Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་བཅུ་བདུན་པ།

13 occurrences of འཆར་སེམས་
[Clear Hits]


  
  
13   
ཆོས་ཀྱི་གཏེར་མཛོད་ཆེན་པོ་ཀུན་འདུས་རིག་པའི་སྒྲོན་མེ། ཧོར་པོ་ཤཱཀྱ་རྡོ་རྗེ།


13 occurrences of འཆར་སེམས་
[Clear Hits]

 
previousཆོས་ཀྱི་གཏེར་མཛོད་ཆེན་པོ་ཀུན་འདུས་རིག་པའི་སྒྲོན་མེ། ཧོར་པོ་ཤཱཀྱ་རྡོ་རྗེ། no next

ཆོས་ཀྱི་གཏེར་མཛོད་ཆེན་པོ་ཀུན་འདུས་རིག་པའི་སྒྲོན་མེ། ཧོར་པོ་ཤཱཀྱ་རྡོ་རྗེ།

ས རྦ ས མཱ ཛ བི དྱཱ དཱི པཾ ནཱ མ དྷ རྨ མ ཧཱ ནི དྷི ཀོ ཥ བི ཧ ར ཏི སྨ།
ཆོས་ཀྱི་གཏེར་མཛོད་ཆེན་པོ་ཀུན་འདུས་རིག་པའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྒྱུ་ཡིས་སྩོལ་སྒྲུབ་ལས་འདས་ཀུན་བཟང་བདེ་བ་ཆེ། །མངོན་གྱུར་སེམས་ཉིད་སེམས་ལས་མ་བྱུང་རིག་པའི་གཤིས། །ལུང་ལས་མ་བྱུང་མན་ངག་ཟབ་མོས་མངོན་སུམ་དུ། །བསྟན་མཛད་དཔལ་ལྡན་བླ་མ་མཆོག་ཞབས་སྤྱི་བོས་མཆོད། །ཆོས་དབྱིངས་གནས་ལུགས་ཕྱོགས་བྲལ་བྱང་ཆུབ་སྙིང་པོའི་ངང་། །གདོད་ནས་བཅིང་གྲོལ་མེད་ལ་རྐྱེན་གྱིས་འཁྲུལ་མ་མྱོང་། །རྒྱུ་རྩོལ་ལམ་གྱི་རྟོགས་ལས་ཤིན་ཏུ་ཁྱད་འཕགས་པའི། །རང་བྱུང་སྟོན་པ་རྒྱལ་བ་ཀུན་གྱི་མྱེས་ཆེན་པོ། །སྐུ་ལྔ་ལྷུན་རྫོགས་ཕྱོགས་བྲལ་མཁྱེན་མཆོག་གསུམ་ལྡན་པའི། །ཡོན་ཏན་རྒྱ་མཚོ་རྫོགས་ཤིང་ཐུགས་རྗེས་མཁའ་ལྟར་ཁྱབ། །རླབས་ཆེན་མཛད་པས་ཀུན་གྲོལ་དཔལ་མགོན་མཆོག་གྱུར་པའི། །རང་བྱུང་ཀུན་ཏུ་བཟང་ལ་ཆོས་དབྱིངས་དབྱེར་མེད་འདུད། །ཅི་བཞིན་ལམ་གྱིས་རྟོགས་པ་མངོན་གྱུར་པའི། །སྤང་ཐོབ་གཉིས་མེད་སྐྱོན་བྲལ་ཡོན་ཏན་རྫོགས། །མཁྱེན་པའི་ཡེ་ཤེས་སྒྲིབ་མེད་མངོན་སུམ་གཟིགས། །བརྩེ་བའི་ཐུགས་རྗེས་སྲིད་མཐའ་མ་ལུས་འཛིན། །མཛད་པའི་ཕྲིན་ལས་བདེ་ལེགས་ཀུན་འབྱུང་བའི། །རྒྱལ་བ་སྐུ་ལྔ་ཡེ་ཤེས་མཁའ་འགྲོའི་ཚོགས། །ཕྱོགས་དུས་སངས་རྒྱས་མ་ལུས་འཁོར་བཅས་ལ། །རང་སྣང་དབྱེར་མེད་གུས་པས་ཕྱག་འཚལ་ལོ། །རྒྱལ་བའི་ཞལ་ནས་ལེགས་གསུང་བཀའ་རྒྱུད་རྣམས། །སེམས་ཀྱི་ནམ་མཁའ་ཕྱོགས་རིས་ཀུན་བྲལ་ལ། །ཡེ་ཤེས་ཉི་མས་མ་རིག་མུན་སེལ་ཞིང་། །དྲི་མེད་བདུད་རྩིས་འཁོར་བའི་གཅོང་འབྱིན་པའི། །རིམ་དང་ཅིག་ཆར་རྣམ་གྲོལ་ཡང་དག་ལམ། །དམ་པའི་ཆོས་ལ་མི་འབྲལ་སྤྲོ་བས་འདུད། །རིག་པ་མཆོག་ལ་མངའ་བརྙེས་སེམས་དཔའི་ཚུལ། །སངས་རྒྱས་གཉིས་པ་རྒྱལ་སྲས་འགྲོ་བའི་མགོན། །རྒྱལ་བའི་དབང་བསྐུར་བསྟན་པའི་སྒྲོན་མེ་མཛད། །ཐུགས་རྗེ་ཐབས་མཁས་མཛད་པ་བསམ་ཡས་ཀྱིས། །ལྷ་སྲིན་དབང་སྡུད་གདུལ་བྱ་ཀུན་སྒྲོལ་བའི། །རིག་འཛིན་བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །བོད་ཀྱི་མུན་སེལ་གདུལ་བྱ་སྐལ་ལྡན་ཕྱིར། །ཐུགས་རྗེས་ལྟར་སྣང་དཀའ་བ་སྣ་ཚོགས་མཛད། །སངས་རྒྱས་བསྟན་པ་མ་ལུས་ཐུགས་ལ་རྫོགས། །བོད་ཁམས་ཆོས་ཀྱི་ཉི་ཤར་གདུལ་བྱ་སྨིན། །རྣམ་སྣང་ལ་སོགས་སྒྲ་བསྒྱུར་སྤྲུལ་པ་ལ། །རང་བཞིན་རྣམ་དག་དབྱེར་མེད་ངང་ཕྱག་འཚལ། །བཀའ་བརྒྱུད་གདམས་པའི་མཛོད་ལ་མངའ་བརྙེས་ཤིང་། །དབང་དང་བྱིན་བརླབས་ཉམས་མྱོང་རྟོགས་པར་ལྡན། །ཆུ་བོ་བཞི་རྫོགས་ཡོན་ཏན་གཏེར་མཛོད་ཀྱིས། །གདུལ་བྱའི་རེ་སྐོངས་ཐར་པའི་ལམ་འདྲེན་པའི། །རྒྱལ་སྲས་མི་མཆོག་འགྲོ་མགོན་དགེ་བའི་བཤེས། །བཀའ་རྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་བདག་ཆོས་རྗེ་གཙུག་གིས་རྒྱན། །དམ་པའི་མཛོད་མངའ་རྣལ་འབྱོར་དབང་ཕྱུག་ཆེ། །ལུང་རིག་མན་ངག་རང་རིག་སྒྲོན་མ་ཡིས། །མ་རིག་མུན་སེལ་ཡང་དག་ལམ་སྟོན་པའི། །བླ་མ་འགྲོ་བའི་མགོན་པོ་ལྷ་རྗེ་ལ། །གཉིས་མེད་རང་སྣང་ངང་དུ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་མ་ལུས་ཐུགས་ཀྱི་བཅུད། །བསྟན་པའི་སྙིང་པོ་མ་ནོར་ངེས་པའི་དོན། །ཐེག་པའི་ཡང་རྩེ་ཉེ་ལམ་བདེ་རྫོགས་ཤིང་། །མ་འདྲེས་ཡོངས་རྫོགས་ཀུན་འབྱུང་རིན་ཆེན་མཛོད། །གསང་སྔགས་ཁོག་དབུབ་གཞི་ལམ་འབྲས་བུའི་དོན། །གོལ་སའི་དམིགས་བསལ་ཐེག་པའི་ཤན་ཕྱེ་ལ། །དོན་གྱི་ལ་བཟླ་དགོངས་པའི་བཅུད་བླངས་ཏེ། །རང་གྲོལ་མངོན་བསྟན་དོན་ཆེན་ལྷུན་གྲུབ་ཕྱིར། །བླ་མའི་གསུང་དང་ལུང་རིག་མན་ངག་གི། །དགོངས་པའི་བཅུད་བསྡུས་ལེགས་དཔྱད་དོན་དྲིལ་ནས། །འདི་མོས་འགའ་ལ་ཕན་སྲིད་སེམས་བསྐྱེད་དང་། །བསྐུལ་དོན་བརྩེ་བས་གསལ་བྱེད་ཡི་གེར་བཀོད།
༈ །སྤྲུལ་སྐུ་ཐུབ་དབང་སྒྲོན་མའི་བསྟན་པ་ལ། །བསྟན་པའི་གཞི་མ་སྡེ་སྣོད་རྣམ་གསུམ་དང་། །ཆོས་དབྱིངས་བདེ་ཆེན་འོག་མིན་གནས་མཆོག་ཏུ། །རྒྱལ་བ་སྐུ་བཞིའི་དགོངས་པ་མངོན་ཕྱུངས་པའི། །བསྟན་པའི་སྙིང་པོ་ཐེག་མཆོག་གསང་སྔགས་ནི། །སྐུ་ལྔ་བརྒྱུད་ནས་འཛམ་གླིང་དབུས་སུ་བྱུང་། །རྒྱལ་སྲས་རིག་འཛིན་བྱང་ཆུབ་སེམས་དཔའ་ཡིས། །དེ་དོན་མངོན་བྱས་ཟབ་མོའི་བཅུད་བསྡུས་ཤིང་། །དགོངས་པའི་དོན་བཀྲོལ་ཐུགས་རྗེའི་འོད་ཟེར་སྤྲོས། །རྒྱ་གར་ཆོས་ཀྱི་འབྱུང་གནས་བསྟན་པ་རྒྱས། །བོད་ཀྱི་མུན་སེལ་སྒྲ་བསྒྱུར་སྤྲུལ་པ་ཡིས། །བོད་ཁམས་ཆོས་ཀྱི་ཉི་ཤར་དཀར་པོར་བསྒྱུར། །རིམ་པར་བརྒྱུད་ནས་རྗེ་ཡི་བཀའ་དྲིན་གྱིས། །སྙིང་པོའི་འོད་ཀྱིས་བདག་བློའི་མུན་བསལ་ནས། །རྟོགས་པའི་ནོར་མཆོག་ཤེས་རབ་སྒྲོན་མ་ཡིས། །ཆོས་ཀུན་བཅུད་བསྡུས་གཏེར་མཛོད་མན་ངག་འདི། །བཀའ་རྣམས་གསལ་སྟོན་བསྟན་པའི་སྤྱི་འགྲེལ་ཞིང་། །ཤན་འབྱེད་ལ་ཟློས་ཐེག་པའི་སྤྱི་མདོ་སྟེ། །ལྟ་ཕུག་ཀུན་སྟོན་དགོངས་པའི་སྤྱི་མཛོད་དོ། །རྒྱུ་འབྲས་ཀུན་གསལ་ཆོས་ཀྱི་མེ་ལོང་ཡིན། །མངོན་སུམ་ངོ་སྤྲོད་ཉམས་མྱོང་མན་ངག་ལ། །ས་ལམ་རྟོགས་ཚད་ཀུན་གསལ་སྒྲོན་མ་སྟེ། །འཁོར་བའི་གཅོང་འབྱིན་དྲི་མེད་བདུད་རྩིའི་མཆོག །ཆོས་དབྱིངས་མཛོད་བརྟུལ་བཅུད་བསྡུས་གསལ་བྱེད་པས། །ཆོས་གཏེར་ཀུན་འདུས་རིག་པའི་སྒྲོན་མེའོ། །ཉི་འོད་འབུམ་པས་ཤིན་ཏུ་གསལ་གྱུར་པའི། །མུན་སེལ་རིག་པའི་ཉི་མ་འདི་གསོན་ཅིག །སྨན་མཆོག་མ་གི་ཏས་ཀྱང་བསྐྲུན་མེད་པའི། །ཉོན་མོངས་ནད་འཇོམས་སྨན་མཆོག་འདི་གསོན་ཅིག །འདོད་འབྱུང་ཡིད་བཞིན་ནོར་གྱིས་མཚུངས་མེད་པའི། །ཆོས་དབྱིངས་མི་མཛད་གཏེར་ཆེན་འདི་གསོན་ཅིག །རོ་བརྒྱ་ལྡན་པའི་ཟས་བས་བཅུད་ལྷག་པའི། །ཟག་མེད་བདུད་རྩིའི་ཟས་མཆོག་འདི་གསོན་ཅིག །མི་འཇིགས་རྡོ་རྗེའི་རྫོང་བས་བཙན་གྱུར་པའི། །སྐྱེ་མེད་རྡོ་རྗེའི་རྫོང་ཆེན་འདི་གསོན་ཅིག །གནས་ལུགས་ཕྱོགས་བྲལ་རྒྱལ་བའི་དགོངས་པ་ནི། །ཐུན་མོང་མ་ཡིན་ཤིན་ཏུ་དཔག་དཀའ་བས། །དད་ཙམ་ལ་བརྟེན་གང་ཟག་རྗེས་འབྲང་བའི། །རང་བློ་ཕྱོགས་འཛིན་དྲི་མ་ཀུན་བསལ་ཏེ། །བསྲེགས་བཅད་བདར་བས་ས་གསེར་ངེས་རྟོགས་ལྟར། །ཆོས་ཀྱི་རྗེས་འབྲང་ཚད་མ་རྣམ་གསུམ་གྱིས། །ལེགས་པར་བརྟག་དཔྱད་ཤེས་རབ་མིག་ལྡན་པས། །འདི་དོན་ཕུག་རྟོགས་དགོངས་པའི་བཅུད་ལོངས་ཤིག
༈ །དེ་ལ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། བསྟན་པ་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་རྨད་དུ་བྱུང་བ་པ། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་དོན་གྱི་ཁོག་དབུབ་ཅིང་། གཞི་གཏན་ལ་ཕབ། ལམ་ཉམས་སུ་བླང་། འབྲས་བུ་མངོན་དུ་བྱ་བའི་ཕྱིར། གོལ་སྒྲིབ་ཀྱི་དམིགས་བསལ། ཐེག་པའི་ཤན་ཕྱེ། དོན་མ་ནོར་བར་ལ་བཟླས་ཏེ། རང་གྲོལ་མངོན་སུམ་དུ་སྟོན་པས་འདི་ལ་ནན་ཏན་དུ་བྱས་ལ་དགོངས་པའི་བཅུད་བླང་བར་བྱའོ། །དེ་ལྟར་མཚོན་ཅིང་གཏན་ལ་འབེབས་པ་ལ་སྤྱི་དོན་གཉིས་ཏེ། ཁོག་དབུབ་པའི་སྟོང་ཐུན་དང་། དོན་སྣང་བ་རྣམ་པ་བཞིའམ། གཞི་ལམ་འབྲས་བུ་གསུམ་དུ་དྲིལ་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཆོས་སྤྱིའི་ངོས་བཟུང་འབྲེལ་ཀ་དང་བཅས་པ་དང་། བྱེ་བྲག་ཏུ་རྒྱུད་དམ་མན་ངག་ཏུ་ཁོག་དབུབ་པའོ། །དང་པོ་ལ་དྲུག་སྟེ། གཞི་ཤེས་བྱ་གཤིས་ཀྱི་གནས་ལུགས་ཅི་ལྟར་ཡིན་པ་དང་། དེ་མ་རྟོགས་ཏེ་འཁྲུལ་ཚུལ་དང་། འཁྲུལ་གྱིས་མི་བདེ་སྟེ་སྡུག་བསྔལ་ཞིང་ཉམ་ཐག་པ་དང་། དེ་ལ་ཐམས་ཅད་མཁྱེན་པའི་སྤྱན་གྱིས་གཟིགས་ཚུལ་དང་། གཟིགས་ནས་ཐུགས་རྗེ་སྐྱེས་ཚུལ་དང་། སྐྱེས་ནས་འགྲོ་བའི་དོན་མཛད་ཚུལ་ལོ། །དང་པོ་ནི། སྤྱིར་ཐེགས་པ་རེ་ལ་འདོད་ལུགས་རེ་ཡོད་ཀྱང་། གསང་སྔགས་པའི་ལུགས་ཀྱིས། ཤེས་བྱའི་གནས་ལུགས་སམ། སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་པ་ཡིན་ཏེ། དེ་ལ་གསུམ། སངས་རྒྱས་པའི་གོ་བ་དང་། སངས་རྒྱས་པའི་རྒྱས་ལུགས་དང་། དེ་ངོ་སྤྲད་ཅིང་ཐེ་ཚོམ་གྱི་གེག་བསལ་བའོ། །དང་པོ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་ཡིན་ལ། དེ་ཉིད་མཐའ་གང་དུ་ཡང་མ་ལྷུང་བས་སངས། མཐའ་ཐམས་ཅད་དུ་མ་འགགས་པར་རང་སྣང་བས་རྒྱས་པ་ཞེས་བྱ་སྟེ། དེའི་དོན་བླང་བར་བྱའོ། །ཀློང་ཆེན་རབ་འབྱམས་ལས། ཉོན་མོངས་དུག་ལྔ་དུག་གསུམ་ཀྱང་། །རང་བྱུང་ཡེ་ཤེས་མངོན་དུ་ཕྱུང་། །སྣང་སྲིད་འཁོར་འདས་རྒྱུ་འབྲས་ཆོས། །རིག་པ་མངོན་དུ་ཕྱུངས་བས་ན། །ཞེས་པ་དང་། གང་ལ་མི་གནས་ནམ་མཁའ་འདྲ། །མངོན་སུམ་པ་རུ་ཡེ་སངས་རྒྱས། །ཞེས་པ་དང་། ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། འཁོར་འདས་གཞི་ལ་གནས་པའི་ལྷུན་གྲུབ་དེ། །རང་སེམས་སྙིང་པོ་བྱང་ཆུབ་ཆོས་ཀྱི་སྐུ། །ཀུན་ལ་རང་ཆས་ཡོད་ཕྱིར་ཡེ་སངས་རྒྱས། །རྟོགས་དང་མ་རྟོགས་མེད་པར་ཀུན་གྱི་གཞི། །ཞེས་པ་དང་། ངེས་དོན་འདུས་པ་ལས། འབྱུང་བ་འདོད་ཡོན་དུག་ལྔ་ཡང་། །ཐམས་ཅད་ཡེ་ཤེས་ཆོས་སྐུར་ཤར། །ཞེས་པ་དང་། མདོ་ལས། དངོས་པོ་མེད་སངས་ཀུན་ཁྱབ་རྒྱས། །དེ་ཤེས་དེ་བཞིན་ཉིད་དུ་ཆུབ། །ཅེས་པ་དང་། ཡིད་སྐྱོབ་ལས། རང་བྱུང་ཆོས་སྐུ་སྤྲོས་དང་བྲལ་བས་སངས། །སྤྲོས་བྲལ་རྟོགས་པ་གདེང་དུ་གྱུར་པས་རྒྱས། །ཞེས་པ་དང་། ཀུན་བྱེད་ལས། སངས་རྒྱས་སངས་རྒྱས་བྱ་བའི་ངེས་ཚིག་ནི། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། །སྤྲོས་བྲལ་དབྱིབས་དང་དབང་པོའི་སྤྱོད་ཡུལ་སངས། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པས་རྒྱས། །སངས་རྒྱས་མིང་དུ་བཏག་པ་ང་ཡིས་མེད། །ཅེས་གསུངས་སོ། །སངས་རྒྱས་ལུགས་ནི། མ་ཧཱ་ཡོ་ག་བདེན་པ་རྣམ་གསུམ་སྐུ་གསུམ་དུ་སངས་རྒྱས་ལུགས་དང་། ཨ་ནུ་ཡོ་ག་ཡབ་ཡུམ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་དང་། མདོ་དགོངས་འདུས་ཉིད་ཀྱི་དཀྱིལ་འཁོར་གསུམ་སྐུ་གསུམ་དུ་དང་། ཨ་ཏི་འདུས་མ་བྱས་ཀྱི་ཡེ་ཤེས་ཡེ་ནས་ཆེ་བ་ལྔར་སངས་རྒྱས་པའོ། །དང་པོ་ནི། བདེན་པ་གསུམ་གྱི་གོ་བ་དང་། དེ་སྐུ་གསུམ་དུ་སངས་རྒྱས་ལུགས་སོ། །སྔ་མ་ནི་ཆོས་ཐམས་ཅད་སྤྲོས་བྲལ་སྐྱེ་བ་མེད་ཅིང་། རང་རིག་པའི་ཡེ་ཤེས་ལས་གཡོས་པ་མེད་པས་དོན་དམ་ཞེས་བྱ་སྟེ། ལམ་རིམ་ལས། གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་དེར་སྣང་ངོ་། །དབྱིངས་དང་དབྱིངས་ཀྱི་ཡེ་ཤེས་ཀྱང་། །རང་རིག་ཁོ་ན་ཙམ་དུ་ཟད། །ཅེས་པ་དང་། ལ་ཤན་གྱི་མ་ཧཱའི་སྐབས་ནས། རང་རིག་ཉི་མའི་ཡེ་ཤེས་ཉིད། །དངོས་གཉིས་ལ་སོགས་བྱེད་པོའི་ཕྱིར། །ཞེས་སོ། །དེ་ཉིད་རིག་པ་སྒྱུ་མའི་ངོ་བོར་ཅིར་ཡང་སྣང་བས་ཀུན་རྫོབ་སྟེ། ལམ་རིམ་ལས། རྒྱལ་བའི་སྐུ་ཡང་མ་བསྐྱེད་པར། །རིག་པའི་ཡེ་ཤེས་སྒྱུ་མར་ཤར། །ཁམས་གསུམ་པ་ཡང་དེ་བཞིན་པས། །ཐབས་ཆེན་སྒྱུ་མ་ཀུན་ངོ་བོ། །ཞེས་པ་དང་། ལ་ཤན་ལས། ཆོ་འཕྲུལ་ཡུལ་སེམས་ཚུལ་ཉིད་ཀྱང་། །ཐབས་དང་ཤེས་རབ་མཚན་ཉིད་དོ། །ཞེས་སོ། །དེ་གཉིས་སུ་མེད་པ་ནི་བདེན་པ་དབྱེར་མེད་དོ། །ལམ་རིམ་ལས། དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཞེས་པ་དང་། ལ་ཤན་ལས། གཉིས་མེད་བྱང་སེམས་ངོ་བོ་ལས། །འཁོར་བའི་རང་བཞིན་ངང་གིས་མེད། །ཅེས་པ་དང་། རིམ་གསུམ་ལས། ངོ་བོ་ཐམས་ཅད་སེམས་ཡིན་ཏེ། །གསེར་གྱི་དཔེ་བཞིན་གཉིས་སུ་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །སངས་རྒྱས་ལུགས་ནི། དེ་ཉིད་སྤྲོས་བྲལ་སྐྱེ་བ་མེད་པས་ཆོས་སྐུར་དང་། མ་འགག་པ་ཅིར་ཡང་སྣང་བས་སྤྲུལ་སྐུར་དང་། དེ་གཉིས་སུ་མེད་པ་རང་རིག་པའི་ཡེ་ཤེས་སུ་ལོངས་སྤྱོད་པས་ལོངས་སྐུར་སངས་རྒྱས་པའོ། །ལམ་རིམ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཞི་རྫོགས་ཕྱག་རྒྱར་མ་འདྲེས་གསལ། །ཞེས་པ་དང་། གསང་སྙིང་ལས། ཐམས་ཅད་མ་ལུས་ཆོས་སོ་ཆོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་པ་ལ་སོགས་པ་གསུངས་སོ། །ཡང་ཨ་ནུ་ཡབ་ཡུམ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོར་སངས་རྒྱས་པ་ནི། ཡུལ་དུ་སྣང་བ་ཐམས་ཅད་དབྱིངས་སུ་མཐའ་མེད་པས་ཡུམ་ཀུན་ཏུ་བཟང་མོ། རིག་པ་རང་གསལ་བ་ཐམས་ཅད་ཡེ་ཤེས་སྒྲིབ་པ་མེད་པས་ཡབ་ཀུན་ཏུ་བཟང་པོ། དེ་གཉིས་འདུ་འབྲལ་མེད་པས་སྲས་བདེ་བ་ཆེན་པོར་སངས་རྒྱས་པའོ། །ལ་ཤན་ལས། རང་སྣང་རོལ་པ་བསམ་ཡས་ཀྱང་། །བྷ་གའི་ཀློང་ལས་གཡོས་པ་མེད། །འདུ་འབྲལ་མེད་པའི་བདེ་ཆེན་པོར། །སངས་མ་རྒྱས་གཅིག་མེད་པའོ། །ཞེས་གསུངས་སོ། །དེ་ཡང་དབྱིངས་སྐྱེ་བ་མེད་པར་ཆོས་སྐུར་དང་། ཡེ་ཤེས་རོལ་པ་རང་སྣང་བས་སྤྲུལ་སྐུར་དང་། འདུ་འབྲལ་མེད་པས་ལོངས་སྐུར་སངས་རྒྱས་པའོ། །མདོ་ལས། དཀྱིལ་འཁོར་གསུམ་སྐུ་གསུམ་དུ་སངས་རྒྱས་ལུགས་ནི། དལ་གསུམ་གྱི་གོ་བ་དང་། སངས་རྒྱས་པའི་རྒྱས་ལུགས་སོ། །དང་པོ་ལ། ཡེ་ཇི་བཞིན་པའི་དལ་ནི། ཆོས་ཐམས་ཅད། སེམས་ཀྱི་རང་བཞིན་མ་བཅོས་མ་བསླད་སྐྱེ་བ་མེད་ཅིང་། ཡེ་ནས་གནས་པ་ལ་བྱ་སྟེ། མདོ་ལས། མ་བཅོས་མ་བསླད་མ་བུང་མ་སྐྱེས་ཅི་བཞིན་པ་དེ་ཁོ་ན་ཉིད། ཡེ་ཅི་བཞིན་པའི་དལ་དུ་མཐོང་ལགས་སོ། །ཞེས་སོ། །རང་བཞིན་ལྷུན་གྱིས་གྲུབ་པའི་དལ་ནི། སེམས་ཉིད་རྩོལ་བ་མེད་པར་ཐམས་ཅད་དུ་རང་ཤར་ཞིང་ཆོས་ཀུན་ཡེ་ནས་སངས་རྒྱས་པའོ། །ཐམས་ཅད་དེ་བཞིན་ཉིད་དུ་སངས་རྒྱས་ཏེ། ཀུན་ལ་ཁྱབ་པའི་སླད་དུ། རང་བཞིན་ལྷུན་གྱི་གྲུབ་པའི་དལ་དུ་མཐོང་ལགས་སོ། །ཞེས་པའོ། །རྩ་བ་བྱང་ཆུབ་སེམས་ཀྱི་དལ་ནི། ཐམས་ཅད་སེམས་སུ་འདུས་ཤིང་གཉིས་སུ་མེད་པ་ཡིན་ཏེ། ཐམས་ཅད་རྩ་བ་བྱང་ཆུབ་སེམས་ཀྱི་དལ་དུ་མཐོང་ལགས་སོ། །ཞེས་སོ། །སངས་རྒྱས་ལུགས་ནི། ཡེ་ཅི་བཞིན་པ་བཅོས་བསླད་མེད་པར་ཆོས་ཀྱི་སྐུར་སངས་རྒྱས་པ་དང་། རང་བཞིན་ལྷུན་གྱིས་གྲུབ་པ། རྩོལ་བ་མེད་པར་རང་སྣང་བས། འགག་མེད་སྤྲུལ་སྐུར་དང་། རྩ་བ་བྱང་ཆུབ་སེམས་ཀྱི་དལ་གཉིས་སུ་མེད་པར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པའོ། །མདོ་ལས། ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་སྟེ། །བྱ་བ་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱི་གྲུབ། །ཞེས་སོ། །དེའང་གདུལ་བྱ་རྣམས་ལ་སྣ་ཚོགས་ཞེན་བཅས་ཀྱི་རྟོག་པ་ཡོད་པས། དེ་དགྲོལ་བའི་ཕྱིར། སེམས་ཅན་ཐམས་ཅད་དང་ཡེ་ཅི་བཞིན་པའི་དལ་དུ་ངོ་སྤྲད། སངས་རྒྱས་བྱ་བ་བཟང་པོ་གཅིག་ལོག་ན་ཡོད་པར་འཛིན་པའི་རྟོག་པ་ཡོད་པས། དེ་དགྲོལ་བའི་ཕྱིར། སངས་རྒྱས་དང་རང་བཞིན་ལྷུན་གྱིས་གྲུབ་པའི་དལ་དུ་ངོ་སྤྲད། སྣ་ཚོགས་གཉིས་འཛིན་གྱི་རྟོག་པ་ཡོད་པས་དེ་དགྲོལ་བའི་ཕྱིར། སེམས་ཅན་དང་རྩ་བ་བྱང་ཆུབ་སེམས་ཀྱི་དལ་དུ་ངོ་སྤྲོད་དོ། །གསུང་ངོ་། །ཨ་ཏི་འདུས་མ་བྱས་ཀྱི་ཡེ་ཤེས་ཆེ་བ་ལྔར་སངས་རྒྱས་པ་ནི། ཡིད་སྐྱོབ་ལས། མ་སྤངས་མི་གནས་མི་ལྟོས་རག་མ་ལུས། །ཐ་སྙད་ཀུན་དང་བྲལ་བའི་འབྲས་བུ་སྟེ། །རང་བཞིན་ལྷུན་གྲུབ་འདུས་མ་བྱས་པས་ན། །འབྲས་བུའི་རྒྱལ་པོ་ཁྱད་པར་དཔག་སྟེ་ཆེ། །ཞེས་པས། ཆོས་ཀུན་སེམས་ཉིད་རང་སྣང་བ་ཡིན་ལ། དེ་ཉིད་སྤངས་གར་ཡང་མ་སྤངས་མངོན་སུམ་པར་སངས་རྒྱས་པའི་ཆེ་བ། སྐྱེ་བོ་མུ་སྟེགས་དང་ཉན་ཐོས་རང་རྒྱལ་ལས་གྲོལ་ཞིང་དཔག་པ་དང་། ལྟོས་ཅི་ལ་ཡང་མ་ལྟོས་ཏེ་དེ་ཉིད་ཡིན་པར་སངས་རྒྱས་པའི་ཆེ་བ། དབུ་མ་སེམས་ཙམ་དང་ཀྲི་ཡོག་སྡེ་གསུམ་ལས་གྲོལ་ཞིང་དཔག་པ་དང་། རག་གར་ཡང་མ་ལུས་བདག་ཉིད་ཆེན་པོར་སངས་རྒྱས་པའི་ཆེ་བ། མ་ཧཱ་ཡོ་ག་ལས་གྲོལ་ཞིང་དཔག་པ་དང་། གནས་ཅི་ལ་ཡང་མི་གནས་དབྱིངས་སུ་སངས་རྒྱས་པའི་ཆེ་བ། ཨ་ནུ་ཡོ་ག་ལས་གྲོལ་ཞིང་དཔག་པ་དང་། ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་པས་སངས་རྒྱས་ལས་མེད་པའི་ཆེ་བ། ཨ་ཏིའི་རྒྱུད་ལུང་མན་ངག་ལས་རོལ་ཞིང་དཔག་པའོ། །མདོ་བཅུ་ལས། ཆེ་བ་ལྔའི་བྱང་ཆུབ་སེམས། །སེམས་ཉིད་ཆེ་བ་ལྔས་འཕགས་ཏེ། །ཞེས་པ་དང་། མངོན་པར་སངས་རྒྱས་ཆེ་བ་ནི། །འདུས་མ་བྱས་པའི་བྱང་ཆུབ་སེམས། །སྣང་སྲིད་ཐམས་ཅད་ཁྱར་པར་འཕགས། །རྫོགས་པ་ཆེན་པོའི་ཆེ་བར་བཤད། །ཅེས་པ་དང་། དེ་ཡིན་སངས་རྒྱས་ཆེ་བ་ནི། །མ་ནོར་བ་ཡི་བྱང་ཆུབ་སེམས། །གཏན་ཚིགས་ཀུན་ལས་ཁྱད་པར་འཕགས། །ཡོ་ག་དག་གི་ཆེ་བར་བཤད། །ཅེས་པ་དང་། བདག་ཉིད་སངས་རྒྱ་ཆེ་བ་ནི། །ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས། །རྩོལ་ཞིང་བསྒྲུབ་ལས་ཁྱད་པར་འཕགས། །མ་ཧཱ་ཡོ་གའི་ཆེ་བར་བཤད། །ཅེས་པ་དང་། ཆོས་དབྱིངས་སངས་རྒྱས་ཆེ་བ་ནི། །ཐམས་ཅད་འབྱུང་བའི་བྱང་ཆུབ་སེམས། །འབྱུང་གནས་ཀུན་ལས་ཁྱད་པར་འཕགས། །ཨ་ནུ་ཡོ་གའི་ཆེ་བར་བཤད། །ཅེས་པ་དང་། ཐམས་ཅད་སངས་རྒྱས་ཆེ་བ་ནི། །སྒྲོ་སྐུར་འདས་པའི་བྱང་ཆུབ་སེམས། །བསམ་དཔྱོད་ཀུན་ལས་ཁྱད་པར་འཕགས། །ལ་ཟློས་པ་ཡི་ཆེ་བར་བཤད། །ཅེས་པ་དང་། ཀློང་ཆེན་ལས། སེམས་ཉིད་ཀློང་ཆེན་ཡངས་པ་རུ། །འཁོར་འདས་མ་ལུས་ཆོས་སོ་ཀུན། །ཆེ་བ་ལྔ་རུ་མངོན་སངས་རྒྱས། །ཞེས་གསུངས་སོ། །དེ་ཡང་སྔར་མ་གྲུབ་པ་གཅིག་བསྒྲུབ་པ་དང་། མ་ཡིན་པ་གཅིག་ཡིན་པར་བྱས་པ་མ་ཡིན་ཏེ། བརྒལ་ལན་ལས། གཉིས་མེད་བདེ་ཆེན་ལྷུན་གྲུབ་སངས་རྒྱས་ཏེ། །སྔར་འདས་སངས་རྒྱས་སྒམ་པོས་འདི་མ་མཛད། །སླད་ཀྱི་སེམས་ཅན་སྒྲིན་པོས་འདི་མ་བསྒྱུར། །མ་མཛད་མི་བསྒྱུར་སྙིང་པོའི་དོན་འདི་ལ། །ཞེས་པ་དང་། མདོ་ལས། འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །ཡེའམ་ངང་གིས་སངས་རྒྱས་ལ། །མིན་ལ་ཡིན་པར་གྱུར་མ་ཡིན། །ཞེས་པ་དང་། མན་ངག་རྩ་བ་བསྡུས་པའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ངོ་བོ་དེ། རང་བཞིན་གདོད་ནས་རྣམ་པར་དག །སངས་རྒྱས་སྒམ་པོས་འདི་མ་མཛད། །སེམས་ཅན་སྒྲིན་པོས་འདི་མ་བཅོས། །ཞེས་པ་ལ་སོགས་པ་གསུངས་སོ།
༈ །དེ་ཡང་ཡེ་ཅི་བཞིན་པའི་སངས་རྒྱས་དང་། འཁྲུལ་མ་མྱོང་གི་སངས་རྒྱས་དང་། རྒྱུད་དག་པ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་གསུམ་མོ། །དང་པོ་ནི། ཆོས་ཀུན་ཡེ་ནས་སངས་རྒྱས་ཤིང་། བཅོས་བསླད་མེད་པར་སྙིང་པོ་བྱང་ཆུབ་ཏུ་གནས་པ་ལ་བྱ་སྟེ། ལ་ཤན་ལས། རྣམ་པར་ཀུན་ལྡན་སྟོང་ཆེན་པོ། །སངས་རྒྱས་བས་ཀྱང་སྔར་སངས་རྒྱས། །ཞེས་པ་དང་། མདོ་ལས། ཆོས་རྣམས་ཀྱི་ཆོས་ཉིད་མ་བཅོས་མ་བསླད་སྙིང་པོ་བྱང་ཆུབ་ཏུ་ཡེ་ནས་གནས་པ་དེ་ལ། ཡེ་ཇི་བཞིན་པའི་རྡོ་རྗེ་སེམས་དཔའ་ཞེས་གདགས་སོ། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་ནི། གཞི་རང་བྱུང་གི་སྟོན་པ་ཀུན་ཏུ་བཟང་པོ། འཁྲུལ་མ་མྱོང་གི་སངས་རྒྱས་ཡིན་ཏེ། ཆོས་ཀུན་གདོད་ནས་རང་བྱུང་གི་ཡེ་ཤེས་སུ་སངས་རྒྱས་པས། དེ་ཉིད་འཁྲུལ་ཡང་མ་མྱོང་ལ་ལམ་བགྲོད་ཀྱང་མ་མྱོང་སྟེ། གནས་ལུགས་རང་ས་ཟིན་ནས། ཡེ་ཤེས་དང་ཆེ་བའི་ཡོན་ཏན་ཐམས་ཅད་གདོད་མ་ནས་རྫོགས་པའོ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཡང་མྱེས་ཡིན་ཤིང་། སངས་རྒྱས་ཐམས་ཅད་དེ་ལས་བྱུང་བར་གསུངས་སོ། །དེ་ཡང་ལུང་མན་ངག་རིགས་པ་གསུམ་གྱིས་ངེས་པར་བྱ་སྟེ། ལུང་ནི། ཡེ་ཤེས་རྫོགས་པ་ལས། རང་བྱུང་སྟོན་པ་འོད་གསལ་ཐུགས། །ཕྱོགས་མེད་རིག་པའི་ཉི་མ་ཤར། །མེ་ཤེལ་འོད་ལྟར་བྱིན་རླབས་འཁྲིག །འོད་གསལ་རིག་པའི་བསྟན་པ་སྒྲོགས། །ཞེས་པ་དང་། མཚན་བརྗོད་ལས། དང་པོའི་སངས་རྒྱས་རྒྱུ་མེད་པས། །སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་པ་དང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། འཁོར་འདས་མེད་པའི་སྔོན་རོལ་ཏུ། །ང་རྟོགས་ཀུན་ཏུ་བཟང་པོ་བྱུང་། །ཞེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། གང་ཡང་མེད་པའི་སྔོན་རོལ་ཏུ། །རང་བྱུང་ངོ་བོ་ཉིད་ཀྱི་གཞི། །ལུང་ལས་མ་བསྟན་མན་ངག་ཆོས། །རང་གི་རིག་པས་རང་རྟོགས་ཕྱིར། །འཁྲུལ་མ་མྱོང་ལ་རྟོགས་མ་མྱོང་། །དེ་ཚེ་འཁོར་འདས་འབྱུང་བ་མེད། །གཞི་ཤེས་རང་བྱུང་རིག་པ་ལ། །གཞི་གནས་མ་རིག་མེད་པའི་ཕྱིར། །རྐྱེན་གྱིས་སྔར་འཁྲུལ་མ་མྱོང་བས། །ལུང་བསྟན་གྱིས་ནི་བསྟན་མི་དགོས། །དེ་ཕྱིར་ལུང་ལས་མ་བྱུང་ཆོས། །ཡ་མཚན་རྨད་དུ་བྱུང་བའི་བཀའ། །སངས་རྒྱས་ཐམས་ཅད་དེ་ལས་བསྐྱེད། །ཅེས་པ་དང་། ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། སེམས་ཅན་མ་འཁྲུལ་སངས་རྒྱས་མེད་པའི་གོང་། །ངོ་བོ་ཉིད་ཀྱི་སྐུ་ལ་རང་བྱུང་སེམས། །དེ་ཉིད་མ་འཁྲུལ་གནས་ལུགས་ཡིན་པའི་ཕྱིར། །དེ་རྟོགས་ཆོས་སྐུ་མྱ་ངན་འདས་པའི་ཆོས། །ཀུན་ཏུ་བཟང་པོ་ཡེ་ཤེས་རང་བྱུང་ཐུགས། །རང་སེམས་རང་གིས་རིག་པས་ཆོས་ཀྱི་རྗེ། །ཞེས་གསུངས་སོ། །མན་ངག་ནི། སངས་རྒྱས་ཐོག་མ་གཅད་པའི་མན་ངག་ལས། །རང་བྱུང་ངོ་བོ་ཀུན་གྱི་གཞི། །འདུས་མ་བྱས་ཀྱི་ནམ་མཁའ་འདྲ། །ཡེ་ནས་ཡེ་ཤེས་རྣམ་དྲུག་གིས། །གཞི་གནས་མ་རིག་མེད་པའི་ཕྱིར། །རྐྱེན་གྱིས་སྔར་འཁྲུལ་མེད་པའི་ཕྱིར། །ལུང་བསྟན་གྱིས་ནི་བསྟན་མ་དགོས། །ལུང་ལས་མ་བསྟན་ཆོས་དེ་ཡིས། །སངས་རྒྱས་ཀུན་གྱི་ཆོས་སྐུར་ཤེས། །དེ་ལ་ཀུན་ཏུ་བཟང་པོར་བྱ། །ཞེས་པ་དང་། བྱང་སེམས་སྙིང་སྒྲོན་ལས། རང་བྱུང་སྟོན་པ་ཀུན་བཟང་རྒྱལ་བའི་ཡབ། །ཅེས་པ་ལ་སོགས་པ་གསུངས་སོ། །རིགས་པ་ནི། འཁྲུལ་མ་མྱོང་གི་སངས་རྒྱས་མེད་ན་གཞི་འཁོར་བའི་མཐའ་ཐལ་བ་དང་། དང་པོ་སྟོན་མཁན་གྱི་སངས་རྒྱས་མེད་པས། རྟོགས་པའི་ཐབས་ལམ་མེད་པ་ལ་སོགས་པའི་སྐྱོན་འོང་ངོ་། །གསུམ་པ་ནི། དེ་ལྟར་འཁྲུལ་མ་མྱོང་གི་སངས་རྒྱས་ཡོད་པས། དེས་དང་པོ་ངོ་མ་ཤེས་པའི་འཁྲུལ་པ་རྣམས་ལ། གྲོལ་བའི་ཐབས་ལམ་རྒྱ་ཆེར་བསྟན་ནས། རྟོགས་ཤིང་གྲོལ་བ་རྣམས་ནི། རྟོགས་པ་མངོན་གྱུར་རོ། །ངེས་དོན་འདུས་པའི་རྒྱུད་ལས། ཞལ་ནས་ངེས་པར་བརྒྱུད་པ་ཡི། །མན་ངག་སྙིང་པོ་འདི་རྟོགས་ནས། །རྟོགས་པ་མངོན་གྱུར་སངས་རྒྱས་ཡིན། །ཞེས་པ་དང་། ཡིད་སྐྱོབ་ལས། ཡེ་ནས་ཡིན་པའི་དོན་དེ་རབ་རྟོགས་ནས། །རྟོགས་པ་བརྟན་པ་དེ་ལ་འབྲས་བུར་གདགས། །ཞེས་པ་དང་། ཡང་། གཟུང་འཛིན་བག་ཆགས་མ་ལུས་ཀུན་སངས་ནས། །ཡེ་ཤེས་མཁའ་ལ་ཉི་ཤར་བཞིན་དུ་རྒྱས། །སངས་རྒྱས་ཞེས་ཀྱང་དེ་ལ་བཏགས་པ་ཡིན། །ཞེས་པ་དང་། མདོ་ལས། སེམས་ཅན་རྣམས་ཀྱི་ཆོས་ཉིད་གང་མཐོང་བའི་གནས་སྐབས་ལ་ནི། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ཞེས་གདགས་སོ། །ཞེས་གསུངས་སོ། །ངོ་སྤྲོད་ཅིང་ཐེ་ཚོམ་གྱི་གེགས་བསལ་བ་ནི། ཡེ་ནས་སངས་རྒྱས་པ་དེ། ལུང་། མན་ངག །རིགས་པ་གསུམ་གྱིས་ངོ་སྤྲད་ཅིང་བསྒྲུབ་སྟེ། ལུང་ནི། སྙིང་པོ་ལས། ས་ཆུ་སྤྱན་དང་མ་མ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཞེས་པ་དང་། ཡང་། བཅིང་མེད་རྣམ་པར་གྲོལ་མེད་པས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པ་དང་། མདོ་ལས། ཐམས་ཅད་དེ་བཞིན་ཉིད་དབྱིངས་སུ། །ཡེ་ནས་རྣམ་རྟོག་མེད་སངས་རྒྱས། །གདོད་སངས་རྒྱས་རུ་ག་ལ་ཡོད། །ཅེས་པ་དང་། ཀློང་ཆེན་ལས། འགྲོ་ཀུན་ཡེ་ནས་སངས་རྒྱས་ཉིད། །ཉོན་མོངས་ཡེ་ནས་ཡེ་ཤེས་ཏེ། །འཁོར་བའི་གཡང་ས་བྱང་ཆུབ་སེམས། །དུག་གསུམ་སྐུ་གསུམ་གཏན་སྤྲུག་པས། །ཞེས་པ་དང་། ཡང་། དམྱལ་བའི་ཚ་གྲང་སྡུག་བསྔལ་ཡང་། །ཆོས་ཉིད་རང་གི་ཀློང་ན་འབྱམས། །རང་ལས་ཐ་དད་མེད་པའི་ཕྱིར། །སྐུ་གསུམ་ཀློང་ན་ཡེ་སངས་རྒྱས། །ཞེས་པ་ལ་སོགས་པ་དང་། མདོ་བཅུ་ལས། སྲིད་གསུམ་ལམ་ལྔའི་ཆོས་ལྔ་ཡང་། །བྱང་ཆུབ་སེམས་སུ་མངོན་སངས་རྒྱས། །ཞེས་གསུངས་སོ། །མན་ངག་ནི། ལམ་རིམ་ལས། སེམས་ཉིད་ཡེ་ནས་སངས་རྒྱས་ལ། །དེ་མིན་ལྟ་བ་བཟློག་པའི་ཕྱིར། །ཞེས་པ་དང་། གཅན་འཕྲང་ལས། ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །ལྷག་མ་མེད་པར་ཡོངས་སུ་རྫོགས། །ཞེས་པ་དང་། རིན་པོ་ཆེའི་འོད་ལས། མཐའ་ཡས་འགྲོ་བ་ཐམས་ཅད་ལ། །རྒྱལ་བའི་ཡེ་ཤེས་རང་ཆས་ལྡན། །ཞེས་པ་ལ་སོགས་པ་གསུངས་སོ། །རིགས་པས་བསྒྲུབ་པ་ནི། ལུང་མན་ངག་གི་རྗེས་སུ་འཇུག་ཅིང་། ལུང་མན་ངག་དང་མཐུན་པར་བསྒྲུབས་ཏེ། རིགས་པ་སྤྱིའི་གོ་བ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་བྱ་མ་ཤེས་པ་ཤེས་པར་བྱེད་པ། ཤེས་བྱ་བདེན་པ་དང་འབྲེལ་པ་གཅིག་ཡིན་གསུངས། ཡང་། རྟགས་ལ་བརྟེན་ནས། ཤེས་བྱ་མ་ཤེས་པ་ཤེས་པར་བྱེད་པ་ལ་ཡང་འདོད། ས་ལམ་གྱི་ཀློང་ལས། འཁྲུལ་བའི་གཉེན་པོ་ཚད་མར་གྱུར་ཕྱིར་རིགས། །ཞེས་པས། རྟགས་དང་། བདེན་པའི་ཚད་མས་དོན་གྱི་མཚན་ཉིད་རྟོགས་པར་བྱེད་པ་གཅིག་ལ་བྱའོ། །རྒྱས་པ་ནི། མདོ་ལས། ལང་ཀའི་བདག་པོ། རིགས་པ་གང་ཞེ་ན། འདི་ལྟ་སྟེ། ལྟོས་པ་དང་། བྱ་བ་བྱེད་པ་དང་། བསྒྲུབ་པ་དང་། ཆོས་ཉིད་དོ། །ཞེས་པ་དང་། ལྟ་ཀློང་ལས། སྣང་གྲགས་བྱང་ཆུབ་སེམས་སུ་ལྷུན་གྲུབ་པས། །རིགས་པ་བཞི་ཡིས་སྒྲོ་སྐུར་ཐེ་ཚོམ་བསལ། བསྲེགས་བཅད་བདར་བས་ས་གསེར་ངེས་རྟོགས་ལྟར། ཆོས་ཉིད་བྱ་བྱེད་ལྟོས་པ་དེ་འཐད་བསྒྲུབས། །ཞེས་པས། ཆོས་ཉིད་ཀྱི་རིགས་པ་དང་། བྱ་བ་བྱེད་པའི་དང་། ལྟོས་པའི་དང་། འཐད་པ་བསྒྲུབ་པའི་རིགས་པའོ། །དང་པོ་ལ་གོ་བ་དང་། བྱེ་བྲག་ཕྱེ་སྟེ་བསྟན་པའོ། །གོ་བ་ནི། ཉིད་ཀྱི་རང་བཞིན་ཉིད་ལས་མི་འགྱུར་ཞིང་འདའ་བའོ། །རྒྱ་མཚོ་ཀློང་དགུ་ལས། ནམ་མཁའ་ས་ཆུ་མེ་དང་རླུང་། །རང་རང་དོན་ལས་མི་འདའ་ཞིང་། །སྣང་གྲགས་ཆོས་རྣམས་མ་ལུས་པ། །བདེ་ཆེན་ངང་ལས་འདའ་མི་སྲིད། །ཅེས་པ་དང་། འབྲས་ཀློང་ལས། རང་གི་རང་བཞིན་མི་འགྱུར་སྤྲོས་པ་གཅོད། །ཅེས་པ་དང་། ཀློང་ཆེན་ལས། གཞི་རྩ་གཅིག་པའི་ཆོས་ཉིད་ལ། །རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་ཀྱང་། །རང་གི་མཚན་ཉིད་རང་གིས་འཛིན། །ཞེས་གསུངས་སོ། །བྱེ་བྲག་ནི། མཐར་ཐུག་ཆོས་ཉིད་ཀྱི་རིགས་པ་དང་། གནས་སྐབས་ཆོས་ཉིད་ཀྱི་རིགས་པའོ། །དང་པོ་ནི། ཆོས་ཀུན་ཅི་ལྟར་སྣང་ཡང་ཆོས་ཉིད་རང་སྣང་བས། དེ་ཉིད་མ་བཅོས་མ་བསླད་སྙིང་པོ་བྱང་ཆུབ་ཏུ་ཡེ་ནས་སངས་རྒྱས་ཤིང་། ཅིར་སྣང་ཡང་ཆོས་ཉིད་ལས་མི་འདའ་བའོ། །གཅན་འཕྲང་ལས། ཆོས་ཀུན་རང་རིག་རང་སྣང་བས། །སྤང་བྱ་མེད་ཅིང་གཉེན་པོ་མེད། །ཉིད་ལས་གཞན་པའི་ཆོས་མེད་པས། །ངན་སོང་གནས་ཀྱང་སྐྱེ་མེད་རང་། །སྣང་སྲིད་སྣོད་བཅུད་ཆོས་ཀྱི་སྐུ། །ཞེས་པ་དང་། མདོ་ལས། ལང་ཀའི་བདག་པོ། ཆོས་ཉིད་གང་ཞེ་ན། གང་དུ་ཡང་མ་བཅོས་པ་ཉིད་དོ། །ཞེས་པ་དང་། གསལ་བཀྲ་ལས། འདྲེ་ལྡོག་སྤྱི་ཙུག་གར་གྱུར་ཀྱང་། །སྙིང་པོའི་དོན་ལས་མི་འདའ་བས། །ཞེས་པ་དང་། མདོ་ལས། ཐམས་ཅད་ཐམས་ཅད་ཇི་སྙེད་པ། །ཚིག་གི་ཐ་སྙད་ཙམ་དག་ལས། །འདི་ལ་བྱ་བ་ཅི་ཡང་མེད། །རང་བཞིན་ཉིད་དེ་ཡེ་སངས་རྒྱས། །ཞེས་གསུངས་སོ། །གནས་སྐབས་ནི། ཕྱི་ནང་གི་ཆོས་ཀུན་མཚན་ཉིད་གང་མ་འདྲེས་པར་གསལ་ཞིང་འཛིན་པ་ཡིན་ཏེ། ལྟ་ཀློང་ལས། གནས་སྐབས་ཆོས་ཉིད་འཁྲུལ་སྣང་རང་མཚན་ཉིད། ས་སྲ་ཆུ་གཤེར་མེ་ཚ་རླུང་ཡང་གཡོ། །ཞེ་སྡང་ཀུན་ནས་མནར་སེམས་ལ་སོགས་པ། །ཀུན་ནས་མ་འདྲེས་ཡེ་ནས་སོ་སོར་ཤར། །ཞེས་གསུངས་སོ། །བྱ་བ་བྱེད་པའི་རིགས་པ་ཡང་། གོ་བ་དང་། བྱེ་བྲག་ཕྱེ་སྟེ་བསྟན་པའོ། །གོ་བ་ནི། དོན་བྱེད་ནུས་ཤིང་དེའི་བྱ་བ་བྱེད་པའོ། །བྱེ་བྲག་ནི། མེས་བཙོ་བསྲེག་གི་བྱ་བ་བྱེད་པ་ལ་སོགས་པ་དང་། རྒྱུ་རྐྱེན་འཛོམ་ནས་གནས་སྐབས་ཀྱི་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པ་དང་། བློ་དང་ཆོས་སུ་འཛོམ་ནས་རང་རང་གི་འབྲས་བུ་མངོན་དུ་ཐོབ་པར་བྱེད་པ་ལ་སོགས་པ། གནས་སྐབས་དང་མཐར་ཐུག་གི་བྱ་བ་བྱེད་པའོ། །ཡང་། གནས་སྐབས་བྱ་བྱེད་རྒྱུ་རྐྱེན་དེ་འཚོགས་པས། །འབྲས་བུ་ཐ་དད་མངོན་པར་བསྒྲུབ་པའང་རིགས། །ཞེས་སོ། །ལྟོས་པའི་རིགས་པ་ལ་ཡང་གཉིས་ཏེ། གོ་བ་ནི། ཆོས་གང་ཞིག་གང་ལ་ལྟོས་ཏེ་བཏགས་པའོ། །བྱེ་བྲག་ནི། ཆེ་ཆུང་དང་། རིང་ཐུང་དང་། ཕྱི་ནང་དང་། ཐེག་པ་མཐོ་དམན་ལ་སོགས་པ་གནས་སྐབས་དང་། མཐར་ཐུག་ལ་སོགས་པ་ཐམས་ཅད་གཅིག་ལ་གཅིག་ལྟོས་ཏེ་བརྟགས་པ་ཤེས་པར་བྱའོ། །ཡེ་ཤེས་སྒྲོན་འབར་ལས། གནས་སྐབས་མཐར་ཐུག་རྒྱུ་འབྲས་ལ་སོགས་པ། །གཅིག་ལ་གཅིག་ལྟོས་ལྟོས་ནས་བརྟགས་པ་ཡིན། །ཞེས་གསུངས་སོ། །འཐད་པ་བསྒྲུབ་པའི་རིགས་པ་ནི། ལྟ་ཀློང་ལས། དེ་ཡི་འཐད་པ་བསྒྲུབ་པ་སྒྲ་ཚད་ཆོས། །ཞེས་པས། སྒྲས་མཚོན་ཏེ་རྟོགས་པར་བྱ་བ་དང་། དོན་གྱིས་ཚད་མས་གཏན་ལ་དབབ་སྟེ་རྟོགས་པར་བྱའོ། །སྔ་མ་ནི། དེ་ཡང་དོན་ལ་དམིགས་ཤིང་སྒྲ་ལས་བྱུང་། །མཐུན་པར་སྣང་ལ་ཐུན་མོང་དུ་གྲགས་ཤིང་། །མངོན་པར་ཞེན་ནས་དེ་ཡིས་དེ་འཐད་འགྲུབ། །ཅེས་པས། དོན་ལ་དམིགས་པ། སྒྲ་ལས་བྱུང་བ། མཐུན་པར་སྣང་བ། ཐུན་མོང་དུ་གྲགས་པ། དེའི་དོན་ལ་མངོན་པར་ཞེན་པ་གཅིག་དགོས། དེའང་དོན་ལ་མ་དམིགས་ན་དོན་གྱི་དམིགས་མི་ཤེས་པས་དོན་ལ་དམིགས་པ་གཅིག་དགོས། སྒྲ་ལས་མ་བྱུང་ན་དོན་མི་མཚོན་པས། སྒྲ་ལས་བྱུང་བ་གཅིག་དགོས། སྣང་ཚུལ་མི་མཐུན་ན་གཏན་ལ་དབབ་ཏུ་མི་བཏུབ་པས། མཐུན་པར་སྣང་བ་གཅིག་དགོས། ཐུན་མོང་དུ་གྲགས་པ་གཅིག་མེད་ན་ཅི་ལ་ཟེར་ཆ་མེད་ཅིང་། དོན་ལོག་པར་འགྲོ་བས། ཐུན་མོང་དུ་གྲགས་པ་གཅིག་དགོས། མངོན་པར་མ་ཞེན་ན་དོན་མཐར་མི་ཕྱིན་པས། དོན་ལ་འདྲིས་ཤིང་ཞེན་པ་གཅིག་དགོས། གནས་སྐབས་དང་མཐར་ཐུག་གི་དོན་གང་མཚོན་ཀྱང་། བཞི་པོ་དེས་མཚོན་ཞིང་རྟོགས་པར་བྱ་སྟེ། རང་རང་གི་སྐབས་དང་སྦྱར་ཏེ་རྟོགས་པར་བྱེད་པའོ། །དོན་གྱི་ཚད་མས་གཏན་ལ་དབབ་པ་ལ་ཡང་། གོ་བ་དང་། བྱེ་བྲག་ཕྱེ་སྟེ་བསྟན་པའོ། །གོ་བ་ནི། རྟགས་ལ་བརྟེན་ནས་དོན་གྱི་མཚན་ཉིད་བསྒྲུབ་པའམ། རྟོགས་པར་བྱེད་པའོ། །བྱེ་བྲག་ནི། ཚད་མ་མངོན་སུམ་རྗེས་སུ་དཔག་པས་ཀྱང་། རང་མཚན་སྤྱི་ཡི་རྣམ་པ་དེ་འཐད་བསྒྲུབ། །ཅེས་པས། མངོན་སུམ་གྱི་རྟགས་ལ་བརྟེན་ནས་དོན་རང་གི་མཚན་ཉིད་རྟོགས་པར་བྱེད་པ་དང་། རྗེས་དཔག་གི་རྟགས་ལ་བརྟེན་ནས་དོན་སྤྱིའི་མཚན་ཉིད་བསྒྲུབ་པར་བྱེད་པའོ། །དང་པོ་ནི། མངོན་སུམ་སྤྱིའི་གོ་བ་དང་། བྱེ་བྲག་ཕྱེ་སྟེ་དོན་རང་གི་མཚན་ཉིད་རྟོགས་པར་བྱེད་པའོ། །དང་པོ་ནི། མཚན་ཉིད་པའི་ལུགས་ཀྱིས་གཟུང་ཡུལ་ལ་མ་འཁྲུལ་བའམ། རྟོག་བྲལ་མ་འཁྲུལ་བ་ལ་འདོད་དེ། དེའི་དོན་ཀྱང་གོ་བ་བླང་བར་བྱའོ། །གསང་སྔགས་པའི་ལུགས་ཀྱིས། གསལ་བ་མཐར་ཐུག་པ་ལ་མཛད་གསུང་ངོ་། །དེ་ཉིད་ལས། སྣང་ལ་མི་རྟོག་དོན་ལ་མ་འཁྲུལ་བར། །ཞེས་པས། ཡང་། སྣང་ལ་མ་འཁྲུལ་བ་ལ་བྱ་སྟེ། དེ་གཉིས་ཀྱི་གོ་བ་ཡང་ཤེས་པར་བྱའོ། །བྱེ་བྲག་ནི། ཐུན་མོང་སྤྱིའི་མངོན་སུམ་དང་། ཁྱད་པར་གསང་སྔགས་མངོན་སུམ་གྱི་ཚད་མས་ཆོས་ཀུན་ཡེ་ནས་སངས་རྒྱས་པ་དེ་རྟོགས་པར་བྱེད་པའོ། །སྔ་མ་ནི། མངོན་སུམ་དབང་པོ་ཡིད། རང་རིག་རྣལ་འབྱོར་བཞི་སྟེ་བགྲང་། དེ་ལ་དབང་པོའི་མངོན་སུམ་ནི། འཇིག་རྟེན་གྲགས་ཚོད་ཀྱི་དབང་པོ་སྐྱོན་མེད་ཀྱི་ངོ་ལ་སྣང་བའོ། །ཡིད་ཀྱི་མངོན་སུམ་ནི། ཡིད་ཀྱི་ཡུལ་དུ་སྣང་ཞིང་གྲུབ་པའོ། །རང་རིག་པའི་མངོན་སུམ་ནི། རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་ཤིང་གསལ་བའོ། །རྣལ་འབྱོར་གྱི་མངོན་སུམ་ནི། སྟོང་ཞིང་བདག་མེད་ཀྱི་དོན་ཉམས་སུ་མྱོང་བ་ཡིན་ཏེ། ལམ་པས་རང་གི་གྲུབ་མཐའི་དོན་ཉམས་སུ་མྱོང་ཞིང་ཆོས་སྤྱི་དང་རང་གི་མཚན་ཉིད་ཤེས་པའོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་ལས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལ་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཞེས་སོ། །ཁྱད་པར་ནི། གསང་སྔགས་མངོན་སུམ་གྱི་ཚད་མས་རྟོགས་པར་བྱ་བ་དང་། རྗེས་དཔག་གིས་གསང་དོན་མངོན་སུམ་དུ་མི་རྟོགས་པའོ། །དང་པོ་ནི། རྒྱས་པ་དང་། ལེ་ལག་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་པ་དང་། ཡེ་ཤེས་རྫོགས་པ་ལས། རིག་པ་མཆོག་ལྡན་བདེ་གཤེགས་བཀའ། །རང་བྱུང་ཚད་མས་མངོན་སུམ་གསལ། །ཞེས་པ་དང་། ཀློང་ཆེན་ལས། ཡེ་ཤེས་བདུད་རྩིས་འཁོར་བ་འཇོམས། །ཐོག་བབ་ཅར་ཕོག་ཤུགས་འབྱུང་དང་། །ཀློང་རྡོལ་རང་ཤར་རང་ལུགས་ཀྱིས། །འགྲོ་དྲུག་གྲོང་ཁྱེར་གཏན་ནས་བཅོམ། །ཞེས་པས། རང་རིག་པའི་ཚད་མས་མངོན་སུམ་དུ་ངོ་སྤྲད་པ་དང་། གཏན་ཚིགས་ཀྱིས་གཏན་ལ་ཕབ་སྟེ་མངོན་སུམ་དུ་རྟོགས་པར་བྱེད་པའོ། །དང་པོ་ནི། མངོན་སུམ་བཞི་ལ་སོགས་པས་དངོས་སུ་ངོ་སྤྲོད་པ་ཡིན་ཏེ། དེ་ལ་དབང་པོའི་མངོན་སུམ་གྱིས་སྒོ་ལྔ་གཉིས་མེད་རང་གསལ་རིག་པ་གཅེར་མཐོང་དུ་དང་། ཡིད་ཀྱི་མངོན་སུམ་གྱིས་འགྱུ་བྱེད་མཚན་མ་རང་གྲོལ་དུ་དང་། རང་རིག་པའི་མངོན་སུམ་གྱིས་ཕྱི་ནང་གཉིས་མེད་རིག་པ་རང་སྣང་དུ་དང་། རྣལ་འབྱོར་གྱི་མངོན་སུམ་གྱིས་ཆོས་ཀུན་མ་འདྲེས་ཡོངས་རྫོགས་མཉམ་ཉིད་རང་གྲོལ་དུ་ངོ་སྤྲད་པའོ། །དེ་ཉིད་འགགས་མེད་སྤྲུལ་པའི་སྐུ་དང་། སྐྱེ་མེད་ཆོས་ཀྱི་སྐུ་དང་། གཉིས་མེད་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྐུ་ལྔ་ལྷུན་གྲུབ་ཏུ་ངོ་སྤྲད་པའོ། །དང་པོ་ནི། ཀློང་རབ་འབྱམས་ལས། དབང་པོ་ཅེར་མཐོང་ཆོས་ཉིད་གསལ། །སྣང་བ་རྒྱ་ཡན་རིག་པའི་ཀློང་། །ཞེས་པ་དང་། མ་འགགས་ཐུགས་རྗེའི་སྤྲུལ་པ་ནི། །ངེས་མེད་སྐུ་སྟེ་ཅིར་ཡང་སྣང་། །ཞེས་སོ། །གཉིས་པ་ནི། རང་ཤར་རང་གྲོལ་ཆོས་ཉིད་ཀྱིས། །མཚན་མ་ཐམས་ཅད་ཟིལ་གྱིས་གནོན། །ཞེས་པ་དང་། འཕོ་འགྱུར་མེད་པ་ཆོས་ཀྱི་སྐུ། །སྐྱེ་མེད་ཆོས་ཀྱི་དབྱིངས་ན་གསལ། །ཞེས་སོ། །གསུམ་པ་ནི། ཡེ་ཤེས་རང་ཤར་ཆོས་ཉིད་ཀློང་། །མ་བསྒྲིབས་ཕྱི་ནང་མེད་པར་གསལ། །ཞེས་པ་དང་། ཉིད་ཀྱི་རོལ་པ་ལོངས་སྤྱོད་རྫོགས། །ལོངས་སྤྱོད་རྫོགས་སྐུ་ཉིད་ཀྱིས་བསྟན། །ཞེས་སོ། །ཡང་། ཉོན་མོངས་ཡེ་ཤེས་དབྱེར་མི་ཕྱེད། །མ་ཤེས་པ་ལ་ཁམས་གསུམ་སྟེ། །དེ་ཤེས་པ་ལ་སྐུ་གསུམ་ཀློང་། །ཡེ་ནས་ཡིན་པས་བཙལ་མི་དགོས། །ཞེས་པ་དང་། སྐུ་གསུམ་རྒྱུན་ཆད་མེད་པ་ཡིས། །མཐའ་ཡི་ཞེན་པ་རང་སར་གྲོལ། །ཞེས་སོ། །བཞི་པ་ནི། རང་བྱུང་ཡེ་ཤེས་ནམ་མཁའ་ཆེ། །ཐམས་ཅད་དེ་རུ་འདུས་པས་ན། །མ་འདྲེས་ཡོངས་རྫོགས་ཐེག་པའི་རྒྱན། །སྣང་བ་སྣ་ཚོགས་ཅིར་ཤར་ཡང་། །སྐུ་ལྔའི་ཀློང་ལས་གཡོས་པ་མེད། །ཅེས་གསུངས་སོ། །དེ་རྣམས་རང་རང་གི་རྒྱུད་ལུང་མན་ངག་དང་ངོ་སྤྲོད་པ་ནི། བླ་མའི་ཞལ་གྱི་གདམས་པ་ལས་ཤེས་པར་བྱའོ། །གཞན་ཡང་ཉོན་མོངས་ཡེ་ཤེས་སུ་ངོ་སྤྲད་པ་དང་། སྡུག་བསྔལ་བདེ་བར་དང་། སེམས་ཅན་སངས་རྒྱས་སུ་ངོ་སྤྲད་པའོ། །ཀློང་ཆེན་ལས། ཡེ་ཤེས་པས་ཀྱང་ཉོན་མོངས་གཙོ། །ཉོན་མོངས་འཆིང་བའི་ཞགས་པ་ཡིས། །རང་བྱུང་ཡེ་ཤེས་གཏན་ལ་འབེབས། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །བདེ་ཆེན་བས་ཀྱང་སྡུག་བསྔལ་གཙོ། །སྡུག་བསྔལ་ཞེན་ཆགས་མཚན་མ་ཡིས། །ཆགས་མེད་བདེ་ཆེན་གཏན་ལ་འབེབས། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །སེམས་ཅན་དངོས་པོར་སྣང་བ་ཡིས། །དངོས་མེད་སངས་རྒྱས་གཏན་ལ་འབེབས། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །དེ་ལ་སོགས་ཏེ་སྣང་བ་སྐུའི་དཀྱིལ་འཁོར། གྲགས་པ་གསུང་གི་དཀྱིལ་འཁོར། དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲད་པ་དང་། བདེན་པ་གསུམ་སྐུ་གསུམ་དུ་དང་། དལ་གསུམ་སྐུ་གསུམ་དང་། ཆེ་བ་ལྔར་སངས་རྒྱས་པ་ལ་སོགས་པས་གང་ཟག་ལས་དང་སྐལ་པར་ལྡན་པ་དབང་པོ་མཆོག་ཏུ་གྱུར་པ་རྣམས་ལ། སངས་རྒྱས་ཀྱི་དགོངས་པ་མངོན་སུམ་དུ་ངོ་སྤྲད་པ་ཡིན་ཏེ། སྙིང་པོ་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །གཞན་དུ་སངས་རྒྱས་མ་ཚོལ་ཅིག །ཅེས་པ་དང་། མདོ་ལས། ཀུན་འདུས་གསང་བའི་དགོངས་སྤྱོད་ཟབ་མོ་ནི། །རང་བྱུང་རང་རིག་མངོན་སུམ་སྣང་དུས་ན། །རང་བྱུང་ཡེ་ཤེས་དེ་ཉིད་མཐོང་ཞེས་བྱ། །ཞེས་པ་དང་། ཀུན་བྱེད་ལས། ཅི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་པ་དང་། ཀུན་བཟང་རིག་པ་རྩལ་ཤར་བའི་རྒྱུད་ལས། མ་ལུས་ཆོས་རྣམས་ཐམས་ཅད་ཀུན། །ཤེས་པ་ཆོས་སྐུ་རང་གསལ་བས། །ཀུན་ཏུ་བཟང་པོའི་དགོངས་པ་ལས། །གར་ཡང་མ་གཡོས་ཆོས་ཉིད་ཡིན། །ཞེས་པ་དང་། ཀློང་ལས། སྣང་ཞིང་གྲགས་པའི་ཆོས་རྣམས་དང་། །མཐོང་ཐོས་སྒོ་ལྔར་ཅི་ཤར་ཡང་། །རང་ཞལ་རང་གིས་མཐོང་བས་ན། །གཉིས་སུ་ལྟ་བའི་ཡུལ་གཞན་མེད་། །གཉིས་སུ་མེད་དོ་མཉམ་པ་ཆེ། །ཡུལ་སེམས་མཉམ་པའི་ཀློང་དུ་གྲོལ། །ཞེས་གསུངས་སོ། །མན་ངག་ནི། ལ་ཤན་ལས། མཆོག་གི་རང་རིག་མངོན་སུམ་དུ། །རང་གསལ་གྲོལ་ཐོབ་གཉིས་ལས་འདས། །ཞེས་པ་དང་། རང་གཏེར་གཏད་ལས། དོན་ཉིད་སྤྲོས་བྲལ་མངོན་སུམ་ལས། །མ་མཐོང་ཆ་གཞན་ཡུལ་མེད་པས། །རྟགས་ལ་བརྟེན་ནས་དབབ་ཏུ་མེད། །ཅེས་པ་དང་། ལམ་རིམ་ལས། དེ་བས་གསེར་ལྟ་གསེར་བཞིན་དུ། །བདག་ཕྱིར་བྱ་བྱེད་མི་དམིགས་པས། །རྟོག་དཔྱོད་གཉིས་འཛིན་མི་ཚོར་བར། །དེ་བརྗོད་ཉིད་ཀྱིས་དེ་ཉིད་མཐོང་། །ཞེས་གསུངས་སོ། །གཏན་ཚིགས་ཀྱིས་དངོས་སུ་རྟོགས་པར་བྱ་བ་ནི། རང་རང་གི་སྐབས་བཞིན་ཤེས་པར་བྱའོ། །དེ་ལྟར་ལུང་མན་ངག་མངོན་སུམ་གྱི་ཚད་མ་དང་གཏན་ཚིགས་ཀྱིས་ཆོས་ཀུན་ཁོང་དུ་ཆུད་ཅིང་རང་སེམས་སངས་རྒྱས་སུ་རྟོགས་པས་འགྱུར་མེད་དོན་དང་ལྡན་ཞིང་། ལུང་རིགས་ཀྱིས་ལོག་རྟོག་རྩད་ནས་གཅོད་པ་ཡིན་ཏེ། བརྒལ་ལན་ལས། རང་བྱུང་ཡེ་ཤེས་གཅིག་ཏུ་གནས་པ་ལ། །རྟོགས་པའི་ཡེ་ཤེས་གཅིག་ཏུ་རྟོགས་ནས་ནི། །གཉིས་མེད་གནད་དུ་ཆུད་པས་སངས་རྒྱས་ཡིན། །ཞེས་པ་དང་། ཀློང་ཆེན་ལས། རང་སེམས་ཚད་མའི་གདེངས་ལྡན་པས། །མི་འགྱུར་དོན་གྱི་གཡུང་དྲུང་ཡིན། །ལུང་རིག་དོན་གྱི་བྱ་ར་བས། །ལེག་རྟོགས་རྐུན་པོ་རྡུལ་དུ་བརླག །ཅེས་གསུངས་སོ། །དེ་བཞིན་དུ་ཆོས་ཀུན་ཡེ་ནས་སངས་རྒྱས་པས། རང་བྱུང་ཡེ་ཤེས་མངོན་སུམ་དུ་རྟོགས་ཤིང་ཐག་ཆོད་པ་ནི་ལུས་དམན་པར་གནས་ཀྱང་། སེམས་དགོངས་པ་སངས་རྒྱས་ཡིན་ཏེ། མདོ་ལས། དེ་ཉིད་དེ་ལ་ཞེན་ངེས་བློ་བརྟན་ཞིང་། །གང་ཡང་འབྲེལ་བ་ལྟ་བ་ཐག་ཆོད་ན། །དམན་པའི་ལུས་ལ་དམ་པའི་གོ་འཕང་ཅན། །དབང་ཕྱུག་ཆེན་པོ་ཡིན་པས་དེ་ལ་གུས་ཕྱག་འཚལ། །ཞེས་པ་དང་། ནམ་མཁའ་ཀློང་ཡང་ལས། རྣལ་འབྱོར་དམན་པ་ལས་ཅན་གྱིས། །ཡིད་ཀྱི་དོན་རྟོགས་ངོ་ཤེས་པས། །ཀུན་བཟང་ཆོས་སྐུ་ད་ལྟ་ང་། །དམན་པའི་ལུས་ལ་སངས་རྒྱས་ཡིན། །ཞེས་པ་དང་། ཡིད་སྐྱོབ་ལས། རང་བྱུང་ཡེ་ཤེས་སྤྲོས་དང་བྲལ་བས་སངས། །སྤྲོས་བྲལ་རྟོགས་པ་གདེང་དུ་གྱུར་པས་རྒྱས། །ཞེས་པ་ལ་སོགས་པ་རྒྱུད་ལུང་མན་ངག་དུ་མ་ལས་གསུངས་སོ། །དེ་ལྟར་ཆོས་ཀུན་ཡེ་ནས་སངས་རྒྱས་ཤིང་། གསང་སྔགས་མངོན་སུམ་གྱི་ལམ་པ་ཡིན་པར་ལུང་མན་ངག་དུ་མ་ལས་གསུངས་ཤིང་འགྲུབ་བོ། །རྗེས་དཔག་གིས་མི་རྟོགས་པ་ནི། ཆོས་ཀུན་ཡེ་ནས་སངས་རྒྱས་ཤིང་ཅིར་སྣང་འདུས་མ་བྱས་ཀྱི་ཡེ་ཤེས་མངོན་སུམ་དུ་གསལ་བ་ལ། རྗེས་དཔག་གི་ཚད་མས་མི་རྟོགས་ཤིང་དེ་ཉིད་ལོག་རྟོག་ཡིན་པར་གསུངས་ཏེ། མདོ་ལས། དཔེའམ་ཚད་མ་གཏན་ཚིགས་སམ། །རྗེས་སུ་དཔག་པའི་ཤེས་རབ་ཀྱིས། །རྟོགས་པར་ནུས་པ་མ་ཡིན་ཏེ། །དམུས་ལོང་མཁའ་ལ་མཐོ་འཇལ་འདྲ། །ཞེས་པ་དང་། ནམ་མཁའ་མཐའ་མཉམ་ལས། རིག་པ་རང་གསལ་མངོན་སུམ་ལ། །རྗེས་དཔག་ཚད་མས་རྫུན་གྱིས་བསླུས། །ཞེས་པ་དང་། ཀློང་ལས། དེ་བཞིན་ཉིད་ལ་འདི་འདྲ་ཞེས། །ཚད་མས་གཞལ་དུ་མེད་པའི་ཕྱིར། །དཔག་དཀའ་གཏིང་རིང་སྒོ་ཡངས་པས། །འཁྲུལ་པ་རྟོག་གེའི་སྤྱོད་ཡུལ་མིན། །ཞེས་པ་དང་། གཞལ་བྱ་འཇལ་བྱེད་ཚིག་གི་མཐའ། །དམིགས་པའི་ཡུལ་ལ་རྟོག་དཔྱོད་བྱེད། །ཡིད་དཔྱོད་ཤེས་པའི་དོན་དུ་འཛིན། །བསྐལ་པ་བྱེ་བ་བརྒྱར་བགྲངས་ཀྱང་། །བྱར་མེད་དོན་དང་འཕྲད་མི་འགྱུར། །ཞེས་པ་དང་། ཀུན་བྱེད་ལས། ཐམས་ཅད་ཅི་བཞིན་པ་ཡི་ཆོས་ཡིན་པས། །ཇི་བཞིན་པ་ལ་འཆོས་པར་བྱེད་པ་ནི། །རྫུན་གྱིས་བདེན་པ་བསླུས་པ་སྡིག་རེ་ཆེ། །ཞེས་པ་དང་། ཡིད་སྐྱོབ་ལས། འཇལ་བྱའི་ཡུལ་ལ་བདག་གིས་ནི། །འཇལ་བྱེད་ཚད་མས་གཏན་ལ་འབེབས། །ཡིན་མིན་འདུ་ཤེས་ཉོན་མོངས་སྐྱེ། །སྐྱོན་ཡོན་གཉིས་ཀྱི་འདུ་ཤེས་ཀྱིས། །འཁོར་བའི་མཐའ་ལས་གྲོལ་བར་འདོད། །དེ་ཉིད་འཁོར་བའི་རྒྱུ་ཡིན་མོད། །ཞེས་པ་དང་། སྙིང་པོ་དོན་གྱི་རྒྱུད་ལས། ཀྱེ་འདུས་པ་ཆེན་པོའི་རྣལ་འབྱོར་ལ། །རང་སེམས་རྫོགས་པའི་རང་བཞིན་གསལ། །སྒྲ་དང་ཚད་མ་གཏན་ཚིགས་ཀྱིས། །བརྗོད་བྲལ་གཏན་ལ་ཕེབས་པ་མེད། །ཞེས་པ་ལ་སོགས་པ་རྒྱུད་ལུང་དུ་མ་ལས་གསུངས་སོ། །དེ་ལྟར་རྟོགས་པའི་སྐལ་བ་དང་མི་ལྡན་ཞིང་བློ་ཆུང་བ་རྣམས་ཀྱི་ལོག་རྟོག་བསལ་བའི་ཕྱིར། རྗེས་དཔག་གི་ཚད་མས་དོན་སྤྱིའི་མཚན་ཉིད་བསྒྲུབ་པ་ནི། ཐུན་མོང་གི་རྗེས་དཔག་དང་། ཐུན་མོང་མ་ཡིན་པའི་རྗེས་དཔག་གིས་ཆོས་ཀུན་ཡེ་ནས་སངས་རྒྱས་པ་དེ་བསྒྲུབ་པའོ། །སྔ་མ་ནི་དཔེར་ན་མེ་ཆོས་ཅན་མེ་ཡོད་དེ་དམ་བཅའ། གཏན་ཚིགས་དུ་བ་འདུག་པའི་ཕྱིར་ཞེས་པ་ལྟ་བུ་ལ་སོགས་པ་རྣམས་དང་། དོན་ནི་རྟོག་གེ་དང་དབུ་མའི་གཏན་ཚིགས་བཞི་ལ་སོགས་པ་ཐེག་པ་འོག་མ་པ་རྣམས་ཀྱི་རང་རང་གི་གྲུབ་མཐའི་དོན་གཏན་ལ་འབེབས་པའི་རྗེས་དཔག་གི་གཏན་ཚིགས་རྣམས་ཡིན་ཏེ་རང་རང་གི་གཞུང་བཞིན་ཤེས་པར་བྱའོ། །དེ་རྣམས་ཀྱང་དོན་ལ་ལྟོས་ན་ཀུན་བརྟགས་ཡིན་ཏེ། ལ་ཤན་ལས། གཏན་ཚིགས་བཞི་སོགས་རིམ་བཀོད་པས། །དངོས་དེ་ཉིད་ཤེས་ཀུན་སྨྲ་ཡང་། །རྩོལ་བྲལ་བྱར་མེད་དོན་རིགས་ན། །རྗེས་དཔག་ལྟོས་བརྟགས་ཁོ་ནར་སྣང་། །ཞེས་གསུངས་སོ། །ཐུན་མིན་གྱི་རྗེས་དཔག་གིས་ཆོས་ཀུན་ཡེ་ནས་སངས་རྒྱས་པར་བསྒྲུབ་པ་ནི། སེམས་ཅན་རྣམས་ལམ་ས་གང་ཡང་རུང་བ་གཅིག་གི་སེམས་རྒྱུད་ཆོས་ཅན། ཡེ་ནས་སངས་རྒྱས་པ་ཡིན་ཏེ། གང་གིས་རྟོགས་པ་མངོན་དུ་སངས་རྒྱས་པ་ཡིན་པའི་ཕྱིར་ཞེས་པ། ཕྱིར་གྱི་གཏན་ཚིགས་མ་གྲུབ་ཅེ་ན། ཡེ་ནས་སངས་རྒྱས་པ་མིན། རྟོགས་པས་ཀྱང་སངས་མི་རྒྱས། སངས་རྒྱས་གཏན་མི་འབྱུང་བར་ཐལ་བ་དང་། ལུང་དང་འགལ་ཏེ། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་ནས་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པ་དང་། སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་པ་དང་། ངེས་དོན་འདུས་པ་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རང་བྱུང་ཡེ་ཤེས་རྟོགས་ལས་འབྱུང་། །འདུས་མ་བྱས་པའི་ནམ་མཁའ་འདྲ། །ཞེས་པ་དང་། མདོ་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསང་། །སེམས་ཉིད་རྟོགས་པ་སངས་རྒྱས་ཏེ། །དེ་ལས་གཞན་དུ་ཡོད་མ་ཡིན། །ཞེས་པ་ལ་སོགས་པའོ། །རྟོགས་པས་སངས་རྒྱས་ཀྱང་། ཡེ་ནས་སངས་རྒྱས་མ་ཡིན་པ་ཅི་སྟོ་སྟེ། ཁྱབ་པ་མ་གྲུབ་ཅེ་ན། ཡེ་ནས་སངས་རྒྱས་མིན་པ་ལ་ཡིན་པར་རྟོགས་ན། དེ་རྟོགས་པ་མ་ཡིན། ལོག་ཤེས་སུ་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཡང་རྟོགས་པས་སངས་རྒྱ་བ་ཡིན་པའི་ཕྱིར་གྱི་གཏན་ཚིག་མ་གྲུབ་སྟེ། སངས་རྒྱས་རྒྱུ་རྐྱེན་ལས་བྱུང་ངོ་ཞེ་ན། རྒྱུ་རྐྱེན་ལས་བྱུང་ན་སངས་རྒྱས་འདུས་བྱས་སུ་ཐལ་ལོ། །འདོད་ན་འདུས་བྱས་འཇིག་པ་ཡིན་པས། སངས་རྒྱས་ཀྱང་མི་རྟག་པར་འཇིག་པར་འགྱུར་རོ། །རྒྱུ་རྐྱེན་གྱིས་བསྐྱེད་ཀྱང་འདུས་མ་བྱས་ཡིན་ནོ་ཅེ་ན། རང་གི་ཚིག་གིས་གསལ་ལ་ཤིན་ཏུ་ཡང་འགལ་ཏེ། ངའི་ཨ་མ་མོ་གཤམ་ཡིན་ཟེར་བ་ལྟ་བུའོ། །ཡང་གཟུགས་སྐུ་རྣམ་གཉིས་གནས་སྐབས་གདུལ་བྱའི་ངོར་སྣང་འདུས་བྱས་ཡིན་ལ། སངས་རྒྱས་ཞེས་ནི་མཐར་ཐུག་ཆོས་སྐུ་ལ་བྱ། ཞེས་པས། མཐར་ཐུག་ནི་ངོ་བོ་ཉིད་ཀྱི་སྐུའམ། ཆོས་སྐུ་དག་པ་གཉིས་ཀྱི་བདག་ཉིད་འདུས་མ་བྱས་ཡིན་ཞེ་ན། གཟུགས་སྐུ་གཉིས་འདུས་བྱས་གནས་སྐབས་ཡིན་ན། མི་རྟག་སྐྱེ་འཇིག་འཁོར་བའི་མཐའ་ལས་མ་འདས་ཤིང་། མཐར་ཐུག་གི་སངས་རྒྱས་མ་ཡིན་པར་ཐལ། དེ་ཅིའི་ཕྱིར་ན། གནས་སྐབས་གདུལ་བྱའི་ངོར་སྣང་ཡིན་པའི་ཕྱིར་རོ། །འདོད་ཐོག་ན། མདོ་རྒྱུད་གསུང་པའང་དྲི་མ་ཅན་དུ་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ངོ་བོ་ཉིད་ཀྱི་སྐུ་དང་ཆོས་སྐུ་གནད་གཅིག་པར་ཤེས་པར་བྱ་སྟེ། མཐར་ཐུག་ཆོས་སྐུ་རྒྱུ་རྐྱེན་ལས་མ་བྱུང་བར་ཐལ། འདོད་ན་སངས་རྒྱས་རྒྱུ་རྐྱེན་ལས་བྱུང་བ་ཉམས་སོ། །ཅིའི་ཕྱིར་ན། ཆོས་སྐུ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །རྒྱུ་རྐྱེན་ལས་བྱུང་ཡང་འདུས་བྱས་ཏེ། དེ་འདུས་མ་བྱས་ཡིན་པར་ཐལ་དེ་གོང་གི་སྐྱོན་ལས་མ་འདས་སོ། །ཡང་། དང་པོ་རྒྱུ་རྐྱེན་ལས་བྱུང་ཡང་། ཆོས་སྐུ་ཐོབ་ཙམ་ན་རྒྱུ་རྐྱེན་ལས་གྲོལ་བས། འདུས་མ་བྱས་མ་ཡིན་ནོ་ཞེ་ན། བུམ་པ་ལྟ་བུ་ཡང་དང་པོ་རྒྱུ་རྐྱེན་ལས་བྱུང་ཡང་། ཕྱིས་རྒྱུ་རྐྱེན་ལས་གྲོལ་བས། འདུས་མ་བྱས་སུ་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །བུམ་པ་དངོས་པོ་ཡིན་ལ། ཆོས་སྐུ་དངོས་པོ་ལས་གྲོལ་བས་འདུས་མ་བྱས་ཡིན་ནོ་ཞེ་ན། དངོས་མེད་ཡིན་ན་རྒྱུ་རྐྱེན་གྱིས་མ་བསྐྱེད་པར་ཐལ་བ་དང་། ཡང་དངོས་མེད་ཡིན་ན། དང་པོ་ནས་ཡིན་ནམ། །ཆོས་སྐུ་ཐོབ་ནས་ཡིན། དང་པོ་ནས་དངོས་མེད་ཡིན་ན་རྒྱུ་རྐྱེན་གྱིས་མ་བསྐྱེད་པར་ཐལ། ཕྱིས་ཡིན་ན་རྐྱེན་གྱིས་བཤིག་པ་ལ་སོགས་པའི་སྐྱོན་དུ་མ་འོང་ངོ་། །འོ་ན་རྒྱུ་ལམ་དུ་བྱེད་པ་ནོར་རམ་ཞེ་ན། དགོས་ཆེད་དང་དགོངས་གཞི་དྲང་དོན་དུ་གསུང་པ་ཡིན་ཏེ། དགོས་ཆེད་ཕྱིན་ཅི་ལོག་གི་གདུལ་བྱ་རིམ་གྱིས་ཡང་དག་པའི་དོན་ལ་ཞུགས་པའོ། །དགོངས་གཞི་ནི། མ་རྟོགས་སྡུག་བསྔལ་ཞིང་དངོས་པོར་ཞེན་པའི་ སེམས་རྒྱུད་ལ། རྟོགས་པས་སྡུག་བསྔལ་ལས་གྲོལ་ཞིང་། རང་ལ་ཡོད་པའི་ཡོན་ཏན་མངོན་དུ་འཆར next hit་བ་ལ་འབྲས་བུར་དགོངས་པའོ། །དེས་ན་རྒྱུ་ལམ་དུ་བྱེད་པའང་དྲང་དོན་དུ་ཟད་ཅིང་། གང་ལ་གང་འདུལ་དུ་གསུངས་པའོ། །རབ་འབྱམས་ལས། རྒྱུ་རྐྱེན་འབྲས་བུར་བརྟགས་པ་ཡང་། །བཀྲི་དྲང་དོན་གྱིས་བསྟན་པ་ཟད། །ཅེས་སོ། །འོ་ན་གསང་སྔགས་པའི་ལུགས་ཀྱིས། སྣང་ཞིང་སྲིད་པས་བསྡུས་པ་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་ན། སྐྱོན་གཉིས་ཏེ། སངས་རྒྱས་ཡིན་པ་ལ་སྐྱོན་བརྗོད་པ་དང་། འབྲས་བུ་ལམ་དུ་བྱེད་པ་ལ་སྐྱོན་བརྗོད་པའོ། །དང་པོ་ནི། སྣང་བ་འདི་སངས་རྒྱས་ཡིན་ན། སངས་རྒྱས་འདུས་བྱས་སུ་ཐལ་བ་དང་། རྫས་ཅན་དང་། བེམ་པོ་དང་། སྐྱེ་རྒས་ན་འཆིའི་སྡུག་བསྔལ་དང་བཅས་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཞེ་ན། འདུས་བྱས་དང་སྐྱེ་འཇིག་ལ་སོགས་པའི་སྣང་བ་མ་འགག་པར་ཐལ་ཟེར་རམ། མཐའ་རེད་དུ་ཐལ་ཟེར། སྔ་མ་ལྟར་ན་འདོད་དེ། ངོ་བོ་སྐྱེ་འགག་མེད་པར་རང་སྣང་བས་སོ། །ཕྱི་མ་ལྟར་ན་གཏན་ཚིགས་མ་གྲུབ་བོ། །མངོན་སུམ་གྱིས་གསལ་ལོ་ཞེ་ན། འོག་ནས་འབྱུང་བ་བཞིན་ནོ། །ཡང་སངས་རྒྱས་ནི་གོང་ལྟར་གསུམ་ལས། སེམས་ཅན་རྣམས་ནི་ཡེ་ཇི་བཞིན་པའི་སངས་རྒྱས་ཡིན་པས། གཤིས་ཡིན་ཚུལ་ནས་ཐལ་ཟེར་རམ། འཁྲུལ་པའི་སྣང་ངོ་ལ་འདུག་པའི་ཕྱིར་ཟེར། སྔ་མ་ལྟར་ན་གཏན་ཚིགས་མ་གྲུབ་བོ། །མངོན་སུམ་གྱིས་གསལ་ལོ་ཞེ་ན། མངོན་སུམ་འཁྲུལ་ལམ་མ་འཁྲུལ་གྱི་བརྟག་པ་བྱའོ། །ཕྱི་མ་ལྟར་ན་འཁྲུལ་སྣང་ལ་སྐྱེ་འཇིག་ལ་སོགས་པ་འདུག་བཀས། གཤིས་ལ་མེད་པ་ཡིན་ཏེ། འཁྲུལ་པ་གཙིགས་སུ་མི་ཆེའོ། །ལམ་རིམ་ལས། འདུས་མ་བྱས་ཉིད་འདུས་བྱས་སྣང་། །འདུས་བྱས་སྣང་བ་རྡོ་རྗེ་ཉིད། །ཡིན་ཕྱིིར་ངོ་བོ་ཐ་དད་མེད། །ཅེས་གསུངས་སོ། །ཡང་ཡུལ་སྣང་སངས་རྒྱས་ཡིན་ན། ལམ་དགོས་མེད་དུ་ཐལ་བ་དང་། ཡིན་ཀྱང་དགོས་ན་ལམ་ཐུག་མེད་དུ་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་ཞེ་ན། ལན་འོག་ནས་འབྱུང་བ་བཞིན་གདབ་བོ། །གཉིས་པ་ནི། འབྲས་བུ་ལམ་དུ་བྱེད་ན། སྨིན་པ་ལམ་དུ་བྱེད་དམ། མ་སྨིན་པ་ལམ་དུ་བྱེད། སྔ་མ་ལྟར་ན་ལམ་ལ་ཐུག་པ་མེད་པའི་སྐྱོན་འོང་ལ། ཕྱི་མ་ལྟར་ན་འབྲས་བུའི་ངེས་ཚིགས་མེད་དོ་ཞེ་ན། ངོ་བོ་སྨིན་ཅིང་བགྲོང་དུ་མེད་པས་སྨིན་པ་ལམ་དུ་བྱེད་དེ། དེ་མ་རྟོག་པ་རྟོགས་པར་བྱེད་པའི་ཚུལ་གྱིས་ལམ་དུ་བྱེད་པའོ། །རྒྱན་ལས། རྟོགས་ནས་འདྲེས་པར་གང་བྱེད་པ། །ལམ་གྱི་ངོ་བོ་བྱང་ཆུབ་སེམས། །ཞེས་སོ། །དེ་ལྟར་ན་འབྲས་བུ་སྨིན་ཀྱང་ལམ་དགོས་ན། ཐུག་པ་མེད་པར་ཐལ་ལོ་ཞེ་ན། ངོ་བོ་ཐུག་མེད་དུ་ཐལ་ཟེར་རམ། རྟོགས་བྱེད་ལམ་ཐུག་མེད་དུ་ཐལ་ཟེར། སྔ་མ་ལྟར་ན་འདོད་དེ། ཁྱུང་ཆེན་ལས། མཐའ་ལ་ཐུག་པ་མེད་ཅིང་དབྱིངས་ལ་བྲི་བ་མེད། །ཅེས་སོ། །ཕྱི་མ་ལྟར་ན་ཧེ་རུ་མ་གྲུབ་སྟེ། རྟོགས་བྱེད་ལམ་མཐར་ཕྱིན་པས་དེ་ཉིད་ཀྱིས་ཕྱིས་ལམ་དང་རྟོགས་པར་མི་དགོས་པའི་ཕྱིར་རོ། །ཡང་། འབྲས་བུའི་མ་སངས་རྒྱས་ཡིན་ན། ལམ་དགོས་པ་མེད་པར་ཐལ་ལོ་ཞེ་ན། ཡིན་པའི་ངོས་ནས་ཐལ་ཟེར་རམ། མ་རྟོག་པ་རྟོགས་པར་བྱེད་པ་ལ་དགོས་མེད་དུ་ཐལ་ཟེར། སྔ་མ་ལྟར་ན་འདོད་དེ། རྩལ་ཆེན་ལས། ཕྱི་དང་ནང་དང་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་སྤྱོད་ཡུལ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་གྱིས་བཅོས་སུ་ག་ལ་ཡོད། །ཅེས་སོ། །ཕྱི་མ་ལྟར་ན་ཕྱིར་གྱི་གཏན་ཚིག་མ་གྲུབ་སྟེ། ཡིན་དོན་མ་རྟོག་པ་རྟོགས་པར་བྱེད་པས་དགོས་པ་ཤིན་ཏུ་ཆེའོ། །དེ་སྐད་དུ་བྱས་པ་ལ། ཡིན་པ་རང་གིས་ཆོག་ལ། ཡིན་ཀྱང་དགོས་ན་ལམ་ཐུག་མེད་དང་དགོས་པ་མེད་དོ། །ཞེ་ན། ཤིན་ཏུ་ཡང་མི་རིགས་ཏེ། ཡིན་པ་རང་གིས་ཆོག་ན། མ་རྟོག་པ་དང་ལོག་ཤེས་གཏན་མི་འབྱུང་བར་ཐལ་བའི་སྐྱོན་དང་། ཡང་ཁོ་རང་གི་ལུགས་ཀྱིས་ཀྱང་། མི་རྟག་པ་དང་། སྟོང་ཉིད་དང་། སྤྲོས་བྲལ་ལ་སོགས་པ་གང་འདོད་ཀྱང་། དེ་ཉིད་ཀྱང་ཡིན་པས་ཆོག་ལ་རྟོགས་མི་དགོས་པར་ཐལ་བའི་སྐྱོན་འོང་བས་འགྲེའོ། །ཡང་འབྲས་བུ་མཚན་ཉིད་དང་ལྡན་པ་ལམ་དུ་བྱེད་དམ་མི་ལྡན་པ་ལམ་དུ་བྱེད། ཕྱི་མ་ལྟར་ན་ངེས་ཚིག་མེད་ལ། སྔ་མ་ལྟར་ན་འབྲས་བུའི་མཚན་ཉིད་སྨིན་ཅིང་བགྲོད་དུ་མེད་པ་ཡིན་པ་ལ། ལམ་འཇུག་ཅིང་བགྲོད་པ་ཡིན་པས་ལམ་དུ་བྱེད་པ་འགལ་ཞེ་ན། མདོ་བཅུ་ལས། རྒྱུ་ལས་མ་བྱུང་འབྲས་བུ་ཡང་། །མི་རིགས་རིགས་པར་བཤད་པ་ཡིན། །ཞེས་པ་དང་། བྱང་ཆུབ་སེམས་ཀྱི་འབྲས་བུ་འདི། །རྒྱུ་ལས་མ་བྱུང་འབྲས་བུ་ཡིན། །ཞེས་པས། རྒྱུ་ཡིས་བསྐྱེད་པའི་འབྲས་བུ་མིན་ལ། སེམས་ཀྱི་ངོ་བོ་ཡེ་ནས་སྨིན་ཅིང་། སེམས་ལས་གཞན་དུ་བགྲོད་དུ་མེད་པས། མཚན་ཉིད་དང་ལྡན་པ་ལམ་དུ་བྱེད་དེ། སྐྱོན་སེལ་ནི་གོང་བཞིན་ནོ། །སྙིང་པོ་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །འདི་ལས་གསང་བའི་ངེས་དོན་མེད། །ཅེས་གསུངས་སོ། །དེ་ལྟར་མ་ཤེས་ཏེ་འབྲས་བུ་རང་ཐད་དུ་བཟུང་བ་ལ། ཨ་ཏིས་སྐྱོན་བརྗོད་པ་ནི། སེམས་འབྲས་བུ་ཡིན་ན་རྒྱུ་རྐྱེན་གྱིས་བསྐྱེད་པར་ཐལ་བའི་སྐྱོན་འོང་ལ། མ་བསྐྱེད་ན་འབྲས་བུའི་ངེས་ཚིག་མེད་དོ། །དེས་ན་ཆོས་ཀུན་འདུས་མ་བྱས་ལ་རྒྱུ་འབྲས་གཉིས་སུ་ལྟ་བས་དོན་མཐར་མི་ཕྱིན་ཏེ། ཀློང་ལས། རྒྱུ་འབྲས་གཉིས་སུ་གང་ལྟ་བ། །འདུས་མ་བྱས་ལ་རྒྱབ་ཀྱིས་ཕྱོགས། །ཡང་དག་དོན་ལ་སྒྲོ་སྐུར་བཏབ། །ཅེས་པ་དང་། མདོ་ལས། རྒྱུ་འབྲས་དབྱེར་མེད་དེ་ཉིད་དེ། །མི་གཡོ་མི་རྟོག་ཡུལ་འདས་ལ། །རྒྱུ་དང་འབྲས་བུ་རྟོག་འཛིན་གྱིས། །ཐམས་ཅད་སྒྱུ་མ་འཁྲུལ་པས་བཅིང་། །ཞེས་པ་དང་། ཀུན་བྱེད་ལས། རང་བྱུང་རྒྱུ་འབྲས་འདས་པ་མ་རྟོགས་པར། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཅུག་ནས། །རྒྱུ་ལས་བཙལ་བས་འབྲས་བུ་འབྱུང་ཟེར་བ། །དེ་ནི་རྒྱུ་འབྲས་ཐེག་པ་དྲང་ལུང་ཡིན། །ཞེས་གསུངས་སོ། །དེས་ན་འབྲས་བུ་ལམ་དུ་བྱེད་པའང་། དགོས་ཆེད་དགོངས་གཞི་དྲང་དོན་དུ་གསུངས་པ་ཡིན་ཏེ། དགོས་ཆེད་རང་ལ་ཡོད་པ་ལ། འབྲས་བུ་གཞན་ནས་ཚོལ་བ་དང་། དུས་ནམ་ཞིག་ན་ཐོབ་པར་འདོད་པའི་གོལ་ས་བཅད་པའོ། །དགོངས་གཞི་སེམས་ཉིད་འདུས་མ་བྱས་ཀྱི་ཡེ་ཤེས་ཡེ་ནས་སངས་རྒྱས་པ་དེ་སྨིན་ཅིང་བགྲོད་པར་བྱར་མེད་པ་ལ་དགོངས་པའོ། །དེས་ན་འབྲས་བུ་ལམ་དུ་བྱེད་པ་ཡང་དྲང་དོན་ཡིན་ཞིང་ཤིན་ཏུ་ཟབ་བོ། །ཡེ་ནས་སངས་རྒྱས་ཤིང་འདུས་མ་བྱས་ཀྱི་ཡེ་ཤེས་རང་ཆས་སུ་ཡོད་པས་སྐྱོན་དེ་དག་ལས་གྲོལ་བ་ཡིན་ཏེ། བརྒལ་ལན་ལས། ཐིག་ལེའི་དོན་ལ་འགྲོ་འོང་མེད། །གཅིག་པའི་དོན་ལ་སྔ་ཕྱི་མེད། །འདུས་མ་བྱས་ལ་རྒྱུ་འབྲས་མེད། །གཉིས་མེད་དོན་ལ་སྒྲིབ་པ་མེད། །ཅེས་པ་དང་། ཀློང་ཆེན་ལས། རྒྱུ་འབྲས་རྣམ་པ་ཡོངས་ཀྱིས་མེད། །རྒྱུ་མེད་ཡེ་ནས་ཆོས་ཉིད་ཀློང་། །འབྲས་བུ་རང་བྱུང་ཡེ་ཤེས་ཏེ། །མཚན་མའི་རྒྱུ་འབྲས་ཀུན་ལས་འདས། །ཞེས་པ་དང་། ཀུན་བཟང་རིག་པ་རྩལ་གྱི་རྒྱུད་ལས། ཕྱོགས་མེད་ལྷུན་གྲུབ་འབྲས་བུ་ནི། །རང་བྱུང་ཡེ་ཤེས་ཉིད་ལ་རྫོགས། །ཞེས་པ་དང་། མདོ་བཅུ་ལས། སེམས་ཉིད་རང་བྱུང་ཡེ་ཤེས་ཏེ། །ཡེ་ནས་བཙལ་ཞིང་བསྒྲུབ་མེད་པས། །རྩོལ་བསྒྲུབ་གཉིས་ཀྱི་སྤྲོས་དང་བྲལ། །ལྷུན་གྱིས་གྲུབ་པའི་འབྲས་བུ་ཡིན། །ཞེས་གསུངས་སོ། །དེ་ཡང་ཧྲིལ་གྱིས་དྲིལ་ན། ཡང་དག་པའི་དོན་ཅན། རྐྱེན་ལ་མི་ལྟོས་པའི་གྲོགས་ཅན། བདེ་བ་ལ་འབད་པ་མེད་པའོ། །སྔ་མ་ནི། ཆོས་ཀུན་འདུས་མ་བྱས་ཀྱི་ཡེ་ཤེས་ཡེ་ནས་སངས་རྒྱས་པའོ། །གཉིས་པ་ནི། ལུང་མན་ངག་རིགས་པས་དངོས་སུ་ངོ་སྤྲད་ཅིང་རྟོགས་པར་བྱེད་པའོ། །གསུམ་པ་ནི། འཁོར་བ་རང་གྲོལ་རྩོལ་མེད་བདེ་བ་ཆེན་པོར་རྟོགས་པའོ། །དེ་ལྟར་ཆོས་ཀུན་ཡེ་ནས་སངས་རྒྱས་ཀྱང་། མ་རྟོག་སྟེ་འཁྲུལ་ཚུལ་ནི། ཡེ་ནས་སངས་རྒྱས་པ་དེ་འཁྲུལ་པར་འཆར་བར་མི་རིག་པ་ལ། རིགས་པའི་རྒྱུ་མཚན་དང་། འཁྲུལ་ཚུལ་རྒྱས་པར་རོ། །སྔ་མ་ནི། གོང་ལྟར་ཆོས་ཀུན་ཡེ་ནས་སངས་རྒྱས་ཤིང་། རིག་པ་རྟེན་མེད་ཡུལ་མེད་དེ་འཁོར་བར་འཁྱམས་པ་མི་རིགས་སོ་ཞེ་ན། ཆོས་ཉིད་གང་གི་ཡང་ཕྱོགས་སུ་མ་ལྷུང་བ་ལ། ཕྱོགས་མེད་ཅིང་ཅིར་ཡང་འཆར་བས། འཁྲུལ་པ་ཡང་འཆར་བ་ཤེས་བྱའི་བབ་ཡིན་ཏེ། ཀློང་ཆེན་ལས། ཆོས་རྣམས་ཐམས་ཅད་སངས་རྒྱས་པས། །རིག་པ་ཡུལ་མེད་རྟེན་མེད་དེ། །འཁོར་བར་འཁྱམས་པ་མི་རིགས་ཏེ། །སྲིད་པར་འབྱུང་བ་ཤེས་བྱའི་བབ། །ཅེས་པ་དང་། ཐིག་ལེ་གཅིག་ལ་གྲྭ་ཟུར་མེད། །བརྡལ་བ་ཆེན་པོའི་ཆོས་ཉིད་དེ། །གཉིས་སུ་སྣང་བར་མི་སྲིད་དེ། །སྲིད་པར་འབྱུང་བ་ཤེས་བྱའི་བབ། །ཅེས་པ་དང་། རང་བྱུང་ཡེ་ཤེས་རྒྱུ་རྐྱེན་མེད། །དུག་ལྔར་འཆར་བ་མི་སྲིད་དེ། །སྲིད་པའི་བབ་ཀྱིས་དུག་ལྔར་ཤར། །ཞེས་གསུངས་སོ། །གཉིས་པ་ནི། རྒྱུ་མཚན་གསུམ་གྱིས་འཁྲུལ་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པས་རང་གི་རང་ངོ་མ་ཤེས། ཀུན་ཏུ་བརྟགས་པའི་མ་རིག་པས་བདག་ཏུ་བཟུང་ཞིང་གཞན་དུ་མཐོང་། ཐབས་ལམ་དང་བྲལ་བའོ། །ལྷན་ཅིག་སྐྱེས་པའི་མ་རིག་པ་འོང་བའི་རྒྱུ་མཚན་ནི། གཤིས་ཆོས་ཉིད་སྟོང་པ་ཡིན་པ་ལ། སྟོང་པ་དེ་ཡུལ་དུ་བྱར་མེད་པ་དང་། ཡིན་ནོ་བའི་སྟོན་མཁན་མེད་པ་དང་། སྲེད་པ་ལ་ཕྱིན་ཅི་ལོག་ཏུ་བལྟས་པ་དང་བཞིས་ངོ་མ་ཤེས་པའོ། །ཀུན་ཏུ་བརྟགས་པའི་རྒྱུ་མཚན་ནི། ཆོས་ཉིད་ཀྱི་ལུགས་ཀྱིས་གསལ། གསལ་བའི་ལུགས་ཀྱིས་བྱེ་བྲག་ཕྱེ། བྱེ་ཕྲག་ཕྱེད་པས་ཉམས་སུ་མྱོང་། ཉམས་མྱོང་གི་རྗེས་སུ་འབྲང་པ་ལ་ཉོན་མོངས་པ་ཆ་ཕྲ་བ་ལྔ་བྱུང་། ཉོན་མོངས་པ་ལྔའི་བབས་སམ། རིག་པ་ཉིད་འོད་ཁ་དོག་ལྔར་སྣང་བས། སྣང་བ་ཐམས་ཅད་འོད་ལྔར་མ་འདྲེས་པར་སྣང་བ་ལ། སྣང་རྒྱུ་གཅིག་ནི་བྱུང་། ཡིན་རྒྱུའམ་འདུག་རྒྱུའི་དངོས་པོ་ནི་མ་རྙེད། ཤེས་པ་ཀློང་ངེ་གནས་པས། ཀློང་གི་འཇིག་རྟེན་གྱི་ཁམས་བྱ་བ་ཤིན་ཏུ་ཚན་ཆེ་བར་གསུངས་སོ། །དེའི་དུས་སུ་སྣང་བ་ཐམས་ཅད་འོད་དུ་ཡོད་པས། རྫོགས་ཆེན་ལས། དང་པོའི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ཞེས་ཀྱང་གསུངས་སོ། །དེའི་དུས་སུ་རྐྱེན་བཞིས་ཡར་གྲོལ་ནས་འགྲོ་བ་དང་། མར་འཁྲུལ་ནས་འགྲོ་བར་ཡང་འབྱུང་བར་གསུངས་ཏེ། སྔ་མ་ནི། རྒྱུའི་རྐྱེན་རང་བྱུང་གི་ཡེ་ཤེས་རང་སྣང་བས་བྱས། དམིགས་པའི་རྐྱེན་འོད་དུ་སྣང་བ་སྟེ། བདག་པོའི་རྐྱེན་རང་རིག་པའི་ཡེ་ཤེས་ཀྱིས་འོད་སྣང་རང་འོད་ཡིན་པར་རང་གི་རང་ངོ་ཤེས་པས། དེ་མ་ཐག་པའི་རྐྱེན་གཉིས་འཛིན་རང་སར་གྲོལ་ཏེ། ཡེ་ཤེས་དང་ཆེ་བའི་ཡོན་ཏན་ཐམས་ཅད་ཕྱོགས་མེད་དུ་ཤར་ནས། དེ་ཉིད་དུ་སངས་རྒྱས་པ་མང་པོ་འབྱུང་བར་ཡང་གསུངས་སོ། །གཉིས་པ་ནི། རྒྱུའི་རྐྱེན་རང་བྱུང་གི་ཡེ་ཤེས་རང་སྣང་ལ་ལྷན་ཅིག་སྐྱེས་པའི་མ་རིག་པས་བྱས། དམིགས་པའི་རྐྱེན་འོད་སྣང་། བདག་པོའི་རྐྱེན་རང་གིས་རང་ངོ་མ་ཤེས་ཏེ། གཟུང་འཛིན་ཕྲ་མོ་གཉིས་སུ་བྱུང་། དེ་མ་ཐག་པའི་རྐྱེན་བདག་ཏུ་འཛིན་ཅིང་ཡུལ་དུ་བཟུང་བ་ལས་འབྱུང་བ་ལྔར་ཤར། དེ་ལ་ཞེན་པ་བརྟས་པ་ལས། ནང་ལུས་ངག་ཡིད་གསུམ་དང་། ཕྱིའི་ཡུལ་རགས་པ་བྱུང་། དེར་ཉོན་མོངས་ལྔ་སྐྱེས། ལས་གསུམ་བསགས་པས་འབྲས་བུ་ཁམས་གསུམ་དུ་འཁོར་ཞིང་། རྒྱུད་དྲུག་ཏུ་འཁྱམས་པའོ། །ཐབས་ལམ་དང་བྲལ་བ་ནི། དེ་ལྟ་བུ་ཡིན་ནོ་བར་སྟོན་པའི་ཐབས་ལམ་མེད་པས་ཀྱང་། འཁོར་བར་འཁྱམས་པ་ཡིན་ཏེ། སྤྱན་འགྲེལ་ལས། རང་བཞིན་དག་པའི་སངས་རྒྱས་ཀྱང་། །ཐབས་དང་ལྷན་ཅིག་མི་གནས་པས། །མི་གྲོལ་ཁམས་གསུམ་འཁོར་བའོ། །ཞེས་གསུངས་སོ། །ཡང་ལུགས་གཅིག་ལ། འཁྲུལ་ཚུལ་ནི། རྒྱུ་མ་རིག་པས་བྱས། རྐྱེན་ལས་དང་ཉོན་མོངས་པས། འབྲས་བུ་ཁམས་གསུམ་འཁོར་ཚུལ་ལོ། །སྔ་མ་ནི། མ་རིག་པ་གཉིས་ཏེ་གོང་བཞིན་ལ། ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་པ་ནི། རང་སེམས་ཡེ་ནས་སངས་རྒྱས་པ་དེ་དང་། མ་རིག་པ་གཉིས་དུས་ལ་སྔ་ཕྱི་དང་། གོ་ས་ལ་ཐ་དད་དང་། ངོ་བོ་ལ་བཟང་ངན་མེད་པར་གཅིག་པའོ། །རང་གིས་རང་ངོ་མ་ཤེས་པའི་རྒྱུ་མཚན་ནི། གཤིས་ཆོས་ཉིད་སྣང་སྟོང་ལ་སོགས་པའི་མཐའ་ལ་མི་གནས་པ་དང་། ཅིར་ཡང་སྣང་ལ་ཡུལ་དུ་བྱར་མེད་པའོ། །ཀུན་ཏུ་བརྟགས་པའི་མ་རིག་པས། ངོ་མ་ཤེས་ཀྱིས་མི་མདོ་སྟེ། གཉིས་མེད་རང་སྣང་ལ་བདག་ཏུ་འཛིན་ཞིང་ཞོར་གྱིས་ཡུལ་གུད་པར་ལྟར་མཐོང་། དེའང་རྫས་ཅན་དུ་དང་། རིག་མེད་བེམ་པོ་ལྟར་མཐོང་ཞིང་ཡུལ་དུ་བཟུང་བའོ། །རྐྱེན་ནི། དེ་ལས་ཉོན་མོངས་པ་ཕྲ་མོ་ལྔ་བྱུང་ཞིང་། དེ་ལ་ཞེན་པའི་མཐུ་བརྟས་པ་ལས། གང་མཐོང་ཡང་ཡུལ་ཤེས་ཐ་དད་དུ་འཛིན་པ་དུས་མཉམ་དུ་ཁད་ཁད་བྱུང་། དེར་ཉོན་མོངས་པ་རགས་པ་ལྔ་སྐྱེས། ལས་དགེ་མི་དགེ་ལུང་མ་བསྟན་གསུམ་ན་སྤྱད་པས། འབྲས་བུ་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་འཁྱམས་ཚུལ་ལོ། །དེའང་ལ་ཤན་ལས། བཤད་པ་བཞིན་དུ་རང་སྣང་ལ། །མ་རིག་བདག་ལྟ་བརྟགས་པ་ཡིས། །ཞོར་བློ་གུད་ན་འདུག་པ་དང་། །ཛས་བེམ་བརྟགས་པའི་སྣང་བ་གསུམ། །གོལ་ས་མཉམ་དུ་སྐྱེ་བ་ཉིད། །ལོག་རྟོག་རྒྱུད་ལ་རྟག་གནས་པས། །ཉོན་མོངས་ལས་ཀྱིས་ཅིར་སྣང་བའོ། །ཞེས་སོ། །ཡང་རྐྱེན་བཞིས་འཁྲུལ་ཞིང་གྲོལ་བར་ཡང་གསུང་ཏེ། སྣང་བ་གང་ལྟར་ཤར་ཡང་། གོང་ལྟར་རྐྱེན་བཞིས་འཁྲུལ་ཞིང་གྲོང་བར་ཤེས་པར་བྱས་ལ། སྣང་བ་གང་ཤར་དང་། ད་ལྟ་གྱི་རྟོག་པ་གང་སྐྱེས་ཀྱི་སྟེང་དུ་ངོ་སྤྲོད་དོ། །འཁྲུལ་ཚུལ་དེ་གསུམ་ཡང་མིང་གི་འདོགས་ལུགས་བག་ཙམ་མི་འདྲ་ཡང་། དོན་གྱི་གནད་གཅིག་པར་ཤེས་པར་བྱའོ།
༈ །འཁྲུལ་གྱིས་མི་མདོ་སྟེ་སྡུག་བསྔལ་ཞིང་ཉམས་ཐག་པ་ནི། སྡུག་བསྔལ་གསུམ་མམ་བརྒྱད་དམ་བཅུ་གཉིས་ལ་སོགས་པའི་སྒོ་ནས་སྡུག་བསྔལ་ཞིང་ཉམས་ཐག་པའོ། །གསུམ་པ་ནི། སེམས་མངོན་པར་འདུ་བྱེད་པ་འདུ་བྱེད་ཀྱི་དང་། འགྱུར་བའི་དང་། ངན་སོང་གསུམ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ལོ། །བརྒྱད་ནི། གོང་མ་གཉིས་སྤྱིར་དང་འགྲོ་བ་རིག་དྲུག་གི་སྡུག་བསྔལ་ཏེ་བརྒྱད་དོ། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་བཞི་སྟེ་བཅུ་གཉིས་ལ་སོགས་པ་འགྲོ་དྲུག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །དེ་ལ་དམྱལ་བའི་སྡུག་བསྔལ་ནི། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཉི་ཚེ་ཉེ་འཁོར་གཉིས་ཏེ་བཅོ་བརྒྱད་དང་། ཆོས་ལ་བརྟེན་ཏེ་གོལ་ཉམས་ཀྱི་དམྱལ་བ་ཡང་མང་པོར་ཡོད་པར་གསུངས་སོ། །ཚ་དམྱལ་བརྒྱད་ནི། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའི་དམྱལ་བའོ། །གྲང་དམྱལ་བརྒྱད་ནི། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ཅན་དང་། ཨ་ཆུ་ཟེར་བ། སོ་ཏམ་ཏམ། ཀྱི་ཧུད་ཟེར་བ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པའོ། །གོལ་ཉམས་ཀྱི་དམྱལ་བ་ནི། གཅན་འཕྲང་ནས་དམྱལ་ཁམས་ཉི་ཤུ་ལ་སོགས་པ་ཡོད་པར་གསུངས་སོ། །དེ་ལྟར་དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པར་གསུངས་སོ། །ཡི་དྭགས་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་དང་། མེ་ལྕེའི་ཕྲེང་བ་ཅན་དང་། མཁའ་ལ་རྒྱུ་བའི་ཡིད་བཏགས་ལ་སོགས་པ་ལ་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པར་གསུངས་སོ། །བྱོང་སོང་ནི། བྱིང་དང་ཁ་འཐོར་གྱི་བྱོལ་སོང་ལ་སོགས་པ་རྣམས་ལ་ཉིང་ཤ་ཉིང་གིས་ཟ་བ་དང་། གསོད་གཅོད་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་ལ་སོགས་པ་སྡུག་བསྔལ་དཔག་ཏུ་མེད་པར་གསུངས་སོ། །མི་ཡིས་མེད་པ་བཙལ་གྱིས་མི་རྙེད་པ་ལ་སོགས་པ་དང་། སྐྱེ་རྒས་ན་འཆིའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་དང་། ལྷ་ལྟུང་བའི་སྡུག་བསྔལ་ལ་སོགས་པ། འགྲོ་དྲུག་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་དེ། འཁོར་བ་དག་ལ་བདེ་བ་མེད། །མི་གཙང་བ་ལ་དྲི་ཞིམ་མེད། །ཞེས་པ་དང་། ཞེན་ལོག་སྤོང་སྒྲོན་ལས། ཨེ་མ་རང་གིས་རང་བརླགས་སྙིང་རེ་རྗེ། །ཡི་དྭགས་བྱོལ་སོང་སྡུག་བསྔལ་སྐྱི་རེ་ཕུང་། །དམྱལ་ཁམས་བཅོ་བརྒྱད་སྡུག་བསྔལ་ཡ་རེ་ཆ། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་རྒྱུན་རེ་རིང་། །ཞེས་གསུངས་སོ། །མདོ་ལས། འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེགས། །གཏི་མུག་མུན་པར་འཐིབ་པས་ཤེས་རབ་ལྡོང་། །འདོད་ཆགས་རྒྱ་མཚོའི་འདམ་དུ་རྣམ་ཤེས་བྱིང་། །ང་རྒྱལ་དྲེགས་པའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབས་མས་འཁོར་བར་གཡེང་། །བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་འདག་འདྲ་བའི་འོབས་སུ་ལྷུང་། །སྡུག་བསྔལ་དྲག་པོའི་མདའ་ཟམ་ཆར་ལྟར་འབབ། །ཞེས་གསུངས་སོ།
༈ །དེ་ལ་ཐམས་ཅད་མཁྱེན་པའི་སྤྱན་གྱིས་གཟིགས་པ་ལ་གསུམ་སྟེ། གཟིགས་པའི་རྒྱུ་མཚན་དང་། རྣམ་གྲངས་དང་། རྩོད་པའི་སྐྱོན་སྤངས་པའོ། །དང་པོ་ནི། སྙིང་པོ་ལས། ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་པས། གཉིས་སུ་མེད་ཅིང་འབྲེལ་པས་མཁྱེན་ནོ། །རྣམ་གྲངས་ནི། གཅན་འཕྲང་ལས། མཁྱེན་མཆོག་ཡེ་ཤེས་གསུམ་ལྡན་ཞིང་། །ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །ཞེས་པས། ཇི་སྙེད་པ་དང་། ཇི་ལྟ་བ་དང་། དབྱེར་མི་ཕྱེད་པར་མཁྱེན་པའོ། །ཇི་སྙེད་པ་ནི། འཁོར་འདས་གཉིས་ཀྱིས་བསྡུས་པའི་རྣམ་གྲངས་ཐམས་ཅད་མ་འདྲེས་པར་མཁྱེན་པ་ཡིན་ཏེ། ལ་ཤན་ལས། ཆོས་ཀུན་མ་ལུས་བདག་གསལ་ཕྱིར། །ཡེ་ཤེས་རྣམ་གྲངས་བསམ་མི་ཁྱབ། །ཞེས་པ་དང་། ནམ་མཁའ་མཐའ་མཉམ་ལས། རང་སྣང་གྲངས་མེད་ཡེ་ཤེས་ནི། །སེམས་དང་ཆོས་དབྱིངས་ནམ་མཁའི་མཐའ། །ཕྱོགས་རིས་བགྲང་བར་མི་ནུས་པས། །རྣམ་གྲངས་དེ་ཡི་ཚུལ་སྦྱར་ནས། །ཇི་ལྟར་འཚམས་པའི་ཚུལ་དུ་སྣང་། །རང་སེམས་ཡེ་ཤེས་དབུས་མཐའ་མེད། །འོད་གསལ་རིག་པ་ཐམས་ཅད་མཁྱེན། །དུས་གཅིག་ཀུན་མཁྱེན་རིག་པའི་ལུང་། །སྒྲིབ་དང་སྒྲོ་སྐུར་རྣམ་པར་དཔྱད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན། །ཞེས་པ་དང་། མདོ་ལས། མཐར་ཐུག་པ་མེད་པའི་གཟུགས་དང་། སྤྱོད་པ་དང་། འདུ་ཤེས་མཐའ་ཐུག་པ་མེད་པ་ཉིད་མི་མཁྱེན་པ་དང་། མི་གཟིགས་པ་དང་། མི་འབྲེལ་པ་ནི་གང་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། སྙིང་པོ་བྱང་ཆུབ་ཏུ་མ་འདྲེས་ལ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ཞེས་རྒྱས་པར་གསུངས་སོ། །ཇི་ལྟ་བ་ནི། དེ་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་བ་མེད་ཅིང་། འདུས་མ་བྱས་པ་ལ་སོགས་པ་ཇི་ལྟ་བར་མཁྱེན་པ་ཡིན་ཏེ། ནམ་མཁའ་མཐའ་མཉམ་ལས། །མཁྱེན་ལྡན་ཡེ་ཤེས་སྙིང་པོ་ཡིས། །གང་ཡང་མི་མཁྱེན་རང་གསལ་མཁྱེན། །མཐའ་དང་དབུས་སུ་མི་དམིགས་པས། །ནམ་མཁའི་མཐའ་དང་མཉམ་པར་མཁྱེན། །ཞེས་པ་དང་། མདོ་ལས། ལང་ཀའི་བདག་པོ། ཆོས་ཐམས་ཅད་ཡེ་ཇི་བཞིན་པའི་དོན་ཕྱིན་ཅི་མ་ལོག་པར་སྐྱེ་འགག་མེད་པར་མཁྱེན་པ་ལ་བཏགས་པས་ན། དེ་ནི་དོན་གྱི་དབང་དེ་ཁོ་ནའི་ཚིག་བླ་དྭགས་སུ་རིག་པར་བྱའོ། །ཞེས་སོ། །དབྱེར་མེད་པ་ནི། དེ་གཉིས་གཉིས་སུ་མེད་ཅིང་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་པའོ། །བརྒལ་ལན་ལས། མཁྱེན་བྱ་མཁྱེན་བྱེད་གཉིས་མེད་ཡེ་ཤེས་ལ། །ཞེས་པ་དང་། ཡིད་སྐྱོབ་ལས། རྣམ་རྟོག་མི་མངའ་ཆོས་སྐུར་ས་ལེར་མཁྱེན། །དེ་ནི་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ཡིན། །རྡོ་རྗེ་སེམས་དཔས་མཁྱེན་པའི་མཆོག་ཏུ་གསུངས། །ཞེས་གསུངས་སོ། །རྩོད་པའི་སྐྱོན་སྤང་བ་ནི། མཁྱེན་པས་སེམས་ཅན་ལ་ཅི་ལྟར་ཕན་ཞེ་ན། ཕ་མངོན་པར་ཤེས་པ་ཅན་གཅིག་ལ་བུ་གཅིག་ཡོད་པས། བུའི་རྨི་ལམ་དུ་མཛེ་བྱུང་བས་སྡུག་བསྔལ་བ་ལ། ཕས་གཉིད་བསླངས་པ་དང་འདྲ་བར། དོན་རྒྱས་པར་བཤད་པའོ། །འོ་ན་ཁམས་གསུམ་གྱི་སེམས་ཅན་མཁྱེན་པ་དེ། ཡུལ་དུ་བྱས་ནས་མཁྱེན་ནམ་མ་བྱས་པ་མཁྱེན་བྱས་པ་ལ། ཡུལ་དུ་བྱས་ན་སངས་རྒྱས་གཟིང་འཛིན་ཅན་དུ་ཐལ་བའི་སྐྱོན་འོང་ངོ་། །སྙིང་པོ་ལས། མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །ཞེས་པ་དང་། སྡུད་པ་ལས་ཀྱང་། ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བརྟེན། །ཞེས་པ་ལ་སོགས་པ་བཀའ་རྒྱུད་དུ་མ་ལས་གཟུང་འཛིན་འཁོར་བའི་ཆོས་སུ་གསུངས་སོ། །ཡུལ་དུ་མ་བྱས་པར་མཁྱེན་ན་སངས་རྒྱས་ཀྱི་དགོངས་པ་ལས་ལོགས་པའི་གདུལ་བྱ་ཡོད་དམ་མེད། ཡོད་ན་ཡུལ་མེད་དུ་མཁྱེན་པའི་དམ་བཅའ་བུད་ལ། མེད་ན་གཅིག་སངས་རྒྱས་པས་ཐམས་ཅད་སངས་རྒྱས་པར་ཐལ། འདོད་ན་འཁོར་བ་དོང་སྤྲུག་པར་ཐལ་བ་སོགས་པའི་སྐྱོན་འོང་ངོ་། །ཅིའི་ཕྱིར་ན། སངས་རྒྱས་ལས་ལོགས་པའི་ཡུལ་སེམས་ཅན་མེད་པའི་ཕྱིར་རོ། །ཕྱིར་གྱི་གཏན་ཚིག་མ་གྲུབ་ན། ཡུལ་མེད་དུ་མཁྱེན་པའི་དམ་བཅའ་བུད་དོ། །འོ་ན་ཅི་ལྟར་མཁྱེན་ན། ཡུལ་དུ་བྱས་ནས་ཀྱང་མཁྱེན་ཏེ། ཡུལ་ཡུལ་ཅན་དུ་མ་འགགས་ལ་མཐར་མ་རེག་པའི་ཚུལ་དུ་མཁྱེན་ཏེ། དེ་ཡང་གཉིས་སུ་མ་འགག་ལ། གཉིས་ཀྱི་མཐར་མ་ལྷུང་བས་སྐྱོན་གཉིས་ལས་གྲོལ་ལོ། །ལུང་ནི། ཇི་སྙེད་པ་མཁྱེན་པའི་ལུང་རྣམས་སོ། །ཡུལ་མེད་དུ་ཡང་མཁྱེན་ཏེ། ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་སངས་རྒྱས་ཀྱི་དགོངས་པའམ། ཐུགས་རིག་པའི་ཡེ་ཤེས་ལས་མི་གཞན་པར་མཁྱེན་པའོ། །ཡིད་སྐྱོབ་ལས། ཐམས་ཅད་རང་གི་ངོ་བོ་ཆོས་སྐུར་མཁྱེན། །མཁྱེན་པ་མེད་པའི་མཁྱེན་པ་ཆེན་པོ་སྟེ། །ཞེས་པ་དང་། འབྲས་བུའི་ཀློང་ལས། རང་གསལ་ཡེ་ཤེས་རྣམ་དག་བདེ་ཆེན་དེས། །རྣམ་པ་ཡེ་གསལ་ཡུལ་མིན་ཐམས་ཅད་མཁྱེན། །ཞེས་སོ། །དེའི་རྒྱུ་མཚན་ནི། སངས་རྒྱས་ཀྱི་དགོངས་པ་མུ་མཐའ་མེད་ཅིང་། ཀུན་ལ་གཉིས་སུ་མེད་པར་ཁྱབ་པས་སོ། །ངོ་བོ་རང་ཡུལ་ཡུལ་ཅན་གཉིས་སུ་མེད་པར། ཆོས་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་པ་ཡིན་ནོ། །ནམ་མཁའ་མཐའ་མཉམ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །མ་འདྲེས་ཡོངས་སུ་རྫོགས་པར་གསལ། །ཞེས་པ་དང་། གོང་གི་ལུང་རྣམས་ཀྱང་མ་འདྲེས་ཡོངས་རྫོགས་དང་མཐུན་ནོ། །ཤིན་ཏུ་གཏིང་ཟབ་ཅིང་དཔག་པར་དཀའ་བས། ལེགས་པར་དཔྱད་ལ་རྟོགས་པར་བྱའོ། །ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་མཁྱེན་པ་ཡིན་ཏེ། རྣམ་པར་མི་རྟོག་ཅིང་ཅིར་ཡང་ས་ལེར་མཁྱེན་ཅེ་ན། རྟོག་ཡུལ་ཡོད་པའི་མི་རྟོག་པ་ཡིན་ནམ། མེད་པའི་མི་རྟོག་པ་ཡིན་བརྟགས། སྔ་མ་ལྟར་ན་རྟོག་ཡུལ་འདུག་པའི་ཕྱིར་རྟོག་བྱེད་ཀྱང་ཡོད་པར་ཐལ། འདོད་ན་མི་རྟོག་པའི་ཡེ་ཤེས་ཉམས་སོ། །ཅིའི་ཕྱིར་ན་རྟོག་ཡུལ་ཡོད་པའི་ཕྱིར་རོ། །ཕྱི་མ་ལྟར་ན་གཅིག་གྲོལ་བས་ཐམས་ཅད་གྲོལ་བ་ལ་སོགས་པའི་སྐྱོན་གོང་བཞིནནོ། །ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། སྐད་ཅིག་གཅིག་ལ་དུས་གསུམ་མཁྱེན་ནམ་མི་མཁྱེན། མི་མཁྱེན་ན་ཐམས་ཅད་མཁྱེན་པ་མ་ཡིན་ཅིང་། མཁྱེན་པར་བཤད་པའི་ལུང་རྣམས་དང་འགལ་ལ། མཁྱེན་ན་སྐད་ཅིག་མ་གཅིག་གི་དུས་ན་དུས་གསུམ་ཡོད་དམ་མེད། མེད་ན་དུས་གསུམ་མཁྱེན་པ་འགལ་ལ། ཡོད་ན་དུས་གསུམ་རྫས་ཡོད་དུ་ཐལ་བ་དང་། དུས་གསུམ་མཁྱེན་པ་རང་མ་ཡིན་པར་ཐལ། ཅིའི་ཕྱིར་ན་སྐད་ཅིག་ལ་དུས་སྔ་ཕྱི་མེད་པའི་ཕྱིར་རོ། །དེ་སྐད་དུ་བྱས་པ་ལ། འདས་པ་འགག་པར་མཁྱེན། མ་འོངས་པ་མ་སྐྱེས་པར་མཁྱེན། ད་ལྟ་བ་སྐྱེས་ལ་མ་འགག་པར་མཁྱེན་ནོ་ཅེ་ན། དེ་ལྟར་ན་དུས་གསུམ་གྱི་སྣང་བ་མངོན་སུམ་དུ་མཁྱེན་ནམ་རྗེས་དཔག་ཏུ་མཁྱེན། སྔ་མ་ལྟར་ན་དུས་གསུམ་དངོས་སུ་ཡོད་པར་ཐལ་ལ། ཕྱི་མ་ལྟར་ན། སངས་རྒྱས་ལ་དུས་ཀྱི་སྒྲིབ་པ་ཡོད་པར་ཐལ། འདོད་ན། མདོ་སྡེ་རྒྱན་ལས། མཁྱེན་པའི་སྐད་ཅིག་གཅིག་ལས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་པ་ལ་སོགས་པ་དང་། འོག་ནས་སྟོན་པའི་ལུང་རྣམས་དང་འགལ་ལོ། །འོ་ན་ཇི་ལྟར་མཁྱེན་ཅེ་ན། དུས་གསུམ་རྣམ་པར་བཅད་པའམ། སྐྱེ་འགག་ཅན་གྱི་སྐད་ཅིག་གིས་མཁྱེན་པ་མིན་ལ། དུས་གསུམ་མཉམ་པ་ཉིད་དམ། སྐྱེ་འགག་མེད་པའི་སྐད་ཅིག་གིས། དུས་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་པའོ། །འོ་ན་དུས་གསུམ་སྐད་ཅིག་གཅིག་ལ་ཡོད་དམ་མེད་ཅེ་ན། དུས་གསུམ་རྫས་ཡོད་དམ་སྐྱེ་འགག་ཅན་གྱི་སྐད་ཅིག་ཏུ་འདོད་པ་མིན་ལ། སྐྱེ་འགག་མེད་པའི་སྐད་ཅིག་ལ། དུས་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པར་ཡོད་པའོ། །དེ་ཡང་དུས་གསུམ་མ་འདྲེས་ཏེ་སོ་སོར་མཁྱེན་པས། དུས་གསུམ་གཅིག་པའམ་མི་མཁྱེན་པའི་སྐྱོན་ལས་གྲོལ་ལ། ཆོས་ཀྱི་དབྱིངས་སམ། རང་བྱུང་གི་ཡེ་ཤེས་སུ་དུས་གསུམ་ཐ་དད་མེད་ཅིང་དབྱེར་མེད་དུ་ཡོངས་སུ་རྫོགས་པས། སྐྱེ་འགག་ཅན་དུ་འདོད་པ་ལས་གྲོལ་བའོ། །དེ་ཡང་དཔེར་ན་ནམ་མཁའ་ལ་དུས་གསུམ་ཐ་དད་མེད་ཅིང་། མཉམ་པ་ཉིད་དུ་གནས་པ་བཞིན་དུ། ཆོས་ཀྱི་དབྱིངས་སམ། རང་བྱུང་གི་ཡེ་ཤེས་ལ་དུས་གསུམ་ཐ་དད་མེད་ཅིང་། མཉམ་པ་ཉིད་དུ་གནས་པས་དུས་གསུམ་མ་འདྲེས་ལ་ཡོངས་སུ་རྫོགས་པར་མཁྱེན་པའོ། །ནམ་མཁའ་མཐའ་མཉམ་ལས། མ་བཅོས་ངང་ལས་གཉིས་མེད་ཀྱང་། །ཤེས་རབ་འོད་གསལ་ཆེན་པོ་ཡིས། །མཁའ་ལ་གཟའ་སྐར་བཀྲམ་པའམ། །མེ་ཏོག་མཛེས་པའི་ཕུང་པོ་ལྟར། །སོ་སོར་གསལ་ལ་གཅིག་ཏུ་འདུས། །མ་འདྲེས་ཡོངས་སུ་རྫོགས་པར་ནི། །ཕྱོགས་མེད་ངང་གསལ་ཡེ་ཤེས་སུ། །དུས་མཐའི་ཚད་ལས་འདས་པར་མཁྱེན། །ཞེས་པ་དང་། ཉ་མོ་འཁོར་ལོའི་རྒྱུད་ལས། དུས་གསུམ་མཉམ་པ་རང་གསལ་ཡང་། །མ་འདྲེས་པར་ཡང་སོ་སོར་གཟིགས། །ཇི་བཞིན་པ་དང་ཇི་སྙེད་པ། །སྙིང་པོ་རང་གསལ་རྫོགས་པའི་ལུང་། །ཞེས་པ་དང་། རད་ན་ཀློང་དགུའི་རྒྱུད་ལས། རྒྱལ་བའི་དགོངས་པ་མ་བཅོས་ལ། །མཁྱེན་པ་ཐམས་ཅད་དུས་གཅིག་གསལ། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །ཅེས་པ་དང་། ཡུམ་རྒྱས་པ་ལས་ཀྱང་། དུས་གསུམ་མཉམ་པ་ཉིད་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། ད་ལྟ་བ་མི་དམིགས། ཞེས་པ་དང་། ཡང་། དུས་གསུམ་མི་དམིགས་པའི་ཚུལ་གྱིས་དུས་གསུམ་མི་ཤེས་པ་མེད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཞེས་པ་ལ་སོགས་པ་གསུངས་སོ། །གཞན་ཡང་སེམས་ཅན་ཐམས་ཅད་ནང་མ་གྲོ་གཅིག་ལ་སངས་རྒྱས་པའི་ཐབས་གཅིག་མཁྱེན་ནམ་མི་མཁྱེན། མི་མཁྱེན་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ལ། མཁྱེན་ན་སངས་རྒྱས་ལ་ཐུགས་རྗེ་མེད་པར་ཐལ་ལོ་ཞེ་ན། སངས་རྒྱས་ཀྱིས་ཇི་ལྟ་བ་དང་ཅི་སྙེད་པ་མཁྱེན་པ་ཡིན་ཏེ། ཤེས་བྱ་རང་ལ་སེམས་ཅན་ཐམས་ཅད་ནང་མ་གྲོས་ཅིག་ལ་སངས་རྒྱས་མི་སྲིད་པས། སངས་མི་རྒྱ་བ་རང་དུ་མཁྱེན་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །གཞན་ཡང་སེམས་ཅན་གྱི་གྲངས་མཁྱེན་ནམ་མི་མཁྱེན། མི་མཁྱེན་ན་ཐམས་ཅད་མཁྱེན་པ་མ་ཡིན་ལ། མཁྱེན་ན། གསལ་བཀྲ་ལས། སེམས་ཅན་གྲངས་དང་ལོག་རྟོག་གྲངས། །སངས་རྒྱས་ཉིད་ཀྱིས་མི་མཁྱེན་ཕྱིར། །ཞེས་པའི་སྐྱོན་དང་། སེམས་ཅན་ལ་གྲངས་ཡོད་པར་འགྱུར་རོ་ཞེ་ན། ཁམས་གསུམ་སེམས་ཅན་ལ་གྲངས་མེད་པ་ལ་མེད་པར་མཁྱེན་པས་དེ་གཉིས་ཀའི་སྐྱོན་མི་འོང་ངོ་། །དེ་གཉིས་ཐ་སྙད་ཚིག་ལས་དོན་ཆུང་བས་རྒྱས་པར་མ་བྲིས་སོ། །ཐམས་ཅད་མཁྱེན་པའི་སྤྱན་གྱིས་གཟིགས་ནས་ཐུགས་རྗེ་སྐྱེ་བ་ལ་གཉིས་ཏེ། ཐུགས་རྗེ་སྐྱེ་བའི་རྒྱུ་རྐྱེན་དང་། ཐུགས་རྗེ་སྐྱེ་བའི་ངོ་བོའམ་རྣམ་གྲངས་སོ། །དང་པོ་ནི། རིམ་གསུམ་ལས། འབྲས་བུའི་ཡོན་ཏན་ལྷུན་གྲུབ་པས། །ཡིད་བཞིན་ནོར་ལྟར་སྣང་བའོ། །ཞེས་པས། རྒྱུ་སངས་རྒྱས་ཀྱི་མཛད་པ་ལྷུན་གྲུབ་ཕྱོགས་མེད་དུ་སྣང་བ། དཔེ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུ་དང་། རྐྱེན་གདུལ་བྱ་ལས་དག་པ་ཀླུའི་རྒྱལ་པོ་ལྟ་བུའོ། །རྣམ་གྲངས་ནི། ཐུགས་རྗེ་ཆེན་པོས་གདུལ་བྱ་ལ། །རྟག་རྒྱུན་རང་བཞིན་ཤུགས་གསོལ་དང་། །ཡུལ་དང་འཕྲད་ལས་འབྱུང་བར་སྣང་། །ཞེས་པས། རྟག་པ་རྒྱུན་དུ་ཐུགས་རྗེ་སྐྱེ་བ་དང་། རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་དང་། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་སྐྱེ་བ་དང་། ཡུལ་དང་མཐུན་ཅིང་འཕྲད་པས་ཐུགས་རྗེ་སྐྱེ་བའོ། །དང་པོ་ནི་གཉིས། རང་བཞིན་དབང་བཙན་པ་དང་། སངས་རྒྱས་ཀྱི་ཐུགས་རྗེའོ། །རང་བཞིན་ནི། རིག་པ་བྱང་ཆུབ་ཀྱི་སེམས་རྒྱུན་ཆད་མེད་པར་ཡེ་ནས་གནས་པ་ལ་བྱ་སྟེ། རིམ་དྲུག་ལས། སྤྲོས་བྲལ་ཐུགས་ཀྱིས་ཆོས་ཐམས་ཅད། །ཀུན་ལ་ཁྱབ་པས་རྗེ་ཉིད་དོ། །ཞེས་བཤད་དོ། །སངས་རྒྱས་ཀྱི་ཐུགས་རྗེ་ནི། སངས་རྒྱས་ནས་འཁོར་བ་མ་སྟོང་གི་བར་དུ། རྟག་པར་རྒྱུན་དུ་དོན་མཛད་པ་ཡིན་ཏེ། མདོ་ལས། སངས་རྒྱས་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ལེ་ལོ་ཅན་ལ་ཕན་གདགས་ཕྱིར། །སྤྲུལ་པ་རྣམས་ནི་འདས་ཚུལ་སྟོན། །ཇི་ལྟར་ནམ་མཁའ་ཞིག་གྱུར་ན། །དེ་ཚེ་མྱ་ངན་འདའ་བར་འགྱུར། །ཞེས་གསུངས་སོ། །འོ་ན་སྤྲུལ་སྐུ་འདས་ནས་ད་ལྟ་མི་བཞུགས་པས་མི་རྟག་གོ་ཞེ་ན། སྐུ་འདས་པའང་ཐུགས་རྗེས་འདའ་ཚུལ་སྟོན་པ་ཡིན་ཏེ། རྟག་པའི་དངོས་པོར་འཛིན་པ་སུན་ཕྱུང་། ལེ་ལོ་ཅན་ལ་ཕན་གདགས། བརྩོན་འགྲུས་ཅན་ལ་བཞེངས་བསྐུལ་གདབ་པའི་ཕྱིར། འདའ་བ་ལྟར་སྣང་བ་ཡིན་ཏེ། དཔེར་ན་ཉི་མ་གླིང་བཞི་ལ་ཤར་ནུབ་ལྟར་སྣང་ཡང་། ཉི་མའི་དལ་ལ་འཆར་ནུབ་མེད་པ་བཞིན་ནོ། །དེ་བཞིན་དུ་སྤྲུལ་སྐུ་ཤཱཀྱ་ཐུབ་པ་འདི་ནས་འདའ་བ་ལྟར་སྣང་ཡང་། ངོ་བོ་ལ་འགྲོ་འོང་མེད་ཅིང་བརྡལ་ཁྱབ་ཆེན་པོའི་ཞིང་ན་བཞུགས་ལ། བྱིས་པ་རྣམས་ཀྱི་ཆེད་དུ། མེ་ཏོག་བཀོད་པའི་འཇིག་རྟེན་དུ་མཚན་ངེས་པ་གཅིག་ཏུ་མ་གྲགས་པ་ཞེས་བྱ་བར་སྣང་ནས་འགྲོ་བའི་དོན་མཛད་པ་མདོ་སྡེ་ལས་བཤད་དོ། །འདི་ནས་དེ་བཞིན་ཉིད་འདིར་གཤེགས། །བརྡལ་ཁྱབ་ཆེན་པོའི་ཞིང་ན་བཞུགས། །སེམས་ཀྱི་དཀྱིལ་འཁོར་འོད་གསལ་བས། །དེ་བཞིན་ཉིད་དུ་རྣམ་པར་སྣང་། །བྱིས་པའི་ཆེད་དུ་ཆོ་འཕྲུལ་དག །མེ་ཏོག་བཀོད་པའི་འཇིག་རྟེན་ན། །མ་གྲགས་པ་ཞེས་བྱ་བར་སྣང་། །ཞེས་པ་དང་། སྙིང་པོ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །ཞེས་གསུངས་སོ། །རང་བཞིན་ཤུགས་ཀྱིས་ཐུགས་རྗེ་སྐྱེ་བ་ནི། སངས་རྒྱས་རྣམས་ནི་རྩོལ་བ་མེད་པར་རང་བཞིན་ཤུགས་ཀྱིས་སེམས་ཅན་ལ་ཕན་ཞིང་དོན་འབྱུང་བ་ཡིན་ཏེ། ནམ་མཁའ་མཐའ་མཉམ་ལས། ཡེ་ཤེས་གསང་བའི་ངང་ཉིད་ལས། །ཐུགས་རྗེ་ནམ་མཁའི་མཐའ་ལྟར་བདལ། །ཐུགས་རྗེ་ཆེན་པོ་ཉི་འོད་ལྟར། །འགྲོ་འོང་མེད་པར་རང་བཞིན་འཆར། །ཞེས་པ་དང་། མདོ་ལས། ཇི་བཞིན་ཉིད་ལ་བཞུགས་པས་ན། །འདི་ཞེས་ཚིག་ཏུ་མ་གསུང་ཀྱང་། །ཁྱབ་པ་གཅིག་པའི་བྱིན་བརླབས་ཀྱིས། །ཅི་ལྟར་འདོད་པ་སོ་སོར་གསལ། །ཞེས་པས། དཔེར་ན་ནམ་མཁའ་ལ་ཉིད་མ་འཆར་བས་ས་ལ་དྲོ་བ་འབྱུང་ཞིང་། ཆུ་ལྡིང་ཐ་དད་པའི་ནང་དུ་གཟུགས་བརྙན་འཆར་བ་ལྟར། སངས་རྒྱས་ཀྱི་དགོངས་པ་ལས་མ་གཡོས་པར། ཞིང་ཁམས་དཔག་ཏུ་མེད་པར། སངས་རྒྱས་ཀྱི་རྣམ་འཕྲུལ་དཔག་ཏུ་མེད་པ་འཇིག་རྟེན་དུ་བྱོན་པ་ལྟར་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟར་དང་། མྱ་ངན་ལས་འདའ་བར་ལ་སོགས་པ། མཛད་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ཡང་། རྩོལ་བ་མེད་པར་རང་བཞིན་ཤུགས་ཀྱིས་འབྱུང་བ་ཡིན་ཏེ། མདོ་ལས། ཇི་ལྟར་ཉི་ཟླའི་དཀྱིལ་འཁོར་གྱི་གཟུགས་བརྙན་གཞལ་ཡས་ཁང་ལས་མ་གཡོས་པར། །ཆུ་ཐ་དད་པའི་ནང་དུ་གཟུགས་བརྙན་ཐ་དད་པར་སྣང་བཞིན་ཏུ། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད་ལས་མ་གཡོས་བཞིན་དུ། །ཞིང་ཁམས་དཔག་ཏུ་མེད་པར་སངས་རྒྱས་མཐའ་ཡས་པར་སྣང་ངོ་། །ཞེས་གསུངས་སོ། །བསྐུལ་ཞིང་གསོལ་བ་བཏབ་པས་ཐུགས་རྗེ་སྐྱེ་བ་ནི། སྤྱིར་བསྐུལ་ཞིང་གསོལ་བ་བཏབ་པ་དང་། བྱེ་བྲག་ཏུ་བསྐུལ་ཞིང་གསོལ་བ་བཏབ་པས་ཐུགས་རྗེ་སྐྱེ་བའོ། །དང་པོ་ནི། འོག་མིན་དུ་བསྐུལ་ཞིང་གསོལ་བ་བཏབ་པས་ཐུགས་རྗེ་སྐྱེ་བ་དང་། མིའི་ཡུལ་དུ་བསྟན་པ་འབྱུང་བར་བསྐུལ་ཞིང་གསོལ་བ་བཏབ་པའོ། །སྔ་མ་ནི། བདེ་ཆེན་བརྡལ་ཁྱབ་ཆེན་པོའི་ཞིང་ཁམས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་སྐུ་ལྔ་ལྷུན་གྲུབ་ཀྱི་སངས་རྒྱས་ལ་སོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་མ་འདྲེས་ཡོངས་རྫོགས་ཤིང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་མཁྱེན་ནས། དགོངས་པ་མཉམ་པ་ཉིད་དུ་བཞུགས་པ་ལ། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཕ་རོལ་ཏུ་ཕྱིན་མའམ། ཆོས་ཀྱི་དབྱིངས་ལས་བསྐུལ་བའི་སྒྲ་བྱུང་བས། ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་སོ། །བསྐུལ་བའི་སྒྲ་ནི། མདོ་ལས། ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་ལས་དམ་ཚིག་ཉེ་བར་གཤེགས། །ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་། །མི་གནས་མི་དམིགས་ནམ་མཁའི་དབྱིངས་ནས་བཞེངས། །ཞེས་པ་ལ་སོགས་པའི་སྒྲ་བྱུང་བས། ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་ནས་བཞུགས་པ་ལ། དངོས་ཀྱི་འཁོར་རྣམས་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་ཏེ། རྒྱུད་འདི་ཉིད་གོ་རྟོག་གི་སྐལ་བ་དང་ལྡན་པ་ལ། རྒྱུད་འདི་ཉིད་བཤད་དུ་གསོལ། འདི་ཉིད་གོ་རྟོག་གི་སྐལ་པ་དང་མི་ལྡན་པ་ལ། ལམ་སྟེགས་ཀྱི་ཐེག་པ་གཞན་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་ཏེ། མདོ་ལས། དེ་བཞིན་གཤེགས་པ་ཀུན་གྱི་ཐུགས་ཆེན་པོ། །ཡེ་ཤེས་དོན་གྱི་སྙིང་པོ་མཆོག་དང་ལྡན། །རྣལ་འབྱོར་ཐེག་ཆེན་རྡོ་རྗེ་ཀུན་འདུས་ལུང་། །འདུས་པའི་ཚོགས་ལ་རྒྱ་ཆེར་བཤད་དུ་གསོལ། །ཞེས་པ་དང་། མི་ཤེས་བླུན་རྨོང་འདམ་བྱིང་འགྲོ་བ་རྣམས། །སྡུག་བསྔལ་དྲ་བས་བཅིངས་པ་ཐབས་ཀྱིས་ཁྲོལ། །མ་རིག་མུན་པས་མདོངས་པ་འོད་ཀྱིས་ཕྱེ། །འཁོར་བའི་རྒྱ་མཚོ་རོལ་པའི་གྲུ་ཡིས་སྒྲོལ། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། དེ་ཚེ་རྡོ་རྗེ་སེམས་དཔའ་གང་ཞུས་པ། །སངས་རྒྱས་ཀུན་གྱི་དགོངས་པ་ངེས་པའི་དོན། །མ་ནོར་མ་བཅོས་རང་བྱུང་ཆོས་སྐུ་སྟེ། །སེམས་ཅན་བློ་ཡིས་ངེས་པར་རྟོགས་པའི་ཐབས། །ཀུན་རིག་སྟོན་པ་ཐུགས་རྗེས་བཤད་དུ་གསོལ། །ཞེས་པ་དང་། ཡང་། ཤིན་ཏུ་རྣལ་འབྱོར་བཀའ་དོགས་འབྱུང་བ་དཀའ། །སེམས་ཅན་ཚེ་ཐུང་སྐྱེ་རྒས་གཏིང་ལ་ཐུགས། །མ་རིག་མུན་པར་འཐིབ་པ་སྙིང་རེ་རྗེ། །འགྲོ་དྲུག་འཁོར་བ་མི་སྒྲོལ་ཡི་རེ་མུག །རང་སེམས་འཁོར་བ་དག་ལ་ས་མཁན་མཛོད། །ཅེས་གསོལ་བ་བཏབ་པས་འོག་མིན་ལ་སོགས་པར་སྟོན་པ་སྐུ་བཞིས་འཁོར་ཐུན་མོང་མ་ཡིན་པ་རྣམས་ལ་གསང་སྔགས་འབྲས་བུའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་གསུང་ཚུལ་དང་། མི་མཇེད་ཀྱི་འཇིག་རྟེན་ཁམས་ལ་སོགས་པ་ཞིང་ཁམས་དཔག་ཏུ་མེད་པར། སྤྲུལ་པའི་སྐུ་ཐུབ་པ་དྲུག་ལ་སོགས་པ་དཔག་ཏུ་མེད་པས། འཁོར་ཐུན་མོང་བ་རྣམས་ལ། བསྟན་པ་སྡེ་སྣོད་གསུམ་ལ་སོགས་པ་གང་ལྟར་མཚམས་པ་ལྟར་གསུངས་པའོ། །མི་ཡུལ་དུ་འབྱུང་བར་གསོལ་བ་བཏབ་པ་ནི། རྒྱུའི་ཆོས་འབྱུང་བར་གསོལ་བ་བཏབ་པ་དང་། འབྲས་བུའི་ཆོས་འབྱུང་བར་གསོལ་བ་བཏབ་པའོ། །བཅོམ་ལྡན་འདས་ཀྱིས་དགའ་ལྡན་གནས་སུ་བྱོན་པ་ལ་སོགས་པ་དང་། བདུད་བཏུལ་བ་དང་། སངས་རྒྱས་པའི་ཚུལ་བསྟན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། གྲོང་ཁྱེར་དུ་ཆོས་བསྟན་པར་དགོངས་ཤིང་གསུངས་པས། ཤཱཀྱའི་རིགས་རྣམས་རིགས་མཉམ་པོ་ལ་ཆོས་མཉན་པ་དང་དཔོན་དུ་བྱ་བ་མི་འོང་། ཞེས་ཉན་དུ་མ་འདོད་དོ། །དེས་གཞན་ཡང་ཉན་ཞིང་གོ་བར་མ་བྱུང་སྟེ། མདོ་རྒྱ་ཆེ་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཅིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཏེ། སྒྲོལ་རྒྱུའི་ཚལ་དུ་ཆོས་མི་གསུང་བར་བཞུགས་ཤིང་ཡོད་པ་ལ། ཚོང་དཔོན་གོན་དང་བཟང་པོ་ཡིས་གླང་པོ་ཆེ་ལམ་ལ་འགྲོར་མ་འདོད་པར་རྩའི་སྤྱིལ་པོ་གཅིག་ལ་ཁ་བལྟས་ནས་འདུག་པ་ལ་བལྟས་པས། བཅོམ་ལྡན་འདས་བཞུགས་པ་མཐོང་ནས། ཚོང་དཔོན་གྱིས་ཡོན་བདག་བྱས་ཏེ་ཆོས་སྟོན་དྲངས། དེར་ཐམས་ཅད་ཀྱིས་ཆོས་ཞུས་པས། མ་གནངས་པ་ལ། ཚངས་པ་འཁོར་དང་བཅས་པས་གསེར་གྱི་འཁོར་ལོ་རྩིབ་སྟོང་དང་ལྡན་པ་ཕུལ་བས། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབ་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་མིའི་པདྨ་ཁ་འབྱེད་པ། །སྨྲ་བའི་ཉི་མ་ཅི་སླད་དེང་འདིར་བཏང་སྙོམས་བཞུགས། །དམ་པ་ཆོས་ཀྱི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །ཆོས་ཀྱི་མཆོད་སྡོང་ཆེན་པོ་བསྒྲེང་བར་མཛད་དུ་གསོལ། །ཞེས་པ་ལ་སོགས་པའི་ཚིག་གིས་གསོལ་བ་བཏབ་པ་ལས། སྔོན་ལ་མདོ་སྡེ་ཤིས་པ་བརྗོད་པ་གསུངས། དེ་ནས་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བར་པ་མཚན་ཉིད་མེད་པའི་དང་། ཐ་མ་ངེས་པའི་དོན་གྱིའོ། །གསང་སྔགས་འབྲས་བུའི་ཆོས་འབྱུང་བར་གསོལ་བ་བཏབ་པ་ནི། བཅོམ་ལྡན་འདས་མྱ་ངན་ལས་འདས་ཀར། གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་ཏེ། མདོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱད་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་དེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་རྣམ་སྣང་བར་འགྱུར། །དྲག་ཤུལ་ཅན་ཞེས་བྱ་བའི་རིར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་གནང་བར་འགྱུར། །ཞེས་གསུངས་པས། རྒྱུད་ལུང་མན་ངག་གསུམ་ལས། རྒྱུད་ནི་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས། ལོ་ཉེར་བརྒྱད་ན། རྒྱལ་པོ་ཛ་ལ་པོ་ཏིའི་ཆར་བབ་པ་ལ་སོགས་པའི་རྨིས་ལྟས་རྣམ་པ་བདུན་བྱུང་སྟེ། ལུང་བསྟན་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །རིན་ཆེན་གླེག་བམ་བབ་པ་དང་། །ཆོས་ཀྱི་བསྒྲོ་བ་བྱེད་པ་དང་། །ཀུན་གྱི་དམ་པར་གྲགས་པ་དང་། །པུ་ཛ་ཆེན་པོ་བྱེད་པ་དང་། །རིན་ཆེན་ཆར་དུ་འབབ་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་སོ། །ནང་པར་བལྟས་པས་ཁར་ཐོག་ན། །གསེར་གྱི་གླེག་བམ་ལ་བཻཌཱུརྱ། ཞུན་མས་བྲིས་པའི་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་དང་། ཕྱག་རྡོར་གྱི་སྐུ་གཅིག་བྱོན་ནས་འདུག་གོ། །དེ་རྣམས་ལ་བལྟས་པས་གཞན་གང་ཡང་ཤེས་པར་མ་བྱུང་། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་དང་ཞལ་མཐོང་གི་ལེའུ་གཉིས་ཤེས་ནས། དེ་ཉིད་ཀྱི་སྒོ་ནས་བསྒྲུབས་ཤིང་སྐུ་དེ་ལ་གསོལ་བ་བཏབ་པ་ལས། གསང་བདག་མངོན་སུམ་དུ་བྱོན་ནས། ཏན་ཏྲ་སྡེ་བཅོ་བརྒྱད་ལ་སོགས་པ་གསུངས་ཚུལ་ལོ། །མདོ་དགོངས་འདུས་ལ་སོགས་པ་ལུང་གི་ཆོས་རྣམས་ནི། སྤྲུལ་སྐུ་འདས་ནས་ལོ་ཉེར་བརྒྱད་ན། དམ་པའི་རིགས་ཅན་ལྔས་རི་མ་ལ་ཡའི་རྩེ་ལ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱས་ནས། ཨེ་མ་ཀྱི་ཧུད་ཨེ་མ་ཀློང་། སྟོན་པ་སྒྲོན་མའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བདག་ཕྱག་ན་རྡོ་རྗེ་བསྐུལ་ཏེ། གསང་བ་པ་ཡི་བདག་པོ་ཁྱོད། །སྔོན་གྱི་གོ་ཆ་ཡལ་ལམ་ཅི། །འཇིག་རྟེན་སྡུག་བསྔལ་མི་ཤེས་སམ། །སྙིང་རྗེའི་ས་ལ་བབ་ནས་ཀྱང་། །འཇིག་རྟེན་གདུང་བ་བསལ་བར་རིགས། །ཞེས་བསྐུལ་བས། གསང་བདག་གི་གསུང་བར་ཞལ་གྱིས་བཞེས་ཏེ། ཐོག་མ་ཐ་མ་མེད་པ་རུ། །བསྐུལ་བའི་དུས་ནི་གང་བྱུང་བ། །བདག་ཀྱང་དེ་བཞིན་ཆོ་འཕྲུལ་སྣང་། །ཞེས་གསུངས་ནས། རི་མ་ལ་ཡའི་རྩེར། དམ་པའི་རིགས་ཅན་ལྔ་ལ། མདོ་དགོངས་འདུས་ལ་སོགས་པ་གསུངས་ཚུལ་ལོ། །བཀའ་རྫོགས་པ་ཆེན་པོ་ནི། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་རྫོགས་ནས། སུམ་ཅུ་རྩ་གསུམ་དུ། རུ་ཀུན་དགའ་སྙིང་པོ་ལ། རྨི་ལྟས་བཞི་རྨིས་ཏེ་ཐུབ་པ་དྲུག་གིས་སྐོར་བ་བྱས་ཏེ་རུ་ལ་ཐིམ་པ་དང་། བདུད་དང་ཁྱབ་འཇུག་དང་གུ་ལང་གསུམ་གྱུར་མིད་དུ་ཟོས་པ་དང་། ཕྱག་ཏུ་ཉི་ཟླ་གཉིས་ཐོགས་ཏེ་འཇིག་རྟེན་གྱི་མུན་པ་བསལ་བ་དང་། ནམ་མཁའ་ལ་སྤྲིན་རིན་པོ་ཆེའི་ཁ་དོག་ལྟ་བུ་ལས་ཆར་བབ་སྟེ་རྩི་ཐོག་རྒྱས་པ་རྨིས་ནས། ལྷའི་དབང་པོ་ལ་བཤད་པས། ལྷའི་དབང་པོས་རྩོལ་མེད་ཀྱི་བསྟན་པ་འབྱུང་བར་ཤེས་ཏེ། རྒྱལ་བ་ཐམས་ཅད་ལ་རྩོལ་མེད་ཀྱི་ཐེག་པ་གསུང་དུ་གསོལ། ཞེས་གསོལ་བ་བཏབ་སྟེ། ནམ་མཁའ་མཐའ་མཉམ་ལས། ཀྱེ་ཀྱེ་དུས་གསུམ་གཤེགས་པའི་རྒྱལ་བ་ཡིས། །རྩོལ་བཅས་ཐེག་པ་མཐར་བཏོན་ནས། །རྩོལ་མེད་འདུས་པའི་རྣལ་འབྱོར་ལ། །རྩོལ་མེད་ཐེག་པ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པས། རྒྱལ་བ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་བསྐུལ། རྡོ་རྗེ་སེམས་དཔས་ཕྱག་རྡོར་ཐུགས་ཀ་ནས་བཏོན་ནས། འཆད་པའི་སྐྱེས་བུ་གསང་བའི་བདག་པོར་དབང་བསྐུར་ཏེ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །གསང་བའི་འཁོར་ལོའི་གཏེར་འཛིན་ཞིང་། །སྐུ་གསུང་ཐུགས་ཀྱི་གསང་བ་འཆང་། །ཁྱོད་ནི་སྨྲ་བའི་སེང་གེ་སྟེ། །རྩོལ་མེད་འདུས་པའི་གང་ཟག་ལ། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་བསྐུལ་བས། ཕྱག་རྡོར་གྱིས་རྒྱལ་བ་རིགས་ལྔ་ལ་གཞི་འབྲས་ཀྱི་ཐེ་ཚོམ་བཅད་ནས། ལྷ་གནས་གསུམ་དུ་རྩོལ་མེད་ཀྱི་བསྟན་པ་གསུང་ཚུལ་དང་། དེ་ནས་གསང་བདག་ཕྱག་ན་རྡོ་རྗེས། སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་གསང་བ་རྫོགས་པ་ཆེན་པོའི་བསྟན་པའི་བདག་པོར་དབང་བསྐུར་ནས། ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་དུ། འཇམ་དཔལ་བཤེས་གཉེན་ལ་སོགས་པ་རྣམས་ལ། རྩོལ་མེད་རྫོགས་པ་ཆེན་པོ་གསུང་ཚུལ་ལོ། །རྒྱས་པར་རང་རང་གི་སྐབས་བཞིན་ཤེས་སོ། །བྱེ་བྲག་ནི། བླ་མ་དཀོན་མཆོག་ཡི་དམ་ལ་གསོལ་བ ཏབ་པས། ཐུགས་རྗེ་འབྱུང་བ་ཡིན་ཏེ། དང་པོ་ནི་བླ་མ་ལ་མོས་གུས་བྱས་ཤིང་སྤྱི་བོར་བསྒོམ། གསོལ་བ་བཏབ་ན། ཐེག་པ་མཉམ་ཉིད་དུ་འགྱུར་ཞིང་། སངས་རྒྱས་བས་ཀྱང་ལྷག་པར་གསུང་སྟེ། མདོ་ལས། བསྐལ་པ་འབུམ་གྱི་སངས་རྒྱས་བས། །བླ་མ་གཉན་པར་ཤེས་པར་བྱ། །ཞེས་པ་ལ་སོགས་པ་དང་། གཅན་འཕྲང་ལས། དེས་ན་བླ་མ་སྤྱི་བོར་བསྒོམ། །རྡོ་རྗེ་སློབ་དཔོན་བསྒོམ་པ་ཡིས། །ཆོས་ཀུན་མ་ལུས་བསྒོམ་པ་ཡིན། །མཚན་དང་དཔེ་བྱད་ལྡན་པའི་ལྷ། །འབུམ་དུ་བསྒོམ་པའི་བསོད་ནམས་ཀྱིས། །བླ་མ་བསྒོམ་པའི་འབུམ་ཆར་མིན། །ཞེས་གསུངས་སོ། །གཉིས་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱས་ཤིང་གསོལ་བ་བཏབ་པས། དཀོན་མཆོག་གི་ཐུགས་རྗེ་དང་བྱིན་རླབས་འབྱུང་ཞིང་། སྐྱབས་འོག་ཏུ་ཚུད་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བར་གསུངས་ཏེ། སྐྱབས་སུ་འགྲོ་བའི་མདོ་ལས། གང་གི་དཀོན་མཆོག་གསུམ་པོ་ལ། །སྐྱབས་སུ་འགྲོ་བ་བྱས་པ་ཡིས། །ཡོན་ཏན་དེ་ལ་གཟུགས་ཡོད་ན། །སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། །ཞེས་གསུངས་སོ། །ཡི་དམ་གྱི་ལྷ་ནི། ལྷ་རེ་བསྒོམ་ཞིང་གསོལ་བ་བཏབ། བསྒྲུབ་པས་དུས་ནམ་ཞིག་ཞལ་མཐོང་གསུང་ཐོས་པ་ལ་སོགས་པ་བྱིན་བརླབས་འབྱུང་བར་གསུངས་ཏེ། ལེའུ་ལག་ལས། ལྷ་ལ་རྟག་ཏུ་མཆོད་བྱས་ན། །ལྷ་དང་གཉིས་སུ་མེད་པར་འགྱུར། །ཞེས་པ་དང་། བདག་ཉིད་ལྷ་དང་མཉམ་སྦྱོར་ན། །ཡོན་ཏན་ཆུང་ཡང་འགྲུབ་པར་འགྱུར། །ཞེས་གསུངས་སོ། །ཡུལ་དང་མཐུན་ཅིང་འཕྲད་པས་ཐུགས་རྗེ་སྐྱེ་བ་ནི། སྤྱིར་སྐུ་ལྔས་འཁོར་ལྔ་ལ་དོན་མཛད་པ་དང་། བྱེ་བྲག་ཏུ་སྐུ་གསུམ་གྱི་ཐུགས་རྗེས་མཛད་པའོ། །ཡེ་ཤེས་རྒྱ་མཚོའི་འཁོར་རྣམས་ལ། སྟོན་པ་ཆོས་ཀྱི་སྐུས་རིག་པ་བྱིན་གྱིས་བརླབས་སམ། སྐྱེ་མེད་དོན་གྱི་གསུང་གིས་དོན་མཛད་དེ། ཡེ་ཤེས་གསང་བ་ལས། ཆོས་སྐུ་ནམ་མཁའི་མཐའ་ཀུན་ཁྱབ། །ཆོས་སྐུ་རང་བྱུང་སྤྲོས་མེད་པས། །ཡེ་ཤེས་སྐུ་ལ་འགག་མེད་གསལ། །དེས་ན་བྱིན་གྱིས་བརླབས་ཀྱིས་བཤད། །ཅེས་གསུངས་སོ། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པའམ། སྨིན་པ་རྒྱ་མཚོའི་འཁོར་རྣམས་ལ། སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་ནས། སྐུ་མདུན་དང་རྒྱབ་མེད་པར་ཞལ་ཕྱོགས་བཅུ་ཀུན་ཏུ་ཐ་ལེ་བ་ལ་སོགས་པ། དགོངས་པ་བརྡའི་སྒོ་ནས་དོན་མཛད་དེ། སྙིང་པོ་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུངས་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །ཞེས་གསུངས་སོ། །མདོ་ལས་ཀྱང་། སྡུག་པོ་བཀོད་པའི་རྒྱལ་བ་ཡང་། །ཆོས་སྐུ་སྙིང་པོར་གྱུར་པས་ན། །དེ་ཡིས་འགྲོ་བ་མི་སྨིན་ཕྱིར། །གཟུགས་སྐུར་བསྟན་ནས་ཚིག་ལམ་བརྗོད། །ཞེས་པས། གདུལ་བྱ་སྨིན་ཞིང་རྒྱུད་དག་པ་རྣམས་ལ། གོང་ལྟར་ལོངས་སྐུར་སྣང་ལ། དག་པ་དང་མ་དག་པ་རྣམས་ལ་སྤྲུལ་སྐུར་སྣང་ནས་ངོན་མཛད་དེ། སྤྱིར་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པར། སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པར་སྣང་བར་གསུངས་ཏེ། སྙིང་པོ་ལས། སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །ཞེས་པས། བྱེ་བྲག་ཏུ་སྦྱོར་ལམ་དང་མཐོང་ལམ་པ་ལ་སྤྲུལ་སྐུ་མཚན་དང་དཔེ་བྱད་དང་ལྡན་པས། དངོས་སུ་གསུང་གིས་དོན་མཛད་དེ། སྡུད་པ་ལས། སུམ་ཅུ་རྩ་གཉིས་མཚན་དང་མཐུ་སྟོབས་ཕ་མཐའ་ཡས། །སེམས་ཅན་རྣམས་ལ་ཆོས་རབ་སྟོང་པ་སྒྲོགས་པར་བྱེད། །ཞེས་གསུངས་སོ། །མ་དག་པ་རྣམས་ལ་འགྲོ་བ་རང་རང་གི་སྣང་ཚུལ་དང་མཐུན་པར་གང་ལ་གང་འདུལ་དུ་དོན་མཛད་དེ། མདོ་ལས། སྐྱེ་བ་ཐམས་ཅད་ཀྱི་གཟུགས་སུ་སྣང་བ་ནི། །འཇུག་སྲེད་དང་། བྱ་རོག་དང་། མེ་ཁྱེར་ལ་སོགས་སྲོག་ཆགས་གང་ཡིན་པ་དེ་དང་དེའི་གཟུགས་སུ་སྣང་བར་མཛད་ཅིང་། དེ་དག་གི་ཆ་བྱད་ཀྱིས་གང་ཇི་ལྟར་མོས་པ་རྣམས་ལ། དེ་བཞིན་དུ་སྣང་སྟེ། ཞེས་གསུངས་སོ། །དེའང་ཕྱོགས་རེ་ཙམ་མཚོན་ན། སྔོན་བྱུང་རུ་ཏྲ་ལ་ཐུགས་རྗེ་སྐྱེས་ཏེ་བཏུལ་བ་ལྟ་བུའམ། རྐང་ཆག་ལག་རྡུམ་ལ་སོགས་པ་ལ་ཐུགས་རྗེ་སྐྱེ་བ་ལྟ་བུའོ།
༈ །ཐུགས་རྗེ་སྐྱེས་ནས་འགྲོ་བའི་དོན་མཛད་པ་ལ་གཉིས་ཏེ། དོན་མཛད་པའི་མཛད་ཚུལ་དང་། རྣམ་གྲངས་སོ། །དང་པོ་ལ་གསུམ་སྟེ། རྟེན་ཅན་གྱི་དོན་མཛད་པ་དང་། རྟེན་མེད་ཀྱི་དང་། ངོ་བོ་ཉིད་ཀྱིས་སོ། །དང་པོ་ནི། སེམས་ཙམ་དང་། ཀྲི་ཡོག་ལ་སོགས་པའི་ལུགས་ཀྱིས། སངས་རྒྱས་ཀྱི་སྐུ་གསུམ་ལས། གཟུགས་སྐུ་རང་རྒྱུད་པ་འོད་སྒོ་རེ་བ་ཅིག་འོག་མིན་ན་ཡོད་ལ། དེ་དང་དེའི་སྤྲུལ་པས་འགྲོ་དོན་མཛད་པར་འདོད་པའོ། །གཉིས་པ་ནི། དབུ་མའི་ལུགས་ཀྱིས། མཐར་ཐུག་ཆོས་ཀྱི་སྐུ་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་ལ། སྤང་བྱ་གློ་བུར་གྱི་དྲི་མ་དག་པའི་དག་པ་གཉིས་ཀྱི་བདག་ཉིད་དུ་བཞུགས་ལ། དེ་ལས་གཟུགས་སྐུ་རྣམ་པ་གཉིས་བྱུང་ནས་དོན་མཛད་པར་འདོད་པའོ། །ཡང་ཆོས་སྐུ་སྟོང་པ་ལ་བྱས་ནས། གཟུགས་སྐུ་གཉིས་གདུལ་བྱའི་ངོར་སྣང་ཙམ་དུ་འདོད་པའང་ཡོད་དེ། དེ་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་འབྱུང་བར་འདོད་དེ། ཆོས་སྐུ་ནམ་མཁའ་ལྟ་བུ་ལ། ལོངས་སྐུ་སྤྲིན་ལྟ་བུ་འབྱུང་། དེ་ལས་སྤྲུལ་སྐུ་ཆར་ལྟ་བུ་བྱུང་ནས་དོན་མཛད་དོ་ཟེར་བ་ཡང་ཡོད་དོ། །ངོ་བོ་ཉིད་ཀྱིས་མཛད་པ་ནི། དོན་མཛད་པའི་སངས་རྒྱས་དང་། གདུལ་བྱ་སེམས་ཅན་གཉིས་ངོ་བོ་དབྱེར་མེད་ཅིང་མ་འདྲེས་ལ་ཡོངས་སུ་རྫོགས་པར་དོན་མཛད་པའོ། །ཡེ་ཤེས་རྫོགས་པ་ལས། ཆོས་ཀུན་རང་བྱུང་སྟོན་པའི་མཆོག །དེ་འདུས་འཁོར་དང་བཅས་པ་དག །ཉིད་ལས་མི་གཞན་རང་བྱུང་ཉིད། །ཞེས་པ་དང་། གོང་གི་མཁྱེན་པའི་སྐབས་ཀྱི་ལུང་ཚིག་བཞིན་ནོ། །རྣམ་གྲངས་ནི། སྤྱིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པས། གང་ལ་གང་འདུལ་དུ་ཇི་ལྟར་འཚམས་པར་དོན་མཛད་པའོ། །བྱེ་བྲག་ནི། རྒྱུ་མཚན་ཉིད་པས། མཛད་པ་བཅུ་གཉིས་ལ་སོགས་པས་དོན་མཛད་པར་གསུངས་ཏེ། རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་བཞེད་པ་རྣམས། །ཞེས་གསུངས་སོ། །རྒྱུད་མ་ཧཱ་ཡོ་གའི་ལུགས་ཀྱིས། ཤིན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། དེ་བཞིན་དུ་གསུངས་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་བསམ་གྱིས་མི་ཁྱབ་པས་དོན་མཛད་པར་གསུངས་སོ། །མདོ་ཡི་ལུགས་ཀྱིས། ཕྱིན་ཅི་ལོག་གི་གདུལ་བྱ་བརྒྱུད་ནས། ཡང་དག་པའི་དོན་ལ་འདྲེན་པས་ཐབས་མཁས་པའི་མཛད་པ་དང་། གྲོང་ཁྱེར་གསུམ་གྱི་ཆེད་དུ། སྐུ་གསུམ་དུ་སྣང་ནས་དོན་མཛད་པས། ཡུལ་དང་མཐུན་པའི་དང་། སྤྲུལ་པའི་སྐུ་རེས་དྲང་དོན་གྱི་ཆོས་གསུངས་ནས། འདའ་ཀར་གསང་སྔགས་ངེས་དོན་གྱི་ཆོས་ཕྱིས་འབྱུང་བར་ལུང་སྟོན་པས་རྨད་བྱུང་ཆེ་བའི་དང་། གདུལ་བྱ་གསུམ། ཐེག་པ་གསུམ། འདུས་ཐབས་གསུམ་ཀ་གྱིས། གནས་སྐབས་དང་། མཐར་ཐུག་གི་ལས་རྒྱུན་གཅོད་པས། ལས་རྒྱུན་གཅོད་པའི་མཛད་པ་དང་། བསྟན་པ་འཆད་པའི་མཛད་པ་དང་ལྔས་དོན་མཛད་པར་གསུངས་ཏེ། རྒྱས་པར་རང་གཞུང་བཞིན་ནོ། །རྫོགས་པ་ཆེན་པོ་ནི། འགྲོ་བ་དྲུག་གི་སྣང་ཚུལ་བསམ་གྱིས་མི་ཁྱབ་པ་དང་བསྟུན་ནས་དོན་མཛད་པ་དང་། ཐབས་མཁས་ཐེག་པ་སྣ་ཚོགས་ཀྱིས་དོན་མཛད་པའོ། །སྔ་མ་ནི། འགྲོ་དྲུག་གི་སྣང་བ་དང་བསྟུན་ནས་དོན་མཛད་པ་དང་། འབྱུང་བ་ལྔ་འདོད་ཡོན་ལྔར་སྣང་ནས་དོན་མཛད་པ་དང་། ཕྱི་ནང་གི་བསྐལ་པ་ཟུང་གསུམ་ཡ་དྲུག་དང་བསྟུན་ནས་དོན་མཛད་པའོ། །དང་པོ་ནི། འགྲོ་བ་དྲུག་གི་བསམ་པ་དང་བསྟུན་ནས་དོན་མཛད་པ་ཡིན་ཏེ། མདོ་བཅུ་ལས། ལྷ་དང་ལྷ་མིན་གནས་རིས་སུ། །ཆེ་བ་ང་རྒྱལ་འཇོམས་པ་བསྟན། །ཤེས་པ་མི་ཡི་གནས་རིས་སུ། །དགེ་སྡིག་རྒྱུ་འབྲས་སྡེ་སྣོད་བཤད། །གཏི་མུག་བྱོལ་སོང་གནས་རིས་སུ། །རིག་པ་ཤེས་པའི་ཆོས་ཀྱང་བསྟན། །སེར་སྣ་ཡི་དྭགས་གནས་རིས་སུ། །མ་ཆགས་ཚིམ་པའི་ཆོས་ཀྱང་བསྟན། །སྡུག་བསྔལ་དམྱལ་བའི་གནས་རིས་སུ། །སྔ་ཕྱི་དྲན་པའི་ཞེན་པ་བཟློག །ཞེས་གསུངས་སོ། །གཉིས་པ་ནི། འབྱུང་བ་རྣམ་པ་ལྔ་དང་། འདོད་ཡོན་ལྔར་སྣང་ནས་ཀྱང་རང་བཞིན་གྱིས་དོན་མཛད་པ་ཡིན་ཏེ། རིན་ཆེན་ཀློང་དགུ་ལས། ས་དང་ཆུ་དང་མེ་དང་རླུང་། །འདོད་ལྔ་ཀུན་ཏུ་སྦྱོར་བ་ཡང་། །སངས་རྒྱས་ཐུགས་རྗེའི་རོལ་པར་ཤར། །ཐུགས་རྗེ་ནམ་མཁའི་མཐའ་ལྟར་བདལ། །ཞེས་གསུངས་སོ། །གསུམ་པ་ནི། ཕྱི་ནང་གི་བསྐལ་པ་ཟུང་གསུམ་ཡ་དྲུག་ཏུ་སྣང་ནས། ལས་ངན་གྱི་རྒྱུན་གཅོད་པ་ཡིན་ཏེ། ནང་དང་མུ་གེ་མཚོན་ཉིད་དང་། །མེ་ཆུ་རླུང་དང་ནམ་མཁའ་སྟོང་། །དེ་དག་རིམ་པར་ཇི་བསྟན་པ། །ཐུགས་རྗེ་རྨད་བྱུང་རོལ་པ་ཡིན། །ཇི་ལྟ་ཇི་ལྟར་དེ་དག་ཏུ། །འདུལ་བའི་ཐབས་སུ་བསྟན་པ་ཡིན། །ཞེས་གསུངས་སོ། །ཐེག་པས་དོན་མཛད་པ་ལ་གཉིས་ཏེ། རྩོལ་བའི་ཐེག་པ་ཐེག་པ་རིམ་པ་བརྒྱད་ཀྱིས་དོན་མཛད་པ་དང་། རྩོལ་མེད་ཨ་ཏིས་དོན་མཛད་ཚུལ་ལོ། །དེ་དག་གང་འཆད་ཀྱང་རང་རང་གི་སྐབས་དང་སྦྱར་ལ་རྒྱས་པར་བཤད་དོ།
༈ །བྱེ་བྲག་ཏུ་རྒྱུད་དང་མན་ངག་གི་ཁོག་དབུབ་པ་ལ་གཉིས་ཏེ། རྒྱུད་དང་མན་ངག་གི་ཁྱད་པར་དང་། བྱེ་བྲག་སོ་སོ་ནས་ཁོག་དབུབ་པའོ། །སྔ་མ་ནི། བཀའ་དང་བསྟན་ཆོས་ཀྱི་ཁྱད་པར་དང་། རྒྱུད་ལུང་མན་ངག་གི་ཁྱད་པར་རོ། །དང་པོ་ནི་གོ་བའམ། ཁྱད་པར་དང་། བྱེ་བྲག་སོ་སོའི་དབྱེ་བའོ། །སྔ་མ་ནི། ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་པ། དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པ་ཡིན། །ཞེས་པས། ལེགས་པར་གསུང་པ་གཅིག་བཀའ། དེའི་དགོངས་པ་འགྲེལ་པ་བསྟན་བཅོས། ཡང་། སངས་རྒྱས་ཀྱི་བདག་རྐྱེན་ལས་བྱུང་ཞིང་ལེགས་པར་གསུང་པ་བཀའ། དེ་ལ་བརྟེན་ཞིང་དེའི་དགོངས་པ་འགྲེལ་པ་བསྟན་བཅོས་སོ། །བྱེ་བྲག་ནི། བཀའ་དང་བསྟན་བཅོས་གཉིས་ལས། བཀའ་ནི། ཞལ་ནས་གསུང་པའི་བཀའ་དང་། བྱིན་གྱིས་བརླབས་ཀྱིས་བྱུང་བའི་བཀའ་དང་། རྗེས་སུ་གནང་བའི་བཀའོ། །སྔ་མ་ནི། སངས་རྒྱས་ཀྱི་ཞལ་ནས་དངོས་སུ་གསུངས་པ་རྣམས་སོ། །གཉིས་པ་ནི། སངས་རྒྱས་བཞུགས་པའི་དུས་ན། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས། སྐྱེ་འགྲོ་དང་། ས་རྡོ་ལ་སོགས་པ་ལ་ཡང་ཆོས་འབྱུང་བ་དང་། དངོས་སུ་འཁོར་རྣམས་ཀྱིས་ཞུས་ཤིང་བཤད་པ་རྣམས་སོ། །གསུམ་པ་ནི། སངས་རྒྱས་ཀྱིས་ཆོས་གསུང་ཞིག་པར་ལུང་སྟོན་པ་ལས་བྱུང་བ་རྣམས་སོ། །བསྟན་བཅོས་ནི། བཀའ་སྤྱི་དང་བྱེ་བྲག་གི་དགོངས་པ་འགྲེལ་པ་དང་། གནས་སྐབས་དང་མཐར་ཐུག་གི་དགོངས་པ་འགྲེལ་བ་རྣམས་ཡིན་ཏེ། རང་རང་གི་སྐབས་ནས་བཤད་པ་བཞིན་ནོ། །གཉིས་པ་རྒྱུད་ལུང་མན་ངག་གི་ཁྱད་པར་ནི། སྤྱི་དང་བྱེ་བྲག་གོ། །སྔ་མ་ནི། ཕུན་སུམ་ཚོགས་པ་ལྔ་ཚོགས་ཤིང་འབྲེལ་དང་མ་ཚང་བ་མེད་པ་གཅིག་རྒྱུད་ལུང་། དཔག་པར་དཀའ་བའི་དོན་ཉིད་མངོན་དུ་བསྟན་པས། བཙལ་ཚེགས་ཚུང་ཞིང་དགོས་དོན་ཆེ་བས་མན་ངག་གོ། །རྔམ་གློག་ལས། ཕུན་སུམ་ཚོགས་པ་ལྔ་ཚོགས་ཤིང་། །འབྲེལ་དང་མ་ཚང་མེད་པ་དང་། །ཡོངས་སུ་རྫོགས་པས་རྒྱུད་ཅེས་བྱ། །ཞེས་པ་དང་། མདོ་ལས། ཐབས་ཆེ་ཚེགས་ཆུང་དོན་དཔག་མེད། །བྱ་སླ་དཔག་དཀའ་མན་ངག་གོ། །ཞེས་གསུངས་སོ། །གཉིས་པ་ནི། རྒྱུད། ལུང་། མན་ངག་གསུམ་གྱི་དབྱེ་བ་སྟེ། ཞུས་ལེན་འདྲེན་མར་གསུངས་ཤིང་ཚང་ཞིང་འབྲེལ་པའི་ཆ་ནས་རྒྱུད། སངས་རྒྱས་ཀྱི་ཞལ་ནས་མ་བསླད་ཇི་བཞིན་གསུང་པའི་ཆ་ནས་ལུང་། དོན་གཉིས་མངོན་དུ་ཕྱུང་བའི་ཆ་ནས་མན་ངག་གོ། །མདོ་ལས། གསུང་གི་འགྱུར་བས་དེ་མཚོན་ན། །སྐྱེས་བུ་རྒྱལ་པོའི་བཀའ་ལུང་ཡིན། །ཞུས་ལེན་ཕྲ་མེན་འཕེལ་རྒྱས་ན། །སྐྱེས་བུ་རྒྱལ་པོའི་བཀའ་རྒྱུད་ཡིན། །ཞེས་པ་དང་། དེ་ཉིད་ངེས་པ་ཁོ་ནའོ། །མ་བསླད་ཇི་བཞིན་བཅས་པ་ལུང་། །བཅས་གཞི་གཏམ་རྒྱུད་ལས་རྒྱུད་དང་། །རྟོག་ཆེན་ཡན་ལག་འབྲེལ་བཅས་རྒྱུད། །ཞེས་གསུངས་སོ། །དེ་གསུམ་ཡང་ངོ་བོ་གཅིག་ལ་རྒྱུ་མཚན་ཕྱོགས་རེ་ནས་གསུམ་དུ་ཕྱེ་བ་ཡིན་ཏེ། གསུམ་དུ་སྣང་ལ་གཅིག་ཏུ་ཟད། །དབྱེར་མེད་ཚུལ་གཅིག་རང་བཞིན་ལ། །རྩལ་དང་དམ་པ་སྣང་བ་དག །གཅིག་སྟེ་རྣམ་པ་ཡོངས་ཀྱི་མེད། །ཞེས་པ་དང་། བདུད་རྩི་བམ་རྒྱུད་ལས། རྒྱུད་དང་ལུང་དང་མན་ངག་གསུམ། །འབངས་དང་རྗེ་དང་རྒྱལ་པོའི་ཚུལ། །གཅིག་ལ་གཅིག་བརྟེན་གཅིག་གི་ངང་། །གཅིག་སྟེ་རྣམ་པ་ཡོངས་ཀྱིས་མེད། །ཞེས་གསུངས་སོ། །བྱེ་བྲག་ནི། རྒྱུད་ཁོག་དབུབ་པ་དང་། མན་ངག་ཁོག་དབུབ་པ་གཉིས་སོ། །སྔ་མ་ནི། རྒྱུད་འབྱུང་བའི་རྒྱུ་གླིང་གཞི་དང་། རྐྱེན་གླེང་བསླང་བ་དང་། ཡོངས་སུ་རྫོགས་པ་རྒྱུད་ཀྱི་དོན་དང་། རྒྱུད་གདམས་ཤིང་གཏད་པ་དང་བཞི་སྟེ། རང་རང་གི་སྐབས་བཞིན་དུ་ཤེས་པར་བྱའོ། །མན་ངག་ནི། དྲུག་སྟེ། ངོ་བོ་དང་། ངེས་ཚིག་དང་། དགོས་ཆེད་དང་། རྣམ་གྲངས་དང་། རྩོམ་ཚད་དང་། བཤད་པའི་ཐབས་སོ། །དེ་ལ་ངོ་བོ་ནི། ཁུངས་ནས་ཁུངས་སུ་བརྒྱུད་པའི་དགོངས་པའི་ཉམས་མྱོང་ལ་བྱ་སྟེ། དོན་དང་། རང་གི་མཚན་ཉིད་ཉམས་སུ་མྱོང་བ་ལ་བྱའོ། །གསུང་ངོ་། །ཡང་བཅུད་དུ་ཕྱུངས་པ། དོན་དུ་འདྲིལ་བ། ཉམས་སུ་བླང་བའི་ལག་ལེན་ལ་བྱའོ། །ངེས་ཚིག་ནི། ལྷ་རྗེའི་ཞལ་ནས། བཙལ་ཚེག་ཆུང་། དགོས་ཆེད་ཆེ། ངེས་པར་མྱུར་དུ་འགྲུབ་པས་མན་ངག་ཡིན་གསུངས་སོ། །ཡང་བཀའ་དང་། ཉམས་སུ་མྱོང་བའི་དོན་མངོན་དུ་ཕྱུང་ནས་སྟོན་པ་གཅིག་ལ་མན་ངག་ཅེས་བྱའོ། །དགོས་ཆེད་ནི། ལུང་གི་དགོངས་པ་རྣམས་ལྟ་བར་མི་ནུས་པའི་དོན་དུ། གདམ་ངག་གིས་ལུང་གི་བཅུད་ཕྱུངས་ནས་རྟོགས་ཤིང་ཉམས་སུ་མྱོང་བའི་དགོས་པ་ཡོད་དོ། །རྣམ་གྲངས་ནི། སྙན་རྒྱུད་ཞལ་གྱི་མན་ངག་དང་། བརྡ་བྲལ་སྟོང་ཉིད་རང་གྲོལ་བའི་མན་ངག་དང་། ཡི་གེ་དཀྱུས་ཀྱི་མན་ངག་གོ། །སྔ་མ་ནི་ཀུན་བཟང་ངམ། རྡོ་རྗེ་འཆང་མན་ཆད་དུ་སྙན་དུ་བརྒྱུད་པ་ཡི་གེ་རིས་སུ་བྲི་མ་མྱོང་། བྲིས་པ་དང་འགལ་མ་མྱོང་བའི་དགོངས་པའི་དོན་མཚོན་པ་ལ་བྱའོ། །གཉིས་པ་ནི། དང་པོ་བརྡ་དོན་སྤྲད་པ་དང་། བར་དུ་ཕྲད། ཐ་མར་བརྡ་བྲལ་སྟོང་ཉིད་རང་གྲོལ་བའོ། །ཡི་གེ་དཀྱུས་ཀྱི་མན་ངག་ནི། ཚིག་དང་ཡི་གེ་རིས་སུ་བྲིས་པའི་མན་ངག་ལ་བྱ་སྟེ། དེ་ཁོ་ན་ཉིད་སྟོན་པའི་མན་ངག་དང་། མངོན་པར་རྟོགས་པ་རིམ་གྱིས་པའོ། །སྔ་མ་ལ་གཉིས་ཏེ། གནས་སྐབས་དེ་ཁོ་ན་ཉིད་སྟོན་པ་ཐེག་པ་འོག་མ་པ་རྣམས་ཀྱི་རང་རང་གི་མཐར་ཐུག་གི་དོན་སྟོན་པ་དང་། མཐར་ཐུག་དེ་ཁོ་ན་ཉིད་སྟོན་པ་ཨ་ཏིའི་མན་ངག་རྣམས་སོ། །མངོན་པར་རྟོགས་པ་རིམ་གྱིས་པའི་མན་ངག་ནི། ཐེག་པ་སྤྱི་དང་བྱེ་བྲག་ལ་འཇུག་པ་དང་། རྒྱུད་སྤྱི་དང་བྱེ་བྲག་ལ་འཇུག་པ་དང་། ལམ་སྤྱི་དང་བྱེ་བྲག་ལ་འཇུག་པའོ། །དེ་ལ་ཐེག་པ་སྤྱི་ལ་འཇུག་པ་ནི། ལ་ཤན་དང་། གཡུ་ཐང་དང་། སྣང་བ་བཅུ་བདུན་པ་ལ་སོགས་པ་རྣམས་སོ། །ཐེག་པ་བྱེ་བྲག་ནི། རང་རང་གི་གནས་སྐབས་ཀྱི་མན་ངག་རྣམས་སོ། །རྒྱུད་སྤྱི་ལ་འཇུག་པ་ནི། རྒྱུད་དབུ་ཞབས་མཚོན་པའི་འགྲེལ་པ་དང་། ཊི་ཀ་དང་། མན་ངག་རྣམས་སོ། །རྒྱུད་གནས་སྐབས་ལ་འཇུག་པ་ནི། གླེང་བསླང་བ་དང་། རྒྱུད་ཀྱི་དོན་ཕུན་སུམ་ཚོགས་པ་ལ་འཇུག་པ་དང་། རྒྱུད་གདམས་ཤིང་གཏད་པ་ལ་འཇུག་པའོ། །ལམ་སྤྱི་ལ་འཇུག་པ་ནི། སྒྱུ་འཕྲུལ་ལམ་རིམ་ལ་སོགས་པ། ལམ་རྫོགས་པར་སྟོན་པ་རྣམས་སོ། །བྱེ་བྲག་ནི། ཆ་རྐྱེན་ལྟ་བ་དང་། ཏིང་ངེ་འཛིན་ལ་སོགས་པ། བསླབ་པའི་མཐའ་བཅུ་ལ་སོགས་པ། བྱེ་བྲག་རེ་རེ་ནས་སྟོན་པ་རྣམས་སོ། །རྩོམ་པའི་ཚད་ནི། མདོ་སྡེ་ལ་བརྟེན་ནས་བསྟན་བཅོས་རྩོམ་པའི་ཚད་དང་། རྒྱུད་སྡེ་ལ་བརྟེན་ནས་མན་ངག་རྩོམ་པའི་ཚད་དོ། །དང་པོ་ནི། ལུང་ལ་འདྲིས་ཤིང་ཚད་ལ་མཁས། །སྒྲ་དང་དོན་གཉིས་གཙོར་གྱུར་པས། །རིག་པའི་བསྟན་བཅོས་རྩོམ་པར་བྱ། །ཞེས་གསུངས་པས། ལུང་ལ་འདྲིས་པ། མངོན་སུམ་དང་རྗེས་དཔག་གི་ཚད་མ་ལ་མཁས་པ། སྒྲ་ཤེས་པ། རང་རང་གི་དོན་སྤྱི་དང་རང་གི་མཚན་ཉིད་ཁོངས་སུ་ཆུད་པས་བསྟན་བཅོས་རྩོམ་པར་བཤད་དོ། །གཉིས་པ་ནི། ངེས་པའི་ལུང་ལ་རྫུན་མི་ཚུད། །རང་གི་ཉམས་མྱོང་མན་ངག་ལྡན། །ཡོངས་སུ་ཤེས་པའི་དངོས་པོ་རྣམས། །ཚད་དུ་ཕྱིན་པས་གདམས་ངག་བརྩམས། །ཞེས་པས། ལུང་གི་ཚིག་དང་དོན་དགོངས་ཁྲོལ་བ། རང་གིས་རྟོགས་ཤིང་ཉམས་སུ་མྱོང་བ། ཁུང་ནས་ཁུངས་སུ་བརྒྱུད་པའི་གདམས་ངག་དང་ལྡན་པ། ཡོངས་སུ་ཤེས་པའི་དངོས་པོ་བཅུ་ལ་མཁས་ཤིང་། ཚང་དུ་ཕྱིན་པས་བརྩམས་པར་བཤད་དོ། །ཡང་། རབ་བདེན་པ་མཐོང་བ། འབྲིང་ཡི་དམ་ལྷའི་ལུང་བསྟན་ཐོབ་པ། ཐ་མ་ཤན་འབྱེད་ཅིང་ལ་ཟློས་པ། བཀའ་ལུང་གི་ཚིག་ལ་མཁས་པས་ཀྱང་བརྩམ་པར་བཤད་དེ། རྒྱན་ལས། ཆོས་ཉིད་མངོན་སུམ་རྟོགས་པ་རབ། །ཡི་དམ་མཁའ་འགྲོ་བླ་མ་ཡི། །ལུང་བསྟན་ཐོབ་པ་འབྲིང་པོ་ཡིན། །ལ་ཤན་བཀའ་ལུང་ཚིག་ལ་མཁས། །བྱེ་བྲག་ཕྱེད་པ་ཐ་མ་ཡིན། །ཞེས་གསུངས་སོ། །བཤད་ཐབས་ནི། ལུང་མཆོག་བླ་མ་ལས། ཐོས་ཆུང་གསར་བུ་ཡིད་ཆེས་བྱ་བའི་ཕྱིར། །མན་ངག་སྤྱི་དོན་རྩིས་མགོ་ལྔ་ཡིས་གཞོམ། །ཞེས་པས། ཡིད་ཆེས་ཤིང་ཁུང་བཙུན་པར་བྱ་བའི་ཕྱིར། སློབ་དཔོན་གང་གིས་མཛད་པ་དང་། བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུགས་པར་བྱ་བའི་ཕྱིར། རྒྱུད་གང་ནས་བཏུས་ཤིང་ཕྱོགས་གོང་དུ་གཏོགས་པ་དང་། བསྟན་པ་ལ་མཚན་ངེས་ཤིང་། དོན་གྱི་མདོ་ཙམ་རྟོགས་པར་བྱ་བའི་ཕྱིར། མཚན་ཅི་ལས་བཏགས་པ་དང་། དགོས་ཆེད་དང་ལྡན་པར་བྱ་བའི་ཕྱིར། དགོས་ཆེད་གང་གི་དོན་དུ་མཛད་པ་དང་། དབུ་ཞབས་ཀྱི་དོན་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དབུ་ཞབས་སུ་དོན་བསྡུས་བསྟན་པའོ། །དེ་རྣམས་རང་རང་གི་སྐབས་དང་སྦྱར་ལ་བཤད་དོ།
