་འདི་དང་འདྲའོ། །གཞན་དོན་གྱི་མཛད་པ་ལ་གསུམ། སྐུའི་མཛད་པ་དང་། གསུང་གི་མཛད་པ་དང་། ཐུགས་ཀྱི་མཛད་པའོ། །སྐུའི་མཛད་པ་ལ་གཉིས་བགྲང་། སྐུའི་མཛད་པ་བསམ་གྱིས་མི་ཁྱབ་པས་གང་ལ་གང་འདུལ་དང་། བགྲང་། དེའི་ཚེ་ཤེས་བྱའི་སྒྲིབ་པ་ཆ་ཕྲ་མོ་ཙམ་ཡོད་ཀྱང་། ལྷུན་གྲུབ་རིག་འཛིན་གྱི་སར་ཞུགས་ནས། གདུལ་བྱའི་ཡུལ་ཞིང་ཁམས་མཐའ་ཐུག་མེད་པ་དག་ཏུ་འདུལ་བྱ་འདུལ་བའི་ཕྱིར་སྤྲུལ་སྐུ་མཛད་པའང་སྣ་ཚོགས་སུ་སྟོན་ཏེ། སྲིད་པ་གསུམ་གྱི་བསྡུས་པའི་འགྲོ་བ་མཐའ་ཡས་སུ། ཐུགས་རྗེའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་གདུལ་བྱའི་དོན་དང་མཐུན་པ་འབའ་ཞིག་སྟོན། གདུལ་བྱ་དྲག་པོ་ལ་གནས་སྐབས་བློ་དང་མི་མཐུན་པ་དྲག་པོས་ཚར་བཅད་པ་ལོགས་པའི་སྒོ་ནས་ཐུགས་རྗེའི་ཞགས་པའི་འཁོར་བའི་རྒྱུན་ལམ་གཅོད་པར་བྱེད་པའོ། །མཛད་པ་བཅུ་གཉིས་དོན་མཛད་ཚུལ་ལོ། །དྲང་། དུས་དང་གནས་སྐབས་ལ་ལར་དགའ་ལྡན་གྱི་གནས་ནས་འཕོ་བ་དང་། ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། ལྷུམས་ནས་བལྟམ་པ་དང་། རོལ་རྩེད་མཛད་པ་དང་། ལ་ལར་བཙུན་མོ་བརྒྱད་ཁྲི་བཞི་སྟོང་ཁབ་ཏུ་བཞེས་པ་དང་། རྒྱལ་སྲིད་ལོ་ཉི་ཤུ་རྩ་དགུར་བསྐྱོངས་པ་དང་ལ་ལར་མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་བ་དང་། ཆུ་བོ་ནཻ་རཉྫ་ན་དཀའ་ཐུབ་ལོ་དྲུག་མཛད་པ་དང་། བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་བཏུལ་བ་དང་། ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པ་དང་། གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་སྟོན་པ་དང་། གྲོང་ཁྱེར་རྩ་མཆོག་ཏུ་མྱ་ངན་ལས་འདས་པ་དང་། སྐུ་གདུང་ཆ་བརྒྱད་དུ་བགོས་པ་ལ་སོགས་པ་སྟོན་པའོ། །ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པས་གང་ལ་གང་འདུལ་དང་། དྲང་། གནས་སྐབས་རེས་འགའ་ཞི་བས་འདུལ་བ་ལ་ཞི་བར་སྟོན་ལ། རེས་འགའ་དྲག་པོས་འདུལ་བ་ལ་དྲག་པོ་ཁྲོ་བོ་ལ་སོགས་སུ་སྣང་བས་འདུལ། གདུལ་བྱ་གཡེམ་པ་ཆགས་ཅན་ལ་གཡེམ་པར་སྟོན་ཅིང་། ཞེ་སྡང་ཅན་ལ་ཞེ་སྡང་ཅན་དུ་སྟོན། དྲེག་པ་སྟེ་ང་རྒྱལ་ཅན་རྣམས་ལ་ང་རྒྱལ་རི་བོ་ལྟ་བུ་དང་། མུན་པ་སྟེ་གཏི་མུག་ཅན་ལ་མུན་ལྟར་འཐིབ་པ་དང་། འཕྲག་དོག་རླུང་ལྟར་འཚུབ་པ་དེ་ལའང་འདུལ་ཐབས་ཀྱི་གཉེན་པོའང་དེ་བཞིན་དུ་བསྟན་པ་གདུལ་བྱ་དང་། མཐུན་པའི་སྒོ་ནས་འདུལ་ཞིང་། གདུལ་བྱ་དང་མི་མཐུན་པའི་སྒོ་ནས་ཀྱང་། འདུལ་བའི་ཐབས་སྣ་ཚོགས་མཛད་དོ། །རྒྱ་མཚོ་ལྟ་བུར་ཐབས་ཟབ་ཅིང་རྒྱ་ཆེ་བའི་སྤྱོད་པ་བརླབས་པོ་ཆེ་དང་། མཛད་པའི་ཕྲིན་ལས་གོང་དུ་བསྟན་པ་དེ་བཞིན་དུ་མཐུན་པ་དང་མི་མཐུན་པ་སྣ་ཚོགས་ཀྱིས་སྒོ་ནས་འགྲོ་བ་འཁོར་བ་ལས་སྒྲོལ་བར་འགྱུར་རོ། ༈ །གསུང་གི་མཛད་པ་བསམ་གྱིས་མི་ཁྱབ་པས་གང་ལ་གང་འདུལ་དུ་མཛད་པའོ། །དྲང་། ལྷ་གནས་གསུམ་དུ་སྔར་གསུང་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ཏན་ཏྲ་སྟེ་རྒྱུད་འཆད་པའི་སྟོན་པ་མཛད་པ་དང་། དེ་བཞིན་དུ་འོག་མིན་དུ་རྒྱུད་ཀྱི་དོན་བསྡུས་པ་མཛད་པའི་གསང་བདག་ལྟ་བུར་སྣང་ནས་དོན་མཛད་པ་དང་། འགྲོ་བ་དམན་པ་ལྷ་མི་ལ་སོགས་པའི་ལུས་སེམས་དམ་པའི་གོ་འཕང་ཅན་དང་། བསོད་ནམས་ཕུན་སུམ་ཚོགས་པ་དང་ལྡན་པའི་གནས་མ་ལ་ཡ་ལ་སོགས་པ་རྣམས་སུ། འཁོར་ལྷ་ཀླུ་གནོད་སྦྱིན་ལ་སོགས་པ་སྣ་ཚོགས་པའི་ལུས་ཅན་དམ་པའི་རིགས་ཅན་ལྔ་ལ་སོགས་པ་རྣམས་ལ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བར་མཛད་དོ། །བདུན་པ་མངོན་ཤེས་ནི། ཀུན་མཁྱེན་གྱི་ཡེ་ཤེས་ཅིང་གཟིགས་ཚུལ་ལོ། །དྲང་། མངོན་པར་ཤེས་པ་དྲུག་དང་ལྡན་པ་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་རྣམས། འོག་མ་ཕྱག་རྒྱ་ཆེན་པོའི་རིག་འཛིན་མན་ཆད་ལས་འདིར་ཁྱད་པར་དཔག་སྟེ། རིགས་ཐམས་ཅད་ཀྱི་བདག་པོ་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོའི་ཆ་བྱད་འཛིན་པའོ། །ཀུན་མཁྱེན་གྱི་ཡེ་ཤེས་མངའ་བ་རྒྱལ་བ་དྲུག་པ་ཉིད་དང་མཚུངས་པའི་ཕྱིར་ན། མངོན་ཤེས་ཀྱི་ཡུལ་ཁྱོན་དང་གདུལ་བྱའི་གྲངས་ཚད་བཟུང་དུ་མེད་དེ་རྒྱལ་བ་དྲུག་པ་ཉིད་དང་གཅིག་གོ། །དེ་ཡང་ཅི་ལྟར་ན། གསལ་ལ་རྟོག་པ་མེད་པར་མཁྱེན་པས་ན། དཔེར་ན་མེ་ལོང་ལྟ་བུའི་ཚུལ་དུ་རྒྱལ་བ་དྲུག་པ་མངའ་བ་ལྟར་ལྷུན་གྱིས་གྲུབ་པའི་རིག་འཛིན་ལའང་གསོལ་ལོ། །ཡང་ན། མེ་ལོང་ཉིད་དབྱིབས་དང་ཁ་དོག་ཏུ་ཤར་བ་ལྟར་ཆོས་སྐུ་ཉིད། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་རིག་པར་ཤར་རོ། །བརྒྱད་པ་འབྲས་བུ་སངས་རྒྱས་ལ་སྦྱོར་ཚུལ་ལ་བཞི། བགྲང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཤེས་བྱའི་སྒྲིབ་པ་སྦྱངས་ནས་སངས་རྒྱས་ལ་སྦྱོར་ཚུལ་དང་། དྲང་། རང་རྒྱུད་ལ་སྤང་བྱ་མི་མཐུན་པའི་ཕྱོགས་ཀྱིས་མཚན་མ་ཤེས་སྒྲིབ་བག་ལ་ཉལ་ཆ་ཕྲ་བ་དེ་གཞོམས་པའི་ཕྱིར། གཉེན་པོར་གྱུར་པས་འབིགས་ཤིང་འཇོམས་པ་རྡོ་རྗེ་ཕ་ལམ་ལྟ་བུའི་ཏིང་ངེ་འཛིན་གྱིས། སྤང་བྱར་གྱུར་པ་ཤེས་བྱ་བདག་ཏུ་རྟོག་པའི་སྒྲིབ་པའམ། མཚན་མ་ཆ་ཕྲ་བ་བག་ལ་ཉལ་གཅིག་ཡོད་པ་དེ་ཀུན་རྩ་བ་ནས་བཅོམ་ནས་མཐར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཉིད་ཀྱང་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་པར་བྱེད། དེ་སྒོམ་བྱ་སྒོམ་བྱེད་ལས་འདས་སོ། །ཞེས་པའམ། ཡང་ན། མཐར་ཐུག་གི་འབྲས་བུ་གཉིས་སུ་མེད་པ་རྡོ་རྗེའི་དབྱིངས་སུ་རང་གྲོལ་བས་ཐིམ་པར་བྱེད། ཅེས་སོ། །སྐབས་འདིར། མཐར་ཕྱིན་ལྷུན་གྲུབ་རིག་འཛིན་གྱི་བག་ལ་ཉལ་གྱི་སྒྲིབ་པ་བཅོམ་པ་འཐད་ཀྱང་། བདག་རྟོག་གི་མཚན་མ་བཅོམ་པ་འདི་མི་འཐད། ཅིའི་ཕྱིར་ན། རྒྱུ་མཚན་ཉིད་ཐེག་པ་བས། བདག་རྟོག་གི་མཚན་མ་འདི། སྦྱོར་ལམ་ནས་རགས་པ་ཆོད་ཅིང་། མཐོང་ལམ་སྐྱེས་པ་དང་། ངར་འཛིན་ཕྲ་བ་ས་བརྒྱད་ཐོབ་ནས་དག་ཅིང་། དག་པ་ས་གསུམ་ལ་བདག་རྟོག་མཚན་མ་དག་པར་འདོད་པ་དང་། འདི་ཉིད་ལྟར་ན། བདག་རྟོག །སྦྱོར་ལམ་མན་ཆད་དུ་བཅོམ་ནས་མཐོང་ལམ་སྐྱེས་པ་ཡིན་པས། འདིར་ལྷུན་གྲུབ་ཀྱི་སྐབས་ལ་མི་འཐད་སྙམ་ན། རགས་པ་ཚོགས་སྦྱོར་མ་ཆད་ནས་བཅོམ། འབྲིང་པོ་ཕྱག་རྒྱ་ཆེན་པོ་ལ་སྤང་ཐུབ་ཀྱང་། འདི་ནི་བདག་རྟོག་གི་ས་བོན་ཕྲ་བའི་ཕྲ་བ་བཅོམ་པ་ལ་དགོངས། འགའ་ཞིག་གིས་ལམ་གྱི་ཆོད་ཚུལ་དག་ལུགས་ཀྱི་སྐབས་འདིར། སྤང་བྱ་དང་གཉེན་པོ་ཡེ་ཤེས་བཤད་པས། མཚན་ཉིད་ཐེག་པ་དང་ཁྱད་མི་སྣང་ཟེར་ཏེ། དེ་མ་ཡིན། མཚན་ཉིད་ཐེག་པ་བས་བདེན་གཉིས་ཁ་ཕྲལ་ནས་ལམ་ཁྱེར་བྱེད་པ་དང་། འདིར་སྤང་གཉེན་རོ་གཅིག་རྟོགས་ནས་ལམ་དུ་ཁྱེར་བ་གཉིས་མི་འདྲ། འདིར་ལམ་ཅིག་ཆར་དུ་ནི་རྫོགས་མ་ནུས། བློ་རིམ་གྱིས་་ལ་རྗེས་ཤེས་ལ་མཚན་མ་ཤར། བག་ཆགས་ངན་པ་ཤོག་དྲིལ་རྙིང་པ་འདྲ་གསུང་། དེ་ལྟར་རྗེས་ཤེས་མཚན་མ་ཤར་ཡང་། མཚན་མའི་རྟོགས་པ་དེ་ཉིད་སྤང་སངས་མེད་པར་ལམ་དུ་ཁྱེར་ནས་སངས་རྒྱས་པར་འདོད་དེ། འོག་འབྲས་བུ་སྦྱོར་ཚུལ་གྱི་སྐབས་ན། མུན་སྣང་དུག་རྩི་མ་ཀི་ཏ། །ཅི་བཞིན་མ་སྤངས་དེ་ཉིད་འགྱུར། །འཁོར་བ་མ་སྤང་རང་སར་དག །རྟོགས་པ་ཐམས་ཅད་ཡེ་ཤེས་ཚོགས། །ཞེས་གསུངས་པས་མངོན་ནོ། །བདག་མེད་རང་རིག་ཡེ་ཤེས་ཀྱིས། །དངོས་པོར་འཛིན་པ་དང་དངོས་མེད་དུ་འཛིན་པའི་བག་ཆག་ཕྲ་ཞིང་ཕྲ་བ་ཡང་བསྲེག་སྟེ། རང་དང་སྤྱིའི་ཆོས་རྣམས་དང་། སེམས་ཀྱི་འཛིན་པའི་ཕྲག་དོག་ཀུན། །དངོས་པོར་མེད་པར་རང་བྱུང་ཡེ་ཤེས་སུ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་མན་ཆད་ལ་རྟོགས་པར་བྱས་ནས། དེས་ན་ལྷུན་གྲུབ་རིག་འཛིན་གྱི་དགོངས་པ་ལ་གཉེན་པོ་གང་གིས་ཀྱང་མི་ཚུགས་པས་དཔའ་བར་འགྲོ་བའི་རྣལ་འབྱོར་དང་། ཞེས་གསུང་། འདུས་མ་བྱས་ཀྱི་རྡོ་རྗེ་ལམ་མཐར་ཕྱིན་པའི་རྩེ། མཆོག་ཐོབ་པས། དོན་དེ་ཡིད་ཚོད་མིན་པ་ཐེག་པ་འོག་མ་པ་དང་། འདིའི་སྒོམ་མན་ཆད་ཀྱི་ཞེན་པ་དང་། བདུད་བཞི་སྡེ་དང་བཅས་པ་རྣམས། །ཚར་བཅད་ཅིང་གཏན་ནས་བཅོམ་པས་དཔའ་བ་ཞེས་བྱ་དེའི་རྗེས་ལ་འབྲས་བུ་མི་ཟད་པ་རྒྱན་དལ་རང་བཞིན་ལ་དགོངས་པ་བསམ་ཡས་ལྷུན་རྫོགས་ཀུན་མཁྱེན་ཐོབ་པའོ། །དབང་བསྒྱུར་ནས་འབྲས་བུ་ཐོབ་ཚུལ་དང་། དྲང་། ལྷུན་གྱི་གྲུབ་པའི་མཉམ་བཞག་ཆེན་པོའི་ངང་ལས་མ་གཡོས་པར་དང་རང་རིག་པའི་ཡེ་ཤེས་ལ་དབང་བསྒྱུར་ཞིང་འབྲས་བུ་དོན་དུ་གཉེར་བའི་སྨོན་ལམ་དང་ཤེས་རབ་ཀྱི་མཐུའི་འབྲས་བུའི་ཆོས་ཉི་ཤུ་རྩ་ལྔ་གཞན་ལས་མིན་ཏེ་རང་ལས་ཐོབ་པའོ། ༈ །འབྲས་བུ་གཞན་ན་མེད་རང་ལས་འབྱུང་བ་ལ་གསུམ། བགྲང་། འབྲས་བུ་རང་གནས་མངོན་དུ་གྱུར་པ་དང་། དྲང་། སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་། ཕྲིན་ལས་ལ་སོགས་རྨད་དུ་བྱུང་བས་འབྲས་བུ་ཀུན་ཏུ་གྲགས་པ་སྟེ་སེམས་ལས་ཡོད་པ་ཞིག་འདིར་འོང་བ་མ་ཡིན་ཏེ། རང་བྱུང་ཡེ་ཤེས་གནས་བྱ་གནས་བྱེད་མེད་པ་ནི་མངོན་དུ་སྣང་བ་ཡིན་ནོ། །དེ་གཞན་ནས་ཡོད་འོང་གཞན་ལས་མ་ཡིན་ཏེ་ལམ་གྱི་རང་གནས་མངོན་དུ་བྱས་པ་དང་། དྲང་། དེ་བས་ན་ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་འབྲས་བུའི་ཆོས་རྣམས་གཞན་ལས་ཡོད་པ་འདིར་ཐོབ་པ་ལྟ་བུ་མ་ཡིན་པའི་ཕྱིར། ཐབས་ཁྱད་པར་ཅན་ལ་བརྟེན་ཤེས་རབ་གསུམ་ཉིད་ཀྱི་འབྲས་བུ་གོང་གི་དོན་རྣམས་དེ་ལྟ་བུའི་ངང་དུ་སྣང་། འཁོར་བ་མ་སྤངས་རང་སར་གྲོལ་བས་སངས་རྒྱས་པའོ། །དྲང་། སྒྲོན་མེ་མུན་པ་མ་སྤངས་པར་སྣང་བར་འགྱུར་བའམ། གསེར་འགྱུར་རྩིས་ལྕགས་མ་སྤངས་པར་གསེར་དུ་འགྱུར་བའམ། རྩི་མ་གྷི་ཏའི་དུག་མ་སྤངས་པར་སྨན་དུ་འགྱུར་བ་ཅི་བཞིན་དུ། རྟོག་པ་མ་སྤངས་པར་འབྲས་བུ་དེ་ཉིད་མངོན་དུ་འགྱུར་རོ། །དེས་ན་འཁོར་བ་མ་སྤངས་འཁོར་སྐྱོན་རང་སར་གྲོལ་བས་རྣམ་པར་དག་པའི་ཕྱིར། ད་བཟོད་མྱ་ངན་ལས་འདའ་བ་མ་ཡིན་པས་ན་མ་ཧཱ་སྟེ། ཡེ་གདོད་མ་ནས་འབྲས་བུ་སངས་རྒྱས་ཉིད་རང་ལ་གནས་པའི་དོན། དེ་བས་ན་འཁོར་བ་ནས་འདས་པ་སངས་རྒྱས་ཀྱི་སར་འགྲོ་བ་དང་། ས་དེ་ལ་གནས་པར་བྱ་བའི་རྟོག་པ་མིན་ཏེ། འོ་ན་ཅི་ལྟར་ཡིན་ཞེ་ན། རྟོག་པ་ཐམས་ཅད་རང་བཞིན་དབྱེར་མེད་སྐུ་དང་ཡེ་ཤེས་ཀྱི་ཚོགས་སུ་གསལ་བའོ། །འབྲས་བུ་སངས་རྒྱས་པའི་ཚེ་རིག་འཛིན་གྱི་ཐ་སྙད་དང་བྲལ་བའོ། །དྲང་། གཞི་ལ་འཁོར་འདས་ཀྱི་ཆོས་ཀུན་རང་བཞིན་འཁྲུལ་ངོ་ན་འདས་པའི་ལམ་ལ་མཉམ་པ་དང་། འཁོར་བ་ལ་མི་མཉམ་པར་སྣང་ཡང་། གཞི་བདེན་པ་དབྱེར་མེད་ལ། འཁོར་འདས་རྒྱུ་འབྲས་ཀུན་མི་མཉམ་པ་དང་མཉམ་པ་མེད་པར་ངོ་བོ་དབྱེར་མེད་པའོ། །གཞི་དེ་ལྟར་ན། ལམ་ཡང་ཉམས་སུ་བླང་བར་བྱ་བ་དང་། དོན་ཆོས་ཉིད་ལ་རྩོལ་བ་དང་བྲལ་བས་མི་བྱ་བ་ལྟར་སྣང་ཡང་། གཞན་དུ་ཉམས་སུ་བླངས་བར་བྱ་བ་མེད་པ་དེ་ཀ་ཉམས་སུ་བླང་བར་བྱས་པའོ། །གཞི་ལམ་གཉིས་དེ་ལྟར་ན། འབྲས་བུ་ཡང་། གདུལ་བྱའི་ངོ་ལ་འགྲུབ་པར་སྣང་དང་། གཤིས་རིག་པ་ཉིད་ཡིན་པ་ལས་གཞན་དུ་མ་གྲུབ་པར་སྣང་ཡང་། ཡེ་གདོད་མ་ནས་རིག་པ་ཉིད་འབྲས་བུ་ཡིན་པར་མངོན་དུ་གྱུར་པས། འབྲས་བུའི་ཆེ་བའི་ཡོན་ཏན་ཐམས་ཅད་གྲུབ་པའོ། །གཞི་ལམ་འབྲས་གསུམ་དུ་ཚུལ་གཅིག་པ་དེའི་ཕྱིར་ན་མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་ཐ་སྙད་ཙམ་ཡང་བྲལ་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཡང་ལུགས་གཅིག་ཏུ། མཉམ་དང་མི་མཉམ་མཉམ་དང་མཉམ། །ལྷུན་གྲུབ་རིག་འཛིན་ནི། མཉམ་པ་ལ་བཞག་ན། དགོངས་པ་མཉམ་པ་ཉིད་ཡིན་པ་དང་། མ་བཞག་ཙ་ན་མི་མཉམ་པ་ཡིན་ནོ། །འབྲས་བུ་སངས་རྒྱས་ནི། དེ་ཀུན་དང་མི་མཉམ་སྟེ། མཉམ་པ་ལ་མ་བཞག་པའི་དུས་སུ་ཡང་། དགོངས་པ་མཉམ་ཉིད་ཡིན་པས། མཉམ་པ་ལ་འཇོག་པའི་རྩོལ་བས་དགོངས་པ་བཟུང་མི་དགོས་པ་དང་། བྱ་དང་མི་བྱ་ཐམས་ཅད་བྱས། །རིག་འཛིན་མཉམ་པར་བཞག་པར་བྱ་བ་དང་། མི་བྱ་ཡོད་ལ། འབྲས་བུ་སངས་རྒྱས་ནི། མཉམ་པར་འཇོག་པའི་བྱ་བ་མེད་དོ། །མཉམ་པར་བཞག་འཇོག་མེད་པར་དུས་ཐམས་ཅད་དུ། དགོངས་པ་མཉམ་པ་ལ་གནས་པར་བྱ་བའི་དགོངས་པ་རྩོལ་བས་བཟུང་མི་དགོས་པ་དང་། གྲུབ་དང་མ་གྲུབ་ཐམས་ཅད་གྲུབ། རིག་འཛིན་ནི་མཉམ་པར་བཞག་ཙམ་ན་དགོངས་པ་གྲུབ་པ་དང་། མ་བཞག་ཙ་ན་མ་གྲུབ་པ་དང་། སངས་རྒྱས་ནི་མཉམ་པར་བཞག་འཇོག་མེད་པ་དུས་ཐམས་ཅད་དུ། དགོངས་པ་གྲུབ་པ་རྩོལ་བས་དགོངས་པ་བཟུང་མི་དགོས་ཏེ། དེ་ཕྱིར་རིག་འཛིན་ཐ་སྙད་བྲལ། །རྒྱུ་མཚན་གསུམ་པོ་དེའི་ཕྱིར་ན། འབྲས་བུ་སངས་རྒྱས་ཐོབ་པའི་ཚེ་རིག་འཛིན་གྱི་ཐ་སྙད་དང་བྲལ་བར་བསྟན་པའོ། །སྐབས་འདིར་རིག་འཛིན་གསུམ་ཀྱི་ཁྱད་པར་ལ་དོན་བཅུ་གཉིས་ཏེ། སྐུ་ལྔ་མཐོང་ཚུལ་གྱི་ཁྱད་པར་དང་། སྒྲིབ་པ་སྤང་ཚུལ་དང་། ལུས་རྩ་བའི་ལུས་དང་། སྤྲུལ་པའི་ལུས་དང་། སྟོན་འཁོར་དུ་མ་གྱུར་པ་དང་། རྒྱུ་ལ་བརྒྱུད་པའི་ཉེ་རིང་དང་། དུས་ལ་ངེས་པ་ཡོད་མེད་རིང་ཐུང་དང་། ངོ་བོ་སྐུ་གསུམ་གྱིས་རྒྱལ་ཚབ་བྱེད་ལུགས་དང་། རྣམ་གྲངས་ལ་ས་ལམ་མཐོ་དམན་དང་། དགོངས་པ་ལ་མཚན་བཅས་མཚན་མེད་དང་། སྤྱོད་པ་ལ་རང་དོན་གཞན་དོན་དང་། མངོན་ཤེས་ལ་རྒྱ་ཆེ་ཆུང་དང་། འབྲས་བུ་སྦྱོར་ཚུལ་རིམ་དང་ཅིག་ཆར་གྱི་ཁྱད་པར་རོ། དང་པོ་་ནི། ཚེ་དབང་གིས་སྤྲུལ་སྐུའི་ཞལ་མཐོང་། ཕྱག་རྒྱ་ཆེན་པོས་ལོངས་སྐུ། ལྷུན་གྲུབ་ཀྱིས་སྐུ་ལྔ་དང་གྲུབ་པའི་ཞལ་མཐོང་བའོ། །དེ་ཡང་ལམ་ཆུང་ལས། སྤྲུལ་པ་ལོངས་སྤྱོད་དྲུག་པ་ཡི། །རིམ་པར་ཞག་མཐོང་ཞེན་མོད་ཀྱང་། །ཞེས་སོ། །གཉིས་པ་ནི། ཚེ་དབང་ལ་སངས་རྒྱས་པ་ནི། སྒྲིབ་པ་གསུམ་པོ་སྤང་དགོས། ཕྱག་རྒྱ་ལ་གཉིས། ལྷུན་གྲུབ་ལ་བག་ལ་ཉལ་གཅིག་པུས་ཆོག་གོ། །གསུམ་པ་ནི། ཚེ་དབང་རྩ་བའི་ལུས་ནི། དབང་བསྒྱུར་རྩ་བ་རྡོ་རྗེའི་ལུས། །ཞེས་པས། སྐྱེ་འ ཆི་མེད་པ་རྡོ་རྗེའི་ལུས་སོ། །སྤྲུལ་པའི་ལུས་ནི། ལྷ་མིའི་རྒྱལ་པོ་ཕྱག་རྒྱ་ཆེན་པོ་རྩ་བའི་ལུས་ནི། ཡེ་ཤེས་སྐུའི་ཆ་ལུགས་ཅན། །ཞེས་པ་དང་། ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །ཞེས་པས། ཡེ་ཤེས་ཀྱི་སྐུ་རིགས་ལྔར་ཡོད་པའོ། །སྤྲུལ་པའི་ལུས་ནི། བཟང་པོ་ལྷ་མིའི་རྒྱལ་པོ་དང་། ངན་པ་རྔོན་པ་དང་སྨད་འཚོང་ལ་སོགས་པར་ཡང་སྤྲུལ་ལོ། །དེ་ཡང་འདི་ཉིད་ལས། རྔོན་དང་སྨད་འཚོང་ལ་སོགས་པ། །སྤྲུལ་པའི་ལུས་ཀྱི་འདུལ་བར་བྱེད། །ཅེས་སོ། །ལྷུན་གྲུབ་རིག་འཛིན་གྱི་རྩ་བའི་ལུས་ནི། ཆ་བྱད་རྒྱལ་བ་ཉིད་དུ་སྟེ། །ལྔ་པོ་ལྷུན་གྱིས་གྲུབ་ཕྱིར་ན། །ཞེས་པས། དྲུག་པའི་ལུས་འཛིན་པས་སོ། །སྤྲུལ་པའི་ལུས་ནི། སྣ་ཚོགས་པར་རང་སྣང་ནས་འདུལ་ཏེ། དམན་ལུས་བསོད་ནམས་ལྡན་གནས་སུ། །སྣ་ཚོགས་ལུས་ཅན་རིགས་ལ་བསྐོར། །ཞེས་སོ། །བཞི་པ་ནི། ཚེ་དབང་གི་སྟོན་པ་ཕྱག་རྒྱ། དེའི་སྟོན་པ་ལྷུན་གྲུབ་ཡིན་གྱི། བཟློག་པ་ནི་མ་ཡིན་ནོ། །དེ་ཡང་། ལམ་ཆུང་ལས། གཅིག་གི་སྟོན་པ་གཅིག་གྱུར་པས། །རིག་པ་བཞིན་དུ་སླར་གྱུར་པས། །ཁྱད་པར་ཆེ་བ་དེ་ལྟར་ངེས། །ཞེས་སོ། །ལྔ་པ་ནི། རིམ་གྱིས་པ་ལྟར། རྒྱུ་ལ་བརྒྱུད་པའི་རྒྱུ་དང་། རྒྱུ་དངོས་པོ། དེ་ལ་ཚེ་དབང་ཐོབ་པའི་རྒྱུ་དངོས་ནི། ཚོགས་བསྒྲུབ་ཐ་མ་པ་བློ་ཆེ་བ་ཡིན་ལ། སྤྲོས་པ་མན་ཆད་བརྒྱུད་པའི་རྒྱུ། །ཕྱག་རྒྱ་ཆེན་པོའི་དངོས་ཀྱི་རྒྱུ། །རྣམ་སྨིན་དང་ལམ་མཆོག་རྫོགས་པའི་ཚེ་དབང་ཡིན། བརྒྱུད་རྒྱུ་ཚོགས་བསྒྲུབ་མན་ཆད་དོ། །ལྷུན་གྲུབ་དངོས་ཀྱི་ཕྱག་རྒྱ་ཆེན་པོ། བརྒྱུད་པའི་རྒྱུ་ཚེ་དབང་མན་ཆད་དོ། །ཐོད་རྒལ་བའི་རྒྱུ་ནི། གོང་གི་སྟོང་ཐུན་གསུམ་གྱིས་སྐབས་བཞིན་ནོ། །དྲུག་པ་ནི། ཚེ་དབང་སངས་རྒྱས་པའི་དུས་ནི། བརྒྱ་ཕྲག་བཅུ་དྲུག་ཚེ་ཡི་རྫོགས། །ཞེས་པས། ལོ་སྟོང་དྲུག་བརྒྱའོ། །ཕྱག་རྒྱའི་དུས་ནི། ཚེ་དབང་བས་ཉེ་བའི་རྒྱུ་མཚན་ཉིད་ཀྱི་ཐེག་པའི་གཞུང་ཀུན་ལས་འབྱུང་ལ། འདི་ཉིད་ལྟར་ན། དུས་རིམ་འདོད་མིན་གཅིག་འདོད་ཕྱིར། །གཅིག་པ་དེ་ཉིད་ལམ་བྱས་པས། །ལྷག་མ་བཅས་པ་མཐུ་བསྒྲུབ་མཐའ། །དེ་ཉིད་གྱུར་པས་ངེས་པ་མེད། །ལྷུན་གྲུབ་ནི། སྐད་ཅིག་གཅིག་གིས་སངས་རྒྱས་པ་སྟེ། དུས་མཐའི་སྐད་ཅིག་ཉིད་ཀྱིས་གཤེགས། །ཞེས་འགའ་ཞིག་གིས་དུས་འདི་ལྟར་དུ་འདོད་པ་སྣང་ཡང་། དུས་ནི། རང་རང་སྐབས་སུ་བཤད་པ་བཞིན་ནོ། །བརྒྱད་པ་ནི། ཚེ་དབང་བཞི་དང་། ཕྱག་རྒྱ་བཞི་དང་། ལྷུན་གྲུབ་བཞི་ལ་ནང་རིམ་གྱི་ཁྱད་པ་དང་། མཐོང་ལམ་དང་། སྒོམ་ལམ་དང་། རིམ་གྱིས་ཁྱད་ཡོད་ལ། ས་ཡང་མཐོ་དམན་ཡོད་པ་ཤུགས་ལ་སྦྱར་རོ། །དགུ་པ་ལ་གཉིས་ལས། མཚན་བཅས་ཀྱི་དགོངས་པའི་ཁྱད་པར་ནི། སྤྲོས་པའི་སྐབས་སུ་བཤད་པའི་སངས་རྒྱས་སྟོང་དང་། ཉི་ཁྲི་སྒོམ་པ་ཚེ་དབང་ཡིན་ཏེ། སྟོང་ཁྲི་ལ་སོགས་གྲངས་མང་ལྷ། །འཁོར་ལོ་གསལ་རྫོགས་རྣལ་འབྱོར། ཞེས་སོ། །ཕྱག་རྒྱ་ཆེན་པོ་ནི། དེ་བས་ཆེས་འཕགས་ཏེ། ལྷ་ཐེར་འབུམ་ལ་སོགས་པ་གྲངས་ཀྱིས་གནས་གཞན་གྱི་བགྲང་དུ་ཡོད་ཚད་སྒོམ་མོ། །དེ་ཡང་། གྲངས་ཅན་འཁོར་ལོ་མངོན་དུ་སྣང་། ཞེས་སོ། །ལྷུན་གྲུབ་ཀྱི་ལྷ་གྲངས་མེད་སྒོམ་ཡང་། ཞལ་ཕྱག་སྤྲོས་པ་ལྟར་ན། དབུ་ཉེར་གཅིག་ཕྱག་ཞེ་གཉིས་སྒོམ་ནུས་པ་ཚེ་དབང་། དབུ་དགུ་བརྒྱ་ཕྱག་སྟོང་བརྒྱད་བརྒྱ་སྒོམ་ནུས་པ་རྒྱ་ཆེན། ཕྱག་གྲངས་མེད་དུ་སྒོམ་ནུས་པ་ལྷུན་གྲུབ་སྟེ། དེ་ཡང་དྲུག་པ་ལས། ཉི་ཤུ་རྩ་གཅིག་དབུ་བརྒྱ་དང་། །གྲངས་མེད་མཐར་ལམ་རིམ་པར་ལྡན། །ཞེས་སོ། །མཚན་མེད་ཀྱིས་དགོངས་པའི་ཁྱད་པར་ནི། ཆོས་ཉིད་རང་མཚན་མངོན་སུམ་དུ་མཐོང་བ་དང་། དེ་ལས་མི་གཡོ་བ་དང་། མཐར་ཕྱིན་པའོ། །བཅུ་པ་ལ་གཉིས་བདག་དོན་གྱི་སྤྱོད་པ་དང་། གཞན་དོན་གྱི་སྤྱོད་པའོ། །དང་པོ་ནི། ཚེ་དབང་བདག་དོན་གྱི་སྤྱོད་པ་ནི། རིགས་མཐུན་མཆོག་རྒྱ་སྤྲུལ་པ་ལ་ཆོས་ཉན་ཅིང་། ཀུན་འགྲོ་སྤང་བའོ། །གཞན་དོན་ནི། ཆོ་འཕྲུལ་བཞི། ཕྲིན་ལས་བཞི། ལྔ་ཕྲག་བཞི་སོགས་ཐབས་ལམ་གྱི་སྤྱོད་པ་ཡང་སྟོན་ནོ། །ཕྱག་རྒྱ་ཆེན་པོའི་བདག་དོན་གྱི་སྤྱོད་པ་ནི་རིགས་མཐུན་ལྷུན་གྲུབ་ལོངས་སྐུ་ལ་ཆོས་ཉན་ཅིང་། ལྷན་གཅིག་གནས་པ་སྤང་བའོ། །གཞན་དོན་ནི་མཉམ་བཞག་ལས་མ་གཡོས་པར། སྟོང་གསུམ་བཅུ་ལ་སོགས་པའི་རྡུལ་སྙེད་ཚུན་ཆད་འདུས་པའོ། །ལྷུན་གྲུབ་བདག་དོན་གྱི་སྤྱོད་པ་ནི། རིགས་མཐུན་མཆོག་དང་དྲུག་པ་ལ་ཉན་ཅིང་བག་ལ་ཉལ་སྤོང་བའོ། །གཞན་དོན་སངས་རྒྱས་དང་། མཉམ་པར་བྱེད་ནུས་པའོ། །བཅུ་གཅིག་པ། མངོན་ཤེས་ཀྱི་ཁྱད་པར་ནི། དྲུག་དང་ལྔའི་ཡན་ལག་བཅའ། ཤེས་པའང་འདྲ་མོད་བཞིན་ལ་སོགས་ཀུན། དེ་སྙེད་ལུས་ཀྱི་ཁྱད་པར་དང་། དོན་རྫོགས་མཐུ་དང་གདུལ་བྱ་དཔག །ཅེས་པ་དང་། ལམ་ཆུང་ལས། དེ་བཞིན་མངོན་ཤེས་སྤྱོད་པའམ། །ཆོ་འཕྲུལ་བཞི་འདྲ་ཐོབ་ཡོད་ཀྱང་། །རྣམ་གསུམ་ཡུལ་དང་ཞིང་ཁམས་དང་། །བྱིན་རླབས་ལ་སོགས་ཁྱད་པར་འགྱུར། །ཞེས་པས། ལྔ་སྟེ། དོན་བྱ་བ་ཡུལ་གྱི་ཁྱད་པར་དང་། འདུལ་བ་ཞིང་ཁམས་དང་། བདག་གཞན་གྱི་དོན་རྫོགས་མ་རྫོགས་དང་། བྱིན་རླབས་དང་། གདུལ་བྱ་ཡིན་མིན་གྱི་ཁྱད་པར་རོ། །དང་པོ་ནི། ཚེ་དབང་གི་གདུལ་བྱའི་ཡུལ་ནི། སྤྲུལ་སྐུའི་འཁོར་སྦྱོར་ལམ་ལ་གནས་པ་མན་ཆད་དོ། །ཕྱག་ཆེན་གྱི་འཁོར་ནི། ལོངས་སྐུའི་འཁོར་ཕལ་པ་དང་མཐོང་ལམ་ལ་གནས་པ་མན་ཆད་དོ། །ལྷུན་གྲུབ་ཀྱི་ནི། དྲུག་པའི་འཁོར་ཕལ་པ་དང་། སྒོམ་ལམ་ལ་གནས་པ་མན་ཆད་དོ། །ཞིང་ཁམས་ཀྱི་ཁྱད་པར་ནི། ཚེ་དབང་གིས། སྟོང་གསུམ་བརྒྱད་ཅུའི་འཇིག་རྟེན་རྣམས། །གཡོ་དང་རབ་གཡོ་ཤིན་ཏུ་གཡོ། །ཞེས་སོ། །ཕྱག་རྒྱ་ཆེན་པོའི་ཞིང་ནི། སྟོང་གི་འཇིག་རྟེན་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་ཞིང་རྣམས་དང་། །ཞིང་གྲངས་མེད་པ་བརྒྱ་སྟོང་ཕྲག །བཅུ་ཡི་རྡུལ་སྙེད་ཞིང་རྣམས་སུ། །ཞེས་སོ། །ལྷུན་གྲུབ་ཀྱི་ཞིང་ནི། ཡུལ་དང་ཚད་མེད་རྒྱལ་བ་ཉིད། །ཅེས་པ་དང་། འདུལ་ཕྱིར་སྤྲུལ་སྐུའི་མཛད་པའང་སྟོན། བཅུ་གཉིས་པ། འབྲས་བུ་ལ་སྦྱོར་ཚུལ་ནི། ཐར་ཆགས་དང་། ཐོད་རྒལ་གཉིས་སོ། །ལེའུའི་མཚན་ནོ། །དྲང་། ལམ་ལ་མཚན་ཉིད་གསུམ་ཡོད་པ་ལས། མཐར་ཕྱིན་པའི་ལམ་འབྲས་བུའི་མཚན་ཉིད་རྣམས་མངོན་པར་བསྟན་པའི་གཞུང་གི་ཚིག་གི་དོན་རྣམས་གཅོད་ཅིང་། མཚམས་འཛིན་པར་བྱེད་པའི་དོན་གྱིས་ན་ལེའུ་ཞེས་བྱ་སྟེ་ཡས་བགྲང་བརྒྱད་པའི་དོན་དུ་གདའོ། ༈ །འདིར་རིམ་གྱིས་པའི་དབང་དུ་བྱས་ན། དང་པོ་ཐོག་མར་སྟོང་པ་ཆེན་པོའི་དོན་རྟོགས་དགོས་ཏེ། ཅི་སྐད་དུ། དོན་དམ་ཀུན་གྱི་རྒྱུ་ཡིན་ཕྱིར། །ལྷག་པའི་དོན་དེ་དང་པོ་སྒོམ། །ཞེས་གསུངས་པས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དོན་དམ་བདེན་པ་སྟོང་པ་གོམས་པར་བྱས་པས། ཀུན་ཏུ་སྣང་གི་ཏིང་ངེ་འཛིན་ཀུན་རྫོབ་མ་འགགས་པ་ཤུགས་ལས་འབྱུང་བ་ཡིན། ཀུན་སྣང་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་འགྱུ་བ་རང་གྲོལ་དུ་སྒོམ་པས་ལྷའི་སྐུ་ཕྱག་རྒྱ་གཅིག་པ་རང་ཤུགས་ཀྱིས་ཤར་བ་ཡིན། ལྷ་ཕྱག་རྒྱ་གཅིག་པ་དེ་སྤྱོད་ལམ་རྣམ་བཞིར་མི་འཕྲོག་ནས་བརྟན་པ་ཐོབ་ན། ཕྱག་རྒྱ་སྤྲོས་པ་ལྷ་དུ་མ་རང་ཤུགས་ཀྱིས་འཆར་བ་བབ་ཡིན། འདི་བཞི་མཚན་ཉིད་ཐེག་པ་དང་གོ་བསྟན་ན་སྦྱོར་ལམ་དྲོད་ནས་ས་དྲུག་པའི་བར་དུ་མཉམ་བཞག་མཐུན་པ་ཡིན། སྦྱོར་ལམ་ཚོམ་བུ་ཚོགས་བསྒྲུབ་ནི། སྣང་བ་སོ་མ་འདི་ཉིད་ལམ་དུ་ཁྱེར་ནས་གཅོད་པ་འདི། ས་བདུན་པ་ཐབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དང་མཐུན། ཚེ་རྣམ་གཉིས་ནི། བདེན་པ་དབྱེར་མེད་ཅི་བཞིན་པ་ཁོང་དུ་ཆུད་པ། འདུ་ཤེས་གཉིས་ཀྱིས་མི་གཡོ་བ་ས་བརྒྱད་པའི་མངོན་རྟོགས་ཡིན། གསང་སྔགས་ཀྱི་མཐོང་ལམ་ཅི་བཞིན་པ་འདི་ཡིན། འོན་ཀྱང་ཚེ་རྣམ་གཉིས་ཀྱི་ཁྱད་པར་ལ། སྣང་བ་ཤུགས་ལ་བཀག་པའི་དོན་གྱིས། རྣམ་སྨིན་པས་ལུས་དོར་དགོས་བྱུང་། ཚེ་དབང་གིས་དེ་ཉིད་སྤངས་པ་མེད་པར། རྟོགས་པའི་ལུས་སངས་རྒྱས་ཀྱི་ས་ལ་ཁྱེར་ནུས་པའོ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི། སྒོམ་པ་ཀློང་དུ་གྱུར་པ་ས་བཅུ་པ་དང་སྐལ་བ་མཉམ་མོ། །ལྷུན་གྲུབ་རིག་འཛིན་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཅི་བཞིན་པ་བཅུ་གཅིག་ཀུན་ཏུ་འོད་དང་ཆ་མཉམ་པའོ། །སྤྱིིར་ས་ལམ་ལ། ཚོགས་ལམ་ཆོས་རྒྱུན་ཆེན་པོའི་རྟོགས་པ་ནི། ཉན་རང་གཉིས་ཀྱི་མཐོང་ལམ། སྦྱོར་ལམ་དྲོད་ནི། སེམས་ཙམ་པའི་མཐོང་ལམ། ས་དང་པོ་རབ་དགའ་དོན་དམ་བདེན་པ་རྟོགས་པ་འདི། དབུ་མའི་མཐོང་ལམ། ས་བརྒྱད་པའི་མངོན་རྟོགས་སྣང་མཉམ་སྟོང་མཉམ་འདི། གསང་སྔགས་ཀྱི་མཐོང་ལམ་ས་བཅུ་པ་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་ཉིན་མཚན་ཆོས་སྐུའི་འཁོར་ཡུག་འདི། འཇུག་བྱའི་ཡུལ་ཟད་པ་རྫོགས་ཆེན་གྱི་མཐོང་ལམ། སྦྱོར་ཐེག་ཆེན་གྱི་ས་དང་ལམ་གྱི་རིམ་པ་གཅོད་ལུགས་འདི་རྣམས་ལ་མཉམ་བཞག་ཕུང་པོ་ལྔ་བྲལ་གྱི་རྟོགས་པ། རྗེས་ཤེས་ཚོགས་བརྒྱད་ཀྱི་དྲི་མ་དག་ལུགས་རྣམས་ཤེས་ཤིང་ཁུང་དུ་ཆུད་དགོས་སོ། །མཉམ་རྗེས་གོ་ལོག །མཚན་མ་རྗེས་ཤེས་དང་། ཡང་དག་རྗེས་ཤེས་དང་། ལམ་གྱི་ཆོད་ཚུལ་རྗེས་ཤེས། རྗེས་ཤེས་ཀྱི་དག་ལུགས་འདི་རྣམས་ཤེས་ཤིང་། གོམས་འདྲིས་མ་བྱས་ན། ནམ་ཤི་སངས་རྒྱས། ཐོད་པ་བོར་ཆོག་གི་ཁ་པོ་བྱེད་པ་ནི། བརྩོན་ལྕགས་ཞབས་ན་ཁ་པོ་བྱེད་པ་དང་འདྲ། འདི་རྣམས་ཡིན་པའི་རྒྱུ་མཚན་ཞིབ་ཏུ་ངོ་སྤྲད་རྒྱུ་ཡོད་ཀྱང་། ཡི་གེ་མང་གི་དོག་པའི་ཕྱིར་མ་བཀོད། སྤྱིར་གང་ཟག་གཅིག་གིས་རྒྱུད་ཐོག་ན། ཡིན་རྟོགས་དབང་གསུམ་འཛོམ་དགོས། དེ་འཛོམ་ནི་མི་གྲོལ་མི་སྲིད། མ་འཛོམ་ན་གྲོལ་མི་སྲིད། ཡིན་ཚུལ་ཁོ་ན་བཤད་པས་མི་ཆོག །འདི་ལ་རྟོགས་ཚུལ་དགོས། དཔེར་ན་རྒྱལ་པོའི་ཕྲུ་གུ་དེ་སྤྲང་མོ་ནུ་ཞོ་ཅན་གྱི་བུ་ལ་སྣང་དུས། རྒྱལ་རིག་འདོན་པ་དང་འདྲའོ། །ད་བདག་གཞན་གཉིས་ཀྱི་ངེས་ཤེས་སྐྱེ་ནས་རྟོགས་དགོས། རྟོགས་པ་ཙམ་གྱིས་མི་ཆོག །གདན་ས་ལ་བཞག་ནས་དབང་མ་ཐོབ་ན། རྒྱལ་སྲིད་ལ་དབང་མི་བསྒྱུར། དཔུང་བཞིའི་དམག་མི་ཁོལ། དཔེ་དེ་བཞིན་དུ་ཡིན་ཚུལ་གཅིག་ཤེས་དགོས། ཡིན་ཚུལ་ཁོ་ནས་མི་ཆོག །ཡིན་ཚུལ་ཆོས་སྤྱི་མཚན་གྱི་གོ་བ་ཡིན་པས། ཉམས་ལ་མི་ཕན་པས་རྟོགས་དགོས། རྟོགས་པ་ཁོ་ནས་མི་ཆོག །དབང་མ་ཐོབ་ན་ཞ་བོ་མིག་རྒྱང་རིང་བ་དང་འདྲ། དབང་ཐོབ་དགོས། དབང་ཐོབ་པ་ཁོ་ནས་མི་ཆོག །འཇིག་རྟེན་པའི་སྒོམ་རྣམས་ལ་དབང་ཐོབ་ནས། བསྐལ་པའི་བར་དུ་གནས་ཀྱང་ལྡོག་དགོས་པ་དང་། ཉམས་ཀྱི་སེམས་ལ་དབང་ཐོབ་ནས། ཟད་པར་ལྡོག་པ་ནུས་ཀྱང་ལྡོག་དགོས་པ་དང་། དེ་བས་ན་ཡིན་རྟོགས་དབང་གསུམ་འཛོམ་དགོས་སོ། ༈ །ད་ནི་མཐར་ཐུག་འབྲས་བུའི་དོན་ལ་དྲུག །དང་པོ་ཐོབ་པའི་ཚུལ་ནི། གཞན་ལས་ཐོབ་པ་དང་། རང་ལས་ཐོབ་པ་གཉིས་ཏེ། གཞན་ལས་ཐོབ་ཞེས་བྱ་བ་ནི། སེམས་ཉིད་འབྲས་བུའི་རྒྱུ་བྱས་ནས་ཚོགས་གཉིས་རྫོགས་པའི་རྐྱེན་གྱིས་ཐོབ་པར་འདོད་པ་ཉིད་དོ། །རང་ལས་ཐོབ་པའི་ཚུལ་ནི། སེམས་ཉིད་འབྲས་བུའི་ངོ་བོར་བྱས་ནས། དེ་ཉིད་ཐོས་བསམ་སྒོམ་གསུམ་རྐྱེན་གྱིས་མངོན་དུ་འཆར་བར་བྱེད་པ་ཉིད་དོ། །གཉིས་པ་ཐོབ་པའི་དུས་ནི། རྒྱུ་མཚན་ཉིད་པས། བསྐལ་པ་ཆེན་པོ་གྲངས་མེད་པ་བདུན་ནམ་གསུམ་གྱི་ཐོབ་པར་འདོད་དེ། དེ་ཡང་། རྒྱུ་ལམ་དུ་བྱས་པས་གོལ་བའི་ཕྱིར་རོ། །འོ་ན་འབྲས་བུ་ཐོབ་པར་མི་རིགས་སྙམ་ན། སེམས་ཉིད་འབྲས་བུའི་ངོ་བོ་ཡིན་བཞིན་དུ། དེ་ལྟར་མ་རྟོགས་ཏེ་སེམས་ཉིད་འབྲས་བུའི་རྒྱུར་འདོད་པའི་ངོས་ནས་འབྲས་བུ་ཐོབ་པ་མ་ཡིན་ནོ། །འོན་ཀྱང་བདག་མེད་ཙམ་གཅིག་རྟོགས་པའི་ངོས་ནས། གནས་སྐབས་ཀྱི་འབྲས་བུ་ཐོབ་པ་ལ་འགལ་བ་མེད་དོ། །གསང་སྔགས་པས་འབྲས་བུ་ཐོབ་པའི་དུས་ནི། མི་ཚེ་ལྔའམ། བདུན་ནམ། གསུམ་མམ། གཅིག་གམ། རྟོགས་གྲོལ་དུས་མཉམ་མོ། །དེ་ཡང་དང་པོ་ཀྲི་ཡའི་ལུགས་ཀྱིས། སེམས་ཀྱི་རང་བཞིན་དོན་དམ་པར་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་དག་པ་མཐའ་བཞི་དང་བྲལ་བར་འདོད། དེ་ལམ་དུ་བྱས་པས་མི་ཚེ་བདུན་ལ་ཐོབ་པ་ཡིན་ནོ། །བདུན་ཐོག་པའི་རྒྱུ་མཚན་ནི། ལྟ་བ་བདེན་པ་དབྱེར་མེད་མ་རྟོགས་པས། ལྷ་ཡེ་ཤེས་སེམས་དཔའ་བཟང་པོ་གཅིག་ལ་དངོས་གྲུབ་རེ་བར་འདོད་ལ། སྤྱོད་པ་བླང་དོར་དུ་སྤྱོད་པས་སོ། །ཡོ་ག་བས་ནི་བློ་ཆེ་ཆུང་གིས་མི་ཚེ་ལྔ་དང་གསུམ་ལ་འབྲས་བུ་ཐོབ་པ་ནི། དོན་དམ་རྣམ་སྣང་ཆེན་པོ་དབྱེར་མེད་ལམ་དུ་བྱེད་ཅིང་། ཏིང་ངེ་འཛིན་གཙོ་ཆེ་བ་ཁོ་ནས་ཐོབ་པའོ། །མི་ཚེ་ལྔ་དང་གསུམ་ཐོག་པའི་རྒྱུ་མཚན་ནི། དོན་དམ་རྣམ་སྣང་ཆེན་པོ་ཡིན་གྱི་ཀུན་རྫོབ་ཏུ་འཁོར་འདས་དབྱེར་མེད་མ་རྟོགས་ཤིང་། ལྷ་ཡེ་ཤེས་སེམས་དཔའ་གཞན་དུ་དམིགས་ནས་དེ་ལ་དངོས་གྲུབ་ཐོབ་པར་རེའོ། །མ་ཧཱ་ཡོ་ག་ནི། ལྟ་བ་དབྱེར་མེད་བདག་ཉིད་ཆེན་པོར་རྟོགས་ཤིང་། སྤྱོད་པ་བླང་དོར་མེད་པས་ཚུལ་བཞིན་དུ་སྤྱོད་ནས། ཚེ་འདི་ཉིད་དུ་གྲོལ་བ་ཡིན་ནོ། །དེ་ཡང་བློ་ཅིག་ཆར་བ་ནི། རྟོགས་པའི་ངང་ལ་གོམ་པ་རྣམ་པ་ཟུང་དང་ལྡན་ཞིང་། བླང་དོར་མེད་པའི་སྤྱོད་པ། མཉམ་པ་ཆེན་པོའི་དམ་ཚིག་དཔལ་ལྡན་པས། ས་དང་ལམ་གྱི་གྲངས་རྩོལ་བ་མེད་པར་གྲོལ་བའོ། །རིམ་གྱིས་པས་ཀྱང་། ལྟ་སྤྱོད་ཏིང་ངེ་འཛིན་དམ་ཚིག་དང་ལྡན་པར་ཚུལ་བཞིན་དུ་བསྒྲུབ་ན། ཚེ་འདི་ཉིད་ལ་ཚེ་དབང་ཐོབ་ཅིང་། དེའི་ངང་ལ་ཐོད་རྒལ་དང་། མཐར་ཆགས་ཀྱི་ཚུལ་དུ་འབྲས་བུ་ཐོབ་པས། ཚེ་གཅིག་འབྲས་བུ་ཐོབ་ཅེས་བྱའོ། །ཨ་ནུ་ཡོ་ག་བས་ཀྱང་ལྟ་བ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྟོགས་པའི་ངང་ལ། མ་ཡེངས་པའི་ཏིང་ངེ་འཛིན་དང་ལྡན་པས། སྤྱོད་པའི་རྩོལ་བ་མེད་པས་བློ་ཆེ་ཆུང་གི་ཚེ་འདི་ཉིད་ལ་གྲོལ་བའོ། །ཨ་ཏི་ཡོ་ག་ནི། ཞེན་པའི་སྣང་བ་འདི་ཉིད་ཁོ་ན་ལྟར། མ་བཅོས་མ་བསླད་པར་འབྲས་བུའི་ངོ་བོར་འདོད་པ། དེ་ཅི་ལྟ་བར་རྟོགས་པའི་དུས་ན་གྲོལ་བར་འདོད་དེ། དེ་ཅིས་ཞེ་ན། ཏིང་ངེ་འཛིན་དང་སྤྱོད་པའི་རྩོལ་བ་ལས་གྲོལ་བའི་ཕྱིར་རོ། །ཡེ་ཤེས་གསང་བ་ལས། འོད་གསལ་རྫོགས་པ་ཆེན་པོ་ལ། །ས་ཡི་རིམ་པ་གང་ཡང་མེད། །ཅེས་པ་ལ་སོགས་པ་གསུང་། འབྲས་བུ་ཐོབ་པའི་དུས་ལ། རབ་འབྲིང་ཐ་མ་གསུམ་ཡོད་པ་ལས། འདིར་བཀོད་པའི་དུས་རྣམས་ནི། བློ་རབ་ཀྱི་འབྲས་བུ་ལ་སྦྱོར་བའི་དུས་ཟུར་ཙམ་སྨོས་པའོ། །གསུམ་པ་འབྲས་བུ་ཐོབ་པའི་དཔེ་ནི། གསང་སྔགས་ནང་པའི་ལུགས་ཀྱིས། རྒྱལ་པོ་ཕྲུ་གུའི་དམིགས་ཕྱེ་ནས། ལུས་ཀྱི་མཚན་དཔེ་རང་ལ་རྫོགས་པ་གསལ་བ་ལྟ་བུའམ། དབུལ་པོས་གཏེར་རྙེད་པ་ལྟ་བུའམ། གྱད་ཀྱི་ནོར་བུ་ལྟ་བུའོ། །དེ་ཡང་བཀའ་བསྐྱེད་རྫོགས་གསུམ་དཔེ་མཐུན་ཡང་། རྩོལ་ཆེ་ཆུང་ལྷུན་གྱིས་གྲུབ་པའི་ཁྱད་པར་ཡོད་དོ། །བཞི་པ་འབྲས་བུ་ཐོབ་པའི་རྣམ་གྲངས་ནི། སྤྱིར་ཐེག་པ་རིམ་པ་དགུ་ལ་ཡང་། རང་རང་གི་འབྲས་བུ་རྣམ་གྲངས་ཡོད་མེད་ཀྱིས། ཁྱད་པར་དུ་བཀའ་བསྐྱེད་རྫོགས་གསུམ་གྱིས་འབྲས་བུའི་རྣམ་གྲངས་སྤྱིར་མཐུན་པས། རྒྱས་པར་འབྲས་བུ་མི་ཟད་པ་དང་རྒྱུ་རྒྱན་གྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཉིད་ཡིན་ཏེ། མདོ་ལས། བསམ་གྱིས་མི་ཁྱབ་པར་ཡང་ཟུང་ཞིག །ཅེས་པ་དང་། སྙིང་པོ་ལས། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ། ཅེས་པ་ལ་སོགས་པ་གསུང་། དེ་ཡང་ཅུང་ཟད་གཅིག་བསྡུ་ན། །སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། ཕྲིན་ལས་ལྔ་སྟེ། ཉི་ཤུ་རྩ་ལྔའོ། །དེ་ཡང་བསྡུ་ན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ། མདོ་ལས། རྣམ་པར་བརྗིད་པའི་སྐུ་ཉིད་དོ། །ཞེས་པ་ལ་སོགས་པ་གསུང་། ལྔ་པ་འབྲས་བུའི་མཚན་ཉིད་བཀའ་བསྐྱེད་རྫོགས་གསུམ་གྱི་ལུགས་ཀྱིས་གཅིག་དང་དུ་མའི་སྣང་བ་མ་སྤངས་པས། གཅིག་དང་དུ་མ་བྲལ་བའི་ངོ་བོར་བཞུགས་པའོ། །དེ་སྐད་དུའང་། འདི་ཉིད་ལས། གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །རང་བྱུང་ཡེ་ཤེས་གནས་མེད་སྣང་། ཞེས་གསུང་། དྲུག་པ་ནི། ཐེག་པ་རིམ་པ་དགུའི་འབྲས་བུ་གཅིག་གམ་ཐ་དད་ཞེ་ན། ལ་ལ་དག་ནི་ཐེག་པ་རིམ་པ་དགུའི་གཞི་འབྲས་ལ་ཁྱད་མེད། ཐབས་ཀྱིས་ཁྱད་པར་ཡོད་པ་ཙམ་གཅིག་ཡིན་ཟེར་ཏེ། འོ་ན་གཞི་ཅི་བཞིན་པའི་ངོས་ནས་ཟེར་རམ། གདུལ་བྱའི་ངོས་ནས་ཟེར། དང་པོ་ལྟར་ན། འཁོར་འདས་ཀྱི་ཆོས་ཐམས་ཅད། ཆོས་ཉིད་མཉམ་པ་ཉིད་ལ་བླང་དོར་མེད་པ་ཡིན་པས་ཐེག་པ་ལ་ཡང་རིམ་པའི་ཕྱོགས་སུ་ལྷུང་བ་མེད་དེ། འབྲས་བུ་གཅིག་གམ་མི་གཅིག་རྩོད་པ་ལས་གྲོལ་ལོ། །གཉིས་པ་ལྟར་ན། བཀའ་བསྐྱེད་རྫོགས་གསུམ་གྱི་ལུགས་ཀྱི་གཞི་དེ་ཉིད། རང་ཆོས་ཐམས་ཅད་བདག་ཉིད་ཆེན་པོ་དབྱེར་མི་ཕྱེད་ཅིང་། བླང་དོར་མེད་པར་འདོད་ལ། དེ་བཞིན་དུ་མཚན་ཉིད་པས། དེ་ལྟར་མི་འདོད་ཏེ། ཉན་ཐོས་པའི་ལུགས་ཀྱིས། ཉོན་མོངས་པ་དགྲ་དང་འཚེར་མ་དུག་བཞིན་དུ་སྤང་བར་འདོད་དེ། ཉིད་བླང་དོར་མེད་པ་མི་འདོད་ཅིང་། རྒྱུ་འཁོར་བའི་དུས་ན། འབྲས་བུ་འདོད་པ་མ་གྲུབ་པར་འདོད། རྒྱུ་འཁོར་བ་སྤངས་ནས། འབྲས་བུ་མྱ་ངན་ལས་འདས་པ་གྲུབ་པར་འདོད། དེ་ལྟར་གཞི་ལ་ཁྱད་བྱུང་བས། ཐབས་ལ་ཡང་ཁྱད་བྱུང་བ་ཡིན་ཞིང་། འབྲས་བུ་ལ་ཡང་ཁྱད་ཤིན་ཏུ་ཆེ་སྟེ། རང་རྒྱལ་ཡང་དེ་དང་རྗེས་སུ་མཐུན་ནོ། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། དོན་དམ་པ་སྟོང་པ་ཁོ་ནར་འདོད་ཅིང་། ཀུན་རྫོབ་ཏུ་འཁོར་བ་ཉོན་མོངས་པའི་ཆོས་རྣམས་སྦྱངས་ནས་བརྒྱུད་དེ། དེ་ལ་བརྟེན་ནས་འབྲས་བུ་སྐུ་གསུམ་ཐོབ་པར་འདོད་ཅིང་། ཉོན་མོངས་པ་དང་བྱང་ཆུབ་ལ་བླང་དོར་མེད་པར་མ་རྟོགས་ཏེ། བླང་དོར་ཅན་དུ་འདོད་པའོ། །དེ་ལྟར་གཞི་ལ་མཉམ་པ་ཉིད། བླང་དོར་མེད་པར་མ་རྟོགས་པས། ཐབས་སམ་ལམ་ལ་ཡང་ཁྱད་པར་འབྱུང་བ་ཡིན་ནོ། །དེའི་ཕྱིར་འབྲས་བུ་ལ་ཡང་ཁྱད་པར་ཤིན་ཏུ་ཆེ་སྟེ། འོག་ནས་འཆད་པར་འགྱུར་རོ། །དེར་ཡང་མ་ཟད། མཚན་ཉིད་གསང་སྔགས་ཀྲི་ཡོག་ལ་ཡང་། གཞི་ལམ་འབྲས་བུ་གསུམ་ཀའི་ཁྱད་ཡོད་དེ། མཚན་ཉིད་པས་ནི། གཞི་དོན་དམ་སྟོང་པ་ཁོ་ནར་འདོད་ལ། ཀྲི་ཡོག་པས་ནི། དོན་དམ་དབྱིངས་ཡེ་ཤེས་དབྱེར་མེད་དུ་འདོད་པས། སྟོང་པ་ཁོ་ནར་མི་འདོད་དེ། སྣང་སྟོང་དབྱེར་མེད་ཡིན་པས། སྟོང་པའི་ངང