དམ་པ་ཆོས་ཀྱི་ཡང་སྙིང་དོན་གསལ་ལྔ་པ། དབུས་པ་རྟ།
དམ་པ་ཆོས་ཀྱི་ཡང་སྙིང་དོན་གསལ་ལྔ་པ་བཞུགས་སོ། ། བླ་མ་རིན་པོ་ཆེ་སྤྲུལ་པའི་སྐུ། འགྲོ་བའི་མགོན་པོ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། མཚན་ཡོངས་སུ་གྲགས་པའི་ཞིག་པོ་ཞེས་བྱ་བ། དུས་གསུམ་གྱི་སངས་རྒྱས་ཀུན་དང་མི་གཉིས་པ་ཁྱེད་ལ་ཕྱག་འཚལ་ལོ། །རྗེ་རིན་པོ་ཆེ་དེའི་ཞལ་ནས། གདམས་ངག་ལ་བཤད་པ་ཇི་ཙམ་བྱས་ཀྱང་། ཉམས་སུ་ལེན་ན་གསུམ་པོ་འདིར་འདུ་བར་འདུག་གསུང་། དེ་ལ་ངན་སོང་གསུམ་དུ་མི་སྐྱེ་བའི་གདམས་ངག་དང་གཅིག །མཐོ་རིས་ལྷ་དང་མིའི་བདེ་སྐྱིད་ཐོབ་པའི་གདམས་ངག་དང་གཉིས། སངས་རྒྱས་རང་འོང་བའི་གདམས་ངག་གཅིག་དང་གསུམ་བདོག །ངས་གསུམ་ཀ་བཤད་པས་མཆི། ཞལ་རྣམ་པ་རང་གང་འདམས་པ་ལ་འདོམས་མཛོད། གང་རུང་གཅིག་ལ་འདམ་རང་འཚལ། །གང་ལ་ཡང་མི་འདེམ་པར་ང་རང་ངན་སོང་དུ་འགྲོ་ཟེར་ན་ཡང་དབང་མེད་བདག་པོ་ཆེ་སྟེ། མི་སྐྱིད་པ་ཡིན་པས་གང་རུང་གཅིག་ལ་འདམ་རང་འཚལ་ལོ། །དེ་ལ་དང་པོ་ངན་སོང་གསུམ་དུ་མི་སྐྱེ་བའི་གདམས་ངག་ནི། ངན་སོང་གསུམ་བྱ་བ། དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་ཡོད། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཡོད། བྱོལ་སོང་ལ་གླེན་ལྐུགས་སམ་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཡོད་པས། སྡུག་བསྔལ་ཅན་གྱི་གནས་དེར་ཤོག་དང་བྱས་ནས་བོས་པས་འོང་མཁན་མི་མཆི། སོང་དང་བྱས་ནས་གཏང་བས་འགྲོ་མཁན་མི་མཆི་སྟེ། རང་གིས་སྡིག་པ་མི་དགེ་བའི་ལས་བྱས་པས། ངན་སོང་གསུམ་གྱི་གནས་སུ་སྐྱེས་ནས། སྡུག་བསྔལ་རང་གིས་ཉམས་སུ་མྱོང་བ་ཡིན་ཏེ། སྡིག་པའི་ལས་ལ་སྤྱོད་པ་ལ་བཙན་དུག་ལ་ལྟ་བུའི་ཉེས་དམིགས་བྱ་བ་ལགས། དེ་ཡང་མི་གཅིག་གིས་བཙན་དུག་ལ་རོ་མྱོངས་པས་མངར་བར་བྱུང་བས། འོ་བཙན་དུག་འདི་མངར་བར་འདུག་གོ་སྙམ་སྟེ་འཇིབས་པས་མངར་བ་དང་དགའ་སྟེ། དུག་གི་ནུས་པ་རྒྱས་ཙམ་ན་ལུས་ན་ཚས་གང་སྟེ་ཐ་མ་སྲོག་དང་བྲལ་སྐད། དཔེ་དེ་དང་འདྲ་བར་སྡིག་པ་མི་དགེ་བའི་ལས