༈ །བཀའ་རྫོགས་པ་ཆེན་པོའི་ལུགས་ཀྱིས། རྒྱུད་དང་མན་ངག་གང་འཆད་ཀྱང་། སྦྱི་དོན་ལྔས་འཆད་དེ། ཀུན་བྱེད་རྒྱལ་པོ་ལས། དང་པོ་ཡིད་ཆེས་པ་ཡི་ཁུང་བསྟན་ཕྱིར། །ལོ་རྒྱུས་དོན་གྱིས་བཤད་ལུགས་བསྟན་པར་བྱ། །ཆོས་ཀུན་རྩ་བ་སེམས་སུ་འདུས་པའི་ཕྱིར། །དེ་ནས་རྩ་བའི་དོན་དེ་བསྟན་པར་བྱ། །ཐེག་པའི་ཁྱད་པར་སོ་སོར་དབྱེ་བའི་ཕྱིར། །ཡོ་ག་དོན་གྱི་རྩ་བ་བསྟན་པར་བྱ། །རྩོལ་བསྒྲུབས་བྱ་མི་དགོས་པར་བསྟན་པའི་ཕྱིར། །དགོས་ཆེད་དོན་གྱི་དགོས་པ་དེ་རུ་བསྟན། །མ་རྟོགས་དོན་དེ་རྟོགས་པར་བྱ་བའི་ཕྱིར། །ཚིག་གི་དོན་དེ་སྒྲ་རུ་བརྗོད་པར་བྱ། །ཞེས་དང་། རྒྱན་ལས། མན་ངག་བྱུང་ཁུང་ལོ་རྒྱུས་དང་། །འཇུག་སྒོ་ཐེག་པ་ཡོ་གའི་དོན། །རྟེན་གྱི་གང་ཟག་དགོས་པའི་དོན། །དྲིལ་ནས་མཚན་གསོལ་རྩ་བའི་དོན། །དབུ་ཞབས་དཀྱུས་བཤད་ཚིག་གི་དོན། །སྤྱི་དོན་ལྔ་ཡིས་བཤད་པ་ཡིན། །ཞེས་གསུངས་སོ། །དེ་ལ་དང་པོ། རྒྱན་ལས། དོན་གྱིས་མི་གཉིས་བརྒྱུད་པ་ཅན། །ཐ་སྙད་བྲལ་བའི་དོན་མཚོན་པ། །མན་ངག་ཚད་མས་རང་མཚན་སྟོན། །རྒྱལ་བ་རིག་འཛིན་གང་ཟག་ཏུའོ། །ཞེས་པས། རྒྱལ་བ་དགོངས་པས་བརྒྱུད་པ། རིག་འཛིན་རིག་པས་བརྒྱུད་པ། གང་ཟག་སྙན་ནས་སྙན་ཁུང་དུ་བརྒྱུད་པའོ། །དེ་ཡང་སྟོན་པ་སངས་རྒྱས་ཀྱི་ཆེ་བ་དང་། བསྟན་པ་ཆོས་ཀྱི་ཆེ་བ་དང་། རིག་འཛིན་བརྒྱུད་པའམ། མཁས་པ་པཎ་ཊི་ཏའི་ཆེ་བ་དང་། སྒྲ་བསྒྱུར་ལོ་ཙཱའི་ཆེ་བ། ཡོན་བདག་ཞིང་གི་ཆེ་བ། བཞེངས་པ་རྟེན་གྱི་ཁྱད་པར། བསྒྲུབ་པ་པོ་གྲུབ་ཐོབ་ཀྱི་ཆེ་བ། གཏན་ལ་དབབ་བྱ་གཞིའི་ཆེ་བ། བགྲོད་པ་ལམ་གྱི་ཆེ་བ། མངོན་དུ་བྱས་པ་འབྲས་བུའི་ཆེ་བ་དང་བཅུའོ། །དང་པོ་ནི། སྟོན་པ་ཡོངས་སུ་རྫོགས་མ་རྫོགས་ཀྱི་ཁྱད་པར་དང་། གཞི་རང་བྱུང་གི་སྟོན་པ་ཀུན་ཏུ་བཟང་པོ་འཁྲུལ་མ་མྱོང་གི་ཆེ་བའམ། ཁྱད་པར་དུ་དཔག་པའོ། །སྔ་མ་ནི་སྡེ་སྣོད་གསུམ་ལ་སོགས་པ་རྣམས་ནི། སྤྲུལ་པའི་སྐུ་ལ་སོགས་པ་སྐུ་རེ་རེས་གསུངས་པ་ཡིན་ལ། བཀའ་རྫོགས་པ་ཆེན་པོ་ནི། སྐུ་ལྔ་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའོ། །གཉིས་པ་གཞི་རང་བྱུང་གི་སྟོན་པ་ནི། ཡེ་ཇི་བཞིན་པའི་སངས་རྒྱས་ལས་འཁྲུལ་མ་མྱོང་སྟེ། ཁྱད་པར་འཕགས། ལམ་གྱི་སངས་རྒྱས་སམ། ཐེག་པ་སོ་སོའི་སངས་རྒྱས་ལས་ཕྱོགས་འཛིན་དང་ལམ་བགྲོད་མ་མྱོང་སྟེ་ཁྱད་པར་དུ་འཕགས། འབྲས་བུ་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ལས་ལམ་གྱིས་རྟོགས་མ་མྱོང་བས་ཁྱད་པར་དུ་འཕགས་སོ། །གཉིས་པ་ནི། བསྟན་པ་ཡོངས་སུ་རྫོགས་མ་རྫོགས་ཀྱི་ཁྱད་པར་དང་། ཆེ་བ་བདུན་ནམ་ལྔ་ཡིས་ཁྱད་པར་དུ་འཕགས་ཏེ་བསྟན་པའོ། །སྔ་མ་ནི། ཐེག་པ་རིམ་དགུ་ལས། མཚན་ཉིད་ཀྱི་ཐེག་པ་གསུམ་ནི་རྒྱུའི་ཐེག་པ་ཡིན་ཞིང་། སྤྲུལ་པའི་སྐུ་ཡི་བསྟན་པའོ། །དེ་ཡང་སྡེ་སྣོད་རྣམ་པ་གསུམ་ལས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པའོ། །སྔགས་ཕྱི་རྒྱུད་གསུམ་ནི། འབྲས་བུ་སྤྱིའི་རྣམ་པ་ལམ་དུ་བྱེད་ལ། ལོངས་སྐུའི་བསྟན་པ་གཙོ་ཆེ་བར་གསུངས་ཏེ། དེ་ལ་ཡང་རྒྱུད་སྡེ་དཔག་ཏུ་མེད་པ་ཡོད་པར་གསུངས་སོ། །ནང་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་ནི། སྐུ་ལྔ་ལྷུན་གྲུབ་ཀྱི་བསྟན་པ་ཡོངས་སུ་རྫོགས་ཤིང་། ཁྱད་པར་དུ་ངོ་བོ་ཉིད་དུ་སྐུ་དང་ཆོས་ཀྱི་སྐུའི་བསྟན་པའོ། །དེ་ལ་མ་ཧཱ་དང་ཨ་ནུ་ནི། འབྲས་བུ་རང་གི་མཚན་ཉིད་དང་ལྡན་པ་ལམ་དུ་བྱེད་ཅིང་། འཁོར་འདས་གཉིས་སུ་མེད་པར་སྟོན་པའོ། །མ་ཧཱ་ནི་སྒྱུ་འཕྲུལ་སྡེ་བཞི་དང་། ཏན་ཏྲ་ཆེན་པོ་སྡེ་བཅོ་བརྒྱད་ལ་སོགས་པ་དཔག་ཏུ་མེད་ཅིང་བརྗོད་ལས་འདས་པ་ཡོད་པར་གསུངས་སོ། །ཨ་ནུ་ནི་ལུང་གི་མདོ་ཆེན་པོ་ལྔ་ལ་སོགས་པ་ལུང་གི་ཆོས་དཔག་ཏུ་མེད་ཅིང་བརྗོད་པ་ལས་འདས་པ་ཡོད་པར་གསུངས་སོ། །ཨ་ཏི་ཡོ་ག་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས་ལ་རྒྱུ་འབྲས་གཉིས་སུ་མེད་ཅིང་འཁོར་འདས་གཉིས་མེད་རྒྱ་ཆད་ཕྱོགས་ལྷུང་མེད་པར་གཏན་ལ་འབེབས་པའོ། །དེའང་ཨ་ནུ་མན་ཆད་ཀྱི་ཐེག་པའང་ཡོངས་སུ་རྫོགས་པར་སྟོན་པ། ཁྱད་པར་ཨ་ཏིའི་བསྟན་པ་ནམ་མཁའ་དང་འདྲ་སྟེ། མཐའ་མེད་པར་བསྟན་པའོ། །དེའང་ཕྱོགས་གཅིག་ཙམ་མཚོན་ན། སེམས་སྡེའི་སྐོར་དང་། ཀློང་སྡེའི། རྒྱུད་སྡེའི། ཤན་འབྱེད་བྲམ་ཟེའི། ལ་བཟླ་རྒྱལ་པོའི། རང་གྲོལ་མངོན་སུམ་དུ་སྟོན་པ་གདམས་ངག་གི་སྐོར་དང་དྲུག་གོ། །དང་པོ་ནི། སེམས་སྡེ་བཅོ་བརྒྱད་དེ། རྨད་བྱུང་དང་། རིག་པ་མཆོག་གི་དང་། བཀྲ་ཤིས་མི་འགྱུར་གསལ་པར་གནས་པའི་རྒྱུད་ལ་སོགས་པ་རྒྱུད་སྡེ་ཆེན་པོ་བཅོ་བརྒྱད་དང་། སྔ་འགྱུར་ལྔ། ཕྱི་འགྱུར་བཅུ་གསུམ་སྟེ་གདམས་ངག་བཅོ་བརྒྱད་ལ་སོགས་པ་དཔག་ཏུ་མེད་པར་ཡོད་པར་གསུངས་སོ། །ཀློང་སྡེའི་སྐོར་ལ་བཞི་སྟེ། ཕྱི་རྩིས་རྒྱའི་སྐོར་ལ་གླང་པོ་ཆེ་རབ་འབོག་གི་རྒྱུད་ལ་སོགས་པ། གཟེར་བུ་བརྒྱ་དང་བརྒྱད་ཅུ། ནང་གསང་རྒྱའི་སྐོར་ལ། ཀུན་ཏུ་བཟང་པོ་རིག་པ་རྩལ་ཤར་བའི་རྒྱུད་ལ་སོགས་པ་མན་ངག་བརྒྱ་དང་བརྒྱད་ཅུ། གསང་བ་རྒྱལ་བུ་ཆུང་གི་སྐོར་ལ་རིན་པོ་ཆེ་བཀོད་པའི་རྒྱུད་ལ་སོགས་པ། བསམ་གཏན་བརྒྱ་དང་བརྒྱད་ཅུ། དགོངས་པ་གཏད་རྒྱའི་སྐོར་ལ། ཀློང་ཆེན་པོ་རབ་འབྱམས་རྒྱལ་པོའི་རྒྱུད་ལ་སོགས་པ། ལ་བཟླ་བརྒྱ་དང་བརྒྱད་ཅུ་ཡོད་པར་གསུངས་སོ། །ནམ་མཁའ་ཆེ་ལའང་། གོང་གི་བཤད་ལུགས་བཞི་པོ་དེ་རྣམས་ཡོད་པར་གསུངས་སོ། །རྒྱུད་སྡེའི་སྐོར་ལ། ནམ་མཁའ་མཐའ་མཉམ་དང་། ཉ་མོ་འཁོར་ལོའི་རྒྱུད་ལ་སོགས་པ། རྒྱུད་བཞི་བཅུ་ཞེ་གཉིས་མན་ངག་དང་བཅས་པ་ཡོད་པར་གསུངས་སོ། །བྲམ་ཟེའི་སྐོར་ལ། བྲམ་ཟེ་རྩ་བའི་རྒྱུད་དྲུག །ཡན་ལག་གི་རྒྱུད་སུམ་ཅུ་རྩ་དྲུག་གསུངས་སོ། །དེ་ལ་ནམ་མཁའ་ཀློང་ཡོངས་ཀྱི་རྒྱུད་དང་། ཡེ་ཤེས་གཏིང་ནས་རྫོགས་པའི་དང་། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་དང་། རང་བྱུང་བདེ་བ་འཁོར་ལོའི་དང་། ངེས་དོན་འདུས་པ་གཏེར་གྱི་དང་། འཁོར་བ་རྩད་ནས་གཅོད་པའི་རྒྱུད་དང་། སྤྱི་རྒྱུད་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལ་སོགས་པའོ། །ལ་བཟླ་རྒྱལ་པོའི་སྐོར་ནི། བཀྲ་ཤིས་དུས་ཚོད་འཛིན་པ་ཁུ་བྱུག་གི་རྒྱུད་དང་། ཡོན་ཏན་རྩལ་ཆེན་རྫོགས་པའི་རྒྱུད་དང་། ཐིག་ལེ་སྒྲོན་མ་གསང་བ་བཀོད་པའི་དང་། ཀུན་བྱེད་རྒྱལ་པོའི་དང་། རིག་པ་ནམ་མཁའ་མཉམ་པའི་རྒྱུད་ལ་སོགས་ཏེ། རྩ་བའི་རྒྱུད་སྡེ་ལྔ། ཡན་ལག་གི་རྒྱུད་སྡེ་བརྒྱ་ཐམས་པ། མན་ངག་དང་བཅས་པ་ཡོད་པར་གསུངས་སོ། །མན་ངག་གི་སྐོར་ནི། གབ་པ་མངོན་དུ་ཕྱུངས་བ་གབ་པའི་སྐོར་དང་། རིག་པ་གཏན་ལ་འབེབས་པ་བསྒག་པའི་སྐོར་དང་། ཆོས་ཉིད་མ་བུ་སྤྲོད་པ་རྫོགས་འཕྲང་གི་སྐོར་དང་། རང་གྲོལ་མངོན་སུམ་དུ་སྟོན་པ་བརྒྱུད་པ་ཐ་མའི་སྐོར་རོ། །དེ་རེ་རེ་ལའང་རྒྱུད་སྡེ་དང་མན་ངག་ཏུ་བཅས་པ་ཡོངས་སུ་རྫོགས་པར་ཡོད་པར་གསུངས་སོ། །དེ་ཚོ་རེ་རེའི་ཁོང་ནས་ཀྱང་མུ་སྟེགས་ལ་སོགས་པའི་ལོག་རྟོག་བསལ་བ་དང་། ཐེག་པ་རིམ་པ་བརྒྱད་ཀྱི་ཤན་དབྱེ་བ་དང་། རྫོགས་པ་ཆེན་པོར་ལ་བཟླ་བ་རང་གྲོལ་མངོན་སུམ་དུ་ངོ་སྤྲོད་པ་ལ་སོགས་པ་ཐེག་པ་ཐམས་ཅད་ཀྱི་འདོད་ལུགས་ཡོངས་སུ་རྫོགས་པར་གསུངས་སོ། །དེ་ལ་སོགས་ཏེ། ཀེ་ཚང་གི་སྐོར་ལ། ཕྱི་སྐོར་ནང་སྐོར་གསང་སྐོར། གསང་བ་བླ་ན་མེད་པའི་སྐོར་ལ་སོགས་པ་དང་། ཨ་རོའི་སྐོར་དང་། དོམ་སྒྲོའི་སྐོར་དང་། སྤྲོས་བྲལ་དོན་གསལ་གྱི་སྐོར་དང་། སྤྱི་ཏིའི་སྐོར་དང་། སྤྱི་མདོའི་སྐོར་དང་། རྒྱལ་པོ་བླ་གཏེར་གྱི་སྐོར་དང་། ཀུན་གྲོལ་གྱི་སྐོར་ལ་སོགས་པ་བརྗོད་པ་ལས་འདས་པ་ཡོད་པར་གསུངས་སོ། །ཆེ་བ་བདུན་ནམ་ལྔ་ཡིས་ཁྱད་པར་དུ་འཕགས་པ་ནི། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་པའི་ཆེ་བ་རི་རྒྱལ་ལྷུན་པོ་ལྟ་བུ་དང་། ལུང་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པའི་ཆེ་བ། ཉི་མའི་སྙིང་པོ་ལྟ་བུ་དང་། བསྟན་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཆེ་བ། འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་ལས་འབྱུང་བ་ལྔར་སྣང་བ་ལྟ་བུ་དང་། བཀའ་ཐམས་ཅད་ཀྱི་འབྲེལ་པ་ཡིན་པའི་ཆེ་བ། ནམ་མཁའི་ངང་ལས་སྣོད་བཅུད་ཐམས་ཅད་གསལ་བ་ལྟ་བུ། མན་ངག་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཆེ་བ། རྒྱལ་པོའི་བཀའ་གསང་ཐོབ་པའི་མི་ལྟ་བུ། དོན་ཐམས་ཅད་ཀྱི་མཇུག་སྡུད་ཡིན་པའི་ཆེ་བ། མགྲོན་པོ་བྱིས་ལོག་ནས་རང་གི་ཁྱིམ་དུ་སོང་བ་ལྟ་བུ། ཆོས་ཐམས་ཅད་ཀྱི་མེ་ལོང་ཡིན་པའི་ཆེ་བ། མེ་ལོང་གཡའ་དག་པ་ལྟ་བུའོ། །མདོ་ལས། གླིང་དང་རི་བོ་མུ་ཁྱུད་བཅས། །ལྷུན་པོའི་རྩེ་མོ་ཉིད་ནས་གསལ། །ཇི་སྙེད་ཐེག་པའི་རྣམ་གྲངས་ཀུན། །དེ་ཉིད་ཆེན་པོ་ཉིད་མཐོང་གསལ། །ཞེས་དང་། འཇིག་རྟེན་འོད་ཀྱི་རྒྱལ་པོ་ནི། །གཟི་ལྡན་གསལ་བའི་ཉི་མ་ཡིན། །ཆོས་ཀུན་ཡོངས་སུ་རྫོགས་གསལ་བ། །ཀུན་སྣང་ཆེན་པོ་དེ་ཉིད་དོ། །ཞེས་སོ། །གོ་སྐབས་ཆེན་པོ་ནམ་མཁའ་ནི། །ཆེན་པོ་བཞི་ཡི་གོ་འབྱེད་ལྟར། །གསང་ཉིད་འདུས་པ་དེ་ཉིད་ཀྱིས། །བརྗོད་པའི་བརྗོད་ཀུན་གསལ་བར་འགྲེལ། །ཞེས་སོ། །གང་གི་བཀའ་ཡི་གསང་ཐོབ་ན། །མི་གང་གཞན་ལ་རག་མ་ལུས། །གསང་བའི་སྙིང་པོར་ཀུན་ཆུབ་ན། །སྨྲ་བརྗོད་གང་ལའང་བཙལ་མི་དགོས། །ཞེས་སོ། །རྒྱུད་དང་བཅས་པའི་འབྱུང་བ་རྣམས། །ནམ་མཁའི་ངང་ལས་འབྱུང་ཞིང་སྣང་། །དེ་བཞིན་སྨྲ་བརྗོད་འབྱུང་བ་རྣམས། །དེ་ཉིད་ཟབ་མོའི་དབྱིངས་ནས་འབྱུང་། །ཞེས་སོ། །དོན་དུ་བྱ་བའི་རྣམ་གྲངས་ཀུན། །མཐར་གྱིས་འབྲས་བུ་གྲུབ་པར་སྡུད། །རྣམ་གྲངས་རྒྱ་ཆེར་བརྗོད་མོད་ཀྱང་། །དེ་ཀུན་དེ་བཞིན་ཉིད་དུ་འདུས། །ཞེས་སོ། །མེ་ལོང་གསལ་བའི་སྙིང་པོས་ནི། །བཞིན་གྱི་གཟུགས་བརྙན་སྟོན་པ་ལྟར། །དེ་ཉིད་ཆོས་ཀྱི་མེ་ལོང་གིས། །ཀུན་གྱི་རང་བཞིན་གསལ་བར་བྱེད། །ཞེས་གསུངས་སོ། །ཆེ་བ་ལྔ་ནི་གོང་དུ་བཤད་པ་བཞིན་ནོ། །གསུམ་པ་ནི། རིག་འཛིན་རྣམ་པ་གསུམ་དང་། རྫོགས་པ་ཆེན་པོ་འཁོར་འདས་དབྱེར་མེད་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་པས། རིག་པ་མཆོག་ལ་མངའ་བརྙེས་པ་ཡིན་ཏེ། སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་དང་། ཤྲཱི་སིང་ཧ་དང་། བྷི་མ་ལ་མི་ཏྲ་ལ་སོགས་པ། མཁས་པ་ཉི་ཤུ་རྩ་ལྔ་དང་། རྒྱལ་པོ་ཛ་དང་། དམ་པའི་རིགས་ཅན་ལྔ་དང་། སློབ་དཔོན་ཧཱུྃ་ཀ་ར་དང་། གུ་རུ་པདྨ་འབྱུང་གནས་ལ་སོགས་པ་རྣམས་ནི། ཆོས་ཉིད་རྒྱུན་ཆད་མེད་པ་མངོན་སུམ་དུ་རྟོགས་པ། ལྷ་མ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་ཞིང་། སྣང་སྲིད་དབང་དུ་འདུས་པ། སྒྲ་འགྱུར་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་ཤེས་ཤིང་། རིགས་དྲུག་གི་སྐད་ལ་ཐོགས་པ་མེད་པར་ཆོས་སྟོན་ནུས་པའོ། །བཞི་པ་ནི། དགེ་སློང་མི་ལྔ་དང་། བཀའ་ཅོག་རིན་པོ་ཆེ་དང་། གཉག་ཛྙཱ་ན་ཀུ་མ་ར་དང་། སློབ་དཔོན་བྷཻ་རོ་ཙ་ན་ལ་སོགས་པ་རིག་པའི་གནས་ལྔ་ལ་མཁས་ཤིང་། སྒྲ་འགྱུར་སུམ་བརྒྱ་དྲུག་ཅུ་ལ་སོགས་པ་ཤེས་པ། རིས་དྲུག་གི་སྐད་ལ་ཐོགས་པ་མེད་ཅིང་། སྙན་གྱིས་དུས་གཅིག་ལ་ཆོས་ཉན་ནུས་པ། བསྟན་པ་ཐམས་ཅད་ཐུགས་ལ་རྫོགས་པ་ཡིན་ཏེ། རིག་འཛིན་བྱང་ཆུབ་སེམས་དཔའ་དང་། སྤྲུལ་པའི་སྐུའི་ལོ་ཙཱ་བ་ཡིན་པར་གསུངས་སོ། །ལྔ་པ་ཡོན་བདག་ནི། རྒྱལ་པོ་མེས་དབོན་རྣམ་གསུམ་སྤྲུལ་པའི་སྐུ་ཡིན་པར་གསུངས་ཏེ། ལྷ་ཐོ་རི་སྙན་ཤལ་ཕྱག་རྡོར་གྱི་སྤྲུལ་པ། སྲོང་བཙན་སྒམ་པོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ། ཁྲི་སྲོང་སྡེ་བཙན་འཇམ་དཔལ་གྱི་སྤྲུལ་པར་གསུངས་སོ། །དེ་ཡང་དང་པོ་ཆོས་ཀྱི་ད བུ་བརྙེས། བར་དུ་སྲོལ་བཏོད། ཐ་མ་ཁྲི་སྲོང་སྡེ་བཙན་གྱིས་ཆོས་དར་ཞིང་རྒྱས་པར་བྱས་པའོ། །དྲུག་པ་ནི། བོད་དུ་རྟེན་བཞེངས་སུ་མ་བཏུབ་པ་ལ། རུ་ནོན་བཞི། ཁ་ནོན་བཞི། གཏར་ཁ་བཞི། མེ་བཙའ་བཞི་ལ་སོགས་བྱས་ཏེ། ལྷ་ས་དང་བསམ་ཡས་ལ་སོགས་ཏེ། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། དེར་རང་བྱུང་གི་ལྷ་ཚོགས་མང་པོ་དངོས་སུ་བཞུགས་པ་དང་། བཞེངས་པའི་ལྷ་ཚོགས་རྣམས་ལ། སྲོང་བཙན་སྒམ་པོ་དང་། སློབ་དཔོན་པདྨ་འབྱུང་གནས་ལ་སོགས་པར་རབ་གནས་བྱས་ཏེ། ཡེ་ཤེས་ཀྱི་ལྷ་ཚོགས་དངོས་སུ་སྤྱན་དྲངས། གཉིས་སུ་མེད་པར་བསྟིམས་ནས། རྟེན་ཐམས་ཅད་ཀྱང་ཆོས་ཀྱི་བསྒྲོ་བ་མཛད་པར་གསུངས་སོ། །བདུན་པ། བོད་དུ་ཡང་། གནུབ་ནམ་མཁའི་སྙིང་པོ་ལ་སོགས་པ་དགེ་སློང་མི་བཞི་དང་། ཤེ་ལ་ཚུལ་ཁྲིམས་དང་། གཉན་ཨ་ཙ་ར་དཔལ་དབྱངས་ལ་སོགས་པ། དཔལ་ཡང་དག་གི་སྒོ་ནས་ཚེ་ལ་དབང་བའི་རིག་འཛིན་དང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སོགས་པ་ཐོབ་སྟེ། ལུས་པོར་མ་དགོས་པར་སངས་རྒྱས་པ། བརྒྱུད་པའི་ལུགས་རེ་རེ་ལ་ཡང་མང་དུ་བྱུང་བར་གསུངས་སོ། །སྦ་ཚབ་སྟོང་གྲགས་དང་། ལྕེ་བཙུན་སེང་གེ་དབང་ཕྱུག་དང་། བླ་མ་ཉང་ཆེན་པོའི་རི་ཁྲོད་པ་ལ་སོགས་པ། རྫོགས་པ་ཆེན་པོའི་སྒོ་ནས་འཁོར་འདས་གཉིས་མེད་དུ་རྟོགས་ཤིང་། སྣང་སྲིད་ཆོས་སྐུར་ཤར་བས། ལུས་མ་བོར་བར་འགྲོ་འོང་མེད་པར་སངས་རྒྱས་པ་མང་དུ་བྱུང་བར་གསུངས་སོ། །དེ་རྣམས་རྒྱས་པར་འདོད་ན། རང་རང་གི་བརྒྱུད་པའི་ཁུང་དང་སྦྱར་ལ་རྒྱས་པར་བཤད་དོ། །བརྒྱད་པ་ནི། གཞི་འཁོར་འདས་དབྱེར་མེད། རང་བྱུང་ཡེ་ཤེས་སུ་གཏན་ལ་འབེབས་ཡིན་ཏེ། འོག་ནས་གཞིའི་སྐབས་སུ་སྟོན་པ་བཞིན་ནོ། །དགུ་པ་བགྲོད་པ་ལམ་གྱི་ཆེ་བ་དང་། བཅུ་པ་མངོན་དུ་བྱས་པ་འབྲས་བུའི་ཁྱད་པར་རམ་ཆེ་བ་ནི། གསང་སྔགས་ཀྱི་གཞི་ལམ་འབྲས་བུའི་སྐབས་ནས་བཤད་པ་བཞིན་དུ་ཤེས་པར་བྱའོ།
༈ །སྤྱི་དོན་གཉིས་པ་ཡོ་གའི་དོན་ནི། ཡོ་གའི་བྱེ་བྲག་ཕྱེ་ལ་ཨ་ཏི་ཡོ་གར་ལ་བཟླ་བའོ། །སྤྱི་དོན་གསུམ་པ་དགོས་ཆེད་ནི། སྤྱིར་ཐེག་པ་རང་རང་གི་སྐབས་ནས་བཤད་པ་བཞིན་དང་། ཁྱད་པར་དུ་རྩོལ་བསྒྲུབ་ཅན་ཚི་ཆད་པའི་ནད་དང་བྲལ་བའི་ཕྱིར། གོལ་སྒྲིབ་ཀྱི་ཤན་ཕྱེ། དོན་མ་ནོར་བར་ལ་བཟླས་ནས། རང་གྲོལ་མངོན་སུམ་དུ་སྟོན་པའོ། །བཞི་པ་དྲིལ་ནས་མཚན་དུ་བཏགས་པ་ནི། ཆོས་ཀུན་རྩ་བ་སེམས་ཉིད་དམ། རང་བྱུང་ཡེ་ཤེས་སུ་འདུས་ཤིང་རྫོགས་ལ། གོང་ན་གཞན་མེད་པས། རྫོགས་པ་ཆེན་པོ་ཞེས་བྱའོ། །བྱེ་བྲག་ཏུ་ཕྱེ་ན། མདོ་སྡེ་ས་ལུ་ལྗང་པ་ལ་སོགས་པ་དཔེ་ལ་མཚན་དུ་བཏགས་པ་དང་། ལང་ཀར་གཤེགས་པ་ལ་སོགས་པ་ཡུལ་ལ་མཚན་དུ་བཏགས་པ་དང་། ལྷའི་བུས་ཞུས་པའི་མདོ་ལ་སོགས་པ་ཞུ་བ་པོ་ལས་དང་། རིམ་གསུམ་དང་བརྒྱད་ཅུ་པ་ལ་སོགས་པ་རྣམ་གྲངས་ལས་དང་། ལམ་རིམ་དང་གསང་སྙིང་ལ་སོགས་པ་བརྗོད་བྱ་ལས་མཚན་དུ་བཏགས་པ་དང་། ལ་ཤན་དང་། ཕྲེང་བ་ལ་སོགས་པ་བརྗོད་བྱེད་ལས་དང་། དགོངས་འདུས་དང་། ཀུན་བྱེད་དང་། ཀློང་ཆེན་ལ་སོགས་པ་དོན་ལ་མཚན་དུ་བཏགས་པའོ། །དེ་ལ་སོགས་པ་མཚན་གྱི་འདོགས་ལུགས་དང་། རྣམ་གྲངས་བསམ་གྱིས་མི་ཁྱབ་པར་གསུངས་སོ། །ལྔ་པ་དབུ་ཞབས་ཀྱི་དཀྱུས་བཤད་པའི་ཚིག་གི་དོན་ནི་རང་རང་གི་སྐབས་བཞིན་ཤེས་པར་བྱའོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ཞེས་བྱ་བ། ཆོས་ཀྱི་གཏེར་མཛོད་ཆེན་པོ་ལས། ཆོས་སྤྱིའི་རྣམ་གཞག་ཁོག་དབུབ་པའི་སྟོང་ཐུན་བསྟན་པའི་ལེའུ་སྟེ་དང་པོའོ།།
༈ །།སྤྱི་དོན་གཉིས་པ་སྣང་བ་རྣམ་པ་བཞིའམ་གཞི་ལམ་འབྲས་བུ་གསུམ་དུ་དྲིལ་ཏེ་བསྟན་པ་ནི། སྤྱིར་གསང་སྔགས་པའི་ལུགས་ཀྱིས། ཆོས་ཐམས་ཅད་སྣང་བ་རྣམ་པ་བཞིའམ་གཞི་ལམ་འབྲས་བུ་གསུམ་དུ་འདུས་ཏེ། དེ་ལ་དང་པོ་སྣང་བ་བཞི་ནི། ཐུགས་ཐིག་ལས། རང་བཞིན་བདེ་གཤེགས་གདུལ་བྱ་ཡི། །སྣང་བ་གསུམ་གྱི་ངོ་བོ་ལ། །རྒྱུད་ཀྱི་དབྱེ་བ་རྣམ་པར་བཞག །གཅིག་ལ་གསུམ་གྱི་ངོ་བོ་ཡང་། །འཁྲུལ་པའི་སྣང་བས་གསུམ་དུ་འགྱུར། །དེས་ན་སྣང་བ་བཞི་དག་ཏུ། །ལུང་རིགས་ཀུན་ལ་གསལ་བར་སྣང་། །ཞེས་པ་དང་། རྡོ་རྗེའི་དྲ་བ་རྩ་བའི་རྒྱུད་ལས། ཁྱད་པར་རིམ་དང་གང་སྣང་བ། །རང་བཞིན་གདུལ་བྱ་བདེ་གཤེགས་དང་། །འཁྲུལ་པའི་དབང་གིས་སོ་སོར་སྣང་། །མ་བཅོས་ངང་ལ་ཐ་དད་མེད། །ཞེས་པ་དང་། གཅན་འཕྲང་ལས། རང་བཞིན་གནས་དང་འཁྲུལ་འཁོར་འཁྱམས། །དེ་རྟོགས་དམ་ཚིག་རྒྱུ་འབྲས་ལམ། །མཐར་ཕྱིར་ཡོན་ཏན་ཀུན་རྫོགས་འབྲས། །ཞེས་པས། སྣང་བ་བཞི་ངོས་བཟུང་བ་དང་། གོ་བ་དང་། བརྩད་པའི་སྐྱོན་སྤང་བའོ། །དང་པོ་ནི། ཤེས་བྱ་རང་བཞིན་གྱི་སྣང་བ་༡ དང་། མ་རྟོགས་འཁྲུལ་པའི་སྣང་བ་༢དང་། གདུལ་བྱ་ལམ་གྱི་སྣང་བ་༣དང་། འབྲས་བུ་བདེ་བར་གཤེགས་པའི་སྣང་༤བའོ། །གཉིས་པ་ནི། རྒྱུ་རྐྱེན་ནམ། བྱེད་པ་པོས་མ་བྱས་པས་རང་༡བཞིན། རང་བྱུང་གི་ཡེ་ཤེས་རང་སྣང་བས་ན་རང་བཞིན་གྱི་སྣང་བའོ། །དེ་མ་ཡིན་པ་དེར་འཛིན་པས་འཁྲུལ་པ། ལོག་རྟོག་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་སྣང་བས་འཁྲུལ་༢པའི་སྣང་བའོ། །རང་བཞིན་ནམ་སྦྱངས་པའི་སྣོད་དུ་གྱུར་པས་ན་གདུལ་བྱ། བསྟན་པ་བློ་དང་མཚམས་ཚད་དུ་སྣང་བས་གདུལ་བྱ་ལམ་གྱི་སྣང་༣ བའོ། །གཞི་དང་ལམ་གྱི་ཉེས་པ་ཟད་པའམ། རྟོགས་པ་མཐར་ཕྱིན་པས་འབྲས་བུ། སྤྲོས་པའི་ཟུག་རྔུ་མེད་པས་བདེ་བ། དེ་བཞིན་ཉིད་དུ་ནར་སོན་པས་ན་གཤེགས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་སྣང་བས་ན་འབྲས་བུ་བདེ་བར་གཤེགས་པའི་༤སྣང་བའོ། །དོན་ཧྲིལ་དེར་དྲིལ་ན། ཆོས་ཀུན་ཇི་ལྟར་སྣང་ཡང་བཅོས་པ་སླད་མེད་པར་སེམས་ཉིད་དམ་རང་བྱུང་གི་ཡེ་ཤེས་རང་སྣང་བས་ན་རང་བཞིན་གྱི་༡སྣང་བའོ། །དེ་ཉིད་རང་གིས་རང་ངོ་མ་ཤེས་ཏེ། ལོག་པར་རྟོག་པ་སྣ་ཚོགས་སུ་སྣང་བས་ན་མ་རྟོགས་འཁྲུལ་པའི་༢སྣང་བའོ། །བློ་དང་ཆོས་སུ་འཛོམ་ནས་རྟོགས་ཤིང་གོམ་པར་བྱེད་པས་ན་གདུལ་བྱའི་ལམ་གྱི་༣སྣང་བའོ། །རྟོགས་པའི་ཡེ་ཤེས་མཐར་ཕྱིན་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཕྱོགས་མེད་དུ་སྣང་བ་ནི་འབྲས་བུ་བདེ་བར་གཤེགས་པའི་༤སྣང་བའོ། །དེ་རྣམས་ཀྱི་ལུང་ནི་འོག་ནས་སྟོན་ནོ། །གསུམ་པ་ནི། སྣང་བ་བཞིར་འོང་བའི་རྒྱུ་མཚན་དང་། ཆོས་ཀུན་སྣང་བ་བཞིར་འདུས་མ་འདུས་བརྟགས་པ་དང་། གོ་རིམ་ངེས་པའི་རྒྱུ་མཚན་དང་། སྣང་བ་བཞིའམ་གཞི་ལམ་འབྲས་བུ་གསུམ་གཅིག་གམ་ཐ་དད་ཀྱི་བརྟགས་པ་དང་བཞིའོ། །དང་པོ་ནི། ཤེས་བྱ་ཇི་ལྟར་གནས་ཚུལ་ལ་རང་བཞིན་གྱི་༡སྣང་བ་ཞེས་བྱ་བ། དེ་ངོ་མ་ཤེས་པས་འཁྲུལ་པའི་སྣང་བ་༢བྱུང་། དེ་རྟོག་པར་བྱེད་པའི་ཐབས་གདུལ་བྱ་ལམ་གྱི་སྣང་བ་༣བྱུང་། རྟོགས་པ་མཐར་ཕྱིན་པས་འབྲས་བུ་བདེ་བར་གཤེགས་པའི་སྣང་བ་༤བྱུང་ངོ་། །གཉིས་པ། དེས་ན་སྣང་བ་བཞི་པོ་དེར་ཐམས་ཅད་འདུས་ཤིང་སྣང་བ་བཞི་ཚང་བའི་གཞི་ལམ་འབྲས་བུ་གསུམ་དུ་ཡང་བསྡུར་བཏུབ་བོ། །གསུམ་པ། གོ་རིམ་ངེས་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ཡང་སྣང་བ་བཞི་པོ་དེ། རང་བཞིན་གྱི་སྣང་བར་འདུས། འཁྲུལ་བའི་སྣང་བས་བཞི་རུ་བྱུང་། ལམ་པའི་སྣང་བས་བཞི་རུ་ཕྱེ། བདེ་བར་གཤེགས་པའི་སྣང་བས་བཞི་རུ་མཁྱེན་པ་ཡིན་གསུང་ངོ་། །བཞི་པ། སྣང་བ་བཞིའམ་གཞི་ལམ་འབྲས་བུ་གསུམ་པོ་དེ་ངོ་བོ་གཅིག་གམ་མི་གཅིག །མི་གཅིག་ན་འཁྲུལ་པའི་སྣང་བ་འདི་རང་བཞིན་གྱི་སྣང་བ་ལས་མ་བྱུང་བར་ཐལ་བ་དང་། འཁྲུལ་པའི་སྣང་བའི་རང་བཞིན་ཤེས་ཀྱང་མི་གྲོལ་བར་ཐལ་བ་དང་། རང་བཞིན་གྱི་སྣང་བ་མངོན་དུ་རྟོགས་ཀྱང་སངས་མི་རྒྱ་བར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཅིའི་ཕྱིར་ན་ངོ་བོ་མི་གཅིག་པའི་ཕྱིར་རོ། །འདོད་ན་ལམ་འབད་རྩོལ་བྱས་པ་དོན་མེད་ཅིང་། སངས་རྒྱས་གཏན་མི་འབྱུང་བར་ཐལ་བའི་སྐྱོན་འོང་ངོ་། །ངོ་བོ་གཅིག་ན་འཁྲུལ་གྲོལ་ཁྱད་པར་མེད་པར་ཐལ་བ་དང་། སྣང་བ་བཞིར་ཕྱེ་བ་ལ་དགོས་པ་མེད་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ངོ་བོ་གཅིག་ལ་མཚོན་ཚུལ་ཐ་དད་དོ་ཅེ་ན། ངོ་བོ་གཅིག་ལ་མིང་གིས་ཐ་དད་པ་ཟན་དང་ལབ་ཏ་ལ་སོགས་པ་༡ལྟ་བུ་ཡིན་ནམ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་བུམ་པའི་སྟེང་ན་བྱས་པ་དང་མི་རྟག་པ་༢ལྟ་བུ་ཡིན་ནམ། རིགས་པའི་རྒྱུད་གཅིག་ལ་སྣང་ཚུལ་གྱིས་ལྡོག་པ་ཐ་དད་པ་ནམ་མཁའ་དང་། བུམ་པའི་ནམ་མཁའ་༢ལ་སོགས་པ་ལྟ་བུ་ཡིན་ནམ། རིགས་པའི་རྒྱུད་ཐ་དད་ལ་མཚན་ཉིད་གཅིག་པ་བུམ་པ་ལ་སོགས་པ་མཚན་ཉིད་གཅིག་ཅིང་ངོ་བོ་ཐ་དད་པ་༤ལྟ་བུ་ཡིན། དང་པོ་ལྟར་ན་༡སངས་རྒྱས་དང་སེམས་ཅན་གཉིས་བདེ་སྡུག་ཁྱད་མེད་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །གཉིས་པ་ལྟར་ན་བྱས་པ་དང་མི་རྟག་པ་གཉིས་རྫས་གཅིག་གི་སྟེང་ན་དུས་གཅིག་ལ་ཡོད་པ་བཞིན། འཁྲུལ་གྲོལ་གཉིས་ཀྱང་རྒྱུད་གཅིག་གི་སྟེང་ན་དུས་གཅིག་ཏུ་ཡོད་པར་ཐལ། འདོད་ན་དམྱལ་བ་ལ་སངས་རྒྱས་ཀྱི་བདེ་བ་སྔོན་དུ་ཡོད་ལ། སངས་རྒྱས་ལ་དམྱལ་བའི་སྡུག་བསྔལ་ཡོད་པར་ཐལ་བའི་སྐྱོན་འོང་ངོ་། །ཅིའི་ཕྱིར་ན་རྒྱུད་གཅིག་གི་སྟེང་གི་ལྡོག་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལྟར་ན།༣ རང་གྲོལ་ཡང་། གཞན་གྱི་སྡུག་བསྔལ་འོང་བར་ཐལ་བ་ལ་སོགས་པའི་སྐྱོན་འོང་ཏེ། རིགས་བྱེད་ཀྱི་མཐའ་གསང་བར་སྨྲ་བའི་སྡེ་པ་བཞིན་ནོ། །བཞི་པ་ལྟར་ན་མཚན་ཉིད་གཅིག་ཀྱང་ངོ་བོ་ཐ་དད་པས་གཟུང་འཛིན་རང་ཁ་མ་བདེན་པར་ཐལ་བ་དང་། དབྱེར་མེད་དུ་གསུང་བའི་ལུང་རྣམས་འཁྲུལ་པ་དང་། གཉིས་མེད་རྟོགས་པར་སོ་སོར་སྣང་ལ། ཆོས་ཀྱི་དབྱིངས་སམ་རང་བྱུང་གི་ཡེ་ཤེས་རྒྱུན་ཆད་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །འོ་ན་ཅི་ལྟར་ཡིན་ན། ཐ་དད་ཀྱི་སྣང་བ་གང་ཡང་མ་འདྲེས་པའི་དབྱེར་༡མེད་དམ་མ་འདྲེས་ལ་ཡོངས་སུ་༢རྫོགས་པ་ཡིན་ཏེ། དང་པོ་ནི། སྣང་བ་རྣམ་པ་བཞི་ལ་སོགས་པ། ཐ་དད་ཀྱི་སྣང་བ་གང་ཡང་མ་སྤང་སྟེ། དོན་སོ་སོར་སྣང་ལ། ཆོས་ཀྱི་དབྱིངས་སམ་རང་བྱུང་གི་ཡེ་ཤེས་སུ་གཉིས་སུ་མེད་ཅིང་དབྱེར་མེད་པའོ། །གཉིས་པ་ནི། ཆོས་ཀུན་མ་འདྲེས་པར་སོ་སོར་སྣང་ལ། ཆོས་ཀྱི་དབྱིངས་སམ་རང་བྱུང་གི་ཡེ་ཤེས་ལ་དབྱེར་མེད་དུ་ཡོངས་སུ་རྫོགས་པའོ། །དེའང་གཅིག་གིས་བསྡུས་༡པའི་མ་འདྲེས་ཡོངས་རྫོགས་དང་། རྒྱུད་ཐ་དད་ཀྱིས་བསྡུས་པའི་མ་འདྲེས་༢ཡོངས་རྫོགས་སོ། །སྔ་མ་ནི། རིག་པའི་རྒྱུད་གཅིག་ལ་འཁྲུལ་གྲོལ་གྱི་མཚོན་ཚུལ་ཐ་དད་པའོ། །གཉིས་པ་ནི། རིག་པའི་རྒྱུད་རང་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །དེ་ཡང་མ་འདྲེས་ཡོངས་རྫོགས་གཉིས་རང་གཅིག་གམ་ཐ་དད་ཅེ་ན། དེ་གཉིས་རང་ཡང་ངོ་བོ་མ་འདྲེས་ལ་ཡོངས་སུ་རྫོགས་པའམ། ངོ་བོ་གཅིག་དང་ཐ་དད་ལས་གྲོལ་བའོ། །དེ་རྣམས་རྒྱས་པར་གེག་སེལ་དང་བཅས་པ་ནི། མ་འདྲེས་ཡོངས་རྫོགས་ཀྱི་སྐབས་ནས་སྟོན་ནོ། །སྣང་བ་རྣམ་པ་བཞིའམ། གཞི་ལམ་འབྲས་བུའི་དོན་མཚོན་པ་ཀུན་འདུས་རིག་པའི་སྒྲོན་མེ་ཞེས་བྱ་བ་ལས། སྣང་བ་བཞི་བསྟན་པའི་ལེའུ་སྟེ་གཉིས་པའོ།།
༈ །།སྤྱི་དོན་གཉིས་པ་སྣང་བ་བཞི་པོ་དེ། གཞི་ལམ་འབྲས་བུ་གསུམ་དུ་བསྟན་པ་ནི། རིམ་གསུམ་ལས། གཞི་ལམ་འབྲས་བུར་བཅས་པའི་ཆོས། །ཞེས་པ་དང་། དོན་བསྡུས་ལས། བྱ་བ་གཞི་དང་བྱེད་པ་རྐྱེན། །བྱ་བྲལ་འབྲས་བུའི་རྣལ་འབྱོར་དག །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། དེ་ཉིད་དགུ་ལྡན་སེམས་ཀྱི་གཞི། །རིན་ཆེན་ལམ་གྱིས་ཉམས་སུ་བླང་། །འབྲས་བུ་བརྩལ་མེད་ལྷུན་གྱིས་གྲུབ། །ཞེས་པ་དང་། རྒྱས་པ་ལས། གཞི་དང་ལམ་དང་ངོ་བོ་ཡི། །ངེས་པ་རྣམ་པ་གསུམ་དུ་གསུང་། །ཞེས་པས། དེ་ལ་གཞི་ལམ་འབྲས་བུ་གསུམ་གྱི་གོ་བ་དང་། སྤྱིར་ཐེ་ཚོམ་གྱི་གེགས་བསལ་བ་དང་། བྱེ་བྲག་སོ་སོ་ནས་རྒྱས་པར་བཤད་པའོ། །དང་པོ། ཤེས་པར་བྱ་བ་གཞི། ཤེས་པར་བྱེད་པ་ལམ། ཤེས་པ་མཐར་ཕྱིན་པ་འབྲས་བུའོ། །ཡང་ཐམས་ཅད་འབྱུང་ཞིང་འདུས་པས་གཞི། འཇུག་ཅིང་བགྲོད་པར་བྱེད་པས་ལམ། རྩོལ་མེད་མངོན་དུ་གྱུར་པས་འབྲས་བུའོ། །ཡང་གཤིས་རིག་པ་རང་སྣང་མ་རྟོག་འཁྲུལ་པ་དང་བཅས་པ་གཞི། རྟོགས་ཤིང་གོམས་པར་བྱེད་པ་ལམ། རྟོགས་པ་མཐར་ཕྱིན་པས་འབྲས་བུའོ། །རྒྱན་ལས། གཉུག་མ་འཁྲུལ་སྣང་མ་ནོར་གཞི། །ཤེས་ནས་འདྲིས་པར་འཇུག་པས་ལམ། །ཇི་བཞིན་ཉིད་དུ་མངོན་རྫོགས་འབྲས། །རང་སྣང་དབྱེར་མེད་གཅིག་གི་ངང་། །ཞེས་གསུངས་སོ། །རྒྱུ་མཚན་ཕྱོགས་རེ་ནས་མཚོན་པ་གང་ཡང་མི་འགལ་ལ། གཉིས་པ་གེགས་སེལ་ནི་གོང་ལྟར་རོ། །བྱེ་བྲག་སོ་སོར་ནས་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་གཞི་ལ་གཉིས་ཏེ། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་། དེ་མ་རྟོགས་ཏེ་འཁྲུལ་ཚུལ་ལོ། །དང་པོ་ནི། རིམ་གསུམ་ལས། གཞི་ཡི་ངོ་བོ་མཚན་ཉིད་དང་། །ངེས་ཚིག་དཔེ་ཡི་རྣམ་པ་དང་། །སྣང་ཚུལ་གཉེར་གྱིས་རྟོགས་པར་བྱ། །ཞེས་པ་དང་། རྒྱན་ལས། གནས་པའི་ངོ་བོ་མཚོན་པའི་དཔེ། །ངེས་ཚིག་རྣམ་གྲངས་དགོས་ཆེད་དང་། །རང་བཞིན་མཚན་ཉིད་གནས་པའི་དུས། །ཞེས་པས། གཞིའི་ངོ་བོ་དང་། མཚན་ཉིད་དང་། ངེས་ཚིག་དང་། མཚོན་པའི་དཔེ་དང་། རྣམ་གྲངས་དང་། རང་བཞིན་ནམ་སྣང་ཚུལ་དང་། དུས་དང་། ཡེ་ནས་སངས་རྒྱས་པར་བསྟན་པ་དང་། གཞི་གཏན་ལ་ཕབ་པའི་དགོས་པ་དང་། ཐེ་ཚོམ་གྱི་གེགས་བསལ་བའོ། །ངོ་བོ་ནི། ཆོས་ཀུན་སེལ་མེད་པར་སེམས་ཉིད་དམ་རང་བྱུང་གི་ཡེ་ཤེས་རང་སྣང་བ་ཡིན་ཏེ། རྒྱས་པ་ལས། ཕྱོགས་བཅུ་མ་ལུས་ཐམས་ཅད་ལ། །རང་བྱུང་ཆེན་པོས་ཀུན་ཏུ་ཁྱབ། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་ཉིད་ལས་ནི་གཞན་མ་ཡིན། །ཞེས་པ་དང་། མདོ་ལས། སངས་རྒྱས་སེམས་ཅན་ལ་སོགས་པ། །ཐམས་ཅད་མ་ལུས་ལུས་པ་མེད། །རང་རིག་མ་རིག་རྟོག་པ་ཉིད། །ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། རང་སེམས་ངོ་བོ་ཉིད་ཀྱི་ལྷུན་གྲུབ་ནི། །ཆོས་རྣམ་ཀུན་གྱི་རྩ་བ་རང་རིག་སྐུ། །དེ་ཉིད་ཡེ་ཤེས་ཆོས་སྐུར་ལྟ་བའི་ཕྱིར། །རྒྱལ་བའི་ཐུགས་ནས་དམྱལ་བ་ཡན་ཆད་ཀྱི། །ཀུན་གྱི་གཞིར་ནི་རང་བྱུང་ངོ་བོ་ཉིད། །ཅེས་པ་དང་། ཀློང་ཆེན་ལས། སྣང་སྲིད་འཁོར་འདས་རྒྱུ་འབྲས་ཆོས། །རིག་པ་མངོན་དུ་ཕྱུངས་པས་ན། །ཞེས་པ་དང་། ཀུན་བྱེད་ལས། འདོད་པའི་ཁམས་ཀྱང་རང་བྱུང་ཡེ་ཤེས་ཡིན། །ཞེས་པ་ལ་སོགས་པ་གསུངས་སོ། །མན་ངག་ནི། རིམ་གསུམ་ལས། ངོ་བོ་ཐམས་ཅད་སེམས་ཡིན་ཏེ། །གསེར་གྱི་དཔེ་བཞིན་གཉིས་སུ་མེད། །ཅེས་པ་དང་། དཔེའུ་ཆུང་རང་གནས་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སེམས་ཉིད་ལས་ནི་གཞན་མེད་དེ། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །གདོས་པ་ཅན་གྱི་ཆོས་མིན་ཏེ། །རྟོག་མེད་རང་རིག་འོད་གསལ་བའི། །ཤེས་པ་འབའ་ཞིག་ཁོ་ནའི་ཕྱིར། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་པ་དང་། དོན་བསྡུས་ལས། ཕྱི་ནང་བྱེ་བྲག་ཅི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཅི་བཞིན་ངང་དུ་ཡེ་གནས་པས། །ཤེས་པར་བྱ་བའི་རྒྱུད་དོན་ཡིན། །ཞེས་པ་དང་། ལ་ཤན་ལས། རྒྱུ་རྐྱེན་ལས་ཀྱིས་མ་བྱས་པའི། །གསེར་གོང་ལས་བྱས་རྫས་རྣམས་ཀུན། །མིང་དབྱིབས་ལས་དངོས་ཐ་དད་ཀྱང་། །ངོ་བོ་གསེར་དུ་གཅིག་པ་ལྟར། །རང་བྱུང་རང་སྣང་བྱང་ཆུབ་སེམས། །ཞེས་པ་དང་། ཡིད་སྐྱོབ་ལས། སེམས་ཅན་བསམ་པ་སངས་རྒྱས་དགོངས་པ་ཡང་། །ཆོས་ཉིད་གཅིག་པུ་གཞན་ནི་ཅི་ཡང་མེད། །ཅེས་པ་ལ་སོགས་པ་རྒྱུད་ལུང་མན་ངག་དུ་མ་ལས་གསུངས་སོ། །དེས་ན། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཀུན་ཇི་ལྟར་སྣང་ཡང་། སེལ་མེད་པར་སེམས་ཉིད་དམ། རང་བྱུང་གི་ཡེ་ཤེས་རང་སྣང་བས་དེ་ཉིད་ཀུན་གྱི་གཞི་ཡིན་ནོ། །མཚན་ཉིད་ནི། ཆོས་ཀུན་ཇི་ལྟར་སྣང་ཡང་། རང་སྣང་མཐའ་བྲལ་ཆེན་པོའམ། རང་བྱུང་ཡེ་ཤེས་ལས་མི་འདའ་བར་འཛིན་པའོ། །རིམ་གསུམ་ལས། མཚན་ཉིད་བརྗོད་མཐའ་ཀུན་བྲལ་བས། །ཅིར་ཡང་སྣང་ལ་གཟུང་དུ་མེད། །ཞེས་པ་དང་། ཀློང་ཆེན་ལས། གཞི་རྩ་གཅིག་པའི་སེམས་ཉིད་ལས། །རྣམ་གྲངས་བརྒྱ་སྟོང་ཕྲག་ཡས་ཀྱང་། །རང་གི་མཚན་ཉིད་རང་གིས་འཛིན། །ཐམས་ཅད་རིག་པ་རང་གི་སྟོབས། །ཞེས་པ་ལ་སོགས་པ་གསུངས་སོ། །ངེས་ཚིག་ནི། འཁོར་འདས་ཐམས་ཅད་འབྱུང་ཞིང་འདུས་པས་གཞི་ཞེས་བྱ་སྟེ། རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་བས་གཞི་ཞེས་བྱ། །ཞེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། མ་བཅོས་ཡེ་ནས་ཀུན་གྱི་གཞི། །རང་བྱུང་ངོ་བོ་ཉིད་ཀྱི་སྐུ། །ཆོས་རྣམས་ཀུན་གྱི་རྩ་བའི་གཞིར། །དུས་གསུམ་སངས་རྒྱས་ཀུན་གྱིས་གསུངས། །ཞེས་སོ། །དཔེ་ནི། རིམ་གསུམ་ལས། ནམ་མཁའ་རྒྱ་མཚོ་རིན་ཆེན་སོགས། །ཉེ་བའི་དཔེ་ཡིས་མཚོན་པའོ། །ཞེས་པ་དང་། མདོ་ལས། ཅུང་ཟད་མཐུན་པའི་དཔེས་བཟུང་ན་འདི་ལྟ་སྟེ། ནམ་མཁའ་དང་། ཉི་མ་དང་། ནོར་བུ་རིན་པོ་ཆེ་དང་། རིན་པོ་ཆེ་གསེར་དང་། སྒྲོན་མ་དང་། དུག་འགྱུར་རྩི་དང་། གསེར་འགྱུར་རྩི་དང་། བཻཌཱུརྱ་དང་། རྒྱ་མཚོ་ཆེན་པོ་དང་། རྡོ་རྗེ་སྙིང་པོ་དང་། རྩལ་གྱི་གནོན་པ་དང་། ཡུལ་ལ་འཇུག་པ་དང་། གསེར་རྡོ་རིན་པོ་ཆེ་དང་། མངོན་པར་སྤྲོ་བ་བསྐྱེད་པ་ལྟ་བུ་ལགས་སོ། །ཞེས་པས། དཔེ་དེ་རྣམས་དང་། གཞན་ཡང་མཐའ་དབུས་མེད་ཅིང་། ཅིར་ཡང་སྣང་བས་ནམ་མཁའ་དང་ལུང་པའི་དབྱིབས་ལྟ་བུ་དང་། ཅིར་ཡང་སྣང་ལ་དེ་ཉིད་ལས་མི་གཡོ་བ། རྒྱ་མཚོ་དང་རླབས་ལྟ་བུ་ལ་སོགས་པ་སྟེ། གོང་གི་དཔེ་དེ་རྣམས་དགྲོལ་ལོ། །རྣམ་གྲངས་ནི། ལམ་རིམ་ལས། སེམས་ཉིད་ཡེ་ནས་སངས་རྒྱས་ལ། །དེ་མིན་ལྟ་བ་བཟློག་པའི་ཕྱིར། །གཉིས་མེད་མཉམ་དང་སངས་རྒྱས་དང་། །བདག་ཉིད་ལྷུན་གྲུབ་ཆོས་དབྱིངས་དང་། །བྱང་ཆུབ་ཆོས་ཉིད་སྟོང་བསམ་འདས། །དེ་བཞིན་ཉིད་དང་སྐྱེ་འགགས་མེད། །མཐའ་བྲལ་འདས་དང་གྲོལ་སོགས་སུ། །བླ་དག་ཙམ་དུ་བརྗོད་པ་ཡིན། །ཞེས་པ་དང་། རྒྱན་ལས། བྱང་སེམས་ལྷུན་གྲུབ་བདེ་ཆེན་དང་། །རང་སྣང་དབུ་མ་མཉམ་པ་ཉིད། །རྫོགས་པ་ཆེན་པོ་ཆོས་ཀྱི་དབྱིངས། །གཉིས་མེད་བསམ་འདས་མ་བཅོས་ཀྱང་། །མིང་གྲངས་རྒྱལ་བས་བརྗོད་ལས་འདས། །ཞེས་གསུངས་པས། ཆོས་ཀུན་རང་བྱུང་གི་ཡེ་ཤེས་ལས་གཞན་གྱི་སེལ་མེད་པས་གཉིས་མེད་དང་། མཉམ་པ་ཉིད་ལ་སོགས་པ་དང་། དེ་ཉིད་མཐའ་གང་དུ་ཡང་མ་ལྷུང་ཞིང་། མཐའ་ཐམས་ཅད་མ་འགག་པར་རང་ཤར་བས་ཡེ་ནས་སངས་རྒྱས་པ་དང་། ཆོས་ཀུན་རིག་པ་རང་སྣང་ལ་གཞན་གྱི་སེལ་མེད་ཅིང་དེ་ཉིད་དུ་འདུས་པས་བདག་ཉིད་ཆེན་པོ་དང་། རིག་པ་ལ་མུ་མཐའ་མེད་པས་ཆོས་ཀྱི་དབྱིངས་དང་། བཅོས་བསླད་མེད་པས་ཆོས་ཉིད་དང་། ངོས་བཟུང་མེད་ཅིང་གང་གི་ཡང་ཕྱོགས་སུ་མ་ལྷུང་བས་སྟོང་པ་ཉིད་དང་མཐའ་བྲལ་ལ་སོགས་པ་དང་། རྒྱུ་རྐྱེན་གཉེན་པོ་མེད་པར་རང་སྣང་བས་སྐྱེ་འགག་མེད་པ་དང་། རྡུལ་ཆ་མེད་ཅིང་ཀུན་ལ་ཁྱབ་ལ། མ་བསྒྲིབས་རང་གསལ་བས་བྱང་ཆུབ་ཀྱི་སེམས་དང་། འདུས་མ་བྱས་ཤིང་མ་སྒྲིབ་རང་གསལ་བས་རང་བྱུང་གི་ཡེ་ཤེས་དང་། རྩོལ་མེད་ཅིར་ཡང་སྣང་བས་རང་སྣང་དང་། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་པ་དང་། དེ་ལས་གཞན་མེད་པས་དེ་བཞིན་ཉིད་དང་དེ་ཁོ་ན་ཉིད་ལ་སོགས་པའོ། །རང་བྱུང་ཡེ་ཤེས་ལས་གཞན་གྱི་སེལ་མེད་པས་རྣམ་དག་དང་། ཀ་དག་ལ་སོགས་པ་དང་། མུ་མཐའ་མེད་ཅིང་ཅིར་ཡང་འཆར་བས་ངེས་མེད་དང་། ཕྱོགས་མེད་ལ་སོགས་པ་དང་། ཡེ་ནས་གནས་ཤིང་འགྱུར་བ་མེད་པས་ལྷུན་གྲུབ་དང་། མཐའ་དབུས་མེད་པས་དབུ་མ་དང་། ཆོས་ཉིད་སྙིང་པོར་གྱུར་པས་བདེ་བར་གཤེགས་པའི་སྙིང་པོ་དང་། ཆོས་ཀུན་མུ་མཐའ་མེད་ཅིང་རང་བྱུང་ཡེ་ཤེས་སུ་འདུས་པས་ཐིག་ལེ་ཉག་ཅིག་དང་། དེ་ཉིད་ལ་ཆོས་ཀུན་ལྷག་མ་མེད་པར་རྫོགས་ཤིང་། གོང་ན་གཞན་མེད་པས་རྫོགས་པ་ཆེན་པོ་དང་། ཆོས་ཀུན་གང་ཡང་མ་འདྲེས་ལ་ཆོས་ཀྱི་དབྱིངས་སམ། རང་བྱུང་གི་ཡེ་ཤེས་ལ་གཉིས་སུ་མེད་པས་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །དེ་ལ་སོགས་པ་མིང་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་པར་གསུང་ལ། དེ་རྣམས་ཀྱང་རྒྱུ་མཚན་ཕྱོགས་རེ་ནས་མིང་དུ་བཏགས་པ་གང་ཡང་མི་འགལ་ཞིང་། དེ་ཉིད་རྟོགས་པའི་ཐབས་སམ་རྣམ་གྲངས་སུ་ཤེས་པར་བྱའོ། །དེ་རྣམས་ཀྱི་ལུང་ནི་རྒྱུད་ལུང་མན་ངག་གསུམ་ཀ་ནས་ཤིན་ཏུའང་རྒྱས་པར་སྟོན་པས་དེ་རྣམས་སུ་བལྟ་བར་བྱའོ། །མདོ་ལས་ཀྱང་། མིང་གི་རྣམ་གྲངས་སུ་བཏགས་པ་ནི། ཐ་དད་ང་ཇི་ལྟར་བཏགས་པ་དེ་ལྟར་ཆགས་པ་གྲགས་པ་སྟེ། སྙིང་པོ་བྱང་ཆུབ་དང་། དེ་ཉིད་དང་དེ་ཁོ་ན་ཉིད་དང་། དེ་བཞིན་ཉིད་དང་། ཇི་བཞིན་པ་དང་། མ་ནོར་བ་དང་། མ་བཅོས་པ་དང་། གཞན་མ་ཡིན་པ་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། བསམ་གྱིས་མི་ཁྱབ་པ་དང་། ཡང་དག་པའི་མཐའ་དང་། གསང་སྔགས་དང་། གཟུངས་སྔགས་དང་། རིགས་སྔགས་དང་། ཐེག་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་ལགས་སོ། །ཞེས་གསུངས་སོ། །རང་བཞིན་ནམ་སྣང་ཚུལ་ནི། རྒྱུ་རྐྱེན་ནམ་བཅོས་བསླད་མེད་པར་ཆོས་ཀུན་རིག་པ་རང་སྣང་བ་ཡིན་ཏེ། རྒྱས་པ་ལས། མ་བཅོས་རྒྱུན་གྱི་སྐད་ཅིག་མ། །དེ་ཡིས་མ་བྱས་གང་ཡང་མེད། །ཞེས་པ་དང་། རིམ་གསུམ་ལས། རྒྱུ་རྐྱེན་བྲལ་བའི་སྐད་ཅིག་མ། །རང་སྣང་ཉིད་དུ་བྱུང་བའོ། །ཞེས་པ་དང་། མདོ་ལམ་རིམ་ལས། སྣ་ཚོགས་སྣང་ཡང་གཞན་བྱུང་མིན། །རང་བྱུང་རང་སྣང་ངོ་བོ་ཉིད། །ཞེས་པ་དང་། ཡིད་སྐྱོབ་ལས། གཅིག་པུ་འཁོར་འདས་ཀུན་གྱི་དངོས་གཞི་སྟེ། །ངོ་བོ་དེ་ཉིད་རྟོགས་དང་མ་རྟོགས་ཀྱིས། །བྱེད་པ་མེད་པར་རང་ཉིད་ཅིར་ཡང་ཤར། །ཞེས་གསུངས་སོ། །དུས་ནི། ཐོག་མཐའ་མེད་པར་དུས་གསུམ་མཉམ་པ་ཉིད་དམ། རྒྱུན་ཆད་མེད་པར་གནས་པ་ཡིན་ཏེ། ནམ་མཁའ་ཆེ་དང་ལ་ཤན་ལས། །དུས་གསུམ་གཅིག་སྟེ་ཁྱད་པར་མེད། །སྔོན་མེད་ཕྱིས་མེད་གདོན་ནས་བྱུང་། །ཞེས་པ་དང་། མདོ་ལས། ཐོག་མ་ཐ་མ་མེད་པ་ནས། །བྱུང་བ་སྔ་ཕྱི་ཡོད་མ་ཡིན། །ཞེས་པ་དང་། ཀྱེ་ལང་ཀའི་བདག་པོ། །བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་ནི། སྐྱེ་འགགས་མེད་པ་རྒྱུན་དང་བཅས་པའོ། །ཞེས་པ་ལ་སོགས་པ་དང་། ཡུམ་ལས། དུས་གསུམ་མཉམ་པ་ཉིད་ལ་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། ད་ལྟ་བ་མི་དམིགས། ཞེས་པ་ལ་སོགས་པ་གསུངས་སོ། །གཞི་ཡེ་སངས་རྒྱས་སུ་བསྟན་པ་ནི། གོང་གི་ཁོག་དབུབ་ཀྱི་སྐབས་སུ་རྒྱས་པར་བསྟན་པ་བཞིན་ནོ། །གཞི་གཏན་ལ་ཕེབ་པའི་དགོས་པ་ནི། དེ་ལྟར་ལུང་མན་ངག་རིགས་པ་གསུམ་གྱིས་གཏན་ལ་ཕབ་པས། ཤེས་བྱའི་གཏིང་ཕྱིན་པར་རྟོགས་ཏེ། གོལ་སྒྲིབ་ཀྱི་དམིགས་ཕྱེད། དོན་གྱི་ལ་ཟློས་ནས་རང་གྲོལ་མངོན་སུམ་དུ་རྟོགས་པའོ། །ཀློང་ཆེན་ལས། རང་སེམས་ཚད་མའི་གདེངས་ལྡན་པས། །མི་འགྱུར་དོན་གྱི་གཡུང་དྲུང་ཡིན། །ལུང་རིགས་དོན་གྱི་བྱ་ར་བས། །ལོག་རྟོག་རྐུན་པོ་རྡུལ་དུ་བརླག །ཅེས་པ་དང་། རིམ་གསུམ་ལས། ལུང་དང་མན་ངག་གཉེར་དག་གིས། །བློ་གཏིང་ཡིད་ཆེས་འགྱུར་བར་བྱ། །ཞེས་གསུངས་སོ། །ཐེ་ཚོམ་གྱི་གེགས་བསལ་བ་ནི། སོ་སོ་སྐྱེ་བོའི་སྣང་བ་རང་ཀ་མ་འདི་ཆོས་ཉིད་ཡིན་ནམ་མིན་དང་། གཤིས་ཀ་དག་ཡིན་ནམ་ལྷུན་གྲུབ་ཡིན་དང་། རྣོ་བརྟུལ་ཡོད་མེད་ཀྱི་དང་། འཁྲུལ་གཞི་ཡོད་མེད་ཀྱི་དང་། རྒྱུད་གཅིག་གམ་ཐ་དད་ཀྱི་བརྟག་པའོ། །དང་པོ་ནི། སྣང་བ་འདི་ཆོས་ཉིད་ཡིན་ནམ་མིན་ལ་སོགས་པ་ཐམས་ཅད་གནད་གཅིག་ཏུ་ཤེས་པར་བྱ་སྟེ། དེ་ལ་སྣང་བ་འདི་ཆོས་ཉིད་མིན་པར་འདོད་པ་དང་། ཕྱོགས་གཞན་དུ་དང་། ཡིན་པར་འདོད་པའོ། །མིན་པར་འདོད་པ་ལ་གཉིས་ཏེ། མིན་པར་འདོད་པའི་ལུང་དང་། ཡིན་པར་འདོད་པ་ལ་སྐྱོན་རྒལ་བའོ། །སྔ་མ་ནི། གཤིས་སམ་དོན་དམ་པ་ན་སྟོང་ཞིང་བདག་མེད་པ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་། ཤེས་བརྗོད་གཞལ་བྱ་ལས་འདས་པར་འདོད་པ་དང་། དབྱིངས་དང་རིག་པ་གཉིས་སུ་མེད་ཅིང་། དབྱིངས་རང་བཞིན་གྱི་རྣམ་པར་དག་པ་ལ། དངོས་པོ་དང་མཚན་མའི་སེལ་མེད་པར་འདོད་ལ། འགྲོ་དྲུག་གི་སྣང་བ་འདི་ཀུན་རྫོབ་བམ། འཁྲུལ་བའི་སྣང་བ་རྫུན་པར་འདོད་དེ་ཆོས་ཉིད་མིན་པའོ། །བྱེ་བྲག་ཏུ་ཡོ་ག་མན་ཆད་རང་རང་གི་ཞེ་འདོད་ཀྱི་ལྟ་བ་ཕྱོགས་རེ་ལ་དམ་པར་ལྟ་ཞིང་། སྣང་བ་འདི་འཁྲུལ་སྣང་རྫུན་པར་ཆོས་ཉིད་མིན་པར་འདོད་དེ། རང་རང་གི་སྐབས་ནས་སྟོན་པ་བཞིན་ཤེས་པར་བྱའོ། །ཡང་གསང་སྔགས་ནང་གི་དྲང་དོན་ཕྱོགས་རེ་དམ་པར་ལྟ་ཞིང་དགོངས་པའི་དོན་མ་ལོངས་པས། སྣང་བ་འདི་འཁྲུལ་སྣང་བརྫུན་པར་འདོད་པའོ། །གཉིས་པ་ནི། ཆོས་ཉིད་ཡིན་ན་ལུང་མན་ངག་རིགས་པ་གསུམ་དང་འགལ་ཏེ། ལུང་ནི་ཐེག་པ་འོག་མ་པ་རྣམས་ཀྱི་མིན་པའི་ལུང་དང་། མདོ་ལས་ཀྱང་། ཀྱེ་ལང་ཀའི་བདག་པོ་ཐམས་ཅད་སྣང་བ་དེ་གསང་སྔགས་མ་ཡིན། གལ་ཏེ་གསང་སྔགས་ཡིན་ན། གསང་སྔགས་ཞེས་བརྗོད་པ་ཉིད་དང་འགལ་ལ། སེམས་ཅན་གྱི་འདུ་ཤེས་དང་། སངས་རྒྱས་ཀྱི་དགོངས་པ་ཁྱད་མེད་པར་འགྱུར་རོ། །ཞེས་པ་དང་། སྙིང་པོ་ལས། བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ། །ཞེས་པ་ལ་སོགས་པ་གསུངས་སོ། །མན་ངག་ནི། ལམ་རིམ་ལས། སྤྱིར་ནི་ལོག་རྟོག་བསམ་ཡས་པ། །ཡེ་ནས་ཡོད་པ་མ་ཡིན་ཏེ། །སོ་སོར་འཛིན་རྟོག་བག་ཆགས་ཀྱིས། །གཟུང་འཛིན་དྲ་བས་སྒྲིབ་འགྱུར་ཏེ། །ཅི་ཡང་མེད་ལ་ཅིར་ཡང་སྣང་། །དོན་གྱི་སྙིང་པོ་འདི་ལས་གོལ། །ཞེས་པ་དང་། ལ་ཤན་ལས། དངོས་ཀུན་ལོག་རྟོག་ཙམ་ཉིད་ལས། །ཕྲ་ཙམ་སྐད་ཙམ་ཡོད་མིན་པས། །འཁྲུལ་པའི་སྣང་བ་ཞེས་སུ་གསུང་། །ཅེས་པ་ལ་སོགས་པ་ཆོས་ཉིད་མིན་པའི་ལུང་རྣམས་དང་འགལ་ལོ། །རིགས་པས་མི་འཐད་དེ། འགྲོ་དྲུག་གིས་བདེན་པ་མཐོང་བ་དང་། འཁྲུལ་པའི་སྣང་བ་རྒྱུན་ཆད་པ་དང་། གསང་སྔགས་ཀྱི་ངེས་ཚིག་མེད་པ་དང་། ཆོས་ཉིད་སྐྱེ་འཇིག་ཅན་དུ་འགྱུར་བ་ལ་སོགས་པའི་སྐྱོན་འོང་སྟེ། དང་པོ། འགྲོ་དྲུག་གི་སྣང་བ་འདི་ཆོས་ཉིད་ཡིན་ན། འགྲོ་དྲུག་གིས་བདེན་པ་མཐོང་བར་ཐལ། འདོད་ན་འགྲོ་དྲུག་མ་འཁྲུལ་ཞིང་འབད་པ་མེད་པར་གྲོལ་བར་འགྱུར་བ་ལ་སོགས་པའི་སྐྱོན་དུ་མ་འོང་ངོ་། །ཅིའི་ཕྱིར་ན་ཆོས་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྣང་བ་ཆོས་ཉིད་ཡིན་ན། འཁྲུལ་པའི་སྣང་བ་རྒྱུན་ཆད་པར་ཐལ། འདོད་ན་འཁོར་བ་དོང་ནས་སྤྲུག་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཅིའི་ཕྱིར་ན་གོང་བཞིན་ནོ། །གསུམ་པ་ནི། མདོ་ལས། གསང་བ་ཞེས་བྱ་བ་ནི། སྨྲར་མེད་ཅིང་སྤྱོད་ཡུལ་དུ་མ་གྱུར་པ་ལ་བྱའོ། །སྔགས་ཞེས་བྱ་བ་ནི། ཡོན་ཏན་ཀུན་གྱི་འབྱུང་གནས་སུ་བརྗོད་པ་ལ་བྱའོ། །ཞེས་པས། སྣང་བ་འདི་སྨྲ་བརྗོད་དང་སྤྱོད་ཡུལ་དུ་གྱུར་ཅིང་། ཡོན་ཏན་མི་འདུག་པས་གསང་སྔགས་ཀྱི་ངེས་ཚིག་མེད་དོ། །བཞི་པ་ནི། ཁོག་དབུབ་ཀྱི་སྐབས་ནས་བཤད་པ་བཞིན་ནོ། །ཕྱོགས་གཞན་དུ་འདོད་པ་ནི། མ་རྟོག་པའི་དུས་སུ་ཆོས་ཉིད་མིན་ལ། རྟོགས་པའི་དུས་ན་ཡིན་པར་འདོད་པ་དང་། མ་འདྲེས་པའི་ངོས་ནས་མིན་ལ། ཡོངས་རྫོགས་ཀྱི་ངོས་ནས་ཡིན་པར་དང་། ངོ་བོའམ་བདག་ཉིད་གཅིག་པའི་ངོས་ནས་ཡིན་ལ། མཚོན་ཚུལ་ཐ་དད་པའི་ངོས་ནས་མིན་པར་འདོད་པའོ། །དེ་དག་གི་དོན་རྒྱས་པར་ཤེས་པར་བྱའོ། །དེ་དག་ཀྱང་མི་འཐད་དེ། དང་པོ་མ་རྟོགས་པའི་དུས་ཀྱི་ཆོས་ཉིད་མིན་པ་དང་། རྟོགས་པའི་དུས་ཀྱི་ཆོས་ཉིད་ཡིན་པ་གཉིས་གང་བདེན། སྔ་མ་བདེན་ན་ཕྱི་མ་འགལ་ལ་ཕྱི་མ་བདེན་ན་སྔ་མ་འགལ་ལོ། །གཉིས་ཀ་བདེན་པར་མི་འཐད་དེ། གཞི་གཅིག་ལ་ཡིན་མིན་གཉིས་འགལ་བས་མི་རིགས་སོ། །ཡང་མ་རྟོག་པའི་དུས་ན་ཆོས་ཉིད་མིན་ན། རྟོགས་པས་ཡིན་པར་འགལ་ཏེ། དེ་རྟོགས་པ་མ་ཡིན་ཞིང་ལོག་ཤེས་སུ་ཐལ་བའི་སྐྱོན་འོང་ངོ་། །གཉིས་པ་མ་འདྲེས་པ་དེ་ཡོངས་སུ་རྫོགས་པ་ཡིན་ནམ་མིན། མིན་ན་ཡོངས་རྫོགས་ཀྱི་ངེས་ཚིག་མེད་ཅིང་། ཡོངས་རྫོགས་རང་མ་ཡིན་པར་ཐལ། ཡིན་ན་མ་འདྲེས་པའི་ངོས་ནས་མིན་པ་ལྟར། ཡོངས་རྫོགས་ཀྱི་ངོས་ནས་ཀྱང་མིན་པར་ཐལ། ཡོངས་རྫོགས་ཀྱི་ངོས་ནས་ཡིན་པ་ལྟར་མ་འདྲེས་པའི་ངོས་ནས་ཀྱང་ཡིན་པར་ཐལ། འདོད་ན་ཡིན་མིན་གཉིས་སུ་འདོད་པའི་དམ་བཅའ་བུད་དོ། །ཅིའི་ཕྱིར་ན་མ་འདྲེས་པ་ཉིད་ཡོངས་སུ་རྫོགས་པའི་ཕྱིར་རོ། །གསུམ་པ་ནི། མཚོན་ཚུལ་དེ་ངོ་བོའི་མཚོན་ཚུལ་ཡིན་ནམ་མིན། མིན་ན་ངོ་བོ་གཅིག་པའི་དམ་བཅའ་བུད། ཡིན་ན་ངོ་བོ་ཆོས་ཉིད་ཡིན་པ་ལྟར་མཚོན་ཚུལ་ཀྱང་ཆོས་ཉིད་ཡིན་པར་ཐལ། འདོད་ན་མཚོན་ཚུལ་ཐ་དད་པའི་ངོས་ནས་ཆོས་ཉིད་མིན་པའི་དམ་བཅའ་བུད་ལ། ཅིའི་ཕྱིར་ན་ངོ་བོའི་མཚོན་ཚུལ་ཡིན་པའི་ཕྱིར་རོ། །ངོ་བོ་གཅིག་ཀྱང་མཚོན་ཚུལ་ཐ་དད་པས། ཆོས་ཉིད་མིན་ན་ཅི་ལྟོ་སྟེ། ཁྱབ་པ་མ་གྲུབ་ཅེ་ན། མཚོན་ཚུལ་དེ་ལ་ངོ་བོས་མ་ཁྱབ་པར་ཐལ་བ་དང་། གསེར་ལས་བྱས་པའི་རྒྱན་སྣ་ཚོགས་ལ་གསེར་གྱིས་མ་ཁྱབ་ཅིང་། གསེར་མ་ཡིན་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཡིན་པར་འདོད་པའི་ལུགས་ལ་གཉིས་ཏེ། ཡིན་པའི་ལུགས་དང་། དེ་ལ་ཐེ་ཚོམ་གྱི་གེགས་བསལ་བའོ། །དང་པོ་ནི། ལྷ་རྗེ་ཆེན་པོ་རྡོ་ཕུ་བའི་ཞལ་ནས། འགྲོ་དྲུག་གི་སྣང་བ་རང་ཁ་མ་འདི། །མ་སྤངས་པའི་ངོས་ནས་ཆོས་ཉིད་ཡིན་ལ། མི་ལྡན་པའི་ངོས་ནས་ཆོས་ཉིད་མིན་གསུངས་སོ། །དེ་ཡང་འགྲོ་དྲུག་གི་སྣང་ཚུལ་ཇི་ལྟར་སྣང་ཡང་ཆོས་ཉིད་རང་སྣང་ཡིན་པས་མ་སྤངས་པ་ཞེས་བྱའོ། །འཁྲུལ་པའི་སྣང་བ་འདི་ཁོ་ན་ལྟར། རང་རྒྱུད་དུ་མི་གནས་པས་མི་ལྡན་པ་ཞེས་བྱ་སྟེ། བརྡའ་དོན་སྤྲད་པའི་དབང་དུ་ཕྱེ་བ་ཡིན་གསུང་སྐད། ལྷ་རྗེ་ཆེན་པོ་ཤག་དང་། སློབ་དཔོན་རིན་ཆེན་པའི་ཞལ་ནས། ཆོས་ཀུན་སེམས་ཉིད་དམ། རང་བྱུང་གི་ཡེ་ཤེས་རང་སྣང་བས། ཆོས་ཉིད་དུ་མ་གྱུར་པའི་ཆོས་གཅིག་ཀྱང་མེད་དེ། འགྲོ་དྲུག་གི་སྣང་བ་སོ་མཉམས་པ་འདི་རང་ཆོས་ཉིད་རང་སྣང་ཡིན་གསུང་ངོ་། །དེ་ཡང་གོང་གི་གཞིའི་ངོ་བོ་དང་། རྣམ་གྲངས་ལ་སོགས་པ་བཞིན་ནོ། །ཐེ་ཚོམ་གྱི་གེགས་བསལ་བ་ལ་གསུམ་སྟེ། ཆོས་ཉིད་མིན་པར་འདོད་པས་སྐྱོན་བཀལ་བ་བསལ་བ་དང་། ཆོས་ཉིད་མིན་ན་སླར་སྐྱོན་བརྗོད་པ་དང་། ཡིན་པར་གཏན་ལ་དབབ་པའོ། །དང་པོ་ལུང་མན་ངག་དང་འགལ་བའི་སྐྱོན་མི་འོང་སྟེ། མིན་པར་གསུང་བ་ནི། ཆོས་ཉིད་སྣང་བའི་མཐའ་མི་གནས་པ་དང་། མ་རྟོག་ཏེ་འཁྲུལ་པའི་ངོས་ནས་དགོངས་ཏེ་གསུངས་སོ། །དེས་ན་སྣང་བ་ཆོས་ཉིད་ཡིན་པར་གསུངས་ཏེ། ཡུམ་རྒྱས་པ་ལས། གཟུགས་ནི་ཆོས་ཉིད་དེ། གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མེད་དོ། །གང་མ་འགལ། རྣམ་པར་མི་འགལ་བ་དེ། གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མེད་དོ། །ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་སོ། །ཚད་མ་རྣམ་ངེས་ལས་ཀྱང་། དོན་གྱི་རང་རིག་ངོ་བོར་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་སོ། །མདོ་ལས་ཀྱང་། གལ་ཏེ་སྣང་བ་གསང་སྔགས་མ་ཡིན། །ཞེས་པའི་རྗེས་ལ། དེ་ལས་གཞན་ན་ཡང་གསང་སྔགས་ཡོད་པ་མ་ཡིན། གལ་ཏེ་དེ་ལས་གཞན་པ་ཞིག་གསང་སྔགས་ཡིན་ན་ནི། ཐམས་ཅད་ཆོས་ཉིད་དུ་མ་འདུས་པར་འགྱུར་རོ། །ཐམས་ཅད་ཀྱི་རང་བཞིན་མི་སྣང་བ་དེ་ཡང་གསང་སྔགས་མ་ཡིན། གལ་ཏེ་མི་སྣང་བ་དེ་གསང་སྔགས་ཡིན་ན་ནི། གཞན་མུ་ཆད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །ཞེས་སོ། །དེས་ན་གསང་སྔགས་ནི་སྣང་བ་དང་མི་སྣང་བ་གཉིས་སུ་མེད་པ་ཡིན་ཏེ། ཡང་། ལང་ཀའི་བདག་པོ། གསང་སྔགས་ཞེས་བྱ་བ་ནི། མཐོང་བ་དང་མི་སྣང་བ་གཉིས་སུ་མེད་པ་གཉིས་ཀྱི་ངོ་བོ་ཉིད་ལས་གྲོལ་བ་དབུ་མར་མི་དམིགས་པ་གང་ཡིན་པ་དེ་ཁོ་ན་ཉིད་དོ། །ཞེས་པ་དང་། གསང་སྙིང་ལས། ལོག་རྟོག་ཉིད་ལ་ཉིད་སྤྱོད་དོ། །ཞེས་པའི་རྗེས་ལ། གཞན་དུ་གཡོ་བ་ཅི་ཡང་མེད། །ལོག་རྟོག་རྒྱུ་འབྲས་རྒྱུན་ཉིད་ཀྱང་། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཅེས་གསུངས་སོ། །མན་ངག་ནི། ལམ་རིམ་ལས། ཡུལ་དང་ཤེས་པར་སྣང་བ་ཡང་། །རང་བྱུང་ཡེ་ཤེས་རང་སྣང་ཟད། །ཅེས་པ་དང་། ལ་ཤན་ལས། རྒྱུ་རྐྱེན་ལས་ཀྱིས་མ་བྱས་པའི། །གསེར་གོང་ལས་བྱས་རྫས་རྣམས་ཀུན། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་ནི། རིགས་པ་དང་འགལ་བའི་སྐྱོན་མི་འོང་སྟེ། དེ་ལ་དང་པོ་ནི། འགྲོ་དྲུག་གིས་བདེན་པ་མཐོང་བར་ཐལ། ཞེས་པ་དེ། གཤིས་ཡིན་ཚུལ་ནས་མཐོང་བར་ཐལ་ཟེར་རམ། ངེས་པའི་ཤེས་པ་དང་བཅས་ནས་མཐོང་བར་ཐལ་ཟེར། སྔ་མ་ལྟར་འདོད་དེ། མདོ་ལས། རང་བྱུང་རང་རིག་མངོན་སུམ་སྣང་དུས་ན། །རང་བྱུང་ཡེ་ཤེས་དེ་ནི་མཐོང་ཞེས་བྱ། །ཞེས་པ་དང་། ཀློང་ཆེན་ལས། དབང་པོ་ཅེར་མཐོང་ཆོས་ཉིད་གསལ། །སྣང་བ་རྒྱ་ཡན་རིག་པའི་ཀློང་། །ཞེས་སོ། །མཐོང་ན་སེམས་ཅན་ཐམས་ཅད་གྲོལ་ཐལ་བར་འགྱུར་རོ་ཅེ་ན། མཐོང་བ་ཙམ་ཞིག་འདུག་ཀྱང་། ངེས་པའི་ཤེས་པ་མ་སྐྱེས་པས། གྲོལ་ཐལ་བར་མི་འགྱུར་ཏེ། སྣང་ལ་མ་ངེས་པའི་ཤེས་པ་བཞིན་ནོ། །དེ་སྐད་དུ་བྱས་པ་ལ། མཐོང་བ་རང་གི་ངེས་ཤེས་སྐྱེ་དགོས་སམ་ཅེ་ན། འོ་ན་མཐོང་བ་རང་གི་ངེས་ཤེས་སྐྱེ་ན། ལོག་རྟོག་འཁྲུལ་པ་རྒྱུན་ཆད་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཕྱི་མ་ལྟར་ན་གཏན་ཚིགས་མ་གྲུབ་སྟེ། མཐོང་བ་ཙམ་ཞིག་འདུག་ཀྱང་ངེས་པར་མ་བྱས་སོ། །སྤྱན་འགྲེལ་ལས། ཀུན་གཞི་སྣང་བ་གཉིས་བྲལ་ཏེ། །རྟག་ཏུ་རང་མཚན་མཐོང་གྱུར་ཡང་། །ཞེན་ལ་སྣང་བར་མ་གྱུར་པས། །མིག་གིས་མིག་བཞིན་མ་རིག་པའོ། །ཞེས་པ་དང་། མདོ་ལམ་རིམ་ལས། གྲོང་ཁྱེར་གསུམ་གྱི་སེམས་ཅན་རྣམས། །ཐབས་དང་ལྷན་ཅིག་མི་གནས་པས། །བདེན་པ་མཐོང་ཡང་ངེས་མ་བྱས། །མཐོང་ཡང་མ་མཐོང་འདྲ་བར་འགྱུར། །ཞེས་གསུངས་སོ། །གཉིས་པ་ཆོས་ཉིད་ཡིན་ཀྱང་འགྲོ་དྲུག་གིས་ཡིན་པར་ངོ་ཤེས་ནས་འདུག་པའི་ཕྱིར་མ་འཁྲུལ་བར་ཐལ་ཟེར་རམ། ངོ་མ་ཤེས་པའི་ཕྱིར་མ་འཁྲུལ་བར་ཐལ་ཟེར། སྔ་མ་ལྟར་ན་གཏན་ཚིགས་མ་གྲུབ་སྟེ་གོང་དུ་བསྟན་པ་བཞིན་ནོ། །ཕྱི་མ་ལྟར་ན་ངོ་མ་ཤེས་པ་ཀས་འཁྲུལ་པ་ཡིན་ཏེ། འཁྲུལ་པ་རྒྱུན་ཆད་པའི་སྐྱོན་མི་འོང་ངོ ། །འོ་ན་སྣང་བ་འདི་རང་འཁྲུལ་སྣང་ཡིན་ནམ་ཆོས་ཉིད་ཡིན་ཞེ་ན། སྣང་བ་འདི་ཉིད་ཆོས་ཉིད་རང་སྣང་ལ། གཞན་གྱི་སེལ་མེད་པས་ཆོས་ཉིད་ཡིན་ལ་མ་རྟོགས་པས་འཁྲུལ་བ་ཡིན་ནོ། །བཀའ་བཞིའི་རིགས་པ་ཡང་གསུངས་སོ། །གསུམ་པ་གསང་སྔགས་ཀྱི་ངེས་ཚིག་མེད་པའི་སྐྱོན་མི་འོང་སྟེ། སྣང་བ་འདི་ཆོས་ཉིད་རང་སྣང་ཕྱོགས་མེད་ཡིན་པས། ཡུལ་དུ་རྟོག་ཅིང་ཕྱོགས་འཛིན་ཅན་རྣམས་ཀྱི་སྨྲ་བརྗོད་དང་སྤྱོད་ཡུལ་དུ་མ་གྱུར་པས་གསང་བ་ཞེས་བྱ་ལ། དེ་ཉིད་རྟོགས་ན་ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར་སྔགས་ཞེས་བྱའོ། །དེས་ན་གསང་སྔགས་སུ་མ་གྱུར་པ་ནི་གཅིག་ཀྱང་མེད་དོ། །མདོ་ལས། གསང་སྔགས་ཀྱིས་མ་ཁྱབ་པ་དང་མི་གནས་པ་དང་གསང་སྔགས་སུ་མ་གྱུར་པ་ནི་གང་ཡང་མེད། གསང་སྔགས་ཀྱི་ངེས་པ་ཕྱིན་ཅི་མ་ལོག་པ་རྙེད་པའི་སྐྱེས་བུ་གང་ལ་ལ་དག །གསང་སྔགས་མཐོང་བར་འདོད་པའི་མེ་ལོང་དུ་ནི་ཐམས་ཅད་གྱུར་ཏེ། ཇི་ལྟ་ཇི་ལྟར་སངས་རྒྱས་ནས་སྲོག་ཆགས་ལྡེམ་བུ་དང་ནམ་མཁའ་ནས་ཕྲ་རྡུལ་ཡན་ཆད་ཀྱིས་ལྷན་ནེ་ལྷང་ངེ་ལྷག་གེར་གསལ་བར་བྱེད་པའོ། །ཞེས་གསུངས་སོ། །བཞི་པ་ཆོས་ཉིད་སྐྱེ་འཇིགས་ཅན་དུ་ཐལ་བའི་སྐྱོན་སེལ་བ་ནི། གོང་གི་སྟོང་ཐུན་གྱི་སྐབས་ནས་བཤད་པ་བཞིན་ནོ། །སྤྱི་དོན་གཉིས་པ་ཆོས་ཉིད་མིན་ན། ལུང་མན་ངག་རིགས་པ་གསུམ་དང་འགལ་བའི་སྐྱོན་འོང་སྟེ། ལུང་མན་ངག་གོང་དུ་ཆོས་ཉིད་ཡིན་པར་བསྟན་པ་རྣམས་སོ། །རིགས་པ་ལ་ལྔ་སྟེ། སྣང་བ་ཆོས་ཉིད་མིན་ན་ཆོས་ཉིད་རྒྱུན་ཆད་པར་ཐལ་བ་དང་། མུ་མཐའ་ཅན་དུ་དང་། གྲོལ་བ་འཐད་པར་མི་འགྱུར་བ་ལ་སོགས་པ་དང་། ཆོས་ཉིད་མངོན་སུམ་རྟོགས་པ་རྒྱུན་ཆད་པར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འཁྲུལ་བར་ཐལ་ལོ། །དང་པོ་འགྲོ་དྲུག་གི་སྣང་བ་འདི་ཆོས་ཉིད་མིན་ན། སྟོང་པ་ཉིད་ཡིན་ནམ་མིན། མིན་ན་སྣང་སྟོང་གཉིས་ཀ་ཆོས་ཉིད་མིན་པས། ཆོས་ཉིད་ཅེས་གཏན་ནས་མི་བདེན་པར་ཐལ། ཡིན་ན་ཆོས་ཉིད་དེ་ཆད་པའི་མཐར་ཐལ་ལ་ཅི་ཕྱིར་སྣང་བ་མིན་ལ་སྟོང་པ་ཡིན་པའི་ཕྱིར་རོ། །འདོད་ན་མུ་སྟེགས་ཆད་པར་སྨྲ་བ་བདེན་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་། གཉིས་པ་སྣང་བ་ཆོས་ཉིད་མིན་ན་སྟོང་པའང་ཆོས་ཉིད་མིན་པར་ཐལ། འདོད་ན་ཆོས་ཉིད་གཏན་ནས་མི་སྲིད་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་། ཅི་ཕྱིར་ན་སྣང་སྟོང་ངོ་བོ་གཅིག་པའི་ཕྱིར་རོ། །ཧེ་དུ་མ་གྲུབ་ཅེ་ན་སྣང་བ་དངོས་པོ་རང་རྒྱུད་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཁྱབ་པ་མ་གྲུབ་པོ་ཞེ་ན། ཁྱབ་པ་སྣང་སྟོང་དབྱེར་མེད་པས་གྲུབ་སྟེ། ཆུ་ནང་གི་ཟླ་བ་བཞིན་ནོ། །ཡང་སྣང་བ་ཆོས་ཉིད་མིན་སྟོང་པ་ཡིན་ན་ཅི་སྟོ་སྟེ། སྣང་བ་དང་ཆོས་ཉིད་ཐ་དད་པར་ཐལ། ཅིའི་ཕྱིར་ན་སྣང་བ་འདི་ཆོས་ཉིད་མིན་པའི་ཕྱིར་རོ། །འདོད་ན་ཆོས་ཉིད་དེ་མཐའ་བྲལ་མ་ཡིན་པར་ཐལ་བའི་སྐྱོན་འོང་ངོ་། །གསུམ་པ་འགྲོ་དྲུག་གི་སྣང་བ་འདི་ཆོས་ཉིད་མིན་ན་ལུང་མན་ངག་གིས་ཅི་ཙམ་གཏན་ལ་ཕབ་ཀྱང་ཆོས་ཉིད་རང་མི་རྟོགས་པར་ཐལ་བ་དང་། འགྲོ་བ་དྲུག་གི་ས་ལམ་ཉམས་སུ་བླངས་ཀྱང་གྲོལ་ཐལ་པ་རྒྱུན་ཆད་པར་ཐལ། འདོད་ན་ལུང་མན་ངག་གིས་གཏན་ལ་ཕབ་པ་དེ་དོན་མེད་པར་འགྱུར་རོ། །ཅིའི་ཕྱིར་ན་འགྲོ་དྲུག་གི་སྣང་བ་ཆོས་ཉིད་མིན་པའི་ཕྱིར་རོ། །ཆོས་ཉིད་མིན་ཀྱང་རྟོགས་ན་ཅི་སྟོ་ཞེ་ན། ལུང་མན་ངག་དངོས་པོ་བཤིགས་བྱེད་དུ་ཐལ། རྟོགས་པ་རང་མ་ཡིན་ཞིང་ལོག་ཤེས་སུ་ཐལ་བའི་སྐྱོན་འོང་། བཞི་པ་སྣང་བ་ཆོས་ཉིད་མིན་ན་མངོན་སུམ་དུ་རྟོགས་པ་དང་བདེན་པ་མཐོང་བ་རྒྱུན་ཆད་པར་ཐལ། འདོད་ན་ཆོས་བྱས་པ་དོན་མེད་པར་འགྱུར་རོ། །ཅི་ཕྱིར་ན་སྣང་བ་ཆོས་ཉིད་མིན་པའི་ཕྱིར་རོ། །སྣང་བ་ཆོས་ཉིད་མིན་ཀྱང་སྟོང་པ་མཐོང་བས་ཆོས་ཉིད་མཐོང་ངོ་ཞེ་ན། སྟོང་པ་ཉིད་ཡིན་པའི་ཕྱིར་མཐོང་མཁན་ཀྱང་མེད་པའི་སྐྱོན་དང་། བདེན་པ་མཐོང་བ་ཡན་ཆོད་ཀྱི་སྣང་བ་དང་མཛད་པ་རྣམས་འཁྲུལ་པར་ཐལ་བ་ལ་སོགས་པའི་སྐྱོན་དུ་མ་འོང་ངོ་། །ལྔ་པ་སྣང་བ་ཆོས་ཉིད་མིན་ཞིང་འཁྲུལ་པ་ཡིན་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འཁྲུལ་བར་ཐལ་བ་ལ་སོགས་པའི་སྐྱོན་དུ་མ་འོང་ངོ་། །དེས་ན་སྣང་བ་ཆོས་ཉིད་དུ་མི་འདོད་པ་རྣམས་ནི་དྲང་དོན་ཕྱོགས་རེ་ལ་མངོན་པར་ཞེན་ཅིང་། ཆོས་ཉིད་ཀྱི་དོན་མ་རྟོགས་པར་ཕྱོགས་འཛིན་གྱི་རྒྱར་ཚུད་དོ། །གསང་སྔགས་ཀྱི་དགོངས་པའི་དོན་མ་གོ་བར་མུན་པའི་ཀློང་ནས་སྤར་ཚོད་བྱེད་པ་ཡིན་ཏེ། ཀློང་ཆེན་ལས། ལྷུན་གྲུབ་ཕྱོགས་མེད་མ་རྟོགས་པས། །ལྟ་བའི་འདོད་གཞུང་དུ་མར་བྱུང་། །བློ་དང་ཆོས་སུ་མ་འདྲེས་པས། །མཉམ་ཉིད་མཐའ་ལ་ཕྱོགས་སུ་ཞེན། །ཀུན་རིག་ཤེས་པ་མ་སྐྱེས་པ། །ཡུལ་མེད་གཅིག་ལ་རིས་སུ་གཅོད། །རང་བྱུང་ཡེ་ཤེས་མ་ཤར་བས། །མུན་པའི་ཀློང་ན་ཚོད་ཀྱིས་འཇལ། །ཞེས་གསུངས་སོ། །སྤྱི་དོན་གསུམ་པ་ཆོས་ཉིད་ཡིན་པར་གཏན་ལ་དབབ་པ་ནི། ལུང་མན་ངག་རིགས་པ་གསུམ་ལས། ལུང་མན་ངག་ནི་གོང་གི་རྣམས། རིགས་པ་ནི་འགྲོ་དྲུག་གི་སྣང་བ་འདི་ཆོས་ཉིད་རང་སྣང་བ་ཡིན་ཏེ། གཤིས་ཆོས་ཉིད་ལས་ལོག་པའི་ཆོས་གཅིག་ཀྱང་མེད་པའི་ཕྱིར་དང་། མ་རྟོགས་ཏེ་འཁྲུལ་པ་ཡིན་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་བོ་ཞེ་ན། སྔ་མ་ནི་འགྲོ་དྲུག་གི་སྣང་བ་འདི་ཆོས་ཉིད་མིན་ན་འགྲོ་དྲུག་གིས་ལམ་ཉམས་སུ་བླངས་ཀྱང་གྲོལ་ཐར་རྒྱུན་ཆད་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཕྱི་མ་ནི་འཁྲུལ་པ་ཡིན་ཀྱང་གཤིས་ཆོས་ཉིད་མིན་ན་ཅི་ལྟོ་སྟེ་ཁྱབ་པ་མ་གྲུབ་བོ་ཞེ་ན། འཁྲུལ་པའི་རྒྱུ་མཚན་མེད་པ་དང་། ཐག་པ་ཁྲ་བོ་ལ་སྦྲུལ་དུ་འཛིན་པ་འཁྲུལ་ཡང་། འཁྲུལ་གཞི་ཐག་པ་ཁྲ་བོ་མ་ཡིན་པར་ཐལ་བའི་སྐྱོན་འོང་ངོ་། །དེས་ན་གཤིས་ཆོས་ཉིད་ཡིན་པ་ཀས་མ་རྟོགས་འཁྲུལ་པ། མ་རྟོགས་འཁྲུལ་པ་ཡིན་པ་ཀས་གཤིས་ཆོས་ཉིད་ཡིན་ནོ། །དེ་ལྟར་ཡིན་པ་ཀས་གཉིས་སུ་མེད་པ་ཡིན་ནོ། །གཉིས་མེད་ཡིན་པ་ཀས་མཉམ་པ་རིས་སུ་མེད་པ་བླང་དོར་མེད་པ་ཡིན་ནོ། །ཡང་། འགྲོ་དྲུག་གི་སྣང་བ་འདི་ཆོས་ཉིད་རང་སྣང་ཕྱོགས་མེད་ཡིན་ཏེ། སྣང་བ་གཅིག་ལ་སྣང་ཚུལ་བཅུ་བདུན་ལ་སོགས་པ་འཆར་བའི་ཕྱིར་དང་། ཕྱོགས་སུ་འཛིན་པ་འཁྲུལ་བའི་ཕྱིར་རོ། །གཏན་ཚིགས་ལ་སོགས་པ་གོང་བཞིན་ནོ། །དེས་ན་ཆོས་ཐམས་ཅད་མཉམ་ཉིད་རང་སྣང་ཡིན་པས། སྣང་བའི་འདི་ཆོས་ཉིད་དུ་འདོད་ཅིང་རྟོགས་པ་ནི། གསང་སྔགས་ཀྱི་དགོངས་པའི་ཕུགས་རྟོགས་པ་ཡིན་ཏེ། ཆོས་ཐམས་ཅད་ལ་ཕྱོགས་རིས་མེད་པ། མཉམ་པ་ཉིད་བླང་དོར་མེད་པ། དགག་བསྒྲུབ་མེད་པ། འགལ་དུ་འགལ་བ་མེད་པ། གོལ་དུ་གོལ་ས་མེད་པའོ། །རབ་འབྱམས་ལས། ཕྱོགས་མེད་ལྷུན་གྲུབ་སྡོང་པོ་ལ། །འཁོར་འདས་གཉིས་ཀྱི་ལོ་འདབ་རྒྱས། །བྲལ་འཛིན་མེད་དེ་ནམ་མཁའ་ལ། །སྐུ་གསུམ་སྙིང་པོའི་ཉི་ཟླ་ཤར། །འགྲོ་དྲུག་འཁྲུལ་པའི་གྲོང་ཁྱེར་འདི། །བདེ་ཆེན་སངས་རྒྱས་ཞིང་ཁམས་ཡིན། །གཟུང་འཛིན་མཚན་མའི་མྱུ་གུ་ལ། །བདེ་ཆེན་སྐུ་གསུམ་འབྲས་བུ་སྨིན། །ཞེས་པ་དང་། ཐིག་ལེ་གཅིག་ཏུ་ཀུན་གྲོལ་བས། །གཉིས་སུ་བྱ་བའི་ཐ་སྙད་བྲལ། །བྱ་བྲལ་གཅིག་ཏུ་ཀུན་རྫོགས་པས། །རེ་དོགས་མཐའ་བྲལ་བཙལ་མི་དགོས། །དོར་བར་བྱ་བའི་སྐྱོན་མེད་པས། །བླང་བའི་ཡོན་ཏན་ག་ལ་ཡོད། །ཅེས་གསུངས་སོ། །གཉིས་པ་གཤིས་ཀ་དག་ཡིན་ནམ། ལྷུན་གྲུབ་ཡིན་གྱི་བརྟགས་པ་ནི། རྒྱུ་མཚན་ཕྱོགས་རེ་ནས་གང་ཡང་མི་འགལ་བ་བསྟན་པ་དང་། ཕྱོགས་རེར་བཟུང་བ་གོལ་བ་དང་། རྒྱུ་མཚན་ཕྱོགས་རེ་ནས་དབྱེ་བ་བསྟན་པའོ། །སྔ་མ་ནི། ཀ་དག་ལྷུན་གྲུབ་ལ་སོགས་པ་རྒྱུ་མཚན་ཕྱོགས་རེ་ནས་མཚོན་པའི་མིང་དུ་བཏགས་པ་གང་ཡང་མི་འགལ་བར་ཤེས་པར་བྱ་སྟེ། མདོ་ལས། ཁྱད་པར་ཅི་ཡང་མཚུངས་པའི་ཕྱིར། རྟག་པར་ཡང་ཟུངས་ཤིག །མི་རྟག་པར་ཡང་། ཡོད་པར། མེད་པར། གཅིག་པར། ཐ་དད་པར། གཅིག་དང་ཐ་དད་ཀྱི་ངོ་བོ་ལས་གྲོལ་བར་ཤེས་པར་ཡང་ཟུངས་ཤིག་ཅེས་པ་དང་། ཀློང་ཆེན་ལས། དོན་གྱི་དབྱིངས་ལས་མ་གཡོས་པར། །རང་བཞིན་རྣམ་དག་རྫོགས་སངས་རྒྱས། །ལྷུན་གྱིས་གྲུབ་པས་གོ་འཕང་གཅོད། །ངེས་པ་མེད་པར་གཏན་ལ་འབེབས། །རང་བཞིན་རྣམ་པར་དག་པ་ལ། །གང་ཡང་མ་སྤངས་ལྷུན་གྱིས་གྲུབ། །ཅིར་ཡང་མ་འགགས་ངེས་པ་མེད། །གང་ལ་མི་གནས་རྣམ་པར་དག །རྣམ་དག་གཅིག་གིས་ཀུན་བྱས་པས། །ཆོས་ཀུན་རྣམ་པར་དག་པའི་དབྱིངས། །རང་བཞིན་ལྷུན་གྱིས་གྲུབ་པ་ལ། །ཅིར་ཡང་མ་འགགས་ངེས་པ་མེད། །གང་དུ་མི་གནས་རྣམ་པར་དག །གང་ཡང་མ་སྤང་ལྷུན་གྱིས་གྲུབ། །ལྷུན་གྲུབ་གཅིག་གིས་ཀུན་བྱས་པས། །ཆོས་རྣམས་ལྷུན་གྱིས་གྲུབ་པའི་དབྱིངས། །རང་བཞིན་ངེས་པ་མེད་པ་ལ། །གང་ཡང་མ་སྤངས་ལྷུན་གྱིས་གྲུབ། །གང་དུ་མི་གནས་རྣམ་པར་དག །ཅིར་ཡང་འཆར་བས་ངེས་པ་མེད། །ངེས་མེད་གཅིག་གིས་ཀུན་བྱས་པས། །ཐམས་ཅད་ངེས་པ་མེད་པའི་དབྱིངས། །དབྱིངས་ཉིད་གཅིག་ལ་དེར་སྣང་བས། །འདྲའོ་འདྲའོ་མཉམ་པ་ཆེ། །སངས་རྒྱས་བསྟན་པ་མ་ལུས་ལ། །མཐར་ཐུག་སྙིང་པོ་འདི་ལས་མེད། །ཞེས་པ་དང་། བང་མཛོད་ལས། ང་ཡི་བཀའ་ནི་དགོངས་པ་ཅན། །ཡོད་མཐའ་གྲོལ་ཕྱིར་མེད་ཅེས་བཤད། །མེད་མཐའ་གྲོལ་ཕྱིར་ཡོད་ཅེས་བཤད། །གཉིས་འཛིན་གྲོལ་ཕྱིར་ཉག་ཅིག་བཤད། །སྤྲོས་བྲལ་གྲོལ་ཕྱིར་བརྗོད་མེད་བཤད། །བརྗོད་མེད་གྲོལ་ཕྱིར་ཁ་འབྱམས་བཤད། །ལྟ་བ་འཕྲུལ་གྱི་ཁ་འབྱམས་འདི། །ཇི་ལྟར་ནམ་མཁའ་མདུང་བསྐོར་བཞིན། །གང་ལྟར་བསྐོར་ཀྱང་ཐོགས་པ་མེད། །ཇི་ལྟར་འདམ་གྱི་ཕུར་པ་བཞིན། །གང་ལྟར་བསྒུལ་ཡང་བསྒུལ་དུ་བཏུབ། །པགས་པ་རློན་པའི་སླ་བཞིན་དུ། །གང་ལྟར་འཐེན་ཀྱང་འཐེན་དུ་བཏུབ། །ཅེས་གསུངས་སོ། །གཉིས་པ་ཕྱོགས་སུ་འཛིན་པ་གོལ་བ་ནི། གོང་ལྟར་ཆོས་ཉིད་ཕྱོགས་མེད་གང་ཡང་མི་འགལ་བར་སྟོན་པའི་ལུང་རྣམས་ལ་ཕྱོགས་རེར་བཟུང་ནས། ཀ་ནས་དག་པའི་དག་པ་དང་། མེད་པ་དང་། སྟོང་པ་ལ་སོགས་པའི་ཕྱོགས་སུ་བཟུང་ནས། ཆོས་ཉིད་ཀྱི་དོན་མ་རྟོགས་པར། སྣང་བ་དང་ཡོད་པ་དང་། ལྷུན་གྲུབ་ལ་སོགས་པ་སྐྱོན་དུ་བལྟ་ཞིང་བཀགས་པས་གོལ་བ་ཡིན་ཏེ། ཉ་མོ་བག་ལ་ཉལ་བའི་རྒྱུད་ལས། ཡེ་ཤེས་དབྱིངས་སུ་སུ་རྟོགས་པ། །དེ་ནི་འཁྲུལ་པ་རྒྱུད་མ་སྟེ། །ཞེས་པ་དང་། ཉ་མོ་འཁོར་ལོའི་རྒྱུད་ལས། དབྱིངས་དང་ཡེ་ཤེས་ཐ་སྙད་ཡིས། །རང་བྱུང་རིག་པའི་དོན་དང་འགལ། །ཡེ་ཤེས་ཀུན་ཀྱང་འདུས་བྱས་པས། །རྒྱུ་མེད་རང་བྱུང་དོན་མི་མཐོང་། །ཞེས་པ་ལ་སོགས་པ་གསུངས་སོ། །ལྷུན་གྲུབ་པས། གྲུབ་པ་དང་། ཡོད་པ་དང་། དངོས་པོ་ལ་སོགས་པའི་ཕྱོགས་སུ་བཟུང་ཞིང་འཁྲུལ་གྲོལ་གྱི་ཤན་མ་ཕྱེད་པར། ཀ་དག་ལ་སོགས་པ་སྐྱོན་དུ་བལྟས་ཤིང་བཀགས་པས་གོལ་བ་ཡིན་ཏེ། ཡེ་ཤེས་གཏིང་རྫོགས་ལས། གང་ཡང་སེམས་ཡིན་ལྷུན་གྲུབ་འདོད་པ་དེ། །ཕྱི་ནང་ཆོས་རྣམས་སེམས་སུ་བློས་བསྡུས་པས། །དབང་པོ་ཡུལ་ལ་ཡེངས་ཕྱིར་རང་སེམས་འཁྲུལ། །སེམས་ཙམ་ཀ་ཏ་རི་བའི་ལྟ་བར་གོལ། །ཞེས་པ་དང་། ཐལ་གྲགས་གང་རྒལ་ལྷུན་གྲུབ་འདོད་པ་དེ། །ཆོས་ཅན་ཁ་བཀར་རྫས་གཅིག་གང་རུང་ལ། །འཁོར་འདས་དུས་གསུམ་ཚངས་ཤིང་རྫོགས་འདོད་པས། །གཅིག་ལ་གཅིག་འདོད་གྲངས་ཅན་ལྟ་བར་གོལ། །ཞེས་པ་ལ་སོགས་པ་གསུངས་སོ། །དེས་ན་ཀ་དག་དང་ལྷུན་གྲུབ་ལ་སོགས་པའི་ཡུང་ཕྱོགས་རེ་བ་ཐམས་ཅད་ཆོས་ཉིད་ཕྱོགས་མེད་གཏན་ལ་འབེབས་པ་ཡིན་ཏེ། ནམ་མཁའ་ཆེ་ལས། ཀུན་གྱི་མཉམ་ཉིད་ཡིན་པ་ལ། །ཕྱོགས་སུ་བལྟས་པས་འགྲུབ་པ་མེད། །ཞེས་གསུངས་སོ། །གསུམ་པ་རྒྱུ་མཚན་ཕྱོགས་རེ་ནས་ཕྱེ་བ་ལ་གཉིས་ལས། དང་པོ་ཀ་དག་པ་ནི་ཆོས་ཀྱི་དབྱིངས་ལས་གཞན་གྱི་སེལ་མེད་པས་དབྱིངས་ཀ་དག་དང་། ཆོས་ཀུན་རང་བྱུང་ཡེ་ཤེས་སམ་སྐུ་དང་ཡེ་ཤེས་གཉིས་སུ་སྣང་བས་ཡེ་ཤེས་ཀ་དག །དག་པ་དང་མ་དག་པ་གཉིས་སུ་མེད་པའི་དག་པ་ཆེན་པོའོ། །ནམ་མཁའ་ཆེ་ལས། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་གྲོལ་ཕྱིར། །ཞེས་པ་དང་། རྩལ་ཆེན་ལས། ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །རྣམ་པར་དག་པའི་སྤྱོད་ཡུལ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་གྱི་བཅོས་སུ་ག་ལ་ཡོད། །ཞེས་པ་ལ་སོགས་པ་གསུངས་སོ། །ལམ་རིམ་ལས། དབྱིངས་དང་རིག་པ་དབྱེར་མེད་པས། །དེ་བཞིན་ཉིད་དུ་རྡོ་རྗེ་རིགས། །ཞེས་པ་དང་། གསང་སྙིང་ལས། ལོག་པར་རྟོག་བརྟག་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཞེས་པ་དང་། ལམ་རིམ་ལས། ཡུལ་དང་ཤེས་པར་སྣང་བ་ཡང་། །རང་བྱུང་ཡེ་ཤེས་རང་སྣང་ཟད། །ཅེས་པ་དང་། ཐམས་ཅད་དག་ཅེས་བྱ་བ་ཡང་། །དངོས་པོ་གསལ་དག་མ་ཡིན་ཏེ། །སྣང་སྤྱོད་ཉིད་ན་རྣམ་པར་དག །ཅེས་པ་ལ་སོགས་པ་གསུངས་སོ། །ལྷུན་གྲུབ་པ་ནི། སྣ་ཚོགས་རིས་སུ་མ་ཆད་པས། ཆོས་ཅན་ལྷུན་གྲུབ་དང་། གནས་ལུགས་ཕྱོགས་ལས་མ་ཞེན་པས་ཆོས་ཉིད་ལྷུན་གྲུབ་དང་། སྒྲ་ཇི་བཞིན་པ་མ་ཡིན་པས་ཐུན་མོང་མ་ཡིན་པའི་ལྷུན་གྲུབ་བོ། །དང་པོ་ནི། ཆོས་ཅན་གཅིག་ལ་ནང་ལྷུན་གྱིས་གྲུབ་པ་དང་། ཆོས་ཅན་གཅིག་ལ་འཁོར་འདས་ལྷུན་གྱིས་གྲུབ་པ་དང་། ཆོས་ཅན་གཅིག་ལ་དུས་གསུམ་ལྷུན་གྱིས་གྲུབ་པ་དང་། ཆོས་ཅན་ཆོས་ཉིད་དུ་ལྷུན་གྱིས་གྲུབ་པའོ། །དེ་ཡང་ཐ་དད་ཀྱི་སྣང་བ་གང་ཡང་མ་སྤངས་པའི་དབྱེར་མེད་དམ། མ་འདྲེས་ལ་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་པ་ཡིན་ཏེ། དེའི་རྒྱུ་མཚན་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་ཡིན་ལ། དེ་ཉིད་རྒྱ་ཆད་ཀྱི་ལྟ་བ་གང་ཡང་མ་སྤངས་པའི་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན་པས། ཐ་དད་ཀྱི་སྣང་བ་གང་ཡང་མ་འདྲེས་ཏེ་སོ་སོར་སྣང་ལ། ཆོས་ཀྱི་དབྱིངས་སམ་རང་བྱུང་གི་ཡེ་ཤེས་སུ་དབྱེར་མེད་དུ་ཡོངས་སུ་རྫོགས་པའོ། །མདོ་ལས། ཡོད་མེད་རྟག་ཆད་བྱ་བཙལ་ལ་སོགས་པ། །ཀུན་ནས་ལྷུན་གྱིས་གྲུབ་པས་ཡེ་ནས་གནས་པའོ། །ཞེས་པ་དང་། ཀློང་ཆེན་ལས། ཕྱོགས་མེད་ལྷུན་གྲུབ་སྡོང་པོ་ལ། །འཁོར་འདས་གཉིས་ཀྱི་ལོ་འདབ་རྒྱས། །ཞེས་པ་ལ་སོགས་པ་དང་། མདོ་ཐེག་ཆེན་སྒྲོན་མ་ལས། སྐྲ་ཡི་ཉག་མ་གཅིག་ལ་ཡང་། །སངས་རྒྱས་བྱེ་བ་བསམ་མི་ཁྱབ། །དེ་དག་འདྲེས་པར་གྱུར་པ་མེད། །ཞེས་པ་དང་། མདོ་ལས། ཆོས་ཅན་མ་འདྲེས་སྣ་ཚོགས་པས། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་སྣ་ཚོགས་རིས་སུ་མ་ཆད་པར་ཀས། གནས་ལུགས་ཕྱོགས་ལ་མ་ཆད་ཞེས་པ་དེ་ཀས་སྣ་ཚོགས་རིས་སུ་མ་ཆད་པར་ཡིན་ཏེ། དེས་ན་ཆོས་ཅན་མཚན་མར་སྣང་བ་ཉིད་ཆོས་ཉིད་རང་སྣང་བ་ཡིན་ཏེ། མདོ་ལས། ཆོས་ཅན་མཚན་མར་སྣང་བའི་རང་བཞིན་རྣམས། །ཆོས་ཉིད་མཚན་མ་མེད་པའི་ངང་དུ་སྣང་། །ཞེས་པ་དང་། ཀློང་ཆེན་ལས། ཆོས་ཉིད་པས་ཀྱང་ཆོས་ཅན་གཙོ། །ཆོས་ཅན་མཚན་མ་རང་རྒྱུད་པས། །ཆོས་ཉིད་སྐྱེ་མེད་གཏན་ལ་འབེབས། །ཆོས་ཅན་ཆོས་ཉིད་དབྱེར་མེད་དེ། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །དེ་ལྟར་ཆོས་ཉིད་རྒྱ་ཆད་ཕྱོགས་ལྷུང་མེད་ཅིང་ཐུན་མོང་མ་ཡིན་པའི་ལྷུན་གྲུབ་ཆེན་པོ་དེ། བློ་ཐུན་མོང་པ་ཕྱོགས་འཛིན་ཅན་རྣམས་ཀྱི་བློའི་ཡུལ་དུ་མ་གྱུར་པས་ཐུན་མོང་མ་ཡིན་པའི་ལྷུན་གྲུབ་བོ། །ཀློང་ཆེན་ལས། ལྷུན་གྲུབ་ཕྱོགས་མེད་མ་རྟོགས་པས། །ལྟ་བའི་འདོད་གཞུང་དུ་མར་བྱུང་། །ཞེས་པ་ལ་སོགས་པ་དང་། ལམ་རིམ་ལས། མ་ཆགས་པདྨ་འདྲ་བ་ཡི། །ཡེ་ཤེས་ཅན་གྱི་སྤྱོད་ཡུལ་དེ། །ཀུན་དང་ཐུན་མོང་དེ་མ་ཡིན། །ཞེས་འབྱུང་ངོ་། །གསུམ་པ་གཞི་ལ་རྣོ་རྟུལ་ཡོད་མེད་ཀྱི་བརྟགས་པ་ལ་གཉིས་ཏེ། གོ་བ་དང་། ཡོད་མེད་བརྟག་པའོ། །སྔ་མ་ནི། རྟུལ་པོ་ནི། བློ་རྨོངས་ཤིང་ཤེས་རབ་ཆུང་བ་སྟེ། དངོས་སུ་ཆོས་ལ་འཇུག་པའི་བློ་མེད་པའམ། སྦྱངས་ནས་ཐེག་པ་ཆེན་པོ་ལ་འཇུག་པའོ། །མདོ་བསྲེས་ལས། རྨོངས་པ་བསལ་ཕྱིར་སེམས་བསྐྱེད་དེ། །ངོ་མཚར་གཅིག་གིས་འདུ་ཤེས་བསྒྱུར། །ཞེས་པ་དང་། ལམ་རིམ་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་ཕྲ་ལ་རབ་སྦྱངས་པའི། །ཞེས་གསུངས་སོ། །རྣོན་པོ་ནི་དབང་པོ་རྣོ་ཞིང་ཤེས་རབ་ཆེ་བ་སྟེ། མ་བསགས་མ་སྦྱངས་པ་ཐེག་པ་ཆེན་པོ་གོ་ནུས་རྟོགས་ནུས་ཀྱི་བློ་དང་ལྡན་པའོ། །མདོ་བསྲེས་ལས། རང་བཞིན་གྱིས་སངས་རྒྱས་པ་དང་། ས་ནོན་པ་དང་། བདེན་པ་མཐོང་བ་ཡང་འབྱུང་ངོ་། །ཞེས་པ་དང་། ལམ་རིམ་ལས། མ་སྦྱངས་གྲུབ་པ་གསུམ་ཕྱིར་གྱིས། །མཐོ་བརྟན་མྱུར་རྣོ་རྒྱ་ཆེ་ཡངས། །ཞེས་གསུངས་སོ། །གཉིས་པ་རྣོ་རྟུལ་ཡོད་མེད་ཀྱི་བརྟགསཔ་ནི། མེད་པར་འདོད་པ་དང་། ཡོད་པར་འདོད་པའོ། །སྔ་མ་ལ་གཉིས་ཏེ། མེད་པར་འདོད་པ་དང་། ཡོད་པར་འདོད་པ་ལ་སྐྱོན་བརྗོད་པའོ། །དང་པོ་ནི། ཤེས་བྱའི་གཤིས་སྟོང་པའམ། རང་བཞིན་གྱིས་རྣམ་པར་དག་པ་ཡིན་ལ། དེ་ལ་རྣོ་རྟུལ་གྱི་བྱེ་བྲག་གང་ཡང་མེད་ཅིང་མཉམ་པར་འདོད་པའོ། །མངོན་རྟོགས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་ཡོད་པ་མིན། །ཞེས་པ་དང་། མདོ་ལས། ཐམས་ཅད་ནས་ཐམས་ཅད་དུ་སྙིང་པོ་བྱང་ཆུབ་ཉིད་ལས་མ་གཏོགས་པ་གང་ཡང་མེད་དོ། །ཞེས་པ་དང་། གཞིའི་སྐབས་སུ་བསྟན་པའི་ལུང་དེ་རྣམས་སོ། །ཡང་རྣོན་པོ་གཅིག་པུ་ཡིན་ཏེ། སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་པས་ཐེག་པ་ཆེན་པོའི་རིགས་ལས། ཆུང་ངུའི་རིགས་མེད་དོ། །ཞེས་པ་དང་། ཡང་རྟུལ་པོ་གཅིག་པུར་འདོད་དེ། སེམས་རྒྱུའི་རྣམ་པ་ཡིན་ཏེ། སྦྱངས་ནས་སངས་རྒྱས་པ་ལས། མ་སྦྱངས་པར་རྟོགས་ཤིང་གྲོལ་བ་མེད་དོ། །ཞེས་ཟེར་རོ། །དེ་གཉིས་ཀྱི་ལུང་རྣམས་ནི་རྣོ་རྟུལ་ཕྱོགས་རེ་བའི་ལུང་རྣམས་སོ། །གཉིས་པ་གཞི་ལ་རྣོ་རྟུལ་གཉིས་ཀ་ཡོད་ན་བདེ་བར་གཤེགས་པའི་སྙིང་པོས་ཐམས་ཅད་ལ་མ་ཁྱབ་པ་དང་། གཞི་བཟང་ངན་ཅན་དུ་ཐལ་བ་དང་། སངས་རྒྱས་ཏེ་མཐར་ཐུག་གི་དུས་སུ་ཡང་། བཟང་ངན་འོང་བར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །རྣོ་རྟུལ་གཉིས་ག་ཡོད་པར་འདོད་པ་ལ་གཉིས་ཏེ། ཡོད་ལུགས་དང་། ཐེ་ཚོམ་གྱི་གེགས་བསལ་བའོ། །དང་པོ་ནི། ཐ་དད་ཀྱི་སྣང་བ་གང་ཡང་མ་འགགས་པའི་མཉམ་པ་རིས་མེད་དུ་ཡོད་དེ། དེ་ཡང་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སམ། རང་བྱུང་གི་ཡེ་ཤེས་ལས་གཞན་གྱི་སེལ་མེད་པར་གཅིག་པའི་ཆ་ནས། བཟང་ངན་དང་རྣོ་རྟུལ་གང་ཡང་མེད་ལ། དེ་ཉིད་སྣ་ཚོགས་སུ་སྣང་ཞིང་རྟོགས་པར་བྱེད་པའི་ཆ་ནས་རྣོ་རྟུལ་གཉིས་ཀ་ཡོད་དོ། །གཉིས་པ་ལ་གསུམ་སྟེ། གཞན་གྱི་སྐྱོན་བསལ་བ་དང་། རྣོ་རྟུལ་གཉིས་མེད་ན་སླར་སྐྱོན་བརྗོད་པ་དང་། རྣོ་རྟུལ་ཡོད་པར་བསྒྲུབ་པའོ། །དང་པོ་ནི། ཐོག་མ་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་ཀྱང་། དེ་ཉིད་བློའི་རིགས་སྣ་ཚོགས་སུ་སྣང་བའོ། །གཉིས་པ་གཞི་བཟང་ངན་ཅན་དུ་ཐལ་ཞེས་པ་དེ། བཟང་ངན་གྱི་སྣང་བ་མ་འགགས་པར་ཐལ་ཟེར་རམ། མཐར་རེད་དུ་ཐལ་ཟེར། སྔ་མ་ལྟར་ན་འདོད་དེ། སེམས་ཀྱི་རང་བཞིན་སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །ཕྱི་མ་ལྟར་ན་ཧེ་དུ་མ་གྲུབ་སྟེ། ཆོས་ཀུན་རང་བྱུང་ཡེ་ཤེས་ལ་བཟང་ངན་བླང་དོར་མེད་པའོ། །གསུམ་པ་གཞི་ལ་རྣོ་རྟུལ་ཡོད་ན། མཐར་ཐུག་སངས་རྒྱས་པའི་དུས་སུ་ཡང་བཟང་ངན་ཡོད་པར་ཐལ་ཞེས་པ་ནི། གཞི་ལ་རྣོ་རྟུལ་རང་རྒྱུད་ཐེར་ཟུག་པར་ཡོད་པར་འདོད་ན་སྐྱོན་དེ་ཡོད་ལ། འདིར་ནི་རྣོ་རྟུལ་གྱི་སྣང་བ་གང་ཡང་མ་སྤངས་པའི་མཉམ་པ་རིས་མེད་དུ་ཡོད་པས། རྟོགས་པ་མཐར་ཕྱིན་པའི་དུས་སུ། མཉམ་པ་རིས་མེད་དུ་སངས་རྒྱས་པས། བཟང་ངན་མེད་པའོ། །གཉིས་པ་ནི། རྣོ་རྟུལ་མེད་ན། ལུང་མན་ངག་རིགས་པ་གསུམ་དང་འགལ་ཏེ། ལུང་མན་ངག་ནི་གོང་བཞིན་ནོ། །རིགས་པ་ནི། གཞི་ལ་རྣོ་རྟུལ་གྱི་སྣང་བ་གང་ཡང་མེད་ན། གདོད་མ་ཉིད་དུ་ཐམས་ཅད་གྲོལ་བའམ། གྲོལ་བ་གཏན་མི་འབྱུང་བར་ཐལ། ཅིའི་ཕྱིར་ན་རྣོ་རྟུལ་གྱི་སྣང་བ་མེད་ཅིང་མཉམ་པའི་ཕྱིར་རོ། །གཞི་ལ་མེད་ཀྱང་རྐྱེན་གྱིས་རྣོ་རྟུལ་དང་བཟང་ངན་འབྱུང་ངོ་ཞེ་ན། རྐྱེན་དེ་གཞི་ཡིན་ལོག་པ་གཅིག་ཡིན། གཞི་ཡིན་ན་གཞི་ལ་བཟང་ངན་མེད་པས་རྐྱེན་ལའང་བཟང་ངན་མེད་དེ་སྐྱོན་སྔ་མ་བཞིན་ནོ། །གཞི་ལས་ལོག་པའི་རྐྱེན་གཅིག་ཡོད་ན། གཞི་མུ་མཐའ་ཅན་དུ་ཐལ་བ་དང་། རྐྱེན་གཞན་གྱིས་བྱེད་པའི་ཕྱིར། ཕྱ་དང་དབང་ཕྱུག་བདེན་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །གཞན་ཡང་བློ་ཆེ་ཆུང་དང་འཁྲུལ་པ་ལ་སོགས་པའི་བསམ་གྱིས་མི་ཁྱབ་པ་འདི་རྣམས་གཞི་ལས་མ་བྱུང་ཞིང་། གཞི་མི་འདོད་པར་ཐལ། འདོད་ན་གཞི་དེ་ཀུན་གྱི་གཞི་མ་ཡིན་པར་ཐལ་བའི་སྐྱོན་འོང་ངོ་། །ཅིའི་ཕྱིར་ན་གཞི་ལ་མེད་པའི་ཕྱིར་རོ། །མེད་ཀྱང་བྱུང་ན་སངས་རྒྱས་ལ་སྡུག་བསྔལ་འོང་བར་ཐལ་བའི་སྐྱོན་འོང་ངོ་། །ཅིའི་ཕྱིར་ན་གཞི་ལ་མེད་པའི་ཕྱིར་རོ། །རྣོན་པོ་གཅིག་པུ་ཡོད་ན། ཐེག་པ་ཆུང་ངུ་ཡི་རིགས་མེད་པས། ཐེག་ཆུང་དང་། དྲང་དོན་གསུང་བ་དོན་མེད་པར་ཐལ་བ་དང་། ཐམས་ཅད་གཅིག་ཆར་དུ་གྲོལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །རྟུལ་པོ་གཅིག་པུ་ཡིན་ན། དང་པོ་ཆོས་སྟོན་པའི་མཁན་པོ་མེད་པས། གྲོལ་བ་གཏན་མི་འབྱུང་བར་ཐལ་བ་དང་། ཐེག་ཆེན་གྱི་རིགས་མེད་པས་ཐེག་ཆེན་གསུང་པ་དོན་མེད་དུ་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཐེག་ཆེན་གྱི་རིགས་མེད་ཀྱང་། རྐྱེན་གྱིས་སྦྱངས་ནས་ཐེག་ཆེན་དང་སངས་རྒྱས་འབྱུང་ངོ་ཞེ་ན། ཐེག་ཆེན་དང་སངས་རྒྱས་འདུས་བྱས་སུ་ཐལ་བའི་སྐྱོན་འོང་ངོ་། །གསུམ་པ་ལུང་མན་ངག་རིགས་པ་གསུམ་གྱིས་བསྒྲུབ་སྟེ། ལུང་ནི། མདོ་ལས། སེམས་ཀྱི་རང་བཞིན་སྣ་ཚོགས་པའི་ཕྱིར། བློ་ཤིན་ཏུ་ཟབ་པ་དང་། མི་ཟབ་པ་དང་། ཡངས་པ་དང་། དོག་པ་དང་། བརྟན་པ་དང་། འགྱུར་བ་དང་། རྣོ་བ་དང་། རྟུལ་བ་དང་། མྱུར་བ་དང་། བུལ་བ་དང་། ཤ་སྟག་པས་གསང་སྔགས་ཀྱི་ངོ་བོ་ཉིད་ཀྱི་གཏམ། རིམ་གྱིས་པ་དང་། གཅིག་ཆར་བ་དང་། ཐོས་ན་ཞེས་པ་དང་། ཀུན་བྱེད་ལས། ལྷ་མི་སེམས་ཅན་དབང་པོ་མི་མཐུན་ཏེ། །ལ་ལ་དབང་པོ་སྦྱངས་པའི་འཕྲོ་ཅན་ཡོད། །ལ་ལ་ཡེ་ནས་དབང་པོ་གཅིག་ཆོད་ཡོད། །ཅེས་པ་དང་། ཡེ་ཤེས་རྫོགས་པ་ལས། འགྲོ་དྲུག་དབང་པོ་གཅིག་ཆོད་དམ། །སྦྱངས་པའི་འཕྲོ་ཅན་གང་ཡང་རུང་། །ཞེས་སོ། །མན་ངག་ནི། ལམ་རིམ་ལས། དེ་ཡང་རང་བཞིན་སྦྱངས་པ་ཡི། །སྣོད་དུ་གྱུར་ལ་ཉེ་རིང་ཕྱིར། །ཞེས་པ་ལ་སོགས་པ་གསུངས་སོ། །རིགས་པ་ནི། གཞི་ལ་རྣོ་རྟུལ་གཉིས་ཀ་ཡོད་དེ། སེམས་ཀྱི་རང་བཞིན་སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །ཧེ་དུ་ནི། སྣ་ཚོགས་སུ་སྣང་བ་ཉིད་ཀྱིས་འགྲུབ་བོ། །སྣ་ཚོགས་སུ་སྣང་བས་རྣོ་རྟུལ་གཉིས་ཀ་ཡོད་པར་འགྲུབ་བོ། །ཡང་གཞི་ལ་རྣོ་རྟུལ་གཉིས་ཀ་ཡོད་དེ། འཁྲུལ་གྲོལ་ལ་སོགས་པ་སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །ཧེ་དུ་ནི་སྣོགས་སུ་སྣང་བ་ཉིད་ཀྱིས་འགྲུབ་ལ། སྣ་ཚོགས་སུ་སྣང་བས་རྣོ་རྟུལ་གཉིས་ཀ་ཡོད་པ ར་འགྲུབ་བོ། །ཡང་གང་ཟག་གཅིག་གི་ཤེས་པའི་རྒྱུད་ལའང་རྣོ་རྟུལ་གཉིས་ཡོད་དེ། ལུང་མན་ངག་ནི་གང་བཞིན་ནོ། །རིགས་པ་ནི། སེམས་ཀྱི་རང་བཞིན་སྣ་ཚོགས་པ་ཡིན་པའི་ཕྱིར། རྣོ་རྟུལ་གཉིས་ཀ་ཡོད་དེ་གོང་བཞིན་ནོ། །དེ་ལ་གཞན་གྱིས་སྐྱོན་བརྗོད་པ་ནི། འགྲོ་ལ་སེམས་རྒྱུད་གཉིས་འཆང་དུ་ཐལ་བ་དང་། གང་ཟག་གཅིག་ལམ་གཉིས་ལ་དུས་གཅིག་ཏུ་བགྲོད་པར་ཐལ་པ་དང་། གང་ཟག་རེ་རེ་ལ་རྣོ་རྟུལ་གཉིས་ཀ་གྲུབ་པས། ཐམས་ཅད་རྣོ་རྟུལ་ཁྱད་མེད་པར་ཐལ་བའི་སྐྱོན་དང་། ཡང་སྐབས་འགའ་ཞིག་ན་གྲུབ་བམ། དུས་རྒྱུན་དུ་གྲུབ་པ་ཡིན་བརྟགས། སྐབས་འགའ་ཞིག་ན་གྲུབ་ན། རྟོག་པ་གཉིས་ཅིག་ཆར་དུ་འཇུག་པར་ཐལ་བ་དང་། དུས་རྒྱུན་དུ་གྲུབ་ན་སངས་རྒྱས་པའི་དུས་ཐེགས་ཆེན་མི་གོ་མི་རྟོགས་པར་ཐལ་བའི་སྐྱོན་འོང་ངོ་། །དང་པོ་ནི། འགྲོ་ལ་ཤེས་རྒྱུད་གཉིས་འཆང་དུ་ཐལ་ཞེས་པ་དེ། བློའི་འཆར་ལུགས་གཉིས་འཆང་དུ་ཐལ་ཟེར་རམ། རིག་པའི་རྒྱུད་གཉིས་འཆང་དུ་ཐལ་ཟེར། སྔ་མ་ལྟར་ན་འདོད་དེ། previous hit སེམས་ཀྱི་རང་བཞིན་སྣ་ཚོགས་སུ་འཆར next hit་བའི་ཕྱིར་རོ། །ཕྱི་མ་ལྟར་ན་ཧེ་དུ་མ་གྲུབ་སྟེ། ཤེས་རྒྱུད་ཅིག་གི་སྣང་ཚུལ་ཡིན་པའི་ཕྱིར་རོ། །གཉིས་པ་གང་ཟག་གཅིག་ལམ་གཉིས་ལ་དུས་གཅིག་བགྲོད་པར་ཐལ་ཞེས་པ་ནི། སྣོད་ཡོད་ཚད་ལ་བཅུད་ཀྱིས་མ་ཁྱབ་པ་དང་། རྟུལ་པོས་ཐེག་པ་ཆུང་ངུ་ལ་ཞུགས་ཙམ་ན། རྟུལ་པོ་ནུས་ལྡན་དུ་ཡོད་ལ། རྣོན་པོ་རྒྱུད་ལྡན་དུ་ཡོད་པའོ། །རྣོན་པོས་ཐེག་པ་ཆེན་པོ་ལ་ཞུགས་ཙམ་ན། རྣོན་པོ་ནུས་ལྡན་དུ་ཡོད་ལ། རྟུལ་པོ་རྒྱུད་ལྡན་དུ་ཡོད་པས། གཅིག་ལ་ཞུགས་པ་ཙམ་ན་གཅིག །དངོས་སུ་མི་འབྱུང་བས་གཉིས་ཀའི་སྐྱོན་མི་འོང་ངོ་། །ཅེས་གསུངས་སོ། །ཡང་གཉིས་ཀ་གྲུབ་ཀྱང་གཙོ་གང་ཆེ་བ་གཅིག་ཏུ་འགྱུར་ཏེ། དེ་རང་ལ་ཡང་གཉིས་ཀ་ཚང་ཞིང་། ལམ་གཅིག་ལ་བསྒྲོད་པའོ། །གསུམ་པ་ནི། གཉིས་ཀ་གྲུབ་ན་ཐམས་ཅད་ཁྱད་མེད་དུ་ཐལ་ཞེས་པ་ནི། གཉིས་ཀ་གྲུབ་ཀྱང་ལ་ལ་རྣོན་པོ་ནུས་ལྡན་དུ་ཡོད། རྟུལ་པོ་རྒྱུད་ལྡན་དུ་ཡོད་ལ། ལ་ལ་ལ་རྟུལ་པོ་ནུས་ལྡན་དུ་ཡོད། རྣོན་པོ་རྒྱུད་ལྡན་དུ་ཡོད་པས། ཁྱད་མེད་དུ་ཐལ་བའི་སྐྱོན་མི་འོང་ངོ་། །བཞི་པ་ནི། གཞི་མ་རྟོགས་ཤིང་འཁྲུལ་ལ། དེ་རྟོགས་པར་བྱེད་པའི་གནས་སྐབས་ན། རྣོ་རྟུལ་གཉིས་ཀ་རྒྱུད་ལྡན་དང་ནུས་ལྡན་དུ་གྲུབ་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །ཡང་གང་ཟག་གཅིག་གི་ཤེས་པའི་རྒྱུད་ལ་རྣོ་རྟུལ་གཉིས་ཀ་གྲུབ་ཀྱང་། རིག་པའི་རྒྱུད་གཅིག་ལ་མཚོན་ཚུལ་ཐ་དད་པའོ། །དེས་གོང་གི་སྐྱོན་དེ་དག་ལས་གྲོལ་ལོ། །དེ་ཡང་གང་ཟག་གཅིག་གིས་ཤེས་པའི་རྒྱུད་ལ་རྣོ་རྟུལ་གཉིས་ཀ་གྲུབ་བམ་མ་གྲུབ་ཅེས་པ་ནི། སྤྱིར་བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ་ཅིང་། རང་བྱུང་གི་ཡེ་ཤེས་ལ་གཞན་གྱི་སེལ་མེད་པར་རང་ཆས་སུ་ཐམས་ཅད་ལ་གནས་པས་རྣོ་རྟུལ་བཟང་ངན་མེད་པར་མཉམ་ལ། དེ་ཉིད་སྣ་ཚོགས་སུ་འཆར་བའི་ཆ་ནས་གཅིག་ཏུ་མ་ངེས་ཏེ། བློ་རྣོ་རྟུལ་གཉིས་ཀ་ལས་གྲོལ་བའི་རྣོན་པོ་གཅིག་པུ་དང་། རྟུལ་པོ་གཅིག་པུ་དང་། རང་བཞིན་གྱི་བློ་ཆུང་བའི་རྟུལ་པོ་དང་། བློ་རང་བཞིན་གྱིས་རྣོ་བའི་རྣོན་པོ་དང་། རྣོ་རྟུལ་གཉིས་ཀ་ཡོད་པའོ། །དང་པོ་ནི། གཞི་རང་བྱུང་གི་སྟོན་པ་འཁྲུལ་མ་མྱོང་གི་སངས་རྒྱས་སོ། །གཉིས་པ་ནི། སྤྱིར་འཁོར་བ་ལ་ཐོག་མཐའ་མེད་པས་ཆོས་དང་མི་འཕྲད་ཅིང་མི་གྲོལ་བའོ། །གསུམ་པ་ནི། ཐེག་པ་ཆུང་ངུ་དུ་རིགས་ངེས་ཤིང་སྦྱངས་ནས་འཇུག་པར་བྱེད་པའོ། །བཞི་པ་ནི། རང་བཞིན་གྱི་དབང་པོ་རྣོན་པོ་རྟོགས་གྲོལ་དུས་མཉམ་པའོ། །ལྔ་པ་ནི། བློའི་རིགས་མ་ངེས་ཤིང་། ལམ་ངེས་མེད་དུ་བགྲོད་པའོ། །དེས་ན་ཕྱོགས་གཅིག་ཏུ་གང་ཡང་མི་གནས་ཏེ། གང་ཡང་མི་འགལ་བར་གོ་བའོ། །བཞི་པ་གཞི་ལ་འཁྲུལ་གཞི་ཡོད་དམ་མེད་ནི། མེད་པ་ལས་འཁྲུལ་པ་དང་། ཡོད་པ་ལས་འཁྲུལ་པ་དང་། གཉིས་མེད་ལས་སོ། །དང་པོ་ནི། དབུ་མ་པ་ལ་སོགས་པ་གཤིས་ཆོས་ཉིད་སྟོང་པ་ཅིའི་ངོ་བོར་ཡང་མ་གྲུབ་པས། འཁྲུལ་པ་གཞི་མེད་ལས་འཁྲུལ་པ་དང་། ཡང་གསང་སྔགས་པ་ལ་སོགས་པ་ལ་ལ་དག །རིག་པའི་ཡེ་ཤེས་རྣམ་པར་དག་པ། འཁྲུལ་པའི་གཞི་མེད་པ་ལས་འཁྲུལ་བར་འདོད་པའོ། །གཉིས་པ་ནི། གཞི་ལ་སོ་སོ་སྐྱེ་བོའི་སྣང་བ་རང་རྒྱུད་པ་འདི་ཁོ་ན་ལྟར་གྲུབ་པར་འདོད་ཅིང་། འཁྲུལ་གཞི་ཡོད་པ་ལས་འཁྲུལ་པར་འདོད་པའོ། །གསུམ་པ་གཉིས་མེད་ལས་འཁྲུལ་པ་ནི། ཡོད་མེད་གཉིས་ལས་འཁྲུལ་པར་འདོད་པའི་མཐའ་དགྲོལ་བ་དང་། གཉིས་མེད་ལས་འཁྲུལ་ཚུལ་ལོ། །དང་པོ་ནི་སྟོང་པ་ཅི་ཡང་མེད་པ་ལས་འཁྲུལ་ན། གཤིས་ཆད་པའི་མཐར་ཐལ་བ་དང་། མུ་སྟེགས་ཆད་པ་བདེན་པར་ཐལ་བ་དང་། འཁོར་བ་གློ་བུར་དུ་བྱུང་བར་ཐལ་བའི་སྐྱོན་འོང་ངོ་། །རིག་པའི་ཡེ་ཤེས་རྣམ་པར་དག་པ་འཁྲུལ་པ་གཞི་མེད་ལས་བྱུང་ན། སངས་རྒྱས་ནས་ཀྱང་འཁྲུལ་པ་འབྱུང་བར་ཐལ་བ་དང་། ཡང་གཞི་དེ་མྱ་ངན་ལས་འདས་པའི་མཐར་ཐལ་བ་དང་། རྒྱུད་དག་གི་སངས་རྒྱས་སུ་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཡང་གཞི་ལ་འཁྲུལ་པ་དངོས་པོ་རང་རྒྱུད་པར་ཡོད་ན། གྲོལ་ཐར་བར་གཏན་མི་འབྱུང་བར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཡེ་ཤེས་ཆེན་པོ་ལས། གནས་ལུགས་འཁྲུལ་གཞི་ཡོད་དམ་འོན་ཏེ་མེད་ལས་འཁྲུལ། ཡོད་འཁྲུལ་སངས་མི་རྒྱས་ཤིང་མེད་འཁྲུལ་སངས་དོན་མེད། ཅེས་སོ། །གཉིས་པ་ནི། འཁྲུལ་གཞི་ཡོད་མེད་གཉིས་མེད་པས། །ཞེས་པས། གཤིས་རང་བྱུང་གི་ཡེ་ཤེས་ལ་གཞན་གྱི་སེལ་མེད་པའི་ཆ་ནས་འཁྲུལ་གཞི་མེད་ལ། དེ་རང་གིས་རང་ངོ་མ་ཤེས་པའི་ཆ་ནས་འཁྲུལ་གཞི་ཡོད་དེ། དེ་གཉིས་གཉིས་སུ་མེད་པ་ལས་འཁྲུལ་བའོ། །དེས་ན་འཁྲུལ་གཞི་ཡོད་པར་བཤད་པ་དང་། མེད་པར་བཤད་པའི་ལུང་ཡང་། རྒྱུ་མཚན་ཕྱོགས་རེ་ནས་གང་ཡང་མི་འགལ་བར་ཤེས་པར་བྱའོ། །དེ་ཡང་གཤིས་རང་བྱུང་གི་ཡེ་ཤེས་ཡེ་ནས་གནས་པ་དེ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་གཉིས་གཉིས་སུ་མེད་པ་ལས་འཁྲུལ་པ་ཡིན་ཏེ། འཁྲུལ་ཚུལ་གྱི་སྐབས་ནས་བཤད་པ་བཞིན་ནོ། །དེ་ཡང་། ནམ་མཁའ་མཐའ་མཉམ་ལས། ཐག་པའི་རང་བཞིན་སྦྲུལ་མིན་ཀྱང་། །འཁྲུལ་པས་སྦྲུལ་གྱི་ངོ་བོར་སྣང་། །དངོས་པོ་སྦྲུལ་དུ་མི་གནས་ཀྱང་། །འཁྲུལ་པའི་ངོ་བོ་ལ་སྣང་བཞི་ཡོད། །རང་སེམས་མ་བཅོས་ཇི་བཞིན་ལ། །རྟོགས་དང་མ་རྟོགས་མི་གནས་ཀྱང་། །འཁྲུལ་པས་གཉིས་སུ་རྟོག་པར་བཟུང་། །དངོས་ལ་དེ་ལྟར་མི་གནས་ཀྱང་། །རང་རང་ཞེན་པའི་དབང་གིས་ན། །དེ་ལྟར་སྣང་བ་འཁྲུལ་ཞིང་གནས། །ཞེས་པ་དང་། ཐུག་ཐིག་ལས། དྲུག་གི་འགྲོ་བ་ཐམས་ཅད་ཀྱི། །སེམས་ཉིད་ནོར་བུ་རིན་པོ་ཆེ། །ཅི་ལྟར་བལྟས་པར་སྣང་བ་ལ། །འཁྲུལ་གཞི་ཡོད་མེད་སྒྲོ་སྐུར་བྲལ། །ཞེས་པ་དང་། ཀུན་འདུས་ལས། མ་རིག་ཡེ་ཤེས་ཐ་དད་མིན། །མ་རྟོགས་རྟོགས་པའི་ལམ་དུ་གཅིག །ཅེས་པ་ལ་སོགས་པ་རྒྱུད་ལུང་མན་ངག་དུ་མ་ལས་གསུངས་སོ། །ལྔ་པ་རྒྱུད་གཅིག་གམ་ཐ་དད་ནི། གཅིག་ན་གཅིག་གྲོལ་བས་ཐམས་ཅད་གྲོལ་བའམ། གཅིག་གི་རྣམ་སྨིན་ཐམས་ཅད་ལ་འོང་བའི་སྐྱོན་འོང་ལ། ཐ་དད་ན་མུ་སྟེགས་ཀྱིས་བརྟགས་པའི་བདག་གྲུབ་ཅིང་། གཟུང་འཛིན་རང་རྒྱུད་དུ་བདེན་པའི་སྐྱོན་འོང་ངོ་། །འོ་ན་ཅི་ལྟར་ཡིན་ན་གཅིག་དང་ཐ་དད་ཀྱི་ངོ་བོ་ལས་གྲོལ་བའམ། མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་ཏེ། རྒྱས་པར་སྣང་བ་བཞི་གཅིག་ཐ་དད་དང་། མ་འདྲེས་ཡོངས་རྫོགས་ཀྱི་སྐབས་ནས་སྟོན་ནོ། །གཅིག་ན་སྐྱོན་ནི། ཡེ་ཤེས་གཏིང་རྫོགས་ལས། འཁྲུལ་པའི་རྟོག་སེམས་འགྲོ་བ་སོ་སོའི་སེམས། །གཅིག་ན་དགེ་སྡིག་རྣམ་སྨིན་འདི་དག་ཀྱང་། །མ་སྤྱད་སེམས་ཅན་ཀུན་གྱིས་མྱོང་བར་རིགས། །ལས་ཀྱི་རྣམ་སྨིན་ཐུན་མོང་མ་གྲུབ་ཕྱིར། །བག་ཆགས་བརྟས་པས་འཁྲུལ་པའི་སྡུག་བསྔལ་ཡིན། །ཞེས་པ་དང་། མུ་སྟེགས་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བའི་སྡེ་པའི་སྐབས་སུ་སྐྱོན་བརྗོད་པ་བཞིན་ནོ། །མི་གཅིག་ན་སྐྱོན་ནི། ཡེ་ཤེས་གཏིང་རྫོགས་ལས། ངོ་བོ་ཉིད་ཀྱི་སྐུ་ལ་འགྱུར་བ་མེད་པའི་ཕྱིར། །བློ་ཡིས་བརྟགས་པ་གཅིག་ཡུལ་གཅིག་མིན་པས། །རང་སེམས་འཁྲུལ་པར་སྣང་བར་ཐེ་ཚོམ་མེད། །དེ་ཕྱིར་དབང་པོའི་ཡུལ་རྣམས་གཞི་ལ་མེད། །ཅེས་པ་དང་། བརྒལ་ལན་ལས། ཆོས་ཉིད་གཅིག་སྟེ་དབྱེ་བ་མེད་པ་ལས། །འཛིན་པའི་ཤེས་པ་ཐ་དད་མཐོང་བ་ཡིན། །ཐ་དད་པ་ནི་འཛིན་པ་ཡིན། །མི་འདྲ་བ་ནི་འཛིན་པ་ཡིན། །དངོས་པོ་ཐམས་ཅད་འཛིན་པ་ཡིན། །དངོས་མེད་ཉིད་ཀྱང་འཛིན་པ་ཡིན། །ཞེས་པ་དང་། ཡང་། དུག་གསུམ་རྩ་བ་འཛིན་པ་ཡིན། །འཛིན་པའི་ཤེས་པ་མ་ཡིན་པའི། །ཐ་དད་མིན་འདྲ་རྒྱུ་མཚན་ནི། །ཡོད་པར་སེམས་དཔས་མ་གསུངས་སོ། །ཞེས་གསུངས་སོ། །གཉིས་ཀའི་སྐྱོན་མེད་ཅིང་ཐ་དད་ལས་གྲོལ་བ་ནི། སྣང་བ་བཅུ་བདུན་པ་ལས། རྟོགས་སེམས་འགྲོ་བ་སོ་སོའི་སེམས། །གཅིག་ན་དགེ་སྡིག་རྣམ་སྨིན་ཀྱང་། །མ་སྤྱང་ཀུན་གྱིས་མྱོང་བར་རིགས། །དེ་མིན་ཡང་དག་དོན་མི་རུང་། །རྣམ་སྨིན་ཐུན་མོང་མ་གྱུར་ཕྱིར། །གཅིག་མིན་དེ་ཉིད་མ་སྐྱེས་པས། །ཐ་དད་དོན་དུའང་མི་རུང་སྟེ། །གཅིག་དང་ཐ་དད་ལས་གྲོལ་བའོ། །ཞེས་པ་དང་། ཀློང་ཆེན་རབ་འབྱམས་རྒྱལ་པོ་ལས། །མཉམ་པའི་ཀློང་ན་ཕྱོགས་རིས་མེད། །ཀློང་ཆེན་གཅིག་ལས་མ་གཡོས་པར། །ཀློང་ཕྲན་མཐའ་ཡས་ཀུན་འབྱམས་ཡང་། །ངེས་མེད་མི་འགྱུར་ཀློང་དུ་འབྱམས། །ཞེས་གསུངས་སོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ཞེས་བྱ་བ་ལས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི་བསྟན་པའི་ལེའུ་སྟེ། གསུམ་པའོ།།
༈ །།དེ་མ་རྟོགས་འཁྲུལ་ཚུལ་ལ་གཉིས་སྟེ། མ་རྟོག་ཏེ་འཁྲུལ་ཞིང་སྡུག་བསྔལ་བའི་ཚུལ་དང་། འཁྲུལ་ཡང་ཡེ་ཤེས་རང་ལ་གནས་པར་བསྟན་པའོ། །སྔ་མ་ནི། རིམ་གསུམ་ལས། འཁོར་བའི་རྒྱུ་རྐྱེན་ངོ་བོ་དང་། །དཔེ་དང་མཚན་ཉིད་བྱེད་པོ་དང་། །འཁོར་ཚུལ་ཉེས་པའི་དུས་རྣམས་སུ། །ངེས་པར་བསྟན་ཕྱིར་མགོན་པོས་བཤད། །ཞེས་པ་དང་། རྒྱན་ལས། འཁྲུལ་པ་རྒྱུ་རྐྱེན་འབྲས་བུ་དང་། །དཔེ་སྣང་ཚུལ་དང་ཉེས་པ་གྲངས། །ཞེས་པས། འཁྲུལ་པའི་རྒྱུ་དང་། རྐྱེན། ངོ་བོའམ་འབྲས་བུ། དཔེ་འམ་འཁོར་ཚུལ། མཚན་ཉིད། བྱེད་པོ། ཉེས་པ། དུས། རྣམ་གྲངས་དང་དགུའོ། །རྒྱུ་ནི། རྒྱུ་མ་རིག་ཉེར་ལེན་ལ་སོགས་པ་སྟེ། ཁོག་དབུབ་ཀྱི་སྐབས་སུ་བཤད་པ་བཞིན་དང་། རིམ་གསུམ་ལས། འཁོར་བའི་འབྱུང་རྒྱུ་རྣམ་པ་བཞི། །རྒྱུ་མཚུངས་ལྷན་ཅིག་ཉེར་ལེན་པ། །བདེ་གཤེགས་སྙིང་པོ་མ་རིག་དང་། །རྣམ་སྨིན་བག་ཆགས་ཉོན་མོངས་ལྔའོ། །ཞེས་སོ། །རྐྱེན་ནི། ཀུན་བརྟགས་རགས་པའི་ཉོན་མོངས་པ་ལྔ་དང་ལས་གསུམ་སྟེ། རྐྱེན་གཉིས་བསྟན་པ་ལས་གསུམ་དང་། །ཀུན་བརྟགས་མ་རིག་ཉོན་མོངས་ལྔའོ། །ཞེས་སོ། །ངོ་བོ་ནི། ཁམས་གསུམ་དུ་སྨིན་ཅིང་སྡུག་བསྔལ་བའོ། །ངོ་བོ་སྣོད་བཅུད་འཇིག་རྟེན་གྱི། །སྣང་དང་ཞེན་པའི་ཆོས་རྣམས་སོ། །ཞེས་པ་དང་། རྒྱན་ལས། དེ་ཡིས་ཁམས་གསུམ་སྣོད་དང་བཅུད། །འཁྲུལ་འཁོར་དྲག་པོ་ཉེས་འདྲར་སྨིན། །ཞེས་སོ། །དཔེ་ནི་ཟོ་ཆུ་ཁྱུད་མོ་བཞིན་དུ་ཁམས་གསུམ་དུ་འཁྱམས་ཞིང་འགྲོ་དྲུག་ཏུ་འཁོར་བའོ། །རིམ་གསུམ་ལས། ཟོ་ཆུན་རྩ་སོགས་མེ་དཔེ་བཞིན། །ཀུན་ཏུ་འཁོར་ཞིང་མཆེད་པའོ། །ཞེས་པ་དང་། རྒྱན་ལས། ཟོ་ཆུ་འཁོར་ལོའི་ཁྱུད་མོ་ལྟར། །ཕྱི་ནང་རྟེན་འབྲེལ་ཤུགས་ཀྱིས་བསྐྱར། །ཞེས་གསུངས་སོ། །མཚན་ཉིད་ནི། མི་རྟག་སྐྱེ་འཇིག་དང་བཅས་པའམ། རང་དབང་མ་ཐོབ་པའོ། །རིམ་གསུམ་ལས། འཇིགས་དང་ཆགས་དང་སྟོང་དང་གནས། །སྐྱེ་རྒས་ན་འཆི་བཞིར་ལྡན་པ། །མཚན་ཉིད་ཐེར་ཟུག་མ་ཡིན་པའོ། །ཞེས་གསུངས་སོ། །བྱེད་པོ་ནི། སྲིན་གྱི་ཁ་ཆུ་ལྟར་རང་རང་གིས་བྱས་པའོ། །རྒྱུན་དང་བཅས་པའི་སྐད་ཅིག་མས། །ལས་ཀྱི་བྱེད་པོར་དེ་བརྗོད་པའོ། །ཞེས་གསུངས་སོ། །ཉེས་པ་ནི། འཁྲུལ་གྱིས་མི་མདོ་སྟེ། སྡུག་བསྔལ་ཞིང་ཐར་པའི་ལམ་དང་བྲལ་བའོ། །རྒྱས་པར་སྟོང་ཐུན་གྱི་སྐབས་བཞིན་ཤེས་པར་བྱའོ། །འཕགས་ལམ་དང་བྲལ་སྡུག་བསྔལ་མྱོང་། །ཉེས་པ་རྣམ་པ་གཉིས་གསུམ་གསུམ། །ཞེས་པ་དང་། རྒྱན་ལས། མ་རིག་འདམ་གྱི་ཕུང་པོ་ལ། །ཉོན་མོངས་དུག་གི་གཞི་བཏབ་པས། །སྡུག་བསྔལ་སྣ་ཚོགས་ཉེས་པས་ཉེན། །ཞེས་གསུངས་སོ། །དུས་ནི། ཁམས་གསུམ་སྤྱི་བཙན་ལ་ཐོག་མ་དང་ཐ་མ་གཉིས་ཀ་མེད་པར་གསུངས་ཏེ། རིམ་གསུམ་ལས། ཐོག་མ་ཐ་མ་མེད་དུས་ནས། །ཡང་དག་དོན་མ་རྟོགས་པས་ཉམས། །ཞེས་པ་དང་། རྒྱན་ལས། ཡིན་པར་གནས་དང་མ་ཤེས་པ། སྔ་ཕྱི་མི་གནས་ཐོག་མ་མེད། །ཚད་ལས་འདས་པས་ཐ་མའང་བྲལ། །རྒྱུན་དུ་མི་སྟོང་འཁོར་ལོ་བསྐོར། །ཞེས་པ་དང་། སྡུད་པ་ལས། མ་རིག་འཁྲུལ་འཁོར་དེ་ནི་ཟད་མེད་འཕེལ་བ་མེད། །ཞེས་པ་དང་། མདོ་ལས། འཁོར་བ་ཐོག་མ་ཐ་མ་མེད་པར་སྐྱེ་བ་ཐོག་མ་ཐ་མ་མེད་པའི་ལས་དང་། ཞེས་པ་དང་། མུན་པ་དང་སྒྲོན་མའི་བསྐལ་པ་འདྲེས་མར། ཐོག་མ་དང་ཐ་མ་མེད་པར་བྱུང་ཞིང་འབྱུང་སྟེ། ཞེས་སོ། །གང་ཟག་སྒོས་བཙན་དུ་ཐོག་མ་མེད་ལ་ཐ་མ་ཡོད་པ་སྟེ། ལམ་ཉམས་སུ་བླངས་པས་འཁོར་བ་ལས་གྲོལ་ཞིང་སངས་རྒྱས་པ་རྣམས་སོ། །ལུང་ནི་ཐེག་པ་རང་རང་གི་སྐབས་ནས་བཤད་ཅིང་གྲོལ་བ་རྣམས་སོ། །འོ་ན་སྤྱིས་བྱེ་བྲག་ལ་ཁྱབ་བམ་མ་ཁྱབ་ཅེ་ན། སྤྱིས་བྱེ་བྲག་ལ་ཁྱབ་ལ། ཚོགས་པའི་བྱེ་བྲག་གིས་ཚོགས་པའི་སྤྱི་ལ་ཁྱབ་ལ། རིགས་ཀྱི་བྱེ་བྲག་གིས་རིགས་ཀྱི་སྤྱི་ལ་མ་ཁྱབ་བོ། །དང་པོ་ནི། ཤ་ཁོག་གི་ཚོགས་སྤྱི་ལ་བྱེ་བྲག་རྐང་པས་མ་ཁྱབ་པ་ལ་སོགས་པ་ལྟ་བུའོ། །གཉིས་པ་ནི། མི་སྤྱིས་བྱེ་བྲག་ལ་ཁྱབ་ལ། བྱེ་བྲག་ཏུ་མི་གཅིག་མིག་ལོང་བས་མ་ཁྱབ་པ་བཞིན་ནོ། །དེ་ཡང་ཁམས་གསུམ་སྤྱིས་བྱེ་བྲག་ལ་ཁྱབ་ལ། བྱེ་བྲག་གྲོལ་བས་སྤྱི་ལ་མ་ཁྱབ་པའོ། །རྣམ་གྲངས་ནི། རྒྱན་ལས། རྣལ་མ་མ་རྟོགས་ལོག་པར་རྟོག །བཀའ་ལ་ཕྱོགས་ཆར་བརྟགས་པས་འཁྲུལ། །ཞེས་པས། མ་རྟོགས་པ་འགྲོ་བ་དྲུག་དང་། ལོག་པར་རྟོག་པ་མུ་སྟེགས་དང་། ཕྱོགས་ཆར་རྟོགས་པ་ཐེག་པ་བརྒྱད་སྟེ། གོང་མ་གོང་མ་ལ་ལྟོས་ན་འོག་མ་ཡང་འཁྲུལ་བཤད་དེ། རང་རང་གི་སྐབས་ནས་བཤད་པ་བཞིན་ཤེས་པར་བྱའོ། །སྤྱི་དོན་གཉིས་པ་འཁྲུལ་ཀྱང་། ཆོས་ཀུན་རང་བྱུང་གི་ཡེ་ཤེས་ལས་གཡོས་པ་མེད་པར་བསྟན་པ་ནི། མདོ་ལས། སྣང་སྲིད་འཁོར་བའི་ཁ་བརྒྱུད་ཀྱང་། །སྙིང་པོའི་དབྱིངས་ལས་གར་མ་ཕྱིར། །མཐར་ཐུག་མེད་པའི་ཞིང་བགྲོད་ཀྱང་། །སྙིང་པོ་དེ་ལས་གཡོས་པ་མེད། །དཔག་མེད་རྒྱལ་བའི་སྐུ་བསྐྲུན་ཀྱང་། །སྙིང་པོ་ཡོངས་སུ་འཕེལ་བ་མེད། །སེམས་ཅན་མཐར་ཐུག་མེད་བྱུང་ཡང་། །དེ་ཉིད་དེ་ལས་འགྲིབ་པ་མེད། །སྐྱེ་བཞི་རྒྱུད་ལྔ་གང་སྣང་བས། །སངས་རྒྱས་ཉིད་དེ་ཡེ་ཤེས་སྐུ། །ཞེས་པ་དང་། ལམ་རིམ་ལས། དེ་ལྟའང་རྒྱལ་པོའི་ཕྲུ་གུ་འཁྱམས། །དེ་བཞིན་རིགས་ལས་འགྱུར་མེད་པས། །ཤུལ་དོན་རང་ལས་གཞན་མེད་ཕྱིར། །འཕྲུལ་དགའི་ཚུལ་དེ་གཞན་ནས་མིན། །ཞེས་པ་ལ་སོགས་པ་གསུངས་སོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ཞེས་བྱ་བ་ལས་མ་རྟོགས་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ།།
༈ །།ལམ་བསྟན་པ་ལ་གཉིས་ཏེ། སྣོད་དང་བཅུད་ཀྱི་ཁྱད་པར་བསྟན་པ་དང་། གོལ་སྒྲིབ་ཀྱི་དམིགས་བཅད་ལ་ལམ་སོ་སོའི་བྱེ་བྲག་ཕྱེ་སྟེ་རྟོགས་ཤིང་ཉམས་སུ་བླང་བའི་ལམ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བཅུད་ལྡན་བླ་མའི་མཚན་ཉིད་དང་། སྣོད་ལྡན་སློབ་མའི་མཚན་ཉིད་བསྟན་པའོ། །སྔ་མ་ལ་གསུམ་སྟེ། བླ་མའི་ཆེ་བའམ་དགོས་པ་བསྟན་པ་དང་། སློབ་དཔོན་ངན་པའི་མཚན་ཉིད་བརྟགས་ཅིང་སྤང་བ་དང་། མཚན་ཉིད་དང་ལྡན་པ་བརྟག་ཅིང་བརྟེན་པའོ། །དང་པོ་ནི། མདོ་ལས། བླ་མེད་སྙིང་པོ་སྨིན་པའི་རྐྱེན། །བློ་གྲོས་ཆེན་པོ་དྲི་བའི་ཡུལ། །ལམ་སྟོན་ས་མཁན་བཤེས་གཉེན་མགོན། །མུན་སེལ་སྒྲོན་མ་རིན་པོ་ཆེ། །མཐོང་མིག་དབང་པོ་ཡིད་རྣམ་ཤེས། །ཆུ་བོ་རབ་མེད་སྒྲོལ་བའི་གྲུ། །འཇིགས་པའི་རྫོང་ཆེན་བརྟན་པའི་མཁར། །འཁོར་བའི་གཅོང་འབྱིན་སྨན་པའི་མཆོག །མཚོ་གླིང་རིན་ཆེན་ལེན་བྱེད་པའི། །དེད་དཔོན་དམ་པའི་བླ་མ་དེ། །སྔོན་དུ་ངེས་པར་ཤེས་པར་བྱ། །ཞེས་གསུངས་སོ། །གཉིས་པ་ནི། སྤྱིར་དམ་པའི་མཛོད་ལྔ་དང་། གཞན་འཛིན་པའི་གཉེར་དང་མི་ལྡན་པར། རང་འདོད་ཀྱི་སྒོ་ནས་ཆོས་བརྒྱད་དོན་དུ་གཉེར་ཞིང་། བཅོས་མས་དམ་པའི་ཚུལ་འཛིན་པའོ། །བྱེ་བྲག་ཏུ། གྲུབ་པའི་མཐའ་ལས་ལོག་པའི་དང་། བསམ་གཏན་ཉམས་ལས་ལོག་པའི་དང་། མཛད་པ་ཆོས་སྲོལ་ལས་ལོག་པའི་དང་། བརྒྱུད་པ་བཀའ་བབ་ལས་ལོག་པའི་སློབ་དཔོན་ནོ། །གཅན་འཕྲང་ལས། མི་ཤེས་ལོག་པའི་བཤེས་གཉེན་ནི། །ཡང་དག་དོན་དང་མི་ལྡན་པར། །བཅོས་མས་དམ་པའི་ཚུལ་འཛིན་ཅིང་། །འདྲ་ཚུལ་ལོག་པར་སྟོན་པ་ནི། །དམ་པའི་མཛོད་གཉེར་མི་ལྡན་པར། །ཁོང་དྲག་དབང་གྱུར་སྣོད་མེད་ལ། །བྱང་སྒྲོན་གཏོང་ཞིང་བཀའ་ལ་འཛུད། །ཅེས་པ་དང་། བརྡའ་ཕྱག་རྒྱ་གསུམ་པ་ལས། དེ་མིན་བརྒྱུད་པས་དབུལ་བ་ནི། ཤེས་ཆུང་ཐོས་ཆུང་ང་རྒྱལ་ཅན། །ཕྱོགས་འཛིན་བདག་རྟོག་རྨོངས་པ་ལ། །མན་ཡང་རང་གྲོལ་དོན་མི་ལྡན། །བདག་ཕུང་གཞན་བརླགས་བསླུ་བྲིད་མཁན། །ཟང་ཟིང་གདུང་བས་ཆེ་བཅོས་སླུ། །ནམ་ཡང་བརྟེན་པར་མི་བྱའོ། །ཞེས་པ་ལ་སོགས་གསུངས་སོ། །དེ་ལྟ་བུ་དེ་བརྟགས་ལ་སྲོག་ལ་བབ་ཀྱང་སྤང་བར་བྱ་སྟེ། གཅན་འཕྲང་ལས། འདི་དག་གསང་བའི་སྲི་ཅན་བས། །ཚད་མར་མ་གྱུར་སྤྲེལ་འདྲ་སྟེ། །མི་ཆོས་ངེས་འབྲེལ་རྗེས་གྱུར་ནས། །སྲོག་འཕྲོག་ཉེས་པ་ཅི་བྱུང་ཡང་། །དམ་པར་གཟུང་བར་བྱ་མིན་ཏེ། །ཐོག་མར་བརྟགས་ཤིང་ཤེས་པར་བྱ། །ཞེས་གསུངས་སོ། །མཚན་ཉིད་དང་ལྡན་པ་བརྟེན་པ་ནི། སྤྱིར་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་དགོས་པར་གསུང་ལ། མེད་ཁ་མེད་དུ་དམ་པའི་མཛོད་ལྔ་དང་། གཞན་འཛིན་པའི་གཉེར་དང་ལྡན་པ་གཅིག་དགོས་པར་གསུགས་ཏེ། མདོ་ལས། རང་བཞིན་དེ་དང་མི་ལྡན་ཡང་། །དམ་པའི་མཛོད་དང་གཉེར་ལྡན་ན། །དམ་པར་གཟུང་ཞིང་དམ་པར་བྱ། །ཞེས་སོ། །དམ་པའི་ཡོ་བྱད་ལྔ་དང་གཉེར་ནི། གཅན་འཕྲང་ལས། བཀའ་རྒྱུད་གདམས་པའི་མཛོད་ལ་མངའ་བརྙེས་ཤིང་། །དབང་གི་བྱིན་རླབས་ཉམས་མྱོང་རྟོགས་པར་ལྡན། །དམ་ཚིག་བསྒྲུབ་བརྩོན་ཤེས་རབ་སྙིང་རྗེའི་བདག །དམ་པའི་མཛོད་ལྔ་ཡོན་ཏན་ཟད་མི་ཤེས། །ཡང་དག་ལམ་གྱི་ས་མཁན་བཤེས་གཉེན་མགོན། །ཞེས་གསུངས་སོ། །ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ཡོན་ཏན་བཅུ་གསུམ་དང་ལྡན་པ་གཅིག་དགོས་པར་གསུངས་ཏེ། དེ་ཡང་། བླ་མ་མཁས་པ་མཐའ་བཅུ་རྫོགས་པ་ལ། །མཉེན་ཞིང་དུལ་ལ་ཐུགས་རྗེ་རབ་ལྡན་ཞིང་། །སྲིད་པར་ཞུས་ཀྱང་ཆོས་རྣམས་ཟད་མེད་པའི། །དམ་པའི་མཛོད་ཀྱི་གཏེར་ལྡན་སྟོན་པ་མཁས། །དཔེར་ན་སེང་གེ་འཇིགས་པ་རྩད་གཅོད་བཞིན། །བློ་དངོས་གཅིག་པར་སྟོན་ལ་གུས་པར་ཞུས། །ཞེས་གསུངས་སོ། །ཡོན་ཏན་དང་ལྡན་པའི་བླ་མ་དམ་པ་དེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཤིན་ཏུ་གདུང་ཞིང་གུས་པས་བཀུར་ཏེ། མཉེས་པར་བྱས་ལ། རྒྱུད་ལུང་དང་མན་ངག་རྫོགས་པར་ཞུའོ། །དེ་ཅིས་ཞེ་ན། སངས་རྒྱས་ཐམས་ཅད་ཀྱང་བླ་མ་ལ་བརྟེན་ནས་འབྱུང་བར་ཡིན་པར་གསུངས་ཏེ། མདོ་ལས། བསྐལ་པ་འབུམ་གྱི་སངས་རྒྱས་པས། །སློབ་དཔོན་གཉན་པར་ཤེས་པར་བྱ། །ཞེས་པ་ལ་སོགས་པ་དང་། སྡུད་པ་ལས་ཀྱང་། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་གསུངས་སོ། །དེས་ན་བླ་མ་བཀུར་བའི་དམིགས་དང་བཅས་ཏེ་བཀུར་བར་བསྟན་པ་ནི། གཅན་འཕྲང་ལས། སྐུ་ཡི་དམ་ཚིག་བསྲུང་བྱ་བ། །སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཆགས་ཉམས་སྐོངས་དང་ཤེས་རྒྱུད་གྲོལ། །མན་ངག་ལུང་གི་བླ་མ་རྣམས། །གཏན་གྱི་སྐྱབས་མགོན་དམ་པ་སྟེ། །མ་རིག་སྐྱེ་རྒས་ན་འཆི་ཡི། །འཁོར་བའི་ཆུ་བོ་རབ་མེད་སྒྲོལ། །ལོག་ལྟ་དམན་པའི་ལམ་ལ་སོགས། །གོལ་ས་དམན་པའི་ལས་རྣམས་སེལ། །མ་ནོར་ཡང་དག་ལམ་བསྟན་ནས། །བླ་མེད་བྱང་ཆུབ་ཐོབ་པར་བྱེད། །དེས་ན་དད་མོས་གུས་པ་ཡིས། །ཤིན་ཏུ་གདུང་ཤིང་རྒྱུན་དུ་བཀུར། །ལུགས་ལ་དབང་བའི་རྒྱལ་པོ་བས། །ཤིན་ཏུ་གཙོ་བོར་བླང་བར་བྱ། །མགོ་འདྲེན་བྱེད་པའི་ཁུ་བོ་བས། །ཤིན་ཏུ་གཉན་པར་བལྟ་བར་བྱ། །དྲིན་ཆེན་བསྐྱེད་པའི་ཕ་མ་བས། །ཤིན་ཏུ་ལྷག་པའི་རིམ་གྲོ་བྱ། །རང་གི་སྙིང་དང་མིག་བས་ཀྱང་། །ཤིན་ཏུ་མི་བཟད་གཉན་པར་བཀུར། །དེ་ལྟར་ལྷག་སེམས་དད་གུས་བས། །དྲན་དང་ཤེས་བཞིན་སྔོན་བཏང་ནས། །སྒོ་གསུམ་ཟོལ་སྒྱུ་མེད་པ་ཡིས། །ཡི་དམ་ལྷ་ལྟར་རྒྱུན་དུ་བསམ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་བླ་མ་བརྟག་པ་ལ་དགོས་པ་ཅི་ཡོད་ཞེ་ན། རང་གིས་མ་རྟོགས་པར་གཞན་ལ་ལོག་པར་བཤད་པ་ནི། མཚམས་མེད་ལྔ་ལ་སོགས་པ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་བཅད་པ་བས་ཀྱང་རྣམ་སྨིན་ཆེ་བར་གསུངས་ཏེ། ཀུན་འདུས་ལས། དོན་ལ་བློ་ཤེད་མ་ཕྱེད་པར། །ཚིག་དང་ཡི་གེས་ཁྲིད་ནས་ནི། །མི་ཤེས་བཞིན་དུ་ཆོས་བསྟན་ན། །སེམས་ཅན་ཐམས་ཅད་སྲོག་འཕྲོག་པས། །མི་ཤེས་ཆོས་སྟོན་དེ་བས་ལྕི། །ཞེས་པ་དང་། མདོ་ལས། དེས་ན་གསང་སྔགས་དམ་པའི་དོན། །མ་རྟོགས་བཞིན་དུ་གང་སྨྲ་བ། །གང་གིས་མཚམས་མེད་ལྔ་བྱས་པས། །ལོག་སྨྲའི་སྡིག་ནི་དེ་བས་ལྕི། །ཞེས་པ་དང་། དེ་ཉིད་ལས། དོན་དུ་ཚུལ་འཆོས་མཁན་དག་གིས། །ངེས་པའི་བློ་ཤེད་མ་བྱེད་བྱེ་བར། །ཚིག་ལམ་ཡི་གེས་ཁྲིད་ནས་ནི། །གང་མ་ངེས་པར་ལམ་བརྗོད་ན། །སྲོག་ཆགས་ཀུན་གྱི་སྲོག་འཕྲོག་པས། །མ་ངེས་ཆོས་སྨྲ་དེ་བས་ལྕི། །ཞེས་པ་དང་། མདོ་དང་ཀུན་འདུས་གཉིས་ཀ་ནས། །ཚིགས་ཕྱིར་བློ་འབྲངས་དམུ་རྒོད་དག །བསླབ་པའི་ས་དང་ལམ་མ་ཡིན། །ཚིག་ལམ་འབུམ་ཕྲག་གཅིག་བརྗོད་ཀྱང་། །གཞན་ལ་སྨྲ་བར་བྱ་མ་ཡིན། །གལ་ཏེ་གང་ཞིག་གང་སྨྲ་བ། །ལོག་སྨྲ་རྡོ་རྗེ་བཀའ་རྐུན་པོ། །ཐར་མེད་རྡོ་རྗེར་ངེ་ལྟུང་འགྱུར། །ཞེས་པ་དང་། རྣལ་འབྱོར་གྱི་ཆོས་འབྱུང་ཆེན་མོ་དང་གཅན་འཕྲང་ལས། གཞན་ལ་ལོག་ཆོས་སྟོན་པ་དང་། དོན་མ་རིག་པར་རང་ཤེས་དང་། །དཔྱད་ཚིག་ངན་པ་སྟོན་པ་དང་། །སློབ་དཔོན་མ་བརྟེན་དབང་མ་མནོས། །ཆོས་འཆད་བྱེད་པའི་རྣམ་སྨིན་ནི། །གོས་ཀྱི་དྲ་བར་ལུས་བཅུག་ནས། །ལྕེ་ཡང་ཨོག་མར་དྲངས་བ་ལ། །ལྕགས་སྦྲང་མཆུ་རིང་མང་པོ་འདུས། །ལུས་ལ་ཤ་ཁྲག་འབྱིན་བྱེད་ཅིང་། །རྣམ་པ་སྣ་ཚོགས་ཚ་བས་འཚེད། །ཞེས་པ་ལ་སོགས་པ་གསུངས་སོ། །རང་གིས་གསང་སྔགས་ཀྱི་དོན་རྟོགས་ནས་གཞན་ལ་སྟོན་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་། ཡོན་ཏན་བརྗོད་པ་ལས་འདས་པ་འབྱུང་བར་མངོན་དུ་སངས་རྒྱས་པ་གསུངས་ཏེ། ཀུན་འདུས་ལས། དེ་ལྟར་རིག་པའི་སྐྱེས་བུ་ནི། །དོན་ལ་རིག་པའི་སྒོ་ཕྱེ་ཞིང་། །ཆོས་ཀྱི་མིག་དང་དེ་ལྡན་པས། །མཐོང་ཐོས་ཚིགས་ལེའུ་ཚིགས་བཞིར་བསྡེབས། །ས་པ་ཡིན་པར་དོན་ལ་སྤྱོད། །ཞེས་པ་དང་། སྙིང་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་གསང་བ་གང་། །རྟོགས་ན་སྨྲ་བར་གང་བྱེད་པ། །དེ་ནི་ང་ཡིན་དབང་ཡང་རྫོགས། །ཞེས་པ་དང་། མདོ་ལས། སྐུ་གསུང་ཐུགས་དང་རྡོ་རྗེ་ཡི། །དོན་དུ་ངེས་པར་སྒྲུབ་པ་ཡི། །རྟོགས་ནས་སྨྲ་བར་གང་བྱེད་པ། །གོམས་པར་བརྗོད་པའི་སྨོན་པ་ཡིན། །ཆོས་ཀྱི་རྒྱལ་པོ་དེར་འགྱུར་ཞིང་། །ཡོན་ཏན་སྤྱི་གཙུག་ཉིད་དུ་འགྱུར། །དེ་ལ་ཇི་ལྟ་བུ་ཞེ་ན། །འདས་པའི་དུས་ན་སྔོན་བྱུང་བ། །དྲང་སྲོང་རྣལ་འབྱོར་ཀ་ཡ་ནས། །དྲང་སྲོང་རྣམ་པ་མང་སྡེ་ལ། །ཐེག་ཆེན་གསང་བའི་བསྔགས་པ་བརྗོད། །དོན་རྣམས་ངེས་པར་བཀོད་པ་ལས། །མང་པོས་རིག་ཆེན་འཛིན་པ་ཐོབ། །གང་དེར་བསྔགས་པ་བརྗོད་བྱེད་པ། །གསང་བདག་ཆོས་ཀྱི་རྒྱལ་པོར་འགྱུར། །དེས་ན་ཐེག་ཆེན་གསང་བ་འདི། །ཀུན་ལ་བསྔགས་པ་བརྗོད་པར་གྱིས། །དེས་ནི་ང་ཡིས་དགོངས་པ་ཐོབ། །ཅེས་པ་དང་། ནམ་མཁའ་ཀློང་ཡངས་ལས། མན་ངག་རྫོགས་ཆེན་བསྟན་པ་འབྱུང་། །དེ་ཚེ་ང་ཡི་འཁོར་རྣམས་ཀྱིས། །ངེས་དོན་ལྟ་བ་འཆད་པ་ལ། །ལྟ་དམན་ཚུལ་འཆོས་སྡེ་པ་དང་། །སྔགས་པར་ཁས་འཆོས་མུ་སྟེགས་དང་། །དྲང་སྲོང་ཐེག་པ་ལ་ཞེན་རྣམས། །ཞེ་སྡང་བྱེད་པའི་དུས་བྱུང་ཚེ། །ཁ་ཟེར་ཕྱར་ཀ་གཏོང་བ་དང་། །དུག་དང་རྡོ་སོགས་མཚོན་རྣམས་ཀྱིས། །དེ་ལ་གསོད་པར་སེམས་གྱུར་ཞིང་། །ས་ཕྱོགས་མངའ་རིས་འགོགས་པའི་ཚེ། །ཀུན་བཟང་ལྟ་བ་ངེས་དོན་འདི། །ངོ་བསྲུང་ཚུལ་འཆོས་མ་ཡིན་པར། །ཞུམ་མེད་དམ་ཆོས་འདི་འཆད་པ། །ཚམ་ཚོམ་མེད་པར་དཔའ་བོ་མཆོག །འཇིགས་མེད་མ་ནོར་སྟོན་པ་ལ། །བདེ་གཤེགས་རྣམས་ཀྱིས་བྱིན་གྱིས་རློབས། །མཁའ་འགྲོ་ཆོས་སྐྱོང་སྨོས་ཅི་དགོས། །གནོད་པས་མི་ཚུགས་བསོད་ནམས་འཕེལ། །ངེས་པ་ལ་སོགས་པ་གསུངས་སོ།
༈ །རྟེན་སློབ་མའི་མཚན་ཉིད་ལ་གཉིས་ཏེ། སྣོད་ངན་ལ་མི་སྦྱིན་པ་དང་། བཟང་པོ་ལ་སྦྱིན་པའོ། །དང་པོ་ནི། མདོ་ལས། བསྟན་པའི་སྣོད་མིན་སྣོད་ངན་དག །རྣམ་པ་བཞིས་བསྡུས་བྱེ་བྲག་རྣམས། །མ་འོངས་རྣལ་འབྱོར་དམ་པ་ཡིས། །བརྟགས་ནས་སྤང་བར་བྱ་ཕྱིར་བཤད། །ཞེས་པས། སྤྱིར་ཆོས་བསྟན་པའི་སྣོད་མིན་ལ། །ཁྱད་པར་གསང་སྔགས་བསྟན་པའི་སྣོད་མིན་པ་བཞིའོ། །དེ་ལ་ཁ་སྦུབ་ནི། བསྟན་ཀྱང་མི་གོ་མི་རྟོགས་པའམ། ལོག་པར་འགྲོ་བའོ། །མདོ་ལས། འཇིག་རྟེན་དང་ཐེག་དམན་དང་། །ལོག་སྲེད་ལོག་ལྟ་ཕྱོགས་ལ་ཞེན། །དད་མེད་བློ་ཞན་གཡེང་རྨུགས་ཤིང་། །གང་ལ་མི་བརྩོན་མུན་པར་མཚུངས། །འདི་ལོག་དམ་ཉམས་འདི་ལས་གོལ། །བྱང་ཆུབ་ཐག་པ་གཏིང་ནས་ཆད། །སེམས་ཀྱི་མྱུ་གུ་རྩ་ཚིག་པ། །ངན་འགྲོའི་འདམ་དུ་ཁ་སྦུབ་ཡིན། །ཞེས་གསུངས་སོ། །ཞབས་རྡོལ་ནི། ཚིག་ཏུ་ཟིན་ཀྱང་དོན་དུ་མི་གཉེར་བར་འཚོར་བར་སྨྲ་བའོ། །ཡང་། གསང་བའི་དོན་རྣམས་སྒྲར་སྨྲ་ཡང་། །གབ་པའི་གསང་བའི་དོན་མི་ཤེས། །གཡོ་ཅན་ཤེས་རློམ་སྒྲོགས་རྣམས་ལ། །གསང་བར་གང་འོས་ལྷག་པར་སྨྲ། །བསྙེན་བསྒྲུབ་གསང་བའི་དོན་རྣམས་ལ། །སྒྲ་ལ་ཉན་ཀྱང་དོན་མི་གཉེར། །སྙིང་པོའི་དོན་གསང་མི་ཐུབ་པས། །བཅུད་མེད་འཁོར་བར་ཟག་པ་ཡིན། །ཞེས་སོ། །གཞོག་རལ་ནི། ཚིག་ཏུ་སྨྲ་ཤེས་ཀྱང་དོན་མ་རྟོགས་པར་ཚུལ་བཅོས་ནས་གཞན་ལ་བཤད་ཅིང་དམ་པ་ལ་སྐུར་བའོ། །ཡང་། ལྷ་དང་དམ་ཚིག་བསྒྲུབ་པ་ཡིས། །དམ་པའི་མཛོད་གསུམ་སྒྲ་སྨྲ་ཡང་། །གོམས་པའི་མཐུ་མེད་གནས་མ་གྱུར། །གཡོ་སྒྱུ་ཕྲག་དོག་སེར་སྣས་གདུང་། །བྱ་མེད་ཆོས་ལ་བློ་གཏད་ཅིང་། །སྤྱོད་ཅིང་དམ་དྲལ་གདེངས་མེད་པར། །རྣལ་འབྱོར་གཞན་ལ་དམན་ཟེར་བ། །དམ་པས་ཕམ་གྱུར་འཁོར་བར་འཕོ། །ཞེས་སོ། །དུག་ཅན་ནི། དམ་ཚིག་དང་དོན་ལ་མི་སྤྱོད་པར་ཆོས་ཚེ་འདི་བསྒྲུབ་པའི་ཐབས་སུ་བྱེད་པའོ། །ཡང་། ཚུལ་རྟོགས་ཚོད་ལེན་ཁྱད་ཚིག་འདྲེན། །ཁ་གསག་ལྕེ་གཉིས་བསྒྱུར་བྱེད་ཅིང་། །གང་ལ་དམོད་རྨོངས་དམ་ཉམ་དེ། །ཚེ་གཅིག་གྲགས་པའི་ཆེད་ཕྱིར་དུ། །སྒྱུ་དང་གཡོ་སྒྱུ་བསླུ་འདྲིད་ཅིང་། །ཟང་ཟིང་ཕྱིར་འབྲང་ཚིག་ལ་དགའ། །རློམས་སེམས་བརྗོད་འདོད་ཚུལ་འཆོས་པ། །ལོག་སྨྲ་དུག་ཅན་ཐ་མར་ལྷུང་། །ཞེས་གསུངས་སོ། །ཡང་། ཡེ་ཤེས་གཏིང་རྫོགས་ལས། ཡང་དག་དོན་གྱི་ལྟ་བ་གསང་བ་འདི། །གང་ཟག་ཕྱིན་ཅི་ལོག་དང་ལྟ་བ་དམན། །ཐོས་པ་ཆུང་ལ་བློ་རྡུལ་ཤེས་རབ་དམན། །ནོར་འཕངས་ཁ་རལ་ལ་སོགས་སྣོད་མེད་ལ། །འདི་བསྟན་གཉིས་ཀ་བསྲེག་ཕྱིར་རབ་ཏུ་གསང་། །ཞེས་གསུངས་སོ། །སྣོད་ངན་བཞི་པོ་དེ་ལ་གསང་བ་མི་བསྟན་པ་ནི། མདོ་ལས། དེ་ལྟར་ཕམ་གྱུར་སྣོད་ངན་ལ། །གསང་ཆེན་གསང་བ་དེ་ཁོ་ན། །ཟབ་ཅིང་གཏིང་དཔག་དཀའ་བས་ན། །བསྟན་ཀྱང་ཕམ་ལྟུང་དག་ཏུ་འགྱུར། །དེ་བས་བསྟན་པར་བྱ་བ་མིན། །ཞེས་གསུངས་སོ། །སྣོད་བཟང་པོ་ལ་སྦྱིན་པ་ནི། ངན་པའི་སྐྱོན་བཞི་དང་བྲལ་བ། ཤེས་རྒྱུད་བཟང་ཞིང་དོན་ཐུབ་པ། ཡིད་ཆེས་པའི་དད་པ་དང་ལྡན་པ། དད་པས་རྫས་ལ་ཆགས་སེམས་ཆུང་ཞིང་གཏོང་ནུས་པ། བདག་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བརྩོན་འགྲུས་ཆེ་བ། བླ་མ་ལ་གུས་ཤིང་དམ་ཚིག་དང་ལྡན་པ། སྙིང་རྗེ་དང་ཕན་སེམས་ཆེ་བ། རྨོངས་པ་མེད་པའི་ཤེས་རབ་ཡོད་པའོ། །གཅན་འཕྲང་ལས། སྣོད་ངན་བཞི་སོགས་སྐྱོན་རྣམས་བྲལ། །རྒྱུད་གཉེན་དོན་ལྡན་ངང་ཚུལ་བཟང་། །ཅི་ལའང་ཆགས་མེད་གཏོང་སེམས་ལྡན། །ཡིད་ཆེས་དད་ལྡན་བརྩོན་འགྲུས་ཆེ། །བདག་དང་གཞན་གྱི་དོན་རྫོགས་ཕྱིར། །བླ་མེད་མཆོག་ཐོབ་གོ་གྱོན་ནས། །བླ་མ་ལ་གུས་མཆེད་ལ་གདུང་། །དམ་ཚིག་བསྒྲུབ་པ་གཞུང་བཞིན་སྲོང་། །སྙིང་རྗེ་ཆེ་ཞིང་ཕན་སེམས་ལྡན། །ཤེས་རབ་རྣམ་གྲོལ་ལྡེ་མིག་གིས། །གཏི་མུག་ཐ་ངམ་སྒོ་ཕྱེ་ནས། །ཆོས་ཀྱི་སྙིང་པོ་མིག་ལྡན་པ། །ཞེས་གསུངས་སོ། །མདོ་ལས། མཚན་ཉིད་བརྒྱད་དང་ལྡན་པའང་གསུངས་ཏེ། །དེའང་སྐྱོ་དུབ་མེད་པའི་དད་པ་དང་། །གྱོང་ཁེང་མེད་པའི་མཉེན་ལྕུག་དང་། །སེར་སྣ་མེད་པའི་ཟང་ཟིང་དང་། །སོམ་ཉི་མེད་པའི་སྲི་ཞུ་དང་། །གཡོ་སྒྱུ་མེད་པའི་དྲང་གཏམ་དང་། །ཁ་གསག་མེད་པའི་རང་རྒྱུད་དང་། །རྨོངས་པ་མེད་པའི་ཤེས་རབ་དང་། །དྲི་མ་མེད་པའི་ལྷག་སེམས་བརྒྱད། །དམ་པ་དེ་ལ་རྫོགས་པར་འབུལ། །ཞེས་གསུངས་སོ། །ཡང་། ངེས་དོན་འདུས་པའི་རྒྱུད་ལས། མཚན་ཉིད་བཅུ་གཉིས་དང་ལྡན་པ་ཞིག་གསུང་སྟེ། དེ་ཡང་། སྐལ་ལྡན་སློབ་མའི་མཚན་ཉིད་ནི། །བླ་མ་ལ་གུས་དད་ལྡན་པས། །སེར་སྣ་ཆུང་ལ་བརྩོན་འགྲུས་ཆེ། །བརྩེ་གདུང་དམ་ཚིག་མི་འགལ་གསུང་། །དོན་གསང་ཐུབ་ལ་ཤེས་རབ་ཟབ། །ཚུལ་ཤིས་ངང་བཟང་རྣམས་ཀྱི་དོན། །ཡོན་ཏན་ཟད་མེད་རིན་ཆེན་གཏེར། །ཐམས་ཅད་འབྱུང་བའི་གཞི་རུ་བསྟན། །ཞེས་གསུངས་སོ། །སྣོད་ལྡན་ལ་བསྟན་པ་ནི། མདོ་ལས། ཐ་ཚིག་ལུང་ལས་འབྱུང་བ་བཞིན། །གཞུང་སྲོང་ཐུབ་པར་བྱེད་པ་དེ། །རྒྱལ་བའི་སྲས་པོ་ཡིན་པས་ན། །དེ་ལ་གསང་སྒོ་དབྱེ་བར་བྱ། །ཞེས་གསུངས་སོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། སྣོད་བཅུད་ཀྱི་ཁྱད་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།།
༈ །།རྟོགས་ཤིང་ཉམས་སུ་བླང་བའི་ལམ་ལ་བཞི་སྟེ། རིགས་སོ་སོའི་དབྱེ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་དང་། གྲུབ་མཐའ་བློ་བསྒྱུར་བ་དང་མ་བསྒྱུར་བའི་ཁྱད་པར་དང་། ལས་དང་ལམ་གྱི་ཁྱད་པར་རོ། །དང་པོ་ནི། མཚན་ཉིད་དང་སྔགས་གཉིས་ལས། མཚན་ཉིད་ནི། མདོ་སྡེ་རྒྱན་ལས། དེ་ནི་རྟེན་དང་བརྟེན་པ་དང་། །རང་བཞིན་དང་ནི་རྒྱས་པའི་རིགས། །ཞེས་པས། རྟེན་རང་བཞིན་གྱིས་གནས་པའི་རིགས་དང་། རྟེན་པ་བསྒྲུབ་པ་ལས་བྱུང་བའོ། །དང་པོ་ནི། ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད་ཅིང་། ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོ་ཡོད་པས་རིགས་ཆད་མེད་པའོ། །མངོན་རྟོགས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་པ་དང་། ལང་ཀར་གཤེགས་པ་ལས། སེམས་ནི་རང་བཞིན་འོད་གསལ་བ། །དེ་བཞིན་གཤེགས་པའི་རིགས་ནི་དགེ། །ཞེས་པ་དང་། ཏིང་འཛིན་རྒྱལ་པོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །ཅེས་སོ། །གཉིས་པ་རྟེན་པ་བསྒྲུབ་པ་ལས་བྱུང་བ་ནི། མངོན་རྟོགས་རྒྱན་ལས། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་རབ་ཏུ་བརྗོད། །ཅེས་པ་དང་། ལང་གཤེགས་ལས། བློ་གྲོས་ཆེན་པོ་མངོན་པར་རྟོགས་པར་འགྱུར་བའི་རིགས་ལ་ལྔ་ཡོད་དེ། གང་ཞེ་ན། ཉན་ཐོས་ཀྱི་རིགས་དང་། རང་རྒྱལ་བའི་དང་། དེ་བཞིན་གཤེགས་པའི་ཐེག་པ་ལ་མངོན་པར་རྟོགས་པར་འགྱུར་བའི་རིགས་དང་། གང་དུའང་མ་ངེས་པའི་རིགས་དང་། རིགས་ཆད་པ་དང་ལྔའོ། །ཞེས་གསུངས་པས། སྤྱིར་རིགས་ལྔར་བཤད་ལ། བྱེ་བྲག་ཏུ་རིགས་ཆད་པ་ཡོད་མེད་ཀྱི་བརྟག་པའོ། །དེ་ལ་རྟེན་རང་བཞིན་གྱིས་གནས་པའི་ངོས་ནས་རིགས་ཆད་མེད་དེ། གོང་བཞིན་ནོ། །རྟེན་པ་བསྒྲུབ་པ་ལས་བྱུང་བ་ལ་རིགས་ལྔ་ཡོད་པ་ལས། བྱེ་བྲག་ཏུ་རིགས་ཆད་ཡོད་པར་བཤད་དོ། །དེ་ལ་རིགས་ཆད་ནི། སྤྱིར་འཁོར་བ་མཐའ་མེད་པས་ཀྱང་འཁོར་བ་ལས་མི་གྲོལ་བའང་ཡོད་ལ། བྱེ་བྲག་ཏུ་ལོག་སྲེད་ཅན་གཏན་མྱ་ངན་ལས་མི་འདའ་བས་ཀྱང་རིགས་ཆད་ཡོད་པར་གསུངས་སོ། །ཡང་། དེ་བཞིན་གཤེགས་པའི་སྙིང་པོ་ལ་སྐུར་པ་འདེབས་པས་རིགས་ཆད་པ་ཐོབ་བོ། །ཞེས་པ་དང་། མྱང་འདས་ལས། ལོག་སྲེད་ཅན་གཏན་མྱ་ངན་ལས་མི་འདའ་འོ། །ཞེས་པ་ལ་སོགས་པ་གསུངས་སོ། །གསང་སྔགས་པ་ནི། མདོ་ལས། ཇི་བཞིན་པ་ཡི་དེ་ཁོ་ན། །ཉིད་དུ་ངེས་པའི་ངོ་བོ་ལ། །རིག་དང་མ་རིག་རྣམ་པ་གཉིས། །ཀུན་ཤེས་སྤྱོད་དང་ཀུན་ཏུ་རྨོངས། །རྣམ་པ་གཉིས་སུ་སྣང་བ་ལ། །ཐ་དད་དུ་མར་མང་པོར་འགྱུར། །ཞེས་པས། ཆོས་ཉིད་རང་བཞིན་གྱིས་གནས་པའི་རིགས་དང་། འཁྲུལ་གྲོལ་སོ་སོའི་རིགས་སོ། །སྔ་མ་ནི། ཆོས་ཀུན་བྱང་ཆུབ་སྙིང་པོར་གནས་ཤིང་ཡེ་ནས་སངས་རྒྱས་པས། བྱེ་བྲག་ཅུང་ཟད་ཀྱང་མེད་དེ། མདོ་ལས། མཐར་ཐུག་མེད་པའི་སེམས་ཅན་རྣམས། །བྱང་ཆུབ་སྙིང་པོར་ཡེ་གནས་པས། །དེ་བཞིན་ཉིད་དུ་རྒྱུད་ངེས་ཕྱིར། །ཀུན་ཀྱང་མི་སློབ་དེ་ལུང་སྟོན། །ཞེས་པ་དང་། གོང་གི་གཞིའི་སྐབས་རྣམས་ཀྱི་ལུང་རྣམས་སོ། །གཉིས་པ་ནི། མི་ཤེས་རྨོངས་པའི་རིགས་རྣམས་དང་། ཀུན་ཤེས་སྤྱོད་པ་སྟེ། ཐར་པ་མྱ་ངན་ལས་འདས་པའི་ལམ་གྱི་རིགས་སོ། །སྔ་མ་ནི། མདོ་ལས། རྨོངས་པ་རྣམ་པ་གཉིས་སྣང་བ། །མི་ཤེས་པ་དང་ལོག་པར་ཤེས། །ཞེས་པས། མི་ཤེས་པ་དང་ལོག་པར་ཤེས་པའོ། །སྔ་མ་ནི། མི་ཤེས་འདི་གཉིས་བཞིར་སྣང་བ། །དམན་རིགས་དང་ནི་རིགས་མ་ངེས། །རིགས་ཆད་འདུ་ཤེས་ཅན་འདི་དག །ཀུན་ནས་དཀྲིགས་པའི་མུན་པ་ཡིན། །ཞེས་པས། རིགས་བཞི་སྟེ། དམན་རིགས་ནི། བློ་ཤིན་ཏུ་དམན་ཞིང་ཆོས་ལ་འཇུག་པའི་བློ་མེད་པ་སྟེ། མི་ཁོམ་པ་བརྒྱད་ལ་སོགས་པའོ། །རིགས་མ་ངེས་པ་ནི་རྐྱེན་གྱིས་འགྱུར་བ་སྟེ། བློ་གང་དུའང་མ་ངེས་པའོ། །རིགས་ཆད་པ་ལ་གཉིས་ཏེ། གོ་བ་དང་། ཡོད་མེད་བརྟག་པའོ། །སྔ་མ་ནི། ཐར་པ་འདོད་པའི་བློ་མི་སྐྱེ་ཞིང་གྲོལ་བའི་རྐྱེན་དང་མི་འཕྲད་ལ། འཕྲད་ཀྱང་མི་གོ་མི་རྟོགས་པའོ། །རྒྱས་པའི་རིགས་བརྒྱད་སོ་སོར་དབྱེ་བའི་ལེའུ་ལས། །ཆོས་ཀྱི་དབྱིངས་ཀྱིས་ཀུན་ལ་ཁྱབ་གྱུར་ཀྱང་། །རང་རིག་རྟོགས་པའི་སྐལ་དང་མི་ལྡན་ན། །ཇི་ལྟར་དམུས་ལོང་མདུན་དུ་མདོག་བསྟན་བཞིན། །འདི་ནི་སྐལ་མེད་རིགས་ཆད་པ་ཡིན་ནོ། །ཞེས་པ་དང་། གོང་གི་མདོ་སྡེའི་ལུང་དང་། སྤྱིར་འཁོར་བ་ལ་ཐོག་མཐའ་མེད་པའི་ལུང་རྣམས་སོ། །གཉིས་པ་ནི། ཆོས་ཉིད་རང་བཞིན་གྱིས་གནས་པའི་ཆ་ནས་རིག་ཆད་མེད་ལ། རྟོགས་པར་བྱེད་པ་ལམ་གྱི་ཆ་ནས་ཡོད་པར་གསུང་ཏེ། དང་པོ་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས་སམ། བྱང་ཆུབ་སྙིང་པོར་གནས་པའི་ཆ་ནས་བཟང་ངན་ཆེ་ཆུང་མེད་པར་མཉམ་ཁད་དེ་ཡོད་པས་རིགས་ཆད་མེད་ལ། གཉིས་པ་ནི། དེ་ཉིད་མ་རིག་པས་བླུན་ཞིང་རྨོངས་ལ། ཐར་པའི་བློ་མི་སྐྱེ་ཞིང་བསྟན་ཀྱང་མི་གོ་མི་རྟོགས་པའི་ཆ་ནས་རིགས་ཆད་ཡོད་པའོ། །དེ་ཡང་འཁོར་བ་སྤྱི་ལ་ཐོག་མཐའ་མེད་པ་དང་། ལོག་སྲེད་ཅན་གཏན་མྱ་ངན་ལས་མི་འདའ་བ་ནི་གོང་དང་མཐུན་ནོ། །དེ་ལྟར་མ་ཡིན་ཏེ། ཆོས་ཉིད་རང་བཞིན་གྱིས་གནས་པའི་ཆ་ནས་རིགས་ཆད་ཡོད་ན། ཆོས་ཀྱི་དབྱིངས་དང་བདེ་བར་གཤེགས་པའི་སྙིང་པོས་མ་ཁྱབ་པ་ལ་སོགས་པའི་སྐྱོན་འོང་ལ། རྟོགས་ཤིང་གྲོལ་བར་བྱེད་པ་ལམ་གྱི་ཆ་ནས་རིགས་ཆད་གཏན་མེད་ན། འཁོར་བ་དོང་སྤྲུག་པ་དང་། འཁོར་བ་སྤྱི་ལ་ཐ་མ་ཡོད་པར་ཐལ་བ་ལ་སོགས་པའི་སྐྱོན་དུ་མ་འོང་ངོ་། །འདུ་ཤེས་ཅན་ནི། ཐར་པ་འདོད་པའི་བློ་ཅན་དེ་ཆོས་ལ་འདུན་ཅིང་མོས་པ་ཅན་ནོ། །མདོ་ལས། འདུ་ཤེས་ཅན་བཞི་ཆགས་པ་དང་། །གང་ལ་གཡེང་དང་ཡ་ང་ཅན། །མོས་པ་ཅན་ཞེས་གྲགས་པ་རྣམས། །ས་བོན་འཛིན་པའི་ཞིག་དུ་སྣང་། །ཞེས་གསུངས་སོ། །ལོག་པར་རྟོགས་པ་ནི་མུ་སྟེག་པ་སྟེ་འོག་ནས་སྟོན་ཏོ། །ཐར་པ་མྱ་ངན་ལས་འདས་པའི་རིགས་ནི། མདོ་ལས། ཀུན་ཤེས་སྤྱོད་པ་རྣམ་པ་གཉིས། །རིམ་གྱིས་པ་དང་གཅིག་ཆར་པའོ། །ཞེས་པས། རིམ་གྱིས་འཇུག་པ་ཐེག་པ་ཆུང་ངུའི་རིགས་དང་། གཅིག་ཆར་དུ་འཇུག་པ་ཐེག་པ་ཆེན་པོའི་རིགས་དང་། ཞོར་གྱིས་རིག་མ་ངེས་པ་དང་གསུམ་མོ། །དེ་ཡང་། ཐེག་པ་ཆུང་ངུ་ལམ་རིམ་གྱིས་སྦྱོང་པ་དང་། ཐེག་པ་ཆེན་པོ་གསང་སྔགས་པ་རྒྱུ་འབྲས་གཉིས་སུ་མེད་ཅིང་འབྲས་བུ་ལམ་དུ་བྱེད་པའོ། །དེའི་བྱེ་བྲག་ལས་ཐེག་པ་དགུ་སྟེ། འོག་ནས་རྒྱས་པར་སྟོན་ཏོ། །རིགས་མ་ངེས་པ་ནི། རྒྱས་པ་ལས། ཐེག་པ་གང་དུ་བསྟན་པར་མ་ངེས་པའི། ཡང་ན་ཀུན་ནས་མཐུན་པར་འབྱམས་པར་འཇུག །ཡང་ན་ངེས་མེད་འདི་ཞེས་བསྟན་དུ་མེད། །འདི་ནི་མ་ངེས་རྡོ་རྗེ་འཆང་གིས་གསུང་། །ཞེས་པས། འདི་ཞེས་བསྟན་དུ་མེད་པའི་རིགས་མ་ངེས་པ་དང་། གཞུང་ཀུན་ནས་མཐུན་པར་འཇུག་པའི་རིགས་མ་ངེས་པའོ། །དེའང་ཐེག་པ་གང་དང་འཕྲད་པས་ཚིམ་ཞིང་མ་ངེས་པ་དང་། ཐེག་པ་གང་གི་ཡང་དམིགས་མ་ཕྱེད་པར་འདྲ་ཞེས་ཟེར་བའི་རིགས་མ་ངེས་པ་ཐེག་སྒོ་ཀུན་བསྡུར་ནས་རང་གི་དོན་ལ་འཇུག་ཅིང་རྟོགས་པར་བྱེད་པའོ། །གཞི་ལམ་འབྲས་བུའི་དོན་མཚོན་པ་ཀུན་འདུས་རིག་པའི་སྒྲོན་མེ་ལས། རིགས་སོ་སོའི་དབྱེ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ།།