ལས་ཕྱོགས་སུ་མ་ལྷུང་བས་ཁྱད་ཆེའོ། །དེ་བས་ན། ལམ་ལ་བརྒྱུད་ཐག་ཉེ་རིང་དང་། རྩོལ་བ་ཆེ་ཆུང་གི་ཁྱད་པར་བྱུང་བས་སོ། །དེའི་ཕྱིར་འབྲས་བུ་སྐུ་གསུམ་གྱི་ངོ་བོ་ཡང་ཁྱད་ཆེ་སྟེ། མཚན་ཉིད་པའི་སྐུ་གསུམ་གྱི་དགོངས་པ་ནི། དོན་དམ་ཕྱོགས་ལྷུང་ཅན་ཡིན་ལ། ཀྲི་ཡོག་པའི་འབྲས་བུ་སྐུ་གསུམ་གྱིས་དགོངས་པ་ནི་དོན་དམ་དབྱེར་མེད་ཀྱི་དགོངས་པ་དང་ལྡན་ཞིང་། སྟོང་པ་ཁོ་ནའི་ཕྱོགས་སུ་མ་ལྷུང་བའོ། །དེའི་ཕྱིར་དགོངས་པ་ཕྱོགས་སུ་ལྷུང་མ་ལྷུང་གི་ཁྱད་པར་ཡོད་མེད། ཀྲི་ཡོག་གཉིས་པ་རང་རང་དང་ཁྱད་ཡོད་དེ། ཀྲི་ཡ་པའི་དོན་དམ་པའི་བདེན་པ་ཉིད། དབྱིངས་གཉིས་མེད་ཙམ་གཅིག་ཡིན་ཡང་། བླང་དོར་མེད་པ་རྣམ་སྣང་ཆེན་པོ་མ་རྟོག་ལ། ཡོ་ག་བས་དོན་དམ་གཉིས་མེད་བླང་དོར་མེད་པ་རྣམ་སྣང་ཆེན་པོའི་ངོ་བོར་འདོད་པས་ཁྱད་ཆེའོ། །དེ་བཞིན་དུ་འབྲས་བུ་ལ་ཡང་ཁྱད་ཆེ་སྟེ་འབྲས་བུའི་གྲངས་རྫོགས་མ་རྫོགས་དང་། དགོངས་པ་ཕྱོགས་ལྷུང་ཡོད་མེད་ཀྱི་ཁྱད་པར་ཡོད་དོ། །དང་པོ་ཀྲི་ཡའི་རིགས་གསུམ་ལས། རིགས་ལྔ་དངོས་སུ་རྫོགས་པར་མི་འདོད་དོ། །ཡོ་ག་ནི་རིགས་ལྔ་ཡོངས་སུ་རྫོགས་པར་འདོད་པས་གྲངས་རྫོགས་མ་རྫོགས་ཁྱད་ཆེའོ། །གཉིས་པ་ནི། ཀྲི་ཡའི་འབྲས་བུའི་དགོངས་པ་ནི། དོན་དམ་དབྱིངས་ཡེ་ཤེས་གཉིས་མེད་ཀྱི་དགོངས་པ་དང་ལྡན་ཡང་། བླང་དོར་མེད་པའི་དགོངས་པ་དང་མི་ལྡན་པས། དགོངས་པ་ཕྱོགས་གཅིག་པ་ཡིན་ལ། ཡོ་གའི་དགོངས་པ་ནི། དོན་དམ་གཉིས་མེད་རྣམ་སྣང་ཆེན་པོ་བླང་དོར་མེད་པའི་དགོངས་པ་དང་ལྡན་པས་དགོངས་པ་ཕྱོགས་སུ་ལྷུང་བ་མེད་དོ། །དེའི་ཕྱིར་དགོངས་པ་ལ་ཕྱོགས་ལྷུང་ཡོད་མེད་ཀྱི་ཁྱད་ཡོད་དོ། ༈ །སྔགས་ཕྱི་པ་ནང་པ་ཡིན་ཡང་། གཞི་དང་འབྲས་བུ་ལ་ཡང་ཁྱད་ཤིན་ཏུ་ཆེ་སྟེ། སྔགས་ཕྱི་པས་ནི། གནས་ལུགས་ཉིད་དོན་དམ་པར་དབྱིངས་ཡེ་ཤེས་གཉིས་མེད་ཡིན་ཀྱང་། འཁོར་འདས་ཀྱི་སྣང་བ་ལྷུན་གྱིས་གྲུབ་པར་མི་འདོད་པས། དོན་དམ་དབྱེར་མེད་སྟོང་པའི་ཕྱོགས་སུ་ལྷུང་ཞིང་གནས་ལུགས་བདེན་པ་དབྱེར་མེད་དུ་ཁས་ལེན་མ་ནུས་པས། བདེན་པ་ཐ་དད་ཀྱི་ཕྱོགས་སུ་ལྷུང་ཞིང་། ཀུན་རྫོབ་འཁོར་འདས་མཉམ་པ་ཉིད་བླངས་དོར་མེད་པར་མ་རྟོགས་པས། བླང་དོར་གྱི་ཕྱོགས་སུ་ལྷུང་བའོ། །འདི་ཉིད་ལས་དོན་དམ་དུ་ཡང་དབྱེར་མེད་ཀྱང་། ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཞེས་གསུང་། གསང་སྔགས་ནང་པས་ནི། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་དོན་དམ་ཉིད་ལ། སྣང་བ་ལྷུན་གྱིས་གྲུབ་པས། སྟོང་པའི་ཕྱོགས་སུ་མ་ལྷུང་ཞིང་། གནས་ལུགས་ཀུན་རྫོབ་ཉིད་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ལ་བླང་དོར་མེད་པར་འདོད་པས། བཟང་ངན་བླང་དོར་གྱི་ཕྱོགས་སུ་མ་ལྷུང་ཞིང་། བདེན་པ་གཉིས་ཀྱང་དབྱེར་མེད་དུ་འདོད་པས་ཐ་དད་ཀྱི་ཕྱོགས་སུ་མ་ལྷུང་བའོ། །དེས་ན་གཞི་ཕྱོགས་ལྷུང་ཅན་ཡིན་མིན་གྱི་ཁྱད་ཡོད་དོ། །འབྲས་བུའི་ཁྱད་ཡང་ཆེ་སྟེ། འདི་ཉིད་ལས། གྲུབ་པའི་མཐའ་ལ་ཁྱད་པར་བ། །ལྟ་བའི་སྒྲིབ་པས་ཕྱེ་བ་ཡིན། །ཞེས་གསུང་པས། གྲུབ་པའི་མཐའ་ནི། ལམ་གྱི་གྲུབ་པའི་གྲུབ་མཐའ་འབྲས་བུ་ལ་ངོས་འཛིན་ཏེ། དེའི་འབྲས་བུའི་ཁྱད་པར་ནི། འདི་ཉིད་ལས། གྲངས་རྫོགས་ངོ་བོ་བྱིན་རླབས་དང་། སྣང་དང་དོན་བྱེད་ཆེ་ཆུང་གིས། །དཔག་པ་ངོ་བོ་ཉིད་ཀྱིས་གསལ། །ཞེས་གསུངས་པས། འབྲས་བུ་རྣམ་གྲངས་རྫོགས་མ་རྫོགས་ཀྱི་ཁྱད་པར་དང་། ངོ་བོ་ལྷུན་གྱིས་གྲུབ་མ་གྲུབ་ཀྱི་སྒོ་ནས། འདུས་བྱས་ཡིན་མིན་གྱི་ཁྱད་པར་དང་། བྱེ་བྲག་ཏུ་ཆོས་ཉིད་ལ་བྱིན་རླབས་སྣང་མི་སྣང་གི་སྒོ་ནས་སྟོང་པའི་མཐར་ལྷུང་མ་ལྷུང་གི་ཁྱད་པར་དང་། ལོངས་སྤྱོད་རྫོགས་པའི་སྐུ་ལ་དགོངས་པ་བླང་དོར་གྱི་ཕྱོགས་སུ་ལྷུང་མ་ལྷུང་གི་ཁྱད་པར་དང་། སྤྲུལ་པའི་སྐུས་འགྲོ་དོན་བྱེད་ཚུལ་གྱི་ཁྱད་པར་རྣམས་ནི། འོག་གཞུང་དུ་ཤེས་པར་བྱའོ། །དེས་སྤྱི་དོན་སོང་ནས་གཞུང་དོན་བཤད་པ་ནི། སྤྱི་དོན་གསུམ་པ་མངོན་དུ་བྱས་པའི་འབྲས་བུ་སངས་རྒྱས་ཀྱི་དགོངས་པ་བསྟན་པ་ལ་གསུམ། བགྲང་། ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དང་། དྲང་། རང་བཞིན་བཅོས་བསླད་ཐམས་ཅད་དང་བྲལ་བ་སྐུ་དང་ཡེ་ཤེས་རང་ལ་གནས་པ་ཉིད་ཅི་ལྟ་བ་བཞིན་དུ་མངོན་སུམ་དུ་རྫོགས་པར་བྱས་པའི་དབྱེར་མེད་རྡོ་རྗེ་འཛིན་པ་ཉིད་ལ་མོས་ཏེ། ལྷུན་གྲུབ་རིག་འཛིན་ཡིན་ནོ། །འགའ་ཞིག་གིས་འདི་ཉིད་མཐར་ཐུག་སངས་རྒྱས་ལ་མཆོད་བརྗོད་ཡིན་པར་འདོད་པ་སྣང་སྟེ། གོང་གི་མཆོད་བརྗོད་རྣམས་ལ་བརྟགས་ན། འདི་ལྷུན་གྲུབ་རིག་འཛིན་ཡིན་པར་མངོན་ནོ། །དཔེར་ན་སྲིད་པ་འཁོར་བར་སྐྱེ་བ་ལེན་ལུགས་ལ་མངལ་སྐྱེས་རིམ་གྱིས་སྨིན་པ་དང་། བརྫུས་སྐྱེས་རྫོགས་ཚུལ་ཅིག་ཆར་གྱི་སྨིན་པ་བཞིན་དུ། ལམ་རིམ་དང་ཅིག་ཆར་གྱི་གཞི་དོན་ཅི་ལྟ་བ་བཞིན། མངོན་དུ་བྱེད་པ་དོན་ཡོད་པར་བྱ་བའི་ཕྱིར། མཐར་ཕྱིན་པའི་འབྲས་བུ་སངས་རྒྱས་ཀྱི་དགོངས་པ་བཤད་པར་བྱའོ། ༈ །གཞུང་དོན་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། སྤྱིར་ལམ་ལ་མཚན་ཉིད་གསུམ་ཡོད་པའི་ཐ་མ་འབྲས་བུ་མཐར་ཕྱིན་པའི་མཚན་ཉིད་གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི་ཡིན་ལ། དེའི་གྲངས་ཀྱི་ཐ་མ་མཐར་ཐུག་འབྲས་བུ་སངས་རྒྱས་ནི་འབྲས་བུ་རང་གི་ངོ་བོ་དང་། དགོངས་པའི་བཞུགས་ཚུལ་དང་། ཐེག་པ་གོང་འོག་གི་འབྲས་བུའི་ཁྱད་པར་བསྟན་པ་གསུམ་གྱི་འབྲས་བུའི་ལུས་རྣམས་བཞག་ལ་དོན་གསུམ་གྱི་ཚུལ་དུ་སྣང་བ་རྣམས། ཡན་ལག་རྒྱས་བཤད་ཀྱི་སྒོ་ནས་ཅི་ལྟར་བཞིན་ཤེས་པར་བྱའོ། ༈ །རྒྱས་པར་བཤད་པ་ལ་གསུམ། འབྲས་བུའི་ངོ་བོ་དང་། དགོངས་པའི་བཞུགས་ཚུལ་དང་། འབྲས་བུའི་ཁྱད་པར་རོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། དེ་ལྟར་ལུས་རྣམ་བཞག་ལ་དོན་གསུམ་ཡོད་པའི་དཀྱུས་ཀྱི་སྔ་མ་འབྲས་བུའི་ངོ་བོ་བརྗོད་པར་བྱ་བ་ནི། རྟེན་བྱེད་པའི་ངོས་ནས་སྐུ་དང་། བརྡའ་སྤྲད་པའི་ངོས་ནས་གསུང་དང་། དགོངས་པ་ཟབ་པའི་ངོས་ནས་ཐུགས་ཉིད་དང་དགོས་འདོད་འབྱུང་བའི་ངོས་ནས་ཡོན་ཏན་དང་། བྱ་བ་བྱེད་པའི་ངོས་ནས་ཕྲིན་ལས་ངོ་མཚར་རྨད་དུ་འབྱུང་བའི་ཆོས་ཏེ་དེ་ལྟར་ལྔ་པོའམ། དེ་རེ་རེ་ལ་ཡང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་ཉིད་ཀྱི་ངོ་བོར་གནས་སོ། །རྒྱས་བཤད་ལ་གཉིས། ངོ་བོ་ཡོངས་རྫོགས་ལྷུན་གྲུབ་དང་། རྣམ་གྲངས་རྣམ་པར་ཕྱེ་སྟེ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། བགྲང་། སངས་རྒྱས་ཀྱི་མིང་གྲངས་ཀྱི་སྒོ་ནས་ཁྱད་པར་དུ་དཔག་སྟེ་ངོ་བོ་ལྷུན་གྲུབ་ཏུ་བསྟན་པ་དང་། དྲང་། ཨེ་མའོ། །ཞེས་པ་ནི། གཞན་ནས་ཡོད་འོང་མ་ཡིན་ཏེ། འབྲས་བུ་རང་གནས་མངོན་དུ་གྱུར་པ་ལ་ངོ་མཚར་ཞིང་ངམ་པའོ། །ཡང་དག་པའི་དོན་ཤེས་བྱའི་གནས་ལུགས་ཅི་ལྟ་བ་བཞིན་མངོན་དུ་གྱུར་པས་རྫོགས་ཞེས་བྱའོ། །ཞེན་མཐའ་མ་ལུས་པ་གྲོལ་བས་སངས། སྐུ་ལྔ་ལྷུན་གྱིས་གྲུབ་པ་ལ་སོགས་པ་ཡོན་ཏན་མ་ལུས་པ་རྫོགས་པས་རྒྱས་པའོ། །རྒྱལ་བ་ནི་འཁོར་བའི་གཡུལ་ལས་རྒྱལ་བ་སྟེ། བཅུ་གཅིག་ཀུན་ཏུ་འོད་ཀྱི་སངས་རྒྱས་དང་། ཡོ་ག་རིགས་ལྔའི་སངས་རྒྱས་ཏེ། འོག་མའི་རྒྱལ་བ་རྣམས་སོ། །རྒྱལ་བའི་རྒྱལ་བ་ནི་གསང་སྔགས་མ་ཧཱ་ཡོ་གའི་སངས་རྒྱས་སོ། །མ་ཧ་ནི། ཐེག་པ་འོག་མའི་སངས་རྒྱས། ལྷའི་ལྷ་ནི་ཞི་བ་ཆེན་པོའི། ངང་ལས་བདག་གཞན་གྱི་དཔལ་དུ་གྱུར་ཏེ། ཡོན་ཏན་ཕྱོགས་མེད་རྫོགས་པས་ལྷའི་ལྷ་སྟེ་སངས་རྒྱས་སོ། །འཕགས་པ་ནི་ཐེག་པ་ཐུན་མོང་གིས་འཕགས་པའོ། །འཕགས་པའི་འཕགས་པ་ནི། འཁོར་བའི་སྡུག་བསྔལ་ལས་ཆེར་འཕགས་པ། ཐེག་པ་འོག་མའི་སངས་རྒྱས་པས་ཀྱང་ཆེར་འཕགས། འདིར་དགོངས་པ་ཕྱོགས་བྲལ་མཉམ་ཉིད་དུ་རྫོགས་པས་དཔལ་ཀུན་ཏུ་བཟང་པོའོ། །དེ་བཞིན་གཤེགས་པ་ནི། དེ་བཞིན་ཉིད་རྟོགས་པས་ན་གཤེགས་པ་ཡིན་ཏེ། འོག་མའི་དེ་བཞིན་གཤེགས་པ་ནི། ཕྱོགས་བཅུར་དུས་བཞིའི་དེ་བཞིན་གཤེགས་པའོ། །དེ་ལས་ལྷག་པའི་དེ་བཞིན་གཤེགས་པ་ནི། འཁོར་འདས་གཉིས་སུ་མེད་ཅིང་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་རྟོགས་པ་ནི། དེ་བཞིན་ཉིད་དུ་འགྲོ་འོང་མེད་པར་གཤེགས་པས། མ་ཧའི་མ་ཆགས་པད་མ་སྤྱན་གྱི་སངས་རྒྱས་སོ། །བདེར་གཤེགས་ནི། སྡུག་བསྔལ་གྱི་ཟུག་རྔུ་མེད་པས་བདེ་བ། སྤངས་འགེགས་སྦྱངས་བསྒྱུར་གྱི་སྒོ་ནས་ཟུག་རྔུ་བྲལ་ཏེ། རང་གི་འབྲས་བུ་བདེ་བ་ཐོབ་ཅིང་གཤེགས་པ་འོག་མ་ཡོ་ག་མན་ཆད་ཀྱི་བདེ་བར་གཤེགས་སོ། །དེ་ལས་ཀྱང་ལྷག་པའི་བདེ་བར་གཤེགས་པ་ནི། ཉོན་མོངས་པ་ཤེས་བྱའི་སྒྲིབ་པ་ལ་སོགས་ཏེ། ཞེན་མཐའ་མ་ལུས་པ་ལས་གྲོལ་ནས། བདེ་བ་ཆེན་པོའི་ངང་ལ་གཤེགས་ཏེ། དགོངས་པ་ཕྱོགས་བྲལ་བདེ་བ་ཆེན་པོའི་ངང་ལས་འགྲོ་འོང་གསལ་འགྲིབ་མེད་པར་བཞུགས་པས་མ་ཧའི་བདེ་བར་གཤེགས་པའོ། །ངོ་བོ་ལྷུན་གྲུབ་ཀྱི་དཔེ་ནི། ནོར་བུ་རིན་ཆེན་ལ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པ་བཞིན་དུ། འདིར་མ་ཧཱའི་སྐུ་ལྔ་ལྷུན་གྱིས་གྲུབ་པའི་སངས་རྒྱས་ལ་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་ཡོད་ཅིང་བཞུགས་པའོ། །ཆོས་དྲུག་ནོར་བུའི་མཚོན་པ་ནི། ནོར་བུ་རིན་པོ་ཆེ་ལ་ཆོས་དྲུག་གི་མཚོན་ནས་བཤད་དགོས་ཏེ། དགོས་པ་ཚངས་བ། རེ་བ་སྐོང་བ། ཟད་མི་ཤེས་པ། རྒྱུན་མི་ཆད་པ་རྟོགས་པ་མེད་པ། བདེ་བ་ལ་དགོད་པའོ། དཔེ་དེ་བཞིན་དུ། འདིར་ཡང་ཡོན་ཏན་མ་ལུས་རྫོགས་པས་དགོས་པ་ཚངས་བས་གདུལ་བྱ་གང་ལ་གང་འདུལ་དུ་ཆོས་སྟོན་པས། གདུལ་བྱའི་རེ་བ་སྐོང་བ་ཐུགས་རྗེ་དང་ཕྲིན་ལས་ལ་རྒྱུན་མི་ཆད་པ། ཡོན་ཏན་ཟད་མི་ཤེས་པ། གཞན་དོན་བྱེད་པ་ལ་རྟོག་པ་མེད་པ་སངས་རྒྱས་ཀྱི་ས་ལ་དགོད་པའོ། །དེ་ལྟར་ཆོས་དྲུག་ནོར་བུའི་དཔེ་མཚོན་པ་ནི། འབྲས་བུའི་ཆོས་ཉི་ཤུ་རྩ་ལྔ་རྫོགས་པས་གཅིག་པའི་མཐའ་དང་བྲལ་བ་དང་། དེ་ལྟར་འབྲས་བུའི་ཆོས་ཉི་ཤུ་རྩ་ལྔར་ཤར་བའི་དུས་དེ་ཉིད་ན། རང་བྱུང་ཡེ་ཤེས་ལས་མ་གཡོས་ཀྱང་། དུ་མ་ཀུན་དང་ཡང་བྲལ་བའོ། །དེས་ནི་དུ་མ་གཉིས་ཀའི་བདག་ཉིད་ལྡན་པའོ། ༈ །རིགས་ཕྱོགས་མེད་ལྷུན་གྲུབ་ཏུ་བསྟན་པ་དང་། དྲང་། གཅིག་དུ་བྲལ་གྱི་དོན་དེ་ཉིད་རྒྱལ་བའི་རྒྱལ་བ་ཐམས་ཅད་ཀྱི་ངོ་བོར་གནས་པས་རིགས་ཀུན་གྱི་དངོས་གཞི་སྟེ་ཕྱོགས་གཅིག་ཏུ་མ་གྲུབ་པས་རིགས་དང་བྲལ་ཏེ། འབྲས་བུའི་ཆོས་ཉི་ཤུ་རྩ་ལྔར་ལྡན་པས་ཀུན་ངོ་བོ། །དེ་ཉིད་གདུལ་བྱའི་མོས་པ་བཞིན། དེའི་རིགས་ལྔ་གདུལ་བྱ་དང་མཐུན་པར་སྣང་ལ། ཡང་དག་ཉིད་དུ་ན་རིགས་འདི་ཁོ་ནའི་ཞེས་ཕྱོགས་གཅིག་ཏུ་ངེས་པ་མེད། འདི་ལ་འཁྲུགས་གཅིག་བསྡེབ་ནས་བཤད་ན། བདེ་བ་ཡིན། དེའི་དགོངས་པ་ནི། ཀ་རྟ་དང་། མཚན་བཞིན་ནོ། ༈ །རྒྱུ་མཚན་དགོངས་པའི་སྒོ་ནས་སངས་རྒྱས་ཀྱི་རྣམ་གྲངས། དྲང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ་ཉིད་རེ་རེ་ལའང་བྱེ་བྲག་ཏུ་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔར་ལྡན་ཞིང་སྣང་བའི་ཕྱིར་རོ། །རིག་པ་ཐམས་ཅད་ཀྱི་བདག་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་པ་ཀུན་ཏུ་བཟང་པོ། དེའི་མཚན་གྱི་རྣམ་གྲངས་གང་ཞེ་ན། ཟག་བཅས་ལམ་གྱི་མཚན་ཉིད་གསུམ་གྱིས་ཐ་མ་འབྲས་བུའི་མཚན་ཉིད་རིག་འཛིན་བཞི་པོ་དེའི་ཡང་ཐ་མར། མཐར་ལམ་ལྷུན་གྲུབ་རིག་འཛིན་དེས་སྐད་ཅིག་མ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བག་ལ་ཉལ་གྱི་སྒྲིབ་པ་བཅོམ་པས་ཕྱོགས་ཞེན་ཐ་དག་དང་བྲལ་བའི་ཕྱིར་སངས། རང་བྱུང་གི་ཡེ་ཤེས་ཀྱིས་འགྲོ་འོང་མེད་པར་འཁོར་འདས་ཀྱི། ཆོས་དབྱིངས་ཀུན་ཏུ་ཁྱབ་པས་ན་རྒྱས་ཞེས་པའམ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་འགྲོ་འོང་མེད་པར་ཤེས་བྱ་ཀུན་ལ་ཁྱབ་པས་ན་རྒྱས་པའི་ཕྱིར། སངས་རྒྱས་ཞེས་བྱའོ། །ཆོས་ཉིད་ཐམས་ཅད་སྣང་སྟོང་གཉིས་སུ་མེད་པའི་རང་བྱུང་གི་ཡེ་ཤེས་ནི་མ་བཅོས་པར་ལྷུན་གྱིས་གྲུབ་པས་དེ་བཞིན་ཉིད་དོ། །ཅི་བཞིན་པ་དེའི་ངང་ཉིད་དུ་འགྲོ་འོང་མེད་པར་སྒྲིབ་པའི་ཞེན་པ་དང་བྲལ་བ་ནར་སོན་པས་གཤེགས་པའམ། རྟོགས་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་དུ་ཆོས་ཉིད་ལ་སྤྲོས་པའི་ཟུག་རྔུ་བདེ་བ་ཆེན་པོའི་ངང་ཉིད་དུ། རྩོལ་རྟོག་གི་ཟུག་རྔུ་ཀུན་དང་བྲལ་ཏེ། བདག་གཞན་གྱི་དོན་གཉིས་ཡོངས་སུ་རྫོགས་པའི་ཕྱིར་གཤེགས་པས་ན། བདེ་བར་གཤེགས་པ་འོ་ཞེས་བྱའོ། །དུས་གསུམ་གྱི་སངས་དང་། ཁམས་གསུམ་གྱི་སེམས་ཅན་གྱི་བསྡུས་པ་ཐམས་ཅད་གཉིས་སུ་མེད་པར་སེམས་ཉིད་ལ་ནར་སོན་ཏེ། འཁོར་འདས་ཐམས་ཅད་མི་སྤང་བར་ཐམས་ཅད་ལ་རོལ་ཅིང་དབང་བསྒྱུར་བ་དབང་ཕྱུག་ཆེན་པོ་དྲུག་པ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་བཞུགས་པས་ན་དབང་ཕྱུག་ཆེན་པོ་ཞེས་བྱའོ། །ཡབ་ཡུམ་གྱི་གསང་བའི་དབང་པོ་ཐབས་དང་ཤེས་རབ་དབྱེར་མེད་རིག་པ་འདུ་འབྲལ་མེད་པས་གསང་བའི་སྐུ་ཞེས་བྱ། དངོས་པོ་འཁོར་འདས་གཉིས་ཀྱི་བསྡུས་ཐམས་ཅད་ལ་བདེ་བར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པ་ཞེས་བྱའོ། །དེ་དག་ནི་དྲུག་པ་ཀུན་ཏུ་བཟང་པོ་དེའི་མཚན་གྱི་རྣམ་གྲངས་སོ། །རྣམ་གྲངས་ཕྱེ་སྟེ་རྒྱས་པར་བཤད་པ་ལ་ལྔ། སྐུ་ལྔ་དང་། གསང་ལྔ་དང་། ཐུགས་ལྔ་དང་། ཡོན་ཏན་ལྔ་དང་། ཕྲིན་ལས་ལྔའོ། །དང་པོ་ལ་གཉིས། ངོ་བོ་སྐུ་ལྔ་དང་། དེས་འདུལ་བའི་འཁོར་ལྔའོ། །དང་པོ་ལ་གཉིས། བགྲང་། ཉེ་བར་བསྟན་པ་དང་། དྲང་། ལྷུན་གྱིས་གྲུབ་པའི་རྒྱལ་བ་དྲུག་པ་སྤྱིའི་གཟུགས་ཅན་རིགས་ཀྱི་བདག་པོ་དེ་ཉིད་ཀྱི་ཡོན་ཏན་གྱི་ཆ་ལས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་པོ། །ཆ་རེ་རེ་ནས་ཕྱེ་སྟེ་ཉི་ཤུ་རྩ་ལྔར་བརྗོད་པ་ནི་གང་ཞེ་ན་འདི་སྐུ་ལྔ་ཁོ་ནའི་ཉེར་བསྟན་ཡིན་པར་འདོད། རྒྱས་པར་བཤད་པ་ལ་ལྔ། བགྲང་། ཆོས་ཀྱི་སྐུ་དང་། དྲང་། འཇིག་རྟེན་ལས་འདས་པ་རྣམ་པར་བྱང་བ་དང་། མ་འདས་པ་འཁོར་བའི་ཆོས་ཀུན་དང་། དུས་གསུམ་གྱིས་བསྡུས་པའི་ཆོས་ཅན་མ་ལུས་པ་ཀུན་ཆོས་ཉིད་དོན་དམ་པར་དབྱེར་མེད་དུ་གཅིག་པའི། རྒྱལ་བ་ཆོས་སྐུ་ཉིད་ཡིན་པའི་ཕྱིར་ན། འཁོར་འདས་སྣ་ཚོགས་པའི་ཆོས་སུ་མ་འགགས་པར་ཀུན་རྫོབ་ཏུ་སྣང་ལ། སྣང་བའི་དུས་ཉིད་ན་དོན་དམ་པར་རང་བཞིན་མེད་དེ་སྟོང་པའི་ཕྱིར་ན། སྣང་སྟོང་གཉིས་མེད་མངོན་དུ་བྱས་པ་དེ་ཉིད་དྷརྨ་ནི་ཆོས་ཀ་ཡ་ནི་སྐུ་སྟེ། སྣང་སྟོང་གཉིས་སུ་མེད་པའི་ཆོས་སྐུར་གནས་པའོ། །མངོན་པར་བྱང་ཆུབ་པའི་སྐུ་དང་དྲངས། ཆོས་ཐམས་ཅད་རང་རིག་པ་ཁོ་ནའི་ཕྱིར། སྒྲིབ་གཡོག་མེད་པར་མངོན་སུམ་དུ་སྣང་བས་ན་མངོན་པར་ཏེ། དེ་ཉིད་ཕྱོགས་གང་དུ་ཡང་ཞེན་པ་མེད་དེ། ཞེན་མཐའ་ཀུན་དང་བྲལ་བས་བྱང་། རིག་པའི་ཡེ་ཤེས་སུ་ཀུན་ཆུབ་པའི་ཕྱིར་ཆུབ་པའོ། །རིག་པ་དེ་ཉིད་རྒྱུན་དང་བྱེད་པ་པོ་མེད་པར་རང་བྱུང་ཞིང་། སྒྲིབ་གཡོག་མེད་པར་རང་གསལ་བའི་རིག་པ་ཆེན་པོ་ཉིད་སྐུ་བཞི་པོ་ཀུན་གྱི་གཞི་བྱེད་ཅིང་གདུལ་བྱ་ཅི་ལྟར་འདུལ་བ་ལྟར་རང་སྣང་བའི་ཕྱིར་མངོན་པར་བྱང་ཆུབ་པའི་སྐུ་དེ་སྐུ་བཞི་པོ་ལས་མཆོག་ཏུ་གྱུར་པའོ། །ཞེས་སྨོས་པ་སྟེ་རང་སའི་ཆེ་བའོ། །ལོངས་སྐུ་དང་། དྲང་། ཐ་མ་འདོད་པའི་ཁམས་ཀྱི་གནས་ཀྱི་མཐའ་མ་དམྱལ་བ་ནས། ཡ་ཐ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བར་དུ། དམྱལ་བ་ལ་སོགས་པའི་ངན་སོང་གསུམ་གྱི་སྡུག་བསྔལ་ཀུན་དང་། འདོད་ཁམས་མཐོ་རིས་ལྷ་མིའི་འདོད་ཡོན་གྱི་བདེ་བ་དང་། གཟུགས་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་ཁམས་ཀྱི་སྙོམས་འཇུག་བཞི་དང་ཉན་རང་གི་འགོག་པའི་སྙོམས་འཇུག་དང་། དགྲ་བཅོམ་པའི་ཞི་བ་ཕྱོགས་གཅིག་པའི་བདེ་བ་དང་། བྱང་སེམས་ལས་ཕྱེ་བའི་དབུ་སེམས་ཀྱི་བཏང་སྙོམས་དང་། གསང་སྔགས་ཀྱི་བདེ་ཆེན་བཞི་དང་སོགས་ཁུང་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཡུལ་ཡུལ་ཅན་དུ་ཞེན་པ་མེད་པར་ཀུན་ལ་རོལ་པས་ལོངས་སྤྱོད་རྫོགས་པའམ། ཆེ་བ་སྟེ་ལོངས་སྤྱོད་ཆེན་པོའི་སྐུའོ། །སྤྲུལ་པའི་སྐུ་དང་། དྲང་། རླུང་གི་རྟ་བདུན་པ་ཉི་མ་སྟེ། སྔོན་གླིང་བཞི་ལ་མངའ་མཛད་པའི་འཁོར་ལོ་བསྒྱུར་བས་ཤིང་རྟའི་བམ་འགྲོས་བདུན་དང་མཉམ་པས་རྟ་བདུན་ཞེས་བྱའོ། །ཡང་ན། ཉི་མ་ཁོ་རང་རླུང་འགྲོས་གཅིག་ཕྱོགས་བཞི་སྟེང་འོག་གཉིས་དང་དྲུག་སྟེ་བདུན་ཟེར། རི་བང་ཅན་ནི། ཟླ་བ་ཡིན་ཏེ། སྐྱེས་རབས་ལས། ཟླ་བའི་དལ་གང་བ་ལ་དེང་སང་དུའང་རི་བོང་གཟུགས། གསུངས་པས། བྱང་ཆུབ་སེམས་དཔའ་རི་བོང་ཉིད་ཀྱི་གཟུགས་ལྷའི་དབང་པོས་ཟླ་བ་བྲིས་ནས་ཡོད་པ་རི་བོང་ཅན་ཉིད་ལྷ་རྣམས་ཀྱི། བཞུགས་ཁང་ཡིན་པས། དེ་ལས་མ་གཡོས་བཞིན་དུ། ཆུ་སྐྱོག་ཐ་དད་པ་ཀུན་ཏུ་གཟུགས་བརྙན་ཐ་དད་དུ་མར་སྣང་བ་ལྟར། ལྷུན་གྱིས་གྲུབ་པའི་རྒྱལ་བ་དྲུག་པའི་དགོངས་པ་ལ་ཕན་ཚུན་དུ་འགྲོ་འོང་མེད་པར། གདུལ་བྱའི་ཞིང་ཁམས་ཀུན་ཏུ་གདུལ་བྱ་ཅི་ལྟར་མོས་པ་ལྟར། ཐུབ་པ་དྲུག་ལ་སོགས་པར་སྣང་ནས་འདུལ་བ་དེ་ཀུན་སྤྲུལ་པའི་སྐུའི་མཆོག་ཏུ་གྱུར་པའོ། ༈ །རྡོ་རྗེའི་སྐུའོ། །དྲང་། དཔེ་ཅི་ལྟར་ན། འདུས་བྱས་ཀྱི་ནམ་མཁའ་ལ་སྐྱེ་བ་དང་། འཇིག་པ་མེད་པ་ལྟར། འདུས་བྱས་མི་རྟག་པར་སྣང་བའི་ཆོས་ཅན་དེ་དག་ཀུན་གྱི་དངོས་གཞིར་གྱུར་པ་ཐེར་ཟུག་རྒྱུན་ལས་གྲོལ་བ་ངོ་བོ་ཉིད་ཀྱི་རྟག་པ་ཆེན་པོར་བཞུགས་པ་དེ་ཉིད། སྣང་སྟོང་གཉིས་སུ་མེད་པ་རྡོ་རྗེའི་སྐུ་སྟེ། མཆོག་ཏུ་གྱུར་པ་དེ་ལ་སྐྱེ་འཇིག་མེད་པའོ། །དེ་ནི་གྲངས་ཀྱི་ལྔ་པ་དབྱེར་མེད་རྡོ་རྗེ་སྐུ་ཉིད་དུ་ལེ་ལག་ལ་སོགས་པའི་རྒྱུད་ཀུན་ལ་རབ་ཏུ་གྲགས་སོ། །དེས་འདུལ་བའི་འཁོར་ལྔའོ། །དྲང་། དེ་ལྟར་སྐུ་ལྔ་པོས་སོ་སོར་འདུལ་བའི་འཁོར་ལྔ་བསྟན་པ་ནི། ཆོས་སྐུའི་འཁོར་ཡེ་ཤེས་ལྔའི་གཟུགས་བརྙན་མཆོག་གི་རིགས་ལྔར་ཤར་བས། ཡེ་ཤེས་རྒྱ་མཚོའི་ཚོགས་ཞེས་བྱ་བ་དང་། ལོངས་སྐུའི་འཁོར་སྨིན་པ་རྒྱ་མཚོ་ཞེས་བྱ་བ་སྟེ། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྒྲིབ་པར་གྱུར་པ། སྒྲིབ་པའི་མཐའ་མ་ཤེས་སྒྲིབ་ཆ་ཕྲ་བ་སྤང་བ་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་རྣམས་སོ། །མངོན་པར་བྱང་ཆུབ་པའི་སྐུའི་འཁོར། ཡོ་གའི་རྒྱལ་པོ་རིགས་ལྔ་དང་། ཨུ་པ་ཡའི་རིགས་བཞི་དང་། ཀྲི་ཡའི་རིགས་གསུམ་དང་། ཕ་རོལ་ཕྱིན་པའི་ཀུན་ཏུ་འོད་ཀྱི་སངས་རྒྱས་ལ་སོགས་པའི་རྒྱུད་མས་སྦྱངས་པ་ཐེག་པ་འོག་མའི་སངས་རྒྱས་དང་། རྒྱལ་བ་རྒྱ་མཚོའི་ཚོགས་ཞེས་བྱ་བ་དང་། རྟོགས་ལྡན་པས། རྒྱལ་པོ་ལྔ་སོགས་འདི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་ངོས་བཟུང་འདུག །དེའི་དགོངས་པ་མཆན་བཞིན་ནོ། །སྤྲུལ་སྐུའི་འཁོར། མོས་པ་སྤྱོད་པའི་ས་ཚོགས་སྦྱོར་བ་དང་། རྒྱུའི་མཐོང་ལམ་པ་ས་དང་པོ་རབ་ཏུ་དགའ་བའམ། སྔགས་ཀྱི་མཐོང་ལམ་ཚེ་ལ་དབང་བསྒྱུར་བའི་རིག་འཛིན་རྣམས་ཏེ། མོས་པ་རྒྱ་མཚོའི་ཚོགས་ཞེས་བྱ་བ་དང་། རྡོ་རྗེའི་སྐུའི་འཁོར་ནི། དབྱེར་མེད་རྡོ་རྗེའི་ཚོགས་ཞེས་བྱ་སྟེ། དེས་གཉིས་སུ་མེད་པའི་རྡོ་རྗེའི་དོན་མཐོང་ཞིང་། དབྱེར་མེད་རྟོགས་པའི་ཕྱིར་ན་དེའི་མིང་ཡང་དབྱེར་མེད་རྡོ་རྗེའི་ཚོགས་ཞེས་བྱ་བའམ། དབྱེར་མེད་རྡོ་རྗེའི་ཚོགས་ཞེས་བྱ་བར་འགྲུབ་པ་སྟེ་ལྷུན་གྲུབ་རིག་འཛིན་པ་ཡིན་ནོ། །ལྷུན་གྲུབ་རིག་འཛིན་ལ་རྡོ་རྗེའི་ཚོགས་ཀྱི་སྒྲ་འཇུག་སྟེ། འདི་ཉིད་ལས། རྡོ་རྗེ་འཛིན་པ་ཉིད་ལ་མོས། །ཞེས་གསུང་པའི་ཕྱིར་རོ། །གསུང་ལ་གཉིས། བགྲང་། གསུང་ལྔ་གོ་ཚུལ་གྱི་སྒོ་ནས་མདོར་བསྟན་པ་དང་། དྲང་། འཁོར་ལྔ་པོ་དེ་ལ་སྟོན་པ་སྐུ་ལྔ་པོ་དེའི་དགོངས་པ་གསུང་ལྔ་བཤད་པ་ནི། སྤྲུལ་པའི་སྐུས་ཚིག་ཏུ་བརྗོད་པས་གོ་བ་དང་། སྐུ་བཞིས་ཚིག་དུ་མ་བརྗོད་ཀྱང་བརྗོད་པ་དང་འདྲ་བའི་ཕྱིར་དོན་གྱི་གསུང་དུ་ངེས་པས་ནི། ཚིགས་དང་ཡི་གེ་རུ་བརྗོད་པ་མེད་པར་དོན་གོ་ཞིང་བརྡའ་མཇལ་བར་བྱེད་པའང་། ཆོས་སྐུ་ལོངས་སྐུ་མངོན་བྱང་གི་སྐུ་རྡོ་རྗེའི་སྐུ་དང་བཞི་ཡིས་གསུང་ཡིན་ལ། སྤྲུལ་སྐུའི་གསུང་ཚིགས་དང་ཡི་གེ་ཡིན། དེ་ལ་སྤྲུལ་སྐུའི་གསུང་ལ་ཡན་ལག་སུམ་བརྒྱ་དྲུག་ཅུ་བཤད་དགོས་པ་ལ། དེ་ལ་ཡི་གེའི་གསུང་རྩ་བ་དྲུག་ནི། བྲིང་ངེ་བ། དུང་ངེ་བ། ཀ་ཙ་པ་དང་། གྷར་ཙ་བ་དང་། ཅང་ཀིཾ་དེའུ་དང་། པང་ཀང་དེའུའོ། །དེ་ལ་དུང་ངེ་བའི་གསུང་ནི། ཚངས་པའི་དབྱངས་ལྟ་བུ་སྟེ། ལྷ་རྣམས་ཀྱིས་ཡིད་མོས་པས་འདུལ་བའོ། །བྲིང་ངེ་བའི་གསུང་ནི། རོལ་མོས་སིལ་སྙན་དང་འདྲ་སྟེ། ལྷ་མ་ཡིན་རྣམས་མོས་ཤིང་འདུལ་ལོ། །པང་ཀང་དེའུ་གསུང་ནི། དབྱངས་དང་གླུ་གར་དང་འདྲ་སྟེ། མིའི་ཡིད་མོས་ཤིང་འདུལ་ལོ། །ཅང་ཀ་དེའུ་ནི། ཀ་ལ་པིང་ཀའི་སྒྲ་དང་འདྲ་སྟེ། བྱོལ་སོང་རྣམས་མོས་ཤིང་འདུལ་ལོ། གྷནྡ་པ་ནི། འབྲུག་གི་སྒྲ་དང་མཚུངས་ཏེ། ཡིད་བཏགས་རྣམས་མོས་ཤིང་འདུལ་ལོ། །ཤན་དྷ་པ་ནི། སྒྲ་སྙན་པ་ལྟ་བུ་སྟེ། དམྱལ་བ་རྣམས་མོས་ཤིང་འདུལ་ལོ། །དེ་ལ་དྲུག་ཅུར་རྩི་ལུགས་ནི། རྩ་བ་དྲུག་ལ་ཡན་ལག་བཅུ་བཅུར་ཕྱེ་བས་དྲུག་ཅུ་ཐམ་པ་ཡོད་དེ། ཡན་ལག་བཅུ་ནི། མདོ་ལས། གདམས་སུ་ཆེ་བ་དང་། ཡོངས་སུ་ཁྱབ་པ་དང་། གོ་བར་མྱུར་བ་དང་། ཐེ་ཚོམ་གཅོད་པ་དང་། ཅི་ལ་གཟིགས་སྙོམས་པ་དང་། ཉི་རྩེར་སྟོན་པ་དང་། ཀུན་འཇུག་པ་དང་། འདུན་པ་བསྐྱེད་པ་དང་། ཁྱད་པར་དུ་ཞུགས་པ་དང་། ཐམས་ཅད་འདུལ་བའོ། །དེ་ལྟར་གསུང་དབྱངས་ཀྱི་ཡན་ལག་དྲུག་ཅུ་ཐམ་པའོ། །ཡན་ལག་བཅུ་ལ་མུན་པའི་ཆོ་ག་ལས་འདི་ལྟར་དུ་བཤད། གདུལ་བྱའི་སེམས་འཇུག་པས་འདུ་ཤེས་སྐྱེ་བར་བྱེད་པ་དང་། དོན་གྱི་རྣམ་པར་སོ་སོར་རིག་པར་བྱེད་པ་དང་། གདུལ་བྱས་རང་གིས་འདོད་པའི་དོན་འགྲུབ་པར་བྱེད་པས་མཉན་པར་འོས་པ་དང་། སོ་སོའི་བསམ་བློ་དང་མཐུན་པས་ཉི་རྩེ་བ་དང་། གསུང་གི་དོན་དཔག་པར་དཀའ་བ་དང་། གང་དོན་གྱི་རྗེས་སུ་མི་འགལ་བ་དང་། ཕྱིར་རྒོལ་མུ་སྟེགས་དང་བདུད་ཀྱི་མི་ཚུགས་པ་དང་། གདུལ་བྱའི་རྣ་བར་ཤིན་ཏུ་སྙན་པ་དང་། གསུང་གི་དོན་མ་འདྲེས་པར་གསལ་བ་དང་། ལྡབ་ལྡིབ་ལ་སོགས་པ་སྤངས་པས་ཤིན་ཏུ་གསལ་བའོ། །དེ་ལ་སུམ་བརྒྱ་དྲུག་ཅུ་ནི། དེ་ལ་འགྲོ་བ་རིས་དྲུག་གི་སྐད་ཅིག་རེ་རེ་ལ་ཡང་། དྲུག་ཅུ་དྲུག་ཅུར་ཕྱེས་པས། སུམ་བརྒྱ་དྲུག་ཅུ་དེ་ལྟར་གོ་ཞིང་དངོས་སུ་བརྡ་མཇལ་བའི་གསུང་དང་ལྔ་པ་ཉིད་ཀྱི་ཚུལ་གྱི་དོན་གོ་བ་དེ་ཡང་སྐུ་ལྔ་པོ་སོ་སོ་རང་རང་གི་འཁོར་ལྔ་པོ། དེ་དག །ཉིད་དང་། སྤྱིའི་འཁོར་སྡུད་པ་པོ་གསང་བདག་ཕྱག་ན་རྡོ་རྗེ་དག་གི་སྐྱེ་མེད་དོན་གྱི་སྙན་དང་དགོངས་པ་བརྡའི་སྙན་དང་། རིག་པ་བྱིན་རླབས་ཀྱི་སྙན་དང་། རྣ་བ་ཤའི་སྙན་དང་། དབྱེར་མེད་རྡོ་རྗེའི་སྙན་ཏེ། སྙན་ཆ་ལྔ་དང་། ལྡན་པའི་ཕྱིར་སྐུ་ལྔ་ཀའི་གསུང་ཐོས་པས་ན། སྡུད་པ་པོས་ཡི་གེར་བཀོད་པའི་ཚེག་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་ཀུན། སྐུ་བཞིའི་དགོངས་པ་ལ་བཤད་ཅེས་པ་དང་། སྤྲུལ་སྐུའི་གསུང་ལ་ཐོས་ཞེས་གསུངས་སོ། །ཡང་ལུགས་གཅིག་ལ་གསུང་དབྱངས་ཀྱི་ཡན་ལག་གི་ནི། ལྷ་ལ་སོགས་པའི་འགྲོ་བ་དྲུག་པོ་ལ་རིམ་པར་ཚངས་པའི་དབྱངས་ལྟ་བུ་དང་། སིལ་སྙན་ལྟ་བུ་དང་། གླུ་གར་ལྟ་བུ་དང་། ཀ་ལ་པིང་ཀ་ལྟ་བུ་དང་། འབྲུག་དབྱངས་ལྟ་བུ་དང་། སྒྲ་སྙན་ལྟ་བུའོ། །དེ་དག་རེ་རེ་ལའང་། དབྱངས་རིང་པོ་བྲིང་ངེ་བ་དང་། དུང་ངེ་བ་དང་། ཐུང་བ་ཤ་ཏ་པ་དང་། གར་ཏ་པ་གཉིས། འབྲིང་པོའམ་དེ་གཉིས་འདུས་པ་ལས་བྱུང་བ། ཅང་ཀ་ཏེ་དང་། པང་ཀ་དེ་དང་། དེ་དག་རེ་རེ་ལ་ཡང་། དབྱངས་ཀྱི་ཡན་ལག་བཅུ་བཅུ་དང་ལྡན་ཏེ། འདུ་ཤེས་བསྐྱེད་པ་དང་། རྣམ་པར་རིག་པ་དང་། མཉན་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིས་ཀྱང་མི་ཚུགས་པ་དང་། རྣ་བར་སྙན་པ་དང་། རྣམ་པར་མ་འཁྲུགས་པ་དང་། ཤིན་ཏུ་གསལ་བ་སྟེ། དེ་ལྟར་སུམ་བརྒྱ་དྲུག་ཅུའོ། ༈ །གསུང་རྒྱས་པར་བཤད་པ་ལ་ལྔ། བགྲང་། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་དང་། དྲང་། ཆོས་སྐུའི་འཁོར་དང་། སྐྱེ་མེད་དོན་གཉིས་རང་བཞིན་གྱི་བདག་གཅིག་པ་འབྲེལ་བ་ཡོད་པ་དང་། འཁོར་གྱི་སྒྲིབ་པ་དག་ཅིང་ཤེས་རབ་ཀྱི་དབང་པོ་དྭངས་པས། དཔེར་ན་རྒྱ་མཚོ་སྙོགས་མ་དྭངས་པའི་ཆུ་ལ་ཉི་ཟླ་གཟའ་སྐར་གྱི་གཟུགས་བརྙན་གསལ་བར་འཆར་བ་བཞིན་དུ། ཆོས་ཐམས་ཅད་སྐྱེས་ཤིང་སྐྱེ་བ་མེད་པར་བརྡའ་ཕྲོད་པས། ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་མཆོག་གིས། སྤྲུལ་སྐུ་གསུང་ལྟར་ཚིག་ཏུ་སྨྲ་བརྗོད་མེད་པར་གོ་བར་བྱེད་པ་སྟེ། དེ་ཡང་ཆོས་སྐུའི་དགོངས་པ་སྐྱེ་མེད་དེ། འཁོར་ཡེ་ཤེས་རྒྱ་མཚོའི་བློ་ལ་སྣང་བར་མཛད་པའོ། །མངོན་པར་བྱང་ཆུབ་པའི་སྐུའི་གསུང་རིག་པ་བྱིན་གྱིས་རླབས་ཀྱི་དང་། དྲང་། རང་རིག་པའི་ཡེ་ཤེས་དེ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་མིང་ལྔ་དང་ལྡན་པས། གོང་གི་གསུང་སྔ་མ་དེ་བཞིན་དུ་རང་བཞིན་གྱི་འབྲེལ་བའི་རིག་པ་བྱིན་རླབས་ཀྱི་གསུང་གིས་བརྗོད་པ་མེད་པར། བརྗོད་བྱའི་དོན་རང་བཞིན་གསང་བ་སྙིང་པོའི་རྒྱུད་ཀྱི་དོན་རྣམས་ཀུན། དཔེར་ན་ཉི་མའི་དལ་གྱི་འོད་ཀྱི་ཐམས་ཅད་གསལ་བར་བྱེད་པ་ལྟ་བུར། འཁོར་གྱི་བློ་ལ་དོན། གསལ་བར་སྣང་བའོ། ༈ །ལོངས་སྐུའི་གསུང་དགོངས་པ་བརྡའི་དོན་དང་། དྲང་། དཔེར་ན་མེ་ལོང་ལྟ་བུར། སྐྱོན་སེལ་བར་བྱེད་པ་དང་། ལེགས་པ་བསྐྱེད་པ་དང་། གསལ་བར་བྱེད་པ་དང་། གཟུགས་བརྙན་སྣང་བར་བྱེད་པ་དང་། རྩོལ་བ་མེད་པ་དང་། འདུ་བྱེད་པ་མེད་པ་དང་། ལྡན་པ་མ་ཡིན་པ་དང་། མི་ལྡན་པ་མ་ཡིན་མིན་པ་དང་ཆོས་བརྒྱད་ཀྱིས་མཚོན་པའི་དོན་དབང་ཕྱུག་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། འཁོར་སྨིན་པ་རྒྱ་མཚོའི་ཚོགས་ཀྱིས་མཐོང་བ་ཙམ་གྱིས་འཁོར་རྒྱུ་བའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། འབྲས་བུ་གསང་སྔགས་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རིག་པ་འཛིན་པ་རྣམས་ཀྱིས་རྒྱུད་དྭངས་པ་ལ། བརྡའི་སྒོ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་དོན་སྣང་བར་བྱེད་དོ། ༈ །སྤྲུལ་སྐུའི་ཚིག་ཚངས་པ་དབྱངས་ཀྱི་གསུང་དང་། དྲང་། འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བ་མྱ་ངན་ལས་འདས་པའི་ཆོས་དང་། ཐར་པའི་གནས་སུ་བགྲོད་པ་ལམ་གྱི་ཆོས་དང་། ཀུན་ནས་ཉོན་མོངས་པ་དང་བཅས་པ་འཁོར་བའི་ཆོས་སུ་སྣང་བའི་སྒྲ་སྐད་ཐམས་ཅད་སྤྲུལ་སྐུའི་གསུང་གིས་རྩ་བ་ཚངས་དབྱངས་ལྟ་བུ་ལ་སོགས་པ་དྲུག་ལ་རིང་ཐུང་གི་ཡན་ལག་འདུ་ཤེས་བསྐྱེད་པ་ལ་སོགས་བཅུ་བཅུ་སྟེ། སུམ་བརྒྱ་དྲུག་ཅུའི་ཚུལ་གྱིས། འཇིག་རྟེན་གྱི་མྱེས་པོ་ཚངས་པའི་ངག་ལྟར་སྙན་ཅིང་ཡིད་དུ་འོང་བས་གསུང་གི་གདུལ་བྱ་མོས་པ་སྤྱོད་པའི་ས་ལས་འཕྲོ་དང་སྐལ་པ་ཅན་རྣམས་ལ། ཚིགས་དང་སྒྲར་སྣང་བ་རང་རང་གི་ཤ་ཡི་རྣ་བས་དངོས་སུ་ཐོས་པའོ། །རྡོ་རྗེའི་སྐུའི་གསུང་གྲགས་སྟོང་དབྱེར་མེད་དུའོ། །དྲང་། གདུལ་བྱ་རྣམས་རང་རང་སོ་སོའི་ཅི་ལྟར་དོན་གོ་བ་དང་འདུལ་བར་སྣང་བའི། གསུང་རྣམས་དཔེར་ན་བྲག་གི་ངོས་ལ་སྣོད་བཅུད་སོ་སོའི་སྒྲས་བསྐྱེད་པའི་བྲག་ཆའི་སྒྲ་གྲགས་ཀྱང་བྲག་གི་སྨྲས་པ་མེད་པ་ལྟར་དོན་གྲགས་སྟོང་དབྱེར་མེད་རྡོ་རྗེའི་གསུང་སྟོན་པས་གསུང་པ་མེད་པར་འཁོར་ལ་སྣང་བས་ན། དབྱེར་མེད་ཀྱི་གསུང་དེ་མཐོང་ཞིང་ཐོས་པར་བྱེད་པའང་དབྱེར་མེད་དེ་ཉིད་ཀྱི་མཐུའོ། །ཞེའམ། རྡོ་རྗེའི་གསུང་དང་རྡོ་རྗེའི་འཁོར་གཉིས་རང་བཞིན་གྱི་འབྲེལ་པ་དེ་ཉིད་ཀྱི་མཐུ་ཡིན་པའོ། །འདིར་སྐུ་ལྔའི་འཁོར་ལྔ་ལ་། གསུང་ལྔས་བརྡ་སྤྲད་ལུགས་ནི། གོང་གི་དངོས་ལྔ་ཚུལ་ཚིག་གིས་སྐབས་སུ་བཤད་པ་བཞིན་ནོ། །ཐུགས་ལ་ལྔ། བགྲང་། སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། དྲང་། འཁོར་འདས་ཀྱི་དངོས་པོ་གཉིས་ཀྱིས་བསྡུས་པའི་ཆོས་ཕྱི་ནང་སྣོད་བཅུད་སོགས་བྱེ་བྲག་དབྱེ་བ་ཡན་ལག་དང་བཅས་པའི་ཆོས་ཐམས་ཅད། རང་རིག་པ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་ན། སྣང་བ་མ་སྤངས་པ་རྣམ་པ་ཀུན་ལྡན་གྱི་སྟོང་པ་ཆེན་པོའི་དོན་མངོན་དུ་བྱས་པའི་ཡེ་ཤེས་དེ་ཉིད་སྣང་བ་ལ་དངོས་པོར་ལྟ་བའི་ཟུག་རྔུ་མ་སྤངས་པས་ལྡན་བཞིན་དུ་མི་དམིགས་པས་བྲལ་བ་ཡི་དོན་དེ་ཀ་ལ་བདེ་བ་ཆེན་པོ་མཆོག་གི་ཐུགས་ཞེས་བྱའོ། །དེ་ཡང་དཔེར་ན་ནམ་མཁའ་ནི་གོ་སྐབས་འབྱེད་པ་དང་། མེད་ལ་མི་ཟད་པ་དང་། སྟོང་ལ་ཐམས་ཅད་འབྱུང་བས་ན། འབྱུང་ཆེན་གཏོས་ཀྱི་ནམ་མཁའ་ལྟ་བུར་ཐམས་ཅད་ཡེ་ནས་སྒྲིབ་གཡོག་མེད་པར་གསལ་བ་ལ་ངོ་བོས་སྟོང་པའོ། ༈ །མེ་ལོང་ལྟ་བུའི་ཡེ་ཤེས་དང་། དྲང་། ཆོས་རྣམས་སྤྱི་དང་རང་གི་མཚན་ཉིད་དབྱེར་མེད་པའི་ཆོས་ཀུན་ཡུལ་དང་ཡུལ་ཅན་དུ་རྟོག་པ་མེད་པར་དཔེར་མེ་ལོང་དྭངས་པ་བཞིན་དུ་དལ་གསལ་བ་ལྟར། རང་རིག་པའི་མངོན་སུམ་དུ་གསལ་བ་ནི། མངོན་སུམ་བཞི་པོ་ཀུན་གྱི་མཆོག་རང་རིག་མངོན་སུམ་དུ་རྟོགས་པ་ཡིན་ཏེ། དེ་ཀ་ལ་རྣམ་པར་མི་རྟོག་པ་མཆོག་གི་ཐུགས་ཞེས་བྱའོ། ༈ །མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། དྲང་། དཔེར་ན་འབྱུང་བ་ཆེན་པོ་ལྔ་གང་ལ་ཡང་བཟང་ངན་དང་སྐྱོན་ཡོན་ཐམས་ཅད་མཉམ་པ་ལྟ་བུར། འཁོར་འདས་ཀྱིས་ཆོས་ཐམས་ཅད་ལ། བཟང་ངན་དང་སྐྱོན་ཡོན་གང་ཡང་མི་བྱེད་ཅིང་བླང་དོར་མེད་པར་མཉམ་པ་ཉིད་དུ་མཁྱེན་ཞིང་། དུས་ཐམས་ཅད་དུ་ཆོས་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་ལས་དགོངས་པ་མི་གཡོ་བའི་ཐུགས་ཀྱིས། མཉམ་པ་ཆེན་པོ་མཆོག་གི་ཐུགས། །ཞེས་བྱའོ། ༈ །བྱ་བ་གྲུབ་པའི་ཡེ་ཤེས་དང་། དྲང་། སངས་རྒྱས་དང་སེམས་ཅན་གཉིས་སུ་མི་འབྱེད་པའི་ཐུགས་རྗེ་ཆེན་པོས། འདུལ་བྱེད་ཀྱི་སྟོན་པ་དང་། གདུལ་བྱ་ངོ་བོ་བདག་ཉིད་གཅིག་པར་འབྲེལ་བ་ཡོད་པ་དང་། སངས་རྒྱས་དེ་ཉིད་ཀྱི་ཐུགས་ནི་ཆོས་ཉིད་མཉམ་པ་ཉིད་ཀྱི་དབྱིངས་ལས་གདུལ་བྱ་རྣམས་མི་གཞན་པར་མཁྱེན་པའི་ཕྱིར། ལམ་པ་ལྟར་གདུལ་བྱའི་དོན་བྱ་བ་དང་བྱེད་པའི་རྩོལ་རྟོག་མེད་པར་ཕྲིན་ལས་ཞི་རྒྱས་དབང་དྲག་རྣམ་པ་བཞིའོ། །འགྲོ་བ་སེམས་ཅན་རྣམས་འཁོར་བ་ལས་གྲོལ་བར་བྱེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་པས་ན། འགྲོ་བ་སྒྲོལ་བའི་ཐུགས་ཞེས་བྱའོ། །སོ་སོར་རྟོག་པའི་ཡེ་ཤེས་སོ། །དྲང་། ཡུལ་ཆོས་ཉིད་སྤྲོས་བྲལ་དང་། ཆོས་ཅན་སེམས་ཀྱི་འཛིན་པ་འཁོར་འདས་ཅི་སྙེད་པ་ཀུན་ཐ་དད་ཀྱི་འཛིན་པ་དང་བྲལ་བས། ཆོས་ཅན་རང་གི་མཚན་ཉིད་དང་། ཆོས་ཐམས་ཅད་སྤྱིའི་མཚན་ཉིད་དང་། དབྱེར་མེད་གསུམ་དུས་གཅིག་ཏུ་རིག་པ་ལ་གསལ་བའི་དཔེ་ནི། ནམ་མཁའ་ལ་འཇའ་ཚོན་སྣང་བ་ལྟར་རང་སྤྱིའམ་གསལ་སྟོང་དབྱེར་མེད་མ་འདྲེས་པར་གསལ་བ་ནི། སོ་སོར་རྟོགས་པའི་ཡེ་ཤེས་སམ། ཐམས་ཅད་མཁྱེན་པའི་ཐུགས་ཀྱིས། རང་སྤྱིའམ་གསལ་སྟོང་དབྱེར་མི་ཕྱེད་པ་རྡོ་རྗེའི་ཐུགས་མཆོག་གོ། །ཞེས་སྨོས་སོ། །དེ་ལྟར་བསྟན་པའི་ཐུགས་ཡེ་ཤེས་ལྔ་པོ་མདོར་བསྟན་ཙམ་ནི། གཞུང་འདི་ཉིད་དུ་བཤད་པ་དེ་དག་གོ་ཞིང་། རྒྱས་པར་བཤད་པ། སྤྱིའི་མདོའི་ལེའུ་སུམ་ཅུ་སོ་གཉིས་པར་ལྟ་བར་བྱའོ། །འོ་ན་ཆོས་སྐུའི་སྐུ་གསུང་ཐུགས་གསུམ་ཀ་སྐྱེ་མེད་ཡིན་པས། ཁྱད་མེད་དམ་ཞེ་ན། ངོ་བོ་ལ་ཁྱད་མེད་ཀྱང་། མཚོན་ཚུལ་ལ་སྐྱེ་མེད་ཀྱི་རྟེན་བྱེད་པས་སྐུ་དང་། བརྡ་སྤྲོད་པས་གསུང་དང་། ངང་དུ་གསལ་བས་ཐུགས་སུ་ཕྱེས་པ་ཡིན་ནི། ༈ །ཡོན་ཏན་ལ་ལྔ། བགྲང་། ཞིང་ཁམས་ཡོན་ཏན་ཅན་དང་། དྲང་ཡོན་ཏན་ནི། སྐུ་གསུང་ཐུགས་ཕྲིན་ལས་དང་བཞིའི་ཡོན་ཏན་ཀྱང་བསམ་གྱིས་མི་ཁྱབ་པ་མངའ་ལ་གཞན་ཡང་། ཕྱོགས་བཅུ་དང་དུས་བཞིས་བསྡུས་པའི་འཁོར་འདས་ཀྱི་ཆོས་སྔར་འདས་པ་མ་ལུས་པ་དང་། ད་ལྟར་བ་མི་ལུས་ཀྱིས་མ་འོངས་པ་ལུས་པ་མེད་པ་ཐམས་ཅད་རང་རྒྱུད་དུ་གྲུབ་པ་མེད་པར་རིག་པ་རང་སྣང་བ་ཉིད་ཀྱི་ཕྱིར། སེམས་ཉིད་ཀྱི་ངོ་བོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཅི་ལྟར་བསམ་པ་ལྟར་སྣང་བའམ། ཡོན་ཏན་མང་བ་ནི་སྤྲིན་ཕུང་ཙམ་གྱི་ཚོགས་ཀྱིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་སྣང་བའོ། ༈ །གཞལ་ཡས་ཁང་དང་། དྲང་འབྲས་བུ་ཆེ་བའི་ཡོན་ཏན་མ་ལུས་པ་འབད་པ་མེད་པར་ལྷུན་གྱིས་གྲུབ་ཅིང་རྫོགས་པས་རང་སྣང་བ་རྟེན་གཞལ་ཡས་ཁང་དང་། ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་ཤེས་པ་གཉིས་དང་། བྲལ་བའི་རང་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་རྟེན་གཞལ་ཡས་ཁང་དང་། རྟེན་ཅན་གྱི་ལྷར་གཉིས་སུ་མེད་པ་དེ། རྒྱལ་བ་སངས་རྒྱས་ཀུན་གྱི་བཞུགས་པའི་གནས་སོ། །དེ་ཡང་རྒྱས་པའི་རྒྱུད་ལས། གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། །དེ་ལ་ཀུན་གྱི་གནས། ཞེས་གསུང་། རྒྱན་དང་། དྲང་། འདོད་ཡོན་ལ་སོགས་གང་ཡང་མ་སྤངས་པར་ལྷུན་གྱིས་རྫོགས་པའི་ཕྱིར་རོ། །སྣ་ཚོགས་ཀྱི་སྣང་བ་མ་འགགས་པ་དེ་ནི། རང་བཞིན་གྱི་དལ་ཆེན་པོའི་རྒྱན་ཡིན་ནོ། །ཞེས་པའམ། རིན་ཆེན་དང་། འདོད་ཡོན་གྱི་ལྷ་མོ་དང་། ལྟ་བས་ལ་སོགས་པའི་སྣ་ཚོགས་པས་དལ་མཛེས་པའི་རྒྱན་དུ་བྱས་པའོ། ༈ །འོད་ཟེར་དང་། དྲང་། སངས་རྒྱས་ཀྱི་ཡེ་ཤེས་ལྔ་པོ་ཉིད་རང་བཞིན་གྱི་མཐའ་གསུམ་གྱིས་མ་བསྒྲིབ་པར་འོད་གསལ་བའི་ཕྱིར། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོ་དང་། གཙོད་ཁ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དང་དྲུག་པོ་དེ་རེ་རེ་ལ་ཡང་བྱེ་བ་དྲུག་ཅུ་དྲུག་ཅུ་སྟེ། སྣ་ཚོགས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བས་ཁྱབ་ཅིང་རང་བཞིན་གསལ་བར་བྱེད་པའོ། །གདན་ཡོན་ཏན་ཅན་དང་། དྲང་། སྟོབས་བཅུ། མི་འཇིགས་པ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་དབང་བཅུ། ཕྲིན་ལས་བཞི་ལ་སོགས་པ་འབྲས་བུའི་ཆོས་ཀུན་ལྷུན་གྱིས་གྲུབ་ཅིང་རྫོགས་པའི་ཕྱིར། གདན་ལྔའི་བྱེ་བྲག་ཏུ་རང་སྣང་བའོ། །ཞེས་པའམ། ཡང་ན་སེང་གེ་ལ་སོགས་པ་ལྔ་དང་། རིན་པོ་ཆེའི་ཁྲི་རྐང་། པདྨ། ཉི་མ་དང་། ཟླ་བའི་གདན་ལྔའི་བྱེ་བྲག་ཏུ་རང་སྣང་བའོ། །ཡོན་ཏན་ལྔ་ལ། ཞིང་ཁམས་ཡོན་ཏན་ཅན་ནི། བློའི་ཡུལ་དུ་གྱུར་ཚད་ཆོས་སྐུའི་ངོ་བོར་གྱུར་པའོ། །གཞལ་ཡས་ཁང་ནི། གཟུང་འཛིན་གཉིས་དང་བྲལ་བའི་ཆོས་དབྱིངས། ཆོས་ཐམས་ཅད་འབྱུང་གཞི་ལམ་པའི་གཞན་ཡས་ཁང་དུ་གྱུར་པའོ། །རྒྱན་ཆ་ནི། འདོད་ཡོན་ལྔ་མ་སྤངས་ལམ་དུ་ཁྱེར་བས། གཞལ་ཡས་ཁང་ལ། རིན་པོ་ཆེའི་རྒྱན་དང་། ལྷའི་དབུ་རྒྱན་སྙན་ཆ་ལ་སོགས་པ་རྣམས་སུ་སྣང་བའོ། །འོད་ཟེར་ནི། གདུལ་བྱའི་སྙིང་རྗེ་རྒྱུན་མི་ཆད་པ་དེ། སངས་རྒྱས་པའི་དུས་སུ་འོད་ཟེར་གྱི་རྣམ་པར་ཤར་བའོ། །གདན་ཁྲི་ནི། སངས་རྒྱས་ཀྱི་དགོངས་པ་ཉིད་གདན་ཁྲི་ལ་སྣང་བའོ། ༈ །ཕྲིན་ལས་ལ་གཉིས། བགྲང་། ཕྲིན་ལས་བཞིའི་འགྲོ་དོན་མཛད་ཚུལ་དང་། དྲང་། གདུལ་བྱ་མ་ལུས་པ་འདུལ་བའི་ཕྲིན་ལས་ཀྱི་བྱེ་བྲག་ཐ་དད་པ་མང་པོར་སྣང་བ་ཡང་། མདོར་བསྡུས་ན་བཞི་སྟེ། ཞི་བའི་ཕྲིན་ལས་ཀྱིས་གདུལ་བྱ་གདུག་པའི་སེམས་ཅན་ཞི་བར་བྱ་བ་དང་། ཁྲོ་བོ་དྲག་པོ་ཕྲིན་ལས་ཀྱིས་གདུལ་བྱ་དགྲ་བགེགས་མ་རུང་པ་དགྲོལ་བ་དང་། དབང་གི་ཕྲིན་ལས་ཀྱིས་གདུལ་བྱ་མི་མོས་ཤིང་མི་འདུད་པ་གང་དག་དབང་དུ་བྱ་བ་དང་། རྒྱས་པའི་ཕྲིན་ལས་ཀྱིས་གདུལ་བྱ་ཚེ་དང་བསོད་ནམས་ལོངས་སྤྱོད་ཉམས་པ་གསོ་སྟེ་རྒྱས་པར་བྱའོ། །དོན་མཛད་ཚུལ་ནི། དེ་ལྟར་ཕྲིན་ལས་བཞི་ཡིས་གདུལ་བྱ་གདུལ་བའི་དགོས་ཆེད་ཀྱིས་ཕྱིར་ཞི་རྒྱས་དབང་དྲག་རྣམ་པ་བཞི་ཡེ་ཤེས་རོལ་པ་སྟེ་སྤྱོད་པ་རྣམས་ཀྱིས། གདུལ་བྱ་ཞི་བས་འདུལ་བ་ལ་ཞི་བ་ལ་སོགས་པས་གང་ལ་གང་འཚམས་པ་ལྟར་སྣང་ནས་གདུལ་བྱ་རྣམས་འདུལ་བར་མཛད་པའོ། །རང་བཞིན་གྱི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། །དྲང་། དེ་ལྟར་ཕྲིན་ལས་རྣམ་པ་བཞིའི་ཐེག་པ་ཐ་དད་པ་སྟེ། བཞི་པོ་རེ་རེ་ལའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལྔའི་ཚུལ་གྱིས་སྣང་། ཞེས་པའམ། ཕྲིན་ལས་བཞི་པོ་རེ་རེ་ལ་ཡང་། ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་། ཕྲིན་ལས་ལྔའི་ཚུལ་གྱིས་ཉེར་ལྔ་གདུལ་བྱའི་ངོ་ལ་སྣང་ངོ་། །དེ་ཡང་། ཉེར་ལྔ་པོ་དེར་ཅི་ལྟར་ན། ཞི་བའི་ཕྲིན་ལས་ཡང་། ཞི་བའི་ཞི་བ། ཞི་བའི་རྒྱས་པ། ཞི་བའི་དབང་། ཞི་བའི་དྲག་པོ། ཞི་བའི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་དང་ལྔའོ། །དེ་བཞིན་དུ་རྒྱས་པ་དང་། དབང་དང་། དྲག་པོ་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ། ལྔ་ལྔར་སྦྱར་བར་བྱའོ། །དེའི་རིགས་དང་སྦྱར་བ་ནི། ཕྲིན་ལས་བཞི་པོ་དེ་ཞི་བའི་ཕྲིན་ལས་དེ་དེ་བཞིན་གཤེགས་པའི་རིགས་དང་། རྒྱས་པ་རིན་པོ་ཆེའི། དབང་པདྨ། དྲག་པོ་རྡོ་རྗེའི་རིགས་ཏེ། རིགས་བཞིའི་ཆ་འཛིན་པར་བྱེད་པ་ཡང་གཙོ་ཆེ་བར་ལྔ་པ་ལས་ཀྱི་རིགས་ལ་སྤྱིར་དྲིལ་བ་ཡིན་པས་ཕྲིན་ལས་ལྔ་ཀར་ལྷུན་གྱིས་གྲུབ་པ་ཡིན་ནོ། །ལས་ཕྱོགས་གཅིག་གི་མི་འདུལ་བའི་འཐད་པ་ནི། དེའི་ཕྱིར། རྣམ་པ་བཞིའི་གདུལ་བྱ་རྣམས་འདུལ་བར་མཛད་པ་ཡིན་པས། ལས་བཞི་ཕྱོགས་རེ་བ་རྣམས་ཀྱི་གདུལ་བྱ་འདུལ་བའི་རིགས་མ་ཡིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །སྤྱི་དོན་གཉིས་པ་དགོངས་པའི་བཞུགས་ཚུལ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། གོང་གི་དེ་ལྟར་སངས་རྒྱས་པ་དེའང་ལམ་སྦྱངས་པའི་མཐའ་མ་རྒྱལ་ཚབ་སྐྱེས་བུ་པ། དེ་ཡང་། སངས་རྒྱས་ནས་མ་འདྲེས་པར་རིགས་ལྔའི་ཆ་རེ་ལྷུན་གྱིས་གྲུབ་པ་དེས་འཛིན་པར་བྱེད་ཀྱང་། གཅིག་ཤོས་ཏེ་རྒྱལ་བ་དྲུག་པ་ནི་སངས་རྒྱས་ཀུན་གྱི་ངོ་བོ་ཉིད་དུ་བཞུགས་པའོ། །དེས་ན་མཚན་ཉིད་སྔགས་ཕྱི་པའི་སངས་རྒྱས་ཕྱིར་དྲང་བའི་དོན་ཙམ་ཡིན་ནོ། །དེ་ཡང་། སངས་རྒྱས་སངས་རྒྱས་ཞེས་བརྗོད་པས་དགོངས་པའི་བཞུགས་ཚུལ་ནི། ངག་གི་སྨྲ་བ། ཡིད་ཀྱི་བསམ་པ་དང་། ཚིག་ཏུ་བརྗོད་པའི་མཐའ་ལས་འདས་པའོ། ༈ །རྒྱས་པར་བཤད་པ་ལ་གཉིས། བདེན་པ་གསུམ་གྱིས་སྒོ་ནས་བཞུགས་ཚུལ་དང་། དྲང་དོན་ངེས་དོན་གྱི་སྒོ་ནས་བཞུགས་ཚུལ་ལོ། དང་པོ་ལ་གཉིས། དྲང་དོན་བདེན་པ་གཉིས་ལྟར་མི་འཐད་པ་དང་། ངོ་བོ་བདེན་པ་དབྱེར་མེད་ཕྱོགས་རིས་ལས་གྲོལ་བའོ། །དང་པོ་ལ་གཉིས། བགྲང་། མདོར་བསྟན་པ་དང་། དྲང་། སངས་རྒྱས་དེའི་དོན་ཕྱོགས་རེ་ཙམ་དུ་བརྗོད་པར་བྱ་བ་ནི། དྲང་བའི་དོན་དུ་སྔ་མ་བྱང་སེམས་དང་། ཕྱི་མ་སྔགས་ཕྱི་པའི་སངས་རྒྱས་པ་ནི། རྒྱས་པར་བཤད་པ་ལ་གཉིས། བགྲང་། དོན་དམ་ལྟར་གཅིག་པ་མི་འཐད་པ་དང་། དྲང་། དོན་དམ་དུ་རྒྱུད་གཅིག་པུར་བཞུགས་པ་མ་ཡིན་པའི་ཕྱིར་ནི། དབུ་མ་པ་བཞིན་ཆུ་ལ་ཆུ་ཐིམ་པ་ལྟར་སངས་རྒྱས་རྣམས་རྒྱུད་གཅིག་ཏུ་བདེན་པ་མེད་དེ། ཀུན་རྫོབ་ལྟར་ཐ་དད་དུ་མི་འཐད་པའོ། །དྲང་། གཅིག་ཤོས་ཀུན་རྫོབ་ཏུ་ཐ་དད་རང་རྒྱུད་པར་བདེན་པ་མ་ཡིན་པ། སེམས་ཙམ་ཀྲི་ཡོག་ལ་སོ་སོ་ཐ་དད་དུ་རིགས་སུ་ཆད་པ་མེད་དོ། །ངོ་བོ་བདེན་པ་དབྱེར་མེད་ཕྱོགས་རིས་ལས་གྲོལ་བའོ། །དྲང་། འོ་ན་ཅི་ལྟར་ཡིན་ན་བདེན་པ་གཉིས་དབྱེར་མེད་རྟོགས་པའི་དབང་དུ་བསྒྱུར་བ་ནི། བདག་གི་དང་གཞན་གྱི་བྱ་བ་གཉིས་མེད་དེ། སོ་སོར་དབྱེར་མེད་པའི་ཕྱིར་དང་ནར་སོན་པ་སྟེ་མཐར་ཕྱིན་པས། ཡོད་མེད་ལ་སོགས་པའི་མཐའ་རྣམས་ཀྱི་ཕྱོགས་སུ་མ་སོང་བས་མཐའ་ཀུན་དང་བྲལ། གང་དུ་ཡང་མ་འགག་པས་ཀུན་ལྡན་པར་ཡེ་ཤེས་རང་སྣང་ཉིད་ཞེན་མཐའ་ཀུན་བྲལ་བ་རང་རིག་པའི་མངོན་སུམ་བྱས་པ་སངས་རྒྱས་ཞེས་མིང་བརྗོད་པའི་ངོ་བོ་འདི་འདྲར་ཞེས་ཕྱོགས་གཅིག་པར་ནི་གནས་པ་འདི་ཡིན་ཞེས་ཚིག་ཏུ་སྨྲར་དཀའ་ཞིང་། བརྟག་དཔྱད་དང་བྲལ་ལོ། ༈ །དྲང་དོན་ངེས་དོན་གྱི་སྒོ་ནས་བཞུགས་ཚུལ་གཉིས། བགྲང་། དགོངས་རྒྱུད་གཅིག་ཐ་དད་དུ་འདོད་པ་དྲང་དོན་དུ་བཞུགས་པ་དང་། དྲང་། སེམས་ཙམ་པ་དང་སྔགས་ཕྱི་པའི་ལུགས་ཀྱིས། དུས་གསུམ་གྱིས་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ངོ་བོ་གཅིག་པ་ལ། འོན་ཀྱང་སྦྱངས་པའི་རྩལ་ཐ་དད་པས་རྒྱུད་གཅིག་ཏུ་འདྲེས་པའང་མིན་ཏེ། དཔེ་ན་ཤིང་གི་མེ་དཔུང་གཅིག་ཡིན་ཡང་ཤིང་སོ་སོའི་མེ་ཐ་དད་པ་ལྟར་བརྗོད་པ་ནི། ཐ་དད་ལ་མོས་པའི་གདུལ་བྱ་ཀུན་དྲང་བའི་དོན་ཙམ་སྟེ་ངོ་བོ་རང་དེ་ཉིད་དུའང་གནས་པ་མིན་པས། དེ་ཁོ་ན་ཉིད་ངེས་པའི་མཐར་ཐུག་མ་ཡིན་ནོ། །དབུ་མ་པ་ཆུ་ལ་ཆུ་ཐིམ་པ་ལྟར་དགོངས་པ་རྒྱུད་གཅིག་པར་འདོད་པའང་གོང་གི་དེ་དང་འདྲའོ། །འདིར་གཅིག་དང་ཐ་དད་ལས་གྲོལ་ཏེ། དགོངས་པ་མ་འདྲེས་ལ་ཡོངས་སུ་རྫོགས་པར་བཞུགས་ཚུལ་ལོ། །དྲང་། དེ་ལྟར་གཅིག་ཐ་དད་དུ་འདོད་པ་ནི་དྲང་བའི་དོན་ཡིན་ལ། འོ་ན་ངེས་པའི་དོན་ཅི་ལྟར་ཡིན་ཞེ་ན། འདིར་བདེན་པ་གཉིས་སུ་མེད་པར་གནས་པའི་ཚུལ་གྱིས་གོང་གིས་རྒྱུད་འདྲེས་མ་འདྲེས་ཕྱོགས་རེར་འདོད་པ་རྣམས་ལ་སྐྱོན་བརྗོད་པས་འདིར་དྲང་བའི་ཕྱིར་ཡིན་ལ། སྐྱོན་དེ་དག་གམ། གཟུང་འཛིན་གཉིས་སུ་འཛིན་པ་ངང་གི་དག་པའི་གཉིས་མེད་ཀྱི་རང་བྱུང་ཡེ་ཤེས་དེ་ཉིད་དེ་བཞིན་གཤེགས་པ་སངས་རྒྱས་ཀུན་གྱི་གནས་ཡིན་པར་གསང་བའི་ཏན་ཏྲ་སྟེ་རྒྱས་པའི་རྒྱུད་ཉིད་ལས་གཟུང་འཛིན་བྲལ་བའི་ཡེ་ཤེས་ནི། དེ་བཞིན་གཤེགས་པ་ཀུན་གྱིས་གནས། ཞེས་གྲགས་པ་དང་། ལེའུ་ལག་ལས། བདེར་གཤེགས་མི་གནས་མཉམ་པའི་ངང་དུ་བྱོན། ཅེས་པས། གཉིས་འཛིན་གྱི་རྟོགས་པའི་ཟུག་རྔུ་མེད་པས་བདེ། དེའི་དོན་མངོན་དུ་བྱས་པས་གཤེགས། དེ་ཡང་མཐའ་གཉིས་གང་ལ་མི་གནས་པས་མཉམ་པ་ཆེན་པོའི་ངང་ཉིད་སྤྱོད་ཡུལ་དང་བྲལ་བས་བྱོན། ཞེས་རྒྱུད་ལས་གསུང་ཤིང་ཚིག་ཏུ་བརྗོད་པ་ཡང་། དོན་དམ་སྐྱེ་མེད་དུ་མཉམ་པ། ཀུན་རྫོབ་སྒྱུ་མར་མཉམ་པ་ལྟ་བུ་མ་ཡིན་ཏེ། མཉམ་པ་གསུམ་པ་བདེན་པ་གཉིས་སུ་མེད་པར་མཉམ་པ་ཉིད་ཀྱི་ངང་དུ་བྱོན་ནས་ཡིན་པའི་ཕྱིར་ན། གསུམ་པ་དེས་གྲུབ་པའི་དོན་བསྟན་པ་ནི། ཡང་དག་ངེས་པར་ནི། རྒྱལ་བ་རྣམས་ཀྱིས་དགོངས་རྒྱུད་མཉམ་ཉིད་དེ། །འདྲེས་ཏེ་གཅིག་པ་དང་། མ་འདྲེས་ཏེ་ཐ་དད་པའི་ཐ་སྙད་ཙམ་དང་ཡང་བྲལ་བའི་ཚུལ་དུ་གནས་སོ། །སྐབས་འདིར་གཞུང་གི་དོན་དང་། འཕྲོས་པའི་ངག་དོན་གཉིས་ལས། དང་པོ་གཞུང་གི་དོན་ལ། སྔ་མ་རྒྱུད་གཅིག་པར་འདོད་པ་ནི། གཤིས་དོན་དམ་གཅིག་པོ་དང་། ཀུན་རྫོབ་གཅིག་པོ་མ་ཡིན་པས། དབུ་མ་པས་ཆུ་ལ་ཆུ་བླུག་པ་ལྟར། སྔ་ཕྱིའི་སངས་རྒྱས་ཐམས་ཅད་སྤྲོས་བྲལ་གྱི་ངང་དུ་གཅིག་པར་འདོད་པ་དང་། སེམས་ཙམ་དང་སྔགས་ཕྱི་པས། ཤིང་དུ་མའི་མེ་ལྟར། སྔ་ཕྱིའི་སངས་རྒྱས་མཚན་ཉིད་མཚུངས་ཀྱང་། དགོངས་པའི་རྒྱུད་མ་འདྲེས་པར་འདོད་པ་ནི། མ་ཡིན་ཏེ། འདིར་གཤིས་བདེན་པ་གཉིས་སུ་མེད་པས། གོང་གིས་ཐ་སྙད་ལས་གྲོལ་ལོ། །གཉིས་པ་འཕྲོས་པའི་ངང་དོན་ལ། འབྲས་བུ་ཐོབ་ཚུལ་ནི། ཉེ་བར་ལེན་པའི་རྒྱུ་ཚོགས་གཉིས་ལ་བརྟེན་ནས། འབྲས་བུ་དེ་བས་རབ་གཅིག་ལོག་ནས་ཐོབ་པར་མི་འདོད་ཏེ། འདོར་སེམས་ཉིད་འབྲས་བུའི་ངོ་བོར་ཡེ་ནས་གནས་པ་ལ། རྐྱེན་ཚོགས་གཉིས་ཀྱིས་སྒྲིབ་བྱེད་དག་པར་བྱས་པས། སེམས་ཉིད་རང་འབྲས་བུར་སྣང་བ་ལ་ཐོབ་ཅེས་བྱ་སྟེ། དཔེར་ན་དམུས་ལོང་མིག་ཕྱེ་བ་དང་། རང་གི་མཚན་དཔེ་མཐོང་བ་ལྟ་བུའོ། ༈ །ཡང་ན་དགོངས་རྒྱུད་བཞུགས་རྒྱུད་བཞུགས་ཚུལ་ལ། གཞན་གཞུང་དགག་པ་དང་། རང་གཞུང་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། དབུ་མས་འདྲེས་ཏེ་གཅིག་པར་འདོད་པ་དགག་པ་དང་། སེམས་ཙམ་པས་མ་འདྲེས་ཏེ་ཐ་དད་པར་འདོད་པ་དགག་པའོ། །དང་པོ་ལ་དགོད་དགག་བཞག་གསུམ་ལས། དགོད་པ་ནི། ཁ་ཅིག་སྤྱིར་དུས་གསུམ་གྱི་རྒྱུ་འབྲས་ཀྱི་སངས་རྒྱས་སྐུ་གསུམ་མམ་ལྔ་ཡིས་བསྡུས་པ་ཐམས་ཅད་དགོངས་རྒྱུད་གཅིག་པར་འདོད་པ་སྟེ། དཔེར་ན་ཆུ་ལ་ཆུ་ཐིམ་པའམ། མར་ལ་མར་ཐིམ་པ་བཞིན་ནོ། །དེ་ཡང་མདོ་སྡེ་པས། བདག་ཅག་ཅི་ལྟར་སངས་རྒྱས་པ། དེ་ལྟར་ཁོ་ནར་སངས་རྒྱས་པ། དཔེར་ན་མར་དང་མར་ཉིད་ཀྱིས་ཉིང་ཁུ་མཚུངས་པར་གྱུར་པ་བཞིན། ཞེས་སོ། །འདི་དགག་པ་ལ་བཞི་སྟེ། རྒྱུ་རྐྱེན་ཐ་དད་པས་བསྒྲུབ་པའི་འབྲས་བུ་མེད་པར་འགྱུར་བ་དང་། དགོངས་པ་རྟག་གི་མཐར་འགྱུར་བ་དང་། ཐེག་པ་ཆེ་ཆུང་འབྲས་བུ་ཁྱད་མེད་དུ་འགྱུར་བ་དང་། རྒྱུ་འབྲས་མཚུངས་པར་འགྱུར་བའི་བརྩད་པའོ། །དང་པོ་ནི། རྒྱུ་རྟོག་ཚོགས་ཐ་དད་པ་གནས་འགྱུར་པས། སངས་རྒྱས་ཞེ་གཉིས་ལ་སོགས་པ་མི་ཐོབ་པར་འགྱུར་ཏེ། དགོངས་པ་གཅིག་ལས་མེད་པའི་ཕྱིར་རོ། །དེ་ཡང་། ཨིན་ཏྲ་པུ་ཏྲིས། དེ་ཐོབ་རྒྱུད་རྣམས་ཅི་ལྟ་བ། །སོ་སོ་རྣལ་འབྱོར་ཐ་དད་པས། །བསྒྲུབ་པ་དེ་བཞིན་གཤེགས་པའི་ཚེ། །རྒྱུད་དག་ལྷུན་གྲུབ་རྒྱལ་བ་རྣམས། །རྒྱུད་གཅིག་འདྲེས་ན་འདི་སྐད་འབྱུང་། །ཞེས་པ་དང་། ཡང་དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས། །ཡེ་ཤེས་རྒྱུད་ནི་མ་འདྲེས་ཏེ། །གཅིག་ན་ངེས་ལུང་འདི་དང་འགལ། །གཅིག་ལ་མཐུན་སྣང་སྒྲར་མི་འཇུག །གལ་ཏེ་སྔ་ཕྱི་གཅིག་འགྲོ་ན། །སྟོང་པའི་མྱུར་ཐིམ་རིགས་པས་འགགས། །སྣང་བ་སྤང་པའི་སྐྱོན་དུ་འགྱུར། །མཐའ་ལ་རེག་པར་ཐེ་ཚོམ་མེད། །ཅེས་པ་དང་། ལམ་ཆུང་ལས། འོན་ཏེ་ཐམས་ཅད་གཅིག་ཞེ་ན། །གནས་འགྱུར་རྫུན་ཞིང་སྟོང་པར་འགྱུར། །ཞེས་པ་དང་། འདི་ཉིད་ལས་དོན་དམ་གཅིག་པུར་མ་ཡིན་ཕྱིར། ཆུ་ལ་ཆུ་ལྟར་གཅིག་པའང་མེད། །ཅེས་གསུངས། རྐྱེན་ཐ་དད་ཀྱི་ལམ་ཞི་ཁྲོ་ལ་སོགས་པ་བསྒྲུབ་པས། འབྲས་བུ་ཐ་དད་མི་འགྱུར་བར་འགྱུར་ཏེ། གཅིག་པའི་ཕྱིར་རོ། །འདོད་ན་ཞི་ཁྲོ་ལ་སོགས་བྱུང་བས་གསལ་ལོ། །གཉིས་པ་ནི། དགོངས་རྒྱུད་གཅིག་པ་དེ། དངོས་པོར་གཅིག་པ་འགལ་བས་སྟོང་པར་གཅིག་དགོས་ལ། དེ་ལྟར་ན་རྒྱལ་བའི་དགོངས་པ་དོན་དམ་རྐྱང་པར་འགྱུར་བ་དང་། འདོད་ན། བདེན་པ་གཉིས་ཀ་དགོངས་པས་གསལ་བ་དང་། ཅི་ཡང་མེད་པ་དང་། ལྷག་མེད་དང་མུར་ཐུག་དང་ཁྱད་མེད་དུ་འགྱུར་རོ། །སྣང་བ་སྤངས་པའི་ཕྱིར་རོ། །ཡང་དགོངས་པ་གཅིག་པོ་དེ་དུས་ཐམས་ཅད་དུ་གནས་ན། རྟག་པར་འགྱུར་ལ་མི་གནས་ན་སྐྱེ་འགག་ཅན་དུ་འགྱུར་རོ། །གསུམ་པ་ནི། ཉན་རང་དང་དབུ་སེམས་དང་། སྔགས་ཕྱི་ནང་གི་སངས་རྒྱས་ལ་དགོངས་པ་ཁྱད་མེད་དུ་འགྱུར་ཏེ། དགོངས་རྒྱུད་གཅིག་པའི་ཕྱིར་རོ། །འདོད་ན། ཁྱད་པར་ཡོད་པས་གསལ་ལོ། །དེ་ཡང་། རྣམ་བཀོད་ལས། སོ་སོའི་གྲུབ་མཐའ་བཞི་ཆར་ཡང་། །མི་འབྱུང་མཉམ་པའི་སྐྱོན་དུ་འགྱུར། །སོ་སོར་བསྒྲུབ་ཕྱིར་གཅིག་པ་འགལ། །གལ་ཏེ་རྒྱལ་བའང་རང་རྒྱུད་འགྱུར། །ཞེས་པ་དང་། འདི་ཉིད་ལས། དེ་ཚུལ་ས་བཞིའི་རྒྱལ་བ་དག །ཅེས་སོགས་བཞི་བཤད་པས་གསལ་ལོ། །ཁྱབ་པ་དངོས་པོ་ལ་གནས་སོ། ༈ །བཞི་པ་རྒྱུ་འབྲས་མཚུངས་པ་ནི། རྒྱུ་འབྲས་ཀྱི་ཐེག་པའང་ཁྱད་མེད་དུ་འགྱུར་ཏེ། ཡང་ན། རྒྱུ་སེམས་ཅན་ཐམས་ཅད་ཀྱང་གཅིག་པར་འགྱུར་ཏེ། རང་བཞིན་གྱི་ནི་གཅིག་གོ་ཞེས། སེམས་ཅན་རྒྱུད་ཀྱང་དེ་ལྟར་འགྱུར། །ཞེས་སོ། །གཉིས་པ། དགོངས་རྒྱུད་ཐ་དད་པར་འདོད་པ་ལ། འདོད་པ་དགོད་པ་དང་དགག་པའོ། །དང་པོ་ནི། དུས་གསུམ་གྱི་རྒྱུ་འབྲས་སངས་རྒྱས་རྣམས། སངས་རྒྱས་ཙམ་དུ་མཚུངས་ཀྱང་། སྦྱངས་པའི་རྩལ་ཐ་དད་པས་དགོངས་རྒྱུད་རང་མཚན་མ་འདྲེས་ཏེ། དཔེར་ན་ཤིང་དུ་མའི་མེ་བཞིན་ནོ། །ཞེས་སྨྲའོ། །དགག་པ་ནི། ཀུན་ཁྱབ་གསུམ་དང་འགལ་ལོ། །དང་པོ་ལུང་དང་འགལ་ཏེ། དགོངས་འདུས་ལས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནི་རྟོགས་དཔྱོད་དང་བྲལ་བའོ། །ཞེས་པ་དང་། ནམ་མཁའ་ཀུན་ཁྱབ་རྒྱལ་བ་དང་། །ཉག་གཅིག་སྣང་བའི་རྒྱལ་བ་གཉིས། །གདུལ་བྱའི་དབང་གིས་ཁྱད་པར་ལས། །སྐུ་དང་གསུང་ཐུགས་གཅིག་ལས་མེད། །ཅེས་སོ། །མན་ངག་ནི། རྣམ་བཀོད་ལས། འོན་ཏེ་དེ་ལྟར་མི་གཅིག་ནའང། །རང་རིག་རང་བྱུང་མངོན་བྱས་ལ། །སྔ་ཕྱིའི་སངས་རྒྱས་བླ་དྭགས་བརྟགས། །རང་བྱུང་རང་ལ་ཤར་བར་ཟད། །རང་བྱུང་རིག་དང་རྒྱུད་མེད་པར། །སོ་སོར་ཐ་དད་གང་གིས་རྒྱུ། །འོན་ཏེ་རང་བྱུང་ཆ་གཉིས་འགྱུར། །དོན་མཛད་རེས་མོས་འགྱུར་བར་འགྱུར། །སྤྱན་དྲང་བྱོན་དང་མ་བྱོན་འགྱུར། །སངས་རྒྱས་སངས་རྒྱས་ཞེས་བརྗོད་པ། །དངོས་པོ་རྣམས་ཀྱིས་དེ་ཉིད་ན། །དེ་ལ་གཉིས་པ་ཡོད་པར་འགྱུར། །དེ་ཕྱིར་གཞི་ཡི་དོན་དང་འགལ། །མི་གཅིག་གཏན་ཚིགས་རྒྱས་པ་མེད། །ཅེས་པ་དང་། ལམ་ཆུང་ལས། རྒྱལ་བ་ཀུན་དང་དུས་གསུམ་ཆོས། །བདག་ཕྱིར་ཀུན་གྱི་སྤྱི་གཟུགས་ཅན། །ཆ་གཉིས་ཡོད་པར་གང་གིས་རུང་། །ཡོད་ན་བདག་ཉིད་ཆེན་པོ་རྫུན། །ཞེས་དང་། རྩེ་མོ་བྱུང་རྒྱལ་ལས། སངས་རྒྱས་རྣམས་ཀྱི་དགོངས་རྒྱུད་ཅི་ལྟ་བུ། །རང་གི་མཚན་ཉིད་མ་བཅོས་དེ་བཞིན་ཉིད། །ཅེས་སོ། །རིགས་པ་དང་འགལ་བ་ལ་ལྔ་སྟེ། གཞི་ལ་བཟང་ངན་ཡོད་པར་ཐལ་བ་དང་། འབྲས་བུ་རང་བྱུང་ཡེ་ཤེས་སུ་མི་གཅིག་པར་འགྱུར་བ་དང་། གདུལ་བྱ་ཐམས་ཅད་ལ་མཐུན་པར་སྣང་བར་འགྱུར་བ་དང་། དོན་རེས་མོས་བྱེད་པར་འགྱུར་བ་དང་། སྤྱན་དྲངས་པ་ལ་བྱོན་མི་བྱོན་ཡོད་པར་འགྱུར་རོ། །དང་པོ་ནི། སངས་རྒྱས་ཞེས་བྱ་བ། གཞི་གནས་ལུགས་ཀྱི་དོན་ལ། དགོངས་པ་བཞག་པ་ཡིན་ནམ་མིན། ཡིན་ན་དགོངས་རྒྱུད་ཐ་དད་དུ་འགལ། མིན་ན་དགོངས་པ་གང་ཡིན་ཡིན་ཀྱང་དགོངས་རྒྱུད་ཐ་དད་ན། གཞི་བཟང་ངན་དུ་ཐལ། གཞི་མངོན་དུ་བྱས་པའི་སངས་རྒྱས་རྣམས་དགོང་བརྒྱུད་ཐ་དད་པའི་ཕྱིར་རོ། །དེ་ཡང་། རྣམ་བཀོད་ལས། སངས་རྒྱས་སངས་རྒྱས་ཞེས་བརྗོད་པ། །དངོས་པོ་རྣམས་ཀྱི་དེ་ཁོ་ན། །དེ་ལ་གཉིས་པ་ཡོད་པར་འགྱུར། །དེ་ཕྱིར་གཞིའི་དོན་དང་འགལ། །ཞེས་སོ། །གཉིས་པ་ནི། འབྲས་བུ་ཡེ་ཤེས་ཀྱི་དུས་སུ་རང་བྱུང་ཅི་ལྟ་བར་མཁྱེན་པ་མི་གཅིག་པར་ཐལ། འདོད་ན། ལུང་ལས། རང་བྱུང་ཡེ་ཤེས་ཉག་གཅིག་ལ། །གདུལ་བྱའི་མོས་དང་བསམ་དབང་གིས། །ཁྱད་པར་བྱེ་བྲག་ལྔ་སོགས་སྣང་། །རིགས་རྒྱུད་དོན་ལ་གཅིག་ཏུ་གནས། །ཞེས་དང་། རྣམ་བཀོད་ལས། འོན་ཏེ་དེ་ལྟར་མི་གཅིག་ན། །རང་རིག་རང་བྱུང་མངོན་བྱས་ལ། །སྔ་ཕྱིའི་སངས་རྒྱས་བླ་དག་ཙམ། །རང་བྱུང་རང་ལ་ཤར་བར་ཟད། །རང་བྱུང་རིག་དང་རྒྱུད་མེད་པར། །སོ་སོར་མ་འདྲེས་གང་གིས་རུང་། །ཞེས་དང་། འདི་ཉིད་ལས། ཤིང་གི་མེ་དཔུང་ལྟར་བརྗོད་པ། །དྲང་བ་ཙམ་སྟེ་འདོད་པ་མིན། །ཞེས་སོ། །གསུམ་པ་ནི། དགོངས་པ་ཐ་དད་ན། སྤྲུལ་པ་ཡང་ཐ་དད་པས། སྤྲུལ་སྐུ་བྱང་ཆུབ་སེམས་པ་རྣམས་ལ་སྣང་བ་དེ། གདུལ་བྱ་ཐམས་ཅད་ལ་མཐུན་པར་སྣང་བར་ཐལ་ཏེ། སྤྲུལ་པ་གཅིག་ལ་དུ་མར་སྣང་བ་དེ་ཐ་དད་པའི་ཕྱིར་རོ། །ལམ་ཆུང་ལས་ཀྱང་། ཉི་ཟེར་ཉི་མ་ཤིང་མེ་བཞིན། །ངོ་བོ་གཅིག་ལ་ཡེ་ཤེས་རྒྱུ། །སོ་སོ་ཡིན་ན་སྤྲུལ་པ་ཡང་། །སེམས་དཔའ་དེ་ཚེ་ཁྱད་མེད་འགྱུར། །ཞེས་སོ། །བཞི་པ་ནི། རྒྱལ་བས་སེམས་ཅན་གྱི་དོན་བྱེད་པའི་ཚེ། བགོ་བཤའི་ཚུལ་གྱིས་རེས་མོས་སུ་བྱེད་པར་ཐལ་ཏེ། དོན་བྱེད་མཁན་ཐ་དད་པའི་ཕྱིར་རོ། །འདོད་ན། མཉམ་པ་ཉིད་དུ་བྱེད་པར་བཤད་པ་དང་། སྐད་ཅིག་གཅིག་ལ་ལྷུན་གྱིས་གྲུབ། །ཅེས་པ་དང་། དོན་མཛད་རེས་མོས་སུ་དབྱེར་མེད་འགྱུར། །ཞེས་སོ། །ལྔ་པ་ནི། རྒྱུད་ཐ་དད་ན། སྐལ་ལྡན་རྣམས་ཀྱི་སྤྱན་དྲང་བའི་ཚེ། ཞི་བའི་སངས་རྒྱས་ལྟ་བུ་འོང་ལ། ཁྲོ་བོ་ལྟ་བུ་མི་འོང་བར་ཐལ་ཏེ། མགྲོན་ལ་བོས་མ་བོས་བཞིན་ནོ། །ལམ་ཆུང་ལས། སྤྱན་དྲངས་བྱོན་དང་མ་བྱོན་འགྱུར། །ཞེས་སོ། །གཉིས་པ་རང་ལུགས་ནི། རྒྱལ་བའི་དགོངས་པ་གཅིག་དང་ཐ་དད་ལས་གྲོལ་བ། དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་སྨྲ་བསམ་ལས་འདས་པའོ། །དེ་ཡང་དགོངས་འདུས་ལས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནི། རྟོག་དཔྱོད་དང་བྲལ་བའོ། །ཞེས་དང་། རྩ་རྒྱུད་ལས། གཅིག་དང་དུ་མར་བྲལ་བ་ཡི། །ཞེས་སོགས་བཞི་དང་། འདི་ཉིད་ལས། སོ་སོར་མེད་ཅིང་དེར་སོན་པ། །ཞེས་སོགས་བཞི་དང་། ཡང་། ངེས་པར་རྒྱུད་འདྲེས་མ་འདྲེས་པའི། །ཞེས་སོགས་གཉིས་དང་། ལམ་ཆུང་ལས། འཁོར་དང་མྱ་ངན་འདས་ཀུན་དངོས། །སྨྲ་བསམ་བྲལ་བས་འདི་འདྲ་མེད། །ཅེས་དང་། རྣམ་བཀོད་ལས། མཚོ་ཉིད་བརླབ་ལྟར་ཐམས་ཅད་ཀུན། །གདོད་ནས་རང་བྱུང་ཡེ་ཤེས་གཅིག །ཡེ་ཤེས་དེ་ཉིད་འདི་འདྲར་དཀའ། །མཐའ་བརྗོད་མ་ལུས་དེར་སྣང་ཕྱིར། །དུ་མ་ཉིད་དུ་གཅིག་པའོ། །དུ་མར་རྒྱ་ཆད་ཡོད་གྱུར་ན། །རང་བྱུང་ཀུན་སྣང་བདེན་མི་འགྱུར། །ཞེས་བཤད་དོ། །རྣམ་པ་གཅིག་ཏུ་དགོངས་རྒྱུད་དབྱེར་མེད་འདོད་པ་རྣམས། །རང་དོན་ཆོས་སྐུའི་དགོངས་པའི་དབང་ཡིན་གྱིས། གཞན་དོན་གདུལ་བྱའི་དོ་ལ་རྒྱུད་མ་འདྲེས་པ་ཡིན་ནོ། །དེ་ལྟར་མ་འདྲེས་པར་འདོད་པ་ནི། རྟེན་ཅན་གྱི་དོན་བྱེད་པར་འདོད་པ་གཅིག་པར་འདོད་པ་རྟེན་མེད་ཀྱི་དོན་བྱེད་པར་འདོད་པ་རང་ལུགས་དབྱེར་མེད་ནི། ངོ་བོ་ཉིད་ཀྱི་དོན་བྱེད་པར་འདོད་པའི་ལུགས་སུ་བལྟའོ། །གསུམ་པ་འབྲས་བུའི་ཁྱད་པར་ལ་གསུམ། བགྲང་། མདོར་བསྟན་པ་དང་། དྲང་། གསང་བའི་ཐེག་པ་ཐུན་མོང་མི་གཅིག་པའི་སྐུ་ལྔ་ལྷུན་གྲུབ་གྱི་རྒྱལ་བ་དྲུག་པ་དེའི། མིང་གི་རྣམ་གྲངས་ནི། གོང་ལྟར་བདེ་བར་གཤེགས་པ་དང་། དེ་བཞིན་གཤེགས་པ་དང་། བཅོམ་ལྡན་འདས། ཡང་དག་རྫོགས་པའི་སངས་རྒྱས་དང་། དགྱེས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་མིང་གི་རྣམ་གྲངས་མཐའ་ཡས་པ་བརྗོད་ཀྱང་། འདིར་ལུས་མདོར་བསྟན་ན་ངོ་བོ་ཚུལ་དང་ཁྱད་པར་གསུམ་ཡོད་པའི་གྲངས་ཀྱི་སྔ་མ། ངོ་བོ་དང་ཚུལ་གྱི་ཁྱད་པར་དང་། མིང་གི་རྣམ་གྲངས་ཀྱི་ཁྱད་པར་ཙམ་གཅིག །འདིར་མདོ་རུ་བསྡུས་ཏེ་བརྗོད་པའི་ཐེག་པ་སོ་སོའི་འབྲས་བུའི་ཁྱད་པར་གྱི་དོན་ཁུང་དུ་ཆུད་པར་གྱིས་ཤིག་ཅེས་གདམས་པའོ། །རྒྱས་པར་བཤད་པ་ལ་གསུམ། བགྲང་། ངོ་བོའི་ཁྱད་པར་དང་། དྲང་། ངོ་བོ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་དང་། དེ་རེ་རེ་ལའང་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔར་ལྷུན་གྱིས་གྲུབ་པའི་རྒྱལ་བ་དྲུག་པ་ཀུན་ཏུ་བཟང་པོ་དེ་ནི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་སྟེ་སྐུ་གསུམ་མམ། པདྨ་སྤྱན། ཡི་གེ་འཁོར་ལོ། ཡེ་ཤེས་བླ་མའི་ས་སྟེ། ས་གསུམ་རྫོགས་པའི་ཕྱིར་ལྷུན་གྲུབ་སྟེ། དབུ་མ། ཀྲི་ཡ། ཡོ་ག་མན་ཆད་ཐེག་པ་ཐུན་མོང་པ་སོ་སོའི་གཞུང་ལུགས་ཀྱི་མཐར་ཐུག །གྲུབ་མཐའ་འབྲས་བུའི་སངས་རྒྱས་དུ་མ་ཡོད་པ་དེ་དག་ལས། གྲངས་ཀྱིས་དཔགས་པ་ནི། ཀུན་ཏུ་འོད། ཀྲི་ཡ་རིག་གསུམ། ཡོ་ག་རིགས་ལྔ་ལས། འདིར་མ་ཧཱ་ཡོ་གའི་འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉི་ཤུ་རྩ་ལྔ་ལ་སོགས་བསམ་གྱིས་མི་ཁྱབ་པའམ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ལྷའི་དལ་དུ་མའི་གྲངས་རྫོགས་ཁྱད་པར་དཔགས་པ་དང་། ངོ་བོ་ནི། ཀུན་ཏུ་འོད། རྡོ་རྗེ་འཛིན། སྡུག་པོ་བཀོད་པ་ལས། འདིར་སྐུ་ལྔ་དབྱེར་མེད་ལྷུན་གྱིས་གྲུབ་པས་དཔགས་སོ། །བྱིན་རླབས་ནི། གསུམ་པས་རང་ས་ལས་མི་འགྲོ་ལ། །འདིའི་བྱིན་རླབས་ལས་ཡི་གེ་འཁོར་ལོ་འགྲོ་བར་སྣང་བས་སྤག་པ་དང་། དོན་བྱེད་རྒྱ་ཆེ་ཆུང་ནི། ཀུན་ཏུ་འོད་ཀྱི་ས་བཅུའམ། རང་རྒྱལ་མན་ཆད། ཀྲི་ཡ་དབུ་མ། ཡོ་གས་ཨུ་པ་ཡ། མན་ཆད་ལ་དོན་བྱེད་ལ། འདིས་ཡོ་ག་མན་ཆད་ལ་དོན་བྱེད་པས་རྒྱ་ཆེ་ཆུང་གིས་དཔག་པ་ན་འབྲས་བུ་རང་གི་ངོ་བོ་ཉིད་ཀྱི་ཁྱད་པར་ཡོད་པར་གསལ་ལོ། །འདིའི་དོན་རྒྱས་པར་བཤད་ན། དང་པོ། གྲངས་རྫོགས་མ་རྫོགས་ཀྱི་ཁྱད་པར་ནི་ཡོ་ག་མན་ཆད་ཀྱི་འབྲས་བུ་ནི། སྐུ་གསུམ་ཙམ་ཡིན་གྱི། མཐར་ཐུག་སྐུ་ལྔའི་འབྲས་བུ་མ་ཡིན་ཏེ། དེའི་རྒྱུ་མཚན་ནི། ལྟ་བའི་སྒྲིབ་པས་ཕྱེ་བ་ཡིན། ཞེས་གསུངས་པ་ནི། ལྟ་བ་བདེན་པ་དབྱེར་མེད་མ་རྟོགས་པ། ཆོས་སྐུ་གཟུགས་སྐུ་དབྱེར་མེད་རྡོ་རྗེའི་སྐུ་མ་ཐོབ། དེ་ལྟར་ན། ལྟ་བ་དབྱེར་མེད་མ་རྟོགས་པ་དེ་ཉིད། ཤེས་བྱའི་སྒྲིབ་པ་ཡིན་པས་སྤང་བྱ་ལྷག་མ་དང་བཅས་ལ་རྡོ་རྗེའི་སྐུ་མ་ཐོབ་པས། ཐོབ་བྱ་ལྷ་མ་དང་བཅས་པའོ། །སྐུ་ལྔས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རིགས་པ་ལ་བླང་དོར་མེད་པར་ལྷུན་གྱིས་གྲུབ་པར་མ་རྟོགས་པས། མངོན་པར་བྱང་ཆུབ་པའི་སྐུ་མ་ཐོབ། དེ་ལྟར་ན། ལྟ་བ་གོང་ལྟར་མ་རྟོགས་པ་དེ་ཉིད། ཤེས་བྱའི་སྒྲིབ་པ་ཡིན་པས། སྤང་བྱ་ལྷག་མ་དང་བཅས་ཤིང་། མངོན་པར་བྱང་ཆུབ་པའི་སྐུ་མ་ཐོབ་པས། ཐོབ་བྱ་ལྷག་མ་དང་བཅས་པས། སྤངས་ཐོབ་ལྷག་མ་ཅན་དུ་གྱུར་པའོ། །དེའི་ཕྱིར་སྐུ་གསུམ་ཙམ་གཅིག་ཐོབ་ཀྱང་། འབྲས་བུ་མཐར་ཐུག་པ་མ་ཡིན་ནོ། །ཤེས་བྱའི་གནས་ལུགས་འཁོར་འདས་དབྱེར་མེད་མི་འདོད་དེ། འབྲས་བུ་ཐོབ་པ་སྐུ་ཉིད་ཀྱང་འཁོར་བ་ལ་ལོངས་མི་སྤྱོད་དོ། །གཉིས་པ་ནི། འོག་མའི་ལོངས་སྐུ་དེ་ཉིད་ཀྱིས། འཁོར་བའི་ཆོས་ལ་ལོངས་སྤྱོད་མི་མཁྱེན་ཏེ། དང་པོ་འོག་མའི་དུས་ན། འཁོར་བ་བཅོས་བསླད་མེད་པར་འབྲས་བུའི་ངོ་བོ་ཡིན་པར་སྟོན་པའི་ཐབས་ཟབ་མོའི་མན་ངག་ལ་མ་བརྟེན་པར། དག་པ་ཕྱོགས་གཅིག་པའི་ལམ་ཁོ་ན་ལ་བརྟེན་པའི་འབྲས་བུ་ཡིན་པའི་ཕྱིར། དེ་མངོན་དུ་གྱུར་པའི་འབྲས་བུ་ལོངས་སྐུ་ཉིད་ལའང། འཁོར་བའི་ཆོས་ལ་བཅོས་བསླད་མེད་པར་ལོངས་སྤྱོད་པའི་ཐབས་མི་འོང་། དེའི་ཕྱིར་སྤྱོད་བྱེད་ཐབས་ལ་ཡང་བླང་དོར་ཡོད་མེད་ཀྱི་ཁྱད་པར་ཤིན་ཏུ་ཆེའོ། །གསུམ་པ་ནི། འོག་མའི་ལོངས་སྐུ་ཉིད་ཀྱིས་དགོངས་པ། སྤྱོད་བྱ་སྤྱོད་བྱེད་ཀྱི་བླང་དོར་དང་བཅས་ཏེ། དགོངས་པ་ཆོས་ཉིད་བླང་དོར་མེད་ཅིང་། རང་གིས་ངོ་བོ་ལས་མ་གཡོས་པའི་དོན། ཅི་ལྟ་བ་བཞིན་མངོན་དུ་བྱས་པའི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །འདིར་ནི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་ཀྱིས། འཁོར་བའི་ཆོས་མཐའ་དག་ལ་བླང་དོར་མེད་པར་ལོངས་སྤྱོད་དེ། དེའི་རྒྱུ་མཚན་ནི། གཞི་འཁོར་འདས་དབྱེར་མེད་ཀྱི་དོན་ཅི་ལྟ་བ་བཞིན་མངོན་དུ་བྱས་པའི་འབྲས་བུ་ཡིན་ཕྱིར། སྤྱོད་བྱའི་ཡུལ་ཕྱོགས་སུ་ལྷུང་མ་ལྷུང་གི་ཁྱད་ཡོད་དེ། སྤྱོད་བྱེད་ཀྱི་ཐབས་ནི། ནང་པའི་ལོངས་སྤྱོད་རྫོགས་པ་ནི། འཁོར་བའི་ཆོས་ལ་བླང་དོར་དང་བཅོས་བསླད་བདེ་བར་སྤྱོད་དོ་མཁྱེན་ཏེ། གནས་ལུགས་འཁོར་འདས་དབྱེར་མེད་ཡིན་པ་ལ། དེ་ཉིད་ཅི་ལྟར་བ་བཞིན་མངོན་དུ་གྱུར་པའི་ཐབས་ཀྱི། མན་ངག་ཟབ་མོ་ལ་བརྟེན་པའི་འབྲས་བུ་མངོན་དུ་གྱུར་པ་ཡིན་པའི་ཕྱིར། ནང་པའི་ལོངས་སྐུ་ཉིད་ཀྱི་འཁོར་བའི་ཆོས་མཐའ་དག་ལ། བཅོས་བསླད་བླང་དོར་མེད་པར་ལོངས་སྤྱོད་མཁྱེན་པ་ཡིན་ནོ། །དེའི་ཕྱིར། སྤྱོད་བྱེད་ཀྱི་ཐབས་ལ་བླང་དོར་ཡོད་མེད་ཀྱི་ཁྱད་པར་ཤིན་ཏུ་ཆེའོ། །ལོངས་སྤྱོད་པའི་ངོ་བོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་དགོངས་པར་རང་གི་ངོ་བོ། ཆོས་ཉིད་ལ་མ་གཡོས་པར་བདེ་བ་ཆེན་པོར་ལོངས་སྤྱོད་པའི་ཕྱིར། ངོ་བོ་སྤྱོད་བྱ་སྤྱོད་བྱེད་དང་བླང་དོར་ལས་གྲོལ་བའོ། །དེའི་ཕྱིར་སྤྱོད་པའི་ངོ་བོ་ལ་སྤྱོད་བྱ་སྤྱོད་བྱེད། བླང་དོར་ཡོད་མེད་ཀྱི་ཁྱད་པར་ཤིན་ཏུ་ཆེའོ། ལྔ་པ་ནི་སྤྲུལ་པའི་སྐུ་ལ། གདུལ་བྱ་ཞིང་གི་ཁྱད་པར་དང་། །གདུལ་བྱེད་ཐབས་ཀྱི་ཁྱད་པར་དང་། གདུལ་བྱའི་ངོ་བོ་ཁྱད་པར་དང་། དོན་བྱས་པ་འབྲས་བུའི་ཁྱད་པར་དང་དོན་བཞིའོ། དང་པོ་ནི། ཡོ་ག་མན་ཆད་ཀྱི་འབྲས་བུ་སྤྲུལ་སྐུ་དེས། ཉོན་མོངས་པ་སྦྱོངས་བ་དང་། བསྒྱུར་ཏེ་དག་པར་འདོད་པའི་གདུལ་བྱ་རྣམས་འདུལ་གྱིས། །ཉོན་མོངས་པ་རང་ཀ་མ་ལ་གནས་པའི་གདུལ་བྱ་མི་འདུལ་ཏེ། འོག་མའི་འབྲས་བུ་ནི། ཉོན་མོངས་པ་ཅི་བཞིན་པ་ཉིད་ལམ་དུ་མ་བྱས་ཤིང་། ཉོན་མོངས་པ་དག་པར་བྱེད་པའི་ཐབས་ཀྱིས་ལམ་ལ་བརྟེན་པའི་འབྲས་བུ་ཡིན་པས། འོག་མའི་སྤྲུལ་སྐུས་ཉོན་མོངས་པ་ལ་གནས་པའི་གདུལ་བྱ་མི་འདུལ་བའོ། །དེའི་ཕྱིར་གདུལ་བྱའི་ཞིང་ཕྱོགས་ལྷུང་ཅན་ཡིན་ནོ། །གཉིས་པ་ནི། འོག་མའི་སྤྲུལ་སྐུས། ཉོན་མོངས་པ་དག་པར་བྱེད་པའི་གདུལ་བྱ་རྣམས། འདུལ་མཁྱེན་གྱི། ཉོན་མོངས་པ་རང་ཁ་མར་གནས་པའི་གདུལ་བྱ་འདུལ་མི་མཁྱེན་ཏེ་ཉོན་མོངས་པ་ཅི་ལྟ་བ་བཅོས་བསླད་མེད་པར་ཉམས་སུ་ལེན་པ་ཐབས་ཀྱིས་ལམ་ཟབ་མོ་ལ་བརྟེན་པར། ཉོན་མོངས་པ་དག་པར་བྱེད་པའི་ཐབས་ཀྱི་ལམ་ལ་བརྟེན་པའི་འབྲས་བུ་ཡིན་པས། འོག་མའི་སྤྲུལ་སྐུ་ལ་ཉོན་མོངས་པ་རང་ཀ་མ་ལ་སྤྱོད་པའི་གདུལ་བྱ་འདུལ་བའི་ཐབས་མི་མངའ་བའོ། །དེའི་ཕྱིར་གདུལ་བྱེད་ཀྱི་ཁྱད་པར་བླང་དོར་དང་བཅས་པའོ། །གསུམ་པ་ནི། འོག་མའི་སྤྲུལ་སྐུས། གདུལ་ཡུལ་དུ་དམིགས་ནས་དེ་ལ་དེ་སྟོན་མཛད་པས། གདུལ་བྱ་གདུལ་བྱེད་ཀྱི་གཟུང་འཛིན་བླང་དོར་དང་བཅས་པའོ། །བཞི་པ་ནི། འོག་མས་གདུལ་བྱ་རྣམས་ཀྱིས་དོན་བྱས་པའི་ཚེ་དེའི་ཡོན་ཏན་གདུལ་བྱ་ལས་དག་པ་ཉིད། གནས་སྐབས་ཀྱི་འབྲས་བུ་སྐུ་གསུམ་ཙམ་ལ་སྦྱོར་གྱི། མཐར་ཐུག་གི་འབྲས་བུ་སྐུ་ལྔ་ལ་སྦྱོར་མི་ནུས་སོ། ༈ །འདི་ནི། སྤྲུལ་སྐུས་དོན་བྱེད་ཚུལ་བཞི་ཡོད་པའི་དང་པོ། གདུལ་བྱ་ཞིང་གི་ཁྱད་པར་ནི། ནང་པའི་སྤྲུལ་སྐུས་ཉོན་མོངས་པ་དག་པར་འདོད་པའི་གདུལ་བྱ་དང་། ཉོན་མོངས་ལ་རང་ཀ་མ་ལ་ཞེན་པའི་གདུལ་བྱ་མཐའ་དག་འདུལ་བར་མཛད་དེ། ཉོན་མོངས་པ་ཉིད་ལམ་དུ་བྱས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གདུལ་བྱའི་ཞིང་ཕྱོགས་མེད་ཡིན་ནོ། །གཉིས་པ་ནི། ནང་པའི་སྤྲུལ་སྐུས། ཉོན་མོངས་པ་དག་པར་འདོད་པའི་གདུལ་བྱ་དང་། ཉོན་མོངས་རང་ཀ་མ་ལ་ཞེན་པའི་གདུལ་བྱ་གཉིས་ཀ །འདུལ་བའི་ཐབས་ཁྱད་པར་ཅན་མཁྱེན་ཏེ། དངོས་པོའི་གནས་ལུགས་ཉོན་མོངས་པ་དང་བྱང་ཆུབ་སེམས་དཔའ་གཉིས་སུ་མེད་པའི་དོན་མཐར་ཐུག་ཅི་བཞིན་པ་ཉིད། ཕྱིན་ཅི་མ་ལོག་པར་སྟོན་པའི་མན་ངག་ཟབ་མོའི་ལམ་ལ་བརྟེན་པའི་འབྲས་བུ་མཐར་ཐུག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདུལ་བའི་ཐབས་ཁྱད་པར་ཅན་མངའ་བས་བླང་དོར་ཅན་གྱི་ཕྱོགས་ལས་གྲོལ་བའོ། །གསུམ་པ་ནི། ནང་པའི་སྤྲུལ་སྐུས། གདུལ་བྱའི་དོན་མཛད་པའི་ཚེ་གདུལ་བྱ་ཐ་དག་རྒྱལ་བའི་དཀྱིལ་འཁོར་ཉིད་ལ་མ་གཡོས་པའི་ངང་ལས་དོན་མཛད་པས། གདུལ་བྱ་གདུལ་བྱེད་ཀྱི་གཟུང་འཛིན་དང་བླང་དོར་གྱི་ཕྱོགས་ལས་གྲོལ་བའོ། །བཞི་པ་ནི། ནང་པའི་སྤྲུལ་སྐུས། གདུལ་བྱ་མཐའ་དག་ལ་དོན་མཛད་པའི་ཡོན་ཏན་མཐར་ཐུག་གི་འབྲས་བུ་སྐུ་ལྔ་ལ་སྦྱོར་བས་དོན་མཛད་པའི་ཡོན་ཏན་མཆོག་ཏུ་གྱུར་པའོ། །དགོངས་པའི་བཞུགས་ཚུལ་གྱི་ཁྱད་པར་དང་། དྲང་། སངས་རྒྱས་དེ་དག་གི་དགོངས་རྒྱུད་བཞུགས་ཚུལ་ཀུན་ཏུ་འོད། རྡོ་རྗེ་འཛིན་པ། རྡོ་རྗེ་འཆང་། སྡུག་པོ་བཀོད་པ་སྟེ། ས་བཞིའི་རྒྱལ་བ་དག །དབུ་མ་པ་རྒྱུད་གཅིག་ཏུ་འདྲེས་པར་འདོད་པ་དང་། སེམས་ཙམ་པས་དེ་ལས་གྲོལ་ཏེ་ཐ་དད་པར་སྨྲ་བ། མ་ཧཱ་ཡོ་གའི་ས་འདི་དྲང་བའི་ཐབས་ཀྱིས་དོན་ཙམ་དུ་བསྟན་པ་ཡིན་ལ། ངོ་བོ་ནི་གོང་དུ་བཤད་པ་བཞིན་གཅིག་ཐ་དད་ལ་གྲོལ་བར་གནས་པའི་ཕྱིར་ན། དགོངས་པའི་རྒྱུད་ཀྱི་བཞུགས་ཚུལ་གྱི་ཁྱད་པར་ནི་བློས་བསམ་པའི་ཚད་ལས་འདས་པའོ། །མིང་གི་རྣམ་གྲངས་ཀྱི་ཁྱད་པར་ལ་བཞི། བགྲང་། བདེར་གཤེགས་སམ་དེ་བཞིན་གཤེགས་པའི་ཁྱད་པར་ལ་གཉིས་ཐུན་མོང་གི་ཐེག་པར་བདེ་བར་དེ་བཞིན་དུ་གཤེགས་པ་དང་། དེ་ལ་མ་ཧཱའི་བདེ་བ་དེ་བཞིན་དུ་གཤེགས་པས་དཔག་པའོ། །དང་པོ་ལ་གསུམ། གྲོལ་ལམ་གྱི་དེ་བཞིན་དཔག་ཚུལ་དང་། ཐབས་ལམ་གྱི་གཤེགས་ཚུལ་དང་། ཤག་ཐུབ་གཤེགས་པ་ལྟར་གཤེགས་ཚུལ་ལོ། །དང་པོ་ལ་གཉིས། བགྲང་། མཚན་ཉིད་ལུགས་ཀྱི་གཤེགས་ཚུལ་དང་། དྲང་། འབྲས་བུའི་མིང་གི་རྣམ་གྲངས་ཀྱི་ཁྱད་པར་ནི། རྒྱུའི་ཐེག་པ་ཆེན་པོ་ཡིན་ཀྱང་འབྲས་བུ་སྔགས་ཀྱི་ཐེག་པ་ལ་ལྟོས་ན་ལྟ་སྤྱོད་དམན་པ། བྱང་ཆུབ་སེམས་དཔའི་ཐེག་པ་དབུ་མ་སེམས་ཙམ་པས། རྒྱུ་ཐུན་མོང་གི་ཚོགས་བསོད་ནམས་ཡེ་ཤེས་གཉིས་བསགས་པའམ། གྲོལ་ལམ་གྱི་སྟོབས་ཀྱིས་འབྲས་བུ་ཀུན་ཏུ་འོད་ཀྱི་ས་ལ་བདེ་བར་གཤེགས་ཤིང་། དོན་དམ་སྐྱེ་བ་མེད་པའི་ཆོས་ཉིད་སྟོང་པའི་དེ་བཞིན་ཉིད་ཀྱི་ངང་དུ་གཤེགས་པ་དེ་ཡང་། དུས་ཀྱི་དབང་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་པ་ལ་སྦྱང་དགོས་པའི་ཕྱིར་རོ། །སྔ་མ་བཞིན་དུ་ཐུན་མོང་གི་ཚོགས་གཉིས་ལ་བརྟེན་ནས། དེ་བཞིན་ཉིད་དུ་གཤེགས་པ་ཉིད་དང་། སྔགས་ཕྱི་པའི་ལུགས་ཀྱིས་གཤེགས་ལུགས་དང་། དྲང་། གསང་བ་སྔགས་ཕྱི་པའང་ཀྲི་ཡ་བྱ་བའི་ལུགས་ཀྱིས་དབྱིངས་གཉིས་སུ་མེད་པར་རྟོགས་པའི་ཤེས་རབ་དང་། ཆོ་གའི་ཡན་ལག་ཀུན་རྫོབ་ཏུ་རྣལ་འབྱོར་གྱི་ལྷ་དྲུག་གིས་བསྐྱེད་པ་དང་། བཟླས་པའི་གྲངས་རྫོགས་པའི། འབྲས་བུ་ལམ་དུ་བྱས་པས་དགོངས་པ་བདེ་བར་གཤེགས་པའམ་འབྲས་བུ་ཀྲི་ཡ་རྡོ་རྗེ་འཛིན་གྱི་སར་གནས་ལུགས་དེ་བཞིན་ཉིད་དུ་གཤེགས་པའོ། །ཐབས་ལམ་གྱི་གཤེགས་ལུགས་ལ་གཉིས། མཚན་ཉིད་ལུགས་ཀྱི་གཤེགས་དང་། དྲང་། གྲོལ་ལམ་དུ་གཤེགས་པ་ལས་ཡང་ན་ཐབ་ལམ་དབང་གི་གཤེགས་པ་ནི། དབང་གནས་གོང་དུ་བསྐུར་ན། སྤྱིའི་གནས་རྒྱ་གར་གྱི་བྱ་རྒོད་ཕུང་པོའི་རིའི་འདབ་ལོགས་ཀྱི་ས། བྱེ་བྲག་ཏུ་བསོད་ནམས་དང་སྐལ་བ་མེད་པ་ཕལ་གྱི་ཡུལ་མིན་ཅིང་ཡིད་ཚོད་དུ་མ་གྱུར་པའི་གནས་དགོན་ཕུག་བྱེ་མ་འདབ་སྣ་ཞེས་བྱ་བ་རུ་བསྐུར། གང་གིས་བསྐུར་ན། དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བསྐུར། གང་བསྐུར་ན། དགེ་སློང་འདི་ནི། བཅོམ་ལྡན་འདས་ཀྱིས་ཞལ་མཐོང་བའི་འཁོར་ཏེ་ཞེས་བདེན་པའི་ཚིག་གིས་བསྐུར། གང་ལ་བསྐུར་ན། བྲམ་ཟེ་ལ་ཟ་རྒན་མོའི་བུ་དགེ་སློང་ས་རི་ཞེས་བྱ་བ་ལ་བསྐུར་དགོས་ཆེད་ཅིའི་བསྐུར་ན། རྒྱལ་ཚབ་ཏུ་བྱུང་བའི་ཕྱིར་བསྐུར། རྫས་གང་ལ་བརྟེན་ནས་དབང་བསྐུར་བརྩི་བཞིན་ནོ། །དེ་ཡང་། རྣ་རྒྱུད་རྡོ་རྗེ་ཟམ་པ་ལས། བྱ་རྒོད་ཕུང་པོའི་འདབས་ལོགས་སུ། །དགོན་ཕུག་བྱེ་མ་འདབས་སྣ་རུ། །དངོས་པོར་ལྟ་བའི་རིག་ཅན་དེ། བྲམ་ཟེ་ལ་ཟ་རྒན་མོའི་བུ། །དགེ་སློང་ས་རི་ཞེས་བྱ་བ། །རང་གིས་སྡུག་བསྔལ་ཟག་པ་ཟད། །རྒྱལ་ཚབ་སྐྱེས་བུའི་ས་འཛིན་ཟེར། །དགེ་སློང་ལྟ་བརྒྱ་སྟོང་གཅིག་འདུས། །སྐྱེས་བུ་ཆེན་པོར་དབང་བསྐུར་རོ། །ཞེས་བཤད་དོ། །ཡང་ལུགས་གཅིག་ལ། ལུང་སྦྱོར་འདི་ལྟར་བྱས་སྣང་། བྱང་ཆུབ་སེམས་དཔའི་དབང་དུ་ཡིན་པ་འདྲ་སྟེ། རྣ་རྒྱུད་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །འདུལ་བའི་སྡོམ་པ་དམ་མནོས་ཏེ། །བདེན་གཉིས་རྟོགས་པའི་ལམ་བསྟན་ཏེ། །སེམས་ཅན་རྒྱུད་ཀྱི་མཚན་རྟོགས་ནས། །ཞི་གནས་འབྲེལ་པའི་གནས་དྲུག་སྦྱར། །ལྷག་མཐོང་གསལ་བའི་སྐབས་གསུམ་བཀོད། །ཞི་གནས་བརྟན་པའི་གནས་གཉེར་བས། །ཏིང་འཛིན་རྣམ་གཉིས་ཟུང་འབྲེལ་ནས། །སྟོང་པ་ནམ་མཁའི་དེ་ཉིད་བྱ། །ཟླ་བ་གཅིག་གི་བརྟན་གྱུར་ནས། །དེ་ཉིད་སྟོང་པར་བརྟན་པར་བྱ། །དེ་ཉིད་སྟོང་པའི་ཀློང་ཆེན་ལས། །ཆར་ཆེན་དབུགས་ཆེན་འབྱིན་པ་ཡིན། །སྐལ་པ་དུ་མ་གནས་པའང་སྲིད། །སྨོན་ལམ་སྟོབས་དྲག་མྱུར་དུའང་འགྲུབ། །སྐུ་བྱིན་ལྡན་པས་ཕྱག་བརྐྱང་ནས། ། ཕྱག་གི་གདུགས་ཀྱིས་བཀབ་ནས་ནི། །ཞི་གནས་བརྟན་པའི་དབྱིངས་ནས་བསླང་། །མཚན་མའི་ཐབས་ཀྱི་བརྟེན་བྱས་ཏེ། །མཚོན་པའི་སྐུ་ཡི་རྒྱ་ལྡན་བྱས། །བདེ་གཤེགས་ཞིང་ཁམས་ཀུན་ཏུ་བསྒྲགས། །རྡོ་རྗེ་བུམ་པ་ན་བཟའ་དང་། །རང་རྟགས་ཕྱག་རྒྱས་དབང་སྐུར་ཏེ། །རིག་པ་མཆོག་གི་དབང་རྣམས་བཀུར། །འདོད་ལ་མོས་པའི་ཚིག་ཡིན་པས། །ང་རྒྱལ་མཚན་མའི་བདེ་བ་ཐོབ། །དེ་ཡང་བཅོས་མའི་དབང་གིས་བདེ་གཤེགས་པའོ། །ཞེས་སོ། ༈ །ཀྲི་ཡའི་ལུགས་ཀྱིས་གཤེགས་པའོ། །དྲང་། དབང་བསྐུར་བའི་གནས། གང་དུ་བསྐུར་ན། སྤྱིའི་གནས་བ་ར་ན་སེའི་བྱེ་བྲག་ཏུ། རྨེ་ཁྲོད་དང་བརྩེག་པ་སྟེ། མི་གཙང་བའི་དྲི་མ་མེད་པས། བསིལ་ཁང་གི་ནང་དུ་བསྐུར། གང་ལ་བསྐུར་ན། དམ་པ་ནི་ཀྲི་ཡ་ཡི་བསྟན་པ་ཡིན་ལ། དེའི་རིགས་སུ་བྱུང་བས་རིགས་ཅན་ཏེ། སི་དྷུ་ཏྲ་བ། བྲམ་ཟེ་ཁྱིམ་བདག་ཀུ་ཀུ་ར་ཛ་གསུམ་ལ་བསྐུར། གང་གིས་དབང་བསྐུར་ན། གཙང་མ་ལག་ན་རྡོ་རྗེས་བསྐུར། །རྗས་གང་ལ་བརྟེན་ནས་བསྐུར་ན། །རྡོ་རྗེ་རྒྱ་གྲམ་ལ་སོགས་པ་ལྷའི་མངོན་རྟགས་བརྒྱད་དམ་དགུས་བསྐུར། དགོས་ཆེད་ཅིའི་ཕྱིར་བསྐུར་ན། རིགས་གསུམ་རྡོ་རྗེ་འཛིན་པའི་ས་ལ་དགོད་པའི་ཆེད་དུ་དབང་བསྐུར་ནས། འབྲས་བུ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པའི་ཚུལ་ཅི་བཞིན་དུ། རྗེས་སུ་འཇུག་པ་རྣམས་ཀྱང་དེ་བཞིན་དུ་མཐུན་ནོ། །དེ་ཡང་རྣ་རྒྱུད་རྡོ་རྗེ་ཟམ་པ་ལས། བ་ར་ན་སེའི་བསིལ་ཁང་དུ། །གཙང་མ་ལག་ན་རྡོ་རྗེ་ཡིས། །ལག་མཐིལ་གཙང་མའི་དྲིས་བྱུག་སྟེ། །རིགས་གསུམ་སྟོབས་ཀྱི་དལ་གྱི། །དམ་པ་གསུམ་ལ་ངེས་པར་བསྟན། །བརྟེན་པའི་ཚིག་གིས་དབང་འདི་ནི། །འདོད་ལ་མོས་པའི་སྐམ་ཆགས་ཅན། །ང་རྒྱལ་མཚན་མའི་དབང་ཐོབ་བོ། །ཞེས་གསུང་། ཤཱཀ་ཐུབ་ལྟར་གཤེགས་པ་ལ་གཉིས། བགྲང་། ཐེག་པ་གསུམ་པ་ཐོབ་པ་རང་གི་གཤེགས་ལུགས་དང་། །དྲང་། སྔོན་བྱུང་དུ་སངས་རྒྱས་ཐུབ་པའི་དབང་པོ་ཡང་། གོང་གི་ཐུན་མོང་ལམ་གྱིས་ཚུལ་དེ་དག་ཅི་ལྟ་བ་བཞིན་དུ། ཀུན་ཏུ་འོད་དང་། རྡོ་རྗེ་འཛིན་དང་། རྡོ་རྗེ་འཆང་གི་ས་ལ་གཤེགས་པའང་རྒྱུ་ཡི་ཐེག་པའི་བཀའ་དང་། བྱ་བ་ཀྲི་ཡ་ཡིས་རྒྱུད་དང་། གཉིས་ཀ་སྤྱོད་པ་ཨུ་པ་ཡ་ཡིས་རྒྱུད་ལ་སོགས་རང་རང་སོ་སོའི་གཞུང་ལས་ཅི་ལྟར་གྲགས་པ་བཞིན་དུ་གཤེགས་པ་ཡིན་ནོ། །ཡོ་གའི་གཞུང་ལྟར་གཤེགས་ལུགས་སོ། །དྲང་། རྣལ་འབྱོར་ཡོ་གའི་གཞུང་གི། དབང་གང་ལ་བསྐུར་ན། རྒྱལ་བུ་དོན་ཐམས་ཅད་གྲུབ་པར་གྲགས་པ་དེ་ཉིད་ལ་བསྐུར། གནས་གང་དུ་བསྐུར་ན། ཆུ་བོ་ནཻ་ར་ཛྙ་ནའི་འགྲམ་ལོགས་སུ་བསྐུར། དུས་ནམ་གྱི་ཚེ་བསྐུར་ན། ལོ་དྲུག་ཏུ་ཆུ་ཐིག་པ་རེ་འབྲས་ཉག་མ་རེ་གསོལ་བ་དཀའ་ཐུབ་ཀྱི་དཀའ་བ་སྤྱོད་པའི་ཚེ་བསྐུར། གང་གིས་བསྐུར་ན། ཕྱོགས་བཅུའི་སྤྲུལ་པ་གསང་བའི་སྐུ་རྣམས་དང་། ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔས་བསྐུར། དགོས་ཆེད་ཅིའི་བསྐུར་ན་འོག་མིན་དུ་ལོངས་སྐུ་རྣམ་སྣང་དུ་སངས་རྒྱ་བར་བྱ་བའི་ཕྱིར་བསྐུར། རྫས་གང་ལ་བརྟེན་ནས་བསྐུར་ན། རིན་ཆེན་སྣ་བདུན་ལ་བརྟེན་ནས་བསྐུར་ཚུལ་ཅི་ལྟར་དུ་བསྐུར་ན། སྟོང་པ་ཉིད་དང་། གདན་ཟླ་བ། གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། སྐུ་ཡོངས་སུ་རྫོགས་པ་དང་། མངོན་པར་བྱང་ཆུབ་པའི་ཡན་ལག་རྣམ་པ་ལྔ་མངོན་དུ་བསྟན་ཏེ་དབང་བསྐུར་བས། དེའི་འབྲས་བུ་འོག་མིན་སྡུག་པོ་བཀོད་པའི་གནས་ཉིད་དུ། རྒྱལ་བུ་དོན་གྲུབ་དེ་ཉིད། སྤྲུལ་པའང་ལུས་ཀྱི་དཀའ་ཐུབ་མཛད་པའི་ཁོག་པ་ནས། ལོངས་སྐུ་ཡེ་ཤེས་སྒྱུ་མའི་སྐུ་བཅོམ་ལྡན་འདས་དཔལ་རྣམ་སྣང་གི་ལུས་སུ་བདེ་བར་གཤེགས་ཏེ་སངས་རྒྱས་ནས། རི་རབ་ཀྱི་རྩེ་མོར་རིན་པོ་ཆེའི་ཁང་བུ་བརྩེགས་པར། ཡོ་ག་གཞུང་དུམ་བུ་བཞི་པའི་ཆོས་ཀྱི་འཁོར་ལོ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བསྐོར་བ། དེ་བས། མ་ཧཱ་ལ་ལྟོས་ན། འཁོར་གྱི་རྟོག་པ་ལ་སྣང་བའི་གཟུགས་སྐུ་ཡིན་ནོ། །དེ་ལྟར་ན། དབང་རྡོ་རྗེ་ཟམ་པ་ལས། རིན་ཆེན་སྡུག་པོ་བརྩེག་པའི་ཁང་། །རི་བོ་འབར་བའི་རྩེ་མོ་ལ། །དབང་ཕྱུག་ལག་ན་རྡོ་རྗེ་ཡིས། །རྡོ་རྗེ་དབྱིངས་ཀྱི་ད་ལ་དུ། །རང་བཞིན་ད་ལ་མངོན་དུ་བྱུང་། །དམ་པ་ལྔ་ལ་མངོན་དུ་བསྟན། །ལྷ་བྲག་རྡོ་རྗེའི་རྫོགས་ཕུག་ཏུ། །གཙང་མའི་རིན་ཆེན་གྲལ་དུ་འཁོད། །ཅེས་བཤད་དོ། །མ་ཧཱའི་དེ་བཞིན་ཉིད་ཀྱི་གཤེགས་ལུགས་ལ་གསུམ། བགྲང་། ཐབ་ལམ་གྲོལ་ལམ་གཉིས་མེད་ཀྱི་སྒོ་ནས་གཤེགས་ལུགས་དཔག་པ་དང་། དྲང་། མ་ཧཱ་རང་གི་བདེ་བར་གཤེགས་པ་གང་ཞེ་ན། ནང་ཐབས་ཀྱི་ལམ་དང་ཕྱི་རབ་གྲོལ་བའི་ལམ་གཉིས་སམ། ཡང་ན་སྣང་བ་ཐབས་དང་ཤེས་རབ་སྟོང་པ་གཉིས་མེད་ཀྱི་ལམ་གྱི་སྒོ་ནས། ངོ་བོ་ཉིད་སྙིང་པོ་བྱང་ཆུབ་ཀྱི་སར་འགྲོ་འོང་གི་རྟོགས་པ་མེད་པར་སྙིང་པོ་བྱང་ཆུབ་ཏུ་བདེ་བར་གཤེགས་ཏེ། གཞི་གནས་ལུགས་ཆོས་ཉིད་ཅི་བཞིན་པ་ཐུན་མོང་མ་ཡིན་པའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་ངང་དུ་ནར་སོན་ཅིང་མངོན་དུ་བྱས་པའི་བདེ་བར་གཤེགས་པ་དེ། འོག་མའི་བདེ་བར་གཤེགས་པ་ལས། དགོངས་པ་རྒྱུད་ཀྱི་གནས་ཚུལ་དང་། འབྲས་བུ་རང་གི་དངོས་པོ་ཤིན་ཏུ་ཁྱད་པར་དཔག་པས་ན་ཆེ་བའོ། །ཤཱཀ་ཐུབ་གཤེགས་ལུག་ལྟར་གཤེགས་པའི་དཔགས་པ་དང་། དྲང་། དེ་ཡང་དབང་གང་དུ་བསྐུར་ན། ཆུ་བོ་ནཻ་ར་ཛྙ་ནའི་འགྲམ་ལོགས་སུ་བསྐུར། གང་ལ་བསྐུར་ན། རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དཀའ་ཐུབ་ལུས་ཅན་དེ་ཉིད་ལ་བསྐུར། གང་གིས་བསྐུར། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དབྱར་གྱི་ནམ་མཁའི་སྤྲིན་དཔུང་བཞིན་དུ། འདུས་པ་རྣམས་ཀྱིས་བསྐུར། རྫས་གང་ལ་བརྟེན་ནས་བསྐུར་ན། ཕལ་གྱི་སྤྱོད་ཡུལ་མ་ཡིན་པ་གསང་བའི་ལོངས་སྤྱོད། ཁ་སྦྱོར་གྱི་བདེ་བའི་རྫས་ཐིག་ལེ་ལ་བརྟེན་ནས་བསྐུར་བའམ། ཡང་ན། ཕྱོགས་བཅུའི་རྒྱལ་བ་སྤྲིན་བཞིན་འདུས་པ་གསང་བའི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ཀྱིས་བསྐུར། དུས་རྣམས་ཀྱི་ཚེ་བསྐུར་ན། སྲོད་ལ་རྣམ་པར་རྟོགས་པ་ནུས་པ་དང་། །ཐོ་རངས་ཡེ་ཤེས་འཆར་བའི་དུས་ཉིད་དུ། །ལོངས་སྐུ་ཡབ་ཡུམ་གཉིས་སུ་མེད་པར་རོལ་པའི་ཐིག་ལེ་ཉི་ཟླ་བྱང་སེམས་ལྕེ་ཐོག་ཏུ་བཞག་སྟེ། ཁར་ཟ་བའི་དབང་རྫས་བྱིན་ཏེ་གསང་དབང་བསྐུར་ཅིང་། ཡབ་ཡུམ་གཉིས་སུ་མེད་པར་རོལ་པའི་ཀ་ར་སྦྱོར་ཐབས་ཀྱི་བསྟན་ཏེ་སྦྱོར་དུ་བཅུག་པ་ཡིས། ཐིག་ལེ་ལུགས་སུ་འོང་བ་ཡས་འབབ་ཀྱི་དགའ་བ་བཞི་ལ་ཤེས་རབ་ཡེ་ཤེས་ཏེ། ཡེ་ཤེས་རང་གནས་དང་། ཐིག་ལེ་ལུགས་སུ་བཟློག་པ་མས་བརྟེན་གྱི་དགའ་བ་བཞི་ལ་ཤིན་ཏུ་བསྟན་པ་སྟེ་བདེ་བ་ཆེན་པོའི་དབང་རྫོགས་པར་ཐོབ་པས། སྐྱེ་བ་མེད་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དོན་མངོན་བྱས་ཏེ། རྒྱལ་བུ་དོན་གྲུབ་ཉིད་ཐེག་པ་གཞན་ཡོ་གའི་གཞུང་གི་རྣམ་སྣང་དུ་གཤེགས་པའི་ཚུལ་དེ་བཞིན་དུ། འདིར་མ་ཧཱ་ཡོ་གའི་གནས་ལུགས་བདེ་བ་ཆེན་པོའི་དེ་བཞིན་ཉིད་དབྱེར་མེད་ཀྱི་ངང་དུ་སྐུ་ལྔ་ལྷུན་གྲུབ་ཀུན་ཏུ་བཟང་པོར་གཤེགས་པའོ། །ཡང་ན། གཞི་ཆོས་ཉིད་ཅི་ལྟ་བའི་དེ་བཞིན་ཉིད། འབྲས་བུའི་སར་དེ་བཞིན་གཤེགས་པའོ། །ཡང་ན་ལུགས་གཅིག་པ་ལ་གང་ལ་བསྐུར་ན། །རྒྱལ་བུ་དོན་འགྲུབ་ཉིད་དཀའ་ཐུབ་ལུས་ཅན་དུ་བཞུགས་པ་ལ་བསྐུར། གང་གིས་བསྐུར་ན། ཕྱོགས་བཅུའི་རྒྱལ་བ་སྤྲིན་བཞིན་འདུས་པས་བསྐུར། གང་བསྐུར་ན་གསང་བའི་ལོངས་སྤྱོད་ཀྱིས། ཞེས་པ་དང་། འོག་ནས་ཉི་ཟླ་ཟ་བའི་དབང་སྦྱིན་ཅིང་། ཞེས་པ་དང་། ཡེ་ཤེས་བརྟེན་རྫོགས་དབང་ཞེས་པས་བསྐུར། དེ་ཡང་གསང་བ་བྱང་ཆུབ་སེམས་ཀྱིས་ལོངས་སྤྱོད་ཀྱི་ཚེ། དབང་སྐུར་ན། སྲོད་ལ་རྟོགས་པ་སྐྱེ་བའི་དུས་སུ་ཐོབ་པ། གང་གིས་བསྐུར་ན། འོག་ན་རོལ་པའི་ཀ་ར་ནས། ཕྲིན་ལས་ཀྱི་སྦྱོར་ཐབས་དྲུག་ཅུ་ཡིས། ཉི་མ་ཡུམ་གྱི་བྱང་སེམས། ཟླ་བ་ཡབ་ཀྱི་བྱང་སེམས་གསང་བའི་དབང་བྱིན་ཅིང་ཞེས་བྱ་སྟེ། གསང་བའི་དབང་སྐུར་བའོ། །ཟབ་མོའི་དབང་ཕྱི་མ་གཉིས་བསྐུར་བ་ནི། དུས་ནམ་བསྐུར་ན། ཡ་ཀིར། ཐོ་རངས་དུས་ཉིད་དུ། ཞེས་པས། ཐོ་རང་ཡེ་ཤེས་འཆར་བའི་དུས་ཉིད་དུ། གང་བསྐུར་ན། ཡེ་ཤེས་བརྟེན་རྫོགས་དབང་ཐོབ་ནས། ཞེས་པས། ཡེ་ཤེས་རང་གནས་ཤིན་ཏུ་བརྟེན་པ་ནི། དབང་རྫོགས་པར་བསྐུར་བ་ཐོབ་པས་དབང་ཐོབ་པའི་ཡོན་ཏན། བདེ་བར་གཤེགས་པ་ནི། ཤཱཀ་ཐུབ་གཤེགས་པ་དེ་བཞིན་དུ། རྗེས་འཇུག་རྣམས་ཀྱང་དེ་བཞིན་གཤེགས་པའོ། །དེས་ན་ཐེག་པ་འོག་མ་ལས་དཔག་ཚུལ་གཏན་ཚིགས་དང་བཅས་པའོ། །དྲང་། མ་ཧཱ་ཡོ་གའི་གཤེགས་ལུགས་དེ་ཡིས་ཕྱིར་ཐུན་མོང་གི་ཐེག་པ་རྒྱུ་མཚན་ཉིད་དང་། ཀྲི་ཡ་དང་། ཡོ་ག་རྣམ་པ་གསུམ་ལས། མ་ཧཱ་ཡོ་གའི་གཤེགས་ལུགས་ཀྱི། བྱང་བ་བཞི་ནི། བྱང་སེམས་ཀུན་ཏུ་འོད། ཀྲི་ཡ་རྡོ་རྗེ་འཛིན་པ། ཡོ་ག་སྡུག་པོ་བཀོད་པ། མ་ཧཱ་ཡོ་ག་པདྨ་སྤྱན་མངོན་དུ་བྱས་ཙམ་ན། རྣམ་པར་མི་རྟོག་པ་དང་། རིགས་གསུམ་སྟོབས་སུ་བྱས་པའི་ས་དང་། མཚན་བཅས་མཚན་མེད་དང་། དཔའ་བར་འགྲོ་བའམ། བདེན་པ་གཉིས་སུ་མེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། ས་བཅུ་རྒྱུན་མཐའ་དང་། ཀུན་ཏུ་འོད་དང་། རྡོ་རྗེ་འཛིན་དང་། སྡུག་པོ་བཀོད་པ་མན་ཆད་ཀྱི་ལྟ་སྒྲིབ་བྱང་བའོ། །དང་ནི་སྡུད་པའི་ཚིགས་ཡིན་ཆུབ་པ་བཞི་ནི། འབྲས་བུ་ཀུན་ཏུ་འོད་སྐུ་གསུམ་དང་། རིགས་གསུམ་དང་། རིགས་ལྔ་དང་། པདྨ་སྤྱན་གྱི་སྐུ་ལྔ་ཡེ་ཤེས་ལྔར་ཆུབ་པའོ། །བདེ་བར་གཤེགས་པ་བཞི་ནི། ཀུན་ཏུ་འོད་སོགས་བཞི་མངོན་དུ་བྱས་ཙམ་ན། རྒྱུན་མཐའ་དང་ཀུན་ཏུ་འོད་དང་། རྡོ་རྗེ་འཛིན་དང་། སྟུག་པོ་བཀོད་པ་མན་ཆད་ཀྱི་ལྟ་སྒྲིབ་ཀྱི་ཟུག་རྔུ་མེད་པས་བདེ་བར། བདག་གཞན་གྱི་ཕྱིར་གཤེགས་པ་བཞིའོ། །དེ་བཞིན་གཤེགས་པ་བཞི་ནི། དབུ་མའི་དོན་དམ་སྤྲོས་བྲལ་དང་། ཀྲི་ཡའི་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བ་དང་། རྣལ་འབྱོར་ཡོ་གའི་མཚན་མེད་དང་། མ་ཧཱ་ཡོ་གའི་སྣང་སྟོང་གཉིས་སུ་མེད་པའི་དེ་བཞིན། དེ་རྣམས་ཀྱི་དོན་ནར་སོན་པས་ན་གཤེགས་པ་བཞི་སྟེ་བརྒྱད་དོ། །ཐེག་པ་འོག་མའི་འབྲས་བུ་ནི། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཉེར་ལྔའི་གྲངས་མ་རྫོགས་ལ་འདིའི་འབྲས་བུ་ལ་རྫོགས་པས། གྲངས་ཀྱི་ཁྱད་པར་དུ་འཕགས་པ་དང་། ཐེག་པ་འོག་མའི་འབྲས་བུའི་ངོ་བོ་སྣང་སྟོང་དབྱེར་མེད་ཡིན་པས་ངོ་བོས་ཁྱད་པར་དུ་འཕགས་སོ། །འདིས་ཡོ་ག་མན་ཆད་དོན་བྱེད་ནུས་པས། དོན་བྱེད་པའི་ནུས་པའི་རྩལ་ཆེ་ཆུང་ཡོད་པས། རྩལ་གྱིས་ཁྱད་པར་དུ་འཕགས་པའོ། །དེ་རྣམས་ཀྱི་དོན་རྒྱས་པར་བཤད་ན། བྱང་ཆུབ་བཞིའི་ཁྱད་པར་ནི། དེ་ལ་བྱང་ཆུབ་སེམས་དཔའ་ནི། ཉོན་མོངས་ཤེས་སྒྲིབ་སྦྱངས་ཏེ། གྲོལ་བས་བྱང་ལ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པས་ཆུབ་པའོ། །ཀྲི་ཡས་ནི། ཉོན་མོངས་པའི་ཟུག་རྔུ་བསྒྱུར་ཏེ་བྲལ་བས་བྱས་ལ། རིགས་གསུམ་རྡོ་རྗེ་འཛིན་གྱི་ས་ཐོབ་པས་ཆུབ་པའོ། །ཡོ་ག་ནི། ཉོན་མོངས་པ་ལ་སོགས་སྦྱངས་བསྒྱུར་དག་པས་བྱང་ལ། རིགས་ལྔ་སྟུག་པོ་བཀོད་པའི་སངས་རྒྱས་ཐོབ་པས་ཆུབ་པའོ། །མ་ཧཱ་ནི་ཉོན་མོངས་པ་དང་ཤེས་སྒྲིབ་ལ་སོགས་པ་དབང་དུ་བསྡུས་ཏེ། རང་བྱུང་ཡེ་ཤེས་སུ་གྲོལ་བས་བྱང་ལ། སྐུ་ལྔ་ལྷུན་གྱི་གྲུབ་པས། མ་ཆགས་པདྨ་སྤྱན་སངས་རྒྱས་ཐོབ་པས་ཆུབ་པའོ། །བདེ་བར་གཤེགས་པའི་ཁྱད་པར་ནི་བཞི་སྟེ། བྱང་ཆུབ་སེམས་དཔའ་ཉོན་མོངས་སྦྱངས་ཏེ་བྲལ་ནས། དགོངས་པ་བདེ་བར། བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་གཤེགས་པ་དང་། ཀྲི་ཡ་པས་ཉོན་མོངས་པའི་ཟུག་རྔུ་བསྒྲལ་ཏེ་བྲལ་ནས། དགོངས་པ་བདེ་བར་རྡོ་རྗེ་འཛིན་གྱི་དང་། ཡོ་ག་བས་ཉོན་མོངས་པའི་ཟུག་རྔུ་བསྒྱུར་ཞིང་བྲལ་ནས། བྱིན་རླབས་དགོངས་པ་བདེ་བར་གཤེགས་སྟུག་པོ་བཀོད་པའི་སར་གཤེགས་དང་། མ་ཧཱས་སྤྲོས་པའི་ཟུག་རྔུ་ཐམས་ཅད་དབང་དུ་བསྡུས་ཏེ་རང་གྲོལ་བས། དགོངས་པ་བདེ་ཆེན་གསལ་འགྲིབ་མེད་པར་པདྨ་སྤྱན་གྱི་ས་ལ་གཤེགས་པའོ། །དེ་བཞིན་གཤེགས་པ་བཞི་ནི། བྱང་ཆུབ་སེམས་དཔས་སྤྲོས་བྲལ་སྟོང་པ་ཉིད་རྟོགས་ནས། དེ་བཞིན་དུ་གཤེགས་པ་དང་། ཀྲི་ཡས་དབྱིངས་ཡེ་ཤེས་གཉིས་མེད་དང་། ཀུན་རྫོབ་ལྷའི་དལ་དུ་རྟོགས་ནས། དེ་བཞིན་ཉིད་དུ་གཤེགས་པ་དང་། ཡོ་གས་རང་སེམས་མཐའ་བྲལ་རྣམ་སྣང་ཆེན་པོ་དང་། ཀུན་རྫོབ་སྣོད་བཅུད་ལྷའི་དལ་དུ་རྟོགས་ནས། དེ་བཞིན་ཉིད་དུ་གཤེགས་པ་དང་། མ་ཧཱ་འཁོར་འདས་གཉིས་སུ་མེད་ཅིང་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བར་རྟོགས་ནས། དེ་བཞིན་ཉིད་དུ་འགྲོ་འོང་མེད་པར་གཤེགས་པའོ། ༈ །རྒྱལ་བ་བཅོམ་ལྡན་འདས་ཀྱི་ཁྱད་པར་གཏན་ཚིགས་དང་བཅས་པ་དང་། དྲང་། དེས་ན་ཐེག་པ་སོ་སོའི་རྒྱལ་བ་དང་བཅོམ་ལྡན་འདས་ལ་ཡང་ཐེག་པ་ཐུན་མོང་གི་དང་མཆོག་མ་ཧཱ་ཡོ་གའི་ལུགས་གཉིས་སྔ་མ་བཞིན་དུ། ཐུན་མོང་གཤེགས་ཚུལ་ནི། ཐེག་པ་བཞི་པོ་སོ་སོའི་ལམ་ཐབས་ལམ་དང་། ཤེས་རབ་གྲོལ་ལམ་གཉིས་ཀྱིས། ཐེག་པ་སོ་སོའི་རང་རང་གི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བཞི་རྒྱུད་ལ་བསྐྱེད་པས། རང་རང་གི་བདུད་བཞི་ངེས་པར་བཅོམ་ཞིང་། རང་རང་གི་སྡུག་བསྔལ་གྱི་མྱ་ངན་ལས་འདས་ཤིང་། ཐེག་པ་བཞིའི་ཡོད་མེད་རྟག་ཆད་ཀྱི་མཐའ་བཞི་ལས་འདས་པ་དང་། མཆོག་གི་གཤེགས་ཚུལ་ནི། དེ་ལྟར་ཐེག་པ་གང་འོག་མི་མཐུན་པ་ཐ་དད་པའི་ཕྱིར། རང་རང་གི་གཞུང་གི་རང་རང་གི་འབྲས་བུ་སངས་རྒྱས་ཐོབ་པ་དེ་ཡང་། ཐེག་པ་དེ་དག་ལ་རྟོགས་པའི་ལྟ་བ་དང་། རྗེས་མཐུན་གྱི་སྤྱོད་པ་དང་། ཉམས་ལེན་ཏིང་ངེ་འཛིན་གྱི་ལམ་རྣམས་ལ་གོང་འོག་གི་རིམ་པའམ། ཁྱད་པར་ཡོད་པ་བཞིན་དུ། མཐར་ཐུག་གྲུབ་པའི་མཐའ་འབྲས་བུ་སངས་རྒྱས་རྣམས་ལ་ཡང་རིམ་པ་བཞིན་དུ་ཁྱད་པར་ཡོད་པ་སྟེ། དེའི་རྒྱུ་མཚན་ནི། ལྟ་བའི་སྒྲིབ་པ་ཡོད་མེད་ཀྱིས་སམ། མངོན་ཞེན་ཆེ་ཆུང་གི་རིམ་པ་ཁྱད་པར་ཕྱེ་བ་ཡིན་ནོ། །དེ་ཡང་སེམས་ལུང་ལས། རོ་མཉེ་གསེར་གྱི་རྒྱུ་འབྲས་སྐུ། །སྐུ་རུང་མཉམ་སྟེ་རྒྱུ་འབྲས་ཆེ། །འབྲས་དང་བྲ་སྲན་འབྲས་བུ་ཡང་། །རྒྱུ་འབྲས་གཉིས་ཀར་ཁྱད་པར་འཕགས། །དེ་བཞིན་ཐེག་པ་ཆེ་ཆུང་གི། །རྒྱུ་འབྲས་ལྟ་བས་ཕྱེ་བ་ཡིན། །དེ་ལྟར་འོག་མ་ཀུན་བརྟག་པས། །འབྲས་བུའང་ཀུན་བརྟག་མཐར་ཕྱིན་ཟད། །གོང་མ་གོང་མ་དེ་གྲོལ་བས། །འབྲས་བུའང་ཁྱད་པར་འཕགས་པ་ཡིན། །ཞེས་གསུངས་པས། འབྲས་བུ་ཁྱད་པར་མེད་པར་འདོད་པ་ནི། །སྔགས་ལ་ཤིན་ཏུ་རྨོངས་པའོ། །དགྱེས་པ་ལོངས་སྤྱོད་ཀྱི་ཁྱད་པར་དང་། དྲང་། དེ་ལྟར་ཐེག་པ་སོ་སོའི་བཅོམ་ལྡན་འདས་ལ་ཁྱད་པར་ཡོད་པ་དེ་ན། དགྱེས་པ་ཆེན་པོ་ལའང་ཁྱད་པར་ཡོད་པར་སྟོན་པ་ཡིན་ཏེ། དགྱེས་པ་ཆེན་པོའི་ལོངས་སྤྱོད་ཀྱང་། མང་སྟེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། བྱ་བ་ཀྲི་ཡའི་རྒྱུད་ཀྱི་ཐེག་པ་དང་། རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ལ་རྣལ་འབྱོར་ཡོ་ག་ཕྱི་ནང་གཉིས་སོ། །རང་རང་གི་རྒྱུད་གཞུང་སོ་སོ་ལས་ཅི་ལྟར་གྲགས་པ་བཞིན་དུ་ལོངས་སྤྱོད་པ་ཡིན་ནོ། །དེ་ཡང་། དོན་གོང་གི་ཐེག་པའི་དགྱེས་པ་ཆེན་པོ་དེ་དག །འོག་མ་འོག་མའི་ཡིད་ཚོད་མིན་ཞེས་པའམ། དོན་གོང་གི་མ་ཧཱ་ཡོ་གའི་དགྱེས་པ་ཆེན་པོ། འོག་མ་བའི་ཡིད་ཚོད་དུ་གྱུར་པ་མིན་ཞེས་སྨོས་པའོ། །ཐེག་པ་གོང་འོག་གི་འབྲས་བུའི་ཁྱད་པར་ལ་གཉིས། བགྲང་། སའི་ཁྱད་པར་དཔག་ཚུལ་དང་། དྲང་། སྔ་མའི་གཏན་ཚིགས་དེའི་ཕྱིར་ཐེག་པ་གོང་འོག་གི་དགྱེས་པ་ཆེན་པོ་ལའང་རིམ་པ་ཡོད་པས། ཐེག་པ་སོ་སོའི་འབྲས་བུའི་སའི་སངས་རྒྱས་རྣམས་ལའང་ཡོན་ཏན་གྱི་ཁྱད་པར་རམ། གོང་འོག་གི་རིམ་པ་ཡོད་པའི་ཕྱིར་ན། མིང་གི་རྣམ་གྲངས་སམ་ཡོན་ཏན་གྱི་ཆ་ཤས་རེ་ཙམ་གྱི་ཁྱད་མིན་ཏེ། རིམ་པ་བཞིན་དུ་ངོ་བོ་ཉིད་ཀྱིས་འོག་མ་འོག་མ་ལས། གོང་མ་རྣམ་པར་འཕགས་ཤིང་། ཁྱད་པར་མ་ཧཱ་ཡོ་ག་འདི་ཀུན་ལས་འཕགས་པའོ། ༈ །འོག་མའི་འབྲས་བུ་དྲང་དོན་ཡིན་ཅིང་མ་ཧཱའི་ས་གསུམ་ཡོན་ཏན་གྱི་ཆ་ལ་བཏགས་པའོ། །དྲང་། དེ་ཡང་སྔ་མ་ལྟར། ཐེག་པ་གོང་འོག་གི་འབྲས་བུ་བཤད་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཐེག་པ་འོག་མ་སོ་སོའི་ལམ་གྱི་རྩོལ་བས་ཤེས་རྒྱུད་ངལ་བ་རྣམས། འབྲས་བུ་ལ་བློ་བྲོད་པ་བསྐྱེད་པའི་ཕྱིར། རྒྱུའི་ཐེག་པ་ལ་འབྲས་བུ་ཀུན་དུ་འོད་སངས་རྒྱས་ཀྱི་སར་བསྟན་ཀྲི་ཡ་པ་ལ་རིགས་གསུམ་རྡོ་རྗེ་འཛིན་པ་དང་། ཡོ་ག་པ་ལ་སྟུག་པོ་བཀོད་པའི་ས་ཞེས་བྱ་བར་བསྟན་པ་ཡིན་ནོ། །མ་ཧཱ་ཡོ་ག་འདི་ཉིད་ཀྱིས་མཐར་ཐུག་འབྲས་བུའི་ས་ནི། པདྨ་སྤྱན་དང་། ཡི་གེ་འཁོར་ལོ་དང་། ཡེ་ཤེས་བླ་མ་ཞེས་གསུམ་ནི། བཟང་ངན་དང་མཐོ་དམན་མིན་ཏེ་ཡོན་ཏན་གྱི་ཆ་ལས་བརྗོད་པའོ། །ཚིག་ཐོག་མ་གསུམ་ནི་གནས་སྐབས་ཀྱི་སའོ། །ཚིག་ཕྱི་མ་ནི། པདྨ་སྤྱན་དང་། ཡི་གེ་འཁོར་ལོའི་ཚོགས་ཆེན་གྱི་ས་དང་། ཡེ་ཤེས་བླ་མའི་སའོ། །རྩ་རྒྱུད་ལས། སའི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །ཞེས་པ་དང་། ཐབས་ཞགས་ལས། ཀུན་ཏུ་འོད་ཀྱི་ས་ལས་འདས། །པདྨའི་སྤྱན་དུ་གྱུར་པ་ན། །རིག་པའི་བྱིན་རླབས་ཆེན་པོར་སྟོན། །ཞེས་སོ། །མ་ཧཱའི་པདྨ་སྤྱན། ཨ་ནུའི་ཡི་གེ་འཁོར་ལོ་ཚོགས་ཆེན། ཨ་ཏིའི་ཡེ་ཤེས་བླ་མའི་ས་ཞེས་འཆད་དོ། །པདྨ་ལྟར་ན། མ་ཧཱ་རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་སའོ། །ཞེས་བཤད་དོ། །སངས་རྒྱས་གསང་བ་ལྟར་ན། ས་དེ་གསུམ་ཀ་མ་ཧཱའི་སའི་ཡོན་ཏན་གྱི་རྣམ་གྲངས་སུ་འཆད་དོ། །ལམ་ཆུང་ལས། སྤྱོད་ཡུལ་བྲལ་བས་མ་ཆགས་ཕྱིར། །ཆུ་སྐྱེས་སྤྱན་གྱི་ས་ཡང་ཐོབ། །ཕུང་སོགས་རང་བཞིན་ལྷར་སྣང་བས། །མངོན་བྱང་ཚོགས་ཆེན་ས་ཡང་ཐོབ། །དེ་ཉིད་རང་བཞིན་འོད་གསལ་བས། །མངོན་གྱུར་ཡེ་ཤེས་བླ་མའི་སའོ། ཞེས་སོ། །མཇུག་བསྡུས་ཏེ་ཁྱད་པར་གཏན་ཚིགས་དང་བཅས་པའོ། །དྲང་། ཁྱད་པར་ཡོད་པ་དེའི་ཕྱིར་ཐེག་པ་གོང་འོག་སོ་སོའི་འབྲས་བུའི་ཁྱད་པར་སྐན་ཚ་སྐས་ཀྱི་གདངས་བུ་ལྟ་བུར་རིམ་པ་མཐོ་དམན་ཡོད་པ་སྟེ། དེ་ཡང་གདུལ་བྱ་འདྲེན་པའི་ཐབས་མཁས་པ། ནང་པ་མ་ཧཱ་ཡོ་གའི་ཐེག་པ་འདི་ཡིས་མཐར་ཐུག་གི་འབྲས་བུ་དངོས་སུ་ཐོབ་པར་བྱེད་ལ། འདི་ལ་དངོས་སུ་འཇུག་མ་ནུས་པ་རྣམས་ཐུན་མོང་མ་ཡིན་པའི་ཐེག་པ་ལས་གཞན་པ་ཡིས། ཐུན་མོང་ལམ་སྟེགས་ཀྱི་ཐེག་པའི་ཐབས་ལ་བརྟེན་ནས། གང་ལ་མོས་པའི་ཐེག་པ་དེ་ལ་འཇུག་བཅུག་ཅིང་ཐེག་པ་འོག་མ་ནས། གོང་མ་ཉིད་དུ་འདུ་ཤེས་བསྒྱུར་བས་མཐར་ཐུག་མ་ཧཱའི་ཡོ་ག །འདིའི་འབྲས་བུ་འགྲུབ་འགྱུར་ལ། ཐུན་མོང་གི་ཐེག་པ་རང་རེའི་ལམ་གྱི་ཐབས་སྣ་ཚོགས་ཀྱི། ཐེག་པ་རང་སའི་འབྲས་བུའི་སངས་རྒྱས་ཀྱི་ས་ཐོབ་པ་ཡིན་པ་ལ། ཐུན་མོང་གི་ཐེག་པའི་འབྲས་བུ་དང་མཆོག་གི་ཐེག་པའི་འབྲས་བུ་གོང་འོག་གཉིས། ངོ་བོ་ཉིད་གཅིག་ཅིང་ཁྱད་པར་མེད་པར་སྨྲ་བའི་གང་ཟག་རྣམས་ནི། གསང་སྔགས་ཀྱི་གཞུང་དོན་མ་མཐོང་བར་རང་བློའི་མུན་སྤྲུལ་དུ་སྨྲས་པའོ། །ཐེག་པ་གོང་འོག་གི་འབྲས་བུ་ལ་ཁྱད་ཡོད་པ་ནི། གསང་སྔགས་བླ་མེད་ཀྱི་རྒྱུད་གཞུང་ཐམས་ཅད་ནས་སྟོན་ལ། ཁྱད་པར་དུ་སྒྱུ་འཕྲུལ་ལ་མངའ་བརྙེས་པའི་སློབ་དཔོན་སངས་རྒྱས་གསང་བ་ཉིད་ཀྱི་གཞུང་འདི་ཉིད་དུ་ཁྱད་པར་གསུང་པ་དང་། རྟོགས་ལྡན་ཤག་རྡོར་བས། ཐེག་སྤྱིའི་འབྲས་བུའི་སྐབས་སུ་ཁྱད་པར་མེད་པར་བཤད་པ་དང་གླན་རང་རིག་མགོན་པོའི་གསང་སྔགས་གཞི་ལམ་གྱི་འབྲས་བུའི་སྐབས་སུ་ཁྱད་པར་ཡོད་པར་གསུང་པ་དང་། རྒྱལ་བ་གཡུང་སྟོན་པས། གསང་སྙིང་འགྲེལ་པར་ཁྱད་པར་སྟོན་ཏོ། །ཐེག་པ་ཆེ་ཆུང་གི་འབྲས་བུ་ལ་ཁྱད་པར་མེད་པར་འདོད་པ་ནི། ཐེག་དགུའི་དོན་མ་རིག་ཅིང་། གསང་དོན་ཁུང་དུ་མ་ཆུད་པའི་རྟགས་ཡིན་ནོ། །ལེའུའི་མཚན་ནོ། །དྲང་། ལམ་མཐར་ཕྱིན་པའི་འབྲས་བུ་སངས་རྒྱས་ཀྱི་དགོངས་པ་བསྟན་པའི་གཞུང་གི་དོན་གཅོད་ཅིང་མཚམས་འཛིན་པས་ན་ལེའུ་ཞེས་བྱ་སྟེ། ཡས་བགྲང་དགུ་པའི་དོན་དུ་གདའོ། ༈ །མཇུག་གི་དོན་ལ་གཉིས། བགྲང་། དགེ་བའི་རྩ་བ་བསྔོ་བ་དང་། དྲང་། གང་གི་ཕྱིར་བརྩམ་པ་ནི། འགྲོ་བ་ལམ་ལོག་པ་ལྔ་ནི། ཕྱལ་བ། རྒྱང་། མུ་ཐུག །མུ་སྟེགས་ཏེ། ཞོར་བྱུང་དང་ལྔའམ། ཡང་ན། མུ་སྟེགས་ཆད་པ་ཅི་ཡང་མེད་པ་ལྟ་བ། རྟག་པ་དངོས་པོར་ལྟ་བ། བྱེད་པ་པོ་རྟག་པར་འདོད་པ། མུ་སྟུག་པ། རྒྱང་འཕེན་དང་ལྔའོ། །ལམ་སྟོར་འགྲོ་བ་རིས་དྲུག་གི་སེམས་ཅན་རྣམས་ལ་རྒྱུད་ལྔ་དང་། དེ་ལྟར་ལྔ་ཚན་གཉིས་པོ་དེ་རྣམས་དྲང་དོན་ལ་བཀྲི་བའི་ཕྱིར་གསུང། གང་བརྩམ་པའི་ངོ་བོ་ནི། རྒྱུ་འབྲས་སམ། འཁོར་འདས་སམ། ཐབས་ཤེས་མི་གཉིས་ཏེ། གཉིས་སུ་མེད་པར་སྟོན་པའི་ཉེ་བ་བདེ་བ་རྫོགས་པའི་ལམ་མཆོག་རྣམ་པར་བཀོད་པ་འདི་སངས་རྒྱས་གསང་བ་བདག་གིས་བགྱིས་པས། དེ་ལྟར་བརྩམ་པས་སྒོ་གསུམ་ངལ་བའི་དགེ་བའི་རྩ་བ་གང་ཡིན་པ་དེས། འགྲོ་བ་སེམས་ཅན་ཀུན་གྱི་རྒྱུད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཉིད་དུ་གྲོལ་བར་ཤོག་ཅིག །ཅེས་བསྔོ་བ་ཡིན་ནོ། །སྣོད་ངན་དང་མ་འཕྲད་ཅིག་པར་གདམས་པའོ། །དྲང་། འདི་ལས་ནང་ཚིགས་སུ་བཅད་ན་གསུམ། སྣོད་ངན་གྱི་མཚན་ཉིད་ནི། བྱང་ཆུབ་གཏན་གྱི་ཆུས་སངས་རྒྱས་བསྒྲུབ་ཐབས་ནི་ཞོར་ལ་བྱེད། ཚེ་འདི་ཉིད་ཀྱི་བྱ་བཞག་ཁེ་དང་གྲགས་པ་དོན་དུ་གཉེར་བ་དང་། གསང་སྔགས་ཀྱི་བཅུད་ཆེན་པོ་མན་ངག་དང་ལྟ་སྒོམ། གསང་མི་ཐུབ་པར་སྣོད་མེད་རྣམས་ལ་འཛག་ཅིང་། མན་ངག་ཟབ་མོ་གཞན་ལ་གཞོག་ངམ་ཅན་གྱི་གང་ཟག །གཉིས་པ་སྣོད་ངན་གྱི་དཔེ་ནི། དཔེར་ན་ར་ཙ་སྟོབས་བཟང་གི་བཙུན་མོ་གཙུག་རྒྱལ་སྒེག་མོ་དང་། བྲམ་ཟེ་མེ་ལེན་སྦུར་སྐྱེལ་ལམ། འཇག་སྐྱིལ་དང་། ནེལ་བྱ་ལྟ་བུ་ནི། ནེ་ཚོ་ཁ་ན་གཤོག་ཚགས་དང་། རྐོག་གཡོམ་ཅན་ཁོལ་མོ། ཀུ་མ་རའི་ཨ་མ་དང་། སོགས་ཀྱི་སྒྲས། དཀའ་ཐུབ་རལ་གྲི་གྲེང་སྒོམ། ལ་སོགས་པ་དམ་པ་ཆོས་ཀྱི་སྣོད་དུ་མི་རུང་བའི་གཡོ་སྒྱུ་ཅན་རྣམས་སོ། །འདི་རྣམས་ཀྱིས་གཏམ་རྒྱུད་རྒྱས་པར་བཤད་ན། རྒྱལ་པོ་སྟོབས་བཟང་གི་བཙུན་མོ་གཙུག་རྒྱལ་སྒེག་མོ་ཞེས་བྱ་བ་ལ། རྒྱལ་པོ་སྟོབས་བཟང་གི་རིན་པོ་ཆེའི་སོར་གདུབ་ཆུང་ངུ་གཅིག་བརྒྱབ་པས། མོའི་མིག་ཆུར་སོང་བས། མོས་ཨ་ན་ཟེར་ཞིང་ངུས་སོ། །གཞན་མེ་ཏོག་གཏོར་ནས་ཀྱང་ཨ་ན་ཟེར་ཞིང་ངོ་། །ཕྱིས་གཡོག་པོ་གཅིག་དང་ཕག་ཏུ་འདོད་པ་སྤྱོད་པ་ལ། ཐེབ་གཅིག་མོ་ཕྱིས་པ་ལ། གཡོག་པོའི་ཚིག་པ་ལོག་ཏེ། དབྱུག་པས་བརྒྱབ་པ་ལ་མོ་མི་ངུ་བར་ཧེ་ཟེར་ཞིང་འདུག་པས་ཁྲེལ་ཞིང་ཡ་མཚན་སྐྱེས་སོ། །འཇག་སྐྱེལ་ནི། བྲམ་ཟེ་སྦུར་སྐྱེལ་ཡིན་ཏེ། བྲམ་ཟེའི་དྲང་སྲོང་གཅིག་ཡོད་པས། མ་བྱིན་པར་ལེན་པ་སྤང་བ་ཡིན་ཟེར་ཞིང་། གཞན་ལ་མེ་སློང་ཙམ་ན། ཆོས་གོས་ལ་རྡུལ་འབྱར་བ་སྐྱེལ་དུ་འོང་། ཕག་ཏུ་ཐོབ་ཚད་རྐུ་བ་གཅིག་ཡོད་པས་འགར་བའི་ཁྱིམ་ན་གསེར་གྱི་སྦྲང་བུ་ཡོད་པ་མཐོང་ནས། མཁར་སིལ་གྱི་གཤམ་ལ། གར་སྤྱིན་བསྐུས་ནས་འགར་བའི་ཁྱིམ་གྱི་གསེར་གྱི་སྦྲང་བུ་ལ་མཁར་སིལ་མིས་མི་ཚོར་བར་བཙུགས་ཏེ། སྐར་སྐུར་མེད་པར་གསེར་རྐུས་སོ། །ནེལ་ཕྱ་ནི། ནེ་ཙོ་ཁ་ན་གཤོགས་ཚགས་ཡིན་ཏེ། ནེ་ཙོ་གཅིག་ཁ་ན་གཤོག་པའི་སྒྲོ་བཅུག་ནས། ཆུ་འཐུང་ཞིང་འདུག་པ་ལ། དེའི་ཅི་བྱེད་བྱས་པས། ཆུ་ལ་སྲོག་ཆགས་འདུག་པ་ཤི་བའི་དོག་པ་ཡིན་ཟེར། མི་མི་འདུག་པ་དང་ཆུ་ནང་གི་སྲོག་ཆགས་བཏུང་ཞིང་ཟ་བ་མཐོང་ངོ་། །ཀུ་མ་རིའི་ཨ་མ་ནི། མོ་ཁྱོ་ལ་མ་དགའ་ནས། བུ་གཅིག་སྐྱེས་ནས་ཡོད་པ་ལ། ང་སྐྱེས་པ་ཕོ་དང་རེག་པ་སྤང་བ་ཡིན་ཟེར་ཏེ། བུ་ལ་ནུ་མ་བླུད་ཙམ་ན། གོས་ལ་བུག་པ་བུག་ནས་བླུད། ཕག་ཏུ་སྐྱེས་པ་དང་ཁྲིག་པ་སྤྱོད་པ་མཐོང་། དེ་ཡང་རྒྱལ་བུ་མུ་ཏིག་འབེབ་ཞེས་བྱ་བ་གད་མོ་བགད་པས་མུ་ཏིག་སྐྱུག་པ་གཅིག་ཡོད་པ་ལ། རྒྱལ་བུ་སྟོབས་བཟང་གིས་མུ་ཏིག་འདོད་ནས། རྒྱལ་བུ་བཀུག་སྟེ། རྒྱལ་བུ་གཞན་གྱི་མི་མཐོང་། རྒྱལ་པོ་གཞན་མཐོང་བའི་སར་བཞག་ནས། ངོ་མཚར་ཅན་གྱི་མཐོང་སྣང་ལ། གད་མོ་ཡོད་དུ་རེ་ནས་བཞག་གོ། །དེར་རྒྱལ་བུ་གོང་གི་དེ་ཚོ་མཐོང་ངོ་། །རྒྱལ་པོས་རྒྱལ་བུ་ལ་རྒོད་བྲོ་བ་འདྲ་མཐོང་ངམ་བྱས་པས། རྒྱལ་བུས་ན་རེ། རྒོད་བྲོ་བ་མ་མཐོང་། ཡི་མུག་པ་གཅིག་བྱུང་བྱས་པས། རྒྱལ་པོས་ན་རེ། དེ་ཤོད་བྱས་པས། བུས་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་མོ་མེ་ཏོག་འཐོར་བཤུམ་དང་། །ཀུ་མ་རའི་ཨ་མ་དང་། ནེ་ཙོ་ཁ་ན་གཤོགས་ཚགས་དང་། །དྲང་སྲོང་མེ་ལེན་སྦུར་སྐྱེལ་བཞི། །མི་དགེ་བཅུ་ལ་འཇོལ་ཉོག་སྤྱད། །མུ་ཏིག་འབེབ་ལས་མ་གཏོགས་པ། །བདེན་པར་སྨྲ་བ་ངས་མ་མཐོང་། །ཧ་ཧ་ང་ནི་རྒོད་རེ་བྲོ། །ཞེས་བགད་པས་མུ་ཏིག་ལྷུག་སྟེ་བྱུང་ངོ་། ༈ །གསུམ་པ་སྣོད་ངན་གྱི་དབྱེ་བ་བསྟན་པ་ནི། དེ་ལྟ་བུའི་གང་ཟག་དམ་ཚིག་དང་སྡོམ་པ་རྣམས་ཚུལ་འཆོས་ཙམ་དུ་བསླང་བར་བྱེད་ཅིང་། ཡང་དག་པའི་དམ་ཚིག་མ་མི་གནས་པ་དང་། གསང་བའི་ཐེག་པའི་ལྟ་སྤྱོད་ལ་སོགས་པའི་གཞུང་ཟབ་མོའི་དོན་ཉམས་སུ་ལེན་པ་ལ་ཤེས་རབ་གསུམ་གྱིས་སྲན་མི་ཚུགས་ཤིང་བརྩོན་འགྲུས་ཆུང་བ་དང་གཞུང་དང་མན་ངག་སྣ་མང་དུ་བསྒྲུབ་ཅིང་དོན་གཉེར་བྱེད་འདོད་པ་ལ། དེ་དག་གང་ལ་ཡང་ཡིད་ཆེས་པར་དཀའ་བ་དང་། བླ་མ་དམ་པ་ལ་དག་སྣང་མོས་གུས་མི་བྱེད་ཞབས་རྡུལ་སྤྱི་བོས་མི་ལེན་ཅིང་། གཤེ་ནས་སྐྱོན་བརྟག་སྟེ། སྐུར་པ་བཏབ་ཅིང་། མཆེད་གྲོགས་ལ་སོགས་ཆོས་པ་ཡོངས་ལ་འཕྲག་དོག་དབང་གིས་བསྐུར་པ་བཏབ་པའོ། །དེ་ལྟ་བུའི་སྣོད་པ་མཆན་གྱིས་མ་འཁྲོལ། འགའ་ཞིག་བསྡུས་འགྲེལ་ཙམ་གཅིག་སྣང་ཡང་། དོན་རྒྱས་པ་མི་བདོག་གོ། །འགྲེལ་པ་གཞན་རྣམས་ཀྱང་འགའ་ཞིག་འབྲུ་འགྲེལ་སྣང་ཡང་། ལམ་གྱི་ཆོད་ཚུལ་དག་ལུགས། ཆོས་ཀྱི་རྣམ་དབྱེའི་སྟོང་ཐུན་རྣམ་པ་མི་སྣང་། འགའ་ཞིག་གིས་ལུང་སྦྱོར་དང་། བར་སྐབས་ཀྱི་བརྒལ་ན། ཕྱོགས་འགྲེལ་ཙམ་སྣང་ཡང་། གཞུང་དོན་འདི་ཉིད་འཆད་པའི་དུས་སུ། བཤད་པ་སྦྱོར་བའི་འགྲེལ་པར་མི་རུང་། དེའི་ཕྱིར་ན། འགྲེལ་བཤད་དེ་རྣམས་ལ། རང་གི་རྣམ་དཔྱོད་ཀྱི་ཤེས་རབ་ཀྱིས་དཔྱད་ནས། དོན་ཉེ་བར་བླངས་པ་དང་། རྗེ་བཙུན་གོང་མའི་ངོ་སྤྲོད་ཀྱིས་གསང་ཐིག་ལ་བརྟེན་ནས་ཡི་གེར་བཀོད་པའོ། །དམར་མཆན་རང་དང་མི་མཐུན་པའི་བཤད་པ་འགའ་ཞིག་ཡོད་པ་ནི། མཁས་པ་གཞན་གྱི་བཤད་སྲོལ་ལ་སྣང་བ་དང་། གཞུང་ལ་བརྟགས་ན། མཐུན་སྙིང་དེ་ཆེ་བ་སྣང་བས་ཐེ་ཚོམ་མ་བྱེད་ཅིག །ཨེ་མ་ཧོ། རྒྱ་གར་མཁས་མཆོག་སངས་རྒྱས་གསང་བ་ཡིས། །གསང་སྔགས་ཟབ་དོན་རྒྱ་མཚོ་བཅུད་བསྡུས་ལ། །མན་ངག་རྒྱལ་པོ་བསྟན་པའི་ཡང་སྙིང་འདི། །སྦྱོར་དངོས་རྗེས་གསུམ་བསྟན་ནས་རྣམ་བཞག་ཚལ། །ཡ་རབ་མཁས་པའི་རྣམ་ཐར་ལྡན་པས་མཛེས། །གཞི་ལམ་འབྲས་གསུམ་ཆོས་ཀྱི་རྣམ་བཞག་སོགས། །གཞི་ལ་གནས་ལུགས་འཁྲུལ་ལུགས་སྣང་ཚུལ་ཕྱེད། །རྣམ་གསུམ་གནས་ཚུལ་གསང་སྔགས་ཆེ་ཡོན་རྫོགས། །ལམ་ལྔ་མཚན་གསུམ་ལམ་གྱི་ཁོག་ཅིང་ལེགས། །གཞལ་བྱ་གཏན་ཚིགས་གྲུབ་པའི་མཐའ་གསུམ་མོ། །གཏན་ལ་དབབ་བྱ་འབེབ་ཐབས་ཕེབ་ཚུལ་འཛོམས། །རིམ་དང་ཅིག་ཆར་ཐར་ཆག་ཐོད་རྒལ་སོགས། །དབང་པོའི་རིགས་དང་ཤེས་མེད་རྣམས་དང་མན་ངག་ཟབ་མོའི་ཆོས་འདི་མ་འཕྲད་ཅིག །སྣོད་ལྡན་དང་འཕྲད་པར་ཤོག་ཅིག །ཅེས་སྨོན་ལམ་བཏབ་པའོ། །སྤྱི་དོན་གསུམ་པ་འཆད་ཉན་མཐར་ཕྱིན་པའི་རྒྱུ་མཚན་ལ། ཆོས་འདི་བསྒྱུར་བའི་གནས་ནི། སྤྱིར་སྟོད་མངའ་རིས་སྐོར་གྱི་མང་ཡུལ། བྱེ་བྲག་ཏུ་ཁྲི་བབ་ཅེས་བྱ་བའི་གནས་སུ། པན་ཆེན་སངས་རྒྱས་གསང་བ་ཚེས་བར་ལ་བྱོན་ནས། ཆོས་ལུགས་དྲི་མ་མེད་པའི་གསུང་། ལོ་ཙཱ་བ་ཛྙཱ་ན་ཀུ་མ་རས་བསྒྱུར་བ་ཡིན་ཏེ། ལོ་ཙཱ་ལ་བཞི་ཡོད་པ་ལ། འདི་ཞུས་ཆེན་གྱི་ལོ་ཙཱ། ཨུ་རྒྱན་པད་མས་བསྒྲུབ་ཆེན་གསང་བ་ཡོངས་རྫོགས་ཀྱི། དབང་བསྐུར་མཛད་པའི་ཚེ། ཕོ་བྲང་གླིང་དགུ་ལ། རྗེ་འབང་གི་མེ་ཏོག་དོར་བའི་དུས་ན། རྒྱལ་པོ་དང་ལོ་ཙཱ་འདི་ཉིད་ཆེ་མཆོག་གི་བཀའ་བབ། དེ་ཉིད་ཀྱི་སྒོ་ནས་གཞན་སྣང་ཟིལ་གྱིས་གནོན། བྲག་ལ་བདུད་རྩི་འབྱིན་ནུས་པ། གཉག་ཛྙཱ་ན་ཀུ་མ་ར། ཡེ་ཤེས་གཞོན་ནུ་ཞེས་བྱ་བས་བསྒྱུར་བ། ཡོད་པ་གཞི་ལམ་འབྲས་བུ་གསུམ་ཀ་ཡོད་ཀྱང་། ཚིག་དོན་བརྗོད་བྱའི་གཙོ་བོ་ལམ་རྒྱས་པས་ལམ་རྣལ་འབྱོར་བཀོད་པ་ཚོགས་ཆུང་ལ་དོན་ཆེ་བའི་མན་ངག་རྫོགས་སོ། །ཞེས་པ་ཚིག་དོན་མ་ལུས་པའི་ཐ་ཚིག་ཡིན་ཏེ། སེམས་ཅན་སངས་རྒྱས་ཀྱི་ས་ལ་བགྲོད་པའི་ལམ་རིམ་ཆེན་མོ། མཚན་མ་ལྷ་ལམ་དུ་ཁྱེར་བའི་པྲ་ཁྲིད། གསང་སྔགས་ཐམས་ཅད་ཀྱི་བཅུད་འདུས་པའི་སྙིང་པོའི་མཆོག་ལམ་ཕྱིན་ཅི་མ་ལོག་པའི་གདམ་ངག་རྫོགས་སོ། །ཞེས་པའོ། །སག་ཁ། བཤད་སྲོལ་འདི་ནི། རྟོགས་ལྡན་པའི་བསྡུས་དོན་དང་། དམར་མཆན་ལ་གཞི་བླང་ནས་བྱས་པ་ཡིན་ཏེ། མཆན་རང་ཡང་བྲིས་པའི་དབང་གིས་མཆན་བུའི་འདོགས་དགོངས་པར་བཅུག །འགའ་ཞིག་ལྡབ་པའི་དབང་གིས། གཞུང་དོན་གསལ་མ་ནུས་པ་དང་། འགའ་ཞིག་གཞུང་རང་ཡང་བཤད་བྱའི་གཅོད་ཚུལ་འཚམས། །ཐབས་ལམ་གྲོལ་ལམ་མཚན་བཅས་མཚན་མེད་སོགས། །གདུལ་བྱའི་བློ་རིམ་ལམ་ཁྱེར་ཆོས་ལུགས་ལེགས། །གནས་སྐབས་རིག་འཛིན་མཐར་ཐུག་སངས་རྒྱས་རྣམས། གསང་སྔགས་འབྲས་བུ་ཆེ་ཡོན་ལྷུན་གྱིས་གྲུབ། །དེ་ལྟའི་གཞུང་ལུགས་དྲི་མེད་ལམ་འདི་ལ། །བདག་འདྲ་བན་སྡོམ་ཛྙཱ་ནའི་མིང་ཅན་གྱིས། །འགྲེལ་ཊིག་བརྩོམ་པའི་ཚད་དང་མི་ལྡན་ཡང་། །བདག་རྗེས་འབྲང་བ་རྣམས་ལ་ཕན་གདགས་ཕྱིར། །ལེགས་བཤད་གསང་དོན་རྟོགས་སླ་འདི་བྱས་སོ། །ངག་ལ་ངེས་འཛིན་རྣམས་ལ་ཕན་ཐོག་ཤོག །འོན་ཀྱང་གཞུང་འདི་སྨྲ་བ་མང་སྟེ་མཁས་པ་དཀོན། །རྣམ་དབྱེ་དུ་མའི་བཤད་ལུགས་བྱེད་ན་ཡང་། །ད་རུང་གཞུང་དོན་རང་ཡང་ཐེ་ཚོམ་གཞིར། །སྒོ་ཐེམ་མ་བརྫིས་ཕུག་གིས་རྒྱུས་བཤད་བཞིན། །དེ་འདྲའི་བཤད་སྲོལ་འདི་ཡང་རབ་སྤང་ནས། །དྲི་མེད་རྣམ་དག་གཞུང་ལུགས་རྟོགས་པར་ཤོག །ཡང་སྨྲས་པ། སངས་རྒྱས་བསྟན་པ་རབ་དཀར་ཕུ་ལུང་ནས། །གསང་སྔགས་རྨད་བྱུང་ཐེག་ཆེན་ཆུ་རླུང་ལས། །ཐོས་བསམ་སྒོམ་གསུམ་རྦ་རླབས་ཆིལ་ཆིལ་ལངས། །ཉམས་མྱོང་རྟོགས་པའི་གསུང་སྙན་ལྷུང་ལྷུང་སྒྲོགས། །དེ་ལྟའི་དོན་ལ་མི་སེམས་སུ་ཞིག་ཡོད། །ཡང་སྨྲས་པ། ཁ་ཆེའི་ཡུལ་ན་གུར་གུམ་རྩ། །མ་ལ་ཡང་ན་ཙནྡ་ནགས། །རྒྱ་མཚོའི་འགྲམ་ན་རིན་ཆེན་རྡོ། །ཉེ་སྐྱོ་རྒྱང་ན་རིན་ཐང་ཆེ། །དེ་ཕྱིར་ཆོས་དང་ཆོས་མིན་གྱི། །དེ་དོན་གོ་བ་ཤིན་ཏུ་གཅེས། །མངྒ་ལཾ་བྷ་བ་ཏུ། སྒྱུ་འཕྲུལ་ལམ་རིམ་གྱི་འགྲེལ་པ་དྲི་མེད་མུ་ཏིག་ཕྲེང་བ་ཞེས་བྱ་བ་འདི། དགེ་བའི་བཤེས་གཉེན་རྣམས་ཀྱི་ཡང་ཡང་བསྐུལ་ནས་རྗེ་བཙུན་གོང་མའི་གདན་ས་དཔལ་ལྡན་ཀཿཐོག་རི་ཁྲོད་ནོར་གླིང་ཞེས་བྱ་བར་ཀུ་སུ་ལུ་པ་ཡེ་ཤེས་རྒྱལ་མཚན་གྱིས་ཡི་གེར་བཀོད་པ་འདི། རྗེས་འཇུག་རྣམས་ཀྱིས་གསང་བ་སྒྱུ་འཕྲུལ་ལམ་གྱི་རིམ་པའི་དོན་ཁོང་ན་ཆུད་ཅིང་གདུལ་བྱ་ལ་ཕན་ཐོགས་ནས་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།