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་སྨྲ་བ་ལ་སོགས་པ་སྡིག་པ་འདི་ཚོ་ཡང་འཕྲལ་ལ་ཕན་པ་སྙམ་བྱེད་དེ། དེ་ཀུན་བཙན་དུག་མངའ་བ་དང་འདྲ་བ་ལགས། དུག་གི་ནུས་པ་རྒྱས་པ་དང་འདྲ་བར་སྡིག་པའི་རྣམ་པར་སྨིན་པའི་དུས་ལ་བབ་ཙམ་ན། ངན་སོང་གསུམ་གྱི་སྡུག་བསྔལ་དེ་རང་གི་ཐོག་ཏུ་བབས་པ་ཡིན་པས། སྔར་གྱི་ལ་བཤགས་པ། ཕྱིས་ཀྱི་ལ་སྡོམ་པ་ལེན་འཚལ། དེ་ལ་དང་པོ་བཤགས་པ་ལ་གཉིས་ཏེ། དོན་དམ་ལྟ་བའི་བཤགས་པ་དང་། དང་པོ་ནི། འཕགས་པ་ཀོའུ་ཤི་ཀའི་མདོ་ལས། ཤེས་རབ་མཆོག་དང་ལྡན་པ་ཡིས། །འགྱོད་པའི་ཕུལ་དུ་ཐོན་བྱས་ནས། །ལས་དང་ལས་ཀྱི་རྣམ་སྨིན་རྣམས། །དམ་པའི་དོན་དུ་མེད་པར་རྟོགས། །གོས་པ་མེད་པ་སྙིང་པོའི་དོན། །རྟོགས་ན་དོན་དམ་བཤགས་པ་སྟེ། །དྲི་མེད་འོད་གསལ་ཞི་བྱས་ནས། །ལས་ཀྱི་སྒྲིབ་པ་རྣམ་དག་ལྟོས། །ཞེས་གསུངས་པས། དཔེར་ན་མདང་ཕན་ཆད་མུན་པ་མུན་ནག་གི་དཀྱིལ་འཁོར་དུ་ཡོད་པ་ལས། ད་ནངས་ནམ་ལངས་ཉི་མ་ཤར་བས་མུན་པ་ཐམས་ཅད་རང་སངས་ལ་སོང་བ་བཞིན་དུ། སེམས་ཉིད་དངོས་པོ་གཤིས་ཀྱི་དོན་མ་ནོར་བར་རྟོགས་ཙམ་ན། སྔར་བྱས་ཀྱི་སྡིག་པ་ཐམས་ཅད་ཀྱིས་མ་གོས་ཏེ། རང་སངས་ལ་འགྲོའོ། །དེ་ཡང་། བསྐལ་བར་བསགས་པའི་མུན་ནག་འཐིབས་པོས་ཡང་། །རིག་པའི་རྒྱལ་པོ་ཡེ་ཤེས་ཉི་གཟེར་གྱིས། །སྐད་གཅིག་ཡུད་ཙམ་གཅིག་ལ་དངས་པར་བྱེད། །ཅེས་སོ། །དེ་ནི་དོན་དམ་ལྟ་བའི་བཤགས་པའོ། །དེ་ལྟར་མ་རྟོགས་པ་རྣམས་ཀྱིས་སྟོབས་བཞིའི་སྒོ་ནས་བཤགས་དགོས་ཏེ། དེ་ལ་བཞི། རྟེན་གྱི་སྟོབས་དང་གཅིག །རྣམ་པར་སུན་འབྱིན་པའི་སྟོབས་དང་གཉིས། ཉེས་པ་ལས་སླར་ལྡོག་པའི་སྟོབས་དང་གསུམ། གཉེན་པོ་ཀུན་དུ་སྤྱོད་པའི་སྟོབས་དང་བཞིའོ། །དང་པོ་ནི་བླ་མ་དང་དཀོན་མཆོག་ཐམས་ཅད་ནམ་མཁའ་ལ་སྤྲིན་བཞིན་དུ་ཐིབ་པོ་བཞུགས་པར་སོམས་ལ་དེ་ལ་མོས་གུས་ཀྱི་གདུང་པ་མཛོད་ཅིག །གཉིས་པ་ནི་སྔར་བྱས་ཀྱི་ལས་ལ་འགྱོད་པ་དྲག་པོ་བསྐྱེད་མཛོད་ཅིག །གསུམ་པ་ནི་ད་ཕྱིན་ཆད་ལུས་དང་སྲོག་ལ་བབ་ཀྱང་སྡིག་པ་མི་བྱ་དགོས་སྙམ་དུ་དམ་ཆོས་མཛོད་ཅིག །དེ་ལྟར་སྟོབས་གསུམ་པོ་དེ་སྔོན་དུ་སོང་བའི་སྒོ་ནས། ཐལ་མོ་སྦྱར་ཏེ་རྗེས་ཟློས་བྱ་བ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས། ཚེ་རབས་ཐོག་མ་མེད་པ་ནས། ཐ་མ་ད་ལྟའི་བར་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས། སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་ཐམས་ཅད། བླ་མ་དང་དཀོན་མཆོག་གི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གང་ཐུབ་ཐུབ་ཀྱི་སྒོ་ནས་བསྡོམ་པར་བགྱིད་ལགས་སོ། །ཞེས་ལན་གསུམ་བརྗོད། ཐབས་ཡིན་ནོ་ལེགས་སོ་ཞེས་ཀྱང་བརྗོད་དོ། །དེ་ལ་ཚིག་དང་པོས་ལུས་བྱིན། བར་པས་གསལ་བཏབ། ཐ་མས་སྡིག་པ་དག་པ་དང་སྡོམ་པ་ཐོབ་དུས་མཉམ་ཡིན་གསུམ། དེ་ལ་དང་པོ་མི་འཆབ་པོ་མི་སྦེད་དོ་ཡན་ཆད་ནི་སྔར་སྡིག་པ་བྱས་པའི་བཤགས་པ་ཡིན་ཏེ། བཤགས་པས་འདག་གམ་ཞེ་ན། འདག་སྟེ་སྔར་བྱས་ཀྱི་སྡིག་པ་ཐམས་ཅད་སངས་ཀྱི་དག་པ་ལགས་སོ། །སླན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ་ཞེས་པ་ནི་ཕྱིས་མི་བྱེད་པར་སྡོམ་པ་ཡིན་ཏེ། ཕྱིན་ཆད་གང་ཐུབ་ཐུབ་ཀྱི་སྒོ་ནས་སྡོམས་མཛོད་ཅིག །སྡིག་པ་སྤངས་ནས་ངན་སོང་དུ་བཀྱིགས་གྲགས་ནས་བསྐྱུར་ཀྱང་མི་འགྲོ་བ་ཡིན་ནོ། །དེས་ངན་སོང་རྣམ་པ་གསུམ་དུ་མི་སྐྱེ་བའི་གདམ་ངག་ཐལ་ལོ། ༈ །གཉིས་པ་ནི། ངན་སོང་གསུམ་དུ་མ་སྐྱེས་པས་ཀྱང་མི་ཕན་པར་འདུག །མཐོ་རིས་ལྷ་མའི་གོ་འཕང་ཐོབ་ཀྱང་། ལ་ལ་ནི་ཚེ་ཐུང་། ལ་ལ་ནི་ལྟོགས་པ་ཚེ་རིང་པ་ཡི་དྭགས་འདྲ། ལ་ལ་ནི་བཞིན་ལུས་ཡིད་དུ་མི་འོང་བར་འདུག །མི་ལུས་རང་ཡང་བདེ་སྐྱིད་དང་ལྡན་པ་དགོས་པར་འདུག་སྙམ་ན་བྱས་པས་མཆི་གསུངས། ཇུ་ག་བྱས་ན་འོང་སྙམ་ན་སྲོག་གཅོད་པ་སྤོངས་ལ་སྲོག་སྐྱབས་མཛོད། ཆ་མཐུན་དུ་ཚེ་རིང་པོ་འོང་བ་ལགས། རྡུངས་བརྡེགས་སྤངས་ནས་ནད་གཡོག་བྱ། ཆ་མཐུན་དུ་ན་ཚ་དཀོན་པོ་འོང་པ་ལགས། སེར་སྣ་སྤངས་ལ་བྱིན་པ་གང་གྲུབ་གྲུབ་ཀྱི་སྒོ་ནས་བཏང་། ཆ་མཐུན་དུ་ལོངས་སྤྱོད་ཆེན་པོ་འོང་བ་ལགས། དེ་ཡང་། བྱང་ཆུབ་སེམས་དཔའི་སྤྱིན་པས་ཡི་དྭགས་འགྲོ་བ་གཅོད། དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད་ཅེས་སོ། །ཁོང་ཁྲོ་སྤངས་ལ་བཟོད་པ་བསྒོམ། ཆ་མཐུན་དུ་གཟུགས་བྱད་བཟང་པོ་འོང་བ་ལགས། དེ་ཡང་། བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ། གསེར་མདོག་སྡུག་ཅིང་འགྲོ་བས་ལྟ་བའི་འོས་སུ་འགྱུར། ཞེས་སོ། །རང་དོན་སྤངས་ལ་གཞན་དོན་ཅིར་གྱུར་དུ་བྱའོ། །སེམས་ཅན་ཐམས་ཅད་ཅི་སྨྲས་ཉན་པ་འོང་བ་ལགས། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གཞན་གཅེས་པར་བྱས་ནས་གཞན་དོན་བྱས་པས་སྔོན་ལ་སངས་རྒྱས་པ་ལགས། འོ་སྐོལ་གྱིས་གཞན་པས་རང་གཅེས་པར་བྱས་པས་ད་རུང་དུ་འཁོར་བར་ལུས་པ་ལགས་པས་ད་ནས་ཕར་ལ་ཅི་བྱེད་ཐམས་ཅད་སེམས་ཅན་གྱི་དོན་དུ་ཅི་འགྱུར་བྱའོ། །དེ་ཡང་རྫོགས་པའི་སངས་རྒྱས་གཞན་དོན་བྱེད་པ་དང་། ཁམས་གསུམ་སེམས་ཅན་རང་དོན་བྱེད་པ་གཉིས། །འབྲས་བུ་ཆེ་ཆུང་ཁྱད་པར་དེ་འདྲའོ། །ཞེས་གསུངས་སོ། །འོ་སྐོལ་ལ་ད་ལྟ་བདེ་སྐྱིད་དགོས་པ་བཞིན་དུ། ཚེ་ཕྱི་མ་ལ་ཡང་དགོས་པ་ཡིན་པས། གདམ་ངག་དེ་རྣམས་ལག་ལེན་བྱེད་པ་གལ་ཆེའོ། །དེས་མཐོ་རིས་ལྷ་དང་མིའི་བདེ་སྐྱིད་ཐོབ་པའི་གདམས་ངག་ཐལ་ལོ། ༈ །གསུམ་པ་ནི་མཐོ་རིས་ལྷ་དང་མིའི་བདེ་སྐྱིད་རང་ཐོབ་ཀྱང་བདེ་ཡང་བདེ་ཡུན་རིང་པོ་མི་འདུག །སྐྱིད་ཀྱང་སྐྱིད་ཡུན་རིང་པོ་མི་འདུག་པས། སངས་རྒྱས་རང་ཐོབ་དགོས་པར་འདུག་སྙམ་ན་བྱས་པས་མཆི། དེ་ལ་གདམ་ངག་གཉིས་བདོག་གསུང་། བརྒྱུད་ནས་སངས་རྒྱས་དང་། མྱུར་བར་སངས་རྒྱ་བའོ། །དང་པོ་ནི། ལུས་ཀྱི་སྒོ་ནས་ལྷ་ཕྱག་དང་བསྐོར་བ་བྱ། དེས་ལུས་ཀྱི་སྒྲིབ་པ་འབྱང་། ལུས་ཀྱི་ཚོགས་རྫོགས་པ་ཡིན། ངག་གི་སྒོ་ནས་མདོ་དང་སྙིང་པོ་དང་སྐྱབས་འགྲོ་བྱ། དེས་ངག་གི་སྒྲིབ་པ་བྱང་ངག་གི་ཚོགས་རྫོགས་པ་ཡིན། ཡིད་ཀྱི་སྒོ་ནས་བླ་མ་དང་དཀོན་མཆོག་ལ་མོས་པ་དང་གུས་པ་ཞེ་ཐག་པ་ནས་བྱས། དེས་ཡིད་ཀྱི་སྒྲིབ་པ་འབྱང་ཡིད་ཀྱི་ཚོགས་རྫོགས་པ་ཡིན། དེ་ལྟར་ལུས་་ངག་ཡིན་གསུམ་གྱི་སྒྲིབ་པ་བྱང་། ལུས་ངག་ཡིད་གསུམ་གྱི་ཚོགས་རྫོགས་ཙམ་ན་སངས་རྒྱས་ཞེས་བྱ་བ་དེ་མི་འདོད་ཀྱང་འབྱུང་བ་ཡིན་པས། དེ་བཞིན་དུ་ཉམས་སུ་ལོངས་མཛོད་ཅིག ༈ །གཉིས་པ་མྱུར་བར་སངས་རྒྱ་བའི་ཐབས་ནི། གང་ཟག་འགའ་ཞིག་འཁོར་བའི་གནས་ལས་ངེས་པར་ཡིད་བྱུང་ཞིང་སྐྱོ་ན། གོལ་ལེའི་ལོང་མེད་མྱུར་བ་རང་དུ་སངས་རྒྱས་པ་དགའ་སྙམ་ན་བྱས་པས་མཆི་གསུང་། དེ་ཡང་ཇི་ལྟར་བྱེད་ན་གཉིས་ཏེ། ལྟ་བ་དང་། བསྒོམ་པའོ། །དང་པོ་ལྟ་བ་ལ་གསུམ་སྟེ། ལྟ་བའི་མི་འདོགས་དང་། ལྟ་ཐབས་དང་། ལག་ལེན་ནོ། །དང་པོ་ནི། སྐྱེ་བ་མེད་པ། འགག་པ་མེད་པ། གཉིས་སུ་མེད་པའོ། །གཉིས་པ་ལྟ་ཐབས་ནི། མིག་གིས་ལྟ་རྒྱུ་མི་འབོག་སྟེ། སེམས་ཀྱིས་སེམས་ལ་ལྟོས་མཛོད་དང་། བལྟས་པའི་དུས་ན་ཡང་ལྟ་རྒྱུ་ཡང་མི་འདུག །མཐོང་རྒྱུ་ཡང་མ་རྙེད། དབྱིབས་དང་ཁ་དོག་ལ་སོགས་པ་འདིའི་ཕྱིར་ན་འདི་ཡིན་བྱ་བའི་ངོས་གང་ཡང་མ་རྙེད་པ་དེ་ལ། མིང་དུ་སྐྱེ་བ་མེད་པའི་དོན་ཟེར་བ་ལགས། དེ་སྐད་དུ་ཡང་ཀུན་བྱེད་ལས། མཐོང་དུ་དམིགས་པའི་ཡུལ་དང་བྲལ། །ཤེས་སུ་ཚིག་གིས་མཚོན་དུ་མེད། །ཅེས་པ་དང་། ཡང་སེམས་སྒོམ་ལས། སེམས་ཀྱི་རང་བཞིན་བཙལ་ཡང་མི་རྙེད་ན། །གཞན་ལ་འདི་འདྲ་ཞེས་ནི་བསྟན་དུ་མེད། །ཅེས་པ་དང་། ཡང་རབ་འབྱམས་ལས། མཐོང་བ་མེད་པར་མཐོང་བ་ནི། །ཆོས་སྐུ་སྐྱེ་མེད་མཐོང་བ་ཡིན། །ཞེས་པས་ལགས་སོ། །གཉིས་པ་འགག་པ་མེད་པ་ནི། འོ་ན་སྐྱེ་མེད་ཡིན་ན་རྣམ་པ་སྣ་ཚོགས་འདི་ཙམ་འཆར་བ་ཅི་ལྟར་ཡིན་སྙམ་ན། དཔེར་ན་ནམ་མཁའ་ཉིད་སྤྲིན་དུ་ཤར་བའམ། རྒྱ་མཚོ་ཉིད་རླབས་སུ་ཤར་བ་བཞིན་དུ། སེམས་སྐྱེ་མེད་སྐྱིད་སྡུག་བཟང་ངན་དགག་བསྒྲུབ་སྤངས་བླང་ལེགས་ཉེས་ལ་སོགས་པ་ཐམས་ཅད་དུ་རང་ཤར་བ་ཡིན་ཏེ། སྣང་བ་སྣ་ཚོགས་ཕྱོགས་མེད་ཅི་ཤར་ཡང་། སེམས་རང་སྣང་བ་ལས་མ་གཏོགས་གཞན་མེད་དོ། །དེའང་ཀུན་བྱེད་ལས། སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། །ཞེས་པ་དང་། ཡང་གཞན་ལས། སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །བྱང་ཆུབ་སེམས་དང་དབྱིངས་སུ་འདུས། །ཞེས་པས་གསལ་ལོ། །དེ་ལྟར་རྟོགས་ཙམ་ན། འགགས་པ་མེད་པའི་དོན་བྱ་བ་རྟོགས་པ་ལགས་སོ། །གསུམ་པ་གཉིས་སུ་མེད་པ་ནི། འོ་ན་སྣ ང་བ་སྣ་ཚོགས་སུ་འཆར་བ་དང་། རང་བཞིན་མེད་པ་དེ་གཉིས་ཐ་དད་དམ་སྙམ་ན། མི་དད་དེ་དཔེར་ན་ཆུ་ནང་གི་ཟླ་བ་དང་འདྲ་སྟེ། ཆུ་ནང་གི་ཟླ་བ་དེ་མེད་དམ་བྱས་པས་སྐྱ་ཁྱིལ་ལེ་སྣང་གི་འདུག །ཡོད་དམ་བྱས་པས་ཆུ་དར་ཚགས་ལ་བཙགས་ཀྱང་དེ་ནས་ཟླ་བ་མི་རྙེད་པར་གདའ། དེས་ན་སྣང་བ་རང་བཞིན་མེད་པ་དུས་མཉམ་ལྡན་གཅིག་ཏུ་འོང་བ་བཞིན་དུ། སེམས་ཀྱི་རང་བཞིན་དེ་ཡང་མེད་དམ་བྱས་པས་དགའ་མི་དགའ་ཆགས་སྡང་ལ་སོགས་པ་སྣ་ཚོགས་སུ་སྣང་གི་འདུག །ཡོད་དམ་བྱས་པས་ཅིའི་ངོ་བོར་ཡང་མ་གྲུབ་པར་འདུག་སྟེ། དེ་ཡང་སྣང་གདོང་ཙམ་ན་རང་བཞིན་མེད། རང་བཞིན་མེད་བསྡོ་ཙམ་ན་ཅིར་ཡང་སྣང་སྟེ། དེ་གཉིས་ཚིག་ལ་སྔ་ཕྱི་བྱུང་ཡང་དོན་ལ་གཉིས་སུ་མེད་པའོ། །དེ་ལྟར་རྟོགས་ཙམ་ན་གཉིས་སུ་མེད་པའི་དོན་བྱ་བ་རྟོགས་པ་ལགས་སོ། །དེ་ཡང་ཁུ་བྱུག་ལས། སྣ་ཚོགས་རང་བཞིན་མི་གཉིས་ཀྱང་། །ཞེས་པ་དང་། ཡང་ནམ་མཁའ་ཆེ་ལས། གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །ཅེས་པ་དང་། ཕར་ཕྱིན་ལས་ཀྱང་། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པས་གསལ་ལོ། །དེ་ལྟར་ལྟ་བས་སེམས་སྐྱེ་འགག་གཉིས་སུ་མེད་པའི་ངོ་བོར་རྟོགས་ཀྱང་། ཉོན་མོངས་ཆགས་སྡང་འདི་ཚོ་སྐྱེ་འགག་གཉིས་མེད་དུ་མ་གྲོལ་ན། ལག་ལེན་ལ་མ་ཐེབས་ཏེ་ཅི་ཡང་མི་ཕན་པས། གསུམ་པ་ལྟ་བའི་ལག་ལེན་ནི། ད་ན་ཡར་ལ་ཉོན་མོངས་རྣམ་རྟོག་ཅི་ཤར་ཡང་ཁ་ཡན་ལ་མི་གཏོང་བར་དེ་ཉིད་ལ་བལྟས་པས་རང་བཞིན་མི་འདུག་སྟེ་སྐྱེ་མེད་དུ་རང་གྲོལ། དེ་ཉིད་སེམས་ལས་མ་གཏོགས་པ་གཞན་མེད་དེ། རང་སྣང་བས་འགག་མེད་དུ་རང་གྲོལ། ཤར་བ་དང་རང་བཞིན་མེད་པ་དུས་མཉམ་པས་གཉིས་མེད་དུ་རང་གྲོལ་ལོ། །མདོར་ན་ཉོན་མོངས་རྣམ་རྟོག་གང་སྐྱེས་ཀྱང་ཁ་ཡན་དུ་མི་གཏང་བར་དེ་ཉིད་ལ་བལྟས་པས་སྐྱེ་འགག་དབྱེར་མེད་རང་གྲོལ་དུ་བུན་བུན་འགྲོ་བ་ལགས་སོ། །དེ་སྐད་དུ་ཡང་སེམས་བསྒོམ་ལས། རྣམ་པར་རྟོགས་པའི་མཚན་མ་ཅི་བྱུང་ཡང་། །རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་ནས་སྒོམ་མི་དགོས། །དེ་ལ་གཉེན་པོས་བཅོས་ཤིང་དགག་ཏུ་མེད། །ཅེས་སོ། །དེ་ནི་ལྟ་བའི་ལག་ལེན་ཡིན་པས་ཤིན་དུ་གལ་ཆེའོ། །དེ་ལྟར་ལྟ་བ་རྟོགས་པས་ཡོན་ཏན་ཕྱོགས་ཞེན་དང་འཛིན་པ་གྲོལ་ནས་འགྲོ་བ་ཡིན་ཏེ། གྲོལ་ན་བསྒོམ་མི་དགོས་པས། གྲོལ་ལམ་མ་གྲོལ་རང་ལ་ལྟ་རྟོག་ཐོང་གསུང་། མ་གྲོལ་བར་འདུག་ན་ངང་བསྟེན་དགོས་པས། གཉིས་པ་བསྒོམ་པ་ལ་གཉིས་ཏེ། གཞག་ཐབས་དང་། ངོ་བོའོ། །དང་པོ་ནི། ལུས་ས་ལ་བོར་ཐབས་སུ་གཞག །ངག་སྨྲ་བརྗོད་དང་བྲལ་ཐབས་སུ་གཞག །སེམས་ནམ་མཁའ་ལ་ཡས་ཐབས་སུ་གཞག་གོ། །མདོར་ན། ལུས་ངག་ཡིད་གསུམ་ལ་རྟོག་པ་གང་ཡང་མི་བཞུགས་པར་རང་ལུགས་སུ་གཞག་གོ། །གཉིས་པ་ངོ་བོ་ནི། དེ་ལྟར་གཞག་པས་སེམས་གསལ་ལ་རྟོག་པ་མེད་པ། གསལ་ལ་འཛིན་པ་མེད་པའི་ཤེས་པ་གསལ་ལ་སེང་ངེ་བ་གཅིག་ནང་ནས་འཆར་བས་དེ་ལ་སྒོམ་ཟེར་བ་ཡིན། དུས་གསུམ་སངས་རྒྱས་ཀྱི་དགོངས་པ་ཡིན། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ཡིན། རྣལ་འབྱོར་བའི་ཉམས་ལེན་ཡིན་པས་དེ་ལ་གོམས་འདྲིས་རྟག་ཏུ་བྱའོ། །དེ་ཡང་སེམས་བསྒོམ་ལས། སྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་དེ། །དོན་དམ་ངང་ལ་བདེ་བར་གནས་པ་ཡིན། །བྱང་ཆུབ་སེམས་སྒོམ་ཞེས་ཀྱང་དེ་ལ་བྱ། །རྟོགས་པའི་ཀློང་ཆེན་མ་ཡེངས་དོན་རྟོགས་ནས། །རྣམ་དག་བྱང་ཆུབ་སེམས་ཀྱི་བསྒོམ་པ་ཡིན། །ཞེས་པས་གསལ་ལོ། །དེ་ལྟར་ལྟ་བསྒོམ་ཉམས་སུ་བླངས་པའི་ངང་ཤུགས་ལས་བྱུང་བ་ན་སྤྱོད་པའོ། །དེ་བཞིན་དུ་ཉམས་སུ་བླངས་ན་འབྲས་བུ་སངས་རྒྱས་ལོང་མེད་པར་འབྱུང་ངོ་། །དེས་མྱུར་བར་སངས་རྒྱ་བ། དེའི་གོང་མས་བརྒྱུད་ནས་སངས་རྒྱ་བ། གཉིས་ཀ་ དྲིལ་ནས་སངས་རྒྱས་རང་འོང་བའི་གདམ་ངག་ཐལ་བར་ལགས་སོ། ༈ །མན་ངག་ནོར་བུ ་འཇུག་སྒོ་གསུམ་པ་འདི། བླ་མའི་གསུང་ལ་བདེར་གཤེགས་ལུང་གིས་བརྒྱན། །ཕྱི་རབས་དོན་དུ་དབུས་པ་རྟ་ཡིས་བཀོད། །འདི་དོན་རྟོགས་ནས་འགྲོ་བའི་དོན་མཛད་ཤོག །རྫོགས་སོ།། ༈ །། །། །སྤྲུལ་སྐུ་རིན་པོ་ཆེའི་གསུང་འགྲོས། །དབུས་པ་རྟ་ཡིས་ཡི་གེ་བཀོད་པའོ། །རྟ་རིན་ཆེན་དཔལ་གྱི་ཕྱག་དཔེ་ལགས་སོ། །