༈ །།འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་ནི། མདོ་བཅུ་ལས། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཐེག་པ་རྣམ་པ་གཉིས་བསྟན་ཏེ། །ཞེས་པ་དང་། ནམ་མཁའ་མཐའ་མཉམ་ལས། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ལྟ་བའི་ཁྱད་པར་བསམ་མི་ཁྱབ། །དངོས་ལ་འོད་གསལ་རིག་པར་འདུས། །ཞེས་པས། དེ་ལ་གསུམ་སྟེ། ས་འཚམས་དང་། ངེས་ཚིག་དང་། རྒྱུ་མཚན་དང་ངོ་བོའི་སྒོ་ནས་བཞག་པའོ། །སྔ་མ་ལ་གཉིས་ཏེ། ལྟ་བའམ་རྒྱུའི་སྒོ་ནས་བཞག་ན། ལྟ་བ་གང་ཟག་གི་བདག་མེད་རྟོགས་པ་ཡན་ཆད་འདས་པ། དེ་ལས་ལོག་པ་གཅིག་འཇིག་རྟེན་པའོ། །དེ་ཡང་མུ་སྟེགས་མན་ཆད་འཇིག་རྟེན་པ། ཉན་ཐོས་ཡན་ཆད་འདས་པའོ། །འབྲས་བུའི་སྒོ་ནས་བཞག་ན། ཉན་ཐོས་པ་ལན་ཅིག་ཕྱིར་མི་འོང་གི་གང་ཟག་མན་ཆད་འཇིག་རྟེན་པ། དགྲ་བཅོམ་པ་ཐོབ་པ་ནི་འདས་པའོ། །དེའང་བསྒོམ་ལམ་ལན་ཅིག་ཕྱིར་མི་འོང་བ་ནི། འདོད་པའི་ཁམས་ཀྱི་ས་བོན་དང་བྲལ་བས་འདོད་པའི་ཁམས་སུ་མི་འོང་ལ། ཁམས་གོང་མ་གཉིས་ལས་མ་འདས་པའོ། །ས་ལམ་གྱི་ཀློང་ལས། ཕྱིར་མི་འོང་བར་འདོད་པ་ལ། །འདུན་དང་གནོད་སྤངས་ཆ་བྲལ་བ། །དགྲ་བཅོམ་གྲུབ་པས་སྲུང་བ་སྟེ། །མི་ཉམས་བྱས་པ་རྟོགས་པའི་ས། །ཞེས་སོ། །ཐེག་ཆེན་སྦྱོར་ལམ་ཐ་མ་མན་ཆད་འཇིག་རྟེན་པ། མཐོང་ལམ་ཡན་ཆད་འདས་པའོ། །དོན་བསྡུས་ལས། དེ་དག་ཟག་བཅས་བསམ་གཏན་སྟེ། །གཉིས་མེད་ཡུལ་བྲལ་དེ་མཐོང་མིན། །ཞེས་པ་དང་། རང་གི་མཚན་ཉིད་མངོན་སུམ་དུ། །གསལ་བར་མཐོང་བས་དབུགས་ཕྱིན་ཏེ། །ཟག་པ་ཟད་ནས་འཇིག་རྟེན་འདས། །ཞེས་གསུངས་སོ། །ངེས་ཚིག་ནི། འཇིག་པ་ལ་འཇིག་པ་བརྟེན་པ་དང་། མི་འཇིག་པ་ལ་འཇིག་པ་བརྟེན་པའོ། །དེ་ལ་མི་རྟག་སྐྱེ་འཇིག་གི་སྡུག་བསྔལ་དང་བཅས་པ་འཇིག་རྟེན་པ། དེ་ལས་གྲོལ་བ་འདས་པའོ། །ཀུན་བྱེད་ལས། མ་རིག་ལོག་རྟོག་གཟུང་འཛིན་གྱིས། ཡུལ་དྲུག་ཆོས་ལ་ངེས་བརྟགས་པས། །འཇིག་པ་དྲུག་དང་རྟེན་པ་དྲུག །འཇིག་རྟེན་ཞེས་སུ་བཤད་པ་ཡིན། །ཞེས་པ་དང་། ཡུལ་དྲུག་ཆོས་ལ་མི་རྟོག་པས། །སྐྱེ་དྲུག་གནས་སུ་མི་སྐྱེ་སྟེ། །སྡུག་བསྔལ་དྲུག་ལས་འདས་པའི་ཕྱིར། །མྱ་ངན་འདས་ཞེས་དེ་ལ་ཡ། །ཞེས་གསུངས་སོ། །རྒྱུ་མཚན་དང་ངོ་བོའི་སྒོ་ནས་གཞག་ན། ཉོན་མོངས་པའི་འཆིང་བ་དང་བཅས་པ་འཇིག་རྟེན་པ། དེ་ལས་ལོག་པ་འདས་པ། ཡང་ཟག་པ་གསུམ་དང་བཅས་པ་འཇིག་རྟེན་པ། ཟག་པ་གསུམ་དང་བྲལ་བ་འདས་པའོ། །ལམ་རིམ་ལས། ཟག་ཀུན་ཟད་པའི་རིགས་ཆེན་འདི། །ཇི་ལྟར་སྤྱད་ཀྱང་ལྡོག་པ་མེད། །ཅེས་པ་དང་། དོན་བསྡུས་ལས། ཁམས་གསུམ་འཇིག་སོགས་ཟག་བྲལ་དང་། །མི་ལྡོག་མི་གནས་ཕྱིར་མི་འོང་། །ཞེས་གསུངས་སོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཁྱད་པར་བསྟན་པའི་ལེའུ་སྟེ་བདུན་པའོ།།
༈ །།གྲུབ་མཐའ་བློ་བསྒྱུར་མ་བསྒྱུར་གྱི་ཁྱད་པར་ནི་གཉིས་ཏེ། གོ་བ་དང་། ས་འཚམས་སོ། །སྔ་མ་ནི། རང་རང་གི་གཞུང་ལུགས་ལ་བརྟེན་ཏེ་རྒྱུ་ལམ་ཚོལ། འབྲས་བུ་མཐོ་རིས་དང་ཐར་པ་འདོད་པའི་བློ་དང་ལྡན་པ་བློ་བསྒྱུར། དེ་ལས་ལོག་པར་མ་བསྒྱུར་བར་འདོད་དེ། དེ་ལྟར་ན་མུ་སྟེགས་ཆད་ལྟ་བློ་མ་བསྒྱུར་དུ་ཐལ་བའི་སྐྱོན་འོང་ངོ་། །འོ་ན་ཇི་ལྟར་ཡིན་ན། རང་རང་གི་གཞུང་ལུགས་ལ་བརྟེན་ནས་རང་མོས་པའི་ཤེས་བྱའི་དོན་ལ་སེམས་པའི་བློ་དང་ལྡན་པ་བློ་བསྒྱུར། དེ་ལས་ལོག་པ་མ་བསྒྱུར་བའོ་གསུངས། ཡང་། འཁོར་བ་ལས་གྲོལ་འདོད་ཀྱི་བློས་རང་མོས་པའི་ཤེས་བྱའི་དོན་ལ་འཇུག་ཅིང་རྟོགས་པར་བྱེད་པ་བློ་བསྒྱུར་བ། དེ་ལས་ལོག་པ་གཅིག་མ་བསྒྱུར་བའོ། །མདོ་བསྲེས་ལས། རྨོངས་པ་བསལ་ཕྱིར་སེམས་བསྐྱེད་དེ། །ངོ་མཚར་ཚིག་གིས་འདུ་ཤེས་བསྒྱུར། །ཞེས་གསུངས་སོ། །ས་འཚམས་ནི། འགྲོ་དྲུག་མུན་པའི་ཤེས་པ་བློ་མ་བསྒྱུར་བའོ། །མུ་སྟེགས་པ་དང་ཉན་ཐོས་ཡན་ཆད་བློ་བསྒྱུར་བའོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གྱི་ཁྱད་པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ།།
༈ །།ལས་དང་ལམ་གྱི་ཁྱད་པར་ནི། གོ་བ་དང་། བྱེ་བྲག་སོ་སོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། བདག་འཛིན་གྱི་ཁ་ནས་བྱས་ཚད་འཁོར་བའི་རྒྱུར་འགྱུར་བས་ལས་ཞེས་པར་བྱ་ལ། ལྟ་བ་བདག་མེད་ཀྱི་རྩིས་ཟིན་པ་ཡན་ཆད་མྱ་ངན་ལས་འདས་པའི་རྒྱུའམ་ལམ་དུ་འགྲོ་བས་ལམ་ཞེས་བྱའོ། །ཉི་མའི་སྙིང་པོའི་མདོ་ལས། གང་བདག་ཏུ་འཛིན་པ་དེ་སྲིད་དུ་འཁོར་བར་འཇུག་ལ། བདག་མེད་པར་ཤེས་པར་ནི་འཁོར་བ་ལས་ལོག་གོ། །ཞེས་སོ། །སྡུད་པ་ལས། ཅི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུང་། །ཞེས་པ་དང་། མདོ་ལས། དེ་བཞིན་ཉིད་ཀྱིས་མ་ཟིན་ན། །ལམ་གྱི་ཕྱོགས་རྣམས་ཀུན་སྤྱད་ཀྱང་། །བདེ་འགྲོ་ཙམ་དུ་ངེས་འབྱུང་གིས། །གོ་འཕང་དམ་པར་ག་ལ་འགྱུར། །དེ་བཞིན་ཉིད་ཀྱིས་ཀུན་གནས་པར། །གང་ཤེས་ཉོན་མོངས་རྣམ་པར་གྲོལ། །ཞེས་པ་དང་། བྱང་ཆུབ་སེམས་བརྒལ་ལན་ལས། བདག་ཏུ་འཛིན་པའི་ཤེས་པ་དམ་པོ་དེ། །སྒྲིབ་པ་སྦྱོང་པར་འདོད་པ་སྒྲིབ་པ་ཉིད། །ཚོགས་གཉིས་བསགས་པར་འདོད་པས་ཚོགས་གཉིས་བརླག །ཅི་སྟེ་བདག་གཞན་གཟུང་འཛིན་རེ་དོགས་སོ། །མ་བསྒྲིབ་འཕེལ་བ་ཁྱོད་ཀྱིས་མ་ཤེས་སམ། །ཇི་སྲིད་གཉིས་མེད་བྱང་སེམས་མ་མཐོང་བར། །བློ་ཡུལ་ཉེ་བའི་གཟུང་འཛིན་ཉོན་ཡིད་ཀྱིས། །ཐར་པ་ནམ་ཡང་མཐོང་བ་མ་ཡིན་ནོ། །ཞེས་པ་དང་། བདག་མེད་འཛིན་མེད་བློ་ཡུལ་བྲལ་བ་ལ། །སངས་རྒྱས་ལེགས་པའི་ཡོན་ཏན་མ་ལུས་རྫོགས། །ཞེས་པ་ལ་སོགས་པ་ཐེག་པ་རང་རང་གི་སྐབས་ནས་བཤད་པའི་ལུང་རྣམས་སོ། །བྱེ་བྲག་ནི། ལས་སུ་འགྲོ་བ་དང་། ལམ་དུ་འགྲོ་བ་གཉིས་སོ། །དང་པོ་ནི། བདག་མེད་དམ་གཉིས་མེད་ཀྱི་དོན་མ་རྟོག་ཏེ། བདག་འཛིན་ནམ་གཉིས་འཛིན་གྱི་ཁ་ནས་བྱས་ཚད་འཁོར་བའི་རྒྱུར་འགྲོ་ཞིང་། རང་རང་གི་རྣམ་པར་སྨིན་པ་ལ་སྤྱོད་པའོ། །དེ་ལ་གསུམ། མི་དགེ་བའི་ལས། དགེ་བའི་ལས། མི་གཡོ་བའི་ལས་སོ། །དང་པོ་ནི། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། དེ་ལ་ཉེ་བ་ལྔ་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་དང་། ཁ་ན་མ་ཐོ་བ་གསུམ་ལ་སོགས་པ། ནག་པོ་སྡིག་པའི་ལས་ཀྱི་འབྲས་བུ་ངན་སོང་གནས་བཅུར་སྐྱེ་བར་བཀའ་ཐམས་ཅད་ནས་གསུངས་ཏེ། གཅན་འཕྲང་ལས། ཉོན་མོངས་རང་ཁར་ཞེན་པ་ཡིས། །མི་དགེའི་ལས་ལ་འཇོལ་ཉོག་སྤྱོད། །རི་གཟར་ཁ་ནས་རྦབ་ཤོར་ལྟར། །རང་དབང་མེད་པར་ངན་འགྲོར་ལྟུང་། །ཞེས་སོ། །གཉིས་པ་དགེ་བའི་ལས་ནི། མི་དགེ་བ་བཅུ་སྤོང་ཞིང་། དགེ་བ་བཅུ་ལ་སོགས་པ་མིའི་ཆོས་ལུགས་ལེགས་པར་སྤྱད་པས། འབྲས་བུ་མཐོ་རིས་ལྷ་དང་མིའི་གོ་འཕང་ཐོབ་སྟེ། མཐོ་རིས་གནས་བཅུའོ། །དེ་ཉིད་ལས། དང་པོ་འཇིག་རྟེན་ཆོས་མཐུན་པ། །བྱ་བ་མ་ཡིན་ཡུལ་ཆོས་སྤངས། །མནའ་མི་ཟ་ཞིང་ཆད་མི་བསླུད། །ཕ་མར་ཤེས་ཤིང་དྲིན་ལེན་བསབ། །རིམ་གྱིས་རྒན་ལ་བསྙེན་བཀུར་བྱ། །མི་དགེ་བཅུ་སྤངས་དགེ་བཅུ་སྤྱད། །མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་དང་མི་ཡི་གོ་འཕང་ཐོབ། །ཅེས་དང་། བརྒྱད་ཅུ་བ་ལས། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོང་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་པ་དང་། ནམ་མཁའ་མཐའ་མཉམ་ལས། དགེ་དང་སྡིག་པའི་ཚུལ་ཕྱེ་ནས། །གཅིག་ལ་གཉིས་ཀྱིས་སྤོང་ལེན་པ། །འདོད་ཁམས་གོང་འོག་གནས་སྐྱེས་པ། །ཐར་པ་མ་ཐོབ་འཆིང་བའི་རྒྱུ། །ཞེས་གསུངས་སོ། །གསུམ་པ་མི་གཡོ་བའི་ལས་ནི། བསམ་གཏན་གྱི་སྙོམས་འཇུག་གིས་གཟུགས་ཁམས་དང་། གཟུགས་མེད་ཁམས་སུ་སྐྱེ་བའོ། །དང་པོ་ནི། རྒྱས་པ་ལས། ཚད་མེད་བཞི་སྤྱོད་མི་གཡོ་བ་ཡི་ལས། །ཚངས་གནས་ལ་སོགས་སྐྱེ་བའི་རྒྱུ། །ཞེས་པས། བསམ་གཏན་བཞིའི་གཟུགས་ཁམས་ཀྱི་བྱེ་བྲག་གོ། །དེ་ལ་ལམ་དུ་འགྲོ་མི་འགྲོའི་བྱེ་བྲག་དང་། བསམ་གཏན་གྱི་ངོ་བོ་དང་། གཟུགས་ཁམས་གནས་རིས་བཅུ་བདུན་གྱི་དབྱེ་བའོ། །དང་པོ་ནི། ལས་ཀྱི་བསམ་གཏན་དང་། གོལ་སའི་དང་། ལམ་སྟེགས་ཀྱི་དང་། ལམ་ངོ་བོའི་བསམ་གཏན་ནོ། །ལས་ཀྱི་བསམ་གཏན་ནི། རང་བཞིན་གྱི་ཁམས་འདུས་ནས། བསམ་གཏན་ཐོབ་པ་དང་། བསྐལ་པ་འཇིག་པའི་ཚེ། ལས་དང་རྐྱེན་ནམ་རང་བཞིན་གྱིས་ཁམས་འདུས་ནས་བསམ་གཏན་ཐོབ་ཏེ། དེ་ལ་སངས་རྒྱས་སུ་ས་མ་བཟུང་ལ། བདག་མེད་མ་རྟོགས་ཤིང་། སངས་རྒྱས་པའི་ཐབས་ལ་སོགས་བས་ཀྱང་མ་ཟིན་པས། ཁམས་གོང་མར་སྐྱེས་ནས། ཕྱིས་ལས་ཀྱི་འཕྲོ་མཐུད་པས། ལས་ཀྱི་བསམ་གཏན་ཞེས་སོ། །གོལ་སའི་བསམ་གཏན་ནི། ལས་སམ་ཐབས་ལ་སོགས་པ་གང་གི་སྒོ་ནས་བསམ་གཏན་ཐོབ་ཀྱང་། འཕགས་པ་དགྲ་བཅོམ་པ་ལ་སོགས་པ་ཕྱིར་མི་ལྡོག་པ་ཡིན་སྙམ་དུ་བཟུང་བ་ལ། ཕྱིས་བསམ་གཏན་འཇིགས་པའི་ཚེ། ཁམས་འོག་མར་སྐྱེ་བར་མཐོང་ནས། ལོག་ལྟ་སྐྱེས་ཏེ། ངན་སོང་དུ་ལྟུང་བས་གོལ་སའི་བསམ་གཏན་ཞེས་གསུངས་སོ། །ལམ་སྟེགས་ཀྱི་བསམ་གཏན་ནི། ཐབས་ལ་སོགས་པ་གང་གི་སྒོ་ནས་བསམ་གཏན་ཐོབ་ཀྱང་། དམ་པར་མི་འཛིན་ཅིང་སངས་རྒྱས་བསྒྲུབ་པའི་རྟེན་ནམ་ཐབས་སུ་ཤེས་ཏེ། བདག་མེད་གོ་བ་ལ་སོགས་པའི་རྩིས་ཟིན་པས། སངས་རྒྱས་ཀྱི་ལམ་དུ་འགྲོ་བ་ནི། ལམ་སྟེགས་ཀྱི་བསམ་གཏན་ཞེས་གསུངས་སོ། །ལམ་ངོ་བོའི་བསམ་གཏན་ནི། ཐབས་ལ་སོགས་པ་སྒོ་གང་ནས་ཐོབ་ཀྱང་། བདག་མེད་རྟོགས་པ་ལ་སོགས་པའམ། དེ་ཉིད་རང་སྣང་སྐྱེ་བ་མེད་པར་རྟོགས་ནས། གཟུང་འཛིན་གྱི་མཚན་མ་རང་སར་གྲོལ་ཏེ། སངས་རྒྱས་ཀྱི་ལམ་སྔོན་དུ་འགྲོ་བས། ལམ་ངོ་བོའི་བསམ་གཏན་ཞེས་གསུངས་སོ། །བསམ་གཏན་གྱི་ངོ་བོ་ནི། བདེ་གསལ་མི་རྟོག་པའི་ཉམས་སྐྱེས་ཏེ། ཕྱི་ནང་གི་སྣང་བ་གཞན་ལྟ་བུའོ། །དེ་ཡང་། བདེ་གསལ་ངང་ལས་བསམ་གཏན་དང་པོ་ན་རྟོག་དཔྱོད་མེ་དང་འདྲ་བ། གཉིས་པ་ན་དགའ་བདེ་ཆུ་དང་འདྲ་བ། གསུམ་པ་ན་གཡོ་འགུལ་རླུང་དང་འདྲ་བ། བཞི་པ་ན་རྟོག་དཔྱོད་མེད་ཅིང་མི་གཡོ་བར་གསུངས་སོ། །གཟུགས་ཁམས་ཀྱི་དབྱེ་བ་ནི། བསམ་གཏན་བཞི་སྟེ། བསམ་གཏན་དང་པོ་ན་ཚངས་རིགས། ཚངས་པ་མདུན་ན་འདོན། ཚངས་ཆེན་དང་གསུམ། གཉིས་པ་ན་འོད་ཆུང་། ཚད་མེད་འོད། འོད་གསལ་གསུམ། གསུམ་པ་ན་དགེ་ཆུང་། ཚད་མེད་དགེ། དགེ་རྒྱས་གསུམ། བཞི་པ་ནས་སོ་སོ་སྐྱེ་བོའི་གནས་གཞན་གསུམ། འཕགས་པའི་གནས་གཞན་ལྔའོ། །དང་པོ་ནི་སྤྲིན་མེད་འོད། བསོད་ནམས་སྐྱེས། འབྲས་བུ་ཆེའོ། །གཉིས་པ་ནི་མི་ཆེ་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་། འོག་མིན་ནོ། །ལམ་རིམ་ལས། ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པ་བཞིན་དུ་བདག་འཛིན་ཅིང་། །གཟུགས་རྣམས་ཀུན་ལ་བདག་ཏུ་རྟོགས། །འདི་ནི་ཚངས་གནས་རིམ་པར་སྐྱེ། །ཞེས་གསུངས་སོ། །གཟུགས་མེད་ནི། མཉམ་དང་གཟུགས་མེད་མ་རྟོགས་པར། །མིང་བཞི་མེད་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་འགྱུར་ཏེ། །སྲིད་པའི་རྩེ་མོའི་གནས་སུ་སྐྱེ། །ཞེས་གསུངས་སོ། །ལམ་དུ་འགྲོ་མི་འགྲོའི་བྱེ་བྲག་དང་། ངོ་བོ་དང་རྣམ་གྲངས་སོ། །དང་པོ་ནི་བཞི་སྟེ་གོང་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། གཟུགས་ཀྱི་ཕུང་པོ་མེད་པར་མིང་བཞིའི་ཕུང་པོ་ལ་བརྟེན་པའོ། །གསུམ་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་དང་། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། ལས་དང་ལམ་གྱི་ཁྱད་པར་བསྟན་པའི་ལེའུ་སྟེ། དགུ་པའོ།།
༈ །།མྱ་ངན་ལས་འདས་པ་ལམ་གྱི་རིགས་འཇིག་རྟེན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར། གྲུབ་མཐས་བློ་བསྒྱུར་ཏེ་རྟོགས་ཤིང་གོམས་པར་བྱ་བའི་ལམ་ལ་གཉིས་ཏེ། ལམ་ལོག་པ་ཕྱི་པ་མུ་སྟེགས་པ་དང་། མ་ནོར་བ་ནང་པ་སངས་རྒྱས་པའོ། །སྔ་མ་ནི། མདོ་ལས། ལོག་རྟོག་མུར་ཐུག་མུ་སྟེགས་པ། །ཞེས་པ་དང་། མུ་སྟེགས་ལོག་དང་གཞན་རྐྱེན་ལོག །ཞར་ལ་བྱུང་བ་ཞེས་ཀྱང་བཤད། །ཅེས་པས། ཡོད་པ་ལ་སྐུར་པ་འདེབས་པ་ཆད་པའི་ལྟ་བ་དང་། མེད་པ་ལ་སྒྲོ་འདོགས་པ་རྟག་པའི་ལྟ་བ་དང་། གང་དུ་ཡང་མ་ཤེས་པ་མུར་ཐུག་ཁས་མི་ལེན་གྱི་ལྟ་བ་དང་། དེ་རྣམས་ཀྱི་ཤུགས་ཀྱིས་ཞོར་བྱུང་གི་མུ་སྟེགས་ངོས་བཟུང་བའོ། །སྔ་མ་ནི། ལྷའི་བླ་མའི་རྗེས་སུ་འབྲང་བའི་ཚུ་རོལ་མཛེས་པའམ། འཇིག་རྟེན་རྒྱང་འཕེན་པ་ཞེས་བྱ་བའི་གཞུང་གིས། སྤྱིར་མཐོང་བའི་ཡུལ་དུ་གྱུར་པའི་ཆོས་རྣམས་འདི་ཙམ་ཡིན་ལ། ཡུལ་དུ་མ་གྱུར་པ་རྣམས་མེད་པར་འདོད་པའོ། །དེ་ལ་བཞི་སྟེ། ཚེ་སྔ་ཕྱི་མེད་པར་འདོད་པ་དང་། ལས་རྒྱུ་འབྲས་མེད་པར་འདོད་པ་དང་། མ་མཐོང་བའི་འགྲོ་བ་གཞན་མེད་པར་དང་། ཐམས་ཅད་མཁྱེན་པའི་སངས་རྒྱས་མེད་ཅེས་སྐུར་པ་འདེབས་པའོ། །སྔ་མ་གསུམ་ནི། འདོད་པ་བསྟན་པ་དང་། དེའི་མཐའ་དགྲོལ་བའོ། །དང་པོ་ནི། འཁོར་བ་ལས་གྲོལ་འདོད་ཀྱི་བློ་ཡོད་ཀྱང་། རང་རྐྱེན་དང་། གཞན་རྐྱེན་ལོགས་པའི་སྟོབས་ཀྱིས་སེམས་ལ་བལྟས་པས། དང་པོ་འདི་ནས་བྱུང་མ་རྙེད། ཐ་མ་འདིར་འགྲོ་མ་རྙེད། ད་ལྟ་དབྱིབས་དང་ཁ་དོག་ལ་སོགས་པ་གང་དུ་ཡང་མ་རྙེད་པས། ཚེ་སྔ་ཕྱི་མེད་པར་འདོད་ཅིང་། ཅང་མེད་སྟོང་པར་ལྟ་བའོ། །དེའང་ལུས་ཕ་མའི་འབྱུང་བ་འདུས་པ་ལས་བྱུང་ཞིང་། སེམས་ཀྱང་མངོན་པར་གསལ་བ་ཡིད་ཀྱི་སེམས་པ་ཅན་ཞེས་བྱ་བ། ལུས་ཀྱི་ནུས་པར་བྱུང་བ་ཡིན་ཏེ། ལུས་ཞིག་ཙམ་ན། སེམས་ཀྱང་སྟོང་ནས་འགྲོ་བར་འདོད་པའོ། །དེའི་འཐད་པ་ནི། སེམས་ཆོས་ཅན་ལུས་ཀྱི་སྔ་ཕྱི་མེད་དེ། ལུས་སེམས་རྫས་གཅིག་པ་ཉིད་ཀྱི་ཕྱིར། དཔེར་ན་ཆང་དང་ཆང་གི་ནུས་པ་བཞིན་ནོ། །ཞེས་པ་དང་། རྟེན་དང་རྟེན་པ་གཅིག་པ་གྱང་དང་རི་མོ་བཞིན་ནོ། །ཞེས་སོ། །དེས་ན་སེམས་སྟོང་པ་དང་། དངོས་མེད་ཡིན་པས་ལུས་ཞིག་པ་དང་། སེམས་ཀྱང་སྟོང་ནས་མེད་ནས་འགྲོ་བ་ཡིན་ཏེ། ཕུར་བུ་བསྟན་པའི་རྒྱུད་ལས། བཟང་མོ་རྒྱལ་མོ་སྔོ་བསང་མ། །མ་ཤི་བར་ལ་ཅི་དགར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མེད། །མི་ཤི་ཐལ་བ་རླུང་ཁྱེར་འདྲ། །སླར་འཚོ་བ་དག་ག་ལ་སྲིད། །མང་ཐོས་སྨྲ་བ་སྤྱང་ཀའི་རྗེས་དང་འདྲ། །ཞེས་པ་དང་། དེ་ཉིད་ལས། མཛེས་པ་ལེགས་པར་སྤྱོད་ཅིག་ཟ་བར་གྱིས། །ལུས་ནི་ཚོགས་པར་གྱུར་པ་ཙམ་ཞིག་སྟེ། ལུས་མཆོག་འདས་གང་དེ་ཁྱོད་ལས་མི་འབྱུང་། །ཞེས་སོ། །སློབ་དཔོན་དགའ་རབ་ཀྱི་ཞལ་ནས་ཀྱང་། ཕྱང་ཆད་ལས་ལ་ཚེ་འདི་ཙམ། །དེ་ཉིད་བཞི་ཡི་མཐུ་ལས་བྱུང་། །སླར་ཡང་མུས་ཟད་དེ་ཐིམ་སྟེ། །མེ་ཤི་ཐལ་བ་རླུང་ཁྱེར་འདྲ། །ཅེས་པ་དང་། ལ་ཤན་ལས། བདག་དང་འཇིག་རྟེན་རྐྱེན་ལས་བྱུང་། །འཇིག་རྟེན་སྟོང་པའི་ཆད་ལྟའོ། །ཞེས་སོ། །གཉིས་པ་དེས་ན་ཚེ་སྔ་ཕྱི་མེད་པས། ལས་རྒྱུ་འབྲས་མེད་པར་འདོད་དེ། ལས་མི་དགེ་བ་སྤྱད་པས་འབྲས་བུ་ངན་སོང་དུ་འགྲོ་བ་ཡང་མེད་ལ། ལས་དགེ་བ་སྤྱད་པས་འབྲས་བུ་མཐོ་རིས་སུ་འགྲོ་བ་ཡང་མེད་དོ། །དེའི་འཐད་པ་ནི། ལས་སོགས་པའི་རྟེན་མི་བརྟན་པའི་ཕྱིར་རོ། །ཧེ་དུ་ནི་ལུས་ལ་རྣམ་པར་སྨིན་པ་སོགས་པའི་རྟེན་མི་བརྟན་ཏེ་ལུས་ཞིག་པའི་ཚེ་རྣམ་སྨིན་ཀྱང་གཞི་མེད་དེ་འཇིག་པར་འགྱུར་རོ། །སེམས་ནི་དངོས་མེད་སྟོང་པ་ཡིན་པས་ལས་བསགས་པའི་རྟེན་དེ་ནམ་མཁའ་བཞིན་ནོ། །དེས་ན་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པའོ། །གསུམ་པ་ནི། འགྲོ་བ་ཡང་མཐོང་བ་འདི་ཙམ་ཡིན་ཏེ། འགྲེང་ཁུག་གཉིས། འཕྱོ་ལྡིང་གཉིས་སོ། །མ་མཐོང་བའི་འགྲོ་བ་དམྱལ་བ་དང་། ལྷ་ལ་ལ་སོགས་པ་མེད་དེ། མ་མཐོང་བའི་ཕྱིར་རོ་ཞེས་ཟེར་ཏེ། ཕུར་བུས་བསྟན་པ་ལས། ཙི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །ཞེས་སོ། །ནང་པའང་དབུ་མ་ལ་སོགས་པ་ཆོས་ཐམས་ཅད་མཐའ་དང་བྲལ་བར་གསུངས་ཀྱང་མ་གོ་བར། ཡུམ་ལས། གཟུགས་ནི་གང་ནས་ཀྱང་མ་འོངས། གར་གར་ཡང་མི་འགྲོ། གར་ཡང་གནས་པར་མི་འགྱུར་རོ། །ཞེས་པ་ལ་སོགས་པ་དང་། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པས། །དེ་ཚེ་རྣམ་པ་གཞན་མེད་པར། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པ་ལ་སོགས་ལུང་ཕྱོགས་རེ་དམ་པར་བཟུང་ནས། གོང་ལྟར་ལོག་པར་གོ་བ་ནི་ཞོར་བྱུང་གི་མུ་སྟེགས་སོ། །དེ་དག་གི་མཐའ་དགྲོལ་བ་ལ་གསུམ་སྟེ། ཚེ་སྔ་ཕྱི་མེད་པ་དགྲོལ་བ་དང་། ལས་རྒྱུ་འབྲས་མེད་པ་དང་། མ་མཐོང་བའི་འགྲོ་བ་གཞན་མེད་པར་འདོད་པ་དགྲོལ་བའོ། །དང་པོ་ནི། བསྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པའོ། །སྔ་མ་ནི། སེམས་དུས་གསུམ་དུ་བརྟགས་ཤིང་མ་རྙེད་པར་མི་འཐད་དེ། མེད་པར་ཤེས་པའི་རིགས་པ་མི་འགག་པའི་ཕྱིར་རོ། །དྲི་མེད་གསང་སྒྲོན་ལས། སྟོང་པར་མ་ཤེས་ན་ནི་ཅི་ལྟོ་སྟེ་སྟོང་། ཞེས་པ་ལ་སོགས་པའོ། །ཡང་ལུས་སེམས་རྫས་གཅིག་པའི་གཏན་ཚིགས་མ་གྲུབ་སྟེ། དེའང་ལུས་གྲུབ་ཀྱང་སེམས་མ་གྲུབ་སྟེ། ཤི་བའི་རོ་བཞིན་དང་། ཡང་སེམས་ཡོད་ཀྱང་དེའི་རྗེས་ན་ལུས་མེད་པ་རྨི་ལམ་གྱི་སྣང་བ་བཞིན་ནོ། །ཡང་ལུས་སེམས་རྫས་གཅིག་པར་མི་འགྲུབ་སྟེ། སྣོད་དང་བཅུད་ཡིན་པས་ཆུ་དང་བུམ་པ་བཞིན་ནོ། །གནོད་བྱེད་བརྗོད་པ་ནི། ཚེ་སྔ་ཕྱི་མེད་པ་དགག་པ་དང་། སྔ་ཕྱི་ཡོད་པ་བསྒྲུབ་པའོ། །སྔ་མ་ནི། ཚེ་སྔ་ཕྱི་མེད་ན་རིག་པ་ལ་རྒྱུན་མེད་པར་ཐལ། ཅིའི་ཕྱིར་ན་སྔ་ཕྱི་མེད་པའི་ཕྱིར་རོ། །འདོད་ཐོག་ན་རྨི་ལམ་གྱི་སྣང་བ་དང་ལོ་མང་པོ་གོང་གི་དྲན་པ་འགགས་པར་ཐལ། འདོད་ན་རྨི་ལམ་གྱི་སྣང་བ་དང་། ལོ་མང་པོའི་གོང་གི་ཡུལ་ལ་སོགས་པའི་དྲན་པ་འབྱུང་བས་གསལ་ལོ། །རྒྱུན་མི་འགག་ཀྱང་ཚེ་སྔ་ཕྱི་མེད་ན་ཅི་ལྟོ་སྟེ་ཁྱབ་པ་མ་གྲུབ་ཅེ་ན། རྒྱུན་དུ་ཡོད་པས་སྔ་ཕྱི་མེད་པར་མ་གྲུབ་ཅིང་། ཡོད་པ་འགྲུབ་སྟེ་ཆུ་བོའི་རྒྱུན་བཞིན་ནོ། །ཡང་ཚེ་འདིའི་རྒྱུན་ཡོད་ཀྱང་། སྔ་ཕྱིའི་རྒྱུན་མེད་ན་ཅི་ལྟོ་སྟེ་ཁྱབ་པ་མ་གྲུབ་ཅེ་ན། དེ་རིང་ཡོད་ལ་ཁར་རྩང་དང་ནང་པ་མེད་དོ་ཞེས་མགོ་མཚུངས་སོ། །གཉིས་པ་ནི། ཚེ་སྔ་ཕྱི་ཡོད་དེ། རིག་པའི་རྒྱུན་མི་འགག་པར་སྣང་བའི་ཕྱིར་རོ། །གཏན་ཚིགས་ནི། རྨི་ལམ་དང་། སྔ་ཕྱི་དྲན་པ་ལྡོང་བས་སོ། །དེས་ན་རིག་པའི་རྒྱན་མི་འགག་པས་སྔ་ཕྱི་ཡོད་དོ། །ཡང་བུ་ཆུང་སྐྱེ་མ་ཁའི་སེམས་རྒྱུད་ཆོས་ཅན། ཚེ་སྔ་སྔོན་དུ་སོང་བ་ཡིན་ཏེ། རིག་པ་ཙམ་གཅིག་ཡིིན་པའི་ཕྱིར་རོ། །དཔེར་ན་དེ་རིང་ལ། ཁར་རྩང་སྔོན་དུ་སོང་བ་བཞིན་ནོ། །སྐྱེ་བ་ཕྱི་མ་བསྒྲུབ་པ་ནི། རྒས་པོ་འཆི་ཁ་མའི་སེམས་རྒྱུད་ཆོས་ཅན། ཕྱི་མ་མ་ངེས་པར་འཕེན་ཏེ། རིག་པ་ཙམ་གཅིག་ཡིན་པའི་ཕྱིར་རོ། །དཔེར་ན་དེ་རིང་ཡོད་པས་ནང་པར་འོང་བ་བཞིན་ནོ། །སྒྲོན་མ་ཙམ་གྱིས་རང་བཞིན་འོད་འབྱིན་པས། འོད་མི་འབྱིན་པས་སྒྲོན་མ་ཁེག་པ་བཞིན་ནོ། །གཉིས་པ་ལས་རྒྱུ་འབྲས་མེད་པ་དགྲོལ་བ་ནི་གཉིས་ལས། ལས་རྒྱུ་འབྲས་མེད་པའི་རྒྱུ་མཚན་ཚེ་སྔ་ཕྱི་མེད་པ་ནི་གོང་དུ་བཀག་པ་བཞིན་ནོ། །གཉིས་པ་ནི། གནོད་བྱེད་བརྗོད་པ་དང་། རྒྱུ་འབྲས་ཡོད་པ་བསྒྲུབ་པའོ། །སྔ་མ་ནི། རྟེན་མི་བརྟེན་ན་རིག་པ་ལ་རྒྱུན་མེད་པར་ཐལ། འདོད་ན་རྨི་ལམ་དང་སྔ་ཕྱིའི་རྒྱུན་དྲན་པར་མི་འབྱུང་བ་ལ་སོགས་པ་གོང་བཞིན་ནོ། །གཉིས་པ་ནི། ད་ལྟ་ཡང་བདེ་སྡུག་ལ་སོགས་པ་མངོན་སུམ་དུ་སྣང་བ་ནི། སྔར་གྱི་ལས་ཀྱི་སྟོབས་ཡིན་ཏེ། ཐོག་ཏུ་བབ་ན་མི་སྤོང་བའི་ཕྱིར་རོ། །གཞན་ཡང་མཐོང་བའི་ཆོས་ལ་མྱོང་བའི་ལས་དང་། སྐྱེ་བ་ཕྱི་མ་ལ་མྱོང་འགྱུར་གྱི་ལས་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཡོད་དེ། བདེ་སྡུག་སྣ་ཚོགས་སུ་འབྱུང་བའི་ཕྱིར་རོ། །གསུམ་པ་མ་མཐོང་བའི་འགྲོ་བ་གཞན་མེད་པ་ནི། ལྷ་དང་དམྱལ་བ་ལ་སོགས་པ་མ་མཐོང་བའི་ཕྱིར་མེད་ཟེར་བ་དེ། ཐམས་ཅད་ཀྱིས་མ་མཐོང་བས་མེད་ཟེར་ན་གཏན་ཚིགས་མ་གྲུབ་ཅིང་། འགའ་ཞིག་གིས་མ་མཐོང་བས་མེད་པར་མ་གྲུབ་བོ། །བཞི་པ་འབྲས་བུ་ཐར་པ་དང་ཐམས་ཅད་མཁྱེན་པའི་སངས་རྒྱས་མེད་ཅེས་བསྐུར་པ་འདེབས་པ་ལ་གཉིས་ཏེ། འདོད་པ་བསྟན་པ་དང་། དེའི་མཐའ་དགྲོལ་བའོ། །སྔ་མ་ནི། ལམ་ལ་འབད་རྩོལ་བྱས་ཀྱང་ཐམས་ཅད་མཁྱེན་པའི་སངས་རྒྱས་མི་འབྱུང་སྟེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་མི་འཐད་པའི་ཕྱིར་རོ། །དང་པོ་ནི། སེམས་ཉོན་མོངས་པའི་རང་བཞིན་ཡིན་པས། སོལ་བའི་ནག་པོ་བཞིན་སྤངས་བར་མི་ནུས་པ་དང་། ལུས་ཀྱི་གྲིབ་མ་བཞིན་སྤོངས་བའི་ཐབས་མེད་པ་དང་། གདོང་པའི་དྲི་མ་བཞིན་སྤངས་པ་མི་བརྟན་པའི་ཕྱིར་རོ། །དང་པོ་ནི། སོལ་བ་ལ་བྱི་དོར་བྱས་ཀྱང་དཀར་པོ་མི་འབྱུང་སྟེ། སོལ་བ་ཡོད་ཀྱི་བར་ལ་ནག་པོ་ལ་དཀར་པོ་མེད་ལ། སོལ་བ་དག་ཙ་ན་ནག་པོ་ཡང་མེད་ལ། དེ་ལས་བྱུང་བའི་དཀར་པོ་ཡང་མེད་པ་བཞིན་དུ། ཅི་སྲིད་ཉོན་མོངས་པ་ཡོད་ཀྱི་བར་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་ལ། ཉོན་མོངས་པ་སྦྱོངས་ཏེ་དག་ཙམ་ན་འཁོར་བ་ཡང་མེད་དེ་དེ་ལས་བྱུང་བའི་སངས་རྒྱས་ཀྱང་མེད་དོ། །གཉིས་པ་ནི། ལུས་གར་ཡོད་པ་ན་གྲིབ་མ་ཡོད་པས་སྤངས་པའི་ཐབས་མེད་ལ། དེ་བཞིན་དུ་སེམས་ཀྱི་རང་བཞིན་ཉོན་མོངས་པ་ཡིན་པས་སེམས་གར་ཡོད་པ་ན། ཉོན་མོངས་པ་ཡོད་པས་སྤང་བའི་ཐབས་མེད་དོ། །གལ་ཏེ་སྤངས་ཀྱང་ཀུན་མཁྱེན་མི་འབྱུང་སྟེ། གྲིབ་མ་མེད་ན་ལུས་ཀྱང་མེད་པ་བཞིན་ནོ། །གསུམ་པ་ནི། གདོང་པའི་དྲི་མ་དེ་རིང་བཀྲུས་ཀྱང་སང་འོང་བ་བཞིན། སེམས་ཀྱི་ཉོན་མོངས་པ་སྔ་མ་སྤངས་ཀྱང་ཕྱི་མ་འབྱུང་སྟེ། ཉོན་མོངས་རྐྱེན་གྱིས་གློ་བུར་དུ་ལྡང་བའི་ཕྱིར་རོ། །ཚངས་པའི་དྲ་བ་ལས། རང་བཞིན་ཁོ་ན་ཡིན་ཕྱིར་དང་། །རྟག་ཉིད་ཕྱིར་དང་ཐབས་མེད་ཕྱིར། །ཐབས་ཀྱང་ཡོངས་སུ་ཤེས་མེད་ཕྱིར། །སེམས་ནི་དུས་གསུམ་རང་བཞིན་ཡིན། །གྲོལ་བ་པོ་ནི་གང་ཞིག་སྟེ། ཐམས་ཅད་མཁྱེན་པར་འགྱུར་མ་ཡིན། །ཞེས་པ་དང་། སློབ་དཔོན་དགའ་རབ་ཀྱི་ཞལ་སྔ་ནས། ལ་ལ་སྔ་ཕྱི་ཙམ་འདོད་ལ། །ངེས་པར་ལེགས་པ་ལ་སྐུར་ཏེ། །དེ་ནི་དུག་གསུམ་ལས་གྲོལ་ཏེ། །ཉིད་ནི་དུག་གསུམ་རང་བཞིན་པས། །དེ་སྤང་དེའང་བྲལ་གྱུར་ན། །གྲོལ་བ་པོ་ཞིག་གང་དུ་ཞིག །ཅེས་སོ། །དེ་ཡང་ཉོན་མོངས་པ་ཡོད་ཀྱི་བར་དུ་ལས་རྒྱུ་འབྲས་དང་། མཐོ་རིས་ངན་སོང་ཡོད་པར་འདོད་དེ། སེམས་ཅན་གྱི་སྲོག་ལ་འཇོམ་པ་དང་། ཞོ་མི་འཐུང་བ་ལ་སོགས་པ་མི་དགེ་བའི་ལས་སྤོང་ཞིང་། སྦྱིན་པ་དང་། སྲོག་འདོན་པ་ལ་སོགས་པའི་དགེ་བའི་ལས་སྤྱོད་པའོ། །ཡེ་ཤེས་ཕུན་སུམ་ཚོགས་པའང་མི་འཐད་དེ། གོང་ལྟར་ཉོན་མོངས་པ་མེད་ན་ཡེ་ཤེས་ཀྱང་མེད་དེ། ཆུའི་ཚ་བ་ལྟར་གོམ་པ་མི་བརྟན་པ་དང་། སྐྱེས་བུའི་མཆོངས་པ་ལྟར་འབད་པ་ལ་ལྟོས་པའི་ཕྱིར་དང་། གསེར་གྱི་སྲ་བ་ལྟར་བྱས་པ་མི་བརྟན་པའི་ཕྱིར་རོ། །དང་པོ་ནི། ཆུ་བཀོལ་ཡང་མེར་མི་འགྱུར་ཞིང་། མེ་ཤི་བའི་ཚེ་ཆུ་ཡང་གྲང་བ་བཞིན་དུ། ཉོན་མོངས་པ་སྦྱངས་ཀྱང་ཡེ་ཤེས་སུ་མི་འགྱུར་ཞིང་། གོམས་པ་ཉམས་སུ་ལེན་པའང་སྐྱེ་བ་བརྒྱུད་ནས་སངས་རྒྱས་དགོས་པ་ལ། མི་ཤི་བའི་ཚེ་གོམས་པའི་རྒྱུན་ཆད་དེ་སྔར་སོ་བཞིན་དུ་འགྱུར་བའོ། །གཉིས་པ་ནི་སྐྱེས་བུའི་མཆོངས་པ་ཉིད་སྐྱེད་རེ་བས་ཉི་མ་རེ་བོགས་སུ་ཐོན་ཀྱང་། ནམ་མཁའི་མཐའ་འཁོར་བར་མི་འོང་བ་བཞིན་དུ། རྒྱུ་རྐྱེན་རྩོལ་བ་དང་གོམས་པའི་ཏིང་ངེ་འཛིན་གྱིས་ཞག་རེ་བས་ཀྱང་ཞག་རེ་སྐྱེ་མ་བྱུང་ཡང་། ཀུན་མཁྱེན་གྱི་སངས་རྒྱས་མི་འབྱུང་སྟེ། འབད་པ་ལ་ལྟོས་པའི་ཕྱིར་རོ། །གསུམ་པ་གསེར་གྱི་པྲ་རྩི་ཇི་ལྟར་སྲ་ཡང་བྱས་པ་འགོག་པ་ལྟར། གནས་སྐབས་སངས་རྒྱས་ཐོབ་ཀྱང་བྱས་པ་ཡིན་པའི་ཕྱིར། རྐྱེན་དང་འཕྲད་ན་འཇིག་པར་འགྱུར་རོ། །ནང་པའི་རྒྱུ་མཚན་ཉིད་པ་ལས་གོལ་བ། སེམས་རང་བཞིན་གྱི་འོད་གསལ་ཞིང་བདེ་བར་གཤེགས་པའི་སྙིང་པོ་རང་ཆས་སུ་ཡོད་པར་མ་གོ་བར། རྟོགས་པར་བྱེད་པའི་རྐྱེན་ནམ་ཐབས་སུ་སངས་རྒྱས་རྒྱུ་རྐྱེན་ལས་བྱུང་བར་གསུང་པ་ལ་སོགས་པའི་དྲང་དོན་གྱི་ཕྱོགས་རེ་ལ་དམ་པར་བཟུང་ནས་གོང་ལྟར་ལོག་པར་གོ་བ་ནི་ཞོར་བྱུང་གི་མུ་སྟེགས་སོ། །དེ་དགྲོལ་བ་ནི། དེ་མི་འཐད་ཅིང་ལོག་རྟོག་བསལ་བ་དང་། འབྲས་བུ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡོད་པར་བསྒྲུབ་པའོ། །སྔ་མ་ལ་གཉིས་ཏེ། སུན་དབྱུང་བ་དང་། ལོག་རྟོག་བསལ་བའོ། །དང་པོ་ནི། སེམས་ཉོན་མོངས་པའི་རང་བཞིན་ཡིན་ན། སེམས་དངོས་པོ་རྫས་ཅན་དུ་ཐལ་བ་དང་། གནས་སྐབས་ཀྱི་བདེ་བ་ཙམ་ཡང་མི་འབྱུང་བར་དང་། ཉོན་མོངས་ཐེར་ཟུག་རྒྱུན་མི་འཆད་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །གཉིས་པ་ནི། སྤངས་པ་མི་འཐད་པ་དང་། ཡེ་ཤེས་མི་འཐད་པའི་ལོག་རྟོག་བསལ་བའོ། །སྔ་མ་ལ་གསུམ་ལས། དང་པོ་ནི་ཉོན་མོངས་པ་སེམས་ཀྱི་རང་བཞིན་ཡིན་པར་མ་གྲུབ་སྟེ། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་ལ། ཉོན་མོངས་པ་ནི་འཁྲུལ་རྟོག་གློ་བུར་པ་ཡིན་པའི་ཕྱིར། གསེར་གྱི་གཡའ་འམ་དུང་གི་དྲི་མ་ལྟར་སྤང་བར་ནུས་སོ། །ཧེ་དུ་ནི་སེམས་རང་བཞིན་གྱི་འོད་གསལ་བ། ཉོན་མོངས་སྣ་ཚོགས་གློ་བུར་དུ་ལྡང་གིན་འདུག་པ་ཉིད་ཀྱིས་འགྲུབ་ལ། ཁྱབ་པ་ནི་གློ་བུར་བ་ཡིན་པས་རང་བཞིན་མིན་པས་གྲུབ་བོ། །དེ་ཡང་ཐོག་མ་མེད་པའི་གློ་བུར་བ་ཞེས་བྱ་སྟེ། རང་བཞིན་འོད་གསལ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་གཉིས་སྔ་ཕྱི་མེད་པ་ལས་ཉོན་མོངས་སྣ་ཚོགས་གློ་བུར་དུ་ལྡོང་ངོ་། །ཐེག་པ་ཆེན་པོ་མངོན་པར་འབྱུང་བ་ལས། སེམས་ནི་རང་བཞིན་འོད་གསལ་བས། བདེ་གཤེགས་སྙིང་པོ་མ་གོས་དགེ། །ཞེས་པ་དང་། མདོ་རྒྱ་ཆེ་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་པ་ལ་སོགས་པའོ། །ལང་གཤེགས་ལས། ཐོག་མ་མེད་པའི་གློ་བུར་གྱིས། །ཉོན་མོངས་རྣམས་དང་ལྡན་པས་ན། །རང་བཞིན་འོད་གསལ་བདག་ཉོན་མོངས། །རས་དང་འདྲ་བ་དག་པར་འགྱུར། །ཞེས་པ་དང་། འཇམ་དཔལ་རོལ་པའི་མདོ་ལས། སྲིང་མོ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་མེ་འབར་ཡང་ནམ་མཁའ་ནི་ཚིག་པར་མི་ནུས་སོ། །སྲིང་མོ་དེ་བཞིན་གྱི་འོད་གསལ་བ་ལ་གློ་བུར་གྱི་ཉོན་མོངས་པ་བྱུང་ཡང་། རང་བཞིན་གྱིས་འོད་གསལ་བ་དེ་ནི། གློ་བུར་གྱི་ཉོན་མོངས་པ་དེས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱ་བར་མི་ནུས་སོ། །ཞེས་སོ། །རྣམ་འགྲེལ་ལས་ཀྱང་། སེམས་ཉིད་རང་བཞིན་འོད་གསལ་བ། །ཉོན་མོངས་རྣམས་ནི་གློ་བུར་པ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་གྲིབ་མ་བཞིན་སྤངས་པའི་ཐབས་མེད་པ་མ་གྲུབ་སྟེ། སེམས་རང་བཞིན་གྱིས་འོད་གསལ་བ་གོང་བཞིན་ལ། ཉོན་མོངས་པ་འཁྲུལ་རྟོག་དངོས་པོར་འཛིན་པ་ལས་བྱུང་བ་ཡིན་པའི་ཕྱིར། དེའི་གཉེན་པོ་ནི་བདག་མེད་དམ་སྟོང་ཉིད་རྟོགས་ཤིང་བསྒོམས་པས་སྤང་དུ་བཏུབ་སྟེ། ཐག་པ་ལ་སྦྲུལ་དུ་བཟུང་བ་ལ་དགྲོལ་དུ་བཏུབ་པ་བཞིན་ནོ། །སྡུད་པ་ལས། ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བརྟན། །བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུང་། །ཞེས་པ་དང་། དབུ་མ་རྟེན་འབྲེལ་ལས། སྟོང་ཉིད་བསྒོམས་པས་དགྲོལ་འགྱུར་ཞིང་། །བསྒོམ་པ་ལྷག་མ་དེ་དོན་ནོ། །ཞེས་སོ། །གསུམ་པ་སྤངས་པ་མི་བརྟན་པ་མ་གྲུབ་སྟེ། སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ལ། བདག་མེད་དམ་སྟོང་ཉིད་རྟོགས་ཤིང་གོམས་པར་མཐར་ཕྱིན་པས། བདག་ལྟའི་ས་བོན་གཏན་ནས་བཅོམ་ནས། ཉོན་མོངས་པ་སྐྱེ་མི་སྲིད་པ་ཡིན་ཏེ། དཔེར་ན་ཐག་པ་ཁྲ་བོ་ངོ་ཤེས་པས། སྦྲུལ་འཛིན་རྩད་ནས་གྲོལ་བ་བཞིན་ནོ། །རྣམ་འགྲེལ་ལས། བདག་ལྟའི་ས་བོན་སྤང་ཕྱིར་དང་། །སླར་མི་ལྡོག་པ་ཉིད་ཡིན་ནོ། །ཞེས་སོ། །གཉིས་པ་ཡེ་ཤེས་ཕུན་སུམ་ཚོགས་པ་མི་འཐད་པའི་རྒྱུ་མཚན་གསུམ་མ་གྲུབ་པ་ནི། དང་པོ་རྟེན་མི་བརྟན་པར་མ་གྲུབ་སྟེ། སེམས་རང་བཞིན་གྱིས་འོད་གསལ་ཞིང་རིག་པ་རྒྱུན་ཆད་མེད་པའི་ཕྱིར། །དཔེར་ན་ཆུ་བོའི་རྒྱུན་བཞིན་ནོ། །དེ་ཉིད་རྟོགས་ཤིང་བསྒོམ་པར་བྱེད་པ་ཡང་། ཇི་སྲིད་ཉོན་མོངས་པ་མ་སྤངས་པ་དེ་སྲིད་དུ་རིག་པའི་ཡེ་ཤེས་མི་འཕེལ་ལ། ཤི་བའི་ཚེ་གོམས་པའི་རྒྱུན་མེད་ནས་མི་འགྲོ་སྟེ། བག་ཆགས་ཀྱི་མཚན་མ་གྲོལ་ཞིང་། རིག་པའི་ཡེ་ཤེས་རྒྱུན་དང་བཅས་པའོ། །སྤངས་པའི་ཚེ་previous hit སེམས་ཉིད་གསལ་བར་མཐར་ཕྱིན་ན། ཀུན་མཁྱེན་གྱི་ཡེ་ཤེས་འཆར next hit་བའོ། །རྒྱན་སྡུག་པོ་བཀོད་པའི་མདོ་ལས། ཆུ་བོའི་རྒྱུན་ལྟར་མཚམས་སྦྱོར་ཞིང་། །རྒྱུན་མི་ཆད་པར་སྣང་མོད་ཀྱི། །ཐ་དད་བྱེ་བྲག་དག་ཀྱང་སྣང་། །དེ་བཞིན་རྣམ་ཤེས་སྤྱོད་པ་དག །མཚམས་མེད་པ་ཡི་རྒྱུན་དུ་ཡང་། །རྒྱུད་དང་ལྡན་པར་རབ་ཏུ་འབྱུང་། །ཞེས་སོ། །གཉིས་པ་འབད་པ་ལྟོས་པ་མ་གྲུབ་སྟེ། སྔར་བྱས་པ་སྐྱོར་བ་ལ་མི་ལྟོས་པར་གོམས་པ་ངང་གིས་ཁྱད་པར་དུ་འགྱུར་བའི་ཕྱིར་རོ། །རྣམ་འགྲེལ་ལས། སེམས་ལ་རྩེ་གཅིག་གོམས་སྐྱེ་བ། །རང་བཞིན་ངང་གིས་འཇུག་གྱུར་ཏེ། །ཞེས་སོ། །ཡང་འབད་པ་ལ་ལྟོས་པ་མ་གྲུབ་སྟེ། མ་ཡིན་པ་ཡིན་པར་བྱེད་པ་དང་། མ་གྲུབ་པ་གྲུབ་པར་བྱེད་པ་མིན་ལ། སེམས་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་དེ། རྟོགས་ཤིང་གོམས་པས་གློ་བུར་གྱི་དྲི་མ་དག་ནས་སངས་རྒྱས་པ་ཡིན་པའི་ཕྱིར་རོ། །གསེར་ཡིན་པ་ལ་ཡིན་པར་ངོ་ཤེས་པར་བྱེད་པ་བཞིན་ནོ། །འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་པ་ཡིན་པའི་ཕྱིར། གཞན་ནས་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་པ་དང་། མདོ་ལས། ཨེ་མའོ། །ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །རང་བཞིན་ལྷུན་གྱིས་གྲུབ་པའི་དབྱིངས། །བཙལ་བ་མེད་པར་རྫོགས་སངས་རྒྱས། །ཞེས་སོ། །གསུམ་པ་བྱས་པ་མི་བརྟན་པར་མ་གྲུབ་སྟེ། རྒྱུ་རྐྱེན་གྱིས་བྱས་པ་མིན་ཅིང་། དེ་ཉིད་རྟོགས་པ་མཐར་ཕྱིན་པས་སངས་རྒྱས་པ་ཡིན་པའི་ཕྱིར། དཔེར་ན་གསེར་ཡིན་པ་ལ་ཡིན་པར་ངོ་ཤེས་པ་བཞིན་ནོ། །སྡུད་པ་ལས། སྐྱེ་མེད་ཟད་པ་མེད་པར་ཤེས་རབ་འདི་ཤེས་ཏེ། །ཉི་མ་སྤྲིན་མེད་འོད་འཕྲོ་བས་ནི་མུན་བསལ་ལྟར། །མ་རིག་ཐིབས་པོ་བཅོམ་ནས་རང་བྱུང་ཐོབ་པར་འགྱུར། །ཞེས་པ་དང་། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་ལ། །ཞེས་པ་དང་། ཡིད་སྐྱོབ་ལས། རང་བྱུང་ཡེ་ཤེས་སྤྲོས་དང་བྲལ་བས་སངས། །སྤྲོས་བྲལ་རྟོགས་པ་གདེང་དུ་གྱུར་པས་རྒྱས། །ཞེས་གསུངས་སོ། །དེ་རྣམས་ཀྱང་གསང་སྔགས་པའི་ལུགས་ཀྱིས་ཆོས་ཀུན་རང་བྱུང་ཡེ་ཤེས་ཡིན་པ་ལ། དེ་ཉིད་ཀྱིས་དེ་ཉིད་ངོ་མ་ཤེས་པ་ལས་ལས་དང་ཉོན་མོངས་པ་བྱུང་ཞིང་། དེ་ཉིད་ངོ་ཤེས་པས་ཉོན་མོངས་རྩད་ནས་གྲོལ་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་སུམ་དུ་སྣང་བ་ཡིན་ཅིང་། སྐྱེ་འགག་མེད་པར་རྒྱུན་དང་བཅས་པ་ཡིན་ཏེ། དཔེར་ན་ཐག་པ་ཁྲ་བོ་སྦྲུལ་དུ་བཟུང་བས་བྲེད་པ་ལས། ཐག་པར་ཤེས་པས་སྦྲུལ་འཛིན་རྩད་ནས་གྲོལ་བ་བཞིན་དང་། རྒྱལ་ཕྲུག་འབངས་སུ་འཁྱམས་པ་རྒྱལ་པོར་ངོས་ཟིན་ནས་རྒྱལ་སར་བཏོན་པ་ལྟ་བུའོ། །ཡིད་སྐྱོབ་ལས། ཡེ་ནས་གཟུང་འཛིན་དབེན་ཞིང་འདུས་མ་བྱས། །ཡིན་པའི་དབང་གིས་གཟུང་འཛིན་འདུས་བྱས་འཁྲུལ། །ངང་གིས་གཟུང་འཛིན་དག་ཅིང་འདུས་མ་བྱས་རིག་པས། །སྤངས་ནས་ཐོབ་པ་མེད་དེ་འབྲས་བུ་མཆོག་ཏུ་གསུང་། །དེའང་གཞན་ནས་ཐོབ་པ་ཅི་ཡང་མེད། །དཔེར་ན་མ་ཧཱ་ར་ཛའི་བུ་བཞིན་དང་། །ཐེ་གུ་སྦྲུལ་ལ་སོགས་པ་ཇི་བཞིན་ནོ། །ཞེས་གསུངས་སོ། །ཐམས་ཅད་མཁྱེན་པའི་སངས་རྒྱས་ཡོད་པའི་བསྒྲུབ་བྱེད་ལ་གཉིས་ཏེ། བཀའ་རྒྱུད་གསུང་པའི་མཁན་པོ་ཐམས་ཅད་མཁྱེན་པ་ཡོད་པ་དང་། ཕྱིས་འབྱུང་བའི་སྒྲུབ་བྱེད་དོ། །དང་པོ་ནི། བཀའ་རྒྱུད་ཆོས་ཅན། འདི་གསུངས་པའི་མཁན་པོ་ཐམས་ཅད་མཁྱེན་པ་གཅིག་ཡོད་ངེས་ཏེ། ལུང་བསྟན་པ་ལ་སོགས་པ་གསུང་པ་བཞིན་འབྱུང་གིན་འདུག་པ་དང་། བརྗོད་པ་ཡོངས་སུ་དག་པའི་ཕྱིར་རོ། །གཉིས་པ་ནི། རྟོགས་ཤིང་ཉམས་སུ་ལེན་པའི་སེམས་རྒྱུད་ཆོས་ཅན། ཇི་ལྟ་བ་བཞིན་ཉམས་སུ་བླངས་ན་ཐམས་ཅད་མཁྱེན་པ་འབྱུང་ངེས་ཏེ། དེ་ཅིས་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེས་མ་རིག་ཉོན་མོངས་ཀྱི་བག་ཆགས་གཏན་ནས་བྱང་ཤིང་རང་བྱུང་གི་ཡེ་ཤེས་མངོན་དུ་འཆར་བའོ། །དཔེར་ན་རྒྱལ་ཕྲུག་འབངས་སུ་འཁྱམས་པ་རྒྱལ་སར་བཏོན་པ་བཞིན་ནོ། །རྟག་པ་ནི་སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོ་ནས་རྒྱས་པར་བཤད་པའོ། །སྔ་མ་ནི། བདག་རྟག་པ་ཤེས་རིག་གི་སྐྱེས་བུ་གཅིག་སེམས་ཅན་གྱི་རྒྱུད་ལ་གནས་ཏེ། དེ་ཡང་རྟེན་དཀར་བ། འཚེར་བ། སྣུམ་ལ་འདྲིལ་བ། སེམས་ཅན་གྱི་ལུས་དང་སྦྱར་བ། ཆེ་བ་སྲན་རྡོག་ཙམ་ཆུང་བ་ཏིལ་འབྲུ་ཙམ། ཡང་ཆུང་རྡུལ་ཕྲན་ཙམ་དུ་འདོད་པའང་ཡོད་ལ། ཡང་གཟུགས་ཅན་གྱི་དངོས་པོ་ཡོད་མེད་ལས་གྲོལ་བ་ཐམས་ཅད་ཀྱི་ཟ་བ་པོ་བྱེད་པ་པོ། བདག་རྟག་པའི་དངོས་པོ་གཅིག་པུ་བྱ་བྱེད་རང་དབང་ཅན་ཞིག་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡོད་པར་འདོད་པའོ། །དེ་ཡང་བརྗོད་དུ་མེད་པའི་གང་ཟག་གི་བདག་གོ། །དེ་མེད་ན་བདེ་སྡུག་དང་། མཐོ་རིས་དང་ངན་སོང་ལ་སོགས་པའི་གཞི་མེད་པའོ། །དེ་ཡོད་ལ། མ་རྟོགས་པས་བདེ་སྡུག་དང་། མཐོ་རིས་ངན་སོང་ལ་སོགས་པའི་བྱེད་པ་པོ་ཡིན་ཞིང་། མཐོ་རིས་དང་ངན་སོང་ལ་སོགས་པའི་བདེ་སྡུག་ཉམས་སུ་མྱང་བའོ། །དེ་རྟོགས་པར་བྱེད་པའི་ཐབས་དང་། རྟོགས་ནས་འཁོར་བ་ལས་གྲོལ་ཏེ་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའོ། །ཚངས་པ་མྱ་ངན་མེད་པ་ལས། རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར་དག །རྟག་ཏུ་རྣམ་པར་གྲོལ་ཞིང་སངས་རྒྱས་ཡིན། །བླང་དང་དོར་བ་མེད་ཅེས་རབ་བརྟགས་ནས། །ཚངས་པ་མྱ་ངན་མེད་པར་རྟག་ནས་བྱོན། །ཞེས་པ་དང་། མིང་ཙམ་ལས་ནི་རབ་འདས་ཤིང་། །དངོས་དང་དངོས་མེད་རྣམ་པར་སྤངས། །འབྱུང་དང་སྡུད་པས་ངེས་གྲོལ་བ། །དེ་ནི་ནོར་ལྷའི་བུ་ཞེས་བྱ། །ཞེས་པ་དང་། འཁོར་བ་ཐོག་མ་མེད་མོད་ཀྱིས། །ཐ་མ་མེད་པ་མ་ཡིན་ཏེ། །ཁོ་ན་ཉིད་དེ་ཤེས་པ་ཡིས། །མི་དེ་ཐ་མ་ཐར་བར་འགྱུར། །ཞེས་འབྱུང་ངོ་། །སློབ་དཔོན་དགའ་རབ་ཀྱི་གཏེར་གཏད་ལས། །མུ་སྟེགས་པའི་འདོད་པ་བསྟན་པ། །རིག་པ་གཟུང་འཛིན་ལས་གྲོལ་བ། །རྟག་ཅིང་བདེ་བ་རང་དབང་ཅན། །དངོས་པོ་ཡོད་མེད་ལས་གྲོལ་ཙམ། །གནས་པས་བླང་དོར་བྲལ་བ་འདོད། །ཅེས་སོ། །ནང་པའང་སྤྱིར་ཆོས་ཐམས་ཅད་སེམས་དང་རིག་པ་དང་ཡེ་ཤེས་དང་ཟུང་འཇུག་ལ་སོགས་པར་བསྟན་པ་ལ། དེ་ལྟར་མ་རྟོགས་སྟེ་གོང་ལྟར་ལོག་པར་གོ་བ་ནི་ཞོར་བྱུང་ངོ་། །དེ་དག་དགྲོལ་བ་ནི། བདག་དགག་པ་དང་། རྟག་པ་དགག་པ་དང་། བྱ་བྱེད་རང་དབང་ཅན་དགག་པའོ། །སྔ་མ་ནི། ཕུང་པོ་ལ་བདག་གྲུབ་ན། ཕུང་པོ་དང་བདག་གཅིག་གམ་ཐ་དད། ཐ་དད་ན་ཕུང་པོ་ལ་བདག་གྲུབ་པ་ཉམས་ལ། གཅིག་ན་ཕུང་པོ་འཇིག་པས་བདག་ཀྱང་འཇིག་པར་འགྱུར་རོ། །ཡང་ཕུང་པོ་ཆ་དུ་མར་དམིགས་ཤིང་དུ་མ་དང་འབྲེལ་བས། བདག་རིལ་པོ་གཅིག་ཏུ་མི་རུང་ལ། ཕུང་པོ་ལ་བདག་བཙལ་ཀྱང་མི་རྙེད་པའི་ཕྱིར་བདག་མེད་དོ། །བདག་དེ་ཕུང་པོ་ལས་གཞན་ན་ཡང་མེད་དེ། བདག་གྲུབ་པའི་གནས་མེད་པའི་ཕྱིར་རོ། །ཡང་བདག་རྟག་པ་དེ་ལ་ཕྱི་ནང་ཡོད་དམ་མེད། ཡོད་ན་དངོས་པོ་ཡོད་མེད་ལས་མ་གྲོལ་ཞིང་། བརྗོད་དུ་ཡོད་པར་ཐལ་བ་དང་། མེད་ན་བདག་རྟག་པ་ཉམས་སོ། །རྟག་དངོས་དགག་པ་ནི། རྟག་པ་གཞིར་བྱས་ལ་དངོས་པོ་དགག་པ་དང་། དངོས་པོ་གཞིར་བྱས་ལ་རྟག་པ་དགག་པ་དང་། ཤེས་བྱ་གཞིར་བྱས་ལ་རྟག་པའི་དངོས་པོ་ཙམ་དགག་པའོ། །དང་པོ་ནི། རྟག་པ་ཆོས་ཅན། དངོས་པར་མེད་དེ། རིམ་དང་ཅིག་ཆར་གྱིས་དོན་བྱེད་ནུས་པས་སྟོང་པའི་ཕྱིར། རི་བོང་གི་རྭ་བཞིན་ནོ། །དེའི་ཧེ་དུ་ནི་རང་རིག་མངོན་སུམ་གྱིས་འགྲུབ་ཏེ། རྟག་པ་ནི་འགྱུར་བ་མེད་པར་གནས་དགོས་པ་ལ། རིམ་དང་ཅིག་ཆར་གྱིས་དོན་བྱེད་པ་ནི་འགྱུར་བའི་རང་བཞིན་ཡིན་པས་སོ། །ཡང་ཧེ་དུ་མ་གྲུབ་སྟེ་དོན་བྱེད་དོ་ཅེ་ན། ཅིག་ཆར་དུ་དོན་བྱེད་དམ་རིམ་གྱིས་བྱེད། སྔ་མ་ལྟར་ན་འགྲོ་ཀུན་དུས་གཅིག་ཏུ་འབྱུང་བར་ཐལ་ལ། ཕྱི་མ་ལྟར་ན་རིམ་གྱིས་འབྱུང་བ་ཡིན་པས་རྟག་པའི་དམ་བཅའ་བུད་དོ། །དེའི་ཁྱབ་པ་ཡང་དོན་བྱེད་ནུས་པ་གཉིས་ཀྱིས་སྟོང་པས་དངོས་པོར་འགལ་ལོ། །གཉིས་པ་ནི། དངོས་པོ་ཆོས་ཅན། རྟག་པར་མི་རུང་སྟེ། བྱས་པ་ཡིན་པའི་ཕྱིར་བུམ་པ་བཞིན་ནོ། །ཕྱིར་ནི་ཧེ་དུ་ནི་བྱས་པ་ཉིད་ཀྱིས་འགྲུབ་ལ་བྱས་པས་རྟག་པ་མ་གྲུབ་བོ། །གསུམ་པ་ནི། རྟག་པ་དངོས་པོ་རང་བཞིན་གཅིག་ཉིད་དུས་སྔ་ཕྱིར་མི་འགྱུར་བར་གནས་དགོས་པ་ལ། དུས་སྔ་ཕྱིར་འགྱུར་ཞིང་གཅིག་ཏུ་མི་གནས་པས་རྟག་པའི་དངོས་པོ་ཉམས་སོ། །དེའང་དུས་སྔ་ཕྱི་ཆོས་ཅན། རྟག་པ་གཅིག་ཏུ་མི་རུང་སྟེ། ཆོས་འགལ་བ་ཡིན་པའི་ཕྱིར། ཁར་སང་དང་དེ་རིང་བཞིན་ནོ། །བྱ་བྱེད་རང་དབང་ཅན་ཡིན་པར་མི་འཐད་དེ། བདེ་སྡུག་རང་དབང་མེད་པར་ཐོག་ཏུ་འོང་བའི་ཕྱིར་སྐྱེ་འཆི་བཞིན་ནོ། །ཕྱི་མ་ལ་བཞི་སྟེ། རང་བཞིན་ནམ་རིག་པ་རྟག་པ་གྲངས་ཅན་པ་དང་། བྱེད་པ་པོ་རྟག་པར་འདོད་པ་དབང་ཕྱུག་པ་ལ་སོགས་པ་དང་། རྡུལ་ཕྲན་རྟག་པར་འདོད་པ་བྱེ་བྲག་པ་དང་། རིག་པ་རྟག་པར་འདོད་པ་ཚངས་པ་ལ་སོགས་པའོ། །སྔ་མ་ནི། དྲང་སྲོང་སེར་སྐྱའི་རྗེས་སུ་འབྲངས་པས། ཆོས་ཐམས་ཅད་དེ་ཙམ་ཉི་ཤུ་རྩ་ལྔར་འདོད་པའོ། །དེ་ལ་དེ་ཙམ་ཉི་ཤུ་རྩ་ལྔའི་དབྱེ་བ་དང་། དེ་ཤེས་པས་གྲོལ་བའི་ཚུལ་དང་། དེའི་མཐའ་དགྲོལ་བའོ། །སྔ་མ་ནི། དབྱེ་བ་དང་། དངོས་པོ་དང་། རྣམ་གཞག་གོ། །དང་པོ་ནི། གཙོ་བོ། ཆེན་པོ། ང་རྒྱལ་གསུམ། དབང་པོ་བཅུ་གཅིག །འབྱུང་བ་ལྔ། དེ་ཙམ་ལྔ་སྟེ་ཉེར་བཞི། བདག་རྟག་པ་ཤེས་རིག་གི་སྐྱེས་བུ་སྟེ་ཉེར་ལྔའོ། །གཉིས་པ། གཙོ་བོ་ནི། རྡུལ་མུན་པ་སྙིང་སྟོབས་ཆ་མཉམ་པའོ། །དེ་གསུམ་ཆ་མི་མཉམ་པ་ལ་རྣམ་འགྱུར་ཏེ། དེ་ལས་ཆེན་པོ་ཞེས་བྱ་བ་ནི་ཤེལ་གྱི་ཁང་པ་ལྟར་གཟུགས་བརྙན་འཆར་བའི་གཞི་ཡིན་ཏེ། ཕྱི་ནས་གཟུགས་སྒྲ་ལ་སོགས་པ་དང་རྣམ་འགྱུར་གྱི་གཟུགས་བརྙན་འཆར་ལ། ནང་ནས་གཙོ་བོའི་གཟུགས་བརྙན་འཆར་བའོ། །དེ་གཉིས་འདྲེས་པ་ལ་བདག་ཡུལ་ལ་ལོངས་སྤྱོད་ཅེས་སྨྲ་བའོ། །རྡུལ་མུན་པ་སྙིང་སྟོབས་གསུམ་ལས་གྱུར་པ་ལ་ང་རྒྱལ་ཞེས་བྱ་སྟེ། རྡུལ་ཞེ་སྡང་ལས་གྱུར་པ་ལས་དབང་པོ་བཅུ་གཅིག་སྟེ། མིག་རྣ་བ་སྣ་ལྕེ་པགས་པ་སྟེ། བློའི་དབང་པོ་ལྔ་དང་། མགོ། ལག་པ། རྐང་པ། གཤང་ལམ། ཆུ་སོ་སྟེ། ལས་དབང་ལྔ་དང་། ཐུན་མོང་དུ་གྱུར་པའི་ཡིད་དོ། །སྙིང་སྟོབས་ལས་གྱུར་པ་བཅུ་སྟེ། ས་ཆུ་མེ་རླུང་ནམ་མཁའ་སྟེ། འབྱུང་བ་ལྔ་དང་། གཟུགས་སྒྲ་དྲི་རོ་རེག་དང་། དེ་ཙམ་ལྔ་སྟེ་བཅུའོ། །མུན་པ་ལས་གྱུར་པ་ནི། དེ་གཉིས་ཀྱི་གྲོགས་བྱེད་པ་ལས་འབྲས་བུ་ལོགས་སུ་མི་བསྐྱེད་པར་འདོད་དོ། །དེའང་རྣམ་འགྱུར་གྱི་ཆོས་རྣམས་གཙོ་བོའི་རང་བཞིན་གཅིག་ཏུ་ཡོད་པས། རྒྱུ་ལ་འབྲས་གནས་ཞེས་བྱ་སྟེ། རྒྱུ་འཇིམ་པ་ལ་འབྲས་བུ་བུམ་པ་གྲུབ། རྩ་མཆོག་ལ་གླང་པོ་གྲུབ་ཅེས་ཟེར་རོ། །དེའང་མེད་ན་མི་འབྱུང་བ་ཡིན་པ་ལ། རྒྱུ་ལ་རྐྱེན་གྱིས་འབྲས་བུ་འབྱུང་གིན་འདུག་པའི་ཕྱིར་རོ། །དེའང་རྣམ་འགྱུར་གྱི་དངོས་པོ་རྣམས་གཙོ་བོའི་རང་བཞིན་དུ་ཡོད་ལ། དེ་མི་གསལ་བ་གསལ་བར་བྱེད་པས་རང་ལ་རང་སྐྱེ་ཞེས་བྱའོ། །རྣམ་འགྱུར་གྱི་དངོས་པོ་འཇིག་པའང་གཏན་ནས་འཇིག་པ་མིན་ཏེ། གཙོ་བོའི་རང་བཞིན་དུ་ཐིམ་སྟེ། མི་གསལ་བར་གྱུར་པའོ། །དེའང་དབང་ཕྱུག་ནག་པོའི་གཞུང་ལས། །རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་བྱུང་། །དེ་ཙམ་ལྔ་ལས་འབྱུང་བ་རྣམ་ལྔ་བྱུང་། །ཞེས་སོ། །རྣམ་འགྱུར་གྱི་ཆོས་ཉི་ཤུ་རྩ་གཅིག་ལ་ལོངས་སྤྱོད་པ་ནི། བདག་རྟག་པ་ཤེས་རིག་གི་སྐྱེས་བུ་ཡིན་ཏེ། དེའང་བདག་རྟག་པ། གཅིག་པུ། རིག་པ། དེའང་འགྲོ་བའི་སྤྱོད་ཡུལ་མ་གྱུར་པས་དངོས་སུ་མི་སྣང་བ་ཞེས་བྱའོ། །སློབ་དཔོན་དགའ་རབ་ཀྱི་ཞལ་སྔ་ནས། ལ་ལ་ཡོན་ཏན་གསུམ་རང་བཞིན། རྟག་ལ་རྒྱུ་དུས་འབྲས་རྫོགས་འདོད། །ཞེས་སོ། །རྣམ་གཞག་ནི་བཞི་སྟེ། ཤེས་པ་དང་ཤེས་བྱའི་སྒོ་ནས་རྣམ་པར་གཞག་པ་དང་། རང་བཞིན་རྣམ་འགྱུར་གྱི་དང་། རྒྱུ་དང་འབྲས་བུའི་དང་། དོན་དམ་ཀུན་རྫོབ་ཀྱིའོ། །དང་པོ་ནི། བདག་ནི་ཤེས་པ་ཁོ་ན་ལས་གཞན་རྣམས་ཤེས་བྱའོ། །གཉིས་པ་ནི་མུ་བཞི་སྟེ། གཙོ་བོ་ནི་རང་བཞིན་ཁོ་ནའོ། །ཆེན་པོ། ང་རྒྱལ། དེ་ཙམ་ལྔ་སྟེ་བདུན་ནི་གཉིས་ཀའོ། །དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་སྟེ་བཅུ་དྲུག་ནི་རྣམ་འགྱུར་རོ། །བདག་ཤེས་རིག་གི་སྐྱེས་བུ་ནི་གཉིས་ཀ་མ་ཡིན་པའོ། །དེའང་དབང་ཕྱུག་ནག་པོའི་གཞུང་ལས། གཙོ་བོའི་རང་བཞིན་ཉིད་འགྱུར་མིན། །ཆེན་པོ་བདུན་སོགས་རང་བཞིན་དང་། །འགྱུར་བ་བཅུ་དྲུག་འགྱུར་བ་ཉིད། །སྐྱེས་བུའི་རང་བཞིན་ཉིད་འགྱུར་མིན། །ཞེས་སོ། །གསུམ་པ་ནི་གཙོ་བོ་རྒྱུ་ཡིན་ལ་རྣམ་འགྱུར་གྱི་ཆོས་རྣམས་འབྲས་བུའོ། །བདག་ནི་གཉིས་ཀ་མ་ཡིན་ཞིང་ལོངས་སྤྱོད་པའོ། །བཞི་པ་ནི། བདག་དང་གཙོ་བོ་དོན་དམ། གཞན་རྣམས་ཀུན་རྫོབ་བོ། །དེ་ཉིད་ལས། ཡོན་ཏན་གསུམ་གྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་གྱུར་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག །ཅེས་སོ། །གཉིས་པ་ནི། དེ་ཙམ་ཉི་ཤུ་རྩ་ལྔའི་དོན་ཤེས་ན་གྲོལ་བར་འདོད་དེ། དེ་ཙམ་ཉི་ཤུ་ལྔ་ཤེས་ན། རལ་པའི་སྤྱི་བོ་ཅོད་པན་གྱི། །ཆ་ལུགས་གང་གིས་གནས་ཀྱང་རུང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་འབྱུང་ངོ་། །ནང་བའི་སྔགས་ཕྱི་ནང་ལས་གོལ་པ། ཆོས་ཐམས་ཅད་སེམས་ཉིད་རང་སྣང་ལས་བྱུང་ཡང་ཆོས་དང་རྒྱུ་འབྲས་གཉིས་སུ་མེད་ཅིང་། རང་རིག་མཐའ་དབུས་ཕྱི་ནང་མེད་པར་བསྟན་པ་མ་གོ་བར། ཐམས་ཅད་སེམས་ལས་བྱུང་བ་དང་། སེམས་འབྲས་བུ་ཡིན་པ་དང་། རྟོག་པ་གནས་འགྱུར་དང་། རིག་པའི་ཡེ་ཤེས་ཡིན་པ་ལ་སོགས་པའི་ལུང་ཕྱོགས་རེ་ལ་དམ་པར་བཟུང་ནས། གོང་ལྟར་ལོག་པར་གོ་བ་ནི་ཞོར་བྱུང་གི་མུ་སྟེགས་སོ། །གསུམ་པ་དེ་མི་འཐད་ཅིང་དགྲོལ་བ་ལ་གསུམ་སྟེ། བསྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པ་དང་། དེ་ཤེས་པས་མི་གྲོལ་བའོ། །སྔ་མ་ནི། གཙོ་བོ་དང་། ཆེན་པོ་དང་། བདག་ཡོད་པར་མ་གྲུབ་སྟེ། མངོན་སུམ་དང་། རྗེས་དཔག་གིས་ཀྱང་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། རྣམ་འགྱུར་གྱི་ཆོས་རྣམས་གཙོ་བོའི་རང་བཞིན་དུ་ཡོད་པར་མི་འཐད་པ་དང་། རྒྱུ་ལ་འབྲས་བུ་གྲུབ་པར་མི་འཐད་པ་དང་། བདག་རྟག་པར་མ་གྲུབ་ཅིང་ཡུལ་ལ་ལོངས་སྤྱོད་པར་མི་འཐད་པའོ། །དང་པོ་ནི་རྣམ་འགྱུར་དུ་མར་སྣང་བ་དེ་བདེན་ནམ་མི་བདེན། བདེན་ན་དུ་མ་རང་དུ་བདེན་པས་གཙོ་བོའི་རང་བཞིན་གཅིག་ཏུ་འདོད་པ་འཁྲུལ་ལ། དུ་མར་སྣང་བ་མི་བདེན་ན། རྫུན་པ་དུ་མས་བདེན་པ་གཅིག་མི་འགྲུབ་སྟེ། གཙོ་བོ་རང་བཞིན་གཅིག་ཡིན་པ་མི་འཐད་དོ། །རྨི་ལམ་གྱི་བརྫུན་པའི་རྟ་གླང་དུ་མས་བདེན་པའི་རྟ་གླང་གཅིག་མི་གྲུབ་པ་བཞིན་ནོ། །གཉིས་པ་ནི་རྒྱུ་ལ་འབྲས་བུ་ཡོད་པ་དེ། རྒྱུ་འབྲས་རྫས་གཅིག་གམ་མི་གཅིག་གཅིག་ན་རྒྱུ་འབྲས་སུ་མི་འཐད་དོ། །སློབ་དཔོན་དགའ་རབ་ཀྱི་ཞལ་སྔ་ནས། རྒྱུ་རུ་ཁས་བླང་འབྲས་བརྗོད་པ། །རང་ཚིག་གསལ་བས་བླུན་པོའི་ངག །ཅེས་སོ། །མི་གཅིག་ན། རྒྱུ་ལ་འབྲས་བུ་གྲུབ་པ་ཉམས་སོ། །དེ་སྐད་དུ་བྱས་པ་ལ་ངོ་བོ་གཅིག་ལ་མི་གསལ་བ་གསལ་བར་བྱེད་པས་རྒྱུ་འབྲས་སུ་འཇོག་གོ་ཞེ་ན། གསལ་མི་གསལ་གཉིས་གཅིག་གམ་ཐ་དད། གཅིག་ན་རྒྱུ་འབྲས་སུ་མི་རུང་ལ། ཐ་དད་ན་རྒྱུ་ལ་འབྲས་བུ་གྲུབ་པ་དང་། རང་ལས་རང་སྐྱེ་བ་ཉམས་སོ། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་མི་འཐད་དེ། རྒྱུ་འབྲས་ཡིན་པའི་ཕྱིར། སོལ་བ་དང་ལྗོན་ཤིང་བཞིན་ནོ། །དྷརྨཱ་ཀིརྟིས་སུན་ཕྱུང་པ། །རྩ་མཆོག་རྩེ་ལ་གླང་པོ་བརྒྱ། །སུས་ཀྱང་མ་མཐོང་ཡོད་དོ་ཅེས། །གྲངས་ཅན་ཁྱོད་ལས་གཞན་མ་ཡིན། །ངོ་མཚར་བཅས་པ་སུས་སྨྲས་རྩོལ། །ཞེས་སོ། །བདག་རྟག་པ་མི་འཐད་པ་ནི། བདག་རྟག་པའི་ཤེས་རིག་གི་སྐྱེས་བུ་དེ་སེམས་ཅན་གྱི་ཤེས་རྒྱུད་ཡིན་ནམ་མིན། མིན་ན་དེ་ཤེས་པས་མི་གྲོལ་ཞིང་དེ་གཏན་ལ་ཕབ་པ་ལ་དོན་མེད་དོ། །ཡིན་ན་བདེ་སྡུག་ལ་སོགས་པ་རེས་འགའ་བར་འབྱུང་བ་རྣམས་རྒྱུན་ཆད་པར་ཐལ། ཅིའི་ཕྱིར་ན་སེམས་ཅན་གྱི་རྒྱུད་རྟག་པ་ཡིན་པའི་ཕྱིར་རོ། །འདོད་ན་བདེ་སྡུག་ལ་སོགས་པ་རེས་འགའ་བར་འདུག་པས་བསལ་ལོ། །རང་བཞིན་རྟག་ལ་གནས་སྐབས་འགྱུར་རོ་ཞེ་ན། རང་བཞིན་དེ་འགྱུར་བ་ཡིན་ནམ་གཞན་ཞིག་འགྱུར་བ་ཡིན། རང་བཞིན་འགྱུར་ན་རང་བཞིན་རྟག་པ་ཉམས་ལ། གཞན་ཡིན་ན་རང་བཞིན་གྱི་གནས་སྐབས་མ་ཡིན་པར་ཐལ་བའི་སྐྱོན་འོང་ངོ་། །དེས་བདག་རྟག་པ་མ་གྲུབ་པས། བདག་ཡུལ་ལ་ལོངས་སྤྱོད་པའང་མ་གྲུབ་བོ། །གསུམ་པ་དེ་ཤེས་པས་མི་གྲོལ་བ་ནི། དེ་ཙམ་ཉི་ཤུ་རྩ་ལྔ་པོ་དེ་ཤེས་བྱའི་གཤིས་མིན་ཞིང་ལོག་ཤེས་ཡིན་པས་མི་གྲོལ་བའོ། །གཉིས་པ་བྱེད་པ་པོ་རྟག་པར་འདོད་པ་ནི། དབང་ཕྱུག་བྱེད་པ་པོ་རྟག་པར་འདོད་པ་དང་། ཁྱབ་འཇུག་བྱེད་པ་པོར་འདོད་པའོ། །སྔ་མ་ནི། དབང་ཕྱུག་བྱེད་པ་པོར་འདོད་པ་དང་། དེ་མཆོད་པས་གྲོལ་བར་འདོད་པ་དང་། དེ་དགྲོལ་བའོ། །དང་པོ་ནི། འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་མཚན་ཉིད་ལྔ་དང་ལྡན་པས་བྱེད་པ་ཡིན་ཏེ། རྟག་པ། གཅིག་པུ། ལས་རྣམས་བྱེད་པའི་སེམས་དང་ལྡན་པ། ལྷའི་འགྲོ་བ་ཡིན་པ། གཙང་ཞིང་བཀུར་བྱ་དང་མཆོད་བྱའི་གནས་ཡིན་པའོ། །དེས་སྣོད་བཅུད་ཐམས་ཅད་བྱས་པ་ཡིན་པར་འདོད་དེ། དབྱར་དགུན་སྟོན་དཔྱིད་ལ་སོགས་པ་དུས་ཚིགས་ངེས་པར་འདུག་པའི་ཕྱིར་དང་། རྒྱ་ཤུག་གི་རི་ལུ་ལ་སོགས་པའི་ཚད་ངེས་གིན་འདུག་པའི་ཕྱིར་དང་། སྐྱེ་འགྲོ་ཕོ་མོ་ལ་སོགས་པའི་སྐྱེ་དགུ་ཐ་དད་པ་འབྱུང་ཤིན་འདུག་པའི་ཕྱིར་དང་། བདེ་སྡུག་ལ་སོགས་པ་མ་ངེས་པར་འབྱུང་ཤིན་འདུག་པའི་ཕྱིར། འགྲོ་བ་ལ་དབང་མེད་ཅིང་དབང་ཕྱུག་གིས་བྱས་པ་ཡིན་ཟེར་རོ། །དེ་སྐད་དུའང་། དབང་ཕྱུག་ནག་པོའི་རྒྱུད་ལས། གང་ཞིག་ཕྲ་ཞིང་གཅིག་པུར་སྐྱེས་ནས་འདུག །དེ་ཡིས་འདི་ཀུན་བསྐྱེད་ཅིང་འཇིག་པར་བྱེད། །དེ་ནི་དབང་བདག་མཆོག་ཡིན་ལྷ་མཆོད་བྱ། །ཡོན་ཏན་བྱེད་པ་ཞི་བ་རབ་ཏུ་ཐོབ། །ཅེས་པ་དང་། སྐྱེ་བོ་མི་ཤེས་བདག་ཉིད་འདི། །བདེ་སྡུག་རང་དབང་ཡོད་མིན་ཏེ། །དབང་ཕྱུག་གིས་བྱས་མཐོ་རིས་སམ། །ངན་སོང་དག་ཏུ་འགྲོ་བར་འགྱུར། །ཞེས་པ་དང་། ཡོན་ཏན་ནོར་ལྡན་ཚེ་ཐུང་དང་། །ངན་པར་སྤྱོད་རྣམས་ཚེ་རིང་དང་། །གཏོང་ལྡན་དབུལ་པོར་མཐོང་བས་ན། །དབང་ཕྱུག་གིས་བྱས་གསལ་པ་ཡིན། །ཞེས་སྨྲས་སོ། །དེ་མཆོད་པས་བདེ་འགྲོ་དང་ཐར་པར་འགྲོ་བ་ཡིན་ཏེ། ཕྱ་དང་དབང་ཕྱུག་མཆོད་ཉེས་ན། །ངན་འགྲོའི་གནས་སུ་འགྲོ་བར་བྱེད། །ཕྱ་དང་དབང་ཕྱུག་མཆོད་ལེགས་ན། །མཐོ་རིས་གནས་སུ་དེ་ཡིས་འདྲེན། །ཞེས་སོ། །དེའི་ཕྱིར་དབང་ཕྱུག་ལ་ཤ་ཁྲག་ལ་སོགས་པའི་མཆོད་པ་བྱས་པས་གྲོལ་བར་འདོད་པའོ། །གསང་སྔགས་པ་ལྷ་ལ་བརྟེན་ནས་རིག་པ་རྩལ་སྦྱོང་ངོ་། །སྐྱེ་མེད་ངོ་སྤྲོད། གཉིས་མེད་རང་གྲོལ་དུ་རྟོགས་པར་བྱེད་པའི་ཐབས་ལ། དེ་ལྟར་མ་གོ་བར། ལྷ་རང་རྒྱུད་དངོས་པོར་བཟུང་ནས། གོང་ལྟར་གོལ་བ་ནི་ཞོར་བྱུང་གི་མུ་སྟེགས་སོ། །དེ་དགྲོལ་བ་ནི། བསྒྲུབ་བྱེད་མེད་པ་དང་། སྐྱོན་བརྗོད་པ་དང་། དེ་མཆོད་པས་མི་གྲོལ་བའོ། །དང་པོ་ནི། སྣོད་བཅུད་དབང་ཕྱུག་གིས་བྱས་པར་མི་འགྲུབ་སྟེ། དབང་ཕྱུག་དེ་མངོན་སུམ་མམ་རྗེས་དཔག་གང་གི་ཡུལ་དུ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། སྣོད་བཅུད་ཆོས་ཅན། དབང་ཕྱུག་རྟག་པས་བྱས་པ་ཡིན་པའི་ཕྱིར། གཅིག་ཆར་དུ་འབྱུང་བར་ཐལ། འདོད་ན་རེས་འགའ་བར་འདུག་པས་གསལ་ལ། ཅིའི་ཕྱིར་ན་དབང་ཕྱུག་རྟག་པས་བྱས་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་སྟེ། དབང་ཕྱུག་རྟག་ཀྱང་རྐྱེན་དང་འཕྲད་མ་འཕྲད་ཀྱིས་རེས་འགའ་བར་བྱུང་ན་ཅི་ལྟོ་ཞེ་ན། རྐྱེན་ལ་ལྟོས་དགོས་པས་དབང་ཕྱུག་རྟག་པ་ཉམས་སོ། །ཡང་དབང་ཕྱུག་རྟག་པ་དེ་དངོས་པོ་ཡིན་ནམ་དངོས་མེད་ཡིན། དངོས་པོ་ཡིན་ན་དངོས་པོ་རྟག་པས་གཞན་བྱ་བར་མི་ནུས་ལ། དངོས་པོ་རྟག་པ་དེ་སུས་ཀྱང་མ་མཐོང་བས་དངོས་པོར་མ་གྲུབ་པའོ། །དངོས་མེད་ཡིན་ན་དངོས་མེད་ཀྱིས་དངོས་པོ་རྣམས་བསྐྱེད་པར་མི་ནུས་སོ། །དངོས་པོ་དང་དངོས་མེད་གཉིས་ལས་གྲོལ་བ་ཡིན་ནོ་ཞེ་ན། རྟག་མི་རྟག་པ་གཉིས་ཀ་ལས་ཀྱང་གྲོལ་བར་ཐལ་ལོ། །ཞེས་མགོ་བསྒྲེའོ། །མཆོད་པས་མི་གྲོལ་བ་ནི། དབང་ཕྱུག་བྱེད་པ་པོ་མ་གྲུབ་པ་དེས། མཆོད་པས་ཀྱང་མི་གྲོལ་ལ། མཐོ་རིས་ཐོབ་པའི་རྒྱུ་མི་དགེ་བས་མི་འགྲུབ་བོ། །སློབ་དཔོན་དགའ་རབ་ཀྱི་ཞལ་ནས། དབང་ཕྱུག་རྒྱུ་མེད་ཐ་སྙད་སྤངས། །ཞེས་གསུངས་སོ། །གཉིས་པ་ཁྱབ་འཇུག་པ་ནི། འདོད་པ་བསྟན་པ་དང་། དེ་དགྲོལ་བའོ། །སྔ་མ་ནི། སྣོད་བཅུད་ཁྱབ་འཇུག་གིས་བྱས་པ་དང་། རིག་བྱེད་ཀྱི་ཚིག་ཚད་མར་འདོད་པ་དང་། སྒྲིབ་པ་ཁྲུས་དང་གཙང་སྦྲས་དག་པར་འདོད་པ་དང་། རང་གིས་གཞན་རིག་ཅིང་རང་གིས་རང་མི་རིག་ཅེས་སྨྲ་བའོ། །སྔ་མ་ནི། ཉ་དང་རུ་སྦལ་ཕག་རྒོད་དང་། །ར་མ་གཉིས་དང་ནག་པ་དང་། །མི་ཡི་སེང་གེ་མི་ཐུང་དང་། །སངས་རྒྱས་དད་པ་ཅན་དེ་བཅུ། །ཞེས་པས། ཁྱབ་འཇུག་ཉ་རུ་སྤྲུལ་ནས། ཕྱིའི་རྒྱ་མཚོའི་སེམས་ཅན་རྣམས་ཀྱི་དོན་བྱེད་པ་དང་། །དེ་བཞིན་དུ་རུ་སྦལ་གྱིས་ས་གཞིའི་འོག་ནས་འདེགས་པ་དང་། ཕག་རྒོད་ཀྱིས་ཚངས་པའི་སྟེང་ནས་གནོན་པ་དང་། ར་མ་ན་ཨག་ནིའི་བུ་གཉིས་ཀྱིས་གནོད་སྦྱིན་གྱི་དོན་བྱེད། རྒྱལ་པོ་ཤིང་རྟའི་བུ་ནག་པ་ཞེས་བྱ་བ་དང་། མིའི་ལུས་ལ་སེང་གེའི་མགོ་བོ་ཅན་དང་། མིའུ་ཐུང་དང་། སངས་རྒྱས་དང་བྱ་ངང་པར་སྤྲུལ་ཏེ་བཅུས་སེམས་ཅན་གྱིས་དོན་བྱེད་དོ་ཞེས་ཟེར་རོ། །དེ་རྣམས་དོན་ཆུང་བས་རྒྱས་པར་མ་བྲིས་སོ། །གཉིས་པ་ནི་སྐྱེས་བུའི་ཚིག་རྣམས་རྫུན་ཡིན་ལ། མུ་སྟེགས་རིག་བྱེད་ཀྱི་གཞུང་ནི་བདེན་པ་ཡིན་ཞེས་སྨྲ་བའོ། །ཁྱབ་འཇུག་གི་གཞུང་ལས། ཆགས་སོགས་སྐྱོན་གྱིས་ཉམས་པའི་ཕྱིར། །སྐྱེས་བུའི་ཚིག་ནི་རྫུན་ཡིན་ལ། །རིག་བྱེད་སྐྱེས་བུས་མ་བྱས་པས། །དེ་ནི་ཚད་མར་གཟུང་བར་བྱ། །ཞེས་འབྱུང་ངོ་། །གསུམ་པ་ནི། སྒྲིབ་པ་ཁྲུས་ཀྱིས་དག་ཟེར་ཏེ་ཁྲུས་ལ་དགའ་བའོ། །བཞི་པ་ནི། བདག་གིས་ཕྱི་རོལ་གྱི་དོན་རིག་ལ། རང་གིས་རང་མི་རིག་གོ། །ཞེས་སྨྲའོ། །དཔེར་ན་རལ་གྲིའི་སོས་རང་གིས་རང་མི་ཆོད་པ་ལ་སོགས་པ་བཞིན་ནོ། །དེ་དག་དགྲོལ་བ་ནི་རིམ་པ་བཞིན་ཏེ། ཁྱབ་འཇུག་ནི་མངོན་སུམ་དང་རྗེས་དཔག་གིས་མ་གྲུབ་པ་གོང་བཞིན་དང་། རིག་བྱེད་ཚད་མ་མ་ཡིན་ཏེ་གང་ཟག་ལོག་སྲེད་ཅན་གྱིས་བྱས་པ་དང་། ཚིག་དོན་འབྲེལ་པ་མེད་པའི་ཕྱིར་རོ། །སྒྲིབ་པ་ཁྲུས་ཀྱིས་དག་པར་མི་འཐད་དེ། ཁྲུས་དེས་རྒྱུ་ཉོན་མོངས་པ་ལ་གནོད་མ་བསྐྱལ་ཏེ་སྡིག་པའི་རྒྱུ་མི་ཟློག་པའི་ཕྱིར་རོ། །རྣམ་ངེས་ལས། ལུས་ཀྱི་ནང་ན་གནས་པའི་སྐྱོན། །འཇུག་ངོག་ཁྲུས་ཀྱིས་དག་མིན་ཏེ། །ཕྱི་རོལ་ལན་བརྒྱ་ཁྲུས་བྱས་ཀྱང་། །ཆང་བུམ་བཞིན་དུ་གཙང་མི་འགྱུར། །ཞེས་སོ། །བཞི་པ་བདག་དེ་ཆོས་ཅན། ཤེས་པ་མ་ཡིན་པར་འགྱུར་ཏེ་རང་གིས་རང་མ་རིག་པའི་ཕྱིར་རོ། །རྣམ་ངེས་ལས། བེམ་མིན་རང་བཞིན་རང་རིག་པ། །དེས་འདིར་བདག་ཉིད་ཤེས་པ་ཡིན། །ཞེས་པ་དང་། དགོངས་འདུས་ལས། རང་བྱུང་རང་རིག་མངོན་སུམ་སྣང་དུས་ན། །རང་བྱུང་ཡེ་ཤེས་དེ་ནི་མཐོང་ཞེས་བྱ། །ཞེས་གསུངས་སོ། །གསུམ་པ་རྡུལ་ཕྲན་རྟག་པར་འདོད་པ་བྱེ་བྲག་པ་ནི། འདོད་པ་བསྟན་པ་དང་། དེ་དགྲོལ་བའོ། །སྔ་མ་ནི། ཤེས་བྱ་ཚིག་གི་དོན་དྲུག་སྟེ། །རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་དྲུག་ཉིད་དོ། །ཞེས་འབྱུང་བས་དང་པོ་རྫས་ལ་མི་རྟག་པ་དང་རྟག་པའོ། །སྔ་མ་ནི། ས་ཆུ་མེ་རླུང་ངོ་། །རྟག་པ་ནི་ནམ་མཁའ་དང་། དུས་དང་། ཕྱོགས་དང་། ཕྱི་རྡུལ་ཕྲ་རབ་རྟག་པར་འདོད་པ་དང་། ནང་རྟག་བདག་རྟག་པ་ཤེས་རིག་གི་སྐྱེས་བུ་རྟག་པར་འདོད་པའོ། །གཞན་གོ་སླ། རྡུལ་ཕྲན་ནི། རྡུལ་ཕྲན་རྟག་པ་རྩོམ་བྱེད་དུ་འདོད་ཅིང་། དེ་འདུས་པ་ལས་སྣོད་བཅུད་ཐམས་ཅད་འབྱུང་བར་འདོད་ལ། ཡན་ལག་ཅན་རགས་པ་མི་རྟག་པའོ། །བྱེ་བྲག་པའི་གཞུང་ལས། བདག་དང་ལོ་ཀ་རྡུལ་ལས་བྱུང་། །རྡུལ་རྟག་ཡན་ལག་རྟག་མིན་ཏེ། །ཞེས་པ་དང་། སློབ་དཔོན་དགའ་རབ་ཀྱི་ཞལ་སྔ་ནས་ཀྱང་། ལ་ལས་ཐམས་ཅད་རྡུལ་ལས་བྱུང་། །རྡུལ་རྟག་ཡན་ལག་རྟག་མིན་ཏེ། །སྙིང་དཀྱིལ་བདག་ཀྱང་རྡུལ་གྲུབ་འདོད། །ཅེས་སོ། །ནང་གི་རིག་པ་རང་གསལ་གང་ཟག་གི་བདག་རྟག་པ་བྱེད་པ་པོར་འདོད་པའོ། །ཡོན་ཏན་ནི་གཟུགས་སྒྲ་དྲི་རོ་རེག་ལ་སོགས་པ་མངོན་དུ་སྣང་བ་རྣམས་ཏེ། ཉི་ཤུ་རྩ་ལྔར་ཡང་འདོད། ལས་ནི་ལུས་ཀྱི་འགྲོ་འདུག་དང་། བརྐྱང་བ་དང་། བསྐུམ་པ་དང་། འདེག་པ་དང་། འཇོག་པ་ལ་སོགས་པའོ། །སྤྱི་ནི་སྤྱི་ཆེན་པོ་དང་ཉི་ཚེའི་སྤྱིའོ། །སྔ་མ་ནི་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་ཕྱི་རྡུལ་དང་། ནང་བདག་ལ་སོགས་པའོ། །ཕྱི་མ་ནི་ཡན་ལག་ཐམས་ཅད་ལ་ལུས་གཅིག་གིས་ཁྱབ་པ་ལ་སོགས་པའོ། །བྱེ་བྲག་ནི་སྤྱི་གཉིས་ཀྱི་བྱེ་བྲག་མ་འདྲེས་པ་རྣམས་སོ། །འདུ་བ་ནི། སྤྱིར་འདུ་བ་དང་། བྱེ་བྲག་ཏུ་འདུ་བའོ། །དེ་དག་ཤེས་པས་གྲོལ་བར་འདོད་པའོ། །ནང་པའི་ཉན་ཐོས་པ་ཕྱི་རྡུལ་ཕྲ་མོ་ཀུན་གྱི་གཞིར་དང་། ནང་སྐད་ཅིག་རང་གསལ་ལ་རྟག་ཆད་དང་གང་ཟག་གི་བདག་མེད་པར་བསྟན་པ་ལ། དེ་ལྟར་མ་རྟོག་སྟེ་གོང་ལྟར་གོལ་བ་ནི་ཞོར་བྱུང་ངོ་། །དེ་དགྲོལ་བ་ནི། སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པ་དང་། ཤེས་པས་མི་གྲོལ་པའོ། །སྔ་མ་ནི། ཤེས་བྱ་ཚིག་གི་དོན་དྲུག །ཤེས་བྱའི་གཤིས་ཡིན་པར་མངོན་གསུམ་དང་རྗེས་དཔག་གིས་མ་གྲུབ་པའོ། །གཉིས་པ་ནི། གཞན་དགག་མི་དགོས་ལ། རྡུལ་ཕྲན་རྟག་པ་དང་། བདག་རྟག་པ་དགག་པའོ། །སྔ་མ་རྡུལ་ཕྲན་རྟག་པ་དགག་པ་ནི། རྡུལ་ཕྲན་ཆོས་ཅན། རགས་པ་འབྱུང་བ་ལ་ཕྱོགས་ཆ་དྲུག་ལ་བསྣན་པའི་ཆ་དང་མ་བསྣན་པའི་ཆ་ཡོད་དམ་མེད། མེད་ན་རགས་པ་མི་འབྱུང་བར་ཐལ། ཡོད་ན་ཕྲ་རབ་ཕྱོགས་ཆ་དྲུག་ཏུ་ཐལ། སློབ་དཔོན་དགའ་རབ་ཀྱི་ཞལ་སྔ་ནས། ཕྲ་མོ་ཕྱོགས་ཆས་མ་གྲུབ་པས། །ཡོན་ཏན་ལ་སོགས་ཐ་སྙད་སྤང་། །ཞེས་གསུངས་སོ། །དེས་ན་རྡུལ་ཕྲན་ཕྱོགས་ཆས་མ་གྲུབ་པས། དེ་ལས་བྱུང་བའི་ཡོན་ཏན་ལ་སོགས་པའང་མ་གྲུབ་བོ། །བདག་དགག་པ་ནི་སྤྱིར་དགག་པ་ཡིན་ནོ། །བཞི་པ་རིག་པ་རྟག་པར་འདོད་པ་ལའང་གསུམ་སྟེ། ངོ་བོ་ཉིད་ཀྱིས་རྟག་པར་འདོད་པ་དང་། གཅེར་བུ་པའི་འདོད་པ་དང་། ཚངས་པའི་རྗེས་སུ་འབྲང་བ་རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བའི་སྡེ་པའོ། །སྔ་མ་ནི་འདོད་པ་དང་། དེ་དགྲོལ་བའོ། །དང་པོ་ནི། ཕྱི་རྒྱུ་མེད་པར་ངོ་བོ་ཉིད་ཀྱིས་བྱུང་བར་འདོད་པ་དང་། ནང་སྐྱེ་འགྲོ་རིགས་གཞན་དུ་མི་འགྱུར་བར་རྟག་པའོ། །སྔ་པ་ནི། ཕྱི་སྣོད་ཐམས་ཅད་རྒྱུ་མེད་པར་ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ཏེ། ཇི་སྐད་དུ། ཉི་ཤར་ཆུ་བོ་ཐུར་དུ་འབབས་པ་དང་། །སྲན་ཟླུམ་ཚེར་མ་གཟིང་རིང་རྣོ་བ་དང་། །རྨ་བྱའི་མདོག་དབྱིབས་ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱིས་བྱུང་། །ཞེས་ཟེར་བའོ། །ནང་ནི་མི་ཤི་བ་མིར་སྐྱེ། རྟ་ཤི་བ་རྟར་སྐྱེ། དེ་ལ་སོགས་པ་གང་ཡིན་པ་དེར་སྐྱེ་སྟེ། དཔེར་ན་ནས་བཏབ་པ་ལས་ནས་སྐྱེ། སྲན་མ་བཏབ་པ་ལས་སྲན་མ་སྐྱེ་བ་ལས་གཞན་དུ་མི་འགྱུར་བ་བཞིན་ནོ། །ཇི་སྐད་དུ། འབྲས་སོགས་ས་བོན་མི་འགྱུར་བཞིན། །མི་ཤི་བ་ཡང་མིར་སྐྱེ་ལ། །དེ་བཞིན་འགྲོ་བའི་རིགས་ཀུན་དག །གང་ཤི་དེ་ཡི་རིགས་སུ་སྐྱེ། །ཞེས་ཟེར་རོ། །ནང་པའང་སྣང་བ་བེམ་པོ་དངོས་པོར་འདོད་ཅིང་། རིག་པའི་རྒྱུན་འགྲོ་བ་གཞན་དུ་མི་འགྱུར་བར་རྟག་པར་འདོད་པ་ནི་ཞོར་བྱུང་ངོ་། །དེ་དགྲོལ་བ་ནི། དངོས་པོ་རྣམས་རྒྱུ་མེད་པ་ལས་བྱུང་བའི་རྟག་ཏུ་ཡོད་པའམ་མེད་པར་ཐལ། ཅིའི་ཕྱིར་ན་རྒྱུ་མེད་གཞན་ལ་མི་ལྟོས་པའི་ཕྱིར་རོ། །འདོད་ན་རྒྱུ་རྐྱེན་ལས་བྱུང་ཞིང་རེས་འགའ་བར་འདུག་པས་བསལ་ལོ། །རྣམ་ངེས་ལས། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའང་མེད་པར་ཐལ། །ཞེས་སོ། །གཉིས་པ་མི་ཤི་བ་མིར་སྐྱེ་བ་ལ་སོགས་པ་མི་འཐད་དེ། སེམས་ཀྱི་རང་བཞིན་སྣ་ཚོགས་པར་སྣང་ཞིང་། རྐྱེན་གྱིས་ཅིར་ཡང་བསྒྱུར་དུ་བཏུབ་པའི་ཕྱིར་རོ། །ཧེ་དུ་ནི། དེ་ཉིད་ཀྱིས་འགྲུབ་ལ། ཅིར་ཡང་འཆར་ཞིང་བསྒྱུར་དུ་བཏུབ་པས་མ་ངེས་པའོ། །གཉིས་པ་གཅེར་བུ་བའི་གྲུབ་མཐའ་བརྗོད་པ་ནི། འདོད་པ་བསྟན་པ་དང་། དེ་དགྲོལ་བའོ། །སྔ་མ་ནི། ཤེས་བྱ་ཚིག་གི་དོན་བདུན་དུ་འདོད་དེ། གཅེར་བུ་བ་ནི་སྤྱོད་པའི་ཆ་ནས་བཏགས་ལ། སྐྲའི་ལྭ་བ་ཅན་གྱི་གཞུང་ལས། གཅེར་བུ་པ་ནི་དེ་ཉིད་བདུན། །བཀའ་ཐུབ་སྡོམ་དང་ཉོན་མོངས་དང་། །བཅིངས་པ་ལས་ནི་གྲོལ་བ་དང་། །སྲོག་དང་སྲོག་མིན་རྣམ་གཉིས་སོ། །ཞེས་པས། ཉོན་མོངས་པ་དང་། དེས་འཁོར་བར་བཅིངས་པ་དང་། སྣ་ཚོགས་གཅིག་ཏུ་འདོད་པ་དང་། སྲོག་ནི་སེམས་ཅན་གྱི་སྲོག་དབུགས་དང་། སྲོག་མིན་ནི། ཤིང་ལ་སེམས་ཡོད་པར་འདོད་པ་དང་། ལུས་ཀྱི་དཀའ་ཐུབ་དང་སེམས་ཀྱི་སྡོམ་པ་ལ་སོགས་པ་ངལ་དུབ་ཀྱིས་གྲོལ་བར་འདོད་པའོ། །གོང་མ་གཉིས་སླའོ། །གསུམ་པ་ནི། སྣ་ཚོགས་གཅིག་ཏུ་གནས་པ་ཡིན་ཏེ། ཡུལ་དང་། དུས་དང་། ཁ་དོག་གྲངས་ཀྱིས་དུ་མར་སྣང་ཡང་རང་བཞིན་གྱིས་གཅིག་ཡིན་ཏེ། དཔེར་ན་ཁྲ་བོའི་ཁ་དོག་སོ་སོར་འདུག་ཀྱང་། ངོ་བོ་གཞི་གཅིག་པ་ཟ་འོག་གི་གུར་ཁྱིམ་ལྟ་བུར་འདོད་པའོ། །དེ་ཡང་ནང་བདག་རྟག་པ་ཤེས་རིག་གི་སྐྱེས་བུ་འདོད་པའོ། །དེ་སྐད་དུ། ཡུལ་དུས་གྲངས་ཀྱིས་དུ་མ་སྟེ། །རང་བཞིན་གྱིས་ནི་གཅིག་ཉིད་ཡིན། །དཔེར་ན་ཁྲ་བོའི་ཁ་དོག་ལ། །ཇི་ལྟར་འདོད་བཞིན་ཁ་དོག་འཛིན། །ཞེས་འབྱུང་བའོ། །བཞི་པ་ནི། ལུས་ཅན་རྣམས་ཀྱི་སྲོག་གི་དབང་པོ་འདོར་ལེན་དང་བཅས་པའོ། །ལྔ་པ་ནི། ཤིང་རྣམས་ཆོས་ཅན། སེམས་ཡོད་པ་ཡིན་ཏེ། ཉིན་མོ་ལོ་འདབ་འཛུམ་ཤིན་འདུག་པའི་ཕྱིར་དང་། མཚན་མོ་ལོ་མ་ཅན་འགུམ་ཤིན་འདུག་པའི་ཕྱིར་དང་། ཤུན་ལྤགས་བཤུས་ན་སྐམ་ཤིན་འདུག་པའི་ཕྱིར་རོ། །ཞེས་སྨྲའོ། །ཇི་སྐད་དུ། ཤིང་རྣམས་སེམས་པ་ཅན་ཡིན་ཏེ། །ལོ་མ་འཛུམ་ཕྱིར་རིགས་ལྡན་ཕྱིར། །ཡལ་འདབ་བསྐྱེད་ཕྱིར་དུས་སྐྱེ་ཕྱིར། །ཉམས་གསོར་རུང་བཞིན་མི་བཞིན་ནོ། །ཞེས་འབྱུང་ངོ་། །ཐ་མ་གཉིས་ནི་སྲེད་པ་ལེན་པའི་རྒྱུ་ལས་ཡིན་པས་ལུས་སེམས་ཀྱི་སྡོམ་པ་དང་། ངལ་དུབ་ཀྱིས་སྒྲིབ་པ་སྦྱོང་ཞིང་གྲོལ་བར་འདོད་པ་ཡིན་ཏེ། སྔ་མ་ནི། མི་དགེ་བ་སྤངས་ཞིང་། ཤིང་ལོའི་རྩར་གཅེར་བུར་སྡོད་པ་དང་། བླ་གབ་མེད་པ་ལ་སོགས་པ་བརྟེན་པའོ། །གཉིས་པ་ནི། མེ་ལྔ་བརྟེན་པ་དང་། དབྱུག་གུ་གསུམ་པ་དང་། སྐྲ་འབལ་བ་ལ་སོགས་པ་བརྟུལ་ཤུགས་ཀྱིི་ལས་ཀྱིས། ལས་དག་ཅིང་གྲོལ་བར་འདོད་པའོ། །ཇི་སྐད་དུ། དབྱར་གྱི་དུས་སུ་ཆུ་ཡི་ནང་ན་གནས། །དགུན་གྱི་དུས་སུ་བླ་གབ་མེད་པར་གནས། །ཚ་བའི་དུས་ན་གདུང་བ་ལྔ་བསྟེན་བྱེད། །བྲམ་ཟེ་དེ་ནི་དཀའ་ཐུབ་དྲག་པོར་སྤྱོད། །ཅེས་སོ། །ནང་པའི་སེམས་ཙམ་པ་ནི། རང་རིག་རང་གསལ་ལ། རྟག་ཆད་དང་བདག་གཉིས་མ་གྲུབ་པར་བསྟན་པ་ལ། དེ་ལྟར་མ་རྟོགས་པར་རང་རིག་རང་གསལ་གྱི་སེམས་གཅིག་ནང་ན་གོང་ལྟར་ཡོད་པར་གོལ་བ་ནི་ཞོར་བྱུང་ངོ་། །དེ་དགྲོལ་བ་ནི། སྣ་ཚོགས་གཅིག་ཏུ་མི་རུང་བ་དང་། ཤིང་ལ་སེམས་ཡོད་པར་མི་འཐད་པ་དང་། ངལ་དུབ་ཀྱིས་གྲོལ་བར་མི་འཐད་དོ། །དང་པོ་ནི། ཕྱི་ཤེས་བྱ་དཀར་དམར་ལ་སོགས་པ་སྣ་ཚོགས་གཅིག་ཏུ་མི་རུང་སྟེ། སྣ་ཚོགས་སུ་སྣང་བའི་ཕྱིར་རོ། །སྣ་ཚོགས་སུ་སྣང་ཡང་གཅིག་ཏུ་བདེན་ནོ་ཞེ་ན། སྣ་ཚོགས་སུ་སྣང་བ་དེ་འཁྲུལ་ལམ་མ་འཁྲུལ། ཕྱི་མ་ལྟར་ན་སྣ་ཚོགས་སུ་བདེན་པས་གཅིག་ཏུ་བདེན་པ་འགལ་ལོ། །སྔ་མ་ལྟར་ན་འཁྲུལ་བརྫུན་པ་ཡིན་པས། རྫུན་པ་དུ་མས་བདེན་པ་གཅིག་མི་འགྲུབ་བོ། །ནང་སེམས་རྒྱུད་སྣ་ཚོགས་སུ་སྣང་བས་གཅིག་མིན་ཏེ། སེམས་ཅན་གྱི་ལུས། སེམས་ཀྱི་རྒྱུད་ཐ་དད་པའི་ཕྱིར་རོ། །གཉིས་པ་ནི། ཤིང་ལ་སེམས་ཡོད་པར་མ་གྲུབ་སྟེ། བེམ་པོ་ལ་ཚ་རེག་གྲང་རེག་གི་ཚོར་བ་མེད་པའི་ཕྱིར་རོ། །གཞན་ཡང་སྐམ་པ་ལ་སོགས་འདུག་ཀྱང་། སེམས་ཡོད་པ་མི་འགྲུབ་སྟེ། འབྱུང་བའི་བྱེ་བྲག་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ངལ་དུབ་ཀྱིས་སྒྲིབ་པ་མི་དག་སྟེ། དེས་རྒྱུ་ཉོན་མོངས་པ་མ་སྤངས་པའི་ཕྱིར་དང་། ལོག་པའི་དཀར་ཐུབ་ཡིན་པས་མི་གྲོལ་ཞིང་། ངལ་ཞིང་དུབ་པ་ཉིད་དུ་འགྱུར་རོ། །གསུམ་པ་ཚངས་པའི་རྗེས་སུ་འབྲང་བ། རིག་བྱེད་ཀྱི་མཐའ་གསང་བར་སྨྲ་བའི་འདོད་པ་ནི། འདོད་པ་བརྗོད་པ་དང་། དེ་དགྲོལ་བའོ། །སྔ་མ་ནི། འགྲོ་བ་ཐམས་ཅད་ཀྱི་ཤེས་པའི་རྒྱུད་བདག་ཆེན་པོ་གཅིག་ཡིན་གྱི། དེ་ཡང་རིག་པ་མུ་མཐའ་མེད་ཅིང་དངོས་པོ་ཡོད་མེད་ལས་གྲོལ་བ། འགྲོ་བ་ཀུན་ལ་གཉིས་སུ་མེད་པར་ཁྱབ་པའི་བདག་རྟག་པ་ཆེན་པོ་གཅིག་ཡིན་ལ། སེམས་རྒྱུད་ཐ་དད་པར་སྣང་བ་ནི། རྐྱེན་གྱིས་སྲོག་ལུས་དུ་མར་སྣང་ཞིང་འཁྲུལ་པས་གཞན་ཐ་དད་དུ་བཟུང་བའོ། །དེ་ཡང་དཔེར་ན། ནམ་མཁའ་ཆེན་པོ་གཅིག་ལ་བུམ་པ་ལ་སོགས་པ་སྣོད་ཐ་དད་པའི་རྐྱེན་གྱིས། ནམ་མཁའ་རེ་རེ་ཀོར་ལིང་དུ་ཆད་ལ། བུམ་པ་ལ་སོགས་པ་ཆག་པ་དང་ནམ་མཁའ་ཆེན་པོར་ཐིམ་པའོ། །དེ་བཞིན་དུ་རྣལ་འབྱོར་པས་གོམས་པས། བདག་ཏུ་འཛིན་པ་ཟད་ཅིང་སྲོག་གི་དབང་པོ་འགག་པ་དང་། དངོས་པོ་ཡོད་མེད་ལས་གྲོལ་བའི་བདག་ཆེན་པོ་གཅིག་ཏུ་ཐིམ་ནས་ཐར་བར་འདོད་པའོ། །ཚངས་པ་མྱ་ངན་མེད་པ་ལས། དངོས་དང་དངོས་མེད་ལས་གྲོལ་བར། །གང་དེ་ཤེས་ཏེ་རིག་བྱེད་རིག །བུ་གཅིག་ཚངས་པ་མཆོག་ཏུ་བདེ། །རིག་པའི་དབང་ཕྱུག་མུ་མཐའ་ཡས། །ཞེས་པ་དང་། བུམ་པ་ལ་སོགས་པ་ཆག་པ་ན། བུམ་པའི་ནམ་མཁའ་ལ་སོགས་པ། །ནམ་མཁའ་ཆེན་པོར་འདུ་བ་བཞིན། །དེ་བཞིན་སྲོག་ཀྱང་བདག་འདིར་འདུ། །ཞེས་འབྱུང་ངོ་། །དེ་དགྲོལ་བ་ནི། བདག་གཅིག་པར་མ་གྲུབ་སྟེ། བཅིང་གྲོལ་ཐ་དད་པའི་ཕྱིར་དང་། འབྲེལ་པ་བརྟག་པ་དང་། འབད་པ་དོན་མེད་པ་དང་། དཔེ་མི་འཐད་པའོ། །དང་པོ་ནི། བུམ་པ་མཉམ་པའི་ནམ་མཁའ་ལ་ཆེ་ཆུང་མེད་པ་ལྟར། མི་ལྟ་བུ་ལུས་མཉམ་པ་ལ་ཤེས་རབ་ཆེ་ཆུང་ལ་སོགས་པ་མཉམ་པ་ཐལ་བ་དང་། ཡང་མི་ལུས་མཉམ་པ་ལ་བདེ་སྡུག་དང་། བཅིང་གྲོལ་ཐ་དད་མེད་པར་ཐལ། འདོད་ན་མི་གཅིག་སྡུག་བསྔལ་ཞིང་ཉམ་ཐག་པས། དེ་དང་མཉམ་པ་ཐམས་ཅད་སྡུག་བསྔལ་ཞིང་ཉམ་ཐག་པར་འགྱུར་རོ། །གཅིག་བདེ་ཞིང་སྐྱིད་པས་དེ་དང་མཉམ་པའི་ལུས་ཐམས་ཅད་བདེ་ཞིང་སྐྱིད་པར་འོང་ངོ་། །ཅིའི་ཕྱིར་ན། ལུས་མཉམ་ཞིང་བདག་གཅིག་གི་བྱེ་བྲག་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བདག་ཆེན་པོ་དེ་དང་བྱེ་བྲག་གི་བདག་གཉིས་འབྲེལ་ལམ་མ་འབྲེལ། མ་འབྲེལ་ན་བདག་ཆེན་པོར་གཅིག་པའི་དམ་བཅའ་བུད་ལ། འབྲེལ་ན་བདག་ཆེན་པོ་དེ་རང་བདག་དུ་མར་ཐལ་བ་དང་། བདག་ཆེན་པོ་དེ་ལ་བདག་དུ་མའི་སྡུག་བསྔལ་རྣམས་ཡོད་པར་ཐལ། འདོད་ན་བདག་ཆེན་པོ་དེ་རྟོགས་ཀྱང་བདག་དུ་མའི་སྡུག་བསྔལ་ལས་མ་གྲོལ་བར་འགྱུར་རོ། །གསུམ་པ་ལུས་ཀྱི་རྐྱེན་གྱིས་བདག་ཐ་དད་པ་བྱུང་ངམ། རང་བཞིན་ངང་གིས་བྱུང་། ལུས་ཀྱི་རྐྱེན་གྱིས་བྱུང་ན། ལུས་ཞིག་པ་དང་། བདག་འཇིག་པས། འབད་པ་བྱ་མི་དགོས་ཤིང་བྱས་པ་དོན་མེད་དེ། རྐྱེན་མེད་པར་རང་བཞིན་གྱིས་བདག་ཐ་དད་པ་བྱུང་ན། བདག་གཅིག་ཏུ་ཡང་འགལ་ལ། རྐྱེན་གྱིས་མི་གྲོལ་བས་འབད་པ་དོན་མེད་དོ། །བཞི་པ་ནམ་མཁའ་དངོས་མེད་སྟོང་པ་ཡིན་ལ། བདག་དངོས་པོ་ཡིན་པས་ནམ་མཁའི་དཔེ་མི་མཚུགས་སོ། །ནང་པའི་རྫོགས་པ་ཆེན་པོ་ལ་སོགས་པ། ཆོས་ཐམས་ཅད་ཐིག་ལེ་ཉག་ཅིག་དང་། གཉིས་སུ་མེད་པ་དང་། རང་བྱུང་གི་ཡེ་ཤེས་ལ་སོགས་པ། ཆོས་ཐམས་ཅད་མ་འདྲེས་ཡོངས་རྫོགས་སུ་བསྟན་པ་ལས། དེ་ལྟར་མ་གོ་སྟེ་ལོག་པ་གོང་ལྟར་གོལ་བ་ནི་ཞོར་བྱུང་གི་མུ་སྟེགས་སོ། །དེས་ན་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་ཏེ། རྒྱས་པར་གཞུང་བཞིན་དུ་ཤེས་པར་བྱའོ། །ལ་ཤན་ལས། ཆོས་སེམས་ཡེ་ནས་གཉིས་སུ་མེད། །ཐམས་ཅད་མ་འདྲེས་ཡོངས་རྫོགས་གསལ། །ཞེས་པ་ལ་སོགས་པ་གསུངས་སོ། །མུར་རྟུག་ནི། ཆོས་ཐམས་ཅད་ཅི་ཡང་མ་ཡིན་ལ། མ་ཡིན་པ་རང་དུ་ཡང་མ་ཡིན། ཞེས་པ་ལ་སོགས་པ་ཟེར་ཏེ། ངེས་པའི་ཤེས་པ་གང་ཡང་མ་སྐྱེས་པར། མགོ་བསྒྲིལ་ལག་པ་གཡོབ་པའོ། །དེ་ནི་མུར་རྟུག་ཆད་པའི་མཐའ་ཡིན་ཏེ། དེ་ནི་ཤིན་ཏུ་བསྒྱུར་དཀའ་ལ་ཉེན་ཆེ་བར་གསུངས་སོ། །དེ་ཡང་། གསང་ཐིག་ལས། བདག་གཞན་ཡོད་མེད་ལ་སོགས་ཀྱིས། །འདུ་ཤེས་གང་དུའང་མི་སྐྱེ་སྟེ། །མི་སྐྱེ་བར་ཡང་འདོད་པ་མེད། །ཡོད་མིན་མེད་མིན་མུར་རྟུག་ཆང་། །ཅེས་པ་དང་། སྤྲུལ་སྐུ་དགའ་རབ་ཀྱི་གཏེར་གཏད་ལས། ལ་ལ་ལུང་ཙམ་ལ་བརྟེན་ནས། །ཐམས་ཅད་ཅི་ཡང་མ་ཡིན་ལ། །མ་ཡིན་པར་ཡང་མ་ཡིན་འདོད། །འདི་ནི་བསྒྱུར་དཀའ་ཉེན་ཆེ་བས། །བསླུ་བྱེད་ལམ་གྱི་གཟུགས་བརྙན་ཡིན། །ཞེས་སོ། །ཡུམ་ནས། ཡོད་ཅེས་བྱ་བར་མི་དམིགས། མེད་ཅེས་བྱ་བར་མི་དམིགས། ཞེས་པ་ལ་སོགས་པས་ལུང་གི་དོན་མ་གོ་བར། གང་ཡང་སྐྱོན་དུ་བཟུང་ནས་འབྱེད་མ་ཤེས་པ་ནི། ཞོར་བྱུང་གི་མུར་རྟུག་གོ། །དེས་ན་གོང་གི་ཡོད་མེད་ལ་སོགས་པ་མཐའ་གང་དུ་ཡང་མི་གནས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་པ་ཡིན་ཏེ། སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་དོགས་མེད་དེ་ལྟར་སྤྱོད། །ཤེས་རབ་ལྡན་ཏེ་མཉམ་ཉིད་གནས་པར་ཤེས་པར་བྱ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་དགྲོལ་བ་ནི། དེ་དགག་པ་དང་། དེ་དགྲོལ་བའོ། །སྔ་མ་ནི་གང་ཡང་མ་ཡིན་ན། སྣང་སྟོང་ལ་སོགས་པ་གཉིས་སྣང་གི་སྣང་བ་རྒྱུན་ཆད་པར་ཐལ་བ་དང་། ཡང་ཤེས་བྱ་གོ་ལྡོག་སྟེ། སྣང་སྟོང་ལ་སོགས་པ་ཅི་ཡང་ཡིན་བྱའོ། །ཡང་གང་དུ་ཡང་མིན་པར་ཤེས་སམ་མ་ཤེས། གང་དུ་ཡང་མ་ཤེས་ན་བ་གླང་དང་མཉམ་པར་ཐལ། ཤེས་ན་ཤེས་མཁན་འདུག་པའི་ཕྱིར་ཤེས་བྱ་ཡང་ཡོད་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །མཐའ་དགྲོལ་བ་ནི། ཕྱོགས་གཅིག་ཏུ་གང་ཡང་མ་ཡིན་པས། མཐའ་བཞི་རང་གྲོལ་ཞིང་། ཆོས་ཀུན་མཉམ་ཉིད་ཡིན་ཏེ། མདོ་རྒྱ་ཆེ་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་བདག་གིས་རྙེད། །ཅེས་པ་དང་། ཤེར་སྙིང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པ་དང་། མདོ་ལས། ཡོད་མེད་རྟག་ཆད་བྱ་བཙལ་ལ་སོགས་པ། ཀུན་ནས་ལྷུན་གྱིས་གྲུབ་པར་ཡེ་ནས་གནས་པའོ། །ཞེས་པ་ལ་སོགས་པ་གསུངས་སོ། །གཞི་ལམ་འབྲས་བུའི་དོན་མཚོན་པ་ཀུན་འདུས་རིག་པའི་སྒྲོན་མེ་ལས། ལམ་ལོག་པ་མུ་སྟེགས་ཀྱི་ལམ་བསྟན་པའི་ལེའུ་སྟེ། བཅུ་པའོ།།
༈ །།ལམ་མ་ནོར་བ་ནང་པ་སངས་རྒྱས་པའི་གྲུབ་མཐའ་བསྟན་པ་ལ་གཉིས་ཏེ། ཕྱི་ནང་གི་ཁྱད་པར་དང་། ནང་པའི་བྱེ་བྲག་ཕྱེ་སྟེ་རྒྱས་པར་བཤད་པའོ། །སྔ་མ་ནི། ཁྱད་པར་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་གསུམ་སྟེ། སྐྱབས་གནས་རྟེན་གྱི་སྒོ་ནས་དབྱེ་བ་དང་། རྟོགས་པ་ལྟ་བའི་སྒོ་ནས་དང་། བསྒྲུབ་པ་སྤྱོད་པའི་སྒོ་ནས་སོ། །དང་པོ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་ཁས་མི་ལེན་ཅིང་རྒྱབ་ཀྱིས་ཕྱོགས་པ་ནི་མུ་སྟེགས་པའོ། །དཀོན་མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་ཅིང་བསླབ་བྱ་ལ་གནས་པ་ནི་ནང་པ་སངས་རྒྱས་པའོ། །གཉིས་པ་ནི། ལྟ་བ་རྟག་ཆད་ཀྱི་མཐར་འཛིན་པ་ནི་མུ་སྟེགས་པའོ། །ལྟ་བ་རྟག་ཆད་ཀྱི་མཐའ་ལ་མི་གནས་པ་ནི་ནང་པ་སངས་རྒྱས་པའོ། །གསུམ་པ་ནི། སྤྱོད་པ་ངལ་ཞིང་དུབ་པ་ལ་སོགས་པ་ལོག་པའི་སྤྱོད་པ་ནི་ཕྱི་པ་མུ་སྟེགས་པའོ། །བཀའ་པ་དང་གནང་བའི་བསླབ་པ་ལ་བརྟེན་ནས། ཡང་དག་པའི་ལམ་གྱི་གྲོགས་བྱེད་པ་ནི་ནང་པ་སངས་རྒྱས་པའོ། །ནང་པ་སངས་རྒྱས་པའི་གྲུབ་མཐའ་རྣམ་པར་དབྱེ་བ་ནི་གཉིས་ཏེ། བློའི་སྒོ་ནས་ཐེག་པ་ཆེ་ཆུང་ལས་ཕྱེ་བ་རིམ་པ་དགུ་དང་། རྒྱུ་འབྲས་ཀྱི་སྒོ་ནས་ཕྱེ་ན། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པའོ། །དེ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ། ཐེག་པའི་ཆེ་ཆུང་གསུམ་ལས། ཐེག་པ་ཆུང་ངུ་ན་ཉན་ཐོས་ཀྱི་འདོད་པ་སྟོན་ཏེ། དེ་ཡང་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། ཉན་ཐོས་ཀྱི་སྡེ་སྣོད་རྣམས་གསུངས་པའོ། །དེ་ལ་བཞི་སྟེ། སྤྲུལ་པ་སྐུའི་ཉན་ཐོས་དང་། རྟགས་ཙམ་འཛིན་པའི་དང་། འགོག་པ་ལ་འཇུག་པའི་དང་། གྲུབ་པ་མཐར་འཛིན་གྱིའོ། །སྔ་མ་ནི། བཅོམ་ལྡན་འདས་ཀྱིས་འཁོར་གྱི་དང་པོ་རབ་འབྱོར་ལ་སོགས་པ་ཉན་ཐོས་ཀྱི་ཆ་བྱད་འཛིན་ཅིང་འགྲོ་བའི་དོན་མཛད་པ་རྣམས་སོ། །གཉིས་པ་ནི། ཉན་ཐོས་ཀྱི་རྟགས་ཙམ་འཛིན་ཀྱང་ཐེག་པ་ཆེན་པོའི་ཆོས་བྱེད་པ་རྣམས་སོ། །གསུམ་པ་ནི། འགོག་པའི་སྙོམས་འཇུག་ལ་བརྟེན་ནས། ཉེ་བར་ལེན་པ་ལས་སེམས་རྣམ་པར་གྲོལ་བར་བྱེད་པའོ། །བཞི་པ། ཉན་ཐོས་ཀྱི་གཞུང་འཛིན་པའི་སྡེ་པ་བཞི་སྟེ། ཕལ་ཆེན་པ། ཐམས་ཅད་ཡོད་པར་སྨྲ་བ། གནས་བརྟན་པ། མང་པོས་བཀུར་བའོ། །དེ་ལ་གྱེས་པ་བཅོ་བརྒྱད་དེ། ཕལ་ཆེན་ལ་ལྔ་སྟེ། ཤར་གྱི་རི་བོའི་སྡེ་དང་། ནུབ་ཀྱི། གངས་རིའི། འཇིག་རྟེན་འདས་སྨྲའི། བཏགས་པར་སྨྲ་བའི་སྡེ་པ་རྣམས་སོ། །ཡོད་སྨྲ་ལ་བདུན་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་དང་། འོད་སྲུངས་པའི་དང་། ཆོས་སྲུངས་པའི་དང་། མང་དུ་སྟོན་པའི་དང་། མང་དུ་ཐོས་པའི་དང་། གོས་དམར་ཅན་གྱི་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེའོ། །གནས་བརྟན་པ་ལ་གསུམ་སྟེ། རྒྱལ་བྱེད་ཚལ་གནས་དང་། འཇིགས་མེད་རི་ལ་གནས་པ་དང་། གཙུག་ལག་ཁང་ཆེན་གྱི་སྡེ་པའོ། །མང་པོས་བཀུར་བ་ལ་གསུམ་སྟེ། ས་སྒྲོགས་རིག་བྱེད་ཀྱི་སྡེ་དང་། སྲུང་བའི་སྡེ་དང་། གནས་མ་བུ་པའི་སྡེའོ། །དེ་དག་གི་ནང་ནས་གྲུབ་མཐའ་འཛིན་པ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་གཉིས་སོ། །དེའང་འདུལ་བ་ལུང་ལས། སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །ལམ་རྒྱུད་ལ་བརྟེན་པར་བྱའོ། །འགོག་པ་མངོན་དུ་བྱའོ། །ཞེས་གསུངས་པས། ཤེས་བྱ་བདེན་པ་བཞི་ལ་བསླབ་པ་དང་། དེ་དགྲོལ་ཞིང་གོང་མའི་དམིགས་དབྱེ་བའོ། །དང་པོ་ནི། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་དང་། ལམ་གྱི་དང་། འགོག་པའིའོ། །སྔ་མ་ནི། རྡུལ་དང་སྐད་ཅིག་འདུས་པའི་ཉེར་ལེན་གྱི་ཕུང་པོ་སྟེ། སྡུག་བསྔལ་བ་དང་། གཉིས་པ་ནི། འཁོར་བའི་རྒྱུ་འབྲས་ཏེ་མ་རིག་པའི་སྒོ་ནས་ཉོན་མོངས་པ་དང་ལས་ཀྱི་འབྲས་བུའོ། །གསུམ་པ་ནི། མྱ་ངན་ལས་འདས་པའི་རྒྱུ་སྟེ་ལམ་ཉམས་སུ་ལེན་པའོ། །བཞི་པ་ནི། མཐོང་སྤང་བསྒོམ་སྤང་གི་བྱེ་བྲག་སྟེ། སོ་སོ་དང་མྱ་ངན་ལས་འདས་པའི་འབྲས་བུའོ། །དང་པོ་ལ་བཞི་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའོ། །དེའང་ས་ལམ་གྱི་ཀློང་ལས། རྐྱེན་གྱིས་སྐྱེ་ཞིང་རང་དབང་མེད་མི་རྟག །གསུམ་མམ་བརྒྱད་ཀྱིས་གནོད་པས་སྡུག་བསྔལ་བའོ། །བདག་གི་ལྟ་བ་མི་མཐུན་ཕྱོགས་སྟོང་པ། །ལྔ་ཕུང་བདག་ཏུ་བལྟར་མེད་སྟོང་པ་ཉིད། །ཅེས་གསུངས་པས། དུས་སྐད་ཅིག་མར་མི་སྡོད་པས་མི་རྟག་པ་དང་། གསུམ་མམ་བརྒྱད་ཀྱིས་སྡུག་བསྔལ་བས་སྡུག་བསྔལ་བ་དང་། གང་ཟག་གི་བདག་གིས་དངོས་པོ་སྟོང་པས་སྟོང་པ་དང་། གང་ཟག་གི་བདག་མེད་པས་བདག་མེད་པའོ། །གཉིས་པ་ལའང་བཞི་སྟེ་རྒྱུ་དང་། ཀུན་འབྱུང་དང་། རྐྱེན་གྱི་རྣམ་པ་དང་། རབ་ཏུ་སྐྱེ་བའོ། །དེ་ཉིད་ལས། དེ་རྒྱུ་ལས་ཉོན་ཕུང་པོའི་ས་བོན་ལྟ། །དེ་ལས་རྒྱུད་དྲུག་ཁམས་གསུམ་འབྱུང་བའོ། །བག་ཆགས་བརྟས་ཤིང་མངོན་པར་སྨིན་བྱེད་རྐྱེན། །རྒྱུ་རྐྱེན་འབྲེལ་ནས་ཁམས་གསུམ་རབ་ཏུ་སྐྱེ། །ཞེས་པས། མ་རིག་ཉོན་མོངས་ལས་ཀྱིས་ཁམས་གསུམ་གྱི་རྒྱུར་གྱུར་པས་རྒྱུ་དང་། དེ་ལས་རྒྱུད་དྲུག་ཀུན་འབྱུང་བས་ན་ཀུན་འབྱུང་དང་། བག་ཆགས་ཞེན་པ་བརྟས་ཤིང་འབྲས་བུ་སྨིན་པར་བྱེད་པས་རྐྱེན་དང་། རྒྱུ་རྐྱེན་འབྲེལ་ནས་ཁམས་གསུམ་དུ་སྐྱེ་ཞིང་འཁོར་བས་རབ་ཏུ་སྐྱེ་བའོ། །གསུམ་པ་ནི་ལམ། རིགས་པ། བསྒྲུབ་པ། ངེས་པར་འབྱུང་བའོ། །དེ་ཉིད་ལས། འཕགས་པའི་སར་ཞུགས་མྱ་ངན་འདས་གྲོལ་ལམ། །འཁྲུལ་པའི་གཉེན་པོ་ཚད་མར་གྱུར་ཕྱིར་རིགས། །ཕྱིན་ཅི་ལོག་སྤངས་ཡང་དག་ཐོབ་ཕྱིར་བསྒྲུབས། །འཁོར་བར་མི་སྐྱེ་འདས་པར་ངེས་པར་འབྱུང་། །ཞེས་སོ། །སོ་སོ་སྐྱེ་བོ་ལས་བློ་འཕགས་ཤིང་། མྱ་ངན་ལས་འདས་པའི་སར་འགྲོ་བས་ན་ལམ་དང་། སྐད་ཅིག་རང་གསལ་གྱི་དོན་རྟོགས་པས་དུས་གཉིས་སུ་འཛིན་པའི་འཁྲུལ་པ་བཅོམ་པས་རིགས་པ་དང་། བློ་རབ་འབྲིང་གིས་ཉམས་སུ་ལེན་པས་བསྒྲུབ་པ་དང་། འཁོར་བ་ལས་གྲོལ་ཞིང་མྱ་ངན་ལས་འདས་པ་ཐོབ་པས་ངེས་པར་འབྱུང་བའོ། །འགོག་པའི་བདེན་པ་ནི་འོག་ནས་སྟོན་ནོ། །དེ་ཡང་སྡུག་བསྔལ་གྱི་རང་བཞིན་ཤེས་ཤིང་ཀུན་འབྱུང་འཁོར་བའི་རྒྱུ་འབྲས་སྤོང་བར་བྱེད། ལམ་རྒྱུད་ལ་བརྟེན་ཏེ་འགོག་པ་མངོན་དུ་བྱེད་པའི་ལམ་ལ། ལྟ་བ་དང། བསྒོམ་པ་དང་། སྤྱོད་པའོ། །དང་པོ་ལྟ་བ་དངོས་བསྟན་པ་ནི། ཀུན་གཞི་མེད་པར་དང་། དགྲ་བཅོམ་པ་མཐར་ཐུག་ཏུ་འདོད་པའོ། །ལྟ་བ་ནི། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་ཕྱེ་སྟེ་བསྟན་པའོ། །སྔ་མ་ནི། ཆོས་ཀྱི་བདག་གཟུང་འཛིན་ཕྲ་བ་དོན་དམ་པའི་བདེན་པ་དང་། གང་ཟག་གི་བདག་འཛིན་རགས་པ་ཀུན་རྫོབ་ཏུའོ། །དང་པོ་ནི། ཕུང་པོ་རྣམས་ལ་ང་དང་ངའི་བདག་ནི་ཡང་དག་པར་མ་གྲུབ་སྟེ། བློ་འཁྲུལ་པའི་སྣང་བ་ཡིན་པའི་ཕྱིར་རོ། །དེ་ཡང་ནང་སྐད་ཅིག་རང་གསལ་ལ་རྟག་ཆད་མ་གྲུབ་པ་དང་། ཕྱི་གཟུང་བ་རྡུལ་ཕྲ་རབ་ཀུན་གྱི་གཞིར་འདོད་པའོ། །སྔ་མ་ནི། ད་ལྟར་གྱི་སེམས་སྐད་ཅིག་རང་གསལ་ལ་སྔ་ཕྱི་གཉིས་མ་གྲུབ་ཅིང་། དེ་ཉིད་དུས་སྔ་ཕྱིར་མི་སྡོད་པས་རྟག་པའི་མཐའ་དང་བྲལ། ཡང་སྐད་ཅིག་རང་གསལ་སུས་ཀྱང་མི་ཁེག་པས་ཆད་པའི་མཐའ་དང་བྲལ། མཚན་མའི་ངོས་བཟུང་དང་བྲལ་བས་རྟག་པའི་མཐའ་དང་བྲལ་བ། སྐད་ཅིག་རྒྱུན་མི་ཆད་པས་ཆད་པའི་མཐའ་དང་བྲལ། སྐད་ཅིག་རང་གསལ་རང་གི་ཤེས་པའི་རྒྱུད་ཡིན་པས། གཞན་ནས་ཚོལ་བའི་རེ་རྩོལ་དང་བྲལ་བས་ཐག་ཆོད་པ་ནི་ལྟ་བའོ། །ལ་ཤན་ལས། མོས་པ་ཆུང་ངུ་པ་དག་ནི། །སེམས་ནི་བཞི་སྣང་སྐད་ཅིག་མའི། །རྒྱུན་པ་ལྟ་བ་གཉིས་མ་གྲུབ། །ཞེས་སོ། །ཕྱི་མ། ཕྱི་རོལ་རྡུལ་ཕྲ་རབ་ཆ་མེད་དུ་འདོད་ཅིང་། དེ་ཉིད་འདུས་པ་ལས་དངོས་པོ་ལྟར་རགས་པར་སྣང་བར་འདོད་པའོ། །དེ་ཉིད་ལས། དངོས་པོའི་ངོ་བོ་ཕྲ་རབ་ནི། །བདག་དང་འཇིག་རྟེན་གཞིར་འདོད་པའོ། །ཞེས་གསུངས་སོ། །གཉིས་པ་ནི། ཕུང་པོ་ལ་བདག་གིར་འཛིན་པ་ནི་གང་ཟག་གི་བདག་གོ། །དེའི་ངེས་ཚིག་ནི། ཉོན་མོངས་པས་གང་ཞིག་ཟག་པ་དང་བཅས་པ་ལ་བདག་ཏུ་འཛིན་པའོ། །དེ་ཡང་གང་ཟག་གི་བདག །ནང་ང་དང་ང་ཡིར་འཛིན་པ་དང་། ཕྱི་འབྱུང་བ་ལ་སོགས་པ་རགས་པར་སྣང་བ་རྣམས་བློ་ཀུན་རྫོབ་ཀྱི་སྣང་བ་ཡིན་ཏེ། བློས་གཞིག་ཅིང་གཞོན་དུ་རུང་བའི་ཕྱིར་རོ། །མངོན་པ་མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེའི་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་པར། །ཡོད་དེ་དོན་དམ་གཞན་ཡིན་ནོ། །ཞེས་གསུངས་སོ། །ལ་ཤན་ལས། ཡེར་པོ་རྣམ་ཤེས་སྣང་བ་ཡི། །མུན་རྫས་ལྟ་བུར་ལྐོག་གྱུར་པས། །ཞེས་གསུངས་སོ། །བྱེ་བྲག་སོ་སོར་བསྟན་པ་ནི། སྣང་བ་བཅུ་བདུན་པ་ལས། ཆོས་ཙམ་སྨྲ་བའི་ཉན་ཐོས་ལ། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་ཡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བ་མཐུན། །ཞེས་པས། ནང་སྐད་ཅིག་དང་ཕྱི་རྡུལ་ཕྲན་དུ་འདོད་པ་མཐུན་ལ། ཀུན་རྫོབ་རགས་པ་མི་མཐུན་ཏེ། བྱེ་བྲག་པ་དང་། མདོ་སྡེ་པའོ། །སྔ་མ་ནི། རྡུལ་ཕྲན་མ་འདྲེས་སིལ་བུར་པ་སོ་སོར་འདོད་ཅིང་གཟུང་འཛིན་ཅེར་འཕྲད་དུ་འདོད་པ་དང་། གཞི་ལྔ་རྫས་སུ་དང་། དུས་གསུམ་རྫས་ཡོད་དུའོ། །རྡུལ་ཕྲན་སིལ་བུར་འདོད་པ་ནི། གཡག་རྔ་དང་ནེའུ་སེང་གི་ཚུལ་དུ་འདོད་པ་ཡིན་ཏེ། གཡུ་ཐང་ལས། ཀུན་རྫོབ་བྱེ་བྲག་འདོད་གཞུང་ཉིད། །སྣོད་ཀྱི་རྫས་རྣམས་དངོས་པོར་འདོད། །རྡུལ་ཕྲན་སིལ་བུ་ཕན་ཚུན་བར། །མ་འདྲེས་ནེའུ་སེང་ལྟ་བུ་སྟེ། །མཐུའམ་སྟོབས་ཀྱིས་འདུས་པ་ཡོད། །ཅེས་སོ། །དེའང་གཟུང་འཛིན་ཐ་དད་དུས་མཉམ་གཅེར་འཕྲད་དུ་འདོད་པའོ། །གཉིས་པ་ནི། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི། འཁོར་སེམས་ལས་བྱུང་བའི། ལྡན་མིན་འདུ་བྱེད་ཀྱི། རྟག་པ་འདུས་མ་བྱས་ཀྱི་གཞིའོ། །དང་པོ་ནི། གཟུགས་ཀྱི་ཆོས་བཅོ་ལྔ་སྟེ། དབང་པོ་ལྔ། ཡུལ་ལྔ། འབྱུང་བ་བཞི། ཐུན་མོང་པ་གྱུར་པའི་ཡིད་དང་བཅོ་ལྔའོ། །གཟུགས་ཀྱི་མཚན་ཉིད་ནི་གཞིག་ཅིང་གཞོམ་དུ་རུང་བའོ། །དེའང་རེགས་པ་གཟུགས་སུ་ཡོད་པ་ནི། ཡུལ་ཕན་ཚུན་རེག་ཏུ་ཡོད་པའོ། །བཅད་པ་གཟུགས་སུ་ཡོད་པ་ནི། སྒོ་ལྔས་ཡུལ་ལྔ་སོ་སོར་གཅོད་པའོ། །གདགས་གཟུགས་སུ་ཡོད་པ་ནི། ཡིད་གཟུགས་ལ་སོགས་པ་གཟུགས་སུ་སྣང་བའོ། །གཙོ་བོ་སེམས་ཀྱི་གཞི་རྣམས་ནི་རྣམ་ཤེས་ཚོགས་དྲུག་གོ། །འཁོར་སེམས་ལས་བྱུང་བ་ནི། སེམས་བྱུང་ལྔ་བཅུ་རྩ་གཅིག་སྟེ། དྲུག་རྩ་བའི་ཉོན་མོངས་པ་ནི། འདོད་ཆགས། མ་རིག་པ། ཁོང་ཁྲོ། ང་རྒྱལ། ལོག་ལྟ། ཐེ་ཚོམ་མོ། །ཉི་ཤུ་ཉེ་བའི་ཉོན་མོངས་པ་ནི། ཁྲོ་བ། ཁོན་འཛིན། འཆབ་སེམས། འཚིག་པ། ཕྲག་དོག །སེར་སྣ། སྒྱུ། གཡོ། རྒྱགས་པ། རྣམ་པར་འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། བག་མེད་པ། བརྗེད་པ། གཡེང་བ། ཤེས་བཞིན་མ་ཡིན་པའོ། །བཞི་གཞན་དུ་འགྱུར་བ་ནི། འགྱོད་པ། གཉིད། རྟོག་པ། དཔྱོད་པའོ། །ལྔ་ཀུན་ཏུ་འགྲོ་བ་ནི། རེག་པ། ཡིད་ལ་བྱེད་པ། ཚོར་བ། འདུ་ཤེས། སེམས་པའོ། །ལྔ་ཡུལ་སོ་སོར་ངེས་པ་ནི། འདུན་པ། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་བོ། །བཅུ་གཅིག་དགེ་བ་ནི། དད་པ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། མ་ཆགས་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། བརྩོན་འགྲུས། ཤིན་ཏུ་སྦྱངས་པ། བག་ཡོད་པ། བཏང་སྙོམས། རྣམ་པར་མི་འཚེ་བའོ། །འདུ་བྱེད་ཀྱི་གཞི་ནི་ཉེར་གསུམ་སྟེ། ཐོབ་པ་དང་། འདུ་ཤེས་ཉམ་པ་དང་། འགོག་པའི་སྙོམས་འཇུག །འདུ་ཤེས་མེད་པའི་སྙོམས་འཇུག །སྲོག་གི་དབང་པོ། །རིགས་མཐུན་པ། སྐྱེ་བ། གནས་པ། རྒས་པ། མི་རྟག་པ། མིང་། ཚིག །ཡི་གེའི། སོ་སོའི་སྐྱེ་བོ་སྟེ། མི་ལྡན་པའི་འདུ་བྱེད་བཅུ་བཞི་དང་། འཇུག་པ་དང་། སོ་སོར་ངེས་པ་དང་། འབྱོར་ཞིང་འབྲེལ་པ། མགྱོགས་པ། གོ་རིམ། དུས། ཡུལ། གྲངས། ཚོགས་པ་སྟེ་དགུ་ནི་ཆ་མཐུན་པའོ། །ལྡན་པ་མ་ཡིན་པ་ནི། སེམས་དང་སེམས་བྱུང་ངོ་བོ་མ་ཡིན་པའོ། །རྟག་པ་འདུས་མ་བྱས་ནི། ནམ་མཁའ་དང་། འགོག་པ་དང་། སྐད་ཅིག་གོ། །གསུམ་པ་ནི། དུས་གསུམ་རྟག་པ་རྫས་ཡོད་དུ་འདོད་དེ། གྲངས་ཅན་པ་ལྟར་རྒྱུ་འབྲས་རྫས་གཅིག་པ་ནི་མ་ཡིན་ནོ། །མདོ་སྡེ་པ་ནི། ཕྱི་རྡུལ་ཕྲ་རབ་འདུས་པའི་གོང་བུར་འདོད་ཅིང་། ད་ལྟར་གྱི་གཟུང་ཡུལ་རགས་པ་འདི་དོན་དངོས་མིན་ཏེ། འདི་རྣམ་པ་སྐྱེད་བྱེད་ཀྱི་གཞི་མུན་རྫས་ལྟ་བུར་ལྐོག་ན་ཡོད་པར་འདོད་པའོ། །གཡུ་ཐང་ལས། མདོ་སྡེ་ཀུན་རྫོབ་ཕྲ་རབ་རྣམས། །འདུས་པས་རྣམ་པ་གཅིག་ཏུ་འདོད། །ཅེས་སོ། །གཉིས་པ་ནི། སེམས་རྣམ་པར་ཤེས་པའི་ཚོགས་དྲུག་ལས། ཉོན་ཡིད་དང་ཀུན་གཞི་མེད་དེ། ཉན་ཐོས་ཀྱི་སྡེ་སྣོད་ལས་མ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །གསུམ་པ་དགྲ་བཅོམ་པ་མཐར་ཐུག་གི་འབྲས་བུར་འདོད་པ་ནི། ལྟ་བ་གང་ཟག་གི་བདག་མེད་དེ། བདེན་པ་བཞི་ལ་བཅུ་དྲུག་ཏུ་ཕྱེས་ཏེ། གོམས་པ་མཐར་ཕྱིན་པས། རྒྱུ་ཀུན་འབྱུང་ཟད། འབྲས་བུ་སྡུག་བསྔལ་ཞི་ནས། ཕུང་པོ་ལྷག་བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་དགྲ་བཅོམ་པ་ཐོབ་པ་ནི་མཐར་ཐུག་གི་འབྲས་བུར་འདོད་པའོ། །དེ་ལྟར་རྟོགས་ནས་དེའི་ངང་ལ་བསྒོམ་པ་ནི། རབ་སྐད་ཅིག་རང་གསལ་གྱི་དོན་ཉམས་སུ་ལེན་པ་དང་། འབྲིང་འགོག་པ་རླུང་ལ་བསླབ་པ་དང་། ཐ་མར་དངོས་པོར་འཛིན་པ་བཤིག་པའི་ཕྱིར་མི་རྟག་པ་དང་། མི་གཙང་བའི་རྫས་སུམ་ཅུ་སོ་དྲུག་ལ་སོགས་པ་མི་སྡུག་པ་བསྒོམ་པའོ། །སྤྱོད་པ་ནི། རབ་དགེ་སློང་། འབྲིང་དགེ་ཚུལ། ཐ་མ་དགེ་བསྙེན་གྱི་སྒོར་ཞུགས་ནས། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་ཞིང་། འདོད་པ་ཆུང་ཞིང་ཆོག་ཤེས་པའོ། །དེའང་གོང་ལྟར་སྡུག་བསྔལ་གྱི་བདེན་པ་ཆོས་བཞི་དང་ལྡན་པས་ཤེས་བྱའི་རང་བཞིན་ཤེས། ཀུན་འབྱུང་གི་བདེན་པ་ཆོས་བཞི་དང་ལྡན་པས་འཁོར་བའི་རྒྱུ་འབྲས་རྣམ་ཤེས་ནས། ལམ་གྱི་བདེན་པས་ཀུན་འབྱུང་སྤོང་ཞིང་འགོག་པ་མངོན་དུ་བྱེད་པ་ཡིན་ཏེ། སྤྱོད་པས་འཁོར་བའི་རྒྱུ་ཉོན་མོངས་པ་ལ་སྐྱོན་དུ་བལྟས་ཏེ་སྤོང་། འགོག་པ་ལ་སོགས་པའི་སྙོམས་འཇུག་བསྒོམ་པས་མགོ་མནན། ལྟ་བ་རྟོགས་པའི་དོན་ལ་གོམས་པས་ཉོན་མོངས་པ་རྩད་ནས་སྤོང་པའོ། །དེ་ལྟར་ཉམས་སུ་ལེན་པ་ནི། ལམ་རྣམ་པ་ལྔ། ས་རྣམ་པ་བརྒྱད། སྐྱེས་བུ་ཟུང་བཞི། གང་ཟག་ཡ་བརྒྱད་ཀྱིས་ལམ་མཐར་ཕྱིན་པར་བྱེད་པའོ། །བཞི་པ་ནི། འགོག་པ། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བའོ། །ས་ལམ་གྱི་ཀློང་ལས། རྒྱུ་རྐྱེན་བྲལ་བས་ཕུང་ཁམས་འཇིག་ཕྱིར་འགོག །སྡུག་བསྔལ་མེད་པས་གསུམ་མི་འབྱུང་ཞིང་གནས། །ཕྱིས་ཀྱང་ཁམས་གསུམ་སྡུག་བསྔལ་བྲལ་གྱ་ནོམ། །བདེ་བར་ཕྱིན་ཏེ་སྐྱོན་ལས་ངེས་པར་འབྱུང་། །ཞེས་པས། མཐོང་སྤང་དང་། བསྒོམ་སྤང་གི་བྱེ་བྲག་དང་། མྱ་ངན་ལས་འདས་པའི་འབྲས་བུའོ། །སྔ་མ་ནི། གནས་སྐབས་མཐོང་སྤངས་ལ་སོགས་པའི་བྱེ་བྲག་སྟེ། ཁམས་གསུམ་གྱི་རྒྱུ་རྐྱེན་ཆེ་འབྲིང་འཇོམས་ཤིང་། དེའི་འབྲས་བུ་མི་འབྱུང་བས་འགོག་པ་དང་། ནང་དུ་ཉོན་མོངས་ཀྱི་མེ་ཞི་བས་ཞི་བ་དང་། གནས་སྐབས་ཀྱི་ཡོན་ཏན་ཐོབ་པས་གྱ་ནོམ་པ་དང་། མཐོང་བ་དང་བསྒོམ་པ་ལ་སོགས་པ་རང་རང་གི་དོན་རྟོགས་ཤིང་ཐོབ་པས་ངེས་པར་འབྱུང་བའོ། །འབྲས་བུ་མངོན་དུ་བྱེད་པ་དང་། ཀུན་འབྱུང་གི་རྒྱུ་རྐྱེན་བྲལ་ཞིང་། ཁམས་གསུམ་ལས་གྲོལ་བས་འགོག་པ་དང་། ཁམས་གསུམ་གྱི་སྡུག་བསྔལ་མི་འབྱུང་བས་ཞི་བ་དང་། སྡུག་བསྔལ་བྲལ་ཞིང་ཡོན་ཏན་འབྱུང་བས་གྱ་ནོམ་པའོ། །རྐྱེན་ལས་གྲོལ་ཏེ་དགྲ་བཅོམ་པའི་འབྲས་བུ་ཐོབ་པས་ངེས་པར་འབྱུང་བའོ། །དེ་ལྟར་ཁམས་གསུམ་གྱི་ས་བོན་དང་བྲལ་ནས་མཐར་ཐུག་དགྲ་བཅོམ་པའི་འབྲས་བུ་ཐོབ་པའོ། །དེ་ནི་རྒྱན་ཅན་དང་། རྒྱན་མེད་གཉིས་ལས། སྔ་མ་ནི་ཉན་ཐོས་ཀྱི་སྐབས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུའི་སྤྲུལ་པའི་སྐུའི་མཚན་དཔེ་དང་ལྡན་པ་དང་། གཞན་ཡང་རྒྱན་ཆ་སྣ་ཚོགས་དང་ལྡན་པས་འགྲོ་དོན་ཤས་འགའ་བྱེད་པའོ། །འབྲས་བུའི་ཀློང་ལས། ཕྱོགས་འདས་དགྲ་བཅོམ་རྡུལ་ཅན་ནི། །ཐུབ་པ་དབང་པོའི་སྐུ་འཆང་དང་། །ཞེས་པ་དང་། རྒྱན་མེད་ནི། སྐྱེས་བུ་ཟུང་བཞི་ཡ་བརྒྱད་ཀྱི་སྐད་ཅིག་རང་གསལ་མངོན་དུ་བྱས་པས་ཉོན་མོངས་པའི་འཆིང་བ་མཐའ་དག་དང་བྲལ་ཏེ། དགོངས་པ་མཚོ་ལ་འཁྱག་ཞུ་བ་དང་། ནམ་མཁའ་ལ་སྤྲིན་དེངས་པ་ལྟར་འདོད་པའོ། །འབྲས་བུའི་ཀློང་ལས། ཟུང་བཞི་ཡ་བརྒྱད་ལུས་རྒྱན་བྲལ། །ཞེས་པ་དང་། ཕྱོགས་འདས་མདོ་སྡེ་ཉོན་མོངས་ཞི། །ཤིང་ཟད་མེ་ཤི་ཇི་ལྟ་བར། །དགེ་སློང་མྱ་ངན་འདས་པ་ལ། །ལུས་མེད་གཟུང་འཛིན་ཕྲ་བ་ཙམ། །ཞེས་གསུངས་སོ། །དེ་གཉིས་ཀྱང་ངོ་བོ་གཅིག་སྟེ། རྣམ་པའི་ཆ་ནས་རྒྱན་ཅན་ལ། དགོངས་པའི་ཆ་ནས་རྒྱན་མེད་དོ། །གསུང་ངོ་། །ཉན་ཐོས་ཀྱི་འདོད་པ་དེ་གྲོལ་ཞིང་ཐེག་པ་གོང་མའི་དམིགས་དབྱེ་བ་ནི། དང་པོ་གཟུང་འཛིན་ཕྲ་བ་དོན་དམ་དུ་འདོད་པ་གྲོལ་བ་དང་། ཀུན་གཞི་མེད་པར་འདོད་པ་དགྲོལ་བ་དང་། དགྲ་བཅོམ་པ་མཐར་ཐུག་ཏུ་འདོད་པ་དགྲོལ་བའོ། །སྔ་མ་ནི། འཛིན་པ་སྐད་ཅིག་སྐྱེ་འགག་ཅན་དུ་འདོད་པ་དགྲོལ་བ་དང་། ཕྱི་རྡུལ་ཕྲ་རབ་ཆ་མེད་དུ་འདོད་པ་དགག་པའོ། །དང་པོ་ནི། སྐད་ཅིག་ཆ་མེད་དེས། ཤེས་པའི་རྒྱུན་རགས་པ་རྩོམ་པར་མི་འཐད་དེ། དེའང་སྐད་ཅིག་ཆ་མེད་དེ་དུས་སྔ་ཕྱི་གཉིས་དང་འབྲེལ་ལམ་ལ་འབྲེལ། མ་འབྲེལ་ན་ཤེས་པའི་རྒྱུན་རགས་པ་མི་འབྱུང་བར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །འབྲེལ་ན་སྐད་ཅིག་སྔ་ཕྱི་དུས་མཚུངས་སམ་མི་མཚུངས། མཚུངས་ན་བསྐལ་པ་ཡང་སྐད་ཅིག་ཙམ་དུ་ཐལ་ལོ། །མི་མཚུངས་ན་སྐད་ཅིག་དུས་ཆ་གསུམ་དུ་འགྱུར་བས་ཆ་མེད་པའི་དམ་བཅའ་བུད་དོ། །ཇི་སྐད་དུ། རནྟ་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བལྟ་བར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །ལོ་ཀ་སྐད་ཅིག་ལ་མི་གནས། །ཞེས་སོ། །གཉིས་པ་ནི། རྡུལ་ཕྲ་རབ་ཆ་མེད་དེས་རགས་པ་རྩོམ་ཞིང་འབྱུང་ན། རྡུལ་ཕྲ་མོ་དབུས་ཀྱི་དེ་ལ། ཕྱོགས་བཞི་དང་སྟེང་འོག་གི་རྡུལ་དང་འཕྲད་དམ་མི་འཕྲད། མི་འཕྲད་ན་རགས་པ་རྩོམ་དུ་མི་བཏུབ་ལ། འཕྲད་ན་ཆ་དྲུག་དང་བཅས་པར་ཐལ་ལོ། །ཡང་དབུས་ཀྱི་རྡུལ་དེ་ལ་ཕྱོགས་ཀྱི་རྡུལ་བསྣན་པ་དང་མ་བསྣན་པའི་ཆ་ཡོད་དམ་མེད། ཡོད་ན་རྡུལ་ཆ་དྲུག་ཏུ་ཐལ། མེད་ན་གོང་བུ་ཡང་རྡུལ་ཕྲན་ཙམ་དུ་འགྱུར་བ་དང་། རགས་པ་བྱུང་བ་རྒྱུན་ཆད་པར་འགྱུར་རོ། །རྣམ་ངེས་དང་སེམས་ཙམ་ཉི་ཤུ་པ་ལས། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཕྲན་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུ་ཡང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ། །དེ་ལྟར་གཟུང་འཛིན་ཕྲ་བ་གཉིས་མ་གྲུབ་པས། དེ་ལས་བྱུང་བའི་བྱེ་བྲག་སོ་སོའི་འདོད་པ་གཞི་ལྔ་རྫས་སུ་འདོད་པ་དང་མ་གྲུབ་བོ། །གཉིས་པ་ཀུན་གཞི་མེད་པར་མི་འཐད་དེ། ཀུན་གཞི་མེད་ན་འཁོར་བར་འཇུག་པ་མི་རུང་བ་དང་། བཟློག་པར་མི་རུང་བ་དང་། ཆད་ནས་འབྱུང་བར་མི་རུང་བ་ལ་སོགས་འབྱུང་ཤིན་འདུག་པའི་ཕྱིར་རོ། །དང་པོ་ནི། ཀུན་གཞི་མེད་ན་འཁོར་བའི་ལུས་བླང་དུ་མི་རུང་སྟེ། ཚོགས་དྲུག་ནི་མི་བརྟན་པས་བག་ཆགས་བཞག་པའི་རྟེན་མེད་པའི་ཕྱིར་རོ། །གཉིས་པ་ནི། ཀུན་གཞི་མེད་ན་དགེ་བའི་བག་ཆགས་སོགས་པའི་གཞི་མེད་དེ། ཚོགས་དྲུག་མི་བརྟན་པའི་ཕྱིར་དང་། ཡིད་ཀྱི་རྣམ་ཤེས་གཅིག་གི་སྟེང་དུ་སྤང་བྱ་དང་གཉེན་པོ་འགལ་བས། གཉེན་པོས་ཉོན་མོངས་པ་སྤོང་བར་མི་ནུས་པས། འཁོར་བ་ནས་ལྡོག་པར་མི་ནུས་སོ། །སྒོ་ལྔའི་རྣམ་ཤེས་ལ་སྤང་བྱ་དང་གཉེན་པོའི་རྟེན་བཅའ་རུ་མི་རུང་སྟེ། སྒོ་ལྔའི་རྣམ་པར་ཤེས་པ་བརྒྱལ་བ་ལ་སོགས་པ་དང་། མཉམ་བཞག་གི་དུས་སུ་འགག་ཅིང་རེ་འགའ་བ་ཡིན་པས་སོ། །གསུམ་པ་ནི། གཉིད་འཐུག་པོའམ་བརྒྱལ་བའི་དུས་སུ། །ཚོགས་དྲུག་འགག་ལ་གཉིད་སད་པ་དང་རྒྱལ་སངས་པའི་དུས་སུ་འབྱུང་ཤིན་འདུག་པའི་ཕྱིར། ཀུན་གཞི་ཡོད་དེ། མདོ་སྡེ་ལས། རྣམ་པར་ཤེས་པ་ཡིད་ལས་བྱུང་། །ཡིན་ནི་ཀུན་གཞི་ལས་བྱུང་སྟེ། །ཀུན་གཞི་ལས་ནི་སེམས་ཀུན་བྱུང་། །རྦ་རླབས་བཞིན་དུ་འབྱུང་བར་འགྱུར། །ཞེས་པ་དང་། ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་མདོ་ལས། རྣམ་ཤེས་བརྒྱད་ཀྱི་སྐྱེས་བུ་ནི། །ཀུན་གཞི་ཞེས་ཀྱང་བྱ་བ་སྟེ། །དེ་ཡིས་སྣ་ཚོགས་འདི་དག་ཀུན། །རྫ་མའི་འཁྲུལ་འཁོར་བཞིན་དུ་འཁོར། །ཞེས་གསུངས་སོ། །ཀུན་གཞི་ཉན་ཐོས་ཀྱི་སྡེ་སྣོད་དུ་མ་གསུང་པ་ཅི་ཞེ་ན། ཉན་ཐོས་དབང་པོ་རྟུལ་པོས་མུ་སྟེགས་ཀྱིས་བརྟགས་པའི་བདག་ཏུ་འཁྲུལ་གྱིས་དོགས་ནས་མ་གསུངས་པ་ཡིན་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐབས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་སོ། །གསུམ་པ་དགྲ་བཅོམ་པ་མཐར་ཐུག་གི་འབྲས་བུ་མི་འཐད་དེ། མཐོང་བའི་ལམ་གྱིས་ཉོན་མོངས་པའི་འབྲས་བུ་ཕྲ་རྒྱས་སྤངས་པས། ཟག་བཅས་ཀྱི་ལས་མེད་ཀྱང་། ཟག་མེད་ཀྱི་ལས་དང་། དེ་དང་མཐུན་པའི་སྨོན་ལམ་གྱིས་སྐྱེ་བ་ལེན་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་གྱིས་མི་ཁྱབ་པར་འགྱུར་བའི་བྱེ་བྲག་གིས། རིག་པའི་རྩལ་སྦྱང་ཏེ། སངས་རྒྱས་པར་གསུངས་སོ། །རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་རྣམས། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །བྱང་ཆུབ་སེམས་འགྲེལ་ལས། །ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་ཀྱིས་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་གྱུར་པའི། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་སོ།
༈ །ཐེག་པ་ཆུང་ངུ་རང་རྒྱལ་ལ། ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུ་དང་བཞིའོ། །ལྟ་བ་ནི། ཕྱི་གཟུང་བ་རང་བཞིན་མེད་པར་རྟོགས་ལ། ནང་འཛིན་པ་ཉན་ཐོས་དང་མཐུན་པའོ། །སྔ་མ་ནི། གོང་ལྟར་ཕྱོགས་ཆ་དྲུག་གིས་གཞིག་པ་དང་། རྟེན་འབྲེལ་བཅུ་གཉིས་ཀྱིས་རྡུལ་མ་གྲུབ་པར་རྟོགས་ལ། ནང་སྐད་ཅིག་རང་གསལ་ཡང་། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱིས་རྟོགས་པའོ། །དེ་ལ་ཕྱི་ནི་གཡུང་དྲུང་གི་ཁུག་པ་ལ་བརྟེན་ནས་རྟོགས་པ་ཡིན་ཏེ། རྒྱུ་དང་འབྲེལ་པ་དྲུག །འབྲས་བུ་དང་འབྲེལ་པ་དྲུག་གོ། །སྔ་མ་ནི། སས་རྟེན་བྱས། ཆུས་བསྡུས། མེས་སྨིན། རླུང་གིས་གཡོས། ནམ་མཁས་གོ་ཕྱེ། དུས་ཀྱིས་འགྱུར་བའོ། །གཉིས་པ་ནི། ས་བོན། མྱུ་གུ། སྡོང་བུ། ཡལ་ག །ལོ་ཏོག །དེ་ལ་འབྲས་བུའོ། །དེ་ཡང་རྟེན་འབྲེལ་ལུགས་ལས་བཟློག་པ་དང་། ལུགས་ནས་འབྱུང་བས་རྡུལ་མ་གྲུབ་པར་རྟོགས་པའོ། །ནང་ནི་དུར་ཁྲོད་ཀྱི་ཀེང་རུས་ལ་བརྟེན་ནས་རྟོགས་པ་ཡིན་ཏེ། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིའོ། །དེ་ཡང་རྟེན་འབྲེལ་ལུགས་ལས་བཟློག་པ་དང་། ལུགས་ལས་འབྱུང་བས་འཛིན་པ་རགས་པ་རང་བཞིན་མེད་པར་རྟོགས་ཤིང་། ནང་སྐད་ཅིག་རང་གསལ་ཉན་ཐོས་དང་མཐུན་པའོ། །གཡུ་ཐང་ལས། རང་རྒྱལ་ཉན་ཐོས་དོན་དམ་འདྲ། །ཀུན་རྫོབ་སྣང་བའི་ཁྱད་པར་ནི། །གཟུགས་ཀྱི་བསྡུས་པའི་ཆོས་རྣམས་ཀུན། །རྟེན་འབྲེལ་རྒྱུ་རྐྱེན་དབང་བསྒྱུར་བས། །ཞེས་པ་ལ་སོགས་པ་གསུངས་སོ། །བསྒོམ་པ་ནི། ཕྱི་གཟུང་བ་རང་བཞིན་མེད་ཅིང་། ནང་འཛིན་པའི་ཤེས་པ་སྐད་ཅིག་རང་གསལ་གྱི་ངང་ལ་བསྒོམས་པས་ཁྱད་པར་དུ་འཕགས་སོ། །སྤྱོད་པ་གཞན་དོན་ཤས་འགའ་བྱས་པས་འཕགས་ཏེ། སྟོད་ནས་མེ་འབར་བ་དང་། སྨད་ནས་ཆུ་འབྲུབ་པ་ལ་སོགས་པ། རྫུ་འཕྲུལ་ཡ་མ་ཟུང་གི་སྒོ་ནས་དོན་མཛད་པར་གསུངས་སོ། །འབྲས་བུ་ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་ལ། ཁྱད་པར་གསུམ་གྱིས་འཕགས་ཏེ། སྐུ་རྒྱན་ཆས་འཕགས། ཐུགས་ལ་ཕྱི་གཟུང་བའི་ཡུལ་མེད་པས་འཕགས། ཐུགས་རྗེ་དང་མཛད་པ་གཞན་དོན་ཤས་འགའ་འབྱུང་བས་འཕགས་སོ། །དེའང་འཛིན་པ་སྐད་ཅིག་མ་དོན་དམ་པ་ཉན་ཐོས་ཀྱི་སྐབས་སུ་བཀག་པ་བཞིན་དང་། གཟུང་ཡུལ་མེད་ན་ལྟོས་པའི་དེར་འཛིན་ཀྱང་མ་གྲུབ་སྟེ། ཆུ་ཕར་ཀ་མེད་པའི་ཚུར་ཀ་མི་འགྲུབ་པ་བཞིན་ནོ། །གཟུང་བ་མེད་ན་དེར་འཛིན་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །གཞི་ལམ་འབྲས་བུའི་དོན་མཚོན་པ་ཀུན་འདུས་རིག་པའི་སྒྲོན་མེ་ལས། ཐེག་ཆུང་ཉན་རང་བསྟན་པའི་ལེའུ་སྟེ། བཅུ་གཅིག་པའོ།།
༈ །།ཐེག་པ་ཆེན་པོ་ལ་ངོ་བོ་དང་ངེས་ཚིག་དང་། ཆེ་ཆུང་གི་ཁྱད་པར་དང་། བྱང་ཆུབ་སེམས་དཔའི་ཐེག་པ་བསྟན་པའོ། །སྔ་མ་ནི། བློ་དང་ཆོས་སུ་འཛོམ་པའི་ཕྱིར་ཡང་ཐེག་པ་ཞེས་བྱ་ལ། ཡང་། འདི། འདིས། འདིར་འདེགས་པའི་ཕྱིར་ཡང་ཐེག་པ་ཞེས་བྱའོ། །དེ་ཡང་འདི་ནི་གང་ཟག །འདིས་ནི་ཆོས། འདིར་ནི་རར་རང་གི་འབྲས་བུ་ཐོབ་པར་བྱེད་པའོ། །གཉིས་པ་ནི། ནང་གི་སྒོར་ཞུགས་ཀྱང་ཆེན་པོ་བདུན་དང་མི་ལྡན་ན། ཐེག་པ་ཆུང་ངུ་། ལྡན་པ་ནི་ཐེག་པ་ཆེན་པོའོ། །མདོ་སྡེ་རྒྱན་ལས། དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་བསྒྲུབ་པ་མཐའ་དག་དང་། ཡང་དག་བརྩོན་འགྲུས་ཆེན་པོ་དང་། །ཐབས་ལ་མཁས་དང་ཐོབ་ཆེན་དང་། །དེ་བཞིན་ཕྲིན་ལས་ཆེན་པོ་དང་། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་སུ་བརྗོད་པ་ཡིན། །ཞེས་པས། དམིགས་པ་ཆེན་པོ་ནི། སེམས་ཅན་གྱི་དོན་དུ་ཟབ་མོའི་ཆོས་རྒྱ་ཆེན་པོ་ལ་དམིགས་པའོ། །བསྒྲུབ་པ་ནི་སྙིང་རྗེ་ཆེན་པོས་བདག་དང་གཞན་གྱི་དོན་མངོན་དུ་བསྒྲུབ་པ་དང་། ཡང་དག་ནི་བདག་མེད་གཉིས་ཀྱི་དོན་ཡང་དག་པར་རྟོགས་པར་བྱེད་པ་དང་། བརྩོན་འགྲུས་ནི་དཀའ་བ་དཔག་ཏུ་མེད་པ་སྤྱོད་ཅིང་བརྩོན་འགྲུས་ཆེན་པོ་རྩོམ་ནུས་པ་དང་། ཐབས་ལ་མཁས་པ་ནི། སྟོང་ཉིད་དང་སྙིང་རྗེས་འཁོར་འདས་ཀྱི་མཐའ་ལ་མི་གནས་པར་ཐབས་མཁས་པའི་མཛད་པ་དང་། ཐོབ་ཆེན་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་ཅིང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པ་དང་། ཕྲིན་ལས་ནི་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་མཛད་པ་སྣ་ཚོགས་པའི་ཕྲིན་ལས་ཀྱིས་དོན་མཛད་པའོ། །བསྡུ་ན་མཚན་བརྗོད་ལས། སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །ཅེས་པ་དང་། སྙིང་རྗེ་དང་ཤེས་རབ་ཆུང་ཞིང་། བདག་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་མི་ནུས་པ་ཐེག་ཆུང་ངོ་། །སྙིང་རྗེ་དང་ཤེས་རབ་ཆེན་པོས་བདག་དང་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱེད་པ་ནི་ཐེག་པ་ཆེན་པོའོ། །བྱང་ཆུབ་སེམས་དཔའི་ཐེག་པའམ། ཐེག་པ་ཆེན་པོ་ནི། རྒྱན་སྡུག་པོ་བཀོད་པའི་མདོ་ལས། དེད་དཔོན་ཁྱིམ་གྱི་བུ་བཞིན་དུ། །ཀུན་གྱི་ཐོག་མར་ཤེས་བྱ་བ། །མཁྱེན་པ་གསུམ་གྱི་རང་བཞིན་ནི། །རིགས་དང་ལམ་དང་འབྲས་བུ་སྟེ། །ཞེས་པས། དཔེར་ན་དེད་དཔོན་གྱི་བུ་རང་གི་ཕའི་རིགས་དང་ལས་དང་དེའི་འབྲས་བུ་ཤེས་པར་བྱེད་པ་བཞིན་དུ། འདིར་ཡང་ཐོག་མར་སངས་རྒྱས་པའི་སྔོན་དུ་ཤེས་བྱའི་གཤིས་སམ་རིགས་དང་། རྟོགས་ཤིང་ཉམས་སུ་བླང་བའི་ལམ་དང་། མཐར་ཐུག་གི་འབྲས་བུ་སངས་རྒྱས་སོ། །དང་པོ་ནི། རང་བཞིན་གནས་པའི་རིགས་དང་། དེ་ངོ་མ་ཤེས་ཏེ་འཁྲུལ་པ་དང་བཅས་པ་དང་། རིགས་དེ་ཐོབ་པར་བྱེད་པའི་བློའི་རིམ་པའོ། །སྔ་མ་ནི། རིགས་ཀྱི་ངོ་བོ་དང་། རྣམ་གྲངས་སོ། །དང་པོ་ནི། རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་ཅན། དུས་གསུམ་རྒྱུན་ཆད་མེད་པར་མི་ཟད་པའི་གཏེར་མཛོད་ཆེན་པོ་སྟེ། ཐམས་ཅད་ལ་དབྱེར་མེད་ཅིང་མཉམ་པར་གནས་པའོ། །གོང་གི་སེམས་རང་བཞིན་གྱིས་རྣམ་པར་དག་ཅིང་བདེ་བར་གཤེགས་པའི་སྙིང་པོ་རྒྱུན་ཆད་མེད་པའི་ལུང་རྣམས་དང་། སྡུད་པ་ལས། འདི་ནི་ཆོས་གཏེར་མཆོག་དང་ཆོས་མཛོད་དམ་པ་ཡིན། །སངས་རྒྱས་རིགས་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །འདས་དང་མ་བྱོན་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་འགྱུར། །ཞེས་པ་དང་། མངོན་རྟོགས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་ནི། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་མདོ་ལས། ཀུན་གཞིའི་རིགས་དང་བདེ་གཤེགས་སྙིང་། །འོད་གསལ་ཆོས་དབྱིངས་དེ་བཞིན་ཉིད། །ཅེས་པ་ལ་སོགས་པ་གསུངས་པས། ཤེས་བྱའི་གཤིས་སམ་རིགས་དེ་ལས་རྒྱུ་མཚན་ཕྱོགས་རེས་མིང་འདོགས་ཀྱིས་དབྱེ་ན་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་མི་ཟད་པའི་སེམས་རྒྱུན་ཆེན་པོ་དེ་ལ་ཐམས་ཅད་གནས་པ་ཀུན་གཞི་ཞེས་བྱ་བ་དང་། དེ་ཉིད་དུས་གསུམ་དུ་འགྱུར་བ་མེད་ཅིང་སངས་རྒྱས་པའི་ངོ་བོར་གནས་པས་རིགས་ཞེས་པ་དང་། དེ་ཉིད་ཀུན་གྱི་སྙིང་པོར་གནས་ཤིང་། བདེ་བར་གཤེགས་པ་ཐམས་ཅད་འབྱུང་བས། བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་དང་། དེ་ཉིད་རང་བཞིན་གྱིས་འོད་གསལ་ཞིང་མཐའ་དང་བྲལ་བས་འོད་གསལ་བ་ཞེས་བྱ་བ་དང་། མུ་མཐའ་མེད་ཅིང་ཀུན་འབྱུང་བས། ཆོས་ཀྱི་དབྱིངས་ཞེས་བྱ་བ་དང་། གཉིས་སུ་མེད་ཅིང་འགྱུར་བ་མེད་པས་དེ་བཞིན་ཉིད་ཅེས་བྱ་བ་དང་། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་ཞེས་བྱ་བ་སྟེ་དེའི་རྣམ་གྲངས་སོ། །དང་པོ་ནི། ཐེག་པ་ཆེན་པོའི་མདོ་ལས། རྣམ་ཤེས་བརྒྱད་ཀྱི་སྐྱེས་བུ་ནི། །ཀུན་གཞི་ཞེས་ཀྱང་བྱ་བ་སྟེ། །དེས་ནི་སྣ་ཚོགས་འདི་དག་ཀུན། །རྫ་མའི་འཁྲུལ་འཁོར་བཞིན་དུ་འཁོར། །ཞེས་གསུངས་སོ། །གཉིས་པ་ནི། དེ་ཉིད་ལས། ཇི་ལྟར་རིན་ཆེན་རྣམ་པར་དག །རི་བྲག་མི་ཡིས་བཅད་གཏུབ་ཀྱང་། །རྒྱལ་པོའི་ཅོད་པན་དུ་ཡང་འོས། །ཅོད་པན་དུའང་བཏགས་པ་ཡིན། །དེ་བཞིན་ཀུན་གཞི་རྣམ་པར་ཤེས། །བག་ཆགས་ཀྱིས་ནི་བཅད་བཏུབ་ཀྱང་། །རྣམ་དག་སངས་རྒྱས་རིགས་ཡིན་ཏེ། །སངས་རྒྱས་ཉིད་དུ་དེ་བཟུང་ངོ་། །ཞེས་གསུངས་སོ། །གསུམ་པ་ནི། དེ་ཉིད་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེར་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པས་སྟོན་པར་མཛད། །ཅེས་སོ། །བཞི་པ་ནི། དེ་ཉིད་ལས། སེམས་ནི་རང་བཞིན་འོད་གསལ་བ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ། །སེམས་ཅན་རྣམས་ཀྱི་ཉེར་ལེན་ནི། །མཐའ་དང་མཐའ་མེད་སྤངས་པའོ། །ཞེས་སོ། །ལྔ་པ་ནི། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་འགྱུར། །ཞེས་པ་དང་། ཡུམ་རྒྱས་པ་ལས། གཟུགས་ཉིད་ཆོས་ཀྱི་དབྱིངས། །ཆོས་ཀྱི་དབྱིངས་ཉིད་གཟུགས་སོ། །ཞེས་པ་ལ་སོགས་པའོ། །དྲུག་པ་ནི། ལང་གཤེགས་ལས། ཀུན་གཞི་རྣམ་པར་ཤེས་པ་ནི། །རྣམ་པ་རིག་སྟེ་ཀུན་གཞི་ཡང་། །གཟུང་དང་འཛིན་པ་བྲལ་བའི་ཕྱིར། །དེ་བཞིན་ཉིད་དུ་ངས་བཤད་དོ། །ཞེས་སོ། །བདུན་པ་ནི། ཡུམ་རྒྱས་པ་ལས། རབ་འབྱོར་འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བ་ནི། གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དང་། གནས་པ་ལ་གཞན་དུ་འགྱུར་བ་མེད་པ་སྟེ། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས། ཡང་དག་པའི་མཐའ་སྟེ། རབ་འབྱོར་དེ་དག་ནི་འདུས་མ་བྱས་པའི་ཆོས་ཞེས་བྱའོ། །ཞེས་གསུངས་སོ། །ཡུམ་ལས། འདུས་མ་བྱས་པ་ནི། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཏེ། དེ་ལ་མི་རྟག་མི་འཇིག་པའི་ཕྱིར་རོ། །དེའི་རྒྱུ་མཚན་ནི། ཆོས་ཀུན་སེམས་ཉིད་ལས་གཡོས་པ་མེད་ཅིང་། འཕོ་འགྱུར་འགྲོ་འོང་མེད་པས་སོ། །ཡུམ་ལས། ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་གཟུགས་ལའང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་སོ། །ཡང་ཡུམ་ལས། གཟུགས་ནི་རྟག་པ་མ་ཡིན་འཇིགས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་ནོ་ཞེས་པ་དང་། ཡང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་འགྲོ་མི་འོང་བ་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་གསུངས་སོ། །དེས་ན་འདི་ལྟར་སྣང་བ་འདི་ཆོས་ཉིད་ཡིན་ཞིང་། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཆོས་ཉིད་ལས་གཡོ་བ་མེད་ཅིང་འཕོ་འགྱུར་མེད་པར་གནས་པ་ནི། ཆོས་ཉིད་ཀྱི་རིགས་ཞེས་བྱའོ། །ཡུམ་ལས། གཟུགས་ནི་བརྟགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མེད་དོ། །གང་མི་འགལ་རྣམ་པར་མི་འགལ་བ་དེ་གནས་བརྟན་རབ་འབྱོར་གྱིས་བསྟན་ཏེ་འགལ་བ་མེད་དོ། །ཞེས་པ་དང་། ཆོས་ཉིད་མི་འགྱུར་པའི་ལེའུས་བསྟན་ཏོ། །ལྷའི་བུ་རབ་རྩལ་གྱིས་ཞུས་པའི་མདོ་ལས་ཀྱང་། འཇམ་དཔལ་ཅིའི་ཕྱིར་རང་བཞིན་ཞེས་བྱ། ལྷའི་བུ་དེ་ནི་འགྱུར་བ་མེད་པས་རང་བཞིན་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལྟར་ཆོས་ཉིད་དམ། རིགས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཀྱང་། །དེ་ངོ་མ་ཤེས་ཏེ་མ་རིག་ཉོན་མོངས་པའི་དྲི་མ་དང་བཅས་ཤིང་འཁོར་བར་འཁྱམས་པའོ། །སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་པ་དང་། དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་བསླངས་པས། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པས་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མི་རྟག་སྐྱེ་ཞིང་འཆི། །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བརྟན། །ཞེས་པ་དང་། ལང་གཤེགས་ལས། ཐོག་མ་མེད་པའི་གློ་བུར་གྱིས། །ཉོན་མོངས་རྣམས་དང་ལྡན་པས་ན། །རང་བཞིན་འོད་གསལ་བདག་ཉོན་མོངས། །རས་དང་འདྲ་བར་དག་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་སེམས་རང་བཞིན་གྱིས་དག་ཅིང་འོད་གསལ་བ་དེ་ལ། མ་རིག་པས་འཁོར་བར་གནས་ཀྱང་། རང་བཞིན་འོད་གསལ་དེ་བསྒྱུར་བར་མི་ནུས་ཤིང་ཀུན་ནས་ཉོན་མོངས་པར་བྱར་མི་ནུས་པ་ཡིན་ཏེ། འཇམ་དཔལ་རོལ་པའི་མདོ་ལས་སྲིང་མོ་འདི་ལྟ་སྟེ། ནམ་མཁའ་ལ་མེ་འབར་ཡང་ནམ་མཁའ་ནི་མེས་ཚིག་པར་མི་ནུས་སོ། །དེ་བཞིན་དུ་སེམས་རང་བཞིན་གྱི་འོད་གསལ་བ་ལ། གློ་བུར་གྱི་ཉོན་མོངས་པ་བྱུང་ཡང་། རང་བཞིན་གྱི་འོད་གསལ་བ་དེ་ལ་གློ་བུར་གྱི་ཉོན་མོངས་པ་དེས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱ་བར་མི་ནུས་སོ། །ཞེས་སོ། །གསུམ་པ་རིགས་དེ་ཐོབ་པར་བྱེད་པ་བློའི་བྱེ་བྲག་ནི། པདྨ་དཀར་པོ་ལས། ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་བའི་ཐེག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའོ། །ཞེས་པས། ཉན་ཐོས་རང་རྒྱལ་ནི་གོང་དུ་བསྟན་པ་བཞིན་ནོ། །གཉིས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའམ་ཐེག་པ་ཆེན་པོའི་ལམ་ལ་གཉིས་ཏེ། ཤེས་བྱའི་གནས་ལུགས་ལྟ་བ་བསྟན་པ་དང་། རྟོགས་ནས་ཉམས་སུ་བླང་པའི་ལམ་གྱི་རིམ་པའོ། །དང་པོ་ལ་གཉིས་ཏེ། རྣམ་རིག་དོན་དམ་པར་འདོད་པ་སེམས་ཙམ་པ་དང་། ཤེས་བྱའི་མཐའ་ལ་མི་གནས་པ་དབུ་མ་པའོ། །དང་པོ་ལ་གཉིས་ཏེ། ཐུན་མོང་སྤྱིའི་གྲུབ་མཐའ་དང་། བྱེ་བྲག་སོ་སོའི་གྲུབ་མཐའ་འོ། །སྔ་མ་ནི། ལ་ཤན་ལས། དོན་ནི་རྒྱུད་བྱས་ཆོས་ཙམ་མིན། །རྣམ་རིག་སྐད་ཅིག་ངོ་བོ་ཉིད། །དངོས་གཉིས་སྣང་ཕྱིར་སེམས་ཙམ་སྟེ། །ཞེས་པས། སྐྱེ་བོ་ལྟར་དངོས་པོར་གྲུབ་པ་དང་། མུ་སྟེགས་པས་བཏགས་པའི་བདག་དང་། ཉན་ཐོས་པ་འདོད་པའི་གཟུང་འཛིན་ཕྲ་བ་ནི་འཁྲུལ་སྣང་ལོག་རྟོག་ཡིན་ལ། རང་རྒྱལ་གྱིས་གཟུང་བ་མེད་པའི་འཛིན་པ་སྐད་ཅིག་ཀྱང་ཆུ་ཕར་ཀ་མེད་པའི་ཚུར་ཀ་མི་སྲིད་པ་བཞིན་མི་འཐད་དོ། །འདིར་གཟུང་འཛིན་དང་བྲལ་བའི་མྱོང་བ་གཉིས་མེད་ཀྱི་རང་རིག་རང་གསལ་དུ་འདོད་དེ། དེ་གཏན་ལ་འབེབས་པ་ནི། ལུང་དང་། རིགས་པ་དང་། དོན་རྒྱས་པར་རོ། །སྔ་མ་ནི། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག །ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ། །ཞེས་པ་དང་། ལང་གཤེགས་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་པ་དང་། སྣང་བ་བཅུ་བདུན་པོ་ལས། རྣམ་རིག་ཕྱི་རོལ་ཐོ་ཡོར་མི། །ཟབ་མོ་རྟ་ལྟར་མེད་བཞིན་དུ། །རང་གི་རྣམ་ཤེས་འཁྲུལ་སྣང་འདོད། །དོན་དམ་ཤེས་པ་སྐད་ཅིག་མའོ། །ཞེས་སོ། །ཐམས་ཅད་སེམས་ཡིན་ན། ཕྱི་རོལ་ཡུལ་དུ་སྣང་བ་ཅི་ཞེ་ན། སེམས་ཡིན་ཀྱང་མ་རིག་པའི་བག་ཆགས་ཀྱི་སྟོབས་ཀྱིས་ཡུལ་ལྟར་དུ་འཁྲུལ་པ་ཡིན་ཏེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་བ་བཞིན་ནོ། །ནམ་མཁའི་སྙིང་པོའི་མདོ་ལས། རྣམ་རྟོག་བག་ཆགས་བསྲེས་པ་ཡིས། །སྣ་ཚོགས་སེམས་ལས་བྱུང་བ་སྟེ། །མི་རྣམས་ལས་ནི་ཕྱི་རོལ་སྣང་། །ལོ་ཀ་བ་ནི་སེམས་ཙམ་མོ། །ཞེས་པ་དང་། ལང་གཤེགས་ལས། མུ་སྟེགས་བྱེད་ཀྱིས་བརྟགས་པ་ལྟར། །ཕྱི་རོལ་གྱི་ནི་དོན་མེད་དེ། །ཇི་ལྟར་ཐག་པར་མ་ཤེས་པས། །བྱིས་པས་སྦྲུལ་དུ་འཛིན་པ་བཞིན། །རང་གི་སེམས་དོན་མ་ཤེས་པས། །ཕྱི་རོལ་གྱི་ནི་དོན་དུ་རྟོག །ཞེས་སོ། །རིགས་པ་ནི། གཟུང་ཆ་སྔོན་པོ་ལ་སོགས་པ་ཆོས་ཅན། ཤེས་པ་ལས་གཞན་དུ་མེད་དེ། གསལ་ཞིང་རིག་ཤིན་འདུག་པའི་ཕྱིར་དང་། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་དང་། སྣང་བ་གཅིག་ལ་སྣང་ཚུལ་ཐ་དད་དུ་འདུག་པའི་ཕྱིར་སེམས་ཡིན་ཏེ། ཧེ་དུ་ནི། གོང་མ་གཉིས་ནི་དབང་པོ་དང་ཡིད་ཀྱི་མངོན་སུམ་གྱིས་འགྲུབ་ལ། འོག་མ་ནི་འགྲོ་བ་དྲུག་ལ་སོགས་པ་སྣང་ཚུལ་ཐ་དད་པས་འགྲུབ་བོ། །ཁྱབ་པ་ནི་གོང་མ་གཉིས་གསལ་རིག་ཉམས་སུ་མྱོང་བ་དང་། ཐ་མ་སྣང་ཚུལ་ཐ་དད་པས་སེམས་ཡིན་པར་འགྲུབ་བོ། །དེ་ལྟར་གཟུང་ཡུལ་མ་གྲུབ་པས། དེར་འཛིན་ཀྱང་ཤུགས་ཀྱིས་མེད་པ་ཡིན་ཏེ། གཟུང་འཛིན་གཉིས་དང་བྲལ་བའི་རང་རིག་རང་གསལ་དུ་གྲུབ་བོ། །གསུམ་པ་དོན་རྒྱས་པ་ནི། གསེར་འོད་དམ་པ་ལས། ཀུན་ཏུ་བརྟགས་པའི་མཚན་ཉིད་དང་། །གཞན་གྱི་དབང་གི་མཚན་ཉིད་དང་། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་པས། ཀུན་བརྟགས་གཞན་དབང་ཡོངས་གྲུབ་བོ། །དེ་ལ་མཚན་ཉིད་གསུམ་གྱི་དབྱེ་གཞི་དང་། དེ་ཉིད་རྒྱུ་མཚན་གྱི་སྒོ་ནས་ངོས་བཟུང་བ་དང་། སོ་སོའི་མཚམ་ཉིད་དང་། གཅིག་གམ་ཐ་དད་ཀྱི་བརྟགས་པ་དང་། བྱེ་བྲག་སོ་སོ་ནས་དབྱེ་བ་དང་། དེ་ཉིད་བདེན་པ་གཉིས་སུ་བསྟན་ཅིང་མཐའ་དང་བྲལ་ཚུལ་དང་དྲུག་གོ། །དང་པོ་ནི། ཤེས་བྱའི་སྤྱི་སོ་བའམ་ཤེས་བྱ་རྒྱུད་གཅིག་ལ་གསུམ་དུ་དབྱེ་བའོ། །གཉིས་པ་ནི་སེམས་རང་རིག་རང་གསལ་ལ་ཡུལ་ཤེས་གཉིས་སུ་མེད་བཞིན་བློས་གཉིས་སུ་བརྟགས་པས་ན་ཀུན་བརྟགས་སོ། །སྐད་ཅིག་རང་གསལ་གྱི་ཤེས་པ་སྔ་མ་སྔ་མས། ཕྱི་མ་ཕྱི་མ་རྐྱེན་གྱིས་འབྱུང་བས་ན་གཞན་དབང་ངོ་། །གཟུང་འཛིན་གཉིས་བྲལ་གྱི་ཤེས་པར་བདེན་ཞིང་མི་འགྱུར་བས་ན་ཡོངས་སུ་གྲུབ་པའོ། །རུ་ཤན་ཏི་པའི་སེམས་ཙམ་རྒྱན་ལས། ཀུན་བརྟགས་དང་ནི་གཞན་གྱི་དབང་། །ཡོངས་སུ་གྲུབ་པ་འདི་རྣམས་ནི། །བརྟགས་དང་རྒྱུ་ལས་སྐྱེ་བ་དང་། །མི་འགྱུར་ཕྱིར་ན་གོ་རིམ་བཞིན། །ཞེས་སོ། །གསུམ་པ་མཚན་ཉིད་ནི། ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་ལས། སྔ་མ་ནི་ཤེས་བྱ་ལ་མེད་བཞིན་དུ་གང་ཟག་གི་བདག་དང་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པའོ། །བར་མ་ནི་རྒྱུ་རྐྱེན་གཞན་ལ་རག་ལས་ཤིང་། སྔ་མ་སྔ་མ་མས་ཕྱི་མ་ཕྱི་མ་སྐྱེ་བའོ། །ཐ་མ་ནི། ཤེས་བྱའི་སྟེང་ན་གང་ཟག་གི་བདག་དང་ཆོས་ཀྱི་བདག་གིས་སྟོང་པའོ། །དེ་ཡང་སེམས་ཙམ་སུམ་ཅུ་པ་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པས། །དེ་ཉིད་ཀུན་ཏུ་བརྟགས་པ་ནི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་པས་སོ། །གཉིས་པ་ནི། དེ་ཉིད་ལས། གཞན་དབང་དོན་གྱི་མཚན་ཉིད་ནི། །གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་སོ། །གསུམ་པ་ནི། དེ་ཉིད་ལས། ཡོངས་སུ་གྲུབ་པའི་མཚན་ཉིད་ནི། །གྲུབ་ནི་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་གྱུར་པ་གང་། །དེ་ནི་དུས་རྣམ་ཀུན་ན་ཡོད། །ཞེས་པས་སོ། །མདོ་སྡེ་རྒྱན་ལས་ཀྱང་། བརྟགས་པ་དང་ནི་གཞན་གྱི་དབང་། །ཡོངས་སུ་གྲུབ་པ་ཁོ་ན་སྟེ། །ངོ་བོ་ཉིད་གསུམ་བསྟན་རྣམས་ཀྱིས། །ཤེས་བྱ་ཟབ་མོར་བཞེད་པ་ཡིན། །ཞེས་གསུངས་སོ། །བཞི་པ་མཚན་ཉིད་གསུམ་པོ་ངོ་བོ་གཅིག་གམ་ཐ་དད། ཐ་དད་ན་ཆོས་ཉིད་ཡོངས་སུ་གྲུབ་པ་དེ། ཀུན་བརྟགས་དང་གཞན་དབང་གི་ཆོས་ཉིད་མ་ཡིན་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །གཅིག་ན་ཀུན་བརྟག་ལོག་རྟོག་སྐྱེ་འཇིག་གི་དུ་ཁ་དང་བཅས་པ་བཞིན། ཡོངས་གྲུབ་ཀྱང་སྐྱེ་འཇིག་གི་སྡུག་བསྔལ་དང་བཅས་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་སྟེ། མདོ་དགོངས་འགྲེལ་ལས་གཉིས་ཀ་ལ་སྐྱོན་བཞི་བཞི་འོང་བར་གསུངས་སོ། །འོ་ན་ཇི་ལྟར་ཡིན་ན། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཏེ་གོང་བཞིན་ནོ། །རྒྱན་སྡུག་པོའི་མདོ་ལས། རང་བཞིན་གསུམ་པོ་ཇི་བཞིན་དུ། །དངོས་པོ་གཅིག་ལ་ཀུན་ཏུ་བརྟགས། །དེ་ཉིད་གཞན་དབང་ཡོངས་སུ་གྲུབ། །གཅིག་དང་ཐ་དད་མ་ཡིན་ནོ། །ཞེས་པ་དང་། མདོ་སྡེ་དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མིན་ལ་ཞུགས་པ་ཡིན། །ཞེས་སོ། །ལྔ་པ་ནི། ཀུན་བརྟགས་ལ་གཉིས་ཏེ། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟགས་དང་། རྣམ་གྲངས་ཀྱི་ཀུན་བརྟགས་སོ། །སྔ་མ་ནི། མེད་པའི་དོན་མཛོད་ཡིན་ཏེ། རི་བོང་གི་རྭ་དང་། མུ་སྟེགས་ཀྱིས་བརྟགས་པའི་བདག་ཏུ་འཛིན་པ་ལ་སོགས་པ་རྣམས་སོ། །གཉིས་པ་ནི། སྣང་ལ་ཞེན་བཅས་ཀྱི་རྟོག་པ་སྟེ། ས་ལ་སར་ཤེས་པ་ལ་སོགས་པ་རྣམས་སོ། །གཞན་དབང་ལའང་གཉིས་ཏེ། མ་དག་པ་དང་དག་པའོ། །སྔ་མ་ནི། མ་རིག་པའི་རྐྱེན་གྱིས་སྐད་ཅིག་མ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འབྱུང་སྟེ། གཟུང་འཛིན་གཉིས་སུ་སྣང་ཞིང་མ་དག་པ་འཁོར་བའི་རྒྱུ་རྐྱེན་དུ་སྣང་བ་རྣམས་སོ། །གཉིས་པ་ནི། ཤེས་རབ་ཀྱི་རྐྱེན་གྱིས་སྐད་ཅིག་མ་སྔ་མ་ལས་ཕྱི་མ་སྐྱེ་བ་ཡིན་ཏེ། གཟུང་འཛིན་ནམ་བདག་གཉིས་སུ་འཛིན་པ་དག་ཅིང་ལམ་གོང་ནས་གོང་དུ་འཕེལ་བའི་རིམ་པ་རྣམས་སོ། །ཡོངས་གྲུབ་ལའང་གཉིས་ཏེ། བྱམས་པས། འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་པས་མི་འགྱུར་བ་དང་། ཕྱིན་ཅི་མ་ལོག་པའོ། །སྔ་མ་ནི། གཤིས་མྱོང་བ་གཉིས་མེད་ཀྱི་རང་རིག་རང་གསལ་ཡིན་ཏེ། སེམས་ཅན་རྣམས་ཀྱི་རྒྱུད་ལ་རང་བཞིན་གྱིས་སྟོར་བྲལ་མེད་པར་གནས་ཤིང་རྒྱུན་ཆད་མེད་པར་གནས་པའོ། །ཕྱི་མ་ནི་སྐད་ཅིག་རང་གསལ་ལ་སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བ་ཡིན་ཏེ་སངས་རྒྱས་ཀྱི་སའོ། །དྲུག་པ་དེ་དག་བདེན་པ་གཉིས་སུ་བསྟན་པ་ནི། བདེན་པ་གཉིས་སུ་བཞག་ཚུལ་དང་། མཐའ་དང་བྲལ་ཚུལ་ལོ། །སྔ་མ་ནི་ཀུན་བརྟགས་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། གཞན་དབང་དང་ཡོངས་གྲུབ་གཉིས་ནི་དོན་དམ་པའི་བདེན་པའོ། །དེའང་གཞན་དབང་ནི་ཆོས་ཅན་དོན་དམ་པའི་བདེན་པ་དང་། ཡོངས་གྲུབ་ནི་ཆོས་ཉིད་དོན་དམ་པའི་བདེན་པའོ། །བདེན་པ་གཉིས་ཀྱི་མཚན་ཉིད་ནི། ཡང་དག་པའི་རིག་པས་བརྟགས་ཤིང་དཔྱད་ན་མི་བདེན་ཀུན་རྫོབ། བརྟགས་ཤིང་དཔྱད་ན་བདེན་པ་དོན་དམ་པའོ། །དེ་གཉིས་ནི་སྤྱི་རང་དུ་བདེན་པ་གཉིས་ཀྱི་མཚན་ཉིད་དུའང་འགྲོའོ། །མཐའ་དང་བྲལ་ཚུལ་ནི། ཀུན་བརྟགས་དངོས་པོར་མི་བདེན་པས་སྒྲོ་འདོགས་ཀྱི་མཐའ་སེལ། །ཡོངས་གྲུབ་ཆོས་ཉིད་རྒྱུན་ཆད་མེད་པས་སྐུར་འདེབས་ཀྱི་མཐའ་སེལ། གཞན་དབང་ལ་བརྟགས་པའི་སྐྱེ་བ་མེད་ལ། རྟེན་འབྲེལ་གྱི་སྐྱེ་བ་ཡོད་པས་གཉིས་ཀའི་མཐའ་སེལ་ལ། ཡང་ཡོངས་གྲུབ་ལ་བདག་གཉིས་ཀྱིས་སྟོང་པས་སྒྲོ་འདོགས་ཀྱི་མཐའ་སེལ། གཞན་དབང་གི་ཆོས་ཉིད་ཡིན་ཅིང་རྒྱུན་ཆད་མེད་པས་སྐུར་པའི་མཐའ་སེལ། ཀུན་བརྟགས་རྟེན་འབྲེལ་ཙམ་དུ་འབྱུང་བས་མེད་པའི་མཐའ་སེལ་བའོ། །བྱེ་བྲག་སོ་སོ་ལ་གཉིས་ཏེ། རྣམ་བདེན་པ་དང་། རྣམ་རྫུན་པའོ། །སྔ་མ་ནི། ཡུལ་དུ་སྣང་བ་ནང་ཤེས་པའི་ངོ་བོར་བདེན་པ་ཡིན་ཏེ། ལང་གཤེགས་ལས། དོན་ཡོད་མ་ཡིན་སེམས་ཉིད་དོ། །ཕྱི་རོལ་དོན་མཐོང་ལོག་པ་སྟེ། །ཞེས་པ་དང་། གཡུ་ཐང་ལས། ཡུལ་ལྟར་སྣང་བ་འདི་ཀུན་དག །རབ་རིབ་སྐུ་མཐོང་མིག་གཟུགས་ལྟར། །ཤེས་པ་འཁྲུལ་པའི་གཟུགས་བརྙན་ཕྱིར། །དེ་ཡང་དེ་ཡི་ངོ་བོར་འདོད། །ཞེས་པ་དང་། ལ་ཤན་ལས། རྣམ་རིག་སྐད་ཅིག་ངོ་བོ་ཉིད། །དངོས་ཉིད་སྣང་ཕྱིར་སེམས་ཙམ་སྟེ། །རྨི་ལམ་ཁང་སོགས་ཇི་ལྟ་བར། །དངོས་པོ་ཐམས་ཅད་སྐད་ཅིག་མའོ། །ཞེས་སོ། །དེ་ལ་དབྱེ་ན་གསུམ་སྟེ། སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་ཡང་བདེན་ཤེས་པ་གཅིག་གི་ངོ་བོར་བདེན་པར་འདོད་པ་དང་། རྣམ་པའི་གྲངས་ཇི་སྙེད་པར་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་འདོད་པ་དང་། རྣམ་པ་དང་ཤེས་པ་སྒོང་ང་བཀས་པ་ལྟར་ཐ་དད་དུ་འདོད་པའོ། །དང་པོ་ནི། ཡུལ་སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་ཡང་བདེན་ཤེས་པ་གཅིག་གི་ངོ་བོ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་སྣང་ཚུལ་བསམ་གྱིས་མི་ཁྱབ་པ་བྱུང་ཡང་ཤེས་པ་གཅིག་གི་ངོ་བོར་བདེན་པ་བཞིན་ནོ། །གཉིས་པ་ནི། རྣམ་པའི་གྲངས་ཇི་སྙེད་པར་བདེན་ལ་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་བདེན་པ་ཡིན་ཏེ། རྣམ་གྲངས་མ་འདྲེས་པར་གསལ་བའི་ཕྱིར་རོ། །གསུམ་པ་ནི། ཀུན་རྫོབ་ཕྱི་ཡུལ་དང་ནང་ཤེས་པ་གཉིས་ཕན་ཚུན་དུ་བདེན་ལ་གཟུང་འཛིན་དུས་མཉམ་པའོ། །དེ་གསུམ་ཡང་ངོ་བོ་སྐད་ཅིག་རང་གསལ་དང་། ཕྱི་རོལ་གྱི་རྣམ་པ་སེམས་ཡིན་པར་མཐུན་ནོ། །དེའང་མདོ་སྡེ་ནས་དོན་མཐུན་པར་གསུང་ཏེ། སྣང་ཚད་སེམས་སུ་གཅིག་པའི་ཆ་ནས་གཅིག་ཏུའང་བདེན། དེ་ཉིད་མ་འདྲེས་པར་སྣ་ཚོགས་སུ་སྣང་བའི་ཆ་ནས་རྣམ་པ་དང་ཤེས་པའི་གྲངས་ལྟར་ཡང་བདེན་ལ། དེ་ཉིད་ཡུལ་ཤེས་གཉིས་སུ་བཟུང་བའི་ཆ་ནས་རྣམ་པ་དང་ཤེས་པ་སྒོང་ང་བཀས་པ་ལྟར་ཡང་བདེན་པར་གསུངས་སོ། །རྣམ་རྫུན་པ་ནི། སྤྱིར་ཕྱི་ཡུལ་དུ་ཡང་མི་བདེན་ལ་ནང་ཤེས་པར་མི་བདེན་ཏེ། ནམ་མཁའ་ལ་སྐྲ་ཤད་འཛག་པ་ལྟར་གཟུང་བ་རྫུན་པར་འདོད་པའོ། །དེའང་ལང་གཤེགས་ལས། ཇི་ལྟར་རབ་རིབ་ཅན་དག་གིས། །སྐྲ་ཤད་ལོག་པར་འཛིན་པ་ལྟར། །མེད་པ་དག་ཀྱང་སྣང་བར་འགྱུར། །བྱིས་པའི་འཛིན་པས་རྣམ་བསླད་དེ། །ཞེས་པ་དང་། འདི་དག་རྣམ་པར་རིག་ཙམ་སྟེ། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་ལ། །སྐྲ་ཤད་ལ་སོགས་མེད་མཐོང་བཞིན། །ཞེས་སོ། །བྱེ་བྲག་ཏུ། དྲི་བཅས་དང་། དྲི་མེད་དོ། །སྔ་མ་ནི། སེམས་དང་སྣང་བ་འདི་གཅིག་པའང་མི་ཐ་དད་པའང་མིན་ཏེ་གསེར་དང་གཡའ་ལྟར་འདོད་པའོ། །ཕྱི་མས་སྣང་སེམས་འབྲེལ་པ་མེད་ཅིང་སྣང་བ་རྫུན་པ་ཡིན་ལ། རང་རིག་རང་གསལ་ཤེལ་ལྟར་དག་ཅིང་བརྟག་པར་དཀའ་བའོ། །ཡང་བདེན་པས་སྟོང་པའི་སྣང་བ་གཅིག་སངས་རྒྱས་ཀྱི་ས་ནའང་ཡོད་པར་འདོད་པ་དྲི་བཅས། མེད་པར་འདོད་པ་དྲི་མེད། གཡུ་ཐང་ལས། རང་རིག་གཉིས་མེད་ཤེལ་ལྟར་དག །དེ་ཉིད་དམ་པར་ཡོད་པར་སྨྲ། །ཞེས་སོ། །དེའང་ཁ་ཕྱིར་ལྟའི་ཡུལ་དུ་སྣང་བ་རྣམས་ཀུན་བརྟགས་ཡིན་ལ། ནང་སེམས་ལས་བྱུང་བའི་རྒྱུ་རྐྱེན་གྱིས་བསྐྱེད་པས་གཞན་དབང་ཡིན་ནོ། །དོན་མྱོང་བ་གཉིས་མེད་ཀྱི་རང་རིག་རང་གསལ་ནི། ཤིན་ཏུ་བརྟག་པར་དཀའ་བས་ཡོངས་གྲུབ་བོ། །ལ་ཤན་ལས། གཅིག་ཕྱིར་ཆ་ཤས་རྣམ་པས་སྟོང་། །ཉི་ཤེལ་ཆུ་ཟླ་བཻཌཱུར་སོགས། །བརྟག་པར་དཀའ་བའི་ཡེ་ཤེས་ཉིད། །དེ་ལྟའི་སེམས་རྒྱུན་དུའང་གནས་པའོ། །ཞེས་སོ། །སེམས་ཙམ་པའི་འདོད་པ་དེའང་། སེམས་ཡིན་པའི་ཆ་ནས་དགག་མི་དགོས་ལ། རྣམ་རིག་ཕྱོགས་གཅིག་པ་ཡིན་པས་དེ་དགྲོལ་བ་ནི། སྤྱིར་དོན་དམ་མྱོང་བ་གཉིས་མེད་ཀྱི་རང་རིག་རང་གསལ་སྐྱེ་འགག་ཅན་དུ་འདོད་པ་དགྲོལ་བ་དང་། སྣང་བ་ཀུན་བརྟགས་འཁྲུལ་པར་འདོད་པ་དགྲོལ་བ་དང་། གཞན་དབང་སྐྱེ་འགག་ཅན་དོན་དུ་འདོད་པ་དགྲོལ་བ་དང་། བྱེ་བྲག་སོ་སོའི་འདོད་པ་དགྲོལ་བའོ། །དང་པོ་ནི། སེམས་སྐད་ཅིག་མ་དེ་ལ་སྔ་ཕྱིའི་ཆ་ཤས་ཡོད་དམ་མེད་ཡོད་ན་སྐད་ཅིག་དུས་ཆ་གསུམ་དུ་ཐལ་ལོ། །མེད་ན་ཤེས་པའི་རྒྱུན་རགས་པ་འབྱུང་ངམ། མི་འབྱུང་། མི་འབྱུང་ན་ཤེས་པའི་རྒྱུན་རགས་པ་རྒྱུན་ཆད་པར་ཐལ། འབྱུང་ན་སྔ་ཕྱི་འབྲེལ་ལམ་མ་འབྲེལ། མ་འབྲེལ་ན་སྔ་མ་ལས་ཕྱི་མ་མི་འབྱུང་ལ། འབྲེལ་ན་སྔ་ཕྱི་དུས་མཚུངས་སམ་མི་མཚུངས། མཚུངས་ན་དུས་གསུམ་སྔ་ཕྱི་མེད་པས་བསྐལ་པའང་སྐད་ཅིག་ཙམ་དུ་འགྱུར་རོ། །མི་མཚུངས་ན་སྐད་ཅིག་དུས་ཆ་གསུམ་དུ་འགྱུར་བས་སྐད་ཅིག་གི་དམ་བཅའ་བུད་དོ། །གཞན་ཡང་ཉན་ཐོས་ཀྱི་སྐབས་སུ་སྐད་ཅིག་བཀག་པ་དང་ཡང་མཚུངས་སོ། །དེའང་སྐད་ཅིག་སྐྱེ་འགག་ཅན་དུ་སོང་བས། དུས་གསུམ་མཉམ་པ་ཉིད་དང་། སེམས་མཐའ་བྲལ་ཆེན་པོའི་དོན་མ་རྟོགས་ཤིང་གོལ་བའོ། །ལ་ཤན་ལས། གཞན་གྱི་དམ་པའི་དོན་དེ་ཉིད། །ཕྱོགས་གཅིག་ལ་གནས་ཡང་དག་མིན། །རྐྱེན་སྣང་སེ་གོལ་ཆ་ཡི་ཕྱིར། །གཉིས་བྲལ་སྨྲ་བའི་རིག་པས་འགལ། །ཞེས་པ་དང་། ཡུམ་རྒྱས་པ་ལས། དུས་གསུམ་མཉམ་པ་ཉིད་ལ་སྔོན་གྱི་མཐའ་མི་དམིགས་ཕྱི་མའི་མཐའ་མི་དམིགས་དབུས་མི་དམིགས་སོ། །ཞེས་པ་དང་། སྡུད་པ་ལས། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་ཕྱི་མཐའ་དང་། །ད་ལྟར་བྱུང་བ་མི་དམིགས་དུས་གསུམ་དག་པ་སྟེ། །གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད་དེ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་པས་སོ། །གཉིས་པ་ནི། སྣང་ཡུལ་རྣམས་མེད་སྣང་འཁྲུལ་པ་ཡིན་ན། འཁྲུལ་སྣང་དག་པའི་དུས་ན་སྣང་བ་ཡོད་དམ་མེད། ཡོད་ན་འཁྲུལ་སྣང་མ་ཡིན་པར་འགྱུར་ཏེ། འཁྲུལ་པ་དག་ཀྱང་ཡོད་པའི་ཕྱིར་རོ། །མེད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱུན་ཆད་པ་ལ་སོགས་པའི་སྐྱོན་འོང་ངོ་། །དེའང་སྣང་བ་ཡོད་ཀྱང་བདེན་འཛིན་མེད་པས་ཐམས་ཅད་མཁྱེན་པ་ཡོད་དོ་ཅེ་ན། ཞེན་ཡུལ་ལ་འཁྲུལ་པ་མེད་ཀྱང་སངས་རྒྱས་ལ་ཡང་སྣང་ཡུལ་ལ་འཁྲུལ་པའི་ལོག་ཤེས་ཡོད་པའི་སྐྱོན་འོང་ངོ་། །གསུམ་པ་ནི། གཞན་དབང་དོན་དམ་དུ་མི་རུང་སྟེ། སྐད་ཅིག་སྔ་ཕྱིའི་ཆ་ཤས་དང་བཅས་པ་དང་། རྒྱུ་རྐྱེན་གྱིས་བསྐྱེད་ནས་སྣང་བ་ཡིན་པའི་ཕྱིར་རོ། །དབུ་མ་རྩ་བ་ལས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ཏེ། །རྒྱུ་དང་རྐྱེན་ལས་བྱུང་བ་ནི། །རང་བཞིན་བཅོས་མ་ཉིད་དུ་འགྱུར། །ཞེས་གསུངས་སོ། །དེས་ན་དོན་དམ་ནི་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་མི་འགྱུར་བ་ཆ་ཤས་དང་བྲལ་བའོ། །ཀུན་ལས་བཏུས་ལས། ཅིའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་ཞེ་ན། །གཞན་དུ་མི་འགྱུར་བའི་ཕྱིར་རོ། །ཞེས་གསུངས་སོ། །བྱེ་བྲག་ལ་གཉིས་ལས། རྣམ་བདེན་པ་སྣང་བ་སེམས་སུ་འདོད་པ་དེ། ཡུལ་དུ་འཛིན་པའི་བློ་འཁྲུལ་ལམ་མ་འཁྲུལ། མ་འཁྲུལ་ན་ཡུལ་ལོག་པར་བདེན་པར་ཐལ། འཁྲུལ་ན་ཡུལ་དངོས་མེད་རྫུན་པ་ཡིན་པས། ཤེས་པའི་ངོ་བོར་བདེན་པར་འགལ་ཏེ། དཔེར་ན་རྨི་ལམ་གྱི་རྟ་གླང་དུ་མས་བདེན་པའི་རྟ་གླང་གཅིག་མི་འགྲུབ་པ་བཞིན་ནོ། །ཡང་སྣང་བ་སེམས་ཡིན་ན་སེམས་ཀྱི་ངོ་བོ་ཡིན་ནམ་སེམས་ལས་བྱུང་བ་ཡིན། བྱུང་བ་ཡིན་ན་ཡོད་པ་ལས་བྱུང་ངམ་མེད་པ་ལས་བྱུང་། ཕྱི་མ་ལྟར་ན་ནམ་མཁའ་ལས་ཀྱང་མེ་ཏོག་འབྱུང་བར་ཐལ་བ་དང་། མུ་སྟེགས་ཆད་པ་བདེན་པར་ཐལ་པ་ལ་སོགས་པའི་སྐྱོན་འོང་ངོ་། །སྔ་མ་ལྟར་ན་རང་སྐྱེ་གྲུབ་པས་མུ་སྟེགས་བདེན་པར་ཐལ་བ་དང་། ཡོད་པ་ལས་བྱུང་བའི་ཕྱིར་འཁྲུལ་པ་རང་མ་ཡིན་པར་ཐལ་བའི་སྐྱོན་འོང་ངོ་། །ངོ་བོ་ཡིན་ན་འཁྲུལ་པ་རང་མ་ཡིན་པར་ཐལ། ངོ་བོ་ཡིན་ཀྱང་འཁྲུལ་ན་སྐད་ཅིག་རང་གསལ་ཀྱང་འཁྲུལ་བར་ཐལ་བའི་སྐྱོན་འོང་ངོ་། །རྣམ་རྫུན་པ་ཕྱི་རོལ་གྱི་སྣང་བ་ཕྱི་ཡུལ་དུ་ཡང་མི་བདེན་ན་སེམས་སུ་ཡང་མི་བདེན་ཏེ་ཡུལ་རྫུན་པར་འདོད་པ་ནི་ཕྱི་ལྟར་ཡུལ་མི་བདེན་ན་ནང་ཤེས་པ་ཡང་མི་བདེན་ཏེ། ཕར་ཀ་མེད་པའི་ཚུར་ཀ་མི་བདེན་པ་བཞིན་ནོ། །ཞེས་པ་ལ། ཤེས་པ་ནི་ཉམས་སུ་མྱོང་བའི་རང་རིག་ཡིན་པས་བདེན་ལ་ཕྱི་མི་བདེན་ནོ་ཞེ་ན། ཕྱི་ཡང་མེ་ཆུ་ལས་དོན་བྱེད་ནུས་པས་བདེན་ནོ། །དེའང་དོན་བྱེད་ནུས་ཀྱང་གཞན་རིག་འཁྲུལ་པ་ཡིན་པས་མི་བདེན་ནོ་ཞེ་ན། དེ་ཚོད་དུ་ཉམས་སུ་མྱོང་ཡང་རང་རིག་འཁྲུལ་པ་ཡིན་ཏེ་མགོ་མཚུངས་སོ། །གཡུ་ཐང་ལས། ཕན་ཚུན་སྤངས་ཏེ་འགལ་བར་འགྱུར། །དེ་མིན་ཡུལ་རྫུན་ཤེས་པའང་རྫུན། །ཞེས་སོ། །བྱེ་བྲག་ནི་རྣམ་བདེན་པ། སྣང་དཀར་དམར་སྣ་ཚོགས་སུ་སྣང་ཡང་བདེན་ཤེས་པ་གཅིག་གི་ངོ་བོར་བདེན་པ་ནི། སྣ་ཚོགས་སུ་སྣང་བ་འཁྲུལ་ལམ་མ་འཁྲུལ། མ་འཁྲུལ་ན་ཡུལ་དུ་མ་བདེན་པས་ཤེས་པ་གཅིག་ཏུ་མི་འཐད་དོ། །འཁྲུལ་ན་རྫུན་པ་དངོས་མེད་ཡིན་པས་བདེན་པ་གཅིག་ཏུ་མི་འགྲུབ་སྟེ། དཔེར་ན་སྒྱུ་མའི་རྟ་གླང་དུ་མས་བདེན་པའི་གཅིག་མི་འགྲུབ་པ་བཞིན་ནོ། །རྣམ་པ་དང་ཤེས་པ་གྲངས་དེ་སྙེད་པ་བདེན་པའང་འགལ་ཏེ། རྡུལ་ཕྲན་ཆ་མེད་རེ་རེ་ལ་ཤེས་པ་ཆ་མེད་རེ་རེ་མགོ་ཐུག་ཏུ་སྣང་ན། ཤེས་རྒྱུད་གཅིག་ལ་ཤེས་པ་ཆ་མེད་དུ་མར་ཐལ་བ་དང་། རག་སྣང་གཏན་མེད་པར་ཐལ་བའི་སྐྱོན་འོང་ངོ་། །རྣམ་པ་དང་ཤེས་པ་སྒོ་ང་བཀས་པ་ལྟར་ཐ་དད་པ་ཡང་འགལ་ཏེ། རྣམ་པ་སེམས་ཀྱི་སྣང་བ་མ་ཡིན་པར་ཐལ། འདོད་ན་རྣམ་བདེན་དུ་ཡང་འགལ་ལ། གཟུང་འཛིན་བདེན་དངོས་སུ་འགྲོ་བའི་སྐྱོན་འོང་ངོ་། །ཅིའི་ཕྱིར་ན་ཐ་དད་པའི་ཕྱིར་རོ། །རྣམ་རྫུན་པ་གསེར་དང་གཡའ་ལྟར་འདོད་པ་ནི། གཡའ་དག་ཙ་ན་མི་འབྱུང་བ་བཞིན། སངས་རྒྱས་པའི་དུས་ན་སྣང་བ་འོང་ངམ་མི་འོང་། འོང་ན་དཔེ་མི་མཚུངས་ལ། མི་འོང་ན་ཀུན་མཁྱེན་རྒྱུན་ཆད་པའི་སྐྱོན་འོང་ངོ་། །ཡང་སྣང་སེམས་འབྲེལ་པ་མེད་ཅིང་རིག་པ་ཤེལ་ལྟར་དག་པ་ཡིན་ན། སྣང་བ་ཀུན་བརྟགས་འཁྲུལ་པས་རིག་པ་ལ་མི་བསྒྲིབ་པར་ཐལ། འབྲེལ་པ་མེད་ཀྱང་བསྒྲིབ་ན། སེམས་ཅན་གྱི་འཁྲུལ་པས་ཀྱང་སངས་རྒྱས་ལ་བསྒྲིབ་པར་ཐལ་བའི་སྐྱོན་འོང་ངོ་། །ཡང་སངས་རྒྱས་ཀྱི་ས་ན་བརྫུན་པའི་སྣང་བ་གཅིག་ཡོད་ན། སངས་རྒྱས་ལ་སྣང་ཡུལ་ལ་འཁྲུལ་པའི་ལོག་ཤེས་ཡོད་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །ཡང་སངས་རྒྱས་ཀྱི་ས་ན་ཡུལ་སྣང་མེད་པར་འདོད་པ་ནི། ཀུན་མཁྱེན་གྱི་ཡེ་ཤེས་རྒྱུན་ཆད་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་།
༈ །ཤེས་བྱ་མཐའ་དང་བྲལ་བར་འདོད་པ་དབུ་མ་པ་ལ་གསུམ་སྟེ། བརྗོད་པར་བྱེད་པའི་གཞུང་དང་། བརྗོད་པར་བྱ་བའི་དོན་དང་། ཉམས་སུ་བླང་བའི་དབུ་མའོ། །དང་པོ་ནི། གཞུང་ཕྱི་མོ་དང་། ཕྱོགས་འཛིན་པའི་དབུ་མའོ། །སྔ་མ་ནི། ཕ་རོལ་ཏུ་ཕྱིན་པའི་གཞུང་རྣམས་དང་། མདོ་སྡེའི་ངེས་དོན་མཚོན་པར་བྱེད་པ་རྣམས་དང་། བཀའ་ལ་བརྟེན་པའི་བསྟན་བཅོས་སློབ་དཔོན་ཀླུ་སྒྲུབ་ཀྱི་རིགས་པའི་ཚོགས་དྲུག་ལ་སོགས་པ་དང་། ངེས་དོན་མཚོན་པའི་བསྟན་བཅོས་རྣམས་སོ། །གཉིས་པ་ནི། ཀུན་རྫོབ་ཀྱི་དང་། དོན་དམ་གྱི་ཕྱོགས་འཛིན་པའོ། །སྔ་མ་ནི། ཕྱི་རོལ་དོན་ཡོད་པར་སྨྲ་བ་མདོ་སྡེ་སྤྱོད་པའི་དབུ་མ་དང་། སེམས་སུ་འདོད་པ་རྣལ་འབྱོར་སྤྱོད་པའི་དབུ་མའོ། །དང་པོ་ནི། ཀུན་རྫོབ་ཏུ་ཕྱི་གཟུང་བའི་ཡུལ་འདི། ཉན་ཐོས་པ་ལྟར་རྡུལ་ཕྲན་འདུས་པར་འདོད་ཅིང་། དེའང་ཤེས་པ་ལས། ཐ་དད་པར་འདོད་ལ། དོན་དམ་མཐའ་ཐམས་ཅད་དང་བྲལ་བར་འདོད་པས་སོ། །སྣང་བ་བཅུ་བདུན་པ་ལས། མདོ་སྡེ་ཀུན་རྫོབ་སྒྱུ་མ་ཙམ། །ཡུལ་རྣམས་ལོག་ན་སྣང་བར་ལྟར། །དམ་པ་མཐའ་གཉིས་བྲལ་བའོ། །ཞེས་པ་དང་། གཡུ་ཐང་ལས། མདོ་སྡེ་དབུ་མ་ཀུན་རྫོབ་ཏུ། །ཡུལ་སེམས་བརྫུན་པ་སྒྱུ་མ་ཙམ། །སྣང་བའི་ཡུལ་སེམས་སོ་སོར་འདོད། །དམ་པའི་དོན་དུ་གཉིས་སུ་མེད། །ཞེས་སོ། །གཉིས་པ་ནི། སེམས་ཙམ་པ་ལྟར་སྣང་བ་ཐམས་ཅད་སེམས་སུ་བདེན་ཅིང་། དེ་ཉིད་ཡང་དག་པའི་ཀུན་རྫོབ་ཏུ་འདོད་ལ། དོན་དམ་དུ་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་སྟོང་པར་འདོད་པའོ། །སྣང་བ་བཅུ་བདུན་པ་ལས། རྣལ་འབྱོར་དབུ་མ་ཀུན་རྫོབ་མཐུན། །དོན་དམ་སྟོང་པ་སྐྱེ་མེད་འདོད། །ཅེས་པ་དང་། གཡུ་ཐང་ལས། ནང་པ་རྣལ་འབྱོར་དབུ་མ་ནི། །ཀུན་རྫོབ་རྫུན་པ་ཙམ་དུ་ཡང་། །ཡུལ་སེམས་གཉིས་མེད་ཡུལ་སྣང་སེམས། །ཀུན་རྫོབ་རྣམ་རིག་ཅི་ལྟ་བུ། །དོམ་དམ་མ་སྐྱེས་སྟོང་པར་ལྟ། །ཞེས་སོ། །དེ་དག་ཉན་ཐོས་དང་སེམས་ཙམ་གྱི་སྐབས་སུ་རྒྱས་པར་བཤད་པ་ལྟར་རོ། །དོན་དམ་ནི་ཅིར་ཡང་གྲུབ་པ་མེད་ཅིང་མཐའ་དང་བྲལ་བ་མཐུན་ནོ། །དོན་དམ་གྱི་ཕྱོགས་འཛིན་པ་ནི། སྒྱུ་མ་ལྟ་བུ་དང་། རབ་ཏུ་མི་གནས་པའོ། །དེ་དག་གི་འདོད་ལུགས་ནི་འོག་ནས་འབྱུང་ངོ་། །བརྗོད་པར་བྱ་བའི་དོན་དབུ་མ་ནི། བདེན་ཆུང་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པས། ཤེས་བྱ་བདེན་པ་གཉིས་སོ། །དེ་ཉིད་རྒྱས་པར་བཤད་པ་ལྔ་སྟེ། བདེན་པ་གཉིས་ཀྱི་མཚན་ཉིད་དང་། དབྱེ་བ་བསྟན་པ་དང་། གཅིག་གམ་ཐ་དད་ཀྱི་བརྟག་པ་དང་། དེ་ལ་གཞན་གྱི་ལོག་རྟོག་བསལ་ཞིང་གཏན་ལ་དབབ་པའི་རིགས་པ་དང་། གྲུབ་མཐའ་གཉིས་དང་བྲལ་ཞིང་དབུ་མའི་དོན་བསྟན་པའོ། །སྔ་མ་ནི། ལ་ལ་དག་དོན་དམ་ལ་མཚན་ཉིད་གང་ཡང་མེད་ལ་ཀུན་རྫོབ་ཀྱི་མཚན་ཉིད་སྣང་བ་ཙམ་ཡིན་ཟེར་རོ། །དེ་ཡང་དོན་དམ་ལ་མཚན་ཉིད་ཅི་ཡང་མེད་ཅེས་བྱ་བ་དེ། ཅི་ཡང་མེད་པའི་རི་བོང་གི་རྭ་ལྟར་ཡིན་ནམ། འོན་ཏེ་མཚན་ཉིད་ཕྱོགས་གཅིག་ཏུ་མི་གནས་པ་ཡིན། སྔ་མ་ལྟར་ན་ཆད་པའི་སྟོང་པར་ཐལ་ལ། ཕྱི་མ་ལྟར་ན་དེ་ཉིད་བཀའ་མཚན་ཉིད་མཐའ་ལ་མི་གནས་པ་དབུ་མ་པའི་ལུགས་ཡིན་ནོ། །དེ་ལྟར་མ་ཡིན་ཏེ་མཚན་ཉིད་ཡོད་མེད་གང་དུ་ཡང་མ་ཤེས་པ་ནི། དབུ་མ་པ་རང་མ་ཡིན་ཞིང་ཐ་མལ་པ་དང་ཁྱད་པར་མེད་དོ། །ཀུན་རྫོབ་སྣང་བ་ཙམ་ཡིན་ན། སྣང་བ་ལ་བདེན་པ་གཏན་མེད་པར་ཐལ། འདོད་ན་ཀུན་མཁྱེན་ཀྱང་རྫུན་པར་ཐལ་བའི་སྐྱོན་འོང་ངོ་། །འོ་ན་ཇི་ལྟར་ཡིན་ན། ཀུན་རྫོབ་ཀྱི་མཚན་ཉིད་ནི། མ་བརྟགས་མ་དཔྱད་པ་ཐ་སྙད་པའི་བློ་ངོར་གྲུབ་པའོ། །དོན་དམ་གྱི་མཚན་ཉིད་ནི་འཕགས་པའི་མཉམ་བཞག་མ་འཁྲུལ་བའམ། མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་ངོར་བདེན་པའོ། །ཇི་སྐད་དུ། དབུ་མ་ལས། ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུང་། །ཞེས་སོ། །ཡང་ཀུན་རྫོབ་ཀྱི་མཚན་ཉིད་ནི། མཐའ་ཡི་སྤྲོས་པ་དང་བཅས་པའོ། །དོན་དམ་གྱི་མཚན་ཉིད་ནི་མཐའི་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །གཉིས་པ་དབྱེ་བ་ནི། ཀུན་རྫོབ་ལ་གཉིས་ཏེ། འཇིག་རྟེན་པ་དང་། འཕགས་པའི་ཀུན་རྫོབ་ཀྱི་བདེན་པའོ། །དེ་གཉིས་ཀྱང་ངོ་བོ་ཐ་དད་པ་མ་ཡིན་ཏེ། ཇི་ལྟར་སྣང་བའི་ངོ་བོ་འདི་ཉིད་ལོ་ཀ་པ་རྣམས་ཀྱི་བློ་ངོ་ལ་ལྟོས་ནས། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་ཉིད་འཕགས་པ་རྣམས་ཀྱི་སྣང་བཅས་ཀྱི་བློ་ངོ་ལ་ལྟོས་ནས་འཕགས་པའི་ཀུན་རྫོབ་ཀྱི་བདེན་པའོ། །དང་པོ་ལ་ཡང་དག་པའི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་བོ། །སྔ་མ་ནི། ལོ་ཀ་གྲགས་ཚོད་ཀྱི་སྣང་ལ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་དང་། འཇིག་རྟེན་གྲགས་ཚོད་ཀྱི་སྣང་ལ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་བོ། །དབུ་མ་བདེན་ཆུང་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པ་དང་ནི་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །དེའང་སྔ་མ་ནི། སྐྱེ་བོའི་སྣང་ངོ་ལ་གྲུབ་ཅིང་མེས་བཙོ་བསྲེག་གི་དོན་བྱེད་ནུས་པ་ལ་སོགས་པ། སྣང་ལ་དོན་བྱེད་ནུས་པ་རྣམས་ཡིན་ཏེ། དེ་ཉིད་ལས། མ་བརྟག་གཅིག་པུར་ཉམས་དགའ་བའི། །སྐྱེ་བ་དང་ནི་འཇིག་པའི་ཆོས། །དོན་བྱེད་ནུས་དང་ལྡན་པ་ནི། །ཡང་དག་ཀུན་རྫོབ་ཡིན་པར་འདོད། །ཞེས་སོ། །ལོག་པ་ནི། ཟླ་བ་གཉིས་སྣང་དང་། ཐག་པ་སྦྲུལ་འཛིན་ལ་སོགས་པ་དང་། མུ་སྟེགས་ལ་སོགས་པའི་གྲུབ་མཐའ་འོ། །དང་པོ་ལ་གཉིས་སྟེ་ཆུ་ཟླ་དང་། གྲུབ་མཐའ་ངན་པའི་རྟོག་པའོ། །ཞེས་སོ། །ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས། ལོ་ཀ་གྲགས་ཚོད་ཀྱི་དབང་པོ་སྐྱོན་ཅན་གྱི་ངོ་ལ་སྣང་བ་ལོག་པའི་ཀུན་རྫོབ་སྐྱོན་མེད་ཀྱི་ངོ་ལ་སྣང་བ་ཡང་དག་པའི་ཀུན་རྫོབ་ཏུ་བཤད་དོ། །ཇི་སྐད་དུ། མཐོང་བ་རྫུན་པའང་རྣམ་པ་གཉིས་འདོད་དེ། དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་སོ། །དོན་དམ་གྱི་དབྱེ་བ་ནི། ཁ་ཅིག་རྣམ་གྲངས་ཀྱི་དོན་དམ་པ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་པའོ། །སྔ་མ་ནི། སྤྲོས་པའི་མཚན་མ་ཕྱོགས་གཅིག་ཉེ་བར་ཞི་བའོ། །གཉིས་པ་ནི། སྤྲོས་པའི་མཚན་མ་མཐའ་དག་ཉེ་བར་ཞི་བའོ། །ཐལ་འགྱུར་པ་ལ་སོགས་པ་ལ་ལ་ནི། དོན་དམ་པ་སྤྲོས་པ་ཐམས་ཅད་དང་བྲལ་བས་དབྱེ་བ་མེད་པར་འདོད་པའོ། །ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེར་མེད་ལྟར། དངོས་བཅས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། ཤེས་བྱ་ཐམས་ཅད་རོ་མཉམ་ཡང་དག་ཉིད་དུ་གཟིགས་གྱུར་པས། མཁྱེན་བཟང་ཁྱོད་ཀྱིས་ཤེས་བྱ་ཐམས་ཅད་སྐད་ཅིག་གཅིག་གིས་ཐུགས་སུ་ཆུད། ཅེས་པ་དང་། དབུ་མ་བདེན་ཆུང་ལས། དམ་པའི་དོན་ནི་གཅིག་ཉིད་དེ། གཞན་དག་རྣམ་པ་གཉིས་སུ་འདོད། །ཅེས་སོ། །གསུམ་པ་བདེན་པ་གཉིས་ངོ་བོ་གཅིག་གམ་ཐ་དད་ན། ལ་ལ་སྣང་བ་འདི་ཉིད་ཀྱང་དོན་དམ་པའི་བདེན་པ་མིན་ལ། འདི་ལས་ལོག་ན་ཡང་དོན་དམ་པའི་བདེན་པ་མེད་དེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཟེར་རོ། །དེ་ནི་དོམ་དམ་སྟོང་པའི་མཐར་ལྷུང་ལ། སྣང་བ་བདེན་དངོས་སུ་འགྲོ་བའི་སྐྱོན་འོང་ངོ་། །ཡང་དགེ་བཤེས་གཙང་ནག་པའི་ཞལ་ནས། སྣང་བ་འདི་མ་དཔྱད་པའི་བློ་ཡུལ་དུ་གྱུར་པའི་ཆ་ནས་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དཔྱད་ནས་འཇུག་པའི་རིགས་ངོར་སྤྲོས་པ་ཐ་དག་གིས་སྟོང་པའི་ཆ་ནས་དོན་དམ་པའི་བདེན་པ་ཡིན་པས། བྱས་པ་དང་མི་རྟག་པ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་གསུང་སྐད། སློབ་དཔོན་རྨ་བྱ་བའི་ཞལ་ནས། ངོ་བོ་གཅིག་ལ་བློ་དངོས་གཉིས་ལ་ལྟོས་ནས་བདེན་པ་གཉིས་སུ་བཞག་པ་ཡིན་ཏེ། སྣང་བ་འདི་ཐ་སྙད་པའི་བློ་ངོ་ལ་ལྟོས་ན་ཀུན་རྫོབ་ཏུ་ཧྲིལ་འདུས་ལ། དེ་ཉིད་ལས་མ་གཡོས་པར་མཐར་ཐུག་དཔྱོད་པའི་རིགས་ངོའམ། འཕགས་པའི་མཉམ་བཞག་ལ་ལྟོས་ན་དོན་དམ་དུ་ཧྲིལ་འདུས་པས། ངོ་བོ་གཅིག་ལ་ལྟོས་ས་ཐ་དད་ལ་ལྟོས་ནས་བདེན་པ་གཉིས་སུ་བཞག་པ་ཡིན་ཏེ། ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། ཞེས་སོ། །སློབ་དཔོན་རིན་པོ་ཆེའང་དེ་འཐད་པར་གསུང་ངོ་། །ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་ཏེ། འདི་ལྟར་སྣང་བ་ཆོས་ཉིད་འོད་གསལ་མཐའ་བྲལ་ཡིན་པའི་ཆ་ནས་དོན་དམ། མཚན་མ་ཕྱོགས་རེར་བཟུང་བའི་ཆ་ནས་ཀུན་རྫོབ། བཞི་པ་ལོག་རྟོག་བསལ་ཞིང་གཏན་ལ་དབབ་པའི་རིགས་པ་ནི་བཞིའམ་ལྔ་སྟེ། དངོས་པོའི་ངོ་བོ་ལ་དཔྱད་པ་དག་པ་གཅིག་དང་དུ་༡བྲལ་གྱི་དང་། རྒྱུ་ལ་དཔྱད་པ་དག་པ་རྡོ་རྗེ་གཟེག་༢མའི་དང་། འབྲས་བུ་ལ་དཔྱད་པ་ཡོད་མེད་སྐྱེ་འགོག་༣གི་དང་། རྒྱུ་འབྲས་གཉིས་ཀ་ལ་དཔྱད་པ་མུ་བཞི་སྐྱེ་འགོག་༤གིའོ། །རྟེན་འབྲེལ་གྱི་ཧེ་དུ་༥དང་ལྔ་རུ་ཡང་དཔྱོད། དང་པོ་ནི། ཇི་ལྟར་སྣང་བ་ཆོས་ཅན། ཡང་དག་པར་ན་རང་བཞིན་མེད་དེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །གཟུགས་བརྙན་བཞིན་ནོ། །ཞེས་པ་སྟེ། དེ་སྐད་དུའང་དབུ་མ་ལས། བདག་དང་གཞན་སྨྲ་དངོས་འདི་དག །ཡང་དག་ཏུ་ནི་གཅིག་པ་དང་། །དུ་མའི་རང་བཞི་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་སོ། །དེའི་དོན་གཏན་ལ་དབབ་ན། ཆོས་ཅན་༡དང་། བསྒྲུབ་བྱ་༢དང་། གཏན་ཚིགས་༣སོ། །དང་པོ་ནི། སྤྱིར་སྣང་བ་ཙམ་ཆོས་ཅན་དུ་འཇོག་ལ། བྱེ་བྲག་ཏུ་བུམ་པ་ལྟ་བུ་གཅིག་ཆོས་ཅན་དུ་འཇོག་པའོ། །དེ་ལྟར་གཅིག་གཏན་ལ་ཕེབ་པས་གཞན་གཏན་ལ་ཕེབས་སམ་ཞེ་ན། ཕེབ་སྟེ། མེ་གཅིག་ཚ་བར་ཤེས་པས་མེ་ཐམས་ཅད་ཚ་བར་ཤེས་པ་བཞིན་ནོ། །སྐབས་འགའ་ཞིག་ཏུ་ཕ་རོལ་གྱི་འདོད་པ་ལ་སོགས་པ་ཆོས་ཅན་དུ་འགོད་ཅིང་། དེའི་སྒྲོ་འདོགས་སེལ་ལོ། །གཉིས་པ་ནི། རང་བཞིན་མེད་པ་མ་ཡིན་པ་བཀག་པ་ཡིན་ནམ། རང་བཞིན་མེད་པའི་མེད་དགག་བསྒྲུབ་༢བྱ་ཡིན་ཅེ་ན། སྔ་མ་ནི་དབུ་༡མ་སྒྱུ་མ་ལྟ་བུ་བ་ན་རེ། གཅིག་དང་དུ་མ་བྲལ་བའི་རྟགས་ཀྱིས་བདེན་པའི་དངོས་པོ་ཁེག་ཀྱང་སྣང་ཙམ་མི་ཁེག་པས། སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་ནི་རིགས་པས་འགྲུབ་པས། དོན་དམ་དུ་བདེན་པས་སྟོང་པའི་སྣང་བ་ཙམ་ཡོད་པར་འདོད་དེ། སྡུད་པ་ལས། གང་འདིར་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང་། །སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ། །སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་པ་དང་། ཡུམ་རྒྱས་པ་ལས། མྱ་ངན་ལས་འདས་པའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་པ་དང་། མྱ་ངན་ལས་འདས་པ་ལས་ཆེས་ལྷག་པ་གཅིག་ཡོད་ནའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་སོ། །གཉིས་པ་ནི། རབ་ཏུ་མི་གནས་པ་དོན་དམ་པ་རང་བཞིན་མེད་པ་ཙམ་དུ་ཡང་མེད་པའི་མེད་དགག་བསྒྲུབ་བྱར་བྱེད་པ་སྟེ། མཐའ་ཐམས་ཅད་དང་བྲལ་ལ་བྲལ་བ་རང་དུ་ཡང་མ་གྲུབ་ཅེས་པ་ལ་སོགས་པའོ། །སྤྱིར་གཞུང་གི་དགོངས་པ་ནི། དེ་གཉིས་ཀྱི་མཐའ་ལ་མི་གནས་ཏེ། སྣང་སྟོང་གཉིས་སུ་མེད་ཅིང་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ཡིན་ཏེ། དབུ་མ་རྩ་བའི་ཤེས་རབ་ལས། མེད་པ་བ་ནི་ངན་འགྲོར་འགྲོ། །ཡོད་པ་པ་གཅིག་བདེ་འགྲོར་འགྲོ། །ཞེས་པ་ལ་སོགས་པ་དང་། ལ་ཤན་ལས། བཞི་གཉིས་སྤྲོས་བྲལ་ཆོས་ཀྱི་དབྱིངས། །ཞེས་པ་ལ་སོགས་པ་གསུངས་སོ། །གསུམ་པ་གཏན་ཚིགས་ནི། ཕྱོགས་ཆོས་དང་ཁྱབ་པ་གཉིས་ལས། དང་པོ་ལ་དགག་བྱ་གཅིག་དང་དུ་མ་ངོས་བཟུང་བ་དང་། དེ་ཇི་ལྟར་དགག་པའི་ཚུལ་ལོ། །སྔ་མ་ནི། ཐ་སྙད་པའི་ཆ་བཅས་ཀྱི་གཅིག་དང་དུ་མ་དགག་བྱ་མིན་ལ། ཆ་མེད་ཀྱི་གཅིག་དང་དུ་མར་འདོད་པ་དགག་བྱ་ཡིན་ཏེ། དེའང་གཅིག་ནི། དབང་ཕྱུག་དང་གྲངས་ཅན་པ་ལ་སོགས་པའི་རགས་པ་ཡན་ལག་ཅན་དུ་འདོད་པ་ལ་སོགས་པ་ཡིན་ཏེ། སྔར་མུ་སྟེགས་ཀྱི་སྐབས་སུ་བཀག་པའོ། །ཕྲ་མོ་ནི། ཉན་ཐོས་པ་རྡུལ་ཕྲན་ཆ་མེད་དུ་འདོད་པ་བཀག་པ་བཞིན་ནོ། །ཕྱི་མ་ཧེ་དུ་མ་གྲུབ་བོ་ཞེ་ན། ཡང་དག་གི་གཅིག་ཏུ་ཡོད་དམ་དུ་མར་ཡོད། གཅིག་ཏུ་ཡོད་ན་སྣང་བ་བདེན་དངོས་དུས་གསུམ་དུ་མི་འགྱུར་བ་ལ་སོགས་པའི་སྐྱོན་འོང་ངོ་། །དུ་མར་ཡོད་ན། ཆ་མེད་ཀྱི་དུ་མར་ཡོད་དགོས་པས། ཉན་ཐོས་ཀྱི་རྡུལ་ཕྲན་བཀག་པ་བཞིན་ནོ། །དེའང་འདི་ལྟར་སྣང་བ་འདི་ལ་ཆ་དུ་མར་དམིགས་པས་བདེན་པ་གཅིག་ཡིན་པ་ཁེགས་ཤིང་། ཆ་མེད་ཀྱི་དངོས་པོ་ཙམ་བཀག་ཟིན་པས་ཆ་མེད་ཀྱི་གཅིག་ཡིན་པར་ཁེགས་སོ། །དེ་ལྟར་གཅིག་མ་གྲུབ་པས་དེས་བསགས་ཀྱི་དུ་མ་ཡང་ཁེགས་ཏེ། ཡང་དག་གི་གཅིག་དང་དུ་མ་དང་བྲལ་བ་ཞེས་བྱའོ། །ཁྱབ་པ་ནི། རང་བཞིན་ཡོད་ན་བདེན་པའི་དངོས་པོར་ཡོད་དགོས་པ་ལ། བདེན་པའི་གཅིག་དང་དུ་མར་ཡོད་པ་ཁེགས་པས། རང་བཞིན་མེད་པ་གྲུབ་བོ། །གཉིས་པ་ནི། ཇི་ལྟར་སྣང་བ་འདི་ཆོས་ཅན། ཡང་དག་པ་ན་རང་བཞིན་མེད་དེ། བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་ལས་སྐྱེ་བ་མེད་པའི་ཕྱིར་གཟུགས་བརྙན་བཞིན་ནོ། །དེ་སྐད་དུའང་། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །ཆོས་ཅན་དང་བསྒྲུབས་བྱ་ནི་སྔར་བཞིན་ནོ། གཏན་ཚིགས་ནི། ཕྱོགས་ཆོས་ཁྱབ་པ་གཉིས་ལས། དང་པོ་ནི། རྟེན་འབྲེལ་གྱི་སྐྱེ་བ་ནི་དགག་བྱ་མིན་ལ། དངོས་པོའི་སྐྱེ་བ་རང་རྒྱུད་པ་དགག་བྱ་ཡིན་པས། དེ་ངོས་བཟུང་བ་དང་། དེ་ཇི་ལྟར་དགག་པའི་ཚུལ་ལམ་དམིགས་ཤེས་པར་བྱ་སྟེ། དང་པོ་གཏན་ཚིགས་མ་གྲུབ་བོ་ཞེ་ན། རང་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་པ་སྟེ་གང་ལས་སྐྱེ་བ་རྟགས། དང་པོ་རང་ལས་སྐྱེ་བ་ནི། མུ་སྟེགས་གྲངས་ཅན་པ་ལ་སོགས་པ་སྟེ། སྔར་དཔྱད་ཅིང་དགག་པ་བཞིན་ནོ། །དེ་ཡང་རང་ལས་སྐྱེ་ན། རང་གྲུབ་པ་ལས་སྐྱེའམ་མ་གྲུབ་པ་ལས་སྐྱེ། གྲུབ་པ་ལ་སྐྱེ་མི་དགོས་ལ། གལ་ཏེ་གྲུབ་ཀྱང་སྐྱེ་ན་ཐུག་པ་མེད་པར་འགྱུར་རོ། །མ་གྲུབ་པ་ལ་སྐྱེ་བའི་གཞི་མེད་ཅིང་སྐྱེ་བར་མི་ནུས་ལ། མ་གྲུབ་ཀྱང་སྐྱེ་ནི་རི་བོང་གི་རྭ་ལས་ཀྱང་སྐྱེ་ཤི་འོང་བར་ཐལ་བའི་སྐྱོན་འོང་ངོ་། །གཞན་ལས་སྐྱེ་བར་འདོད་པ་ནི། རང་གི་སྡེ་བ་ཉན་རང་དང་། སེམས་ཙམ་པ་སྐད་ཅིག་རང་གསལ་སྔ་མ་ལས་ཕྱི་མ་སྐྱེ་ཞིང་། རྐྱེན་བཞིས་བསྐྱེད་ནས་སྐྱེ་བར་འདོད་དེ། སྔར་བཤད་ཅིང་བཀག་ཟིན་ཏོ། །དེའང་གཞན་ལས་སྐྱེ་ན། རྒྱུ་གཞན་ལས་འབྲས་བུ་གཞན་སྐྱེའམ། དེ་ཉིད་ལས་དེ་ཉིད་སྐྱེ། སྔ་མ་ལྟར་ན། གཤག་མ་ལས་ཀྱང་མྱུ་གུ་སྐྱེ་བར་ཐལ། ཕྱི་མ་ལྟར་ན་གཞན་སྐྱེ་མ་གྲུབ་བོ། གལ་ཏེ་དེ་ལྟར་མ་ཡིན་གྱིས་རྒྱུར་གྱུར་པའི་གཞན་ལ་འབྲས་བུར་གྱུར་པའི་གཞན་སྐྱེའོ་ཞེ་ན། སྲན་མ་ལས་ཀྱང་ནས་སྐྱེ་བར་ཐལ་བར་ལ་སོགས་པའི་སྐྱོན་འོང་ངོ་། །ཡང་གྱུར་པའི་དེ་ཉིད་ལས་འབྲས་བུ་དེ་ཉིད་སྐྱེའོ་ཞེ་ན། གཞན་ལ་སྐྱེ་བ་མ་ཡིན་ཅིང་རང་སྐྱེར་ཐལ་བས་སྔར་བཀག་པ་བཞིན་ནོ། །གཉིས་ཀ་ལས་སྐྱེ་བ་ནི། དབང་ཕྱུག་དང་གྲངས་ཅན་པ་རང་གཞན་གཉིས་ཀ་ལ་སྐྱེ་བར་འདོད་པ་སྟེ་སྔར་བཤད་པ་བཞིན་ནོ། །དེ་ཡང་གཉིས་ཀ་ལས་སྐྱེ་ན་རྒྱུ་འབྲས་དུས་མཉམ་པ་ལས་སྐྱེའམ་མི་མཉམ་པ་ལས་སྐྱེ། སྔ་མ་ལྟར་ན་རྒྱུ་གྲུབ་ཙམ་ན་འབྲས་བུ་ཡང་གྲུབ་པས་སྐྱེ་བར་འགལ་ལ། ཕྱི་མ་ལྟར་ན་རྒྱུ་གྲུབ་ཙ་ན་འབྲས་བུ་མེད་པས་གཉིས་ཀ་ལས་སྐྱེ་བ་ཉམས་སོ། །རྒྱུ་མེད་ལ་སྐྱེ་བ་ནི་མུ་སྟེགས་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །ཁྱབ་པ་ནི། སྐྱེ་བའི་རང་བཞིན་ནམ་དངོས་པོར་ཡོད་པར་མ་གྲུབ་པས་མཐའ་བཞིའི་སྐྱེ་བ་དང་བྲལ་བས། རང་བཞིན་མེད་པར་གྲུབ་བོ། །དེ་ལྟར་ན་ཀུན་རྫོབ་ཏུའང་སྐྱེ་བ་མ་གྲུབ་པས་ཆད་པ་ལྟ་བ་འགྱུར་རོ་ཞེ་ན། དངོས་པོ་རང་རྒྱུད་པའི་སྐྱེ་བ་ཀུན་རྫོབ་ཏུའང་མེད་ལ། རྟེན་འབྲེལ་གྱི་སྐྱེ་བ་ལྟར་སྣང་གང་ཡང་མི་འགོག །གསུམ་པ་ནི། ཇི་ལྟར་སྣང་བ་ཆོས་ཅན། རང་བཞིན་མེད་དེ་ཡོད་མེད་སྐྱེ་བ་དང་བྲལ་བའི་ཕྱིར། དེ་སྐད་དུ། དངོས་པོ་སྐྱེ་བར་མ་གྱུར་པས། །དངོས་མེད་དང་ནི་འབྲལ་མི་འགྱུར། །དངོས་མེད་དང་ནི་མ་བྲལ་ན། །དངོས་པོ་ཡོད་པའི་སྐབས་མི་སྲིད། །ཞེས་སོ། །དེའང་གསུམ་ལས། ཆོས་ཅན་དང་བསྒྲུབ་བྱ་སྔར་བཞིན་ལ། ཧེ་དུ་ཕྱོགས་ཆོས་ཁྱབ་པ་གཉིས་ལས། དང་པོ་ནི་ཡོད་མེད་གཉིས་ལས་སྐྱེ་བ་ངོས་བཟུང་བ་དང་། དེ་དགག་པའོ། །སྔ་མ་ནི། གྲངས་ཅན་ལ་སོགས་པ་རྒྱུ་ལ་འབྲས་བུ་གྲུབ་ལ། དེ་མི་གསལ་བ་མངོན་དུ་གསལ་བར་བྱེད་པས་སྐྱེ་ཟེར་བ་དང་། རང་གི་སྡེ་པའང་རྒྱུའི་དུས་ན་འབྲས་བུ་མེད་ལ། རྒྱུ་ལས་རྐྱེན་གྱིས་འབྲས་བུ་བསྐྱེད་དོ་ཟེར་རོ། །དེ་དག་དཔྱད་ཅིང་དགག་པ་ནི་གོང་བཞིན་ལ། འདིར་ཡང་དེ་དག་དགག་པ་ནི། དང་པོ་ཡོད་པ་ལས་སྐྱེ་ན། ངོ་བོ་གྲུབ་པ་ལས་སྐྱེའམ་གསལ་བ་ལས་སྐྱེ། ངོ་བོ་ལས་སྐྱེ་ན་ངོ་བོ་གྲུབ་པ་ལ་སྐྱེ་མི་དགོས་ལ། གསལ་བ་ལས་སྐྱེ་ན་མི་གསལ་བ་གསལ་བར་བྱེད་པའི་དམ་བཅའ་ཉམས་སོ། །ཡང་དེ་སྐད་དུ་བྱས་པ་ལ། དེ་ལྟར་མ་ཡིན་གྱིས་ངོ་བོ་མི་གསལ་བ་གསལ་བར་བྱས་པས་སྐྱེ་ཞེ་ན། གསལ་མི་གསལ་ངོ་བོ་གཅིག་གམ་མི་གཅིག །གཅིག་ན་སྐྱེ་བར་འགལ་ལོ། །མི་གཅིག་ན་ཡོད་པ་ལས་སྐྱེ་བ་ཉམས་སོ། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དོ་ཅེ་ན། ངོ་བོའི་ལྡོག་པ་ནས་སྐྱེ་མི་དགོས་ལ། གསལ་བའི་ལྡོག་པ་ལས་སྐྱེ་བ་ཉམས་སོ། །གཉིས་པ་ནི། འབྲས་བུ་རྒྱུ་ལས་སྔར་མེད་པ་ལས་ཕྱིས་སྐྱེ་བའི་དུས་ན། སྔར་མེད་དེའི་ངོ་བོ་ཡིན་ནམ་མིན། ཡིན་ན་སྐྱེ་བར་མི་རུང་ཞིང་། སྔར་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །མིན་ན་སྔར་མེད་ཀྱི་ངོ་བོ་ལས་སྐྱེས་པའི་དམ་བཅའ་ཡང་བུད་དོ། །ཡང་སྔར་མེད་ལས་ཕྱིས་རྐྱེན་གྱིས་སྐྱེས་ན། དེ་ཉིད་འདུས་བྱས་ཡིན་པས་མི་རྟག་ཅིང་འཇིག་པར་འགྱུར་རོ། །ཁྱབ་པ་ནི། ཡོད་མེད་གཉིས་ཀྱི་སྐྱེ་བ་དང་བྲལ་བས། རང་བཞིན་མེད་པ་གྲུབ་བོ། །བཞི་པ་ནི། ཇི་ལྟར་སྣང་བ་ཆོས་ཅན། རང་བཞིན་མེད་དེ་གཅིག་ལས་གཅིག་དང་། དུ་མ་ལས་དུ་མ་དང་། གཅིག་ལས་དུ་མ་དང་། དུ་མ་ལས་གཅིག་སྐྱེ་བ་མེད་པའི་ཕྱིར་གཟུགས་བརྙན་བཞིན་ནོ། །སྦྱོར་བའི་ཚུལ་བསྒྲུབ་པ་ལ་ཆོས་ཅན་དང་བསྒྲུབ་བྱ་སྔར་བཞིན་ནོ། །གཏན་ཚིགས་ལ་ཕྱོགས་ཆོས་ཁྱབ་པ་གཉིས་ལས། སྔ་མ་ནི། གོང་དུ་ཡང་དག་གི་གཅིག་དང་དུ་མ་མེད་པས། མུ་བཞིའི་སྐྱེ་བ་ཡང་མེད་པར་འགྲུབ་བོ། །ཁྱབ་པ་ཡང་གོང་བཞིན་ནོ། །ལྔ་པ་ཐ་སྙད་དུ་འགལ་ཟླ་བསྒྲུབ་པ་རྟེན་འབྲེལ་གྱི་ཧེ་དུ་ནི། ཇི་ལྟར་སྣང་བ་ཙམ་ཆོས་ཅན། རང་བཞིན་མེད་དེ། རྟེན་ཅིང་འབྲེལ་འབྱུང་ཡིན་པའི་ཕྱིར། སྒྱུ་མ་བཞིན་ནོ། །དེ་སྐད་དུའང་། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཆོས་ཅན་དང་བསྒྲུབ་བྱ་ནི་སྔར་བཞིན་ནོ། །ཧེ་དུ་ལ་ཕྱོགས་ཆོས་ཁྱབ་པ་གཉིས་ལས། ཕྱོགས་ཆོས་ནི་རྟེན་འབྱུང་ཅིར་ཡང་སྣང་བས་གྲུབ་བོ། །ཁྱབ་པ་ནི། རྟེན་འབྱུང་ཅིར་ཡང་སྣང་བས་རང་རྒྱུད་པ་གང་ཡང་མེད་དེ། རང་བཞིན་མེད་པ་གྲུབ་བོ། །དེ་ལྟར་གཞན་གྱི་ལོག་རྟོག་བསལ་ཞིང་ཆོས་ཀུན་རང་བཞིན་མེད་པར་རྟོགས་ཏེ། མཐའ་གཉིས་དང་བྲལ་བའོ། །ལ་ཤན་ལས། གཞན་སྣང་རྒྱུ་དང་གྲངས་བྲལ་དང་། །བདག་གཞན་གཉིས་རྒྱུས་མི་སྐྱེ་ཕྱིར། །གང་ཡང་རང་གི་ངོ་བོས་སྟོང་། །ཞེས་པ་ལ་སོགས་པ་གསུངས་སོ། །ཧེ་དུ་དེ་རྣམས་ཀྱིས་གཞན་གྱིས་ལོག་རྟོག་བསལ་ནས། མཐའ་གཉིས་དང་བྲལ་ཞིང་དབུ་མའི་དོན་ཕྱིན་ཅི་མ་ལོག་པ་ཉིད་བསྟན་པ་ནི། དེ་ལ་མཐའ་གཉིས་ངོས་གཟུང་ལ་གོལ་ས་བཅད་པ་དང་། དོན་མཐའ་ཐམས་ཅད་དང་བྲལ་བར་བསྟན་པའོ། །དང་པོ་ནི། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོས། བདུད་རྣམ་པ་དུ་ཞིག་མཆིས། །ཞེས་དྲིས་པས། ངུར་སྨྲིག་གི་ནི་གོས་གོན་ཞིང་། །འབྲས་བུ་ཡོད་དང་མེད་སྨྲ་བ། །མ་འོངས་པ་ཡི་དུས་ན་འབྱུང་། །ཞེས་པས། མེད་པ་སྐུར་འདེབས་ཀྱི་ལོག་ལྟ་དང་། དངོས་པོར་སྒྲོ་འདོགས་པ་གཉིས་སོ། །དེ་གཉིས་ཀྱང་མུ་སྟེགས་ཀྱི་འདོད་པ་ནི་གོང་དུ་བཀག་ཅིང་བསྟན་ཟིན་ཏོ།
༈ །འདིར་ཞོར་བྱུང་གི་མུ་སྟེགས་མཐའ་གཉིས་ལས། སྐུར་འདེབས་ཆད་པར་སྨྲ་བས་གོལ་བ་ནི། གཞི་བདེ་བར་གཤེགས་པའི་སྙིང་པོ་མི་ཟད་པའི་སེམས་རྒྱུན་ཆེན་པོ་དེ་ལ་སྐུར་པ་འདེབས། ལམ་སྟོང་ཉིད་དུས་ལ་ལྟོས་ནས་གཉིས་མེད་ཟུང་འབྲེལ་ལ་སྐུར་པ་འདེབས། འབྲས་བུ་སྐུ་གསུམ་ཡེ་ཤེས་ཕྲིན་ལས་དང་བཅས་པ་ལ་སྐུར་པ་འདེབས་པའོ། །དང་པོ་ནི་སྣང་ཚད་ཀུན་རྫོབ་འཁྲུལ་པ་ཡིན། མི་བདེན་པ་ཡིན་ཞེས་ཟེར་ལ། གནས་སྐབས་ལས་རྒྱུ་འབྲས་དང་མཐོ་རིས་ངན་སོང་བདེན་པར་འདོད་ཅིང་། མཐའ་ཐུག་གམ་ཡང་དག་པར་ན་ཅི་ཡང་སྣང་བ་མེད་པའི། ཆད་སྟོང་སྣང་བ་གཏན་མེད་དུ་འདོད་པའོ། །དེ་ཡང་གོང་གི་སེམས་རང་བཞིན་གྱིས་འོད་གསལ་ཞིང་བདེ་བར་གཤེགས་པའི་སྙིང་པོ་ཅན། འདུས་མ་བྱས་ཀྱི་ཡེ་ཤེས་ལ་སོགས་པ་དེ་རྣམས་ཀྱང་ཀུན་རྫོབ་འཁྲུལ་པའི་སྣང་བ་ཙམ་དུ་བདེན་གྱིས། དོན་དམ་པར་ན་དེ་རྣམས་ཀྱང་མི་བདེན་ཞིང་སྟོང་པ་ཡིན་པ་ལ་སྟོང་པ་རང་དུ་ཡང་མ་གྲུབ་ཅིང་སྟོང་པ་ཡིན་ཟེར་རོ། །དེ་ལྟར་མ་དཔེ་འདི་བཞིན་ཀྱང་དོན་མ་ངེས་ཅི་ཡིན་དཔྱད། མཆན། ཆོས་པའམ་ལ་སོགས་དེ་ཅི་ལྟ་བུ་འོང་ཞེ་ན། དཀོན་མཆོག་ཏ་ལའི་གཟུང་ལས། ཀུན་དགའ་བོ་འདི་ལྟ་བུའི་ཆོས་སྤོང་བར་འགྱུར་བའི་སེམས་ཅན་དེ་དག་ནི་ཕལ་ཆེར་རབ་ཏུ་བྱུང་བར་འགྱུར་རོ། །ཞེས་པ་དང་། གོང་གི་ལང་གཤེགས་ལས་གསུང་བ་བཞིན་དང་། བརྒྱད་སྟོང་པ་ལས་ཀྱང་། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་སུན་འབྱུང་བར་སེམས། ཕྱིར་གཞིལ་བར་སེམས་པར་གྱུར་པའི་སྐྱེས་བུ་གཏི་མུག་ཅན་དེ་དག །ལེགས་པར་གསུང་བའི་ཆོས་འདུལ་བ་འདི་ཉིད་ལ་རབ་ཏུ་བྱུང་བར་འགྱུར་རོ། །ཞེས་པ་དང་། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་དེ། མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་པ་དང་། མྱ་ངན་ལས་འདས་པའི་མདོ་ཕྱི་མ་ལས་ཀྱང་། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི། གང་གིས་བཙལ་ཡང་ཅི་ཡང་མི་རྙེད་པ་སྟེ། དེ་ནི་གཅེར་བུ་པ་རྣམས་ཀྱང་འདོད་ཀྱིས། །ཐར་པ་ནི་དེ་ལྟ་མ་ཡིན་ནོ། །ཞེས་པ་དང་། དཀོན་བརྩེགས་ཀྱི་འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་གང་བདག་ཏུ་ལྟ་བ་རི་རབ་ཙམ་ནི་སླ་ཡི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ། །ཞེས་པ་དང་། དབུ་མ་ལས་ཀྱང་། གང་ཟག་སྟོང་པ་ཉིད་ལྟ་བ། །དེ་ནི་གསོ་རུ་མི་རུང་ངོ་། །ཞེས་པ་དང་། དབུ་མ་རྩ་བའི་ཤེས་རབ་ལས། །མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཅེས་པ་དང་། དབུ་མ་བདེན་ཆུང་ལས། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་གསུངས་སོ། །ལམ་ནི་སྣང་སྟོང་གཉིས་སུ་མེད་པ། ཐབས་ཤེས་རབ་གཉིས་སུ་མེད་པ། ཇི་བཞིན་པའི་ལམ་ལ་སྐུར་པ་འདེབས་ཏེ། ཐམས་ཅད་རྫུན་པ་ཡིན། མི་བདེན་པ་ཡིན། འཁྲུལ་པ་ཡིན་ཟེར་ཏེ། སྟོང་པ་ཅང་མེད་དུ་འདོད་པའོ། །ལང་གཤེགས་ལས། བློ་གྲོས་ཆེན་པོ་མུ་སྟེགས་ཁ་ཅིག་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་འགོག་པ་དང་། ཡུལ་འདོད་ཆགས་དང་བྲལ་བ་དང་། སེམས་དང་སེམས་ལས་བྱུང་ན་མི་འབྱུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་ཡུལ་མི་དྲན་པ་དང་། མར་མེ་དང་། ས་བོན་དང་། མེ་བཞིན་དུ་རྒྱུན་ཟད་པས་རྣམ་པར་རྟོག་པ་མི་འཇུག་པར་བརྗོད་དེ། བློ་གྲོས་ཆེན་པོ་འཇིག་པར་ལྟ་བས་མྱ་ངན་ལས་མི་འདའའོ། །ཞེས་པ་དང་། སོར་མོའི་ཕྲེང་བའི་མདོ་ལས། སྟོང་པ་ཆེན་པོ་ནི་མུ་སྟེགས་གཅེར་བུ་པ་རྣམས་ཀྱང་བསྒོམ་མོ། །ཞེས་པ་དང་། དེ་ལྟར་སྟོང་པ་ཉིད་ལ་ཞེན་པའི་མི་རྟོག་པས་ཐར་བར་མི་འགྱུར་ཏེ། མདོ་རྒྱ་ཆེ་རོལ་པ་ལས། རྟོག་དང་རྣམ་པར་རྟོག་པ་སྤང་། །གཡོ་བ་མེད་ཅིང་སེམས་འགྱུ་མེད། །བླུན་པོ་ལྟ་བུར་མི་གཡོ་བའི། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །གྲོང་གི་བྱིས་པ་བ་གླང་རྫི། །ཤིང་ཐུན་དག་དང་རྩྭ་ཐུན་དག །དེ་ལ་དུར་ཁྲོད་འདྲེ་སྙམ་སེམས། །དེ་ལ་ས་ནི་སྐུད་བྱེད་ཅིང་། །མི་གཙང་བ་ཡང་འཐོར་བར་བྱེད། །དེ་དག་གནོད་པ་མང་བྱས་ཀྱང་། །གཡོ་བ་མེད་ཅིང་འཁྲུག་མེད་པས། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །དེ་ནི་ཐར་པར་འགྱུར་མ་ཡིན། །ཞེས་སོ། །དེ་ལ་ཁམས་འདུས་པའི་མཐོང་སྣང་མང་པོ་འབྱུང་པ་ལ་དམ་པར་བལྟ་སྟེ། ལང་གཤེགས་ལས། རྣལ་འབྱོར་ཀུན་གྱིས་བརྩོན་བྱས་ན། །ཉི་མ་ཟླ་བའི་དབྱིབས་འདྲ་དང་། །འོད་དང་པདྨོ་ལྟ་བུ་དང་། །རི་མོ་ནམ་མཁའི་མེ་འདྲ་མཐོང་། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་རྣམས་འཁྲིད་པར་བྱེད། །ཞེས་སོ། །དེ་ལྟར་སྟོང་པ་ཉིད་དུ་བལྟས་པའི་མི་རྟོག་པས་ཐར་བར་མི་འགྱུར་ཞིང་ཕྱི་ཕྱིར་ཉོན་མོངས་སྡུག་བསྔལ་འཕེལ་བར་གསུངས་ཏེ། ལང་གཤེགས་ལས། རྣམ་པར་རྟོག་པ་འཇུག་མེད་པས། །བྱིས་པ་རྣམས་ནི་ཐར་པར་རྟོག །སེམས་འཇུག་པ་ནི་རྣམ་རྟོག་ཕྱིར། །འཛིན་པ་རྣམ་གཉིས་སྤོང་མི་ནུས། །ཞེས་པ་དང་། ཏིང་འཛིན་རྒྱལ་པོ་ལས། སེམས་ཀྱི་དམིགས་པ་མེད་པ་ཡང་། །དེ་ནི་རྣམ་པར་རྟོག་ཅེས་བྱ། །ཅེས་པ་དང་། འཇིག་རྟེན་དག་ན་ཏིང་འཛིན་སྒོམ་བྱེད་ཀྱང་། །དེ་དག་བདག་ཏུ་འདུ་ཤེས་གཞིག་མི་བྱེད། །དེ་ཡིས་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡང་། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདི་བསྒོམ་བཞིན། །ཞེས་སོ། །འབྲས་བུ་ནི། ཉོན་མོངས་ཟད་དེ་འཁོར་བ་ལས་གྲོལ་ཙ་ན། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་མེད་དེ། སྟོང་པ་ནམ་མཁའ་བཞིན་དུ་ཅི་ཡང་མེད་པར་འགྲོ་བར་འདོད་དོ། །དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་གདུལ་བྱའི་སྣང་ངོ་ཙམ་ཟེར་རོ། །དེ་ཡང་ཡེ་ཤེས་མེད་ན་ཤིན་ཏུ་ཡང་འགལ་ཏེ། སྡུད་པ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་སེམས་རང་བཞིན་གྱིས་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་ཅན་དེ་ལ་སྐུར་པ་བཏབ་པས། རིགས་ཆད་པའི་གང་ཟག་ཏུ་འགྱུར་བ་དང་། གང་ཟག་དེ་བསད་ཅིང་ནོར་འཕྲོག་ཀྱང་ཁ་ན་མཐོ་བ་མེད་པ་དང་། ངན་སོང་དུ་བསྐལ་པ་ནས་བསྐལ་པར་འགྲོ་བར་མདོ་དུ་མ་ལས་གསུངས་ཏེ། དང་པོ་ནི། སོར་མོའི་ཕྲེང་བའི་མདོ་ལས། བཙུན་པ་གང་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་སྨོད་པ་དེ་དག་ནི། བདག་ཉིད་ས་བོན་བསྲེགས་ཤིང་ཀྱེ་མ་དུས་གསུམ་དུ་བསམ་གྱིས་མི་ཁྱབ་པའི་ལས་ངན་བྱས་པ་ཡིན་ནོ། །ཅེས་པ་དང་། མྱང་འདས་ལས། བཅོམ་ལྡན་འདས་ལོག་སྲེད་ཅན་ལ་ཅིའི་སླད་དུ་དགེ་བའི་རྩ་བ་མ་མཆིས་པ་ཞེས་བགྱིས། བཀའ་སྩལ་པ། རིགས་ཀྱི་བུ་ལོག་སྲེད་ཅན་ནི། དགེ་བའི་རྩ་བ་ཡོངས་སུ་བཅད་པའི་ཕྱིར་རོ། །ཞེས་པ་དང་། ལང་གཤེགས་ལས། བདེ་བར་གཤེགས་པའི་སྙིང་པོ་ལ་བསྐུར་པ་བཏབ་པས་རིགས་ཆད་པ་ཐོབ་བོ། །ཞེས་སོ། །གཉིས་པ་ནི། མྱ་ངན་ལས་འདས་པ་ལས། དོན་དེ་ལྟ་བས་ན་སྲོག་སྤུར་ཙམ་བསད་ན་ཡང་ཁ་ན་མ་ཐོ་བར་འགྱུར་གྱིས། ལོག་སྲེད་ཅན་བསད་ཀྱང་ཁ་ན་མ་ཐོ་བ་མེད་དེ། རྩྭ་གཅོད་པ་དང་། ས་རྐོ་བ་དང་འདྲའོ། །ཞེས་པ་དང་། སོར་ཕྲེང་གི་མདོ་ལས། དགེ་སློང་ལོག་སྲེད་ཅན་གྱི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་འཕྲོག་ཤིང་། འཚོ་བའི་ཡོ་བྱད་བྲལ་ན། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསླབ་པའི་སྙིང་པོ་མདོར་བསྡུས་པའི་ཕྱིར་རོ། །ཞེས་གསུངས་སོ། །གསུམ་པ་ནི། ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་ལས། དམ་པའི་ཆོས་སྤོང་བའི་སེམས་ཅན་དེ་དག་ནི། བསྐལ་པ་བརྒྱར་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་ཚོར་བ་མྱོང་བར་འགྱུར་རོ། །ཞེས་པ་ནས། མནར་མེད་པའི་སེམས་ཅན་དམྱལ་བ་ལ་སོགས་པ་དམྱལ་ཁམས་བཅོ་བརྒྱད་དུ་བསྐལ་པ་བརྒྱ་བརྒྱར་སྡུག་བསྔལ་མྱོང་བར་གསུངས་སོ། །བརྒྱ་ལ་ཐོན་ཀྱང་ལྟ་བ་ལོག་པའི་སྟོབས་ཀྱིས་ཆོས་སྤོང་བའི་ལས་བསགས་ནས་ཡང་དམྱལ་བར་འཁོར་བར་གསུངས་སོ། །དཀོན་མཆོག་སྒྲོན་མའི་མདོ་ལས་ཀྱང་། གསོལ་པ། ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་གྱུར་པ་དེ་དག་གི་ལྕེ་ཇི་འདྲ་བ་ཞིག་ཏུ་གྱུར་པ་ལགས། རབ་འབྱོར་དེ་དག་གི་ལྕེ་དཔག་ཚདའབུམ་ཙམ་དུ་གྱུར་ཏེ། དེ་ལ་ལྕགས་ཀྱི་ཐོང་གཤོལ་མེ་འབར་བ་ལྔ་བརྒྱས་རྨོ་བར་འགྱུར་རོ། །ཞེས་པ་དང་། ཅི་སྟེ་མིར་སྐྱེ་བ་ཐོབ་ན་ཡང་། ཆོས་འཇིག་པར་འགྱུར་བའི་ལས་བྱས་པ་དང་། བསགས་པ་ལོག་པའི་རྣམ་པར་སྨིན་པ་དེས། དམུས་ལོང་དང་། ཕྱག་དར་ཁྲོད་པ་དང་། གདོལ་པ་དང་། སྨྱིག་མ་མཁན་གྱི་རིགས་དང་། དབང་པོ་མ་ཚང་བ་དང་། མཛེ་ཅན་དང་། ཤ་བཀྲ་ཅན་དང་། གང་ན་སངས་རྒྱས་ཀྱི་སྒྲ་མི་གྲགས་པ་དང་། ཆོས་དང་དགེ་འདུན་གྱི་སྒྲ་མི་གྲགས་པར་འགྱུར་རོ། །ཞེས་པ་དང་། སྡུད་པ་ལས། སྔོན་སྤྱོད་ཚེ་ན་སངས་རྒྱས་ཁྲག་ཁྲིག་བཀུར་བྱས་ཀྱང་། །རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་ལ་མ་དད་ན། །ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །ཞེས་གསུངས་སོ། །དངོས་པོ་སྒྲོ་འདོགས་པ་ནི། སྣང་བ་འདི་བདེན་དངོས་སུ་ལྟ་བ་དང་། སྐད་ཅིག་མ་དོན་དམ་དུ་བདེན་པར་ལྟ་བ་དང་། སངས་རྒྱས་ཀྱང་དངོས་པོ་རང་རྒྱུད་པ་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་གཅིག་འོག་མིན་གྱི་གནས་ན་ཡོད་ལ། དེ་དང་དེའི་སྤྲུལ་པས་སེམས་ཅན་གྱི་དོན་མཛད་པར་འདོད་པའོ། །དེ་ཡང་སྣང་བ་འདི་བདེན་དངོས་སུ་བཟུངས་པས་ཐར་པ་མི་ཐོབ་སྟེ། སྡུད་པ་ལས། ཅི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བརྟན། །ཞེས་གསུངས་སོ། །སྐད་ཅིག་བདེན་པར་དང་། སངས་རྒྱས་དངོས་པོར་འདོད་པ་དེས་ཀྱང་འཁོར་བ་ལས་གྲོལ་ཡང་ཀུན་མཁྱེན་ཡེ་ཤེས་མི་ཐོབ་པར་གསུངས་ཏེ། རྡོ་རྗེ་གཅོད་པ་ལས། གང་གིས་ང་ལ་གཟུགས་སུ་མཐོང་། །གང་ཞིག་ང་ལ་སྒྲར་ཤེས་པས། །ལོག་པར་མཐོང་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་འདྲས་ང་མི་མཐོང་། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །ཞེས་པ་དང་། བདེན་གཉིས་ལས། ཇི་ལྟར་སྣང་བའི་དངོས་པོ་ནི། །རྣམ་པར་གནས་པར་མི་རུང་སྟེ། །ཡོད་མེད་དངོས་པོར་མཁྱེན་པ་པོ། །རྣམ་མཁྱེན་པས་ཀྱང་ང་མ་གཟིགས། །ཞེས་སོ།
༈ །དོན་མཐའ་གཉིས་དང་བྲལ་བ་དབུ་མའི་ལམ་ནི། མཐའ་གཉིས་དང་བྲལ་ཚུལ་དང་། རྟོག་གེའི་རིག་པས་མི་རྟོག་པ་དང་། དེ་ངོ་སྤྲད་ཅིང་རྟོགས་པར་བྱ་བའི་ཐབས་སོ། །དང་པོ་ནི། དབུ་མ་པ་ཕལ་ཆེ་ཀུན་རྫོབ་ཏུ་རྟེན་འབྱུང་ཅིར་ཡང་སྣང་བས་མེད་པའི་མཐའ་སེལ་ལ། དོན་དམ་པ་ཅིའི་ངོ་བོར་ཡང་མ་གྲུབ་པས་ཡོད་པའི་མཐའ་སེལ་བར་འདོད་དོ། །དེ་ཡང་ཀུན་རྫོབ་མི་བདེན་པ་རྫུན་པ་ཡིན་པས། ཡང་དག་པར་མེད་པའི་མཐའ་མི་སེལ་ཏེ། ཡང་དག་གམ། དོན་དམ་པ་ཆད་པའི་མཐར་སོང་བས་དོན་དམ་མཐའ་བྲལ་དུ་མ་སོང་ངོ་། །འོ་ན་མཐའ་དང་ཇི་ལྟར་བྲལ་ན། ཀུན་རྫོབ་རྟེན་འབྱུང་སྒྱུ་མའི་དཔེ་བརྒྱད་དངོས་པོར་མ་གྲུབ་པས་ཡོད་པའི་མཐའ་སེལ། དོན་དམ་ཆོས་ཉིད་འོད་གསལ་ལམ། བདེ་བར་གཤེགས་པའི་སྙིང་པོ་རྒྱུན་ཆད་མེད་པས་སྐུར་འདེབས་ཀྱི་མཐའ་སེལ་ཏེ། གཉིས་སུ་མེད་པས་གཉིས་མཐའ་སེལ་ལོ། །དང་པོ་ནི་དབུ་མ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་བརྟགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། སྡུད་པ་ལས། འདི་ནི་ཆོས་གཏེར་མཆོག་དང་ཆོས་མཛོད་དམ་པ་ཡིན། །སངས་རྒྱས་རིགས་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །འདས་དང་མ་བྱོན་ཕྱོགས་བཅུའི་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་འགྱུར། །ཞེས་པ་དང་། གོང་གི་ཆོས་ཉིད་ཀྱི་ངོ་བོར་རང་རིག་བསྟན་པའི་ལུང་བཞིན་ནོ། །གསུམ་པ་ནི། ཡུམ་རྒྱས་པ་ལས། སོ་སོ་སྐྱེ་བོའི་ཆོས་རྣམས་དོར་བར་བྱེད་པ་མ་ཡིན། །སྦྱིན་པ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཉེ་བར་བསྒྲུབ་པ་མ་ཡིན། དེ་ནི་གཉིས་སུ་བྱར་མེད་པ་སྟེ་མི་གཉིས་པའོ། །ཞེས་སོ། །དེ་ལྟར་རྒྱུད་ལུང་མན་ངག་ཏུ་མ་ནས། ཀུན་རྫོབ་དངོས་པོ་རང་རྒྱུད་དུ་མི་བདེན་ལ། དོན་དམ་ཆོས་ཉིད་རྒྱུན་ཆད་མེད་པར་གསུངས་སོ། །དེ་ཡང་ཀུན་རྫོབ་རྟེན་འབྱུང་ཅིར་ཡང་སྣང་བས་མེད་པའི་མཐའ་སེལ་ལ། དངོས་པོར་མ་གྲུབ་པས་རྟག་པའི་མཐའ་སེལ་ལོ། །དོན་དམ་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་སྟོང་པས་ཡོད་པའི་མཐའ་སེལ་ལོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་མེད་པའི་མཐའ་སེལ་ལོ། །ཡང་དོན་དམ་ལ་དངོས་པོ་དང་མཚན་མ་གང་གིས་ཀྱང་སྟོང་པས་ཡོད་པའི་མཐའ་བྲལ། ཆོས་དབྱིངས་འོད་གསལ་རྒྱུན་ཆད་འཕེལ་འགྲིབ་མེད་པར་གནས་པས་མེད་པའི་མཐའ་སེལ་ལོ། །ཀུན་རྫོབ་དང་དོན་དམ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པས་གཉིས་མཐའ་དང་གཅིག་མཐའ་སེལ་ལོ། །བདེན་ཆུང་ལས། དོན་དམ་ཐ་དད་མེད་ཚུལ་གྱིས། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །སྟོང་པ་ཉིད་ལ་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཞེས་སོ། །སྟོང་པ་དེ་ཡང་ཅང་མེད་མིན་ཅིང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཡིན་ཏེ། སྡུད་པ་ལས། མཁས་པས་ཆོས་རྣམས་ནམ་ཡང་འཇིག་པར་མི་བྱེད་དོ། །ཞེས་པ་དང་། ཡུམ་ལས། འདི་ནི་གཟུགས། འདི་ནི་གཟུགས་ཀྱི་སྟོང་པའོ་ཞེས་གཟུགས་རྣམ་པར་དཀྲུག་པར་མི་བྱའོ། །ཞེས་པ་དང་། ཡང་། གཟུགས་གཟུགས་ཀྱིས་སྟོང་པ་མ་ཡིན་གྱིས། གཟུགས་ཉིད་སྟོང་པ་ཉིད་དོ། །ཞེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་སོ། །སོར་མོའི་ཕྲེང་བ་ལས། ཀུན་དགའ་ར་བ་ན་དགེ་འདུན་མི་བཞུགས་པ་ལ་ཀུན་དགའ་ར་བ་སྟོང་པ་ཞེས་བྱའོ། །ཀུན་དགའ་ར་བ་ཉིད་མེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཉིད་ལ་བདག་དང་བདག་གིས་སྟོང་པ་ལ་ཆོས་ཉིད་སྟོང་པ་ཞེས་བྱ་ཡིས། ཆོས་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །ཞེས་པ་ལ་སོགས་པ་དང་། ཡུམ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་སོ། །དེ་ལྟར་ན་ཡང་དག་པར་ཆོས་ཐམས་ཅད་གཉིས་སུ་མེད་ཅིང་མཐའ་ཐམས་ཅད་བྲལ་བ་དབུ་མའི་ལམ་ཡིན་ཏེ། ཡུམ་རྒྱས་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐའ་གཉིས་སུ་མི་འགྱུར་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་དང་། ཡང་བྱང་ཆུབ་ནི་གཉིས་སུ་དབྱེར་མེད་པ་སྟེ་གཉིས་ལ་སྤྱོད་པ་ལ་ནི་བྱང་ཆུབ་མེད་དོ། །ཞེས་པ་དང་། དབུ་མ་ལས། མེད་པ་པོ་ནི་ངན་འགྲོར་འགྲོ། །ཡོད་པ་པོ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཞེས་པ་དང་། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གཙང་དང་མ་གཙང་གཉིས་ཀ་མཐའ་ཡིན་ནོ། །དེ་ཕྱིར་གཉིས་ཀྱི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལ་གནས་པར་ཡང་མི་བྱེད། །ཞེས་གསུངས་སོ། །གཉིས་པ་དེ་གཏན་ལ་འབེབས་པ་ཡང་། རྟོག་གེ་དང་རྗེས་དཔག་གིས་གཏན་ལ་མི་ཕེབ་ལ། གོང་གི་ཧེ་དུ་བཞི་པོ་ཡང་མུ་སྟེགས་ཀྱི་རྒོལ་བ་བཟློག་པ་དང་། དངོས་པོར་འཛིན་པ་བཤིག་པའི་ཕྱིར་གསུང་པ་ཡིན་ནོ། །དོན་དམ་རྟོག་གེའི་སྤྱོད་ཡུལ་མིན་ནོ་ཅེས་མདོ་སྡེ་དང་ཕ་རོལ་དུ་ཕྱིན་པ་ལ་སོགས་པའི་བཀའ་ལུང་ཐམས་ཅད་ཞལ་འཆམ་སྟེ། ལང་གཤེགས་ལས། གསེར་མིན་གསེར་ལྟར་སྣང་བ་ཡི། །ར་གན་ཡུངས་ལ་བྱིས་པ་རྣམས། །ཇི་ལྟར་གསེར་དུ་རྟོག་པ་བཞིན། །ངན་པ་རྟོག་གེའི་ཆོས་སྡེ་བཞིན། །ཞེས་པ་དང་། ཆོས་ཀྱི་རྒྱལ་པོའི་མདོ་ལས། དཔེར་ན་མི་གཅིག་ལ་དུག་མདའ་ཐོག་ན་མྱུར་དུ་ཕྱུང་ན་ནད་ལས་ཐར་རོ། །སྒྲོ་དང་སྨྱུག་མ་ལ་སོགས་པ་གང་ནས་བྱུང་རྟོག་གི་བར་དུ་ནད་རྒྱས་ནས་འཆིའོ། །དེ་བཞིན་དུ་ཧེ་དུ་མང་པོ་ལ་རྟོག་དཔྱོད་བྱས་པས་སེམས་རྟོག་པའི་དབང་དུ་འགྲོ་བའོ། །དེ་བས་ན་སེམས་སྟོང་པ་ཉིད་ཀྱིས་ཉོན་མོངས་པའི་དུག་མདའ་ཕྱུང་བར་བྱའོ། །ཞེས་པ་དང་། མདོ་སྡེ་དང་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་རྟོག་གེའི་སྤྱོད་ཡུལ་མ་ཡིན། ཞེས་གསུངས་སོ། །དབུ་མ་བདེན་ཆུང་ལས། མངོན་སུམ་དང་ནི་རྗེས་སུ་དཔག །སངས་རྒྱས་ས་ཡིས་དེ་ཉིད་གཟུང་། །གཉིས་པོས་སྟོང་ཉིད་རྟོགས་སོ་ཞེས། །ཚུ་རོལ་མཐོང་བའི་རྨོངས་པ་སྨྲ། །ཞེས་པ་དང་། མངོན་གསུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྒོལ་བ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་པ་དང་། ཚད་མ་རྣམ་འགྲེལ་ལས་ཀྱང་། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལ་འཛིན་དང་སྡང་། །འདི་དག་ཀུན་དང་འབྲེལ་པས་ན། །ཉེས་པ་ཐམས་ཅད་འབྱུང་བ་ཡིན། །ཞེས་སོ། །འོ་ན་ཅི་ལྟར་ཡིན་ན། ཤེས་རབ་ཀྱིས་རང་བཞིན་ཤེས་པས་མ་རིག་པ་རང་སར་གྲོལ་ཏེ། ཆོས་ཉིད་ཀྱི་དོན་རྟོགས་པར་བྱེད་པའོ། །དེ་ལ་ཤེས་རབ་ཀྱི་མཚན་ཉིད་ནི། རང་འདོད་པའི་ཤེས་བྱའི་དོན་ཉིད་རྟོགས་པར་བྱེད་པའོ། །མ་རིག་པའི་མཚན་ཉིད་ནི་བླུན་ཞིང་རྨོངས་པའོ། །སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་སོ། །མ་རིག་པས་རང་གི་ངོ་མ་ཤེས་པ་དེ་ཉིད་ཤེས་རབ་ཀྱིས་རིག་ཅིང་རྟོགས་པར་བྱེད་པའོ། །གསུམ་པ་དེ་ངོ་སྤྲད་ཅིང་ཇི་ལྟར་རྟོགས་པར་བྱ་བ་ནི། གང་སྣང་བ་གཅིག་ལ་ངོ་སྤྲད་དེ་རྟོགས་པར་བྱ་བ་དང་། ཤེས་བྱ་དང་རྟོགས་ཐབས་དབྱེར་མེད་དུ་དང་། སྣང་སྟོང་གཉིས་མེད་མཐའ་བྲལ་འདུས་མ་བྱས་ཀྱི་ཡེ་ཤེས་སུ་རྟོགས་པར་བྱ་བ་དང་། དེ་ལྟར་རྟོགས་ཤིང་ཡིད་ཆེས་པའི་ཡོན་ཏན་ནོ། །དང་པོ་ནི་རྣམ་པར་རྟོག་པ་ལ་སོགས་པ་གང་སྣང་བ་དེ་ཆོས་ཉིད་གཉིས་སུ་མེད་པ་ངོ་སྤྲད་ལ་རྟོགས་པར་བྱའོ། །དེ་ལྟར་ཆོས་གཅིག་གི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པ་ཡིན་ཏེ། ཡུམ་ནས། ཆོས་གཅིག་གི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་འགྱུར་རོ། །ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་སོ། །ཡང་། དེ་བཞིན་ཉིད་གང་ལ་སྐྱེ་བ་མེད་པ་འགག་པ་མེད་པ་གནས་པ་ལས་གཞན་དུ་འགྱུར་བ་མེད་པའོ། །ཞེས་གསུངས་སོ། །གཉིས་པ་ཤེས་བྱ་དང་རྟོགས་ཐབས་ངོ་བོ་གཅིག་པར་བསྟན་པ་ནི། སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་། བྱེ་བྲག་ཏུ་ཉོན་མོངས་པ་ལ་སོགས་པ་གང་སྐྱེས་པ་གཅིག་སྐྱེ་མེད་སྟོང་པའམ་གཉིས་སུ་མེད་པར་ངོ་སྤྲོད་པས། དོན་དམ་པར་ན་གང་ལ་ཡང་སྤང་བླང་མེད་པར་རྟོགས་པ་ནི། ཡང་དག་པའི་དོན་ཉིད་རྟོགས་པ་ཡིན་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་དང་། མངོན་རྟོགས་རྒྱན་དང་། དབུ་མ་རྟེན་འབྲེལ་ལ་སོགས་པ་མདོ་དུ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་དང་། ཆོས་འབྱུང་བ་མེད་པའི་མདོ་ལས། སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུང་། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་སྟེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་གང་རྟོགས་སྐྱེས་ཆེན་མཆོག་ཏུ་འགྱུར། །ཞེས་པ་དང་། དཀོན་བརྩེགས་ལས། རང་བཞིན་གྱིས་ནི་འདུས་མ་བྱས། །སྐྱེ་བ་མེད་ཅིང་འཇིགས་པ་མེད། །དེ་ལ་གནས་པ་ཡོད་མིན་ཏེ། །མཚན་ཉིད་གསུམ་ལས་རྣམ་པར་གྲོལ། །ཞེས་གསུངས་སོ། །གསུམ་པ་དེ་ལྟར་སྣང་སྟོང་གཉིས་སུ་མེད་པ་མཐའ་ཐམས་ཅད་དང་བྲལ་བ་འདུས་མ་བྱས་ཀྱི་ཡེ་ཤེས་སུ་རྟོགས་པ་ནི། སངས་རྒྱས་ཀྱི་དགོངས་པ་ཐུགས་སུ་ཆུད་པ་ཞེས་བྱའོ། །ཤེར་སྙིང་ལས། གཟུགས་སྟོང་པའོ། །ཞེས་པ་དང་། མདོ་རྒྱ་ཆེ་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་ཞེས་པ་དང་། སྡུད་པ་ལས། གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ། །འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་འགྱུར། །ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ། །ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་གཅད་དུ་མེད། །ཞེས་གསུངས་སོ། །མཐའ་དང་བྲལ་བ་ནི། ཡུམ་བར་མ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཉིས་སུ་ལྟ་བ་མ་ཡིན། གཉིས་སུ་མེད་པར་ལྟ་བ་མ་ཡིན། མཚན་མར་མ་ཡིན། མཚན་མ་མེད་པར། བླང་བར། དོར་བར། དབྲི་བར། བསྣན་པར། ཀུན་ནས་ཉོན་མོངས་པར། རྣམ་པར་བྱང་བར། སྐྱེ་བར། འགག་པར། གཟུང་བར། མི་གཟུང་བར། ལེན་པར། དོར་བ། གནས་པར། མི་གནས་པར། ཡང་དག་པར་ལོག་པར། ལྡན་པར། མི་ལྡན་པར། འདྲེ་བར། མི་འདྲེ་བར། རྐྱེན་དུ། རྐྱེན་མེད་པར། ཆོས་སུ། ཆོས་མ་ཡིན་པར། དེ་བཞིན་ཉིད་དུ། དེ་བཞིན་ཉིད་མ་ཡིན་པར། ཡང་དག་པའི་མཐའ་མ་ཡིན། ཡང་དག་པའི་མཐའ་མ་ཡིན་པར་མ་ཡིན་ཏེ། འདི་ནི་གཉིས་སུ་མེད་པའི་དོན་ནོ། །ཞེས་གསུངས་སོ། །སྡུད་པ་ལས། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་ཕྱི་མཐའ་དང་། །ད་ལྟར་བྱུང་བ་མི་དམིགས་དུས་གསུམ་དག་པ་སྟེ། །གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད་དོ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་རྟོགས་པས་སེམས་ཅན་ཐམས་ཅད་ལ་གཉིས་སུ་མེད་པའི་སྙིང་རྗེ་སྐྱེ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་མཁས་རིག་གང་གི་དུས་ཀྱི་ཚེ། །སྐྱེ་མེད་རྣམ་པར་བསམ་ཏེ་འདི་ལྟར་སྤྱོད་བྱེད་ཅིང་། །སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །བཞི་པ་ནི། དེ་ལྟར་སེམས་རང་བཞིན་གྱིས་འོད་གསལ་ཞིང་མཐའ་དང་བྲལ་བ་བདེ་བར་གཤེགས་པའི་སྙིང་པོ་ཅན་དེ་གོ་ཞིང་རྟོགས་པ་དེ་ལ་གང་གིས་ཀྱང་མི་གོས་ཤིང་དངོས་སུ་སངས་རྒྱས་པ་ཡིན་ལ། དེ་ལ་མོས་པ་བྱེད་ཅིང་ཡིད་ཆེས་པ་ནི། ཡོན་ཏན་དཔག་ཏུ་མེད་པ་ཡོད་ཅིང་། བརྒྱུད་ནས་སངས་རྒྱས་པར་གསུངས་ཏེ། དེ་ལ་བསོད་ནམས་དཔག་ཏུ་མེད་པ་བསགས་པས། འདི་ཐོས་ཤིང་ཡིད་ཆེས་པ་ཡིན་པ་༡དང་། མཚམས་མེད་པ་ལྔ་ལ་སོགས་པ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་གང་ཡང་མི་འབྱུང་༢བའི་ཡོན་ཏན་དང་། མཐོ་རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་མངོན་དུ་འ བྱུང་༣བའི་ཡོན་ཏན་དང་། འཇིག་རྟེན་ན་དག་པ་སྲིད་ཚད་པས་༤ཀྱང་སྐད་ཅིག་ཙམ་མོས་པ་བྱས་པ་བསོད་ནམས་ཆེ་བ་དང་། འདུན་ཅིང་ཉན་པ་ནི་མྱུར་དུ་སངས་རྒྱས་པ་ལ་སོགས་པ་ཡོན་ཏན་བརྗོད་ལས་འདས་པར་གསུང་ཏེ། དང་པོ་ནི། དཀོན་བརྩེགས་ཀྱི་འོད་དཔག་མེད་པའི་མདོ་ལས། བསོད་ནམས་དག་ནི་མ་བསགས་པར། །འདི་འདྲ་འདི་དག་ཐོས་མི་འགྱུར། །དཔའ་བོ་གང་དག་དོན་འགྲུབ་པ། །དེས་ནི་འདི་དག་ཐོས་པར་འགྱུར། །ཞེས་སོ། །གཉིས་པ་ནི། མྱ་ངན་འདས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་དང་། མི་འགྱུར་མི་འཕོ་བ་དང་། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ལྷག་པར་ཡིད་ཆེས་ལ། དེ་ནི་སེམས་ཅན་དམྱལ་བའི་རྣམ་པར་སྨིན་པ་ཡང་ཉམས་སུ་མྱོང་བར་མི་བྱེད་དོ། །ཞེས་སོ། །གསུམ་པ་ནི། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས། ལོ་ཀ་བདེ་བའི་རྣམ་པ་མཆོག་རྣམས་དང་གང་ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །ཞེས་པ་དང་། སྡུད་པ་ལས། འདུས་བྱས་བདེ་དང་འདུས་མ་བྱས་བདེ་གང་ཡིན་པ། །བདེ་བ་དེ་ཀུན་འདི་ལས་འབྱུང་བར་རིག་པར་བྱ། །ཞེས་གསུངས་སོ། །བཞི་པ་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཙུད་པ་བས། ཆོས་བདག་མེད་པ་ལ་མོས་པ་བྱས་ནས་དགོན་པའི་ས་ཕྱོགས་སུ་གོམས་པ་བདུན་བོར་ན་བསོད་ནམས་ཆེའོ། །ཞེས་པ་དང་། རྒྱུད་བླ་ལས། གང་ཞིག་བྱང་ཆུབ་སེམས་མཆོག་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེ་ཆོས་རྒྱལ་རྣམས་དབུལ་ལ། གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ནི། སྦྱིན་པ་ལས་བྱུང་དགེ་བ་དེ་བས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། བློ་ལྡན་གང་ཞིག་བྱང་ཆུབ་འདོད་པས་བསྐལ་པ་དུ་མ་ཡང་། ལུས་ངག་ཡིད་ཀྱིས་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་བསྲུང་བྱེད་ལ། གཞན་གང་འདི་ལ་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ནི། ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་བས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། བསམ་གཏན་ལ་སོགས་པའང་དེས་འགྲེའོ། །ཞེས་དང་། སྡུད་པ་ལས། ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཞེས་པ་དང་། ཛམ་བུ་གླིང་ན་སེམས་ཅན་མ་ལུས་ཇི་སྙེད་པ། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ལོ་སྟོང་བྱེ་བ་མང་པོར་སྦྱིན་པ་བྱིན་བྱས་ལ། །ཀུན་ཀྱང་འགྲོ་བའི་དོན་ཏུ་བྱང་ཆུབ་རྒྱུར་བསྔོ་བས། །གང་ཞིག་ཤེས་རབ་ཕ་རོལ་ཕྱིན་ལ་མངོན་བརྩོན་པ། །ཐ་ན་ཉི་མ་གཅིག་ཅིག་རྗེས་སུ་མཐུན་བྱེད་ན། །དེ་ལ་སྦྱིན་པའི་ཕུང་པོ་བསོད་ནམས་ཆར་མི་ཕོད། །དེ་ཕྱིར་གཡེལ་མེད་རྟག་ཏུ་ཤེས་རབ་འཇུག་པར་བྱ། །ཞེས་གསུངས་སོ། །ལྔ་པ་ནི། སྡུད་པ་ལས། དཔེར་ན་བུད་མེད་སྦྲུམ་གང་སྡུག་བསྔལ་ཉེན་གྱུར་ན། །དེ་ནི་དེ་ཡི་བཙའ་བའི་དུས་ལ་བབ་ཅེས་བྱ། །དེ་བཞིན་བྱང་ཆུབ་སེམས་དཔའ་རྒྱལ་བའི་ཤེས་རབ་ཉེན། །དགའ་དང་འདུན་པ་སྐྱེས་པས་མྱུར་དུ་བྱང་ཆུབ་རེག །ཅེས་པ་དང་། བྱང་ཆུབ་སེམས་དཔའ་གང་ཞིག་སྔོན་ཆད་སྤྱོད་པའི་ཚེ། །ཕ་རོལ་ཕྱིན་འདི་སྤྱད་པ་མཁས་པ་སོམ་ཉི་མེད། །ཐོས་མ་ཐག་ཏུ་དེས་ནི་སྟོན་པའི་འདུ་ཤེས་བསྐྱེད། །དེས་ནི་བྱང་ཆུབ་ཞི་བ་མྱུར་དུ་རྟོགས་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་རྟོགས་ནས་ལམ་དབུ་མའི་ལམ་ཉམས་སུ་ལེན་པའི་རིམ་པ་ནི། ཤེས་རབ་ཀྱིས་ལམ་གྱི་རིམ་པ་མེད་པར་རྟོགས་པའི་དོན་མངོན་དུ་གྱུར་ཏེ་སངས་རྒྱས་པ་༡དང་། བློ་ཆུང་བ་ལམ་རིམ་གྱིས་སྦྱངས་ཏེ་སངས་རྒྱས་༢པའོ། །དང་པོ་ནི། ས་དང་ལམ་གྱི་རིམ་པ་རྣམ་དྲངས་དོན་ཡིན་ཅིང་། དེ་ལ་ངེས་དོན་དུ་བཟུང་ཞིང་མཆོག་ཏུ་ལྟ་ན་གོལ་བར་གསུང་ཏེ། ཡུམ་བར་མ་ནས། ས་དང་པོ་དང་གཉིས་པ་ལ་སོགས་པ་ཡིད་ལ་བྱེད་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་དོ། །ཞེས་པ་དང་། མདོ་སྡེ་དུ་མ་ནས་ཀྱང་ས་དང་སའི་རིམ་པ་དྲང་དོན་དུ་གསུངས་སོ། །དོན་ནི་ཤེས་རབ་ཀྱིས་ཆོས་ཀྱི་རང་བཞིན་ཇི་ལྟ་བ་ཤེས་ནས་སངས་རྒྱས་པ་ཡིན་ཏེ། གོང་གི་གནས་ལུགས་ཇི་ལྟ་བ་མཚོན་པའི་ལུགས་དེ་རྣམས་ལ་སོགས་པའོ། །དེ་ལྟར་རྟོགས་པས་གྲོལ་བའི་རྒྱུ་མཚན་དང་།༡ དེའི་དོན་བསྒོམ་པའི་གནས་ཚུལ་དང་།༢ རྟོགས་པའི་དོན་མངོན་དུ་གྱུར་ན་སངས་རྒྱས་༣པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་རྟོགས་པས་གྲོལ་བའི་རྒྱུ་མཚན་ནི། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གཉིས་སུ་མེད་ཅིང་བཅིང་གྲོལ་མེད་པ་ཡིན་ཏེ། ཡུམ་རྒྱས་པ་ལས། གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུགས་སོ། །གཟུགས་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཞན་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ། །ཞེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གསུངས་སོ། །སྡུད་པ་ལས། གཟུགས་དང་འདུ་ཤེས་ཚོར་བ་དང་ནི་སེམས་པ་དང་། །རྣམ་པར་ཤེས་པ་མ་བཅིངས་མ་གྲོལ་ཡོད་མ་ཡིན། །དེ་ལྟར་བྱང་ཆུབ་ལ་འཇུག་ཞུམ་པའི་སེམས་མེད་ལ། །འདི་ནི་གང་ཟག་དམ་པ་རྣམས་ཀྱི་གོ་ཆའི་མཆོག །ཅེས་གསུངས་སོ། །གཉིས་པ་ནི། དེ་ལྟར་གཉིས་སུ་མེད་ཅིང་བཅིངས་གྲོལ་མེད་པའི་དོན་རྟོགས་ནས། བསྒོམ་པ་ཡང་ཅིར་སྣང་བསྒོམ་བྱ་བསྒོམ་བྱེད་མེད་པར་ཆོས་ཉིད་ཀྱི་ངང་བསྒོམ་ཡིན་ཞིང་། མི་བསྒོམ་པའི་བསྒོམ་པ་ཆེན་པོ་ཞེས་བྱ་སྟེ། ཡུམ་བར་མ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ཟབ་སྟེ། དེ་ནི་སུས་ཀྱང་བསྒོམ་པར་མི་བགྱི། ཅིར་ཡང་བསྒོམ་པར་མི་བགྱི། གང་དུའང་བསྒོམ་པར་མི་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་དམིགས་སུ་མ་མཆིས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ནམ་མཁའ་བསྒོམ་པའོ། །ཆོས་ཐམས་ཅད་བསྒོམ་པའོ། །ཡོངས་སུ་འཛིན་པ་མ་མཆིས་པའི་བསྒོམ་པའོ། །ཞེས་པ་དང་། ཀུན་ནས་བསྒོམ་པའི་མདོ་ལས། འཇམ་དཔལ་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་དང་ཉོན་མོངས་པ་ཐམས་ཅད་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །ཞེས་པ་དང་། གསང་བ་མཐའ་ཡས་མདོ་ལས། སེམས་ངོ་ཤེས་པའི་རྣལ་འབྱོར་པས། །ཅི་ལྟར་བྱས་ཀྱང་བསྒོམ་པའི་ངང་། །གཉུག་མའི་དོན་ལ་གནས་པ་ཡིན། །ཏིང་ངེ་འཛིན་གྱི་ཉམས་སུ་བཤད། །ཅེས་གསུངས་སོ། །གསུམ་པ་ནི། དེ་ལྟར་རྟོགས་ཤིང་གོམས་པས་ཉོན་མོངས་པ་ལ་སོགས་པའི་འཆིང་བ་མཐའ་དག་ལས་གྲོལ་ནས། ལམ་གྱི་རིམ་པ་མེད་པར་སངས་རྒྱས་པར་གསུང་ཏེ། གོང་གི་ལུང་རྣམས་དང་མདོ་དང་ཕ་རོལ་ཕྱིན་པའི་གཞུང་རྣམས་ནས་ཤིན་ཏུའང་རྒྱས་པར་གསུངས་པས་དེ་རྣམས་སུ་ཡང་བལྟ་བར་བྱའོ། །འདིར་གཞུང་གི་དོན་ངོ་སྤྲད་ཅིང་ངོས་བཟུང་བ་ཙམ་ལས། རྒྱས་པར་བྲིས་མི་ལང་ངོ་། །བློ་དེ་འོག་ཅིག་གང་སྣང་བ་ལ་ངོ་སྤྲད་ནས་ཁྲིད་པར་བྱ་སྟེ། ནད་གདོན་ལ་སོགས་པ་སེམས་ལ་གང་གཟན་པ་སྐྱེ་མེད་སྟོང་པར་ངོ་སྤྲད་ཅིང་རྩལ་སྦྱངས་ནས་ལམ་ངེས་མེད་དུ་གྲོལ་བའང་མདོ་སྡེ་དང་ཕར་ཕྱིན་ལས་གསུང་ནས་འདུག་གོ། །སྡུད་པ་ལས། རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་རིག་སྔགས་ཆེ། །སེམས་ཅན་ཁམས་མང་མྱ་ངན་སྡུག་བསྔལ་ཆོས་ཞི་བྱེད། །ཅེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་རིམ་གྱིས་དྲང་དོན་ཉམས་སུ་ལེན་ཅིང་ས་དང་ལམ་གྱི་རིམ་པ་ལ་སྦྱོར་བ་ནི། སྦྱོར་དངོས་རྗེས་གསུམ་གྱི་རིམ་པས་ངེས་པར་བྱ་སྟེ། སྦྱོར་བ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་སྨོན་འཇུག་གཉིས་ཀྱིས་ཅི་བྱེད་སེམས་ཅན་གྱི་དོན་དུ་འཇུག་པའོ། །དངོས་གཞི་ནི་ཚོགས་གཉིས་སམ་མཉམ་རྗེས་གཉིས་ཀྱིས་ཉམས་སུ་ལེན་པ་ཡིན་ཏེ། དགེ་བ་བཅུ་དང་བསྡུ་བའི་དངོས་པོ་བཞི་དང་། སྦྱིན་པ་ཚུལ་ཁྲིམས་བཟོད་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང་། བསམ་གཏན་དང་ཤེས་རབ་གཉིས་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་ནི་གཉིས་ཀའི་གྲོགས་བྱེད་པའོ། །མཉམ་རྗེས་གཉིས་ནི། མཉམ་བཞག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། རྗེས་བྱང་ཆུབ་ཀྱི་སྤྱོད་པ་དགེ་བའི་ལས་ལ་འབད་པའོ། །མཇུག་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའོ། །དེའི་ལམ་ཉམས་སུ་ལེན་པ་ལ་ལམ་ལྔ་ལས། ཚོགས་ལམ་བཞི་གསུམ་བཅུ་གཉིས། སྦྱོར་ལམ་ངེས་འབྱེད་ཆ་བཞི། མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན། བསྒོམ་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་དང་། མཐའ་ལམ་བར་ཆད་མེད་པའི་ལམ་མོ། །སྔ་མ་ནི་དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞིའོ། །གཉིས་པ་ནི་དབང་པོ་ལྔ་ལ་ཉམས་སུ་བླངས་པས་ལུས་ངག་ཡིད་གསུམ་ལ་དྲོད་ཐོབ་པས་དྲོད། དེ་ཆེར་འཕེལ་བས་རྩེ་མོ། དབང་པོ་ལྔ་སྟོབས་སུ་གྱུར་ཏེ་ཆོས་ཉིད་ཀྱི་དོན་ལ་བཟོད་པ་ཐོབ་པས་བཟོད་པའོ། །དེ་ལ་ཆེ་འབྲིང་ཆུང་གསུམ་མོ། །དེ་ནས་ངན་སོང་དུ་མི་ལྡོག་པར་གསུང་ཏེ། བཟོད་ཐོབ་ངན་སོང་ཕྱིར་མི་ལྡོག །ཅེས་གསུངས་སོ། །མཐོང་བའི་དོན་ལ་སྐད་ཅིག་ལ་སྦྱོར་བར་བྱེད་པས་འཇིག་རྟེན་ཆོས་མཆོག་གོ། །གསུམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། ཆོས་ཉིད་རང་གི་མཚན་ཉིད་མངོན་སུམ་དུ་རྟོགས་པས། ཉོན་མོངས་པའི་འཆིང་བ་མཐའ་དག་དང་བྲལ་ཏེ། ཟག་པ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ས་དང་པོ་རབ་ཏུ་དགའ་བའི་སའོ། །བཞི་པ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་དེ་རྟོགས་པའི་དོན་ལ་གནས་པས་བསྒོམ་པའི་ལམ་ཡིན་ཏེ། མཉམ་བཞག་རྗེས་ཐོབ་ཀྱི་ཚུལ་དུ་གནས་པའོ། །དེ་ལ་བརྒྱད་དེ། གཉིས་པ་དྲི་མ་མེད་པ་དང་། གསུམ་པ་འོད་བྱེད་པ་དང་། བཞི་པ་འོད་འཕྲོ་བ་དང་། ལྔ་པ་སྦྱངས་དཀའ་བ་དང་། དྲུག་པ་མངོན་དུ་གྱུར་པ་དང་། བདུན་པ་རིང་དུ་སོང་བ་དང་། བརྒྱད་པ་མི་གཡོ་བ་དང་། དགུ་པ་ལེགས་པའི་བློ་གྲོས་ཀྱི་སའོ། །ལྔ་པ་ནི་བར་ཆད་མེད་པའི་ལམ་ས་བཅུ་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། བག་ལ་ཉལ་གྱི་དྲི་མ་ཆ་ཕྲ་མོ་དེ་སྤང་བྱ་གཉེན་པོ་གཉིས་སུ་མེད་པར་བཅོམ་ནས། མི་གནས་པའི་མྱ་ངན་ལས་འདའ་བར་གསུངས་སོ། །དེ་རྣམས་རྒྱས་པར་འདོད་ན་གཞུང་བཞིན་དུ་ཤེས་སོ། །འབྲས་བུ་སངས་རྒྱས་ཀྱི་ས་ནི་མཐའ་གཉིས་དང་བྲལ་བ། སྐུ་གསུམ་ཡེ་ཤེས་ཕྲིན་ལས་དང་བཅས་པའོ། །དེ་ཡང་མཐའ་གཉིས་ངོས་བཟུང་བ་༡དང་། མཐའ་གཉིས་དང་བྲལ་ཚུལ་༢དང་། སྐུ་གསུམ་ཡེ་ཤེས་ཕྲིན་ལས་༣དང་བཅས་པའོ། །སྔ་མ་ནི་སྐུར་འདེབས་ཀྱི་ལོག་ལྟ་དང་། དངོས་པོར་སྒྲོ་འདོགས་པ་གཉིས་སོ། །དང་པོ་ནི་ཤེས་བྱའི་སྒྲིབ་པ་ཆ་ཕྲ་མོ་དེ། གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་པས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མེད་པར་སྟོང་སྟེ། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྒྱུན་ཆད་ནས་མེ་ཤི་བ་དང་ཤིང་ཟད་པ་བཞིན་འདོད་པའོ། །སྡུད་པ་ནས། དཔེར་ན་མི་ཤི་དེ་ཡི་འགྲོ་རྒྱུ་མེད་པ་བཞིན། །རྒྱུ་དེས་དེ་ནི་མྱ་ངན་འདས་ཞེས་རབ་ཏུ་བརྗོད། །ཅེས་པ་དང་། རྣམ་པར་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་ཀྱི་དུས། །ཞེས་པ་དང་། དབུ་མ་ལ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་ནས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགགས་མེད་པ། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་པ་ལ་སོགས་པའི་ལུང་ལས། ལོག་པར་གོ་སྟེ་སངས་རྒྱས་སྟོང་ནས་མེད་ལ་ཡེ་ཤེས་ཀྱང་མེད་པར་འདོད་པའོ། །ཆོས་སྐུ་སྟོང་པ་ཅང་མེད་དུ་འདོད་ཅིང་། གཟུགས་སྐུ་གཉིས་ཀྱང་གདུལ་བྱའི་ངོར་སྣང་ཙམ་ལས་ཡང་དག་པར་མེད་ཅེས་ཟེར་ལ། གཞུང་རྣམས་ཀྱང་གདུལ་བྱའི་ངོར་སྣང་ཙམ་ལས་སངས་རྒྱས་ཀྱི་གསུངས་པ་མེད་ཅེས་སྐུར་པ་འདེབས་པའོ། །དེ་རྣམས་ཤིན་ཏུ་ཡང་འཁྲུལ་ཞིང་བདག་གཞན་བརླག་པར་བྱེད་པ་ཡིན་ནོ། །ཞེས་གོང་གི་ལྟ་བའི་སྐབས་ནས་གསུང་པའི་ལུང་བཞིན་ནོ། །དེ་ཡང་། ཡང་དག་པར་ན་སངས་རྒྱས་དང་མཁྱེན་པའི་ཡེ་ཤེས་མེད་ལ། ཀུན་རྫོབ་གདུལ་བྱའི་ངོར་སྣང་ཡིན་ན། གདུལ་བྱ་འཁྲུལ་པའི་ངོ་ལ་སྣང་བ་ཡིན་ནམ། མ་འཁྲུལ་བའི་ངོ་ལ་སྣང་བ་ཡིན། འཁྲུལ་པའི་ངོ་ལ་སྣང་ན་གདུལ་བྱ་འཁྲུལ་པའི་ལོག་ཤེས་ཡིན་པས། རྒྱུ་ཚོགས་གཉིས་ཀྱི་འབྲས་བུ་མ་ཡིན་པར་ཐལ་བ་དང་། རྒྱུད་གསུང་པ་ཐམས་ཅད་སེམས་ཅན་འཁྲུལ་པའི་ལོག་རྟོག་ཏུ་ཐལ་བ་དང་། མུ་སྟེགས་ཆད་པ་བདེན་པར་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །མ་འཁྲུལ་བའི་ངོ་ལ་སྣང་ན། ཐམས་ཅད་མཁྱེན་པའི་སངས་རྒྱས་ཡང་དག་ཏུ་ཡོད་པར་ཐལ། ཅིའི་ཕྱིར་ན་གདུལ་བྱ་ལ་ཐམས་ཅད་མཁྱེན་པ་ཡོད་པར་སྣང་བ་མ་འཁྲུལ་པའི་ཕྱིར་རོ། །འདོད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་པར་འདོད་པ་ཉམས་སོ། །གཉིས་པ་ནི། སངས་རྒྱས་ཞེས་བྱ་བ་སོ་སོའི་སྐྱེ་བོའི་ཟག་བཅས་ཀྱི་ཕུང་པོ་གནས་གྱུར་པ་ལས། སངས་རྒྱས་ཀྱི་སྐུ་ཐོབ་པར་འདོད་ཅིང་དེ་ཡང་ཞིང་ཁམས་ཉམས་དགའ་བའི་བཻཌཱུརྱ་ལ་སོགས་པར་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་རང་རྒྱུད་པར་འདོད་ལ། དེ་དང་དེའི་སྤྲུལ་པས་སེམས་ཅན་གྱི་དོན་བྱེད་པར་འདོད་པའོ། །དེ་ཡང་འཁོར་བ་ལས་གྲོལ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཏུ་མ་སྟེར་བ་གོང་གི་ལྟ་བའི་སྐབས་ཀྱི་ལུང་བཞིན་ནོ། །གཉིས་པ་མཐའ་གཉིས་དང་བྲལ་ཚུལ་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་ལས། སྤང་བྱ་གློ་བུར་གྱི་དྲི་མ་དག་པའི་དག་པ་གཉིས་ཀྱི་བདག་ཉིད་དུ་གྱུར་པ་ཡིན་ཏེ། ལང་གཤེགས་ལས། ཇི་ལྟར་གསེར་ཉིད་དག་པ་དང་། །ཆུ་ཡང་རྙོག་མ་དྭངས་པ་དང་། །ནམ་མཁའ་ལ་ནི་སྤྲིན་དེངས་ལྟར། །རྣམ་རྟོག་དག་པ་དེ་བཞིན་ནོ། །ཞེས་གསུངས་སོ། །དེའང་བག་ལ་ཉལ་གྱི་དྲི་མ་ཆ་ཕྲ་མོ་དེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་པས། འདུས་མ་བྱས་ཀྱི་ཆོས་ཉིད་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་བཅོམ་ནས་ཅང་མེད་དུ་འགྲོ་བ་མིན་ཏེ། སྤང་བྱ་དང་གཉེན་པོ་གཉིས་སུ་མེད་པར་གྲོལ་ནས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། །དེས་ན་གོང་གི་ཡེ་ཤེས་མེད་པར་འདོད་པའི་ལུང་དེ་ཡང་སྤང་བྱ་དང་གཉེན་པོ་གཉིས་སུ་མེད་པར་གྲོལ་བ་ལ་དགོངས་པ་ཡིན་ཏེ། གོང་གི་ལུང་དེ་གསུམ་དོན་འདིའི་ལུང་དུ་དྲང་ངོ་། །དེས་ན་སྤང་བྱ་དང་གཉེན་པོ་གཉིས་སུ་མེད་པར་གྲོལ་ནས་ཅང་མེད་དུ་འགྲོ་བ་མིན་ཞིང་ཉོན་མོངས་པ་ལ་སོགས་པའི་འཆིང་བ་ཐམས་ཅད་དང་བྲལ་ནས། ཆོས་སྐུ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་མངོན་དུ་གྱུར་པ་ཡིན་ཏེ། གསེར་འོད་དམ་པ་ལས། ཇི་ལྟར་གསེར་བཟང་པོ་བཞུ་ཞིང་བཏུལ་ཏེ་སྦྱངས་ནས། རྡུལ་དང་དྲི་མས་མ་གོས་ཤིང་རང་བཞིན་དག་པའི་གསེར་ཉིད་དུ་སྣང་སྟེ། གསེར་གྱི་དངོས་པོ་རྣམ་པར་དག་པ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །དཔེར་ན་ཆུ་རྙོག་མ་དྭངས་ཏེ་རྣམ་པར་དྭངས་ནས་ཆུའི་རང་བཞིན་ཉིད་གསལ་བར་འགྱུར་བ་ཡིན་གྱིས། ཆུ་ཉིད་མེད་པར་འགྱུར་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ཡང་ཉོན་མོངས་པ་དང་སྡུག་བསྔལ་སྣ་ཚོགས་འདུས་པ་སྤངས་ནས། བག་ཆགས་མ་ལུས་པ་བསལ་ཏེ། སངས་རྒྱས་ཀྱི་ངོ་བོ་རྣམ་པར་དག་པ་ཉིད་སྣང་བར་འགྱུར་བ་ཡིན་གྱིས། དངོས་པོ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །ཡང་དཔེར་ན་ནམ་མཁའ་ལ་སྤྲིན་དང་། རྡུལ་དང་ན་བུན་གྱིས་བསྒྲིབ་པ་མེད་པར་གྱུར་ན། ནམ་མཁའི་ཁམས་དེ་རྣམ་པར་དག་པར་འགྱུར་བ་ཡིན་གྱིས། ནམ་མཁའ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ཡང་ཉོན་མོངས་པ་ཐམས་ཅད་ཟད་པར་གྱུར་པའི་ཕྱིར་རྣམ་པར་དག་པ་ཞེས་བྱ་ཡིས། སྐུ་དེ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །ལ་ལ་དག་རྨི་ལམ་གྱི་དཔེ་བཞིན་ཐམས་ཅད་མི་བདེན་པར་འདོད་དེ། རྨི་ལམ་གྱི་འཁྲུལ་སྣང་མི་བདེན་ཀྱང་རྨི་ལམ་གྱི་རིག་པ་དེ་ཉིད་མི་བདེན་པ་མ་ཡིན་ཏེ། དེ་ཉིད་ལས། གཞན་ཡང་དཔེར་ན་འགའ་ཞིག་གཉིད་ལོག་པའི་རྨི་ལམ་ན་ཆུ་བོ་ཆེན་པོས་ཁྱེར་ནས་ལུས་དང་ཡན་ལག་བསྐྱོད་དེ། ལུས་དང་སེམས་འབད་པ་དང་བཅས་པས་ཕ་རོལ་གྱི་འགྲམ་དུ་ཕྱིན་པ་རྨིའོ། །རྨི་ལམ་དེ་སད་པ་དང་ཆུ་ཕན་ཚུན་གྱི་འགྲམ་ཐ་དད་པར་ཡོད་པ་མཐོང་བ་མེད་ཀྱང་སེམས་ཉིད་མེད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འཁོར་བའི་རྣམ་པར་རྟོག་པ་ཟད་པ་ཡང་བློ་རྣམ་པར་དག་པ་སྟེ། སངས་རྒྱས་རྣམས་ཀྱི་ཡང་དག་པའི་སྐུ་ནི་མེད་པ་མ་ཡིན་ནོ། །ཞེས་པ་དང་། སྡུད་པ་ལས། ས་བོན་ལས་ནི་མྱུ་གུ་མེ་ཏོག་འབྲས་བུ་འབྱུང་། །དེ་ཡང་འགག་པ་ཤིང་ཡང་མེད་པ་དེ་མིན་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །དེ་ཡང་འགག་ལ་བྱང་ཆུབ་མེད་པ་དེ་མ་ཡིན། །ཞེས་པ་དང་། ཆུའི་ཐིག་པ་བུམ་པ་དང་པོ་ཐ་མའི་བར། །རིམ་གྱི་ཉུང་ངུ་ཉུང་ངུས་དེ་ཡོངས་འགེངས་པ་ལྟར། །དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་གསུངས་སོ། །དེ་ལྟར་སངས་རྒྱས་ལ་ཉོན་མོངས་པ་དང་སྡུག་བསྔལ་དང་མཚན་མ་ལ་སོགས་པའི་འཆིང་བ་མཐའ་དག་བྲལ་ཏེ། བདག་དང་བདག་གིས་སྟོང་པས་ཡོད་པའི་མཐའ་ལས་གྲོལ་ལོ། །གསལ་འགྲིབ་མེད་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པས་མེད་པའི་མཐའ་ལས་གྲོལ་ལོ། །ཡུམ་རྒྱས་པ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མངོན་སུམ་གྱི་མཚན་ཉིད་དོ། །ཞེས་པ་ལ་སོགས་པ་གསུངས་སོ། །གསུམ་པ་ནི། རྒྱུད་བླ་མ་ནས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་ལ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཞེས་པས། འབྲས་བུ་སྐུ་གསུམ་དང་། མཁྱེན་པའི་ཡེ་ཤེས་དང་། བརྩེ་བའི་ཐུགས་རྗེ་དང་། མཛད་པའི་ཕྲིན་ལས་སོ། །སྔ་མ་ནི། ཚོགས་བརྒྱད་སྐུ་གསུམ་དུ་གནས་གྱུར་པ་ཡིན་ཏེ། གསེར་འོད་དམ་པ་ལས། འཇུག་པའི་རྣམ་པར་ཤེས་པ་སྦྱངས་པས་སྤྲུལ་པའི་སྐུ་མངོན་དུ་གྱུར་ཏོ། །ཀུན་གཞི་ལ་གནས་པའི་ཡིད་སྦྱངས་པས་ལོངས་སྤྱོད་རྫོགས་པའི་སྐུར་སྟོན་ཏོ། །ཀུན་གཞིའི་རྣམ་པར་ཤེས་པ་སྦྱངས་པས་ཆོས་ཀྱི་སྐུ་ཐོབ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུམ་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་སྤྱོད་པ་མཐུན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་དགོངས་པ་མཐུན་པའོ། །ཆོས་ཀྱི་སྐུ་ནི་སངས་རྒྱས་ཐམས་ཅད་དང་སྐུ་མཐུན་པའོ། །ཞེས་སོ། །དེ་ལ་སྐུ་གསུམ་ནི། ཆོས་སྐུ་ནི་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་དད་པ་གཉིས་ཀྱི་བདག་ཉིད་སྤྲོས་བྲལ་སྐྱེ་བ་མེད་པར་བཞུགས་པ་ཡིན་ཏེ། སྡུད་པ་ལས། ཡེ་ཤེས་འཆི་མེད་དམ་པ་དེ་ལས་གཞན་མེད་ཐོབ། །ཅེས་པ་ལ་སོགས་པ་དང་། དབུ་མ་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །ཞེས་སོ། །དེས་ན་ཆོས་སྐུ་དེ་ཉོན་མོངས་པ་ལ་སོགས་པའི་འཆིང་བ་མཐའ་དག་ལས་གྲོལ་ཀྱང་ཅང་མེད་ཆད་པ་མིན་ཏེ། རྟག་པ་ཆེན་པོ་བདེ་ཆེན་རྒྱུན་ཆད་མེད་ཅིང་རྣམ་པར་དག་པ་ཡིན་ཏེ། གསེར་འོད་དམ་པ་ལས། ཆོས་སྐུ་ནི་རང་གི་ངོ་བོ་ཉིད་ལ་བརྟེན་པས་རྟག་པ་ཞེས་བྱའོ། །བདག་ཅེས་བྱའོ། །ཏིང་ངེ་འཛིན་ཆེན་པོ་ལ་བརྟེན་པས་ན་བདེ་བ་ཞེས་བྱའོ། །ཡེ་ཤེས་ཆེན་པོ་ལ་བརྟེན་པས་ན་རྣམ་པར་དག་པར་ཞེས་བྱ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་པ་བདེ་བ་རྣམ་པར་དག་པ་ལ་མངའ་བརྙེས་ཤིང་བཞུགས་པའོ། །ཞེས་སོ། །ལོངས་སྐུ་ནི། སྐུ་མཚན་དང་དཔེ་བྱད་དང་ལྡན་པས་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའི་དོན་མཛད་པའོ། །སྤྲུལ་སྐུ་ནི། ལོ་ཀའི་ཁམས་སུ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་ཇི་ལྟར་འདུལ་བ་ལྟར་སྤྲུལ་ནས་དོན་མཛད་པ་ཡིན་ནོ། །སྡུད་པ་ལས། སུམ་ཅུ་རྩ་གཉིས་མཚན་དང་མཐུ་སྟོབས་ཕ་མཐའ་ཡས། །སེམས་ཅན་རྣམས་ལ་ཆོས་རབ་སྟོང་པ་སྒྲོགས་པར་བྱེད། །ཞེས་པ་དང་། མཚན་དཔེའི་ལེའུ་ན་གསལ་ལོ། །མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པ་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་སོ། །ཡེ་ཤེས་ནི། ཡུམ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པའོ། །ཞེས་པ་དང་། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ནི་མངོན་གསུམ་སྤྱན། །ཀུན་ཏུ་ཐོགས་མེད་གཟིགས་པར་འཇུག །ཞེས་པས། དེ་ཡང་ཆོས་ཅན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་། ཆོས་ཉིད་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། དབྱེར་མེད་མཁྱེན་པའི་ཡེ་ཤེས་སོ། །དང་པོ་ནི། ཡུམ་རྒྱས་པ་ནས། རྣམ་པ་ཐམས་ཅད་དུ་མ་མཐོང་པའམ་ཐོས་པའམ། མ་ཤེས་པའམ་ཁོང་དུ་མ་ཆུད་པ་གང་ཡང་མེད་དོ། །ཞེས་པ་དང་། ཡུམ་བར་མ་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་སྤྲོས་པ་ནི་ཆོས་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་དང་། ཞེ་སྡང་དང་། གཏི་མུག་གོ། །སེམས་ཡངས་པ་དང་། དོག་པ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་དང་། འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ལ་སོགས་པ་ཡང་དག་པར་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་པ་དང་། ཡང་། འདས་པའི་ཆོས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་མཇུག་གོ། །མ་འོངས་པའི་ཆོས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་འཇུག་གོ། །ད་ལྟར་བྱུང་བའི་ཆོས་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པ་མཇུག་གོ། །ཅེས་པ་དང་། དབུ་མ་བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ཏེ་སྐྱེ་བ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་གསུངས་སོ། །བར་པ་ནི། ཡུམ་བར་པ་ནས། གང་ཟག་ཕ་རོལ་གྱི་སེམས་དེ་ལ་འགྲོ་བ་དང་། སྐྱེ་བ་དང་། འགག་པ། གནས་པ་དང་། གནས་པ་ལ་གཞན་དུ་འགྱུར་བ་མི་གཟིགས་སོ། །མ་ནོར་པ་དེ་བཞིན་ཉིད་དང་། འགྱུར་བ་མེད་པ་དང་། རྣམ་པར་རྟོག་པ་མེད་པ། མཚན་མ་མེད་པ། བྱེད་པ་མེད་པ། སྤྲོས་པ་མེད་པ། དམིགས་སུ་མེད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་སོ། །གཉིས་སུ་མེད་པར་མཁྱེན་པ་ནི། ཇི་སྙེད་པ་ཉིད་ཇི་ལྟར་མཁྱེན་པ་ཡིན་ཏེ། སྡུད་པ་ལས། ཡེ་ཤེས་འཆི་མེད་དམ་པ་དེ་ལས་གཞན་མེད་ཐོབ། །ཞེས་པ་དང་། འདི་ནི་ནམ་མཁའི་ཁམས་དང་མཚུངས་ཏེ་ཐ་དད་མེད། ཅེས་པ་དང་། ཡུམ་བར་མ་ནས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ལ་མཁས་པ་དང་། ཞེས་སོ། །གསུམ་པ་ནི། སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཐུགས་རྗེས་མ་བཟུང་པ་གཅིག་ཀྱང་མེད་ཅིང་འཁོར་བ་མ་སྟོངས་ཀྱི་བར་དུ་ཐུགས་རྗེ་ཆེན་པོས་སྐྱོབ་པ་ཡིན་ཏེ། གསེར་འོད་དམ་པ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤྱོད་ལམ་རྣམ་བཞིར་ཡེ་ཤེས་ཀྱིས་མ་བཟུངས་པ་མེད་དོ། །ཆོས་ཐམས་ཅད་ཐུགས་རྗེ་མ་ཟིན་པ་མེད་དོ། །སེམས་ཅན་ལ་ཕན་པ་དང་བདེ་བས་མ་བཟུངས་བ་མེད་དོ། །ཞེས་པ་དང་། ཡུམ་བར་མ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོས། སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱ་བ་ལ་གཟིགས་པ་ལ་རྟག་པར་འབྱུང་སྟེ། དེ་ནི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་སོ། །བཞི་པ་ཕྲིན་ལས་ཀྱིས་དོན་མཛད་པ་ཡང་། ཡེ་ཤེས་ཀྱི་མཛད་པ་ཡིན་ཞིང་། དེ་ཡང་འབད་རྩོལ་མེད་པ་དང་། རྒྱུན་མི་ཆད་པར་དོན་མཛད་པའོ། །ཡེ་ཤེས་ཀྱི་མཛད་པ་ནི། ཡུམ་ལས། སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཞེས་སོ། །གཉིས་པ་ནི། རྩོལ་བ་མེད་པར་སྐུ་གསུམ་ཡེ་ཤེས་ཕྲིན་ལས་དང་བཅས་པས་སེམས་ཅན་གྱི་དོན་འབྱུང་བ་ཡིན་ཏེ། དཔེར་ན་ཉི་ཟླའི་གཟུགས་བརྙན་ལས་མ་གཡོས་པར་ཆུ་ཐ་དད་དུ་གཟུགས་བརྙན་སྣང་བ་བཞིན་དང་། ཡིད་བཞིན་བཞིན་ནོར་བུ་རིན་པོ་ཆེ་ལ་སོགས་པ་བཞིན་ནོ། །ལང་གཤེགས་ལས། གནས་ནི་རབ་ཏུ་གྱུར་པའི་ཕྱིར། །ཇི་ལྟར་སྣ་ཚོགས་ནོར་བུ་བཞིན། །སེམས་ཅན་རྣམས་ཀྱི་དོན་བྱེད་དེ། །ཆུ་ལ་གཟུགས་བརྙན་ཇི་བཞིན་ནོ། །ཞེས་པ་དང་། ཐེག་བསྡུས་ལས། ཇི་ལྟར་ནོར་བུ་སིལ་སྙན་དག །རྟོག་པ་མེད་པར་རང་ལས་བྱུང་། །དེ་ལྟར་རྟག་ཏུ་རྟོག་མེད་པར། །སངས་རྒྱས་ཕྲིན་ལས་སྣ་ཚོགས་འབྱུང་། །ཞེས་སོ། །གསུམ་པ་རྒྱུན་མི་ཆད་པར་འཁོར་བ་མ་སྟོངས་ཀྱི་བར་དུ་དོན་མཛད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་ཆད་པ་ལྟར། །དེ་བཞིན་ཟག་མེད་དབྱིངས་ནས་ཀྱང་། །སངས་རྒྱས་མཛད་པ་རྒྱུན་མི་ཆད། །ཅེས་པ་དང་། ཡུམ་བར་པ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོས་སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱས་པ་ལ། གཟིགས་པ་རྟག་པར་འབྱུང་སྟེ། དེ་ནི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལ་སོགས་ཏེ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པ་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའི་མཛད་པ་བསམ་གྱིས་མི་ཁྱབ་པས། སེམས་ཅན་ཐམས་ཅད་ལ་གང་ལ་གང་འདུལ་དུ་འཁོར་བ་མ་སྟོངས་ཀྱི་བར་དུ་དོན་མཛད་པར་གསུངས་སོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། བྱང་ཆུབ་སེམས་དཔའི་ཐེག་པ་བསྟན་པའི་ལེའུ་སྟེ། བཅུ་གཉིས་པའོ།།
༈ །།འབྲས་བུ་གསང་སྔགས་ལ་གསུམ་སྟེ། འོག་མའི་མཐའ་༡དགྲོལ་བ་དང་། མཚན་ཉིད་དང་སྔགས་ཀྱི་ཁྱད་པར་༢དང་། བྱེ་བྲག་སོ་སོ་ནས་རྒྱས་པར་བཤད་པའོ། །སྔ་མ་༡ནི། སྒྱུ་མ་ལྟ་བུ་༢དང་།༡ རབ་ཏུ་མི་གནས་པ་༢དང་། གཞུང་ཕྱི་མོའི་དང་། དེ་གསུམ་གྱིས་ཉམས་སུ་བླང་བའི་ལམ་༤དང་། མངོན་དུ་བྱས་པ་འབྲས་བུའི་མཐའ་དགྲོལ་བའོ། །དང་པོ་ནི། སྣང་བ་སྒྱུ་མ་ལྟ་བུར་བདེན་པ་ཡིན་ན། ཡང་དག་པར་ན། སྒྱུ་མ་ལ་བདེན་པའི་སྣང་བ་ཡོད་དམ་མེད། ཡོད་ན་སྒྱུ་མ་ལྟ་བུ་རང་མ་ཡིན་པར་ཐལ། མེད་ན་སྒྱུ་མ་ལྟ་བུའི་སྣང་བ་བདེན་པ་ཉམས་སོ། །གཉིས་པ་ནི། ཤེས་བྱ་མི་འཐད་པ་དང་། ཤེས་བྱེད་མི་འཐད་པའོ། །དང་པོ་ནི། དོན་དམ་ཅིར་ཡང་གྲུབ་པ་མེད་པ་ལ་སོགས་པས་ཡོད་པའི་མཐའ་སེལ་ཞིང་། ཀུན་རྫོབ་རྟེན་འབྱུང་ཅིར་ཡང་སྣང་བས་མེད་པའི་མཐའ་སེལ་ན། དོན་དམ་ལ་སྣང་བ་ཡོད་དམ་མེད། ཡོད་ན་དོན་དམ་ཅིར་ཡང་གྲུབ་པ་མེད་པ་ལ་སོགས་པས་ཡོད་པའི་མཐའ་སེལ་བ་འགལ་ལོ། །མེད་ན་དོན་དམ་མཐའ་བྲལ་མ་ཡིན་པར་ཐལ། ཅིའི་ཕྱིར་ན་སྣང་བ་མེད་པའི་ཕྱིར་རོ། །ཡོད་མེད་གང་དུའང་ཁས་མི་ལེན་ཞེ་ན། དེ་ཤེས་མཁན་བདེན་པར་ཡོད་དམ་མེད། མེད་ན་ཁས་ལེན་མེད་པར་འཁྲུལ་ལ། ཡོད་ན་ཁས་ལེན་མེད་པ་ཉམས་སོ། །ཡང་དོན་དམ་མངོན་སུམ་དུ་རྟོགས་པའི་དུས་ན་སྣང་བ་ཡོད་དམ་མེད། ཡོད་ན་རྟོགས་པ་རང་མ་ཡིན་པར་ཐལ། ཅིའི་ཕྱིར་ན་སྣང་བ་ཀུན་རྫོབ་འཁྲུལ་སྣང་ཡིན་པའི་ཕྱིར་རོ། །སྣང་བ་ཡོད་ཀྱང་མ་འཁྲུལ་ན་ལྟོ་སྟེ་ཁྱབ་པ་མ་གྲུབ་ཅེ་ན། སྣང་བ་ཀུན་རྫོབ་མ་ཡིན་པར་ཐལ། འདོད་ན་སྣང་བ་ཀུན་རྫོབ་མ་ཡིན་པའི་དམ་བཅའ་ཉམས་མོ། །མེད་ན་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱང་འཁྲུལ་པར་ཐལ། འདོད་ན་སངས་རྒྱས་ཐོབ་པ་དོན་མེད་ལ། ཅིའི་ཕྱིར་ན་སྣང་བ་འཁྲུལ་སྣང་ཡིན་པ་ལ། ཐམས་ཅད་མཁྱེན་པས་སྣང་བ་མཁྱེན་པའི་ཕྱིར་རོ། །ཡང་སྣང་བ་ཡོད་ཀྱང་བདེན་འཛིན་མེད་པས་མ་འཁྲུལ་ལོ་ཞེ་ན། ཞེན་ཡུལ་ལ་འཁྲུལ་པ་མེད་ཀྱང་། སྣང་ཡུལ་ལ་འཁྲུལ་པའི་ལོག་ཤེས་ཡོད་པའི་སྐྱོན་འོང་ངོ་། །ཡང་། གོང་ལྟར་འདོད་ན། ད་ལྟར་གྱི་སྣང་བ་འདི་དོན་དམ་པའི་བདེན་པ་ཡིན་ནམ་མིན། ཡིན་ན་དོན་དམ་སྤྲོས་བྲལ་ལ་སོགས་པར་འདོད་པ་ཉམས་ལ། མིན་ན་སྣང་བ་འདི་བདེན་དངོས་སུ་ཐལ། ཅིའི་ཕྱིར་ན་དོན་དམ་སྤྲོས་བྲལ་ཡིན་ལ། སྣང་བ་འདི་དོན་དམ་མིན་པའི་ཕྱིར་རོ། །འདོད་ན་འགྲོ་དྲུག་གི་སྣང་བ་འདི་ཁོ་ན་ལྟར་བདེན་པའི་སྐྱོན་འོང་ངོ་། །འདི་ཉིད་ཀྱང་དོན་དམ་པའི་བདེན་པ་མིན་ལ། འདི་ལས་ལོག་ན་ཡང་དོན་དམ་པའི་བདེན་པ་མེད་དོ་ཞེ་ན། ཡང་སྣང་བ་བདེན་དངོས་སུ་ཐལ་བའི་སྐྱོན་སྔར་བཞིན་ནོ། །སྣང་བ་འདི་ཉིད་དོན་དམ་མིན་ཀྱང་། འདི་ལས་ལོག་ན་དོན་དམ་མེད་པས། འདི་ཉིད་བདེན་དངོས་མིན་ནོ་ཞེ་ན། ཤིན་ཏུ་ཡང་མི་རིག་སྟེ། འདི་ཉིད་ཀྱང་བདག་རྟག་པ་མིན་ལ། འདི་ལས་ལོག་ན་ཡང་བདག་རྟག་པ་མེད་པས། འདི་ཉིད་བདག་མེད་མིན་ཅིང་། བདག་རྟག་པ་ཡིན་ནོ་ཞེས་མགོ་མཚུངས་སོ། །གཉིས་པ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དམ། ཁས་ལེན་ཐམས་ཅད་དང་བྲལ་བ་ལ་སོགས་པ་གང་འདོད་ཀྱང་། དེ་ཤེས་མཁན་གྱི་རིགས་པ་དེ་འཁྲུལ་ལམ་མ་འཁྲུལ། མ་འཁྲུལ་ན་སྟོང་པ་ཉིད་དང་ཁས་ལེན་དང་བྲལ་བ་ལ་སོགས་པ་རང་མི་བདེན་པར་ཐལ། ཅིའི་ཕྱིར་ན་རིགས་ཤེས་མ་འཁྲུལ་ཅིང་བདེན་པའི་ཕྱིར་རོ། །འདོད་ན་གོང་གི་དམ་བཅའ་ཉམས་སོ། །གལ་ཏེ་རིགས་ཤེས་བདེན་པ་ཀས་སྟོང་པ་ཉིད་ལ་སོགས་པ་བདེན་པ་ཡིན་ནོ་ཞེ་ན། ཤེས་བྱེད་བདེན་ན་ཤེས་བྱ་ཡང་བདེན་པས། སྟོང་ཉིད་དམ་ཁས་ལེན་བྲལ་བ་ཉམས་སོ། །དཔེར་ན་ཚུར་ཀ་བདེན་པས་ཕར་ཀ་ཡང་ཡོད་པ་བཞིན་ནོ། །འཁྲུལ་ན་སྟོང་ཉིད་དང་སྤྲོས་བྲལ་ལ་སོགས་པ་རང་མི་བདེན་པར་ཐལ། ཅིའི་ཕྱིར་ན་ཤེས་མཁན་མི་བདེན་པའི་ཕྱིར་རོ། །གལ་ཏེ་སྟོང་ཉིད་ཤེས་མཁན་དེ་འཁྲུལ་མ་འཁྲུལ་གྱི་དམིགས་མི་ཤེས་ན། ཤེས་བྱ་ཡང་སྟོང་ཉིད་ལ་སོགས་པར་མི་ཤེས་ཤིང་། སྐྱེ་བོ་ཉིད་དང་མཚུངས་སོ། །གསུམ་པ་གཞུང་ཕྱི་མོ་ནི། ཡང་དག་གི་དོན་དམ་གཉིས་སུ་མེད་ཀྱང་། འདི་ལྟར་སྣང་བ་འདི་ཀུན་རྫོབ་འཁྲུལ་པར་འདོད་པས་གཉིས་འཛིན་གྱི་མཐའ་དང་མ་བྲལ་བའོ། །དེ་ཡང་ད་ལྟར་གྱི་སྣང་བ་འདི་ཉིད་དོན་དམ་པའི་བདེན་པའམ། ཆོས་ཀྱི་སྐུ་ཡིན་ནམ་མིན། ཡིན་ན་ཀུན་རྫོབ་འཁྲུལ་པར་འདོད་པ་འགལ་ལ། མིན་ན་གོང་གི་སྐྱོན་དེ་རྣམས་འདིར་ཡང་མཚུངས་སོ། །བཞི་པ་ལམ་ནི། དོན་དམ་དུ་གཉིས་སུ་མེད་ཀྱང་། ཀུན་རྫོབ་ཏུ་རྒྱུ་ལས་རྐྱེན་གྱིས་འབྲས་བུ་སངས་རྒྱས་འབྱུང་བར་འདོད་པ་ནི། འབྲས་བུ་འདུས་བྱས་སུ་འགྱུར་བ་ལ་སོགས་པའི་སྐྱོན་འོང་སྟེ། ཁོག་དབུབ་ཀྱི་སྐབས་སུ་དཔྱད་པའི་སྐྱོན་རྣམས་འོང་ངོ་། །ལྔ་པ་འབྲས་བུ་ནི། མཐའ་གཉིས་གོང་དུ་བཀག་པ་བཞིན་དང་། མཐའ་གཉིས་དང་བྲལ་བའི་འབྲས་བུ་ཡང་རྒྱུ་རྐྱེན་ལས་བྱུང་བས་འདུས་བྱས་སུ་ཐལ་བ་དང་། མཁྱེན་པ་གསུམ་ཡང་། ཇི་སྙེད་པ་དང་། ཇི་ལྟ་བ་གཉིས་དབྱེར་མེད་དུ་མཁྱེན་ཡང་། མཁྱེན་བྱ་མཁྱེན་བྱེད་གཉིས་སུ་མེད་པའི་མཁྱེན་པ་མིན་ཏེ། ཁམས་གསུམ་གྱི་སེམས་ཅན་མཁྱེན་པ་དེ། སངས་རྒྱས་ཀྱི་དགོངས་པའི་ངོ་བོར་མཁྱེན་ནམ་ཡུལ་དུ་མཁྱེན། སྔ་མ་ལྟར་ན་འཁོར་འདས་གཉིས་སུ་མེད་པས་རྒྱུ་ལས་འབྲས་བུ་བྱུང་བ་འགལ་ཞིང་། གསང་སྔགས་པའི་ཕྱོགས་གྲུབ་བོ། །ཕྱི་མ་ལྟར་ན་སངས་རྒྱས་གཟུང་འཛིན་ཅན་དུ་ཐལ་བའི་སྐྱོན་འོང་སྟེ། ཁོག་དབུབ་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་ཁྱད་པར་ནི། ལ་ལ་དག་གཞི་འབྲས་ལ་ཁྱད་པར་མེད། ཐབས་ལམ་གྱི་ཁྱད་པར་ཡོད་ཟེར་རོ། །དེ་མི་འཐད་དེ། ཤེས་བྱ་གཤིས་ཡིན་ཚུལ་ནས་འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱད་པར་མེད་པས་ལམ་ལ་ཁྱད་པར་ཡོད་པ་ཡང་འགལ་ལ། དེ་རྟོགས་ཤིང་མངོན་དུ་བྱེད་པའི་ཆ་ནས་གཞི་ལམ་འབྲས་བུ་གསུམ་ཀ་ལ་ཁྱད་པར་ཡོད་དེ། མཚན་ཉིད་དང་གསང་སྔགས་ཀྱི་སྒྲ་འཇུག་པའི་རྒྱུ་མཚན་དང་། དོན་གྱི་ཁྱད་པར་རོ། །དང་པོ་ནི། དོན་དམ་པར་ན་རྒྱུ་དང་འབྲས་བུ་གཉིས་སུ་མེད་ལ། ཀུན་རྫོབ་ཏུ་རྒྱུ་ལམ་དུ་བྱེད་ཅིང་། མཚན་ཉིད་མ་འདྲེས་པ་གཙོ་བོར་སྟོན་པ་ནི་རྒྱུ་མཚན་ཉིད་དོ། །འབྲས་བུ་ལམ་དུ་བྱེད་ཅིང་དབྱེར་མེད་གཙོ་བོར་སྟོན་པ་ནི་འབྲས་བུ་རྡོ་རྗེའི་ཐེག་པའོ། །དོན་གྱི་ཁྱད་པར་ནི། སུ་སི་སིདྡྷི་རི་ཀ་ར་ལས། དོན་གཅིག་ལ་ནི་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོ་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པས། དེའི་དོན་དགྲོལ་བར་བྱའོ། །ཡང་ཤེས་བྱ་གཞི་ལ་གཏིང་ཕྱིན་པར་རྟོགས་མ་རྟོགས་ཀྱི་ཁྱད་པར་དང་། འབྲས་བུ་ལམ་དུ་བྱེད་མི་བྱེད་ཀྱི་ཁྱད་པར་དང་། འབྲས་བུ་འདུས་བྱས་མ་བྱས་ཀྱི་ཁྱད་པར་རོ། །དེ་རྣམས་ཀྱི་ཁྱད་པར་རྒྱས་པར་རང་རང་གི་སྐབས་ནས་བཤད་པ་བཞིན་དུ་ཤེས་པར་བྱའོ། །བྱེ་བྲག་སོ་སོ་ནས་རྒྱས་པར་བཤད་པ་ནི། ཕྱི་པ་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །དང་པོ་ནི། མཚན་ཉིད་དང་། ཤན་དབྱེ་བ་དང་། བྱེ་བྲག་སོ་སོ་ནས་བཤད་པའོ། །དང་པོ་ནི། དེ་ཡང་དབྱིངས་དང་ཡེ་ཤེས་ཀྱི་ཁྱད་པར་དང་། དོན་དམ་ལས་སྣང་མི་སྣང་གི་ཁྱད་པར་དང་། ཀུན་རྫོབ་ལྷ་ཡིས་ཁྱད་པར་དུ་དཔག་པའོ། །ལ་ཤན་ལས། བཞི་གཉིས་སྤྲོས་བྲལ་ཆོས་ཀྱི་དབྱིངས། །རང་བཞིན་གྱིས་སྟོང་དེ་བཞིན་ཉིད། །གདོད་ནས་སྐྱེ་བ་མེད་པའི་ངང་། །རིགས་བཞིན་ངེས་པ་དོན་དམ་དངོས། །བླ་མེད་མི་གནས་ངེས་པར་སྟོན། །ཞེས་པ་སྟེ། དབུ་མའི་དོན་ནོ། །དེ་ཉིད་ལས་གསང་སྔགས་དཔག་ཚུལ་ནི། དེ་ཉིད་རང་རིག་ཁོ་ནའི་ཕྱིར། །སྟོང་ཉིད་ཡེ་ཤེས་ངོ་བོ་ལས། །བྱིན་རླབས་སྣང་བའི་གཞིར་གྱུར་པས། །ཡིད་བཞིན་ནོར་ལྟར་རིམ་སྣང་པའང་། །རྗེས་ཐོབ་ལ་སོགས་ཐེག་པའི་གཞུང་། །ཞེས་པས། དང་པོ་ནི། དབུ་མ་པ་དབྱིངས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ཤེས་བརྗོད་གཞལ་བྱ་ལས་འདས་པར་འདོད་པ་ལ། ཀྲི་ཡ་པས་ནི། རིག་པ་རང་གསལ་བས་དབྱིངས་ཡེ་ཤེས་གཉིས་སུ་མེད་ཅིང་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བ་དང་། ཡོ་ག་ནི་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རྣམ་པར་སྣང་མཛད་ཆེན་པོར་འདོད་པའོ། །གཉིས་པ་ནི། དབུ་མ་པ་དབྱིངས་དེ་ཉིད་དོན་དམ་པའི་བདེན་པ་ཡིན་པས་སྣང་བ་མེད་ལ། ཀྲི་ཡ་དེ་མ་རྟོག་པའི་སྐྱོན་གྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་སྣང་ལ། རྟོགས་པའི་ཡོན་ཏན་སྐུ་དང་ཡེ་ཤེས་སུ་སྣང་བའོ། །དེ་ཡང་དོན་དམ་ལ་སྣང་བ་གང་ཡང་འབྱུང་རུང་དུ་ཡོད་པའོ། །ཡོ་ག་ནི་དེའི་བྱིན་བརླབས་ཀྱིས་སྣང་བར་འདོད་ལ། དག་མ་དག་ནི་རྟོགས་མ་རྟོགས་གི་བྱེ་བྲག་གོ། །ཀུན་རྫོབ་ནི། ཀྲི་ཡ་བས་སྣང་ཚད་རིགས་གསུམ་ལྷའི་དལ་དུ་འདོད་ལ། ཡོ་ག་བ་རིགས་ལྔ་ལྷའི་དལ་དུ་འདོད་པས། དབུ་མ་བ་འཁྲུལ་པར་འདོད་པ་ལས་འཕགས་སོ། །བྱེ་བྲག་སོ་སོ་ནི། ཀྲི་ཡ་དང་། ཨུ་པ་ཡ་དང་། ཡོ་གའོ། །དང་པོ་ནི། ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །ལྟ་བ་ནི། དོན་དམ་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་དག་པ་མཐའ་བཞིའི་དྲི་མ་དང་བྲལ་བར་འདོད་ཅིང་། དེ་རྟོགས་པའི་ཡོན་ཏན་ཀུན་རྫོབ་རིགས་གསུམ་ལྷར་སྣང་བའོ། །ལ་ཤན་ལས། དམིགས་པ་ཕྲ་མོ་བྱ་བ་ཉིད། །རང་སེམས་མཐའ་བཞི་ཡོངས་བྲལ་བའོ། །རིག་ཕྱིར་ཡེ་ཤེས་གཞན་ལས་མིན། །ཞེས་པ་དང་། རྐྱེན་བསླང་སྣང་བའི་ཡེ་ཤེས་ཀྱིས། །མཐོང་བའི་དངོས་པོ་མཐོ་འཇམ་རྩུབ། །དྲུག་ཕྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བ་རྣམ་པར་དག་ཅེས་ལྟ། །ཞེས་གསུངས་སོ། །བསྒོམ་པ་ནི། གཅིག་ཆར་པ་དང་། རིམ་གྱིས་པ་གཉིས་ཏེ། སྔ་མ་ནི། ལྟ་བ་གཅིག་ཆར་དུ་རྟོགས་པས་བསྒོམ་པའང་ཅིག་ཆར་དུ་གྲོལ་ནས་འགྲོ་བར་ཡང་གསུངས་ཏེ། མི་གཡོ་བའི་རྟོག་པ་རྡོ་རྗེ་ཆེན་པོའི་རྒྱུད་ལས། སྣང་སྲིད་ཆོས་སྐུར་སེམས་ཀྱིས་གསལ། །འབྱུང་ཞིང་སེམས་ཀྱི་འདུ་འཕྲོ་བ། །ཡུལ་རྟོག་ཅིར་སྣང་ཅི་བྱུང་ཡང་། །དགག་ཅིང་སྤང་དུ་ཅིར་ཡང་མེད། །ཅེས་པ་དང་། རྟོག་པ་རགས་པའི་ངོ་བོ་འདི། །རིམ་གྱིས་སྦྱངས་པས་མི་འབྱོངས་ཏེ། །སེམས་ཀྱི་རང་བཞིན་ཤེས་པ་ལས། །སྐད་ཅིག་གིས་བསྟན་ཆོས་ཀྱི་སྐུ། །སེམས་ནི་མ་བཅོས་འོད་གསལ་བ། །ཅི་སྣང་ཅི་སྲིད་ཅི་བྱུང་ཡང་། །རང་བྱུང་རང་སྣང་ངང་གིས་མཐོང་། །ཞེས་གསུངས་སོ། །རིམ་གྱིས་པ་ལ་མཚན་མེད་དང་། མཚན་བཅས་ལྷ་བསྒོམ་པ་གཉིས་ལས། སྔ་མ་ནི། རྟོགས་པའི་ངང་ལ་བྱིང་རྒོད་ཀྱི་དབང་དུ་མ་ཤོར་བར་ཉམས་སུ་བླངས་པས། རིམ་གྱིས་རྟོགས་པའི་ཡེ་ཤེས་འཕེལ་ཏེ་སངས་རྒྱས་པར་གསུངས་སོ། །དེ་ཉིད་ལས། དེ་ལྟར་ཤེས་ནས་ཅི་ལ་ཡང་། །མི་བསམ་མ་ཡེངས་པར་བཞག་སྟེ། །བྱིང་རྒོད་དབང་དུ་མ་བཏང་ན། །རང་དབང་མེད་པར་དོན་རིག་ཅིང་། །ནང་ནས་ཡེ་ཤེས་འོད་ཤར་བའི། །སེམས་ལ་རིག་པའི་ཉམས་མྱོང་འཆར། །ཡུན་རིང་བར་ནི་གནས་པའི་མཐུས། །མི་གཡོའི་ཡེ་ཤེས་ཤུགས་ཀྱིས་སྐྱེ། །ཡེ་ནས་སངས་རྒྱས་ངོ་བོ་འདི། །ཐེ་ཚོམ་མེད་པར་མཐོང་བར་འགྱུར། །ཞེས་གསུངས་སོ། །མཚན་བཅས་ལྷ་བསྒོམ་པ་ནི། བདག་དམ་ཚིག་སེམས་དཔའ་དང་། ལྷ་ཡེ་ཤེས་སེམས་དཔའ་རྗེ་ཁོལ་གྱི་ཚུལ་དུ་བསྒོམ་ཞིང་། ཆོ་གའི་ཡན་ལག་བཅུ་གཅིག་གིས་བསྒོམ་ཞིང་བསྒྲུབ་པར་བྱེད་པའོ། །ལ་ཤན་ལས། གདེང་མ་ཆུད་པར་རིམ་ལྟ་ཞིང་། །སྣང་སྟོང་རིམ་གྱིས་བརྟན་པར་བྱེད། །ཞེས་པ་དང་། གཡུ་ཐང་ལས། མ་གྲུབ་ཚུལ་གནས་འཇིག་རྟེན་ཆོས། །མཐུན་པར་བྱ་ཕྱིར་རྗེ་ཁོལ་ལྟ། །ཞེས་གསུངས་སོ། །སྤྱོད་པ་ནི། ཁྲུས་དང་གཙང་སྦྲ་ལ་སོགས་པ་བྱེད་པར་གསུངས་ཏེ། གཡུ་ཐང་ལས། ཁྲུས་དང་གཙང་སྦྲའི་སྤྱོད་ལ་འབད། །ཅེས་པ་ལ་སོགས་པ་གསུངས་སོ། །འབྲས་བུ་ནི། ཀྲི་ཡ་རིགས་གསུམ་རྡོ་རྗེ་འཛིན་གྱིས་ཐོབ་པའོ། །མདོ་ལས། རིགས་ཀྱི་རྡོ་རྗེ་འཛིན་གནས་པའོ། །ཞེས་གསུངས་སོ། །ཨུ་པ་ཡ་ནི། ལྟ་བ་ཡོ་ག་དང་མཐུན་ལ། སྤྱོད་པ་ཀྲི་ཡ་དང་མཐུན་ནོ། །འབྲས་བུའི་རིགས་བཞི་རྡོ་རྗེ་འཆང་གི་ས་ཐོབ་པར་གསུངས་ཏེ། མདོ་ལས། བྱ་བ་དག་པའི་ལས་སྤྱད་དེ། །རྣལ་འབྱོར་རིག་འཛིན་མང་ལྡན་ན། །མི་གཡོ་སེམས་དཔའ་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པའོ། །ཞེས་པ་དང་། གཡུ་ཐང་ལས། གཉིས་ཀ་རྒྱུད་ཀྱི་འདོད་པ་ནི། །སྤྱོད་པ་བྱ་བའི་རྗེས་མཐུན་ལ། །ལྟ་བ་རྣལ་འབྱོར་རྗེས་མཐུན་ཕྱིར། །རིགས་དང་ལྟ་བ་ཁྱད་པར་འགྱུར། །ཞེས་སོ། །དེ་ཡང་ལྟ་སྤྱོད་མ་འབྲེལ་བ་ལ་སོགས་པའི་སྐྱོན་འོང་ཏེ། གོང་གི་རྗེས་སུ་མཐུན་ནོ། །ཡོ་ག་ཡང་། ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །ལྟ་བ་ནི། དོན་དམ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་མཐའ་བྲལ་ཆེན་པོ་ཆོས་ཀྱི་སྐུར་བསྟན་པ་དང་། དེ་ཉིད་རྟོགས་པའི་བྱིན་བརླབས་ཀུན་རྫོབ་རིགས་ལྔ་རྡོ་རྗེ་དབྱིངས་ཀྱི་ལྷར་སྣང་བའོ། །ལ་ཤན་ལས། རྣལ་འབྱོར་གཉིས་དབང་སྨྲ་གཞུང་འདི། །ཐམས་ཅད་སེམས་ཀྱི་རླབས་སྣང་ཕྱིར། །དེ་ཉིད་མཐའ་སྟོང་རིག་གསལ་བས། །རྒྱུ་རྐྱེན་མ་བྱས་མཐའ་བྲལ་བའི། །རང་བཞིན་ཆོས་ཀྱི་སྐུ་ཉིད་དོ། །ཀུན་གཞི་སེམས་བདུན་ཚུལ་བཞིན་དུ། །ཆོས་ཀུན་སྣང་བའི་བྱིན་བརླབས་རིལ། །རྡོར་སོགས་རིགས་ལྔའི་དཀྱིལ་འཁོར་དུ། །སངས་མ་རྒྱས་པ་མེད་པ་ནི། །རང་བཞིན་སྡུག་པོ་བཀོད་པའོ། །ཞེས་སོ། །བསྒོམ་པ་ནི། རིམ་ཅིག་ཆར་གཉིས་ལས། ཅིག་ཆར་བ་ནི། རྟོགས་པའི་ངང་ལ་བསྒོམ་པའང་ཅིག་ཆར་དུ་བསྒོམ་པས་གྲོལ་བར་གསུངས་སོ། །རིམ་གྱིས་པ་ནི། མཚན་མེད་དང་། མཚན་བཅས་སོ། །མཚན་མེད་རྟོགས་པའི་དོན་ལ་ཉམས་སུ་ལེན་ཅིང་། ལམ་རིམ་པས་འཕེལ་ཚུལ་ལོ། །མཚན་བཅས་ལྷ་བསྒོམ་པའང་། བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའ་གྲོགས་པོའི་ཚུལ་དུ་ཆོ་གའི་ཡན་ལག་དགུས་ཉམས་སུ་ལེན་པའོ། །དེ་ཉིད་ལས། རྐྱེན་ལམ་རྣལ་འབྱོར་རྣམ་གཉིས་ཀྱིས། །མངོན་བྱས་ལྷུན་གྲུབ་རྣལ་འབྱོར་ནི། །བྱིན་བརླབས་ཡ་མཚན་བསམ་ཡས་ཀྱང་། །རྣལ་འབྱོར་གསལ་ན་མཉམ་པར་འདོད། །ཅེས་པ་དང་། གཡུ་ཐང་ལས། རང་རིག་དངོས་སྟོང་མཚན་མ་གཉིས། །དབྱེར་མེད་དབྱིངས་དང་ཡེ་ཤེས་ལས། །བྱིན་རླབས་རྡོ་རྗེ་དབྱིངས་འཕྲུལ་ལྷ། །ཤར་ལྷ་གྲོགས་པོའི་ཚུལ་དུ་མཆོད། །ཅེས་འབྱུང་ངོ་། །སྤྱོད་པ་ནི། ཏིང་ངེ་འཛིན་གཙོ་ཆེ་བར་གསུངས་ཏེ། དེ་ཉིད་ལས། སྤྱོད་པ་ཏིང་འཛིན་གཙོར་བྱེད་པའོ། །ཞེས་གསུངས་སོ། །འབྲས་བུ་ནི། རིགས་ལྔའི་སངས་རྒྱས་སྡུག་པོ་བཀོད་པའི་ས་ཐོབ་བོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། ཀྲི་ཡོག་སྡེ་གསུམ་བསྟན་པའི་ལེའུ་སྟེ། བཅུ་གསུམ་པའོ།།
༈ །།ནང་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ལ་བཞི་སྟེ། གསང་སྔགས་ཀྱི་ངོ་བོའམ་ངེས་ཚིག་བསྟན་པ་དང་། འོག་མ་རྣམས་དང་ཤན་དབྱེ་བ་དང་། ལམ་གྱི་མི་མཐུན་པའི་ཕྱོགས་གོལ་སྒྲིབ་བསལ་བ་དང་། རྟོགས་ནས་ཉམས་སུ་བླང་བའི་རིམ་པའོ། །སྔ་མ་ནི། ངོ་བོ་དང་ངེས་ཚིག་གཉིས་ལས། དང་པོ་གསང་སྔགས་ཀྱི་ངོ་བོ་ནི། སངས་རྒྱས་དང་སེམས་ཅན་ཀུན་གྱི་སྙིང་པོའམ། གསང་བ་དམ་པ་ཡིན་ཞིང་རྒྱལ་བ་ཀུན་གྱིས་དམ་པར་བསྔགས་པས་ན་གསང་སྔགས་སོ། །གཉིས་པ་ནི་བློ་ཐུན་མོང་པ་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པས་ན་གསང་བ། ཡོན་ཏན་ཐམས་ཅད་འབྱུང་བས་ན་སྔགས་སོ། །དང་པོ་ནི། མདོ་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གསང་སྔགས་གསང་བའི་སྙིང་པོ་འདི། །སངས་རྒྱས་སེམས་ཅན་ཀུན་གྱི་གསང་། །ཞེས་པ་དང་། འདི་ནི་གསང་བའི་སྙིང་པོ་སྟེ། །རྡོ་རྗེ་སེམས་དཔའ་དེ་ཁོ་ན། །ཉིད་དུ་ངེས་པའི་ངོ་བོ་ཡིན། །རྒྱལ་བ་ཀུན་གྱིས་དམ་པར་བསྔགས། །ཞེས་སོ། །ཕྱི་མ་ནི། གསང་བ་ཞེས་བྱ་བ་ནི། སྨྲར་མེད་པ་སྤྱོད་ཡུལ་དུ་མ་གྱུར་པ་ལ་བྱའོ། །སྔགས་ཞེས་བྱ་བ་ནི་ཡོན་ཏན་གྱི་འབྱུང་གནས་སུ་བརྗོད་པ་ལ་བྱའོ། །ཞེས་གསུངས་སོ། །གཉིས་པ་མདོ་སྡེ་ཕ་རོལ་ཏུ་ཕྱིན་པ་དང་ཡོ་ག་མན་ཆད་ནས་ཀྱང་ཐེག་པ་ཐོད་རྒལ་བ་གོང་ལྟར་ཅིག་ཆར་བ་འོང་པར་གསུང་པས། ཅིག་ཆར་བ་ནི་ཐེག་པ་རེ་རེའི་སྒོར་ཞུགས་ཀྱང་གང་གི་ཡང་ཕྱོགས་འཛིན་མེད་པར་མཉམ་པ་རིས་མེད་དུ་རྟོགས་ཤིང་གྲོལ་བར་གསུང་ནས་འདུག་པས། དེ་ཚོ་ལ་ཁྱད་པར་འདུག་པ་ནི་མ་སྤོགས་སོ། །ཐེག་པ་རང་རང་གི་གཞུང་ལུགས་ལ་བརྟེན་པའི་གཞི་ལམ་འབྲས་བུ་གསུམ་ཀ་ལ་ཁྱད་པར་ཡོད་དེ། རང་རང་གི་སྐབས་ནས་བཤད་པ་བཞིན་དང་། གོང་འོག་གི་དམིག་ཕྱེ་སྟེ་བཤད་ཅིང་སྟོན་པ་བཞིན་ནོ། །དེ་ལ་གཉིས་ཏེ། རྒྱུ་མཚན་ཉིད་དང་སྔགས་ནང་པ་ཤན་དབྱེ་བ་དང་། སྔགས་ཕྱི་ནང་གི་ཁྱད་པར་རོ། །སྔ་མ་ནི། ཁྱད་པར་མི་འདྲ་བ་དཔག་ཏུ་མེད་པ་གསུང་ཀྱང་། མདོ་ལས། ས་དང་རྣམ་ཐར་ལ་སྤྱད་པས། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །འདྲེན་པའི་ཐེག་པ་རྣམ་གསུམ་ལས། །གང་དག་རིམ་པར་བཀོད་ལགས་ན། །མཉམ་པར་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་ཚོལ་བའི། །ཐབས་མཆོག་དཔག་གིས་མི་ལངས་པའི། །ངེས་པའི་ཐེག་མཆོག་ཡོངས་མ་གསུང་། །ཞེས་པས། དེ་ལ་ཁྱད་པར་ནི། ཆོས་ཉིད་ལ་བླང་དོར་བྱེད་མི་བྱེད་ཀྱི་ཁྱད་པར་དང་། ལམ་བྱང་ཆུབ་གཞན་ནས་ཚོལ་མི་ཚོལ་གྱི་ཁྱད་པར་དང་། མཛད་པ་ཐབས་ཀྱི་ཁྱད་པར་དང་། དེ་བཞིན་དུ་འབྲས་བུའི་ཁྱད་པར་རོ། །སྔ་མ་ནི། མཚན་ཉིད་ཀྱི་མཐར་ཐུག་གི་སྐབས་ན་ཡང་རང་བཞིན་ནམ་དོན་དམ་དུ་སྐྱེ་བ་མེད་ཅིང་གཉིས་སུ་མེད་པར་འདོད་ཀྱང་། འཁྲུལ་སྣང་ངམ་ཀུན་རྫོབ་ཏུ་ཉོན་མོངས་དང་བྱང་ཆུབ་ཐ་དད་པར་འདོད་པས། སྤང་བླང་དང་མ་བྲལ་བའོ། །གསང་སྔགས་ནང་པ་ནི་སྤྱིར་འཁོར་འདས་གཉིས་མེད་པར་རང་བྱུང་གི་ཡེ་ཤེས་སུ་ལྷག་མ་མེད་པར་རྫོགས་ལ། བྱེ་བྲག་ཏུ་ཉོན་མོངས་པ་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་སྣང་བས་སྤང་བྱ་དང་གཉེན་པོ་མེད་པར་རང་སྣང་རང་གྲོལ་དུ་ཉམས་སུ་ལེན་པ་ཡིན་ཏེ། ལམ་རིམ་ལས། ཡུལ་དང་ཤེས་པར་སྣང་བ་ཡང་། །རང་བྱུང་ཡེ་ཤེས་རང་སྣང་ཟད། །ཞེས་པ་དང་། མདོ་ལས། ཉོན་མོངས་ཡེ་ཤེས་ལྔར་རྟོགས་པ། །ཇི་བཞིན་དེ་ལ་གཉིས་སུ་བསྒྲིབ། །རྟོག་དང་མི་རྟོགས་གཉིས་མེད་ན། །རྟོགས་པ་ཉིད་ཀྱང་ཡང་དག་ལམ། །ཞེས་པ་དང་། ཀློང་ཆེན་ལས། ཡེ་ཤེས་པས་ཀྱང་ཉོན་མོངས་གཙོ། །ཉོན་མོངས་འཆིང་བའི་ཞགས་པ་ཡིས། །རང་བྱུང་ཡེ་ཤེས་གཏན་ལ་འབེབས། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་ནི། རྒྱུ་མཚན་ཉིད་པ་དོན་དམ་གོང་ལྟར་འདོད་ཀྱང་། ད་ལྟར་སྣང་བ་འདི་ཉིད་འཁྲུལ་སྣང་ཀུན་རྫོབ་ཏུ་འདོད་ལ། སེམས་ཀྱང་རྒྱུའི་རྣམ་པ་ཙམ་དུ་འདོད་ཅིང་ལམ་ལ་བརྟེན་ནས་འབྲས་བུ་རྫོགས་སངས་རྒྱས་ཐོབ་པར་འདོད་པའོ། །གསང་སྔགས་ནི་ད་ལྟར་གྱི་སྣང་བ་འདི་ཉིད་ཆོས་ཉིད་རང་སྣང་ལ་བདེན་རྫུན་གཉིས་སུ་མེད་ཅིང་ཆོས་ཀུན་ཡེ་ནས་སངས་རྒྱས་པས། འབྲས་བུ་གཞན་ནས་མི་ཚོལ་ཞིང་དེ་ཉིད་རྟོགས་པས་མངོན་དུ་བྱེད་པའོ། །གསང་སྙིང་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །ཞེས་པ་ལ་སོགས་པ་རྒྱུད་ལུང་མན་ངག་གསུམ་ཀ་ནས་གསུངས་སོ། །གསུམ་པ་ཐབས་མཆོག་དཔག་གིས་མི་ལངས་པ་སྟེ། མདོ་ལས། ཐབས་མཁས་ཆེ་དང་མང་ཡས་ཡངས། །སྒྱུར་དང་རླབས་ཆེན་ཅིར་ཡང་སྟོན། །ཞེས་པས། ཐབས་མཁས་པ་ནི་ཕྱིན་ཅི་ལོག་གི་གདུལ་བྱ་ཐབས་སྣ་ཚོགས་ཀྱིས་བརྒྱུད་ནས་ཡང་དག་པའི་ལམ་ལ་འཛུད་པའོ། །ཆེ་བ་ནི་ཉོན་མོངས་པ་ཉིད་མ་སྤངས་པར་ལྟ་བ་དང་ཏིང་ངེ་འཛིན་དུ་ལྡན་པས། མངོན་དུ་སྤྱད་ན་ཡང་དག་པའི་ལམ་དུ་འགྱུར་བ་དང་། མང་བ་ནི་ཞི་རྒྱས་དབང་དྲག་བཞི་ལ་སོགས་པ་གང་ལ་གང་འདུལ་དུ་སྟོན་པའོ། །ཡས་པ་ནི་ཐབས་སྒོ་བསམ་གྱིས་མི་ཁྱབ་པས་དོན་མཛད་པའོ། །ཡངས་པ་ནི་ཉོན་མོངས་པ་སྤོང་བ་དང་མི་སྤོང་བ་ལ་སོགས་པ་གང་ཡང་བཀག་པ་མེད་པར་ཤོང་བའོ། །དེ་ལྟར་གཞི་ཤེས་བྱ་ཇི་ལྟ་བ་ཉིད་མངོན་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་ཡོད་པས། ལམ་ལ་ཡང་ཁྱད་ཡོད་དོ། །འབྲས་བུ་ཉིད་ལམ་དུ་བྱེད་ཅིང་ཐབས་སྒོ་དཔག་གིས་མི་ལངས་པ་བཞིན་ནོ། །འབྲས་བུ་ལ་ཡང་ཁྱད་ཡོད་དེ། ངོ་བོ་འདུས་བྱས་མ་བྱས་ཀྱི་ཁྱད་པར་དང་། སྤང་ཐོབ་ལྷག་མ་དང་བཅས་མ་བཅས་ཀྱི་ཁྱད་པར་རོ། །སྔ་མ་མཚན་ཉིད་ནི་རྒྱུ་ལམ་དུ་བྱས་པས་འདུས་བྱས་སུ་གྱུར་ལ། གསང་སྔགས་ནི་ཆོས་ཀུན་རང་བྱུང་གི་ཡེ་ཤེས་ཡིན་ལ་དེ་ཉིད་ཇི་ལྟ་བ་བཞིན་མངོན་དུ་གྱུར་པས་འདུས་མ་བྱས་པའོ། །ཕྱི་མ་མཚན་ཉིད་པ་ནི་ཤུགས་ཀྱིས་སྤང་བྱ་ལྷག་མ་དང་བཅས་པས། ཐོབ་བྱ་ལྷག་མ་དང་བཅས་པ་ཡིན་ཏེ། གོང་མའི་ཤུགས་ཀྱིས་ཤེས་པར་བྱའོ། །གསང་སྔགས་པ་ནི་འབྲས་བུ་སྐུ་གསུམ་གྲངས་མཐུན་ཡང་ངོ་བོས་ཁྱད་པར་ཡོད་ལ། དེ་ཡང་གནས་ལུགས་ཀུན་རྫོབ་ཏུ་ཡང་བདེན་པ་དབྱེར་མེད་དུས་གསུམ་འདུ་འབྲལ་མེད་པར་རྟོགས་པས་འབྲས་བུ་རྡོ་རྗེའི་སྐུ་མངོན་དུ་གྱུར་པའོ། །ཆོས་ཀུན་ནས་ཤེས་བྱ་ལྷག་མ་མེད་པར་འདུས་མ་བྱས་ཀྱི་ཡེ་ཤེས་ལྷུན་གྲུབ་བདག་ཉིད་ཆེན་པོར་རྟོགས་པས་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའོ། །རྒྱས་པར་རང་རང་གི་སྐབས་བཞིན་དུ་ཤེས་པར་བྱའོ། །སྔགས་ཕྱི་ནང་གི་ཁྱད་པར་ནི། ཕྱི་ནང་གི་རྒྱུ་མཚན་དང་། ཁྱད་པར་རོ། །དང་པོ་ནི། དོན་དམ་དབྱིངས་ཡེ་ཤེས་གཉིས་སུ་མེད་པ་ཙམ་ཞིག་ཅིག་རྟོགས་ཀྱང་ཆོས་ཀུན་བདག་ཉིད་ཆེན་པོར་མ་རྟོགས་པས། ལྷ་ཡེ་ཤེས་སེམས་དཔའ་ལ་དངོས་གྲུབ་རེ་ཞིག་སྤྱོད་པ་བླང་དོར་བྱེད་པ་ནི་ཕྱི་པའོ། །ཆོས་ཀུན་བདག་ཉིད་ཆེན་པོར་རྟོགས་པས་ལྷ་དང་དངོས་གྲུབ་ཀྱང་རིག་པའི་ཆོ་འཕྲུལ་ལས་མ་གཡོས་ཤིང་། སྤྱོད་པ་བླང་དོར་མེད་པར་དམ་རྫས་བདུད་རྩི་ལྔ་ལ་སོགས་པ་ལ་ལོངས་སྤྱོད་པ་ནི་ནང་པའོ། །གཉིས་པ་ནི། ཤེས་བྱ་གཞིའི་ཁྱད་པར་དང་། བགྲོད་པ་ལམ་གྱི་དང་། ཐོབ་པ་འབྲས་བུའིའོ། །དང་པོ་ནི། གཤིས་ཡིན་ཚུལ་ལ་ཁྱད་མེད་ལ་དེ་ཉིད་ཐེག་པའི་འདོད་ལུགས་ལ་ཁྱད་ཡོད་དེ། སྔགས་ཕྱི་བས་དོན་དམ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་རྣམ་པར་སྣང་མཛད་ལ་སོགས་པར་འདོད་ལ། ཀུན་རྫོབ་ནི་དེའི་བྱིན་བརླབས་དག་པ་དང་མ་དག་པ་གཉིས་སུ་འདོད་ཅིང་བདེན་པ་གཉིས་སུ་འདོད་པའོ། །ནང་པའི་མ་ཧཱ་ཡོ་ག་ཡང་བདེན་པ་གཉིས་མེད་སྤྱོད་ཡུལ་དང་བྲལ་ལ། ཀུན་རྫོབ་ཏུ་ཡང་འཁོར་འདས་གཉིས་སུ་མེད་པར་འདོད་པའོ། །ལམ་རིམ་ལས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་སོ། །ལམ་ནི་ལྟ་བ། བསྒོམ་པ། སྤྱོད་པའི་ཁྱད་པར་རོ། །དང་པོ་ནི། གཤིས་འདོད་ཚུལ་གྱི་ཁྱད་པར་བཞིན། དེ་རྟོགས་པའི་ལྟ་བ་ལ་ཡང་ཁྱད་པར་ཡོད་དེ། རང་རང་གི་སྐབས་ནས་བཤད་པ་བཞིན་ནོ། །བསྒོམ་པ་ནི་སྔགས་ཕྱི་པ་མཚན་མེད་དོན་དམ་གྱི་ཕྱོགས་སུ་ལྷུང་ལ། མཚན་བཅས་ཀུན་རྫོབ་ཀྱི་ཕྱོགས་སུ་ལྷུང་སྟེ། དེའང་དམ་ཚིག་དང་ཡེ་ཤེས་གཉིས་ཐ་དད་པར་འདོད་ཅིང་དངོས་གྲུབ་གཞན་ནས་རེ་བ་དང་བཅས་པའོ། །ནང་པའི་བདེན་པ་དབྱེར་མེད་བདག་ཉིད་ཆེན་པོར་རྟོགས་པས་ལྷ་ལ་སོགས་པ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་རང་སྣང་ཡིན་ཏེ། དངོས་གྲུབ་གཞན་ནས་རེ་བའི་རྩོལ་བ་མེད་པའོ། །སྤྱོད་པ་ནི་ཕྱི་པ་དག་མ་དག་གཉིས་སུ་ཕྱེས་ནས་བླང་དོར་རྩོལ་བ་དང་བཅས་པའོ། །ནང་པ་ནི་ཆོས་ཀུན་བདག་ཉིད་ཆེན་པོར་དབྱེར་མེད་པར་རྟོགས་པས་སྤྱོད་པ་བླང་དོར་མེད་པའོ། །འབྲས་བུ་ནི་གྲངས་རྫོགས་མ་རྫོགས་ཀྱི་ཁྱད་པར་དང་། ངོ་བོ་འདུས་བྱས་མ་བྱས་ཀྱི་དང་། དགོངས་པའི་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི། ཡོ་ག་པ་རིགས་ལྔ་ཐོབ་ཀྱང་སྐུ་གསུམ་ལས་མེད་པའོ། །ནང་པ་ནི་སྐུ་ལྔ་ལྷུན་གྲུབ་མངོན་དུ་གྱུར་པས་ཐོབ་བྱ་ལྷག་མ་མེད་པའོ། །གཉིས་པ་ནི། ཕྱི་པ་དངོས་གྲུབ་གཞན་ལས་རེ་ཞིང་རྩོལ་བས་སྒྲུབས་པས་འདུས་བྱས་ཡིན་ལ། ནང་པ་ནི་ཡེ་ནས་བདག་ཉིད་ཆེན་པོར་སངས་རྒྱས་པ་ཉིད་མངོན་དུ་གྱུར་པས་འདུས་མ་བྱས་པའོ། །གསུམ་པ་ནི། ཕྱི་པའི་དགོངས་པའི་ཚུལ་ནི་ངོ་བོ་གཅིག་ཀྱང་སྦྱངས་པའི་ཡེ་ཤེས་མ་འདྲེས་པར་འདོད་ལ། ནང་པ་ནི་ཐུན་མོང་མ་ཡིན་པའི་དབྱེར་མེད་ཆེན་པོ་མ་འདྲེས་ལ་ཡོངས་སུ་རྫོགས་པར་བཞུགས་སོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། གསང་སྔགས་ཀྱི་ངེས་ཚིག་དང་ཁྱད་པར་བསྟན་པའི་ལེའུ་སྟེ། བཅུ་བཞིའོ།།
༈ །།ལམ་གྱི་གོལ་སྒྲིབ་བསྟན་པ་ནི། གོལ་ས་དང་། བྱེ་བྲག་ཕྱེ་སྟེ་བསྟན་པའོ། །སྔ་མ་ནི། ཐིག་ལེ་ཀུན་གསལ་ལས། འོག་མས་གོང་མའི་དོན་མ་མཐོང་བས་སྒྲིབ་པ་ཡིན། །གོང་མས་འོག་མའི་ལས་སྤྱོད་གོལ་བ་ཡིན། །ཞེས་པ་དང་། ཀུན་བྱེད་ལས། ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་གཅིག་ལ། །གཅིག་ལ་རྣམ་པ་བསྒྲང་བས་གོལ་སྒྲིབ་བྱུང་། །བགྲོད་དུ་མེད་ལ་བགྲོད་པས་གོལ་ས་བྱུང་། །དམིགས་མེད་ལ་བལྟས་བསམ་མཐོང་སྒྲིབ་པ་བྱུང་། །ཞེས་པས། ལམ་ཡིན་ཡིན་འདྲ་ལ་མིན་པས་ན་གོལ་ས་གོང་མའི་དོན་མཐོང་དུ་མི་སྟེར་བས་ན་སྒྲིབ་པའོ། །གཉིས་པ་ནི། གོལ་ས་དང་། སྒྲིབ་པའོ། །སྔ་མ་ནི། ལྟ་བའི་གོལ་ས་དང་། བསྒོམ་པའི་དང་། སྤྱོད་པའི་དང་། འབྲས་བུའིའོ། །སྤྱིར་གོལ་ས་ལྟུང་བའི་སྒོ་དགུ་ལ་སོགས་པའོ། །ལྟ་བའི་གོལ་ས་ནི། མུ་སྟེགས་ཀྱི་ལྟ་བར་གོལ་བ་དང་། ཞོར་བྱུང་གི་མུ་སྟེགས་སུ་གོལ་བ་དང་། ཐེག་པ་འོག་མ་འོག་མ་གོང་མ་གོང་མའི་གོལ་ས་དང་ལམ་སྟེགས་སུ་བསྟན་པའོ། །མུ་སྟེགས་ནི་སྔར་བཤད་པ་བཞིན་ནོ། །ཞོར་བྱུང་ནི་སྤྱིར་དབུ་མའི་སྐབས་སུ་བཤད་པ་བཞིན་དེ་དང་། ཁྱད་པར་གསང་སྔགས་ཀྱི་འབྲས་བུ་ལམ་དུ་བྱེད་པ་དང་། སེམས་ཡིན་པ་དང་། བདག་ཉིད་ཆེན་པོ་ཡིན་པ་ལ་སོགས་པའི་གཞུང་ལས། ཕྱོགས་རེ་ཙམ་འདྲ་བ་ལ་དོན་ལོག་པར་གོ་སྟེ། མུ་སྟེགས་གྲངས་ཅན་པ་དང་། དབང་ཕྱུག་པ་དང་། རིགས་བྱེད་ཀྱི་མཐའ་གསང་བར་སྨྲ་བའི་སྡེ་པ་ལ་སོགས་པའི་འདོད་པ་དང་མཐུན་པར་གོལ་བ་རྣམས་ཀྱི་དམིགས་ཤེས་པར་བྱས་ལ་གོལ་ས་བཅད་དོ། །ཧྲིལ་དྲིལ་ན་གྲུབ་པ་མཐའ་ལས་ལོག་ཅིང་གོལ་བ་བཞི་སྟེ། ཆོས་ཐམས་ཅད་དགོས་ཆེད་དང་དགོངས་གཞིས་མཐའ་བཞི་རང་གྲོལ་དུ་གསུང་པ་ལ། ཞེ་འདོད་ཀྱིས་ཕྱོགས་རེར་བཟུང་ཞིང་གོལ་བ་ནི། སྟོང་ཉིད་ཐལ་དྲགས་ཆད་པར་གོལ་བ་དང་། ཆོས་ཉིད་ཐལ་དྲགས་དངོས་པོར་དང་། བདེན་གཉིས་ཐལ་དྲགས་གཟུང་འཛིན་དུ་དང་། དབྱེར་མེད་ཐལ་དྲགས་མུར་རྟུག་མཐའ་ལ་ཐུག་པའོ། །དང་པོ་ནི། དགོས་ཆེད་དང་དགོངས་གཞིས་ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་བཞིན་མེད་ལ་སོགས་པ་གསུང་པ་ཡིན་ཏེ། དགོས་ཆེད་ནི་འགྲོ་དྲུག་ཨ་འཐས་ཞེན་པ་རང་ཁ་མའི་འཛིན་པ་དགྲོལ་བ་དང་། དགོངས་གཞི་ནི་ཆོས་ཀུན་སེམས་ཉིད་རང་སྣང་ལ་དངོས་པོ་དང་མཚན་མས་སེལ་མེད་པ་ལ་དགོངས་ནས་གསུངས་པའོ། །དེ་ལྟར་མ་ཤེས་ཏེ་ཡང་དག་པར་རམ་ཕུག་སྟོང་པ་ཅང་མེད་དུ་འདོད་པ་ནི་མུ་སྟེགས་ཆད་པའི་མཐར་གོལ་བ་ཡིན་ཏེ། གང་གི་དབུ་མའི་སྐབས་ནས་བཤད་པ་བཞིན་དང་། ནམ་མཁའ་ཀློང་ཡངས་ལས། སྟོང་པར་བརྟག་པ་དོན་ལས་འཁྲུལ། །མུ་སྟེགས་ཆད་པར་ལྟ་བ་དང་། །ཚིག་ལ་ཁྱད་ཡོད་དོན་ལ་མེད། །ཞེས་པ་དང་། མདོ་ལས། སྟོང་པ་ཉིད་དུ་མུ་ཆད་པས། །ཆད་པའི་ཁམས་ཆེན་ཉིད་དུ་འགྱུར། །དེ་ནས་སླར་ཡང་འཕོས་པ་ཡིས། །གྲོལ་ཐལ་ལམ་ནི་ཆད་པར་འགྱུར། །ཞེས་པ་དང་། གསང་ཐིག་ལས། ཐམས་ཅད་གདོད་ནས་དག་པས་བློ་ཡུལ་མིན། །དེ་ནི་ཆད་པའི་མཐའ་སྟེ་གྲོལ་བ་མེད། །ཅེས་པ་དང་། གང་ཡང་ཡོད་པ་མ་ཡིན་ཏེ། །ཅི་སྐད་སྨྲས་ཀྱང་སྒྲོ་བཏགས་ཡིན། །དོན་གྱི་ངོ་བོ་ཅི་ཡང་མེད། །ཅི་མེད་སྐྱེ་མེད་ཕྱལ་པར་ཆད། །ཅེས་པ་ལ་སོགས་པ་བཀའ་རྒྱུད་དུ་མ་ནས་དེ་ཉིད་གོལ་ཞིང་དམྱལ་བར་འགྲོ་བར་གསུང་ཏེ། བྲི་ཡིས་མི་ལངས་པས་དེ་ཉིད་དུ་བལྟ་བར་བྱའོ། །གཉིས་པ་ནི། དགོས་ཆེད་དང་དགོངས་གཞིས་ཆོས་ཀུན་ཡེ་ནས་སངས་རྒྱས་པར་བསྟན་པ་དང་། སྣང་བ་འདི་ཉིད་ཆོས་ཉིད་ཡིན་པ་ལ་སོགས་པར་གསུངས་ཏེ། དགོས་ཆེད་ནི་སངས་རྒྱས་གཞན་ནས་ཚོལ་བའི་གོལ་ས་དགག་ཅིང་སྣང་སེམས་གཉིས་མེད་ཆོས་སྐུ་ཆེན་པོར་ངོ་སྤྲད་པ་དང་། དགོངས་གཞི་ནི་ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་ཤིང་ཅིར་སྣང་ཆོས་ཉིད་རང་སྣང་བ་ལ་དགོངས་ནས་གསུངས་སོ། །དེ་ལ་འཁྲུལ་གྲོལ་གྱི་ཤན་མ་ཕྱེད་པར། གཉིས་འཛིན་རང་ཁ་མ་འདི་ཁོ་ན་ལྟར་སངས་རྒྱས་ཡིན་ཞེས་པ་ལ་སོགས་པ་ཚིག་ཙམ་ལ་དམ་པར་ལྟ་ཞིང་མཆོག་ཏུ་བཟུང་ནས། ཐེག་པ་གཞན་དང་གཞན་ཉམས་སུ་མྱོང་བ་རྣམས་ལ་ལྟ་བ་དམན་ཞེས་སྐུར་པ་འདེབས་པའོ། །གསང་ཐིག་ལས། ཆོས་དང་སེམས་གཉིས་སོ་སོར་མི་འགྱུར་བས། །དེ་ནི་རྟག་པའི་མཐའ་སྟེ་གྲོལ་བ་མེད། །ཅེས་པ་དང་། ནམ་མཁའ་ཀློང་ཡངས་ལས། རང་སེམས་རྒྱུན་གྱི་རྟག་པར་འདོད། །བདག་ཏུ་ཁས་ལེན་མུ་སྟེགས་དང་། །ཚིག་ལ་ཁྱད་ཡོད་དོན་ལ་མེད། །ཅེས་པ་དང་། ཡེ་ཤེས་གསང་བ་ལས། ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན། །མ་བཅོས་རང་སྣང་རོལ་པ་དང་། །རྣམ་རྟོག་ཞེན་པའི་བརྟག་པ་དག །བྱེ་བྲག་མ་ཕྱེད་རྨོངས་པའི་བློས། །རྡོ་ལ་གསེར་དུ་འཛིན་པ་བཞིན། །འོད་གསལ་ལྷུན་གྲུབ་རང་སྣང་དང་། །བརྟག་པའི་ཞེན་པ་བསྲེས་ནས་སྨྲ། །མ་བཅོས་རིག་པའི་གདེང་མེད་པར། །ལྟ་བ་ཡང་རབ་མཐོ་འདོད་པ། །བབ་ཆོལ་འདོད་ལྔ་སྤྱོད་པས་ལོག །དེ་ཡི་དུས་ཀྱི་གང་ཟག་རྣམས། །སྦྲེལ་མ་གཡང་དུ་ལྷུང་བ་བཞིན། །རྡོ་རྗེའི་ཁབ་ཏུ་ལྷུང་གྱུར་ནས། །བྱང་ཆུབ་སེམས་ཀྱི་རིགས་དང་བྲལ། །ཅེས་གསུངས་སོ། །གསུམ་པ་ནི། དགོས་ཆེད་དང་དགོངས་གཞིས་བདེན་པ་གཉིས་སུ་གསུངས་པ་ཡིན་ཏེ། དགོས་ཆེད་ནི་བདག་དང་བདག་གི་དངོས་པོར་འཛིན་པའི་མདུད་པ་དགྲོལ་ཞིང་བདག་མེད་དམ་སྟོང་ཉིད་ཀྱི་དོན་རྟོགས་པར་བྱ་བ་དང་། དགོངས་གཞི་ནི་སྣང་བ་འདི་ལ་བདག་དང་བདག་གིར་ཕྱོགས་སུ་བཟུང་བའི་ཆ་ནས་ཀུན་རྫོབ། དེ་ཉིད་བདག་གམ་བདག་གིས་སྟོང་ཞིང་ཕྱོགས་མེད་རང་སྣང་བའི་ཆ་ནས་དོན་དམ་ཞེས་གསུངས་སོ། །དེ་ལྟར་མ་རྟོགས་དེ་སྣང་བ་འདི་ཉིད་དོན་དམ་མིན་ལ། འདིའི་རང་བཞིན་དོན་དམ་ཡིན་ཅེས་པ་ལ་སོགས་པ་འདི་དང་འདིའི་རང་བཞིན་དུ་ཕྱེ་ནས་ཡིན་མིན་དུ་འདོད་པའོ། །གསང་ཐིག་ལས། གཟུང་འཛིན་གཉིས་མེད་ཆོས་ཉིད་ལ། །ཕྲ་བ་ཙམ་ནི་བརྟག་པ་སྟེ། །བཏགས་པའི་གྲུབ་མཐའ་ཐམས་ཅད་ཀྱིས། །ཡང་དག་རྟོགས་པར་མི་འགྱུར་རོ། །ཞེས་པ་དང་། མདོ་ལས། ཆོས་གང་སེམས་ཀྱི་དེ་ཉིད་ལས། །གཉིས་དང་མཐའ་རུ་གང་ལྟ་བ། །མ་རིག་འཁྲུལ་པས་ཕྱིན་ཅི་ལོག །ཅེས་པ་དང་། བརྒལ་ལེན་ལས། དོན་དམ་ཀུན་རྫོབ་གཉིས་ཕྱེ་ནས། །དོན་དམ་པ་ཡི་རྣམ་གྲངས་སྐྱེ་མེད་དང་། །གཉིས་མེད་བསམ་འདས་བརྗོད་དང་ཐ་སྙད་བྲལ་ལ་སོགས། །དེ་ཀུན་ཐམས་ཅད་བློ་ཡི་ཡུལ་ཏེ་བྱང་ཆུབ་གེགས། །ཞེས་སོ། །བཞི་པ་ནི། ཆོས་ཐམས་ཅད་དགོས་ཆེད་དང་དགོངས་གཞི་གཉིས་མེད་དང་དབྱེར་མེད་ལ་སོགས་པ་གསུངས་པ་ཡིན་ཏེ། དགོས་ཆེད་ནི། གཟུང་འཛིན་དང་བླང་དོར་ལ་སོགས་པའི་གོལ་ས་དགག་ཅིང་ཡུལ་སེམས་གཉིས་སུ་མེད་པར་རྟོགས་པར་བྱ་བ་དང་། དགོངས་གཞི་ནི་ཆོས་ཀུན་སེམས་ཉིད་རང་སྣང་ལ་གཟུང་འཛིན་ལ་སོགས་པ་ཡིན་མིན་གྱི་སེལ་མེད་པ་ལ་དགོངས་པའོ། །དེ་ལྟར་མ་རྟོག་སྟེ་སྣང་སྟོང་དང་བཟང་ངན་ལ་སོགས་པ་གཅིག་ཏུ་འདྲེས་ནས། མེད་པར་འདོད་ཅིང་མ་འདྲེས་པའི་སྣང་བ་འཁྲུལ་པར་འདོད་པའོ། །གསང་ཐིག་ལས། བདག་གཞན་ཡོད་མེད་ལ་སོགས་ཀྱི། །འདུ་ཤེས་གང་དུ་ཡང་མི་སྐྱེ་སྟེ། །མི་སྐྱེ་བར་ཡང་འདོད་པ་མེད། །ཡོད་མིན་མེད་མིན་མུར་རྟུག་ཆད། །ཅེས་པ་དང་། མདོ་ལས། ཀུན་ཏུ་མ་འདྲེས་མི་ཤེས་པར། །བཟང་པོའི་ཚིག་ལ་བློ་གཏད་ནས། །ཀུན་ཏུ་བཟང་པོར་ཁས་ལེན་པ། །མུན་པའི་སྐྱེས་བུ་ཉིད་དུ་ལྷུང་། །ཞེས་པ་དང་། བརྒལ་ལན་ལས། གཉིས་གཅིག་གཉིས་མེད་བྱས་ནས་དེ་རང་གཉིས། །ཅི་སྟེ་གཉིས་དང་གཉིས་མེད་བྱ་བྱེད་འབྱུང་། །བྱས་པའི་གཉིས་མེད་དེ་ཡང་འཁྲུལ་པའི་བློ། །དེ་བས་ཐུན་མོང་མ་ཡིན་གཉིས་མེད་དེ། །གསང་སྔགས་ཞེས་སུ་རྡོ་རྗེས་སེམས་དཔས་གསུང་། །ཞེས་སོ། །ཐིག་པ་འོག་མ་འོག་མ་གོང་མ་གོང་མའི་ལམ་སྟེགས་དང་གོལ་སར་བསྟན་པ་ལ་གཉིས་སྟེ། གོལ་ས་དང་། ལམ་སྟེགས་སོ། །སྔ་མ་ཐེག་པ་གོང་མའི་ལམ་ལ་ཞུགས་ནས་འོག་མའི་ལྟ་བ་ལས་མ་རྟོགས་པར། གོང་མར་རློམ་པ་ནི་གོང་མ་ལ་སྒྲིབ་ཤིང་འོག་མར་གོལ་བ་ཡིན་ཏེ། མདོ་ལས། ས་དང་རྣམ་ཐར་ལ་སོགས་པ། །ཆོས་ཀུན་བྱང་ཆུབ་དཀར་པོའི་ཕྱོགས། །གོལ་སྒྲིབ་ཆེན་པོ་ཉིད་དུ་འགྱུར། །ཞེས་པ་དང་། མདོ་ལམ་རིམ་ལས། མུན་པའི་ཤེས་དང་ལོག་སྲེད་དང་། །བྱིས་པའི་ཤེས་དང་ཕྱོགས་རིག་ཤེས། །མཐའ་དབུས་འབྱེད་པའི་ཤེས་པ་རྣམས། །དམ་པ་ཉིད་ཀྱི་གོལ་སར་འགྱུར། །ཅེས་པ་དང་། བྱང་སེམས་ལས། གོང་མར་སེམས་བསྐྱེད་འོག་མའི་སྙིང་རྗེ་སྤྱོད། །འོག་མ་ལ་ཉམས་འོག་མའི་ལམ་དུ་གོལ། །ཞེས་པ་ལ་སོགས་པ་ཐེག་པ་གོང་མ་ལ་ལྟོས་ནས་འོག་མ་རྣམས་གོལ་བར་བཀའ་བརྒྱུད་ཐམས་ཅད་ནས་གསུངས་སོ། །གཉིས་པ་ནི། འོག་མ་འོག་མ་ལ་སྦྱངས་ནས་རིམ་གྱིས་གོང་མ་གོང་མ་ལ་མོས་ཤིང་འཇུག་པ་ནི་ལམ་སྟེགས་སུ་འགྲོ་བར་གསུངས་ཏེ། མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་པ་དང་། གསང་སྙིང་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བའི་སྙིང་པོར་འགྲོ་བའི་ལམ། །ཞེས་པ་དང་། ལམ་རིམ་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ལམ་སྟེགས་མངོན་དུ་རྫོགས་པར་སྦྱོར། །ཞེས་སོ། །བསྒོམ་པའི་གོལ་ས་ནི། ལྟ་བ་ལོག་པའི་རྗེས་སུ་བསྒོམ་པ་དང་། ལྟ་མེད་ལོག་པའི་བསྒོམ་པ་དང་། ཐེག་པ་འོག་མའི་བསྒོམ་པ་གོང་མའི་གོལ་ས་དང་། ལམ་སྟེགས་སུ་འགྲོ་བ་གོང་སྐབས་བཞིན་ཤེས་པར་བྱའོ། །དང་པོ་ནི། མུ་སྟེགས་དང་ཞོར་བྱུང་ལ་སོགས་པ་ལྟ་བ་ལོག་པའི་རྗེས་སུ་བསྒོམ་པ་རྣམས་ཡིན་ཏེ། གོང་ལྟར་དམིགས་ཤེས་པར་བྱའོ། །གཉིས་པ་ནི། ལྟ་བ་བདག་མེད་ལ་སོགས་པའི་དོན་མ་རྟོག་པས། བསམ་གཏན་ཉམས་ལ་ལོག་པ་བཞི་སྟེ། དྲན་པ་རྒྱུན་འགོག་འདུ་ཤེས་མེད་པའི་བསྒོམ་པ་དང་། སྣང་བ་རྒྱས་འདེབས་ཡིད་དཔྱོད་བློའི་སྒོམ་པ་དང་། བདེ་གསལ་ཉམས་ཞེན་བསམ་གཏན་བཞིའི་བསྒོམ་པ་དང་། ཅང་མེད་སྟོང་བསྒོམ་སྐྱེ་མཆེད་མུ་བཞིའི་བསྒོམ་པའོ། །དང་པོ་ནི། ནམ་མཁའ་ཀློང་ཡངས་ལས། བདེ་སྡུག་མ་དྲན་བཏང་སྙོམས་ནི། །ཞི་གནས་མ་རིག་གཏི་མུག་སྟེ། །གང་གི་བློ་ཡང་མ་ཞུགས་པས། །དགེ་སྡིག་གཉིས་སུ་ལུང་མ་བསྟན། །ཞེས་པ་དང་། གསང་ཐིག་ལས། གཉིས་མེད་མ་རྟོག་དྲན་རྟོག་མེད་པ་བསྒོམ། །འདུ་ཤེས་མེད་པའི་ཁྲོད་དུ་དེ་སྐྱེ་ངེས། །ཞེས་སོ། །གཉིས་པ་ནི། བརྒལ་ལན་ལས། རང་དང་སྣང་སྲིད་དབྱེར་མེད་པར། །རྟོགས་ནས་བློ་ཡུལ་མ་ཟད་ན། །བདག་གིས་བློ་ཡུལ་བྱས་པ་ཡིས། །ཉམས་བླང་ཐམས་ཅད་རང་ཉིད་འཆིང་། །ཞེས་པ་དང་། ལམ་རིམ་ལས། གོང་གི་དོན་ལྟར་མ་རྟོགས་པར། །བློ་ངན་མཉམ་པར་ཁུང་ཕྱུང་ནས། །མ་རྟོག་ལེ་ལོ་སྙོམ་ལས་བྱས། །དེ་མ་གྲུབ་པར་ངན་སོང་འགྲོ། །ཞེས་པ་དང་། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པ། །བླུན་པོ་མུན་སྤྲུལ་བློ་ཅན་དེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་པ་དང་། གོང་གི་ལྟ་བ་གོལ་བའི་ལུང་རྣམས་ཀྱིས། རྗེས་སུ་བསྒོམ་པ་རྣམས་སོ། །གསུམ་པ་ནི་ལས་དང་གོལ་སའི་བསམ་གཏན་གྱིས་སྐབས་སུ་བཤད་པ་བཞིན་དང་། ནམ་མཁའ་ཀློང་ཡངས་ལས། རང་སེམས་མ་རྟོག་རྩོལ་བ་སྟེ། །ཡུལ་གྱི་འབྱུང་བ་སེམས་བསྡུས་ནས། །གསལ་སྟོང་མཉམ་བཞག་དོན་ཚོལ་བས། །དུག་ལྔ་བསྒོམ་པའི་གང་ཟག་དེ། །བྱིང་རྒོད་འཕྲང་དོག་བྱ་ར་མཁན། །ལྟ་བར་མ་ཤེས་གཏི་མུག་སྟེ། །གསལ་ལ་མི་རྟོག་འདོད་ཆགས་བསྒོམ། །བདེ་ལ་ཞེན་པའི་ང་རྒྱལ་ཅན། །ཉོན་མོངས་སྤོངས་པའི་ཞེ་སྡང་གིས། །རྩ་དང་ཐིག་ལེ་ཐབས་བསྒོམ་ནས། །ཡུལ་ལ་དམིགས་པའི་བསྒོམ་པའོ། །ཞེས་གསུངས་སོ། །བཞི་པ་ནི། གསང་ཐིག་ལས། ནམ་མཁའ་ལྟ་བུའི་ཆོས་རྣམས་མཐའ་བྲལ་བསྒོམ། །མཐའ་བྲལ་འདོད་པ་མཐའ་སྟེ་ནམ་མཁའ་མཐའ་ཡས་སྐྱེ། །ཞེས་པ་དང་། འདི་བསྒོམ་ངེས་མེད་གཅིག་དང་དུ་མ་བྲལ། །བསྒོམ་མེད་འདི་བློ་ཅི་ཡང་མེད་པར་སྐྱེ། །ཞེས་པ་དང་། ཐམས་ཅད་སེམས་ཡིན་ཅིར་སྣང་ཅིར་མེད་ན། །རྣམ་ཤེས་མཐའ་ཡས་གནས་སུ་དེ་སྐྱེ་ངེས། །ཞེས་པ་དང་། བདག་གཞན་ཡོད་མེད་ལ་སོགས་ཀྱི། །འདུ་ཤེས་གང་དུ་མི་སྐྱེ་སྟེ། །མི་སྐྱེ་བར་ཡང་འདོད་པ་མིན། །ཡོད་མིན་མེད་མིན་མུར་ཏུག་ཆད། །ཅེས་པ་ལ་སོགས་པ་རྒྱུད་ལུང་མན་ངག་དུ་མ་ལས་གསུངས་སོ། །དེའི་དབྱེ་བ་ནི་གོང་བཞིན་ནོ། །དེ་ཡང་སྒྲ་མཐུན་དོན་དཔགས་ཀྱིས་བྱེ་བྲག་ཤེས་པར་བྱའོ། །སྤྱོད་པ་ནི་ལྟ་བ་ལོགས་པའི་རྗེས་སུ་སྤྱོད་པ་དང་། ཐེག་པ་འོག་མའི་སྤྱོད་པར་གོལ་བའོ། །སྔ་མ་ནི་མུ་སྟེགས་ཀྱི་སྤྱོད་པའི་རྗེས་སུ་གོལ་བ་དང་། ཞོར་བྱུང་གི་སྤྱོད་པ་ལོག་པར་གོལ་བའོ། །སྔ་མ་ནི་གོང་གིས་འགྲེའོ། །གཉིས་པ་ནི། སྤྱིར་ལས་རྒྱུ་འབྲས་ཁྱད་དུ་གསོད་ཅིང་དགེ་སྡིག་འཚོལ་བར་སྤྱོད་པ་དང་། ཆོས་བརྒྱད་ཀྱིས་ཀུན་ནས་བསླང་སྟེ། ཚུལ་འཆོས་ཀྱིས་རང་བཟང་བཟང་པོ་དང་། བཙུན་བཙུན་པོར་འདོད་ཀྱང་། རང་འཆིང་ཞིང་གཞན་ལ་གནོད་པ་དང་། དུས་ཚོད་དང་མ་འབྲེལ་བའི་སྨྱོ་སྤྱོད་ལ་སོགས་བྱེད་པའོ། །བྱེ་བྲག་ཏུ་མཛད་པ་ཆོས་སྲོལ་ལས་ལོག་པ་དང་། བརྒྱུད་པ་བཀའ་བབ་ལས་ལོག་པའོ། །སྔ་མ་ལ་བཞི་སྟེ། བཀའ་ཟུང་རེ་ཟུངས་སུ་འཆད་པ་དང་། ཡོངས་སུ་གྲགས་རྟོག་ཚོགས་སུ་དང་། འགྲེལ་ཏིག་རྟེན་པའི་སྐོར་དུ་དང་། སྙན་རྒྱུད་ཐོ་ཏུར་འཆད་པའོ། །སྔ་མ་ནི། ཆོས་ཀྱི་རྒྱུས་མེད་པས་ཕྱོགས་གཅིག་ལ་དམ་པར་བལྟ་ཞིང་། རང་དང་མི་མཐུན་པ་རྣམས་ཆོས་མིན་ཞེས་སྐུར་པ་འདེབས་པ་སྟེ། དེ་ནི་ཆོས་སྤང་གི་ལས་ཀྱིས་ངན་འགྲོར་ལྟུང་བའོ། །རྣལ་འབྱོར་དོན་ཡོད་པ་སྤྱོད་པའི་རྒྱུད་ལས། ཐེག་པ་ལ་ཕྱོགས་རིས་སུ་བཟུང་ནས་སྨོད་པ་ནི། ཉམས་ཤིང་མནར་མེད་པར་འགྲོ་བར་གསུངས་སོ། །གཅན་འཕྲང་ལས། རྒྱལ་བའི་བཀའ་ལུང་ཕྱོགས་མེད་ལ། །མ་རྟོགས་ཕྱོགས་དང་རིས་བཟུང་ནས། །ཕྱོགས་རེ་རྒྱུ་འབྲས་བསྒྲུབ་བྱེད་ཀྱང་། །ཕྱོགས་མེད་རྒྱུ་འབྲས་མ་ཤེས་པས། །ཟབ་མོའི་རྒྱུ་འབྲས་སྐུར་འདེབས་ཤིང་། །རྒྱལ་བའི་བཀའ་ལ་སྨོད་ཅིང་སྤོང་། །དེ་ཡིས་བསྐལ་པར་དཀའ་སྤྱད་ཀྱང་། །བཀའ་སྤང་དོན་མེད་འཁོར་བར་འཁྱམས། །ཞེས་སོ། །གཉིས་པ་ནི། ལུང་མན་ངག་དང་ཉམས་མྱོང་གི་ཆུ་བོ་མེད་པར་གང་ཟག་གི་རྟོག་དཔྱོད་ཀྱིས་ཡིན་མིན་དུ་འཛིན་ཅིང་། ལུང་གི་ཆོས་ལ་རྟོག་གེས་བསྲེས་པ་ཡིན་ཏེ། མདོ་ལས། བསྟན་པ་ནམ་མཁའ་འདྲ་བ་ལ། །མོས་པ་ཐ་དད་པར་བཟུང་ནས། །ཡིན་དང་མ་ཡིན་ཆ་འཛིན་ཅིང་། །རྩོད་པ་འཕེལ་བར་མི་འགྱུར་རམ། །ཞེས་ཞུས་པས། སེམས་ཉིད་ཡོད་དང་མེད་དོ་ཞེས། །བྱིས་པ་རྣམས་ནི་རྩོད་པར་བྱེད། །མཁས་པ་ཡེ་ནས་རྩོད་དང་བྲལ། །ཡོད་མེད་རྟོག་པའི་ཚིག་མི་བརྗོད། །ཞེས་པ་དང་། ནམ་མཁའ་མཐའ་མཉམ་ལས། ཆོས་ལ་ཕྱོགས་རིས་བཟུང་བ་ཡིས། །རྩོད་པའི་ལས་སུ་གྱུར་པ་དང་། །ཞེས་པ་དང་། གཅན་འཕྲང་ལས། དམ་པའི་ཆོས་ལ་རྩོད་ཕྱིར་སློབ། །བརྩོན་བཅས་ང་རྒྱལ་ཉོན་མོངས་འཕེལ། །ལོག་རྟོག་ཕྱིར་རྒྱས་རྟོག་གེ་བསྲེས། །ཞེས་གསུངས་སོ། །གསུམ་པ་ནི། ཚིག་ཕྱིར་འབྲང་ནས་ཐ་སྙད་ལ་སོགས་པ་གཞུང་གི་ཚིག་མང་པོ་ཤེས་ཀྱང་རྟོགས་པ་དང་ཉམས་མྱོང་གི་བཅུད་མེད་པའོ། །བརྒལ་ལན་ལས། རྒྱུད་ཀྱི་དེ་ཉིད་མི་ཤེས་གཏམ་རྒྱུད་རླུང་གི་འཁོར་ལོ་བསྐོར། །ལུང་གི་དེ་ཉིད་མི་ཤེས་ལུང་རྒྱ་འདམ་ཕུར་འདྲ། །ཞེས་པ་དང་། མདོ་ལས། སྨྲ་བརྗོད་ཚིག་ལ་གང་དགའ་བ། །གང་གི་དགོངས་པ་དཔོག་མི་ནུས། །ཚིག་ཚོགས་རྒྱ་མཚོ་ཐོས་པ་མིན། །ཚིག་གཅིག་གོ་ན་ཐོས་པའི་མཆོག །ཅེས་གསུངས་སོ། །བཞི་པ་ནི། ཟབ་མོའི་གདམས་ངག་ལ་ཉམས་མྱོང་གི་དཔང་པོ་མེད་ཅིང་ཚིག་ཙམ་ལ་དམ་པར་བཟུང་ནས། རྒྱལ་བའི་བཀའ་རྒྱུད་ལ་སྨོད་ཅིང་སྤོང་བའོ། །མདོ་ལས། རྨད་བྱུང་གསང་བའི་སྙིང་པོ་འདི། །རྣལ་འབྱོར་དབང་ཕྱུག་ཚད་མ་རྣམས། །ཕལ་ཆེར་མི་གནས་སྐབས་དག་ཏུ། །མི་ཤེས་ངན་རྟོག་ཅན་རྣམས་ཀྱིས། །ལོག་རྟོག་དོན་བསླད་གཞུང་བོར་ཏེ། །ནོར་པས་བདག་ཉིད་སུན་འབྱིན་ཅིང་། །འདི་ཡིས་གཞན་རྟོག་མ་ཡིན་ཞེས། །བདག་བསྟོད་གཞན་ལ་སྨོད་པས་ལོག །དེ་ཡང་ཅི་ལྟ་བུ་ཞེ་ན། །བསྐལ་པ་དེ་ཡི་དུས་ཉིད་ལ། །རྣལ་འབྱོར་དཔའ་སྦྱིན་བྱ་བ་ཞིག །དོན་ལ་བློ་ཤེ་དམ་ཕྱེད་ཞིང་། །གྲོས་ཀྱི་ཐབས་ལ་མི་མཁས་པས། །བློ་གྲོས་ངེས་པའི་གཞུང་བོར་ནས། །ཆོས་མ་ཡིན་པའི་ཆོས་སྤྱོད་ཅིང་། །ངེས་པའི་གྲོས་ལྡན་གཞན་དག་ལ། །དེ་ལྟར་མ་ངེས་བློ་གྲོས་ནི། །བདག་གི་བློ་གྲོས་འདི་ཡིན་ཞེས། །མངོན་པའི་ང་རྒྱལ་ཆེར་སྤྱོད་པ། །དེ་ནི་སྲིད་པ་ལོག་པའི་ལམ། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །ཅེས་པ་དང་། རྣལ་འབྱོར་ཆོས་འབྱུང་ལས། །མན་ངག་ལུགས་ལ་ཕྱས་འདོགས་ཤིང་། །སྙན་ངག་སྡེབ་སྦྱོར་གླུ་དབྱངས་སློབ། །དེ་དག་སྤོང་བའི་དམྱལ་བར་འཚེད། །ཅེས་པ་དང་། གཅན་འཕྲང་ལས། མན་ངག་ངེས་དང་དྲོད་མེད་པར། །ང་ཡི་བཀའ་ལས་བཟང་བ་མེད། །དེ་སྐད་ཟེར་ཞིང་གཞན་བསླུ་ནས། །ཞེས་གསུངས་སོ། །གཉིས་པ་ལ་ཡང་བཞི་སྟེ། བཅོས་མ་སེལ་དང་བཅས་པ་དང་། བྱིན་བརླབས་ན་བུན་ཡལ་བའི་དང་། བར་ཆད་བདུད་ཀྱིས་ཁྱེར་བའི་དང་། བརྒྱུད་པའི་ཁུངས་གཞན་དུ་འབྱིན་པ་ཅན་ནོ། །དང་པོ་ནི། ཁུངས་ནས་ཁུངས་སུ་བརྒྱུད་པའི་གདམས་ངག་གི་དྲོད་མེད་པར། ཡིག་འཁྱམས་ལ་རང་བཟོས་བཅོས་ཏེ། ཟབ་མོ་ཡིན་ཞེས་གཞན་བསླུ་བར་བྱེད་པའོ། །རྣལ་འབྱོར་དོན་ཡོད་པ་སྤྱོད་པའི་རྒྱུད་ལས། དེ་བཞིན་གཤེགས་པའི་བཀའ་ལ་བཅོས་པ་དང་བསླད་པ་དང་དབྲི་བསྒྱུར་བྱས་ན། ཆོས་ཅི་བྱས་འབྲས་བུ་མེད་ཅིང་ཉམས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་བཀའ་ལ་ས་ཐོབ་པའི་རྣལ་འབྱོར་པ་ལྟ་ཅི་སྨོས་ཀྱིས། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཚིག་གི་སྒྲོ་སྐུར་མ་བཅུག་པའོ། །ཞེས་གསུངས་སོ། །གཅན་འཕྲང་ལས། མི་ཤེས་ལོག་པའི་བཤེས་གཉེན་ནི། །ཡང་དག་དོན་དང་མི་ལྡན་པར། །བཅོས་མས་དམ་པའི་ཚུལ་འཛིན་ཅིང་། །འདྲ་ཚུལ་ལོག་པར་སྟོན་པ་ནི། །དམ་པའི་མཛོད་གཉེར་མི་ལྡན་པས། །སྣོད་དང་མི་ལྟ་འདོད་པ་ཡིས། །ཕྲོག་པས་ལྐོག་ཏུ་བུ་རྣམས་ལ། །ཁྱད་པར་ཁྱོད་སྨིན་བྱའོ་ཞེས། །སྒྱུས་འདྲིད་ནོར་འབྲུ་བསླུ་བྱེད་ཅིང་། །ཁུངས་ཀྱི་དབང་ལུང་མ་ཐོབ་པར། །ཐང་ཐེད་ཟོང་དུ་བྱེད་པ་དང་། །ཁེ་དྲག་དབང་གྱུར་སྣོད་མིན་ལ། །བྱ་སྒྲོན་གཏོང་ཞིང་བཀའ་ལ་འཛུད། །ཅེས་གསུངས་པ་དང་། ནམ་མཁའ་ཀློང་ཡངས་ལས། གསང་བའི་མན་ངག་མ་གོ་བར། །སློབ་བུ་མ་བྱས་སློབ་དཔོན་རིགས། །ཁུངས་ནས་བརྒྱུད་པའི་མན་ངག་ལ། །མ་ནོར་ཡིན་པར་མི་བརྩི་བར། །རང་བཟོ་ཁ་ཚབ་ཆེ་བ་ལ། །ཡིད་ཆེས་བྱེད་ཅིང་དམ་པར་འཛིན། །ལྟ་དམན་རྣམས་ཀྱི་ངོ་བསྲུང་བྱེད། །ཅེས་གསུངས་སོ། །གཉིས་པ་ནི། བྱིན་བརླབས་ཀྱི་ན་བུན་དང་ཉམས་མྱོང་གི་ཆུ་རྒྱུན་ཆད་དེ། ཚིག་ཙམ་ལ་བརྟེན་ནས་བཤད་པའོ། །དེ་ཉིད་ལས། ཆོས་རྣམས་ཀུན་གྱི་རྩ་བ་ནི། །བླ་མ་དག་ལ་མ་བརྟེན་པར། །གསང་སྔགས་གསང་བའི་སྒོར་ཞུགས་ནས། །རང་དབང་མ་ཐོབ་གཞན་དབང་བསྐུར། །མཁས་པ་སྨོད་ཅིང་མཉམ་ལ་འགྲན། །རང་ལ་དོན་གྱི་གདེང་མེད་པར། །དྲེགས་ཤིང་ང་རྒྱལ་མཁས་འདོད་ནས། །ཚིག་ཙམ་ལུང་ལ་ཁུང་ཕྱུངས་ནས། །རྩལ་བཤད་ཐོ་ཅོས་གཞུང་ཉམས་བྱེད། །དམྱལ་བར་ངེས་འགྲོ་གཏན་དུ་འཁྱམས། །ཞེས་པ་དང་། གཅན་འཕྲང་ལས། བྱིན་རླབས་ཉམས་མྱོང་ཆུ་རྒྱུན་ཆད། །སློབ་དཔོན་མི་བརྟེན་དབང་མ་མནོས། །ཆོས་འཆང་བྱེད་པའི་རྣམ་སྨིན་ནི། །ལྕགས་ཀྱི་དྲ་བར་ལུས་བཅུག་ནས། །ཞེས་པ་ལ་སོགས་པ་གསུངས་སོ། །གསུམ་པ་ནི། བདུད་ཀྱིས་ཁྱེར་ཞིང་ཆོས་ལོག་སྟོན་པར་བྱེད་པ་སྟེ། མདོ་ལས། རྨོངས་པ་མུན་པར་གང་སྤྱོད་པ། །སྔགས་པས་བདུད་ཀྱི་ལས་བྱེད་དེ། །ཤི་ནས་དམྱལ་བར་ཆེན་པོ་འགྲོ། །ཞེས་པ་དང་། གཅན་འཕྲང་ལས། གང་ཟག་དམ་ཆོས་སྤྱོད་ན་ཡང་། །ཁེ་དྲགས་འདོད་ཅིང་ཚུལ་འཆོས་དང་། །ཆོས་ལོག་སྤྱོད་ཅིང་ལོག་ཆོས་ལ། །ཡིད་རང་འབུལ་ཞིང་ཆོས་ལོག་འཆད། །ཅེས་གསུངས་སོ། །བཞི་པ་ནི། བླ་མ་གྲགས་པ་ཆུང་བ་ལ་ཞུས་ནས་གྲགས་པ་ཆེ་བ་ལ་སོགས་པ་ལ་ཁུར་འབྱིན་པ་ཡིན་ཏེ། རྣལ་འབྱོར་དོན་ཡོད་པ་སྤྱོད་པའི་རྒྱུད་ལས། གཞན་མན་ངག་ཅན་ལ་ཞུས་ནས་ཁུར་གཞན་གྲགས་པ་ཆེ་བ་དང་རང་གང་དད་པ་ལ་འདོད་པ་ནི། སངས་རྒྱས་ཀྱིས་ཀྱང་རྣམ་པར་སྨིན་པ་ལ་བྲོས་པའི་ཐབས་མེད་ཅིང་། འབྲས་བུ་མནར་མེད་པའི་སེམས་ཅན་དམྱལ་བ་ལ་སོགས་པར་བསྐལ་པ་ཚད་ལས་འདས་པར་འདས་པ་འགྲོ་བར་གསུང་ནས་འདུག་པས་དེ་ཉིད་དུ་བལྟ་བར་བྱའོ། །གཅན་འཕྲང་ལས། གང་ཞིག་མན་ངག་ཁུང་སུབ་ཅིང་། །སྒྲ་ཕྱིར་ཁུངས་འབྱིན་ཆེ་ངག་ཅན། །བསྐལ་པ་བརྒྱད་ཁྲིར་སྡུག་བསྔལ་ཐོབ། །ཅེས་སོ། །འབྲས་བུའི་གོལ་ས་ནི། འཇིག་རྟེན་པ་དང་ལོག་པའི་ལྟ་བསྒོམ་སྤྱོད་པ་རྣམས་ཀྱིས་ནི། འཁོར་བ་ལས་མི་གྲོལ་ཞིང་ངན་སོང་དུ་འགྲོ་བར་གསུངས་ཏེ། གསང་ཐིག་ལས། ངེས་པའི་ཤེས་པ་མ་སྐྱེས་ཤིང་། །རང་རིག་ཚད་དང་མི་ལྡན་ཏེ། །གཟུང་འཛིན་མཚན་མ་མ་གྲོལ་བས། །རང་གིས་གར་སྐྱེ་མི་ཤེས་པར། །འོལ་ཕྱིར་ཕྱོགས་སུ་གང་བསྒོམ་ཀྱང་། །ལོང་བའི་གོམ་པ་བཞིན་ཏེ་ཕྱལ་བར་གོལ། །ཞེས་པ་དང་། མདོ་ལས། སྦས་པའི་དོན་རྣམས་སྒྲར་བསྒྱུར་ནས། །སྤྱོད་ཁེང་ཙམ་དུ་བྱེད་པ་རྣམས། །སྐུ་གསུང་ཐུགས་ཀྱི་བསླུ་བྱེད་ཡིན། །ཞེས་གསུངས་སོ། །ལུང་དེ་རྣམས་རེ་རེའི་ལུང་དུ་ཡང་དྲང་ཞིང་མ་འཁྲུལ་པར་ཤེས་པར་བྱའོ། །གཞན་ཡང་ལུང་དཔག་ཏུ་མེད་པ་ནས་གསུང་པས་དེ་ཉིད་དུ་བལྟ་བར་བྱའོ། །ཐེག་པ་འོག་མ་པ་གོང་མའི་གོལ་ས་དང་ལམ་སྟེགས་དང་རང་རང་གི་འབྲས་བུ་ཐོབ་པ་ནི་གོང་བཞིན་ནོ། །གོལ་སར་ལྟུང་བའི་སྒོ་དགུ་ནི། མདོ་བསྲེས་ལས། བདུད་དང་སྲིན་པོ་རཱུ་ཏྲ་དང་། །བགེགས་ཆེན་རྐྱེན་དང་ཤོ་གམ་གནས། །ལྷ་ཆེན་གནོད་སྦྱིན་མུ་སྟེགས་དང་། །དམྱལ་བར་ཆད་པས་ལྟུང་བའི་སྒོ། །ཞེས་པས། གཞན་གྱི་བསམ་སྦྱོར་བཟང་པོ་ལ་བར་དུ་གཅོད་ཅིང་བསམ་པ་ལོག་པས་བདུད་དུ་ལྟུང་བར་གསུང་ཏེ། རང་བྱུང་བདེ་བའི་འཁོར་ལོ་ལས། གཞན་གྱི་བསམ་སྦྱོར་བཟང་པོ་ལ། །བར་ཆད་བྱེད་པའི་བདུད་ཡིན་ཏེ། །མ་རྟོགས་སེར་སྣ་བྱེད་པ་ནི། །བདུད་ཀྱི་སྒོར་ལྟུང་འཁོར་བར་འཁྱམས། །ཞེས་སོ། །ཁྲོ་བོ་རང་རྒྱུད་དུ་བསྒོམ་ཞིང་ཆགས་སྡང་རང་ཁར་སྤྱད་པས་རག་ཤ་སྲིན་པོར་ལྟུང་སྟེ། མདོ་ལས། བདེ་གཤེགས་རྒྱལ་བ་བསྒོམ་ཟློས་པས། །ཆ་མཐུན་བཅོས་པའི་ཆོ་འཕྲུལ་ལྟར། །གང་གིས་དེར་བཏགས་དེར་རེར་ནས། །ལས་ཀྱི་སྲིན་པོའི་རིགས་འཛིན་ཡིན། །ཞེས་པ་དང་། རང་བྱུང་བདེ་བའི་འཁོར་ལོ་ལས། མཉམ་ཉིད་མ་རྟོགས་རང་རྒྱུད་དུ། །ཆགས་སྡང་ཕོ་ཚོད་སྤྱོད་པའི་ལམ། །དུག་ལྔ་རང་ཁར་སྤྱད་ཉེས་པས། །སྲིན་པོའི་སྒོར་ལྟུང་རྟག་ཏུ་འཁོར། །ཞེས་གསུངས་སོ། །ལྟ་བ་ལོག་ཅིང་ཆགས་སྡང་རང་ཁར་སྤྱད་དེ་གཞན་གྱི་སློབ་དཔོན་བྱས་པས་རཱུ་ཏྲར་ལྟུང་སྟེ། དེ་ཉིད་ལས། ཇི་བཞིན་མ་ནོར་མ་རྟོག་པས། །ལྟ་ལོག་གཞན་གྱི་སློབ་དཔོན་བྱེད། །རང་ཉིད་མི་ཤེས་གཞན་དགྲོལ་བ། །རཱུ་ཏྲའི་སྒོར་ལྟུང་རྟག་ཏུ་འཁོར། །ཞེས་པ་དང་། ངེས་དོན་འདུས་པའི་གཏེར་གྱི་རྒྱུད་ལས། །ལྟ་ལོག་སྤྱོད་ངན་སྣ་ཚོགས་བྱེད། །རང་གིས་མ་ཤེས་གཞན་གྲོལ་བ། །རཱུ་ཏྲའི་སྒོར་ལྟུང་དམྱལ་བར་སྐྱེ། །ཞེས་གསུངས་སོ། །ཤ་ཁྲག་ལ་སོགས་པ་རང་ཁ་མར་སྤྱོད་ཅིང་། གནོད་སེམས་ཀྱིས་བགེགས་སུ་ལྟུང་བ་ཡིན་ཏེ། མདོ་ལས། ཁྲག་ལ་སོགས་པའི་རྫས་ཆེན་ལྔ། །དངོས་པོ་ཁོ་ནར་དེར་བརྟགས་ན། །འབྱུང་པོ་ཁྲག་གི་དྲི་སྣོམ་པའི། །ལུས་ལེན་རིགས་ནི་འཛིན་པ་ཡིན། །ཞེས་པ་དང་། ངེས་དོན་འདུས་པ་གཏེར་གྱི་རྒྱུད་ལས། མ་རྟོག་ཕྲིན་ལས་ཅི་མཁས་ཀྱང་། །ཚིག་ལ་མངོན་པར་འཛིན་པ་ཡིན། །རང་རྒྱུད་དམ་རྫས་མངོན་ཞེན་ཕྱིར། །བགེགས་དང་བྱ་རོག་མངོན་ཞེན་ལྟུང་། །ཞེས་སོ། །ཁྲོ་བོ་ལ་སོགས་པ་རང་རྒྱུད་དུ་བསྒོམ་ཞིང་འཁོར་དང་སྡེ་རིས་སུ་བཅད་པས་ཤོ་གམ་གཅན་ཆེན་དུ་ལྟུང་བ་ཡིན་ཏེ། མདོ་ལས། མཚན་མའི་མགོ་བརྙན་བླ་དག་ཅན། །དེ་འདྲར་གང་གིས་ངེས་བརྟགས་ན། །ཤོ་གམ་གནས་ཀྱི་གཅན་ཆེན་རིགས། །ཞེས་པ་དང་། ངེས་དོན་འདུས་པའི་གཏེར་ནས། རང་དབང་ཏིང་འཛིན་མ་ཐོབ་པས། །སྡིག་ལས་འཁོར་དང་རིས་སུ་བཅད། །བདག་ཉིད་འཁོར་དང་ཆེ་འདོད་པས། །གཅན་ཆེན་ཤོ་གམ་དག་ཏུ་ལྟུང་། །ཞེས་སོ། །ཞི་བ་རང་རྒྱུད་དུ་བསྒོམ་པ་དང་། ཆགས་པ་རང་ཁར་སྤྱད་པས་ལྷ་ཆེན་པོར་ལྟུང་བ་ཡིན་ཏེ། མདོ་ལས། རྒྱན་དང་ཆ་ལུགས་ཐམས་ཅད་ཀུན། །གང་གིས་དེ་དང་དེར་བཏགས་ན། །བྲམ་ཟེ་མི་སྡུག་ལུས་རིགས་འཛིན། །ཞེས་པ་དང་། རང་བྱུང་བདེ་བའི་འཁོར་ལོ་ལས། ཐབས་ལམ་དབང་ལ་ཁུང་ཕྱུངས་ཏེ། །འདོད་ཆགས་རང་ཁར་གཏན་སྤྱད་པས། །ལྟ་བས་མ་ཟིན་བདེ་ལ་ཞེན། །ལྷ་ཆེན་སྒོར་ལྟུང་འཁོར་བར་འཁྱམས། །ཞེས་སོ། །གིང་དང་དབང་ཕྱུག་མ་ལ་སོགས་པ་རང་རྒྱུད་དུ་བསྒོམ་ཞིང་ཕྲག་དོག་གིས་གནོད་སྦྱིན་དུ་ལྟུང་བ་ཡིན་ཏེ། མདོ་ལས། ལས་ཀྱི་དབང་བཙན་བྲན་མོའི་ཚོགས། །དེ་འདྲ་ཉིད་དུ་ངེས་བརྟགས་ན། །གནོད་སྦྱིན་ནག་མོའི་ཚོགས་སུ་ལྟུང་། །གཞན་གྱི་ཚེ་ལ་འཚེ་བ་ཡིན། །ཞེས་པ་དང་། བདེ་བ་འཁོར་ལོ་ལས། གཞན་གྱི་ཆོས་ལ་ཕྲག་དོག་པས། །ཡོན་ཏན་མང་དུ་ལྡན་གྱུར་ཀྱང་། །རང་སེམས་སྙིང་པོ་མ་རྟོགས་ན། །གནོད་སྦྱིན་སྒོར་ལྟུང་རྟག་ཏུ་འཁོར། །ཞེས་སོ། །ལྟ་བ་ལོག་པས་མུ་སྟེགས་དུ་ལྟུང་བ་ཡིན་ཏེ། དེ་ཉིད་ལས། མ་རྟོགས་པ་དང་བདག་འཛིན་པ། །གསང་སྔགས་ལྟ་སྤྱོད་ཡིན་ཟེར་ནས། །སེམས་ཅན་སྲོག་ལ་བརྩེ་མེད་གཅོད། །མུ་སྟེགས་རྟག་ཆད་སྒོར་ལྟུང་འཁྱམས། །ཞེས་པ་ལ་སོགས་པ་གསུངས་སོ། །ཚིག་ཙམ་ལ་ཁུང་ཕྱུངས་ནས་དགེ་སྡིག་ཁྱད་དུ་གསོད་ཅིང་ཆགས་སྡང་རང་ཁར་སྤྱད་པས་དམྱལ་བར་ལྟུང་བ་ཡིན་ཏེ། མདོ་ལས། དགའ་མགུར་སྤྱོད་ཅིང་འདོད་དགུར་འཇོལ། །སྤྱོད་ཁོངས་ཙམ་དུ་བྱེད་པ་རྣམས། །དམྱལ་ཆེན་འབར་བ་བརྒྱད་ཀྱི་ཡང་། །རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་། །ཞེས་པ་དང་། ངེས་དོན་འདུས་པའི་གཏེར་ལས། མ་རྟོགས་ལས་ཀྱིས་རྩིང་སྤྱོད་པ། །ལུས་ངག་ཡིད་ཀྱིས་ལེན་པའི་ཕྱིར། །མི་དགེའི་ལས་ལ་སྤྱོད་པ་རྣམས། །དམྱལ་བར་ངེས་འགྲོ་གཏན་དུ་འཁྱམས། །ཞེས་གསུངས་སོ། །དེ་ལ་སོགས་ཏེ་ཧཱུྃ་ལ་སོགས་པའི་ཡིག་འབྲུ་རང་རྒྱུད་དུ་བསྒོམ་པས་སྦྲུལ་གདུག་པ་ཅན་དུ་སྐྱེ་བ་དང་། ཆགས་པས་མངལ་གྱི་སྲིན་བུར་སྐྱེ་བ་ལ་སོགས་པ་གསུངས་སོ། །མདོ་ལས། དེས་ན་གསང་བའི་སྙིང་པོ་འདི། །གོལ་ས་ཆེ་བར་རྒྱལ་བས་གསུང་། །ཞེས་གསུངས་སོ། །སྒྲིབ་པ་ནི། ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པའོ། །དང་པོ་ནི། ཚེ་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་རྣམ་སྨིན་ཡིན་ཏེ། ཚེ་འདི་ལ་མྱོང་གྱུར་གྱི་ལས་དང་། ཕྱི་མ་ལ་མྱོང་གྱུར་གྱི་ལས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སོ། །གཉིས་པ་ནི། མ་རིག་པའི་རྐྱེན་གྱིས་ཉོན་མོངས་པ་དུག་ལྔ་ལ་སོགས་པའོ། །གསུམ་པ་ནི། ཤེས་བྱ་ཤེས་སུ་མི་སྟེར་བའི་སྒྲིབ་པ་༡དང་། ཤེས་པའི་དོན་ལ་འཛིན་པའི་སྒྲིབ་༢པའོ། །སྔ་མ་ནི། ཤེས་བྱ་༡དེ་ཁོ་ན་ཉིད་ལ་སྒྲིབ་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཀུན་བརྟགས་ཀྱི་མ་རིག་པ་སྟེ་རང་གིས་རང་ལ་སྒྲིབ་པ་དང་། ལོག་པའི་རྐྱེན་གྱིས་རྟོགས་སུ་མི་སྟེར་བའི་སྒྲིབ་པ་སྟེ། གོང་གི་གོལ་ས་དེ་རྣམས་ཀྱིས། ཡང་དག་པའི་དོན་ལ་སྒྲིབ་ཤིང་རྟོགས་སུ་མི་སྟེར་པའོ། །གཉིས་པ་ནི། མཐོང་༢ལམ་ཡན་ཆད་ཀྱི་རྟོགས་པའི་དོན་ལ་འཛིན་པས་སྒྲིབ་པ་ཡིན་ཏེ། མཐོང་ལམ་ན་མཐོང་བའི་དོན་ལ་ཆེད་དུ་འཛིན་པས་ཀུན་བརྟགས་སྒྲིབ་པ་དང་། བསྒོམ་ལམ་ན་བསྒོམ་པ་ལ་ཆེད་དུ་འཛིན་པ་ལྷན་ཅིག་གནས་པའི་སྒྲིབ་པ་དང་། མཐར་ལམ་ནས་ཤུགས་ལས་བྱུང་བའི་མཉམ་རྗེས་ཆ་ཕྲ་མོ་གཅིག་ཡོད་པ་བག་ལ་ཉལ་གྱི་སྒྲིབ་པའོ། །དེ་རྣམས་རང་རང་གི་ལམ་གྱི་སྐབས་བཞིན་དུ་ཤེས་པར་བྱའོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། ལམ་གྱི་གོལ་སྒྲིབ་བསྟན་པའི་ལེའུ་སྟེ། བཅོ་ལྔ་པའོ།།
༈ །།བཞི་པ་རྟོགས་ནས་ཉམས་སུ་བླང་བའི་ལམ་བསྟན་པ་ནི། ལམ་གྱི་ཆ་རྐྱེན་དང་། ངོ་བོ་དང་། བགྲོད་པའི་ཚུལ་དང་། བྱེ་བྲག་སོ་སོ་ནས་རྒྱས་པར་བཤད་པ་དང་བཞིའོ། །ལམ་དང་ལམ་གྱི་ཆ་རྐྱེན་ལ་ཁྱད་པར་ཅི་ཡོད་ཞེ་ན། ཁོག་གཞུང་ལས། སྐབས་ཀྱི་གཙོ་དང་གྲོགས་ཀྱི་ཚུལ། །ཞེས་པས། སྐབས་ཀྱི་གཙོ་བོར་གྱུར་པ་གཅིག་ལ་ལམ་ཞེས་བྱ་ལ། དེའི་གྲོགས་བྱེད་པའི་ངོས་ནས་ཆ་རྐྱེན་ཡིན་གསུངས་སོ། །ཡང་། ལམ་ནི། ལྟ་བ་ལ་སོགས་པ་ཀུན་འདུས་ནས་བགྲོད་པར་བྱེད་པ་ལ་བྱ་ལ། ཁ་ཡར་བ་ལ་ལམ་གྱི་ཆ་རྐྱེན་ཞེས་ཀྱང་གསུང་ངོ་། །དེ་ལ་ཆ་རྐྱེན་ནི། དོན་བསྡུས་ལས། དེ་རྐྱེན་ཡན་ལག་རྣམ་གཉིས་ཏེ། །སྒྲུབ་བྱེད་རྐྱེན་དང་ཤེས་བྱེད་རྐྱེན། །ཞེས་པ་དང་། རིན་པོ་ཆེའི་རྒྱན་ལས། དེ་ཡི་ཆ་རྐྱེན་ཡན་ལག་གསུམ། །རྟོགས་པར་བྱེད་དང་གོམས་བྱེད་ཐབས། །ངང་ལ་གནས་པའི་བར་ཆད་བསྲུང་། །ཞེས་པས། ལམ་ཤེས་བྱེད་ཀྱི་ཡན་ལག་དང་། བསྒྲུབ་བྱེད་ཀྱི་དང་། དེའི་བར་ཆད་བསྲུང་བའོ། །དང་པོ་ནི། སྤྱིར་རྒྱུད་ལུང་མན་ངག་གསུམ་དང་། དེའི་རྗེས་སུ་འཇུག་པའི་རིག་པ་ལ་སོགས་པ་རྒྱས་པར་གཞུང་བཞིན་དུ་ཤེས་པར་བྱའོ། །བྱེ་བྲག་ཏུ་འོག་ནས་རང་རང་གི་སྐབས་ནས་སྟོན་ནོ། །གཉིས་པ་ནི། སྤར་ཁབ་ལས། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །ཕྲིན་ལས་བསྒྲུབ་པའི་ལམ་རིམ་གྱིས། །གསང་སྔགས་རྒྱུད་ཀྱི་དབྱེ་བ་བྱ། །ཞེས་པས། ཡོངས་སུ་ཤེས་པའི་དངོས་པོ་བདུན་ལ་བྱའོ། །དོན་བསྡུས་ལས། ལམ་གྱི་ཡན་ལག་སུམ་ཅུ་གཉིས། །མདོ་དང་གཞི་དང་བསླབ་པའི་མཐའ། །ཞེས་པ་དང་། རྒྱན་ལས། དབང་དང་དཀྱིལ་འཁོར་དམ་ཚིག་དང་། །ཕྲིན་ལས་རྟོགས་ཚད་གོམས་བྱེད་སྤྱོད། །ས་དང་ལམ་དག་འདིར་གཞག་གོ། །ཞེས་གསུངས་པས་ཀློང་དགུ་ལས་བཤད། དེ་ཚོ་ཡང་དོན་བསྡུས་བཞིན་དུ་འདུས་ཏེ། དེ་ལ་གསང་སྔགས་ཀྱི་བཀོལ་མདོ་བཅུ་གཉིས་༡དང་། བསྒྲུབ་པའི་གཞི་བཅུ་༢དང་། བསླབ་པའི་མཐའ་༣བཅུའོ། །དང་པོ་ནི། དོན་བསྡུས་ལས། མདོ་ནི་བཅུ་གཉིས་འཇུག་སྒོ་དང་། དམ་ཚིག་ལྟ་བ་ཏིང་འཛིན་དང་། དམིགས་པ་བཟླས་བརྗོད་ཕྲིན་ལས་དང་། །སྤྱོད་པ་དང་ནི་ཐོབ་བྱ་དབང་། །རིག་འཛིན་ས་དང་སངས་རྒྱས་ས། །ངེས་འབྱེད་ཡན་ལག་དག་ཏུ་བཤད། །ཅེས་གསུངས་སོ། །གཉིས་པ་ནི། གཞི་ནི་རྣམ་བཅུ་བསྒྲུབ་པ་དང་། །གསང་སྔགས་མིང་དང་སྤྱོད་པ་དང་། །དངོས་གྲུབ་གནས་དང་བཟླས་པའི་སྒྲ། །ཕྱག་རྒྱ་ཏིང་འཛིན་ལྟ་བ་དང་། །ཆོ་འཕྲུལ་དག་སྟེ་དེ་དག་དོན། །དཔེ་བཅུས་མཚོན་ནས་ཤེས་རབ་གནས། །ཞེས་གསུངས་སོ། །གསུམ་པ་ནི། བསླབ་པའི་མཐའ་ནི་རྣམ་བཅུ་སྟེ། །དམ་ཚིག་གཞི་དང་རྒྱུད་དཀྲོལ་དང་། །སྒོ་བསྡུར་བ་དང་ཕུལ་དབྱུང་དང་། །ཐག་བཅད་པ་དང་ཉམས་བླང་དང་། །ལ་དོར་སྤྱོད་དང་དབང་རིམ་དང་། །མན་ངག་དོན་དང་མདོར་བསྡུས་རྣམས། །རྣལ་འབྱོར་བསླབ་པའི་མཐའ་བཅུར་བཞེད། །ཅེས་གསུངས་པས། གོང་ལྟར་བཤད་ཀྱང་དོན་ཧྲིལ་དྲིལ་ནས་བསླབ་པའི་མཐའ་བཅུ་རུ་འདུས་སོ། །དེ་ལ་དང་པོ་གཞི་དམ་ཚིག་གིས་བཟུང་བ་ཞིང་ས་གཤིན་པོ་ལྟ་བུ་ནི། ཀུན་འདུས་ལས། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས། །ཞེས་པས། སྤྱིའི་དམ་ཚིག་ནི། མིའི་ཆོས་ལུགས་ལེགས་པར་སྤྱད་པ་དང་། ཉན་ཐོས་ཀྱི་འདུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་སོགས་པ་གཞུང་བཞིན་དུ་བསྲུང་བ་དང་། དོན་དུ་མི་འགྱུར་བ་ཀུན་སྤང་ཞིང་དོན་འགྱུར་ཅི་ཡང་ཉམས་སུ་བླང་བར་བསྟན་པའོ། །དམ་ཚིག་གི་ཀློང་ལས། དམ་ཚིག་ཀུན་གྱི་ཐོག་མར་ནི། །དོན་དུ་མི་འགྱུར་ཀུན་སྤངས་ནས། །དོན་འགྱུར་ཅི་ཡང་ཉམས་སུ་བླང་། །ཞེས་གསུངས་སོ། །ཁྱད་པར་གྱི་དམ་ཚིག་ནི། རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་ཉི་ཤུ་རྩ་ལྔར་བཤད་པས་རྒྱས་པར་གཞུང་བཞིན་དུ་ཤེས་པར་བྱའོ། །ལྷག་པའི་དམ་ཚིག་ནི། དམ་ཚིག་གི་ཀློང་ལས། ལྷག་པའི་དོན་ལ་རྒྱུན་དུ་གནས། །ཞེས་པས། ཆོས་ཀུན་གཉིས་མེད་རང་སྣང་དུ་རྟོགས་པའི་དོན་ལ་མ་ཡེངས་ཉམས་སུ་ལེན་པའོ། །རྫོགས་ཆེན་ནི། མེད་པ་ཕྱལ་བ་གཅིག་པུ་ལྷུན་གྱིས་གྲུབ་པའི་དམ་ཚིག་བསྲུང་བའོ། །དོན་བསྡུས་ལས། གཞི་འཛིན་པ་ནི་དམ་ཚིག་སྟེ། །སྒོ་གསུམ་སྡོམ་པར་གནས་པའི་དོན། །རྩ་བ་ཡན་ལག་ལ་སོགས་པའོ། །བསྲུང་དང་བསྒྲུབ་པ་དེ་ཉིད་དོ། །ཞེས་གསུངས་སོ། །རྒྱུད་ཐོས་བསམ་གྱིས་དགྲོལ་བ་ཅང་ཤེས་སམ་གྱི་ལིང་སྒྲོག་བཀྲོལ་བ་ལྟ་བུ་ནི། གོང་དུ་བཤད་པའི་བླ་མ་མཚན་ཉིད་དང་ལྡན་པ་དེ་སྒོ་གསུམ་གྱིས་མཉེས་པར་བྱས་ཏེ། ཐོས་བསམ་གཞུང་བཞིན་དུ་བྱས་པས་ཐེ་ཚོམ་སྒྲོ་འདོག་ཆོད་དེ། མི་ཤེས་བཅིངས་པ་ཀུན་གྲོལ་ནས། ཤེས་བྱ་ཀུན་ལ་ཐོགས་པ་མེད་པར་འགྲོ་བ་ཡིན་ཏེ། གཅན་འཕྲང་ལས། དཔེར་ན་གྱི་ལིང་སྒྲོགས་བཀྲོལ་ལྟར། །རྣམ་གྲོལ་ཐོས་བསམ་སྒོ་མོ་ཡིས། །ཤེས་རྒྱུད་ཀུན་གྲོལ་ཐོག་མེད་འགྲོ། །ཐོས་བསམ་རྒྱུད་དགྲོལ་ཤིན་ཏུ་གཅེས། །ཅེས་སོ། །སྒོ་ཀུན་ནས་བསྡུར་༣བ་བུང་བ་ཚད་ཚོལ་བ་ལྟ་བུ་ནི། མུ་སྟེགས་དང་ཞོར་བྱུང་གི་མུ་སྟེགས་དང་། ཐེག་པ་ཐམས་ཅད་ཀྱི་ལྟ་སྤྱོད་ལ་སོགས་པ་ཀུན་ཤེས་པར་བྱས་ནས། མཐར་རང་གི་གྲུབ་མཐའི་དོན་མ་ནོར་པ་ཉིད་རྟོགས་པར་བྱེད་པ་ཡིན་ཏེ། དེ་ཉིད་ལས། དཔེར་ན་བུང་བ་ཚང་ཚོལ་ལྟར། །ལྟ་སྤྱོད་སྒོ་ཀུན་བསྡུར་བྱས་ལ། །མ་ནོར་དེ་ཉིད་རྟོགས་བྱའི་ཕྱིར། །སྒོ་རྣམས་བསྡུར་པ་རབ་ཏུ་གཅེས། །ཅེས་གསུངས་སོ། །ཕུལ་དུ་མཁས་པས་དབྱུང་༤བ། མཐོ་རིའི་རྩེར་ཕྱིན་པ་ལྟ་བུ་ནི། ཤེས་རབ་ཀྱིས་ཆོས་གང་ལ་ཡང་མ་རྨོངས་པར་ཤེས་ཤིང་། ཁྱད་པར་དུ་སེམས་ཀྱི་དེ་ཁོ་ན་ཉིད་ལ་མཁས་ཤིང་ཕུལ་དུ་གྱུར་པ་བྱ་བ་ཡིན་ཏེ། དེ་ཉིད་ལས། དཔེར་ན་མཐོ་རིའི་རྩར་ཕྱིན་ལྟར། །ཤེས་རབ་མཐོ་རིའི་རྩེར་ཕྱིན་ཏེ། །ཀུན་ལ་མཁས་ཤིང་ཕུལ་དུ་དབྱུང་། །དོན་ལ་མཁས་པ་རབ་ཏུ་གཅེས། །ཅེས་གསུངས་སོ། །རིམ་པ་དབང་གིས་བགྲོད་པ་རྒྱལ་བུ་དོའུ་འབངས་སུ་འཁྱམས་པ་རྒྱལ་སར་བཏོན་པ་ལྟ་བུ་ནི། ལམ་དང་རྟོགས་པ་གོང་ནས་གོང་དུ་འཕེལ་བའི་དབང་ལས་བྱུང་བ་ཡིན་པས། ཕྱི་དང་ནང་དང་གསང་བའི་དབང་ལ་སོགས་པ་བསྐུར་བས། མ་སྨིན་པ་སྨིན་པར་བྱས། སྨིན་པ་གྲོལ་བར་བྱས་ཏེ། རྒྱུད་གོང་ནས་གང་དུ་འཕར་ནས་ཆོས་ཀྱི་རྒྱལ་སྲིད་ལ་དབང་ཐོབ་པ་ཡིན་ཏེ། དེ་ཉིད་ལས། རྒྱལ་བུ་རྒྱལ་སར་འདོན་པ་ལྟར། །རིམ་པ་དབང་གི་ཁྱད་པར་སྟེ། །ས་ལམ་རྩལ་གྱིས་བསྒྲོད་པ་ཡིས། །དབང་རྣམས་ཐོབ་པ་རབ་ཏུ་གཅེས། །ཞེས་སོ། །ཐག་ལྟ་བས་༦བཅད་པ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུ་ནི། ཆོས་ཀུན་མཉམ་ཉིད་རང་སྣང་དུ་རྟོགས་པས་ཕྱོགས་རིས་རེ་དོག་མེད་པར་ཐག་ཆོད་པས། གང་ལ་ཡང་ཉམ་ང་མེད་པ་བྱ་སྟེ། དེ་ཉིད་ལས། ཁྱུང་ཆེན་མཁའ་ལ་ལྡིང་བ་བཞིན། །ཐེག་པའི་སྤྱོད་སྒོ་བསམ་ཡས་ཀྱང་། །མཉམ་ཉིད་རེ་དོག་བླང་དོར་མེད། །ཐེ་ཚོམ་ཆོད་པ་ཤིན་ཏུ་གཅེས། །ཞེས་གསུངས་སོ། །དོན་མན་ངག་གིས་བསྡུ་༧བ་གསེར་འགྱུར་གྱི་རྩི་ལྟ་བུ་ནི། སྙན་རྒྱུད་ཞལ་གྱི་མན་ངག་གིས་མངོན་སུམ་དུ་ངོ་སྤྲོད་པས་ཚོགས་མེད་ཅིང་བདེ་བླག་ཏུ་འགྱུར་བ་ཡིན་ཏེ། དེ་ཉིད་ལས། བསྒྱུར་བ་སྨན་སྣང་གསེར་འགྱུར་ལྟར། །སེམས་ཀྱི་གསང་འདི་སུས་མཐོང་བའི། །མན་ངག་ཅན་གྱིས་འགྲུབ་པའི་ཕྱིར། །མན་ངག་ལྡན་པ་རབ་ཏུ་གཅེས། །ཞེས་གསུངས་སོ། །ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་རྒྱ་མཚོ་ནོར་ལེན་གྱི་མི་ལྟ་༨བུ་ན། ཤེས་ཀྱང་ཉམས་སུ་མ་བླངས་ན་དོན་མི་འགྲུབ་ཅིང་། རྟོགས་པའི་དོན་ལ་དཀའ་བས་ཉམས་སུ་བླངས་པས་རྟོགས་པ་མཐར་ཕྱིན་ཏེ། བདག་གཞན་གྱི་དོན་རྣམས་འགྲུབ་པ་ཡིན་ཏེ། དེ་ཉིད་ལས། དཔེར་ན་རྒྱ་མཚོ་ནོར་ལེན་མི། །ཉམས་སུ་མ་བླངས་དོན་མེད་ཅིང་། །དཀའ་བས་ཉམས་བླངས་དོན་རྣམས་འགྲུབ། །ཏིང་འཛིན་གོམས་པ་རབ་ཏུ་གཅེས། །ཞེས་གསུངས་སོ། །སྤྱོད་པས་༩ལ་དོར་བ་གླང་པོ་ཆེ་ཆུར་འཇུག་པ་ལྟ་བུ་ནི། རང་རང་གི་སྐབས་ནས་བཤད་པ་བཞིན་དུ་ཤེས་པར་བྱ་སྟེ། འབྲས་བུ་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་འདོད་པའི་བྲོད་ཚུལ་གྱིས་སྤྱོད་པ་དུས་དང་འབྲེལ་པར་དཀའ་སླ་གང་ལ་ཡང་ཉམ་ང་མེད་པར་འཇུག་པ་ཡིན་ཏེ། དེ་ཉིད་ལས། དཔེར་ན་གླང་པོ་ཆུར་འཇུག་ལྟར། །རྩལ་ཆེན་སྦྱངས་པའི་བྲོད་ཚུལ་གྱིས། །ཉམས་ང་བག་ཙམ་མེད་པ་རུ། །སྤྱོད་པ་དུས་དང་འབྲེལ་པ་གཅེས། །ཞེས་གསུངས་སོ། །མདོ་གཅིག་ཏུ་འདུས་པ་མགྲོན་པོ་བྱེས་ནས་ལོག་ནས་སླར་ཡང་རང་གི་ཁྱིམ་དུ་འོང་བ་ལྟ་བུ་ནི། ཐེག་པའི་རྣམ་གྲངས་ཇི་སྙེད་ཅིག་གསུངས་པ་དང་ལམ་ཇི་ལྟར་བགྲོད་ཀྱང་། སེམས་ཉིད་རྟོགས་པར་བྱ་བའི་ཐབས་སུ་གསུང་ལ། དོན་སེམས་ཉིད་རྟོགས་པ་ལ་ཐམས་ཅད་འདུས་ཤིང་རྫོགས་པ་ཡིན་ཏེ། དེ་ཉིད་ལས། དཔེར་ན་ཀུན་ཏུ་རྒྱུ་བའི་མི། །འདོད་པའི་ཡུལ་དུ་གང་འགྲོ་བ། །ཡུལ་གྱི་རྣམ་པ་མཐའ་ཡས་ཀྱང་། །བགྲོད་ཡུལ་ལམ་གནས་གཅིག་ལས་མེད། །དེ་བཞིན་བསམ་གྱིས་མི་ཁྱབ་པའི། །རྣམ་གྲངས་ཆོས་སྒོ་ཇི་སྙེད་ཀྱང་། །དཀྲི་བ་དྲང་པའི་ཚིག་ཡིན་ཏེ། །བསམ་པའི་ཡུལ་ནི་གཅིག་པའོ། །དོན་རྣམས་གཅིག་ཏུ་སྡུད་པ་ཡི། །བསླབ་པར་བྱ་བ་དམ་པ་སྟེ། །ངེས་པ་གཅིག་ལས་མེད་པའི་ཕྱིར། །ཀུན་འདུས་དམ་པའི་བསླབ་པ་གཅེས། །ཞེས་གསུངས་སོ། །དེའི་ངང་ལ་གནས་པའི་བར་ཆད་བསྲུང་བ་ནི། བླ་མ་དཀོན་མཆོག་ལ་བློ་བཀལ་ཏེ་གསོལ་བ་གདབ་པ་དང་། སྙིང་རྗེ་དང་བྱམས་པས་བགེགས་རིགས་ལ་གཏོར་མ་བྱིན་ཏེ་བདེན་པའི་སྟོབས་བརྗོད་པ་དང་། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་ཚོགས་བཏང་ཏེ་ལས་བཅོལ་བ་དང་། བསྲུང་བའི་འཁོར་ལོ་བསྒོམ་ཞིང་ཡི་དམ་ལྷ་ཡི་བཟླས་པ་བྱ་བ་དང་། རྟོགས་པའི་གདེངས་དང་ལྡན་པས་གང་ལ་ཡང་ཉམས་ང་མེད་པར་གྲོགས་སུ་ཁྱེར་བའོ། །དེ་རྣམས་རྒྱས་པར་རང་རང་གི་གཞུང་དང་བླ་མའི་ཞལ་ལས་ཤེས་པར་བྱའོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། །ཀུན་འདུས་རིག་པའི་སྒྲོན་མེ་ལས། །ལམ་གྱི་ཆ་རྐྱེན་བསྟན་པའི་ལེའུ་སྟེ། བཅུ་དྲུག་པའོ།།
༈ །།ལམ་གྱི་ངོ་བོ་ནི། རིམ་གསུམ་ལས། ངོ་བོ་ཤེས་རབ་རྣམ་གསུམ་ཉིད། །སེམས་བཞི་སྐྱེ་བར་བསྟན་པ་ནི། །ཞེས་པས། ངོ་བོ་ཤེས་རབ་གསུམ་ལ་བྱ། །དོན་བསྡུས་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས། ངོ་བོ་ཐབས་ཤེས་རབ་ལ་བྱ། དཔེ་ཆུང་རང་གནས་ལས། འཇིག་སྔང་ལ་སོགས་བྱང་སེམས་ལྔ། །ངེས་པར་སྐྱེས་པ་ངོ་བོ་ཡིན། །ཞེས་པས། ངོ་བོ་སེམས་ལྔ་ལ་བཤད། རྫོགས་ཆེན་ལས། རྟོགས་ནས་འདྲིས་པར་གང་བྱེད་པ། །ལམ་གྱི་ངོ་བོ་བྱང་ཆུབ་སེམས། །ཞེས་པས། ལམ་གྱི་ངོ་བོ་བྱང་ཆུབ་སེམས་ལ་བཤད་དོ། །དེ་རྣམས་གང་ཡང་མི་འགལ་བར་སེམས་ཀྱི་འཕེལ་རིམ་དུ་འདུས་པས། ངོ་བོ་སེམས་ལྔའམ་སེམས་ཀྱི་འཕེལ་རིམ་ལ་བྱའོ། །མདོ་བསྲེས་ལས། དེ་ལ་ཐོག་མར་བསྟན་པའང་། །སྐྱེ་ས་རྐྱེན་གྱིས་སྐྱེ་ཚུལ་དང་། །སྐྱེས་པའི་ངོ་བོ་སེམས་པ་དང་། །ཐ་མ་རང་བྱུང་ཉིད་ཀྱིས་རྫོགས། །ཞེས་པས། དེ་ལ་གསུམ་སྟེ། སེམས་སྐྱེ་བའི་གཞིའམ་སྐྱེ་ས་བསྟན་པ་དང་། རྒྱུ་རྐྱེན་དང་སྐྱེ་ཚུལ་ལམ་རིམ་བསྟན་པའོ། །དང་པོ་ནི། གཞི་ནས་སེམས་སྐྱེ་བ་དང་། ལམ་ནས་སྐྱེ་བ་དང་། འབྲས་བུ་ནས་སྐྱེ་བ་དང་། སྐྱེ་ས་མ་ངེས་པ་ནས་སྐྱེ་བའོ། །མདོ་བསྲེས་ལས། ཐེག་པ་མཆོག་འདིར་སྐྱེ་བའང་། །མུན་པ་ལོག་སྲེད་བྱིས་པའི་ས། །ཕྱོགས་རིམ་མཐའ་སེལ་དམ་པ་ཕྱི། །དྲུག་ནས་རྒྱུ་རྐྱེན་དབང་གིས་གཡོ། །དེ་ལ་འབྱུང་ཚུལ་རྣམ་པ་གསུམ། །ཐོག་མ་ཉིད་ནས་བརྒྱུད་པ་དང་། །གཞི་ནས་མ་ངེས་གང་རུང་བགྲོད། །མཐར་ནི་ཐེག་རྩེར་གཅིག་ཆར་འཇུག །ཅེས་གསུངས་སོ། །གཉིས་པ་རྒྱུ་གཉིས་དང་རྐྱེན་བཞི་སྟེ་བགྲང་། དེ་ལ་མཚུངས་ལྡན་གྱི་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་རང་ལ་རང་ཆས་སུ་གནས་པ་དང་། ལྷན་ཅིག་བྱེད་པའི་རྒྱུ་གོང་མའི་ཡོན་ཏན་ཐོབ་པས། འོག་མ་ལ་སྐྱོ་གོང་མ་ལ་བྲོད་ཅིང་དྭང་བ་སྐྱེ་བའོ། །རྒྱུའི་རྐྱེན་ནི། སྙིང་པོའི་དོན་རང་བཞིན་གྱིས་གནས་པ་དང་རང་རང་གི་ས་ལ་སྐྱོ་བ་སྐྱེས་པ། བདག་པོའི་རྐྱེན་བླ་མ་དམ་པ། དམིགས་པའི་རྐྱེན་གསང་སྔགས་ཀྱི་ཡོན་ཏན་ལ་སོགས་པ། མཚུངས་པ་དེ་མ་ཐག་པའི་རྐྱེན། སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མར་འབྲེལ་པའོ། །ལམ་རིམ་ལས། སྙིང་པོ་རང་བཞིན་མཚུངས་པ་དང་། །བཤེས་གཉེན་མགོན་ལ་ལུང་གཉིས་ཐོབ། །ཡོན་ཏན་མཐོང་དང་སྐྱོན་མཐོང་དང་། །དེ་ཡི་སྐྱོ་རྨོངས་བྲོད་དང་པས། །གཉིས་པའི་རྒྱུ་རུ་གསུང་པ་ཡིན། །དེ་བདག་གསང་སོགས་དམིགས་པ་སྟེ། །སྐད་ཅིག་འཕེལ་བ་དེ་མ་ཐག །ཅེས་གསུངས་སོ། །དེ་ལ་འབྲེལ་པ་ནི། དཔོན་སློབ་གཉིས་ལས་དང་ཐུགས་རྗེའི་འབྲེལ་པ་ཡོད། སློབ་བུ་དང་བསྟན་པའི་ཆོས་གཉིས་སྣོད་བཅུད་དམ་ཤེས་བྱ་ཤེས་བྱེད་ཀྱི་འབྲེལ་པ་ཡོད། གཞི་ལམ་འབྲས་བུ་གསུམ་བདག་ཉིད་གཅིག་པ་ངོ་བོ་ཉིད་ཀྱིས་འབྲེལ་བ་ཡོད་དོ། །གསུམ་པ་ནི། དེ་ལྟར་རྒྱུ་རྐྱེན་ཚོགས་པས་གོང་བཞིན་སེམས་ལྔའི་ཚུལ་དུ་སྐྱེ་བ་ཡིན་ཏེ་བགྲང་། དེ་ལ་གཡོ་བ་བྱང་ཆུབ་ཀྱི་སེམས་ནི། གསང་སྔགས་ཀྱི་དོན་ལ་སྤྲོ་ཞིང་མོས་པས་གཡོ་བའོ། །སྨོན་པ་ནི། རྟོགས་ཤིང་ཁོང་དུ་ཆུད་ན་ཅི་མ་རུང་སྙམས་པའི་འདུན་པ་དང་སྨོན་པ་བྱེད་པའོ། །འཇུག་པ་བྱང་ཆུབ་ནི། དངོས་སུ་གསང་སྔགས་ཀྱི་སྒོར་ཞུགས་ཏེ། དབང་བསྐུར་ནས་ཉན་བསམ་ལ་སོགས་པ་བྱེད་པའོ། །གནས་པ་བྱང་ཆུབ་ནི། རྟོགས་ཤིང་གོམ་པར་བྱེད་པ་སྟེ་ལམ་ཉམས་སུ་ལེན་པའོ། །མཐར་ཕྱིན་པ་བྱང་ཆུབ་ནི་སྟོབས་སུ་གྱུར་ཏེ། ལམ་མཐར་ཕྱིན་པས་སྐྱེད་དུ་བྱར་མེད་པའོ། །དེ་ཡང་སྔ་མ་སྔ་མས་གོ་ཕྱེ་ནས། ཕྱི་མ་ཕྱི་མའི་དོན་གསལ་བར་བྱས་པའོ། །ལམ་རིམ་ལས། སྔ་མ་སྔ་མ་གང་དང་གང་། །ཕྱི་མ་ཕྱི་མའི་ཐབས་དང་རྒྱུ། །དེ་བཞིན་ཕྱི་མ་ཕྱི་མ་གང་། །སྔ་མ་སྔ་མ་ལས་བྱུང་འབྲས། །ཞེས་གསུངས་སོ། །འོ་ན་སེམས་ལྔ་ལམ་གྱི་ངོ་བོ་ཡིན་ན། སེམས་ལྔ་མཐར་ཕྱིན་པས་ལམ་ལྔ་མཐར་ཕྱིན་ནམ་མ་ཕྱིན། མ་ཕྱིན་ན་སེམས་ལམ་གྱི་ངོ་བོ་ཡིན་པ་ཉམས་ལ། ཕྱིན་ན་ཚོགས་ལམ་ལྟ་བུའི་སེམས་ལྔ་མཐར་ཕྱིན་པས་ཀྱང་ལམ་ལྔ་མཐར་ཕྱིན་པར་ཐལ་ལོ་ཞེ་ན། ལམ་སྤྱིའི་སེམས་ལྔ་མཐར་ཕྱིན་པས་ལམ་ལྔ་མཐར་ཕྱིན་ལ། བྱེ་བྲག་གི་སེམས་ལྔས་ལམ་ལྔ་མཐར་མི་ཕྱིན་ནོ། །ཡང་སེམས་ལྔ་ལམ་གྱི་ངོ་བོ་ཡིན་ན། ཅིར་ཆར་བ་ལ་སེམས་ལྔ་སྐྱེའམ་མི་སྐྱེ། མི་སྐྱེ་ན་ལམ་གྱི་ངོ་བོ་ཡིན་པ་ཉམས་ལ། སྐྱེ་ན་ཅིག་ཆར་བ་མ་ཡིན་པར་འགྱུར་རོ་ཞེ་ན། ཅིག་ཆར་བ་ལ་སེམས་ལྔ་སྐྱེ་ཡང་། དོན་འཁོར་འདས་དབྱེར་མེད་ལ་དུས་མྱུར་བར་སྐྱེ་སྟེ། སེ་གོལ་གཅིག་ལའང་སེམས་ལྔ་སྐྱེ་བས་གཉིས་ཀའི་སྐྱོན་མིང་འོང་ངོ་། །གཞི་ལམ་འབྲས་བུའི་དོན་མཚོན་པ། །ཀུན་འདུས་རིག་པའི་སྒྲོན་མེ་ལས། །ལམ་གྱི་ངོ་བོ་བསྟན་པའི་ལེའུ་སྟེ། བཅུ་བདུན་པའོ།།
༈ །།ལམ་བགྲོད་པའི་ཚུལ་ནི། ལམ་རིམ་ལས། དེའང་རང་བཞིན་སྦྱངས་པ་ཡི། །སྣོད་དུ་གྱུར་ལ་ཉེ་རིང་ཕྱིར། །རིམ་དང་ཅིག་ཆར་བཞི་ཆ་ཡིས། །ཕྱེ་བས་རྣལ་འབྱོར་ཆེན་པོར་འཇུག །ཞེས་པ་དང་། དོན་བསྡུས་ལས། དེ་ནས་འཇུག་པའི་ཚུལ་སྒོ་ནི། །དོན་ལ་རིམ་དང་ཅིག་ཆར་བའོ། །ཞེས་པ་དང་། གཅན་འཕྲང་ལས། རིམ་དང་ཅིག་ཆར་ལས་རྐྱེན་གྱིས། །རང་གནས་ཡེ་ཤེས་མངོན་དུ་རྟོགས། །ཞེས་པ་དང་། ཉམས་སྒྲོན་ལས། དེའང་ཅིག་ཆར་ཐོད་རྒལ་དང་། རིམ་གྱིས་བ་དང་གསུམ་གྱིས་བསྟན། །ཞེས་པས། ཅིག་ཆར་བ་དང་། ཐོད་རྒལ་བ་དང་། རིམ་གྱིས་པའོ། །དེ་ལ་ཐེག་པའི་རིམ་པ་ཐོད་རྒལ་ཅིག་ཆར་བ་དང་། ལམ་རིམ་ཐོད་རྒལ་ཅིག་ཆར་བ་དང་། གནས་སྐབས་སམ་བློ་རིམ་ཐོད་རྒལ་གཅིག་ཆར་བའོ། །དང་པོ་ནི་གསུམ་སྟེ། ཐེག་པ་རྣམས་ལ་རིམ་གྱིས་འཇུག་ཅིང་བགྲོད་པས་རིམ་གྱིས་པ་སྟེ། ལམ་རིམ་ལས། བསྐལ་པ་རྡུལ་སྙེད་སྔོན་སོང་བས། །ཐུན་མོང་དེ་ཉིད་སྦྱངས་པའི་མཐའ། །སྔར་སྦྱངས་འདི་ཚེ་ངེས་འབྱུང་བ། །རིམ་གྱིས་སྦྱངས་ནས་གཅིག་ཆར་འཇུག །ཞེས་གསུངས་སོ། །ཐེག་པ་བོར་ལོང་དུ་བགྲོད་པས་ཐོད་རྒལ་བའོ། །དེ་ནི་ཉན་ཐོས་ནས་སྔགས་ཕྱི་པ་མན་ཆད་གོ་རིམ་མེད་པར་གང་རུང་ནས་སྔགས་ནང་འཇུག་པ་ཡིན་ཏེ། མདོ་བསྲེས་ལས། ཐེག་པ་མཆོག་འདིར། ཞེས་སོ། །དང་པོ་ཉིད་ནས་ཐེག་པ་གང་ལ་ཡང་མ་སྦྱངས་པར། མ་ཧཱ་དང་ཨ་ནུ་ཅིག་ཆར་བའམ་རྫོགས་པ་ཆེན་པོ་ལ་འཇུག་ཅིང་གོ་ནུས་རྟོགས་ནུས་པ་ནི་ཅིག་ཆར་བའོ། །ཡེ་ཤེས་རྫོགས་པ་ལས། འགྲོ་དྲུག་དབང་བའི་གཅིག་ཆོད་དམ། །སྦྱངས་པའི་འཕྲོ་ཅན་གང་ཡང་རུང་། །ཞེས་སོ། །གཉིས་པ་ལ་ཡང་གསུམ་སྟེ། ལམ་ལྔ་ལ་སོགས་པ་རིམ་པ་བཞིན་བགྲོད་པ་ནི་རིམ་གྱིིས་པ། ལམ་བོར་ལོང་དུ་བགྲོད་པ་ཐོད་རྒལ་བ། ཅིག་ཆར་དུ་བགྲོད་པ་ནི་གཅིག་ཆར་བའོ། །དེ་རྣམས་རང་རང་གི་སྐབས་བཞིན་འོག་ནས་སྟོན་ཏོ། །གསུམ་པ་ནི་ཐེག་པའི་ལམ་གྱི་གནས་སྐབས་རེ་རེ་ལའང་བློ་རིམ་ཐོད་རྒལ་ཅིག་ཆར་དུ་སྐྱེ་བ་དང་། གཞན་ཡང་ཐེག་པའམ་ཤེས་བྱ་ཅིག་ཆར་བ། དང་པོ་ཉིད་ནས་རྫོགས་ཆེན་གྱི་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་དོན་ལ་འཇུག་ཅིང་། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་པས་རྟོགས་གྲོལ་དུས་མཉམ་པ་ནི་ཅིག་ཆར་བ་བློ་ཅིག་ཆར་པའོ། །མཚན་བརྗོད་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པར་འཆང་། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་པ་དང་། རྫོགས་ཆེན་གྱི་སྐབས་སུ་བློ་ཅིག་ཆར་བ་བཤད་པ་རྣམས་སོ། །རྟོགས་པའི་དོན་ལ་ཉམས་སུ་ལེན་དགོས་ལ། ཉམས་ལ་གོ་རིམ་ངེས་མེད་ཐོད་རྒལ་དུ་སྐྱེ་བ་ནི་ཅིག་ཆར་བའི་བློ་ཐོད་རྒལ་བའོ། །ཤེས་བྱ་གཅིག་ཆོད་ལ་ཉམས་རིམ་གྱིས་འཆར་བ་ནི་ཅིག་ཆར་བའི་རིམ་པས་སོ། །རྒྱས་པར་རང་རང་གི་སྐབས་བཞིན་ཤེས་པར་བྱའོ། །འོ་ན་ཅིག་ཆར་བ་ལམ་ལ་བགྲོད་དང་མི་བགྲོད། མི་བགྲོད་ན་ལམ་མ་ཡིན་པར་འགྱུར་ལ། བགྲོད་ན་ཅིག་ཆར་བ་ཉམས་སོ་ཞེ་ན། ཅིག་ཆར་བ་ལམ་ལ་བགྲོད་ཀྱང་ཤེས་བྱ་ཅིག་ཆོད་ལ་དུས་མྱུར་བར་བགྲོད་པས་གཉིས་ཀའི་སྐྱོན་ལས་གྲོལ་ལོ། །བྱེ་བྲག་སོ་སོ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐབས་ལམ་དང་། གྲོལ་ལམ་མོ། །དེ་ལ་ཐབས་ལམ་ནི། ཡོད་ཤེས་རབ་གསུམ་ཡོད་ཀྱང་། ཐབས་དང་གདམས་ངག་ལ་གཙོ་བ་ལ་བྱའོ། །གྲོལ་ལམ་ནི། ཡོད་ཐབས་དང་གདམ་ངག་ཡོད་ཀྱང་ཤེས་རབ་གསུམ་གཙོ་བ་ལ་བྱའོ། །དེ་གཉིས་མགོ་འབྲེལ་ལམ་ལྟག་ཤལ་གྱི་བརྟག་པ་ནི། དེ་ཡང་ལྟག་ཤལ་བ་ནི་མི་འཐད་དེ། སྤྱིར་ཐབས་ཤེས་རབ་ཟུང་དུ་འབྲེལ་དགོས་པར་བཤད་པ་དང་། བྱེ་བྲག་ཏུ་ཐབས་རྐྱང་པས་མི་གྲོལ་ཞིང་ཐབས་ལ་ཤེས་རབ་ཀྱིས་གྲོལ་དགོས་པར་གསུངས་སོ། །ཡང་བྱེ་བྲག་ཏུ་ཅིག་ཆར་བ་ལ་སོགས་པ་ཤེས་རབ་གཅིག་བུས་གྲོལ་ལ། ཐབས་ཆེད་དུ་མི་དགོས་པ་ཡང་གསུང་སྟེ། ངེས་དོན་འདུས་པའི་རྒྱུད་ལས། ཐེག་བརྒྱད་ལམ་གྱི་གོལ་ས་ནི། །ཁྱེད་ཅག་བློ་དམན་མ་རིག་པས། །ཐབས་དང་ཤེས་རབ་འབྲེལ་དགོས་ཟེར། །འཁྲུལ་པ་བརྟས་པའི་རྟོག་པ་ཡིན། །ཞེས་པ་ལ་སོགས་པ་གསུངས་སོ། །ཐབས་ལམ་ནི། སྟེང་སྒོ་རླུང་དང་འཁོར་ལོའི་བདེ་བ་ལ་བརྟེན་ནས་ཡེ་ཤེས་སྐྱེ་བ་བུལ་བས་ན་རིམ་གྱིས་པའོ། །འོག་སྒོ་ཕྱག་རྒྱའི་བདེ་བ་ལ་བརྟེན་ནས་ཡེ་ཤེས་སྐྱེ་བ་མྱུར་བས་ན་ཅིག་ཆར་བའོ། །དེ་ལྟར་ཐབས་ལམ་ལ་བརྟེན་ནས་རིག་པ་འབྱོངས་པ་དང་། ཤེས་རབ་ཀྱི་ཡེ་ཤེས་རང་གནས་ངོ་སྤྲད་པས། ཐབས་ཤེས་རབ་ཟུང་དུ་འབྲེལ་ཏེ་ཟག་བཅས་ཀྱི་བདེ་བ་ཟག་མེད་དུ་གྱུར་ནས། ཡེ་ཤེས་རང་གནས་མངོན་སུམ་དུ་རྟོགས་ནས་གྲོལ་བ་ཡིན་ཏེ། རིམ་གསུམ་ལས། བླ་མའི་དགོངས་དང་རླུང་གིས་དུས། །སྦྱོར་བའི་ཐབས་དང་བསོད་ནམས་ལས། །ཕྱག་རྒྱ་ཡོན་ཏན་ལྡན་གྱུར་པས། །དངོས་པོ་ལྷན་ཅིག་སྐྱེས་པ་མྱོང་། །དེ་ཕྱིར་ཐབས་སུ་བཤད་པ་ཡིན། །ཞེས་པ་དང་། དོན་བསྡུས་ལས། རོལ་པའི་ཀ་ར་ལ་སོགས་པའི། །མན་ངག་ཐབས་ཀྱིས་དེར་འཇུག་དང་། །ཞེས་གསུངས་སོ། །རྒྱས་པར་གཞུང་མན་ངག་དང་བཅས་པ་རང་རང་གི་སྐབས་བཞིན་ཤེས་པར་བྱའོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། ལམ་བགྲོད་ཚུལ་དང་ཐབས་ལམ་བསྟན་པའི་ལེའུ་སྟེ། བཅོ་བརྒྱད་པའོ།།
༈ །།གྲོལ་ལམ་ལ་གསུམ་སྟེ། མ་ཧཱ་ཡོ་གའི་དང་། ཨ་ནུ་ཡོ་གའི་དང་། རྫོགས་པ་ཆེན་པོའི་གྲོལ་ལམ་མོ། །དང་པོ་ནི། ལམ་རིམ་ལས། རང་བཞིན་ཡེ་ཤེས་རང་གནས་དང་། །དེར་མཐོང་དེར་འཇུག་རྣལ་འབྱོར་བཞི། །བར་ཆད་མེད་བསྒྲུབ་རྣམ་པར་སྨིན། །དབང་བསྒྱུར་ཕྱག་རྒྱ་ལྷུན་གྲུབ་ལམ། །མངོན་བྱས་རིམ་པར་བརྗོད་པར་བྱ། །ཞེས་པས། གཞི་ཡེ་ཤེས་རང་ལ་གནས་པར་བསྟན་པ་དང་། རང་གནས་རྟོགས་ཤིང་གོམས་པར་བྱེད་པའི་ལམ་དང་། མངོན་དུ་བྱས་པའི་འབྲས་བུ་རང་ལ་གནས་པའོ། །དང་པོ་ནི། གཞིའི་སྐབས་སུ་རྒྱས་པར་བསྟན་པ་བཞིན་དང་། བྱེ་བྲག་ཏུ་ཤེས་བྱ་བདེན་པ་གསུམ་དུ་བསྟན་པ་ཡིན་ཏེ། དེ་ཡང་དོན་དམ་དང་། ཀུན་རྫོབ་དང་། དབྱེར་མེད་དོ། །སྔ་མ་ནི། ཆོས་ཐམས་ཅད་རང་རིག་པ་བྱང་ཆུབ་ཀྱིས་སྤྲོས་བྲལ་སྐྱེ་བ་མེད་ཅིང་སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་གནས་པའོ། །རྒྱས་པ་ལས། ཕྱོགས་བཅུ་མ་ལུས་ཐམས་ཅད་ལ། །རང་བྱུང་ཆེན་པོས་ཀུན་ཏུ་ཁྱབ། །རང་བྱུང་དེ་ཉིད་དངོས་མེད་པར། །ཀུན་གྱི་ཕྱག་རྒྱ་རྒྱུ་ཡིན་ནོ། །ཞེས་པ་དང་། སྤར་ཁབ་ལས། བཞིན་འགྱུར་བཞིན་ལས་གཡོས་མེད་ལྟར། །སྣང་བ་ངོ་བོ་ཉིད་ཀྱི་རྒྱུ། །ཞེས་པ་དང་། ལམ་རིམ་ལས། དོན་མཆོག་ལྔ་འབྲས་ཡེ་ཤེས་དབྱིངས། །བདུན་ནམ་གསུམ་ཕྱིར་དོན་དམ་ལས། །དཔག་བསམ་ཤིང་དང་རིན་ཆེན་ལྟར། །དེ་ཀུན་ངོ་བོ་ཉིད་རྒྱུར་གནས། །ཞེས་གསུངས་སོ། །དེ་ཉིད་ལས་ཆོས་ཀུན་ཇི་ལྟར་སྣང་ཡང་། རང་རིག་པའི་ཆོ་འཕྲུལ་ལས་མི་འདའ་ཞིང་ཡེ་ནས་ཆོས་སྐུ་ཆེན་པོར་གནས་པར་ཡིན་ཏེ། ལ་ཤན་ལས། རང་རིག་ཉི་མའི་ཡེ་ཤེས་ཉིད། །དངོས་གཉིས་ལ་སོགས་བྱེད་པོའི་ཕྱིར། །ཆོ་འཕྲུལ་ཉིད་ལས་མི་གཞན་པས། །དབང་བསྒྱུར་ཐབས་ཀྱི་རྒྱལ་པོར་འདོད། །ཅེས་པ་དང་། ལམ་རིམ་ལས། འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །རང་བཞིན་ངང་གིས་དེ་ལྟར་གནས། །ཞེས་གསུངས་སོ། །ཀུན་རྫོབ་ནི་ཆོས་ཀུན་རིག་པའི་ཆོ་འཕྲུལ་ཉིད་རིག་པ་སྒྱུ་མའི་ངོ་བོར་ཅིར་ཡང་སྣང་ཞིང་། དེ་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད་རྒྱལ་བའི་དལ་དུ་ཡེ་ནས་གནས་པའོ། །རྒྱས་པ་ལས། ཕྱི་ནང་སྣོད་བཅུད་ཐམས་ཅད་ལ། །རང་བཞིན་དཀྱིལ་འཁོར་ཡེ་ནས་གནས། །ཞེས་པ་དང་། ལེའུ་ལག་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་པ་དང་། ལམ་རིམ་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཞིར་རྫོགས་ཕྱག་རྒྱར་མ་འདྲེས་གསལ། །ཞེས་པ་དང་། ལ་ཤན་ལས། ཆོ་འཕྲུལ་ཡུལ་སེམས་ཚུལ་ཉིད་ཀྱང་། །ཐབས་དང་ཤེས་རབ་མཚན་ཉིད་དེ། །ཕུང་སོགས་ཡབ་ཡུམ་དཀྱིལ་འཁོར་དུ། །བརྒྱུད་མིན་རང་བཞིན་སྣང་བ་ཉིད། །ཅེས་གསུངས་སོ། །དབྱེར་མེད་ནི། སེམས་ཉིད་སྤྲོས་བྲལ་སྐྱེ་བ་མེད་པ་ཉིད་ཀུན་རྫོབ་རིག་པ་སྒྱུ་མའི་ངོ་བོར་ཅིར་ཡང་སྣང་ལ། ཅིར་ཡང་སྣང་བ་ཉིད་དོན་དམ་སྤྲོས་བྲལ་སྐྱེ་བ་མེད་པའོ། །དེ་གཉིས་ཚིག་ལ་སྔ་ཕྱི་བྱུང་ཡང་དོན་ལ་ཐ་དད་མེད་དོ། །རང་བྱུང་གི་ཡེ་ཤེས་རང་སྣང་རང་གྲོལ་དུ་བསྟན་པའོ། །རྒྱས་པ་ལས། གཞི་རྩ་མེད་ལས་ཐམས་ཅད་འབྱུང་། །མེད་དང་ཡོད་པ་གཉིས་ཀ་མེད། །དོན་དམ་ཀུན་རྫོབ་དབྱེར་མེད་དེ། །འདུས་མ་བྱས་ཉིད་འདུས་བྱས་སྣང་། །ཞེས་པ་དང་། ལམ་རིམ་ལས། ཡུལ་དང་ཤེས་པར་སྣང་བ་ཡང་། །རང་བྱུང་ཡེ་ཤེས་རང་སྣང་ཟད། །རྒྱུ་འབྲས་སྣང་ཡང་གཉིས་པ་མེད། །ཕྱི་ནང་སྣང་བའང་དེ་ཉིད་དང་། །ཞེས་པ་དང་། ལ་ཤན་ལས། གཉིས་མེད་བྱང་སེམས་ངོ་བོ་ལས། །འཁོར་བའི་མཚན་ཉིད་རང་གིས་མེད། །ཅེས་གསུངས་སོ། །ལམ་ལ་གསུམ་ཏེ། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་དང་། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་དང་། གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི་བསྟན་པའོ། །དང་པོ་ནི། རྟོགས་ཐབས་དང་། གཏན་ལ་ཕབ་པའི་གྲུབ་མཐའ་ལྟ་བ་བསྟན་པའོ། །སྔ་མ་ནི། ལུང་མན་ངག་དང་། གསང་སྔགས་མངོན་སུམ་གྱི་ཚད་མས་དངོས་སུ་ངོ་སྤྲད་ཅིང་རྟོགས་པར་བྱ་བ་དང་། ཧེ་དུས་གཏན་ལ་ཕབ་ཅིང་རྟོགས་པར་བྱ་བའོ། །དང་པོ་ནི། སྟོང་ཐུན་གྱི་སྐབས་ནས་བཤད་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། སྔོན་བྱུང་སྐུ་ལྔ་དང་ཚུལ་མཐུན་པའི་ཚུལ་གྱི་ཧེ་དུ་དང་། ཚིག་གི་ཧེ་དུའོ། །སྔ་མ་ནི། ངོ་བོ་ཉིད་ཀྱི་སྐུ་ཡི་གསུང་ངོ་བོ་ཉིད་ཀྱི་ཧེ་དུས་གོ་བ་དང་། ཆོས་སྐུའི་གསུང་གི་ཚུལ་སྐྱེ་མེད་དོན་གྱིས་གོ་བ་དང་། ལོངས་སྐུའི་གསུང་གི་ཚུལ་དགོངས་པ་བརྡའ་ཡིས་གོ་བ་དང་། རྡོ་རྗེའི་སྐུའི་གསུང་གི་ཚུལ་གྲགས་སྟོང་དབྱེར་མེད་ཀྱིས་གོ་བ་དང་། སྤྲུལ་པའི་སྐུའི་གསུངས་ཚངས་པ་དབྱངས་ཀྱིས་གོ་བའོ། །ལམ་རིམ་ལས། རྟོགས་དང་ལྡན་པའི་བློ་རྣམས་ལ། །དངོས་པོ་སྣ་ཚོགས་སེམས་གསང་སྔགས། །དེས་ལུང་ཡིན་ཕྱིར་ཆོས་ཚུལ་སྟོན། །ཞེས་པ་ལ་སོགས་པ་གསུང་པས། རྒྱས་པར་དེ་ཉིད་དུ་ཤེས་པར་བྱའོ། །ཚིག་གི་ཧེ་དུ་ལ་གཉིས་ཏེ། དཔྱད་དུ་མེད་པའི་ཧེ་དུ་དང་། དཔྱད་པས་གོ་བའི་ཧེ་དུའོ། །སྔ་མ་ནི། རྟོག་དཔྱོད་རྩིབས་ལྔ་བ་མེད་པར་གདམ་ངག་བསྟན་པར་ཙམ་གྱིས་རང་སྣང་ཡུལ་མེད་དུ་གོ་བ་ཡིན་ཏེ། རྟོག་དཔྱོད་དམིགས་འཛིན་མི་ཚོལ་བར། །དེ་བརྗོད་ཉིད་ཀྱིས་དེ་ཉིད་མཐོང་། །ཞེས་གསུངས་སོ། །དཔྱད་པས་གོ་བ་ནི། ཚིག་དོན་མི་མཐུན་ཧེ་དུ་དང་། མཐུན་པའི་ཧེ་དུའོ། །སྔ་མ་ནི་ཐུན་མོང་མ་ཡིན་པའི་ཅི་ཡང་མིན་པའི་ཕྱིར། ཧེ་དུ་ཅི་ཡང་མ་ཡིན་པར་གཏན་ལ་འབེབས་པ་ལ་སོགས་པའོ། །དེས་མཚོན་ཅི་ཡང་ཡིན་པའི་ཕྱིར། སེམས་ཆོས་ཅི་ཡང་མ་ཡིན་པའོ། །དེ་ཕྱིར་མ་ཡིན་ཀུན་ཡིན་པས། །ཅི་ཡང་ཡིན་ནོ་ལྷུན་གྱིས་གྲུབ། །ཅེས་པ་ལ་སོགས་པ་གསུངས་སོ། །ཚིག་དོན་མཐུན་པ་ནི། ཤེས་རབ་སྤྱན་འབྱེད་ལས། ཚད་མ་བཀའ་གཞུང་ཧེ་དུ་དང་། །སྒྲ་མཐུན་དོན་སྤགས་ཧེ་དུའོ། །ཞེས་པས། སྔ་མ་ནི། གསང་སྔགས་རང་གཞུང་གི་ཧེ་དུ་ཡིས་མངོན་སུམ་རྟོགས་པར་བྱེད་པ་ཡིན་ལ། ཕྱི་མ་ནི་འོག་མ་པ་དང་སྒྲ་མཐུན་ཀྱང་དོན་ཁྱད་པར་དུ་སྤགས་ཏེ་མངོན་སུམ་དུ་རྟོགས་པར་བྱེད་པའོ། །རྒྱས་པར་གཞུང་བཞིན་དུ་ཤེས་པར་བྱའོ། །གཞན་ཡང་སྤྱན་འབྱེད་ལས། ལྡེམ་དགོངས་མན་ངག་གཏན་ཚིགས་ཀྱིས། །སྐབས་ཀྱི་དོན་གཉིས་མཐོང་བར་བྱེད། །དངོས་པོ་ལོ་རྒྱུས་གཏན་ཚིགས་ཀྱིས། །བདག་ཉིད་ཆེན་པོ་སྨོས་ཅི་དགོས། །ཞེས་པས། ལྡེམ་དགོངས་མན་ངག་ཧེ་དུ་ཡིས་སྐབས་སུ་ངོ་སྤྲོད་ཅིང་དངོས་སུ་རྟོགས་པར་བྱ་བ་དང་། དངོས་པོ་ལོ་རྒྱུས་ཀྱི་ཧེ་དུ་ཡིས་ཡིད་ཆེས་པར་བྱ་ཞིང་དངོས་སུ་ངོ་སྤྲད་པར་བྱའོ། །གཏན་ལ་འབེབས་པའི་གྲུབ་མཐའ་ལྟ་བ་བསྟན་པ་ནི། གོང་ལྟར་ངོ་སྤྲད་ཅིང་གཏན་ལ་ཕབ་པས། གོང་གི་བདེན་པ་རྣམ་པ་གསུམ་གྱི་དོན་དེ་ཁོ་ན་ཉིད་ཁོངས་སུ་ཆུད་ཅིང་། ད་ལྟར་གྱི་སྣང་བ་འདི་ཉིད་རིག་པ་རང་སྣང་བས། བལྟ་བྱ་ལྟ་བྱེད་མེད་པར་ཡུལ་མེད་རང་གསལ་དུ་རྟོགས་པས། གོལ་སྒྲིབ་ཀྱི་དམིགས་ཕྱེད། དོམ་མ་ནོར་བ་ཉིད་ཁོང་དུ་ཆུད་ཅིང་། ཐེ་ཚོམ་ཡིད་གཉིས་མེད་པར་གདེང་དང་ལྡན་པའོ། །སྤྱན་འབྱེད་ལས། ཡུལ་མེད་རང་གསལ་ཉམས་རྙེད་ལ། །མཐོང་ཞེས་ཐ་སྙད་བཏགས་པར་ཟད། །ཞེས་པ་དང་། ལམ་རིམ་ལས། གཟུང་འཛིན་བྲལ་བའི་རང་རིག་ཉིད། །དམིགས་མེད་ཚུལ་དུ་དེར་སྣང་ངོ་། །ཞེས་པ་དང་། དོན་དང་སེམས་ཅན་རྟོག་མེད་གསལ། །རང་བྱུང་ཡེ་ཤེས་ཐམས་ཅད་མཁྱེན། །ཞེས་པ་དང་། རང་རིག་མངོན་སུམ་དམིགས་བྲལ་བས། །རང་གསལ་གསུམ་བྲལ་མི་བསྒུལ་པ། །ངེས་པར་གདེང་དུ་གང་བྱས་པ། །ཐོས་བསམ་བྱས་པ་ལྟ་མཐར་ཕྱིན། །ཞེས་གསུངས་སོ། །ལྟ་བྱ་ལྟ་བྱེད་མེད་པར་ཆོས་ཀུན་རིག་པ་རང་གསལ་དུ་རྟོགས་པ་ནི་ལྟ་བའི་ངེས་ཚིག་གྲུབ་སྟེ། སྤྱན་འབྱེད་ལས། དེ་ཕྱིར་ལྟ་དང་ལྟ་བྱེད་པ། །ཆོས་ཀུན་རང་རིག་རང་སྣང་བ། །མེ་ལོང་ལྟ་བུའི་ཚུལ་བཞིན་དུ། །མི་རྟོག་གསལ་བས་ངེས་ཚིག་འགྲུབ། །ཞེས་སོ། །དེ་ལྟར་ན་ཆོས་ཀུན་སེམས་ཉིད་རང་སྣང་དུ་རྟོགས་པས། ཆོས་སྤྱི་དང་རང་གི་མཚན་ཉིད་ཁོང་དུ་ཆུད་དེ། གདོད་མ་ནས་སངས་མ་རྒྱས་ཀྱི་བར་དུ་དམིགས་ཕྱེད་ཅིང་ཁོང་དུ་ཆུད་པ་འོང་ངོ་། །ལམ་རིམ་ལས། ལྟ་བ་ལྟ་བ་གཙོར་བརྗོད་མོད། །དོན་དུ་ཤེས་རབ་ཀུན་མཉམ་ཉིད། །དེད་དཔོན་རིན་ཆེན་ཇི་བཞིན་དུ། །གདོད་མཐའི་བྱེ་བྲག་འདིར་ཤེས་དགོས། །ཞེས་གསུངས་སོ། །དེ་ལྟར་ན་ཟག་བཅས་ཀྱི་སྐབས་སུ་ཆོས་ཉིད་གི་མཚན་ཉིད་མངོན་སུམ་མཐོང་ངམ་མ་མཐོང་ཞེ་ན། གོ་བ་དང་། བྱེ་བྲག་ཕྱེ་བ་དང་། མཐོང་མ་མཐོང་བརྟགས་པའོ། །སྔ་མ་ནི། ཆོས་ཉིད་སྤྱིའི་མཚན་ཉིད་སྟོང་ཉིད་བདག་མེད་པ་དང་། རང་གི་མཚན་ཉིད་ཡུལ་མེད་རང་གསལ་དུ་མཐོང་བའོ། །གསུངས་སོ། །གཉིས་པ་ནི། སྤྱི་དང་རང་གི་མཚན་ཉིད་ཡོད་དེ། དོན་བྱེད་ནུས་པ་རང་གི་དང་། མི་ནུས་པ་སྤྱིའི་དང་། གསལ་བ་རང་གི་དང་། མི་གསལ་བ་སྤྱིའི་དང་། རྒྱུན་འགག་པ་རང་གི་དང་། མི་འགག་པ་སྤྱིའི་མཚན་ཉིད་དོ། །གསུམ་པ་ནི། མ་མཐོང་བར་འདོད་པ་དང་། མཐོང་བར་འདོད་པའོ། །སྔ་མ་ནི་ཟག་བཅས་ཀྱི་སྐབས་སུ། ཆོས་ཉིད་རང་གི་མཚན་ཉིད་མཐོང་ན། ལུང་མན་ངག་རིགས་པ་གསུམ་དང་འགལ་བའི་སྐྱོན་འོང་སྟེ། ལུང་ནི་མདོ་ལས། གཞི་གསུམ་པ་གསང་སྔགས་ཀྱི་ངོ་བོ་ཉིད་ལ་འཇུག་གོ། །ཞེས་པ་དང་། མན་ངག་ནི། དོན་བསྡུས་ལས། དེ་དག་ཟག་བཅས་བསམ་གཏན་ཏེ། །གཉིས་མེད་ཡུལ་བྲལ་དེ་མཐོང་མིན། །ཞེས་གསུངས་སོ། །རིགས་པ་ནི། ཟག་བཅས་ཀྱི་སྐབས་སུ་རང་གི་མཚན་ཉིད་མཐོང་ན་ཟག་མེད་དང་། ཁྱད་མེད་པར་འགྱུར་རོ། །ཞེས་པ་ལ་སོགས་པའོ། །མཐོང་བར་འདོད་པའི་ལུགས་ནི། གཞན་གྱི་སྐྱོན་བསལ་བ་དང་། མཐོང་བའི་ལུགས་གཞག་པའོ། །སྔ་མ་ནི་ལུང་མན་ངག་དང་འགལ་བའི་སྐྱོན་མི་འོང་སྟེ། ཟག་མེད་བཞིན་དུ་མ་མཐོང་བ་ལ་དགོངས་པའོ། །རིགས་པའི་སྐྱོན་ཡང་མི་འོང་སྟེ། རྒྱུན་དུམ་བུ་བ་འཕེལ་འགྲིབ་ཅན་དུ་ཡོད་པས་ཟག་མེད་དང་ཁྱད་པར་ཡོད་དོ། །རྒྱལ་བའི་སྲས་དང་ཤིང་སྣའི་མེ། །རང་མཚན་མཐོང་ཡང་སྟོབས་མ་རྫོགས། །ཞེས་སོ། །གཉིས་པ་མཐོང་བའི་ལུགས་ནི། མཐོང་བ་གསུམ་ལས། བདེན་པ་མཐོང་བ་དང་པོ་ཟག་བཅས་ཀྱི་སྐབས་སུ་རྒྱུན་དུམ་བུ་བ་འཕེལ་འགྲིབ་ཅན་དུ་མཐོང་བའོ། །ལམ་རིམ་དང་སྤྱན་འབྱེད་ལ་སོགས་པའི་ལྟ་བའི་སྐབས་ནས་མཐོང་བར་བཤད་པ་རྣམས་དང་། ཉམས་སྒྲོན་ལས། སྤྲིན་བར་ཉི་འདྲ་གསལ་ཡིད་ཆེས། །ཞེས་པ་ལ་སོགས་པའོ། །མཐོང་བ་གཉིས་པ་ཟག་མེད་མཐོང་ལམ་གྱི་སྐབས་སུ་འགྲིབ་པ་མེད་ལ་འཕེལ་བ་ཡོད་པའོ། །ལམ་རིམ་ལས། སྐབས་འདིར་བདེན་པ་བར་མ་མཐོང་། །ཞེས་པ་དང་། ཟག་ཀུན་ཟད་པའི་རིན་ཆེན་འདི། །ཇི་ལྟར་བཤད་ཀྱང་ལྡོག་པ་མེད། །ཅེས་གསུངས་སོ། །ཐ་མ་ནི་སངས་རྒྱས་ཀྱི་དུས་སུ་སྒྲིབ་གཡོགས་ཀུན་དང་བྲལ་ཏེ། གསལ་བ་མཐར་ཕྱིན་པ་མཐོང་བས་འཕེལ་འགྲིབ་མེད་པར་མངོན་དུ་གྱུར་བའོ། །ལམ་རིམ་ལས། ཐ་མའི་ཐ་མ་ཞེན་བྲལ་བའི། །ཡེ་ཤེས་འགྲོ་འོང་མེད་ཀུན་ཁྱབ། །ཅེས་པ་དང་། གཅན་འཕྲང་ལས། རང་བྱུང་ཡེ་ཤེས་མངོན་བྱས་པས། །སྤང་ཐོབ་གཉིས་མེད་དེ་བཞིན་གཤེགས། །ཞེན་མཐའ་ཀུན་བྲལ་བདེ་ཆེན་གྱི། །དགོངས་པ་གསལ་འགྲིབ་འགྲོ་འོང་མེད། །ཅེས་གསུངས་སོ། །དང་པོ་ཟག་བཅས་ཀྱི་སྐབས་སུ་ཆོས་ཉིད་རང་གི་མཚན་ཉིད་མཐོང་བ་ནི། ལུང་མན་ངག་རིགས་པ་གསུམ་ལས། ལུང་ནི་མདོ་ལས། རང་བཞིན་ཡེ་ནས་སངས་རྒྱས་ལ། །མཐོང་དང་མ་མཐོང་རྣམ་གཉིས་ལས། །དམན་པའི་སྐབས་ན་དེ་མཐོང་མིན། །མཐོང་བ་དམ་པའི་སྐབས་ནའོ། །མཐོང་བས་མངོན་ཐོས་རྣམ་གཉིས་ལས། །མཐར་ཕྱིན་དམ་པ་མངོན་སུམ་པ། །ཐོས་པས་མཐོང་བར་འགྱུར་ཕྱིར་འགྲོ། །ཞེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། ད་ལྟ་ཆོས་སྐུར་མ་ཤེས་ན། །གསང་སྔགས་མན་ངག་ཅི་ལ་ཆེ། །དེ་ཕྱིར་བསྟན་ཤེས་བསྒོམ་མ་དགོས། །ཞེས་པ་དང་། མན་ངག་ནི། སྤྱན་འབྱེད་ལས། རྒྱུ་འབྲས་ཕྱིར་ན་ཅིག་ཤོས་ལ། །ཡུལ་མེད་རང་གསལ་མངོན་སུམ་པའོ། །ཞེས་པ་དང་། ལམ་རིམ་ལེའུ་གཉིས་པ་ལས། ལྔ་དང་དམིག་དབྱེ་མེད་ཕྱིར་ཏེ། །དེ་བས་ཡུལ་མེད་རང་གསལ་བའོ། །ཞེས་གསུངས་སོ། །གཞན་ཡང་ཁོག་དབུབ་ཀྱི་སྐབས་སུ་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ལུང་རྣམས་སོ། །རིག་པ་ནི། གསང་སྔགས་ཀྱི་ལུགས་ཀྱི་ཟག་བཅས་སྐབས་སུ་ཆོས་ཉིད་རང་གི་མཚན་ཉིད་མ་མཐོང་ན། གསང་སྔགས་འབྲས་བུ་ལམ་དུ་བྱེད་པ་མ་ཡིན་ཞིང་། རྒྱུ་ལམ་དུ་བྱེད་པ་དང་ཁྱད་པར་མེད་པར་ཐལ་བ་དང་། ཆོས་ཉིད་མངོན་སུམ་དུ་ངོ་སྤྲོད་པའི་མན་ངག་རྒྱུན་ཆད་དང་། རང་རིག་པའི་ཚད་མ་རྒྱུན་ཆད་པར་ཐལ་པ་དང་། མངོན་སུམ་པར་རྟོགས་པར་བྱེད་པའི་ཧེ་དུ་གཏན་ཚིགས་རྒྱུན་ཆད་པར་ཐལ་བའི་སྐྱོན་འོངངོ་། །མཐོང་བའི་ཚུལ་ནི། གསལ་བ་མཐར་ཕྱིན་མ་ཕྱིན་གྱི་བྱེ་བྲག་སྟེ། དཔེར་ན་དབང་པོའི་ཡུལ་དུ་མཐོང་ཡང་། ཐག་ཉེ་རིང་གིས་གསལ་བ་མཐར་ཕྱིན་མ་ཕྱིན་ཡོད་པ་བཞིན་ནོ། །ལམ་རིམ་ལས། དབང་པོ་དང་སྔ་མའི་སྤྱོད་ཡུལ་ལས། ཉེ་རིང་དྲུང་བཞིན་སྟོབས་འཕེལ་བས། །རྒྱུ་རྐྱེན་གོང་འོག་འབྲས་བུ་འབྲེལ། །གསལ་བའི་བྱེ་བྲག་རིམ་པས་འགྲོ། །ཞེས་སོ། །རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ནི། ལམ་རིམ་ལས། དེ་ཡང་རང་བཞིན་སྦྱངས་པ་ཡིས། །སྣོད་དུ་གྱུར་པ་ཉེ་རིང་ཕྱིར། །རིམ་དང་ཅིག་ཆར་བཞི་ཆ་ཡིས། །ཞེས་སོ། །ཅིག་ཆར་བ་དང་རིམ་གྱིས་པའི་བྱེ་བྲག་བཞི་སྟེ། ཅིག་ཆར་བའི་ཅིག་ཆར་བ་ནི། རྟོགས་གྲོལ་དུས་མཉམ་པ་གོང་གི་སྐུ་ལྔ་དང་ཚུལ་མཐུན་པར་རྟོགས་ཤིང་གྲོལ་བའོ། །ཅིག་ཆར་བའི་རིམ་གྱིས་པ་ནི། རྟོགས་པའི་དོན་ལ་མྱོང་བའི་རྒྱུད་བརྟན་པ་ཙམ་ལས་ལམ་གྱི་རིམ་པ་མེད་པར་གྲོལ་བའོ། །སྲིད་པ་རྫོགས་པར་སྨིན་ཚུལ་དུ། ལྷག་པའི་གདེང་ལྡན་སྐྱེས་བུ་ཡིན། །བསྒོམ་པ་རྣམ་བཞི་ཟུང་ལྡན་པ། །གདོད་མ་ཉིད་ནས་གོམས་པར་བྱེད། །ཅེས་གསུངས་སོ། །རིམ་གྱིས་པ་ལ་གཉིས་ཏེ། རིམ་གྱིས་པའི་ཅིག་ཆར་པ་སྟེ་ཐོད་རྒལ་བ་དང་། རིམ་གྱིས་པའི་རིམ་གྱིས་པའོ། །སྔ་མ་ནི་ལམ་ངེས་མེད་བོར་ལོང་དུ་བགྲོད་པ་ཡིན་ཏེ། རྒྱས་པར་ལམ་རིམ་བཞིན་ཤེས་པར་བྱའོ། །ཕྱི་མ་ནི། ཏིང་ངེ་འཛིན་བཞི་དང་ལྡན་པས་བར་ཆད་མེད་པར་ཚོགས་བསྒྲུབ་པའོ། །དེ་ཡང་སྤྱིར་ལམ་ལྔ་སྟེ། ཚོགས་གཉིས་མངོན་དུ་སོགས་པས་ཚོགས་ལམ་དང་། ལྟ་བ་དང་ཏིང་ངེ་འཛིན་གྱིས་ཟག་མེད་མཐོང་ལམ་ལ་སྦྱོར་བས་སྦྱོར་ལམ་དང་། ཟག་པ་མེད་པའི་ཆོས་ཉིད་རང་མཚན་རྒྱུན་དུ་མཐོང་བས་མཐོང་ལམ་དང་། མཐོང་བའི་དོན་ལ་གོམས་པས་བསྒོམ་ལམ་དང་། གོམས་པ་མཐར་ཕྱིན་ནས་སངས་རྒྱས་པས་མཐར་ལམ་མོ། །དེ་ཡང་ལམ་ཆུང་ལས། ལྡོག་བཅས་བཞི་དང་སྦྱོར་ལམ་དང་། །ཞེས་པས། ལྟ་བ་མངོན་དུ་རྟོགས་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྟོང་ཉིད་གོམས་པར་བྱེད་པ་དང་། ཀུན་སྣང་གི་དམིགས་པ་མེད་པའི་སྙིང་རྗེ་བསྒོམ་པ་དང་། མུ་ཏྲ་གཅིག་པའི་ཏིང་ངེ་འཛིན་སྣང་སྟོང་ཟུང་འཇུག་རྒྱལ་བའི་སྐུ་རུ་བསྒོམ་པ་དང་། སྣང་འབྱེད་ཏིང་ངེ་འཛིན་གྱིས་སྣང་སྟོང་ཟུང་འཇུག་མུ་ཏྲ་སྤྲོས་པ་བསྒོམ་པ་དང་བཞི་ནི་ཚོགས་ལམ་མོ། །བར་ཆད་མེད་པར་ཚོགས་བསྒྲུབ་པ་ནི་སྦྱོར་ལམ་མོ། །ལམ་རིམ་ལས། སྐབས་འདིར་བདེན་པ་བར་མ་མཐོང་། །ཞེས་དང་། རྣམ་སྨིན་དང་ཚེ་དབང་གཉིས་མཐོང་ལམ་མོ། །ཟག་པ་མེད་པ་བསྒོམ་པའི་ལམ། །མི་གཡོ་རྣལ་འབྱོར་ཉིད་དུའང་བརྗོད། །ཞེས་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི་བསྒོམ་ལམ་པའོ། །ཐ་མའི་མིང་གྲངས་མཐར་ཕྱིན་ལམ། །རང་རྒྱུད་དག་པའི་སངས་རྒྱས་དང་། །དེ་ཉིད་དང་ནི་མཐར་སྦྱོར་ལམ། །ཡང་དག་རྫོགས་པའི་རྒྱལ་ཚབ་པའོ། །ཞེས་པས། ལྷུན་གྱིས་གྲུབ་པའི་རིག་འཛིན་ནི་མཐར་ལམ་པར་གསུངས་སོ། །དེ་ལ་དང་པོ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་སེམས་ཉིད་རང་སྣང་ལ་དངོས་པོ་དང་མཚན་མ་མེད་པས་བསྒོམ་བྱ་བསྒོམ་བྱེད་མེད་པར་མ་བཅོས་དེ་བཞིན་ཉིད་དུ་བསྒོམ་ཞིང་། ཞི་གནས་ལྷག་མཐོང་ཟུང་འབྲེལ་དུ་བསྒོམ་པ་ཡིན་ཏེ། དངོས་རྣམས་ཉིད་ན་དངོས་མེད་པར། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཉིད་རང་གསལ་མི་གཡོ་བ། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །ཞེས་གསུངས་སོ། །ཀུན་ཏུ་སྣང་གི་ཏིང་ངེས་དེ་ལྟར་མ་རྟོག་པའི་སེམས་ཅན་ཐམས་ཅད་ལ་དམིགས་པ་མེད་པའི་སྙིང་རྗེ་བསྒོམ་ཞིང་། ཐམས་ཅད་ཡེ་ཤེས་སྒྱུ་མའི་ངོ་བོར་གསལ་བ་ཡིན་ཏེ། སྙིང་རྗེ་ཆེན་པོའི་རྣལ་འབྱོར་པས། །སྲིད་གསུམ་སྒྱུ་མ་འདྲ་བར་ནི། །རྫོགས་པའི་བྱང་ཆུབ་མཁས་པས་ཤེས། །འགྲོ་བའི་ཆེད་དུ་གོ་བགོས་ཏེ། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་པས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་གསུངས་སོ། །ཕྱག་རྒྱ་གཅིག་པ་ནི། ལྷ་ཡབ་ཡུམ་ཟུང་གཅིག་ལྷག་པའི་ལྷ་དགུ་ཉིད་དང་བཅུ་བསྒོམ་ཞིང་། དེ་ཉིད་སྣང་སྟོང་ཟུང་འཇུག་རང་བྱུང་རང་སྣང་དུ་བསྒོམ་ཞིང་རྩལ་སྦྱོང་བའོ། །ཕྱི་མ་ཚངས་པ་སྲིན་པོ་ཚུལ། །རྫོགས་པར་བྱ་བ་ཟུང་དུ་འགྱུར། །ཅེས་པ་དང་། གཞལ་ཡས་ལྷ་ཡི་དཀྱིལ་འཁོར་ཡང་། །སེམས་ཀྱི་ཆོ་འཕྲུལ་རང་སྣང་ཕྱིར། །ལྷ་ལ་དམིགས་མེད་རིག་པ་ཉིད། །བཞི་རྫོགས་སྐུ་དེར་རང་སྣང་བའོ། །ཞེས་གསུངས་སོ། །སྣང་འབྱེད་ནི། དལ་དང་ཚོམ་བུ་ལ་སོགས་པ་རྣམ་གྲངས་སྤྲོས་པར་བསྒོམ་ཞིང་། སྣང་སྟོང་ཟུང་འཇུག་མ་འདྲེས་ཡོངས་རྫོགས་རིག་པ་རང་གསལ་དུ་བསྒོམ་པ་ཡིན་ཏེ། སྟང་དཔྱལ་གཉིས་ཀྱི་ཕྱག་རྒྱ་དང་། །སངས་རྒྱས་སྟོང་གི་དཀྱིལ་འཁོར་ཡང་། །རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། །དཔེ་བྱད་མཚན་གྱིས་བརྒྱན་སྤྲས་པའོ། །ཞེས་པ་དང་། ཕུང་སོགས་དཀྱིལ་འཁོར་ལྷར་སྣང་བ། །རྒྱ་མཚོའི་གཟུགས་བརྙན་ཇི་བཞིན་དུ། །ཀུན་དངོས་རང་རིག་ལྷར་གསལ་བ། །གཅིག་དང་དུ་མ་ཡོངས་ཀྱིས་མེད། །ཅེས་གསུངས་སོ། །གཉིས་པ་བར་ཆད་མེད་པར་ཚོགས་བསྒྲུབ་པ་ནི། ཕུན་སུམ་ཚོགས་པ་ལྔས་གཞི་བྱས། བསྙེན་བསྒྲུབ་རྣམ་པ་བཞིས་གཞུང་བསྲངས་ནས། བར་ཆད་མེད་པར་ཚོགས་བསྒྲུབས་ཏེ། །ཟག་མེད་མཐོང་ལམ་ལ་སྦྱོར་བའོ། །ཕུན་སུམ་ཚོགས་པ་ལྔ་གཞི་ལ། །བསྙེན་བསྒྲུབ་བཞི་ཡིས་གཞུང་བསྲང་བའོ། །གང་དག་མོས་པ་ཇི་བཞིན་དུ། །ཞི་དང་ཁྲོ་བོར་བསྒྲུབ་པར་བྱ། །ཞེས་པ་དང་། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །རབ་འབྲིང་ཇི་བཞིན་མི་བསླུ་བར། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཞེས་གསུངས་སོ། །གསུམ་པ་ཟག་མེད་ཀྱི་ལམ་གསུམ་ལ། གནས་སྐབས་ཀྱི་འབྲས་བུ་རིག་འཛིན་བཞི་བསྟན་པ་ནི། མཐོང་ལམ་ལ་རྣམ་སྨིན་དང་ཚེ་ལ་དབང་བའི་རིག་འཛིན་ནོ། །དང་པོ་ནི། ཡིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་སྟོབས་རྫོགས་ཤིང་། ལུས་ལྷའམ་མིའི་ལུས་སུ་ཡོད་ལ། ལུས་ཀྱི་རྒྱ་མདུད་གྲོལ་མ་ཐག་ཕྱག་རྒྱ་ཆེན་པོ་ལ་སྦྱོར་བའོ། །ལྷ་ཡི་རྣལ་འབྱོར་གསལ་རྫོགས་ནས། །ལུས་ཀྱི་དྲ་བས་བསྒྲིབ་འགྱུར་ན། །ཀ་ལ་པིང་ཀ་མི་འཇིགས་བཞིན། །བྲལ་ནས་སྣང་བྱེད་དེ་རྣམ་སྨིན། །ཞེས་པ་དང་། རྒྱ་མིག་རྒྱ་ས་ཇི་ལྟ་བར། །མུ་ཏྲ་ཐོབ་ལས་མ་རེག་པའི། །གཟུགས་རྫོགས་སྟོབས་ལྡན་དེ་ཁོ་ན། །ཞེས་གསུངས་སོ། །ཕྱི་མ་ཚེ་དབང་ནི། ཟག་བཅས་ཀྱི་ལུས་ཉིད་ཟག་མེད་འབྱུང་བ་རྡོ་རྗེའི་ལུས་སུ་གྱུར་ཅིང་ལུས་མ་བོར་བ་སངས་རྒྱས་ཀྱི་ས་ལ་འགྲོ་བའོ། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདས། །ལུས་མ་བོར་བར་སངས་རྒྱས་པའོ། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོའི་རིགས་འཛིན་ནི། རང་ལུས་རྒྱལ་བའི་སྐུ་ཕྱག་རྒྱ་ཆེན་པོ་གྱུར་ཏེ་མཚན་དང་དཔེ་བྱད་དང་ལྡན་པའོ། །རང་སེམས་ཕྱག་རྒྱ་ཆེན་པོ་སྟེ། །བསྒོམ་པ་གང་ཡིན་མངོན་གྱུར་སྐུ། །ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །ཞེས་སོ། །ལྷུན་གྱིས་གྲུབ་པའི་རིགས་འཛིན་ནི། བག་ལ་ཉལ་གྱི་སྒྲིབ་པ་ཕྲ་མོ་དེ་བཅོམ་ནས་སྐད་ཅིག་མ་ཕྱི་མ་ལ་སངས་རྒྱས་པའོ། །སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་ཉིད། །ལྷུན་མཉམ་ངང་ལ་མི་གཡོ་ཞིང་། །མི་རྟོག་ཉིད་དུ་བཞུགས་པའང་། །བག་ལ་ཉལ་བ་འཇོམས་བྱེད་ཅིང་། །སྐད་ཅིག་དག་ལས་རིག་འཛིན་འཐོབ། །ཅེས་གསུངས་སོ། །མངོན་དུ་བྱས་པའི་འབྲས་བུ་སངས་རྒྱས་ནི། མཚན་ཉིད་ཐ་མའི་ཐ་མ་ནི། །ངོ་བོ་ཚུལ་དང་ཁྱད་པར་གྱིས། །ཞེས་པས། ངོ་བོ་ནི། འབྲས་བུ་ཆོས་ཉི་ཤུ་རྩ་ལྔ་གསུང་སྟེ། ལུས་གསུམ་སྔ་མ་བརྗོད་བྱ་བ། །སྐུ་དང་གསུང་དང་ཐུགས་ཉིད་དང་། །ཡོན་ཏན་ཕྲིན་ལས་རྨད་བྱུང་བ། །ལྔ་དང་ལྔ་ཡི་ངོ་བོར་གནས། །ཞེས་གསུངས་སོ། །ཚུལ་ནི་མར་ལ་མར་བཞག་པ་བཞིན་རྒྱུད་དུ་སངས་རྒྱ་བ་ཡང་མ་ཡིན། ཤིང་གི་མེ་དཔུང་ལྟར་སྦྱངས་པའི་ཡེ་ཤེས་མ་འདྲེས་པའང་མིན་ཏེ། མ་འདྲེས་ཡོངས་རྫོགས་སུ་བཞུགས་པའོ། །དོན་དམ་གཅིག་པུར་མ་ཡིན་ཕྱིར། །ཆུ་ལ་ཆུ་ལྟར་གཅིག་པའང་མིན། །ཞེས་དང་། ཤིང་གི་མེ་དཔུང་ལྟར་བརྗོད་པའང་། །དྲང་བ་ཙམ་སྟེ་དེ་ཉིད་མིན། །ཞེས་པ་དང་། མཉམ་པ་གསུམ་པ་ཡིན་པའི་ཕྱིར། །ངེས་པར་རྒྱུད་འདྲེས་མ་འདྲེས་པའི། །ཐ་སྙད་བྲལ་བའི་ཚུལ་དུ་བཞུགས། །ཞེས་གསུངས་སོ། །ཁྱད་པར་ནི། གྲུབ་མཐའ་སོ་སོའི་སངས་རྒྱས་ལ། །གྲངས་རྫོགས་ངོ་བོའི་བྱིན་རླབས་ལས། །སྣང་དང་དོན་བྱེད་ཆེ་ཆུང་གིས། །དཔག་པའི་ངོ་བོ་ཉིད་ཀྱིས་གསལ། །ཞེས་པས། གྲངས་རྫོགས་མ་རྫོགས་ཀྱི་ཁྱད་པར་དང་། ངོ་བོ་འདུས་བྱས་མ་བྱས་ཀྱི་ཁྱད་པར་དང་། བྱིན་རླབས་མངོན་དུ་སྣང་མི་སྣང་གི་ཁྱད་པར་དང་། ཕྲིན་ལས་དོན་བྱེད་ཆེ་ཆུང་གི་ཁྱད་པར་ལ་སོགས་པ་རྒྱས་པར་གཞུང་བཞིན་དུ་ཤེས་པར་བྱའོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། མ་ཧཱ་ཡོ་གའི་འདོད་པ་བསྟན་པའི་ལེའུ་སྟེ། བཅུ་དགུ་པའོ།།
༈ །།ཨ་ནུ་ཡོ་གའི་འདོད་པ་བསྟན་པ་ནི། མ་ཧཱ་དང་ཤན་དབྱེ་བ་དང་། རང་གི་འདོད་པ་བསྟན་པའོ། །སྔ་མ་ནི། ཡོད་བསྐྱེད་རྫོགས་གཉིས་ཀ་ཡོད་ཀྱང་། བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་མ་ཧཱ་ཡོ་ག །ཡོད་བསྐྱེད་རྫོགས་གཉིས་ཀ་ཡོད་ཀྱང་རྫོགས་པའི་རིམ་པ་གཙོར་སྟོན་པ་ཨ་ནུ། བསྐྱེད་རྫོགས་གཉིས་ཀྱི་ཐ་སྙད་ལས་གྲོལ་བ་ཨ་ཏིའོ། །ཡང་གཞི་ལམ་འབྲས་བུ་གསུམ་གྱི་ཁྱད་པར་ཡོད་དེ། དང་པོ་ནི། མ་ཧཱ་དོན་དམ་པ་སྣང་བ་འདི་ཉིད་དངོས་སུ་ཁས་ལེན་མི་ནུས་ཤིང་། ཀུན་རྫོབ་ཀྱི་སྣང་བ་སེམས་ཀྱི་ཆོ་འཕུལ་ལྷའི་དལ་དུ་འདོད་ལ། དེ་གཉིས་སུ་མེད་པ་ནི་བདེན་པ་དབྱེར་མེད་དུ་འདོད་པ་ཡིན་ཏེ། དེས་ན་འཁྲུལ་པས་བརྟགས་པའི་སྣང་བ་འདི་ཉིད་ཆོས་ཉིད་དུ་ཁས་ལེན་མི་ནུས་པས། དོན་དམ་ཕྱོགས་འཛིན་གྱི་རྒྱ་དང་མ་བྲལ་བའོ། །ཀུན་རྫོབ་ཀྱང་སེམས་ཀྱི་ཆོ་འཕྲུལ་དུ་འདོད་པས། གཞི་ངོ་བོ་སེམས་དང་བཅས་ཤིང་དངོས་སུ་མི་བདེན་པས། བདེན་རྫུན་གྱི་མཐའ་དང་མ་བྲལ་བའོ། །དབྱེར་མེད་ཀྱང་དེ་གཉིས་ཀྱི་ངོ་བོ་དབྱེར་མེད་ཡིན་པས་མཉམ་པ་ཉིད་ཀྱི་དགོངས་པ་མངོན་དུ་མ་གྱུར་པའོ། །ཨ་ནུ་དབྱིངས་སམ་དོན་དམ་ལ་ནང་བ་རྩལ་རྫོགས་སུ་འདོད་ཅིང་། འཁྲུལ་པས་བརྟག་པའི་སྣང་བ་འདི་ཉིད་ཆོས་ཉིད་རང་སྣང་མངོན་སུམ་དུ་སྣང་བར་འདོད་ཅིང་རྟོགས་པས། ཕྱོགས་འཛིན་གྱི་རྒྱ་དང་བྲལ་བའོ། །ཀུན་རྫོབ་བམ་ཡེ་ཤེས་ནི། དོན་དམ་མམ་དབྱིངས་ཀྱི་རྩལ་ལམ་རོལ་པ་རང་སྣང་བས། གཞི་པོའི་སེམས་གཅིག་མ་གྲུབ་ཅིང་བདེན་རྫུན་གཉིས་སུ་མེད་པའོ། །དབྱེར་མེད་ཀྱང་མ་ཧཱ་ངོ་བོ་དབྱེར་མེད་ལས། ཨ་ནུ་མཚོན་ཚུལ་ཀྱང་དབྱེར་མེད་ཅིང་མཉམ་པ་ཉིད་དོ། །དེས་ན་གཞིའམ་ལྟ་བ་ལ་ཁྱད་པར་ཡོད་པས། ལམ་བསྒོམ་པ་ལ་ཡང་ཁྱད་པར་ཡོད་དེ། མ་ཧཱ་ཡོ་གའི་ཡན་ལག་གསུམ་གྱིས་ལྷ་བསྒོམ་ཞིང་བསྐྱེད་རྫོགས་རིམ་པར་བསྒོམ་པའོ། །སྤྱོད་པའང་དམ་རྫས་དང་རྩོལ་བསྒྲུབ་ལ་རག་ལས་པའོ། །ཨ་ནུ་ནི་ལྷ་སྐད་ཅིག་དྲན་རྫོགས་སུ་བསྒོམ་ཞིང་བསྐྱེད་རྫོགས་དུས་གཅིག་རང་བྱུང་རང་སྣང་དུ་ཉམས་སུ་ལེན་པའོ། །སྤྱོད་པའང་དམ་རྫས་དང་རྩོལ་བ་ལ་རག་མ་ལས་ཤིང་ལྟ་བ་དང་ཏིང་ངེ་འཛིན་ལ་འདུས་པར་གསུངས་སོ། །འབྲས་བུ་ནི་ལྟ་བ་ལ་ཁྱད་པར་ཡོད་པས་དེ་མངོན་དུ་བྱས་པ་འབྲས་བུ་ལ་ཁྱད་པར་ཡོད་པ་ཡིན་ཏེ། གཤིས་དག་པར་བྱར་མེད་ཅིང་རྩོལ་མེད་བདེ་བ་ཆེན་པོར་གནས་པ་ལ། རྩོལ་བསྒྲུབས་ཀྱིས་དག་པར་བྱས་པས་འབྲས་བུ་སྐུ་ལྔ་ཐོབ་ཀྱང་། ཤེས་བྱ་ཇི་ལྟ་བ་བཞིན་མངོན་སུམ་དུ་གྱུར་མ་གྱུར་གྱི་ཁྱད་པར་ཡོད་དེ། རང་རང་གི་འབྲས་བུའི་སྐབས་ནས་སྟོན་པ་བཞིན་ནོ། །རང་གི་འདོད་པ་བསྟན་པ་ནི། དོན་བསྡུས་ལས། གཞི་དང་ཐབས་དང་འབྲས་བུ་ཡི། །ཚུལ་གསུམ་འབེབས་པའི་དོན་དུ་བཤད། །ཞེས་པས། གཞི་ལམ་འབྲས་བུ་གསུམ་ལས། གཞི་ནི་སྤྱིར་གཞིའི་སྐབས་སུ་བསྟན་པ་བཞིན་དང་། བྱེ་བྲག་ཏུ་དབྱིངས་ཡེ་ཤེས་སམ་དལ་གསུམ་དུ་འདུས་ཏེ། དེ་ལ་དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་དང་དལ་རྣམ་པ་གསུམ་དུ་ཡང་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཡུལ་དུ་སྣང་བ་ཐམས་ཅད་ཆོས་དབྱིངས་མུ་མཐའ་མེད་པས་ཡུམ་ཀུན་ཏུ་བཟང་མོ། དེ་ཉིད་མ་བསྒྲིབ་རིག་པ་རང་གསལ་བས་ཡེ་ཤེས་སམ་ཡབ་ཀུན་ཏུ་བཟང་པོ། དེ་གཉིས་འདུ་འབྲལ་མེད་ཅིང་གཉིས་སུ་མེད་པས་སྲས་བདེ་བ་ཆེན་པོ་དེ། ཀུན་འདུས་ལས། སྣོད་དུ་གྱུར་པ་ཡུམ་གྱི་དབྱིངས། །བཅུད་རྣམས་རྒྱལ་བ་ཡབ་ཀྱི་མཁའ། །འབྱུང་འཇུག་རིག་པས་ལོངས་སྤྱོད་དེ། །འདི་ནི་རྡོ་རྗེ་དམ་ཚིག་ཡིན། །ཞེས་སོ། །དབྱིངས་སམ་ཡུམ་ནི། ལ་ཤན་ལས། གང་ཡང་སེམས་ལས་གཞན་མིན་པས། རང་བཞིན་ཅིར་ཡང་མ་སྐྱེས་ཕྱིར། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཀུན་གཞི་བཟང་མོའི་མཁའ་ཀློང་ལས། །ཅིར་ཡང་སྣང་བ་ཡུམ་གྱི་དབྱིངས། །ཅེས་སོ། །ཡབ་བམ་ཡེ་ཤེས་ནི། དེ་ཉིད་ལས། རྗེས་ལ་ཐོབ་འཇུག་རྣལ་འབྱོར་གཞུང་། །མ་སྐྱེས་རང་རིག་ཡེ་ཤེས་ཉིད། །རྩལ་རྫོགས་རོལ་པ་རང་སྣང་བས། །གྲངས་མདོག་མ་ངེས་སྐུ་གསུང་ཐུགས། །རང་སྣང་ཕྱག་རྒྱ་བསམ་མི་ཁྱབ། །ཀུན་བཟང་རོལ་ཕྱིར་བླང་དོར་མེད། །ཅེས་གསུངས་སོ། །དབྱེར་མེད་དམ་སྲས་བདེ་ཆེན་ནི། །རང་སྣང་རོལ་པ་བསམ་ཡས་ཀྱང་། །བ་གའི་ཀློང་ལས་གཡོས་མེད་དེ། །འདུ་འབྲལ་མེད་པའི་བདེ་ཆེན་པོ། །སངས་མ་རྒྱས་པ་གཅིག་མེད་པའོ། །ཞེས་གསུངས་སོ། །དལ་གསུམ་ནི་ཁོག་དབུབ་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །དེ་ཚེའང་ཧྲིལ་དྲིལ་ན། ཆོས་ཀུན་ཇི་ལྟར་སྣང་ཡང་རང་བྱུང་གི་ཡེ་ཤེས་སེམས་ཉིད་རང་སྣང་བའོ། །ཀུན་འདུས་ལས། སྲིད་པའི་སེམས་ཅན་ཐམས་ཅད་དང་། །ཐར་པ་ཆོས་ཀྱི་རྣམ་གྲངས་ཀུན། །སོ་སོར་སྣང་བ་མ་ཡིན་ཏེ། །ཀུན་ཀྱང་མཉམ་པ་ཉིད་དུ་གསལ། །ཞེས་པ་དང་། དོན་བསྡུས་ལས། ཕྱི་ནང་བྱེ་བྲག་ཇི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པའི། །ཤེས་པར་བྱ་བའི་རྒྱུད་དོན་ཡིན། །ཞེས་གསུངས་སོ། །ལམ་ནི་རྟོགས་ནས་ཉམས་སུ་ལེན་པར་བྱེད་པ་ཡིན་ཏེ། དེ་ཡང་རྟོགས་པའི་ལྟ་བ་དང་རྟོགས་ནས་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ནི། རྟོགས་ཐབས་དང་། རྟོགས་པའི་ལྟ་བ་གཉིས་ལས། རྟོགས་ཐབས་ནི། ལུང་མན་ངག་རིག་པའི་སྒོ་ནས་རྟོགས་པར་བྱ་སྟེ། ཁོག་དབུབ་སྟོང་ཐུན་གྱི་སྐབས་སུ་བཤད་པ་བཞིན་དང་། རྒྱས་པར་འདོད་ན་གུད་ན་རྒྱས་པར་ཡོད་དོ། །རྟོགས་པའི་ལྟ་བ་ནི། ཆོས་ཀུན་ཇི་ལྟར་སྣང་ཡང་རང་བྱུང་གི་ཡེ་ཤེས་རང་སྣང་བས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་ཅིང་མཐོང་བྱ་མཐོང་བྱེད་མེད་པ་ཡུལ་མེད་རང་གསལ་དུ་རྟོགས་ཏེ། གོལ་སྒྲིབ་ཀྱི་དམིག་བྱེད་ཇི་བཞིན་པ་ཉིད་དུ་ཐག་ཆོད་ནས་ཐེ་ཚོམ་དང་ཡིད་གཉིས་མེད་པའོ། །ཀུན་འདུས་ལས། གཉིས་སུ་ལྟ་བ་མ་སྐྱེས་ཕྱིར། །གཉིས་ཀྱི་འདུ་ཤེས་ནི་བྱུང་ཡང་། །རང་བྱུང་ཞི་བ་མ་བཀག་ཆོས། །ཡེ་ནས་མ་བཅོས་དོན་གྱིས་གསལ། །ཞེས་པ་དང་། ཆོས་ཉིད་དབྱིངས་སུ་རོ་གཅིག་ཕྱིར། །ཤེས་དང་ཤེས་བྱ་གཉིས་མེད་དེ། །ཡེ་ནས་ཤེས་ཉིད་ཆོས་ཤེས་ན། །ཆོས་ཉིད་གཞན་ནས་བཙལ་མི་དགོས། །ཞེས་པ་དང་། མདོ་ལས། མཐའ་ཡས་ཇི་སྙེད་ཆོས་ཀུན་གྱི། །རང་བཞིན་ཇི་ལྟར་གནས་པ་བཞིན། །མ་བཅོས་ཕྱིན་ཅི་མ་ལོག་པ། །དེ་བཞིན་ཉིད་དུ་ཐག་ཆོད་པའོ། །ཞེས་པའོ། །མདོ་བསྲེས་ལས། ཡེ་ཤེས་རང་སྣང་ནམ་མཁའ་ལ། །ནམ་མཁའ་ཉིད་དུ་སྣང་བར་ཟད། །མཐོང་བ་མེད་པའི་དོན་དེ་ཉིད། །ཡིད་ཀྱི་ངོ་ལ་སྣང་གྱུར་པ། །ལྟ་བ་མེད་པའི་ལྟ་བ་ནི། །འདི་ནི་ལྟ་བ་དམ་པ་དང་། །ཞེས་གསུངས་སོ། །རྟོགས་ནས་གོམས་པའི་ལམ་བསྟན་པ་ནི། གཅིག་ཆར་བ་དང་། རིམ་གྱིས་པའོ། །སྔ་མ་གཉིས་ཏེ། རྟོགས་གྲོལ་ཐར་པ་དུས་མཉམ་པའི་གཅིག་ཆར་བ་དང་། རྟོགས་པའི་དོན་ལ་མྱོང་བའི་རྒྱུ་བརྟེན་པ་ཙམ་གྱིས་ལམ་གྱི་རིམ་པ་མེད་པར་གྲོལ་བ་པའོ། །དང་པོ་ནི། ཚུལ་གྱི་ཧེ་དུ་ལ་སོགས་པ་ཡིས་ལྟ་བ་ཡུལ་མེད་རང་གསལ་ཅིག་ཆོད་དུ་རྟོགས་པས། བསྒོམ་པ་ཡང་ཅིག་ཆོད་པ་ཡིན་ཏེ། རྟོགས་གྲོལ་དུས་མཉམ་པས་འབྲས་བུ་ཅིག་ཆར་དུ་སངས་རྒྱ་བའོ། །མདོ་ལས། ས་དང་ས་ཡི་འབྱུང་གནས་པ། །ཀུན་གཞི་ཀུན་གྱི་ས་ཡིན་ཏེ། །གང་གིས་ས་ཆེན་འདི་ནོན་ན། །ས་རྣམས་སྐད་ཅིག་ཙམ་བགྲོད་པའོ། །ཞེས་པ་དང་། ཀུན་འདུས་ལས། དེ་བས་མཉམ་པའི་དོན་འདི་ལ། །བཏུད་དེ་གཅིག་ཆར་འཇུག་ཤེས་ན། །བསྒོམ་པའི་ཡུན་ནི་རིང་ཐུང་དང་། །ལས་འཕྲོ་ཡོད་དང་མེད་པ་དང་། །ནམ་ཞིག་མཉམ་པའི་ཁར་མ་ལུས། །ཞེས་པ་དང་། དོན་བསྡུས་ལས། གང་དག་བློ་ཆེན་མངོན་རྟོགས་པས། །མཉམ་ཉིད་ཡུལ་བྲལ་རང་གསལ་བར། །མི་གཡོ་ཅིག་ཆར་གང་འཇུག་པ། །ས་དང་ལམ་གྱི་གྲངས་རྩོལ་མེད། །ཞེས་གསུངས་སོ། །གཉིས་པ་ནི། རྟོགས་པའི་དོན་ལ་དྲན་པའི་རྒྱུན་བརྟེན་ནས། བསྒོམ་བྱ་བསྒོམ་བྱེད་མེད་པ་རང་ལུགས་རྩོལ་མེད་དུ་ཉམས་སུ་བླངས་པས། ཉམས་དང་ཡོན་ཏན་ཕྱོགས་མེད་དུ་ཤར་ནས་གྲོལ་བར་གསུངས་ཏེ། མདོ་ལས། རྣལ་འབྱོར་ཆེན་པོའི་བསམ་གཏན་ནི། །ཇི་བཞིན་པ་ཡི་དེ་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་སྟེ། །མ་ཡེངས་སྐྱེ་འགག་མེད་པའོ། །ཞེས་པ་དང་། ཀུན་འདུས་ལས། སྐད་ཅིག་ཙམ་གྱི་ཏིང་འཛིན་གྱིས། །སྒྲིབ་པའི་ཕུང་པོ་ཕྱགས་པར་འགྱུར། །ཇི་ལྟར་མར་མེས་མུན་བསལ་ལྟར། །མུན་ཉིད་སྣང་བར་འགྱུར་བ་བཞིན། །སྐད་ཅིག་མ་ཡི་དོན་རིག་པས། །སྔོན་ནས་བསགས་པའི་མུན་པ་སེལ། །ཞེས་པ་དང་། མདོ་ལས། དེ་ཉིད་ལས་མཐའ་ཞི་གནས་དང་། །ལྷག་པའི་དོན་མཐོང་འདྲེས་པ་ཡི། །སྡེ་གསུམ་ངེས་པར་རྫོགས་པས་ན། །འབུམ་ཕྲག་མཐའ་ཡས་བརྗོད་མི་ལོང་། །ཞེས་པ་དང་། མདོ་ལམ་རིམ་ལས། རྒྱ་མཚོ་དྭངས་བའི་ཉི་ཟླ་ལྟར། །སེམས་ནི་ཆུ་གསལ་ནམ་མཁའ་ལ། །དངོས་གྲུབ་ཉི་ཟླ་སྐར་ཚོགས་བཀྲམ། །རང་བྱུང་རང་སྣང་ཐེ་ཚོམ་མེད། །ལྟས་དང་སྦྱར་ལ་བསྒྲུབ་མི་དགོས། །དོན་མཐོང་ཡོན་ཏན་དུས་གཅིག་འཆར། །ཞེས་གསུངས་སོ། །རིམ་གྱིས་པ་ནི། མདོ་ལམ་རིམ་ལས། གཅིག་ཤོས་འཇུག་པ་ལྔ་དང་བཅུ། །སྤྲོས་པས་བཞི་བཅུར་གྱུར་པ་ཡིན། །ཞེས་པས། རིམ་འཇུག་དབང་པོ་རབ་ལྔ་ཕྲག་དང་། འབྲིང་བཅུ་ཕྲག་དང་། ཐ་མ་སུམ་ཅུ་རྩ་བཞི་ཕྲག་གམ། བཞི་བཅུ་ཕྲག་ཏུ་བགྲོད་པའོ། །དེ་རྣམས་རྒྱས་པར་འདོད་ན་གུད་ན་བྲིས་ནས་ཡོད་པས་དེར་བལྟའོ། །ཐ་མ་མངོན་དུ་བྱས་པའི་འབྲས་བུ་ནི། དོན་བཅུ་གཅིག་ལས། གཞན་རྣམས་རྫོགས་ཆེན་གྱི་འབྲས་བུའི་སྐབས་ནས་འཆད་པ་བཞིན་དུ་ཤེས་པར་བྱའོ། །འདིར་ཤེས་བྱ་ཇི་ལྟ་བ་ཉིད་མངོན་དུ་གྱུར་པས་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་བརྗོད་པ་ལས་འདས་པ་གསུང་ཀྱང་། བསྡུ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རུ་འདུས་པར་གསུང་སྟེ། དང་པོ་ནི། མདོ་ལམ་རིམ་ལས། བྱ་མེད་མཐོང་གོམ་མཐར་ཕྱིན་པས། །ལྔ་བཅུའི་ས་མཐར་གང་ཕྱིན་པ། །དཔག་བསམ་ཤིང་དང་རིན་ཆེན་ལྟར། །གཞན་ནས་ཡོད་འོང་མ་ཡིན་ཏེ། །འཕེལ་འགྲིབ་མེད་པར་རང་སྣང་བ། །དྭང་བའི་ཆུ་དང་མེ་ལོང་དང་། །ཉི་ཟླ་གཟའ་སྐར་བཞིན་ཚུལ་དུ། །འདུ་ཤེས་ཟད་པའི་རང་རིག་ཉིད། །དཔག་མེད་ཡོན་ཏན་ངོ་བོར་ཤར། །ཞེས་པ་དང་། མདོ་ལས། ལང་ཀའི་བདག་པོ་དེ་ཡང་མིན་པ་ཞིག་ཡིན་པར་བསྒྲུབ་པའམ། མི་འདྲ་བ་ཞིག་འདྲ་བར་བཅོས་པ་ནི་མ་ཡིན་གྱིས། མ་བཅོས་མ་བསླད། མ་བྱས་མ་བརྩམས་པར་ཡེ་ནས་རང་བཞིན་གྱིས་དེ་ལྟར་ཡིན་པ་ཉིད་དུ་ཟད་དོ། །ཞེས་གསུངས་སོ། །གཉིས་པ་ནི། མདོ་ལམ་རིམ་ལས། ངོ་བོ་བསམ་ཡས་བསྡུས་པས་ལྔ། །སྐུ་དང་གསུང་ཐུགས་ཡོན་ཏན་དང་། །མཛད་པའི་ཕྲིན་ལས་ཉིད་དང་ལྔ། །ཞེས་པས། ངོ་བོ་སྐུ་རྣམ་པ་ལྔ་དང་། གསུང་ལྔ་དང་། ཐུགས་རྣམ་པ་ལྔ་དང་། ཡོན་ཏན་ལྔ་དང་ཕྲིན་ལས་ལྔའོ། །དང་པོ་ནི། དེ་ཉིད་ལས། ངོ་བོ་ཉིད་དང་གསང་བ་དང་། །ཆོས་དང་ལོངས་སྤྱོད་སྤྲུལ་པའོ། །ཞེས་པས། མི་མཐུན་གཉེན་པོ་མེད་པར་གནས་ལུགས་ཇི་བཞིན་པ་ཉིད་མངོན་དུ་གྱུར་པས་ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་དབྱིངས་སྐྱེ་བ་མེད་ཅིང་རྣམ་པར་དག་པ་ཉིད་སྒྲིབ་གཡོག་དང་བྲལ་བས་ཆོས་ཀྱི་སྐུའོ། །སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཞིང་། དགོངས་པ་བདེ་བ་ཆེན་པོར་ལོངས་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུའོ། །ཐུགས་རྗེའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས། དག་པ་དང་དག་པའི་སེམས་ཅན་ལ་གང་ལ་གང་འདུལ་དུ་སྤྲུལ་པ་ནི་སྤྲུལ་པའི་སྐུའོ། །ངོ་བོ་དབྱེར་མེད་ཅིང་གསང་བ་དམ་པ་བདེ་བ་ཆེན་པོ་ནི་གསང་བའི་སྐུའོ། །མདོ་ལས། སྤྲུལ་པ་ནི་གང་མེད་པ་ལས་རྒྱུན་གྱིས་འབྱུང་བ་ལ་བྱའོ། །རྫོགས་ལོངས་སྤྱོད་པ་ནི་སྨིན་པ་ཕུན་སུམ་ཚོགས་པ་ལ་བྱའོ། །ཆོས་ཀྱི་སྐུ་ནི་ཡོངས་སུ་རྣམ་པར་དག་པ་ལ་བྱའོ། །ངོ་བོ་ཉིད་ནི་ཇི་བཞིན་པ་དེ་ཉིད་ལ་བྱའོ། །ཞེས་གསུངས་སོ། །གཉིས་པ་གསུང་ལྔ་ནི། ངོ་བོ་ཉིད་ཀྱི་གསུང་ནི་མ་བརྗོད་ངོ་བོ་ཉིད་ཀྱིས་གོ་བའོ། །ཆོས་སྐུའི་གསུང་ནི། རང་གསལ་བྱིན་གྱིས་བརླབས་ཀྱིས་མཚོན་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་གསུང་ནི་དགོངས་པ་བརྡའ་ཡིས་མཚོན་པའོ། །གསང་བའི་སྐུའི་གསུང་ནི་གསང་བའི་བརྡའ་ཡིས་མཚོན་པའོ། །སྤྲུལ་པའི་སྐུའི་གསུང་ནི་ཚངས་པའི་དབྱངས་ཀྱི་སྒོ་ནས་ཚིག་གིས་མཚོན་པའོ། །མདོ་ལས། གང་ངོ་བོ་ཉིད་མེད་པའི་གསུང་ནི་ནམ་མཁའ་ལྟ་བུའོ། །རྣམ་པར་དག་པའི་གསུང་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཡོངས་སུ་སྨིན་པའི་གསུང་ནི་མེ་ལོང་ལྟ་བུའོ། །གསང་བ་དམ་པའི་གསུང་ནི་སེང་གེ་ལྟ་བུའོ། །རྒྱུན་དུ་འབྱུང་བའི་གསུང་ནི་གསུང་གཅིག་ལ་ཡན་ལག་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །ཞེས་གསུངས་སོ། །གསུམ་པ་ཐུགས་ཡེ་ཤེས་ལྔ་ནི་སྟོང་ཉིད་དམ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཆོས་ཀུན་མཚན་མ་མེད་པར་རང་གསལ་བའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་དབྱིངས་སྒྲིབ་པ་མེད་ཅིང་རྟོག་པ་མེད་པར་རང་གསལ་བའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། བཟང་ངན་ཆེ་ཆུང་མེད་པར་མཉམ་པ་ཉིད་དུ་གསལ་བའོ། །སོ་སོར་རྟོགས་པའི་ཡེ་ཤེས་ནི། ཆོས་ཀུན་བྱེ་བྲག་མ་འདྲེས་པར་གསལ་བའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི་རྩོལ་བསྒྲུབ་མེད་པར་བྱ་བ་བྱེད་ཅིང་དགོས་འདོད་འབྱུང་བའོ། །མདོ་ལས། ཁ་ཅིག་ཏུ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་རྣམ་དག་གསལ་བའི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཞེས་བྱའོ། །ཁ་ཅིག་ཏུ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱའོ། །ཞེས་གསུངས་སོ། །མདོ་ལམ་རིམ་ལས། སྟོང་ཉིད་ཐུགས་ནི་ནམ་མཁའ་བཞིན། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །ཆེན་པོ་ལྟ་བུའི་ཡེ་ཤེས་དང་། །སྣ་ཚོགས་བཀོད་པའི་ཡེ་ཤེས་དང་། །ཡིད་བཞིན་ནོར་བུའི་ཡེ་ཤེས་སོ། །ཞེས་གསུངས་སོ། །བཞི་པ་ཡོན་ཏན་ནི། བདེ་བ་ཆེན་པོ་ལ་སོགས་པ་ཞིང་ཁམས་ཡོན་ཏན་ཅན་དང་། རིན་པོ་ཆེ་སྣང་བ་ལས་གྲུབ་ཅིང་མཛེས་པར་བརྒྱན་པའི་གཞལ་ཡས་ཁང་ཡོན་ཏན་ཅན་དང་། ཐུགས་རྗེའི་འོད་ཟེར་སྣང་བའི་རྟགས་སུ་འོད་ཟེར་རྣམ་པ་ལྔ་ལ་སོགས་པ་འོད་ཟེར་ཡོན་ཏན་ཅན་དང་། མི་འཇིགས་པ་སེང་གེའི་ཁྲི་དང་། ཉི་ཟླ་པདྨ་ལ་སོགས་པའི་གདན་དང་རིན་པོ་ཆེ་དང་། མཚན་དང་དཔེ་བྱད་དུ་ལྡན་ཞིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ལ་སོགས་པ་རྒྱན་ཡོན་ཏན་ཅན་ནོ། །མདོ་ལམ་རིམ་ལས། ཞིང་ཁམས་གཞལ་ཡས་འོད་ཟེར་དང་། གདན་ཁྲི་རྒྱན་རྣམས་ཟད་འཕེལ་མེད། །ཞེས་གསུངས་སོ། །ལྔ་པ་ཕྲིན་ལས་ལྔ་ནི། ཞི་བ། རྒྱས་པ། དབང་། དྲག་པོ། རིགས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་གང་ལ་གང་འདུལ་དུ་ཇི་ལྟར་འཚམ་པ་ལྟར་དོན་མཛད་པའོ། །དེ་ཉིད་ལས། ཚད་མེད་ཕྲིན་ལས་ཞི་དྲག་དང་། །དབང་རྒྱས་ལྷུན་གྱིས་གྲུབ་པའོ། །ཞེས་གསུངས་སོ། །རྒྱས་པར་གེགས་སེལ་དང་བཅས་པ་འོག་ནས་སྟོན་ནོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། ཨ་ནུ་ཡོ་གའི་འདོད་པ་བསྟན་པའི་ལེའུ་སྟེ། ཉི་ཤུ་པའོ།།
༈ །།རྫོགས་པ་ཆེན་པོའི་དོན་རྟོགས་ཤིང་ཉམས་སུ་བླང་བ་ལ་བཞི་སྟེ། འོག་མ་ཨ་ནུ་མན་ཆད་དང་ཤན་དབྱེ་བ་དང་། བྱེ་བྲག་གི་གོལ་ས་བསྟན་པ་དང་། རྫོགས་པ་ཆེན་པོའི་ཆེ་བའམ་ཡོན་ཏན་དང་། རྟོགས་ཤིང་གྲོལ་བའི་ཐབས་བསྟན་པའོ། །སྔ་མ་ནི། ལྟ་བའི་ཁྱད་པར་དང་། བསྒོམ་པའི་དང་། སྤྱོད་པའི་དང་། འབྲས་བུའི་ཁྱད་པར་རོ། །དང་པོ་ནི། ལུང་མན་ངག་ལ་སོགས་པའི་ཁུང་དང་ཁྱད་པར་ནི། རང་རང་གི་སྐབས་ནས་བཤད་པ་བཞིན་དང་། སྣང་བ་བཅུ་བདུན་པ་ལ་སོགས་པ་ལས་ཀྱང་། མ་ཧཱ་ཡོ་ག་དོན་དམ་དུ། །རང་རིག་གཉིས་མེད་དེ་བཞིན་ཉིད། །རྟོགས་པའི་ཆོ་འཕྲུལ་ལ་སོགས་པའི། །ལྷར་སྣང་ངང་ལ་འཁོར་བ་མེད། །ཅེས་པ་དང་། ཨ་ནུ་ཡོ་ག་དོན་དམ་དུ། །བདེ་ཆེན་རྟོགས་པའི་རིག་རྩལ་བས། །ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་སྣང་། །དེ་ཕྱིར་སྐྱེ་བོས་བརྟགས་པས་འཁྲུལ། །ཞེས་པ་དང་། ཨ་ཏི་ཡོ་ག་བདེན་གཉིས་བྲལ། །ཐམས་ཅད་རང་བྱུང་རང་སྣང་བའོ། །ཞེས་པས། མ་ཧཱ་ཡོ་ག་པས་སྣང་བ་སེམས་ཀྱི་ཆོ་འཕྲུལ་དང་། ཨ་ནུས་སེམས་ཀྱི་རྩལ་སྣང་བར་འདོད་པའོ། །ཨ་ཏིས་ནི་འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་རང་བྱུང་གི་ཡེ་ཤེས་རང་སྣང་བས་ཁྱད་པར་ཡོད་དེ། འོག་མ་གཉིས་ནི་སེམས་ལ་སྣང་བ་ཆོ་འཕྲུལ་དང་རྩལ་དུ་འདོད་པས། གཞི་ངོ་བོ་སེམས་སུ་ལྟ་ཞིང་ཤུགས་ཀྱིས་འཛིན་པའི་ཆ་དང་མ་བྲལ་བའོ། །ཨ་ཏི་ནི་ཆོས་ཀུན་རང་བྱུང་ཡེ་ཤེས་ལ་རྒྱ་ཆད་ཕྱོགས་ལྷུང་མེད་པས་ཆོས་ཀུན་མཉམ་པ་ཉིད་དུ་རང་གྲོལ་བའོ། །ཡང་མ་ཧཱ་སྣང་བ་ཆོས་ཉིད་དུ་འདོད་ལ། བརྟགས་ཞེན་ཆོས་ཉིད་དུ་མི་འདོད་པའོ། །བརྟགས་ཞེན་ཆོས་ཉིད་དུ་མི་འདོད་པའོ། །ཨ་ནུ་སྣང་བརྟགས་གཉིས་ཆོས་ཉིད་དུ་འདོད་ལ་ཞེན་པ་མི་འདོད་པའོ། །ཨ་ཏི་ཆོས་ཀུན་རང་བྱུང་གི་ཡེ་ཤེས་མངོན་སུམ་སྣང་བས། ཞེན་པ་བཅོས་བསླད་མེད་པར་ཆོས་ཉིད་རང་སྣང་དུ་འདོད་ཅིང་། ཆོས་ཉིད་མིན་པའི་ཆོས་གཅིག་ཀྱང་མེད་པའོ་གསུང་ངོ་། །ལ་ཤན་ལས། རང་བཞིན་ཉིད་མཐུན་རང་བཞིན་རྫོགས། །དེ་ཕྱིར་ལྟ་སོགས་ཁྱད་པར་བས། །ཞེས་པས། བསྐྱེད་རྫོགས་གཉིས་སེམས་ཉིད་རང་སྣང་བར་མཐུན་ལ། ཤེས་བྱ་གཏིང་ཕྱིན་མ་ཕྱིན་གྱི་ཁྱད་པར་ཡོད་དེ། མ་ཧཱ་བདེན་པ་གཉིས་དང་། ཨ་ནུ་དབྱིངས་ཡེ་ཤེས་གཉིས་མེད་ལ་སོགས་པའི་ཕྱོགས་འཛིན་གྱི་ཞེན་པ་ཡིས་བདེན་པ་ལྡོག་མི་ཐུབ་ལ། ཤེས་བྱ་ལྷག་མ་དང་བཅས་པའོ། །ཨ་ཏི་ནི་བདེན་པ་ལྡོག་ཐུབ་ཅིང་ཤེས་བྱ་ལྷག་མ་མེད་པར་ཆོས་ཀུན་རང་སྣང་མཉམ་པ་ཉིད་དུ་རྟོགས་པས། གཉིས་དང་གཉིས་མེད་ཀྱི་ཕྱོགས་ལ་མི་གནས་ཅིང་རང་གྲོལ་ལོ། །ནམ་མཁའ་ཆེ་ལས། ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་བ་མིན་ཞིང་དྲང་པོར་གནས། །ནམ་མཁའ་བཞིན་དུ་མཐའ་མཉམ་ལ། །གཞན་ལྟོས་འགྱུར་བའི་ཆོས་མ་ཡིན། །ཞེས་པ་དང་། ལ་ཤན་ལས། མཉམ་རྫོགས་བདག་ཉིད་ཆེན་པོའི་ཕྱིར། །བདེན་པ་གཉིས་ཀྱིས་བསྙད་ལས་འདས། །ཞེས་པ་དང་། བརྒལ་ལན་ལས། མཉམ་པ་ཉིད་ཀྱིས་དཔག་པའི་ཐབས་མཆོག་འདི། །ཐེག་པ་ཀུན་གྱི་ཡང་ཙར་མཉམ་པར་བཞག །ཅེས་པ་ལ་སོགས་པ་གསུངས་སོ། །བསྒོམ་པ་ནི། མ་ཧཱ་དང་། ཨ་ནུ་གཉིས། མཚན་བཅས་མཚན་མེད་དང་བསྙེན་བསྒྲུབ་བཞི་ལ་སོགས་པ་རྩོལ་བསྒྲུབས་ལས་མ་འདས་ལ། ཨ་ཏི་ནི་བསྒོམ་བྱ་བསྒོམ་བྱེད་མེད་པར་རང་ཉིད་ཀྱི་ངང་བསྒོམ་ཡིན་ཏེ། ཡེ་ཤེས་ཀློང་དུ་ཕྱིན་པ་ལ་མ་ཡེངས་དོན་དང་མི་འབྲལ་བའི་དགོངས་པའོ། །སྤྱོད་པ་ནི། འོག་མ་གཉིས་བྱ་བྱེད་རྩོལ་བསྒྲུབ་ཅན་ལ། ཨ་ཏི་ནི་བྱ་བྱེད་རྩོལ་བསྒྲུབ་མེད་ལ་བྱ་བྲལ་བདེ་བ་ཆེན་པོར་གནས་པའོ། །འབྲས་བུ་ནི། འོག་མ་གཉིས་ཞེ་འདོད་རྩོལ་བསྒྲུབ་ཀྱིས་བསྒྲུབ་པས། ཤུགས་ཀྱིས་སྤང་ཐོབ་ཅན་དུ་འགྱུར་ལ། ཨ་ཏི་ནི། ཤེས་བྱ་ཇི་ལྟ་བ་ཉིད་ཆེ་བ་ལྔར་སངས་རྒྱས་ལ། དེ་ཉིད་བཅོས་པ་མེད་པར་མངོན་དུ་བྱས་པས་སྤང་ཐོབ་ལྷག་མ་མེད་པའོ། །རྒྱས་པར་རང་རང་གི་སྐབས་ནས་གསལ་ཞིང་སྟོན་ཏོ། །གོལ་ས་ལ་བཞི་སྟེ། ཨ་ཏི་ལ་སྐུར་པ་འདེབས་པའི་ཉེས་དམིགས་དང་། ཁ་འབྱམས་ཚིག་གི་ལྟ་བར་གོལ་བ་དང་། མ་རྟོག་པའི་བསྒོམ་པར་གོལ་བ་དང་། ཨ་ཏི་ལ་ལྟོས་ནས་ཨ་ནུ་མན་ཆད་ཀྱང་གོལ་བའོ། །སྔ་མ་ནི། རྫོགས་པ་ཆེན་པོ་བསྟན་པ་ནམ་མཁའ་དང་འདྲ་ཞིང་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་འདི་ལ་བློ་ཆུང་ཕྱོགས་འཛིན་ཅན་རྣམས་ཀྱིས་སྐུར་པ་བཏབ་པས། ནམ་མཁའ་གནས་ཀྱི་བར་དུ་དམྱལ་བར་འགྲོ་བར་གསུངས་ཏེ། ནམ་མཁའ་མཐའ་མཉམ་ལས། གང་ཞིག་གསང་བའི་གསུང་མཆོག་ལ། །གང་ཞིག་སྤོང་ཞིང་སྐུར་བཏབ་པ། །རྒྱལ་བའི་གསུང་མཆོག་སྤངས་བ་ཡིས། །ཐར་པའི་སེམས་དང་གཏན་དུ་བྲལ། །ཞེས་པ་དང་། ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། དེ་དོན་རྫོགས་ཆེན་སྙིང་པོའི་དོན་བཤད་དུ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་སྐྲག །རྒྱུད་ལུང་རྣལ་འབྱོར་སྒྲོ་སྐུར་འདེབས་ཤིང་འཕྱ། །ཚུལ་འཆོས་སྡེ་པ་ཞེ་སྡང་དབང་གིས་ཕྲག་དོག་བྱེད། །ངེས་དོན་འདི་ལ་འགལ་སེམས་སྡིག་ཅན་རྣམས། །དམྱལ་བར་ངེས་འགྲོ་གཏན་དུ་སྙིང་རེ་རྗེ། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། དོན་བསྟན་སྐད་ཅིག་དེ་ཉིད་ལ། །རྒྱུད་ལུང་སངས་རྒྱས་སྐྲག་ཅིང་སྡངས། །ཉན་ཐོས་མདོ་སྡེ་བརྒྱལ་ཞིང་འབོགས། །ལྷ་དང་ལྷ་མིན་སྲིན་པོའི་ཚོགས། །སྒྲོ་སྐུར་འདེབས་པའི་གང་ཟག་རྣམས། །གཏན་དུ་དམྱལ་བ་ཆེན་པོར་ལྟུང་། །ཞེས་པ་དང་། ཡིད་སྐྱོབ་ལས། ཁྱེད་ཀྱིས་གཞན་ལ་སྤེལ་བར་མི་བྱའོ། །གལ་ཏེ་སྤེལ་ན་གང་ཟག་དེ་ཉིད་ཀྱིས། །ཀུན་བཟང་དགོངས་པ་འདི་ལ་གཤེ་གྱུར་ན། །ནམ་མཁའ་ཅི་སྲིད་གནས་ཀྱི་བར་དུ་ནི། །ཤི་བའི་འོག་ཏུ་རྡོ་རྗེ་དམྱལ་བར་འགྲོ། །ཞེས་པ་དང་། གཅན་འཕྲང་ལས་ཀྱང་། བསྟན་པའི་སྙིགས་མ་ཐ་མའི་ཚེ། །ཉོན་མོངས་སྡུག་བསྔལ་དེས་དྲག་པས། །འཁོར་བའི་ཆོས་ལ་ཡིད་དབྱུང་ཞིང་། །བསྟན་པའི་སྒོར་ཞུགས་ཆོས་བྱེད་ཀྱང་། །བསྟན་སྙིགས་གྲུབ་མཐའ་ངན་པ་ཡིས། །ཆོས་ལ་ཕྱོགས་དང་རིས་བཟུང་ནས། །ལོག་རྟོག་རྩོད་པ་འཕེལ་བ་དང་། །ཉོན་མོངས་ཕྲག་དོག་དབང་གིས་ནི། །ཆོས་པས་ཆོས་སྤང་ལས་བྱེད་འབྱུང་། །ཕྱོགས་བྲལ་མཉམ་ཉིད་མ་རྟོགས་པར། །བྱིས་པའི་བློ་ཅན་རྨོངས་པའི་མིས། །འདུལ་བ་མདོ་སྡེའི་ཁ་འཛིན་ཅིང་། །རང་ཆོས་བསྟོད་ཅིང་གཞན་ལ་སྨོད། །བསྟན་པའི་སྙིང་པོ་གསང་སྔགས་ལ། །སྐུར་འདེབས་མཚང་ཚིགས་ཡ་ག་འདོགས། །ཞེས་པ་དང་། དེ་སོགས་ཆོས་སྤོང་ལས་བྱེད་པའི། །སྙིགས་མའི་དུས་ཀྱི་ཆོས་པ་ནི། །བྱེ་བའི་སྒྲོ་བ་ཁ་སྦུབས་ལྟར། །རྡོ་རྗེ་དམྱལ་དང་མནར་མེད་སོགས། །ངན་འགྲོའི་འདམ་དུ་ཁ་སྦུབ་འགྲོ། །ཞེས་པ་ལ་སོགས་པ་རྒྱུད་ལུང་མན་ངག་ཏུ་མ་ལས་གསུངས་སོ། །གཉིས་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་མངོན་སུམ་དུ་སྣང་ཞིང་ཡེ་ནས་སངས་རྒྱས་པ་ཉིད། བློ་ཆེ་བ་རྣམས་ལ་ད་ལྟར་གྱི་སྣང་བ་འདི་ཉིད་མ་བཅོས་མ་བསླད་པར་འཁོར་བ་རང་གྲོལ་ལམ་གཉིས་མེད་རང་སྣང་དུ་ངོ་སྤྲད་པས། གཉིས་འཛིན་རང་སར་གྲོལ། སྣང་སྲིད་ཆོས་སྐུར་ཤར་ནས། ས་དང་ལམ་གྱི་གྲངས་རྩོལ་མེད་པར་སངས་རྒྱ་བར་གསུང་པ་ལ། དེ་ལྟར་མ་རྟོགས་ཏེ་འཁྲུལ་གྲོལ་གྱི་ཤན་མ་ཕྱེད་པར་ཁ་འབྱམས་ཚིག་གིས་ལྟ་བ་ལ་མངོན་པར་ཞེ ན་ནས། སྣང་བ་འདི་ཀ་ལྟར་སངས་རྒྱས་ཡིན་ཞེས་དངོས་པོ་རང་ཁ་མར་སྨྲ་བ་ནི་གོལ་སར་གསུང་ཏེ། ནམ་མཁའ་མཐའ་མཉམ་ལས། སྐལ་མེད་སྒྲ་བཞིན་སྤྱོད་པ་དག །ངན་འགྲོ་ལོག་པའི་ལམ་དུ་འགྱུར། །རང་གི་རྣམ་རྟོག་མི་མཐུན་པས། །རང་གསལ་གཉིས་མེད་ཡེ་ཤེས་ལ། །ཡིན་དང་མ་ཡིན་ཆར་འཛིན་ཅིང་། །རྩོད་པ་འཕེལ་བ་ཉིད་དུ་འགྱུར། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། གཤོག་མ་རྒྱས་པར་འཕུར་མི་ནུས། །ཉམས་སུ་མ་བླང་ཁ་ཚིག་གིས། །ཆགས་སྡང་ཟིལ་གྱིས་མི་ནོན་ཏེ། །སྐྱེ་བོ་རང་རྒྱུད་པ་རུ་གོལ། །ཞེས་པ་དང་། ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། ཡང་དག་དོན་གྱི་ལྟ་བའི་གདེང་མེད་པར། །ཚིག་གམ་ལུང་ལས་ཆོས་ཀྱི་ཁུག་ཕྱུངས་ནས། །བྱར་མེད་ཆོས་ཀྱི་ང་རྒྱལ་བློ་གཏང་ནས། །ལུང་ངག་རྩིང་ཆོས་ཕགས་རལ་སྤྱོད་བྱེད་པ། །སངས་རྒྱས་ཀྱིས་ཀྱང་འཁོར་བ་མི་སྐྱོབ་སྟེ། །སྡུག་བསྔལ་ཡ་ངའི་འབྲས་བུ་ཐེ་ཚོམ་མེད། །ཅེས་པ་དང་། རང་བྱུང་བདེ་བའི་འཁོར་ལོ་ལས། དཔེར་ན་བྱ་སྒྲོ་རླུང་ཁྱེར་ལྟར། །ངེས་མེད་གཞི་ལ་བློ་གཏད་པས། །མ་རྟོགས་རྩོལ་བསྒྲུབ་ཅི་སྤྱད་ཀྱང་། །མི་གྲོལ་དུག་ལྔ་རྒྱས་པར་འགྱུར། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། ལྟ་སྤྱོད་ལོག་པའི་ང་རྒྱལ་ཅན། །མ་བཅོས་རང་སྣང་རོལ་པ་དང་། །རྣམ་རྟོག་ཞེན་པས་བརྟག་པ་དག །བྱེ་བྲག་མ་ཕྱེད་རྨོངས་པའི་བློ། །རྡོ་ལ་གསེར་དུ་འཛིན་པ་བཞིན། །འོད་གསལ་ལྷུན་གྲུབ་རང་སྣང་དང་། །བརྟག་པའི་ཞེན་པ་བསྲེས་ནས་སྨྲ། །མ་བཅོས་རིག་པའི་གདེང་མེད་པར། །ལྟ་བ་ཡང་རབ་མཐོང་འདོད་པ། །བག་ཆོལ་འདོད་ལྔ་སྤྱོད་པས་ལོག །དེ་ཡི་དུས་ཀྱི་གང་ཟག་རྣམས། །སྦྲེལ་མ་གཡང་དུ་ལྟུང་བ་བཞིན། །རྡོ་རྗེ་ཁབ་ཏུ་ལྷུང་གྱུར་ནས། །བྱང་ཆུབ་སེམས་ཀྱི་རིགས་དང་བྲལ། །ཞེས་པ་དང་། གཡུ་ཐང་ལས། སྙིང་རྗེ་མེད་པའི་གང་ཟག་རྣམས། །དེང་སང་དུས་ན་འབྱུང་བ་དག །ཀུན་བཟང་ཚིག་ཙམ་སྨྲ་བྱེད་ཅིང་། །གདེང་ཆེན་དོན་དང་མི་ལྡན་པར། །ཕག་ཧྲལ་རྩིང་ཆོས་ན་རག་སྣོད། །རྒྱུ་འབྲས་དོན་ལ་ཡིད་དབྱུང་ཞིང་། །ཚིག་ཙམ་ལྟ་བ་བརྟེན་པ་དང་། །གདེང་མེད་སྤྱོད་ཅིང་འཆལ་བའི་རྒྱུ། །བསྐལ་པར་དཀའ་བ་ཅི་སྤྱད་ཀྱང་། །སྙིང་པོ་དེ་དང་འཕྲད་མི་འགྱུར། །ཞེས་པ་དང་། སྣང་བ་བཅུ་བདུན་པ་ལས། གདེངས་མེད་ལྟ་བ་མཐོ་འདོད་པས། །རང་གི་ང་རྒྱལ་སྙེམས་བྱེད་པ། །རི་བོས་སྲོག་ཆགས་མནན་པ་ལྟར། །ནམ་དུ་ཐར་པའི་ཁར་མི་འབྱུང་། །ཞེས་པ་ལ་སོགས་པ་རྒྱུད་ལུང་མན་ངག་ཏུ་མ་ལས་གསུངས་སོ། །གསུམ་པ་ནི། དོན་མ་རྟོགས་པར་བསྒོམ་ཀྱང་མི་གྲོལ་ཞིང་གོལ་བར་གསུང་ཏེ། ནམ་མཁའ་ཀློང་ཡངས་ལས། དཔྱིད་དུས་སོ་ནམ་མ་བྱས་པར། །སྟོན་དུས་བཙའ་རུ་འགྲོ་བ་བཞིན། །རང་སེམས་དོན་ཉིད་མ་རྟོག་པས། །བསྒོམ་དུ་འགྲོ་བ་སྙིང་རེ་རྗེ། །རྐྱལ་མ་སྦྱངས་པར་ཆུར་འཇུག་ལྟར། །དེ་བཞིན་མ་རྟོགས་སུ་བསྒོམ་པ། །འབྲས་བུ་མི་འབྱུང་བདུད་ཀྱི་ལས། །ཞེས་པ་དང་། ཡུལ་དང་གོལ་ས་མ་ཆོད་པར། །ཅི་བསྒོམ་དོན་མེད་འཁོར་བར་འཁྱམས། །ཞེས་པ་དང་། བརྒལ་ལན་ལས། བདག་དང་སྣང་སྲིད་དབྱེར་མེད་པར། །རྟོགས་ནས་བློ་ཡུལ་མ་ཟད་པར། །བདག་གི་བློ་ཡུལ་བྱས་པ་ཡིས། །ཉམས་ལེན་ཐམས་ཅད་རང་ཉིད་འཆིང་། །ཞེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། དྲང་དོན་ཆོས་ཀྱིས་སངས་མི་རྒྱ། །ཨ་འབྲའི་འབྲས་བུ་སྨིན་མི་སྲིད། །མ་རྟོགས་ཆོས་ཀུན་ཅི་སྤྱད་ཀྱང་། །རྣམ་པར་གྲོལ་བར་མི་འགྱུར་རོ། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། དེ་ཕྱིར་རང་སེམས་མ་རྟོགས་དགེ་བ་ཡིས། །རྒྱུ་མེད་འབྲས་བུ་མི་འབྱུང་དཔེ་བཞིན་ཏེ། །བསྐལ་པ་སྟོང་དུ་ཚོགས་བསགས་སྒྲིབ་སྦྱངས་ཀྱང་། །འབྲས་བུ་གཟུགས་སྐུ་སངས་རྒྱས་འབྱུང་མི་འགྱུར། །ཞེས་པ་དང་། མདོ་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་ངང་དུ་གང་འཇུག་པ། །བྱིས་པ་དེ་ཉིད་བླུན་པོ་སྟེ། །མུན་པའི་སྐྱེ་མཆེད་ཉིད་དུ་ལྟུང་། །ཞེས་པ་དང་། ལམ་རིམ་ལས། བསམ་གྱིས་མི་ཁྱབ་མ་མཐོང་བར། །བསམ་མེད་དཀྱིལ་འཁོར་འཇུག་བྱེད་པ། །བླུན་པོ་མུན་སྤྲུལ་བློ་ཅན་དེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེས་པ་ལ་སོགས་པ་གསུངས་སོ། །བཞི་པ་ཨ་ཏི་ལ་ལྟོས་ནས། ཨ་ནུ་མན་ཆད་གོལ་བར་གསུང་ཏེ། དེ་ཡང་། ཆོས་ཀུན་རང་བྱུང་གི་ཡེ་ཤེས་རང་སྣང་ཞིང་། ཡེ་ནས་འདུས་མ་བྱས་ཀྱི་ཡེ་ཤེས་སུ་སངས་རྒྱས་པ་ལ། ཉན་རང་གིས་སྐྱོན་དུ་བཟུང་ནས། སྤང་ཞིང་བཀག་པས་གོལ་བ་དང་། དབུ་མ་སེམས་ཙམ་གྱིས་བདེན་པ་གཉིས་ལ་གཉིས་སུ་བཟུང་སྦྱང་བས་གོལ་བ་དང་། ཀྲི་ཡོག་པ་དང་། སྔགས་ནང་པ་གཉིས་བསྒྱུར་ཞིང་དབང་དུ་བྱེད་པས་རང་བྱུང་ཡེ་ཤེས་ལ་བཅོས་ཤིང་གོལ་བར་གསུང་སྟེ། ཀུན་བྱེད་ལས། འདི་མིན་མཉམ་པའི་རྒྱུ་འབྲས་ཐེག་ཆེན་ལ། སྤོང་འགེག་སྦྱོང་བའི་བྱིན་བརླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་དེ་ལ་བསྒྲིབ་ཅིང་གོལ། །རང་ངམ་བཞག་ནས་གཞན་ལ་རྒྱང་དུ་ཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད། །མ་ཡེངས་ཏིང་ངེ་འཛིན་གྱི་རྟོ་ཕུར་ཡིན། །ཡེ་ནས་ཡིན་ལ་ཡེངས་མེད་ཤོར་བ་མེད། །མ་ཡེངས་ཏིང་འཛིན་རེ་བའི་བསླུ་མཁན་དེས། །རྒྱུ་འབྲས་ཐེག་ཆེན་དྲང་བའི་ལུང་བསྟན་ཡིན། །ཞེས་པ་དང་། མདོ་བཅུ་ལས། མདོ་སྡེ་དང་ནི་ཀྲི་ཡོག་དང་། །ཨུ་པ་ཡ་དང་ཡོ་ག་དང་། །མ་ཧཱ་ཡོ་ག་ཨ་ནུ་དྲུག །རྫོགས་པ་ཆེན་པོའི་གོལ་ས་སྟེ། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། འགྲོ་དྲུག་ཞེན་པ་རང་འཐད་དང་། །མུ་སྟེགས་རང་བསམ་ལོག་པ་དང་། །བརྒྱད་ཀྱིས་རང་འདོད་དབྱིངས་ལ་བལྟས། །ཕྱི་ནང་གཉིས་ལ་སྤྲོ་བསྡུ་བྱས། །ངོ་བོ་ཉིད་ལ་དམིགས་འཛིན་བྱས། །རང་བྱུང་ཉིད་ལ་རྒྱུ་ཡིས་བརྩམ། །མ་བཅོས་ཅིར་ཡང་མ་ཡིན་ལ། །ཅིར་ཡང་འཛིན་པའི་བསམ་པས་བརྟགས། །བགྲོད་མེད་འབྲས་བུ་ལྷུན་གྲུབ་ལ། །ལམ་བརྒྱད་བགྲོད་པས་བགྲོད་མེད་བསླད། །དཔྱད་མེད་དོན་ལ་དཔྱད་པས་ན། །མ་ཡིན་ལོག་རྟོག་ཞེན་ལྟ་ཡིན། །ཞེས་པ་དང་། ངེས་དོན་འདུས་པ་ལས། ལོག་ལྟ་མུ་སྟེགས་རྣམ་གཉིས་དང་། །ཕྱི་རོལ་ཡང་དག་གསང་སྔགས་དང་། །གསང་ཆེན་འདུལ་ཚུལ་ངས་བཤད་ཉོན། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། རྒྱུད་ལུང་མན་ངག་ཡུལ་ལ་ལྟ། །དེ་ཕྱིར་མ་ནོར་ཆོས་ཀུན་མིན། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། རང་སེམས་ཡུལ་ལ་མི་དཔྱོད་དོན་ལ་གནས། །དེ་ཙམ་ཉིད་ན་ཆོས་སྐུ་བདེ་བའི་ཀློང་། །ལམ་ལ་མི་བགྲོད་ཆོས་ཉིད་ཡེ་ཤེས་སྐུ། །ས་དང་ལམ་ལ་ལྟོས་ན་བྱང་ཆུབ་གེགས། །ཞེས་པ་དང་། གཡུ་ཐང་ལས། དེ་དག་སྐབས་ཀྱི་རང་རང་གིས། །ལྷ་ལ་ཞེན་པས་སྟུངས་པ་ཡིན། །ལྟུང་བའི་ཕྱིར་ན་གོལ་ས་སྟེ། །དེས་ན་གོལ་སྒྲིབ་ཐུན་མོང་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ།
༈ །སྤྱི་དོན་གསུམ་པ་རྫོགས་པ་ཆེན་པོའི་ཡོན་ཏན་ནམ་ཆེ་བ་བསྟན་པ་ལ་དྲུག་སྟེ། བཀའ་རྫོགས་པ་ཆེན་པོ་ནི་ལྔ་བརྒྱའི་ཐ་མ་ལ། བྱང་ཕྱོགས་ཁ་བ་ཅན་གྱི་ལྗོང་འདིར་དར་ཞིང་སེམས་ཅན་གྱི་སྒྲོན་མ་བྱེད་པར་ལུང་བསྟན་པ་དང་། བསྟན་པ་འདི་འཛིན་ཅིང་འཆང་བའི་ཡོན་ཏན་དང་། མོས་པ་བྱས་པའི་དང་། མཉན་པའི་དང་། གཞུང་བཞིན་བཤད་པའི་དང་། རྟོགས་ཤིང་བསྒོམ་པའོ། །དང་པོ་ནི། བསྟན་པའི་སྙིང་པོ་བཀའ་རྫོགས་པ་ཆེན་པོ་ལྔ་བརྒྱའི་ཐ་མ་ལ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་འདིར་དར་ཞིང་རྒྱས་ནས་སེམས་ཅན་གྱི་སྒྲོན་མ་བྱེད་པར་ལུང་བསྟན་ཏེ། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། དུས་ཀྱི་ཐ་མ་ལྔ་བརྒྱ་ན། །མནའ་ཟ་ཁྲིམ་འཆལ་དམ་ཉམས་འབྱུང་། །མཚོན་དང་མུ་གེ་ཚེ་ཐུང་དུས། །རྫོགས་ཆེན་སྙིང་པོ་དུས་དེར་བཤད། །དེའང་རྡོ་རྗེ་སེམས་དཔའ་ཉོན། །དེའང་དུས་ཀྱི་དེང་སང་ན། །སངས་རྒྱས་བསྟན་པ་འཇིག་པའི་ཚེ། །འཛམ་གླིང་བོད་ཀྱི་བྱང་ཕྱོགས་སུ། །ལུང་དང་ཏན་ཏྲ་མང་པོ་འབྱུང་། །ལུང་དང་སེམས་ཀྱི་ཆོས་དར་ཏེ། །སྡེ་སྣོད་ཆོས་ཀུན་ནུབ་འགྱུར་ཞིང་། །དེ་ཚེ་སྐལ་ལྡན་འགའ་འགའ་ལ། །རང་སེམས་རྟོགས་པ་ཙམ་གྱིས་ནི། །འབྲས་བུ་སངས་རྒྱས་དུས་འདིར་འབྱུང་། །ཞེས་དང་། ནམ་མཁའ་མཐའ་མཉམ་ལས། དེ་ནས་ཐུགས་རྗེའི་བྱིན་བརླབས་དང་། །དད་པས་ལས་འཕྲོ་ལྡན་པ་ཡི། །གཉིས་སུ་མེད་པར་མཐུན་པ་ཡིས། །མཐའ་འཁོབ་ཡུལ་དུ་སྣང་གྱུར་ནས། །སྐལ་ལྡན་རིགས་རྒྱུད་འཛིན་པ་རྣམས། །རང་གསལ་རིག་པའི་དོན་གོ་ནས། །སངས་རྒྱས་ས་ལ་བགྲོད་པར་འགྱུར། །འདི་རྣམས་དད་ལྡན་རྒྱལ་སྲས་ཏེ། །རིགས་སུ་ངེས་པ་ཉིད་དུ་འགྱུར། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། རྩོལ་བྲལ་གསང་བའི་ཐེག་པ་འདི། །ལྷ་གནས་གསུམ་དུ་གྲགས་འགྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་བྱེད། །རྒྱལ་སྲས་གསང་བའི་སྣོད་ལྡན་ལ། །རྣར་བརྒྱུད་རིམ་པ་སྔགས་ཀྱི་དོན། །འཕྲུལ་ཚིག་རིག་པའི་སྒོ་ནས་བསྟན། །གསང་འཛིན་རིག་པའི་སྣོད་ལྡན་རྣམས། །མ་བཅོས་གསང་བའི་དོན་གོ་ནས། །རྣམ་གྲོལ་འབྲས་བུ་ཐོབ་པར་འགྱུར། །དེ་ནས་གསང་བ་དམ་པ་འདི། །མཐའ་འཁོབ་ཡུལ་དུ་རྒྱས་པར་འགྱུར། །དེ་ཡང་གསང་བ་དམ་པ་འདི། །སྐལ་ལྡན་གདུལ་བྱའི་ངོ་དག་ཏུ། །རིག་པའི་སྒྲོན་མ་བྱེད་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་བསྟན་པ་འདི་འཛིན་ཅིང་འཆང་བ་ལ་ཡང་རྒྱལ་བ་ཀུན་གྱིས་བུ་བཞིན་དུ་སྐྱོབ་ཅིང་། རྒྱལ་བའི་གདུང་འཛིན་ཅིང་བཀའ་ལ་གནས་པར་བསྟན་པ་ཡིན་ཏེ། ནམ་མཁའ་མཐའ་མཉམ་ལས། ཀློག་དང་འདྲི་དང་འཛིན་པ་ལ། །ཀུན་ཀྱང་བུ་བཞིན་སྐྱོང་བར་བྱེད། །ཞེས་པ་དང་། བསྟན་པའི་སྙིང་པོ་གང་འཆང་བ། །རྒྱལ་བའི་སྐུ་གསུང་ཐུགས་འཆང་བས། །དེ་བཞིན་མ་ནོར་རིག་པ་འཛིན། །ཞེས་པ་དང་། གཅན་འཕྲང་ལས། རྒྱུད་འདི་གླེགས་བམ་ལ་བྲིས་ཏེ། །འཛིན་དང་འཆང་བར་བྱེད་པ་ཡང་། །རྒྱལ་བའི་གདུང་འཛིན་བཀའ་ལ་གནས། །ཞེས་གསུངས་སོ། །ཐ་མ་མིང་ཙམ་འཛིན་ཅིང་མོས་པས་ཀྱང་ངན་སོང་དུ་མི་ལྟུང་ཞིང་ཐར་ལམ་རྙེད་པར་གསུང་སྟེ། མདོ་ལས། སྐྱེས་བུ་དམ་པའི་སྤྱོད་ཡུལ་ཏེ། །ཡོན་ཏན་སྒྲ་བསྒྲགས་སུས་ཐོས་པ། །མིང་ཙམ་གྱིས་ཀྱང་བདེ་ཐོབ་ཅིང་། །དྲན་པས་ངན་འགྲོ་ལས་སྐྱོབ་ཡིན། །ཞེས་པ་དང་། གཅན་འཕྲང་ལས། ཐ་ན་མིང་ཙམ་འཛིན་པའང་། །ངན་སོང་སྡུག་བསྔལ་མི་འབྱུང་ཞིང་། །ཐར་པ་བདེ་བའི་ལམ་རྙེད་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །གསུམ་པ་འདི་ལ་མོས་པ་བྱེད་པ་སངས་རྒྱས་རྣམས་དང་སྐལ་པ་མཉམ་ཞིང་སངས་རྒྱ་བར་གསུང་སྟེ། ནམ་མཁའ་མཐའ་མཉམ་ལས། འདི་ལ་མོས་པའི་གང་ཟག་ནི། །སངས་རྒྱས་ས་ལ་སྐལ་པ་མཉམ། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། ངེས་དོན་འདི་ལ་གང་མོས་རྣམས། །བཀའ་དང་མཐུན་པར་དོན་གོ་ནས། །རྡུལ་ཙམ་དུ་ཡང་མ་བསྒོམ་ཀྱང་། །སངས་རྒྱས་ས་ལ་སྨོས་ཅི་དགོས། །ཞེས་པ་དང་། ངེས་དོན་འདུས་པ་ལས། འདི་ལ་མོས་ཤིང་འཛིན་པ་ལ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་རླབས། །བསོད་ནམས་མི་ཟད་གཏེར་དང་མཇལ། །ཕྱི་མའི་འབྲས་བུ་དུས་འདིར་སྨིན། །ཀུན་ཏུ་བཟང་པོས་དེ་སྐད་བཤད། །ཅེས་པ་དང་། གསང་སྙིང་ལས། གང་ཞིག་འདི་ལ་མོས་གྱུར་པ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་ཀྱི། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །བཞི་པ་ནི། གཞུང་བཞིན་དུ་མཉན་ཞིང་སྤྱད་ན་སངས་རྒྱས་པར་གསུང་ཏེ། ངེས་དོན་འདུས་པ་ལས། དེའང་འདུས་པའི་སྙིང་པོ་ཉོན། །དབང་པོ་རབ་ཀྱི་དོན་དུ་ནི། །བསྟན་པ་ཙམ་གྱིས་རྟོགས་པའི་ཆོས། །ཐིག་ལེ་ཉག་ཅིག་ཆོས་ཀྱི་སྐུ། །ཤེས་པ་ཙམ་གྱིས་སངས་རྒྱས་ངེས། །ཞེས་པ་དང་། གཅན་འཕྲང་ལས། གཞུང་འདི་ཐོས་ཤིང་སྤྱོད་པ་ནི། །དུས་གསུམ་སངས་རྒྱས་དགོངས་པ་འཐོབ། །རྒྱལ་བ་ཉིད་དང་སྤྱོད་ཡུལ་གཅིག །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །ཞེས་གསུངས་སོ། །ལྔ་པ་གཞུང་བཞིན་སྤྱད་པའི་ཡོན་ཏན་ནི། བླ་མའི་ཡོན་ཏན་གྱི་སྐབས་སུ་བཤད་པ་བཞིན་ནོ། །དྲུག་པ་ལ་གཉིས་ཏེ། རྟོགས་ན་མ་བསྒོམ་ཀྱང་སངས་རྒྱ་བའི་ཡོན་ཏན་དང་། རྟོགས་ཤིང་གོམས་པའི་ཡོན་ཏན་རྒྱས་པར་བསྟན་པའོ། །དང་པོ་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པས། དེ་རྟོགས་ན་མ་བསྒོམ་ཀྱང་སངས་རྒྱས་ཤིང་ཡོན་ཏན་རྫོགས་པར་གསུང་ཏེ། གསང་ཐིག་ལས། བདེ་ལེགས་ཇི་སྙེད་མ་ལུས་ཀུན་གྱི་དངོས། །བདེ་གཤེགས་བྱང་ཆུབ་རྟོགས་པ་ཉིད་ལ་འདུས། །ཞེས་པ་དང་། ངེས་དོན་འདུས་པ་ལས། དབང་པོ་རབ་ཀྱི་དོན་དུ་ནི། །བསྟན་པ་ཙམ་གྱིས་རྟོགས་པའི་ཆོས། །ཐིག་ལེ་ཉག་ཅིག་ཆོས་ཀྱི་སྐུ། །ཤེས་པ་ཙམ་གྱིས་སངས་རྒྱས་ངེས། །ས་ན་སེ་ཡི་འབྲས་བུ་བཞིན། །རྒྱུ་འབྲས་རོ་གཅིག་ཐེག་པར་འདུས། །ཞེས་པ་དང་། ནོར་བུ་རིན་ཆེན་ལས། དགོས་འདོད་འབྲས་བུ་དུས་གཅིག་རྫོགས། །དེ་བཞིན་ཆོས་སྐུ་ངེས་དོན་ལ། །རྟོགས་པ་ཙམ་གྱིས་ཡོན་ཏན་རྫོགས། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། སྐྱེ་ཤི་མེད་པ་རང་གི་སེམས། །དེ་རྟོགས་བསྒོམ་དུ་རྡུལ་ཙམ་མེད། །དེ་ཉིད་རིག་པ་བྱང་ཆུབ་སྐུ། །མ་བསྒོམ་འབྲལ་མེད་བདེ་བའི་མཆོག །ཅེས་པ་དང་། འོག་ནས་རྟོགས་གྲོལ་ཐར་པ་དུས་མཉམ་པའི་ལུང་རྣམས་སོ། །གཉིས་པ་ལ་བཅུ་བཞི་སྟེ། གོལ་ས་ཐམས་ཅད་དུས་གཅིག་ལ་ཆོད་པའི་ཡོན་ཏན་དང་།༡ སྒྲིབ་པ་ཐམས་ཅད་དུས་གཅིག་ལ་དག་པའི་ཡོན་ཏན་དང་།༢ ཚོགས་གཉིས་དུས་གཅིག་ལ་རྫོགས་པའི་དང་།༣ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བཀའ་ཉན་པའི་དང་།༤ མཆོད་པ་ཐམས་ཅད་ཀྱི་མཆོག་ཡིན་པའི་དང་།༥ སྐྱབས་འགྲོ་གསུམ་རྫོགས་པའི་དང་།༦ སྡོམ་པ་གསུམ་རྫོགས་པའི་དང་།༧ ཤེས་རབ་གསུམ་རྫོགས་པའི་དང་།༨ དགེ་བ་བཅུ་རྫོགས་པའི་དང་།༩ ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའི་དང་།༡༠ ཚད་མེད་བཞི་རྫོགས་པའི་དང་།༡༡ གསང་སྔགས་ཀྱི་བསྒྲུབ་པ་མ་ལུས་པ་རྫོགས་པའི་དང་།༡༢ ས་དང་ལམ་དུས་གཅིག་ལ་རྫོགས་པའི་དང་།༡༣ འབྲས་བུ་སྐུ་ལྔ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་༡༤མ་ལུས་པ་རྫོགས་པའོ། །དང་པོ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་ལ་ཡུལ་དང་ཡུལ་ཅན་མེད་པར་རྟོགས་པས། གོ་ཡུལ་དུ་གོལ་ས་མེད། འཁྲུལ་དུ་འཁྲུལ་པ་མེད། སྒྲིབ་ཏུ་སྒྲིབ་བྱེད་མེད་པས་གོལ་ས་ཐམས་ཅད་དུས་གཅིག་ལ་ཆོད་པ་ཡིན་ཏེ། ངེས་དོན་འདུས་པ་ལས། ཉི་ཤར་མུན་སྒྲིབ་མེད་པ་བཞིན། །རང་བྱུང་ཆོས་སྐུའི་དོན་རྟོགས་པས། །གོལ་སྒྲིབ་ཡུལ་སེམས་གཞི་ནས་དག །ཆོས་ཀུན་སེལ་མེད་བྱང་ཆུབ་སྐུ། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། ཤེས་པ་རང་འདུག་འདི་ཉིད་ལས། །ཅི་ཡང་མི་བསྒོམ་ད་ལྟ་ཉིད། །འདུ་ཤེས་མ་བཟུང་འོད་གསལ་བའི། །ཡེ་ཤེས་ཟང་ཐལ་ཉམས་པ་མེད། །ཞེས་པ་དང་། བྱུང་ཚོར་རྗེས་སུ་མ་འབྲངས་པས། །འཇིག་རྟེན་ཕལ་པའི་སར་མི་གོལ། །སྒོ་ལྔའི་ཤེས་པ་མི་འགེག་པས། །འདུ་ཤེས་མེད་པར་དེ་མི་གོལ། །ཤེས་རབ་ཟབ་མོའི་དོན་འཛིན་པས། །ལུང་དུ་མ་བསྟན་དེར་མི་གོལ། །ཞི་གནས་རོ་ལ་མ་ཞེན་པས། །སེམས་འཛིན་བསན་གཏན་སར་མི་གོལ། །ཡོད་མེད་ཡུལ་དུ་མ་བསྒོམ་པས། །རྟག་ཆད་མཐའ་ནི་དེ་མི་གོལ། །རྣམ་རྟོག་མ་སྤང་རང་ཞི་བས། །ཉན་ཐོས་འགོག་པར་དེ་མི་གོལ། །རྟོགས་དཀའ་སྟོང་པར་མ་བསྒོམ་པས། །རང་རྒྱལ་སེམས་སུ་དེ་མི་གོལ། །རང་རིག་སྐད་ཅིག་མ་བསྒོམ་པས། །སེམས་ཙམ་ལྟ་བར་དེ་མི་གོལ། །ཡུལ་འདི་ཀུན་རྫོབ་བློས་བྱས་ཏེ། །ཧེ་དུ་དག་གིས་གཞིག་བྱས་ནས། །མཚན་མ་སྟོང་པར་མ་བསྒོམ་པས། །དབུ་མ་གཉིས་སུ་དེ་མི་གོལ། །དག་བཞི་ཏིང་འཛིན་མ་བསྒོམ་པས། །ཀྲི་ཡའི་ཐེག་པར་དེ་མི་གོལ། །ཆོས་ཉིད་དབྱིངས་ཀྱི་ཡེ་ཤེས་ཀྱི། །ཆོ་འཕྲུལ་ལྷ་ཡི་ང་རྒྱལ་གྱིས། །བྱང་ཆུབ་རྣམ་ལྔར་མ་སྒོམ་པས། །ཡོ་གའི་སེམས་དཔར་དེ་མི་གོལ། །ཞེས་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །རྟོག་ཚོགས་རྣམ་གྲངས་མང་པོ་ཡིས། །རྣམ་རྟོག་ལྷ་ནི་མ་བསྒོམ་པས། །མ་ཧཱ་ཡོ་གར་དེ་མི་གོལ། །ཀུན་གཞི་དག་པའི་མཁའ་ཀློང་དུ། །བདེ་ཆེན་གཉིས་མེད་རིག་པའི་རྩལ། །འདུ་འབྲེལ་མེད་འཇོག་ཡིད་མེད་པས། །ཨ་ནུ་ཡོ་གར་དེ་མི་གོལ། །ཞེས་གསུངས་སོ། །ལུང་དེ་རྣམས་ཀྱི་ངག་དོན་བླང་ལ་མཐའ་དགྲོལ་ཞིང་རྒྱས་པར་བཤད་དོ། །ལུང་དེ་རྣམས་མུ་ཆགས་སུ་ཡོད་ཀྱང་། ཚིག་བཞི་བཞི་ཡོད་པའི་ཐ་མ་གཉིས་གཉིས་བླངས་པའོ། །ལ་ལ་ནི་ཚིག་བཞི་ཀའང་བླངས་སོ། །གཉིས་པ་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་རྟོགས་པས། རིག་པ་ལ་སྒྲིབས་ཡོག་མེད་ཅིང་མཚན་མ་རང་གྲོལ་ཏེ། ལས་དང་ལས་ཀྱིས་གོས་པ་མེད་ཅིང་ཐོག་མ་མེད་པ་ནས་བསགས་པའི་སྒྲིབ་པ་ཐམས་ཅད་དུས་གཅིག་ལ་འདག་པ་ཡིན་ཏེ། རྩེ་མོ་བྱུང་རྒྱལ་ལས། བསྐལ་པར་བསགས་པའི་མུ་ནག་ཐིབ་པོ་ཡང་། །རིག་པའི་རྒྱལ་པོ་ཡེ་ཤེས་ཉི་ཟེར་གྱིས། །གཉེན་པོ་མི་མཐུན་སྤོང་ལ་མི་ལྟོས་པར། །སྐད་ཅིག་ཡུལ་ཙམ་ཉིད་ལ་གསལ་བའི་དོན། །ཞེས་པ་དང་། ཡེ་ཤེས་གསལ་བ་ལས། སྙིང་པོ་དོན་གྱི་གཞི་རྟོགས་ན། །རང་བཞིན་ཚོགས་རྫོགས་སྒྲིབ་པ་མེད། །ཞེས་པ་དང་། ནམ་མཁའ་ཆེ་ལས། ཅི་སྟེ་ལས་ཀྱི་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་པ་དང་། ངེས་དོན་འདུས་པ་ལས། ཐོག་མ་མེད་ནས་བསགས་པ་ཡི། །རྣམ་རྟོག་སྤྲིན་དཔུང་དཔག་མེད་པ། །དངོས་མེད་ཆོས་སྐུར་རིག་པ་ཡིས། །རྣམ་རྟོག་སྟོང་པའི་ངང་དུ་སངས། །འདི་ཤེས་རང་རིག་བསྒོམ་པའི་མཆོག །ཅེས་གསུངས་སོ། །གསུམ་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་པས། གང་ལའང་ཕྱོགས་རིས་དང་ཞེན་འཛིན་མེད་ཅིང་། བླ་མ་དང་རྒྱལ་བ་ཐམས་ཅད་མཉེས་པས་བསོད་ནམས་ཀྱི་ཚོགས་རྫོགས་ལ། དེ་ཉིད་རང་གསལ་སྒྲིབ་པ་མེད་པས་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ། རྨད་བྱུང་ལས། རང་གི་ལྷར་ནི་བདག་བསྒོམ་ན། །བསོད་ནམས་ཡེ་ཤེས་གཅིག་ཆར་རྫོགས། །ཞེས་པ་དང་། རབ་འབྱམས་ལས། འབྲས་བུ་ཡེ་ཤེས་ཚོགས་ནི་སེམས་ཉིད་དེ། །བསོད་ནམས་ཡེ་ཤེས་བྱང་ཆུབ་སེམས་ལ་རྫོགས། །སྤྱད་པས་མི་མཛད་མ་བསགས་དབྲི་བ་མེད། །ཀློང་ཡངས་ནམ་མཁའ་རྒྱ་མཚོ་ལྟ་བུའི་དོན། །ཚོགས་ཆེན་རྣམ་གཉིས་ཅིག་ཆར་རང་ལ་རྫོགས། །ཞེས་གསུངས་སོ། །བཞི་པ་ནི། རྟོགས་ཤིང་ཉམས་སུ་མྱོང་བ་ལ་ལྷ་སྲིན་སྡེ་བརྒྱད་དང་། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་གནོད་པས་མི་ཚུགས་ཤིང་བྲན་བཞིན་བྱེད་པ་ཡིན་ཏེ། ངེས་དོན་རྟོགས་པའི་རྣལ་འབྱོར་ལ། །ལྷ་སྲིན་མཁའ་འགྲོ་དགྲར་ལངས་ཀྱང་། །གནོད་པས་མི་ཚུགས་བཀའ་བཞིན་བྱེད། །དེ་ཕྱིར་ལུང་བསྟན་ཤིན་ཏུ་སྙན། །ཞེས་པ་དང་། ཀློང་ཆེན་ལས། དོན་འདི་ཚིག་ཏུ་མ་ཁྱེར་བར། །གནད་ཀྱི་གདེང་དུ་ཆུད་པ་གང་། །དམན་པའི་ལུས་ལ་དམ་པའི་སེམས། །དུས་གསུམ་སངས་རྒྱས་སྲས་གཅིག་པོ། །འཇིག་རྟེན་དྲེགས་པས་བཅིངས་པ་ཡི། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས། །ཇོ་བོའི་ཚུལ་དུ་ཁུར་བར་བྱེད། །སངས་རྒྱས་ཀུན་དང་དགོངས་པ་མཉམ། །ཞེས་གསུངས་སོ། །ལྔ་པ་ནི། སེམས་ཉིད་རྟོགས་ཤིང་ཉམས་སུ་བླང་ན་རྒྱལ་བ་ཐམས་ཅད་དང་དགོངས་པ་གཉིས་སུ་མེད་པས། མཆོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པར་གསུངས་ཏེ། ཀུན་བྱེད་ལས། དུས་གསུམ་སངས་རྒྱས་རྟག་ཏུ་སེམས་བལྟས་མཆོད། །དེ་ཡི་ཡོན་ཏན་མི་འབྲལ་དེ་ཐོབ་ནས། །ཆོས་རྣམས་ཀུན་བྱེད་རྒྱལ་པོར་ངེས་པར་འགྱུར། །ཞེས་པ་དང་། རྨད་བྱུང་ལས། སངས་རྒྱས་མི་མཆོད་བདག་ཉིད་མཆོད། །ཅེས་པ་ལ་སོགས་པ་གསུངས་སོ། །དྲུག་པ་ནི། རྟོགས་ཤིང་གོམས་པ་ལ་སྐྱབས་གནས་དཀོན་མཆོག་གསུམ་རྫོགས་པ་དང་། སྐྱབས་དང་བསྲུང་བ་ཐམས་ཅད་ཀྱི་མཆོག་ཡིན་པའོ། །སྔ་མ་ནི། རང་སེམས་ཡེ་ནས་སངས་རྒྱས་ཤིང་སྐུ་ལྔ་ལྷུན་གྲུབ་ལ་སོགས་པར་རྟོགས་པས། སངས་རྒྱས་དཀོན་མཆོག་རྫོགས་པ་དང་། དེ་ཉིད་བསྟན་པ་ཐམས་ཅད་ཀྱི་གཞི་མ་ཡིན་ཞིང་། ཆོས་རྣམས་དེ་ཉིད་རྟོགས་པར་བྱེད་པའི་ཐབས་སུ་འདུས་པས་ཆོས་དཀོན་མཆོག་དང་། ཕྱིན་ཅི་ལོག་གི་རྟོག་པ་ཐམས་ཅད་རང་གྲོལ་ཞིང་། ཡང་དག་པའི་དོན་ལ་འདུན་ཅིང་གནས་པས་དགེ་འདུན་དཀོན་མཆོག་གོ། །སེམས་བསྒོམ་དོན་བཅུ་གཉིས་པ་ལས། བདག་མེད་གཉིས་ཉིད་བདེར་གཤེགས་མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ། །ཀུན་གྱི་རང་བཞིན་འདི་ལ་བསལ་ཞིང་བླ་མེད་ལམ་མཆོག་སྟེ། །མི་ལྡོག་པ་ལ་སོགས་ཏེ་དབང་ཕྱུག་རྒྱལ་བ་ཀུན་དང་གཅིག་བརྙེས་པ། །གནས་གསུམ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་དད་པ་མོས། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། དེ་རྟོགས་སངས་རྒྱས་རང་བྱུང་བཅོམ་ལྡན་འདས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་ལ་བཀྲ། །དེ་ཕྱིར་ཡང་དག་ངེས་དོན་སྙིང་པོ་འདི། །སྐྱབས་དང་མགོན་དུ་ལྟ་བ་མཆོག་ཏུ་གསུངས། །ཞེས་གསུངས་སོ། །ཕྱི་མ་ནི། རྟོགས་ཤིང་ཉམས་སུ་མྱོང་བས་བདུད་བཞི་ལ་སོགས་པ་དང་། ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་ལ་སོགས་པ་འཁོར་བའི་སྡུག་བསྔལ་མ་ལུས་པ་ལས་སྐྱོབ་པ་ཡིན་ཏེ། ནམ་མཁའ་ཀློང་ཡངས་ལས། རང་ལུས་ན་ཚ་བཟོད་དཀའ་སྟེ། །རྐྱེན་དབང་མི་གོལ་གདམ་ངག་ནི། །གང་ན་བློ་ཡིས་མ་བཟུངས་པས། །བཟོད་དཀའ་རང་རིག་ཆོས་སྐུར་ཤེས། །སྔ་ཕྱི་མ་བཏང་ད་ལྟ་ཡི། །བདེ་སྡུག་དག་ཀྱང་ཆོས་སྐུར་གསལ། །སྡུག་བསྔལ་རང་བཞིན་ཆོས་སྐུར་ཤར། །ཡིད་ཆད་འཁང་གཞིའི་རྐྱེན་རྣམས་ཐུབ། །ཞེས་པ་དང་། ཀློང་ཆེན་ལས། བྱང་ཆུབ་སེམས་ཀྱི་སྲོག་འདི་ལ། །བདུད་བཞིའི་ཚོགས་ཀྱིས་མི་ཆོམ་བཞིན། །དགྲ་གསུམ་དག་གིས་གསད་དུ་མེད། །གཡང་ས་དྲུག་ཏུ་མི་ལྟུང་བས། །བྱ་བྲལ་ལྟུང་ལས་ཉམས་པ་མེད། །ཅེས་པ་དང་། རང་བྱུང་ཡེ་ཤེས་རང་གི་ཀློང་། །བདེ་དང་སྡུག་བསྔལ་བཏང་སྙོམས་ཀྱང་། །རང་བྱུང་རང་ཞི་ཉིད་དུ་གསལ། །རང་རིག་ཀློང་དུ་རྣམ་པར་དག །ཞེས་པ་ལ་སོགས་པ་གསུངས་སོ། །བདུན་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་ཤིང་ཉམས་སུ་མྱོང་བས་སྡོམ་པ་གསུམ་རྫོགས་པ་ཡིན་ཏེ། ཉེས་པའི་སྐྱོན་གྱིས་གོས་པ་མེད་པས་ཉན་ཐོས་ཀྱི་འདུལ་ཁྲིམས་རྫོགས་པ་དང་། གཉིས་སུ་མེད་པའི་སྙིང་རྗེས་འགྲོ་དོན་རྫོགས་པས་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་། དེ་ཉིད་ལས་མི་འདའ་བས་གསང་སྔགས་ཀྱི་དམ་ཚིག་ཡོངས་སུ་རྫོགས་པར་གསུངས་ཏེ། སེམས་བསྒོམ་བཅུ་གཉིས་པ་ལས། ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། ཞེས་པ་དང་། དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་བསྡུས་པ་ཡིན། ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་འདུས་ཤིང་སྦྱིན་གནས་དམ་པ་རབ་ཏུ་བསྔགས། ཞེས་པ་དང་། ངེས་དོན་འདུས་པ་ལས། སྡོམ་པ་ཕྱི་ནང་དམ་ཚིག་ཀྱང་། །གདུལ་བྱ་ཅི་ལྟར་འདུལ་བར་སྟོན། །ཐ་སྙད་ཙམ་དུ་རྡུལ་མེད་ཀྱང་། །དམ་དུ་བཅའ་བ་རྡུལ་ཙམ་མེད། །ཞེས་གསུངས་སོ། །བརྒྱད་པ་ནི། ཆོས་ཀུན་སེམས་ཀྱི་མིང་འདོགས་སུ་ཐོས་ཤིང་གོ་བས། ཚིག་དང་ཡི་གེ་རིས་ཀྱི་རྗེས་སུ་མི་འབྲང་བ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་དང་། དེའི་དོན་ལ་བསམ་པས་རྟོག་དཔྱོད་ཐེ་ཚོམ་མེད་པར་ཐག་ཆོད་པ་ནི། བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་བློའི་སྒྲོ་འདོག་ཆོད་པའོ། །དེ་ཁ་ཙམ་ཚིག་ཙམ་མིན་པར་ཉམས་སུ་མྱོང་བས་སྤངས་བླངས་དགག་བསྒྲུབ་མེད་པར་རང་གྲོལ་བ་ནི། བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་དོན་མངོན་དུ་ཤར་བའོ། །དེ་གསུམ་ཡང་ཅིག་ཆར་བ་དང་རིམ་གྱིས་པའི་དམིགས་ཤེས་པར་བྱ་སྟེ་རྒྱས་པར་བཤད་དོ། །དགུ་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་ཤིང་ཉམས་སུ་མྱོང་བས་མི་དགེ་བའི་སེལ་མེད་ཅིང་ཅི་བྱེད་དགེ་བར་འགྲོ་བས་དགེ་བ་བཅུ་ཡོངས་སུ་རྫོགས་པ་ཡིན་ཏེ། དེའི་བྱེ་བྲག་ཤེས་པར་བྱའོ། །དེ་གཉིས་ཀྱི་ལུང་ནི་འོག་ནས་བསྡུས་ཏེ་སྟོན་ནོ། །བཅུ་པ་ནི། རྟོགས་ཤིང་ཉམས་སུ་མྱོང་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བ་ཡིན་ཏེ། ཞེན་འཛིན་ཕྱོགས་འཛིན་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་དང་། མི་དགེ་བའི་ཉེས་བྱས་མི་འབྱུང་ཞིང་དྲི་མ་མེད་པས་ཚུལ་ཁྲིམས་ཀྱི་དང་། ཁོང་ཁྲོ་མེད་ཅིང་རྟོགས་པའི་ཀློང་དུ་ཀུན་ཤོང་བས་བཟོད་པའི་དང་། མ་ཡེངས་འདུ་འབྲལ་མེད་པས་བརྩོན་འགྲུས་ཀྱི་དང་། རྒྱུན་མི་ཆད་ཅིང་སྙིང་པོའི་དོན་ལ་མི་གཡེང་བས་བསམ་གཏན་གྱི་དང་། རང་བྱུང་ཡེ་ཤེས་རྟོགས་ཤིང་འཁོར་འདས་ཀྱི་རྩ་བ་ཆོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའོ། །ནམ་མཁའ་ཀློང་ཡངས་ལས། ལོ་ཀ་གོལ་བར་དོན་རྟོགས་པས། །སེར་སྣ་འཛིན་པའི་སེམས་མེད་ཕྱིར། །རེ་བ་མེད་པའི་བསམ་པ་ཡིས། །སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས། །མ་ནོར་ཁྲིམས་ལས་མི་འདའ་ཕྱིར། །ལུས་ངག་ཡིད་ཀྱི་ལས་རྣམས་ཀུན། །མི་དགེ་ཉེས་བྱས་མི་འབྱུང་བས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། །ཟབ་ལ་རྒྱ་ཆེ་ལྟ་བ་ཡིས། །ཡིན་དང་མིན་པའི་ཆོས་རྣམས་ཀུན། །ཆོས་ཀྱི་དབྱིངས་སུ་ཀུན་ཤོང་བས། །བཟོད་པའི་ཕ་རོལ་ཕྱིན་པ་རྫོགས། །ངོ་བོ་ཉིད་ལས་འབྲས་མེད་ཕྱིར། །ཆེད་དུ་མི་བསྒོམ་ད་ལྟ་ཉིད། །ལྟ་བའི་དོན་ལ་ཡེངས་མེད་པས། །བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས། །བཞི་གསུམ་དུས་གསུམ་འབྲལ་མེད་པས། །ཡེ་ཤེས་ཀུན་ཏུ་རྒྱུན་མི་ཆད། །སྙིང་པོའི་དོན་ལས་མ་གཡོས་པས། །བསམ་གཏན་ཕ་རོལ་ཕྱིན་པ་རྫོགས། །དང་པོ་འཁོར་བ་རྩད་ཆོད་པས། །ཡེ་ཤེས་རིག་པ་ངོས་ཟིན་ཕྱིར། །ཡིད་ཆེས་གདེང་གིས་ཐག་ཆོད་པས། །ཤེས་རབ་ཕ་རོལ་ཕྱིན་པ་རྫོགས། །ཞེས་གསུངས་སོ། །བཅུ་གཅིག་པ་ནི། བདག་གཞན་གཉིས་སུ་མེད་པར་རྟོགས་ཤིང་མི་གཏོང་པར་འཛིན་པས་སྙིང་རྗེ་དང་། བརྩེ་བས་ཀུན་ལ་ཁྱབ་ཅིང་སྙོམས་པས་བྱམས་པ་དང་། མི་འབྲལ་ཞིང་སྤྲོ་བས་དགའ་བ་དང་། ཀུན་ལ་སྙོམས་ཤིང་ཉེ་རིང་མེད་པས་བཏང་སྙོམས་སོ། །རྒྱ་མཚོ་ཀློང་དགུའི་རྒྱུད་ལས། སྙིང་རྗེ་མི་ཕྱེད་ཡུལ་ལས་བྲལ། །བྱམས་པ་ནམ་མཁའི་མཐའ་ལྟར་བདལ། །དགའ་བ་རང་བྱུང་གསང་བའི་ཉམས། །བཏང་སྙོམས་འཛིན་བྲལ་ཡེངས་པ་མེད། །ཅེས་པ་དང་། རྒྱ་མཚོ་ཀློངས་ལས། སྙིང་རྗེ་ཆེན་པོ་ཅིར་མི་མཛད། །བྱམས་པ་དོན་ཉིད་རྣམ་སྦྱང་ཕྱིར། །དགའ་བ་ཆེན་པོ་བཙལ་མེད་པའོ། །བཏང་སྙོམས་མཉམ་ཉིད་ཀུན་ཏུ་ཁྱབ། །ཅེས་གསུངས་སོ། །བཅུ་གཉིས་པ་ནི། གསང་སྔགས་ཀྱི་བསྒྲུབ་པ་ཀུན་རྫོགས་པའི་དང་། ཕྲིན་ལས་བཞི་རྫོགས་པའོ། །སྔ་མ་ནི། རྟོགས་ཤིང་ཉམས་སུ་ལེན་པ་ལ་བསྐྱེད་རིམ་ལ་སོགས་པ་བསྒྲུབ་པ་ཐམས་ཅད་དོན་གྱིས་ཚང་ཞིང་རྫོགས་པ་ཡིན་ཏེ། འདྲེར་འཛིན་གྱི་རྣམ་རྟོག་གྲོལ་ཞིང་རྐྱེན་རྣམས་གྲོགས་སུ་ཤར་བས་ཕྱི་ནང་གི་མཚམས་བཅད་རྫོགས་པའི་དང་། རང་གིས་རང་ངོ་ཤེས་པས་མ་རིག་ཉོན་མོངས་དང་། ལས་དང་ལས་ཀྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ལ་སོགས་པ་རང་སར་དག་པས་དོན་གྱི་བཤགས་པའི་དང་། འཁོར་འདས་གཉིས་སུ་མེད་ཅིང་རང་སེམས་སངས་རྒྱས་སུ་རྟོགས་པས་བྱིན་དབབ་པའི་དང་། འབྱུང་ལྔ་རང་བྱུང་ཡེ་ཤེས་སུ་གསལ་བས་འབྱུང་བ་རིམ་བརྩེགས་རྫོགས་པའི་དང་། ཐམས་ཅད་སེམས་ཉིད་ལ་གནས་ཤིང་བཞུགས་པས་གཞལ་ཡས་ཁང་དང་། འཁོར་འདས་གཉིས་སུ་མེད་ཅིང་རང་སེམས་རྒྱལ་བའི་དལ་དུ་རྟོགས་པས་བརྟེན་པ་ལྷ་བསྐྱེད་པའི་དང་། སངས་རྒྱས་སེམས་ཅན་གཉིས་སུ་མེད་ཅིང་དབྱེར་མེད་པས་སྤྱན་དྲང་ཞིང་བསྟིམ་པ་ལ་སོགས་པ་རྫོགས་པའི་དང་། ཕྱོགས་འཛིན་ལོག་རྟོག་བསྒྲལ་ཞིང་གཉིས་མེད་དོན་ལ་སྦྱོར་བས་སྦྱོར་སྲོལ་ལ་སོགས་པའི་དང་། ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་མཐར་ཕྱིན་པས་སྨོན་ལམ་གྱི་དང་། ཆོས་ཀུན་སྐུ་གསུང་ཐུགས་སུ་འདུས་ཤིང་། དེའི་རོལ་པ་རང་སྣང་བས་དོན་གྱི་བཟླས་པའི་དང་། སྣོད་བཅུད་རིག་པར་ལོངས་སྤྱོད་པས་ཚོགས་ཀྱི་མཆོད་པའི་དང་། འཁོར་འདས་ཐིག་ལེ་ཉག་ཅིག་ཏུ་འདུས་ཤིང་ཅི་སྤྱོད་དོན་ལས་མི་འདའ་བས། དལ་བསྡུ་བ་ལ་སོགས་པ་རྫོགས་པའི་ཡོན་ཏན་ནོ། །ནམ་མཁའ་ཀློང་ཡངས་ལས། ལྟ་བ་ངེས་པའི་གདེང་ཟིན་པས། །མི་རྟོག་ཡེ་ཤེས་བགེགས་བསལ་བས། །རྣམ་པར་རྟོག་པའི་བགེགས་མེད་ཕྱིར། །ཕྱི་ནང་མཚམས་བཅད་དེ་ལ་རྫོགས། །ཡེ་ནས་ངོ་བོ་ཉིད་སྐུ་ལ། །བསྒྲུབ་ཏུ་མེད་པའི་ཆོས་ཉིད་པས། །མ་རིག་རྣམ་རྟོག་སྒྲིབ་པ་མེད། །དོན་གྱི་བཤགས་པ་དེ་ལ་རྫོགས། །སངས་རྒྱས་སེམས་ཅན་གཉིས་མེད་ཕྱིར། །ཡུལ་དང་དབང་པོ་མི་འབྱེད་པས། །གཉིས་མེད་དོན་གྱི་བློ་གསལ་བས། །བྱིན་ཆེན་དབབ་པ་དེ་ལ་རྫོགས། །དབང་པོ་ཡུལ་གྱི་རྣམ་པ་ལ། །དངོས་པོ་བྱུང་བའི་རྩ་བ་དེ། །ས་ཆུ་མེ་རླུང་ཀུན་ཁྱབ་པས། །དབང་ཆེན་རིམ་པ་དེ་ལ་རྫོགས། །གདན་དང་ཡིག་འབྲུ་ལ་སོགས་པ། །རང་གི་སེམས་ཀྱི་ཆོ་འཕྲུལ་ཏེ། །ཕྱོགས་བཅུར་རང་བཞིན་ལྷུན་གྲུབ་པས། །གཞལ་ཡས་ཁང་ཆེན་དེ་ལ་རྫོགས། །འཁོར་འདས་བཟང་ངན་མི་འབྱེད་པས། །རིག་ཚོར་དོན་གྱི་ལྷ་ཡིན་པས། །མ་བརྩལ་ལྷུན་གྱིས་གྲུབ་པ་ཡི། །ཡེ་ཤེས་ལྷ་རྣམས་དེ་ལ་རྫོགས། །ངོ་བོ་ཉིད་ཀྱི་སྙིང་པོ་ལ། །སངས་རྒྱས་སེམས་ཅན་རྒྱུ་གཅིག་ཕྱིར། །ཆེད་དུ་བྱར་མེད་རང་རིག་འདིར། །སྤྱན་དྲངས་བསྟིམ་པ་དེ་ལ་རྫོགས། །ཡེ་ནས་སྙིང་པོ་བྱང་ཆུབ་ལ། །བློ་དང་དངོས་པོ་གཅིག་པའི་ཕྱིར། །སེམས་དང་ཆོས་སུ་དོན་འབྱོར་པས། །སྦྱོར་སྒྲོལ་མཆོད་པ་དེ་ལ་རྫོགས། །ཡེ་ནས་གནས་པའི་དོན་གོ་བས། །སྐྱེ་ཤི་མེད་པར་ཐག་ཆོད་ཕྱིར། །ཡོན་ཏན་ཐམས་ཅད་ལྷུན་གྲུབ་པས། །མཐར་ཕྱིན་སྨོན་ལམ་དེ་ལ་རྫོགས། །སངས་རྒྱས་ཆེ་བའི་ཡོན་ཏན་གྱི། །སྐུ་གསུང་ཐུགས་ཀྱི་དོན་ཚངས་བས། །ད་ལྟ་ཉིད་དུ་རྟོགས་པའི་ཕྱིར། །བཟླས་བརྗོད་འཕྲོ་འདུ་དེ་ལ་རྫོགས། །དགའ་ལྡན་ལྷ་དང་འབྱོར་ལྡན་ཚོགས། །ངེས་པའི་ལྟ་བ་གདེང་ཟིན་པས། །སྣོད་བཅུད་ཡེ་ནས་ཚོགས་ཡིན་ཕྱིར། །ཚོགས་ཀྱི་མཆོད་པ་དེ་ལ་རྫོགས། །འཁོར་བ་མྱ་ངན་འདས་པའི་ཆོས། །ཐིག་ལེ་གཅིག་ཏུ་འདུས་པའི་ཕྱིར། །ཅི་སྤྱོད་རང་གི་ལུས་ངག་ལས། །དཀྱིལ་འཁོར་བསྡུ་བ་དེ་ལ་རྫོགས། །ཞེས་གསུངས་སོ། །དེ་ལ་སོགས་པ་ལུང་མན་ངག་དུ་མ་ནས་གསུང་ནས་འདུག་གོ། །ཕྱི་མ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་ལ་བགེགས་རིགས་དང་། ཉོན་མོངས་པ་ལ་སོགས་པ་ངང་གི་ཞི་བས་ན་ཞི་བའི་དང་། རང་བྱུང་ཡེ་ཤེས་ལ་མཐའ་དབུས་ཕྱོགས་མཚམས་མེད་ཅིང་ཡོན་ཏན་ཐམས་ཅད་རྫོགས་པས་རྒྱས་པའི་དང་། རིག་པ་ལ་དབང་ཐོབ་ཅིང་སྣང་བ་དབང་དུ་འདུས་པས་ན་དབང་གི་དང་། ལོག་རྟོག་ཕྱོགས་འཛིན་ལ་སོགས་པ་གཉིས་སུ་མེད་པར་བསྒྲལ་བས་དྲག་པོའིའོ། །ཀློང་ལས། དེ་ཡི་ཕྲིན་ལས་ཕྱ་བཙལ་མེད། །ཉོན་མོངས་རང་སར་ཞི་བའི་ཕྱིར། །བྱང་ཆུབ་སེམས་ནི་ཞི་བར་གྲགས། །ཡོན་ཏན་མཆོག་ཏུ་རྒྱས་པའི་ཕྱིར། །བྱང་ཆུབ་སེམས་ནི་རྒྱས་པར་གྲགས། །རིག་པ་རང་དབང་ཐོབ་པའི་ཕྱིར། །བྱང་ཆུབ་སེམས་ནི་དབང་དུ་གྲགས། །འཁྲུལ་པ་རྩད་ནས་གཅོད་པའི་ཕྱིར། །བྱང་ཆུབ་སེམས་ནི་དྲག་པོར་གྲགས། །ཞེས་གསུངས་སོ། །བཅུ་གསུམ་པ་ནི། རང་བྱུང་ཡེ་ཤེས་ལ་འཁོར་འདས་གཉིས་སུ་མེད་པས། ལམ་ལ་བགྲོད་དུ་མེད་ཅིང་ལམ་ལྔ་དུས་གཅིག་ལ་རྫོགས་པ་དང་། ས་ལ་སྦྱང་དུ་མེད་ཅིང་ས་རྣམས་དུས་གཅིག་ལ་ནོན་པའོ། །དང་པོ་ནི། རང་བྱུང་ཡེ་ཤེས་དངོས་སུ་རྟོགས་པས་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་ཚོགས་ལམ་དང་། ཆོས་ཉིད་རང་གི་མཚན་ཉིད་ལ་མངོན་དུ་སྤྱོར་པས་སྦྱོར་ལམ་དང་། ཆོས་ཉིད་བརྗོད་བྲལ་སྤྲོས་པ་མེད་པར་མངོན་དུ་མཐོང་བས་མཐོང་ལམ་དང་། དེའི་ངང་ལ་གཡོས་པ་མེད་པར་གནས་པས་བསྒོམ་ལམ་དང་། དེ་ཉིད་རྟོགས་པ་མཐར་ཕྱིན་པས་མཐར་ལམ་སྟེ། དེ་རྣམས་རང་སྣང་བ་མངོན་དུ་རྟོགས་པས་དུས་གཅིག་ལ་ཡོངས་སུ་རྫོགས་པའོ། །གསང་ཐིག་ལས། ཡེ་ནས་ཐིག་ལེ་དབྱེར་མེད་ཚོགས་ཀྱི་ལམ། །རྟོགས་པས་ཡེ་ཤེས་དབྱེར་མེད་སྦྱོར་བའི་ལམ། །ཆོས་ཉིད་དོན་རྟོགས་བདེ་ཆེན་མཐོང་བའི་ལམ། །ཡིད་ཀྱི་གཡོ་བ་ཟད་པ་བསྒོམ་པའི་ལམ། །བྱ་བྱེད་མེད་པར་དོན་རྫོགས་མཐར་ཕྱིན་ལམ། །ཞེས་པ་དང་། ངེས་དོན་འདུས་པ་ལས། རྒྱུ་རྐྱེན་མ་བསྐྱེད་རང་བྱུང་བས། །གསལ་འགྲིབ་མེད་པའི་ཡེ་ཤེས་ཡིན། །རྩོལ་བསྒྲུབ་དག་ལས་མ་བྱུང་བས། །རང་བྱུང་ལམ་ལ་རག་མ་ལུས། །ཡུལ་ལས་མ་བྱུང་ཡེ་ཤེས་ཏེ། །ལུང་ལྡན་རྐྱེན་གྱིས་རྟོགས་པས་ཆོག །ཅེས་པ་དང་། ཡང་དག་དོན་གྱི་ཆོས་ཉིད་ལ། །ལམ་གྱི་དབྱེ་བ་མེད་མོད་ཀྱང་། །རྣལ་འབྱོར་བློ་ཡི་རིམ་པ་ལྔ། །ཐེག་པའི་བྱེ་བྲག་ཐ་དད་པས། །ལམ་ལྔའི་དབྱེ་བ་དུས་གཅིག་རྫོགས། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་ནི། གནས་ལུགས་ཇི་བཞིན་པ་ཉིད་ཡེ་ནས་སངས་རྒྱས་པ་ཡིན་ཏེ། དེ་ཉིད་རྟོགས་པས་ས་རྣམས་དུས་གཅིག་ལ་ནོན་པ་ཡིན་ཏེ། ཀློང་ལས། ཀློང་ཡངས་འུབ་ཆུབ་བདལ་ཁྱབ་པ། །སྤྱིར་ཆིབ་ས་བཅུ་འདུས་པའི་ཀློང་། །གཅིག་ལ་བྱེ་བྲག་ཕྱེ་བའི་ཕྱིར། །ས་བཅུར་སྣང་བ་ཡོན་ཏན་ཡིན། །ཅེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། ས་མེད་རྫོགས་ཆེན་ཆོས་སྐུ་ཡེ་ཤེས་ལས། །གར་ཡང་མི་འགྲོ་ས་མཆོག་སྤྱིར་ཆིབས་པས། །བགྲོད་མེད་སེམས་ཉིད་ཡེ་ཤེས་མཆོག་གི་ལམ། །ཡེ་ཤེས་ཆོས་སྐུ་མཐར་ཕྱིན་ཆོས་ཉིད་པ། །ཅེས་པ་དང་། ནམ་མཁའ་མཐའ་མཉམ་ལས། འཁོར་བ་བྱང་ཆུབ་ལམ་དུ་གསལ། །གཅོང་རང་ཡེ་ཤེས་གནས་སུ་སྤར། །བགྲོད་མེད་བླ་མའི་ས་ལ་འཇུག །ས་གཅིག་མནན་པས་ས་ཀུན་ནོན། །ཞེས་གསུངས་སོ། །དེ་ཡང་སེམས་ཉིད་རྟོགས་པ་ལ་ཕ་རོལ་ཏུ་ཕྱིན་པའི་ས་བཅུ་དུས་གཅིག་ལ་རྫོགས་པ་དང་། འབྲས་བུའི་ས་ཐམས་ཅད་དུས་གཅིག་ལ་རྫོགས་པའོ། །དང་པོ་ནི། གསང་ཐིག་ལས། ས་ལམ་ཐམས་ཅད་ལྷུན་གྲུབ་དེ་ཉིད་རང་། །མི་འགྱུར་ཀུན་གཞི་སེམས་ཀྱི་ས་གཞི་ལ། །དེ་ཉིད་ཡང་དག་མཐོང་བས་རབ་ཏུ་དགའ། །དེ་ལ་གཟུང་འཛིན་དག་པས་དྲི་མ་མེད། །དེ་ཉིད་རྒྱ་མ་ཆད་པས་འོད་བྱེད་པའོ། །རྟོགས་པའི་ཡེ་ཤེས་འབྱུང་བས་འོད་འཕྲོ་བའོ། །བློ་ཡི་སྤྱོད་ཡུལ་མ་གྱུར་སྤྱངས་དཀའ་བའོ། །རང་གི་ངོ་བོར་གྱུར་པས་མངོན་དུ་གྱུར། །འདོད་པའི་བློ་མ་སྐྱེས་པས་རིང་དུ་སོང་། །མ་སྐྱེས་མི་འགག་གཡོ་བ་མེད་པའི་ས། །སྐྱོན་རྣམས་ཀུན་གྱིས་མ་གོས་ལེགས་བློ་གྲོས། །ཐམས་ཅད་ཆོས་ཀྱི་དབྱིངས་ལས་མི་ཕྱེད་སྤྲིན། །ཞེས་གསུངས་སོ། །གཉིས་པ་ནི། རང་བྱུང་གི་ཡེ་ཤེས་མ་བསྒྲིབས་རང་གསལ་བས་ཀུན་ཏུ་འོད་ཀྱི་ས་ཞེས་ཀྱང་བྱ། གང་ལ་ཡང་ཆགས་པ་མེད་ཅིང་སྐྱོན་གྱིས་མ་གོས་པས་མ་ཆགས་པདྨ་སྤྱན་གྱི་ས་དང་། སྐྱེ་འཇིག་མེད་པས་རྡོ་རྗེ་འཛིན་གྱི་ས་དང་། དཔག་ཏུ་མེད་ཅིང་ཐམས་ཅད་མཉམ་པར་བཀོད་པས་སྡུག་པོ་བཀོད་པའི་ས་དང་། བྱང་ཆུབ་སེམས་སུ་ཐམས་ཅད་འདུས་ཤིང་བཀོད་པས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། ཐམས་ཅད་སྐུ་གསུང་ཐུགས་སུ་དབྱེར་མེད་ཅིང་མངའ་མཛད་པས་རྡོ་རྗེ་འཆང་གི་ས་དང་། འཁོར་འདས་དབྱེ་བ་མེད་ཅིང་བཟང་ངན་བླང་དོར་མེད་པར་རྟོགས་པས་ཀུན་བཟང་དབྱེ་བ་མེད་པའི་སའོ། །ཀུན་བྱེད་ལས། རང་བྱུང་ཡེ་ཤེས་མ་འགགས་པ་ཡི་རྟགས། །དབང་པོ་སྒོ་ལྔ་ཀུན་ཏུ་གསལ་བ་ལ། །ཀུན་ཏུ་འོད་ཀྱི་ས་ཞེས་བརྟགས་པ་ཡིན། །ཡུལ་ལ་མི་རྟོག་ཆགས་པ་མེད་པ་ལ། །མ་ཆགས་པདྨ་སྤྱན་དུ་བརྟགས་པ་ཡིན། །སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས་དེ་ལ། །རྡོ་རྗེ་འཛིན་པ་ཞེས་སུ་ང་ཡིས་བཏགས། །རང་གི་རང་བཞིན་ཆོས་དབྱིངས་དཔག་མེད་ལ། །རང་བྱུང་ཡེ་ཤེས་མི་རྟོག་མཉམ་པར་བཀོད། །སྟུག་པོ་བཀོད་པའི་ས་ཞེས་བཏགས་པ་ཡིན། །བྱང་ཆུབ་སེམས་ཀྱི་རང་བཞིན་དཀྱིལ་འཁོར་ཏེ། །རང་ལ་གནས་པའི་བྱང་ཆུབ་ཆོས་རྣམས་ལ། །ཡི་གེ་འཁོར་ལོ་ཚོགས་ཆེན་ས་རྣམས་ཏེ། །སྐུ་གསུང་ཐུགས་ལ་སྐྱེ་དང་འཇིག་མེད་པས། །རྡོ་རྗེ་འཆང་གི་ས་ཞེས་བཤད་པ་ཡིན། །བྱང་ཆུབ་སེམས་ལ་རྒྱུ་འབྲས་གཉིས་མེད་པས། །སེམས་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ལ། །བཟང་ངན་བླང་དོར་ཡེ་ནས་མེད་པའི་ཕྱིར། །དབྱེ་བ་མེད་པའི་ས་ཞེས་ང་ཡིས་བཤད། །ཅེས་པ་ལ་སོགས་པ་གསུངས་སོ། །བཅུ་བཞི་པ་ནི། རང་སེམས་མངོན་དུ་རྟོགས་པས་སྐུ་ལྔ་ལ་སོགས་པ་ཆེ་བའི་ཡོན་ཏན་ཐམས་ཅད་དུས་གཅིག་ལ་རྫོགས་པར་གསུང་ཏེ། དེའི་དབྱེ་བ་རྒྱས་པར་འབྲས་བུའི་སྐབས་ནས་སྟོན་ནོ། །ངེས་དོན་འདུས་པ་ལས། སངས་རྒྱས་རྣམས་ཀྱི་ཆེ་བ་ཡང་། །དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། །མཚན་ནི་སུམ་ཅུ་རྩ་གཉིས་དང་། །སྟོབས་དང་མི་འཇིགས་ལ་སོགས་པ། །ཐིག་ལེ་ཆོས་སྐུ་རྟོགས་པར་འདུས། །ཞེས་པ་དང་། ཆོས་སྐུ་གཞི་ངེས་རྟོགས་པ་ལ། །མ་རིག་མེད་པས་དུག་ལྔ་གྲོལ། །ཐམས་ཅད་རང་བྱུང་ཆོས་སྐུར་གསལ། །ལུང་ལྡན་རྐྱེན་གྱིས་མ་རེག་དག །དུག་ལྔ་བྱང་ཆུབ་ལམ་ཡིན་ཕྱིར། །སྐུ་ལྔ་ལྷུན་གྲུབ་དུས་གཅིག་རྫོགས། །ཞེས་གསུངས་སོ། །གསང་ཐིག་ལས། དེ་བས་ཤེས་བྱ་ཤེས་བྱེད་དག་པ་ལ། །ཕ་རོལ་ཕྱིན་དང་ས་བཅུ་ལམ་ལྔ་རྫོགས། །སྐུ་དང་ཡེ་ཤེས་ཡོན་ཏན་མ་ལུས་རྫོགས། །ཞེས་པ་དང་། བྱང་སེམས་སྙིང་སྒྲོན་ལས། ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་ཤུགས་ཀྱིས་འབྱངས། །དགེ་བཅུ་ཕ་རོལ་ཕྱིན་དྲུག་ཚད་མེད་བཞི། །སྐྱབས་འགྲོ་སྡོམ་པ་གསུམ་དང་ཤེས་རབ་གསུམ། །ལས་བཞི་བསླབ་པའི་མཐའ་བཅུ་ཀློང་དགུ་རྫོགས། །དཀར་པོའི་ཕྱོགས་ཀྱི་ཡོན་ཏན་མ་ལུས་རྫོགས། །ཞེས་སོ། །རྟོགས་ཤིང་གྲོལ་བའི་ཐབས་ནི་བཞི་སྟེ། ངོ་སྤྲད་ཅིང་རྟོགས་པའི་ཐབས་དང་། མི་རིགས་རིགས་པའི་ཆོས་གསུམ་གྱིས་ཁྱད་པར་དཔག་ཏེ་བསྟན་པ་དང་། རྫོགས་ཆེན་གྱི་དགོངས་པའི་གནས་ལུགས་སམ་རྟོགས་པའི་ལྟ་བ་བསྟན་པ་དང་། བསྒོམ་ཞིང་གྲོལ་ཚུལ་བསྟན་པའོ། །སྔ་མ་ནི། ཤེས་བྱའི་གནས་ལུགས་དང་། དེ་རྟོགས་པར་བྱ་བའི་ཐབས་སོ། །སྔ་མ་ནི། གཞིའི་སྐབས་སུ་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་ལྷག་མ་མེད་པར་རྫོགས་ཤིང་ཡེ་ནས་སངས་རྒྱས་པར་བསྟན་པ་བཞིན་ནོ། །ཕྱི་མ་ནི། ཤེས་བྱ་ད ང་རྟོགས་ཐབས་དབྱེར་མེད་དུ་གཏན་ལ་དབབ་པ་དང་། རྟོགས་ཐབས་རྒྱས་པར་རོ། །དང་པོ་ནི། མངོན་དུ་ཕྱུང་བའི་མདོ་ལུགས་དང་། མ་ནོར་ངེས་པའི་དང་། རྒྱུ་འབྲས་འདས་པའི་དང་། བྱ་བྲལ་རྫོགས་པའི་དང་། གཏན་ལ་འབེབས་པའི་མདོ་ལུང་དང་ལྔའོ། །དང་པོ་ནི། ཆོས་ཀུན་ཅི་ལྟར་སྣང་ཡང་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་སྣང་བས་མངོན་དུ་ཕྱུང་བའི་མདོ་ལུང་ཞེས་བྱ་སྟེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཆོས་ཀྱི་སྙིང་པོ་ལས། །སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་ཀུན། །མི་སྣང་བ་ལ་དངོས་སུ་འབྱིན་ནུས་པས། །ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །ཞེས་པ་དང་། རབ་འབྱམས་ལས། སྣང་སྲིད་འཁོར་འདས་རྒྱུ་འབྲས་ཆོས། །རིག་པ་མངོན་དུ་ཕྱུང་བས་ན། །བྱང་ཆུབ་སེམས་ལ་དགག་ཏུ་མེད། །ཅེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། ཇི་ལྟར་སྣང་བའི་ཆོས་ཅན་ཆོས་ཉིད་ཀུན། །རྩོལ་བ་མ་བྱས་བྱང་ཆུབ་མི་འགྱུར་དབྱིངས། །མི་སྣང་བ་ལ་མངོན་དུ་འབྱིན་ནུས་ཕྱིར། །ཆོས་ཀྱི་སྙིང་པོ་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །གཉིས་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་ལ་དོན་དམ་ཀུན་རྫོབ་དང་། བདེན་རྫུན་ཡིན་མིན་གཉིས་སུ་མེད་ཅིང་སྣང་སྲིད་ཆོས་སྐུར་རྟོགས་པས་མ་ནོར་ངེས་པའི་མདོ་ལུང་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །དོན་དམ་ཀུན་རྫོབ་བདེན་རྫུན་གཉིས་མེད་པར། །མ་ནོར་ངེས་པའི་བྱང་ཆུབ་སེམས་སྟོན་པས། །ཐེ་ཚོམ་སོམ་ཉི་མེད་པར་ཡིད་ཀྱང་ཆེས། །ཞེས་པ་དང་། ཀློང་ཆེན་ལས། ཉོན་མོངས་བདེ་སྡུག་ལ་སོགས་ཀུན། །སྤང་དུ་མེད་དེ་བདག་ཉིད་རང་། །བྱང་ཆུབ་སེམས་ལས་གཞན་མེད་པར། །སྐྱེ་མེད་རང་གི་རྒྱན་དུ་རྫོགས། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་པོ་འདི། །ཐམས་ཅད་རང་ལས་བྱུང་བའི་ཡེ་ཤེས་དེ། །ལུང་ལྡན་བསྟན་པས་ཤེས་ཕྱིར་ངེས་པའི་དོན། །ངེས་པའི་སངས་རྒྱས་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །གསུམ་པ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་ཡིན་པས། རྒྱུ་འབྲས་གཉིས་སུ་མེད་ཅིང་འཁོར་འདས་གཉིས་སུ་མེད་པར་ཡེ་ནས་སངས་རྒྱས་པ་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །རྒྱུ་ལ་མི་བརྟེན་རྐྱེན་ལས་མི་བསྒྲུབ་པས། །གཞན་ལ་རག་མ་ལུས་པའི་རང་བཞིན་གྱིས། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །ཞེས་པ་དང་། ཀློང་ཆེན་ལས། རྒྱུ་འབྲས་རྣམ་པ་ཡོངས་ཀྱིས་མེད། །རྒྱུ་མེད་ཡེ་ནས་ཆོས་ཉིད་ཀློང་། །རྒྱུ་འབྲས་རང་བྱུང་ཡེ་ཤེས་ཏེ། །མཚན་མའི་རྒྱུ་འབྲས་ཀུན་ལས་འདས། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། ཡེ་ནས་གནས་པའི་རང་བྱུང་སྙིང་པོ་འདི། །རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས། །རྒྱུ་འབྲས་གཉིས་མེད་ཡེ་ནས་ཆོས་སྐུ་འདི། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །བཞི་པ་ནི། ཆོས་ཀུན་ཡེ་ནས་རང་བྱུང་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པས། རྒྱུ་རྐྱེན་རྩོལ་བ་མེད་པར་བདག་གཞན་གྱི་དོན་རྣམས་རྟོགས་པས་འགྲུབ་པ་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །རྒྱུ་རྐྱེན་མེད་པར་ལྷུན་གྱིས་གྲུབ་པའི་ཕྱིར། །ཕྲིན་ལས་བརྩལ་ཞིང་བྱ་བྱེད་བྱ་མི་དགོས། །མ་བཅོས་ལྷུན་གྱིས་གྲུབ་པར་ཡིད་ཀྱང་ཆེས། །ཞེས་པ་དང་། ཀློང་ཆེན་ལས། ཆོས་ཀྱི་དབྱིངས་ལས་བཙལ་དུ་མེད། །བཙལ་དུ་མེད་པའི་དོན་དེ་ལ། །རང་བཞིན་གནས་པས་དེ་བཞིན་ཉིད། །དེ་ལ་སུས་ཀྱང་བཅོས་སུ་མེད། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། གཞན་ནས་མ་བརྩལ་རང་ལས་རྙེད་པའི་ཕྱིར། །གཉེན་པོས་མ་བསྐྱེད་རང་བཞིན་ཡིན་པས་ན། །ལུས་ངག་ཆེད་དུ་བཙལ་དུ་མེད་པའི་ཕྱིར། །མ་བཙལ་ལྷུན་གྱིས་གྲུབ་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །ལྔ་པ་ནི། རང་བྱུང་ཡེ་ཤེས་ལ་བསྟན་པ་ཐམས་ཅད་རྫོགས་ཤིང་དེ་ཉིད་མ་བསྒྲིབས་རང་གསལ་བས། ཆོས་རྣམས་ཐམས་ཅད་གཉིས་སུ་མེད་པར་ངོ་སྤྲོད་ཅིང་གཏན་ལ་འབེབས་པ་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་གཅིག་གི་ངོ་བོ་དེ། །རང་བྱུང་ཡེ་ཤེས་ཡེ་ནས་མ་བསྒྲིབས་པས། །ཆོས་རྣམས་ཐམས་ཅད་གཏན་ལ་འབེབས་པའི་ཕྱིར། །སྟོན་པའི་སྒྲོན་མེ་ཡིན་པར་ཡིད་ཀྱང་ཆེས། །ཞེས་པ་དང་། ཀློང་ལས། ཡེ་ཤེས་བདུད་རྩིས་འཁོར་བ་འཇོམས། །ཐོག་བབ་ཅར་ཕོག་ཤུགས་འབྱུང་དང་། །ཀློང་རྡོལ་རང་ཤར་རང་ལུགས་ཀྱིས། །འགྲོ་དྲུག་གྲོང་ཁྱེར་གཏན་ནས་བཅོམ། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། །སྡེ་སྣོད་ཆོས་རྣམས་མན་ངག་ཀུན་གྱི་ནི། །འབྱུང་གནས་གཏན་ལ་འབེབས་པའི་ཆོས་ཡིན་པས། །བསྟན་པས་གོ་ཞིང་རྟོགས་པ་འབྱུང་བའི་ཕྱིར། །ཀུན་གྱི་སྤྱི་འགྲེལ་ཡིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །དེ་ལྟར་ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་རང་བྱུང་རང་སྣང་བ་ཡིན་ཞིང་ཁྱད་པར་དུ་ཕྱི་ནང་སྣོད་བཅུད་བདེ་སྡུག་སྣ་ཚོགས་སུ་སྣང་བ་འདི་རང་བྱུང་ཡེ་ཤེས་མངོན་སུམ་དུ་སྣང་བའོ། །རྟོགས་ཐབས་རྒྱས་པ་ནི། ལུང་མན་ངག་རིགས་པས་དངོས་སུ་ངོ་སྤྲོད་པ་དང་། གཏན་ཚིགས་ཀྱིས་གཏན་ལ་ཕབ་སྟེ་དངོས་སུ་རྟོགས་པར་བྱེད་པའོ། །སྔ་མ་ནི། ལུང་མན་ངག་རིག་པའི་ཚད་མས་མངོན་སུམ་གཅེར་འཕྲད་དུ་ངོ་སྤྲད་པ་ནི། གོང་གི་སྟོང་ཐུན་གྱི་སྐབས་སུ་བཤད་པ་བཞིན་ཤེས་པར་བྱའོ། །ཧེ་དུས་དངོས་སུ་རྟོགས་པར་བྱ་བ་ནི། རང་བཞིན་ནམ་ངོ་བོ་ཉིད་ཀྱི་གཏན་ཚིགས་ཀྱིས་མངོན་སུམ་དུ་རྟོགས་པར་བྱ་བ་དང་། ཧེ་དུས་གཏན་ལ་ཕབ་སྟེ་རྟོགས་པར་བྱ་བའོ། །སྔ་མ་ནི། རྒྱུད་ལུང་མན་ངག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ཡིན་པར་དང་། དེས་ན་རང་སེམས་ཉིད་སྟོན་པར་སྣང་ནས་མངོན་སུམ་དུ་ངོ་སྤྲོད་ཅིང་གཏན་ལ་འབེབས་པའོ། །སྔ་མ་ནི། བྱང་ཆུབ་ཀྱི་སེམས་ལ་ཐམས་ཅད་ཚངས་ཞིང་འབྲེལ་པས་རྒྱུད་དང་། བྱང་ཆུབ་སེམས་ཀྱིས་ཐམས་ཅད་ཟིན་པས་ལུང་དང་། དེ་ཉིད་ཀྱིས་དེ་ཉིད་གཉིས་སུ་མེད་པར་ངོ་སྤྲོད་པས་མན་ངག་ཡིན་ཏེ། དེ་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་ལ་ཚང་ཞིང་རང་བཞིན་གྱིས་གནས་པའོ། །དེ་ཡང་མཚོན་བྱ་དོན་གྱི་རྒྱུད་དང་། མཚོན་བྱེད་ཚིག་གི་རྒྱུད་དུ་ཤེས་པར་བྱའོ། །བརྒལ་ལན་ལས། ལུང་ལ་མ་བརྟེན་མན་ངག་རང་རིག་འདི། །རྒྱུད་ནི་བྱང་ཆུབ་སེམས་སུ་ཐམས་ཅད་འབྲེལ། །ལུང་ནི་བྱང་ཆུབ་སེམས་ཀྱིས་ཐམས་ཅད་ཟིན། །མན་ངག་བྱང་ཆུབ་སེམས་ལ་གཟུང་འཛིན་མེད། །ཉིད་ཀྱིས་ཉིད་རྟོགས་ཉིད་དུ་རྟོགས། །ཞེས་པ་དང་། ཀློང་ཆེན་ལས། ཐེག་པའི་ཁྱད་པར་ཇི་སྙེད་དུ། །བརྒྱད་ཁྲི་བཞི་སྟོང་གསུང་པ་ཡང་། །ཀློང་ཆེན་གཅིག་གི་ཡོན་ཏན་ཏེ། །གདུལ་བྱ་རྣམས་ལ་བསྟན་པར་ཟད། །ཞེས་གསུངས་སོ། །ཕྱི་མ་ནི། ཕྱི་འབྱུང་བ་རྣམ་པ་ལྔ་ལ་སོགས་པར་སྣང་ནས་ངོ་སྤྲོད་ཅིང་གཏན་ལ་འབེབས་པ་དང་། ནང་ཉོན་མོངས་པ་ལྔར་སྣང་ནས་ཆོས་ཉིད་མངོན་སུམ་དུ་ངོ་སྤྲོད་ཅིང་གཏན་ལ་འབེབས་པའོ། །དང་པོ་ནི། རང་བྱུང་གི་ཡེ་ཤེས་ཉིད་ཕྱི་འབྱུང་བ་རྣམ་པ་ལྔ་དང་འདོད་ཡོན་ལྔ་ལ་སོགས་པར་སྣང་ཞིང་། རང་གི་ཡེ་ཤེས་མངོན་སུམ་དུ་ཕྱུང་ནས་ཚིག་དང་ཡི་གེ་མ་ཡིན་པར་དོན་མངོན་སུམ་དུ་ངོ་སྤྲོད་ཅིང་གཉིས་སུ་མེད་པར་གཏན་ལ་འབེབས་པ་ཡིན་ཏེ། ངེས་དོན་འདུས་པ་ལས། སྣང་བ་ཆོས་དབྱིངས་བླ་མ་ནི། །འབྱུང་ཆེན་ལྔ་ཡི་བླ་མ་སྟེ། །འདོད་ཡོན་ལྔ་སོགས་ཆོས་རྣམས་ནི། །ཚིག་དང་ཡི་གེས་མི་མཚོན་པར། །ལྡེམ་དགོངས་རང་གི་ངོ་བོ་ནི། །སྣང་བ་ཆོས་ཀྱི་དབྱིངས་སུ་བསྟན། །ཞེས་པ་དང་། ཀློང་ཆེན་ལས། སྟོང་པ་བས་ཀྱང་སྣང་བ་གཙོ། །སྣང་བ་རང་ཤར་ངེས་མེད་ཀྱིས། །སྟོང་པ་འཛིན་མེད་གཏན་ལ་འབེབས། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཞེས་པ་དང་། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱི་ཡེ་ཤེས་དེ། །སྟོན་པ་ས་ཡི་སྐུར་བྱུང་ནས། །ཚིག་དང་ཡི་གེས་མི་མཚོན་ཏེ། །རང་གི་རང་བཞིན་སྟོན་བྱེད་པ། །བདག་ཏུ་མི་རྟོག་གཞན་མི་རྟོག །མི་རྟོག་མཉམ་པའི་དངོས་པོ་སྟོན། །ཁམས་སུམ་སེམས་ཅན་ཐམས་ཅད་ཀྱིས། །དེ་རྟོགས་སངས་རྒྱས་ཀུན་དང་མཉམ། །ཞེས། འབྱུང་བ་ལྔ་ལ་སོགས་པས་ཆོས་སྟོན་ཅིང་། །རང་གི་ངོ་བོས་གཏན་ལ་འབེབས་པར་གསུངས་སོ། །ཕྱི་མ་ནི། ནང་ཉོན་མོངས་པ་ལ་སོགས་པར་རང་བྱུང་ཡེ་ཤེས་ཉིད་མངོན་དུ་སྣང་ནས་གཉིས་སུ་མེད་པར་ངོ་སྤྲོད་ཅིང་རང་གྲོལ་དུ་གཏན་ལ་འབེབས་པ་ཡིན་ཏེ། དེ་ཡང་སེམས་ཅན་སངས་རྒྱས་སུ་ངོ་སྤྲོད་ཅིང་གཏན་ལ་འབེབས་པ་དང་། སྡུག་བསྔལ་བདེ་ཆེན་དུ་དང་། ཉོན་མོངས་ཡེ་ཤེས་སུའོ། །ཀློང་ཆེན་ལས། སངས་རྒྱས་བས་ཀྱང་སེམས་ཅན་གཙོ། །སེམས་ཅན་དངོས་སུ་སྣང་བ་ཡིས། །དངོས་མེད་སངས་རྒྱས་གཏན་ལ་འབེབས། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཞེས་པ་དང་། བདེ་ཆེན་བས་ཀྱང་སྡུག་བསྔལ་གཙོ། །སྡུག་བསྔལ་ཞེན་ཆགས་མཚན་མ་ཡིས། །བདེ་ཆེན་ཆགས་མེད་གཏན་ལ་འབེབས། །གཉིས་སུ་མེད་པར་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཞེས་པ་དང་། ཡེ་ཤེས་པས་ཀྱང་ཉོན་མོངས་གཙོ། །ཉོན་མོངས་འཆིང་བའི་ཞགས་པ་ཡིས། །རང་བྱུང་ཡེ་ཤེས་གཏན་ལ་འབེབས། །ཉོན་མོངས་ཡེ་ཤེས་དབྱེར་མེད་དེ། །གཉིས་མེད་ཀློང་དུ་ཐག་ཆོད་པས། །རང་སར་གྲོལ་བར་ཡིད་ཀྱང་ཆེས། །ཞེས་པ་དང་། ནམ་མཁའ་ཀློང་ལས། དུག་ལྔ་སྤངས་པའི་ཕ་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །དེ་ཉིད་རྟོགས་ན་སངས་རྒྱས་ཡིན། །ནོར་བུ་རིན་ཆེན་རྙེད་པའི་མི། །འཇིག་རྟེན་སོ་ནམ་མི་དགོས་བཞིན། །མ་བསྒོམས་སེམས་ཀྱི་དོན་རྟོགས་ན། །དེ་ལས་མི་འདའ་དམ་ཚིག་ཡིན། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་རྣམས་ངོ་སྤྲོད་པ་ནི། སྙན་རྒྱུད་ཞལ་གྱི་གདམས་པ་ལས་ཤེས་པར་བྱའོ། །ཧེ་དུས་གཏན་ལ་དབབ་པ་ནི། ཧེ་དུ་ཆེན་པོ་བཞི་དང་། གསུམ་དང་། དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་ཧེ་དུ་དང་། བདག་ཉིད་ཆེན་པོ་གཅིག་གི་ཧེ་དུའོ། །དང་པོ་ནི། ཆོས་ཀུན་འདུས་མ་བྱས་ཀྱི་ཡེ་ཤེས་མ་བཅོས་རང་སྣང་བས། རང་བཞིན་སྐྱེ་མེད་ཀྱི་ཧེ་དུ་དང་། དེ་ཉིད་ཅིར་ཡང་སྣང་བས་རོལ་པ་འགག་མེད་ཀྱི་དང་། དེ་གཉིས་དབྱེར་མེད་པས་མཚན་ཉིད་གཉིས་མེད་ཀྱི་དང་། བཅིང་གྲོལ་མེད་པར་བློ་ངོ་བོ་ཉིད་དུ་རང་གྲོལ་བའི་གཏན་ཚིགས་སོ། །དེ་ཉིད་ཆོས་སྐུ་དང་། སྤྲུལ་སྐུ་དང་། ལོངས་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་རུ་ངོ་སྤྲད་དོ། །རྒྱུད་ཀྱི་སྙིང་པོ་ལས། རང་བཞིན་སྐྱེ་མེད་ཀྱི་གཏན་ཚིགས་ཀྱིས། །ལྷུན་གྱིས་གྲུབ་པར་ཡིད་ཆེས་བྱ། །རོལ་པ་འགགས་མེད་གཏན་ཚིགས་ཀྱིས། །ཅིར་ཡང་འཆར་བར་ཡིད་ཆེས་བྱ། །མཚན་ཉིད་གཉིས་མེད་གཏན་ཚིགས་ཀྱིས། །ཆོས་རྣམས་གཅིག་པར་ཡིད་ཆེས་བྱ། །ངོ་བོ་བློ་བྲལ་གཏན་ཚིགས་ཀྱིས། །རྩོལ་བ་མེད་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །གཉིས་པ་ནི། མ་བཅོས་པར་རང་གསལ་བས་ངང་གིས་གཏན་ཚིགས་སོ། །ཅིར་ཡང་སྣང་བ་དེ་ཉིད་ལས་མི་འདའ་བས་རང་བཞིན་གྱི་གཏན་ཚིགས་དང་། གཉིས་སུ་མེད་པས་བདག་ཉིད་ཆེན་པོའི་ཧེ་དུའོ། །ཡེ་ཤེས་གསང་བ་ལས། དང་ནི་རིག་པ་གསལ་པ་སྟེ། །རང་བཞིན་རིག་པ་ཅིར་ཡང་སྣང་། །བདག་ཉིད་སྣང་སྟོང་ཐ་དད་མེད། །འཁྲུལ་པ་བྱང་ཆུབ་སེམས་སུ་ཤེས། །ཞེས་གསུངས་སོ། །གསུམ་པ་ནི། ཆོས་ཉིད་མུ་མཐའ་མེད་པས་དབྱིངས་ཀྱི་དང་། །མི་བསྒྲིབས་དང་གསལ་བས་ཡེ་ཤེས་ཀྱི་དང་། དེ་གཉིས་གཉིས་སུ་མེད་པས་གཉིས་སུ་མེད་པའི་ཧེ་དུའོ། །དེ་ཉིད་ལས། དབྱིངས་དང་ཡེ་ཤེས་ཧེ་དུ་ནི། །དབྱིངས་ནི་དག་པ་རྒྱུ་ཡིན་ཏེ། །ཡེ་ཤེས་འབྲས་བུ་ཉིད་དུ་གསལ། །གཅིག་ཏུ་འདུས་པས་གཟུང་འཛིན་མེད། །ཞེས་གསུངས་སོ། །བཞི་པ་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་ལྷག་མ་མེད་པར་རྫོགས་པས་བདག་ཉིད་ཆེན་པོ་གཅིག་གི་ཧེ་དུའོ། །དེ་ཉིད་ལས། བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས། །ཐམས་ཅད་བྱང་ཆུབ་སེམས་སུ་ཤེས། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། ཡེ་སངས་རྒྱས་པའི་རང་བཞིན་ལ། །ཡོན་ཏན་ནམ་མཁའི་མཐའ་ལས་འདས། །གཞན་ཡང་ཆོས་ཀྱི་དབྱིངས་ཀྱི་ཀློང་། །རྫོགས་ནི་ལྷག་མ་མེད་པར་རྫོགས། །འཁོར་ནི་དུས་གསུམ་རྒྱལ་བར་ལྡན། །ཐམས་ཅད་ཀུན་ཏུ་བཟང་པོའི་ས། །སྐད་ཅིག་རྟོགས་པས་མངོན་སངས་རྒྱས། །ཞེས་གསུངས་སོ། །གཉིས་པ་མི་རིགས་རིགས་པ་གསུམ་ནི། མདོ་བཅུ་ལས། མི་རིགས་རིགས་པར་བཤད་གསུམ་ནི། །སེམས་ལས་མ་བྱུང་སངས་རྒྱས་ནི། །མི་རིགས་རིགས་པར་བཤད་པ་ཡིན། །ལུང་ལས་མ་བྱུང་གདམས་ངག་ཡང་། །མི་རིགས་རིགས་པ་བཤད་པ་ཡིན། །ཞེས་པས་སེམས་ལས་མ་བྱུང་བའི་སངས་རྒྱས་དང་། རྒྱུ་ལས་མ་བྱུང་བའི་འབྲས་བུ་དང་། ལུང་ལས་མ་བྱུང་གི་གདམ་ངག་བསྟན་པའོ། །དང་པོ་ལ་བཞི་སྟེ། སངས་རྒྱས་ཀྱི་གོ་བ་དང་། ངེས་ཚིག་དང་། ངོ་སྤྲད་པ་དང་། སངས་རྒྱས་པའི་རྒྱས་ལུགས་སོ། །དང་པོ་ནི། ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་ཤིང་དུས་གསུམ་སྔ་ཕྱི་འཕོ་འགྱུར་མེད་པར་ཡེ་ནས་གནས་པ་ཡིན་ཏེ། དེ་ཡང་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་སྣང་ཞིང་། ཡུལ་དང་ཡུལ་ཅན་མེད་པར་སྣང་སྲིད་ཆོས་སྐུར་སངས་རྒྱས་པས། སེམས་ལས་མ་བྱུང་བའི་སངས་རྒྱས་ཡིན་ཏེ། ངེས་དོན་འདུས་པ་ལས། སེམས་ལས་མ་བྱུང་སངས་རྒྱས་ནི། །རང་བྱུང་ཡེ་ཤེས་ཆོས་སྐུ་དེ། །སངས་རྒྱས་ཀུན་གྱི་ངེས་པའི་དོན། །རྣལ་འབྱོར་ཀུན་གྱི་དམ་པའི་ལམ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག །ཞེས་པ་དང་། ཐོག་མཐའ་ཆོད་ནས་དུས་གསུམ་གཅིག །ཆོས་སྐུར་གཅིག་ཕྱིར་འཕོ་འགྱུར་མེད། །སྔ་ཕྱིར་མེད་པར་རང་བྱུང་སྐུ། །སེམས་ལས་མ་བྱུང་སངས་རྒྱས་ཡིན། །ཞེས་པ་དང་། མདོ་བཅུ་ལས། སེམས་ལས་མ་བྱུང་སངས་རྒྱས་ནི། །ཆོས་ཉིད་མཁའ་ལ་དབྱིངས་ཉིད་ཀློང་། །སེམས་ལས་མ་བྱུང་སངས་རྒྱས་ཡིན། །ཞེས་པ་དང་། ལ་ཤན་ལས། རྣམ་པ་ཀུན་ལྡན་སྟོང་ཆེན་པོ། །སངས་རྒྱས་བས་ཀྱང་སྔར་སངས་རྒྱས། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ཡང་ཐེག་པ་གཞན་དག་རྒྱུ་རྐྱེན་རྩོལ་བའི་སྒོ་ནས་ཚོགས་བསགས་སྒྲིབ་པ་སྦྱངས་ནས་སེམས་ལས་སངས་རྒྱས་འབྱུང་བར་འདོད་པ་ལ། འདིར་སེམས་ལས་བྱུང་བའི་སངས་རྒྱས་མ་ཡིན་གྱིས། སེམས་ཉིད་རང་ཡེ་ནས་སངས་རྒྱས་པའི་ངོ་བོ་ཡིན་པས་ཚོགས་གཉིས་ལ་སོགས་པས་སངས་རྒྱས་པ་མ་ཡིན་ཅིང་དེ་ཉིད་རྟོགས་པས་མངོན་དུ་སངས་རྒྱས་པ་ཡིན་ཏེ། ངེས་དོན་འདུས་པ་ལས། ཚོགས་བསགས་སྒྲིབས་སྦྱངས་ཀུན་བཏགས་པའི། །སེམས་བྲལ་རང་བྱུང་ཆོས་ཀྱི་སྐུ། །སེམས་ལས་མ་བྱུང་སངས་རྒྱས་འདི། །ཐེག་པ་ཀུན་ལས་ཁྱད་པར་འཕགས། །ཞེས་པ་དང་། ཀློང་ཆེན་ལས། རང་ཞལ་རང་གིས་མཐོང་བ་ལ། །སངས་རྒྱས་ཞེས་སུ་བཏགས་པར་ཟད། །ཅེས་པ་ལ་སོགས་པ་གསུངས་སོ། །དེས་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡང་ཆོས་ཀུན་སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ་དེ་ཉིད་རྟོགས་པ་ལ་འདུས་པའོ། །ངེས་དོན་འདུས་པ་ལས། དུས་གསུམ་སངས་རྒྱས་དགོངས་པ་ནི། །འདུས་མ་བྱས་ཀྱི་ཡེ་ཤེས་ཏེ། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པར། །ཆོས་རྣམས་ཀུན་གྱི་སྙིང་པོ་རུ། །རང་བྱུང་ལྷུན་གྱིས་གྲུབ་པའི་སྐུ། །སངས་རྒྱས་ཀུན་གྱི་དགོངས་པར་འདུས། །ཞེས་གསུངས་སོ། །ངེས་ཚིག་ནི། མཐའ་གང་དུ་ཡང་མ་ལྷུང་བས་སངས། མཐའ་ཐམས་ཅད་དུ་མ་འགག་པར་རང་སྣང་བས་རྒྱས་པ་ཞེས་བྱ་སྟེ། དེ་ཡང་སྣང་སྟོང་གཉིས་ཀྱི་མཐར་མ་ལྷུང་བས་སངས། སྣང་སྟོང་གཉིས་སུ་མ་འགགས་པར་རང་ཤར་བས་རྒྱས་པའོ། །དེ་ལ་སོགས་པ་སྟེ་ཡོད་མེད་བདག་གཞན་འཁོར་འདས་ལ་སོགས་པའི་མཐའ་གང་དུ་ཡང་མ་ལྷུང་བས་སངས། མཐའ་ཐམས་ཅད་དུ་མ་འགག་པར་རང་ཤར་བས་རྒྱས་པ་ཞེས་བྱའོ། །ངེས་དོན་འདུས་པ་ལས། སངས་ནི་འཁོར་འདས་འཛིན་པ་སངས། །རྒྱས་ནི་ཆོས་སྐུ་གསལ་བས་རྒྱས། །ཞེས་པ་དང་། ཁོག་དབུབ་ཀྱི་སྐབས་ཀྱི་ལུང་རྣམས་སོ། །ངོ་སྤྲད་པ་ནི། སྤྱིར་རྣམ་པ་ཤེས་པའི་ཚོགས་བརྒྱད་དུ་སྣང་བ་ནི་སེམས་ཉིད་རང་སྣང་བ་ཡིན་ལ། དེ་ངོས་ཟིན་པ་ནི་རང་བྱུང་གི་ཡེ་ཤེས་མངོན་དུ་རྟོགས་པ་ཡིན་ཏེ། དེ་ལྟར་རྟོགས་པས་མངོན་སུམ་དུ་སྣང་བ་ཉིད་སངས་རྒྱས་ཀྱི་དགོངས་པའོ། །དེ་ངོ་སྤྲད་པ་ནི་སྙན་རྒྱུད་ཞལ་གྱི་གདམས་པ་ལས་ཤེས་པར་བྱའོ། །མདོ་ལས། ངོ་བོ་ནི་རྣམ་པར་ཤེས་པའོ། །ངོས་ཟིན་པ་ནི་ཡེ་ཤེས་སོ། །མངོན་སུམ་པ་ནི་སངས་རྒྱས་སོ། །ཞེས་གསུངས་སོ། །དེ་ཡང་བྱེ་བྲག་ཅིག་ལ་ངོ་སྤྲད་ན། ཉོན་མོངས་པའམ་རྣམ་པར་རྟོག་པ་གང་ཤར་ཡང་དེ་ཉིད་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་སྣང་བ་ཡིན་པས། དེ་ཞལ་གྱི་གདམ་ངག་གིས་ངོ་སྤྲད་ལ་ཅིར་སྣང་རང་གྲོལ་ཆོས་སྐུ་ཆེན་པོར་རྟོགས་པར་བྱའོ། །ཀློང་ཆེན་ལས། ཐོག་མ་མེད་པ་རང་གི་རྩལ། །གང་མཐོང་ཆོས་ཉིད་ཅེར་མཐོང་ལ། །སྒྲིབ་གཡོག་མེད་པ་ངོ་མཚར་ཆེ། །ཞེས་པ་དང་། ངེས་དོན་འདུས་པ་ལས། ད་ལྟའི་ཤེས་པ་འདི་ཉིད་ལ། །མ་བཅོས་རང་གསལ་ཆོས་སྐུར་ཤེས། །ཞེས་པ་དང་། ཀློང་ཆེན་ལས། ཡེ་ཤེས་པས་ཀྱང་ཉོན་མོངས་གཙོ། །ཞེས་པ་ལ་སོགས་པ་གསུངས་སོ། །སངས་རྒྱས་པའི་རྒྱས་ལུགས་ནི། ཆེ་བ་ལྔར་སངས་རྒྱས་པ་སྟེ། ཁོག་དབུབ་ཀྱི་སྐབས་སུ་བཤད་པ་བཞིན་ནོ། །གཉིས་པ་རྒྱུ་ལས་མ་བྱུང་བའི་འབྲས་བུ་ནི། དེ་ལྟར་ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ་དེ་ཉིད། རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས། འདུས་མ་བྱས་ཀྱི་ཡེ་ཤེས་མངོན་དུ་རྟོགས་ཤིང་སངས་རྒྱས་པ་ནི། རྒྱུ་ལས་མ་བྱུང་བའི་འབྲས་བུ་ཡིན་ཏེ། མདོ་བཅུ་ལས། རྒྱུ་ལས་མ་བྱུང་འབྲས་བུ་ནི། །བྱང་ཆུབ་སེམས་ཀྱི་འབྲས་བུ་སྟེ། །རྒྱུ་ལས་མ་བྱུང་འབྲས་བུ་ཡིན། །ཞེས་པ་དང་། ངེས་དོན་འདུས་པ་ལས། རང་བྱུང་ཡེ་ཤེས་རྒྱུས་མ་བསྐྱེད། །རྐྱེན་མེད་རང་གསལ་རྒྱུན་མི་ཆད། །གཉེན་པོ་རྐྱེན་གྱིས་བཅོས་སུ་མེད། །རྒྱུ་ལས་མ་བྱུང་འབྲས་བུ་ཡིན། །ཞེས་གསུངས་སོ། །དེས་ན་འབྲས་བུ་སངས་རྒྱས་ཚོགས་གཉིས་ལས་མ་བྱུང་བར་ཡེ་ནས་སངས་རྒྱས་པ་དེ་ཉིད་རྟོགས་པས་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པ་ཡིན་ཏེ། དེ་ཉིད་ལས། སྐྱེ་མེད་རང་བྱུང་དོན་རྟོགས་ན། །ཚོགས་གཉིས་མ་བསགས་ཁྱད་པར་འཕགས། །དེ་ཕྱིར་ཚོགས་སོགས་རྩེ་མོ་འདྲ། །ཞེས་གསུངས་སོ། །གསུམ་པ་ལུང་ལས་མ་བྱུང་གི་གདམ་ངག་ནི། དེ་ལྟར་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་སངས་རྒྱས་ཤིང་ཅིར་སྣང་ཆོས་ཉིད་ཅེར་མཐོང་ཡིན་པས། ཚིག་དང་རྟོག་དཔྱོད་མ་ཡིན་པར། སྣང་བ་གང་སྣང་གིས་རིག་པའི་རང་ངོ་བསྟན་ནས་རྟོགས་ཤིང་ཉམས་སུ་མྱོང་བ་ནི་ལུང་ལས་མ་བྱུང་བའི་གདམ་ངག་ཡིན་ཏེ། མདོ་བཅུ་ལས། ལུང་ལས་མ་བྱུང་གདམ་ངག་ནི། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་དོན། །སྤྲུལ་པ་གང་ཟག་སྐལ་ལྡན་ཡིས། །ཅི་ལྟར་རྟོགས་ཤིང་རིག་པ་དེ། །ལུང་ལས་མ་བྱུང་གདམས་ངག་ཡིན། །ཅེས་པ་དང་། ངེས་དོན་འདུས་པ་ལས། ཡེ་ནས་རིག་པ་རང་ལ་ཤར། །དུས་དེ་ཉིད་དུ་མ་རིག་སངས། །དེ་ཕྱིར་ལུང་ལས་མ་བྱུང་བའི། །ངེས་དོན་སྙིང་པོ་ཆོས་ཞེས་བྱ། །ཞེས་པ་དང་། ཀློང་ཆེན་ལས། ཡེ་ཤེས་པས་ཀྱང་ཉོན་མོངས་གཙོ། །ཞེས་པ་ལ་སོགས་པའི་ལུང་རྣམས་དང་ངོ་སྤྲད་དོ། །དེ་ལྟར་རྟོགས་ཤིང་ཉམས་སུ་མྱོང་བ་ནི་ཐེག་པ་ཐམས་ཅད་སེམས་སུ་འདུས་ཤིང་འཁོར་བ་རང་གྲོལ་ཆོས་སྐུ་ཆེན་པོར་ཤར་ཏེ་སྤང་བླང་མེད་པར་མངོན་དུ་སངས་རྒྱས་པའོ། །རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། སེམས་ལས་མ་བྱུང་སངས་རྒྱས་རྙེད། །རྒྱུ་ལས་མ་བྱུང་འབྲས་བུ་རྟོགས། །ལུང་ལ་མ་བརྟེན་ཆོས་རྣམས་ཤེས། །ཐེག་དགུ་ཆོས་རྣམས་གཅིག་ལས་མེད། །དུག་ལྔ་མྱ་ངན་འདས་པར་དག །ཐུགས་ཀྱི་ཀློང་རྡོལ་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །གསུམ་པ་རྫོགས་པ་ཆེན་པོའི་དགོངས་པའམ་རྟོགས་པའི་ལྟ་བ་བསྟན་པ་ནི། རྫོགས་ཆེན་གྱི་དགོངས་པའི་དོན་བསྟན་པ་དང་། དེ་མངོན་དུ་རྟོགས་པའི་ལྟ་བའོ། །སྔ་མ་ནི། ཤེས་བྱ་ལ་གཏིང་མཐའ་མེད་པས་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དགོངས་པ་དང་། མ་འདྲེས་ལ་ཡོངས་སུ་རྫོགས་པའི་དགོངས་པ་དང་། མཐའ་བཞི་རང་གྲོལ་གྱི་དགོངས་པ་དང་། མཉམ་རྫོགས་བདག་ཉིད་ཆེན་པོའི་དགོངས་པ་དང་། ཐིག་ལེ་ཉག་ཅིག་ལ་སོགས་པ་མིང་གྲངས་ཀྱིས་བསམ་མི་ཁྱབ་པར་བསྟན་པའོ། །དང་པོ་ནི། ཀློང་ཆེན་ལས། ཀློང་ཆེན་གཅིག་པོ་ཀུན་ཡིན་པས། །ཐམས་ཅད་ཀུན་གྱི་དངོས་གཞིར་ཤར། །ཕྱོགས་འཛིན་གང་ཡང་མ་སྤངས་པས། །ཕྱོགས་མེད་ཀུན་ཏུ་ཤར་བ་ཡིན། །ཟང་ཐལ་ཡིན་པས་ཀུན་ཏུ་ཤར། །མུ་མཐའ་མེད་པ་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་རྒྱ་ཆད་མེད། །རང་བཞིན་གཅིག་ལ་མཐའ་མེད་པས། །བྱང་ཆུབ་སེམས་ལ་རྒྱ་ཆད་མེད། །ཅེས་པས་སྤྱིར་ཤེས་བྱ་ལ་གཏིང་མཐའ་མེད་པས་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དགོངས་པ་བསྟན་པ་དང་། བྱེ་བྲག་ཏུ་བསྟན་པའོ། །སྔ་མ་ནི། ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་རང་བྱུང་ཡེ་ཤེས་ཀྱི་ཀློང་འདུས་ལ། དེ་ཉིད་མུ་མཐའ་མེད་ཅིང་ཀློང་ཡངས་རྒྱ་ཁྱོན་བྲལ་བས། ཤེས་བྱ་ལ་གཏིང་མཐའ་མེད་པ་ཡིན་ཏེ། དེ་ཡང་ཆོས་ཀྱི་དབྱིངས་ལ་གཏིང་མཐའ་མེད་པ་དང་། སེམས་ཅན་གྱི་ཁམས་ལ་གཏིང་མེད་པ་དང་། སངས་རྒྱས་ཀྱི་དགོངས་པ་ལ་གཏིང་མཐའ་མེད་པའོ། །དང་པོ་ནི། ཆོས་ཀྱི་དབྱིངས་ཀྱིས་མ་ཁྱབ་པ་དང་། མ་འདུས་པ་དང་། མ་གྱུར་པ་གཅིག་ཀྱང་མེད་པས་མུ་མཐའ་མེད་ཅིང་ཚད་ལས་འདས་པའོ། །གཉིས་པ་ནི། སྤྱིར་ཆོས་ཀྱི་དབྱིངས་དེ་སེམས་ཅན་གྱི་ཁམས་ཀྱིས་ཁེངས་ཤིང་བྱེ་བྲག་ཏུ་ཡུང་འབྲུ་ཙམ་རེ་རེའི་གོ་ས་ན་ཡང་སེམས་ཅན་ཚད་མེད་གྲངས་ལས་འདས་པར་གསུངས་སོ། །དེ་རྣམས་ཀྱང་གཅིག་གི་གོ་ས་གཅིག་གིས་མ་བཀག་པར་གནས་པའོ། །ཀློང་ཆེན་ལས། ཁམས་གསུམ་གནས་པའི་སེམས་ཅན་ཀུན། །སྐད་ཅིག་མ་ཡིས་ཚོད་ཙམ་ལས། །དུས་གཅིག་དག་ཏུ་སངས་རྒྱས་ཀྱང་། །དེ་ལ་མང་དུ་གྱུར་པ་མེད། །སེམས་ཅན་ཉུང་དུ་མི་འགྲོ་སྟེ། །ཞེས་པ་དང་། ཡུམ་རྒྱས་པ་ལས། ཡུང་འབྲུ་རེ་རེའི་གོ་ས་ན་ཡང་བསྐལ་པ་ནས་བསྐལ་པར་བཏོན་ཀྱང་ཉུང་དུ་མི་འགྲོ་བར་གསུངས་སོ། །གསུམ་པ་ནི། སྤྱིར་སངས་རྒྱས་ཞིང་ཁམས་མཐའ་མེད་ཅིང་བྱེ་བྲག་ཏུ་རྡུལ་ཕྲན་རེ་རེའི་སྟེང་ན་ཡང་། སངས་རྒྱས་ཀྱི་ཞིང་ཁམས་ཚད་མེད་ཅིང་གྲངས་ལས་འདས་པ་བཞུགས་པར་གསུངས་ཏེ། མདོ་ཐེག་ཆེན་སྒྲོན་མ་ལས། སྐྲ་ཡི་ཉག་མ་གཅིག་ལ་ཡང་། །སངས་རྒྱས་བྱེ་བ་བསམ་མི་ཁྱབ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་པ་དང་། བཟང་སྤྱོད་ལས། རྡུལ་ཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱིས་མི་ཁྱབ་སངས་རྒྱས་རྣམས། །ཞེས་པ་དང་། ཕལ་པོ་ཆེ་ལས། རྡུལ་ཕྲན་རེ་རེའི་སྟེང་ནའང་། སངས་རྒྱས་ཀྱི་ཞིང་ཁམས་ཡས་མན་དང་། འཕྲེད་ཆགས་ལ་སོགས་པ་ཞིང་ཁམས་དཔག་ཏུ་མེད་པ་ཡོད་པར་གསུངས་སོ། །དེས་ན་ཤེས་བྱ་ལ་གཏིང་མཐའ་མེད་པས་མཐའ་ཕྱོགས་རེ་རེ་འཛིན་པ་ནི་མུན་པའི་བློ་ཅན་ཡིན་ཏེ། ཀློང་ཆེན་ལས། ཤིན་ཏུ་གཏིང་རིང་དཔག་དཀའ་བས། །ཡངས་ལ་རྒྱ་ཆེ་ནམ་མཁའི་ཀློང་། །ནམ་མཁའི་ཀློང་ལ་ཁ་གཏིང་མེད། །རང་གསལ་རིག་པ་ཕྱི་ནང་མེད། །ཅེས་པ་དང་། རྫོགས་ཆེན་ལྟ་བ་གཏིང་མཐའ་མེད། །ཡེ་བདལ་ཆེན་པོའི་ཆོས་ཉིད་ལ། །ཐུག་པ་མེད་ཅེས་སྐྱོན་འགེལ་བ། །མཐའ་མེད་མ་གོ་མུན་པའི་བློ། །མུ་མེད་གཅིག་ཆོད་བསྟན་པ་དེ། །འོག་མའི་ཀློང་དུ་མི་རིགས་སྟེ། །རྫོགས་པ་ཆེན་པོ་རིགས་པའི་གནད། །ཅེས་པ་དང་། ཕྱི་ནང་སྒོ་ཕུག་མེད་པའི་ཕྱིར། །ཡེ་ནས་ཁ་གཏིང་མེད་པར་གསལ། །ཅེས་སོ། །དེས་ན་ཤེས་བྱ་ལ་གཏིང་མཐའ་མེད་པས་རྒྱ་ཆད་ཀྱི་སྣང་བ་གང་ཡང་མ་སྤང་བའི་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན་ཏེ། དེ་གང་དུ་ཡང་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བས་ཕྱོགས་མེད་ཀུན་ཏུ་རང་འཆར་བ་ཡིན་ལ། ཕྱོགས་མེད་ཀུན་ཏུ་རང་འཆར་ཞིང་འདུག་པ་ཀས་གང་གིས་ཀྱང་ཕྱོགས་སུ་མ་ལྷུང་བའོ། །དེ་ཡང་གཤིས་ཆོས་ཉིད་དེ་སྟོང་པར་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་པས། འཁོར་འདས་ལམ་གྱིས་བསྡུས་པའི་སྣང་བ་ཐམས་ཅད་དུ་རང་ཤར་བའོ། །ཤར་བའི་དུས་ཉིད་ན་སྣང་བ་རྒྱ་མ་ཆད་དེ། རང་བྱུང་གི་ཡེ་ཤེས་ལ་དངོས་པོའི་སེལ་མེད་ཅིང་སྟོང་པར་རང་གྲོལ་བའོ། །དེ་གཉིས་སུ་རྒྱ་མ་ཆད་དེ། ངོ་བོ་དབྱེར་མེད་ཅིང་གཉིས་སུ་མེད་པའོ། །གཉིས་མེད་དུ་རྒྱ་མ་ཆད་དེ། ཕྱོགས་མེད་ཀུན་ཏུ་རང་སྣང་བའོ། །དེ་ཡང་དེ་ཉིད་ཅིར་ཡང་སྣང་བས་འཁོར་བ་འཁྲུལ་པའི་ཆོས་སུ་ཡང་རང་སྣང་བ་ལ། དེ་ཉིད་རྒྱ་ཆད་ཀྱི་སྣང་བ་གང་ཡང་མ་སྤངས་པས་དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་དུ་སྣང་ཞིང་དངོས་པོར་ཞེ་ན། དེའི་དུས་ཉིད་ན་རང་བྱུང་གི་ཡེ་ཤེས་དེ་ཉིད་དམྱལ་བའི་སྡུག་བསྔལ་དུ་རྒྱ་མ་ཆད་དེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དེ་ཉིད་སོ་མ་ཉམས་པར་སངས་རྒྱས་ལ་སྐུ་དང་ཡེ་ཤེས་དགོངས་པ་བདེ་བ་ཆེན་པོར་རང་ཤར་རོ། །ཡང་རྒྱ་ཆད་ཀྱི་སྣང་བ་གང་ཡང་མ་སྤངས་པས། སངས་རྒྱས་ལ་སྡུག་བསྔལ་གྱི་སེལ་མེད་ཅིང་དགོངས་པ་བདེ་བ་ཆེན་པོར་རྒྱ་མ་ཆད་པའོ། །དེའི་དུས་ཉིད་ན་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་སངས་རྒྱས་ཀྱི་ཕྱོགས་སུ་མ་ལྷུང་སྟེ། སངས་རྒྱས་ཀྱི་དགོངས་པ་བདེ་བ་ཆེན་པོ་དེ་ཉིད་སོ་མ་ཉམས་པར་དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་དུ་རང་ཤར་བའོ། །དེ་གཉིས་གཉིས་ཀྱི་ཕྱོགས་སུ་མ་ལྷུང་སྟེ་ཐ་དད་ཀྱི་སྣང་བ་སོ་མ་ཉམས་པར་རང་བྱུང་གི་ཡེ་ཤེས་སུ་དབྱེར་མི་ཕྱེད་པའོ། །དེའི་དུས་ཉིད་ན་དབྱེར་མེད་ཀྱི་ཕྱོགས་སུ་མ་ལྷུང་སྟེ་ཐ་དད་ཀྱི་སྣང་བ་གང་ཡང་མ་འདྲེས་པར་རང་གསལ་བའོ། །ཀློང་ཆེན་ལས། རིག་པ་ཡུལ་མེད་ཡུལ་དུ་ཤར། །ཀུན་གྱི་དངོས་གཞི་ཡིན་པ་སྟེ། །ཕྱོགས་འཛིན་གང་ཡང་མ་སྤངས་པས། །ཕྱོགས་མེད་ཀློང་ན་འབྱམས་པ་སྟེ། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །ནམ་མཁའི་དབྱིངས་ལྟར་དངོས་དང་བྲལ། །མཐའ་བཞིར་མ་འགག་མ་ཞེན་པས། །ཡུལ་ལ་དམིགས་པ་མེད་པ་སྟེ། །མི་འགྱུར་ལྷུན་གྲུབ་བདལ་བ་ཆེ། །ཀློང་ཡངས་རྒྱ་ཁྱོན་མེད་པར་གསལ། །ཞེས་པ་དང་། མཐའ་གཉིས་མ་གྲུབ་མ་སྤངས་པས། །ཆོས་ཉིད་ཀློང་ལ་ཡངས་དོག་མེད། །བདེ་བདལ་བྱང་ཆུབ་སེམས་ཀྱི་དབྱིངས། །ཐམས་ཅད་འདུས་པས་ཐིག་ལེར་གཅིག །ཞེས་གསུངས་སོ། །བྱེ་བྲག་ནི། གང་ཟག་ཅིག་གི་ཤེས་པའི་རྒྱུད་ལ་སྦྱར་ན། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ཀོར་ལིང་དུ་རྒྱ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་སྟེ། རིག་པ་ལ་མུ་མཐའ་མེད་ཅིང་ཀུན་ལ་གཉིས་སུ་མེད་པར་ཁྱབ་པས་ཀློང་ཡངས་རྒྱ་ཁྱོན་བྲལ་བ་ཡིན་ལ། ཤེས་བྱ་ལ་གཏིང་མཐའ་མེད་ཅིང་ཕྱི་ནང་མཐའ་དབུས་མེད་པའོ། །དེ་ཉིད་ཀྱང་རྒྱ་ཆད་ཀྱི་སྣང་བ་གང་ཡང་མ་སྤངས་བའི་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན་ཏེ། གོང་བཞིན་ནོ། །ཡང་རང་བྱུང་གི་ཡེ་ཤེས་དེ་ཉིད་སྣང་སྟོང་རྟག་ཆད་གཅིག་ཐ་དད་ལ་སོགས་པ་རྒྱ་ཆད་ཀྱི་སྣང་བ་གང་ཡང་མ་སྤང་པའི་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན་ཏེ། གོང་བཞིན་ཀུན་ལ་ཤེས་པར་བྱའོ། །ཁྱད་པར་དུ་དེ་ཉིད་རྣམ་རྟོག་ཅིག་གི་སྟེང་དུ་ངོ་སྤྲད་ནས་རྟོགས་པར་བྱ་བ་ནི། གདམས་པའི་གནད་ལས་ཤེས་པར་བྱའོ། །དེ་ལྟར་ངོ་སྤྲད་ཅིང་རྟོགས་པས་ཕྱོགས་འཛིན་རང་སར་གྲོལ། ཅིར་སྣང་རང་བྱུང་ཡེ་ཤེས་སུ་རྟོགས་པས་གོལ་དུ་གོལ་ས་མེད། འཁྲུལ་དུ་འཁྲུལ་ས་མེད། འགལ་དུ་འགལ་ས་མེད་པར་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་དུ་རྟོགས་པ་ནི་ཤེས་བྱའི་གཏིང་ཕྱིན་པའོ། །གཉིས་པ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ནི། སྤྱིར་སྣང་སྲིད་འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་མ་འདྲེས་ལ་ཡོངས་སུ་རྫོགས་པ་དང་། བྱེ་བྲག་སོ་སོ་ནས་མ་འདྲེས་ལ་ཡོངས་སུ་རྫོགས་པར་གཏན་ལ་དབབ་པའོ། །དང་པོ་ནི། སྣང་བ་རྣམ་པ་བཞི་ལ་སོགས་པ་སྣང་ཚུལ་གང་ཡང་མ་འདྲེས་ལ། ཆོས་ཀུན་རང་བྱུང་གི་ཡེ་ཤེས་ལ་ལྷག་མ་མེད་པར་ཡོངས་སུ་རྫོགས་པའོ། །དེའི་རྒྱུ་མཚན་ནི་རང་བྱུང་ཡེ་ཤེས་སུ་མ་གྱུར་པའི་ཆོས་གཅིག་ཀྱང་མེད་པས་རང་བྱུང་ཡེ་ཤེས་ཉིད་འཁྲུལ་གྲོལ་ལ་སོགས་པ་ཐ་དད་ཀྱི་སྣང་བ་གང་ཡང་མ་འདྲེས་ལ། དེ་ཉིད་མུ་མཐའ་མེད་ཅིང་ཀུན་ལ་གཉིས་སུ་མེད་པར་ཁྱབ་པས་ཡུལ་མེད་དུ་ཡོངས་སུ་རྫོགས་པའོ། །དེ་ཡང་རིག་པ་ལ་མུ་མཐའ་མེད་ཅིང་རྒྱ་ཆད་ཕྱོགས་ལྷུང་མེད་པས། རིག་པ་གཅིག་གི་ཀློང་དུའང་ཐམས་ཅད་མ་འདྲེས་པར་གསལ་བའོ། །དེས་ན་འདྲེས་པའང་མེད་ལ་ཐ་དད་པའང་མེད་དེ་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །དེའང་མ་འདྲེས་པའི་དུས་ཉིད་ན་ཐམས་ཅད་དབྱེར་མེད་དམ་ཡུལ་མེད་དུ་ཡོངས་སུ་རྫོགས་ལ། ཡོངས་རྫོགས་ཀྱི་དུས་ཉིད་ན་མ་འདྲེས་པར་སོ་སོར་སྣང་བའོ། །དེས་ན་མ་འདྲེས་པས་ཡོངས་རྫོགས་ཀྱི་གོ་ས་མ་བཀག །ཡོངས་རྫོགས་ཀྱིས་མ་འདྲེས་པའི་གོ་ས་མ་བཀག་པར་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །ཀློང་ཆེན་ལས། མཉམ་ཉིད་གཅིག་པའི་ཀློང་དཀྱིལ་ནས། །མི་མཉམ་ཀློང་ཕྲན་མཐའ་ཡས་ཤར། །འདྲ་དང་མི་འདྲའི་ཁྱད་པར་གྱིས། །ཅིར་ཡང་ཡིན་ནོ་གང་ཡང་འདྲ། །དབྱིངས་ལ་བཟང་ངན་བྱེ་བྲག་མེད། །ཅེས་པ་དང་། ཀློང་ཆེན་གཅིག་གི་ཀློང་དཀྱིལ་ནས། །ཀློང་ཕྲན་མཐའ་ཡས་ཀུན་ཤར་ཀྱང་། །ལྷུན་འབྱམས་མི་འགྱུར་ཀློང་དུ་ཞི། །ཀུན་ཀྱང་འབྱམས་པ་དེ་རུ་གཅིག །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། སངས་རྒྱས་ཡེ་ཤེས་ཐུགས་དང་སེམས་ཅན་སེམས། །འབྲེལ་མེད་སོ་སོར་སྣང་བ་མ་ཡིན་ཏེ། །བཙལ་མེད་རང་སེམས་ཆོས་སྐུར་གཅིག་པའི་ཕྱིར། །བློ་དངོས་གཅིག་པར་ཡིད་ཅེས་སེམས་ཉིད་ཡིན། །ཞེས་པ་དང་། མདོ་ལས། ཡོངས་སུ་རྫོགས་པར་ཀུན་མཉམ་ཡང་། །མ་འདྲེས་པར་ཡང་ཀུན་ཏུ་སྣང་། །ཞེས་པ་དང་། ཐམས་ཅད་མ་འདྲེས་ཐ་དད་པ། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་པ་དང་། ཀློང་ཆེན་ལས། རང་བྱུང་ཡེ་ཤེས་མཁའ་ཀློང་ནས། །ཤར་བའི་ཆོས་རྣམས་ཐམས་ཅད་ཀུན། །འཛིན་པས་སོ་སོར་བརྟགས་པ་ཀུན། །དབྱིངས་ལ་བྱེ་བྲག་གང་ཡང་མེད། །མ་འདྲེས་ཡོངས་རྫོགས་དབྱིངས་ཀྱི་རྒྱན། །རང་སར་གྲོལ་བ་དབྱིངས་ཀྱི་ཀློང་། །ཞེས་གསུངས་སོ། །དེ་ཡང་མ་འདྲེས་པ་ནི་ངོ་བོ་མ་འདྲེས་ཏེ་ཤེས་པའི་རྒྱུད་མ་འདྲེས། མཚན་ཉིད་མ་འདྲེས་ཏེ་འཁྲུལ་གྲོལ་ལ་སོགས་པ་མཚན་ཉིད་སོ་སོར་འཛིན། མཚོན་ཚུལ་མ་འདྲེས་ཏེ་འཁྲུལ་གྲོལ་ལ་སོགས་པ་མཚོན་ཚུལ་ཐ་དད་པའོ། །ཡོངས་རྫོགས་ནི་རིག་པ་ལ་མུ་མཐའ་མེད་ཅིང་ཀུན་ལ་གཉིས་སུ་སྟོད་པར་ཁྱབ་པས་ཡུལ་མེད་དུ་ཡོངས་སུ་རྫོགས་པའོ། །དེ་ཡང་ཡོངས་རྫོགས་ཀྱི་ངོས་ནས་ངོ་བོ། མཚན་ཉིད་མཚན་ཚུལ་གསུམ་ཀ་དབྱེར་མེད་དུ་ཡོངས་སུ་རྫོགས་པའོ། །བྱེ་བྲག་སོ་སོ་ནི། རྒྱུད་གཅིག་གིས་བསྡུས་པའི་མ་འདྲེས་ཡོངས་རྫོགས་དང་། རྒྱུད་ཐ་དད་ཀྱིས་བསྡུས་པའི་མ་འདྲེས་ཡོངས་རྫོགས་སོ། །སྔ་མ་ནི་རིག་པའི་རྒྱུད་གཅིག་ལ་འཁྲུལ་གྲོ་ལ་སོགས་པ་མཚོན་ཚུལ་ཐ་དད་པའོ། །གཉིས་པ་ནི། རིག་པའི་རྒྱུད་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །དེ་ཡང་གཞི་ཆོས་དབྱིངས་མ་འདྲེས་ལ་ཡོངས་སུ་རྫོགས་པ་དང་། འགྲོ་དྲུག་གི་འཁྲུལ་སྣང་མ་འདྲེས་ལ་ཡོངས་སུ་རྫོགས་པ་དང་། ལམ་ཐེག་པ་དགུ་མ་འདྲེས་ལ་ཡོངས་སུ་རྫོགས་པ་དང་། འབྲས་བུ་སངས་རྒྱས་ཀྱི་དགོངས་པ་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །སྔ་མ་ནི། གཞི་ལ་རིག་པ་མ་འདྲེས་ཏེ། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དུ་སོ་སོར་རང་སྣང་བ་ལ། དེ་ཉིད་རང་བྱུང་གི་ཡེ་ཤེས་མུ་མཐའ་མེད་པས་ཀུན་ལ་གཉིས་སུ་མེད་ཅིང་ཡུལ་མེད་དུ་ཡོངས་སུ་རྫོགས་པའོ། །མདོ་ལས། དབྱིངས་ཉིད་མེད་ལ་མི་ཟད་པ། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་པ་དང་། ཀློང་ཆེན་ལས། ཉོན་མོངས་དང་ནི་ཡེ་ཤེས་དང་། །སྣང་སྲིད་སྐྱེ་དགུ་ཡོད་པ་དང་། །མི་སྲིད་མེད་པའི་ཆོས་རྣམས་ཀུན། །རང་བྱུང་ཡེ་ཤེས་ཀློང་དཀྱིལ་དུ། །མ་རྫོགས་པ་ནི་མེད་པའི་ཕྱིར། །རྫོགས་ཆེན་ལྷུན་གྲུབ་བླ་ན་མེད། །མཉམ་པ་ཉིད་དུ་ཐག་ཆོད་པས། །ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད། །ཞེས་པ་དང་། ལ་ཤན་ལས། དངོས་དེ་ཉིད་ཀྱང་མདོར་བསྟན་ན། །ཆོས་སེམས་ཡེ་ནས་གཉིས་སུ་མེད། །ཐམས་ཅད་མ་འདྲེས་ཡོངས་རྫོགས་གསལ། །ཞེས་གསུངས་སོ། །གཉིས་པ་ནི། འགྲོ་དྲུག་གི་ཤེས་རྒྱུད་མ་འདྲེས་ཏེ་བདེ་སྡུག་ལ་སོགས་པ་སྣ་ཚོགས་སོ་སོར་སྣང་ལ། དེ་ཉིད་རིག་པ་མུ་མཐའ་མེད་པས་གཉིས་སུ་མེད་པར་ཡོངས་སུ་རྫོགས་པའོ། །དེ་ཡང་ཕྱི་འབྱུང་བ་ལྔ་མ་འདྲེས་ལ་ཡོངས་སུ་རྫོགས་པ་དང་། ནང་གཟུགས་སྒྲ་དྲི་རོ་ལ་སོགས་པ་མ་འདྲེས་ལ་ཡོངས་སུ་རྫོགས་པ་དང་། བདེ་སྡུག་ལ་སོགས་པ་སྣང་ཚུལ་ཐ་དད་པ་མ་འདྲེས་ལ་ཡོངས་སུ་རྫོགས་པ་དང་། ཆོས་ཅན་གཅིག་ལ་ཆོས་ཅན་ཐ་དད་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །ཀློང་ཆེན་ལས། སྣང་བ་རང་སར་དག་པ་ལ། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་ལ་སོགས་འབྱུང་བ་ལྔ། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རིག་པ་རང་གི་སྟོབས། །ཞེས་པ་དང་། ཆོས་ཉིད་འཛིན་པ་ཀུན་བྲལ་ལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་ལ་སོགས་པའི་འདོད་ཡོན་ལྔ། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རིག་པ་རང་གི་སྟོབས། །ཞེས་པ་དང་། རང་བཞིན་གཅིག་པའི་ཆོས་རྣམས་ལ། །འཁོར་འདས་བདེ་སྡུག་བཟང་ངན་གཉིས། །རང་གི་མཚན་ཉིད་རང་གིས་འཛིན། །དེ་ཡང་རང་སྣང་གཅིག་གིས་སྟོབས། །ཞེས་པ་དང་། མདོ་ལས། ཆོས་ཅན་མ་འདྲེས་སྣ་ཚོགས་པ། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་གསུངས་སོ། །དེ་ཡང་སྤྱིར་ཆོས་ཅན་གཅིག་ལ་འཁོར་འདས་ཀྱི་ཆོས་ཀུན་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་ཏེ། ཆོས་ཅན་གཅིག་ལ་སྣང་ཚུལ་བཅུ་བདུན་ལ་སོགས་པ་མ་འདྲེས་པར་རང་སྣང་བས་སོ། །བྱེ་བྲག་ཏུ་རྡུལ་ཕྲན་རེ་རེའི་སྟེང་ན་ཡང་སེམས་ཅན་ཀྱི་ཁམས་མ་འདྲེས་ལ་ཡོངས་སུ་རྫོགས་པ་དང་། ཡང་མེ་ཆུ་ལ་སོགས་པ་ཐ་དད་ཀྱི་སྣང་བ་གང་ཡང་མ་འདྲེས་ལ། སྣང་བ་གཅིག་ལ་མེ་ཆུ་ལ་སོགས་པའི་སྣང་བ་ཅིར་ཡང་སྣང་བས་གཉིས་མེད་དུ་ཡོངས་སུ་རྫོགས་པའོ། །མདོ་ལས། ཁམས་ནི་མ་འདྲེས་ས་བོན་ཉིད། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་གསུངས་སོ། །གསུམ་པ་ནི། ལམ་མ་འདྲེས་ཏེ་ཐེག་པ་རིམ་པ་དགུ་ལ་སོགས་པ་སོ་སོར་སྣང་ལ་རང་བྱུང་གི་ཡེ་ཤེས་སུ་རྫོགས་པའོ། །ཀློང་ཆེན་ལས། ཐེག་པའི་ཁྱད་པར་ཇི་སྙེད་དུ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །ཀློང་ཆེན་གཅིག་གི་ཡོན་ཏན་སྟེ། །གདུལ་བྱ་རྣམས་ལ་བསྟན་པར་ཟད། །ཅེས་པ་དང་། གཉེན་པོ་ཡེ་ཤེས་ཕྲ་རགས་ཀྱིས། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་གྲངས། །མཉམ་པའི་ཀློང་ལས་མ་གཡོས་ཏེ། །ཐ་དད་མེད་པར་དབྱིངས་སུ་གཅིག །ཞེས་པ་དང་། ལྟ་བསྒོམ་སྤྱོད་པ་འབྲས་བུ་རྣམས། །གསེར་དངུལ་ཕྲ་མེན་རྫས་ལྟ་བུར། །མ་འདྲེས་ཡོངས་རྫོགས་གཅིག་གི་རྒྱན། །ཁྱད་པར་གྱུར་པས་ཨ་ཏིའི་རྫོངས། །ཞེས་པ་དང་། མདོ་ལས། ཆོས་ཀུན་མ་འདྲེས་ཡོངས་རྫོགས་པ། །ངེས་པར་ཇི་ལྟར་ཡིན་པའི་དོན། །ཕྱིན་ཅི་མ་ལོག་ཉིད་བརྗོད་ན། །དེ་ནི་རྣམ་དག་ལམ་ཆེན་ཡིན། །ཞེས་གསུངས་སོ། །བཞི་པ་ནི། སངས་རྒྱས་ཀྱི་ཐུགས་དགོངས་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་ཏེ། དེ་ཡང་སྤྱིར་སྐུ་དང་ཡེ་ཤེས་ལ་སོགས་པ་མ་འདྲེས་སོ་སོར་སྣང་ལ། རང་བྱུང་གི་ཡེ་ཤེས་སུ་ཐ་དད་མེད་པར་ཡོངས་སུ་རྫོགས་པའོ། །བྱེ་བྲག་ཏུ་རྡུལ་ཕྲན་རེ་རེའི་སྟེང་ན་ཡང་། སངས་རྒྱས་ཀྱི་ཞིང་ཁམས་ལ་སོགས་པ་མ་འདྲེས་ལ་ཡོངས་སུ་རྫོགས་པའོ། །མདོ་ལས། ཆོས་ཀུན་རྣམ་པར་དག་པ་ཉིད། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་ན། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་པ་དང་། རྫོགས་སྐུ་མ་འདྲེས་ཕུན་སུམ་ཚོགས། །ཞེས་འགྲེའོ། །སྤྲུལ་པ་མེད་འབྱུང་རྒྱུན་མི་ཆད། །ཅེས་འགྲེའོ། །ཡེ་ཤེས་ཀུན་མཁྱེན་སྐྱེ་འགག་མེད། །ཡོངས་སུ་རྫོགས་པ་སྟོང་བདག་མེད། །དེ་ཉིད་མ་འདྲེས་ཡོངས་རྫོགས་པ། །མ་བཅོས་དེ་བཞིན་ཉིད་ཁོ་ན། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། འབར་བའི་ཡེ་ཤེས་རྨད་པོ་ཆེ། །རང་གསལ་རིག་པ་ཀུན་མཁྱེན་ཐུགས། །མཉམ་ལ་མ་འདྲེས་ཀུན་ཏུ་བཟང་། །མ་འདྲེས་གསལ་བའི་ཡེ་ཤེས་སོ། །ཞེས་པ་དང་། ནམ་མཁའ་མཐའ་མཉམ་ལས། མཁའ་ལ་གཟའ་སྐར་བཀྲམ་པ་ལྟར། །མ་འདྲེས་རང་གསལ་དབྱིངས་སུ་རྫོགས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །མ་བཅོས་ཇི་བཞིན་རིག་པའི་ཀློང་། །ཞེས་གསུངས་སོ། །དེ་ལྟར་ན་དམྱལ་བ་ལ་སངས་རྒྱས་ཀྱི་བདེ་བ་ཡོངས་སུ་རྫོགས་སམ་མ་རྫོགས། སངས་རྒྱས་ལ་དམྱལ་བའི་སྡུག་བསྔལ་ཡོངས་སུ་རྫོགས་སམ་མ་རྫོགས། མ་རྫོགས་ན་ཡོངས་རྫོགས་ཉམས་ལ། རྫོགས་ན་བདེ་སྡུག་ཁྱད་པར་མེད་པར་འགྱུར་རོ་ཞེ་ན་ཐ་དད་ཀྱི་སྣང་བ་གང་ཡང་མ་འགག་པས་གཉིས་མེད་དུ་ཡོངས་སུ་རྫོགས་པའོ། །དེ་ཡང་དབྱེར་མེད་པའི་ངོས་ནས་སེམས་ཅན་ལ་སངས་རྒྱས་ཀྱི་བདེ་བ་ཡོངས་སུ་རྫོགས་ལ། ཐ་དད་ཀྱི་སྣང་བ་མ་སྤངས་པའི་ངོས་ནས་རང་གིས་རང་ངོ་མ་ཤེས་ཏེ་སེམས་ཅན་ལ་སྡུག་བསྔལ་དུ་ཤར་བའོ། །ཡང་ཡོངས་རྫོགས་ཀྱི་ངོས་ནས་སངས་རྒྱས་ལ་དམྱལ་བའི་སྡུག་བསྔལ་རྫོགས་ལ། ཐ་དད་ཀྱི་སྣང་བ་གང་ཡང་མ་སྤངས་པའི་ངོས་ནས། ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་ལྷག་མ་མེད་པར་རྟོགས་ཏེ། སྡུག་བསྔལ་གྱི་སེལ་མེད་པར་རང་གྲོལ་ཞིང་དགོངས་པ་བདེ་བ་ཆེན་པོར་གནས་པའོ། །དེས་ན་དམྱལ་བ་ལ་སངས་རྒྱས་ཀྱི་ཞིང་ཁམས་ཀྱང་ལྕགས་སྲེག་གི་ས་གཞི་ལ་སོགས་པར་སྣང་ལ། སངས་རྒྱས་ལ་ལྕགས་སྲེག་གི་ས་གཞི་ལ་སོགས་པ་ཡང་བདེ་བ་ཅན་ལ་སོགས་པ་ཞིང་ཁམས་རྣམ་པར་དག་པར་སྣང་བའོ། །དེས་ན་མ་འདྲེས་ཏེ་ཐ་དད་པར་ཡང་སྣང་ལ། ཡོངས་སུ་རྫོགས་ཏེ་དབྱེར་མེད་པའོ། །དེ་ལྟར་ཆོས་ཀུན་མ་འདྲེས་པ་ཡོངས་སུ་རྫོགས་པར་རྟོགས་པས། གང་གི་ཡང་ཕྱོགས་སུ་མ་ལྷུང་ཞིང་གང་དང་ཡང་མི་འགལ་བས། ཕྱོགས་རིས་ཞེ་འདོད་མེད་པར་དགོངས་པའི་གཏིང་ཕྱིན་པར་རྟོགས་པར་བྱའོ། །གསུམ་པ་མཐའ་བཞི་རང་གྲོལ་ནི། སྟོང་མཐའ་རང་གྲོལ་རང་བྱུང་ཡེ་ཤེས་སུ་ངོ་སྤྲད་པ་དང་། སྣང་མཐའ་རང་གྲོལ་རང་བྱུང་ཡེ་ཤེས་སུ་ངོ་སྤྲད་པ་དང་། གཉིས་མཐའ་རང་གྲོལ་རང་བྱུང་ཡེ་ཤེས་སུ་ངོ་སྤྲད་པ་དང་། གཉིས་མེད་རང་གྲོལ་རང་བྱུང་ཡེ་ཤེས་སུ་ངོ་སྤྲད་པའོ། །དང་པོ་ནི། སྟོང་པར་གསུང་བ་རྣམས་ཀྱང་དྲང་དོན་ཕྱོགས་གཅིག་ཡིན་ཏེ། དེ་ཡང་སྤྱིར་ཤེས་བྱའི་གཤིས་སྟོང་མ་མྱོང་སྟེ། འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དུ་རང་སྣང་བའོ། །བྱེ་བྲག་ཏུ། མ་རྟོགས་འཁྲུལ་པའི་དུས་སུ་སྟོང་མ་མྱོང་སྟེ། འགྲོ་དྲུག་གི་སྣང་ཚུལ་བསམ་གྱིས་མི་ཁྱབ་པར་རང་སྣང་། ལམ་ཉམས་སུ་ལེན་པའི་དུས་སུ་སྟོང་མ་མྱོང་སྟེ། ཐེག་པའི་བྱེ་བྲག་དང་ཏིང་ངེ་འཛིན་གྱི་མཐོང་སྣང་དང་། ལམ་གྱི་ཡོན་ཏན་ཕྱོགས་མེད་དུ་རང་སྣང་། འབྲས་བུ་སངས་རྒྱས་ཀྱི་དགོངས་པ་སྟོང་མ་མྱོང་སྟེ། སྐུ་དང་ཡེ་ཤེས་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་རང་སྣང་བའོ། །ལ་ཤན་ལས། སྣང་གསུམ་གྲགས་པའི་ཆོས་རྣམས་ཀུན། །འདི་ལ་བཏགས་ན་བཏགས་སྣང་ཕྱིར། །ཐམས་ཅད་ཀུན་སྣང་གཞི་རྩར་བཤད། །ཞེས་པ་དང་། ཀློང་ཆེན་ལས། ཇི་ལྟར་སྣང་ཞིང་གྲགས་པའི་ཆོས། །རང་ལས་བྱུང་བས་རང་གི་རྒྱན། །ཅེས་པ་དང་། འཕོ་འགྱུར་མེད་པའི་ཆོས་ཉིད་ལ། །ཐོག་མ་མེད་པ་རང་གི་རྩལ། །གར་མཐོང་ཆོས་ཉིད་ཅེར་མཐོང་ལ། །སྒྲིབ་གཡོག་མེད་པར་ངོ་མཚར་ཆེ། །ཅེས་པ་དང་། གཞན་ཡང་སྣང་བར་བཤད་པ་ལ་སོགས་པའི་ལུང་རྣམས་སོ། །དེ་ལྟར་སྣང་བ་སེམས་ཉིད་རང་སྣང་དུ་ངོ་སྤྲད་པ། སྣང་བ་ཕྱོགས་མེད་རང་གྲོལ་རང་བྱུང་ཡེ་ཤེས་མངོན་སུམ་དུ་སྣང་ཞིང་རྟོགས་པའོ། །གཉིས་པ་སྣང་བར་གསུང་པའི་ལུང་རྣམས་ཀྱང་དྲང་དོན་ཕྱོགས་རེ་ཡིན་ཏེ། ཆོས་ཀུན་ཇི་ལྟར་སྣང་ཡང་སེམས་ཉིད་དམ་རང་བྱུང་གི་ཡེ་ཤེས་རང་སྣང་བ་ཡིན་ལ། སེམས་ཉིད་ལས་ལོག་པ་རྡུལ་ཆ་ཙམ་ཡང་མེད་ཅིང་། སེམས་ཉིད་ལ་བདག་གཞན་དང་དངོས་པོ་དང་མཚན་མའི་སེལ་མེད་པས། སྣང་བ་རང་གྲོལ་ཆོས་ཀུན་སྟོང་པ་ཆེན་པོ་ཡིན་ཏེ། ལ་ཤན་ལས། བདག་ལས་གཞན་པ་མི་སྣང་ཞིང་། །བདག་ཀྱང་འདི་འདྲར་མ་དམིགས་པས། །སྣང་མེད་སྟོང་པ་ཆེན་པོར་གསུང་། །ཞེས་སོ། །སྟོང་པ་དེ་ཡང་ཆད་སྟོང་སྣང་བ་གཏན་མེད་ཀྱི་སྟོང་པ་མ་ཡིན་ཞིང་། རྣམ་པ་མཆོག་ལྡན་གྱི་སྟོང་པ་ཆེན་པོ་ཡིན་ཏེ། རྣམ་པ་ཀུན་ལྡན་སྟོང་ཆེན་པོ། །སངས་རྒྱས་པས་ཀྱང་སྔར་སངས་རྒྱས། །ཞེས་པ་དང་། ཀློང་ཆེན་ལས། མཚན་མེད་ཐིག་ལེ་ལྷུན་འབྱམས་ལ། །ཕྱི་ནང་གཉིས་ཀ་གཉིས་མེད་སྟོང་། །ཀུན་སྟོང་ཁྱབ་བདལ་ཆོས་ཀྱི་དབྱིངས། །ཇི་ལྟར་སྟོང་ཡང་དབྱིངས་ཉིད་གསལ། །ཞེས་པ་དང་། སྟོང་ཉིད་སྙིང་པོ་ཀློང་ཆེན་འདི། །སྐད་ཅིག་རྟོག་པ་ཙམ་གྱིས་ཀྱང་། །བྱང་ཆུབ་ཀློང་དུ་དེར་སོན་པས། །མཚན་མའི་ཆོས་ལ་རག་མ་ལུས། །སྟོང་པའི་ཆོས་ལ་བློ་མི་གནས། །ཞེས་པ་དང་། སྟོང་པར་གསུང་པའི་ལུང་རྣམས་སོ། །དེ་ཉིད་ཀྱང་སེམས་ཉིད་རང་སྣང་དུ་ངོ་སྤྲད་ལ། སྟོང་པ་ཆོས་ཉིད་རང་གྲོལ་རང་བྱུང་ཡེ་ཤེས་རང་གསལ་དུ་རྟོགས་པར་བྱའོ། །གསུམ་པ་ནི། སྣང་སྟོང་གཉིས་ལ་སོགས་པ་གསུངས་འང་དྲང་དོན་ཕྱོགས་རེ་ཡིན་ཏེ། ངོ་བོ་སྣང་སྟོང་གཉིས་སུ་མེད་ཅིང་བདེན་པ་དབྱེར་མེད་པའོ། །དེ་ཡང་ཇི་ལྟར་སྣང་ཡང་རང་བྱུང་གི་ཡེ་ཤེས་རང་སྣང་ཡིན་ལ་ཇི་ལྟར་སྟོང་ཡང་རང་བྱུང་གི་ཡེ་ཤེས་རང་སྟོང་ཡིན་པས། ཆོས་ཀུན་རང་བྱུང་གི་ཡེ་ཤེས་ལ་སྣང་སྟོང་གཉིས་སུ་མེད་ཅིང་བདེན་རྫུན་གཉིས་སུ་མེད་པས་ངོ་བོ་དབྱེར་མེད་ཆེན་པོ་ཡིན་ཏེ། ལ་ཤན་ལས། མཉམ་རྫོགས་བདག་ཉིད་ཆེན་པོའི་ཕྱིར། །བདེན་པ་གཉིས་ཀྱི་སྙད་ལས་འདས། །ཞེས་པ་དང་། ཀློང་ཆེན་ལས། ཡོད་མཐོང་གྲགས་པའི་ཆོས་རྣམས་དང་། །མེད་སྣང་བརྟགས་པའི་ཆོས་རྣམས་ཀུན། །རང་ལས་ཐ་དད་མེད་པས་ན། །གཉིས་སུ་མེད་པར་ཡེ་ནས་གསལ། །ལྟོས་པ་མེད་པར་རང་སར་གྲོལ། །ཞེས་པ་དང་། གཞན་ཡང་དབྱེར་མེད་ལ་སོགས་པའི་ལུང་རྣམས་སོ། །དེ་ཉིད་ཀྱང་སེམས་ཉིད་རང་སྣང་དུ་ངོ་སྤྲད་ལ། གཉིས་མེད་ཆོས་ཉིད་རང་གྲོལ་རང་བྱུང་ཡེ་ཤེས་མངོན་སུམ་དུ་རྟོགས་པར་བྱའོ། །བཞི་པ་ནི། གཉིས་མེད་དང་དབྱེར་མེད་ལ་སོགས་པ་གསུང་པའང་དྲང་དོན་ཕྱོགས་རེ་ཡིན་ཏེ། ངོ་བོ་རང་སྣང་སྟོང་གཉིས་ལ་སོགས་པ་སྣང་ཚུལ་ཕྱོགས་མེད་དུ་འཆར་ཞིང་མ་འདྲེས་ལ་ཡོངས་སུ་རྫོགས་པ་ཡིན་ཏེ། ལ་ཤན་ལས། ཅིས་ཀྱང་མ་བསྒྲིབས་ཡེ་ཤེས་མཆོག །ཐམས་ཅད་མ་འདྲེས་ཡོངས་རྫོགས་གསལ། །ཞེས་པ་དང་། ཀློང་ཆེན་ལས། ཅིར་ཡང་སྣང་བའི་ཆོས་ཉིད་ལ། །སྣ་ཚོགས་འབྱུང་བ་དབྱིངས་ཀྱི་རྒྱན། །མུ་མཐའ་མེད་པའི་ཆོས་ཉིད་ལ། །མཐའ་ཡས་སྣང་བ་དབྱིངས་ཀྱི་རྒྱན། །བརྗོད་དུ་མེད་པའི་ཆོས་ཉིད་ལ། །རྣམ་གྲངས་འབྱུང་བ་ངོ་མཚར་ཆེ། །ཞེས་པ་དང་། གཉིས་མེད་དང་མ་འདྲེས་ལ་སོགས་པའི་ལུང་རྣམས་སོ། །དེ་ཉིད་ཀྱང་སེམས་ཉིད་རང་སྣང་དུ་ངོ་སྤྲད་ལ། མ་འདྲེས་གཉིས་སྣང་ཆོས་ཉིད་རང་གྲོལ་རང་བྱུང་ལ་ཡེ་ཤེས་མངོན་སུམ་དུ་རྟོགས་པའོ། །དེ་རེ་རེ་ལ་ཡང་མཐའ་བཞི་རང་གྲོལ་རང་བྱུང་ཡེ་ཤེས་སུ་གཏན་ལ་དབབ་ཅིང་རྟོགས་པར་བྱ་བ་དང་སྤྱིར་དྲིལ་ཏེ། མཐའ་བཞི་རང་གྲོལ་རང་བྱུང་ཡེ་ཤེས་མངོན་སུམ་དུ་ངོ་སྤྲད་ཅིང་རྟོགས་པར་བྱའོ། །ཀློང་ཆེན་ལས། མཐའ་བཞིར་མ་འགགས་མ་ཞེན་པས། །ཡུལ་ལ་དམིགས་པ་མེད་པ་སྟེ། །མི་འགྱུར་ལྷུན་གྲུབ་བདལ་བ་ཆེ། །ཀློང་ཡངས་རྒྱ་ཁྱོན་མེད་པར་གསལ། །ཞེས་གསུངས་སོ། །དེ་ལྟར་མཐའ་བཞི་རང་གྲོལ་མངོན་སུམ་དུ་རྟོགས་པས་གོལ་ས་ཐམས་ཅད་ཤུགས་ལ་ཆོད། འཁོར་བའི་གཡང་ས་རང་སར་གྲོལ། །སངས་རྒྱས་ཀྱི་དགོངས་པ་མངོན་དུ་རྟོགས་པའོ། །དེ་ཉིད་ལས། མཐའ་ཡི་མུན་པ་སེལ་བའི་ཕྱིར། །ཡེ་ཤེས་སྒྲོན་མ་དབྱིངས་སུ་གསལ། །མཐའ་བཞི་མ་སྤངས་བྱང་ཆུབ་སེམས། །མཐའ་ཡི་སྐྱོན་གྱིས་མ་རེག་པས། །གོལ་ས་ཐམས་ཅད་ཤུགས་ལ་ཆོད། །གཡང་ས་མེད་པའི་སེམས་ཉིད་ལ། །བཙལ་མེད་སྐུ་གསུམ་ལྷུན་རྫོགས་ཀྱང་། །ཞེས་གསུངས་སོ། །བཞི་པ་མཉམ་རྫོགས་བདག་ཉིད་ཆེན་པའི་དགོངས་པ་བསྟན་པ་ནི། ལ་ཤན་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་དྲིལ། །མཉམ་རྫོགས་བདག་ཉིད་ཆེན་པོའི་རྒྱན། །ཞེས་པས། སྤྱིར་ཆོས་ཀུན་མཉམ་རྫོགས་བདག་ཉིད་ཆེན་པོར་བསྟན་པ་དང་། བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་བཟང་ངན་བླང་དོར་མེད་པར་མཉམ་ཞིང་། ཆོས་ཀུན་ལྷག་མ་མེད་པར་རིག་པ་བདག་ཉིད་ཆེན་པོའི་རྒྱན་ནམ་རོལ་པར་ཡོངས་སུ་རྫོགས་པའོ། །ཀློང་ཆེན་ལས། ཐམས་ཅད་གཅིག་ཏུ་རྫོགས་པས་ན། །ཐེག་པའི་ཡང་ཐེག་སྤྱི་ཡི་རྒྱན། །བདག་ཉིད་ཆེན་པོ་ཀུན་འདུས་དཔལ། །རྒྱལ་བ་རྣམས་ཀྱི་དགོངས་པའི་མཆོག །ཅེས་གསུངས་སོ། །བྱེ་བྲག་ནི། རང་བྱུང་གྱི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པས་འགྲོ་དྲུག་ཡུལ་ཡུལ་ཅན་གྱི་སྣང་བ་ཡང་རང་སྣང་བས་འགྲོ་དྲུག་ཡུལ་དུ་སྣང་བ་དང་ཡང་མཉམ་ལ། དེ་ཉིད་ཡུལ་ཡུལ་ཅན་མེད་པར་རང་བྱུང་གི་ཡེ་ཤེས་སུ་ཡོངས་སུ་རྫོགས་པས། འགྲོ་དྲུག་རང་གྲོལ། ཅིར་སྣང་རིག་པ་བདག་ཉིད་ཆེན་པོའི་རྒྱན་ནོ། །ཡང་ཆོས་ཉིད་ལ་དངོས་པོར་མ་གྲུབ་ཅིང་མཚན་མ་རང་སར་གྲོལ་བས་མུ་སྟེག་ཆད་པ་དང་ཕྱོགས་གཅིག་མཉམ་ལ། དེ་ཉིད་ཆོས་ཉིད་རང་སྣང་འཕོ་འགྱུར་མེད་ཅིང་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་ལྷག་མ་མེད་པར་ཡོངས་སུ་རྫོགས་པས། ཆད་པ་རང་གྲོལ་དེ་ཉིད་ཀྱང་རིག་པ་བདག་ཉིད་ཆེན་པོའི་རྒྱན་ནོ། །ཡང་རང་བྱུང་གི་ཡེ་ཤེས་ལ་དུས་གསུམ་འཕོ་འགྱུར་མེད་པས་མུ་སྟེགས་རྟག་པ་དང་ཡང་ཕྱོགས་གཅིག་མཉམ་ལ། དེ་ཉིད་ལ་དངོས་པོར་མཚན་མའི་སེལ་མེད་ཅིང་མཐའ་དབུས་ཕྱོགས་ཆ་མེད་པས་རྟག་པ་རང་སར་གྲོལ། །ཆོས་ཀུན་རིག་པ་བདག་ཉིད་ཆེན་པོའི་རྒྱན་ནམ་རོལ་པར་རང་སྣང་བའོ། །ཡང་རང་བྱུང་གི་ཡེ་ཤེས་དེ་ཉིད་ཇི་ལྟར་བལྟས་པ་ལྟར་སྣང་བས། ཐེག་བརྒྱད་ཀྱི་འདོད་པ་དང་ཡང་མཉམ་ལ། དེ་ཉིད་ཕྱོགས་རིས་མེད་པ་རང་བྱུང་གི་ཡེ་ཤེས་སུ་རྫོགས་པས་ཐེག་བརྒྱད་རང་གྲོལ། ཆོས་ཀུན་རིག་པ་བདག་ཉིད་ཆེན་པོའི་རྒྱན་ནོ། །ཡང་ཆོས་ཀུན་རང་བྱུང་ཡེ་ཤེས་སུ་སངས་རྒྱས་པས་སངས་རྒྱས་ཐམས་ཅད་དང་ཡང་མཉམ་ལ། དེ་ཉིད་རང་བྱུང་ཡེ་ཤེས་སུ་རྫོགས་པས་སངས་རྒྱས་གཞན་ནས་ཚོལ་བའི་ཞེ་འདོད་རང་གྲོལ་ཞིང་། ཆོས་ཀུན་རིག་པ་བདག་ཉིད་ཆེན་པོའི་རྒྱན་ནོ། །དེ་ཉིད་རྒྱས་པར་འདོད་ན་གོང་གི་ཐེག་བརྒྱད་ཀྱི་དམིགས་ཕྱེ་ལ་བྱེ་བྲག་སོ་སོ་ནས་རྒྱས་པར་བཤད་དོ། །ཀློང་ཆེན་ལས། རིགས་དྲུག་རྒྱུད་ལྔའི་སེམས་ཅན་ལ། །ཆོས་ཉིད་སྤྱི་ཁྱབ་ཡིན་པས་ན། །ཡུལ་མེད་རིག་པ་ཡེ་ནས་ཆེ། །ཞེས་པ་དང་། ཨ་ཏི་ཡོ་གའི་ལྟ་བ་ནི། ཆོས་ཉིད་རྒྱ་ཆད་མེད་པ་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །མུ་སྟེགས་མ་སྤངས་རྫོགས་ཆེན་རྒྱན། །ཞེས་པ་དང་། ཨ་ཏི་ཡོ་གའི་ལྟ་བ་ནི། །རྒྱ་ཆད་མེད་པའི་ཆོས་ཉིད་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །ཨ་ནུ་མ་སྤངས་རྫོགས་ཆེན་རྒྱན། །ཅེས་གསུངས་སོ། །ཉན་ཐོས་ནས་མ་ཧཱ་མན་ཆད་ལ་དེ་བཞིན་དུ་འགྲེའོ། །དེ་ལྟར་ཆོས་ཀུན་རང་བྱུང་གི་ཡེ་ཤེས་ལ་གང་དང་ཡང་མ་འདྲེས་པར་རང་ས་རང་སར་མཉམ་ལ། ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་བདག་ཉིད་ཆེན་པོར་རྫོགས་པས་ཕྱོགས་རིས་ཞེ་འདོད་གྲོལ་ནས། ཆོས་ཀུན་མཉམ་ཉིད་རང་སྣང་དུ་རྟོགས་པ་ནི་ཤེས་བྱའི་གཏིང་ཕྱིན། གོལ་སྒྲིབ་ཀྱི་རྩད་ཆོད། ཕྱོགས་མེད་ཀྱི་ཀློང་དུ་གྲོལ་བ་ནི་སངས་རྒྱས་ཀྱི་དགོངས་པ་མངོན་སུམ་དུ་རྟོགས་པའོ། །དེ་ཉིད་ལས། བྱ་བྲལ་ངང་དུ་ཀུན་རྫོགས་པས། །མ་འདྲེས་ཡོངས་སུ་རྫོགས་པའི་རྒྱན། །མ་སྤང་རང་སར་གྲོལ་བའི་ཀློང་། །སངས་རྒྱས་སྐུ་དང་སེམས་ཅན་ལུས། །ཇི་ལྟར་སྣང་བ་དབྱིངས་ཀྱི་རྒྱན། །ཞེས་གསུངས་སོ། །ལྔ་པ་ཐིག་ལེ་ཉག་ཅིག་ལ་སོགས་པ་ནི། འཁོར་འདས་ལམ་གྱིས་བསྡུས་པ་ཐམས་ཅད་ཐིག་ལེ་ཉག་ཅིག་ཏུ་དབྱེར་མེད་ཅིང་ཀློང་ཡངས་རྒྱ་ཁྱོན་བྲལ་བས་ཐམས་ཅད་འདུས་ཤིང་རྫོགས་པའོ། །ཀློང་ཆེན་ལས། ཕྱོགས་མཚམས་བླ་འོག་མཐོན་དམན་ཀུན། །ཐིག་ལེ་གཅིག་གི་རྒྱར་མཉམ་པས། །སངས་རྒྱས་གོང་ན་མེད་པར་གསལ། །འཁོར་བ་འོག་ན་མེད་པར་གསལ། །ཞེས་པ་དང་། ལ་ཤན་ལས། ཐིག་ལེ་ཆེན་པོ་གཅིག་པོ་ཉིད། །ཐེར་ཟུག་རྒྱུན་ལས་ཡེ་ནས་གྲོལ། །ཞེས་གསུངས་སོ། །དེའི་གོའམ་ངེས་ཚིག་ནི། ཐིག་ནི་མི་ཡོ་མི་འགྱུར་དྲང་པོ་སྤྲོས་དང་བྲལ། །ལེ་ནི་ཀུན་དངོས་བདག་ལ་ཁྱབ་གཅིག་སྟེ་གཅིག་པོ་དེ་ལྟར་ཤར། །ཉག་ནི་ཟབ་ཅིང་ཕྲ་སྟེ་ཤིན་ཏུ་བརྟག་པར་དཀའ། །གཅིག་ནི་ཅི་བསམ་ཅི་དྲན་ཡུལ་དང་སེམས་ཀྱི་དབྱིངས། །ཞེས་ཡིད་སྐྱོབ་ལས་གསུངས་སོ། །དེ་བཞིན་དུ་རང་སྣང་དང་། རང་བྱུང་ཡེ་ཤེས་དང་། ཕྱོགས་མེད་དང་། མཉམ་པ་ཉིད་ལ་སོགས་པ་རྒྱུ་མཚན་ཕྱོགས་རེ་ནས་མཚོན་པའི་མིང་དུ་བཏགས་ཤིང་གང་ཡང་མི་འགལ་བར་ཤེས་པར་བྱ་སྟེ། གཞིའི་སྐབས་སུ་བསྟན་པ་བཞིན་ནོ།
༈ །གཉིས་པ་མངོན་སུམ་དུ་རྟོགས་པའི་ལྟ་བ་བསྟན་པ་ནི། དེ་ལྟར་ཆོས་ཀུན་རང་བྱུང་ཡེ་ཤེས་མངོན་སུམ་དུ་རྟོགས་པས་ཕྱོགས་རིས་ཞེ་འདོད་བྲལ། ཆོས་སྤྱི་དང་རང་གི་མཚན་ཉིད་ཤེས། འཁོར་འདས་གཉིས་ཀྱི་གཞི་རྩ་ཆོད། རང་སེམས་ངོ་བོ་མཐོང་བས་ཐེ་ཙོམ་ཡིད་གཉིས་གྲོལ། འགྱུར་མེད་གདེངས་དང་ལྡན་ཞིང་ལོག་རྟོག་རྩད་ནས་གྲོལ་བའོ། །ཀློང་ཆེན་ལས། རང་སེམས་ཚད་མའི་གདེངས་ལྡན་པས། །མི་འགྱུར་དོན་གྱི་གཡུང་དྲུང་ཡིན། །ལུང་རིག་དོན་གྱི་བྱ་ར་བས། །ལོག་རྟོག་ཀུན་བསལ་རྡུལ་དུ་བརླགས། །ཞེས་པ་དང་། ཡེ་ཤེས་རྫོགས་པ་ལས། རིགས་པ་མཆོག་ལྡན་བདེ་གཤེགས་བཀའ། །རང་བྱུང་ཚད་མ་མངོན་སུམ་གསལ། །ཞེས་པ་དང་། མདོ་བཅུ་ལས། ཡེ་ནས་རང་བྱུང་ཡེ་ཤེས་ལ། །ཆོས་ཀུན་འདུས་གསུམ་སྒྲིབ་མེད་པས། །སྤོང་དང་ལེན་པ་མི་མངའ་སྟེ། །རང་བྱུང་ཡེ་ཤེས་འགྱུར་མེད་གནས། །ཞེས་གསུངས་སོ། །དེ་ཡང་ཧྲིལ་གྱིས་དྲིལ་ན། ཅིར་སྣང་རང་བྱུང་ཡེ་ཤེས་མངོན་སུམ་དུ་མཐོང་བས་ཡུལ་མེད་རང་གསལ་གྱི་ལྟ་བ་དང་། རིག་པ་ལ་མཐའ་དབུས་ཕྱི་ནང་མེད་པས་མཐའ་དབུས་མེད་པའི་ལྟ་བ་དང་། ཐམས་ཅད་རང་བྱུང་ཡེ་ཤེས་སུ་གཅིག་པས་བཟང་ངན་བླང་དོར་མེད་པས་མཉམ་པ་ཉིད་ཀྱི་ལྟ་བ་དང་། རིག་པ་ལ་རྒྱུན་ཆད་འཕེལ་འགྲིབ་མེད་པས་འཕོ་འགྱུར་མེད་པའི་ལྟ་བའོ། །ཀློང་ཆེན་ལས། ཇི་སྙེད་པ་ཡི་རྣམ་གྲངས་དེ། །མ་འདྲེས་ཡོངས་སུ་རྫོགས་པར་མཐོང་། །ཆོས་ཉིད་ཅིར་མཐོང་བླ་ན་མེད། །ཅེས་པ་དང་། སྣང་ཞིང་གྲགས་པའི་ཆོས་རྣམས་དང་། །མཐོང་ཐོས་སྒོ་ལྔར་ཅི་ཤར་ཡང་། །རང་ཞལ་རང་གིས་མཐོང་བས་ནས། །གཉིས་སུ་ལྟ་བའི་ཡུལ་གཞན་མེད། །གཉིས་སུ་མེད་དང་མཉམ་པ་ཆེ། །ཡུལ་སེམས་མཉམ་པའི་ཀློང་དུ་གྲོལ། །ཞེས་པ་དང་། ཕྱི་ནང་སྒོ་ཕུགས་མེད་པའི་ཕྱིར། །ཁ་གཏིང་མེད་པར་ཡེ་ནས་གསལ། །ཞེས་པ་དང་། གནས་པའི་ཚེ་ན་མཉམ་པར་གནས། །བཟང་ངན་མེད་པ་རིག་པའི་རྩལ། །གྲོལ་བའི་ཚེ་ན་མཉམ་པར་གྲོལ། །བཟང་ངན་མེད་པར་རིག་པའི་རྩལ། །ཞེས་པ་དང་། ནམ་མཁའ་མཐའ་མཉམ་ལས། ལྟ་མེད་ཡེ་ཤེས་རང་གསལ་ནི། །ཡུལ་མེད་སྤྲོས་བྲལ་ཅི་བཞིན་ཉིད། །རང་སྣང་རིག་པའི་འཁོར་ལོ་ལ། །ཡུལ་མེད་རང་གསལ་རིག་པས་མཐོང་། །ཞེས་པ་དང་། ལ་ཤན་ལས། སྤྱི་མིན་རང་གི་མཚན་ཉིད་དུ། །རང་རིག་མངོན་སུམ་གསལ་དུས་ན། །རང་སྣང་མཐའ་བྲལ་རྒྱུན་ལས་གྲོལ། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་རྟོགས་ནས་གྲོལ་ཚུལ་ནི། སྤྱིར་ཨ་ཏི་རྟོགས་གྲོལ་དུས་མཉམ་མམ་གཅིག་ཆོད་པར་གསུང་ལ། དེ་ཡང་བྱེ་བྲག་ཕྱེ་ན། ཡིད་སྐྱོབ་ལས། ཡང་རབ་རབ་དང་འབྲིང་དང་ཐ་མས་གྲོལ། །ཞེས་པས། ཡང་རབ་གཅིག་ཤེས་བྱ་གཅིག་ཆོད་པ་སྟེ་རྟོགས་གྲོལ་ཐར་པ་དུས་མཉམ་པ་དང་། རབ་རྟོགས་པའི་དོན་ལ་གནས་པ་ཙམ་གྱིས་གྲོལ་བ་དང་། འབྲིང་རྟོགས་པའི་དོན་ལ་མྱོང་བའི་རྒྱུན་བརྟེན་ཏེ་ཉམས་སུ་བླངས་པས་གྲོལ་བ་དང་། ཐ་མ་གདམ་ངག་གིས་ངོ་སྤྲད་དེ་ཉམས་རིམ་པ་དང་བཅས་ཏེ་གྲོལ་བའོ། །དང་པོ་ནི། གོང་ལྟར་འཁོར་འདས་གཉིས་སུ་མེད་པར་ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་རྟོགས་པས། སྤོང་བྱ་གཉེན་པོ་དང་། ཉམས་ཀྱི་རིམ་པ་མེད་པར་རྟོགས་པ་དང་གྲོལ་བ་དུས་མཉམ་པར་གསུངས་སོ། །སྙིང་པོ་དོན་གྱི་རྒྱུད་ལས། དུས་གསུམ་རྣམ་དག་རིག་པ་དབྱེར་མེད་པས། །རིག་པ་དབྱེར་མེད་གཅིག་ཏུ་ལྷུན་གྱིས་རྫོགས། །མ་བསགས་མ་སྦྱངས་ཡེ་སངས་རྒྱས་པའི་ཀློང་། །མཐའ་བྲལ་རིག་པའི་ཀློང་ལ་བསམ་ཞིང་བརྗོད་དུ་མེད། །ཡེ་ནས་ཀུན་རྫོགས་བདག་ཉིད་ལྷུན་རྫོགས་དང་། །ས་ལ་མི་བགྲོད་ལམ་ལ་མི་སྦྱོང་སྟེ། །མི་རྟོག་ཏིང་འཛིན་སྦྱོང་བ་སྒྱུ་མའི་གནད། །མ་བཙལ་རང་བཞིན་བཞག་པས་གྲུབ་པ་ཡིན། །ཞེས་པ་དང་། ཉ་མོ་འཁོར་ལོའི་རྒྱུད་ལས། མ་སྐྱེས་མི་འགག་མཉམ་ཉིད་ཀློང་། །མ་བརྩལ་མི་སྤྱོད་དགོངས་པའི་ཀློང་། །མི་བགྲོད་རིག་པས་གཅིག་ཆར་སྨིན། །འཕུར་སྐྱེས་ལྟ་བུའི་རིམ་པ་མེད། །ལམ་ལྔ་ས་བཅུ་རྟོགས་པའི་ནད། །བསྐྱེད་རྫོགས་ཏིང་འཛིན་དོན་གྱི་ནད། །བླང་དོར་རིམ་སྐྱེས་ཆད་པའི་རྒྱུ། །མཚན་འཛིན་རྣམ་རྟོག་འདམ་གྱི་ཚུལ། །ཅེས་པ་ལ་སོགས་པ་དང་། ནམ་མཁའ་ཀློང་ཡངས་ལས། དབང་པོ་རབ་ཀྱི་དོན་དུ་ནི། །བསྟན་པ་ཙམ་གྱིས་རྟོགས་པའི་ཆོས། །ཐིག་ལེ་ཉག་ཅིག་ཆོས་ཀྱི་སྐུ། །ཤེས་པ་ཙམ་གྱིས་སངས་རྒྱས་ངེས། །པ་ན་སེ་ཡི་འབྲས་བུ་བཞིན། །རྒྱུ་འབྲས་རོ་གཅིག་ཐེག་པར་འདུས། །ཞེས་པ་དང་། ཡེ་ཤེས་གཏིང་ནས་རྫོགས་པ་ལས། །རྫོགས་ཆེན་ངེས་དོན་ཨ་ཏི་ཡོ་ག་ནི། །གྲངས་དང་དུས་ལ་མི་ལྟོས་རང་བྱུང་ཐུགས། །ཆོས་སྐུ་ཅི་བཞིན་མ་ནོར་རྟོགས་པ་ཡིས། །འབྲས་བུ་སངས་རྒྱས་སྐུ་གསུམ་དུས་གཅིག་རྫོགས། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། སློབ་ཚུལ་རིམ་པ་མ་ཡིན་ཏེ། །མ་བགྲོད་ཅིག་ཆར་འཇུག་པའི་ས། །ཞེས་པ་དང་། ཀུན་བྱེད་ལས། ཀུན་བྱེད་ཆོས་ཉིད་ལས་ནི་སངས་རྒྱས་གུད་ན་མེད། །སངས་རྒྱས་མིང་དུ་བཏགས་པ་བླ་དགས་ཡིན། །ཆོས་ནི་བྱ་བ་གཞན་མེད་རང་སེམས་སྟེ། །རང་སེམས་མ་བཅོས་ཆོས་ཀྱི་སྐུ་རུ་ཤར། །ཞེས་པ་དང་། ནམ་མཁའ་མཐའ་མཉམ་ལས། འཁོར་བ་ཡེ་ནས་སངས་རྒྱས་ལ། །གཞན་དུ་བགྲོད་པའི་ཡུལ་བྲལ་བས། །ལམ་དང་ས་ལ་བགྲོད་མེད་དེ། །སེམས་ཉིད་མཐར་ཕྱིན་ལམ་གྱི་ཀློང་། །ཞེས་གསུངས་སོ། །དེས་ན་རང་སེམས་རྟོགས་པས་སངས་རྒྱ་བ་ཡིན་ཏེ། མདོ་ལས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སེམས་ཉིད་རྟོགས་པ་སངས་རྒྱས་ཏེ། །དེ་ལས་གཞན་དུ་ཡོད་མ་ཡིན། །ཞེས་པ་དང་། ཡིད་སྐྱོབ་ལས། རང་བྱུང་ཡེ་ཤེས་གཅིག་ཏུ་གནས་པ་ལ། །རྟོགས་པའི་ཡེ་ཤེས་གཅིག་ཏུ་རྟོགས་ནས་ནི། །གཉིས་མེད་གནད་དུ་ཚུད་པ་སངས་རྒྱས་ཡིན། །ཞེས་པ་དང་། ལ་ཤན་ལས། གང་གིས་དོན་འདི་མཐོང་གྱུར་ན། །དེ་བཞིན་གཤེགས་པ་ཁོ་ནའི་ཕྱིར། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་ནི། གོང་ལྟར་རྟོགས་པའི་དོན་ལ་གནས་པ་ཙམ་གྱིས་རིག་པའི་ཡེ་ཤེས་ཕྱོགས་མེད་དུ་ཤར་ཞིང་སྣང་སྲིད་ཆོས་སྐུར་ཤར། འཁོར་འདས་སྤང་བླང་མེད་པར་ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་གྲོལ་ནས་སངས་རྒྱ་བ་ཡིན་ཏེ། ནམ་མཁའ་ཀློང་ཡངས་ལས། དབང་པོ་རབ་ཀྱི་བསྒོམ་པ་ལ། །ཉམས་དང་མི་ཉམས་མེད་པའི་ཕྱིར། །འབྲལ་མེད་དོན་ལ་བཅོས་མི་དགོས། །སྤྲིན་མེད་ནམ་མཁའ་ཇི་བཞིན་ནོ། །ཞེས་པ་དང་། ངེས་དོན་འདུས་པ་ལས། རང་བྱུང་ཆོས་ཉིད་ནམ་མཁའ་འདྲ། །རང་བཞིན་ཏིང་འཛིན་སྤྲོས་མེད་གསལ། །དེ་ལ་གཉེན་པོས་བཅོས་སུ་མེད། །དེ་ཕྱིར་འབྲལ་མེད་དགོངས་པ་ཡིན། །ཞེས་པ་དང་། ཀློང་ཆེན་ལས། བསྒོམ་དང་མ་བསྒོམ་མེད་པ་རུ། །སྐད་ཅིག་འདུ་འབྲལ་མེད་པའི་ཕྱིར། །བསམ་གཏན་ཆེན་པོ་དེ་ལ་གནས། །བདེ་ཆེན་ཀློང་ན་འབྱམས་པའི་ཕྱིར། །ཀློང་འབྱམས་ཆོས་སྐུའི་དགོངས་པ་ཡིན། །ཞེས་པ་དང་། སེམས་བསྒོམ་དོན་དྲུག་པ་ལས། བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་ན། །དོན་དམ་ངང་ལ་བདེ་བར་གནས་པ་ནི། །བྱང་ཆུབ་སེམས་བསྒོམ་ཞེས་ཀྱང་དེ་ལ་བྱ། །རྟོགས་པའི་ཀློང་ཆེན་མ་ཡེངས་དོན་སྟོན་པ། །རྣམ་དག་བྱང་ཆུབ་སེམས་ཀྱི་བསྒོམ་པ་ཡིན། །ཞེས་པ་དང་། ཡིད་སྐྱོབ་ལས། བློ་ཉིད་དངོས་པོར་གྱུར་པས་བླང་བྱ་ལེན་བྱེད་མེད། །སེམས་དེ་ཆོས་ཉིད་ངང་དུ་གྱུར་ཙམ་ན། །བསྒོམ་མཁན་གང་ཡིན་བསྒོམ་རྒྱུ་ཅི་ཞིག་བསྒོམ། །ཆོས་ཉིད་ཡེ་འབྱམས་རྟོགས་ནས་མ་ཡེངས་པ། །ཡེ་འབྱམས་ཆོས་ཉིད་དགོངས་པ་ཡིན་པར་བཤད། །ཞེས་པ་དང་། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་ཉམས་སུ་བླངས་པ་ལ་བསྒོམ་དང་མ་བསྒོམ་མེད་པར་གྲོལ་ནས་སངས་རྒྱས་ཤིང་ཐུགས་རྗེ་ཕྱོགས་མེད་དུ་འཆར་བ་ཡིན་ཏེ། ཀློང་ཆེན་ལས། ཨ་ཏིའི་བསྒོམ་པ་དམིགས་གཏད་བྲལ། །བསྒོམ་ཀྱང་སྐྱོན་གྱིས་མི་གོས་ཏེ། །རང་བྱུང་རོལ་པ་རང་ལ་ཤར། །མ་བསྒོམ་མཚན་མ་རང་སར་གྲོལ། །རང་བྱུང་གཉིས་མེད་བསྒོམ་པ་ཡིན། །བསྒོམ་དུ་ཡོད་དང་མེད་པ་ཡི། །ཕྱོགས་སུ་འཛིན་པའི་མདུད་པ་བཀྲོལ། །ཞེས་པ་དང་། བཏང་སྙོམས་ངེས་འཇོག་མེད་པའི་ཕྱིར། །འཕེལ་འགྲིབ་མེད་པའི་བསམ་གཏན་ཡིན། །ཐུན་འཚམས་ཀུན་ལས་འདས་པའི་ཕྱིར། །རྒྱུན་མི་ཆད་པའི་བསམ་གཏན་ཡིན། །ཉོན་མོངས་ཟག་པར་ཟད་པས་ན། །མཐར་ཐུག་དོན་གྱི་བསམ་གཏན་ཡིན། །བདེ་ཆེན་ཀློང་དུ་ཐིམ་པས་ན། །འཕོ་འགྱུར་མེད་པའི་བསམ་གཏན་ཡིན། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། །རང་སེམས་རྟོགས་པའི་འབྲས་བུ་ལ། །བཏུད་དེ་གཅིག་ཆར་འཇུག་ནུས་ན། །བསྒོམ་པའི་ཡུན་ལ་རིང་ཐུང་མེད། །ནམ་གྲུབ་སྙམ་པའི་ཁར་མ་ལུས། །ཞེས་པ་དང་། ཁྱུང་ཆེན་ལས། སྐུ་གཅིག་ཀུན་ཏུ་ཁྱབ་པས་བསྣན་པའི་ཆོས་མེད་དེ། །མཐའ་ལ་ཐུག་པ་མེད་ཅིང་དབྱིངས་ལ་དབྲི་བ་མེད། །ཆོས་ཀྱི་རོལ་པ་ཉམ་བག་ལྷག་པའི་ཆོས་མེད་དེ། །རང་བྱུང་ཆེ་བའི་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས། །ཞེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། དེ་དག་རྩ་བ་མདོར་བསྡུས་ན། །ཉི་ཤར་མུན་སྒྲིབ་མེད་པའི་ཕྱིར། །རང་བྱུང་ཆོས་སྐུ་དོན་རྟོགས་པས། །གོལ་སྒྲིབ་ཡུལ་སེམས་གཞི་ནས་དག །དེ་ཕྱིར་རང་བྱུང་ཡེ་ཤེས་སྐུ། །དུས་གསུམ་འཕོ་འགྱུར་མེད་པའི་ཕྱིར། །འཁྲུལ་མེད་ཡང་དག་མངོན་སངས་རྒྱས། །དེ་ཕྱིར་ངེས་དོན་རྟོགས་པས་ཆོག །ཅེས་རྒྱུད་ལུང་མན་ངག་ཏུ་མ་ལས་གསུངས་སོ། །རྟོགས་པའི་ངང་ལས་སྙིང་རྗེ་ཕྱོགས་མེད་དུ་འཆར་བ་ནི། རྩེ་མོ་བྱུང་རྒྱལ་ལས། རང་བྱུང་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །སྣང་སྲིད་ཡོངས་སུ་སྙོམས་པའི་ཐུགས་རྗེ་ཅན། །འགྲོ་བའི་དཔལ་མགོན་སྣ་ཚོགས་ཀུན་ཏུ་བཟང་། །དབྱེ་བསལ་བླང་དོར་མེད་པ་གཅིག་པའི་དོན། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། འོད་གསལ་དབྱིངས་ལ་བཞུགས་བཞིན་དུ། །ཐུགས་རྗེ་མཛད་པ་ཕྱོགས་བཅུར་བདལ། །འགྲོ་བའི་བསམ་བཞིན་རེ་བ་སྐོང་། །ཡིད་བཞིན་ནོར་བུ་ལྟ་བུར་ཤར། །ཞེས་གསུངས་སོ། །འབྲིང་ནི། རྟོགས་པའི་དོན་ལ་བློ་བཞག་ཐབས་དང་། སྐྱོན་བཅོས་ཐབས་དང་ཉམས་རྟགས་བསྟན་པའོ། །དང་པོ་ནི། རྟོགས་པའི་དོན་ལ་མ་ཡེངས་རྒྱུན་ཆད་མེད་པར་གནས་པ་དང་། རྟོགས་པའི་ངང་ལས་མ་གཡོས་པར་ཅིང་སྣང་བསྒོམ་དུ་བསྟན་པ་དང་། བསྒོམ་བྱ་བསྒོམ་བྱེད་མེད་པར་ཉམས་སུ་བླང་བ་དང་། རྩོལ་མེད་རང་ལུགས་སུ་བསྒོམ་པའོ། །དེ་ལ་དང་པོ་ནི། ཡེ་ཤེས་ཀློང་དུ་ཕྱིན་པ་ལ་མ་ཡེངས་དོན་དང་མི་འབྲལ་བའི་དགོངས་པ་ཡིན་ཏེ། རྟོགས་པའི་ངང་ལ་རང་ལུགས་རྩོལ་མེད་དུ་ཉམས་སུ་བླང་བའོ། །ཡེ་ཤེས་ཀློང་ཡངས་ལས། འབྲིང་གི་རྣལ་འབྱོར་སྒོམ་པ་པོས། །ཆོས་ཀུན་ནམ་མཁའ་ལྟ་བུ་ལ། །ཅི་བཞིན་པ་ཡི་ཡེ་ཤེས་ཏེ། །བརྗོད་མེད་རྒྱུན་མི་ཆད་པར་བལྟ། །ཞེས་པ་དང་། ཀུན་བཟང་རིག་པ་རྩལ་ཤར་བའི་རྒྱུད་ལས། རིག་པའི་རྩལ་ཤར་རྣལ་འབྱོར་པས། །ཤེས་པ་ཆོས་ཀུན་རང་གསལ་ལ། །མ་ཡེངས་ཅོག་བཞག་ཉིད་དུ་བཞག །ཅེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། རང་གསལ་སྣང་བ་ཞེན་མེད་པས། །རྒྱུད་དུ་ཡོད་པའི་ཆོས་ཉིད་ལ། །མ་ཡེངས་དོན་ལ་གང་གནས་པ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་པ་དང་། གསལ་ལ་མ་ཡེངས་ཆོས་ཀྱི་སྐུ། །མ་བསྒོམ་འབྲལ་མེད་ཏིང་ངེ་འཛིན། །དམིགས་སུ་མེད་པ་ནམ་མཁའ་འདྲ། །འདུ་འབྲལ་མེད་པར་རྒྱུན་དུ་གནས། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་ནི། ཅིར་སྣང་ཅི་སྲིད་ཅི་ལྟར་ཤར་ཡང་། དགག་བསྒྲུབ་སྤང་བླང་མེད་པར་རང་བྱུང་རང་སྣང་དུ་ཉམས་སུ་བླངས་ཏེ། ངེས་དོན་འདུས་པ་ལས། ཡུལ་གྱི་མཚན་མ་ཅི་སྣང་ཡང་། །ཡིད་ཀྱིས་དགག་བསྒྲུབ་མེད་པར་ནི། །ཆོས་དབྱིངས་གདེངས་ལྡན་ངེས་དོན་ལ། །སྤྲོ་དང་བསྡུ་བའི་ཞེན་མེད་བདེ། །ཞེས་པ་དང་། ཡིད་སྐྱོབ་ལས། བདག་གཞན་འདུ་ཤེས་ངང་གིས་དབེན་པས་ན། །སྣང་སྲིད་རྡོ་རྗེ་སེམས་དཔའི་དགོངས་པ་ཡིན། །ཅི་ལྟར་ཡིན་པའི་དོན་དེ་རབ་རྟོགས་ན། །ཇི་ལྟར་རུང་རུང་སྐལ་ལྡན་ཉམས་སུ་ལོང་། །ཞེས་པ་དང་། བྱང་སེམས་བདེ་འབྱམས་ལས། ཡེ་ནས་མ་བསྒོམ་ཇི་བཞིན་གསལ་བ་ལ། །བསྒོམ་པས་གཞན་ནས་རྒྱལ་བའི་ཆོས་མི་རྙེད། །རྡོ་རྗེའི་ཉི་མ་དབྱིངས་ནས་ཤར་བ་ཡིས། །ཐམས་ཅད་ཀུན་ཀྱང་དེ་བཞིན་ཉིད་དུ་གསལ། །ཞེས་གསུངས་སོ། །གསུམ་པ་ནི། ཇི་ལྟར་སྣང་ཡང་རང་བྱུང་གི་ཡེ་ཤེས་རང་སྣང་བས་སྐྱེ་མེད་ཀྱི་ངང་སྒོམ་མམ་ཆོས་ཉིད་ངང་སྒོམ་ཡིན་ཏེ། དེ་ཡང་ཡིད་སྐྱོབ་ལས། བླང་དུ་མེད་པའི་ཉམས་བླང་འདི་ལྟ་སྟེ། །གཅིག་ཏུ་རྟོགས་ནས་བློ་དངོས་འཕྲོད་ཙམ་ན། །ཉམས་སུ་ལེན་པ་སུ་ཡིས་བླང་པ་གང་། །བློ་ཉིད་དངོས་པོར་གྱུར་པས་བླང་བྱེད་མེད། །སེམས་དེ་ཆོས་ཉིད་ངང་དུ་གྱུར་ཙམ་ན། །བསྒོམ་མཁན་གང་ཡིན་བསྒོམ་རྒྱུ་ཅི་ཞིག་བསྒོམ། །ཆོས་ཉིད་ཡེ་འབྱམས་རྟོགས་ནས་མ་ཡེངས་པ། །ཡེ་འབྱམས་ཆོས་ཉིད་དགོངས་པ་ཡིན་པར་བཤད། །ཅེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། རང་སེམས་དོན་རྟོགས་སྙིང་པོ་ཆོས་སྐུ་ལས། །བསྒོམ་བྱའི་ཡེ་ཤེས་ཆོས་སྐུ་གུད་ན་མེད། །སྔ་ཕྱི་སེམས་ཀྱི་ཡེ་ཤེས་མཐའ་བྲལ་ཕྱིར། །མ་ནོར་བསྒོམ་པ་པོ་ཡང་ག་ལ་ཡོད། །དེ་ལྟར་སྒོམ་ཆེན་སེམས་ལ་དངོས་མེད་ན། །མི་གནས་མི་རྟོག་འཇོག་པ་རྣལ་འབྱོར་མིན། །ཞེས་གསུངས་སོ། །བཞི་པ་ནི། ཅི་སྣང་རང་བྱུང་ཡེ་ཤེས་ལས་གཡོས་པ་མེད་པས། །རང་ལུགས་རྩོལ་མེད་དུ་ཉམས་སུ་བླང་སྟེ། ཀློང་ཆེན་ལས། མ་བཅོས་རྣལ་འདུག་རང་ལུགས་ལ། །ལུས་སེམས་ཁོང་ཀློང་གང་དགར་བཞག །ཤེས་པ་བག་ཡངས་རྩོལ་མེད་ལ། །བྱར་མེད་སྐྱེས་བུ་བཞིན་དུ་གནས། །གྲིམ་ཀློང་མེད་པའི་ཆོས་ཉིད་ལ། །ལུས་སེམས་གང་དགར་བཞག་པས་བདེ། །ཅེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། ཇི་བཞིན་མ་ནོར་རང་སེམས་རྟོགས་པ་ཡིས། །ལུས་ངག་མ་སྐྱེས་རྟོགས་པ་གཞི་མེད་ཕྱིར། །སྐྱིལ་ཀྲུང་དྲང་འདུག་སྨྲ་བཅད་ཁ་ན་མེད། །དེ་ཕྱིར་སེམས་ཀྱང་དངོས་མེད་རྟག་ཆད་མེད། །རྟོགས་པ་སྤངས་པས་སྒོམ་པའི་ཁར་མི་འོང་། །ཡེ་ཤེས་ལྟ་བའི་ཤུགས་ལས་བྱུང་བའི་ཕྱིར། །རྣལ་འབྱོར་དམིགས་པའི་ཤེས་པ་མ་བསྒོམ་སྟེ། །རྣམ་རྟོག་རང་སེམས་མ་བཅོས་ཡེ་ཤེས་ཕྱིར། །དེ་ལྡན་ཆེད་དུ་བསྒོམ་པ་བརྟེན་མི་དགོས། །ཞེས་པ་དང་། ངེས་དོན་འདུས་པ་ལས། མ་བཙལ་པ་ཡི་ཆོས་ཉིད་ནི། །རྟོག་དཔྱོད་མེད་ལས་སྒོམ་པ་སྟེ། །ཉམས་ནི་ཤེས་རིག་གསལ་བ་ལ། །དེ་ལ་མ་ཡེངས་བསྒོམ་པ་ཡིན། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། བྱ་བྱེད་ལམ་གྱི་འབད་རྩོལ་གྱིས། །རང་བྱུང་བྱང་ཆུབ་གེགས་ཡིན་པས། །ཤེས་པ་རྩོལ་མེད་ཡེ་ཤེས་འདི། །ལམ་གྱི་ཡེ་ཤེས་དམ་པར་གསུངས། །ཞེས་པ་དང་། ཐིག་ལེ་དྲུག་པ་ལས། ཡེ་ཤེས་རང་བྱུང་གཏན་མེད་ཆེ་བའི་སྙིང་པོ་ཉིད། །མི་གཡོ་མི་འགྱུར་བསྙད་པ་ཀུན་དང་བྲལ། །ཟིན་པའི་བདུད་རྩིས་རྩོལ་བའི་སྡུག་བསྔལ་འཇོམས། །བྱ་བྲལ་བདེ་བའི་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས། །ཞེས་པ་དང་། ཁྱུང་ཆེན་ལས། རང་བྱུང་ཡེ་ཤེས་ཀུན་ཏུ་ཇི་བཞིན་གནས། །བྱ་བྲལ་ཡུལ་ལ་མི་གནས་གཉེན་པོས་བཅོས་སུ་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་སྐྱོན་བཅོས་ཐབས་ནི། ཉོན་མོངས་པ་དང་རྣམ་པར་རྟོག་པ་དང་། བྱིང་རྒོད་དང་། བདུད་ཀྱི་བར་ཆད་དང་། མཉམ་རྗེས་སུ་འཛིན་པ་ལ་སོགས་ཇི་ལྟར་བྱུང་ཡང་། དེ་ཐམས་ཅད་སེམས་ཉིད་རང་སྣང་བས་སྐྱོན་ཡོན་དགག་བསྒྲུབ་མེད་པར་རང་སྣང་རང་གྲོལ་དུ་ཉམས་སུ་བླང་ངོ་། །སེམས་བསྒོམ་དོན་དྲུག་པ་ལས། རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །རྟོག་པ་དེ་ཉིད་ཆོས་ཉིད་ཡིན་ཤེས་ན། །ཆོས་ཀྱི་དབྱིངས་ཉིད་གཞན་དུ་བསྒོམ་མི་དགོས། །དེ་ལ་གཉེན་པོས་བཅོས་ཤིང་དགག་ཏུ་མེད། །འདི་ལྟར་དུས་གསུམ་རྣམ་པ་ཐམས་ཅད་དུ། །ཉིད་ལས་མ་ཡེངས་པ་ནི་ཆོས་ཀྱི་སྐུ། །སྟོབས་སུ་གྱུར་ན་འཇིག་རྟེན་རང་བཞིན་མེད། །ཅེས་པ་དང་། ཐིག་ལེ་དྲུག་པ་ལས། འཛིན་པས་བརྟགས་ཤིང་སྣང་བའི་ཆོས་རྣམས་ནི། །རང་གི་རྒྱན་དུ་སྣང་བས་མི་དོར་སྤོང་མི་བྱེད། །རྣམ་པ་ཅིར་ཡང་མི་དགོངས་ཐབས་ཀྱིས་དེ་ལ་རོལ། །ཀུན་དང་མི་མཐུན་ཡོངས་གྱིས་སྤོང་བའི་ཆོས། །ཉོན་མོངས་ལྔ་དང་མཚམས་མེད་ལྔ་པོ་ཡང་། །རྣམ་དག་ལམ་དེར་ཞུགས་ན་མཉམ་པའི་རྒྱལ་པོ་ཐོབ། །ཞེས་པ་དང་། རྡོ་ལ་གསེར་ཞུན་ལས། སེམས་ཀྱི་སྤྱོད་ཡུལ་ཤེས་པས་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། །རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་བསྒོམ་མོ། །ཞེས་པ་དང་། ཁྱུང་ཆེན་ལས། ཤན་པ་སྨད་འཚོང་འཚམས་མེད་ལྔ། །ཁ་ན་མཐོ་འཇིག་རྟེན་སྤོངས། །ཡོངས་སུ་རྫོགས་པ་ཆོས་ཀྱི་རྩི། །བདེ་བ་ཆེ་ལས་གཞན་མེད་དོ། །ཅེས་གསུངས་སོ། །འོ་ན་སྐྱོན་དེ་རྣམས་དངོས་པོ་རང་ཁ་མར་བཞག་གམ་ཞེ་ན། མ་ཡིན་ཏེ། དེ་ཐམས་ཅད་རང་བྱུང་གི་ཡེ་ཤེས་རང་སྣང་དུ་རྟོགས་པས་གང་ལའང་དངོས་པོ་དང་མཚན་མ་མེད་པར། མེ་འབར་བ་ལ་ཤིང་བསྣན་པ་བཞིན་དུ། ཡེ་ཤེས་ཆེན་པོའི་གྲོགས་སམ། སྐྱོན་དེ་རྣམས་རང་བྱུང་རང་ཞིར་ཉམས་སུ་བླང་ངོ་། །ནམ་མཁའ་ཀློང་ཡངས་ལས། གལ་ཏེ་བྱུང་ཚོར་རྟག་ཆད་རྣམས། །རྣམ་རྟོག་ཡེ་ཤེས་བསྐུལ་མར་ཤེས། །མི་ལ་ཤིང་བསྣན་ཇི་བཞིན་དུ། །དེ་ཙམ་ཉིད་ན་བསྒོམ་པར་གསལ། །སྒོམ་ལྔའི་ཤེས་པ་རྨུགས་གྱུར་ན། །ཉིད་གསུམ་བསྲེ་བའི་དོན་དྲན་པས། །ཆོས་ཉིད་ཡེ་ཤེས་ཀློང་དུ་བྱིང་། །བུམ་ནང་རིན་ཆེན་གསེར་དང་འདྲ། །ཞེས་པ་དང་། སྣང་བ་བཅུ་བདུན་ལས། རྟོག་མཚན་བཟང་ངན་ཉོན་མོངས་ལྔ། །ཅི་སྐྱེས་དགག་པར་མི་བྱ་ཞིང་། །དེ་དོན་དྲན་པས་འབྲང་བ་མིན། །རང་བྱུང་རང་ཞིར་ངས་སྨྲའོ། །ཞེས་གསུངས་སོ། །དེ་ལྟར་བསྒོམ་པའི་ཉམས་རྟགས་ནི། ཉམས་དང་། གདེང་དང་རྟགས་བསྟན་པའོ། །སྔ་མ་ནི། མཉམ་རྗེས་གཉིས་སུ་མེད་ཅིང་རང་གྲོལ་འཕེལ་འགྲིབ་མེད་པའི་ཉམས་དང་། ནམ་མཁའི་སྤྲིན་ལྟར་ཆོས་ཀུན་རང་བྱུང་རང་ཞི་ཡེ་ཤེས་ཆོས་སྐུར་གསལ་བའི་ཉམས་དང་། སྤང་ལ་མེ་མཆེད་པ་བཞིན་དུ་ཅི་དྲན་ཡེ་ཤེས་ཆོས་སྐུར་གསལ་བའི་ཉམས་དང་། རིན་པོ་ཆེ་གསེར་གླིང་ནས་རྡོའི་སེལ་མེད་པ་ལྟར་ཆོས་ཀུན་རང་བྱུང་ཡེ་ཤེས་ལ་གཞན་གྱི་སེལ་མེད་པར་ཉམས་སུ་མྱོང་བ་དང་། དེ་ལྟར་མ་རྟོག་པ་རྣམས་ལ་གཉིས་སུ་མེད་པའི་བྱམས་པ་དང་སྙིང་རྗེ་ཕྱོགས་རིས་མེད་པར་སྐྱེ་བར་གསུངས་སོ། །དང་པོ་ནི། ནམ་མཁའ་ཀློང་ཡངས་ལས། རང་སེམས་ལྟ་བ་རྟོགས་པ་ཡིས། །མཉམ་རྗེས་དུག་ལྔ་གཅིག་ཏུ་ཤེས། །དེ་ཚེ་ཉོན་མོངས་ཅི་སྤྱད་ཀྱང་། །ངོ་བོ་ཉིད་ལ་འཕེལ་འགྲིབ་མེད། །ཞེས་པ་དང་། ཀློང་ཆེན་ལས། བཏང་སྙོམས་རེས་འཇོག་མེད་པའི་ཕྱིར། །འཕེལ་འགྲིབ་མེད་པའི་བསམ་གཏན་ཡིན། །ཞེས་སོ། །གཉིས་པ་ནི། ངེས་དོན་ལས། དཔེར་ན་ནམ་མཁའི་སྤྲིན་བཞིན་དུ། །རང་བྱུང་རང་ཞི་གནོད་མེད་ལྟར། །རྣམ་རྟོག་རང་གྲོལ་འཛིན་མེད་ཕྱིར། །ཡེ་ཤེས་ངོ་བོ་ཆོས་སྐུར་གསལ། །ཞེས་པ་དང་། ཀློང་ཆེན་ལས། བདེ་དང་སྡུག་བསྔལ་བཏང་སྙོམས་ཀྱང་། །རང་བྱུང་རང་ཞི་ཉིད་དུ་གསལ། །རང་རིག་ཀློང་དུ་རྣམ་པར་དག །དེ་བཞིན་ཉིད་དེ་བཅོས་སུ་མེད། །ཞེས་གསུངས་སོ། །གསུམ་པ་ནི། ངེས་དོན་ལས། དཔེར་ན་དགུན་ཟླ་འབྲིང་པོ་ལ། །སྤང་ལ་མེ་མཆེད་ཇི་བཞིན་དུ། །ཅི་དྲ་ཆོས་སྐུར་འོད་གསལ་ལ། །ཐམས་ཅད་ཡེ་ཤེས་ཉིད་དུ་ཤར། །ཞེས་པ་དང་། ཀློང་ཆེན་ལས། བདེ་དང་སྡུག་བསྔལ་བཏང་སྙོམས་ཀྱང་། །རང་བྱུང་རང་ཞི་ཉིད་དུ་གསལ། །ཞེས་གསུངས་སོ། །བཞི་པ་ནི། ངེས་དོན་ལས། དཔེར་ན་རིན་ཆེན་གསེར་གླིང་དུ། །ས་རྡོ་བཙལ་གྱིས་མི་རྙེད་ལྟར། །གང་ཡང་ཆོས་ཉིད་རང་གསལ་ཕྱིར། །ཏིང་འཛིན་དག་ལས་འབྱུང་འཇུག་མེད། །འཁོར་དང་མྱ་ངན་འདས་པའི་ཆོས། །ཐམས་ཅད་ཆོས་ཉིད་གྱུར་པ་ལ། །བསྒོམ་པའི་ཐ་སྙད་བྲལ་བའི་དོན། །རང་རིག་ཡེ་ཤེས་ཉིད་དུ་གསལ། །ཞེས་པ་དང་། ཀློང་ཆེན་ལས། སྐྱེ་ཤི་འཇིག་པའི་མཐའ་མེད་པས། །བྱ་བྲལ་ཀློང་ཆེན་ནམ་མཁའི་ཀློང་། །དབྱེ་བསལ་བླང་དོར་མེད་པའི་ཕྱིར། །གསེར་གླིང་ལྟ་བུར་ཡངས་པའི་ཀློང་། །ཞེས་གསུངས་སོ། །ལྔ་པ་ནི། ཆོས་ཀུན་སེམས་ཉིད་རང་སྣང་དུ་རྟོགས་ནས། དེ་ལྟར་མ་རྟོག་པའི་སེམས་ཅན་ཐམས་ཅད་ལ་གཉིས་སུ་མེད་པའི་བྱམས་པ་དང་། སྙིང་རྗེ་ཕྱོགས་རིས་མེད་པར་སྐྱེས་ཤིང་སེམས་ཅན་གྱི་དོན་ལ་ཤིན་ཏུ་བརྩོན་པར་འབྱུང་བར་གསུངས་སོ། །རྩེ་མོ་བྱུང་རྒྱལ་ལས། དེ་ལྟར་དེ་བཞིན་ཆོས་ཀྱི་དབྱིངས་རིག་ནས། །མ་རིག་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས། །སྙིང་རྗེ་སྐྱེས་ནས་སྒྱུ་མའི་ཏིང་འཛིན་གྱིས། །འགྲོ་དོན་ཐབས་ཀྱི་སྤྱོད་པའང་སྣ་ཚོགས་སྟོན། །ཞེས་པ་དང་། ཀློང་ཆེན་ལས། ཁྱབ་པའི་སྙིང་རྗེ་རྒྱུན་ཆད་མེད། །བརྩེ་བའི་ཕྲིན་ལས་རྒྱུན་ཆད་མེད། །ཅེས་པ་དང་། མདོ་བཅུ་ལས། ཡེ་ཤེས་སྤོང་ལེན་མེད་པར་ངེས། །སྙིང་རྗེ་ཕྱོགས་རིས་མེད་པར་ངེས། །ཅེས་པ་དང་། ཡང་། སེམས་ཉིད་རྫོགས་པའི་བྱང་ཆུབ་སེམས། །སྤྲོས་དང་བྲལ་བའི་རང་བཞིན་གྱིས། །དངོས་པོ་མཚན་མ་ཅིར་མི་མཛད། །དེས་ན་སྙིང་རྗེ་ཕྱོགས་རིས་མེད། །ཞེས་གསུངས་སོ། །རྟོགས་ཤིང་ཉམས་སུ་མྱོང་བའི་གདེང་དང་ལྡན་པ་ནི། ནམ་མཁའ་ཀློང་ཡངས་ལས། རྟོགས་ཆེན་གདེང་ལྡན་རྣལ་འབྱོར་པས། །ཅི་སྤྱད་སངས་རྒྱས་ཡེ་ཤེས་ཐུགས། །མི་ལུས་རིན་ཆེན་འདི་ཉིད་ལ། །ལྷ་མིས་ཕྱག་འཚལ་མཆོད་པར་འགྱུར། །ཞེས་པས། བསམ་གཏན་ཉམས་ཀྱི་གདེང་རྟགས་དང་། ཆགས་སྡང་རང་སར་གྲོལ་བའི་གདེང་རྟགས་དང་། མི་མཐུན་གཉེན་པོ་ཐེད་པའི་གདེང་རྟོགས་དང་། ཐེ་ཚོམ་སྒྲོས་འདོགས་ཆོད་པའི་གདེང་རྟགས་དང་། བདེ་སྡུག་རྩ་བ་ཆོད་པའི་གདེང་རྟགས་དང་། འཕོ་འགྱུར་རེ་དོགས་མེད་པའི་གདེང་རྟགས་ལ་སོགས་པའོ། །དང་པོ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་ཤིང་ཉམས་སུ་མྱོང་བས། ཡིན་མིན་གཉིས་སུ་མེད་ཅིང་ཡུལ་སེམས་དབྱེར་མེད་དུ་གྲོལ་བར་གསུང་ཏེ། ནམ་མཁའ་ཀློང་ཡངས་ལས། རང་བཞིན་དག་པའི་ངོ་བོ་ལས། །མིང་གི་ཐ་སྙད་འཛིན་མེད་པས། །ཡུལ་ལ་མི་ཞེན་རང་སར་གྲོལ། །བསམ་གཏན་རྩོལ་མེད་ཉམས་ཀྱི་གདེངས། །ཞེས་པ་དང་། ཀློང་ཆེན་ལས། ཚོགས་དྲུག་རང་སར་གྲོལ་བའི་ཕྱིར། །མཚན་མའི་རྟོག་པ་ཟིལ་གྱིས་གནོན། །སྣང་བ་རྒྱ་ཡན་ཡིན་པའི་ཕྱིར། །འདུ་འཕྲོ་བྱང་ཆུབ་སེམས་ཀྱི་རྩལ། །ཞེས་གསུངས་སོ། །གཉིས་པ་ནི། བྱམས་པའི་གཉེན་དང་། གནོད་སྐྱེལ་གྱི་དགྲ་དང་འཕྲད་ཀྱང་ཆགས་སྡང་གི་རྟོག་པ་མི་སྐྱེ་བའམ། སྐྱེས་ཀྱང་རང་བྱུང་ཡེ་ཤེས་སུ་གསལ་ཐེབས་ཤིང་གྲོལ་བར་གསུངས་ཏེ། ནམ་མཁའ་ཀློང་ཡངས་ལས། ཕན་གནོད་བྱེད་པ་གང་འཕྲད་ཀྱང་། །བྱམས་སྡང་གཉིས་ནི་སྐྱེས་པའི་ཚེ། །མཉམ་ཉིད་རིག་པས་གསལ་ཐེབས་ན། །བློ་དངོས་གཉིས་མེད་ཉམས་ཀྱི་གདང་། །ཞེས་པ་དང་། ཀློང་ཆེན་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་། །བདེ་བ་ཆེན་པོའི་རྒྱན་ཡིན་པས། །ཆགས་སྡང་རྩད་ནས་བཅད་དུ་མེད། །ཅེས་གསུངས་སོ། །གསུམ་པ་ནི། སྲོག་གཅོད་པའི་གཤིན་རྗེ་ལ་སོགས་པ་དང་། རྒྱལ་བ་ཀུན་ཏུ་བཟང་པོ་ལ་སོགས་པའི་ཞོ་མཐོང་ཡང་། མཉམ་ཉིད་རང་སྣང་དུ་རྟོགས་པས་སྤོངས་ལེན་རེ་དོགས་མེད་པ་ནི་ལྟ་བ་གདེང་དུ་གྱུར་པའི་རྟགས་ཡིན་ཏེ། ནམ་མཁའ་ཀློང་ཡངས་ལས། ཀུན་བཟང་གཤིན་རྗེ་གང་འོང་ཀྱང་། །གཞི་ལ་མེད་ཅིང་འཁྲུལ་པར་རྟོགས། །གཉིས་ཀ་སྤོང་ལེན་མེད་རྟོགས་ན། །ལྟ་བ་གདེང་ལྡན་ཉམས་ཀྱི་གདེང་། །ཞེས་པ་དང་། ཀློང་ཆེན་ལས། མི་མཐུན་གཉེན་པོ་དབྱེར་མེད་པས། །གཅིག་གི་ཀློང་དུ་རབ་ཏུ་ཐིམ། །ཞེས་གསུངས་སོ། །བཞི་པ་ནི། བཀའ་བསྟན་བཅོས་ལ་སོགས་པ་ཐམས་ཅད། རྒྱུད་ལུང་མན་ངག་ལ་སོགས་པ་སྨོས་ཅི་དགོས། རྒྱལ་བ་ཉིད་ཀྱིས་དངོས་སུ་བྱོན་ནས་གསུང་ཀྱང་ཐེ་ཚོམ་དྲི་རྒྱུ་མེད་ཅིང་ཆོས་བཟང་ངན་མི་འབྱེད་པར་འོང་སྟེ། ནམ་མཁའ་ཀློང་ཡངས་ལས། དེ་བཞིན་ཉིད་དུ་ཐག་ཆོད་པས། །བཟང་ངན་སྒྲོ་སྐུར་མེད་རྟོགས་ན། །ཆོས་ལ་བཟོད་པ་ཐོབ་པའི་གདེང་། །ཞེས་པ་དང་། ཀློང་ཆེན་ལས། རང་སེམས་ཚད་མ་གདེངས་ལྡན་པས། །མི་འབྱུང་དོན་གྱི་གཡུང་དྲུང་ཡིན། །ཞེས་གསུངས་སོ། །ལྔ་པ་ནི། ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་ལ་སོགས་པ་ཇི་ལྟར་བྱུང་ཡང་། སྐྱོན་ཡོན་བླང་དོར་མེད་པར་རྟོགས་པ་འོང་སྟེ། ནམ་མཁའ་ཀློང་ཡངས་ལས། ལུས་ཀྱི་བདེ་སྡུག་ཅི་བྱུང་ཡང་། །སྐྱོན་ཡོན་མེད་པའི་དོན་དྲན་ན། །སྔ་ཕྱི་མ་བསླད་དོན་དྲན་པས། །ཆོས་ཉིད་རང་གསལ་ཉམས་ཀྱི་གདེངས། །ཞེས་པ་དང་། ཀློང་ཆེན་ལས། སྐྱོན་ཡོན་བདེ་སྡུག་འཁོར་འདས་ཆོས། །མཁའ་རླུང་བར་སྣང་སྤྲིན་བཞིན་དུ། །རང་བྱུང་རང་ཞི་ཀློང་དུ་གྲོལ། །ཞེས་གསུངས་སོ། །དྲུག་པ་ནི། རང་བྱུང་ཡེ་ཤེས་ལ་སྐྱེ་འཆི་འཕོ་འགྱུར་མེད་པར་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པས། སྐྱེ་ཤི་ལ་ཉམ་ང་མེད་ཅིང་འཁོར་འདས་ལ་རེ་དོགས་མེད་པར་རྟོགས་པའི་གདེངས་དང་ལྡན་པ་ཡིན་ཏེ། ནམ་མཁའ་ཀློང་ཡངས་ལས། སེམས་ལ་སྐྱེ་ཤི་མེད་པའི་ཕྱིར། །འཇིག་རྟེན་གནས་ནི་གང་འདུག་ཀྱང་། །སྐྱེ་འགག་མེད་པའི་དོན་ལ་གནས། །འབྲལ་མེད་དགོངས་པ་ཉམས་ཀྱི་གདེངས། །ཞེས་པ་དང་། ཀློང་ཆེན་ལས། བྱང་ཆུབ་སེམས་ལ་སྐྱེ་བ་མེད། །འཆི་བའི་ལམ་ཀྱང་གཅད་དུ་མེད། །མ་བཅད་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་འཆི་བ་མེད། །སྐྱེ་ཤི་མེད་པའི་བདུད་རྩི་འདི། །རང་ལ་གནས་པས་བཙལ་མི་དགོས། །ཞེས་གསུངས་སོ། །དེ་ལྟར་རྟོགས་ཤིང་གོམས་པས་ཉམས་ཀྱི་རིམ་པ་མེད་པར་སངས་རྒྱ་བ་ཡིན་ཏེ། ནམ་མཁའ་ཀློང་ཡངས་ལས། མཉམ་པའི་དོན་ལ་ཡེ་ནས་པས། །འབྲས་བུ་རིག་པ་ད་ལྟ་ཉིད། །དེ་ཉིད་མ་བརྗེད་དོན་ལྡན་པས། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་པ་དང་། ཀློང་ཆེན་ལས། རང་བྱུང་ཡེ་ཤེས་སྐུ་མཉེས་པས། །མཐའ་རྣམས་ཀུན་གྱིས་མི་ནུབ་ཕྱིར། །རྒྱ་མཚན་ནོར་བུ་རིན་པོ་ཆེ། །ཁྱད་པར་འཕགས་པ་མཆོག་གི་ལམ། །བླ་མེད་བདེ་གཤེགས་རྣམས་ཀྱི་ཐུགས། །ཞེས་གསུངས་སོ། །ཐ་མ་ནི། གདམ་ངག་གིས་ངོ་སྤྲད་ལའང་རྟོགས་པའི་དོན་ལ་བཞག་ཐབས་དང་། སྐྱོན་བཅོས་ཐབས་དང་། ཉམས་རྟགས་སོ། །དང་པོ་ནི། སྙན་རྒྱུད་ཞལ་གྱི་གདམས་པས་ངོ་སྤྲད་ཅིང་ཁྲིད་བྱ་བ་ནི། ཞལ་ལས་ཤེས་པར་བྱའོ། །དེ་ནས་རིག་པ་སྣ་ཁ་ཟིན་ཞིང་བསྒོམ་གྱི་དམིགས་ཤེས་ནས་ངོ་སྤྲད་ཅིང་རྟོགས་པའི་དོན་ལས་མ་ཡེངས་རྒྱུན་བསྲིང་ནས་ཉམས་སུ་བླང་བར་བྱ་སྟེ། ནམ་མཁའ་ཀློང་ཡངས་ལས། ཐ་མ་རྣལ་འབྱོར་སྒོམ་པ་པོས། །སྔ་ཕྱི་མེད་པའི་གཉུག་མ་ལས། །མ་འཕྲོས་མ་བྱིང་རང་ལུགས་ཙམ། །དེ་ལ་རྒྱུན་དུ་མ་ཡེངས་བསྒོམ། །ཞེས་པ་དང་། ངེས་དོན་འདུས་པ་ལས། ཡང་དག་ཆོས་སྐུ་འདུས་པ་འདི། །རང་ལ་ཡོད་ཀྱི་གཞན་མ་ལྟ། །ཆོས་ཉིད་ངང་ལ་ཐུན་མ་གཅོད། །ལྟ་བའི་རྒྱུན་ལ་བརྗེད་མ་ངས། །བསྒོམ་པའི་ངང་ལ་དྲན་མ་གསལ། །སྤྱོད་པའི་ཆོས་ལ་བཅོས་མ་སླད། །དམ་ཚིག་གཞུང་ལ་མཚུར་མ་རྐྱེན། །འབྲས་བུའི་ཆོས་ལ་རྟགས་མ་རིང་། །ཞེས་གསུངས་པས། དེ་རྣམས་ཀྱི་དོན་ངོ་སྤྲད་ལ་ཉམས་སུ་བླང་ངོ་། །གཉིས་པ་སྐྱོན་བཅོས་ཐབས་ནི། སྐྱོན་དང་། དེ་བཅོས་པའི་ཐབས་སོ། །དང་པོ་ནི། སྤྱིར་བློ་ཆུང་བ་གཅིག་ལ་མཐོ་ཡོར་གླང་རྙིང་ལ་སོགས་པ་སྒོམ་ཆེན་གྱི་སྐྱོན་དྲུག་དང་། བྱུང་ཚོར་དབང་གིས་གཡེང་བ་ལ་སོགས་པ་བསམ་གཏན་གྱི་སྐྱོན་དྲུག་དང་། རྟོག་པ་ཕྲ་རགས་ལ་སོགས་པ་སྐྱོན་བཅུ་དང་། བྱིང་རྒོད་ལ་སོགས་པའི་སྐྱོན་དྲུག་གོ། །དེ་རྣམས་རྒྱས་པར་མ་ཧཱ་དང་ཨ་ནུའི་སྐབས་ནས་བཤད་པ་དང་ཡང་མཐུན་ལ་གུད་ལས་ཤེས་པར་བྱའོ། །གཉིས་པ་དེ་རྣམསཀྱི་བཅོས་ཐབས་ནི། རྒྱས་པར་མ་ཧཱ་དང་ཨ་ནུའི་སྐབས་བཞིན་དང་། འདི་ཡང་གུད་ནས་སྟོན་ཅིང་ཞལ་གྱི་གདམས་པ་ལས་ཤེས་པར་བྱའོ། །ཉམས་རྟགས་ནི། ཉམས་རིམ་བཞིན་ཤེས་པར་བྱ་སྟེ། ཉམས་རིམ་བཞི་པ་ལས། དང་པོར་གནས་པའི་ཏིང་ངེ་འཛིན། །གཉིས་པ་ལ་ནི་མི་གཡོ་བ། །གསུམ་པ་མཉམ་པ་ཉིད་དུ་སྦྱོར། །བཞི་པ་ཡེ་ཤེས་ལྷུན་གྱིས་གྲུབ། །ཅེས་པས། གནས་པའི་ཉམས་དང་། མི་གཡོ་བའི་དང་། མཉམ་པ་ཉིད་ཀྱི་དང་། ལྷུན་གྱིས་གྲུབ་པའི་ཉམས་རྟགས་སོ། །སྔ་མ་ལ་ལྔ་སྟེ། གནས་པའི་ངོ་བོ་དང་། དཔེ་དང་། དྲོད་རྟགས་དང་། རྨི་ལམ་དང་། ཉམས་གོང་མ་ལ་སྦྱོར་ཚུལ་ལོ། །ངོ་བོ་ནི། རྟོག་པའི་ངང་ལས་རིག་པ་ཕྱི་ནང་མེད་པར་གསལ་བའི་ངང་དུ་ཤེས་པ་རྩེ་གཅིག་ཏུ་གནས་པའོ། །དེ་ཡང་ངོ་བོ་ཉིད་ཀྱིས་བདེ་བ། རང་བཞིན་གྱིས་གསལ་བ། གཉིས་སུ་མེད་པ་ཐག་ཆོད་པའོ། །རྗེས་ལ་དྲན་པས་མ་ཟིན་ཙམ་ན་ཨ་འཐས་བཏང་སྙོམས་སུ་བལྟས་ལ། དྲན་པས་ཟིན་པས་རྣམ་རྟོག་རྗེས་སྙེགས་ཤིང་ཕྲང་ཆོམ་པར་གསུངས་སོ། །དཔེ་ནི། ཆུ་བོ་དལ་དྲག་དང་འདྲ་སྟེ། དང་པོ་རྣམ་རྟོག་མང་ཞིང་ཅུང་ཟད་གནས་པ་དང་། དེ་ནས་ཐུན་ཕྱེད་ཙམ་དུ་དང་། དེ་ནས་ཐུན་རེ་ཙམ་དུ་གནས་པར་གསུངས་སོ། །རྟོགས་པའི་ཡེ་ཤེས་དུམ་བུ་བར་འཆར་ཞིང་ཡིད་ཆེས་པའི་དཔེ་ནི། སྤྲིན་བར་གྱི་ཉི་མ་འདྲ་བ་སྐབས་སུ་རིག་པ་ཕྱི་ནང་མེད་པ་ཡེ་ཤེས་རང་གསལ་དུ་རྟོགས་ཏེ། ངེས་ཤེས་ལྷག་ལྷག་སྐྱེ་བ་འོང་ངོ་། །དཔེ་ནི་ཆུ་དྲག་དལ་འབབ་དང་། སྤྲིན་བར་ཉི་འདྲ་གསལ་ཡིད་ཆེས། །ཞེས་གསུངས་སོ། །དྲོད་རྟགས་དང་རྨི་ལམ་ནི། འདིའི་སྐབས་སུ་གཡོ་ཐོབ་ཙམ་དུ་འབྱུང་སྟེ། རྒྱས་པར་འོག་ནས་སྟོན་ནོ། །ཉམས་གོང་མ་ལ་སྦྱོར་ཚུལ་ནི། ཉི་མ་གཅིག་ལ་ཆ་བཅུར་བྱེ་བའི་དགུར་ཐ་མལ་དུ་འཆོར་ཞིང་། གཉིས་ཙམ་མམ་བཅུ་ཆ་ཙམ་རེ་རིག་པའི་ཡེ་ཤེས་རང་གསལ་བའོ། །དེ་ནས་འཁྲུལ་པ་ཇེ་ཆུང་ཇེ་སངས་ཡེ་ཤེས་ཇེ་གསལ་ཇེ་མང་ཇེ་བརྟན་དུ་འགྲོ་བར་གསུང་ཏེ། གཞུང་མི་གཡོ་བའི་ཉམས་མཐར་ཕྱིན་ཙམ་ན། འཁྲུལ་པའི་སེལ་མེད་པར་རྟོགས་པའི་ཡེ་ཤེས་སུ་ཧྲིལ་དེར་གྱུར་ཏེ། དེ་ཉིད་དུ་སངས་རྒྱས་པའང་འབྱུང་བར་གསུངས་སོ། །མ་རྒྱས་ན་མཉམ་པ་ཉིད་ཀྱི་ཉམས་འཆར་བར་གསུང་ཏེ། ཡིད་སྐྱོབ་ལས། དང་པོ་རྟོགས་པའི་རང་བྱུང་ཡེ་ཤེས་དེ། །ཉི་མ་གཅིག་ལ་ཆ་བཅུར་གནས་པ་ལས། །ཆ་གཅིག་ཡེ་ཤེས་ཆ་དགུ་ཐ་མལ་ཏེ། །རིམ་གྱིས་མ་སྤངས་མ་བསྒྲུབས་དགུ་དགག་བཅུར་གནས་པ། །གསང་སྔགས་འབྲས་བུ་ཐོབ་ཚུལ་དེ་ལྟར་ཐོབ། །ཅེས་གསུངས་སོ། །དེ་ལྟར་གནས་པའི་ཆ་ལས། ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པ་དང་། ཀུན་བརྟགས་ཀྱི་སྒྲིབ་པ་འབྲིང་གྲོལ་ནས་མི་གཡོ་བའི་ཉམས་ཐོབ་པར་གསུངས་ཏེ། ཉམས་སྒྲོན་ལས། ཉོན་མོངས་ཀུན་བརྟགས་འབྲིང་བཅོམ་ནས། །བརྟན་པའི་ཆ་ལས་མི་གཡོ་ཐོབ། །ཞེས་པ་དང་། སྣང་བ་བཅུ་བདུན་པ་ལས། དེ་དག་གཡོ་དང་གོམས་བརྟན་ནས། །རིམ་བྱུང་གསང་བའི་དངོས་གྲུབ་མྱུར། །ཞེས་གསུངས་སོ། །མི་གཡོ་པའི་ཉམས་ལ་ཡང་གོང་བཞིན་ལྔ་སྟེ། །ངོ་བོ་ནི། ཅིར་སྣང་རིག་པའི་ཡེ་ཤེས་སུ་གསལ་བའི་ངང་ལས། ཡིད་འབྱུང་འཇུག་མེད་པར་ཉིན་ཞག་ཙམ་དུ་གནས་པར་གསུངས་ཏེ། ཉམས་རིམ་བཞི་པ་ལས། ཇི་སྲིད་མཉམ་པར་བཞག་པའི་ཚེ། །སྐྱོན་གྱི་རྣམ་པ་གང་འགོག་ནས། །རང་བྱུང་ཡེ་ཤེས་དྲོད་དང་ལྡན། །ཉིན་མཚན་འདས་ཀྱི་བར་དུ་གནས། །ཞེས་གསུངས་སོ། །རྗེས་ཤེས་ནི་དྲན་པས་མ་ཟིན་ཙམ་ན་ཨ་འཐས་ཞིག་ཅིང་ཤེས་པ་བཏང་སྙོམས་སུ་གནས་ལ། དྲན་པས་ཟིན་ཚད་རྣམ་རྟོག་ཐུག་འཕྲད་རང་གྲོལ་དུ་འགྲོ་བར་གསུངས་སོ། །དཔེ་ནི། གཡོ་འགུལ་མེད་པ་རྒྱ་མཚོ་ལྟ་བུ་དང་། མི་རྟོག་རང་གསལ་མར་མེ་ལྟ་བུ་དང་། མ་གོས་རྣམ་དག་པད་མ་ལྟ་བུ་ལ་སོགས་པ་འབྱུང་བར་གསུངས་ཏེ། མི་རྟོག་ཐིག་ལེའི་ངང་ལ་གནས་པ་ནི། །མི་བསྐྱོད་དྭང་བའི་རྒྱ་མཚོ་ཆེན་པོ་དང་། །མི་གཡོ་གསལ་བ་ཏིལ་གྱི་མར་མེ་འདྲ། །ཅེས་གསུངས་སོ། །དྲོད་དང་རྟགས་གཉིས་ལས། དྲོད་ནི་ཉམས་སྒྲོན་ལས། དྲོད་ནི་ཤིང་བལ་ལྟར་ཡང་དང་། །ལུས་ཀྱི་བཟོད་པ་ཆེ་ཐོབ་དང་། །ཁམས་སྙོམས་རང་ལུས་བདེ་བ་རྒྱས། །འགྱུ་བ་ཆད་དང་ཐུན་འཚམས་བྲལ། །ཞེས་གསུངས་པས་དེའི་དོན་རྒྱས་པར་དགྲོལ་ལོ། །རྟགས་ནི། མཐུན་པ་ལམ་གྱི་རྟགས་དང་། ལུང་མ་བསྟན་ཐུན་མོང་གི་རྟགས་དང་། བར་ཆད་བདུད་ཀྱི་རྟགས་སོ། །སྔ་མ་ནི། སེམས་ལ་སྐྱེ་ཤི་མེད་པར་རྟོགས་ཤིང་ཉམས་སུ་མྱོང་བས་འཆི་འཕོ་ལ་ཉམ་མི་ང་ཞིང་འཁོར་བའི་ཁམས་ལ་སྐྱོ་བ་མེད་པ་དང་། ཉོན་མོངས་པ་དང་ཆོས་བརྒྱད་ཤིན་ཏུ་ཆུང་ཞིང་སྙོམས་པ་དང་། འཁྲུལ་པ་ལ་ཡ་མཚན་དང་སྙིང་རྗེ་སྐྱེ་བ་ལ་སོགས་པ་ཡོན་ཏན་དུ་མ་འབྱུང་བར་གསུང་ཏེ། རྟགས་ནི་དུས་གསུམ་གཅིག་རྟོགས་པས། །འཕོ་འགྱུར་མཐོང་ལ་ཉམ་མི་ང་། །འཁྲུལ་པའི་ཁམས་ལ་སྐྱོ་བ་མེད། །ཞེས་པ་དང་། སྣང་བ་བཅུ་བདུན་པ་ལས། ལུས་ཀྱིས་བཟོད་པ་ཐོབ་པ་དང་། །ཆོས་བརྒྱད་སྤངས་ལེན་མེད་པ་དང་། །གང་ལའང་ཉོན་མོངས་མི་སྐྱེ་ན། །འདི་ཡང་ས་ལ་འགྲོ་བའི་རྟགས། །ཞེས་གསུངས་སོ། །གཞན་ཡང་རྟོགས་པའི་དོན་དང་ལྡན་པས། གང་ལ་ཡང་ཉམ་ང་རེ་དོགས་མེད་པ་དང་། སྤྱོད་ལམ་རྣམ་བཞིར་དོན་དང་མི་འབྲལ་ཞིང་། བག་ཆགས་ཀྱི་འོལ་ཁ་བསྒྱུར་བ་དང་། གང་ལྟར་བསམ་པ་ལྟར་འབྱུང་ཞིང་ཅིར་སྣང་རིག་པའི་ཡེ་ཤེས་ལས་མི་འདའ་ན། གོམས་པ་ལས་སུ་རུང་བའི་རྟགས་ཡིན་ཏེ། ཅི་སྤྱོད་དོན་ལས་མི་ཉམས་ན། །གོམས་པ་ལས་སུ་རུང་བའི་རྟགས། །ཞེས་གསུངས་སོ། །གཞན་ཡང་མངོན་ཤེས་དྲུག་ལ་སོགས་པ་འབྱུང་ཞིང་ཆོ་འཕྲུལ་བཞི་ཡང་གཡོ་ཐུབ་ཙམ་དུ་འབྱུང་བར་གསུངས་སོ། །མངོན་པར་ཤེས་པ་དྲུག་སྣང་བའང་། །ཞེས་པ་ལ་སོགས་པ་དང་། རྫུ་འཕྲུལ་ཆོས་སྟོན་ཀུན་བརྗོད་དང་། །རྗེས་བསྟན་ལ་སོགས་གཡོ་ཐོབ་འབྱུང་། །ཞེས་གསུངས་སོ། །ལུང་མ་བསྟན་ཐུན་མོང་གི་རྟགས་ནི། རིག་པ་དྭངས་ཤིང་རྩ་གནས་སུ་རླུང་སོང་བ་དང་། previous hit སེམས་ཉིད་ཅིར་ཡང་འཆར next hit་བས། མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། མ་ཀི་དམའ་ན་རག་དམྱལ་བ་ཡན་ཆད་ཀྱི་སྣང་ཚུལ་ལ་འདི་མི་འཆར་བྱ་བ་མེད་པར་འཆར་བར་གསུང་ཏེ། ཉམས་སྒྲོན་ལས། གཞན་ཡང་རླུང་ཟིན་བག་ཆགས་དང་། །སེམས་ཉིད་ཕྱོགས་མེད་རང་སྣང་ཕྱིར། །ངན་སོང་གནས་གསུམ་སྡུག་བསྔལ་དང་། །འདོད་ཁམས་ལྷ་མའི་སྣང་ཚུལ་དང་། །གཟུགས་ཁམས་གཟུགས་མེད་བསམ་གཏན་དང་། །སྐྱེད་མོས་ཚལ་དང་གཞལ་ཡས་ཞིང་། །ཉམས་ཀྱི་སྣང་བ་ཅིར་ཡང་འཆར། །ཞེས་གསུངས་སོ། །གཞན་ཡང་སྨྲིག་རྒྱུ་ལྟ་བུ་ལ་སོགས་པ་རླུང་རྟགས་ལྔ་དང་། མེ་ལོང་སྐར་མདས་བརྒྱན་པ་ལ་སོགས་པ་ཤུགས་སྣང་བརྒྱད་དང་། སྤྲུལ་པ་གྲངས་མེད་འགྱེད་པ་ལ་སོགས་པ་བདུད་ཀྱི་སྤྱོད་ཡུལ་བཅོ་བརྒྱད་དང་། ཡི་དམ་ལྷ་ཡི་ཞལ་མཐོང་བ་དང་། ལུང་སྟོན་པ་ལ་སོགས་པ་མཐོང་སྣང་བསམ་གྱིས་མི་ཁྱབ་པར་འབྱུང་བར་གསུངས་སོ། །མཐོང་སྣང་དེ་རྣམས་རང་སྣང་གི་འཆར་ལུགས་ཡིན་པ་ལ་བདུད་དུ་འགྲོ་བ་དང་། ལུང་མ་བསྟན་དུ་ལྟ་བ་དང་། ལམ་དུ་འགྲོ་བའི་བྱེ་བྲག་ཤེས་པར་བྱ་སྟེ། སྔ་མ་ནི། རང་སྣང་དུ་མ་ཤེས་པར་བདེན་པར་བཟུང་སྟེ་སྐྱོན་ཡོན་གཉིས་སུ་ལྟ་བ་དང་། ཉམས་ཚོད་མ་ཟིན་པར་སངས་རྒྱས་ཀྱི་ཞིང་ཁམས་མཐོང་བ་ལ་སོགས་པ་ལ་བདེན་པར་བཟུང་ནས་བཟང་པོར་རློམ་པ་ནི་བདུད་དུ་སོང་བའོ། །གཉིས་པ་སྐྱོན་ཡོན་གང་དུ་ཡང་མ་ཤེས་པར་བཏང་སྙོམས་སུ་ལུས་པ་ནི་ལུང་མ་བསྟན་པའོ། །གསུམ་པ་ནི། མཐོང་སྣང་དེ་རྣམས་རང་སྣང་དུ་ཤེས་པས་སྐྱོན་ཡོན་རེ་དོགས་མེད་པ་དང་། རང་གི་ཉམས་ཚོད་ཟིན་པས་དེ་དག་གི་བྱེ་བྲག་ཤེས་ཤིང་བདེན་འཛིན་རློམ་སེམས་མེད་པའོ། །ཉམས་ཚོད་ཟིན་པ་ནི། ཟག་པ་གསུམ་དང་མ་བྲལ་གྱི་སྐབས་སུ། ཉམས་ཇི་ལྟར་མཐོང་ཡང་མི་གཡོ་བའི་ཉམས་ལས་མ་འདས་པས། གོང་གི་མཐོང་སྣང་དེ་རྣམས་ཀྱང་ཉམས་སྣང་ཙམ་ལས་དངོས་སུ་མཐོང་བ་མིན་པར་ཤེས་པར་བྱའོ། །དངོས་སུ་ཡི་དམ་ལྷ་ཉམས་དང་རྨི་ལམ་དུ་ཞལ་མཐོང་ཞིང་སྒྲ་བརྙན་དུ་གསུང་ཐོས་པ་ལ་སོགས་པ་ལས་མི་འོང་བར་གསུང་པས། དེ་རྣམས་ཀྱང་བདུད་དང་ཤན་དབྱེ་བ་ཤིན་ཏུ་གཅེས་པར་གསུང་པས་བྱེ་བྲག་ཤེས་པར་བྱའོ། །རྨི་ལམ་ནི། སྒྲེན་མོར་བྱུང་ནས་ཁྲུས་བྱེད་པ་ལ་སོགས་པ་སྒྲིབ་པ་དག་པའི་ལྟས་བརྒྱད་དང་། མུན་ཁུངས་འདམས་ནས་ཐོན་པ་ལ་སོགས་པ་ངན་སོང་ནས་ཐོན་པའི་ལྟས་བརྒྱད་དང་། རང་ལས་འོད་བྱུང་ནས་སྣང་སྲིད་གསལ་བ་ལ་སོགས་པ་བདེན་པ་མཐོང་བའི་ལྟས་དང་། གཞན་ཡང་ཡི་དམ་ལྷའི་ཞལ་མཐོང་ལུང་སྟོན་པ་ལ་སོགས་པའི་རྨི་ལྟས་བསམ་གྱིས་མི་ཁྱབ་པ་འབྱུང་བར་གསུངས་སོ། །དེ་ཡང་བདུད་དུ་འགྲོ་བ་དང་ལམ་དུ་འགྲོ་བའི་བྱེ་བྲག་ནི་གོང་བཞིན་ཤེས་པར་བྱའོ། །བདུད་ཀྱི་རྟགས་ནི། དུས་མ་ཡིན་པར་ཞལ་མཐོང་གསུང་ཐོས་པ་ལ་སོགས་པ་དང་། འཁོར་སློབ་དང་ཟིང་ཟིང་གིས་གཡེང་བ་བསྐྱེད་ནས། ང་རྒྱལ་དང་ཆགས་སྡང་ལ་སོགས་པའི་ཆོས་བརྒྱད་འཕེལ་ཏེ། འཇིག་རྟེན་གྱི་སྤྱོད་པ་དང་སྣང་བ་ལ་ཆགས་པའོ། །དེ་རྣམས་ཉམས་ཀྱང་གོང་བཞིན་ཚོད་ཟིན་པར་བྱ་ཞིང་འཁོར་བའི་ཕྱོགས་ལས་བློ་བཟློག་ལ། དད་པ་བརྟན་པོ་དང་བརྩོན་འགྲུས་དྲག་པོས་ཉམས་སུ་བླང་ངོ་། །ཧྲིལ་དྲིལ་ན་གོང་གི་རྟགས་དེ་རྣམས་རང་གི་ཉམས་ཚོད་ཟིན་པ་དང་། རང་བྱུང་རང་སྣང་དུ་ཤེས་པར་བྱས་ལ་དགག་བསྒྲུབ་རེ་དོག་མེད་པར་ཉམས་སུ་བླང་ངོ་། །འཕྲང་གསལ་རྟགས་མཚན་ལ་སོགས་ཀྱིས། །སྒོ་དྲུག་མཚན་མ་ཅི་སྣང་ཡང་། །མ་སྐྱེས་རིག་པ་རང་སྣང་བས། །རང་བྱུང་རང་ཞི་རང་དགར་བཞག །ཅེས་པ་དང་། སྣང་བ་བཅུ་དུན་པ་ལས། ཕྱི་ནང་རྟགས་ཀྱི་རིམ་པ་རྣམས། །སྐྱེས་ཀྱང་དགའ་བྲོད་སེམས་མི་འབྱུང་། །མེད་ཀྱང་དེ་ལ་མི་དགའ་མེད། །ཅེས་པ་ལ་སོགས་པ་གསུངས་སོ། །ཉམས་གོང་མ་ལ་སྦྱོར་ཚུལ་ནི། མི་གཡོ་བའི་ཉམས་ལའང་གཡོ་ཐོབ་གོམས་བརྟན་ལ་སོགས་པ་བརྟན་པ་ཐོབ་པས། ཀུན་བརྟགས་ཀྱི་ཞེན་པ་དང་། ཉོན་མོངས་པའི་འཆིང་བ་ལ་སོགས་པ་འཁོར་བའི་སྐྱོན་རྣམས་རྩད་ནས་གྲོལ་ནས། མཉམ་པ་ཉིད་ཀྱི་ཉམས་ཐོབ་པ་ཡིན་ནོ། །མི་གཡོའི་ངང་གནས་རྣལ་འབྱོར་པས། །མི་རྟོག་ཐིག་ལེའི་ཀློང་གནས་པའི། །དགོངས་པས་ཉོན་མོངས་ཀུན་བརྟགས་སྒྲིབ། །ཕྲ་བ་བཅོམ་ནས་མཉམ་ཉིད་ཐོབ། །ཅེས་གསུངས་སོ། །གལ་ཏེ་མཉམ་པ་ཉིད་མ་ཐོབ་པར་འཕོ་ན་རབ་ཅིག་ཕུང་པོ་དོར་བ་དང་དབྱིངས་སུ་གྲོལ་བ་དུས་མཉམ་སྟེ། ཡེ་ཤེས་ཀྱི་བར་དོ་དང་། འབྲིང་ཆོས་ཉིད་བར་དོ་དང་། ཐ་མ་སྲིད་པའི་བར་དོར་ལྷ་མའི་རིག་འཛིན་ཐོབ་སྟེ། དེ་ནས་གྲོལ་བར་གསུངས་སོ། །མཉམ་པ་ཉིད་ཀྱི་ཉམས་ལ་བཞི་སྟེ། ངོ་བོ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་མངོན་སུམ་དུ་རྟོགས་པས། འཁོར་འདས་གཉིས་སུ་མེད་ཅིང་དགོངས་པ་མཉམ་ཉིད་ཕྱོགས་རིས་མེད་པར་བཞུགས་སོ། །དེ་ཡང་འགྲིབ་པ་མེད་ཅིང་འཕེལ་བ་ཡོད་དེ་རྒྱུན་ཆད་མེད་པར་གནས་པའོ། །དེ་ཡང་མཉམ་རྗེས་ཕྲ་མོ་ཡོད་ཅིང་ཚུལ་བཟང་པོའི་རྩོལ་བ་ཙམ་ལ་གནས་པར་གསུང་ཏེ། མཉམ་ཉིད་ངང་ལས་མཉམ་རྗེས་ཐོབ། །ཅུང་མངའ་འཚུལ་བཟང་རྩོལ་བ་ཅན། །ཞེས་གསུངས་སོ། །དཔེ་ནི་རྒྱུན་ཆད་མེད་པ་ཆུ་བོ་དང་། ཡེ་ཤེས་རང་གསལ་ཉི་མ་དང་། ཉམ་ང་རེ་དོགས་མེད་པ་ཁྱུང་ཆེན་ལྟ་བུ་ལ་སོགས་པ་གསུངས་སོ། །རྟགས་ནི་འཁོར་བ་ལས་གྲོལ་བའི་རྟགས་དང་། རྫུ་འཕྲུལ་དང་། མངོན་ཤེས་སོ། །སྔ་མ་ནི། སྐྱེ་རྒས་ན་འཆི་དང་ཆོས་བརྒྱད་ལ་སོགས་པ་ཉོན་མོངས་པའི་འཆིང་བ་རྩད་ནས་གྲོལ་ཞིང་ཟག་པ་གསུམ་དང་བྲལ་བ་དང་། འཇིགས་པ་ལྔ་དང་བྲལ་ཞིང་བདུད་བཞི་གཏན་ནས་བཅོམ་པ་དང་། ཆོས་ཉིད་བརྗོད་པ་མེད་པར་རྟོགས་ཤིང་། ཡི་དམ་གྱི་ལྷ་དང་སྤྲུལ་པའི་སྐུ་ཞལ་མཐོང་བ་དང་། གསུང་ཐོས་པ་དང་། དབང་བསྐུར་བ་དང་། ལུང་སྟོན་པ་ལ་སོགས་པ་དངོས་སུ་འབྱུང་བར་གསུང་ཏེ། བདུད་དང་ཆ་དབྱེ་བའི་བྱེ་བྲག་མེད་དེ། མཉམ་ཉིད་ཀུན་བྲལ་ཀུན་དངོས་ཕྱིར། །ཟག་མེད་ཟས་གོས་ཞེན་པ་གྲོལ། །ཀུན་བརྟགས་ཉོན་མོང་ཆགས་སྡང་དང་། །ཆོས་བརྒྱད་ལ་སོགས་རྩད་ནས་ཆོད། །འཇིགས་པ་ལྔ་བྲལ་བདུད་བཞི་བཅོམ། །རྒྱལ་བས་ལུང་སྟོན་དབང་བསྐུར་རྫོགས། །ཁྱད་པར་ཉམས་རྟགས་ཅི་སྣང་ཡང་། །ཉོན་མོངས་རྩད་གྲོལ་མཉམ་ཉིད་ཕྱིར། །བརྟག་པའི་བྱེ་བྲག་འདི་ལ་མེད། །ཅེས་གསུངས་སོ། །ཆོ་འཕྲུལ་ནི་བཞི་སྟེ། སྟོང་གསུམ་ཡུངས་འབྲུར་ཚུད་པ་ལ་སོགས་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། འགྲོ་བ་ཀུན་གྱི་སྐད་དུ་ཆོས་གསུང་བ་ལ་སོགས་པ་ཆོས་སྣང་བའི་དང་། སྟོང་གསུམ་བརྒྱ་ཕྲག་ལ་སོགས་པ་གཡོ་ཞིང་རྒྱུད་གོང་དུ་འཕེལ་བ་རྗེས་སུ་བསྟན་པའི་དང་། གསང་བ་སྔགས་ཀྱི་སྒྲ་བསྒྲགས་པས་བདུད་འདུལ་ངན་སོང་སྦྱོང་བ་ཀུན་བརྗོད་པའི་ཆོ་འཕྲུལ་ལོ། །དེ་ལྟར་ཡོན་ཏན་དུ་མ་དང་ལྡན་པས། མཉམ་ཉིད་ངང་ལས་མ་གཡོས་པར་ཞིང་ཁམས་བརྒྱ་སྟོང་ལ་སོགས་པར་ཐུགས་རྗེས་འདུལ་བར་གསུངས་ཏེ། མཉམ་ཉིད་ངང་ལས་མ་གཡོས་ཤིང་། །ཞིང་ཁམས་སྟོང་གསུམ་བརྒྱ་སྟོང་ཕྲག །མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་དང་། །སྤྲུལ་པའི་ལུས་ཀྱིས་འདུལ་བར་བྱེད། །ཅེས་གསུངས་སོ། །མངོན་ཤེས་ནི་ཟག་པ་མེད་པའི་མངོན་ཤེས་དྲུག་གིས་གོང་གི་དེ་སྙེད་མཁྱེན་པར་གསུངས་སོ། །ཉམས་གོང་མ་ལ་སྦྱོར་ཚུལ་ནི། མཉམ་པ་ཉིད་ཀྱི་དགོངས་སྤྱོད་ཀྱིས། །ཤེས་སྒྲིབ་ཆེ་འབྲིང་གཉིས་བཅོམ་ནས། །ལྷུན་གྱིས་གྲུབ་པ་ཐོབ་པ་ཡིན་ཏེ། །མཉམ་ཉིད་རྣལ་འབྱོར་དགོངས་སྤྱོད་དང་། །དགོངས་པའི་ངང་གནས་ཤེས་རབ་ཀྱིས། །ཤེས་སྒྲིབ་རག་དང་འབྲིང་བཅོམ་ནས། །བརྩལ་བ་མེད་པར་ལྷུན་གྲུབ་ཐོབ། །ཅེས་གསུངས་སོ། །ལྷུན་གྱིས་གྲུབ་པའི་ཉམས་ནི་བཞི་སྟེ། ངོ་བོ་སྐུ་ལྔ་ལྷུན་གྲུབ་ཀྱི་རིག་འཛིན་ཅིང་དགོངས་པ་རང་གསལ་མཐའ་དབུས་འགྲོ་འོང་མེད་པའི་ངང་ལ་ཆེད་བྱས་ཀྱི་མཉམ་བཞག་རྗེས་ཐོབ་མེད་པར་བཞུགས་སོ། །དེའི་ངང་ལས་མ་གཡོས་པར་ཞིང་ཁམས་མཐའ་ཐུག་པ་མེད་པར། སྤྲུལ་པ་བསམ་གྱིས་མི་ཁྱབ་པར་གང་ལ་གང་འདུལ་དུ་དོན་མཛད་པར་གསུངས་སོ། །དཔེ་ནི། ཕྱོགས་རིས་མེད་པ་ནམ་མཁའ་ལྟ་བུ་དང་། །ཡེ་ཤེས་རང་གསལ་ཉི་མའི་སྙིང་པོ་དང་། །དགོས་འདོད་འབྱུང་བ་ནོར་བུ་རིན་པོ་ཆེ་ལྟ་བུའོ། །རྟགས་ནི། སངས་རྒྱས་ཉིད་དང་མཚུངས་ཏེ། ཡོན་ཏན་དང་། འཕྲིན་ལས་དང་། རྫུལ་འཕྲུལ་དང་། མངོན་ཤེས་ཀྱང་སངས་རྒྱས་ཉིད་དང་འདྲ་བར་གསུང་ལ། བག་ལ་ཉལ་གྱི་དྲི་མ་ཆ་ཕྲ་མོ་གཅིག་དང་བྲལ་མ་བྲལ་གྱི་ཁྱད་ཡོད་པར་གསུང་ཏེ། རྟགས་ནི་སངས་རྒྱས་རྫུ་འཕྲུལ་དང་། །ཡོན་ཏན་སྣ་ཚོགས་རང་བཞིན་རྫོགས། །ལས་སྒྲིབ་ཀུན་གསལ་མངོན་ཤེས་དྲུག །ཡུལ་དང་མཁྱེན་ཚད་རྒྱལ་བ་དང་། །འདྲ་ལ་བག་ལ་ཉལ་བས་ཕྱེ། །ཞེས་གསུངས་སོ། །འབྲས་བུ་སངས་རྒྱས་ལ་སྦྱོར་ཚུལ་ནི། ལྷུན་གྱིས་གྲུབ་པ་རང་རིག་པའི་ཡེ་ཤེས་ཀྱིས་བག་ལ་ཉལ་གྱི་དྲི་མ་ཆ་ཕྲ་མོ་དེ་གཉིས་སུ་མེད་པར་གྲོལ་ནས། སྤང་ཐོབ་མེད་པར་སངས་རྒྱ་བར་གསུང་ཏེ། མཐའ་བྲལ་འོད་གསལ་འདུས་མ་བྱས། །དམིགས་མེད་རང་རིག་ཡེ་ཤེས་ཀྱིས། །སྐད་ཅིག་གཅིག་ལ་ཐ་མ་ཡིས། །བག་ལ་ཉལ་བཅོམ་དེ་བཞིན་གཤེགས། །ཞེས་གསུངས་སོ། །དེ་ལྟར་ཆོས་ཀུན་མཐའ་བྲལ་འོད་གསལ་འདུས་མ་བྱས་ཀྱི་ཡེ་ཤེས་མངོན་དུ་གྱུར་ཏེ། རྩོལ་བྲལ་ལྷུན་གྲུབ་ཆེན་པོའི་ངང་ལ་ཤུགས་ལས་བྱུང་བའི་མཉམ་རྗེས་ཆ་ཕྲ་མོ་བག་ལ་ཉལ་དུ་གནས་པ་དེ་རང་རིག་པའི་ཡེ་ཤེས་དེས་གཉིས་སུ་མེད་པར་མངོན་དུ་གྱུར་ནས། དགོངས་པ་འགྲོ་འོད་གསལ་འགྲིབ་མེད་པར་སངས་རྒྱས་ཏེ་ཡོན་ཏན་ཐམས་ཅད་རྫོགས་པའོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཀུན་འདུས་རིག་པའི་སྒྲོན་མེ་ལས། ཨ་ཏི་ཡོ་གའི་ལམ་བསྟན་པའི་ལེའུ་སྟེ། ཉི་ཤུ་རྩ་གཅིག་པའོ།།
༈ །།སྤྱི་དོན་གསུམ་པ་མཐར་ཕྱིན་པའི་འབྲས་བུ་བསྟན་པ་ལ་དོན་བཅུ་གཅིག་གིས་བསྟན་སྟེ། འབྲས་བུ་ཐོབ་པའི་ཚུལ་དང་། དུས་དང་། དཔེ་དང་། ངོ་བོ་དང་། རྣམ་གྲངས་དང་། དགོངས་པའི་བཞུགས་ཚུལ་དང་། ཐེག་པ་རིམ་དགུའི་འབྲས་བུ་གཅིག་གམ་ཐ་དད་དང་། སངས་རྒྱས་ལ་མ་རིག་པ་ཡོད་མེད་ཀྱི་བརྟག་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱ་གཟིགས་ཚུལ་དང་། གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་དང་། ཕྲིན་ལས་ཀྱིས་དོན་མཛད་ཚུལ་ལོ། །དང་པོ་གཉིས་ཏེ། གཞན་ལས་ཐོབ་པ་དང་། རང་ལས་ཐོབ་པའང་གསུངས། དེ་ཡང་རྒྱུ་རྐྱེན་ལས་བྱུང་བ་དང་། རྟོགས་པ་མཐར་ཕྱིན་པ་ཡིན་དོན་མངོན་དུ་གྱུར་ཏེ་འབྲས་བུ་ཐོབ་པའོ། །སྔ་མ་ནི། རྒྱུ་མཚན་ཉིད་ཀྱི་ལུགས་ཀྱིས་རྒྱུ་ལས་རྐྱེན་གྱིས་འབྲས་བུ་འབྱུང་བར་འདོད་དེ། འདའ་ཀ་ཡེ་ཤེས་ལས། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་ནས་མ་ཚོལ་ཞིག །ཞེས་པ་དང་། སྡུད་པ་ལས། དེ་བཞིན་དང་པོའི་སེམས་ཀྱང་བྱང་ཆུབ་མཆོག་རྒྱུ་སྟེ། རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པའི་སངས་རྒྱས་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །རྒྱས་པར་རང་རང་གི་སྐབས་བཞིན་ཤེས་སོ། །གཉིས་པ་ནི། གསང་སྔགས་པ་ཆོས་ཀུན་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ་དེ་ཉིད་རྟོགས་ཤིང་མངོན་དུ་གྱུར་པས་འབྲས་བུ་ཐོབ་ཅེས་བྱ་སྟེ། ལམ་རིམ་ལས། དེ་ལས་གཞན་པའི་ཐོབ་བྱ་མེད། །ཅེས་པ་དང་། མདོ་ལས། ལང་ཀའི་བདག་པོ་དེ་ཡང་མིན་པ་ཞིག་ཡིན་པར་བསྒྲུབ་པའམ། མི་འདྲ་བ་ཞིག་འདྲ་བར་བཅོས་པ་ནི་མ་ཡིན་གྱིས། མ་བཅོས་མ་བསླད་མ་བྱས་མ་བཙལ་བ་ང་ཡེ་ནས་རང་བཞིན་གྱིས་དེ་ལྟར་ཡིན་པ་ཉིད་དུ་ཟད་དོ། །ཞེས་པ་དང་། ཡིད་སྐྱོབ་ལས། འབྲས་བུ་སངས་རྒྱས་འདུས་མ་བྱས་ཡིན་ཏེ། །ཆོས་ཉིད་སེམས་ཉིད་ཡེ་ནས་འདུས་མ་བྱས། །བསྒྲུབས་ནས་འགྲུབ་ཅིང་ཐོབ་པ་མ་ཡིན་ཏེ། །ཡེ་ནས་ཡིན་པའི་དོན་དེ་རབ་རྟོགས་ནས། །རྟོགས་པ་བརྟན་པ་དེ་ལ་འབྲས་བུར་གདགས། །ཞེས་གསུངས་སོ། །རྒྱས་པར་བཀའ་རྒྱུད་ཐ་དག་ནས་གསུངས་སོ། །གཉིས་པ་དུས་ནི། མཚན་ཉིད་པས་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པ་ནས་སངས་རྒྱ་བ་དང་། ཀྲི་ཡོག་པ་ནི་ཚེ་བདུན་དང་གསུམ་ན་དང་། གསང་སྔགས་ནང་པ་ནི་ཚེ་གཅིག་དང་རྟོགས་གྲོལ་དུས་མཉམ་པའོ། །དང་པོ་ནི། མཚན་ཉིད་ཀྱི་ཐེག་པ་ཆེན་པོའི་གཞུང་ལུགས་ཀྱིས་བསྐལ་པ་གྲངས་མེད་གསུམ་ན་སངས་རྒྱས་པར་གསུང་ཏེ། མདོ་སྡེ་ལས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པའི། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། བྱམས་ཆོས་གཞུང་འགྲེལ་ལ་སོགས་པ་ནས། བཟང་དང་སྨོན་པའི་སྟོབས་ཅན་དང་། །སེམས་ཅན་ཁྱབ་པར་འགྲོ་བ་ལས། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་བརྩོན་པ་མཛད་ཅེས་གསུངས། །ཞེས་པ་དང་། ངེས་དོན་འདུས་པ་ལས་ཀྱང་། །གསུང་གི་སྤྲུལ་པ་ཤཱཀ་ཐུབ་ཀྱིས། །སེམས་ཅན་སྐྱེ་བོ་ལས་དག་ལ། །སྡེ་སྣོད་རྣམ་པ་གསུམ་གྱི་ཆོས། །བསྐལ་པ་གྲངས་མེད་རྣམ་གསུམ་ནས། །འབྲས་བུ་བཅུ་གཅིག་ས་ནོན་འདོད། །ཞེས་པ་ལ་སོགས་པ་གསུངས་སོ། །ཀྲི་ཡོག་པ་ནི། ཀྲི་ཡ་བ་མི་ཚེ་བདུན་དང་། ཡོ་ག་པ་གསུམ་ནས་ཐོབ་པར་གསུང་སྟེ། ཡེ་ཤེས་གཏིང་རྫོགས་ལས། ཀྲི་ཡ་བྱ་བ་རྒྱུད་ཀྱི་ཐེག་པ་ནི། །རང་གཞུང་ཆོས་ཀྱི་ཡན་ལག་ཚང་བ་ཡིས། །མི་ཚེ་བདུན་གྱིས་རིགས་ཀྱི་ས་ལ་སྦྱོར། །ཞེས་པ་དང་། བྱང་ཆུབ་རྣམ་ལྔ་ལྷར་རྫོགས་ཆོ་འཕྲུལ་གྱིས། །རྣལ་འབྱོར་ཡོ་གའི་རྒྱུད་ཀྱི་ཐེག་པ་ནི། །མི་ཚེ་གསུམ་གྱིས་རིག་འཛིན་ས་ལ་སྦྱོར། །ཞེས་པ་དང་། ཀུན་བྱེད་ལས། མི་ཚེ་བདུན་གྱི་བར་དུ་གོལ་ཞིང་སྒྲིབ། །ཞེས་པ་དང་། གཉིས་སུ་མེད་ལ་མི་ཚེ་གསུམ་སྒྲིབ་གོལ། །ཞེས་ཀྲི་ཡོག་གི་དོན་དུ་གསུངས་སོ། །གསང་སྔགས་ནང་པ་ནི། མ་ཧཱ་དང་ཨ་ནུ་མི་ཚེ་གཅིག་དང་། ཨ་ཏི་རྟོགས་གྲོལ་དུས་མཉམ་པ་ལ་སོགས་པ་གསུངས་སོ། །སྔ་མ་ནི། ལམ་རིམ་ལས། རྒྱུ་འབྲས་དུས་གཅིག་རྫོགས་པ་ཡིས། །རང་རིག་ཉིད་ལ་དབང་ཐོབ་སྟེ། །ཚེ་ནི་བཅུ་དང་དྲུག་པ་ཡིས། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་པ། །ཞེས་པ་དང་། རྡོ་རྗེ་སེམས་དཔའི་ཞུས་ལེན་ལས། གསང་སྔགས་ཚེ་གཅིག་གིས་འགྲུབ་པའི་དོན་ཅི་ལྟ་བུ་ལགས། ཞེས་ཞུས་པས། ལྷག་མར་བཅས་པའི་ལུས་ཉིད་ཀྱིས། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །བླ་མེད་བྱང་ཆུབ་ཐོབ་པར་བཤད། །ཅེས་པ་དང་། ཡེ་ཤེས་གཏིང་ནས་རྫོགས་པའི་རྒྱུད་ལས། རྣལ་འབྱོར་ཞག་ནི་སུམ་བཅུ་ཕྲག་དྲུག་ན། །ཚེ་ལ་དབང་བའི་དངོས་གྲུབ་ཐོབ་པར་ངེས། །ལོ་ནི་ཉིས་སྟོང་ལྔ་བརྒྱ་རང་གནས་པ། །ལོངས་སྤྱོད་རྫོགས་པའི་ཚུལ་དུ་ལུས་བཟུང་ནས། །དུས་དེར་སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་གསུངས་སོ། །གཉིས་པ་ནི། ཡིད་སྐྱོབ་ལས། ཡང་རབ་རབ་དང་འབྲིང་དང་ཐ་མ་བཞིས། །ཞེས་པས། ཡང་རབ་གཅིག་རྟོགས་པ་དང་གྲོལ་བ་དུས་མཉམ་སྟེ། ཚེ་འདི་ཉིད་དུ་སངས་རྒྱ་བ་དང་། རབ་ཕུང་པོ་བོར་བ་དང་། དབྱིངས་སུ་གྲོལ་བ་དུས་མཉམ་དུ་སངས་རྒྱ་བ་དང་། འབྲིང་སྲིད་པའི་བར་དོར་རྟོགས་པའི་རྒྱུན་མཐུད་དེ་སངས་རྒྱ་བ་དང་། ཐ་མ་སྐྱེ་བ་ཕྱི་མ་ལ་མོས་པའི་མཐུས་འདི་དང་འཕྲད་དེ་སངས་རྒྱ་བར་གསུངས་སོ། །དང་པོ་ནི། ཡང་རབ་ཕུང་པོ་ལྷག་མ་མི་ལུས་སྟེ། གཟུགས་འཛིན་དབེན་པའི་རྟོགས་པ་བརྟན་པ་ཡིས། །རང་གཞན་མཉམ་པའི་ངང་གིས་ངང་གིས་ན། །ཆོས་ཀུན་མཉམ་པའི་ངང་དུ་བན་བུན་བན་བུན་ལ། །བདག་གཞན་སྣང་སྲིད་ཐམས་ཅད་ཆོས་སྐུར་བུན་གྱིས་བུན། །འབྱུང་བ་ལྔ་ཡི་དགོངས་པ་ལྷག་གིས་ཤར། །ཡང་རབ་འབྲས་བུ་དེ་ལྟར་དེ་ཡིས་འགྲུབ། །ཞེས་པ་དང་། ཡེ་ཤེས་གཏིང་རྫོགས་ལས། རྫོགས་ཆེན་ངེས་དོན་ཨ་ཏི་ཡོ་ག་ནི། །གྲངས་དང་དུས་ལ་མི་ལྟོས་རང་བྱུང་ཐུགས། །ཆོས་སྐུ་ཇི་བཞིན་མ་ནོར་རྟོགས་པའི་ས། །འབྲས་བུ་སངས་རྒྱས་སྐུ་གསུམ་དུས་གཅིག་རྫོགས། །ཞེས་པ་དང་། གཅིག་ཆར་བའི་ལུང་རྣམས་སོ། །གཉིས་པ་ནི། ཡིད་སྐྱོབ་ལས། རབ་ནི་ཐུན་མོང་མ་ཡིན་གཉིས་མེད་དེ། །རྟོགས་ནས་ངང་གིས་གཟུང་འཛིན་ངང་དུ་དུལ། །ལེ་ལོ་ཕྲ་མོས་སྣང་བར་མ་གྱུར་ཀྱང་། །འཆི་བའི་སྲིད་པ་རང་གིས་གྲོགས་བྱས་ནས། །ས་ཆུ་མེ་རླུང་རྣམ་ཤེས་རང་གསལ་དང་། །གཉིས་མེད་ངང་དུ་རིམ་གྱིས་རིམ་གྱིས་འགྱུར། །ལྷུན་གྲུབ་ནམ་མཁའི་དགོངས་པ་ལྷག་གིས་ཤར། །རང་གི་ངོ་བོ་འགྱུར་བ་མེད་ནའང་། །རབ་ཀྱི་འབྲས་བུ་ཐ་སྙད་དེ་ལ་གདགས། །ཞེས་པ་དང་། ཀློང་ཆེན་ལས། བག་ཆགས་བལྟས་པའི་བདག་ལུས་ལ། །སྙིང་པོ་མཆོག་གི་སྟོབས་རྫོགས་ཏེ། །སྐྱེ་ཤིའི་འཕྲང་ལས་བརྒལ་བའི་ཕྱིར། །བར་དོ་མེད་པར་ལུས་བོར་ནས། །རིག་པ་གཅིག་པུ་རྟེན་མེད་དེ། །འཁོར་འདས་ཀུན་དང་དབྱེར་མེད་པས། །རྒྱ་ཆད་ཕྱོགས་ལྷུང་མེད་པ་རུ། །སྤྲུལ་པ་གྲངས་མེད་འབྱུང་བ་དང་། །ཞེས་པ་ལ་སོགས་པ་གསུངས། གསུམ་པ་ནི། ཡིད་སྐྱོབ་ལས། འབྲིང་གིས་ཟླ་བྲལ་གཅིག་ཏུ་རྟོགས་ནས་ནི། །ཐ་དད་འཁྲུལ་པ་ཡིན་པར་ངེས་པར་སྐྱེས་ནས་ནི། །འཁྲུལ་ལ་འཁྲུལ་པར་ངེས་པའི་མཐུ་སྟོབས་ཀྱིས། །བར་མ་དོ་ལ་བར་དོའི་ཤེས་པ་འབྱུང་། །བར་དོར་བར་དོའི་ཤེས་པར་འབྱུང་ཙམ་ན། །གོང་གི་དགོངས་པ་ནམ་མཁའ་ལྟ་བུ་དྲན། །དྲན་ནས་དེ་ཡི་ངང་ལ་གནས་ཙམ་ན། །གཟུང་འཛིན་དབེན་པས་སྐྱེ་བ་ལེན་པར་ནི། །རྡོ་རྗེ་སེམས་དཔས་གསུང་བ་མ་ཡིན་ནོ། །ཞེས་པ་དང་། རང་གཏེར་གཏད་ལས། དེ་ཡི་ངང་འདའ་བར་དོའི་ཚེ། །འདོད་ཁྲིད་རིག་པ་དེར་ཤེས་ནས། །ངང་དུ་གནས་པ་དེ་གྲོལ་བ། །གནད་ཀྱིས་རང་གྲོལ་ཉེ་དུས་ཡིན། །ཞེས་གསུངས་སོ། །ཐ་མ་ནི། ཡིད་སྐྱོབ་ལས། ཐ་མ་འདི་ཡི་དོན་ལ་ཞུགས་ནས་ནི། །རྟོགས་ཀྱང་བརྟན་པར་བྱ་བའི་སྐལ་མེད་དེ། །འཇིག་རྟེན་འདི་ཡི་ཟང་ཟིང་འཁྲུལ་པ་ལ། །བསླུ་བྱེད་རྨི་ལམ་ཡིན་པར་མ་བརྟགས་ཏེ། །འདོད་པ་ཡོད་པས་སྐྱེ་བ་ཕྱི་མ་ལེན། །མོས་པའི་སྟོབས་ཀྱིས་མི་ལུས་བླང་ནས་ཀྱང་། །བླ་མེད་ཐེག་ཆེན་འདི་དང་འཕྲད་འགྱུར་ནས། །དེ་ལས་ཕུང་པོ་མ་ལུས་སངས་རྒྱས་པ། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ལས། ཐ་མ་ཕྱི་རོལ་བརྟགས་པ་བརྗེད། །དུས་ཚེ་རྐྱེན་དང་འཕྲད་པའི་ཚེ། །སྐད་ཅིག་ཟུར་བསྟན་བརྡ་ཡིས་ནི། །ཐེ་ཚོམ་མེད་པར་དོན་གོ་ནས། །སྐྱེ་བ་གཅིག་གིས་སངས་རྒྱས་འགྲུབ། །ཞེས་གསུངས་སོ། །སྤྱི་དོན་གསུམ་པ་དཔེ་ནི། དམུས་ལོང་མིག་བྱེ་བའམ། རྒྱལ་བུ་འབངས་སུ་འཁྱམས་པ་རྒྱལ་པོར་ངོས་བཟུང་ནས་རྒྱལ་སར་བཏོན་ཏེ་རྒྱལ་སྲིད་ལ་མངའ་བྱེད་པ་བཞིན་དང་། ཉི་མ་ཤར་བས་མུན་པ་རང་གྲོལ་བ་བཞིན་དུ། ཡེ་ནས་སངས་རྒྱས་པའི་དོན་དེ་ལམ་གྱི་རྐྱེན་གྱིས་རྟོགས་པ་མངོན་དུ་གྱུར་པས། མ་རིག་པ་ལ་སོགས་པ་སྐྱོན་མཐའ་དག་ལས་གྲོལ་ཏེ་ཡོན་ཏན་ཐམས་ཅད་རྫོགས་པའོ། །གཅན་འཕྲང་ལས། གཞན་ནས་ཡོད་འོངས་མ་ཡིན་ཏེ། །རྒྱལ་བུ་རྒྱལ་སར་བཏོན་ཚུལ་དང་། །རིམ་དང་གཅིག་ཆར་ལམ་རྐྱེན་གྱིས། །རང་གནས་ཡེ་ཤེས་མངོན་དུ་རྟོགས། །ཞེས་པ་དང་། ཡིད་སྐྱོབ་ལས། འབྲས་བུའི་ངོ་བོ་ཡེ་ནས་ཡིན་པས་ན། །རྟོགས་པས་ཐོབ་ཅེས་རྡོ་རྗེ་སེམས་དཔས་གསུང་། །གང་ཡང་གཞན་ནས་ཐོབ་པ་ཅིའང་མེད། །དཔེར་ན་མ་ཧཱ་ར་ཛའི་བུ་བཞིན་ནོ། །ཞེས་པ་དང་། སྣང་བ་ཤར་ནས་མུན་པ་བརླགས་པ་ལྟར། །ལྷུན་གྲུབ་རྟོགས་པས་བྱ་བཙལ་ལོག་པ་དང་། །གཉིས་མེད་རྟོགས་པས་གཟུང་འཛིན་ལོག་པ་དང་། །ཅིག་པུར་རྟོགས་པས་རེ་དོགས་ལོག་པ་དང་། །མཉམ་ཉིད་རྟོགས་པས་དགག་བསྒྲུབ་ལོག་པ་ལ། །འབྲས་བུ་ཐོབ་ཅེས་རྡོ་རྗེ་སེམས་དཔས་གསུངས། །ཞེས་གསུངས་སོ། །བཞི་པ་ངོ་བོ་ནི། ངོ་བོ་དངོས་དང་། ངེས་ཚིག་གོ། །སྔ་མ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་གསལ་བ་མཐར་ཕྱིན་པས། གཞི་དང་ལམ་གྱི་ཉེས་པ་དག་པ་སྟེ། དགོངས་པ་བདེ་ཆེན་འགྲོ་འོང་གསལ་འགྲིབ་མེད་པར་མངོན་དུ་གྱུར་པའོ། །ཡིད་སྐྱོབ་ལས། རང་བྱུང་ཆོས་སྐུ་སྤྲོས་དང་བྲལ་བས་སངས། །སྤྲོས་བྲལ་རྟོགས་པ་གདེང་དུ་གྱུར་པས་རྒྱས། །ཅེས་པ་དང་། གཟུང་འཛིན་བག་ཆགས་མ་ལུས་ཀུན་སངས་ནས། ཡེ་ཤེས་མཁའ་ལ་ཉི་ཤར་བཞིན་དུ་རྒྱས། །ཞེས་པ་དང་། གཅན་འཕྲང་ལས། རང་བྱུང་ཡེ་ཤེས་མངོན་བྱས་པས། །སྤངས་ཐོབ་གཉིས་མེད་དེ་བཞིན་གཤེགས། །ཞེན་མཐའ་ཀུན་གྲོལ་བདེ་ཆེན་གྱི། །དགོངས་པ་གསལ་འགྲིབ་འགྲོ་འོང་མེད། །ཞེས་པ་དང་། རྒྱན་ལས། ངོ་བོ་སེམས་ཉིད་གསལ་མཐར་ཕྱིན། །གཞི་ལམ་ཞོར་སྣང་སྐྱོན་བྲལ་ཡིན། །ཞེས་གསུངས་སོ། །ངེས་ཚིག་ནི། འབྲས་བུའི་ངེས་ཚིག་དང་། སངས་རྒྱས་ཀྱི་ངེས་ཚིག་གོ། །སྔ་མ་ནི། འདུས་མ་བྱས་ཀྱི་ཡེ་ཤེས་མངོན་གསུམ་དུ་རྟོགས་པས་སྨིན་ཅིང་བགྲོད་དུ་མེད་ལ། ཡོན་ཏན་ཐམས་ཅད་རྫོགས་པ་འབྲས་བུ་ཞེས་ཐ་སྙད་དུ་བཏགས་པའོ། །གཅན་འཕྲང་ལས། རྒྱུ་ལས་རྐྱེན་གྱིས་བསྐྱེད་མིན་ཏེ། །འདུས་མ་བྱས་ཀྱི་ཆོས་ཉིད་དེ། །རང་གསལ་མཐར་ཕྱིན་བགྲོད་མེད་ཅིང་། །ཡོན་ཏན་ཀུན་རྫོགས་འབྲས་བུར་བཤད། །ཞེས་པ་དང་། རྒྱན་ལས། རྒྱུ་ལས་རྐྱེན་གྱིས་བསྐྱེད་མིན་ལ། །མཐར་ཕྱིན་སྐྱེད་དུ་བྱར་མེད་པས། །སྨིན་པའི་འབྲས་བུར་བརྡར་བརྟགས་པས། །མཐུན་པའི་མིང་དུ་ངེས་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་སྐྱོན་ཐམས་ཅད་སངས་ཤིང་། ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ཕྱོགས་མེད་དུ་རྒྱས་པའོ། །གཅན་འཕྲང་ལས། ཉོན་མོངས་ཞེན་པའི་རྩོལ་བ་དང་། །མ་རིག་ཤེས་སྒྲིབ་གཏན་ནས་སངས། །ཡེ་ཤེས་ཡོན་ཏན་ཕྱོགས་མེད་རྒྱས། །ངོ་བོའི་ཆ་ནས་མིང་དུ་བརྗོད། །ཅེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། སངས་ནི་བག་ཆགས་ཉོན་མོངས་སངས། །རྒྱས་ནི་རང་རིག་བདེ་ཆེན་རྒྱས། །ཞེས་པ་དང་། ཡིད་སྐྱོབ་ལས། གཟུང་འཛིན་བག་ཆགས་ཅེས་གསུངས་སོ། །ལྔ་པ་རྣམ་གྲངས་ནི། རིམ་གསུམ་ལས། དང་པོ་སྐུ་གསུང་ཐུགས་རྣམས་དང་། །ཡོན་ཏན་ལས་ལྔར་བསྡུས་པ་ཡིན། །ཅེས་པས་བསྐྱེད་རྫོགས་གསུམ་གྱི་འབྲས་བུའི་རྣམ་གྲངས་ཕྱོགས་གཅིག་ནས་མཐུན་ལ། དོན་གྱི་ཁྱད་པར་ལྟ་བའི་རིམ་པ་བཞིན་ཡོད་དེ་འོག་ནས་སྟོན་ནོ། །ཉམས་སྒྲོན་ལས། རང་བྱུང་ཡེ་ཤེས་མངོན་བྱས་པས། །སྤངས་ཐོབ་གཉིས་མེད་འགྲོ་འོང་མེད། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །བསམ་གྱིས་མི་ཁྱབ་མ་འདྲེས་རྫོགས། །ཞེས་པ་དང་། མདོ་ལས། རྣམ་པར་བརྗིད་པ་སྐུ་ཉིད་དོ། །སྨྲ་བརྗོད་འབྱུང་བ་གསུང་ཉིད་དོ། །ཐམས་ཅད་མཁྱེན་པ་ཐུགས་ཉིད་དོ། །འདོད་དགུ་འབྱུང་བ་ཡོན་ཏན་ཉིད། །བྱ་བ་བྱེད་པས་ཕྲིན་ལས་ཉིད། །ཞེས་པས། སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་སོ། །དེ་ལ་གཉིས་ཏེ། གཞན་གྱི་ལོག་རྟོག་བསལ་བ་དང། དོན་ལྔ་པོ་རྒྱས་པར་བཤད་པའོ། །དང་པོ་ནི། མེད་པ་སྐུར་འདེབས་ཀྱི་ལོག་ལྟ་བསལ་བ་དང་། དངོས་པོར་སྒྲོ་འདོགས་པ་བསལ་བའོ། །དང་པོ་ནི། ས་བཅུ་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་ཆ་ཕྲ་མོ་དེ་བཅོམ་པས། ཤེས་བྱེད་ཀྱང་མེད་དེ་ཤེས་པ་ཤེས་བྱེད་གཉིས་ཀ་འགགས་ནས་སྟོང་པར་འདོད་པའོ། །དེ་ཡང་སྤང་བྱ་ཤིང་ལ་གཉེན་པོ་མེ་འབྱུང་བས་ཤིང་ཟད་པ་དང་མེ་ཤི་བ་བཞིན་དུ་འདོད་པའོ། །དེས་ན་སངས་རྒྱས་ལ་ཡེ་ཤེས་མེད་ལ་ཡེ་ཤེས་ཡོད་ན་ཤེས་པ་ཡིན་པས། ཤེས་པ་ཐམས་ཅད་རྣམ་རྟོག་འཁྲུལ་པ་ཡིན་པའི་ཕྱིར། སངས་རྒྱས་འཁྲུལ་བཅས་སུ་ཐལ་བའི་སྐྱོན་འོང་ངོ་། །དེས་སེམས་ཅན་གྱི་དོན་འོང་ངམ་ཅེ་ན། ཡེ་ཤེས་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་གདུལ་བྱའི་ངོ་ལ་སྐུ་དང་ཡེ་ཤེས་ལ་སོགས་པ་ཡོད་པ་ལྟར་སྣང་ནས་དོན་བྱེད་པ་ཡིན་ཏེ། དཔེར་ན། སྔགས་པ་ཙུག་ལི་ཞེས་བྱ་བ་ལ་ཀླུའི་ཟ་རེས་འོང་བས་ཁྱུང་བསྒྲུབས་ཏེ་ཀླུ་བཏུལ། གཞན་ཐམས་ཅད་ལ་ཀླུ་འོང་བ་ཡང་བསྲུང་། འཆི་ཀར་མཆོད་སྡོང་གཅིག་ལ་བྱིན་བརླབས་བྱས་ཏེ་བཞག་པས། ཕྱིས་ཤི་ནས་ཀྱང་གཞན་གྱི་ཀླུ་ཐུབ་པ་ལྟ་བུ་དང་། རྟོག་པ་མེད་ཀྱང་དོན་བྱེད་པ་ནོར་བུ་རིན་པོ་ཆེ་ལྟ་བུ་ཡིན་ཏེ། སྤྱོད་འཇུག་ལས། དཔེར་ན་མཁའ་ལྡིང་དག་གི་ནི། །མཆོད་སྡོང་བསྒྲུབས་ནས་འདས་གྱུར་པ། །དེ་ནས་ཡུན་རིང་ལོང་ཀྱང་དེ། །དུག་ནད་ལ་སོགས་ཞི་བ་བཞིན། །དེ་བཞིན་བྱང་ཆུབ་སེམས་དཔའ་ཡིས། །རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང་། །བྱང་ཆུབ་སེམས་དཔའ་མྱ་ངན་ལས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། །ཅེས་པ་དང་། ཡང་། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཅི་ལྟར་རེ་བ་ཡོངས་སྐོངས་ལྟར། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །ཞེས་པས་སོ། །རྒྱས་པར་ལུང་དང་བཅས་པ་དབུ་མའི་སྐབས་ནས་བཤད་པ་བཞིན་ནོ། །དེ་ཡང་ལུང་མན་ངག་རིགས་པ་གསུམ་དང་འགལ་ཏེ། དེ་ཡི་དབུ་མའི་སྐབས་སུ་ཡེ་ཤེས་མེད་པ་ལ་སྐྱོན་བརྗོད་པའི་ལུང་རྣམས་དང་། སྐུ་དང་ཡེ་ཤེས་ཡོད་ལུགས་ཀྱི་ལུང་རྣམས་དང་། རྒྱུད་བླ་མ་ལས་ཀྱང་། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་མཐར་ཐུག་ཕྱིར། །ཞེས་པ་དང་། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་ནི་སྤྲུལ་པ་དང་། །ཆོས་སྐུ་མཛད་པར་བཅས་པ་སྟེ། །རྣམ་པར་བཞིར་ནི་ཡང་དག་བརྗོད། །ཞེས་པ་དང་། སངས་རྒྱས་སྔོན་གནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང་། །ཐོགས་པ་མེད་དང་རྟག་གནས་དང་། །འདྲི་བ་ཀུན་ལན་ཐེབས་པར་བཞེད། །ཞེས་གསུངས་སོ། །གསང་སྔགས་ཀྱི་ལུང་ནི། ཡེ་ཤེས་གཏིང་རྫོགས་ལས། མེ་ཤི་ཤིང་ཟད་དཔེ་བཞིན་འདོད་པའི་ཕྱིར། །ཡེ་ཤེས་རྣམ་རྟོག་རྒྱུན་ཆད་སྤང་བྱ་མེད། །དེ་ཕྱིར་གཉེན་པོ་མེད་པས་བསྒྲུབ་བྱ་བྲལ། །ཡེ་ཤེས་མེད་པར་འདོད་ཕྱིར་དོན་ལས་གོལ། །ཞེས་པ་དང་། འབྲས་ཀློང་ལས། ལ་ལས་ཤེས་བྱ་ཟག་ཟད་དེ། །དེ་ཤེས་ཟད་འགྱུར་ཤིང་ཟད་པའི། །མེ་ལྟར་སྟོང་ཉིད་མྱང་འདས་ནས། །སྨོན་ལམ་ལས་གྲུབ་འབྱུང་བའི་སྐུས། །དོན་བྱེད་འདོད་པ་དངོས་ཆད་སྟོང་། །ཞེས་པ་དང་། དྲི་མེད་གསང་སྒྲོན་ལས། རིག་སྣང་མཐར་ཐུག་ས་བཅུའི་ཡེ་ཤེས་རིགས། །འགོག་པའི་གཉེན་པོ་ཡེ་ཤེས་ཉིད་མིན་གང་། །མེ་ཡིས་མེ་བཞིན་ཁྱད་པར་འཕགས་མིན་ནམ། །མེ་མེད་ཤིང་ཟད་མཐུན་ཕྱོགས་གཅིག་མཐོང་བས། །ཡང་དག་རིགས་པར་འགྱུར་མིན་ཇི་ལྟར་ཤིང་། །ཏིང་ཏིང་ཏིང་ཀ་མཚན་མོ་ལོ་མ་འཁུམ། །ཤིང་རྣམས་སྲོག་དང་བཅས་བསྒྲུབས་དེ་རིགས་འགྱུར། །འདོད་ན་སྟོང་ཆད་སྡིག་ཅན་དེ་ཉིད་མོད། །རང་བཞིན་རྣམ་པའི་མཆོག་ལྡན་བྱང་ཆུབ་སེམས། །ཞེས་པ་དང་། སྟོང་པར་མ་ཤེས་ན་ནི་ཅི་སྟེ་སྟོང་། །སྟོང་པར་ཤེས་པའི་རིག་པ་མི་འགག་པས། །སྟོང་པར་སྒྲོ་བཏགས་ངོ་བོ་སྣང་བ་ཉིད། །ཅེས་གསུངས་སོ། །རིགས་པ་ནི། ཡེ་ཤེས་མེད་ན་སངས་རྒྱས་ཀྱི་ངེས་ཚིག་མེད་པར། མུ་སྟེག་ཆད་པ་བདེན་པ་དང་། ཤེས་བྱེད་མེད་པའི་སྐྱོན་འོང་ངོ་། །དང་པོ་ནི། སངས་པ་ཞེས་བྱ་བ་ནི། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་ཉེས་སྐྱོན་ཐམས་ཅད་སངས་པ་ཡིན་ལ། རྒྱས་པ་ཞེས་བྱ་བ་ནི། ཡེ་ཤེས་དང་ཡོན་ཏན་ཕྱོགས་མེད་དུ་རྒྱས་པ་ཡིན་པས། ཡེ་ཤེས་མེད་ན་སངས་རྒྱས་ཀྱི་ངེས་ཚིག་མེད་ཅིང་སངས་རྒྱས་རང་མ་ཡིན་པར་ཐལ་ལོ། །ངེས་ཚིག་མེད་ཀྱང་ཡིན་ན་མི་འཐད་དེ། རི་བོང་གི་རྭ་ལ་སོགས་པ་མི་སྲིད་པའི་ཆོས་རྣམས་ཀྱང་སངས་རྒྱས་སུ་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །གཉིས་པ་ནི། མུ་སྟེག་ཆད་པའི་སྐབས་སུ་བཤད་པ་བཞིན་ཏེ། འདིར་ཡང་ཡེ་ཤེས་མེད་ན་རིག་པ་རྒྱུན་ཆད་པར་ཐལ་བས་མགོ་བསྒྲེའོ། །གསུམ་པ་ནི། ཡེ་ཤེས་མེད་པར་ལུང་གིས་ཤེས་སམ་རིགས་པས་ཤེས། ལུང་གིས་ཤེས་ན། ཡེ་ཤེས་མེད་པའི་ལུང་རྣམས་སུས་གསུང་། སངས་རྒྱས་ཀྱིས་གསུང་ན་ཡེ་ཤེས་མེད་པ་ཉམས་ལ། མ་གསུང་ཤིང་གདུལ་བྱའི་ངོར་སྣང་ཡིན་ན། གདུལ་བྱ་འཁྲུལ་ལམ། མ་འཁྲུལ། འཁྲུལ་ན་གདུལ་བྱ་འཁྲུལ་པའི་ལོག་ཤེས་ཡིན་པས། བཀའ་རྒྱུད་རྣམས་ཀྱང་གདུལ་བྱ་འཁྲུལ་པའི་ལོགས་ཤེས་སུ་ཐལ་བ་ལ་སོགས་པའི་སྐྱོན་འོང་ངོ་། །མ་འཁྲུལ་པའི་ངོ་ལ་སྣང་ན། སངས་རྒྱས་ཀྱིས་གསུང་པ་ཡིན་པས་ཡེ་ཤེས་མེད་པར་འགལ་ལོ། །དེ་ལྟར་མ་ཡིན་ཏེ། གདུལ་བྱ་རང་གི་མ་འཁྲུལ་པར་མཁྱེན་ཅིང་གསུངས་སོ་ཅེ་ན། དེ་ཀ་སངས་རྒྱས་ཡིན་པས་ཡེ་ཤེས་མེད་པ་ཉམས་སོ། །འོན་ཏེ་སངས་རྒྱས་མིན་ཀྱང་མཁྱེན་ནོ་ཞེ་ན། སངས་རྒྱས་ཀྱི་དགོངས་པ་ཤེས་ཤིང་ཀུན་མཁྱེན་འདུག་པས་སངས་རྒྱས་བས་ཀྱང་ལྷག་པར་ཐལ་བའི་སྐྱོན་འོང་ངོ་། །རིགས་པས་ཤེས་ན། སངས་རྒྱས་མེད་པར་ཤེས་པའི་རིགས་ཤེས་དེ་འཁྲུལ་ལམ་མ་འཁྲུལ། འཁྲུལ་ན་ཡེ་ཤེས་ཡོད་པར་ཐལ། ཅིའི་ཕྱིར་ན་མེད་པར་ཤེས་པ་འཁྲུལ་པའི་ཕྱིར་རོ། །མ་འཁྲུལ་ན་དེ་ཀ་སངས་རྒྱས་སུ་ཐལ། ཅིའི་ཕྱིར་ན་འཁྲུལ་པ་སངས་ཤིང་སངས་རྒྱས་ཀྱི་དགོངས་པ་ཤེས་པའི་ཕྱིར་རོ། །དེ་སྐད་དུ་བྱས་པ་ལ། རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་ལ་གདུལ་བྱ་གཞན་སྣང་དུ་ཡོད་པས་སྐྱོན་མེད་དོ་ཞེ་ན། སྐྱེ་བོ་རང་རྒྱུད་པ་ལྟར་ང་བདག་དང་བཅས་པའི་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་པ་ཡིན་ནམ། སངས་རྒྱས་ཀྱི་ཐུགས་རིག་པའི་ཡེ་ཤེས་རྒྱུན་ཆད་ནས་མེད་པ་ཡིན། སྔ་མ་ལྟར་ན་འདོད་དེ། ང་བདག་དང་བཅས་པ་མེད་ཀྱང་། ཐུགས་རིག་པའི་ཡེ་ཤེས་ཡོད་པས་ཡེ་ཤེས་མེད་པ་ཉམས་སོ། །ཕྱི་མ་ལྟར་ན། ཡེ་ཤེས་རྒྱུན་ཆད་པས་སྔར་གྱི་སྐྱོན་ལས་མ་འདས་སོ། །གཉིས་པ་ནི། གདུལ་བྱ་འཁྲུལ་ལམ་མ་འཁྲུལ་ཏེ་གོང་བཞིན་ནོ། །ཡང་སྐུ་དང་ཡེ་ཤེས་ངོ་བོ་ལ་མེད་ཀྱང་སྨོན་ལམ་གྱི་དབང་གིས་མཁྱེན་ཞིང་དོན་བྱེད་དོ་ཞེ་ན། སྨོན་ལམ་གྱི་རྟེན་སངས་རྒྱས་ཀྱི་ཐུགས་ཀྱིས་བྱས་ནས་མཁྱེམ་ཞིང་སྣང་བ་ཡིན་ནམ། གདུལ་བྱའི་སེམས་ཀྱིས་བྱས་ནས་སྣང་བ་ཡིན་ནམ། བེམ་པོའི་དངོས་པོ་གཅིག་གིས་བྱས་ནས་སྣང་བ་ཡིན་ནམ། སྟོང་པ་ཅང་མེད་གཅིག་གིས་བྱས་ནས་མཁྱེན་ཞིང་སྣང་བ་ཡིན་བརྟགས། དང་པོ་ལྟར་ན། སངས་རྒྱས་ལ་སྐུ་དང་ཡེ་ཤེས་ཡོད་པར་ཐལ། ཅིའི་ཕྱིར་ན་རྟེན་པ་སངས་རྒྱས་ཀྱི་ཐུགས་ཀྱིས་བྱས་པའི་ཕྱིར་རོ། །འདོད་ན་ཡེ་ཤེས་མེད་པ་ཉམས་སོ། །གཉིས་པ་ལྟར་ན་གདུལ་བྱ་འཁྲུལ་མ་འཁྲུལ་གྱི་བརྟགས་པ་གོང་བཞིན་ནོ། །གསུམ་པ་ལྟར་ན། བེམ་པོ་རང་མ་ཡིན་པར་ཐལ། ཅིའི་ཕྱིར་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདུག་པའི་ཕྱིར་རོ། །འདོད་ན་བེམ་པོས་མཁྱེན་པའི་དམ་བཅའ་བུད་དོ། །བཞི་པ་ལྟར་ན། སྟོང་པ་ཅང་མེད་རང་མ་ཡིན་པ་ཐལ། ཅིའི་ཕྱིར་ན་གོང་བཞིན་ནོ། །འདོད་ན་སྟོང་པ་ཅང་མེད་ཡིན་པ་ཉམས་སོ། །དེ་ལྟར་མ་ཡིན་ཏེ། རྟེན་སྤྱི་མཐུན་གྱི་བྱས་ནས་མཁྱེན་ནོ་ཞེ་ན། མཁྱེན་བྱའི་ཡུལ་དང་མཁྱེན་པའི་ཡེ་ཤེས་གཉིས་ཡོད་དམ་མེད། ཡོད་ན་ཡེ་ཤེས་ཡོད་པར་ཐལ་བ་དང་། ཕྱིས་མཁྱེན་པ་འགལ་ལོ། །མེད་ན་གཅིག་གྲོལ་བས་ཀུན་གྲོལ་བའི་སྐྱོན་འོང་ངོ་།
༈ །དངོས་པོར་སྒྲོ་འདོགས་པ་ནི། སངས་རྒྱས་ཞེས་བྱ་བ་དངོས་པོ་རང་རྒྱུད་པ་བཟང་པོ་གཅིག་འོག་མིན་ན་ཡོད་ལ། དེས་དོན་མཛད་པར་འདོད་དེ། དབུ་མའི་སྐབས་ནས་བསྟན་ཅིང་མཐའ་དཀྲོལ་བ་བཞིན་ནོ། །འདིར་ཡང་། འབྲས་ཀློང་ལས། རིག་པའི་དངོས་པོ་གཅིག་རྟག་བདེ། །ཡེ་ཤེས་མུ་མཐའ་ཡས་པར་འདོད། །ཆོས་དབྱིངས་རྒྱ་བྲལ་རྟག་དངོས་མཐའ། །ཞེས་པ་དང་། གོང་གི་དངོས་པོར་འདོད་པའི་གོལ་ས་བཀག་པ་བཞིན་དུ་ཤེས་པར་བྱའོ། །རྒྱས་པར་བཤད་པ་ནི། ནམ་མཁའ་མཐའ་མཉམ་ལས། །རང་བྱུང་རྟག་པ་མཆོག་གི་སྐུ། །སྤྲོས་བྲལ་བརྗོད་མེད་རིག་པའི་གསུང་། །མཚན་ཉིད་དྲན་རྟོག་མེད་པའི་ཐུགས། །འཕེལ་འགྲིབ་མེད་པའི་ཡོན་ཏན་གཏེར། །བྱ་བཙལ་བྲལ་བའི་ལས་ཆེན་པོ། །ཀུན་ལ་ཁྱབ་ཅིང་ཅིར་ཡང་བདལ། །ཞེས་པས། ཀུན་གྱི་གཞི་རྟེན་དུ་གྱུར་པས་སྐུ་དང་། དོན་གྱིས་བརྡའ་སྤྲོད་ཅིང་མཚེན་པས་གསུང་དང་། གསལ་འགྲིབ་མེད་པར་ཐམས་ཅད་མཁྱེན་པས་ཐུགས་དང་། ཟད་མི་ཤེས་པར་འདོད་དགུ་འབྱུང་བས་ཡོན་ཏན་དང་། མཛད་པ་ལྷུན་གྱིས་གྲུབ་ཅིང་བྱ་བ་བྱེད་པས་ཕྲིན་ལས་སོ། །དེ་རེ་རེ་ལའང་ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔ་དང་། བསམ་གྱིས་མི་ཁྱབ་པར་གསུང་ཏེ། གཅན་འཕྲང་ལས། སྐུ་དང་གསུང་ཐུགས་ཡོན་ཏན་ལས། །གཅིག་ལ་ལྔ་ལྔ་རྩ་ལྔ་དང་། །ཤིན་ཏུ་བསམ་ཡས་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །དེ་ལ་དང་པོ་སྐུ་ནི། ངེས་དོན་འདུས་པའི་རྒྱུད་ལས། དེ་ཡང་འབྲས་བུ་སྐུ་ལྔ་དང་། །ཡེ་ཤེས་རྣམ་ལྔ་ཡོད་ཚུལ་ནི། །འདུས་མ་བྱས་ཀྱི་ནམ་མཁའ་བཞིན། །དུས་གསུམ་འདུ་འབྲལ་མེད་པར་ནི། །སྐུ་དང་ཡེ་ཤེས་ཡང་དག་ཡོད། །ཞེས་པ་དང་། འབྲས་ཀློང་ལས། ལྷུན་གནས་བདེ་ཆེན་བདལ་བའི་སྐུ། །ཆོས་སྐུ་སྤྲོས་པ་ཀུན་ལས་གྲོལ། །རང་རིག་བདེ་ཆེན་ལོངས་སྤྱོད་རྫོགས། །འོད་ཟེར་ཐུགས་རྗེའི་རྣམ་པར་སྤྲུལ། །དབྱེར་མེད་ངང་དུ་རྫོགས་པ་ལས། །ཞེས་པ་སྐུ་ལྔ་སྟེ། ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་དང་། གསང་བའི་སྐུའམ་རྡོ་རྗེའི་སྐུའོ། །དང་པོ་ནི། ཤེས་བྱའི་དཀྱིལ་འཁོར་ལ་མི་མཐུན་གཉེན་པོ་མེད་པར་གནས་ལུགས་ཇི་བཞིན་པ་མངོན་དུ་གྱུར་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། ངེས་དོན་འདུས་པའི་རྒྱུད་ལས། མ་བཅོས་ཡེ་ནས་ཀུན་གྱི་གཞི། །རང་བྱུང་ངོ་བོ་ཉིད་ཀྱི་སྐུ། །ཆོས་རྣམས་ཀུན་གྱི་རྩ་བའི་གཞིར། །དུས་གསུམ་སངས་རྒྱས་ཀུན་གྱིས་གསུང་། །ཞེས་པ་དང་། མདོ་ལས། ངོ་བོ་ཉིད་ཀྱི་སྐུ་ནི་གཉེན་པོ་མེད་པར། རྣམ་པ་ཐམས་ཅད་དང་ལྡན་ཏེ། ཞེས་པ་དང་། ངོ་བོ་ཉིད་ནི་ཇི་བཞིན་པ་དེ་ཉིད་ལ་བྱའོ། །ཞེས་གསུངས་སོ། །གཉིས་པ། ཆོས་དབྱིངས་སྐྱེ་འགག་གསལ་འགྲིབ་མེད་པ་མངོན་དུ་གྱུར་པ་ཆོས་སྐུ་ཡིན་ཏེ། ངེས་དོན་འདུས་པའི་རྒྱུད་ལས། ཆོས་སྐུ་རང་བྱུང་རིག་པ་དེ། །དུས་གསུམ་དག་ཏུ་སྐྱེ་འགག་མེད། །འགྲོ་འོང་གསལ་འགྲིབ་མེད་པར་གནས། །དེ་ཕྱིར་ཀུན་བཟང་ཆོས་ཀྱི་སྐུ། །ཞེས་པ་དང་། ཀློང་ཆེན་ལས། འཕོ་འགྱུར་མེད་པ་ཆོས་ཀྱི་སྐུ། །སྐྱེ་མེད་ཆོས་ཀྱི་དབྱིངས་ན་གསལ། །ཞེས་སོ། །དེ་ཡང་ཆོས་དབྱིངས་སྐྱེ་འགག་གསལ་འགྲིབ་མེད་པ་མངོན་དུ་བྱས་པ་ཉིད་ཆོས་སྐུ་དང་། དེ་ཉིད་ཡོངས་ལོངས་སྐུའི་ངོ་ལ་ཆོས་དབྱིངས་རང་གསལ་བྱིན་གྱིས་བརླབས་ཀྱིས་སྟོན་པ་ཀུན་བཟང་དུ་སྣང་བ་ནི་གཞན་ཆོས་སྐུའོ། །གསུམ་པ། ཆོས་ཀུན་ལྷག་མ་མེད་པ་དགོངས་པ་བདེ་བ་ཆེན་པོ་རྫོགས་ཤིང་ལོངས་སྤྱོད་པ་ལོངས་སྐུ་ཡིན་ཏེ། ནམ་མཁའ་མཐའ་མཉམ་ལས། སྟོན་པ་རྫོགས་ལོངས་སྤྱོད་པ་ཡིས། །རང་བྱུང་མཚན་དཔེ་རང་ལ་ཆས། །བདེ་བ་ཀུན་ལ་མངའ་མཛད་ཅིང་། །ཡེ་ཤེས་དམིགས་པའི་ངང་ཚུལ་ཅན། །ཞེས་པ་དང་། ཀློང་ཆེན་ལས། ཉིད་ཀྱི་རོལ་པ་ཉིད་ལོངས་སྤྱོད། །ལོངས་སྤྱོད་རྫོགས་སྐུ་ཉིད་ཀྱིས་བསྟན། །ཞེས་གསུངས་སོ། །དེ་ཡང་ཆོས་ཀུན་དགོངས་པ་བདེ་བ་ཆེན་པོར་ལོངས་སྤྱོད་པ་ནི་ལོངས་སྐུ་དང་། དེ་ཉིད་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དང་སྨིན་པ་རྒྱ་མཚོའི་འཁོར་ལ། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རྒྱལ་བ་རིགས་རྣམ་པ་ལྔ་ལ་སོགས་པར་སྣང་ནས་དོན་མཛད་པ་ནི་གཞན་ལོངས་སྐུའོ། །བཞི་པ། དེ་ཉིད་ཕྱོགས་མེད་ཅིར་ཡང་འཆར་ཞིང་སྤྲུལ་པ་བསམ་གྱིས་མི་ཁྱབ་པར་སྣང་ནས་དོན་མཛད་པས་སྤྲུལ་སྐུའོ། །ནམ་མཁའ་མཐའ་མཉམ་ལས། ཐུབ་པའི་དབང་པོ་གྲངས་ལས་འདས། །མདོར་བསྡུས་དྲུག་སྣང་ཡེ་ཤེས་དྲུག །འདུལ་དབང་ལོངས་སྤྱོད་སྤངས་ཚུལ་གྱིས། །འགྲོ་བ་འདྲེན་མཛད་སྒྲོན་མའོ། །ཞེས་པ་དང་། ཀློང་ཆེན་ལས། འགག་མེད་ཐུགས་རྗེའི་སྤྲུལ་པ་ནི། །ངོས་མེད་སྐུ་སྟེ་ཅིར་ཡང་སྣང་། །ཞེས་གསུངས་སོ། །དེ་ཡང་མཛད་པ་ཕྱོགས་མེད་ཅིར་ཡང་འཆར་བ་ཉིད་སྤྲུལ་སྐུ་དང་། དག་པ་དང་མ་དག་པའི་གདུལ་བྱ་ལ་གང་ལ་གང་འདུལ་དུ་བསྟན་ནས་དོན་མཛད་པས་གཞན་སྤྲུལ་སྐུའོ། །ལྔ་པ། གསང་བ་དམ་པའི་ཐེ་ཚོམ་གཅོད་པ་ནི་གསང་བའི་སྐུ་དང་། དེ་རྣམས་དབྱེར་མེད་ཅིང་སྐྱེ་འཇིག་འདུ་འབྲལ་མེད་པས་ན་རྡོ་རྗེའི་སྐུའོ། །གསང་བའི་སྐུའི་ལུང་ནི་ཞིང་ཁམས་ལ་སོགས་པའི་སྐབས་ནས་སྟོན་ནོ། །རྡོ་རྗེའི་སྐུ་ནི། ཀློང་ཆེན་ལས། རྡོ་རྗེའི་སྐུ་ལ་འཇིག་འདྲལ་མེད། །ཞེས་པ་དང་། མན་ངག་རྩ་བ་བསྡུས་པའི་རྒྱུད་ལས། དུས་གསུམ་དག་ཏུ་མི་འགྱུར་བས། །རྡོ་རྗེ་ལྟ་བུའི་སྐུ་ཞེས་གདམས། །ཞེས་གསུངས་སོ། །ཞིང་ཁམས་ལ་སོགས་པ་རྒྱས་པ་ནི་མཛད་པའི་སྐབས་ནས་སྟོན་ནོ། །གསུང་ལྔ་ནི། ཤེས་བྱའི་དཀྱིལ་འཁོར་ལ་མ་བསྒྲིབ་རང་གསལ་བར་མཚོན་པས་རང་གསལ་ངོ་བོ་ཉིད་ཀྱི་གསུང་དང་། དབྱེར་མེད་བྱིན་གྱིས་རླབས་ཀྱིས་ཆོས་ཀུན་སྐྱེ་མེད་རང་སྣང་དུ་མཚོན་པས། ཆོས་སྐུ་བྱིན་གྱིས་བརླབས་ཀྱི་གསུང་དང་། སྐུ་མདུན་དང་རྒྱབ་མེད་པར་ཞལ་ཕྱོགས་བཅུ་ཀུན་ཏུ་ཐ་ལེ་བ་ལ་སོགས་པ་དགོངས་པ་བརྡ་ཡིས་མཚོན་པས་ལོངས་སྐུ་དགོངས་པ་བརྡའི་གསུང་དང་། ཚངས་དབྱངས་ཀྱི་སྒོ་ནས་གསུང་དབྱངས་ཡན་ལག་སུམ་བརྒྱ་དྲུག་ཅུ་ལ་སོགས་པས་མཚོན་པས། སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་དང་། མཛད་པ་ཐབས་ཀྱི་སྒོ་ནས་གསང་བ་དམ་པའི་ཐེ་ཚོམ་གཅོད་པས་གསང་བའི་སྐུའི་གསུང་ངམ། གྲགས་སྟོང་དབྱེར་མེད་རྡོ་རྗེའི་སྐུའི་གསུང་ངོ་། །དེ་ཡང་མདོ་ལས། གང་ངོ་བོ་ཉིད་མེད་པའི་གསུང་ནི་ནམ་མཁའ་ལྟ་བུའོ། །ཞེས་པ་ལ་སོགས་པ་དང་། ནམ་མཁའ་མཐའ་མཉམ་ལས། ངོ་བོ་མཐོང་ཚུལ་གཉིས་ཀྱིས་སོ། །རང་རིག་ཡེ་ཤེས་མ་ཡིན་པ། །རྣམ་པར་སྤྱད་པའི་ཆོས་མི་གནས། །ཞེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། ཞིང་ཁམས་ཆོས་ཉིད་བདེ་བའི་ཀློང་། །རང་བཞིན་འོག་མིན་བྱང་ཆུབ་ཐུགས། །ཆོས་སྐུ་སྟོན་པ་ཀུན་བཟང་གིས། །དགོངས་པ་ངེས་དོན་བྱིན་བརླབས་ཀྱིས། །ཕྱོགས་བཅུ་ཉིད་ལས་མི་གཞན་འཁོར། །དུས་གསུམ་སངས་རྒྱས་ཉིད་ལ་བཤད། །ཞེས་པ་དང་། ལོངས་སྤྱོད་རྫོགས་པས་སྐུ་སྒོ་ནས། །ལྡེམ་དགོངས་ཕྱི་ནང་གསང་བའི་དོན། །ས་བཅུའི་རིག་འཛིན་སེམས་དཔའ་ལ། །གསང་སྔགས་རང་གི་ངོ་བོ་སྟོན། །ཅེས་པ་དང་། སྤྲུལ་སྐུའི་གསུང་གི་སྒོ་ནས་ནི། །གང་ལ་གང་མོས་དྲང་དོན་དུ། །དགེ་སྡིག་རྒྱུ་འབྲས་གཉིས་ཀྱི་ཆོས། །སྡེབ་སྦྱོར་ལེགས་པའི་ཚིག་ཏུ་སྟོན། །ཞེས་པ་དང་། ཀུན་བྱེད་ལས། སྟོན་པ་ཆོས་སྐུས་བྱིན་གྱིས་རླབས་ཀྱིས་བཤད། །ལོངས་སྤྱོད་རྫོགས་པས་རང་གི་ངོ་བོས་བཤད། །སྤྲུལ་པའི་སྐུས་ནི་ཚིག་དོན་བསྡེབས་ནས་བཤད། །ཞེས་གསུངས་སོ། །གསུང་གཉིས་ཀྱི་ལུང་ནི། ཞིང་ཁམས་ལ་སོགས་པའི་སྐབས་ནས་སྟོན་ནོ། །དེ་ཡང་ངོ་བོ་ཉིད་ཀྱི་གསུང་ནི་ཉིད་ཀྱི་འཁོར་ལ་ཤེས་བྱའི་དཀྱིལ་འཁོར་གསལ་འགྲིབ་མེད་པར་མངོན་སུམ་དུ་སྟོན་ཅིང་གོ་བའོ། །སྐུ་གསུམ་གྱི་གསུང་གིས་གོ་ཚུལ་ནི། ཁོག་དབུབ་ཀྱི་སྐབས་ནས་སྟོན་པ་བཞིན་དུ་ཤེས་པར་བྱའོ། །གསང་བའི་སྐུའི་གསུང་གིས་གོ་ཚུལ་ནི། གསང་བ་དམ་པའི་དབང་བསྐུར་བས་ཐེ་ཚོམ་ཆོད་ཅིང་རྟོགས་པའོ། །དེ་ལྟར་ལུང་དང་རིམ་པ་སྦྱར་ཏེ་གོ་བར་བྱའོ། །ཡེ་ཤེས་ནི། ཡེ་ཤེས་ཀྱི་ངོ་བོའམ་ངེས་ཚིག་དང་། རྣམ་གྲངས་དང་། ཇི་ལྟར་ཡོད་པའི་ཚུལ་དང་། མཁྱེན་པའི་ཚུལ་ལོ། །དང་པོ་ནི། ཆོས་ཀུན་སྒྲིབ་མེད་རང་གསལ་དུ་མཁྱེན་པས་ཡེ་ཤེས་ཞེས་བྱ་སྟེ། ཡེ་ཤེས་གསང་བ་ལས། རང་གསལ་ཡེ་ཤེས་མ་བཅོས་པ། །དོན་དེ་ཤེས་པ་ཡེ་ཤེས་ཡིན། །ཞེས་པ་དང་། ལ་ཤན་ལས། ཅིས་ཀྱང་མ་བསྒྲིབས་ཡེ་ཤེས་མཆོག །ཐམས་ཅད་མ་འདྲེས་ཡོངས་རྫོགས་གསལ། །ཞེས་པ་དང་། ཀུན་ཡེ་རང་རིག་ཤེས་གསལ་བས། །ཅིས་ཀྱང་མ་བསྒྲིབས་ངེས་པའིཚིག །ཞེས་གསུངས་སོ། །རྣམ་གྲངས་ནི། ཉ་མོ་འཁོར་ལོའི་རྒྱུད་ལས། སྟོང་ཉིད་ཡེ་ཤེས་མཚན་མས་དབེན། །མེ་ལོང་ཡེ་ཤེས་མི་རྟོག་གསལ། །མཉམ་ཉིད་རིག་པ་སེམས་སུ་གསལ། སོ་སོར་རྟོགས་པ་མ་འདྲེས་གསལ། །བྱ་བ་ནན་ཏན་མཐར་ཕྱིན་པའོ། །ཞེས་པས། ཆོས་ཀུན་མཚན་མ་དང་དངོས་པོ་མེད་པར་ཆོས་དབྱིངས་རང་གསལ་དུ་མཁྱེན་པས་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཆོས་ཀུན་མ་བསྒྲིབས་རང་གསལ་དུ་མཁྱེན་པས་མེ་ལོང་ལྟ་བུ་དང་། ཆོས་ཀུན་དབྱེར་མེད་ཅིང་མཉམ་ཉིད་རང་གསལ་དུ་མཁྱེན་པས་མཉམ་ཉིད་ཀྱི་དང་། མཉམ་པ་དེ་ཉིད་བྱེ་བྲག་མ་འདྲེས་པར་མཁྱེན་པས་སོ་སོར་རྟོགས་པའི་དང་། རྩོལ་བ་མེད་པར་ཡེ་ཤེས་ཀྱིས་བྱ་བ་བྱེད་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡེ་ཤེས་གསང་བ་ལས། སྟོང་པ་ཀུན་ལྡན་ཡེ་ཤེས་ཐུགས། །དངོས་མེད་ཀུན་ལྡན་སྟོང་ཆེན་པོ། །འཛིན་མེད་རིག་པ་རང་གསལ་བས། །སྟོང་ཉིད་ཡེ་ཤེས་དག་ཏུ་བཤད། །ཞེས་པ་དང་། ཕྱོགས་མཚམས་ཀུན་ཏུ་གསལ་བར་འཕྲོས། །ཡེ་ཤེས་མེ་ལོང་ཐམས་ཅད་གསལ། །མ་བཅོས་གཟུགས་བརྙན་སྣང་བས་ན། །ཡེ་ཤེས་མེ་ལོང་དག་ཏུ་བཤད། །ཞེས་པ་དང་། དབྱེར་མེད་ནམ་མཁའ་ལྟ་བུར་ཁྱབ། །སྣང་སྲིད་བྱང་ཆུབ་སེམས་སུ་མཉམ། །མཉམ་པ་རང་གསལ་ཕྱོགས་བཅུར་བདལ། །འོད་གསལ་རིག་པ་མཉམ་པར་བཤད། །ཞེས་པ་དང་། འབར་བའི་ཡེ་ཤེས་རྨད་པོ་ཆེ། །རང་གསལ་རིག་པ་ཀུན་མཁྱེན་ཐུགས། །མཉམ་ལ་མ་འདྲེས་ཀུན་ཏུ་བཟང་། །མ་འདྲེས་གསལ་བའི་ཡེ་ཤེས་སོ། །ཞེས་པ་དང་། ཀུན་གྱི་སྙིང་པོ་རང་བྱུང་ལ། །ཐུགས་རྗེ་ལྷུན་གྲུབ་ཤར་གྱུར་ནས། །གདུལ་བྱའི་བྱ་བ་ཀུན་མཛད་གསལ། །དེས་ན་བྱ་བ་ནན་ཏན་ནོ། །ཞེས་གསུངས་སོ། །ཡོད་ཚུལ་དང་མཁྱེན་ཚུལ་ནི། ཐམས་ཅད་མཁྱེན་པས་གདུལ་བྱ་གཟིགས་ཚུལ་གྱི་སྐབས་ནས་སྟོན་ནོ། །ཡོན་ཏན་ནི། སྤྱིར་ཡོན་ཏན་བསམ་གྱིས་མི་ཁྱབ་པར་བསྟན་པ་དང་། ཞིང་ཁམས་ལ་སོགས་པའི་ཡོན་ཏན་ལྔ་བསྟན་པའོ། །དང་པོ་ནི། ནམ་མཁའ་མཐའ་མཉམ་ལས། ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཞེས་པ་དང་། ཡིད་སྐྱོབ་ལས། སངས་རྒྱས་ཆེ་བའི་ཡོན་ཏན་བསམ་མི་ཁྱབ། །ཅེས་པས་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་བརྗོད་པ་ལས་འདས་པ་གསུང་ཀྱང་། བསྡུ་ན་གཉིས་ཏེ། རང་དོན་དུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་འཆིང་བ་མཐའ་དག་ལས་གྲོལ་ནས། དགོངས་པ་བདེ་བ་ཆེན་པོའི་ངང་ལས་འགྲོ་འོང་གསལ་འགྲིབ་མེད་པར་བཞུགས་པ་ཡིན་ཏེ། སངས་རྒྱས་པའི་དོན་དེ་རྣམས་སོ། །གཞན་དོན་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པས། གང་ལ་གང་འདུལ་དུ་གདུལ་བྱའི་བསམ་པ་དང་བསྟུན་ནས་དོན་མཛད་པ་ཡིན་ཏེ། དེ་ཡང་སྐུ་ལྔ་ལ་སོགས་པ་སྐུ་བསམ་གྱིས་མི་ཁྱབ་པར་སྣང་ནས། གང་ལ་གང་འདུལ་དུ་དོན་བྱེད་པ་དང་། གསུང་ལྔ་ལ་སོགས་པ་གསུང་དབྱངས་ཡན་ལག་སུམ་བརྒྱ་དྲུག་བཅུ་དང་། གསུང་བསམ་གྱིས་མི་ཁྱབ་པར་བསྙན་པ་རྒྱ་མཚོ་བསྟན་ནས་དོན་བྱེད་པ་དང་། ཐུགས་མཁྱེན་པ་གསུམ་ལ་སོགས་པ་བསམ་གྱིས་མི་ཁྱབ་པས་གང་ལ་གང་འདུལ་དུ་གཟིགས་ནས་དོན་བྱེད་པ་དང་། ཡོན་ཏན་གྱིས་ནོར་བུ་རིན་ཆེན་ལྟར་གང་ལ་གང་འདུལ་དུ་ཇི་ལྟར་བསམ་པ་ལྟར་འབྱུང་བ་དང་། ཕྲིན་ལས་ཀྱིས་གང་ལ་གང་འདུལ་དུ་ཇི་ལྟར་འཚམས་པ་ལྟར་དོན་འབྱུང་བའོ། །ཡིད་སྐྱོབ་ལས། ང་ཡི་ཡོན་ཏན་ཕྱོགས་སུ་མ་ཆད་པས། །ཡོན་ཏན་མཆོག་ཏུ་གྱུར་པར་རྒྱལ་བས་གསུང་། །ཞེས་པ་དང་། མན་ངག་རྒྱ་མཚོ་ཀློང་ལས། ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་རིག་པའི་རྒྱན་ཞེས་གསུང་། །ཞེས་པ་དང་། འབྲས་བུའི་ཀློང་ལས། ཆོས་སྐུ་འབྲས་བུ་རང་གསལ་ལ། །རིན་ཆེན་འབར་བ་ལྷུན་གྲུབ་ལྟར། །ཐུགས་རྗེའི་བྱིན་བརླབས་འདོད་དགུར་འཆར། །སྐལ་ལྡན་རང་རྐྱེན་ཉི་མ་བཞིན། །ཞེས་གསུངས་སོ། །གཉིས་པ་ནི། ནམ་མཁའ་མཐའ་མཉམ་ལས། དག་པའི་ཞིང་དང་གཞལ་ཡས་ཁང་། །མཚན་དང་དཔེ་བྱད་འོད་འབར་བས། །ཡེ་ཤེས་གསལ་བའི་ངོ་བོར་སྣང་། །ཞེས་པས་ཞིང་ཁམས་དང་། གཞལ་ཡས་དང་། གདན་དང་། རྒྱན་དང་། འོད་ཟེར་ཡོན་ཏན་ཅན་ནོ། །ཨ་མུའི་སྐབས་དང་ཞིང་ཁམས་ལ་སོགས་པའི་སྐབས་ནས་སྟོན་པ་བཞིན་ནོ། །ཕྲིན་ལས་ནི། བརྩལ་མེད་ལྷུན་གྲུབ་ཀྱི་ཕྲིན་ལས་དང་། ཞི་རྒྱས་དབང་དྲག་གི་ཕྲིན་ལས་དང་ལྔའོ། །དང་པོ་ནི། རྩོལ་བ་མེད་པར་ལྷུན་གྲུབ་བདེ་བ་ཆེན་པོའི་ངང་ལས། གང་ལ་གང་འདུལ་དུ་ཐབས་མཁས་མཛད་པ་བསམ་གྱིས་མི་ཁྱབ་པས་དོན་འབྱུང་བ་ཡིན་ཏེ། ནམ་མཁའ་མཐའ་མཉམ་ལས། བྱ་བྲལ་འོད་གསལ་ཆོས་དབྱིངས་ལ། །ཕྲིན་ལས་བརྩལ་མེད་ལྷུན་གྲུབ་ལ། །འོད་གསལ་ཡེ་ཤེས་ཕྱོགས་རིས་མེད། །བརྩལ་མེད་ཕྲིན་ལས་མཆོག་གི་ཀློང་། །ཞེས་པ་དང་། གདུལ་བྱའི་བསམ་པ་ཇི་བཞིན་དུ། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །ཐབས་མཁས་སྤྱོད་པ་བསམ་མི་ཁྱབ། །དུས་གཅིག་ཉིད་ལ་གསལ་བར་འཆར། །ཞེས་པ་དང་། ཡེ་ཤེས་གསང་བ་ལས། ཕྱོགས་རིས་མེད་པར་ཡེ་བདལ་པས། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡིན། །རྣམ་དག་དབྱིངས་ལ་བཞུགས་བཞིན་དུ། །ཡོངས་ལ་ཁྱབ་པའི་ཐུགས་རྗེ་འབྱུང་། །ཞེས་གསུངས་སོ། །ཞི་རྒྱས་དབང་དྲག་ནི། མན་ངག་བརྒྱ་མཚོའི་ཀློང་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ཀྱང་། །ཀུན་ཏུ་བཟང་པོའི་རོལ་པ་ལ། །ཞེས་པས། ཞི་བས་འདུལ་བ་ལ་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོས་འདུལ་བ་ལ་དྲག་པོས་དོན་མཛད་དེ་གང་ལ་གང་འདུལ་དུ་དོན་མཛད་པའོ། །དྲུག་པ་དགོངས་པའི་བཞུགས་ཚུལ་ནི། གཞན་གྱི་མཐའ་བསལ་བ་དང་། དགོངས་པ་ཇི་ལྟར་བཞུགས་པའི་ཚུལ་ལོ། །སྔ་མ་ནི། ཤིང་གི་མེ་དཔུང་ལྟར་སྦྱངས་པའི་ཡེ་ཤེས་མ་འདྲེས་པར་རྒྱུད་ཐ་དད་པར་འདོད་པ་དང་། ཆུ་ལ་ཆུ་ཐིམ་པ་ལྟར་སངས་རྒྱས་ཐམས་ཅད་རྒྱུད་ཅིག་ཏུ་འདོད་པའོ། །དང་པོ་ནི། ཤིང་ཐ་དད་ཀྱི་མེ་རང་བཞིན་ནམ་མཚན་ཉིད་མེ་རུ་གཅིག་ཀྱང་ངོ་བོ་ཐ་དད་པ་ལྟར་དང་། འབྲས་བུའི་ཕུང་པོ་ལྟར་མཚན་ཉིད་དང་ཚོགས་པ་གཅིག་ཀྱང་ངོ་བོ་ཐ་དད་པ་ལྟར། སངས་རྒྱས་ཐམས་ཅད་ཀྱང་སངས་རྒྱས་པར་མཚན་ཉིད་གཅིག་ཀྱང་སྦྱངས་པའི་ཡེ་ཤེས་མ་འདྲེས་ཏེ། རྒྱུད་ཐ་དད་པར་འདོད་པའོ། །དེ་ཡང་སངས་རྒྱས་ལ་གཟུང་འཛིན་ཡོད་པ་དང་། དགོངས་པ་ཀོར་ལིང་མུ་མཐའ་ཅན་གྱི་སྐྱོན་འོང་སྟེ། དབུ་མའི་སྐབས་སུ་བཤད་པའི་སྐྱོན་དེ་རྣམས་ཀྱང་འོང་ལ། ལམ་རིལ་ལས་ཀྱང་། ཤིང་གི་མེ་དཔུང་ལྟར་འདོད་པ། །དྲང་པ་ཙམ་སྟེ་དེ་ཉིད་མིན། །ཞེས་པ་དང་། འབྲས་བུའི་ཀློང་ལས། ཕྱི་པས་ཤིང་གི་མེ་དཔུང་ལྟར། །རང་བཞིན་དབྱེར་མེད་ངོ་བོ་ཉིད། །ཀུན་མཁྱེན་ཐ་དད་བཞུགས་པ་དེ། །ཕན་ཚུན་མི་མཁྱེན་ཀུན་མཁྱེན་བྲལ། །མཁྱེན་པ་གཟུང་འཛིན་རྣམ་རྟོག་སྟེ། །རང་བཞིན་སྤྲོས་བྲལ་དམར་ཐག་ལས། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་ནི། མར་ལ་མར་ཐིམ་པ་ལྟར་དུ་གཅིག་ཏུ་ཐིམ་སྟེ་སྟོང་ནས་མེད་པར་འདོད་པ་དང་། རིག་པའི་རྒྱུད་ཅིག་ཏུ་ཐིམ་ནས་མཁྱེན་པ་ལ་སོགས་པ་ཡོད་པར་འདོད་པའོ། །སྔ་མ་ནི། གོང་དུ་སྐུར་འདེབས་ཀྱི་མཐའ་བསལ་བའི་སྐབས་ནས་བཤད་པ་བཞིན་ནོ། །ཕྱི་མ་ནི། མུ་སྟེག་རིག་བྱེད་ཀྱི་མཐའ་གསང་གསང་བར་སྨྲ་བའི་སྡེ་པ་དང་འདྲ་བའི་སྐྱོན་འོང་སྟེ། མུ་སྟེགས་ཀྱི་སྐབས་སུ་བཤད་པ་དང་མཐུན་ནོ། །ལམ་རིམ་ལས། དོན་དམ་གཅིག་པུར་མ་ཡིན་ཕྱིར། །ཆུ་ལ་ཆུ་ལྟར་གཅིག་པའང་མིན། །ཞེས་པ་དང་། མདོ་ལས། ཀུན་ཏུ་མ་འདྲེས་མ་ཤེས་པར། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ། འོ་ན་དགོངས་པའི་བཞུགས་ཚུལ་ཇི་ལྟར་ཡིན་ན། ཐུན་མོང་པའི་གཅིག་དང་ཐ་དད་ལས་གྲོལ་ཞིང་། དགོངས་པའི་རྒྱུད་མ་འདྲེས་ལ་ཡོངས་སུ་རྫོགས་པར་བཞུགས་པ་གསུང་ཏེ། གསང་སྙིང་ལས། གཅིག་དང་དུ་མ་བྲལ་བ་ཡིན། །མཐའ་དང་དབུས་མེད་དེ་བཞིན་ཉིད། །ཞེས་པ་དང་། ལམ་རིམ་ལས། མཉམ་པ་གསུམ་པ་ཡིན་པའི་ཕྱིར། །ངེས་པར་རྒྱུད་ཅིག་མ་འདྲེས་པའི། །ཐ་སྙད་བྲལ་བའི་ཚུལ་དུ་བཞུགས། །ཞེས་པ་དང་། ཡིད་སྐྱོབ་ལས། གཅིག་དང་ཐ་དད་ཡིན་པས་ན། །གཅིག་དང་ཐ་དད་གྲོལ་བར་གསུང་། །དེ་བས་འཁོར་འདས་འབྲེལ་ཞིང་རྒྱ་ཡང་ཆད། །མཐའ་དངོས་མཐའ་བྲལ་ཀུན་དངོས་ཀུན་དང་བྲལ། །ཞེས་སོ། །གོང་གི་མ་འདྲེས་ཡོངས་རྫོགས་ཀྱི་སྐབས་བཞིན་ཤེས་པར་བྱའོ། །བདུན་པ་ཐེག་པ་རིམ་དགུའི་འབྲས་བུ་གཅིག་གམ་ཐ་དད་པ་ནི། ཤེས་བྱ་ཇི་ལྟ་བ་ཉིད་མཐར་ཕྱིན་ཏེ། མཐར་ཐམས་ཅད་རྫོགས་པ་ཆེན་པོ་ལྟར་སྤངས་ཐོབ་མེད་པར་སངས་རྒྱས་ཙམ་ན་ཁྱད་པར་མེད་ལ། རང་ས་རང་སའི་འབྲས་བུ་ནི། ཐེག་པ་དགུ་ཀ་ལ་ཁྱད་པར་ཡོད་དེ། འོག་མ་འོག་མ། གོང་མ་གོང་མའི་ལམ་སྟེགས་དང་། གོང་མ་གོང་མ་ལ་སེམས་བསྐྱེད་དགོས་པར་བཤད་པ་བཞིན་དུ་ཤེས་པར་བྱའོ། །དེ་ལ་ཨ་ནུ་མན་ཆད་ཀྱི་ཁྱད་པར་ནི་རང་རང་གི་སྐབས་ནས་བཤད་པ་བཞིན་ལ། འདིར་ཨ་ནུ་མན་ཆད་དང་ཨ་ཏིའི་ཁྱད་པར་ནི། ཁྱད་པར་འོང་བའི་རྒྱུ་མཚན་དང་། ཁྱད་པར་དངོས་སོ། །སྔ་མ་ནི། ལྟ་བ་ལ་ཁྱད་པར་ཡོད་པ་བཞིན་འབྲས་བུ་ལ་ཡང་ཁྱད་པར་ཡོད་དེ། ལྟ་བའི་དོན་དེ་ཉིད་མངོན་དུ་བྱས་པ་ཉིད་འབྲས་བུ་ཡིན་པའི་ཕྱིར་རོ། །ལམ་རིམ་ལས། མི་མཐུན་གཞུང་གིས་སངས་རྒྱས་པའང་། ལྟ་སྤྱོད་ཏིང་ངེ་འཛིན་ལམ་རིམ་བཞིན། །གྲུབ་པའི་མཐའ་ལ་ཁྱད་པར་པས། །ལྟ་བའི་སྒྲིབ་པས་ཕྱི་པ་ཡིན། །ཞེས་པ་དང་། ངེས་དོན་འདུས་པའི་རྒྱུད་ལས། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱང་། །ཡང་ཏི་རྫོགས་ཆེན་ཡས་བལྟས་ན། །ངེས་དོན་སྙིང་པོ་མ་མཐོང་ཕྱིར། །གཞི་གནས་མ་རིག་ཡོད་པས་ན། །རྩོལ་བ་བྱས་པས་ཆོས་སྐུ་བསྒྲིབས། །དེ་ཕྱིར་ཡང་དག་སངས་རྒྱས་མིན། །ཅེས་པ་དང་། དེ་དག་རྒྱུད་ལུང་སངས་རྒྱས་ཀྱང་། །ཡང་ཏི་རྫོགས་ཆེན་ཡས་བལྟས་ན། །རང་བྱུང་ངེས་དོན་མ་ཤེས་པས། །ཆེད་དུ་བྱས་པའི་རྩོལ་བས་སྒྲུབས། །རེ་དོག་ཕྲ་མོ་ཡོད་པའི་ཕྱིར། །ངེས་ལུང་མ་ཤེས་སྣང་བར་འཆིལ། །གཟུགས་ཅན་སངས་རྒྱས་འདོད་པའི་ཕྱིར། །ཆོས་སྐུའི་སངས་རྒྱས་དོན་ལ་སྒྲིབ། །ཅེས་པ་དང་། ནམ་མཁའ་མཐའ་མཉམ་ལས། གཉིས་མེད་དོན་ལ་གཉིས་གཟུང་ནས། །བསྐལ་པ་གྲངས་མེད་གསུམ་ཉིད་དུ། །ས་བཅུ་ལམ་ལྔ་ཕ་རོལ་ཕྱིན། །སྦྱོང་ཞིང་གཉིས་རྟོག་སྤོང་ལེན་ཅན། །རང་ས་ཐོབ་ཀྱང་མཐར་མ་ཕྱིན། །ཞེས་པ་དང་། རྗེས་འཇུག་རྣལ་འབྱོར་ཚུལ་གྱིས་ནི། །དབྱིངས་དང་ཡེ་ཤེས་རང་བཞིན་གྱིས། །རྒྱུ་འབྲས་དག་པའི་ཚུལ་དུ་བལྟ། །འོད་ཀྱི་ཏིང་འཛིན་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའི་ས་ལ་འགྲོ། །རང་ས་འབྲས་བུ་མངོན་ཐོབ་ཀྱང་། །མཐར་ཐུག་འབྲས་བུ་དེ་ལ་མེད། །ཅེས་པ་དང་། ས་ལམ་གྱི་ཀློང་ལས། སྦྱངས་བགྲོད་རྩོལ་བས་འཇུག་གནས་བརྟན། །བསྟི་གནས་ཙམ་དུ་བསྟན་པ་ཡིན། །ཞེས་པ་དང་། ཡང་། ཀུན་ཏུ་འོད་ཀྱི་ས་རུ་བཞག་པ་ཡིན། །དོན་ལ་ངེས་པར་བརྟགས་ན་དྲང་བ་ཙམ། །ཞེས་པ་ལ་སོགས་པ་ཨ་ཏིའི་རྒྱུད་ལུང་མན་ངག་ཐམས་ཅད་ལས་གསུངས་སོ། །ཕྱི་མ་ནི། ངོ་བོ་ལ་སྤང་ཐོབ་ཡོད་མེད་ཀྱི་ཁྱད་པར་དང་། ཤེས་བྱ་ལ་ཕྱོགས་ཙམ་འཛིན་མི་འཛིན་གྱི་ཁྱད་པར་དང་། དོན་ཆེ་བ་ལྔ་ཡིས་ཁྱད་པར་དུ་དཔག་པའོ། །དང་པོ་ནི། ཨ་ནུ་མན་ཆད་འཁོར་བ་ལ་གྲོལ་འདོད་ཀྱི་བློས། སངས་རྒྱས་བཟང་པོ་གཅིག་ཐོབ་པར་འདོད་པས་མཚན་ཉིད་པ་དངོས་སུ་སྤང་ཐོབ་ཅན་དུ་འདོད་པ་དང་། མ་ཧཱ་དང་ཨ་ནུ་ལའང་ཤུགས་ཀྱིས་སྤང་ཐོབ་བྱུང་བས། ཤེས་བྱ་ཇི་ལྟ་བ་ཉིད་ལྷག་མ་མེད་པར་མངོན་དུ་མ་གྱུར་བའོ། །ཨ་ཏི་ནི་ཆོས་ཀུན་རང་བྱུང་གི་ཡེ་ཤེས་ལ་འཁོར་འདས་གཉིས་སུ་མེད་པས། སྤང་བྱ་འཁོར་བ་དང་ཐོབ་བྱ་སངས་རྒྱས་གཉིས་སུ་མེད་དེ། ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་མངོན་དུ་གྱུར་པས་ཁྱད་པར་དུ་དཔག་པའོ། །ཡིད་སྐྱོབ་ལས། ཉན་ཐོས་ཨ་ནུ་མན་ཆོད་དུ། །ཐེག་པའི་བྱེ་བྲག་བསམ་ཡས་ཀྱང་། །བསྒྲུབས་ནས་གྲུབ་པའི་འབྲས་བུ་དེ། །བསྒྲུབ་བྱ་སྒྲུབ་བྱེད་ཡོད་པས་ན། །དེའང་ཡུལ་དང་ཡུལ་ཅན་མེད། །ཅེས་པ་དང་། ལ་ཤན་ལས། བསྐལ་པའི་གྲངས་དང་ཚེ་རབས་སུ། །དམན་པས་བླང་དོར་ཅི་བྱས་དང་། །འབྲིང་གིས་དམིགས་པས་གྲོལ་ཐོབ་ཀྱང་། །དོན་འདི་ཉམས་སུ་མ་མྱོང་ན། །བརྟག་པ་ཉིད་ལ་མ་རྟོགས་པ། །སྤང་ཐོབ་ངོ་བོ་གདོད་ནས་མེད། །ཞེས་པ་དང་། འབྲས་བུའི་ཀློང་ལས། ནང་པ་སྣང་སྟོང་ཟུང་འཇུག་མཁྱེན། །དེ་གྲོལ་ཡུལ་སེམས་འདུ་འབྲལ་མེད། །བྱང་སེམས་བདེ་ཆེན་ཆོས་ཉིད་བདལ། །སྣང་དང་སྟོང་དང་བདེན་གཉིས་ལས། །གྲོལ་ལ་དབྱེར་མེད་མུར་ཐུག་པས། །ཕྱོགས་མེད་བདེ་ཆེན་དམར་ཐག་ལས། །ཞེས་གསུངས་སོ། །སྤང་ཐོབ་མེད་པ་ནི། བརྒལ་ལན་ལས། ལེན་མེད་སྤོང་དང་ཡོངས་སུ་བྲལ་བས་ན། །དུས་གསུམ་མཉམ་ཉིད་རྡོ་རྗེ་སྐུ་གསུང་ཐུགས། །ཞེས་པ་དང་། ལ་ཤན་ལས། རང་བྱུང་ཡེ་ཤེས་མངོན་བྱས་པའི། །ཉི་མ་བྱེ་བའི་འོད་བདལ་ཡང་། །དུས་དང་རྣམ་པ་ཐམས་ཅད་དུ། །སངས་མ་རྒྱས་པར་བྱེད་པ་ཡི། །ཆོས་ནི་རྡུལ་ཙམ་ཡོད་མིན་པས། །སངས་རྒྱས་མེད་པའི་ཆེ་བར་གསུང་། །ཞེས་པ་དང་། ནམ་མཁའ་ཆེ་ལས། ལྷག་མ་མེད་པར་ཡོངས་སུ་རྫོགས། །ཞེས་པ་དང་། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཡེ་སངས་རྒྱས་པའི་རང་བཞིན་ལ། །ཡོན་ཏན་ནམ་མཁའི་མཐའ་ལས་འདས། །གཞན་ཡང་ཆོས་ཀྱི་དབྱིངས་ཀྱི་ཀློང་། །རྫོགས་ནི་ལྷག་མ་མེད་པར་རྫོགས། །ཞེས་གསུངས་སོ། །གཉིས་པ་ནི། མ་ཧཱ་དང་ཨ་ནུས་སྐུ་ལྔ་ལ་སོགས་པ་ཐོབ་ཀྱང་། ཨ་ནུ་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་ལ་མཆོག་ཏུ་བཟུང་བས། ཤེས་བྱའི་དཀྱིལ་འཁོར་རྒྱ་ཐེག་མཉམ་པ་ཉིད་དུ་མ་རྟོགས་ཏེ། ཕྱོགས་འཛིན་གྱི་རྒྱ་དང་མ་གྲོལ་བའོ། །ལུང་ནི་གོང་བཞིན་ནོ། །ཨ་ཏི་ནི། ཤེས་བྱའི་དཀྱིལ་འཁོར་ལ་ལྷག་མ་མེད་པར་མངོན་དུ་བྱས་པས། གང་ལའང་ཕྱོགས་སུ་འཛིན་པ་མེད་པར་ཆོས་ཀུན་མཉམ་པ་ཉིད་དུ་རྟོགས་པས་ཁྱད་པར་དུ་དཔག་པ་ཡིན་ཏེ། བརྒལ་ལན་ལ། མཉམ་པ་ཉིད་ཀྱིས་དཔག་པའི་ཐེག་མཆོག་འདི། །ཐེག་པ་ཀུན་གྱི་ཡང་རྩེར་མཉམ་པར་བཞག །མི་ལེན་མི་སྤོང་མཉམ་པའི་རྒྱལ་པོས་དཔག །ཞེས་པ་དང་། ལ་ཤན་ལས། ཐ་སྙད་ཀྱིས་ཆོས་རྣམས་རིལ། །མཉམ་རྫོགས་བདག་ཉིད་ཆེན་པོ་རྒྱན། །ཞེས་པ་དང་། མཉམ་རྫོགས་བདག་ཉིད་ཆེན་པོའི་སྐབས་ཀྱི་ལུང་རྣམས་སོ། །གསུམ་པ་ནི། བརྒལ་ལན་ལས། ཆེ་བ་ལྔ་ཡིས་དཔག་པའི་འབྲས་བུ་དེ། །མཉམ་པ་ཉིད་ཀྱིས་དཔག་པ་མ་གོའམ། །ཞེས་གསུངས་པས། ཆེ་བ་ལྔ་ཡིས་འོག་མ་རྣམས་ལས་ཁྱད་པར་དུ་དཔག་པ་ཡིན་ཏེ། རྒྱས་པ་ཁོག་དབུབ་ཀྱི་སྐབས་བཞིན་དུ་ཤེས་པར་བྱའོ། །བརྒྱད་པ་སངས་རྒྱས་ལ་མ་རིག་པ་ཡོད་མེད་ཀྱི་བརྟགས་པ་ནི་མ་རིག་པ་མ་སྤངས་པར་རལ་གྲོལ་ནས། དེ་ཉིད་སངས་རྒྱས་ལ་ཆེ་བའི་ཡོན་ཏན་དུ་ཤར་བ་ཡིན་ཏེ། དེ་ཡང་མ་རིག་པ་དང་ཉོན་མོངས་པ་ཉིད་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ་ཡིན་ལ། དེ་ཉིད་རྟོགས་པ་མངོན་དུ་གྱུར་པས་མ་རིག་པ་དང་ཉོན་མོངས་པ་རང་སར་གྲོལ་ཏེ། ཤེས་བྱའི་དཀྱིལ་འཁོར་ལ་སྤང་ཐོབ་མེད་པར་སངས་རྒྱས་པའོ། །དེས་ན་སངས་རྒྱས་ལ་མ་རིག་པ་སྤངས་པ་མེད་པར་རང་གྲོལ་ནས་མཁྱེན་པའི་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པས་མ་རིག་པ་མེད་ཅེས་བྱའོ། །མ་རིག་པ་སྤང་པ་མེད་པར་ཆེ་བའི་ཡོན་ཏན་དུ་ཤར་བས་ཡོད་ཅེས་ཀྱང་བྱའོ། །དེ་ཡང་རྟོགས་པ་མངོན་གྱུར་གྱི་སངས་རྒྱས་དང་། མ་རིག་པ་དང་བཅས་པའི་སེམས་ཅན་རྣམས་ནི་མ་འདྲེས་ལ་ཡོངས་སུ་རྫོགས་པར་ཡོད་དོ། །དེ་རྣམས་ཀྱི་ཡོད་ལུགས་དང་ལུང་ནི་རྒྱུད་ཅིག་གམ་ཐ་དད་དང་། རྒྱ་ཆད་ཕྱོགས་ལྷུང་མེད་པ་དང་། མ་འདྲེས་ལ་ཡོངས་སུ་རྫོགས་པའི་སྐབས་བཞིན་ཤེས་པར་བྱའོ། །དགུ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཚུལ་ནི། ཡེ་ཤེས་ཅི་ལྟར་ཡོད་པའི་ཚུལ་དང་། དེས་ཅི་ལྟར་གཟིགས་པའི་ཚུལ་ལོ། །དང་པོ་ནི། ཡེ་ཤེས་ཞེས་བྱ་བ་ནི་འདུས་མ་བྱས་ཤིང་རང་བྱུང་གི་ཡེ་ཤེས་ཡིན་པས། སྐྱེ་འགག་མེད་པར་རྒྱུན་དང་བཅས་པ་དུས་གསུམ་འཕེལ་འགྲིབ་མེད་པར་གནས་པའོ། །ངེས་དོན་འདུས་པའི་རྒྱུད་ལས། གང་གི་དེ་ཡང་འབྲས་བུ་སྐུ་ལྔ་དང་། །ཞེས་པ་དང་། རང་བྱུང་ཡེ་ཤེས་རྒྱུས་མ་བསྐྱེད། །སྐྱེ་མེད་རང་གསལ་རྒྱུན་མི་ཆད། །ཅེས་དང་། མདོ་ལས། ཀྱེ་ལང་ཀའི་བདག་པོ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གསང་བ་དམ་པ་དེ་ནི་སྐྱེ་འགག་མེད་པར་རྒྱུན་དང་བཅས་པའོ། །དྲིས་པ། གསང་བའི་བདག་པོ་གང་གི་རྒྱུན་དང་བཅས་པ་ལགས། སྨྲས་པ། ལང་ཀའི་བདག་པོ་ཡེ་ཤེས་རྒྱུན་དང་བཅས་པའོ། །ཕྲིན་ལས་རྒྱུན་དང་བཅས་པའོ། །ཡོན་ཏན་རྒྱུན་དང་བཅས་པའོ། །བྱིན་རླབས་རྒྱུན་དང་བཅས་པའོ། །སྨོན་ལམ་རྒྱུན་དང་བཅས་པའི་ཕྱིར་རྒྱུན་མ་ཆད་པས་སོ། །ཞེས་པ་དང་། བསྒོམ་པའི་ཀློང་ལས། དུས་གསུམ་རྒྱུན་བཅས་མཁྱེན་པའི་སྐད་ཅིག་གིས། །རི་རབ་ཏིལ་འབྲུ་སྐད་ཅིག་བསྐལ་ཆེན་དང་། །ཞིང་ཁམས་ཕྱག་མཐིལ་འཁོར་ལོའི་ནང་གནས་ལྟ། །མ་འདྲེས་ཡོངས་རྫོགས་ཐམས་ཅད་མཁྱེན་པར་གསལ། །ཞེས་པ་ལ་སོགས་པ་གསུངས་སོ། །གཟིགས་ཚུལ་ནི། ཇི་ལྟ་བ་དང་། ཇི་སྙེད་པ་དང་། དབྱེར་མེད་པར་མཁྱེན་པའི་ཡེ་ཤེས་དང་གསུམ་སྟེ། གེག་སེལ་དང་བཅས་པ་ཁོག་དབུབ་ཀྱི་སྐབས་བཞིན་དུ་ཤེས་པར་བྱའོ། །བཅུ་པ་གཟིགས་ནས་ཐུགས་རྗེ་སྐྱེ་ཚུལ་ནི། ནམ་མཁའ་མཐའ་མཉམ་ལས། ཕྱོགས་རིས་མེད་པའི་ཐུགས་རྗེ་ནི། །མཐར་ཐུག་མེད་པའི་འགྲོ་བ་ལ། །གདུང་མེད་ཉི་མའི་འོད་བཞིན་དུ། །འགྲོ་བ་ཀུན་གྱི་དཔལ་དུ་ཤར། །འགྲོ་དོན་མེད་པའི་རྒྱལ་བ་ནི། །མ་བྱུང་འབྱུང་བར་མི་སྲིད་དོ། །ཞེས་པས། ཐུགས་རྗེ་ཆེན་པོས་ཕྱོགས་རིས་མེད་པར་འགྲོ་བ་ཐམས་ཅད་ཀྱི་དཔལ་དུ་ཤར་ནས་དོན་བྱེད་པར་གསུངས་ཏེ། དེ་ཡང་རྟག་པ་རྒྱུན་གྱི་ཐུགས་རྗེ་སྐྱེ་བ་དང་། རང་བཞིན་ཤུགས་དང་། བསྐུལ་ཞིང་གསོལ་བ་བཏབ་པ་དང་། ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེ་བའོ། །འབྲས་ཀློང་ལས། གདོད་ནས་ཐ་མ་རིས་སུ་མ་ཆད་པས། །ཐུགས་རྗེས་གཟུང་བའི་གདུལ་བྱ་སྨོན་པ་འབྲེལ། །མ་བཙལ་འགྲོ་དོན་རྒྱུན་ཆད་མེད་པར་སེལ་མཛད་པ། །རང་ཤུགས་སྐུལ་མ་འཕྲད་པའི་ཡུལ་དོན་རྫོགས། །ཞེས་གསུངས་སོ། །གཞན་རྣམས་ཁོག་དབུབ་ཀྱི་སྐབས་བཞིན་དུ་ཤེས་པར་བྱའོ། །འདིར་ཡུལ་དང་མཐུན་པའི་སྐབས་སུ་སྐུ་ལྔས་འཁོར་ལྔ་ལ་དོན་མཛད་པའི་ཡིན་ཏེ། དང་པོ་ངོ་བོ་ཉིད་ཀྱི་སྐུའི་ཞིང་ཁམས་ནི། ཆོས་དབྱིངས་སྤྱད་དུ་མེད་པ། གནས་ནི་སྤྲོས་བྲལ་རིག་པའི་གཞལ་ཡས་ཁང་། འཁོར་ནི་སངས་རྒྱས་དང་སེམས་ཅན་ཐ་སྙད་མེད་ཅིང་ཐམས་ཅད་སངས་རྒྱས་པ་ཉིད་དོ། །བསྟན་པ་ནི་རང་གསལ་ངོ་བོ་ཉིད་ཀྱི་གསུང་ངོ་། །དུས་ནི་ཚད་ལས་འདས་པ་སྟེ་དུས་བཞི་མཉམ་པ་ཉིད་དོ། །སྡུད་པ་པོ་ཀུན་འདུས་རིག་པའི་སྐྱེས་བུའོ། །ནམ་མཁའ་མཐའ་མཉམ་ལས། ངོ་བོ་མཐོང་ཚུལ་གཉིས་ཀྱིས་སོ། །རང་རིག་ཡེ་ཤེས་མ་ཡིན་པ། །རྣམ་པར་སྤྱད་པའི་ཆོས་མི་གནས། །སྐུ་གསུམ་རིག་པའི་ཀློང་དུ་རྫོགས། །གནས་ནི་སྤྲོས་བྲལ་རིག་པ་སྟེ། །བསྟན་པ་རང་གསལ་མེ་ལོང་ཡིན། །འཁོར་ནི་རིག་པའི་ཆོ་འཕྲུལ་ཡིན། །དུས་ནི་བསམ་གྱིས་མི་ཁྱབ་པ། །སྡུད་པ་ཀུན་འདུས་རིག་པའོ། །རང་གསལ་རང་ལས་མ་ཡིན་པ། །ཕུན་སུམ་ཚོགས་པ་མི་གནས་ཏེ། །རིག་པ་འཕོ་འགྱུར་མེད་པའི་གཏེར་དང་། །བསམ་གྱིས་མི་ཁྱབ་དུས་ན་ཤེས། །ཞེས་པ་དང་། མདོ་ལས། གང་ངོ་བོ་ཉིད་མེད་པ་དེའི་ཞིང་ཁམས་ནི་བསྐྱེད་དུ་མེད་པའོ། །འཁོར་ནི་སངས་རྒྱས་ཏུ་མེད་པའོ། །དུས་ནི་ཚད་ལས་འདས་པའོ། །མཛད་པ་ནི་ཅིར་ཡང་མཛད་པའོ། །ཞེས་པ་དང་། རིན་པོ་ཆེའི་རྒྱན་ལས། ངོ་བོ་ཉིད་སྐུས་ཆོས་སྐུ་ལ། །དུས་བཞི་མཉམ་པའི་དུས་ཉིད་ན། །ཐ་དད་མི་གནས་པ་ཡི་གནས། །ཀུན་འདུས་རང་གྲོལ་བསྟན་པ་ཏེ། །མ་བསྒྲིབས་མཐོང་ཐོས་རང་ཤར་བའོ། །ཞེས་གསུངས་སོ། །སྟོན་པ་ཆོས་སྐུའི་ཞིང་ཁམས་ནི། །བདེ་ཆེན་བདལ་ཁྱབ་ཆེན་པོའོ། །གནས་ནི་ཡ་བདག་དོན་གྱི་འོག་མིན་ནོ། །འཁོར་ནི་ལོངས་སྐུ་སྟེ། ཡེ་ཤེས་རྒྱ་མཚོའི་ཚོགས་སོ། །བསྟན་པ་ནི། བྱིན་གྱིས་རླབས་ཀྱི་གསུངས་ཏེ་བསྐྱེད་རྫོགས་གསུམ་མོ། །དུས་ནི་བསམ་གྱིས་མི་ཁྱབ་སྟེ་ཐམས་ཅད་དུའོ། །སྡུད་པ་པོ་རྡོ་རྗེ་སེམས་དཔའོ། །ངེས་དོན་འདུས་པའི་རྒྱུད་ལས། ཞིང་ཁམས་ཆོས་ཉིད་བདེ་བའི་ཀློང་། །ཅེས་པ་ལ་སོགས་པ་གོང་གི་ལུང་དང་སྦྱར་རོ། །མདོ་ལས། གང་རྣམ་པར་དག་པའི་ཞིང་ཁམས་ནི་གདལ་བ་ཆེན་པོའོ། །འཁོར་ནི་ཡེ་ཤེས་རྒྱ་མཚོའི་ཚོགས་སོ། །བསྟན་པ་ནི་བྱ་བ་མེད་པའི་ཆོས་སོ། །དུས་ནི་ཐམས་ཅད་ནས་ཐམས་ཅད་དུའོ། །མཛད་པ་ནི་ཆོས་ཐམས་ཅད་སྣང་བར་མཛད་པའོ། །ཞེས་པ་དང་། རིན་པོ་ཆེའི་རྒྱན་ལས། སྟོན་པ་ཆོས་སྐུ་འཁོར་འདས་འཁོར། །ཡིན་ལ་རྐྱེན་གྱིས་ཤར་བས་སོ། །ཡང་དག་དོན་གྱི་འོག་མིན་དུ། །བསམ་གྱིས་མི་ཁྱབ་དུས་གང་དུ། །མི་ནུབ་དོན་དུ་གཏད་པ་ཡིན། །བསྟན་པ་བསྐྱེད་རྫོགས་རྣམ་པ་གསུམ། །ཞེས་གསུངས་སོ། །སྟོན་པ་ལོངས་སྐུའི་ཞིང་ཁམས་ནི། བདེ་བ་ཅན། གནས་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། འཁོར་ནི་རིག་འཛིན་བྱང་ཆུབ་སེམས་དཔའ་སྟེ་སྨིན་པ་རྒྱ་མཚོའི་ཚོགས། དུས་ནི་མཉམ་བཞག་རིག་པའི་དུས། བསྟན་པ་ནི་དགོངས་པ་བརྡའི་སྒོ་ནས་ཕྱིའི་ཐེག་པ་གསུམ་མོ། །སྡུད་པ་པོ་གསང་བདག་རྡོ་རྗེ་འཆང་ངོ་། །མདོ་ལས། གང་སྨིན་པའི་ཞིང་ཁམས་ནི་བདེ་བ་ཅན་ནོ། །འཁོར་ནི་ཡོངས་སུ་སྨིན་པ་རྒྱ་མཚོའི་ཚོགས་སོ། །བསྟན་པ་ནི་བརྗོད་དུ་མེད་པའོ། །དུས་ནི་གནས་གཙང་མ་ནའོ། །མཛད་པ་ནི་རྣལ་འབྱོར་དམ་པ་ཉིད་དོ། །ཞེས་པ་དང་། རྒྱན་ལས། སྟོན་པ་ལོངས་སྐུ་རིག་པའི་གནས། །རིག་འཛིན་བྱང་ཆུབ་སེམས་དཔའི་འཁོར། །རང་རིག་བདེ་ཆེན་ཤར་བའི་དུས། །བསྟན་པ་ཕྱི་ཡི་ཐེག་པ་གསུམ། །མཚན་དང་དཔེ་བྱད་ལྷ་ཡིས་བསྡུས། །ཆ་མཐུན་ལོངས་སྐུའི་བསྟན་པར་གསུངས། །ཞེས་གསུངས་སོ། །སྟོན་པ་སྤྲུལ་སྐུའི་ཞིང་ཁམས་ནི། །མི་མཇེད་ཀྱི་འཇིག་རྟེན་ལ་སོགས་པའོ། །གནས་ནི་ངེས་པ་མེད་དེ་རྡོ་རྗེ་གདན་ལ་སོགས་པའོ། །འཁོར་ནི་མོས་པ་ཐ་དད་པའི་ཚོགས་ཏེ་འགྲོ་བ་དྲུག་དང་ཚོགས་སྦྱོར་དང་མཐོང་ལམ་པའོ། །དུས་ནི་སྒྲོན་མེ་བཀོད་པ་ལ་སོགས་པའོ། །བསྟན་པ་ནི་ཚིག་གི་གསུང་སྟེ་སྡེ་སྣོད་རྣམ་པ་གསུམ་མོ། །སྡུད་པ་པ་ནི་ངེས་པ་མེད་པ་སྟེ་རང་རང་གི་འཁོར་གྱི་དམ་པའོ། །མདོ་ལས། གང་རྒྱུན་གྱི་ཞིང་ཁམས་ནི་མོས་པ་ཅན་ནོ། །འཁོར་ནི་མོས་པ་ཐ་དད་པའི་ཚོགས་སོ། །བསྟན་པ་ནི་བསམ་གྱིས་མི་ཁྱབ་པའོ། །དུས་ནི་སྒྲོན་མ་ཡོངས་སུ་བཀོད་པ་ནའོ། །མཛད་པ་ནི་གང་གིས་མུན་པ་སེལ་བར་མཛད་པའོ། །ཞེས་པ་དང་། རྒྱན་ལས། སྤྲུལ་སྐུ་སྟོང་གསུམ་མི་མཇེད་ན། །གནས་གཅིག་ངེས་མེད་དགོངས་པས་སྤྲུལ། །མོས་པས་སྤྱོད་པའི་འཁོར་རྣམས་དང་། །སྡུག་བསྔལ་རྩོལ་བསྒྲུབ་འཁོར་རྣམས་ལ། །སྡུག་བསྔལ་རྩོལ་བསྒྲུབ་བཅས་དུས་སུ། །བསྟན་པ་མཚན་ཉིད་སྡེ་གསུམ་སྟེ། །སྐུས་འདུལ་མི་རྟག་ལ་སྩོགས་མཐུན། །ཞེས་གསུངས་སོ། །རྒྱས་པར་ཁོག་དབུབ་ཏུ་བཤད་པར་བལྟའོ། །སྟོན་པ་གསང་བའི་སྐུའི་ཞིང་ཁམས་ནི་པད་མོ་ཅན་ནོ། །གནས་ནི་གསང་བ་ཡུམ་གྱི་མཁའ། །འཁོར་ནི་དངོས་ཀྱི་རྒྱལ་བ་རྒྱ་མཚོ་དང་། གོ་བྱེ་བ་ནི་སྐྱེས་བུ་བློ་ལྡན་ཆགས་པ་ཅན་ནོ། །དུས་ནི་གཙུག་ཏོར་འཁོར་ལོས་བསྒྱུར་བ་སྟེ་གསང་བའི་དབང་བསྐུར་བའོ། །བསྟན་པ་ནི་སྟོང་ཉིད་བདེ་བ་ཆེན་པོའི་དོན་སྟེ་གསང་བ་རྒྱ་མཚོ་ཉིད་དོ། །མདོ་ལས། གང་གསང་བ་དམ་པ་དེའི་ཞིང་ཁམས་ནི་པད་མོ་ཅན་ནོ། །འཁོར་ནི་རྒྱ་བ་རྒྱ་མཚོའི་ཚོགས་སོ། །བསྟན་པ་ནི་གསང་སྔགས་གསང་བའི་རྒྱ་མཚོ་ཉིད་དོ། །དུས་ནི་གཙུག་ཏོར་འཁོར་ལོ་བསྒྱུར་བར་འདོད་པ་ན། རྒྱལ་བ་ཀུན་གྱི་སྐུ་བསྐྲུན་པར་འབྱོར་བའི་དུས་ཉིད་ནའོ། །མཛད་པ་ནི་སྐྱེས་བུ་དམ་པ་རྣམས་ཀྱི་དགོངས་པ་དམ་པའི་ཐེ་ཚོམ་གཅོད་པར་མཛད་པའོ། །ཞེས་པ་དང་། རྒྱན་ལས། སྟོན་པ་གསང་བ་ཡུམ་གྱི་མཁར། །གཙུག་ཏོར་འཁོར་ལོ་བསྒྱུར་བའི་དུས། །སྐྱེས་བུ་ཆགས་ཅན་འཁོར་བཅས་ལ། །སྟོང་ཉིད་བདེ་ཆེན་བསྟན་པའི་གཙོ། །ཞེས་གསུངས་སོ། །དེ་རྣམས་ནི་རྒྱས་པར་འདོད་ན་ནམ་མཁའ་མཐའ་མཉམ་ལ་སོགས་པའི་རྒྱུད་ལྟ་བར་བྱའོ། །དེ་ལྟར་ན་སྐུ་ལྔ་མཐོ་དམན་དང་བཟང་ངན་ཡོད་དམ་མེད། ཡོད་ན་སྐུ་གཞན་མཐར་ཐུག་གི་སངས་རྒྱས་མ་ཡིན་པར་ཐལ་བ་དང་། རྒྱུད་གཅིག་པ་སངས་རྒྱས་པའི་དུས་ཀྱི་སྐུ་ལྔ་ལའང་བཟང་ངན་ཡོད་པའི་སྐྱོན་འོང་ངོ་། །མེད་ན་གཅིག་གི་འཁོར་གཅིག་ཡིན་པ་ལ་འགལ་ལོ་ཞེ་ན། མཐར་ཐུག་གི་སྐུ་ལྔ་ལ་བཟང་ངན་དང་མཐོ་དམན་མེད་ལ། འོག་མ་འོག་མའི་སྐུ་གསུམ་ལ་སོགས་པ་དང་མཐོ་དམན་ཡོད་པར་གསུངས་ཏེ། དེས་ན་མཐར་ཐུག་གི་སྐུ་ལྔ་ལ་མཐོ་དམན་མེད་པས་སྐུ་གཞན་མཐར་ཐུག་གི་སངས་རྒྱས་མ་ཡིན་པའི་སྐྱོན་མེད་དོ། །འོག་མའི་སྐུ་གསུམ་ལ་སོགས་པ་དང་ཁྱད་པར་ཡོད་པས་འཁོར་དུ་བཤད་པ་དང་ཡང་འགལ་བ་མེད་དོ། །ཡང་མཐར་ཐུག་གི་སྐུ་ལྔ་ལ་ཁྱད་པར་མེད་ལ་རང་རང་གི་རྒྱལ་ཚབ་ཀྱི་སྟོན་པ་སྐུ་ལྔ་དང་ཁྱད་པར་ཡོད་པས་གོང་གི་སྐྱོན་གཉིས་ལས་གྲོལ་ལོ། །དེ་བཞིན་དུ་འོག་མའི་སྐུ་ལྔ་དང་གསུམ་ལ་སོགས་པའང་རང་རང་གི་སྐུ་ལྔ་ལ་སོགས་པ་ལ་ཁྱད་པར་མེད་ལ། འོག་མ་འོག་མ་དང་ཁྱད་པར་ཡོད་ཅིང་རང་རང་གི་རྒྱལ་ཚབ་བྱེད་པའི་སྟོན་པ་དང་ཁྱད་པར་ཡོད་པས་ན་གོང་བཞིན་ནོ། །ཡང་སྐུ་ལྔ་ངོ་བོ་གཅིག་གམ་མི་གཅིག །གཅིག་ན་གོང་གི་སྐྱོན་དང་སྐུ་ལྔའི་གདུལ་གཞི་ལ་སོགས་པ་ཐ་དད་པའི་སྐྱོན་ཡོད་ལ། མི་གཅིག་ནའང་གོང་གི་སྐྱོན་གཉིས་པོ་དེ་འོང་ངོ་ཞེ་ན། སྤྱིར་ཐུགས་རྒྱུད་ཐ་དད་པ་སངས་རྒྱས་པའི་སངས་རྒྱས་ནི་མ་འདྲེས་ལ་ཡོངས་སུ་རྫོགས་པས་མ་འདྲེས་ཡོངས་རྫོགས་ཀྱི་སྐབས་བཞིན་ནོ། །བྱེ་བྲག་ཏུ་རྒྱུད་གཅིག་པ་སངས་རྒྱས་པའི་སྐུ་ལྔ་ནི། ངོ་བོ་གཅིག་ལ་མཚོན་ཚུལ་ཐ་དད་པ་ཡིན་ཏེ། དེ་ཡང་གདུལ་བྱའི་སྣང་བ་དང་མཐུན་པར་སྐུ་རྣམ་པ་ལྔར་སྣང་ཡང་ངོ་བོ་དབྱེར་མི་ཕྱེད་ཅིང་རྒྱུད་གཅིག་པའོ། །དེའི་སྐྱོན་སེལ་དང་ཐེག་པ་གོང་འོག་གི་བྱེ་བྲག་ལ་སོགས་པ་ནི་གོང་མ་བཞིན་དུ་ཤེས་པར་བྱའོ། །ཐ་མ་ཐུགས་རྗེ་སྐྱེས་ནས་ཕྲིན་ལས་ཀྱི་དོན་མཛད་ཚུལ་ནི། གོང་གི་ཡོན་ཏན་དང་ཕྲིན་ལས་ཀྱི་སྐབས་དང་ཁོག་དབུབ་བཞིན་དུ་ཤེས་པར་བྱའོ། །གཞི་ལམ་འབྲས་བུའི་དོན་མཚོན་པ། ཆོས་ཀྱི་གཏེར་མཛོད་ཆེན་པོ། ཀུན་འདུས་རིག་པའི་སྒྲོན་མེ་ལས། མཐར་ཐུག་གི་འབྲས་བུ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།
༈ །།དུས་གསུམ་རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ། །ཆོས་དབྱིངས་མི་ཟད་གཏེར་མཛོད་ཆེན་པོ་འདི། །དོན་གྱི་ཁོག་འབུབ་གཞི་ལམ་འབྲས་བུའི་དོན། །གོལ་སའི་དམིགས་བཅད་ཐེག་པའི་ཤན་ཕྱེ་སྟེ། །དོན་གྱི་ལ་བཟླ་རང་གྲོལ་མངོན་སྟོན་པའི། །ཆོས་ཀྱི་གཏེར་མཛོད་ཀུན་འདུས་སྒྲོན་མེ་འདི། །ངག་ལ་ངེས་འཛིན་ཆོས་ཀྱི་སྤུན་གྲོགས་ཀྱིས། །བན་དྷེ་ཤཱཀྱ་བཛྲ་བདག་བསྐུལ་ནས། །རྒྱལ་བའི་བསྟན་པ་དམ་ཆོས་བདུད་རྩི་ཡི། །བཀའ་རྒྱུད་དྲི་མེད་གཞུང་མང་རྒྱ་ཆེ་དང་། །མཁས་པའི་འགྲེལ་དང་ཏི་ཀ་བསྟན་བཅོས་དང་། །ཟབ་མོའི་གདམ་ངག་དགོངས་པའི་གཏེར་མཛོད་ལ། །ལེགས་དཔྱད་ཤེས་རབ་རྣམ་གྲོལ་ལྡེ་མིག་གིས། །དོན་གྱི་གནད་སྟོན་དགོངས་པའི་བཅུད་བླང་འདི། །རྗེ་ཡི་གསུང་དང་རང་གི་ཉམས་མྱོང་ལ། །ལུང་དང་མན་ངག་མི་འགལ་རིག་པར་སྦྱར། །གཞན་ཕན་སྲིད་སྙམ་སེམས་བསྐྱེད་གོ་ཆ་དང་། །བསྐུལ་དོན་བརྩེ་བས་བཅུད་བསྡུས་ཡི་གེར་བཀོད། །གྲོགས་དག་རང་འདོད་ཕྱོགས་འཛིན་ཁེངས་སེམས་དང་། །དད་ཙམ་གང་ཟག་རྗེས་འབྲང་མ་ཡིན་པར། །ཆོས་ཀྱི་རྗེས་སུ་ཚད་མ་རྣམ་གསུམ་གྱིས། །ལེགས་དཔྱོད་འདི་དོན་དགོངས་པའི་བཅུད་ལོངས་མཛོད། །འདི་དོན་རྟོགས་ནས་ཡལ་བར་མ་འཇོག་པར། །མ་ཡེངས་བསྒྲུབ་པས་ཚུལ་བཞིན་ཉམས་སུ་ལོངས། །གཞན་ཡང་ཆོས་འདི་ལ་དད་མོས་གུས་ཆེ། །འདི་བས་ཕྱི་མ་གཙོར་མཛད་བློ་ལྡན་ལ། །རང་འདོད་ཞེན་འཁྲིས་མེད་པའི་ཕན་སེམས་ཀྱིས། །ཡལ་བར་མི་གཞག་དགོངས་པའི་དོན་འདི་བསྟན། །ཐོག་མེད་དུས་ནས་མ་རིག་ཐིབ་པོ་ཡིས། །ལམ་སྟོར་ལམ་ལོག་ལམ་གོལ་འཁྱམས་པ་ལ། །མ་རིག་མུན་སེལ་ཡང་དག་ལམ་སྟོན་པའི། །ཤེས་རབ་གསལ་བའི་སྒྲོན་མ་འདི་སྟོན་ཅིག །ཐར་པའི་བློ་སྟེར་གྲོས་ཀྱི་གཞི་ནོར་བས། །འཁོར་བའི་མདུད་གྲོས་ཅི་བྱས་སྡུག་བསྔལ་ལ། །དེང་ནས་གཏན་དུ་བདེ་ལེགས་ཀུན་འབྱུང་བའི། །ཐར་པའི་བློ་གྲོས་མདུན་མ་འདི་སྟོན་ཅིག །ཆགས་སྡང་ཉོན་མོངས་དུག་གི་སྡོང་པོ་ལ། །འཁོར་བའི་འདབ་རྒྱས་འབྲས་བུ་སྡུག་བསྔལ་ལ། །ཉོན་མོངས་རྩད་གཅོད་འཁོར་བའི་འདམས་འབྲེག་པའི། །རང་བྱུང་ཐོགས་མེད་རལ་གྲི་འདི་བསྟེན་ཅིག །གཟུང་འཛིན་ཞགས་པས་ཤེས་པའི་རྒྱུད་སྡོམས་ཤིང་། །ལོག་རྟོག་དམག་དཔུང་འཁོར་བའི་བརྩོན་ར་ལ། །གཟུང་འཛིན་སྒྲོགས་གཅོད་འཁོར་བའི་གཡུལ་འཇོམས་པའི། །གཉིས་མེད་ཡེ་ཤེས་དོན་ཆེན་འདི་བསྟེན་ཅིག །བདག་ལྟ་འཁོར་བའི་གཅོང་ནད་སྙིང་ལ་ཞེན། །སྡུག་བསྔལ་བཟོད་དཀའ་མེ་དབལ་གདུང་བ་ལ། །འཁོར་བའི་གཅོང་འབྱིན་ནད་སེལ་སྨན་གྱི་མཆོག །དམ་ཆོས་བདུད་རྩིའི་ཆུ་རྒྱུན་འདི་བསྟེན་ཅིག །མ་རིག་ལིང་ཏོག་མིག་ནད་ཆེན་པོ་ཡིས། །བཀའ་རྒྱུད་བསྟན་པའི་སྣང་མེད་ལོང་བ་ལ། །མ་རིག་མིག་འབྱེད་ཆོས་ཀུན་གསལ་སྟོན་པའི། །ཤེས་རབ་སྤྱན་འབྱེད་ཐུར་མ་འདི་བསྟེན་ཅིག །རང་འདོད་ཕྱོགས་འཛིན་ལྟ་ལ་ཞེན་པ་ཡི། །ངེས་པའི་གཞུང་ལ་འགལ་འཇུག་རྩོད་པ་ལ། །ལོག་རྟོག་ཚར་གཅོད་གྲུབ་པ་མཐར་འབྱིན་པའི། །སྨྲ་བའི་མཚོན་ཆ་མཉམ་གྲོལ་འདི་བསྟེན་ཅིག །གཞི་རྩ་མ་ཆོད་ཐ་སྙད་ཚིག་ཚོགས་ཀྱིས། །བློ་ཁྲིད་ལོག་རྟོག་སྤྲོས་པས་གཡེངས་བ་ལ། །ཐེ་ཚོམ་ཀུན་གཅོད་སྒྲུབ་པ་ཉམས་ལེན་པའི། །ངོ་སྤྲོད་ཉམས་ཀྱི་མན་ངག་འདི་བསྟེན་ཅིག །རང་རྟོག་ཉེར་ལེན་ཞགས་པས་བཀུག་པ་ཡི། །གདོན་གྱིས་གནོད་སྐྱེས་ལུས་ཀྱི་ན་ཚ་ལ། །བྱམས་པའི་ལམ་སྟེར་སྐྱེ་མེད་དོན་སྟོན་པའི། །བོགས་འདོན་ཐེག་ཆེན་ལམ་མཆོག་འདི་བསྟེན་ཅིག །འབྱུང་བཞི་འདུས་པའི་ཕུང་པོ་འདོར་ལེན་ལ། །སྐྱེ་ཤིར་མཐོང་ནས་ཉམས་ཐག་འཁྱམས་པ་ལ། །སྐྱེ་ཤི་རྩད་གཅོད་འཕོ་འགྱུར་གཉིས་མེད་པའི། །རང་བྱུང་འཆི་མེད་རྡོ་རྗེ་འདི་བསྟེན་ཅིག །ཐོག་མེད་དུས་ནས་རང་གཏེར་ནོར་བུ་སྟོར། །འདོད་པས་མི་ངོམ་དབུལ་ཕོང་སྡུག་བསྔལ་ལ། །སེམས་ཉིད་ཡིད་བཞིན་དགོས་འདོད་ཀུན་འབྱུང་བའི། །ཆོས་དབྱིངས་མི་ཟད་གཏེར་ཆེན་འདི་བསྟེན་ཅིག །སངས་རྒྱས་བདེ་འདོད་རང་བཞག་གཞན་ནས་ཚོལ། །རེ་དོགས་བརྩོལ་བའི་ནད་ཀྱིས་ཟིན་པ་ལ། །རང་སེམས་སངས་རྒྱས་ཆོས་སྐུར་ངོ་སྤྲོད་པའི། །བདེ་ཆེན་ལྷུན་གྲུབ་རྩོལ་མེད་འདི་བསྟེན་ཅིག །ཤེས་བྱ་གནས་ལུགས་རྒྱལ་བའི་དགོངས་པ་ནི། །གཟུང་འཛིན་ཟབ་ཅིང་གཏིང་དཔག་མེད་གྱུར་ལ། །བདག་འདྲས་ལུང་རིགས་མན་ངག་དགོངས་པ་ཡི། །བཅུད་བསྡུས་ཟབ་མོའི་དོན་རྣམས་ཡི་གེར་བཀོད། །བཀའ་ལུང་དོན་དང་འགལ་བ་མཆིས་གྱུར་ན། །བླ་མ་བཤེས་དང་ཐེག་མཆོག་དམ་པ་དང་། །ཡི་དམ་མཁའ་འགྲོ་སྔགས་འཆང་ལ་སོགས་པའི། །མཁྱེན་བརྩེ་རྣམས་ལ་གཉིས་མེད་ངང་དུ་བཤགས། །ཨེ་མ། རྩོད་ལྡན་ལྔ་བརྒྱ་དུས་ཀྱི་ཐ་མ་འདིར། །རང་བཟོ་གཟུ་ལུམ་ལོག་རྟོག་རྩོད་དར་ལ། །བསྟན་པའི་སྤྱི་འགྲེལ་ལྡེ་མིག་འདི་བསྡུས་པས། །བཀའ་དང་མི་འགལ་གཞུང་བཞིན་སྤྱོད་པར་ཤོག །ཕྱོགས་རེའི་གཞུང་བརྟེན་བསྟེན་སྙིགས་གྲུབ་མཐའ་ལོག །ཐེག་པའི་བྱེ་བྲག་མ་ཕྱེད་རྨོངས་དོན་དུ། །ལ་ཤན་ཐེག་པའི་སྤྱི་མདོ་འདི་བསྡུས་པས། །ཐེག་པའི་བྱེ་བྲག་མ་ནོར་དོན་རྟོགས་ཤོག །རང་འདོད་ལྟ་ལ་མཆོག་འཛིན་ཞེན་པ་ཡིས། །ཕྱོགས་འཛིན་འཆིངས་པའི་རྒྱར་ཆུད་དགྲོལ་དོན་དུ། །དགོངས་པའི་སྤྱི་མཛོད་ཀུན་གསལ་འདི་བསྡུས་པས། །ཕྱོགས་རིས་ཀུན་གྲོལ་མཉམ་ཉིད་དོན་རྟོགས་ཤོག །ཕྱོགས་རེའི་རྒྱུ་འབྲས་ལ་ཞེན་རྨོངས་པ་ཡིས། །ཟབ་མོའི་རྒྱུ་འབྲས་སྐུར་འདེབས་ཚི་ཆད་ལ། །རྒྱུ་འབྲས་ཀུན་མཚོན་མེ་ལོང་འདི་བསྡུས་པས། །རྒྱུ་འབྲས་མིག་ཕྱེ་ཟབ་མོའི་དོན་རྟོགས་ཤོག །གཞུང་མང་ཐོས་ཚེ་ཐ་སྙད་ཚེག་མཁས་ཀྱང་། །རང་རྒྱུད་མ་གྲོལ་གདམས་པའི་གནད་མེད་ལ། །ངོ་སྤྲོད་ཉམས་ཀྱི་མན་ངག་འདི་བསྡུས་པས། །སྙིང་པོའི་དོན་རྟོགས་ཉམས་མྱོང་བཅུ་ལྡན་ཤོག །ཕྱོགས་རེའི་གདམས་པས་ཉམས་མྱོང་དྲོད་སྐྱེས་ཀྱང་། །ས་ལམ་ལྟ་བའི་མིག་མེད་གྲོལ་དོན་དུ། །ས་ལམ་རིག་པའི་སྒྲོན་མེ་འདི་བསྡུས་པས། །ས་ལམ་དམིགས་ལྡན་ཡང་དག་ལམ་གནས་ཤོག །མ་རིག་ལོག་ལྟ་བདག་ལྟའི་གཅོང་ཟིན་ཅིང་། །ཉོན་མོངས་ནད་ཀྱིས་གདུང་བའི་འགྲོ་དོན་དུ། །དྲི་མེད་བདུད་རྩི་དམ་ཆོས་འདི་བསྡུས་པས། །འཁོར་བའི་གཅོང་འབྱིན་ཉོན་མོངས་ནད་སེལ་ཤོག །རྒྱུད་ལུང་མན་ངག་གཞུང་གསལ་རྒྱ་ཆེ་ཡང་། །དེ་དོན་མ་མཐོང་ཆོས་ཀྱིས་དབུལ་དོན་དུ། །ཀུན་འདུས་ཆོས་ཀྱི་གཏེར་མཛོད་འདི་བསྡུས་པས། །བསྟན་པའི་བཅུད་ལོངས་ཆོས་ཀྱིས་དབུལ་སེལ་ཤོག །བསྐུལ་བའི་དོན་དང་གཞན་ཕན་སེམས་བསྐྱེད་མཐུས། །བླ་མའི་གསུང་དང་ལུང་རིགས་མན་ངག་གིས། །དགོངས་པའི་བཅུད་བླངས་ལེགས་བཤད་འདི་བསྡུས་པས། །དགེ་བས་འགྲོ་ཀུན་མ་ནོར་ལམ་རྙེད་ཤོག །དགེ་བ་འདི་དང་དགེ་གཞན་ཅི་མཆིས་པ། །མ་ལུས་ཐམས་ཅད་གཅིག་ཏུ་བསྡུས་བྱས་ཏེ། །ནམ་མཁའི་མཐའ་ཁྱབ་སེམས་ཅན་རྒྱུད་སྨིན་ནས། །འགྲོ་ཀུན་བླ་མེད་བྱང་ཆུབ་མཆོག་ཐོབ་ཤོག
༈ །བདེ་ལེགས་ཀུན་འབྱུང་འགྲོ་བའི་སྐྱབས་གནས་མཆོག །ཞེན་མཐའ་ཀུན་གྲོལ་ཡོན་ཏན་ཕྱོགས་མེད་རྒྱས། །མཁྱེན་དང་བརྩེ་དང་མཛད་པའི་ལྕགས་ཀྱུ་ཡིས། །འགྲོ་བ་མ་ལུས་མི་གཏོང་འཛིན་པར་ཤོག །རྒྱལ་བའི་ཞལ་ནས་ལེགས་པར་གསུང་པ་ཡི། །བཀའ་ལུང་དྲི་མེད་བསྟན་པ་རིན་པོ་ཆེ། །དམ་ཆོས་བདུད་རྩིའི་རྣམ་གྲོལ་ལམ་ཆེན་གྱིས། །འགྲོ་ཀུན་ནད་སེལ་ཡང་དག་ལམ་འཇུག་ཤོག །རྒྱལ་བའི་བཀའ་བཞིན་རྗེས་སུ་སྒྲུབས་པ་ཡིས། །ཐར་པའི་དགེ་སློང་བྱང་ཆུབ་སེམས་དཔའ་རྣམས། །དམ་པའི་རིགས་ཅན་རིག་པ་འཛིན་པ་ཡིས། །འགྲོ་ཀུན་སྨིན་བྱེད་ཐར་པའི་ལམ་འདྲེན་ཤོག །འགྲོ་ཀུན་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །ཡིད་དབྱུང་ཐར་པ་འདོད་པའི་བློ་སྐྱེས་ཤིང་། །འཇིག་རྟེན་བསླུ་བྲིད་ཆོས་ལ་མ་ཆགས་པར། །ཡིད་ཆེས་དད་པས་ཆོས་ལ་འཇུག་པར་ཤོག །མཆོག་གསུམ་རྗེས་དྲན་གུས་པས་སྐྱབས་སོང་ནས། །སྐྱབས་འགྲོའི་བསླབ་བྱ་མི་ཉམས་གཞུང་གནས་ཤིང་། །སོ་སོའི་འདུལ་ཁྲིམས་བྱང་སེམས་སྡོམ་ལ་སོགས། །སངས་རྒྱས་བསྟན་པ་གཞུང་བཞིན་འཇུག་པར་ཤོག །ལུང་རིགས་མན་ངག་ཉམས་མྱོང་རྟོགས་ལ་སོགས། །དམ་པའི་མཛོད་མངའ་ཐབས་མཁས་མཛད་པ་ཡིས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན་མཛད་པའི། །ཚད་ལྡན་བླ་མ་རྒྱུན་དུ་བསྟེན་པར་ཤོག །བླ་མའི་སྐྱོན་རྣམས་ནམ་ཡང་མི་མཐོང་ཞིང་། །རྟག་ཏུ་ཡོན་ཏན་འབའ་ཞིག་མཐོང་གྱུར་ནས། །རྒྱུན་དུ་འབྲལ་མེད་དད་གུས་ཤེས་རབ་དང་། །སྤྱོད་ལམ་ཅིས་ཀྱང་བླ་མ་མཉེས་བྱེད་ཤོག །ལུང་རིགས་མན་ངག་དོན་དང་འབྲེལ་བ་ཡི། །བླ་མའི་ཞལ་ནས་གསུངས་པའི་བདུད་རྩི་ཡིས། །རང་གནས་ཡེ་ཤེས་མངོན་དུ་ངོ་འཕྲོད་ནས། །མི་ཤེས་འཆིང་བ་ཀུན་ལས་གྲོལ་བར་ཤོག །གཡོ་སྒྱུ་ཁྲམ་ཟོལ་མ་ལུས་སྤོ་བྱེད་ཅིང་། །བླ་མ་མཆེད་ལ་གུས་ཤིང་བརྩེ་གདུང་ལྡན། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །ཡི་དམ་མཁའ་འགྲོས་མི་ཁྲེལ་བསྲུང་བར་ཤོག །རྟག་ཆད་མུ་མཐའ་ལ་སོགས་ཕྱོགས་འཛིན་གྱི། །གོལ་སྒྲིབ་ནོར་བའི་ལམ་རྣམས་དམིགས་ཕྱེད་ཅིང་། །ཐེག་པའི་བྱེ་བྲག་མ་ལུས་ཤན་ཕྱེད་ནས། །ཆོས་ཀུན་མཉམ་ཉིད་ངང་དུ་ལ་ཟློ་ཤོག །ཆོས་ཀུན་གང་ནས་མ་འོངས་གར་མི་འགྲོ། །གང་དུ་མི་གནས་དུས་གསུམ་མཉམ་ཉིད་པའི། །མཐའ་བཞི་རང་གྲོལ་རྒྱ་ཆད་ཕྱོགས་ལྷུང་མེད། །སྐྱེ་མེད་རང་སྣང་མངོན་དུ་རྟོགས་པར་ཤོག །རྟོགས་པའི་དོན་ལ་མ་ཡེངས་གནས་བྱེད་ཅིང་། །རང་ལུས་རྩོལ་མེད་རང་གནས་དགོས་པ་ལ། །ཉམས་མྱོང་དྲོད་རྟགས་གཞུང་བཤད་བཞིན་འབྱུང་ཞིང་། །ཉམས་རྟོགས་གོང་ནས་གོང་དུ་འཕེལ་བར་ཤོག །རྟོགས་པའི་ངང་གནས་ཚུལ་བཞིན་བསྒྲུབ་པ་ལ། །མི་ཡི་འཚེ་བ་ཆགས་སྡང་གཡེང་བ་དང་། །གདོན་གྱིས་གནོད་སྐྱེས་ལུས་ཀྱི་ན་ཚ་སོགས། །བར་ཆད་རྐྱེན་རྣམས་མི་འབྱུང་གྲོགས་བྱེད་ཤོག །གནས་དང་ཉེ་འཁོར་ཆོས་མཐུན་ལོངས་སྤྱོད་ལྡན། །བཀའ་རྒྱུད་གདམས་པའི་མཛོད་ལ་མངའ་བརྙེས་ཤིང་། །བཟོ་དང་བསྟན་ཆོས་ལས་ཚོགས་ལ་སོགས་པའི། །མཐུན་རྐྱེན་ཚོགས་རྣམས་རྟག་ཏུ་འཛོམ་པར་ཤོག །བདག་གི་སྤྱོད་ལམ་རྣམ་ཐར་ཐམས་ཅད་ལ། །མི་དགེ་ཆོས་བརྒྱད་དྲི་མས་མི་གོས་ཤིང་། །གཞན་གྱིས་སྒྲོ་སྐུར་གཤེ་བའི་ཕྱོགས་བྲལ་ཏེ། །འགྲོ་བ་ཀུན་གྱི་ཡིད་འོང་དོན་འགྱུར་ཤོག །གདོན་དང་ནད་ཀྱིས་ཉེན་པ་ལ་སོགས་པའི། །སྡུག་བསྔལ་མགོན་མེད་ལོངས་སྤྱོད་དབུལ་ཕོང་རྣམས། །བདག་གི་མཐུ་དཔལ་བྱམས་དང་སྙིང་རྗེ་ཡིས། །སྐྱོབ་ཅིང་ཕན་ཐོགས་བདེ་ལ་འཁོད་པར་ཤོག །བདག་ལ་དད་གུས་ཆོས་ཀྱིས་འབྲེལ་ཚད་དང་། །མི་མཐུན་གནོད་སྐྱེལ་དགྲ་དང་བགེགས་རྣམས་དང་། །བདག་གི་གཟུགས་མཐོང་མིང་ཙམ་ཐོས་ལ་སོགས། །མ་ལུས་བདག་གིས་སངས་རྒྱས་སར་འདྲེན་ཤོག །རྟོགས་པའི་ངང་གནས་ཤེས་རབ་སྙིང་རྗེ་ཡིས། །བདག་ལྟའི་རྩ་བ་རྩད་ནས་གཅོད་བྱེད་ཅིང་། །འཇིག་རྟེན་ཆོས་བརྒྱད་ཆགས་སྡང་ལ་སོགས་པའི། །ཉོན་མོངས་འཆིང་བ་ཀུན་ལས་གྲོལ་བར་ཤོག །ཟག་མེད་མངོན་གྱུར་མཉམ་ཉིད་དགོངས་པ་ལས། །མ་གཡོས་ཐུགས་རྗེའི་མཛད་པ་སྣ་ཚོགས་ཀྱིས། །འགྲོ་བ་གང་ལ་གང་གིས་འདུལ་བ་བཞིན། །བྱང་ཆུབ་སྤྱོད་པ་རླབས་ཆེན་སྤྱོད་པར་ཤོག །ལྷུན་གྲུབ་ངང་གནས་དགོངས་སྤྱོད་ཐུགས་རྗེ་ཡིས། །མཛད་པ་རླབས་ཆེན་ཅིར་ཡང་སྟོན་བྱེད་ཅིང་། །འོད་གསལ་མཐའ་བྲལ་རང་རིག་ཡེ་ཤེས་ཀྱིས། །ཤེས་སྒྲིབ་ཕྲ་བཅོམ་རྫོགས་སངས་རྒྱས་ཐོབ་ཤོག །ཆོས་དབྱིངས་མངོན་གྱུར་སྤང་ཐོབ་ལྷག་མེད་པའི། །འགྲོ་འོང་གསལ་འགྲིབ་མེད་པའི་དགོངས་པ་ལ། །སྐུ་དང་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོགས། །བསམ་ཡས་ལྷུན་གྲུབ་མངོན་དུ་བྱེད་པར་ཤོག །མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་དང་། །མཛད་པའི་ཕྲིན་ལས་ལྷུན་གྲུབ་ཕྱོགས་མེད་ཀྱིས། །གང་ལ་གང་འདུལ་དེ་ལ་དེར་སྟོན་ཅིང་། །སྲིད་གསུམ་འགྲོ་བ་མ་ལུས་འདྲེན་པར་ཤོག །དགེ་བ་འདི་དང་ཆོས་དབྱིངས་མཐའ་ཀླས་པའི། །འཁོར་འདས་གཉིས་བསྡུས་དགེ་གཞན་མ་ལུས་ལ། །ཡིད་རང་སྤྲོ་བས་གཅིག་ཏུ་བསྡུས་བྱས་ཏེ། །འགྲོ་ཀུན་རྒྱུད་སྨིན་བྱང་ཆུབ་མཆོག་ཐོབ་ཤོག །དུས་གསུམ་སངས་རྒྱས་ཡི་དམ་ལྷ་མཆོག་དང་། །རིག་འཛིན་བྱང་སེམས་བཀའ་རྒྱུད་བླ་མ་དང་། །རྒྱུན་དུ་མི་འབྲལ་དགོངས་པ་དབྱེར་མེད་པའི། །བླ་མ་དཀོན་མཆོག་རྣམས་ཀྱི་བཀྲ་ཤིས་ཤོག །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །ཐེག་པ་མཆོག་དང་མི་འབྲལ་བཅུད་ལོངས་ནས། །འགྲོ་ཀུན་སྨིན་བྱེད་ཆོས་ཀྱི་ཆར་འབེབས་པའི། །ཐེག་ཆེན་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །བླ་མ་མཆེད་དང་འཁོར་སློབ་ཡོན་བདག་རྣམས། །མཐུན་པར་འགྲོགས་ཤིང་དད་གུས་བརྩེ་བ་དང་། །ཚེ་རིང་ནད་མེད་ལོངས་སྤྱོད་ཆོས་མཐུན་ཅིང་། །ཆོས་འཁོར་འདབ་རྒྱས་དོན་གྲུབ་བཀྲ་ཤིས་ཤོག །དེང་ནས་བཟུང་ནས་དུས་རྣམ་ཐམས་ཅད་དུ། །མི་མཐུན་བར་ཆོད་རྐྱེན་རྣམས་མི་འབྱུང་ཞིང་། །དགོངས་སྤྱོད་འཕེལ་ཞིང་ཅི་བསམ་འགྲུབ་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །གཞི་ལམ་འབྲས་བུའི་དོན་མཚོན་པ། །ཆོས་ཀྱི་གཏེར་མཛོད་ཆེན་པོ། ཀུན་འདུས་རིག་པའི་སྒྲོན་མེ་ལས། མཇུག་སྨོན་ལམ་དང་བཅས་པའི་ལེའུ་སྟེ་ཉེ་ཤུ་རྩ་གསུམ་པའོ།།
༈ །།བཀའ་ཐམས་ཅད་གསལ་བར་སྟོན་པས་བསྟན་པའི་སྤྱི་འགྲེལ་ཞེས་ཀྱང་བྱ། ཐེག་པ་ཐམས་ཅད་ཀྱི་ཤན་འབྱེད་ཅིང་ལ་ཟློས་པས་ཐེག་པའི་སྤྱི་མདོ་ཞེས་ཀྱང་བྱ། ལྟ་བ་དང་དགོངས་པ་ཐམས་ཅད་ཀྱི་སྤྱི་ཕུགས་སྟོན་པས་དགོངས་པའི་སྤྱི་མཛོད་ཞེས་ཀྱང་བྱ། རྒྱུ་འབྲས་ཀྱི་ཆོས་ཀུན་གསལ་བར་སྟོན་པས་ཆོས་ཀྱི་མེ་ལོང་ཞེས་ཀྱང་བྱ། སེམས་ཉིད་ཀྱི་ངོ་སྤྲོད་ཅིང་ཉམས་མྱོང་གི་དོན་སྟོན་པས་ངོ་སྤྲོད་ཉམས་ཀྱི་མན་ངག་ཞེས་ཀྱང་བྱ། ས་དང་ལམ་གྱི་དམིགས་པ་མ་འདྲེས་པར་སྟོན་པས། ས་ལམ་རིག་པའི་སྒྲོན་མེ་ཞེས་ཀྱང་བྱ། ཉོན་མོངས་ཀྱི་གཅོང་སྙིང་རྩད་ནས་འབྱིན་པར་བྱེད་པས་དྲི་མ་མེད་པའི་བདུད་རྩི་ཞེས་ཀྱང་བྱ། ཆོས་དབྱིངས་མི་ཟད་པའི་གཏེར་ཆེན། དགོངས་པ་རྣམས་ཀྱི་མཛོད་བཏུས་ནས། བཀའ་དང་མན་ངག་ཐམས་ཅད་ཀྱི་བཅུད་བསྡུས་ཏེ་ཆོས་ཀུན་གསལ་བར་སྟོན་པའི་ཆོས་ཀྱི་གཏེར་མཛོད་ཆེན་པོ་ཀུན་འདུས་རིག་པའི་སྒྲོན་མེ་ཞེས་བྱ་བ་ཤཱཀྱའི་དགེ་སློང་བན་དྷེ་ཤཱཀྱ་རྡོ་རྗེས་རྒྱལ་བའི་བཀའ་ལུང་དང་། མཁས་པའི་བསྟན་ཆོས་དང་། ཟབ་མོའི་གདམས་ངག་རྣམས་ཀྱི་དགོངས་པའི་བཅུད་བླངས། བླ་མའི་གསུང་དང་རང་གི་ཉམས་མྱོང་གི་དོན་དྲིལ་ཏེ་བསྐུལ་བ་པོའི་དོན་ཕྱིར་ཡི་གེར་བཀོད་པ་རྫོགས་སོ།། །།ཐེག་མཆོག་བསྟན་པ་རིན་ཆེན་དར་བ་དང་། །ཐེག་རྩེ་རྫོགས་ཆེན་དགོངས་པ་མངོན་གྱུར་པའི། །སློབ་མའི་ཚོགས་ཀྱིས་རྒྱལ་ཁམས་ཀུན་གང་ནས། །བསྟན་འཛིན་སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག །སླར་ཡང་ལུང་སྤེལ་བགྱིད་པ་པོ་ནི་ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོའོ། །མངྒ་ལ། དགེའོ། །ཤུ་བྷཾ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་ཆེན་ལྡེ་མིག་བཞུགས།

ན་མོ་གུ་རུ་དྷརྨ་ཀཱ་ཡ་སམྦྷོ་ཀཱ་ཡ་ནིརྨ་ཀཱ་ཡ་སརྦ་སིདྡྷི་ཕ་ལ་ཧཱུཾ། གང་ཞིག་རྣམ་གྲོལ་དཔལ་ཡོན་ཕུང་པོ་སྲིད་ཞིའི་སྒྲོ་སྐུར་བྲལ་བ་ཆོས་ཀུན་མཉམ་པ་ཆེན་པོའི་ངང་། །སྤྲོས་ཚོགས་ཡོངས་སྤངས་ཅིར་ཡང་མི་དམིགས་གནས་ལུགས་གཉུག་མ་སྐྱེ་འགག་གནས་གསུམ་བྲལ་བའི་བདག་ཉིད་ཅན། །ཀུན་རྫོབ་སྒྱུ་མ་རང་ངོར་གྲོལ་བས་ཤེས་དང་ཤེས་བྱ་རོ་གཅིག་བཟླུམ་པ་བདེ་ཆེན་སྒྱུ་མའི་སྐུ། །རིགས་བརྒྱའི་ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་ཆེན་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས་ནས་བྱིན་གྱིས་རློབས། །རང་བཞིན་དབྱིངས་སུ་འཁོར་འདས་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་སྐྱེ་མེད་ངང་དུ་རོ་གཅིག་པ། །མཁྱེན་གཉིས་ཡེ་ཤེས་རྟོགས་པའི་རྒྱུན་ལས་ཡོངས་སུ་གྲོལ་བ་མི་འགྱུར་ཐིག་ལེའི་ངང་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་སྒྱུ་མའི་རོལ་གར་བསམ་ཡས་སྐུར་སྟོན་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །འཇའ་ལུས་མཆོག་གི་སྐུ་བརྙེས་དྲི་མེད་བཤེས་གཉེན་ལ་སོགས་སྔ་འགྱུར་བསྟན་པའི་གསལ་བྱེད་རྣམས་ལ་འདུད། །གང་གི་ཞིང་ཁམས་བྷོ་ཊའི་ལྗོངས་སུ་མདོ་སྔགས་བསྟན་པ་སྤེལ་ཕྱིར་དུ། །འཁོར་བའི་མཚང་ལས་ངེས་པར་གྲོལ་ཡང་སྲིད་པར་འཇུག་ལ་སྐྱོ་མེད་བཞིན། །དཔག་མེད་འགྲོ་རྣམས་ཕན་བདེའི་ལམ་དུ་བཀྲི་མཛད་མཁྱེན་བརྩེ་ནུས་པའི་བདག །རིགས་གསུམ་རྣམ་སྤྲུལ་མེས་དབོན་གསུམ་གྱི་བཀའ་དྲིན་དྲན་བཞིན་སྙིང་ནས་མོས། །མཐའ་འཁོབ་པྲེ་ཏ་པུ་རི་རྨོངས་པའི་ཐུན་གསུམ་འཐིབས་པའི་སྨག་རུམ་དུ། །དགེ་ལེགས་འོད་སྟོང་རབ་ཏུ་འབར་བས་མདོ་སྔགས་བསྟན་པ་གསལ་མཛད་ཅིང་། །འཕྲལ་ཕུག་ཕན་དང་བདེ་བའི་པད་ཚལ་ཀུན་ནས་རབ་ཏུ་རྒྱས་མཛད་པ། །བཻ་རོ་ཙ་ན་ཀ་ཅོག་རྨ་གཉགས་ལ་སོགས་ལོ་པཎ་ཡོངས་ལ་འདུད། །མདོ་སྒྱུ་སེམས་གསུམ་ཡང་ཕུར་ལ་སོགས་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རིམ་གཉིས་འབྲས་སྨིན་རྗེ། །ཡེ་ཤེས་སྒྱུ་མའི་རོལ་རྩལ་དཔག་མེད་ཐབས་མཁས་ཐུགས་རྗེའི་ཆོ་འཕྲུལ་ངོ་མཚར་རྒྱ་ཆེན་པོས། །འཁོར་བའི་མཚོར་ལྟུང་ཉམ་ཐག་འགྲོ་ལ་སྨིན་གྲོལ་བདུད་རྩིའི་ཆར་ཆེན་འབེབས་མཛད་གྲུབ་བརྙེས་མཆོག །སོ་ཟུར་གནུབས་གསུམ་བསྟན་པ་རྒྱ་མཚོའི་རི་དབང་སྤོ་ན་མངོན་པར་མཐོ་འདི་བསྟོད་བསྔགས་ཡུལ། །སྔ་འགྱུར་བསྟན་པའི་འོད་ཟེར་འབུམ་ལྡན་ལྔ་བདོའི་ཆུ་འཛིན་རུམ་དུ་ཡིབ་ལ་ཉེ་བའི་ཚེ། །ཐོས་བསམ་སྒོམ་པའི་ཤེས་རབ་འཐོར་རླུང་དྲག་པོའི་རྩལ་ཤུགས་རབ་ཏུ་གཡོས་པའི་ནུས་སྟོབས་ཀྱིས། །རྒོལ་ངན་སྤྲིན་ནག་རིང་དུ་བསྐྲད་དང་ཆབས་ཅིག་མ་ཧཱ་སནྡྷའི་ཉིན་བྱེད་གསལ་བ་དང་། །བསྟན་འཛིན་ཆུ་སྐྱེས་ཚལ་རྒྱས་གྲུབ་གཉིས་དྲི་བཟང་སྲིད་འདིར་སྤྲོ་བྱེད་ཀློང་ཆེན་པ་ཁྱོད་རྒྱལ། །ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་མངའ་བདག་འཇམ་དཔལ་རྣོན་པོའི་རྗེས་འགྲོ་དམ་པའི་མགོན། །བྱམས་སྡང་རིས་བྲལ་ཐུགས་བརྩེའི་གཏེར་མཛོད་ཕྱག་ན་པདྨ་ཟློས་པའི་སྒྱུ་འཕྲུལ་སྤྲུལ་པའི་སྐུ། །བདུད་སྡེའི་དཔུང་ཚོགས་གཞོམ་ནུས་འོད་ཟེར་བརྒྱ་པས་མུན་པར་ཇི་བཞིན་གསང་བདག་རྡོ་རྗེ་འཛིན། །རིགས་གསུམ་གཞན་ན་མེད་དེ་རྒྱལ་བསྟན་འཛིན་མཆོག་འཇིགས་མེད་གླིང་པ་གཏན་གྱི་སྐྱབས་སུ་གྲུབ། །རྒྱལ་བས་གསུངས་པའི་མདོ་སྔགས་ཆོས་སོ་ཅོག །ཉུང་ངུའི་ཚིག་གིས་ཇི་བཞིན་རྟོགས་ནུས་གཞུང་། །ཡོན་ཏན་རིན་ཆེན་མཛོད་ཀྱི་སྒོ་བརྒྱའི་ལྕགས། །འབྱེད་ནུས་བསྡུས་ལྡེ་རྒྱ་མཚོའི་ཆུ་ཐིག་ནོར། །ཁོ་བོའི་སྐལ་བར་ཐོབ་བཞིན་དོན་གཉེར་མཁན། །བློ་གསལ་འཆི་མེད་ནེ་གུའི་གཙུག་རྒྱན་དུ། །སྦྱིན་ལ་དད་དང་ཐོས་བསམ་བྱི་དོར་དང་། །གཞན་ཕན་སྨོན་ལམ་སེམས་མཆོག་བསྐྱེད་དང་ཀྭ་ཡེ། །ཞེས་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བའི་ཚིག་གིས་མདུན་བསུས་ནས་འགྲེལ་པ་དངོས་ལ་འཇུག་པ་ལ་ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་དང་གསུམ་མོ། །དང་པོ་ལ་ནི་གཞུང་འདིའི་མཚན་བསྟན་པ་དང་། དེ་ཉིད་རྩོམ་པ་ལ་བར་ཆད་མེད་ཅིང་བྱིན་རླབས་འཇུག་པའི་ཕྱིར་མཆོག་གསུམ་རིན་པོ་ཆེར་ཕྱག་འཚལ་བ་དང་། རྩོམ་པར་དམ་བཅའ་བའོ། །གཉིས་པ་ལ་གཉིས་ཏེ། རྒྱུ་ཕར་ཕྱིན་ཐེག་པའི་ས་ལམ་འབྲས་བུ་དང་བཅས་པ་བསྟན་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་སྤྱི་དགོས་ཀྱི་སྨིན་གྲོལ་གཉིས་དང་བསྐྱེད་རྫོགས་གཉིས་ཀྱི་དམ་ཚིག་གི་འབྲས་བུ་དང་བཅས་པ་བསྟན་པའོ། །གསུམ་པ་ལ་སྦྱར་བྱང་དགེ་བསྔོ་ལ་སོགས་པའོ། །དང་པོ་མཚན་བསྟན་པའི་ཐོག་མར་རྒྱ་སྐད་སྨོས་པའི་དོན་ནི། སྤྱིར་འདྲེན་པ་སྟོང་གི་འབྱོན་བཞུགས་ཀྱི་ཡུལ་ཡིན་པ་དང་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པའི་ཕྱིར་རོ། །དེ་ཡང་རྒྱ་ལ་དཀར་ནག་གཉིས་ཡོད་པ་ལ་སྔོན་མ་ནི་གོས་རྒྱན་དཀར་པོ་ལ་རྟེན་འབྲེལ་བཟང་པོར་འཇོག་ཅིང་། རྗེས་མས་ནག་པོ་གཙིགས་སུ་བྱེད་པ་དང་ཆོས་དང་འཇིག་རྟེན་གལ་ཆེ་ཆུང་ཡང་དེ་མཚུངས་བྱེད་པ་སོགས་ཀྱི་ཁྱད་པར་རོ། །རྒྱ་དཀར་པོའི་སྐད་ལ་རྒྱ་གར་སྐད་དུ་ཞེས་བྲིས་པའི་དགོས་ཆེད་ནི་ལོ་ཙཱ་བས་སུམ་རྟགས་དང་བསྟུན་ནས་འཇུག་པ་བདེ་བའི་ཕྱིར་དེ་ལྟར་བསྡེབས་པའོ། །དེ་ཡང་འདི་སྐད་ཅེས་སྨོས་ན། རྒྱ་གར་སྐད་དུ། གུ་ཎ་ཀོ་ཥ་རཏྣ་པྲ་མོ་དྷ་པྲྀ་ནཱ་མ། བོད་སྐད་དུ། ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ། ཞེས་པའི་དོན་ནི། རྒྱ་བོད་ཀྱི་སྐད་གཉིས་ཤན་སྦྱར་བ་ཤེས་པར་བྱས་ནས། ཚིག་འགྲེལ་ལ་འཇུག་པ་ནི། གཞུང་འདིའི་ནང་ན་རིམ་དགུའི་ཐེག་པའི་ཡོན་ཏན་ཐམས་ཅད་ཚང་བ་ནི་རིན་པོ་ཆེའི་གཏེར་མཛོད་ལྟ་བུ་ཡིན་ལ་གང་ཞིག་ཤེས་བྱ་དོན་དུ་གཉེར་བ་རྣམས་ཀྱི་མི་ཤེས་པའི་ཐ་བ་བརླན་ནས་བློ་གྲོས་ཀྱི་ལོ་འབྲས་རྒྱས་པར་བྱེད་པ་ལ་དགའ་བའི་དཔེ་སོ་ནམ་པའི་ཞིང་སར་ཆར་རྒྱུན་དུས་སུ་བབས་པ་དང་ཆོས་མཚུངས་པ། ཞེས་བྱ་བ་ནི། མཚན་གོང་དུ་གསལ་བའི་གཞུང་ངོས་བཟུང་བའོ། །སྤྱི་དོན་དང་པོའི་གཉིས་པ་མཆོད་བརྗོད་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་འདི་ན་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །ཞེས་གསུངས་པ་ལྟར་འཇིག་རྟེན་ན་དཀོན་པའི་ཡིད་བཞིན་ནོར་བུ་ལ་སོགས་པའི་རིན་པོ་ཆེའི་རིགས་རྣམས་དཀོན་ཡང་མཆོག་མ་ཡིན་དེ་འབད་རྩོལ་གྱིས་བསྒྲུབ་ཏུ་ཡོད་པ་དང་འཇིག་རྟེན་གྱི་འདོད་པ་འཇོ་བ་ཙམ་ལས་ཐར་པ་དང་རྣམ་མཁྱེན་སྟེར་མི་ནུས་པས་དམན་ཞིང་། སངས་རྒྱས་ནི་བསྐལ་པ་གྲངས་མེད་མང་པོར་ཚོགས་བསགས་པའི་མཐུས་ཐོབ་དགོས་པས་རབ་ཏུ་དཀོན་པའི་མཆོག་ཏུ་གྱུར་པ་དང་། དམ་པའི་ཆོས་ཀྱང་སངས་རྒྱས་ཀྱིས་གསུང་དགོས་པ་དང་། དེ་ཉིད་ཉམས་སུ་བླངས་ན་གང་ཟག་གི་བློ་རིམ་བཞིན་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་སྟེར་ནུས་པས་དེ་ལྟ་བུའི་དངོས་པོ་དཀོན་པ་དང་། དགེ་འདུན་ཡང་སངས་རྒྱས་ཀྱི་ཞལ་སྐྱིན་དམ་ཆོས་ཀྱི་འབྱུང་ཁུངས་ཚོགས་བསགས་པའི་ཞིང་མཆོག་ཡིན་པས་དེ་ཡང་དཀོན་པའོ། །ཡུལ་དེ་གསུམ་ལ་དད་གུས་མོས་གསུམ་གྱི་ཕྱག་རྒྱ་ནི་ལག་པའི་འདུ་བྱེད་དེ་ཐལ་མོ་པདྨ་ཁ་འབུས་བཞིན་སྤྱི་མགྲིན་སྙིང་ག་གསུམ་དུ་བཞག་པས་སྒོ་གསུམ་གྱི་སྒྲིབ་པ་འདག་པར་གསུང་ཕྱིར་དེ་ལྟར་འཚལ་ལོ་ཞེས་འགྲེལ་ལ། དེ་ཡང་གཞུང་འདི་བརྩམས་པའི་ཐོག་མར་རྩོམ་པ་པོས་མཆོད་པར་བརྗོད་པ་དང་རྗེས་སུ་ཐོས་བསམ་བྱེད་པ་དག་གིས་ཀྱང་དེ་ལྟར་དྲན་དགོས་པ་ཡིན་ནོ། །དེ་ལྟར་དཀོན་མཆོག་གསུམ་གྱི་ཁུངས་དང་རྒྱུ་མཚན་ཅུང་ཟད་བསྟན་ནས་ད་ནི་ཕན་ཡོན་དང་འབྲེལ་བས་སྤྲོ་བ་བསྐྱེད་པ་ནི། རྩ་བ། རིན་ཆེན་རྣམ་གསུམ་གྲགས་པའི་སྤྲིང་ཡིག་གིས། །མུ་ཏིག་འཁྲི་ཤིང་རབ་ཏུ་དགའ་བྱས་ནས། །བདུད་ཀྱི་བུ་མོའི་བཞིན་རས་ཀུནྡའི་ཚལ། །སྐལ་ངན་བགྱིད་ལ་མངོན་ཕྱོགས་སངས་རྒྱས་མཐུ། །ཞེས་སྨོས་ཏེ། ཇི་སྐད་དུ། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་སྤྱིར་དཀོན་མཆོག་གསུམ་ཞེས་གྲགས་པའི་སྤྲིང་ཡིག་གི་སྒྲ་དབྱངས་རྒྱ་ཆེ་རྒྱུན་མི་འཆད་པ་དེ་ཉིད་མི་ཁོམ་པ་བརྒྱད་ཀྱི་གནས་སུ་གྲགས་ཀྱང་ཚུལ་བཞིན་ཐོས་པ་དང་ཉམས་ལེན་གྱི་སྐལ་བས་དམན་ཞིང་། དེ་མ་ཡིན་པ་གང་དུ་གྲགས་པའི་ཡུལ་མཆོག་དམན་སུ་ལ་ཡང་དགེ་ཞིང་ལེགས་པའི་ས་བོན་ཐོབ་ངེས་པ་དང་། སྔོན་བྱུང་གི་གཏམ་རྒྱུད་དང་སྦྱར་ནས་སྟོན་པ་སྟེ། དཔག་བསམ་འཁྲི་ཤིང་ལས། ནོར་ཆེན་ཞེས་བྱའི་ཚོང་པ་ནི། །ཝཱ་ར་ཎཱ་སིར་སྔོན་བྱུང་གྱུར། །དེ་ཡི་ཁྱིམ་ཐབ་བསོད་ནམས་ཅན། །རིན་ཆེན་ལྡན་ཞེས་བྱ་བར་གྱུར། །བདག་པོ་ལྔ་པ་ཉིད་གྱུར་ཚེ། །བུད་མེད་དེ་ཡིས་མཆོད་རྟེན་རྩེར། །དོ་ཤལ་ཆེན་པོ་གུས་ལྡན་པས། །མཆོད་པ་བྱས་ནས་ཕུལ་བར་གྱུར། །བསོད་ནམས་རྣམ་སྨིན་དེས་དེ་ཉིད། །སིངྒ་ལ་ཡི་བདག་པོ་ཡི། །བུ་མོ་མུ་ཏིག་འཁྲི་ཤིང་གྱུར། །དེ་ཉིད་སྐྱེ་བ་གཞན་ལ་ནི། །ཕྱུག་པས་རྒྱགས་ཤིང་རྨོངས་གྱུར་ནས། །མཆོད་པ་སྨོད་ཅིང་སྒྲིན་གྱུར་པ། །དེ་ཡིས་ཡུན་རིང་འབངས་མོར་གྱུར། །དགེ་དང་མི་དགེའི་ལས་གང་གང་། །སྐྱེ་བའི་ཞིང་ལ་སྐྱེ་བོས་བཏབ། །ཅེས་པ་ལྟར་ཤཱཀྱའི་ཁྱིམ་དུ་འབངས་མོ་རོ་ཧི་ཏ་ཞེས་པར་སྐྱེས་ཚེ་སྟོན་པས་ཆོས་གསུངས་པ་མཉན་ཕྱིར་ཤཱཀྱའི་མིང་ཅན་གྱི་ཆུང་མ་དང་འབངས་མོ་གཉིས་ཀ་ཕྱིན་ཚེ་དཔོན་མོའི་མུ་ཏིག་གི་དོ་ཤལ་ཁྱིམ་དུ་ལུས་པ་བྲན་མོ་ལེན་དུ་མངགས་ཚེ་མོའི་བསམ་པ་ལ་འདི་ལྟ་བུའི་ཆོས་ཟབ་མོ་ཉན་དབང་མེད་པར་འགྲོ་དགོས་པ་སྐལ་བ་ཤིན་ཏུ་དམན་ནོ་སྙམ་བཞིན་འགྲོ་གྲབ་བྱས་ཚེ། སྟོན་པས་དེའི་བསམ་པ་མཁྱེན་ནས་ཆོས་ཚིགས་སུ་བཅད་པ་གཅིག་བསླབས་པ་འདོན་བཞིན་སོང་བ་ལམ་དུ་བ་དྲུས་མ་ཞིག་གིས་བརྡུངས་ཏེ་ཚེ་འཕོས་འཕྲལ་སིངྒ་ལའི་རྒྱལ་པོའི་བུ་མོར་སྲིད་པ་བཟུང་ནས་བཙས་མ་ཐག་ཏུ་མུ་ཏིག་གི་ཆར་ཆེན་པོ་བབས་པས་མུ་ཏིག་ཅན་ནམ་མུ་ཏིག་འཁྲི་ཤིང་དུ་བཏགས། དེ་ཡི་བསོད་ནམས་ཀྱི་མཐུས་མཉན་ཡོད་ཀྱི་ཚོང་པ་རྣམས་རྒྱ་མཚོ་བརྒལ་ནས་སིངྒ་ལར་སླེབས་པའི་མཚན་ཐུན་ལ་སྟོན་པས་གསུངས་པའི་ཚིགས་བཅད་འགའ་ཞིག་གླུར་བླངས་ཚེ་བུ་མོས་ཐོས་པས་ཡིད་ཕྲོགས་ཏེ་བཟང་པོ་དག་གླུ་དེ་ད་དུང་ལོངས་དང་ཟེར་བས་ཚོང་པས་འདི་ནི་གླུ་མ་ཡིན་དེ་སངས་རྒྱས་ཀྱི་གསུང་ཡིན་ཚུལ་བཤད་པས་སངས་རྒྱས་ཀྱི་མཚན་ཐོས་པའི་མོད་ལ་མུ་ཏིག་ཅན་རྨ་བྱས་དབྱར་རྔ་ཐོས་པ་ལྟར་གྱུར་ནས་སངས་རྒྱས་ཀྱི་ལོ་རྒྱུས་དྲིས་ཚེ། ཚོང་པ་རྣམས་ཀྱིས་ཅི་ནུས་བཞིན་རྣམ་ཐར་བརྗོད་པས་བུ་མོ་དེ་སྔོན་ལས་ཀྱང་དགའ་བ་ཆེར་སྐྱེས་ནས་སྟོན་པའི་ཞབས་དྲུང་དུ་སྤྲིང་ཡིག་འདི་བཞིན་ཕུལ་བ་མཁྱེན་བཞིན་དུ་བཀླགས་པར། ཀྱེ་མ་བསོད་ནམས་ཚོང་ཟོང་དག་གིས་རྙེད་པར་གྱུར་པ་ཁྱོད་ནི་དྲན་པ་ཉིད། །རྒུད་དང་གདུང་བ་དང་ནི་སྲེད་པ་འཇོམས་པའི་སྲིད་པའི་སྨན་བཟང་ཅི་ཡང་ཡིན། །བཅོམ་ལྡན་ལས་བྱུང་གཏམ་གྱིས་ཉེར་བསྐྲུན་ཡང་དག་རིན་པ་མྱོང་བའི་ས། །བཅོམ་ལྡན་འདི་དེ་བདག་གི་བདུད་རྩི་ཡང་དག་བགོ་སྐལ་ཆེན་པོར་གྱུར་པ་ཡིན། །ཞེས་པ་ལ་གཟིགས་ནས་རི་མོ་མཁན་གྱིས་བྲི་བར་མི་ནུས་པའི་རང་གི་སྐུ་གཟུགས་རས་ཀྱི་ངོས་ལ་འོད་ཟེར་བཀྱེ་བ་ལྟར་བཀོད་ནས་བཀའི་ཚིགས་བཅད་འགའ་དང་བཅས་བུ་མོ་དེ་ལ་སླར་སྤྲིང་བར་མཇལ་མ་ཐག་ཏུ་སྐྱབས་སུ་འགྲོ་བ་གསུམ་དང་། བསླབ་པའི་གནས་ལྔ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོགས་པའི་རང་བཞིན་ཤེས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་མངོན་པར་སྤྱོད་དོ། །དེ་ནས་བུ་མོས་ཡུལ་དེའི་མི་རྣམས་བསྟན་པའི་སྒོར་བཅུག །དཀོན་མཆོག་གསུམ་ལ་མུ་ཏིག་མཆོག་མ་ག་དྷའི་བྲེ་རེ་རེ་ཕུལ། བུ་མོར་གནང་བའི་སྐུ་དེ་ལ་ཐུབ་པ་འོད་ཟེར་མར་གྲགས་ཏེ་སྐུ་གཟུགས་ཀུན་གྱི་ཐོག་མའོ། །ཚུལ་དེ་འདྲ་བར་བསམས་ན་མཆོག་གསུམ་རིན་པོ་ཆེའི་རྒྱུ་འབྲས་མཐའ་དག་དང་འབྲེལ་བའི་ཆོས་ཀྱི་གཏམ་ཡང་དག་པ་ནི་འགྲོ་བ་ཡོངས་ཀྱི་མཉན་པར་འོས་པ་སྤྲིང་ཡིག་ལྟ་བུའང་ཡིན་ལ། འཁོར་བའི་རང་བཞིན་ཉོན་མོངས་པ་དང་རྣམ་རྟོག་ལས་གྱུར་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་ཁུར་འཁྱེར་བ་ལ་བདུད་ཀྱི་བུ་མོ་ཞེས་སྨད་པའི་སྒྲ་སྦྱར་ཏེ། དེ་ཉིད་ལ་སངས་རྒྱས་ཀྱི་བཀའི་འབྲེལ་བ་མ་ཐོབ། རྣམ་དཀར་ལ་བློ་ཕྱོགས་པར་མ་གྱུར་ཚེ་དེའི་བཞིན་རས་ཞེས་གདོང་མེ་ཏོག་ཀུནྡྷའི་ཚལ་ལྟར་མཛེས་པ་དེ་ཡང་སྔོན་ཆད་སྐལ་བ་ངན་པའོ་ཞེས་སྐྱོན་མཚང་ལས་ལྡོག་པར་བགྱིད་པ་ལ་མངོན་པར་ཕྱོགས་པ་དེ་ཡང་སངས་རྒྱས་ཀྱི་མཐུའོ། །ཞེས་འགྲེལ་ནས། རྩོམ་པར་དམ་བཅའ་བ་ནི། རྩ་བ། བློ་མཆོག་རྣམས་ཀྱི་ཡོན་ཏན་དག་བྱེད་གཏེར། །གཅིག་ཏུ་བརླིངས་ནས་སྤྱི་བརྟོལ་རླབས་ཕྲེང་གི། །ཅ་ཅོ་སྒྲོགས་འདི་མཛེས་པ་མི་ངོམ་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་མཉན་པར་འོས། །ཞེས་པ་ནི། འདི་ལྟར་བློ་མཆོག་རྒྱལ་བ་རྣམས་ཀྱིས་མདོ་སྔགས་ཀྱི་སྡེ་སྣོད་རྒྱ་མཚོ་ལྟ་བུ་དང་། འཕགས་པའི་གང་ཟག་རྣམས་ཀྱིས་ཆིངས་ཆེན་པོ་ལྔ་དང་དགོས་འབྲེལ་ཡན་ལག་བཞིས་གཏན་ལ་དབབ་པའི་བསྟན་བཅོས་སོགས་བཀའ་དང་དགོངས་འགྲེལ་མཆིས་བཞིན་དུ་ཆོས་ཉིད་ཀྱི་བདེན་པ་མ་མཐོང་ལྷས་གནང་བ་མ་ཐོབ། རིག་པའི་གནས་ལྔ་ལ་མ་སྦྱངས་པ་དག་གིས་སྤྱི་བརྟོལ་བསྐྱེད་པའི་གཞུང་ངན་དག་ལ་ནང་པའི་ཚུལ་གསུམ་ཉུང་ཞིང་ཕྱི་རོལ་པའི་ངན་པ་དྲུག་ཀྱང་འདྲེས་སྲིད་པའི་དཔེ་གཅོང་རོང་གི་འབབ་ཆུ་དྲག་ཤུལ་ཅན་ཅ་ཅོའི་སྒྲ་བར་མེད་དུ་སྒྲོགས་པ་ལྟ་བུ་ལ་ཡོན་ཏན་གྱི་མཛེས་ཆ་གང་ཡང་ངོམ་རྒྱུས་དབེན་ཡང་། གཞུང་འདི་ནི་དེ་ལྟར་མ་ཡིན་ཏེ་དེ་རྩོམ་པའི་རྒྱུ་གསུམ་གྱི་དོན་ལ་རང་དབང་བསྒྱུར་ཞིང་དམ་པ་གསུམ་དང་འབྲེལ་བའི་བསྟན་བཅོས་འཛམ་གླིང་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་རྗེས་སུ་འགྲོ་བར་གདོན་མི་ཟ་བས་སོམ་ཉི་སྤོངས་ལ། ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་སོགས་དམ་པའི་ཆོས་ནི་བརྗོད་པ་ལ་བརྟེན་དགོས་པའི་སླད་དུ་མཉན་པར་འོས་སོ། །ཞེས་འདོམས་ནས། གཞུང་དོན་ལ་འཇུག་པའི་ཐོག་མར་འཁོར་བའི་སྐྱོན་མཚང་སྟོན་པ་སྟེ། རྩ་བ། ཐོག་མ་མེད་ནས་སྐྱེ་རྒ་ན་འཆི་ཡི། །རིམས་ཀྱིས་བཏབ་པར་སྨན་ཆེན་བདུད་རྩིའི་རོ། །དམ་ཆོས་ལག་ཏུ་མཆིས་པ་སྤོང་བྱེད་པའི། །སྐྱེ་བོ་རྣམས་ལ་བདག་གིས་ཇི་ལྟར་འདོམས། །དེ་ཡང་འཁོར་བའི་ཐོག་མ་འདི་འདྲའོ་ཞེས་དཔོགས་པར་ནུས་པ་མ་ཡིན་བཞིན་སྐྱེ་རྒ་ན་འཆི་བཞིས་རྟག་པར་མནར་བའི་དཔེ་རིམས་ནད་ཀྱིས་བཏབ་པའི་ནད་པའི་ཚོགས་ལ་ཕན་བྱེད་ཀྱི་སྨན་ཆེན་པོ་བདུད་རྩིའི་རོ་ལྟ་བུ་ནི་དམ་པའི་ཆོས་ཁོ་ན་ལས་གཞན་མ་མཆིས་ན། དེ་ཉིད་ལག་ཏུ་མཆིས་པ་ཞེས་དགེ་སྒྲུབ་སྡིག་སྤང་སོགས་རྣམ་དཀར་སྒྲུབ་མིན་རང་ལ་རག་ལུས་པའི་དུས་འདིར་སྒོ་གསུམ་སྡིག་ལ་བསྒྱུར་བཞིན་དགེ་ཚོགས་སྤངས་ན་ཐར་ལམ་དང་འབྲེལ་བ་གཏན་ཆད་དུ་འགྱུར་བར་ངེས་པས་དགེ་སྡིག་གོ་ལོག་ཏུ་སྤྱོད་པའི་སྐྱེ་བོ་རྣམས་ལ་བདག་གིས་ཇི་ལྟར་བཤད། བཤད་ཀྱང་ཕན་ཐོགས་པར་དཀའ་ཞེས་ཤུགས་ཀྱིས་བསྟན་པའོ། །དེ་ནས་དལ་འབྱོར་རྙེད་པར་དཀའ་བ་སྟོན་པའི་ཕྱིར་མི་ཁོམ་པ་བརྒྱད་ཀྱི་སྐྱོན་མཚང་འཆད་པ་ནི། རྩ་བ། རིང་ནས་བཤེས་པ་འཁོར་བའི་འབྲོག་དགོན་དུ། །མགོ་དང་ཡན་ལག་བཅད་པས་གདུངས་བྱས་ཤིང་། །ཕྱིན་ཆད་གདུང་འགྱུར་ལྐོག་ཏུ་གྱུར་པ་རྣམས། །ད་དུང་མཐོ་རིས་བདེ་ལ་སྲེད་ཅིང་རྨོངས། །ཞེས་པ་ནི། དུས་ཐུང་ངུ་ཙམ་མ་ཡིན་ཞིང་ཡུན་ཤིན་ཏུ་རིང་བ་ཐོག་མ་མེད་པའི་དུས་ནས་འཁོར་བའི་འབྲོག་དགོན་དུ་ཞེས་པ་ཕན་འདོགས་མཁན་གྱི་མི་མེད་ཅིང་དགྲ་ཇག་ཆོམ་རྐུན་དང་གཅན་གཟན་དུག་སྦྲུལ་སོགས་ཀྱིས་གནོད་འཚེ་སྦྱོར་བའི་ཡུལ་ངན་ལྟ་བུའི་མི་ཁོམ་པ་བརྒྱད་ཀྱི་གནས་རིགས་སུ་ཡང་ཡང་འཁོར་ཚེ་མགོ་དང་ཡན་ལག་སོགས་བཅད་གཏུབས་བགྱིས་པས་རབ་ཏུ་གདུངས་ཤིང་ད་ལྟའི་གནས་སྐབས་འདིར་ཡང་མིའི་ལུས་རྟེན་ཙམ་ཐོབ་དམ་པའི་ཆོས་ཀྱི་སྒོར་ཞུགས་ནས་ལྟར་སྣང་ལེགས་པ་ཙམ་མང་ཡང་འཇིག་རྟེན་ཆོས་བརྒྱད་ལས་མ་འདས་ཤིང་བརྟག་དཔྱད་ཞིབ་ཏུ་བྱས་ན་ཆུང་མ་མེད་པ་ཁོ་ན་ལ་རབ་བྱུང་མཆོག་ཏུ་བརྩི་བ་དང་། འདྲེ་རྡུང་གི་ལག་ལེན་ཤེས་པ་ལ་རྡོ་རྗེའི་ཐེག་པ་བར་བརྩི་བ་སོགས་ལ་ཕུགས་བཅོལ་ནས་དད་དམ་དང་སྙིང་རྗེ་སོགས་ཅང་མི་སེམས་པར་རྒྱ་གར་གྱི་ཕྱི་རོལ་པ་ལ་ལ་དང་བོད་ཀྱི་བོན་པོ་འགའ་ཞིག་བཞིན་ཤ་ཁྲག་གི་དམར་སྟོན་རྒྱ་ཆེན་པོ་བསྟར་ནས་ཚེ་ལྡན་གྱི་རིམ་གྲོ་དང་གཤིན་པོར་དགེ་རྩ་སྒྲུབ་རློམས་བྱེད་པ་སོགས་སྒོ་གསུམ་མི་དགེར་འཇུག་པའི་སྐྱེ་བོ་མཐའ་དག་དང་ཁྱད་པར་ཆོས་ལ་ཁུངས་བཅོལ་ནས་སྲོག་གཅོད་སོགས་ཀྱི་མཆོད་སྦྱིན་བྱེད་པ་རྣམས་སྐྱེ་བ་འདིའི་འོག་ཏུ་ངན་སོང་གསུམ་སོགས་མི་ཁོམ་པའི་གནས་རིགས་ཐ་ཆད་དུ་སྐྱེས་ནས་སྡུག་བསྔལ་དཔག་མེད་མྱོང་བ་གདོན་མི་ཟ་ཡང་ད་ལྟའི་དུས་འདིར་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བལྟར་མི་མངོན་བཞིན་ཕྱི་མ་བཟོད་པར་དཀའ་བའི་སྡུག་བསྔལ་ལྐོག་ཏུ་གྱུར་པ་རྣམས་ཀྱང་། ད་དུང་ལྷ་མིའི་གནས་སུ་ཨེ་སྐྱེས་རེ་བ་བྱེད་པ་རྣམས་ནི་བདེ་བ་འདོད་བཞིན་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པའི་རྨོངས་པ་བ་ལང་ལྟ་བུའོ། །རྩ་བ། བསམ་བརླག་དེ་ནི་འདི་ནས་ཡང་ལྟུང་ལ། །ངན་སོང་གསུམ་དང་འདུ་ཤེས་མེད་པའི་ལྷ། །མཐའ་འཁོབ་དབང་པོ་མ་ཚང་ལྟ་བ་ལོག །སངས་རྒྱས་འབྱུང་བ་མེད་པ་དག་ཏུ་འཁྱམས། །ཞེས་པ་བསམ་བརླག་ནི་བསམ་པ་མི་དགེ་བ་སྐྱེས་པར་གཉེན་པོས་སླེབ་རྒྱུ་བྲལ་བཞིན་ཕྱིར་ཞིང་སེམས་པའི་ལས་ཀྱིས་སྡིག་ལ་སྤྱོད་པ་ནི་རང་གི་བདེ་བ་གཏན་བརླག་ཏུ་འགྲོ་བར་ངེས་ཤིང་དེ་ལྟ་བུའི་མི་རྣམས་ནི་འཇིག་རྟེན་འདི་ནས་ཕྱི་མར་འགྲོ་ཚེ་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་དང་ལྷ་ཚེ་རིང་པོ་སྟེ་གཟུགས་མེད་ཁམས་མཐའ་འཁོབས་སམ་ཀླ་ཀློ་སོགས་དགེ་སྡིག་གོ་ལོག་ཏུ་སྤྱོད་པ་རྣམས་དང་དབང་པོ་མ་ཚང་བ་མིག་རྣ་བ་ལྕེ་གསུམ་ལ་སྐྱོན་བྱུང་ན་རིམ་བཞིན་ཆོས་མི་མཐོང་མི་ཐོས་བརྗོད་མི་ཤེས་པ་སོགས་ཀྱི་སྐྱོན་དང་ཡིད་དབང་སྨྱོ་འབོག་སོགས་ཀྱིས་དྲན་པ་ལས་སུ་མི་རུང་བ། ལྟ་བ་ལོག་པ་ནི་དགེ་སྡིག་གི་རྣམ་སྨིན་གྱི་འབྲས་བུས་བདེ་སྡུག་བསྐྱེད་པ་མིན་ཞེས་རྒྱུ་འབྲས་ལ་སྐུར་པ་འདེབས་པའོ། །སངས་རྒྱས་འབྱུང་བ་མེད་པ་ནི་རྩོད་ལྡན་གྱི་དུས་འདིར་སྟོན་པ་འཇིག་རྟེན་དུ་བྱོན་ཡང་མི་རྣམས་ཚེ་ལོ་རིམ་གྱིས་དམན་ཞིང་ནད་མཚོན་མུ་གེས་མནར་བས་རྒྱལ་བསྟན་ཡང་རེ་ཞིག་ནུབ་སྐབས་དང་སངས་རྒྱས་སྟོང་གི་བསྟན་པ་རྫོགས་ནས་འབྱུང་འགྱུར་གྱི་མུན་བསྐལ་ཤར་ཚེ་སྲིད་པ་བཟུང་བ་རྣམས་སོ། །རྩ་བ། ཐང་གཅིག་སྐབས་བཙལ་མ་ཡིན་ལྕགས་སྲེག་གཞིར། །མཚོན་གྱི་ཆད་པ་རྩུབ་མོས་ཡང་དང་ཡང་། །སྲོག་འཕྲོག་འཆི་བར་མི་ནུས་དམྱལ་བ་པ། །ད་དུང་ཁོང་ཁྲོའི་ལས་ངན་རྙི་ལ་ཐོགས། །ཞེས་པ་ནི། མི་ཁོམ་པ་བརྒྱད་ཀྱི་དང་པོ་དམྱལ་བ་ལ་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་ཉི་ཚེ་ཉེ་འཁོར་བ་གཉིས་དང་བཅོ་བརྒྱད་དུ་གསུངས་པས་དེ་དག་སོ་སོའི་སྡུག་བསྔལ་ལ་སྤྱོད་ཀྱང་དེར་སྐྱེ་བའི་རྣམ་སྨིན་མ་ཟད་པར་འཆི་བར་མི་ནུས་ཤིང་ད་དུང་ཡང་ཁོང་ཁྲོའི་སེམས་དང་བཅས་ཏེ་ལས་ངན་གྱི་འཕྲོ་རྙི་ལྟ་བུ་ལ་ཐོགས་ནས་ཐར་པའི་གོ་སར་སླེབས་མི་ཐུབ་པས་ཆོས་བྱེད་དུ་མི་ཁོམ་པ་དང་། ཡི་དྭགས་ལ་ཡང་བྱིངས་ན་གནས་པ་དང་མཁའ་རྒྱུ་གཉིས་ཏེ་སྤྱི་མཐུན་དུ་བཀྲེས་སྐོམ་གྱི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་པས་ཆོས་བྱེད་དུ་མི་ཁོམ་པའོ། །དུད་འགྲོ་ལ་ཡང་སྤྱི་མཐུན་དུ་རྨོངས་ཤིང་གཏི་མུག་གི་མུན་པ་འཐིབས་པའི་དགེ་སྡིག་མི་ཤེས་པ་དང་ཕན་ཚུན་གཅིག་གིས་གཅིག་ལ་འཚེ་བ་ལ་སོགས་པས་སྡུག་བསྔལ་ཞིང་། བྱེ་བྲག་མི་ཡུལ་ན་ཡོད་པ་རྣམས་སྲོག་གཅོད་ཁྲག་བཙགས་སྤུ་བཏོག །ཁལ་འགེལ་བ་དང་ཞོན་པའི་ཆེད་དུ་བཀོལ་ཞིང་རྟ་དྲེལ་ལ་སྲབ་དང་མཛོ་ཁལ་ལ་སྣ་ཟུང་སྒྲོག་དང་ཐ་གུས་འཆིང་བ་སོགས་མདོར་ན་རང་གིས་ཅི་དགར་སྤྱོད་ཆོག་པའི་ཕྱིར་ལུས་འདུལ་བའི་མནར་སྤྱོད་སེམས་ལ་འཛིན་པ་ལས་ཆོས་བྱེད་དུ་མི་ཁོམ་པའོ། །རྩ་བ། རྣག་ཁྲག་ཕྱི་ས་སོགས་ཀྱང་མི་རྙེད་པའི། །ཡི་དྭགས་ཕོངས་པས་ཉམ་ཐག་སྨོས་ཅི་དགོས། །ཆུ་ཀླུང་ལྗོན་པ་བལྟས་པའི་མོད་ལ་བསྐམས། །ནང་ཁྲོལ་འཚིག་པའི་སྡུག་བསྔལ་ཟད་མི་ཤེས། །སྒྲིབ་པའི་མཐུས་བྱས་ཚེ་ཚད་ངེས་པ་མེད། །དུད་འགྲོ་ཕན་ཚུན་གཅིག་ལ་གཅིག་བཟའ་ཞིང་། །རྔོན་པའི་དམ་བཞག་རྩུབ་མོས་སྲོག་འཕྲོག་དང་། །བཀོལ་ཕྱིར་འདུལ་བ་འཛིན་པས་ཉམ་ཐག་པའི། །གནས་སུ་སྐྱེ་བ་ཐོབ་ན་ཅི་བྱར་ཡོད། །ཅེས་པ་རྣམས་ནི་འོག་ཏུ་འཁོར་བའི་ཉེས་དམིགས་ཀྱི་སྐབས་སུ་འཆད་དགོས་པ་དང་བཤད་མ་ཐག་པར་འཐུས་སོ། །རྩ་བ། འཚོ་བའི་ལས་མཐའ་ཤིན་ཏུ་རིང་པོས་བསྲིང་། །སྐྱེ་བའི་གོ་སྐབས་མི་དབྱེ་གཟུགས་མེད་དང་། །ཐོས་བསམ་རྟེན་འགགས་འདུ་ཤེས་མེད་པའི་ལྷ། །འཆི་ཁར་ལོག་པར་ལྟ་བས་ཁོམ་ལྡན་མིན། །ཞེས་པ་ཡང་། གཟུགས་མེད་ཁམས་སུ་སྐྱེས་པ་དག་ཚེ་རིང་པོར་འཚོ་ཡང་རྩ་ཐིག་རླུང་གསུམ་ལ་བརྟེན་པའི་ལུས་རྟེན་མིན་ཕྱིར་ཤེས་བྱ་ལ་འཇུག་པའི་སྐབས་དང་བྲལ་བས་མི ཁོམ་པའོ། །རྩ་བ། རྐང་པ་གཉིས་པའི་ཁྱོགས་ལ་རབ་བརྟེན་ཡང་། །དེ་ཡི་འདུ་ཤེས་བསོད་ནམས་མ་ཡིན་པས། །དམ་ལ་བཞག་ཅིང་གཞུངས་པའི་ཀླ་ཀློ་རྣམས། །བླང་དོར་ཤིན་ཏུ་འཆོལ་བའི་ནང་ན་འཁྱམས། །ཞེས་པ་ནི། ཀླ་ཀློ་ནི་རྐང་པ་གཉིས་ཀྱིས་བཏེགས་ནས་འགྲོ་བ་དང་ཕུང་ཁམས་སྐྱེ་མཆེད་རྣམ་པ་མི་དང་འདྲ་ཡང་བསམ་སྤྱོད་བྱེད་ལས་ཐམས་ཅད་མི་དགེ་བ་ཁོ་ན་ཡིན་པས་ཆོས་བྱེད་དུ་མི་ཁོམ་པའོ། །རྩ་བ། དབང་པོའི་དམ་བཅའ་ཉམས་པའི་ལྐུགས་པ་རྣམས། །འཕགས་པའི་དེད་དཔོན་དག་དང་ཕྲད་གྱུར་ཀྱང་། །བྲག་ཅའི་ཆོ་གས་བཟུང་བའི་ཅ་ཅོ་བཞིན། །བརྡའ་མི་འཕྲོད་པའི་འབྲོག་དགོན་ཆེན་པོར་གདུངས། །ཞེས་པ་ནི། ངག་ལྐུགས་པས་ཚིག་གི་བརྡའ་མི་འཕྲོད་པ་དང་ཡིད་ལྐུགས་པས་སྐྱེས་བུ་དམ་པ་དང་འབྲེལ་ཡང་དགེ་སྡིག་གི་བླང་དོར་ལ་རྨོངས་པས་མི་ཁོམ་པའོ། །རྩ་བ། སྐྱེ་བའི་རྒྱ་མཚོ་བརྒལ་བའི་གྲུ་བོ་ཆེ། །རྣམ་རིག་བ་དན་གཡོ་བ་ཐོབ་ནས་སླར། །སངས་རྒྱས་འབྱུང་ལ་མཉེས་པར་མི་བགྱིད་པའི། །ལོག་པར་བལྟ་བ་འཛིན་དེ་བདུད་ཀྱིས་གཙེས། །ཞེས་པ་ནི། གང་དག་གཟུགས་དང་ལོངས་སྤྱོད་ལྡན་ཞིང་རྣམ་རིག་ཤིན་ཏུ་གྲུངས་པའི་ཚུལ་གྱིས་གཞན་ལ་ཕན་སློབ་ཉེས་ལྡོག་གི་རྣམ་འགྱུར་ངོམ་ཡང་སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་ཅིང་བརྙས་སྨོད་ཀྱི་སྒོ་ནས་ལས་དགེ་སྡིག་གི་འབྲས་བུ་བདེ་སྡུག་དང་ཚེ་ཕྱི་མ་མེད་ཅེས་མུ་སྟེགས་བྱེད་དང་མཚུངས་པར་སྨྲ་བ་ནི་ལོག་པར་བལྟ་བ་འཛིན་པ་སྟེ། དགེ་བའི་ལས་ལ་རྒྱབ་ཀྱིས་ཕྱོགས་པས་མི་ཁོམ་པའོ། །རྩ་བ། ཐུབ་པ་རྣམས་ཀྱིས་སྤངས་པའི་བསྐལ་པ་ཡི། །གཅོང་རོང་མུན་ནག་འཐིབས་པོར་ལྷུང་དེ་སླར། །ལྡང་བར་བརྩོན་ཀྱང་ལམ་མིན་རྒྱུན་ལྡན་ཏེ། །ཉམ་ངའི་ལྟུང་བར་འོག་ནས་འོག་ཏུ་འགྲོ། །ཞེས་པ་ནི། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་བསྟན་པ་ཇི་སྲིད་གནས་ཀྱི་བར་ལ་སྒྲོན་བསྐལ་དང་། བསྟན་པ་ནུབ་ཚེ་ཐུབ་པ་རྣམས་ཀྱིས་སྤངས་པའི་མུན་བསྐལ་གཅོང་རོང་མུན་ནག་འཐིབས་པ་ལྟ་བུ་དེར་སྐྱེས་ཚར་ནས་ལམ་མིན་རྒྱུན་ལྡན་དུ་ཞུགས་པ་སྐྱེས་བུ་རྐང་པ་ཆག་པ་ཞིག་མཚན་མོ་རྦབ་ཏུ་ཤོར་བ་ལྟར་འོག་ཏུ་ལྷུང་བ་ལས་ཡར་ཐར་པའི་ཐབས་ཟད་པ་ལྟ་བུའི་མི་ཁོམ་པའོ། །དེ་ནས་གཞུང་འདིའི་རྩ་བ་ན་མི་གསལ་ཡང་འགྲེལ་པ་ན་སྐབས་འདིར་མི་ལུས་ཐོབ་ཀྱང་མི་ཁོམ་པ་བཅུ་དྲུག་ཡོད་ཚུལ་གསུངས་པ་ནི་འདི་ལྟ་སྟེ། ཡིད་བཞིན་རིན་པོ་ཆེར། དུག་ལྔ་འཁྲུགས་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་བརྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་རྣམ་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག །ཅེས་པ་ནི། དུག་ལྔ་གཅིག་ལས་གཅིག་མཐོ་བ་ཆུ་བོ་དབའ་ཀློང་འཁྲུགས་པ་ལྟ་བུས་རྒྱུད་མི་དགེ་བ་ལ་སྦྱར་བ་དང་། རང་རྒྱུད་བླུན་ཞིང་རྨོངས་པས་སྡིག་གྲོགས་ཀྱི་དབང་དུ་སོང་བ་དང་། བདུད་ཀྱི་བཤེས་གཉེན་དང་འཕྲད་ནས་ལྟ་སྤྱོད་ཕྱིན་ཅི་ལོག་དང་། ཆོས་ལ་དང་བ་ཙམ་ཡོད་ཀྱང་བརྩོན་འགྲུས་མེད་པའི་ལེ་ལོ་ཅན་དང་། ལས་ངན་གྱི་མཚོ་རྡོལ་བ་ཞེས་དགྲ་གྱོད་མི་ཁ་ན་ཚ་སོགས་ཀྱི་འགལ་རྐྱེན་བྱུང་བ་ལམ་ཁྱེར་མ་ཤེས་ནས་བར་ཆོད་དུ་སོང་བ། ཆོས་སྒོར་འཇུག་བློ་ཡོད་ཀྱང་ལུས་ངག་གཞན་དབང་དུ་སོང་བ། ལྟོ་གོས་དང་དཔྱ་ཁྲལ་ཁོ་ནས་འཇིགས་སྐྱོབ་དོན་དུ་གཉེར་ནས་བསྟན་ལ་ཞུགས་བརྫུ་བྱས་ཀྱང་ཆོས་མིན་གྱི་བསམ་སྤྱོད་འབའ་ཞིག་ལ་བརྩོན་པ། སེམས་རྒྱུད་ཆོས་དང་འགལ་ཡང་གཞན་ངོར་ཆོས་ལྟར་བཅོས་ནས་རྙེད་བཀུར་དང་གྲགས་པ་སྒྲུབ་པ་རྣམས་སོ། །ཡང་སྔ་མ་ལས། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་མེད། །སྡོམ་དང་དམ་ཚིག་ཉམས་པ་ཞེས་བྱ་བ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཆོས་ལས་རིང་འགྱུར་ཐར་ལམ་སྒྲོན་མེ་ནུབ། །ཅེས་པ་ཡང་། རྫས་དང་ཡོ་བྱད་མཆོད་སྦྱིན་ལ་མི་གཏོང་བ་ཧ་ཅང་འཆིང་བ་དམ་པ་དང་། མི་གཞི་ངན་པས་བསམ་སྦྱོར་གང་ཡང་སྡིག་སྦྲུལ་ལྟ་བུ་དང་། འཁོར་བའི་སྐྱོན་མཚང་ཇི་ཙམ་མཐོང་ཞིང་ཐོས་ཀྱང་ངེས་འབྱུང་དང་སྐྱོ་ཤས་མི་སྐྱེ་བ་ཆོས་སྣང་བའི་སྒོ་དད་པ་གཏན་ནས་མེད་པ་སྒོ་གསུམ་ཤིན་ཏུ་རྩིངས་པས་ཉེས་སྤྱོད་ཁོ་ནས་དུས་འདའ་བ། མཆོག་གསུམ་རིན་པོ་ཆེའི་ཡོན་ཏན་མཐོང་ཐོས་སུ་གྱུར་ཀྱང་དད་གུས་མི་སྐྱེ་བ། བསྟན་ལ་ཞུགས་པར་རློམས་ཀྱང་སྡོམ་གསུམ་སོ་སོར་ཉེས་འགལ་བྱུང་བ་ལ་ཅི་མི་སྙམ་པ་སྟེ། འདི་དག་གི་སྐྱོན་སེལ་དང་མཐུན་སྒྲུབ་ལ་བརྩོན་པ་གལ་ཆེ་ཞེས་པའོ། །རྩ་བ། སྡིག་སྡུག་འཐོར་རླུང་འཁྲུགས་པའི་གནས་རིགས་སུ། །ངལ་ཞིང་སྐྲག་བཅས་བསོད་ནམས་རྙོག་པ་ཅན། །ཆོས་ལ་ཕྲག་པ་དོག་པའི་མི་ཁོམ་བརྒྱད། །བསམ་ནས་རང་གི་དལ་བ་དོན་ཡོད་མཛོད། །ཅེས་པ་ནི། སྡིག་པའི་ལས་ཀྱིས་འཕངས་པས་སྡུག་བསྔལ་འཐོར་རླུང་ལྟར་འཁྲུགས་པའི་གནས་རིགས་མི་ཁོམ་པ་བརྒྱད་དུ་སྐྱེས་ན་འཕྲལ་ཕུགས་གཉིས་ཀ་བདེ་བའི་ཐབས་ལ་རྨོངས་ཤིང་སྡུག་བསྔལ་ཁོ་ནའི་རྒྱུ་བསྒྲུབ་པ་ལ་ནན་ཏན་བགྱིས་པས་ངལ་ཞིང་སྐྲག་པ་དང་བཅས་པའི་བསོད་ནམས་རྙོག་པ་ཅན་ནི་བསོད་ནམས་མ་ཡིན་པའི་ལས་མི་དགེ་བ་བཅུ་ཡིན་ལ། དེ་དག་ནི་ཆོས་དང་རྒྱབ་འགལ་ལྟ་བུ་ཡིན་ཕྱིར་ཕྲག་པ་དོག་པའི་ཐ་སྙད་བཞག་པ་ཡིན་ལ་དེ་ལྟ་བུའི་མི་ཁོམ་པའི་སྐྱོན་དང་དལ་འབྱོར་གྱི་ཡོན་ཏན་ལ་བསམས་ནས་རང་གི་དལ་རྟེན་དོན་ཡོད་པར་མཛོད་ཅེས་གདམས་པའོ། །རྩ་བ། ཡུལ་དབུས་ས་གཞི་གཙང་མར་དབང་པོ་དང་། །ཡན་ལག་རབ་རྫོགས་དད་པའི་གནས་ལ་དད། །ལས་མཐའི་མེ་ཏོག་སྡིག་ཏོས་མ་བཅོམ་པའི། །མིར་གྱུར་དཔག་བསམ་ལྗོན་པ་ཤིན་ཏུ་དཀོན། །རྒྱལ་བ་ཨུ་དུམ་ཝཱ་ར་འཇིག་རྟེན་བྱོན། །ཆོས་ཀྱི་མེ་ཏོག་ཁ་ཕྱེ་བསྟན་པའི་ཚལ། །ནུབ་པ་མེད་པར་གནས་ལ་ཡང་དག་ཞུགས། །དམ་པའི་གྲིབ་བསིལ་ལ་བརྟེན་དེ་བས་ཉུང་། །ཞེས་པ་ནི། རང་འབྱོར་ལྔ་དང་གཞན་འབྱོར་ལྔ་སྟེ། དང་པོ་ནི། དམ་པའི་ཆོས་གང་དུ་དར་བའི་ཡུལ་དེ་ཉིད་ས་གཞི་གཙང་མ་ལྟ་བུར་དབང་པོ་ཚང་ཞིང་ཡན་ལག་ལ་སྐྱོན་མེད་པ་དང་དད་པ་ཡོད་པ་ལ་སོགས་པ་དང་། དམག་དཔོན་ཚོང་དཔོན་རྔོན་པ་ཉ་པ་སོགས་སྡིག་སྤྱོད་ཆོས་ལ་འཇུག་པའི་སྐལ་བ་དམན་པའི་རིགས་སུ་མ་སྐྱེས་པ་ལ་ལས་མཐའི་མེ་ཏོག་སྡིག་ཏོས་མ་བཅོམ་པའི་ཞེས་རྟེན་མིར་གྱུར་པ་ནི་དཔག་བསམ་ལྗོན་པ་ལྟ་བུ་ཤིན་ཏུ་རྙེད་པ་དཀོན་ཚུལ་དཔེར་སྦྱར་བ་དང་། དེ་ཡང་མི་ལུས་ཐོབ་པ་དང་། ཆོས་དར་བའི་ཡུལ་དུ་སྐྱེས་པ་དང་། དབང་པོ་ཚང་ཞིང་། ལས་མཐའ་མ་ལོག་པ། རྒྱལ་བསྟན་ལ་དད་པ་ལྔ་ནི་རང་འབྱོར་ལྔའོ། །གཉིས་པ་ནི། འཁོར་བའི་སྐྱོན་མཚང་གིས་འཇིགས་པ་ལས་རྒྱལ་བ་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ནི་ཨུ་དུམ་ཝཱ་རའི་མེ་ཏོག་ལྟར་དཀོན་ཡང་སྟོན་མཆོག་ཐུབ་པའི་དབང་པོ་འཇིག་རྟེན་དུ་བྱོན་པ་དང་ཆོས་ཀྱི་མེ་ཏོག་ཁ་ཕྱེ་ཞེས་པ་ནི་བསྟན་པའི་པད་ཚལ་རབ་ཏུ་རྒྱས་ཤིང་། དེ་ཉིད་ཀྱང་ནུབ་པ་མེད་པར་མདོ་སྔགས་གང་ལ་འཇུག་འདོད་པའི་གནས་དེ་ལ་ཡང་དག་པར་ཞུགས་པ་དང་། དེར་འཇུག་པའི་ཐབས་སྟོན་པའི་སྐྱེས་བུ་དམ་པའི་སྐྱབས་འོག་ལ་བརྟེན་པ་ནི་རིམ་བཞིན་དཀོན་པར་གསུངས་སོ། །དེ་ཡང་སངས་རྒྱས་བྱོན་པ་དང་། དེས་ཆོས་གསུངས་པ་དང་། གསུངས་པའི་ཆོས་མ་ནུབ་པ་དང་། རང་ཉིད་ལེགས་སུ་འདོད་པ་རྣམས་དེར་སྤྱོད་པ་དང་། དེ་བཞིན་སྙིང་ནས་ཆོས་སྒྲུབ་པ་རྣམས་ལ་ཡུལ་གོང་མས་བྱམས་བརྩེས་སྐྱོང་བ་དང་། འོག་མས་ཀྱང་དད་འདུན་གྱི་བརྩེ་སེམས་ཡོད་པ་སོགས་ནི་གཞན་འབྱོར་ལྔའོ། །དེ་ལྟ་བུའི་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་ལུས་རྟེན་དེ་ཉིད་ཤིན་ཏུ་རྙེད་པར་དཀའ་བའི་ཚུལ་ནི། རྩ་བ། གང་ཕྱིར་རང་ཉིད་འབྱོར་པའི་ལྗོན་པ་དང་། །གཞན་དབང་རྐྱེན་གྱིས་འབྱོར་པའི་ཨུ་དུམ་ཝཱར། །གཉིས་ཀའི་ཡོན་ཏན་འབྱོར་པ་རྣམ་པ་བཅུས། །དལ་བ་བརྒྱད་ལ་འཁྱུད་འདི་སླར་མི་རྙེད། །གང་ཕྱིར་ཞེས་དོན་ཅིའི་སླད་དུ་ན་རང་འབྱོར་ལྔ་ནི་དཔག་བསམ་གྱི་ལྗོན་པ་ལྟར་དཀོན་ཞིང་དེ་ལས་ཀྱང་གཞན་འབྱོར་ལྔ་པོ་ནི་ཨུ་དུམ་ཝཱ་རའི་མེ་ཏོག་བཞིན་རབ་ཏུ་དཀོན་ཞིང་། རང་གཞན་གཉིས་ཀའི་ཡོན་ཏན་འབྱོར་པ་རྣམ་པ་བཅུས་དལ་བ་བརྒྱད་ཀྱི་རྟེན་མི་ལུས་ལ་འཁྱུད་པ་འདི་འདྲ་བ་སླར་མི་རྙེད་དོ། །ཞེས་སོ། །རྩ་བ། ཅི་ཕྱིར་རུས་སྦལ་མགྲིན་དང་གཉའ་ཤིང་དཔེ། །གྲངས་ནི་མི་དང་དུད་འགྲོ་ཉིན་མཚན་གྱི། །སྐར་མས་ཕྱེ་བ་དེ་སྙེད་ཡི་དྭགས་དང་། །དམྱལ་བ་རྣམས་ལ་རིམ་པས་ཤེས་པར་འགྱུར། །ཞེས་པ་ནི། སྟོན་པ་ཤཱཀྱ་ཐུབ་པས་དགེ་སློང་དག་འཇིག་རྟེན་ཁམས་འདི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་པའི་གཏིང་རུམ་ན་རུས་སྦལ་ལོང་བ་ཞིག་ཡོད་པ་དེ་ཉིད་ལོ་བརྒྱ་རེ་ལོན་པའི་འཕྲོར་རྒྱ་མཚོའི་ཁར་ལན་རེ་རྒྱུ་བ་ན། རྒྱ་མཚོ་དེའི་ཁ་ན་གཉའ་ཤིང་བུག་པ་གཅིག་པ་ཞིག་ཕྱོགས་བཞིའི་རླུང་གིས་རྒྱུ་ཕྱོགས་སོ་སོར་བསྒྱུར་བ་ཞིག་ཡོད་པའི་གཉའ་ཤིང་དེའི་བུག་པར་རུས་སྦལ་གྱི་མགྲིན་པ་ཚུད་པ་ལས་ནི་མི་ལུས་ཐོབ་པ་དཀའ་ཞེས་མདོ་སྡེ་ལས་རྒྱས་པར་བསྟན་པའི་ཚིག་སྣ་བསྟུངས་ཏེ་བཤད་པ་ནི་དཔེའི་སྒོ་ནས་རྙེད་པར་དཀའ་ཚུལ་དང་། གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི་མིའི་འགྲོ་བ་ཉིན་མོའི་སྐར་མ་ཙམ་ལ་དུད་འགྲོ་མཚན་མོའི་སྐར་མ་ཙམ། དེ་བཞིན་དུ་ཡི་དྭགས་དང་དམྱལ་བར་བགྲེས་ཤེས་པར་བྱའོ། །རྩ་བ། དེ་ཕྱིར་དལ་བའི་གྲུ་ཆེན་འཛིན་པའི་དུས། །སྡུག་བསྔལ་ཆུ་གཏེར་ཕ་མཐའ་མ་བརྒལ་ན། །ཆོས་ལམ་མགྲོན་པོས་གཉེར་ཞིང་སྐབས་བཙལ་བའི། །མཉན་པ་འབྲས་མེད་བགྱིད་ལ་ཕྱོགས་པ་ཡིན། །ད་རེས་མི་ཁོམ་པ་བརྒྱད་དུ་མ་སྐྱེས་ཤིང་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་འདི་ནི་རྒྱ་མཚོ་སྒྲོལ་བའི་གྲུ་བོ་ཆེ་ལྟ་བུ་འདི་ཉིད་མ་ཞིག་པར་འཛིན་པའི་དུས་འདིར། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་ཐབས་ཞིག་མ་བྱས་ན་ཆོས་ལ་འཇུག་བློ་ཙམ་ཡོད་ཀྱང་ལམ་ཞུགས་ཀྱི་མགྲོན་པོས་རིན་པོ་ཆེ་དོན་དུ་གཉེར་ཕྱིར་གྲུར་ཞུགས་ནས་རྒྱ་མཚོ་བརྒལ་བའི་སྐབས་བཙལ་ཡང་ཐོག་ཏུ་མ་ཁེལ་བ་ལྟ་བུའི་ཚེ་འདིར་སྣང་གི་དབང་དུ་སོང་བ་རྣམས་ལ་སྐྱོན་མཚང་བསྟན་ཕྱིར་ལུས་ཀྱི་གྲུ་ལ་སེམས་ཀྱི་གཉན་པ་ཁྱོད་ཀྱིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་མ་བསྒྲལ་ན་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འབྲས་བུ་མེད་པ་ལ་ཕྱོགས་པར་བྱས་སོ། །ཞེས་འགྲེལ་ནས། ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་དང་པོའི་སྐབས་སོ།། །།གཉིས་པ་འཆི་བ་མི་རྟག་པ་འཆད་པ་ནི། རྩ་བ། སྲིད་པ་བརྟན་གཡོ་ཆགས་གནས་འཇིག་སྟོང་བཞིའི། །ངོ་བོས་བསྐལ་པའི་ཚད་དུ་བཏགས་པ་ཡང་། །འཇིག་པའི་རྟེན་གྱུར་མིང་གིས་སྨ་ཕབ་པའི། །ཆད་པ་གཅོད་ལ་མེ་བདུན་ཆུ་གཅིག་འོང་། །ཞེས་པ་ནི། སྣོད་ཀྱི་འཇིག་རྟེན་ལ་ཆགས་གནས་འཇིག་སྟོང་བཞི་ཡོད་པ་ལ། དང་པོ་ནི། ནམ་མཁའ་སྟོང་པའི་ཀློང་དུ་རླུང་རྡོ་རྗེ་རྒྱ་གྲམ་གཞོམ་གཞིག་བྲལ་བ་ཆགས་པའི་སྟེང་དུ་ཆུའི་དལ་དང་དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་སེར་པོ་མཚོ་ཁར་དར་ཆགས་པ་ལྟ་བུ། དེ་སྤྲིན་ཆར་གྱིས་བརླན་པའི་རྐྱེན་ལས་དབུས་སུ་རི་བོ་མཆོག་རབ་ཕྱོགས་བཞི་རིམ་བཞིན་ཤར་ནས་དངུལ་དང་། བཻཌཱུརྱ། པད་རཱག །གསེར་རྣམས་ལས་གྲུབ་པའི་ཕྱོགས་སོ་སོའི་ནམ་མཁའི་མདོག་ཀྱང་དེ་ལྟར་སྣང་བ། ལྷུན་པོ་དཔག་ཚད་བརྒྱད་ཁྲི་ཆུར་ནུབ་ཅིང་སྟེང་དུའང་དེ་སྙེད་ཀྱིས་འཕགས་སོ། །དེ་ལ་གསེར་རི་བདུན་གྱིས་མུ་ཁྱུད་ལྟར་བསྐོར་བ་ནི་ནང་ནས་རིམ་བཞིན་གཉའ་ཤིང་འཛིན་ལྷུན་པོའི་ཕྱེ་དང་མཉམ་པ། དེ་ལས་རིམ་བཞིན་ཕྱེད་ཕྱེད་ཀྱིས་དམའ་བས་གཤོལ་མདའ་འཛིན། སེང་ལྡེང་འཛིན། བལྟ་ན་སྡུག །རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་རྣམས་སོ། །དེ་དག་གི་བར་རྣམས་སུ་རོལ་པའི་མཚོ་བདུན་གྱིས་བསྐོར་ཞིང་འཁྱིལ་བའོ། །མུ་ཁྱུད་འཛིན་གྱི་ཕྱིའི་འཁོར་ཡུག་ལྕགས་ལས་གྲུབ་ཅིང་དེའི་ཕྱེད་དང་མཉམ་པའོ། །དེའི་ཕྱི་རོལ་གྱི་གླིང་བཞི་ནི། ཤར་ལུས་འཕགས་པོ་ཟླ་བ་ཕྱེད་པ་ལྟ་བུ། ལྷོ་འཛམ་བུའི་གླིང་སོག་ཀ་ལྟ་བུ་དེའི་དབུས་སུ་འདྲེན་པ་སྟོང་བཞུགས་པའི་གནས་རྡོ་རྗེའི་གདན། ནུབ་ན་བ་གླང་སྤྱོད་ཟླུམ་པོ། བྱང་སྒྲ་མི་སྙན་གྲུ་བཞི། གླིང་ཕྲན་བརྒྱད་ནི། ཤར་ནས་བརྩིས་ཏེ་གླིང་བཞིའི་གཡས་དང་གཡོན་དུ། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། དེ་ལྟར་གླིང་བཅུ་གཉིས་པོའི་མདུན་ངོས་ལྷུན་པོ་ལ་ཕྱོགས་པའོ། །གཡོ་བ་བཅུད་ཀྱི་སེམས་ཅན་རྣམས་ཀྱང་ཡས་རིམ་གྱིས་ཆགས་ཏེ། དང་པོ་དམྱལ་བ་མནར་མེད་དང་དེའི་སྟེང་ནས་ཚ་དམྱལ་བརྒྱད་ལུགས་ལྡོག་གི་ཚུལ་གྱིས་ཡང་སོས་ཀུན་གྱི་སྟེང་ནའོ། །དེའི་བྱང་དུ་དཔག་ཚད་ཉི་ཤུ་གཞལ་བ་ན་གྲང་དམྱལ་བརྒྱད་མས་རིམ་དུ་ཡོད་དོ། །ཉི་ཚེ་བ་ཡང་ངེས་མེད་ཀྱི་གནས་ན་ཡོད་ཅིང་ཉེ་འཁོར་བ་ཚ་དམྱལ་གྱི་ཕྱོགས་བཞིར་བཞི་བཞི་སྟེ་བཅུ་དྲུག་གོ། །ཡི་དྭགས་གཙོ་ཆེན་རྣམས་འཛམ་བུའི་གླིང་གི་རྒྱལ་པོའི་ཁབ་ཀྱི་འོག་དཔག་ཚད་ལྔ་བརྒྱ་ན་ཡོད་ཅིང་། ལྷག་མ་ཕལ་ཆེར་ལྷ་མིའི་གནས་ན་ཡང་ཡོད་ཅེས་གསུངས་སོ། །དུད་འགྲོ་བྱིངས་གནས་རྒྱ་མཚོ་དང་ཁ་འཐོར་བ་ནི་འདོད་པའི་ཁམས་ན་ཡོད་དོ། །མཐོ་རིས་དང་པོ་མི་རྣམས་ནི་རྔ་ཡབ་གླིང་མ་གཏོགས་པའི་གླིང་གཞན་ན་གནས་ཤིང་། རྔ་ཡབ་གླིང་པ་སྲིན་པོ་ཁོ་ན་ཡིན་པས་ཡི་དྭགས་སྲིན་པོའི་རིགས་ཅན་དུ་བསྡུའོ། །མཐོ་རིས་ཀྱི་ཕྱོགས་གཉིས་པ་ལྷ་ལ་འདོད་གཟུགས་གཉིས་ལས། འདོད་ལྷ་དྲུག་གི་དང་པོ་རྒྱལ་ཆེན་རིགས་བཞི་ནི་རི་རབ་ཀྱི་བང་རིམ་བཞི་པོ་དང་། ཉི་ཟླ་གཟའ་སྐར་གྱི་སྟེང་དང་། གསེར་རི་བདུན་དང་། འཁོར་ཡུག་གི་རི་རྩེ། རི་དང་ཤིང་དང་ནགས་ཀྱི་ལྷ་སོགས་རྒྱལ་ཆེན་བཞིའི་རིགས་སུ་གཏོགས་སོ། །དེ་ཡང་བང་རིམ་དང་པོ་འོག་མར་བྱས་ནས་རིམ་བཞིན་ལག་ན་གཞོང་ཐོགས་དང་། མེ་ཏོག་ཕྲེང་ཐོགས། སྦྲང་ཆང་གིས་རྟག་མྱོས་བཞིའོ། །རྒྱལ་ཆེན་བཞི་བཞུགས་པའི་ཡུལ་ཤར་ན་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས། ནུབ་ན་སྣ་ཚོགས་གཟུགས། བྱང་ན་ལྕང་ལོ་ཅན་བཞི་ཕོ་བྲང་ཡིན་ལ་དེ་ན་རྒྱལ་ཆེན་སྡེ་བཞི་བཞུགས་པ་ལ་ཕྱོགས་བཞིའི་ཤར་ནས་རིམ་བཞིན། དྲི་ཟ་གྲུལ་བུམ་ཀླུ་གནོད་སྦྱིན་རྣམས་ཀྱིས་བསྐོར་བ་ལྷའི་ལོངས་སྤྱོད་སོགས་དཔག་ཏུ་མེད་དོ། །རི་གཉའ་ཤིང་འཛིན་གྱི་རྩེ་མོའི་བླ་ན་ཉི་མའི་དལ་ཞེང་ལ་དཔག་ཚད་ང་གཅིག་དང་འཁོར་ཡུག་ལ་དེའི་སུམ་འགྱུར་འོག་གཞི་མེ་ཤེལ། ཟླ་བ་དཔག་ཚད་ལྔ་བཅུ་འཁོར་ཡུག་གོང་མཚུངས་འོག་གཞི་ཆུ་ཤེལ། གཉིས་ཀའི་སྲིད་དུ་དཔག་ཚད་ཕྱེད་དྲུག་དང་དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་སྟེང་དུ་གནས་སོ། །ཉི་ཟླ་གཉིས་ཀའི་སྟེང་གི་འཁོར་ཡུག་ལ་གསེར་དང་དངུལ་གྱི་ར་བས་བསྐོར་བའི་ནང་ན་ལྷའི་བུ་ཉི་མ་དང་། ཟླ་བའི་ནང་ན་ལྷ་མོ་མང་པོས་གང་ཞིང་། སྐར་མ་རྣམས་ཆུ་ཤེལ་དང་གསེར་ཟངས་མཁར་བ་ཅི་རིགས་ཡོད་ལ་སྟེང་གི་ཆ་གསེར་གྱི་ར་བས་བསྐོར་བ། ཆེ་ཚད་རྒྱང་གྲགས་བཅོ་བརྒྱད་ཆུང་བ་རྒྱང་གྲགས་གཅིག་ཙམ་མོ། །འདོད་ལྷའི་གནས་གཉིས་པ་ནི་རི་རབ་ཀྱི་སྟེང་ན་ཉེ་དབང་གི་གནས་མ་འདྲེས་པ་དང་ཆོས་བཟང་ལྷའི་འདུན་ས་ལ་སོགས་པ་སུམ་ཅུ་རྩ་གསུམ་ན་གཙོ་བོ་ཉེ་དབང་སོ་གཉིས། ལྷའི་དབང་པོ་དང་སོ་གསུམ་ཡོད་པ་ལ་སུམ་ཅུ་རྩ་གསུམ་པ་ཞེས་བྱའོ། །རི་དབང་གི་རྩེ་མོའི་མཚམས་བཞིའི་ཁང་བུ་ན་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་ལྷའི་རིགས་གནས་ལ། གྲོང་ཁྱེར་བལྟ་ན་སྡུག་ནས་དཔག་ཚད་ཉི་ཤུར་གཞལ་བའི་ས་ན་ཕྱོགས་བཞིའི་ཤར་ནས་རིམ་བཞིན། ཤིང་རྟ་སྣ་ཚོགས་པའི་ཚལ། རྩུབ་འགྱུར་ཚལ། འདྲེས་པའི་ཚལ། དགའ་བའི་ཚལ་དང་བཞིའོ། །ཚལ་དེ་ན་འདྲེན་པ་སྟོང་གི་གཟིམས་ཁྲི་དཔལ་ཡོན་ལྡན་པ་དང་། དེའི་ཕྱི་རོལ་ན་ས་གཞི་བཟང་པོ་བཞི་ཡོད་པ་ནི་སྣ་ཚོགས་ཞེས་བྱ་བ་དང་། འདྲེས་པ་ཞེས་བྱ་བ་དང་། རྩུབ་འགྱུར་ཞེས་བྱ་བ་དང་། དགའ་བ་ཞེས་བྱ་བ་དང་། གྲོང་ཁྱེར་མཆོག་དེའི་བྱང་ཤར་ན་ཤིང་ཡོངས་འདུ་ས་བརྟོལ་དང་དེའི་དྲུང་ན་ཨ་མོ་ནི་ཀ་ལྟར་དཀར་བའི་རྡོ་ལེབ་མ་ཆུ་ཞེང་དཔག་ཚད་ལྔ་བཅུ་པའི་སྟེང་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དབྱར་ཟླ་ར་བ་ལ་འདུས་ནས་འདོད་ཡོན་ལྔ་ལ་ལོངས་སྤྱོད་དོ། །གྲོང་ཁྱེར་བལྟ་ན་སྡུག་དེའི་ལྷོ་ནུབ་ན་ཆོས་བཟང་ལྷའི་འདུན་ས་ཡོད་དོ། །དེ་ལྟར་འདོད་ལྷའི་གནས་གཉིས་པོ་དེ་ནི་ས་གཞི་ལ་བརྟེན་པའོ། །བསོད་ནམས་ཆ་མཐུན་གྱི་རྒྱུ་ལས་མཁའ་ལ་གནས་པའི་འདོད་ལྷ་རིགས་བཞི་ནི། འཐབ་བྲལ་དང་། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་མས་རིམ་གྱིས་ཆགས་སོ། །ལྷ་མིན་ཀྱང་འདོད་ཁམས་པར་གཏོགས་ཤིང་ཚེ་སྔོན་དགེ་སྡིག་འདྲེས་མར་སྤྱད་པ་དང་ཁྱད་པར་ཡི་དྭགས་ཀྱི་ལས་ཀྱིས་འཕངས་ཀྱང་། རྫོགས་བྱེད་ལྷའི་དགེ་བས་རྫོགས་པས་དཔལ་འབྱོར་ལྷ་དང་འགྲན་ཙམ་ཡོད་དོ། །རི་རབ་རྒྱ་མཚོར་ནུབ་པའི་ཁོང་སེང་གི་ཆུ་མཚམས་ན་སྒྲ་གཅན་འཛིན། དེའི་འོག་ནས་མར་ལ་རིམ་བཞིན། མགུལ་ཕྲེང་དང་། སྐར་ཕྲེང་དང་། གསེར་གྱི་ས་གཞི་ལ་གནས་པ་རྣམས་འདོད་ལྷའི་འབྱོར་པ་དང་མཉམ་ཞིང་། གཞལ་ཡས་ཁང་དང་། གྲོང་ཁྱེར་དང་། འདུན་ས་དང་། ས་གཞི། ལྗོན་ཤིང་། རྡོ་ལེབ། གླང་པོ། རྟ་མཆོག་ལ་སོགས་པ་ལྷ་དང་འགྲན་པ་ལྟར་ཡོད་ཅིང་། གཞན་ལྷ་མ་ཡིན་རྣམས་ནི་འཛམ་གླིང་། གླིང་ཕྲན་དང་། མུ་ཁྱུད། རི་རབ་ལ་སོགས་ངེས་མེད་ན་ཡོད་པ་རྣམས་བདུད་རིགས་ཀྱི་མི་མ་ཡིན་རྣམས་སོ། །འདོད་པའི་གནས་རིས་བསྟན་ཟིན་ཏོ། །འདོད་ཁམས་ལས་དཔག་ཚད་བཞི་ཁྲི་གྱེན་དུ་འཕགས་པའི་ནམ་མཁར་མས་རིམ་གྱིས། ཚངས་རིས་དང་། ཚངས་པ་མདུན་ན་འདོན། ཚངས་ཆེན་གསུམ་ནི་བསམ་གཏན་དང་པོ་ཆུང་འབྲིང་ཆེ་གསུམ་ཐོབ་པ་ལས་བྱུང་ངོ་། །འོད་ཆུང་། ཚད་མེད་འོད། འོད་གསལ་གསུམ་ནི་བསམ་གཏན་གཉིས་པ་ཆུང་འབྲིང་ཆེ་གསུམ་གོང་བཞིན་ནོ། །དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་གསུམ་ནི་བསམ་གཏན་གསུམ་པ་སོགས་འགྲེས་སོ། །སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་གསུམ་ནི་བསམ་གཏན་བཞི་པ་གོང་ལྟར་རོ། །དེའི་སྟེང་ན་གཙང་རིས་ལྔ་ཡོད་དེ། མི་ཆེ་བ་དང་། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོག་མིན་རྣམས་སོ། །དེ་དག་ནི་བསམ་གཏན་བཞི་པ་སྤེལ་མར་བསྒོམས་པ་ལས་གྲུབ་པའོ། །འོག་མ་བཞི་པོ་ནི་སོ་སོ་སྐྱེ་བོའི་གནས་གཞན་བཞི་དང་། དེའི་སྟེང་མ་ལྔ་ནི་ཉན་རང་འཕགས་པའི་གནས་གཙང་རིས་ལྔ་ཡིན་ནོ། །དེ་ཡང་ཚངས་ཆེན་མན་ཆད་གླིང་བཞི་པའི་འཇིག་རྟེན་ཡན་ཆད་འཕྲེད་ལ་དེ་འདྲ་བ་སྟོང་ཕྲག་གཅིག་གིས་འཁོར་ཡུག་ཏུ་བསྐོར་བའི་མཐའ་ལྕགས་རི་གཅིག་གིས་བསྐོར་བའི་སྟེང་དུ་སྣོད་ཀྱི་ཁ་ཆོད་ལྟར་འོད་གསལ་ཆེན་པོའི་གནས་ཀྱིས་ཁེབས་པ་ལ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་ཁམས་ཟེར། ཡང་དེ་འདྲ་བ་སྟོང་ཐད་ཀར་བསྒྲིགས་པས་ཟླུམ་པོར་བསྐོར་བའི་མཐའ་ལྕགས་རིས་བསྐོར་བའི་ཁ་ཆོད་ལྟ་བུར་དགེ་རྒྱས་ཀྱི་གནས་གཅིག་གིས་ཁེབས་པ་མན་ལ་སྟོང་གཉིས་བར་མའི་འཇིག་རྟེན་ཟེར། ཡང་དེ་འདྲ་བ་སྟོང་ཕྲེད་ལ་བསྒྲིགས་པའི་མཐའ་གོང་ལྟར་དང་སྤྱིར་འཇིག་རྟེན་རེ་རེའི་འགོ་གཞི་གསེར་གྱི་ས་གཞི་དང་། དེ་འོག་ཆུའི་དཀྱིལ་འཁོར་རེ་རེ་ཡོད་ཅིང་། དེ་ཀུན་གྱི་འོག་གཞི་རླུང་གི་དཀྱིལ་འཁོར་ཆེན་པོ་གཅིག་གིས་བརྟེན་པ་ཡར་བཟུང་། འོག་མིན་མར་བཟུང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཟེར། གཟུགས་མེད་ཁམས་ཀྱང་དེར་འཐུས་དགོས་པར་གསུངས། དེར་མ་ཟད་སྟོང་གསུམ་ཆེན་པོའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཕྱི་རོལ་སོ་སོར་གཞལ་བའི་ནམ་མཁས་གར་ཁྱབ་ཐམས་ཅད་སྔ་མ་ལྟ་བུ་རྟེན་དང་བརྟེན་པས་བར་མེད་དུ་ཁྱབ་ཅིང་། དེ་ཐམས་ཅད་ཀྱི་ས་སྟེང་ཁོང་སེང་ས་བླ་ཀུན། མི་དང་ལྷ་དང་ལྷ་མིན་སོགས་ཀྱིས་གང་ཞིང་། འོག་ངན་སོང་གསུམ་གྱིས་གང་བ་ནི་ཤེས་དགོས་ཤིང་། སྟོང་གསུམ་ལ་སོགས་པའི་བགྲང་གཞི་ནི། མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་པས། འོག་གཞི་རླུང་གི་དཀྱིལ་འཁོར་ཡར་བཟུང་འབྲས་བུ་ཆེ་བ་མར་བཟུང་ཆགས་འཇིག་གནས་སྟོང་འོལ་སྤྱི་ཙམ་མཉམ་པའོ། །དེ་ཡང་བྱེ་བྲག་ཏུ་དབྱེ་ན་མེ་ཆུ་རླུང་གསུམ་གྱིས་འཇིག་ཚེ་བསམ་གཏན་བཞི་པ་སོ་སོའི་འཇིག་མིན་གྱི་རྒྱུ་རྐྱེན་ཡང་ཤེས་པར་བྱ་ཞིང་། དེ་ལྟ་བུའི་སྟོང་གསུམ་དེ་ལ་མི་མཇེད་འཇིག་རྟེན་ཟེར་ཞིང་། དེ་ཡང་ལྷ་ལས་མི་མཆེད་ཚུལ་ནི། མདོ་སྡེ་ལས་འོད་གསལ་གྱི་ལྷ་ལས་མཆེད་པ་དང་། རྒྱལ་ཆེན་སྡེ་བཞི་ལས་མཆེད་པར་ཡང་བཤད་རྒྱུད་དག་ལས་ལྷའི་བུ་ཉི་མ་དང་ཟླ་བ་གཉིས་བརྫུས་ཏེ་སྐྱེས་པ་ལས་འཛམ་གླིང་གི་མི་རྣམས་མཆེད་པས་ལས་ཀྱི་ས་པ་ཞེས་གྲགས། དེ་དུས་ཀྱི་མི་རྣམས་གཟུགས་ཁམས་ཀྱི་ལྷ་དང་མཚུངས་ཤིང་ཉོན་མོངས་པ་མངོན་རྒྱུ་བ་མེད་ཅིང་ཡོན་ཏན་ཕལ་ཆེར་ལྷ་དང་མཚུངས་ཀྱང་ཇི་ཞིག་ན་བསྐལ་པ་བཟང་པོ་ཉམས་པའི་མགོ་ཟུག་བསོད་ནམས་དང་འོད་ཀྱང་བྲི། ཉོན་མོངས་པ་བག་ལ་ཉལ་ལངས་སུ་ཉེ། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲི་ཡན་གྱི་ལུས་ཚད་ལ་རང་ཁྲུ་སུམ་ཅུ་སོ་གཉིས། དེ་ནས་རིམ་བཞིན་ཉི་ཤུ་པ་དང་། བཅུ་དྲུག་དང་བརྒྱད་དང་བཞི་པ་དང་། རིམ་བཞིན་བྲི་ནས་ཚེ་ལོ་བཅུ་པ་ལ་གཏུགས་པའོ། །གཞན་གླིང་གསུམ་པོ་ཡང་ལྷ་ལས་མཆེད་ཅིང་གླིང་བཞི་སོ་སོའི་ནམ་མཁའ་ཡང་རི་རབ་ཕྱོགས་བཞིའི་ཁ་དོག་དང་མཐུན་ནོ། །མདོར་ན་ཚེ་ལོ་དཔག་མེད་ནས་རིམ་གྱིས་བྲི་སྟེ་ལོ་བྱེ་བ་ཐུབ་དུས་མི་རྣམས་སྒོ་ང་ལས་སྐྱེ། དེ་ནས་ཡང་རིམ་གྱིས་བྲི་སྟེ་ལོ་ས་ཡ་དྲུག་འབུམ་ཐུབ་དུས་དྲོད་གཤེར་དུ་སྐྱེ། དེ་ནས་སྔོན་བཞིན་ཚེ་ལོ་བྲི་བའི་སྐྱོན་གྱིས་ལོ་དགུ་ཁྲི་ཐུབ་ཚེ་བལྟས་པས་ཚིམ་པའི་འདོད་ཆགས་བྱུང་། དེ་ལས་ལོ་ལྔ་བརྒྱ་བྲིས་ཚེ་བགད་པས་ཚིམ་པའི་འདོད་ཆགས། དེ་ལས་ཀྱང་ལྔ་བརྒྱ་བྲིས་ཚེ་རེག་པས་ཚིམ་པའི་འདོད་ཆགས་བྱུང་། དེ་དག་ནི་ཉོན་མོངས་པ་རིམ་གྱིས་ཇེ་རགས་སུ་སོང་བས་ཡོན་ཏན་ཇེ་ཉུང་དང་སྐྱོན་ཇེ་མང་དུ་སོང་བ་ཡིན་ཞིང་། སྐབས་དེ་དག་འགར་མུ་གེ་དང་མུན་པའི་གནས་སྐབས་ཀྱང་བྱུང་བར་བཤད་ཅིང་དེའི་ཚེ་འགྲོ་བ་སྤྱི་མཐུན་གྱི་བསོད་ནམས་ལས་ཉི་ཟླ་གཉིས་བྱུང་བ་བཞིན་གཟའ་སྐར་བཅས་བྱུང་། དེའི་འོག་ཏུ་བསོད་ནམས་དང་། འོད་དང་། ཚེ་དང་། ལོངས་སྤྱོད་དང་། ལུས་བོངས་རྣམས་རིམ་གྱིས་ཕྲིས་བཞིན་གཉིས་འཁྱུད་ཀྱི་འདོད་ཆགས་ལས་མངལ་སྐྱེས་བྱུང་། དེ་དུས་འབྲས་སཱ་ལུའི་ཞིང་བཏབ་པའི་འཚོ་བར་བརྟེན་ཡང་རྐུ་འཕྲོག་སོགས་དར་བར་རྩོད་པ་བསལ་ཕྱིར་བགོ་བཤའ་བྱས་པ་ལས་བགོ་མཁན་ཉིད་ཀྱི་སྐལ་བ་ཆད་པས་ཀུན་ཡིད་ཆེས་བཞིན་དེ་ཉིད་རྒྱལ་པོར་བསྐོས་པ་ལ་མང་པོས་བཀུར་བའི་རྒྱལ་པོ་ཟེར། གཞན་དམངས་ཀྱི་ནང་ནས་ཁྱིམ་སྤངས་ཏེ་གཙང་སྦྲ་ལྟ་བུར་ལེན་པ་དག་ལ་བྲམ་ཟེ་དང་། ཁྱིམ་བཟུང་སྟེ་ཕ་མ་སོགས་རྒན་རབས་བཀུར་བ་ལ་རྗེའུ་རིགས། ཕ་མ་དང་རྒན་རབས་སོགས་བཀུར་འོས་སུ་མི་འཛིན་ཅིང་ལུས་ཀྱི་མི་དགེ་བ་གསུམ་ལ་རྒྱུན་དུ་བརྩོན་ཅིང་རླངས་པོར་སྤྱོད་པ་དག་ནི་དམངས་སམ་གདོལ་པའི་རིགས་སོ། །དེ་དག་ནི་མཐོ་རིས་ཀྱི་ཆགས་ཚུལ་མདོ་ཙམ་མོ། །ངན་སོང་ཇི་ལྟར་ཆགས་ཚུལ་ནི། ལྷ་མིའི་དུག་གསུམ་གྱི་ལས་བསགས་པ་ཆེ་ཆུང་གིས་གཤིན་རྗེ་གཙོ་འཁོར་དུ་སྐྱེས་ནས་མཚོན་ཆའི་རིགས་རྣམས་སོ་སོའི་ལས་སྣང་གིས་སྤྲུལ་པས་སྣང་བ་ཡིན་ལ། དེས་མནར་སྤྱོད་མྱོང་བའི་སེམས་ཅན་དམྱལ་བ་མནར་མེད་པ་ལ་སོགས་ཚ་དམྱལ་བརྒྱད་དང་། དེའི་བྱང་གི་ཉེ་ལོགས་སུ་གྲང་དམྱལ་བརྒྱད་གནས་ཤིང་། དེ་དག་གི་ཕྱི་རོལ་དུ་འཁོར་ལྷག་པ་བཅུ་དྲུག་བཅས་ལས་ཀྱི་མཐུས་གྲུབ་པ་ཡིན། འདོད་ཆགས་ཀྱི་ལས་བསགས་པས་ཡི་དྭགས་སྲིད་པ་ལ་ཕྱི་དང་ནང་དང་སྤྱི་མཐུན་དང་སྒོས་ཁུར་གྱི་སྒྲིབ་པ་ཅན་ལ་སོགས་པ་གྲུབ་པ་ཡིན་ལ། གཏི་མུག་གི་ལས་ཀྱིས་དུད་འགྲོ་སྲིད་པ་ལ་གཅིག་ལ་གཅིག་ཟ་བ་དང་། བཀོལ་སྤྱོད་སོགས་འཚེ་བས་ཉམ་ཐག་པ་ཅན་དུ་གྲུབ་བོ། །དེ་ལྟར་སྣོད་བཅུད་ཆགས་པའི་གྲངས་ཚད་གང་གིས་བཟུང་ན་དམྱལ་བ་མནར་མེད་དུ་སེམས་ཅན་གཅིག་སྐྱེས་ནས་སྡུག་བསྔལ་མྱོང་བ་དེ་མ་ཐར་གྱི་ཡུན་ལ་སྣོད་ཆགས་པའི་བར་བསྐལ་གཅིག་སྟེ། བཅུད་ཆགས་པ་ལ་དེ་འདྲ་བ་བཅུ་དགུ། གཉིས་ཀ་ལ་བར་བསྐལ་ཉི་ཤུའོ། །གནས་པའི་བར་བསྐལ་ཉི་ཤུ་ནི། ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་དུ་ལོ་ཉིས་བརྒྱ་ན་རེ་རེ་བྲིའོ། །བརྒྱད་ཁྲི་ནས་བཅུ་པའི་བར་དུ་བརྒྱ་ཚོ་རེར་ལོ་རེ་བྲིའོ། །འཕེལ་འགྲིབ་བཅོ་བརྒྱད་ནི། ཚེ་ལོ་བཅུ་པའི་འོག་ཏུ་སྲོག་གཅོད་སྤངས་པས་ཚེ་ལོ་ཉི་ཤུར་འཕེལ། མ་བྱིན་བླངས་སྤངས་པས་བཞི་བཅུ། ལོག་གཡེམ་སྤངས་པས་བརྒྱ། ཕྲ་མ་སྤངས་པས་ཉིས་བརྒྱ། ངག་འཁྱལ་སྤངས་པས་ལྔ་བརྒྱ། ཚིག་རྩུབ་སྤངས་པས་སྟོང་། བརྣབ་སེམས་སྤངས་པས་ཉིས་སྟོང་། གནོད་སེམས་སྤངས་པས་ཁྲི། ལོག་པར་ལྟ་བ་སྤངས་པས་ཉི་ཁྲི། མ་རིག་པའི་འདོད་ཆགས་སྤངས་པས་བཞི་ཁྲི། ལོག་པའི་ཆོས་སྤྱོད་པ་སྤངས་པས་བརྒྱད་ཁྲི་བར་འཕེལ་ལོ། །དེ་ལྟར་ཡར་འཕེལ་གྱི་གནས་སྐབས་སུ་ཚེ་དང་གཟུགས་དང་ལོངས་སྤྱོད་སོགས་ཀྱང་འཕེལ་ཞིང་རྒྱས་པའོ། །དེ་ནས་ཡང་མི་དགེའི་སྡེ་ཚན་རེར་འགྲིབས་ཤིང་ཚེ་ལོ་བཅུ་པ་ལ་གཏུགས་ནས་ཡང་ཡར་འཕེལ་ཚེ་སྔ་མ་བཞིན་ནོ། །དེ་དག་ལ་བར་ཁུག་བཅོ་བརྒྱད་ཅེས་སོ། །ཡང་ཕྱིས་འཕེལ་བ་གཅིག་ནི། བར་ཁུག་བཅོ་བརྒྱད་རྫོགས་པའི་རྗེས་སུ་ཡར་འཕེལ་དུ་སོང་ནས་ཚེ་ལོ་དཔག་མེད་ཐུབ་པ་མར་འགྲིབ་ལ་ཕྱོགས་ཚེ་སངས་རྒྱས་མོས་པ་བྱོན་པ་ཡན་དུ་བསྐལ་བཟང་སངས་རྒྱས་དགུ་བརྒྱ་དང་དགུ་བཅུ་གོ་དགུའི་བསྟན་པ་རྫོགས་པ་ཡིན་ཞིང་མོས་པའི་བསྟན་པ་དེའི་ཡུན་དང་མཉམ་པར་བཤད་པ་ཡང་ཐོས་སོ། །དང་པོ་ཡ་ཐོག་འགྲིབ་ཚེ་འཁོར་བ་འཇིག་བརྒྱད་ཁྲི་དང་། གསེར་ཐུབ་བཞི་ཁྲི། འོད་སྲུང་ཉི་ཁྲི། ཤཱཀྱ་ཐུབ་པ་བརྒྱ་པའི་དུས་སུ་བྱོན་ཞིང་། ཚེ་ལོ་བཅུ་པ་ནས་ཡར་འཕེལ་ཏེ་བརྒྱད་ཁྲིའི་དུས་བྱམས་པ་བྱོན་བཞིན་སངས་རྒྱས་རྣམས་ཕལ་ཆེར་ཚེ་ལོ་བརྒྱད་ཁྲི་པ་མན་ཆད་ལ་འབྱུང་ཞིང་། ཡང་རྣམ་གཟིགས་དང་། མར་མེ་མཛད། གཙུག་ཏོར་ཅན་གསུམ་ནི་གོང་དུ་བྱོན་ཞིང་ཕྱིས་ཀྱང་འབྱོན་པས་མ་ངེས་པར་གསུངས་སོ། །དེའི་ཕྱིར་ན་བརྒྱད་ཁྲི་ནས་བརྒྱ་པའི་བར་ཁོ་ན་ལས་མི་འབྱུང་བར་མི་བལྟ་སྟེ། མགོན་པོ་ཚེ་མཐའ་ཡས་དང་། རྣམ་གཟིགས་ནི་ཚེ་ལོ་དཔག་མེད་ཀྱི་དུས་ན་བྱོན་པའོ། །རང་རྒྱལ་རྣམས་ནི་སངས་རྒྱས་མ་བྱོན་པའི་སྐབས་དང་ཉན་ཐོས་ཟད་ནས་རྒྱལ་བསྟན་ནུབ་པའི་དུས་སུ་འབྱུང་བ་ཡིན་ནོ། །མི་རྣམས་ཚེ་ལོ་དཔག་མེད་ཐུབ་པ་ནས་བརྒྱད་ཁྲིའི་བར་དུ་སྔོན་གྱི་འཁོར་ལོས་བསྒྱུར་བ་སྤྱི་བོ་སྐྱེས་སོགས་རབ་བདུན་དང་། གཞན་ཡང་གླིང་གཅིག་པ་ནས་བཞིའི་བར་རིམ་བཞིན། ལྕགས་ཟངས་དངུལ་དང་གསེར་གྱི་འཁོར་ལོས་བསྒྱུར་རྒྱལ་བྱོན་ནས་རང་རང་གི་ནུས་པའི་རྗེས་སུ་འགྲོ་བའི་ལས་བྱེད་པའོ། །རྒྱལ་པོ་བཞི་པོས་སྔོན་གྱི་བསོད་ནམས་བསགས་ཚུལ་དང་མཐུན་པའི་མཆོག་དང་ཉེ་བའི་རིན་ཆེན་སྣ་བདུན་བཅས་འབྱོར་པ་ལོངས་སྤྱོད་དཔག་ཏུ་མེད་དོ། །དེ་ནས་ཚེ་ལོ་མར་འགྲིབ་པའི་རྒྱུ་ནི་མི་རྣམས་མི་དགེ་དུ་མར་སྤྱོད་པས་བསོད་ནམས་ཉམས་ཏེ། བརྒྱད་ཁྲི་ནས། བདུན་ཁྲི། དྲུག་ཁྲི། ཉི་ཁྲི། སྟོང་དང་བརྒྱ། བཅུ་པ་རྣམས་ཀྱི་བར་ཚེ་དང་ལོངས་སྤྱོད་ཁ་དོག །འོད་དང་། སྟོབས་རྣམས་འགྲིབ་པ་ཡིན་ནོ། །དེ་དུས་དགེ་སྡིག་གོ་ལོག་པ་སྤྱོད་པའི་སྐྱོན་ཆེར་འཕེལ་ཏེ་མཚོན་གྱིས་ཞག་བདུན། ནད་ཀྱི་བསྐལ་པ་ཟླ་བ་བདུན་དང་ཞག་བདུན། དེ་བཞིན་དུ་མུ་གེས་ལོ་བདུན། ཟླ་བ་བདུན་ཞག་བདུན་སོགས་སུ་མནར་ནས་མི་རྣམས་ཕལ་ཆེར་ཟད་པར་བྱེད་དོ། །བྱང་ཆུབ་སེམས་དཔའི་ས་ལས་ནི་མར་འགྲིབ་སུམ་ཅུ་པ་ལ་མུ་གེ། ཉི་ཤུ་ལ་ནད། བཅུ་པ་ལ་མཚོན་འབྱུང་བར་གསུངས་པ་སོགས་རང་གཞུང་གི་བཞེད་ཚུལ་ལྟར་རོ། །དེ་ལྟར་མིའི་འགྲོ་བ་སྟོངས་མཐར་དགེ་བ་ལ་བརྩོན་པ་འགའ་ཞིག་རིའི་ལྗོངས་དང་བྲག་དབར་སོགས་སུ་ཞུགས་པ་ཞག་བདུན་དུ་ཆུས་འཚོ་ཞིང་འདུག་པ་གྲོང་དུ་འོངས་པ་ཕན་ཚུན་འཕྲད་ཚེ་སྔོན་གྱི་ཉེས་བྱས་གླེང་ནས་རང་རང་གི་རྒྱུད་ཀྱི་མི་དགེ་བ་སྡོམ་པ་ལ་འབད་དོ། །དེའི་ཚེ་དེ་དག་གི་ནང་ནས་བྱམས་པའི་སྤྲུལ་པ་འཕགས་ཆོས་ལྡན་པ་ཞིག་བྱུང་བར་རྒྱུ་མཚན་དྲིས་པའི་ལན་དུ་སྲོག་གཅོད་སྤངས་པའི་ཡོན་ཏན་ཡིན་ཚུལ་བཤད་པ་ལྟར་ཀུན་གྱིས་དེ་ལྟར་བྱས་པས་དེ་དག་གི་རིགས་བརྒྱུད་རྣམས་རིམ་གྱིས་ཉི་ཤུ་པ་དང་། ཡང་སྤྲུལ་པ་དེ་ཉིད་ལ་བརྟེན་ནས་ལུས་ཀྱི་མི་དགེ་བ་གསུམ་དང་། ངག་གི་མི་དགེ་བ་བཞི། ཡིད་ཀྱིས་གསུམ། མི་རིགས་པའི་འདོད་པ་དང་ཆོས་མིན་གྱི་ཆགས་པ་ལོག་པའི་ཆོས་གསུམ་གཅིག་ཏུ་བསྡོམས་པས་ཕྱིན་ཅི་ལོག་ལྷག་མ་དགུ་སྤངས་ཤིང་། མི་ཆོས་གཙང་མའི་ལུགས་ལ་སྤྱད་པའི་ཡོན་ཏན་གྱིས་ཚེ་ལོ་ཡར་འཕེལ་ནས་བརྒྱད་ཁྲི་བར་འཕེལ་བཞིན། བསོད་ནམས་དང་ལོངས་སྤྱོད་སོགས་ཀྱང་འཕེལ་བ་ཡིན་ལ། དེ་ལྟ་བུའི་འཕེལ་འགྲིབ་བཅོ་བརྒྱད་ནི་བར་གྱི་ཁུག་པ་ཡིན་ལ། ཡ་ཐོག་འགྲིབ་ཡུན་དང་། བར་ཁུག་རྫོགས་མཐའི་མ་ཐོག་འཕེལ་འགྲིབ་ཡུན་ཤིན་ཏུ་རིང་བས་ཡ་ཐོག་རིང་མོ་དང་མ་ཐོག་རིང་མོ་ཞེས་ཀྱང་ཐོས་སོ། །འདི་ལ་མ་ཐོག་ཐུང་ངུ་ཞེས་འཆད་ན་སྐྱོན་མང་དུ་འདུའོ། །དེ་ལྟར་བསྐལ་པ་གནས་པའི་རིང་ལ་འཇིག་རྟེན་དུ་བསོད་ནམས་དང་བསོད་ནམས་མ་ཡིན་པ་སོགས་དགེ་མི་དགེ་སྣ་ཚོགས་དང་། སྐྱེ་བ་རྣམ་བཞི། འགྲོ་བ་རིགས་དྲུག །ལོ་ཟླ་ཞག་དུས་སོགས་གཟུང་འཛིན་གྱིས་བསྐྱེད་པའི་འཁྲུལ་སྣང་དཔག་ཏུ་མེད་དོ། །དེ་ལས་མངལ་འཇུག་བཞི་ནི། འཇུག་གནས་བྱུང་གསུམ་ཀ་མི་ཤེས་པ་འགྲོ་བ་ཕལ་པ་རྣམས་དང་། གསུམ་ཀ་ཤེས་པ་བྱང་ཆུབ་སེམས་དཔའ་རྣམས་དང་། འཇུག་གནས་གཉིས་ཤེས་ལ་དབྱུང་བ་མི་ཤེས་པ་ཉན་རང་གཉིས། ཤེས་བཞིན་དུ་འཇུག་ཅིང་གནས་དབྱུང་གཉིས་མི་ཤེས་པ་འཁོར་ལོས་བསྒྱུར་བ་རྣམས་སོ། །འདོད་པ་གཞན་དུ་ཉན་ཐ ོས་དང་འཁོར་ལོས་བསྒྱུར་བ་མཐུན་པ་དང་། དེ་ཡང་བྱང་སེམས་འཁོར་ལོས་བསྒྱུར་བ་རྣམས་མི་ཤེས་བཞིན་དུ་འཇུག་པ་དང་། གནས་དབྱུང་གཉིས་ཤེས་པའོ། །གཞན་ཡང་གླིང་བཞིའི་མི་དང་ལྷ་གནས་གསུམ་སོགས་ཀྱི་རྣམ་ཐར་ཡི་གེའི་འཇིགས་ནས་མ་སྤྲོས་ཀྱང་རྒྱས་འགྲེལ་ལ་བལྟ་བར་བྱའོ། །དེ་ཡང་གཉའ་ཤིང་འཛིན་ཡན་ཆད་ཉི་ཟླ་མེད་པ་དང་། འཁོར་བའི་ཆོས་ཐམས་ཅད་གཟུགས་ཀྱི་མཐའ་རྡུལ་ཕྲ་རབ་དུས་མཐའ་སྐད་ཅིག་མ། མིང་མཐའ་ཡི་གེའོ། །དེ་ལ་རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག །དེ་ནས་རིམ་བཞིན་དེ་ལྟར་འགྱུར་བར་ལྕགས་ཆུ་རི་བོང་ལུག་གླང་ཉི་ཟེར་གྱི་རྡུལ་བར་འགྱུར་བརྩིའོ། །ཉི་ཟེར་གྱི་རྡུལ་བདུན་ལ་སྲོ་མ། ཡང་དེའི་འགྱུར་བརྩིས་པས་ཤིག་དང་ནས་འབྲུ་སོར་མོ་དབུས་མའི་ཚིགས་རྣམས་རིམ་པས་འགྱུར་བརྩིའོ། །སོར་མོ་ཉི་ཤུ་རྩ་བཞི་ཁྲུ་གང་། ཁྲུ་བཞི་གཞུ་འདོམ། དེ་ལྔ་བརྒྱ་རྒྱང་གྲགས། གྲོང་པ་ནས་རྒྱང་གྲགས་ལྔ་འདས་པར་དགོན་པ། གྲོང་པ་ཟད་པའི་མཐའི་བརྒྱང་གྲགས་ཕྱེད་འདས་པར་བས་མཐའོ། །དེ་ཡང་རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་གོ། །གཞན་ཡང་ས་གཞུང་འགའ་ཞིག་ན་བཤད་པས། རྒྱ་ནག་ལུགས་ཀྱི་ལེ་བར་ཞེས་པ་ནི། གཞུ་འདོམ་བརྒྱ་ཕྲག་གསུམ་དང་དྲུག་ཅུ་ལ་ལེ་བར་གཅིག་ཅེས་རྒྱ་ནག་ཏུ་གྲགས་པ་ཡིན་ཞེས་ཐོས་སོ། །དུས་མཐའི་སྐད་ཅིག་མ་ནི། སྐྱེས་བུ་སྟོབས་ཅན་གྱིས་སེ་གོལ་གཅིག་གཏོགས་པའི་ཡུན་ལ་སྐད་ཅིག་མ་དྲུག་ཅུ་རྩ་བཞི་འདའ། དེའི་ཆ་བརྒྱ་དང་ཉི་ཤུ་ལ་དེའི་སྐད་ཅིག །དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་ཅིག །དེ་དགུ་བརྒྱ་ལ་ཞག་ཅིག །ཐང་ཅིག་སུམ་ཅུ་ལ་ཡུད་ཙམ། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་གོ། །དེས་ཟླ་བ་དང་ལོ་སོགས་རིམ་པར་གཞལ་ལོ། །དབྱར་ཉི་མ་བྱང་བགྲོད་ཀྱི་ཚེ་འཕུལ་བྱེད་རླུང་སྟོབས་ཆུང་ལ་རྟེན་བྱེད་སྟོབས་ཆེ་བས་ཉི་མ་རིང་ཞིང་དྲོད་ཆེ་བ་དང་། དགུན་ཉི་མ་ལྷོ་བགྲོད་ཀྱི་ཚེ་འཕུལ་བྱེད་སྟོབས་ཆེ་ལ་རྟེན་བྱེད་སྟོབས་ཆུང་བས་ཉི་མ་ཐུང་ཞིང་། ཉི་ཟེར་ལ་རླུང་གིས་རེག་པ་དང་རྒྱང་རིང་བས་བྱེད་པ་བསྡོམས་པས་གྲང་བའོ། །དེ་དག་གི་ལོ་རྒྱུས་དང་། གཞན་ཡང་ལོ་ཟླ་ཞག་དུས་སོགས་ཀྱི་རྣམ་བཞག་རྒྱས་པ་འགྲེལ་ཆེན་ལ་བལྟའོ། །དེ་ཡང་ཡི་གེ་འདུས་པ་ལ་མིང་། མིང་འདུས་པ་ལ་ཚིག་ཚིག་འདུས་པ་ལ་བཀའ་བསྟན་གྱི་ཆོས་གྲུབ་པའོ། །དེ་ལྟ་བུའི་ཀུན་རྫོབ་ཀྱི་ཆོས་རྣམས་དོན་ལ་རང་བཞིན་མེད་པ་ནམ་མཁའ་ལྟར་གནས་པའོ། །འཇིག་པའི་བར་བསྐལ་ཉི་ཤུ་ནི། བཅུད་འཇིག་པ་ལ་བར་བསྐལ་བཅུ་དགུ། སྣོད་འཇིག་པ་ལ་གཅིག་སྟེ་ཉི་ཤུའོ། །དེ་ཡང་བཅུད་ཀྱི་འགྲོ་བའི་དང་པོ་དམྱལ་བའི་འཇིག་རྟེན་དང་ཡི་དྭགས་དུད་འགྲོ་བྱིངས་གནས་བཅས་རིམ་པར་འཇིག་ཅིང་། དུད་འགྲོ་ཁ་འཐོར་ནི་མཐོ་རིས་འཇིག་པ་དང་ལྷན་ཅིག་གོ། །མཐོ་རིས་གསུམ་འཇིག་ཚུལ་ནི། ཚེ་ལོ་བཅུ་པའི་མཐར་མི་གཅིག་གི་བསམ་གཏན་གཉིས་པ་ཐོབ་པའི་དགའ་བདེ་ལ་ཆེད་དུ་བརྗོད་པའི་སྒྲས་འཛམ་གླིང་ཐམས་ཅད་ཁྱབ་སྟེ་གཞན་དག་དེའི་རྗེས་སུ་བསླབས་པས་འོད་གསལ་གྱི་ལྷར་སྐྱེས་ནས་འཛམ་གླིང་སྟོངས་པར་འགྱུར་རོ། །དེ་ལྟར་གླིང་བཞི་གླིང་ཕྲན་དང་བཅས་པའི་འགྲོ་བ་རྣམས་སྟོངས་མཐར་འདོད་ལྷ་དྲུག་ཀྱང་བསམ་གཏན་གཉིས་པ་ཐོབ་ནས་འོད་གསལ་གྱི་ལྷར་སྐྱེའོ། །གཟུགས་ཁམས་ཀྱི་འགྲོ་བ་རྣམས་ཀྱང་དེ་བཞིན་དུ་གྱུར་ནས་འཇིག་རྟེན་ན་སེམས་ཅན་གཅིག་ཀྱང་མེད་པར་འགྱུར་རོ། །ཕྱི་སྣོད་ནི་མེ་ཆུ་རླུང་གསུམ་གྱིས་རིམ་པར་འཇིག་པ་ལ། དང་པོ་མེས་འཇིག་ཚེ་འཇིག་རྟེན་འདིར་ཉི་མ་བདུན་ཤར་བའམ་ཡང་ན་ཉི་མ་གཅིག་པོ་འདི་ལ་ཉི་མ་བདུན་གྱི་ཚ་དྲོད་འབར་ནས་ཆུ་དང་སའི་དངོས་པོ་མ་ལུས་པ་ཚིག་ནས་སྟོངས་པར་འགྱུར་རོ། །ཆུས་འཇིག་ཚེ་བསམ་གཏན་གཉིས་པ་མན་ཆད་ལན་ཚྭ་ཆུར་ཞུ་བ་ལྟར་འགྱུར་རོ། །རླུང་གིས་འཇིག་ཚེ་འོག་གཞིའི་རླུང་རྡོ་རྗེ་རྒྱ་གྲམ་གཡོས་ཏེ་བསམ་གཏན་གསུམ་པ་མན་ཆད་གཞིག་སྟེ་སྟོངས་པར་འགྱུར་རོ། །དེ་ཡང་བསམ་གཏན་དང་པོ་ན་སེམས་དང་སེམས་བྱུང་གི་རྟོག་དཔྱོད་མེ་ལྟ་བུ་ཡོད་པས་མེས་ལན་བདུན་འཇིག་ཚེ་བསམ་གཏན་གཉིས་པ་ཡན་མི་འཇིག་ལ། གཉིས་པ་ན་དགའ་བདེའི་ཉམས་ཆུ་རྒྱུན་ལྟ་བུ་ཡོད་སྐྱོན་གྱིས་ཆུས་འཇིག་ལ། གསུམ་པ་ན་དབུགས་འབྱུང་རྔུབ་གཡོ་འགུལ་རླུང་ལྟ་བུ་ཡོད་པས་རླུང་གིས་འཇིགས་པའོ། །བསམ་གཏན་བཞི་པ་ལ་འབྱུང་བའི་གནོད་པ་མེད་ཀྱང་རང་རང་གི་ལས་ཀྱི་འཆི་འཕོ་བ་ཡོད་པའོ། །བསམ་གཏན་དེ་དག་འཇིག་ཚེ་དེ་ན་ཡོད་པའི་ལྷ་རྣམས་གོང་མའི་སེམས་རང་བྱུང་དུ་ཐོབ་ནས་དགེ་རྒྱས་ལ་སོགས་པར་སྐྱེའོ། །དེ་ལྟར་སྟོངས་པའི་ཡུན་སྲིད་ཀྱང་གོང་ལྟར་རོ། །སླར་ཡང་དེའི་འོག་ཏུ་མུན་པའི་བསྐལ་པ་དྲུག་ཅུར་ཆགས་གནས་འཇིག་སྟོངས་ཀྱང་དེའི་གྲངས་འབྱུང་ཞིང་དེའི་འོག་ཏུ་བསྐལ་པ་སྐར་མ་ལྟ་བུའི་སྒྲོན་བསྐལ་ལ་སངས་རྒྱས་གྲངས་མེད་པ་འབྱུང་བའོ། །དེ་ལྟར་ཆགས་གནས་འཇིག་སྟོངས་བཞི་པོ་མཚུངས་པར་བསྡོམས་པའི་བར་བསྐལ་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་གཅིག་ཅེས་གྲགས་པའོ། །དེ་ཡང་ནང་བཅུད་སེམས་དང་སྦྱར་ན་ཀུན་གཞི་ནམ་མཁའ་ལྟ་བུ་དང་། མ་རིག་པ་ཀུན་རྟོག་གི་རླུང་ལ་འདོད་ཆགས་ཀྱི་ཆུ་དང་། ཕ་མའི་ཁུ་ཁྲག་ལས་ལྷུན་པོ་ལྟ་བུའི་ལུས། ཉི་ཟླ་ལྟ་བུའི་མིག །གླིང་བཞི་གླིང་ཕྲན་ལྟ་བུའི་སྐྱེ་མཆེད། ཁམས་བཅུ་གཉིས། རི་བདུན་འཁོར་ཡུག་བཅས་པའི་རྣམ་ཤེས་ཚོགས་བརྒྱད། འགྲོ་དྲུག་དང་མཐུན་པའི་རྩ་འཁོར་དྲུ ག་དེ་དག་གི་མཐུན་འགལ་དང་མཚུངས་པའི་བདེ་སྡུག་སྣ་ཚོགས་འཇིག་སྟོངས་དང་མཚུངས་པའི་ན་རྒ་འཆི་བ་སོགས་འབྱུང་བ་ཆོས་མཚུངས་པའོ། །རྩ་བ། ལྷ་མིའི་སྟོན་པ་རྡོ་རྗེའི་སྐུ་མཆོག་ཀྱང་། །རྟག་པར་བལྟ་ལ་གཟིགས་པ་ཡོལ་བ་ཡིས། །གཞོམ་གཞིག་བྲལ་བའི་སྲི་ཞུས་ལྷོད་གྱུར་ནས། །ཞི་བའི་དབྱིངས་ལ་དགྱེས་པའི་མངོན་རྟོགས་ངོམ། །ཞེས་པ་ནི། ལྷ་མིའི་སྟོན་པ་དུས་གསུམ་སངས་རྒྱས་རྣམས་རྡོ་རྗེའི་སྐུ་མཆོག་བརྙེས་ནས་འགྱུར་བ་མི་མངའ་ཡང་འགྲོ་བའི་སྣང་ངོར་རྟག་པར་བལྟ་བ་སྟེ་སྐུ་མྱ་ངན་ལས་མི་འདའ་བའི་གནས་ལ་གཟིགས་པ་ཡོལ་ཏེ་གཞོམ་གཞིག་དང་བྲལ་བའི་བསྟི་སྟངས་སྲི་ཞུས་ལྷོད་པར་གྱུར་ནས། མྱ་ངན་ལས་འདས་པ་ལ་ཞི་བའི་དབྱིངས་ལ་དགྱེས་པའི་མངོན་རྟོགས་ངོམ་ཞེས་པ་ནི་ཆོས་སྐུའི་ངང་དུ་བཞུགས་པའོ། །རྩ་བ། བསམ་གཏན་གྲུབ་ནས་བསྐལ་པར་གནས་པའི་ཁུར། །དོན་མེད་གྱུར་ཏེ་འཆི་བ་དེ་མཐོང་ནས། །ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་རྣམས་ཀྱང་། །འཆི་བདག་བདུད་ལས་གཟུར་བའི་ཐབས་མི་བསམ། །ཞེས་པ་ནི། བསམ་གཏན་གྲུབ་ནས་བསྐལ་ཆེན་བརྒྱད་ཁྲིར་འཚོ་བའི་ཁུར་ཁྱེར་བའི་ལྷའི་དྲང་སྲོང་ཆེན་པོ་རྣམས་ཀྱང་མཐར་ཚེ་རིང་བ་དོན་མེད་དུ་གྱུར་ནས་འཆི་བའི་ཚུལ་དེ་ལྟ་བུ་མཐོང་ནས་ཚངས་པ་དང་དབང་པོ་དང་དབང་ཕྱུག་དང་ཁྱབ་འཇུག་དང་འཁོར་ལོས་བསྒྱུར་བ་སོགས་འཇིག་རྟེན་ན་མཐུ་སྟོབས་ཆེ་བ་སུས་ཀྱང་འཆི་བདག་གི་བདུད་ལས་གཟུར་བའི་ཐབས་མི་བསམ་ཞིང་བསམས་ཀྱང་ཐོག་ཏུ་ཁེལ་བ་མ་ཡིན་ནོ། །རྩ་བ། མཐོ་རིས་སྨན་ལྗོངས་ཉམས་དགར་འཁྲིགས་པ་ཡི། །སྐྱེས་བུའི་ཚེ་སྲོག་ཡིད་ལ་ཡང་ནས་ཡང་། །བགྱིད་པའི་རྔོན་པ་ལག་ན་བེ་ཅོན་ཅན། །དོན་གཉེར་གཅིག་པུ་ཉིད་ལས་གཞན་མི་སེམས། །ཞེས་པ་ནི། མཐོ་རིས་ལྷ་མིའི་གནས་རྩི་ཐོག་མེ་ཏོག་སོགས་སྔོ་སྨན་སྣ་ཚོགས་སྐྱེས་པའི་སྨན་ལྗོངས་ཉམས་དགའ་བ་ལྟ་བུར་མཐུན་གྲོགས་ཀྱི་ཁྱུ་བསགས་ཏེ་འཁྲིགས་པའི་སྐྱེས་བུ་རྣམས་ཀྱི་ཚེ་སྲོག་གཅོད་པ་ཡང་ནས་ཡང་དུ་བགྱིད་པའི་རྔོན་པ་གཞན་ཞིག་མ་ཡིན་ཏེ་ལག་ན་བེ་ཅོན་ཅན་གཤིན་རྗེའི་ཕོ་ཉ་ཡིན་ཏེ་དོན་དུ་གཉེར་བྱ་མནར་སྤྱོད་ཁོ་ན་ལས་གཞན་མི་སེམས་སོ། །རྩ་བ། སོས་ཀའི་ཚ་བས་གདུངས་པའི་སྐྱེ་བོ་དག །སྟོན་ཟླ་གསལ་བའི་འོད་ལ་དགའ་གྱུར་ནས། ཉིན་ཞག་བརྒྱ་ཡིས་རང་གི་ཚེ་ཐལ་བའི། །གནས་ལ་སེམས་ནས་སྐྲག་པར་གྱུར་པ་མེད། །ཅེས་པ་ནི། སོས་ཀའི་ཚ་བས་གདུང་བའི་ཚེ་སྐྱེ་བོ་བླུན་པོ་དག་འདི་ལས་བསིལ་བའི་སྟོན་ཟླ་གསལ་བའི་ངོགས་སུ་ངལ་བསོ་ཆོག་པ་ཞིག་ཡིན་ན་དགའ་བ་ལ་སྙམ་པ་ནི་དེ་བར་ཉིན་ཞག་མང་ཞིག་ཟད་པ་ལྟར་རང་གི་ཚེ་ཡང་ཐལ་བའི་གནས་ལ་སེམས་ནས་སྐྲག་པར་མི་འགྱུར་བ་འདི་འདྲ་ནི་ཤིན་ཏུ་ཐ་ཤལ་བའོ། །རྩ་བ། སྐྱེས་བུས་རྩོལ་བ་བྱས་ལ་ཉག་ཕྲན་མྱུར། །དེ་བས་ས་ལ་རྒྱུ་བའི་ཡི་དྭགས་ཏེ། །དེ་བས་མཁར་རྒྱུ་དེ་བས་ཉི་ཟླའི་རྟ། །ཀུན་ལས་མགྱོགས་པ་མི་ཡི་ཚེ་འགྲོ་ཡིན། །འདི་ལྟར་གྱད་སྟོབས་ཆེན་གྱིས་ཉག་ཕྲན་གྱི་མདའ་འཕངས་པ་ལས་ནི་ས་ལ་རྒྱུ་བའི་ཡི་དྭགས་མགྱོགས་ཤིང་དེ་ལས་ཀྱང་མཁའ་རྒྱུ་གཞན་ལ་གནོད་འཚེ་རྩོམས་པ་རྣམས་མགྱོགས་དེ་ལས་ཀྱང་ཉི་ཟླའི་རླུང་གི་ཤིང་རྟ་མགྱོགས། དེ་བས་ཀྱང་ཤིན་ཏུ་མྱུར་བའི་ལྷ་མགྱོགས། དེ་རྣམས་ཀུན་ལས་སྐྱེས་བུའི་ཚེ་འགྲོ་བ་མགྱོགས་ཞེས་པའོ། །རྩ་བ། དར་ལ་བབས་པ་རྒ་བའི་ཆད་པས་འཚེ། །འདུ་བ་རྣལ་མར་གནས་པ་ན་བས་དཀྲུག །ཕུན་ཚོགས་རྟེན་ཅིང་འབྲེལ་འབྱུང་རྒུད་པས་འཇོམས། །འཆི་བས་སྲོག་ལ་རྒོལ་བ་མྱུར་པོར་འོང་། །ཞེས་པ་ནི། འཇིག་རྟེན་མ་རུངས་པར་བྱེད་པ་བཞི་པོ་འདིས་ནི་འགྲོ་བ་ཀུན་ཉམས་ཉེས་པར་བྱེད་པ་ཡང་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་རྒ་བས་ནི་དར་ལ་བབས་པ་འཇོམས་ཤིང་འོང་ངོ་། །ན་བས་ནི་ནད་མེད་པ་འཇོམས་ཤིང་འོང་ངོ་། །རྒུད་པས་ནི་ཕུན་སུམ་འཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ་། །འཆི་བས་ནི་སྲོག་འཇོམས་ཤིང་འོང་ངོ་། །ཞེས་གསུངས་པ་ལྟར་འགྲེལ་པ་ལ་སྦྱར་རོ། །རྩ་བ། གང་ཚེ་གཤིན་རྗེའི་གཡུལ་ངོར་ཕམ་པ་དེ། །སྐྱབས་དང་དཔུང་གཉེན་བྲལ་བའི་གཡང་སར་རྒྱུག །འཚོ་བའི་མདངས་དང་དབང་པོས་རྣམ་པར་སྤང་། །སྨན་དང་སྨན་པ་དག་ཀྱང་དེ་ལ་འབྲོས། །བསྐྱོད་ལ་ངལ་བ་ཐོབ་པའི་ཡན་ལག་དང་། །དབུགས་ནི་དབང་མེད་མཐུ་ཡིས་གཡོབ་ཅིང་དར། །ཉེ་དུ་འབྲེལ་བས་བསྐོར་ཞིང་གདུངས་ནའང་། །བཤོལ་འདེབས་ལྕགས་ཀྱུའི་བརྟན་པ་བྲལ་བར་འགྱུར། །དེ་ཡི་དབུགས་ཀྱི་འགྱུར་བ་རྟ་རྔའི་ལྕེ། །འཆི་བདག་དགྲ་སྟྭ་རྣོན་པོས་གཟས་གྱུར་པས། །མཛེས་པ་སྤངས་པའི་སོ་ཞོ་ངོམ་བཞིན་དུ། །ལས་དབང་སྲིད་པའི་མུན་ནག་སྟུག་པོར་འཇུག །ཅེས་པ་ནི། གང་གི་ཚེ་གཤིན་རྗེའི་གཡུལ་ངོར་ཕམ་པ་ཞེས་ལུས་སེམས་བྲལ་བ་དེ་ཉིད་མགོན་སྐྱབས་དང་དཔུང་གཉེན་མེད་ཅིང་། དཔེར་ན་གཡང་ས་ཉམ་ང་བར་རྦབ་རྡོ་རྒྱུག་པ་བཞིན་ལྡོག་ཏུ་མེད་ཚེ། ལང་ཚོའི་མཛེས་པ་ཉམས་ཤིང་དབང་པོ་ལྔའི་བྱ་བྱེད་ཀྱང་ནུབ་འཚོ་བྱེད་གཞོན་ནུ་ཡོད་ཀྱང་ཚེ་ཟད་པ་སྐད་ཅིག་ཀྱང་བསྲིང་མི་ནུས། རྐང་ལག་ཚུལ་བཞིན་བསྐྱོད་པ་ལ་རང་དབང་བྲལ་ཏེ་དབང་མེད་དུ་གཡོབ་མཐར་ངལ་བ་ཐོབ་སྟེ་སྒུལ་བསྐྱོད་མེད་ཅིང་། དབུགས་ཀྱང་འཇུག་པ་ཐུང་ཞིང་རྩུབ་ལ་ལྡོག་པ་རིང་ཞིང་གཡོ་བ་དྲག་པས་ངར་ངར་པོའི་སྒྲ་འབྱིན་ཚེ། ཕ་མ་ཉེ་དུ་ཉེ་འབྲེལ་སྲོག་བརྗེ་ནུས་པ་འདྲ་མོ་མང་པོས་བསྐོར་ཞིང་གདུང་བའི་སྨྲེ་སྔགས་ཅི་ཙམ་བཏོན་ཀྱང་། འཆི་བ་ལས་བཤོལ་འདེབས་དཔེར་ན་ལྕགས་ཀྱུས་ཟིན་པ་ལྟ་བུའི་བརྟན་པ་ཅུང་ཟད་ཀྱང་བྲལ་བར་འགྱུར་ཞིང་། འཆི་བར་ངེས་པ་དེའི་དབུགས་ཀྱི་འཇུག་ལྡོག་གི་འགྱུ་བ་རྟ་ལྔའི་ལྕེ་སྟེ། རྩེ་མོ་ཤིན་ཏུ་ཕྲ་བ་དེ་ཡང་སྙིང་རྗེ་མེད་པའི་འཆི་བདག་གི་དགྲ་སྟྭ་རྣོན་པོས་བཀས་པ་ཞེས་བཅད་པར་གྱུར་ཚེ། གསོན་དུས་དགའ་ནས་དགོད་པ་ལྟར་མ་ཡིན་ཞིང་ཤི་ཚེ་ཁ་བསྒྲད་ནས་མཛེས་པ་སྤངས་པའི་སོ་ཞོ་ངོམ་བཞིན་དུ་མཆིས་ཀྱང་གཞན་རྣམས་སྐྱུགས་བྲོ་ལས་མ་མཆིས་ཤིང་ཤི་བ་ཁོ་ནས་མི་ཆོག་པར་ཚེ་འདིར་ལས་བཟང་ངན་གང་བསགས་པ་ལྟར་སྲིད་པའི་གནས་རིགས་དྲུག་པོ་མུན་ནག་སྟུག་པོ་ལྟ་བུར་འཇུག་ཅེས་པའོ། །དེ་ལྟར་འཆི་བ་མི་རྟག་པ་བསྒོམས་པ་ལ་དོན་ཅི་མཆིས་སྙམ་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་ཆོས་ཉམས་སུ་ལེན་པའི་རྐྱེན་བྱེད། ཐ་མ་འཆི་བ་འོད་གསལ་ཉམས་སུ་མྱོང་བའི་གྲོགས་བྱེད་དེ། སྔོན་རྒྱལ་པོའི་ཁབ་ན་ཁྱིམ་བདག་དཔལ་སྐྱེས་བྱ་བ་ལོ་བརྒྱ་ལོན་པ་ཞིག་ཡོད་པ་དེས་སྟོན་པ་ལ་རབ་ཏུ་བྱུང་བར་ཞུས་པས་གནང་སྟེ། མངྒལ་གྱི་བུ་ལ་རབ་ཏུ་བྱུང་བཅུག་པས་སྡེ་སྣོད་གསུམ་ཤེས་པ་ཞིག་བྱུང་ཡང་མི་རྟག་པས་སྐྱོ་ནས་ཆུ་ལ་མཆོངས་པར་ཆས་པ་མངྒལ་བུས་དེ་ལས་བཟློག་སྟེ་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པ་ལྟ་བུའོ། །དེའི་ཕྱིར་འདུ་ཤེས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་མི་རྟག་པ་བསྒོམ་པ་ཡིན་ཞེས་སྟོན་པས་གསུངས་ཕྱིར་ནན་ཏན་བསྐྱེད་པར་བྱའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་གཉིས་པའི་སྐབས་སོ།། །།སྤྱི་དོན་གསུམ་པ་རྒྱུ་འབྲས་རྣམ་པར་བཞག་པ་ནི། རྩ་བ། དེ་ལྟར་འཇིག་རྟེན་ཕ་རོལ་སོན་པ་རྣམས། །གོ་འཕང་གང་གི་ཐ་གུས་འདོགས་པའི་ཚུལ། །དགེ་སྤྱད་སྡིག་གོམས་ཁོ་ནས་ཉེ་བར་ལེན། །ཀུན་རྫོབ་བདེན་པ་བསླུ་བ་མེད་པ་ཡིན། །ཞེས་པ་ནི། དེ་ལྟར་ཤི་བ་ཞེས་ལུས་པོ་ཤུལ་དུ་བསྐྱུར་སེམས་ཕ་རོལ་བར་དོ་ནས་རིགས་དྲུག་གི་གནས་གང་དུ་སོན་པ་རྣམས་ནི་ལོག་པར་བལྟ་བ་འཛིན་པ་བཞིན་དུ་སེམས་མར་མེ་ཤི་བ་ལྟར་གཏན་མེད་དུ་འདོད་པའམ། སྟེས་དབང་གིས་གནས་རིགས་མཐོ་དམན་དུ་སླེབས་པ་ལྟར་མ་ཡིན་པར་རྟེན་འབྱུང་བསླུ་མེད་བཞིན་མཐོ་རིས་དང་ངན་སོང་གང་གིས་ཐ་གུས་འདོགས་པའི་ཚུལ་ཚེ་འདིར་དགེ་བ་སྤྱད་པ་དང་སྡིག་ལ་གོམས་པ་ཁོ་ནས་ཡང་སྲིད་ཕྱི་མ་ཉེ་བར་ལེན་པ་ནི་ཀུན་རྫོབ་སྣ་ཚོགས་ཆོས་ཅན་གྱི་བདེན་པ་བསླུ་བ་མེད་པའོ། །རྩ་བ། གང་ཞིག་ས་བོན་རྣམ་པ་སྣ་ཚོགས་མཐུ། །ཞིང་པ་རྣམས་ཀྱི་ཐོག་ལ་གསལ་བ་བཞིན། །སྐྱེ་བ་གཞན་དུ་འདྲིས་ཤིང་གོམས་བྱས་པའི། །ལས་ཚུལ་མང་པོས་འགྲོ་འདི་སྣ་ཚོགས་བྱས། །ཞེས་པ་ནི། གང་ཞིག་ས་བོན་ནས་བཏབ་ན་འབྲས་བུ་ཡང་ནས། དེ་བཞིན་དུ་གྲོ་ལ་གྲོ། སྲན་མ་བྲ་བོ་སོགས་བཏབ་པར་རང་རང་གི་འབྲས་བུ་སྨིན་པ་ལྟར་ཚེ་འདིར་དགེ་སྡིག་གི་ལས་རྣམ་པ་གང་བྱས་ཀྱི་མཐུ་ལས་ཕྱི་མ་བདེ་སྡུག་མངོན་པ་ཞིང་པ་རྣམས་ཀྱི་ལོ་ཐོག་ལ་ས་བོན་བཟང་ངན་དང་ཁ་མངར་སོགས་སྔ་མ་ཅི་བཞིན་རྗེས་མ་ཡང་དེ་ལྟར་གསལ་བ་དང་འདྲ་ཞིང་། དེ་ཡང་སྐྱེ་བ་གཞན་མ་རྣམས་སུ་དགེ་སྡིག་གི་ལས་གང་ལ་འདྲིས་ཤིང་གོམས་པར་བྱས་པའི་ལས་ཚུལ་དགེ་བ་ལས་ད་ལྟ་བདེ་སྐྱིད་ཕུན་སུམ་འཚོགས་བཞིན་རྣམ་དཀར་ལ་བརྩོན་པ་དང་། སྔོན་མ་མི་དགེ་བ་ལ་གོམས་པས་ད་ལྟ་དབུལ་ཕོངས་ཀྱིས་ཉམ་ཐག་པ་དང་། དབང་པོ་མ་ཚང་བ་སོགས་སྡིག་པའི་འབྲས་བུ་སྡུག་བསྔལ་མྱོང་བཞིན་ད་དུང་སྡུག་བསྔལ་གྱི་རྒྱུ་སྡིག་པ་མང་པོ་ལ་སྤྱོད་པས་འོག་ནས་འོག་ཏུ་ལྟུང་བ་སོགས་ཀྱིས་འགྲོ་བ་འདི་དག་སྣ་ཚོགས་བྱས་པའོ། །རྩ་བ། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །གཟུགས་ཅན་ཉིད་དང་འདུ་བྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་པ་ནི། ས་བླ་ནི་ནམ་མཁའ་སྟེ་དེར་འདབ་གཤོག་གི་རྩལ་གྱིས་བགྲོད་པས་བྱ་རྒོད་ལ་སོགས་པ་ཤིན་ཏུ་མཐོ་བའི་གནས་སུ་སླེབས་ཚེ་གྲིབ་མ་ཡང་རེ་ཞིག་བལྟ་བར་མི་མངོན་ཡང་གཟུགས་ཅན་གང་ཡིན་པ་དེ་དང་འདུ་འབྲལ་སྤངས་པ་བཞིན་དུ་ཚེ་འདིར་དགེ་སྡིག་གང་བྱས་པ་ལུས་དང་གྲིབ་མ་ལྟར་འགྲོགས་ནས་བྱ་ས་ལ་བབས་དུས་རང་གྲིབ་དང་ལྷན་གཅིག་ཏུ་འཛོམས་པ་ལྟར་མི་དག་ཀྱང་རིགས་དྲུག་གང་དུ་སྐྱེས་པ་ལ་ཚོགས་ཤིང་ཞེས་ཡང་སྲིད་བཟུང་བའི་དུས་ལ་བབས་ཚེ་དགེ་སྡིག་གི་འབྲས་བུ་ལྷག་པར་མངོན་པར་འགྱུར་རོ། །རྩ་བ། བསོད་ནམས་མ་ཡིན་བྱ་བ་རྟ་གདོང་མེས། །མཐོ་རིས་རྒྱ་མཚོའི་རླབས་ཀྱང་སྐེམས་ནུས་ཤིང་། །རྣམ་མཁྱེན་གྲུ་གཟིངས་བཤིག་པའི་དཔེ་དང་དོན། །ལས་བརྒྱ་པ་དང་རྒྱ་ཆེན་རོལ་པས་བསྟན། །ཞེས་པ་ནི། བསོད་ནམས་མ་ཡིན་པའི་བྱ་བ་ནི་མི་དགེ་བ་བཅུ་དེའི་ཆར་གཏོགས་པའི་རིགས་རྣམས་ཡིན་ལ་དེའི་སྐྱོན་གྱི་དཔེ་ནི། ཕྱིའི་རྒྱ་མཚོ་ཆེན་པོ་རབ་ཏུ་བརླིངས་ཤིང་གཞོམ་གཞིག་དཀའ་བ་དེ་ཡང་རྟ་གདོང་རྒོད་མ་ཁའི་མེས་བསྐམས་པར་ནུས་བཞིན་མི་དགེ་བའི་སྟོབས་ཀྱིས་རྒྱ་མཚོ་ཆེན་པོའི་དབའ་རླབས་ལྟ་བུའི་མཐོ་རིས་ཀྱི་བདེ་བ་ཕྲི་ནུས་ཤིང་དེར་མ་ཟད་རྣམ་མཁྱེན་གྱི་སར་བགྲོད་པའི་གྲུ་གཟིངས་ལྟ་བུའི་ལུས་རྟེན་ཡང་བཤིག་པར་འགྱུར་བའི་དཔེ་དང་དོན་གཉིས་སྟོན་པ་ཐམས་ཅད་མཁྱེན་པས་མདོ་སྡེ་ལས་བརྒྱ་པ་དང་རྒྱ་ཆེར་རོལ་པ་སོགས་ལས་བསྟན་པ་ཡང་། མངྒལ་གྱི་བུ་ཀུན་ཏུ་རྒྱུས་བཀྲོངས་པ་དང་། འཕགས་པ་སྒུར་ཆུང་བཟའ་བཏུང་མེད་པས་ལྟོག་གྲིར་གུམ་པ། དགེ་སློང་མ་ཨུཏྤ་ལའི་མདོག་ལྷས་སྦྱིན་གྱིས་བཀྲོངས་པ་བཞིན་ནོ། །དེ་ཡང་ལས་མི་དགེ་བས་མཐོ་རིས་སུ་སྐྱེ་བ་ལ་བར་དུ་གཅོད་ནུས་ན་ཉན་རང་སོགས་ཀྱི་ས་ཐོབ་པ་ལ་ངེས་པར་བར་དུ་གཅོད་པ་ལྟ་ཅི་སྨོས། རྩ་བ། མནར་ལ་ཤིན་ཏུ་བརྟུལ་ཕོད་ངན་སོང་གིས། །དགེ་བཅུའི་དཔུང་པ་བཙན་པའི་དཔའ་བོའི་ཡུལ། །གཡུལ་གྱི་ཕྲུ་མས་བཏབ་པ་མ་མཆིས་ཏེ། །དམ་བཅའ་ཉམས་པ་མཐའ་དག་ཁྱོད་དབང་སོང་། །ལ་ལའི་ཚུལ་ཁྲིམས་ལ་ལའི་ཚེ་དང་སྲོག །ལ་ལའི་དཀའ་ཐུབ་ལ་ལའི་ཆོས་དང་ནོར། །ལ་ལའི་ངོ་ཚ་ལ་ལའི་ཁྲེལ་ཡོད་རྣམས། །སྡིག་པའི་ཆེད་དུ་གཏོང་བ་ཤིན་ཏུ་མང་། །ཞེས་པ་ནི། མནར་བའི་ལས་ལ་ཤིན་ཏུ་བརྟུལ་ཕོད་པ་ཞེས་དཔའ་བའི་སྟོབས་དང་ལྡན་པ་ནི་ངན་སོང་གསུམ་པོ་ཡིན་ཀྱང་། དགེ་བ་བཅུའི་དམག་དཔུང་མང་ཞིང་བཙན་པ་ནི་དཔའ་བོས་བཟུང་བའི་ཡུལ་དུ། ངན་འགྲོའི་གཡུལ་གྱི་ཕྲུ་མ་སྟེ་དམག་སྒར་བཏབ་པ་ཅང་མ་མཆིས་མོད་དེ། སོ་ཐར་དང་བྱང་སེམས་དང་སྔགས་ཀྱི་དམ་སྡོམ་ཉམས་པ་མཐའ་དག་ཁྱོད་ཅེས་ངན་སོང་བའི་དབང་དུ་གྱུར་པའོ། །དེ་ཡང་སྔོན་དམ་བཅའ་ཉམས་པ་ལ་སྐྱོན་ཇི་ལྟར་བྱུང་ཚུལ་ནི། ཁྱིམ་དུ་གནས་པའི་ཆེད་དུ་བསླབ་པ་གཏོང་བ་སྔོན་གྱི་རྒྱལ་རིགས་རིན་ཆེན་གྲགས་དང་ད་ལྟའི་སྐྱ་སར་འབབ་པ་ལ་དགའ་བའི་བཙུན་གཟུགས་ལ་ལ་ལྟར་རོ། །ཞེ་སྡང་གི་དབང་གིས་རང་སྲོག་འདོར་བ་མུ་སྟེགས་པ་སམ་ག་ཨཱ་ཙརྱ་ལྟ་བུ་དང་། ཕྲག་དོག་གིས་དཀའ་ཐུབ་གཏོང་བ་དགེ་སློང་ལྷས་སྦྱིན་ལྟ་བུ། འདོད་ཆགས་ཀྱིས་ངོ་ཚ་གཏོང་བ་ཚོང་དཔོན་གྱི་བུ་མོ་ལྟ་བུ། རང་འདོད་ཀྱིས་ཁྲེལ་ཡོད་གཏོང་བ་རྒྱལ་པོ་བདེ་སྤྱོད་ཀྱི་བུ་ལྟ་བུ། ད་ལྟ་ཡང་འདི་མཚུངས་ཤིན་ཏུ་མང་བ་ནི་སྨོས་མ་དགོས་སོ། །མདོར་ན་འཇིག་རྟེན་ན་སྡིག་པའི་ཕྱོགས་སུ་ལུས་སྲོག་ཀྱང་འདོར་ཕོད་ལ་དགེ་བའི་ཕྱོགས་སུ་ས་དང་ཆུ་ཡང་ཕངས་པའི་སྐྱོན་གྱིས་ངན་སོང་ནི་ས་ཆེན་པོའི་རྡུལ་ཙམ་དང་། མཐོ་རིས་ནི་སེན་མོའི་སྟེང་གི་རྡུལ་ཙམ་གྱི་ཁྱད་པར་ལ་དཔྱད་ནས་དགེ་སྒྲུབ་སྡིག་སྤང་ལ་བརྩོན་འཚལ་ལོ། །རྩ་བ། གང་ཕྱིར་ཡོན་གནས་ཉེ་དུ་འཁོར་འབངས་དང་། །ཡུལ་ཁམས་བསྲུང་བའི་སླད་དུ་སྟོབས་ཆེན་གྱི། །སྡིག་པའི་གཉིས་འཐུང་དཀྲིས་པ་བཏང་ནའང་། །རྣམ་སྨིན་བགོ་བཤའ་བྱ་རུ་མེད་པ་ཡིན། །ཞེས་པ་ནི། དེ་ལ་སྡིག་པའི་མཚན་ཉིད་ནི་རྣམ་སྨིན་གཏོས་ཆེ་བ་གླང་པོ་ཆེའི་གཟུགས་བརྙན་དང་སྤོང་སེམས་དེ་ཉིད་ཐག་པས་དཀྲིས་པ་དང་བཏང་བ་ནི་ཉེས་པ་བག་མེད་དུ་སྤྱོད་པའོ། །དེའང་རང་གཞན་གང་གི་ཆེད་དུ་སྡིག་པ་བྱས་ཀྱང་བྱེད་པ་པོ་ཁོ་ན་ལས་རྣམ་སྨིན་བགོ་བཤའ་བྱ་རུ་མེདཅིང་། ཁྱད་པར་ཡོན་གནས་ཀྱི་དམ་པ་དཀོན་མཆོག་གསུམ་ནི་འགྲོ་བ་ཀུན་ལ་བུ་གཅིག་པོའི་མ་ལྟར་བརྩེ་བར་ངེས་ན་སྲོག་ཆགས་བསད་ནས་དམར་སྟོན་བྱེད་པ་དང་། གཞན་གྱི་ལོངས་སྤྱོད་ཕྲོགས་ནས་མཆོད་སྦྱིན་བྱེད་པ་སོགས་ནི་ཉེས་པ་ཁོ་ནའི་རྒྱུ་ལས་ཅི་ཡང་མེད་དེ། འཚེ་བ་ཆོས་སུ་སྨྲ་བ་ཀླ་ཀློའི་གྲུབ་མཐའ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རང་གི་གཉེན་ཉེ་དུའི་ཆེད་དུ་སྡིག་པ་བྱས་པའང་། མངྒལ་མས་ཁྱིམ་ཐབ་དང་བུའི་ཆེད་དུ་སེར་སྣ་སོགས་སྡིག་པ་མང་དུ་བྱས་པས་མོ་རང་ངན་སོང་དང་། བུས་དགྲ་བཅོམ་པ་ཐོབ། ཁྱོ་ཕོ་ཚངས་པའི་གནས་སུ་སྐྱེས་སོ། །གཞན་ཡང་འཁོར་འབངས་དང་ཡུལ་ཁམས་བསྲུང་བའི་སླད་དུ་གཡུལ་འགྱེད་པ་སོགས་འཁྲུག་རྩོད་ཆེན་པོ་བྱེད་པ་ཡང་། བྱེད་པ་པོ་བྱང་ཆུབ་སེམས་དཔའི་ཐབས་དང་ལྡན་པ་མ་གཏོགས་གཞན་ཕན་དུ་མི་འགྱུར་ཞིང་། རང་བསྲུང་ཁོ་ན་ཡིན་པས་སྡིག་ཆེའོ། །སྡིག་པའི་ལས་དེའི་མོད་ལ་མཚོན་བཞིན་དུ་གཅོད་པར་མི་བྱེད་ཀྱང་འཆི་བའི་དུས་དང་ཤི་བའི་འོག་ཏུ་སྡིག་འབྲས་མངོན་པར་འགྱུར་རོ། །ཞེས་འགྲེལ་པར་སྦྱར་རོ། །རྩ་བ། རྙེད་ལ་བརྐམ་ཞིང་བདེ་བ་འབའ་ཞིག་སྲེད། །སྙན་པ་ལྷུར་ལེན་བསྟོད་ན་ཁེངས་འགྱུར་ལ། །གང་ལས་གཅིག་ཤོས་བཞི་ཡིས་སྨ་བབ་པའི། །བྱིས་པ་འདི་དག་འཇིག་རྟེན་ཆོས་ཀྱིས་བསླུས། །ཞེས་པ་ནི། འདི་ལྟར་དམ་པའི་ཆོས་དང་འགལ་བའི་འཇིག་རྟེན་ཆོས་བརྒྱད་ནི། ཟས་ནོར་རྙེད་འཚོལ་ལ་རེ་ཞིང་བརྐམ། བདེ་བ་ལ་ཆགས། སྙན་པའི་གཏམ་ལ་དགའ། གཞན་གྱིས་བསྟོད་ན་ཁེངས་དྲེགས་སྐྱེ་སྟེ་ཆོས་བཞི་དང་། རྙེད་ཚོལ་མ་བྱུང་ན་ཞུམ་པ་དང་མི་བདེ་བ་བྱུང་ན་སྡུག་བསྔལ་དང་། མི་སྙན་པ་ཐོས་ན་འགྱོད་པ་དང་། སྨད་པ་ཐོས་ན་ཁོང་ཁྲོ་ལངས་པ་སྟེ་བཞི་པོ་བསྡོམས་པའི་བརྒྱད་པོ་འདིས་བྱིས་པ་རྣམས་བསླུ་བར་ངེས་པས་བླང་དོར་མ་ནོར་བ་གལ་ཆེའོ། །དོན་བསྡུ་ན་འཇིག་རྟེན་ཆོས་བརྒྱད་ལས་གྱུར་པའི་རྣམ་པར་རྟོག་པ་རྙེད་པ་ལ་སོགས་པ་སྔོན་མ་བཞི་ལ་དགའ་བ་དང་། མ་རྙེད་པ་ལ་སོགས་ཏེ་རྗེས་མ་བཞི་ལ་མི་དགའ་བ་མེད་པར་མགོ་སྙོམས་དགོས་པའོ། །རྩ་བ། རིགས་གཟུགས་དབང་ཐང་ལ་སོགས་འཕང་བསྟོད་ཅིང་། །སྙོམ་ལས་འཕྱེ་བོའི་ཕག་ཏུ་ཡིབ་པ་དང་། །མངོན་པའི་ང་རྒྱལ་མ་རུངས་སློང་བ་རྣམས། །དཀའ་ཐུབ་དཔལ་ལ་སྡང་བའི་སྲིན་པོར་འགྱུར། །བརྐམ་ཆགས་སེམས་ཀྱི་ནུས་པ་བརྟན་པོ་ཡིས། །ཟིལ་གྱིས་ནོན་པའི་གཡོ་སྒྱུའི་འཁྲི་ཤིང་གིས། །གཞན་དག་རྨོངས་བྱས་བདག་ཉིད་བསྲུང་ན་ཡང་། །གནོད་ཆེན་དེ་ནི་རང་གི་ཁོང་དུ་ཞུགས། ཞེས་པ་ནི། འདི་ལྟར་རིགས་དང་། གཟུགས་དང་། དབང་ཐང་དང་། ཐོས་པ་དང་། ལང་ཚོ་སོགས་ཀྱིས་རྒྱགས་པ་ཞེས་ང་རྒྱལ་དང་ཁེངས་དྲེགས་བསྡོམས་པས་སྤྱི་མིང་ཡིན་ཞིང་སྐྱོན་དེ་དག་གིས་རང་མགོ་རང་གིས་བསྟོད་ནས་ཐོས་བསམ་སྒོམ་གསུམ་ལ་བརྩོན་འགྲུས་བྱེད་རྒྱུ་ཕར་ཞོག །ཟ་ཉལ་གཉིད་གསུམ་སོགས་སྙོམས་ལས་དང་ལེ་ལོ་ཞེས་པ་སྒོ་གསུམ་གནད་དུ་བསྣུན་པས་སུན་ཏེ་ཚོགས་དྲུག་བག་ཡངས་སུ་ལྷོད་ཅིང་ལྟར་སྣང་གི་ཆོས་ལ་འཇུག་པ་ནི་འཕྱེ་བོ་སྟེ་མི་གང་རྐང་ལག་ཞ་བའི་ཕག་ཏུ་ཡིབ་པ་ལྟ་བུའི་འགྲུལ་བགྲོད་སོགས་ལས་གང་ལའང་འཇུག་མི་འདོད་པ་བཞིན་གོང་གསལ་གྱི་རྒྱགས་པས་ལྐོག་གྱུར་ཙམ་མ་ཡིན་ཞིང་མངོན་སུམ་གྱི་ང་རྒྱལ་གཞན་ལ་ཁོང་འཁྲུག་མ་རུངས་པ་སློང་བར་བྱེད་པ་རྣམས་ནི་དམ་སྡོམ་ལ་དཀའ་ཐུབ་སྟེ་དེའི་མཐུན་ཕྱོགས་ཀྱི་དཔལ་ལ་ལྡང་བའི་སྲིན་པོ་ནི་ཆགས་སྡང་གཉིས་དང་བརྐམ་པ་ནི་རང་གི་ཟས་ནོར་དམ་དུ་འཛིན་པ་དང་། ཆགས་པ་ནི་གཞན་གྱི་ལུས་ལོངས་སྤྱོད་ལ་སྲེད་པ་སོགས་ཀྱིས་རྣམ་པར་གཡེངས་བཞིན་བསམ་སྤྱོད་དྲང་པོར་མི་གནས་པ་ལ་གཡོ་བ་དང་། གཞན་མགོ་བསྐོར་བའི་ཐབས་བྱེད་པ་ལ་སྒྱུ་ཞེས་སོ། །དེ་ལྟ་བུའི་འཇིག་རྟེན་གྱི་ཆོས་བཅུ་གསུམ་པོས་བདག་བསྲུངས་ཤིང་གཞན་རྨོངས་པར་བྱེད་ནུས་ཀྱང་དུག་ལྡན་གྱི་ཟས་ཁོང་དུ་སོང་བ་དང་འདྲ་བས་སྤང་བར་བྱ་བ་ཁོ་ནའོ། །རྩ་བ། འཁོར་བར་འདུ་བྱེད་དཀར་ནག་ལས་འབྲས་གཉིས། །ས་བོན་ཉུང་ངུ་ལས་ཀྱང་འབྲས་བུའི་གཟུགས། །སྦོམ་པོར་བསྐྱེད་པ་མི་དབང་ང་ལས་ནུ། །སྲན་རྡོག་བདུན་ལས་འཁོར་ལོས་སྒྱུར་བ་བཞིན། །གང་ཞིག་ས་བོན་ཡུངས་འབྲུ་ཙམ་པའི་ཤིང་། །ཨ་ཤོ་ཏ་ཡི་འབྲས་བུ་ལོ་དུས་སུ། །ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་བས། །དགེ་སྡིག་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད། །ཅེས་པ་ནི། འདི་ལྟར་འཁོར་བ་མཐོ་དམན་དུ་འདུ་བར་བྱེད་པ་པོ་དཀར་ནག་གི་ལས་ཀྱི་འབྲས་བུ་གཉིས་ལས་གཞན་མེད་ཅིང་། དགེ་སྡིག་གི་ས་བོན་ཉུང་ངུ་ཙམ་ལས་ཀྱང་བདེ་སྡུག་གི་འབྲས་བུའི་གཟུགས་སྦོམ་པོར་བསྐྱེད་དུ་ཡོད་དེ། སྔོན་གྱི་ཚེ་མི་དབང་ང་ལས་ནུ་ཞེས་པའི་སྐྱེ་བ་སྔོན་མ་བྱིས་པའི་ཚེ་སངས་རྒྱས་རྣམ་གཟིགས་ཀྱི་སྐུ་ལ་སྲན་མ་སྤར་གང་གཏོར་བས་རྡོག་པོ་བཞི་ལྷུང་བཟེད་དུ་སོང་། གཉིས་ཐུགས་ཀར་ཕོག་པས་གསེར་གྱི་འཁོར་ལོས་བསྒྱུར་རྒྱལ་དུ་གྱུར་ཅིང་། རིམ་པས་རྒྱལ་ཆེན་བཞི་དང་། སུམ་ཅུ་རྩ་གསུམ་དུ་ལྷའི་དབང་པོ་དང་སྟན་གཅིག་ཏུ་སྡོད་པའི་མཐུ་ཐོབ་ལྟར། གང་ཞིག་ས་བོན་ཡུངས་འབྲུ་ཙམ་ལས་མེད་ཀྱང་འཕེལ་ཀ་ཤིན་ཏུ་ཆེ་བའི་ཤིང་ཨ་ཤོ་ཏའི་འབྲས་བུ་ཤིང་གཞན་ལས་འཕེལ་སྟོབས་ཆེ་བས་ལོ་གཅིག་ཙམ་ལོན་པའི་དུས་སུ་ཡལ་ག་རེ་ལའང་དཔག་ཚད་ཙམ་རེ་འཕེལ་བ་བས་ཀྱང་དགེ་སྡིག་གི་གཟུགས་བརྙན་འཕེལ་བའི་སྟོབས་ཆེ་བས་དཔེར་མི་ཕོད་ཅེས་པའོ། །ཤཱ་རིའི་བུས་སྔོན་ཚེ་རང་སངས་རྒྱས་ལ་རས་ཡུག་དང་ཁབ་སྐུད་ཕུལ་བས་མཁྱེན་རབ་རླབས་ཆེ་བ་སོགས་ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་པ་སོགས་དང་། མདོར་ན་སངས་རྒྱས་ལ་གུས་སེམས་ཀྱིས་མེ་ཏོག་གཅིག་ནམ་མཁར་གཏོར་ན་འབྲས་བུ་ཆུད་མི་ཟ་བར་གསུངས་སོ། །མི་དགེ་བའི་འབྲས་བུ་ཡང་དེ་ལྟར་སྨིན་པར་ངེས་པས་དགེ་སྡིག་གི་སྤང་བླང་མི་འཛོལ་བ་ཞིག་གནད་དམ་པའོ། །རྩ་བ། གང་ལ་བྱེད་པོ་མ་མཆིས་རང་བཞིན་མིན། །དཀར་ནག་ཆོས་ཀྱིས་བཙོས་པའི་ཀུན་སློང་གིས། །ལས་དང་དེ་ཡི་འབྲས་བུ་མཐུ་ཆེན་བྱས། །སྦྱོར་རྗེས་གཉིས་དང་མི་ལྡན་ནུས་པ་ཆུང་། །ཞེས་པ་ནི། འདི་ལྟར་ལས་དགེ་སྡིག་གི་ལྕི་ཡང་མི་དངོས་གཞི་དགེ་སྡིག་གང་ཡིན་ཆུང་ངུ་ལས་མ་བྱས་ཀྱང་སྦྱོར་བའི་དུས་བསམ་པའི་ལས་ཀྱིས་དགེ་སྡིག་གི་བྱ་བ་དྲན་ཞིང་སེམས་པའི་ལས་ཀྱིས་དེ་ལ་ནན་ཏན་དུ་འཇུག་པ་མ་ཡིན་བཞིན་ལས་དཀར་ནག་གང་ཡིན་སྤྱོད་ཅིང་རྗེས་ལ་དགེ་བར་དགའ་སྤྲོ། སྡིག་ལ་འགྱོད་སེམས་བསྐྱེད་ན་དགེ་བ་སྟོབས་ཆེ་ཞིང་། སྡིག་པ་མཐུ་ཆུང་བ་ཡིན་ནོ། །དེའི་ཕྱིར་ན་གང་ལ་ཞེས་འགྲོ་བ་སུ་ཡང་ཚེ་ཕྱི་མའི་དུས་བདེ་སྡུག་གི་དོན་ལ་བྱེད་པ་པོ་མ་མཆིས་བཞིན་དུ་རང་བཞིན་གྱིས་དེ་ལྟར་བྱུང་བ་མིན་ཏེ། ལས་དཀར་ནག་གི་ཚོས་ཀྱིས་བཙོས་པའི་ཀུན་སློང་དག་མ་དག་གིས་ལས་དགེ་སྡིག་གང་ཡིན་དང་དེའི་འབྲས་བུ་མཐུ་ཆེན་པོ་བྱས་པ་ཡིན་ཞེས་བསྟན་ནས། དངོས་གཞི་དགེ་སྡིག་གང་རུང་སྤྱད་ཀྱང་སྦྱོར་རྗེས་གཉིས་དང་མི་ལྡན་ན་ནུས་པ་ཆུང་ཞེས་གོང་དུ་བཀྲལ་བ་ལྟར་རོ། །སྤྱིར་ནང་པའི་ཆོས་ཐམས་ཅད་ཀྱི་མདོ་དོན་ཡང་དག་པའི་ལྟ་བ་ཞེས་འཇིག་རྟེན་ཕ་རོལ་ཡོད་པར་ངེས་ཀྱང་དེ་ལྟར་དུ་མི་འདོད་ཅིང་རྒྱུ་འབྲས་ལ་ཡིད་མི་ཆེས་པས་ལོག་པར་ལྟ་བ་དེས་རྣམ་སྨིན་ཕྱིན་ཅི་ལོག་ཏུ་འབྱུང་སྟེ་ཕྱི་རོལ་པ་ལ་ལ་བཞིན་ནོ། །དེ་ཡང་སྔོན་དགེ་སློང་ཞིག་གིས་ཁྱིམ་བདག་གཅིག་ལ་བཟའ་བཏུང་བསླངས་པས་ཁྱིམ་བདག་གིས་དགྲ་བཅོམ་པ་ཡིན་ན་འདྲེན་མིན་ན་མི་སྟེར་བྱས་པས་དགྲ་བཅོམ་མིན་ཟེར་ནས་སོང་བ་ལ་འདོད་པ་ཆུང་ལུགས་ལ་དགྲ་བཅོམ་པར་ངེས་སྙམ་ནས་ཆོས་སྟོན་དྲངས་པས་དགྲ་བཅོམ་ལ་དྲངས་པའི་བསོད་ནམས་ཐོབ་པས་མཚོན་ཀུན་སློང་བཟང་ངན་གྱི་འཕེན་བྱེད་ལས་དགེ་སྡིག་སྟོབས་ཆེ་ཆུང་གི་རྗེས་སུ་འགྲོ་བ་མ་ཡིན་ནོ། །རྩ་བ། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། །བསམ་པ་དགེ་དང་མི་དགེའི་འཕེན་བྱེད་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་པ་ནི། དཔེར་ན་ས་བོན་སྨན་བཏབ་ན་དེའི་རྩ་བ་དང་མྱུ་གུ་ལོ་འབྲས་ཀུན་སྨན་ཡིན་ལ་རྩ་བ་དུག་ཡིན་ན་མྱུ་གུ་སོགས་དུག་ཡིན་པ་མ་སྨོས་ཀྱང་ལོས་ཤེས་ཏེ་བཤད་ཅི་ལ་དགོས་ཞེས་འགྲེལ་ནས། ལས་དཀར་ནག་གང་ཡིན་ཀྱང་བསམ་པ་དགེ་མི་དགེ་ཁོ་ནའི་འཕེན་བྱེད་ལས་དགེ་སྡིག་གང་ཡིན་ཀྱང་གཟུགས་བརྙན་དང་ཆེ་ཆུང་གི་རྗེས་སུ་མི་འགྲོ་ཞེས་པའོ། །དེ་ཡང་སྔོན་དུས་ལམ་ཁ་ཞིག་ན་སངས་རྒྱས་ཀྱི་སྐུ་གཟུགས་གཅིག་ཆར་པས་འཇིག་ཏུ་ཉེན་པ་ལ་མི་ཞིག་གིས་རང་གི་ལྷམ་ཁྲད་ཀྱིས་ཆར་སྐྱོབ་བྱས་ནས་བཀབ་པ་མི་གཞན་ཞིག་གིས་སྐུ་ལ་ནོངས་ཀྱི་དོགས་ནས་བསལ་བས་གཉིས་ཀ་རྒྱལ་སྲིད་ཐོབ་པ་བཞིན་ནོ། །རྩ་བ། འདི་ལྟར་རྟག་དང་མངོན་ཞེན་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །རྣམ་པ་ལྔ་པོ་དགེ་སྡིག་ལྕི་ཡང་གི། །ཉེ་བར་ལེན་པའི་རྣམ་རིག་ལགས་པར་གསུངས། །ཞེས་པ་ནི། དེ་ལ་རྟག་པ་སྟེ་སྡིག་པ་ཆུང་ངུ་ཞིག་ཡིན་ཀྱང་ཡུན་རིང་པོར་སེམས་ལ་བརྣག་པའི་མཐར་སྲོག་གཅོད་སོགས་སྡིག་ལ་སྤྱོད་པའོ། །མངོན་པར་ཞེན་པ་ནི་ཡིད་ལ་བརྣག་པའི་སྡིག་པ་དེ་མ་འགྲུབ་བར་དུ་སེམས་རྣལ་དུ་མི་ཕེབས་ཤིང་དེ་ཁོ་ན་ལ་འབད་པའོ། །གཉེན་པོ་མེད་པ་ནི་ཆགས་སྡང་གི་སེམས་གང་སྐྱེས་པ་དེ་ལ་ཅུང་ཟད་ཙམ་ཡང་མི་འགྱོད་ཅིང་དེ་ཉིད་འགྲུབ་པའི་ཐབས་ལ་བརྩོན་པའོ། །གཞི་ལ་གཉིས་ཏེ་ཡོན་ཏན་གཙོ་ལྡན་ནི། དཀོན་མཆོག་གསུམ་དང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་དང་གང་ཟག་ཉོན་མོངས་ལས་གྲོལ་བ་དང་། དགེ་སྒྲུབ་སྡིག་སྤང་ལ་སྙིང་ནས་བརྩོན་པ་ཐམས་ཅད་དོ། །གཞི་ཕན་འདོགས་ཀྱི་ཆ་ནས་ཕ་མ་དང་། ལུགས་བཟུང་གཉིས་ཀའི་སྒོ་ནས་དྲིན་ཆེ་བ་རྣམས་དང་། མགོན་མེད་སྐྱབས་མེད་དུ་གྱུར་པའི་ཁས་ཉེན་དབུལ་ཕོངས་དང་དགྲ་འདྲེས་མནར་བ་ལ་སོགས་པའོ། །རྣམ་པ་ལྔ་པོ་དེ་ནི་དགེ་མི་དགེ་གཉིས་ཀའི་འཇུག་ལྡོག་འཕྱུག་མི་རུང་བའི་ལས་གལ་ཆེན་དུ་ཤེས་དགོས་སོ། །རྩ་བ། ཀུན་གྱི་རྟེན་བྱེད་ཀུན་གཞི་ལུང་མ་བསྟན། །དེ་ལས་ཡིད་དང་ཡུལ་ལྔའི་ཤེས་པ་ལངས། །ཀུན་ལ་ཁྱབ་བྱེད་མ་རིག་གདོན་ཆེན་གྱིས། །ཉོན་མོངས་གསུམ་བཟུང་འཁོར་བར་མཐོ་དམན་བྱས། །ཞེས་པ་ནི། འདི་ལྟར་ཀུན་གཞི་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོ་མ་རིག་པ་གཏི་མུག་གི་ས་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་མཆེད་ཡུལ་དགེ་སྡིག་གི་རྟོག་ཚོགས་གང་ཡང་མ་ཤར་བའི་ལུང་མ་བསྟན་དེ་ཀའོ། །དེ་ལས་རྣམ་པར་རིག་བྱེད་ཀྱི་previous hit སེམས་ཀུན་གཞིའི་རྣམ་ཤེས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་འཆར next hit་ཡུལ་དུ་གྱུར་ཀྱང་ཕྱིར་མ་འཕྲོས་ལ་འཕྲོ་ལ་ཁད་པ་འདི་ནི་དེང་དུས་ཕྲ་བ་ཞེས་ལ་ལ་དག་ངོས་འཛིན་བྱེད་རྒྱུ་འདིའོ། །དེ་ལས་དེར་འཛིན་གྱི་བློ་ངོས་འཛིན་རྒྱུ་ཡོད་ཙམ་ཤར་ནས་རྟོག་གཞི་ཕྲ་བ་ལ་ཕྲ་མོའི་དཔྱད་པ་ཅུང་ཟད་རེས་ཡོད་རེས་མེད་བྱེད་པ་ནི་ང་མེད་ལ་ང་ཡིར་འཛིན་པའི་ཡིད་དོ། །དེ་ལས་དུག་ལྔ་སོགས་ཆགས་སྡང་གི་previous hit སེམས་ཞེས་སྔོན་མ་འཆར next hit་གྲབ་བྱེད་པ་དང་ཤར་ནས་དགག་སྒྲུབ་ཀྱི་རྣམ་པར་ཤར་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་། དེ་ལའང་བླང་དོར་གྱི་འཇུག་ལྡོག་བྱེད་པ་ཐམས་ཅད་ཡིད་ཀྱི་རྣམ་ཤེས་སོ། །མདོར་ན་ཀུན་གཞི་རྟོག་མེད་ནི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་དང་། དེ་ལས་ང་ཡིར་འཛིན་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། དེ་ལས་ཡིད་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་བསྐྱེད་ནས་ཕྱི་ནང་གི་གཟུང་འཛིན་གྱི་རྣམ་པར་ཤར་བ་ཐམས་ཅད་ཀུན་བརྟག་གི་མ་རིག་པ་ཡིན་ནོ། །དེ་ཡང་དབང་པོའི་སྒོ་ལྔ་ལ་བརྟེན་ནས་ཡུལ་ལྔ་ལ་འཇུག་པའི་ཤེས་པ་སྔོན་མ་ལས་ཕྱི་མའི་ཚོགས་སྐྱེ་ཞིང་མཆེད་པས་ན་སྐྱེ་མཆེད་དང་། འདི་ལྟར་དབང་པོ་ལྔ་དང་ཤེས་པ་ལྔ་དང་ཡུལ་ལྔ་བཅས་འདུས་ཏེ་ཕན་ཚུན་རེག་པ་ལ་འདུས་ཏེ་རེག་པ་དང་དེ་ལས་ཆགས་སྡང་སོགས་སྐྱེས་པ་ལ་རྐྱེན་གྱིས་ཚོར་བའོ། །དེ་ཡང་ནང་དུ་ཡིད་ཀྱི་དབང་པོ་ནི་ཕྱི་རོལ་སྒོ་ལྔའི་རྣམ་ཤེས་ལས་ཤར་བའི་ཆགས་སྡང་རེ་དོགས་སྤང་བླང་གཉིས་འཛིན་ཐམས་ཅད་ཀྱི་བདག་པོ་བྱེད་ཅིང་། ནང་དུ་ལྐོག་གྱུར་གྱི་རྟོག་ཚོགས་ཐམས་ཅད་ཀྱི་བྱུང་གནས་འགྲོ་གསུམ་གྱི་རྟེན་བྱེད་ཅིང་། དེའི་བརྟེན་ཡུལ་ལམ་གཞི་དེ་སེམས་ཞེས་འདོད་ལ། ཕྱི་ནང་གི་རྟོག་ཚོགས་ཐམས་ཅད་སོ་སོ་རང་རང་གི་རྣམ་པ་ཇི་བཞིན་པར་ཤེས་པ་ལ་རྣམ་ཤེས་ཟེར་མོད། འོན་ཀྱང་མདོ་རྒྱུད་དང་གྲུབ་མཐའ་སོ་སོའི་འདོད་གཞུང་ཡོད་ཀྱང་འདིར་དེ་ཙམ་མོ། །མདོར་བསྡུ་ན་རྣམ་པར་ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་དབང་པོ། ཡིད་ལ་བྱེད་པ་གསུམ་ལས་དུག་གསུམ་གྱི་ཀུན་སློང་ཤར་ནས་ལས་བསགས་པ་ཐམས་ཅད་མི་དགེ་བའོ། །དེ་ལས་ལོག་ནས་བྱམས་སྙིང་རྗེ་སོགས་ཀྱིས་ལས་བསགས་པ་ཐམས་ཅད་དགེ་བའོ། །དེའང་དམ་པ་གསུམ་གྱིས་ཟིན་པའི་རྣམ་དཀར་གྱི་ལས་ཅི་ཙམ་བསགས་ཀྱང་ལྷ་མིའི་བདེ་འབྲས་བསྐྱེད་ནས་ཟད་པར་འགྱུར་བས་ན་བསོད་ནམས་ཆ་མཐུན་གྱི་དགེ་བའོ། །དེ་ལས་ལོག་ནས་གོང་མ་གསུམ་གྱིས་ཟིན་པ་ལ་ཐར་པ་ཆ་མཐུན་ཏེ་བྱང་ཆུབ་ཀྱི་རྒྱུར་འགྲོ་བའོ། །དེ་གཉིས་ཀ་དང་འགལ་བའི་དུག་གསུམ་གྱི་ཀུན་སློང་དང་འདྲེས་པའི་དགེ་བས་ཀྱང་ངན་སོང་སོགས་སྡུག་བསྔལ་གྱི་རྒྱུ་བྱེད་པའོ། །རྩ་བ། ཇི་ལྟར་མེ་ནི་འབར་ཞིང་བསྲེག་པ་ཡི། །གཉེན་པོར་ཆས་པ་ཆུ་ལས་གཞན་མེད་ན། །དཀོན་མཆོག་གསུམ་པོ་བསླུས་ཤིང་སྤངས་པ་ཡི། །སྡིག་ཆེན་དེ་ལ་དོ་ཟླ་རྙེད་པ་མིན། །ཞེས་པ་ནི། འདི་ལྟར་མེ་ནི་ཆེར་འབར་ཞིང་གང་འཕྲད་བསྲེག་པར་བྱེད་པ་ཡང་གཞིལ་ཞིང་གསོད་པའི་གཉེན་པོ་ཆུ་ལས་གཞན་མེད་པ་ལྟར། སྡིག་པའི་ལས་དཔག་མེད་བསགས་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ནས་བཤགས་པ་ཕུལ་ན་བཤགས་སུ་ཡོད་ཀྱང་། སྐུ་གསུང་ཐུགས་རྟེན་བཤིག་པ་དང་། གསུང་རབ་སོགས་བཙོངས་པའི་བསླུས་ཟོས་པ་དང་། དཀོར་བག་མེད་ལ་འབགས་ཀྱང་དཀོར་སྦྱོང་མ་བྱས་པ་མཆོག་གསུམ་རིན་པོ་ཆེར་བརྙས་གཤུངས་ཀྱི་སྒོ་ནས་སྨོད་སྐུར་བཏབ་པ་སོགས་ནི་བཤགས་ཡུལ་སྤངས་པ་ཡིན་པའི་དཔེ། མེ་གསོད་པའི་ཐབས་ལ་ཆུ་བསྔགས་ཀྱང་ཆུ་མེར་གྱུར་ན་དེ་གསོད་ཐབས་བྲལ་བཞིན་ལགས་པས་རང་ཉིད་ལེགས་སུ་འདོད་པ་དག་མཁས་རློམས་ཀྱི་སྒོ་ནས་མཆོག་གསུམ་མ་སྤོངས་ཤིག །དེ་ཡང་སྐྱེ་བོ་མ་བརྟགས་པ་དང་། བབ་ཅོལ་དུ་འཇུག་པ་རྣམས་ནི་དཀོན་མཆོག་གི་དཀོར་ལ་ཅི་མི་སྙམ་དུ་སྤྱོད་པ་སོགས་ནི་མཚམས་མེད་ལྔ་དང་མཉམ་པར་གསུངས་མོད། དེ་ནི་སྐུ་གསུང་ཐུགས་རྟེན་གྱི་དང་བླ་མའི་རྫས་དང་ཡོ་བྱད་ལ་རྐུ་འཕྲོག་སོགས་བྱས་པ་སོགས་ལ་འཇུག་པ་ལས་གཞན་གསོན་གཤིན་གྱི་ཆེད་དུ་བླ་མ་དང་དགེ་འདུན་པ་ལ་འབུལ་བ་བྱས་པ་ལ་གསུངས་པ་མིན་ཏེ། དེ་ལྟར་ན་ཚོགས་བསག་ཡུལ་དབེན་པའི་ཕྱིར་རོ། །རྩ་བ། དེ་ལས་གཞན་དུ་འགྲོ་བའི་ཀུན་རྟོག་ལ། །རང་བཞིན་འབྲེལ་གྱུར་སེམས་དང་སེམས་བྱུང་ལས། །མཐའ་དག་བློ་ཡིས་ཐུག་པ་མ་མཆིས་ཀྱང་། །ལུས་ངག་ཡིད་ལ་རྟེན་དང་བརྟེན་པ་ཅན། །སྤང་བྱའི་རྒྱུ་འབྲས་རྣམ་པ་བཅུར་གནས་པའི། །ཞེས་པ་ནི་གོང་དུ་བཤད་པའི་དབང་པོའི་སྒོ་ལྔ་དང་ཡིད་ཤེས་ཙམ་གྱིས་ལས་མི་གསོག་ཀྱང་ཉོན་ཡིད་ཀྱིས་ཀུན་གཞིའི་སྟེང་དུ་ལས་གསོག་པའི་སེམས་རྟོག་རག་པའི་ཚོར་བ་ནི་གསུམ་སྟེ། ཡུལ་ཡིད་དུ་འོང་བ་ལ་བདེ་བ། མི་འོང་བ་ལ་སྡུག་བསྔལ། བར་མ་ལ་བཏང་སྙོམས་སོ། །འདུ་ཤེས་ལ་ཡང་གསུམ་སྟེ། ཡུལ་ལ་འཇུག་པ་རྒྱ་ཆེ་བ་ཆུང་བ་བར་མའོ། །དེ་ལས་ཀྱང་འདུ་བྱེད་ལ་སེམས་བྱུང་ལྔ་བཅུ་རྩ་གཅིག་སྟེ། ལྡན་པའི་འདུ་བྱེད་ཀུན་ཏུ་འགྲོ་བ་ལྔ་ནི། རེག་པ། ཚོར་བ། ཡིད་ལ་བྱེད་པ། འདུ་ཤེས། སེམས་པའོ། །ཡུལ་སོ་སོར་ངེས་པ་ལྔ་ནི། མོས་པ། འདུན་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་བོ། །དགེ་བ་བཅུ་གཅིག་ནི། དད་པ། ངོ་ཚ། ཁྲེལ་ཡོད་པ། བག་ཡོད་པ། བཏང་སྙོམས། མི་འཚེ་བ། ཤིན་ཏུ་སྦྱངས་པ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། ང་རྒྱལ་མེད་པའོ། །རྩ་བའི་ཉོན་མོངས་པ་དྲུག་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་བལྟ་བ། ཐེ་ཚོམ་མོ། །ཉེ་བའི་ཉོན་མོངས་པ་ཉི་ཤུ་ནི། ཕྲག་དོག །སེར་སྣ། གཡོ་སྒྱུ། རྒྱགས་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། གཡེང་བ། བག་མེད་པ། བརྗེད་ངས་པ། ཤེས་བཞིན་མ་ཡིན་པ། འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། ཁྲོ་བ། འཁོན་འཛིན། འཆབ་པ། འཚིག་པ་རྣམས་སོ། །འགྱོད་པ། གཉིད། རྟོག་པ། དཔྱོད་པ་བཞི་ནི་གཞན་དུ་འགྱུར་བའོ། །ཉོན་མོངས་པའི་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་བློས་ཐུག་པ་མ་ཡིན་ནོ། །དེ་རྣམས་མདོར་བསྡུས་ཏེ་འཆད་ན། རྩ་བ། ལུས་ཀྱི་གསུམ་ནི་སྲོག་གཅོད་མ་བྱིན་བླང་། །ལོག་པར་གཡེམ་ལས་དང་པོ་སྲོག་གཅོད་ནི། །འདུ་ཤེས་མ་འཁྲུལ་གཞན་སྲོག་བསམ་བཞིན་གཅོད། །ཕྱོགས་མཐུན་བརྡེག་བཙོག་ལ་སོགས་འཚེ་བ་བགྱིད། །མ་བྱིན་བླང་བ་གཞན་ནོར་ཤེས་བཞིན་བརྐུ། །ཕྱོགས་མཐུན་གཡོ་དང་སྒྱུ་ཡིས་ལེན་པ་དང་། །འདོད་ལོག་གླ་རྔན་ཐོབ་ལ་རེག་པ་སྤྲོད། །ཕྱོགས་མཐུན་བགྲོད་བྱ་མ་ཡིན་འཁྲིག་པའི་ཆོས། །ཞེས་པ་ནི་དེ་ལ་སྲོག་གཅོད་ཀྱི་ཉེས་པ་ལ་ཡན་ལག་ལྔ་སྟེ། གཞི་སེམས་ཅན་ཡིན་པ་དང་། ཡིན་པ་ལ་སེམས་ཅན་དུ་འདུ་ཤེས་པ་དང་། དེ་གསོད་པར་བསམ་པ་དང་། སྦྱོར་བ་གསོད་གྲབ་བྱས་འཕྲལ་དུ་ཤི་བའི་དུས་གཞན་དུ་ཤི་བའོ། །ཕྱོགས་མཐུན་ནི་གསོད་སེམས་མེད་བཞིན་དུ་སྤྱོད་ལམ་མ་གཟོ་བའི་རྐྱེན་གྱིས་ཤི་བའོ། །མ་བྱིན་བླང་ལ་ཡན་ལག་བཞི་སྟེ། ཟས་ནོར་གང་ཡིན་གཞན་གྱི་ཡིན་པ་དང་། ཡིན་པར་རང་གིས་ཤེས་པ་དང་། ཤེས་བཞིན་དུ་བརྐུ་བར་བསམ་པ་དང་། བརྐུས་ནས་རང་གི་ཐོབ་པའོ། །ཕྱོགས་མཐུན་ནི་ཉོ་ཚོང་སོགས་ལ་མགོ་གཡོག་བཏང་བ་གཡོ་དང་། བྲེ་ལོག་སྲང་ལོག་འཇུག་པ་ལྟ་བུ་སྒྱུ་དང་། དབང་ཤེད་ཀྱིས་འཕྲོག་པ་རྣམས་སོ། །འདོད་ལོག་ལ་རྣམ་པ་བདུན་ཏེ། རང་གི་ཁུ་བ་འབྱིན་པ་དང་། རང་གི་ཆུང་མ་ཡིན་ཀྱང་ཉིན་པར་དང་། བསྙེན་གནས་ལ་སྡོད་སྐབས་དང་། ན་བ་སྦྲུམ་པ་མྱ་ངན་ཅན། ཟླ་མཚན་འབབ་དུས། བང་མ་སངས་པ་དག་གོ། །གནས་མ་ཡིན་པ་ཕ་མ། བླ་མ་དང་རྟེན་གསུམ་གྱི་དྲུང་དུའོ། །ཡན་ལག་མ་ཡིན་པ་ནི། ཁ་དང་གཤང་ལམ་སོགས་མོ་དབང་ལས་གཞན་པ་ཐམས་ཅད་དོ། །གཞན་ཡང་སྡོམ་ལྡན་མའི་སྡོམ་པ་ཉམས་རྐྱེན་བྱས་པ་དང་། གཞན་གྱི་ཆུང་མ་དང་། ཕ་མ་དང་། མིང་པོ་སོགས་ཕ་མིང་ཕྱོགས་དང་། གྱོས་སྒྱུག་སོགས་གཞན་ཕྱོགས་ནས་བསྲུང་བ་སྨད་འཚོང་མ་ལྟ་བུའང་གཞན་གྱིས་གླ་རྔན་བྱིན་ཟིན། བུད་མེད་མིན་ཀྱང་སྐྱེས་པ་དང་དུད་འགྲོ་སོགས་ལ་སྤྱོད་པའོ། །ལོག་གཡེམ་དེ་དག་ནི། ཡུལ་དུས་སོགས་དེ་དང་དེར་འདུ་ཤེས་པ། སྦྱོར་བ་བྱས་པ། ཚོར་བ་ཉམས་སུ་མྱང་བའོ། །རྩ་བ། ངག་གི་བཞི་ནི་རྫུན་སྨྲས་གཞན་དག་འཁྲུལ། །ཕྱོགས་མཐུན་འདུ་ཤེས་བསླད་ནས་གཞན་སེམས་བསླུ། །ཕྲ་མ་མཐུན་ནམ་བཏང་སྙོམས་གནས་པ་འདྲལ། །ཕྱོགས་མཐུན་སྐྱོན་ཚིག་གཞན་བཟློས་འཁོན་དུ་འཆོས། །ངག་འཁྱལ་བྲེ་མོའི་གཏམ་ལས་ཆགས་སྡང་བསྐྱེད། །ཕྱོགས་མཐུན་དམག་དང་ཆོམ་རྐུན་འབྲེལ་མེད་གཏམ། །ཆིག་རྩུབ་ཕ་རོལ་སྙིང་ལ་འབིགས་པ་སྟེ། །ཕྱོགས་མཐུན་གཞན་ཡིད་མི་བདེའི་རྐྱེན་དང་སྤྲོད། །ཅེས་པ་ནི་དེ་ཡང་རྫུན་དངོས་ནི་ཡན་ལག་བཞིས་རྫོགས་ཏེ་སྨྲ་བའི་གཞི་མ་ནོར་བ། གཞན་བསླུ་བའི་བསམ་པ་ཡིད་ལ་བཞག་ནས་མི་བདེན་པར་སྨྲས་པ། དེའི་འདུ་ཤེས་འགྱུར་བའོ། །གཞན་ཡང་ཐེ་ཚོམ་ཟ་བའི་རིགས་ལ་མ་ངེས་བཞིན་དུ་ཁ་ཚོན་གཅོད་པ་ཡང་རྫུན་ཡིན་པར་གསུངས་སོ། །བླ་མ་དག་རང་བསམ་སྦྱོར་གང་ཡང་ཐ་མལ་ལས་མ་འཕགས་བཞིན་དུ་ཡོན་ཏན་དང་མངོན་ཤེས་སོགས་ཡོད་ཚུལ་གྱིས་ལྐོག་གྱུར་སྟོན་རློམས་སོགས་ནི་རྫུན་རླབས་ཆེན་པོ་མི་ཆོས་བླ་མའི་རྫུན་ཞེས་གྲགས་པའོ། །གཞན་ལ་གནོད་མིན་གྱིས་རྫུན་ཆེ་ཆུང་དུ་དབྱེ་ཚུལ་ཡང་ཤེས་དགོས་སོ། །ཕྲ་མ་ནི་ཡན་ལག་གསུམ་གྱིས་རྫོགས་ཏེ། དབྱེ་གཞི་མཐུན་ནམ་བཏང་སྙོམས་པ་འདྲལ་བ། དབྱེན་སྦྱོར་གྱི་ཚིག་སྨྲས་པ། མཐར་དོན་གོ་བའོ། །དེ་ལའང་བཙན་ཕྲ་ནི་ངོས་དབྱེན། ལྐོག་ཕྲ་ནི་ལྐོག་དབྱེན། གཞོགས་ཕྲ་ནི་དབྱེ་གཞི་དགའ་བར་བྱས་ནས་དབྱེན་འཇུག་པའོ། །ངག་འཁྱལ་བ་ནི་ཡན་ལག་གཉིས་ཏེ་ཆོས་མིན་གྱི་ཚིག་བརྗོད་པར་འདོད་པ་དང་སྨྲ་བའོ། །འདི་ལྟར་ཆགས་སྡང་གི་སེམས་ཀྱིས་དོན་དང་མི་ལྡན་པའི་གཏམ་བརྗོད་པ་ཀུན་ངག་འཁྱལ་དུ་བསྡུའོ། །ཚིག་རྩུབ་ནི་ཡན་ལག་གསུམ་གྱིས་རྫོགས་ཏེ། གཞི་བརྗོད་ཡུལ་གྱི་མི་དེ་ལ་ཆེད་དུ་དམིགས་པ་དང་། སྦྱོར་བ་དེའི་སྐྱོན་ཚིག་སོགས་བརྗོད་པ། མཐར་ཐུག་མི་དགའ་བར་བྱས་པའོ། །དབྱེ་ན་ངོར་རྩུབ་པ་དང་། བརྒྱུད་ནས་རྩུབ་པའོ། །རྩ་བ། ཡིད་ཀྱི་གསུམ་ལས་དང་པོ་བརྣབ་སེམས་ནི། །གཞན་འབྱོར་དཔལ་ལ་བརྔམས་ཤིང་བདག་གིར་བྱེད། །ཕྱོགས་མཐུན་ཕ་རོལ་རྫས་ལ་བརྐམ་ཞིང་མྱང་། །གནོད་སེམས་གཞན་ལ་ཁོང་འཁྲུགས་འཚེ་བ་སློང་། །ཕྱོགས་མཐུན་ཕན་པས་འབྲེལ་ལ་འདུ་འབྲལ་བསྒོམ། །ལོག་ལྟ་རྒྱུ་འབྲས་མེད་དང་རྟག་ཆད་བལྟ། །ཕྱོགས་མཐུན་མེད་ལ་སྒྲོ་འདོགས་ཡོད་ལ་བསྐུར། །ཞེས་པ་ནི་བརྣབ་སེམས་ནི་ཡན་ལག་གཉིས་ཏེ། གཞི་བརྣབ་རྒྱུའི་དངོས་རྫས་གཞན་གྱི་ཡིན་པ་དང་། དེ་ལ་བརྣབ་སེམས་བསྐྱེད་པའོ། །དོན་ནི་གཞན་གྱི་འབྱོར་པ་ལོངས་སྤྱོད་རྣམས་བདག་གི་ཡིན་ན་དང་ཐོབ་ན་སྙམ་ནས་རློམས་པ་བྱེད་པའོ། །གནོད་སེམས་ནི་ཡན་ལག་གཉིས་ཏེ། གཞི་གནོད་པ་བྱེད་ཡུལ་ཤེས་པ་དང་། དེ་ལ་གནོད་སེམས་སྐྱེས་པའོ། །དེ་ཡང་ཆོས་བཞི་དང་ལྡན་པ་ཡིན་ཏེ། གནོད་བྱེད་མནར་འདོད་ཞེ་སྡང་གི་སེམས། འཁོན་འཛིན་མི་བརྗོད་པ་ཁོང་ཁྲོའི་སེམས། དེ་ལ་བཟོད་པ་བྲལ་བ་ང་རྒྱལ་གྱི་སེམས། དེ་ཉིད་བསད་ན་དང་བརྡེག་ན་སྙམ་པ་འཁུ་བའི་སེམས། ངོ་ཚ་དང་ཉེས་དམིགས་ལ་ཅང་མི་སེམས་པ་གཏི་མུག་གི་སེམས་སོ། །ལོག་ལྟ་ནི་ཡན་ལག་གཉིས་ཏེ། གཞི་རྒྱུ་འབྲས་བསླུ་མེད་ལ་བསམ་པ་ཕྱིན་ཅི་ལོག་དགེ་སྡིག་གཉིས་ལ་བདེ་སྡུག་གི་འབྲས་བུ་སྨིན་པར་མི་འདོད་པའོ། །རྩ་བ། ཀུན་ལ་འབྲས་བུ་བཞི་བཞིར་སྨིན་པའི་ཚུལ། །རྣམ་སྨིན་རྒྱུ་མཐུན་དབང་དང་བྱེད་པ་ལས། །ཞེས་པས། རྣམ་སྨིན་དང་། རྒྱུ་མཐུན་དང་། དབང་ངམ་བདག་པོའི་འབྲས་བུ་དང་གསུམ། བྱེད་པའི་འབྲས་བུ་དང་བཞིའོ། །རྩ་བ། རྣམ་སྨིན་འབྲས་བུ་ཆོས་ལྔ་ལྡན་ནམ་མིན། །ཀུན་སློང་གསུམ་གྱི་ཆུང་ངུས་དུད་འགྲོ་དང་། །འབྲིང་གིས་ཡི་དྭགས་ཆེན་པོས་དམྱལ་བར་འཕེན། །འདི་ལྟར་རྣམ་སྨིན་གྱི་འབྲས་བུ་ལ་ཆོས་ལྔ་ལྡན་ནི་ཞེས་པའི་དུག་གསུམ་གང་རུང་གིས་ཀུན་ནས་སློང་བའི་སེམས་དང་། རྗེས་སུ་སྤྱོད་པའི་སྦྱོར་བ་དང་། སྦྱོར་གཞི་བསམ་པ་དེ་ཉིད་དང་། སྦྱོར་འབྲས་དངོས་གཞི་ཉིད་སྤྱད་པ་དང་། མཇུག་རྗེས་སུ་ཡི་རང་བ་སྟེ་ཆོས་ལྔ་པོ་དེ་ཚང་ན་མི་དགེ་བའི་ལས་དེ་མཐར་ཕྱིན་པའོ། །དེ་ཡང་མི་དགེ་བ་བཅུ་པོ་དེ་ཆུང་ངུ་སྤྱོད་པ་དང་། གཏི་མུག་ཁོ་ནས་བྱས་ན་དུད་འགྲོ་དང་། འབྲིང་དུ་སྤྱོད་པ་དང་། འདོད་ཆགས་ཀྱི་སྒོ་ནས་བྱས་ན་ཡི་དྭགས། ཆེན་པོ་སྤྱོད་པ་དང་། ཞེ་སྡང་གི་སྒོ་ནས་བྱས་ན་དམྱལ་བར་སྐྱེ་བ་སོགས་དྲན་པ་ཉེར་བཞག་ལས་བཤད་པ་ཉུང་ངུར་བསྡུས་སོ། །ཕ་དང་རང་སངས་རྒྱས་གསོད་པ་སྲོག་གཅོད་ཀྱི་མ་རུངས་པ་དང་། མཆོག་གསུམ་གྱི་ཡོ་བྱད་འཕྲོག་པ་མ་ཡིན་ལེན་པ་མ་རུངས་པ། མ་དང་དགྲ་བཅོམ་མ་ལ་སྤྱོད་པ་ལོག་གཡེམ་ནང་ན་མ་རུངས་པ། སངས་རྒྱས་རྣམས་ལ་སྐུར་འདེབས་བྱེད་པ་རྫུན་གྱི་ནང་ན་མ་རུངས་པ། དགེ་འདུན་པར་དབྱེན་བྱེད་པ་ཕྲ་མའི་ནང་ན་མ་རུངས་པ། འཕགས་པ་རྣམས་ལ་མི་སྙན་པ་བརྗོད་པ་ཚིག་རྩུབ་མ་རུངས་པ། ཆོས་འདོད་རྣམས་གཡེང་བར་བྱེད་པ་ངག་འཁྱལ་མ་རུངས་པ། ཡང་དག་འཇོག་གི་ཟས་ནོར་འཕྲོག་པར་རློམས་པ་བརྣབ་སེམས་མ་རུངས་པ། མཚམས་མེད་ཀྱི་ལས་བྱེད་ལ་གནོད་སེམས་མ་རུངས་པ། རང་ལྟ་མཆོག་ཏུ་འཛིན་པ་ལོག་ལྟ་མ་རུངས་པའོ། །རྩ་བ། རྒྱུ་མཐུན་འབྲས་བུ་རྣམ་པ་གཉིས་གྲུབ་སྟེ། །བྱེད་པ་རྒྱུ་མཐུན་བྱེད་ལས་མཐུན་པར་སྐྱེ། །ཞེས་པ་ནི་འདི་ལ་གཉིས་བྱེད་པ་རྒྱུ་མཐུན་དང་མྱོང་བ་རྒྱུ་མཐུན་ནོ། །དང་པོ་ནི། ཚེ་འདིར་མི་དགེ་བ་ཁོ་ནས་དུས་འདའ་བར་བྱས་པའི་བྱེད་པ་རྒྱུ་མཐུན་རེ་ཞིག་མཐོ་རིས་མིའི་ལུས་རྟེན་ཙམ་ཐོབ་ཀྱང་ད་དུང་ལས་སྔ་མའི་མུ་མཐུད་ན་སྲོག་གཅོད་ལ་མཚོན་ན་བཤན་པ་ཚོས་དེ་རིང་སྲོག་མང་དུ་བཅད་ནས་དོ་ནུབ་གཉིད་ལོག་ན་སང་ཡང་སྲོག་གཅོད་པ་ལ་དགའ་ཞིང་བརྩོན་པ་དང་མཚུངས་སོ། །ཚུལ་དེ་ལྟ་བུའི་མི་དགེ་བ་གཞན་ཡང་རྗེས་སུ་དཔག་གོ། །རྩ་བ། མྱོང་བ་རྒྱུ་མཐུན་མཐོ་རིས་ཐོབ་གྱུར་ཀྱང་། །རིམ་བཞིན་མི་དགེ་བཅུ་ལ་གཉིས་གཉིས་ལྡན། །འཚོ་བ་ཐུང་ལ་ནད་ཀྱང་རྣམ་གྲངས་མང་། །ཡོ་བྱད་ཉུང་ཞིང་དགྲ་དང་ཐུན་མོང་ཅན། །ཁྱིམ་ཐབ་མི་མཛེས་དགྲ་ཟླར་འབྲེལ་བ་དང་། །བསྐུར་བས་གདུང་ཞིང་གཞན་གྱིས་བསླུ་བ་མང་། །འཁོར་གཡོག་ངན་ཞིང་འདུམ་པར་དཀའ་བ་དང་། །མི་སྙན་མང་ཐོས་འཐབ་མོའི་ཚིག་ཏུ་འདྲུལ། །ཚིག་བཟུང་མི་ནུས་ཡིད་ཆེས་ཞན་པ་དང་། །ཆོག་མི་ཤེས་དང་འདོད་པས་གདུང་བ་དང་། །གནོད་པ་འདུ་ཞིང་ཕན་པ་འབྲལ་བ་དང་། །བལྟ་བ་ངན་དང་གཡོ་སྒྱུས་འཁྲུགས་པའོ། །ཞེས་པ་ནི་སྲོག་བཅད་པའི་རྣམ་སྨིན་གྱིས་རེ་ཞིག་དམྱལ་བར་མ་སྐྱེས་ནས་མིར་སྐྱེས་ནའང་མྱོང་བ་རྒྱུ་མཐུན་གྱི་ཚེ་ཐུང་ཞིང་ནད་མང་བའོ། །མ་བྱིན་ལེན་གྱི་མྱོང་བ་རྒྱུ་མཐུན་གྱིས་ལོངས་སྤྱོད་ཆུང་ཞིང་གཞན་དང་ཐུན་མོང་དུ་འགྱུར་རོ། །དེའི་འགྲེས་ཀྱིས། ལོག་གཡེམ་གྱིས། ལྷོད་པ་དང་བཅས་པའི་ཆུང་མ་དང་གཡོག་འཁོར་མི་བསྲུན་པའོ། །བརྫུན་གྱིས། སྐུར་བ་མང་བ་དང་གཞན་གྱིས་བསླུ་བའོ། །ཕྲ་མས་ནི། གཡོག་མི་མཐུན་དང་ངན་པའོ། །ཚིག་རྩུབ་མོས། ཚིག་ངན་དང་འཐབ་ཚིག་ཐོས་པར་འགྱུར་རོ། །ཀྱལ་པས་ནི། ཚིག་མི་བཙུན་པ་དང་། སྤོབས་པ་མེད་པའོ། །བརྣབ་སེམས་ཀྱིས། ཆོག་ཤེས་མེད་པ་དང་། འདོད་པ་ཆེ་བའོ། །གནོད་སེམས་ཀྱིས། འགལ་ཟླས་གླགས་བལྟ་བ་དང་། གཞན་གྱིས་མནར་བའོ། །ལོག་ལྟས། ལྟ་བ་ངན་པ་དང་། གཡོ་སྒྱུ་ཅན་དུ་འགྱུར་རོ། །རྩ་བ། དབང་གི་འབྲས་བུ་ཡུལ་དང་རྟེན་ཅིང་འབྲེལ། །སྲོག་གཅོད་སྡིག་ཏོའི་ཁུར་གྱིས་ནོན་པ་སྟེ། །ས་ཕྱོགས་བག་ཆུང་སྨན་ཤིང་མེ་ཏོག་ཉུང་། །ལོ་འབྲས་བཟའ་བཏུང་མཐུ་ཉམས་འཇུ་དཀའ་ཞིང་། །སྲོག་ལ་ཡ་ངའི་གནས་སུ་ཕྱིན་པར་འགྱུར། །མ་བྱིན་བླང་པས་མྱུ་གུ་འཇོམས་པ་སླ། །བཟའ་ཤིང་ཡོད་ཀྱང་འབྲས་བུས་རྣམ་པར་སྨད། །སད་ཀྱིས་གདུངས་དང་སེར་བས་རྣམ་པར་འཐག །མུ་གེའི་སྡུག་བསྔལ་སྙིང་ལ་འཕོ་བར་སྐྱེ། །ལོག་པར་གཡེམ་པས་གཤང་གཅིའི་འདམ་རྫབ་ཁྲོད། །དྲི་ངའི་ཚོར་བ་རྩུབ་མོས་དབུགས་མི་ཕྱིན། །མི་གཙང་ལྗན་ལྗིན་དོག་ཅིང་ཉམས་མི་དགའི། །ཡུལ་དུ་སྐྱེ་བའི་འཁྲི་ཤིང་དབང་མེད་འཛུག །རྫུན་གྱིས་འབྱོར་པ་གཡོ་ཞིང་ཡུལ་མི་མཐུན། །གཞན་གྱིས་བསླུ་དང་འཇིགས་པས་བརྟབས་ཤིང་སྐྲག །ཕྲ་མས་ས་ཕྱོགས་ངན་གྲོག་གཅོང་རོང་ཅན། །བགྲོད་དཀའ་མཐོ་དམན་ཅན་གྱི་ཡུལ་ལ་གནས། །བརྗོད་པ་རྩུབ་མོས་རྡོ་གསེག་ཚེར་མ་ཅན། །སྡོང་དུམ་འབྲས་ངན་རྩུབ་དང་ཉམས་མི་བདེ། །ཚྭ་སྒོ་ཅན་དང་རྡུལ་མང་ཉལ་ཉིལ་ཁྲོད། །ཡིད་མི་བདེ་བའི་ཚོར་བ་ཉམས་སུ་མྱོང་། །ཀྱལ་ཀས་སོ་ནམ་ངལ་བ་འབྲས་མེད་ཅིང་། །དུས་ཀྱི་རྗེས་སུ་མི་འགྲོ་མི་བརྟན་འགྱུར། །བརྣབ་སེམས་སྦུན་དང་འབྲས་བུ་གོ་ལྡོག་ཅིང་། །གནས་དུས་གདུག་པས་སྐབས་བཙལ་མཐོང་བར་སྐྱེ། །གནོད་སེམས་སྡིག་སྤྱོད་རྒྱལ་པོ་དང་འབྲེལ་ཞིང་། །ཆོམ་རྐུན་སྦྲུལ་གདུག་མི་རྒོད་གཅན་གཟན་རྩུབ། །ལོ་ཏོག་འབྲས་བུའི་རོ་ཡང་ཚང་ཞིང་ཁ། །རང་བཞིན་གནོད་པས་བཀབ་པའི་ཡུལ་དུ་སྐྱེ། །ལོག་ལྟས་རིན་པོ་ཆེ་སོགས་ཕུན་ཚོགས་ཀྱི། །འབྱོར་པས་ཀུན་ནས་སྤོང་ཞིང་སྨན་ཤིང་ཉུང་། །མེ་ཏོག་འབྲས་བུ་དག་ཀྱང་མཐུ་ཆུང་ལ། །སྐྱབས་དང་སྐྱོབ་པ་དཔུང་གཉེན་མེད་པར་སྐྱེ། །འདི་ནི་རྩ་བ་ཉིད་ཀྱིས་གསལ་བ་ལས་འགྲེལ་པ་ལོགས་སུ་མི་དགོས་སོ། །ཡང་རྩ་བ། སྐྱེས་བུས་བྱེད་པའི་འབྲས་བུ་གང་བྱས་ལས། མང་པོར་འཕེལ་བས་སྡུག་བསྔལ་མཐའ་དག་བསྐྱེད། །འདི་ནི་བྱེད་པ་རྒྱུ་མཐུན་དང་མི་འདྲ་བའི་ཁྱད་པར་ཡང་། སྙིང་ཐག་པ་ནས་སྡིག་པ་ལ་དགའ་བར་བྱེད་པ་དེ་དག་ནི་ཚེ་འདིར་ཡང་ཕྱིར་ཞིང་སྡིག་པ་འཕེལ་བས་སྡུག་བསྔལ་བར་འགྱུར་ལ། ཕྱི་མ་ཡང་དེ་དང་མཚུངས་པའི་ལུས་ལེན་པར་འགྱུར་ཞིང་མཐར་ངན་སོང་ལས་ཐར་པ་རྙེད་པར་དཀའོ། །རྩ་བ། འདི་ལྟར་མུན་པ་ལས་ཀྱང་མུན་ནག་ཅན། །འཁོར་བའི་བརྩོན་ར་ཤིན་ཏུ་བརྣག་དཀའ་བར། །ཉེར་ལེན་ཕུང་པོའི་སྟེང་དུ་སྡུག་བསྔལ་དབལ། །བཟོད་དཀའི་ཚོར་བ་ཐོབ་འདི་སྡིག་པས་བྱས། །ཞེས་པ་ནི་འདི་ལྟར་མུན་པ་ལས་ཞེས་པ་འཇིག་རྟེན་ན་སྣང་བྱེད་འགག་པའི་མཚན་མོ་ལས་ཀྱང་ཤིན་ཏུ་ནག་པའི་མ་རིག་པའི་མུན་པ་ནག་པོ་ཅན་ནི། འཁོར་བའི་བཙོན་ར་འགྲོ་བ་རིགས་དྲུག་སྤྱི་དང་ཁྱད་པར་ཤིན་ཏུ་བརྣག་པར་དཀའ་བའི་ངན་སོང་གི་གནས་ག་ལ་བར། ཉེ་བར་ལེན་པའི་ཕུང་པོ་ལྔའི་སྟེང་དུ་སྡུག་བསྔལ་གྱི་དབལ་བཟོད་དཀའ་བའི་ཚོར་བ་ཐོབ་པ་འདི་དགྲ་འདྲེ་སུས་ཀྱང་བྱས་པ་མ་ཡིན་ཞིང་སྡིག་པ་ཁོ་ནས་བྱས་པའོ་ཞེས་འབྲུ་མནན་ནས་འགྲེལ་སྦྱར་ཞིང་། དེ་ལས་གལ་ཆེན་རགས་རིམ་ཞིག་སྨོས་ན། དེའང་སྡིག་པ་སྟོབས་ཆེ་བ། ཕ་དང་མ་དང་དགྲ་བཅོམ་པ་བསད་པ་དང་གསུམ། དགེ་འདུན་གྱི་དབྱེན་བྱེད་པ་དང་བཞི། རྒྱལ་བའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ནི་སྔོན་སངས་རྒྱས་ཞལ་བཞུགས་པའི་དུས་སུ་ལྷས་སྦྱིན་གྱིས་སྒྱོགས་འཕངས་པ་ལྟ་བུ་དང་། དེང་དུས་སྐུ་གཟུགས་བཤིག་བྲལ་བྱེད་པ་རྣམས་ནི་མཚམས་མེད་པ་ལྔའོ། །དེ་དང་ཉེ་བ་ལྔ་ནི། མཆོད་རྟེན་བཤིག་པ་དང་། བྱང་སེམས་གསོད་པ། དགྲ་བཅོམ་མ་ལ་ཆགས་པ་སྤྱོད་པ། འཕགས་པ་སློབ་པ་གསོད་པ། དགེ་འདུན་པར་བཀུར་སྟིའི་སྒོ་བཀག་པའོ། །ལྕི་བ་བཞི་ནི། མཁས་པའི་གོང་ལྕི། དགེ་སློང་གི་ཕྱག་ལྕི། སྒྲུབ་པ་པོའི་ཟས་ལྕི། སྔགས་པའི་རྫས་ལྕི། དེ་བཞིན་དུ། མི་ཆོས་ཀྱི་མནའ་ཟོས་པ། ཉན་ཐོས་ཀྱི་ཁྲིམས་དང་། བྱང་སེམས་ཀྱི་བསླབ་བྱ། གསང་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་ལྕིའོ། །ཡང་གཏི་མུག་གི་དབང་གིས་སྟོན་པའི་སྐུ་ལ་སྨད་པ་དང་། ང་རྒྱལ་གྱི་དབང་གིས་མཁས་པའི་ཡོན་ཏན་སྨད་པ་དང་། ཕྲག་དོག་གི་དབང་གིས་བདེན་པའི་ཚིག་སྨད་པ་དང་། ཕྱོགས་རིས་ཀྱི་དབང་གིས་ཆོས་ལ་དགག་བསྒྲུབ་བྱས་པ་རྣམས་སོ། །མཚམས་མེད་ལྔ་ལས་ཁྲག་འབྱིན་དང་། མི་དགེ་བཅུ་ལས་ལོག་ལྟ་ཐུ། མཉམ་པའི་ཆོས་ལ་ཁྱད་གསོད་དང་། རང་བཞིན་མེད་པ་ལ་གལ་འཛུག་པ་སྟེ། དེ་དག་རེ་རེ་བཞིན་ལོག་པ་དང་། ཉམས་པ་དང་། སྨད་པ་དང་། སྐུར་བའི་ལྕི་བ་ཞེས་སོ། །ལོག་པ་བརྒྱད་ནི། དགེ་སྨད་སྡིག་བསྟོད་གཉིས་དང་། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། དད་པ་ཅན་གྱི་ཚོགས་བཅག་པ། བླ་མ་ཡི་དམ་མཆེད་ལྕམ་སྤངས་པ་སྟེ་བདུན། དཀྱིལ་འཁོར་འདྲལ་བ་སོགས་བརྒྱད་དོ། །དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ལ་བརྟེན་པའི་ཉེས་པ་བསམ་གྱིས་མི་ཁྱབ། མདོར་ན་ལས་འབྲས་ཁྱད་གསོད་བྱེད་པ་དགེ་སློང་ལྷས་སྦྱིན་དང་ལེགས་སྐར་འབྲི་གུང་དཔལ་འཛིན་སོགས་ས་གས་པའི་ནང་ནས་དམྱལ་བར་སོང་བ་མཐོང་ཆོས་མྱོང་གྱུར་དང་། སྔོན་ཙི་ནའི་ཡུལ་དུ་ལས་འབྲས་ལ་སྐུར་པ་འདེབས་པའི་སྐྱེས་བུ་ཞིག་མལ་སར་ཉལ་བཞིན་སྦྲུལ་དུ་གྱུར་པ་སོགས་མང་བས་ལྟ་སྒོམ་གོ་ཐོས་ཙམ་ལ་བརྟེན་ནས་རྟོགས་སོ་སྙམ་པའི་སྤྱོད་རྩིང་གིས་རྒྱུ་འབྲས་རྡོག་པས་མ་བརྫི་ཞིག །ཅེས་བླ་མའི་རྗེས་སུ་འབྲངས་ནས་སྐྱར་ཟློས་བྱས་པ་ལས་རང་མཐོང་གིས་མ་ཡིན་ནོ། །དེའི་ཕྱིར་ན་རྣམ་པ་ཀུན་ཏུ་རང་རྒྱུད་བརྟག་དཔྱད་ཞིབ་མོས་དགེ་སྡིག་གཉིས་སྔོ་བགྲང་བྱེད་པ་ལ་མཁས་པ་གལ་ཤིན་ཏུ་ཆེ་བར་གསུངས། ལར་སྐྱེས་བུ་དམ་པ་ནི་གཉིས་ཏེ། ལྟུང་བ་མི་འབྱུང་བ་དང་། ཕྱིར་བཅོས་པའོ། །དེ་ཡང་སྔར་མི་དགེ་བ་གང་བྱས་ཀྱིས་ལས་ལ་སྙིང་ནས་འགྱོད་པ་དྲག་པོ་བསྐྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས་དང་། ཡུལ་མཆོག་གསུམ་དང་བླ་མ་ལ་བསྟེན་ནས་སྔོན་མི་དགེ་བའི་ལས་གང་བྱས་པ་སྙིང་ཐག་པ་ནས་བཤགས་པ་ལ་བརྩོན་པ་རྟེན་གྱི་སྟོབས་དང་། སྔོན་གྱི་ཉེས་བྱས་དྲན་བཞིན་རྣམ་སྨིན་ལ་འཇིགས་ནས་སྒོ་གསུམ་ཆོས་ལ་བཀོལ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོ། །ཉེས་པ་ལས་ལྡོག་པའི་སྟོབས་ནི། སྡིག་པ་བྱེད་པ་དང་མཆོག་གསུམ་བློས་གཏོང་བའི་གླ་རྔན་དུ་ནོར་རྫས་རི་ཙམ་སྤུངས་ནས་བྲིད་པའམ། ཡང་ན་དགེ་སྒྲུབ་སྡིག་སྤངས་མི་བཤོལ་ན་ད་ལྟ་ཉིད་དུ་གསོད་པར་ངེས་ཀྱང་དགེ་སྡིག་པ་འཇུག་ལྡོག་མི་ནོར་བ་ཞིག་ཅིས་ཀྱང་བྱེད་པར་སོམ་ཉི་མེད་པའོ། །དེ་ལྟར་བྱས་ན་མཚམས་མེད་པ་ལྔ་བྱས་པ་བྱང་བར་འགྱུར་བ་ཡང་། སྔོན་སྟོན་པའི་གཅུང་དགའ་བོ་ཞེས་པ་བུད་མེད་ལ་རབ་ཏུ་ཆགས་ཤིང་ཆོས་ཡིད་ལ་མི་བྱེད་པ་དང་། བྲམ་ཟེ་སོར་མོའི་ཕྲེང་བ་ནི་སློབ་དཔོན་ངན་པས་མང་བསད་དགེ་བའི་ལུང་ལ་མཉན་ནས་མི་དགུ་བརྒྱ་དང་གོ་དགུ་བསད་པ་དང་། མཐོང་ལྡན་ནམ་མ་སྐྱེས་དགྲ་ནི་ཞེ་སྡང་ཆེ་བའི་ཁར་སྡིག་གྲོགས་དང་འཕྲད་སྐྱོན་གྱིས། ཕ་ཆོས་ལྡན་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་བསད། མ་སྐྱེས་དགྲའི་བུ་བདེ་བྱེད་ཀྱིས་རང་གི་ཆུང་མ་སྤངས་ནས་གཞན་གྱི་ཆུང་མ་དང་ཉལ་པོ་བྱས་པ་བཀག་པས་མ་བསད། དེ་དག་ཀུན་ཀྱང་བཤགས་པས་དག་པ་ཡིན་པ་གཞུང་རྣམ་དག་རྣམས་ལས་ཤེས་པར་བྱའོ། །རྩ་བ། དེ་ཕྱིར་མ་དག་གཞན་དབང་གནས་སྐབས་ན། །མཐོ་རིས་འཕེན་བྱེད་དགེ་བའི་ལས་ལམ་བཅུ། །མི་དགེ་བཅུ་ལས་ཕྱི་རོལ་ཕྱོགས་པ་ཡི། །དགེ་བའི་ལས་བཅུ་ཡང་དག་བསྙེན་པར་མཛོད། །དེ་བསྙེན་པ་ལས་བསོད་ནམས་ཆ་མཐུན་བཅུས། །བདེ་འགྲོར་འཕེན་ཞིང་མི་དགེ་རྣམ་པ་བཅུས། །ངན་འགྲོར་འཕེན་པའི་དཀར་ནག་རྒྱུ་འབྲས་ལ། །བླང་དོར་བགྱིད་པ་སྐྱེས་བུ་ཆུང་ངུའི་ལམ། །ཞེས་པ་ནི་དེ་ལ་རྣལ་འབྱོར་སྤྱོད་པའི་གཞུང་ལས་གསུངས་པའི། ཀུན་བརྟགས་ནི། རི་བོང་གི་རྭ་དང་། མོ་གཤམ་གྱི་བུ་དང་། ནམ་མཁའི་མེ་ཏོག་དང་། ཆོས་དང་གང་ཟག་གི་བདག་དང་། མདོར་ན་དངོས་པོའི་ཡུལ་དུ་མེད་ཀྱང་བློས་ཡོད་པར་བཟུང་བ་རྣམས་སོ། །གཞན་དབང་ལ་ཡང་མ་དག་གཞན་དབང་ནི་འབྱུང་བ་ལྔ་སོགས་དབང་པོའི་སྒོར་སྣང་དུ་རུང་བའི་སྣོད་བཅུད་ཀྱི་རྣམ་པ་འཁྲུལ་ངོར་ཤར་བ་ཐམས་ཅད་དོ། །དག་པ་གཞན་དབང་ནི། རྒྱལ་བ་རྣམས་ཀྱིས་གཟིགས་ངོར་སྣང་བའི་ཞིང་ཁམས་དང་གཞལ་ཡས་ལ་སོགས་པ་དང་། རྣལ་འབྱོར་པ་ལ་སྐུ་དང་ཞིང་ཁམས་སོགས་དག་སྣང་ཤར་བའང་དེར་བསྡུའོ། །ཡོངས་གྲུབ་ལ། འགྱུར་བ་མེད་པའི་ཡོངས་གྲུབ་ནི། འཁྲུལ་པ་དང་མ་འཁྲུལ་པ་གཉིས་སུ་མེད་པར་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་ཆོས་ཉིད་རང་ཆས་སུ་ལྡན་པའི་སྟོང་པ་ཉིད་འགྱུར་བ་མི་མངའ་བ་གཤིས་ཀྱི་གནས་ལུགས་དམ་པའོ། །དེ་ལས་རང་གིས་སྟོང་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་བདེན་པར་མ་གྲུབ་པའོ། །གཞན་གྱིས་སྟོང་པ་ནི་ཆོས་དེ་ལས་གཞན་པའི་ཆོས་མེད་པའོ། །གཉིས་ཀས་སྟོང་པ་ནི་ཆོས་གང་ལ་གཉིས་སུ་མེད་པའོ། །སྤྱིར་མི་དགེ་བ་བཅུ་སྤང་བའི་སྟེང་དུ་དགེ་བ་བཅུ་བསྒྲུབས་པ་ནི། གཞན་གྱི་སྲོག་སྐྱོབ་སྦྱིན་པ་གཏོང་བ་དང་། །སྡོམ་པ་བསྲུང་ཞིང་བདེན་པར་སྨྲ་བ་དང་། །མཁོན་པ་བསྡུམ་དང་ཞི་དུལ་དྲང་པོར་སྨྲ། །ཆོས་དང་མཐུན་པའི་གཏམ་སྨྲ་འདོད་པ་ཆུང་། །བྱམས་བརྩེ་སྒོམ་ཞིང་སྒོ་གསུམ་ཆོས་ལ་བཀོལ། །ཞེས་པ་ལྟར་དམ་པ་གསུམ་དང་མ་འབྲེལ་བའི་དགེ་བ་རྒྱ་ཇི་ལྟར་ཆེ་ཡང་སྡིག་པ་དང་འདྲེས་མིན་དང་དད་པ་ཆེ་ཆུང་གིས་དབྱེ་བས་དགེ་བ་ཆུང་ངུ་དང་། འབྲིང་དང་། ཆེ་བ་གསུམ་གྱི་རྗེས་སུ་འགྲོ་བས་མི་དང་འདོད་ལྷ་དང་། ཆེན་པོས་འཕེན་བྱེད་བྱས་ནས་ཚངས་གནས་སུ་སྐྱེ་བར་ཡང་སྲིད་ཅིང་། ཁམས་གོང་མའི་གནས་སུ་སྐྱེ་བའི་རྒྱུ་ནི་བསམ་གཏན་བཞི་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་མཐུ་བརྟས་པ་ལས་འབྱུང་ཞིང་། དེའང་གཟུགས་ཁམས་པ་རྣམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་། འཇུག་ཤེས་གཙོ་བོར་ལྡན་ལ་གཞན་དག་ནི་འཁོར་གྱི་ཚུལ་ལོ། །གཟུགས་མེད་ཁམས་སུ་ཀུན་གཞི་ཉིད་གཙོ་བོར་ལྡན་ལ། གཞན་དག་བག་ཉལ་དུ་ཡོད་པས་གཉིད་འཐུག་གི་སྐབས་ལྟར་དགེ་སྡིག་གང་ཡང་མི་སྤྱོད་ཅིང་གཏི་མུག་གི་ལས་གསོག་པའོ། །དེའི་ཕྱིར་གཟུགས་མེད་ཀྱི་སེམས་དེ་ཚེ་སྔ་མའི་དགེ་འབྲས་ཡིན་ཀྱང་བསོད་ནམས་ཆ་མཐུན་ཡིན་པས་ལས་དེ་ཟད་འཕྲལ་ཚེ་འཕོ་ཞིང་། མིའི་ལུས་ལ་བརྟེན་ནས་ཐར་པ་དང་རྣམ་མཁྱེན་བསྒྲུབ་ཏུ་ཡོད་པས་ལྷ་ལས་ལྷག་པའི་ལུས་ཞེས་བྱའོ། །རྩ་བ། ཐར་པ་ཆ་མཐུན་ཟག་མེད་དམ་པའི་རྒྱུ། །དགེ་བཅུ་བསམ་གཏན་གཟུགས་མེད་སྦྱིན་སོགས་དྲུག །ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔས་བསྡུས། །ཞེས་པ་ནི་འདི་ལྟར་ཀུན་རྫོབ་བདེན་པའི་ཕྱོགས་བསོད་ནམས་ཀྱི་ཚོགས་དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་ལྔས་བསྡུས་པ་རྣམས། དོན་དམ་བདེན་པའི་ཕྱོགས་ཡེ་ཤེས་ཀྱི་ཚོགས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིས་ཟིན་ནས་ལམ་ལྔའི་རིམ་པ་མཐའ་དག་གིས་གནས་སྐབས་སུའང་མངོན་མཐོ་དང་། མཐར་ཐུག་ཞི་བ་དམ་པའི་སར་གཞོལ་བ་ནི་ཐར་པ་ཆ་མཐུན་གྱི་རྣམ་པར་སྨིན་པའི་འབྲས་བུའོ། །དེའི་རྒྱུ་མཐུན་གྱི་འབྲས་བུས་མཐོ་རིས་ཀྱི་ཡོན་ཏན་ཕལ་མོ་ཆེ་དང་ལྡན་ཞིང་། དབང་འབྲས་བདེ་སྐྱིད་འཛོམས་པའི་ཡུལ་དང་འཕྲད་པར་གསུངས་སོ། །རྩ་བ། དེ་ཡང་བདག་མེད་གཉིས་ཀྱི་དོན་རྟོགས་ནས། །ཐབས་ཤེས་ཟུང་འབྲེལ་དགེ་བ་གསེར་འགྱུར་རྩིས། །སྲིད་དང་ཞི་བར་འགལ་བའི་ལྕགས་ཁམས་ལ། །ཐེབས་པས་མི་གནས་ཡེ་ཤེས་རྒྱལ་བའི་ཁམས། །གྲུབ་པ་འཇིག་རྟེན་འདས་པའི་དགེ་བ་ཡིན། །ཞེས་པ་ནི་འདི་ལྟར་ཉན་རང་གི་ལུགས་ཀྱི་བདག་མེད་གཉིས་ལ་དམིགས་པ་ཅན་མ་ཡིན་པར། གཟུང་བ་གང་ཟག་གི་བདག་དང་འཛིན་པ་ཆོས་ཀྱི་བདག་གཉིས་རང་བཞིན་མེད་པར་རྟོགས་པས་ཐབས་ཀྱི་ཆ་ལ་རྒྱས་ཐེབས་པའི་ཐབས་ཤེས་ཟུང་འབྲེལ་གྱི་དགེ་བ་ནི་གསེར་འགྱུར་གྱི་རྩི་ལྟ་བུ་སྟེ། དགེ་བ་སྤྱོད་དུས་ནས་བཟང་ངན་གྱི་བློ་ལས་གྲོལ་བས་དངོས་མཚན་དུ་འཛིན་པའི་ཆ་ནས་སྲིད་པ་དང་ཞི་བར་འགལ་བའི་ལྕགས་ཀྱི་ཁམས་ལ་ཐེབས་པས་མི་གནས་པའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་ཆེན་པོར་འཇུག་པར་འགྱུར་རོ། །རྩ་བ། ལམ་དུས་དམིགས་པར་བཅས་པ་བསོད་ནམས་ཚོགས། །དམིགས་མེད་ཡེ་ཤེས་ཚོགས་ཏེ་ཟུང་འཇུག་གིས། །སྒྲིབ་པ་གཉིས་སྦྱང་སྐུ་གཉིས་མངོན་དུ་འཐོབ། །དག་པའི་རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་ལགས། །ཞེས་པ་ནི་འདི་ལྟར་དམིགས་བཅས་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལྔ་དང་། དམིགས་མེད་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་ཏེ། དེ་གཉིས་ཟུང་དུ་འབྲེལ་བས་སྒྲིབ་གཉིས་དག་ནས་འབྲས་བུ་སྐུ་གཉིས་མངོན་དུ་བྱེད་པའོ། །དེའང་ས་མཚམས་ཀྱི་སྒོ་ནས་དབྱེ་ན་སྦྱོར་ལམ་ཆོས་མཆོག་མན་ཆད་འཇིག་རྟེན་པའི་ལམ་དང་། མཐོང་ལམ་ཟག་མེད་མྱང་འདས་ཀྱི་ལམ་མོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་གསུམ་པའི་སྐབས་སོ།། །།སྤྱི་དོན་བཞི་པ་འཁོར་བའི་སྡུག་བསྔལ་གྱི་རྣམ་བཞག་ནི། རྩ་བ། མངོན་མཐོའི་གྲུ་བོ་མཆོག་ལ་བརྟེན་པ་རྣམས། །རེ་ཞིག་ངན་སོང་ཆུ་སྲིན་གདུག་པའི་ལྕེས། །བཏང་ཡང་ཐར་པའི་སྐམ་སར་མ་ཕྱིན་པས། །འཕགས་པའི་བདེན་པ་བཞི་ཡི་དེད་དཔོན་བརྟེན། །ཞེས་པ་ནི་བདག་ཅག་མངོན་མཐོ་མིའི་ལུས་རྟེན་གྲུ་བོ་ཆེ་ལྟ་བུ་བདེ་བའི་ཚོར་བ་འབའ་ཞིག་མྱོང་བ་ཐོབ་ནའང་ངན་སོང་ཆུ་སྲིན་གདུག་པ་ཅན་གྱི་ལྕེས་བལྡག་པ་ལ་ཉེ་བ་འཁོར་བའི་མཚོ་ལས་མ་འདུས་པས་ཐར་པའི་སྐམ་སར་སླེབས་པའི་ཐབས་འཕགས་པའི་བདེན་པ་བཞིའི་དེད་དཔོན་བསྟེན་པར་བྱའོ། །ཞེས་གསུངས་བཞིན་བདག་ཅག་གི་སྟོན་པས་འཁོར་ལྔ་སྡེ་བཟང་པོ་ལ་དགེ་སློང་དག །སྡུག་བསྔལ་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དང་བཞི་པོ་གསུངས་ནས། དགེ་སློང་དག་སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་རྒྱུད་ལ་བསྟེན་པར་བྱའོ། །ཡང་དགེ་སློང་དག་སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད་པའི་མི་སྐྱེ་བ་ཤེས་པ་དང་། ཀུན་འབྱུང་དང་འགོག་པ་དང་ལམ་གསུམ་ལ་ཡང་དེ་ལྟར་དུ་སྦྱོར་བ་ཤེས་པར་བྱའོ། །དེ་ལྟར་བདེན་བཞི་ལན་གསུམ་བཟློས་ཏེ་གསུངས་པ་ལས། རྩ་བ། དེ་ལ་སྡུག་བསྔལ་ཤེས་པར་བྱ་བ་ནི། །གནས་རིགས་དྲུག་པོ་དམའ་འམ་མཐོ་ཡང་རུང་། །སྡུག་བསྔལ་འགྱུར་དང་ཁྱབ་པ་འདུ་བྱེད་ཀྱིས། །དམ་ལ་མ་བཞག་འཁོར་བ་ཡོད་མ་ཡིན། །ཞེས་པ་ནི་འདི་ལྟར་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། དང་པོ་ནི་སྡུག་བསྔལ་གཅིག་ཐོག་ཏུ་གཉིས་བརྩེགས་པ་ནད་ཐོག་ཏུ་དགྲ་བྱུང་བ་ལྟ་བུ། གཉིས་པ་ནི། ལོ་ཟླ་ཞག་དུས་ཀྱི་བདེ་སྐྱིད་མི་རྟག་པར་འགྱུར་བ། གསུམ་པ་ནི། མཐོང་ཆོས་སུ་དགའ་བདེའི་རྒྱུ་བཟའ་བཏུང་ལོངས་སྤྱོད་ལ་སོགས་པ་ཕྱིས་སྡུག་བསྔལ་གྱི་རྒྱུར་སོང་བའོ། །རྩ་བ། ཕུང་ཀྲོལ་བསྐྱེད་ལ་མགོ་འཕང་བསྟོད་པ་ཡི། །མ་རུངས་འདོད་པའི་གདོན་དང་ཡུལ་གྱི་དུག །ཕན་ཚུན་འཛིངས་ཤིང་གཏུགས་པའི་བཙོན་ར་ནས། །ཐར་པའི་སྐབས་མེད་ཉམ་ཐག་སྐྱོ་བ་འཕེལ། །ཞེས་པ་ནི་འདི་ལྟར་འདོད་པ་ནི་ཕུང་ཀྲོལ་ཀུན་གྱི་རྩ་བ་ཡིན་ཏེ། བདག་གཞན་གཉིས་ཀར་གནོད་པའི་དུག་སྦྲུལ་མགོ་འཕང་བསྟོད་པ་ལྟ་བུའོ། །དེ་ལས་འདོད་ཁམས་པ་ཀུན་གྱི་སྲེད་པ་འཕེལ་བའི་རྩ་བ་ངེས་འབྱུང་གི་བསླབ་པའི་གེགས་ཐར་ལམ་གྱི་དགྲ་བོ་ཡུལ་བུད་མེད་ཁོ་ནའི་སྐྱོན་དང་གཞན་ཡང་དབང་པོའི་སྒོ་ལྔར་སྣང་བའི་ཡུལ་གྱི་དབང་དུ་གྱུར་པའི་དུག་ལྔ་པོ་ཕན་ཚུན་འཛིངས་ཤིང་ཕྱེ་དཀའ་བར་གཏུགས་པའི་བཙོན་ར་ནས་ཐར་པའི་སྐབས་མེད་པས་ཉམ་ཐག་པར་སྐྱོ་བ་འཕེལ་བའི་རྒྱུའོ། །རྩ་བ། བདེ་བ་འདོད་ལ་མངོན་སྦྱོར་བརྩོན་པ་དག །གཏི་མུག་མཐུས་ནོན་སྡུག་བསྔལ་རྒྱུ་འབྲས་ཀྱི། །མཚོན་ཆ་རྣོན་པོའི་དབལ་ལ་བརྟེན་བྱས་པས། །གནོད་པའི་གནས་སུ་རང་ཉིད་ཡང་དག་སྦྱར། །མར་མེའི་གཟུགས་དང་ཕྱེ་མ་ལེབ་བཞིན་དུ། །སྒྲ་དང་དྲི་རོ་རེག་བྱས་བསླུ་བ་ནི། །རི་དྭགས་བུང་བ་ཉ་དང་གླང་པོ་ཆེ། །འདོད་པའི་ཡུལ་ལྔ་དག་དང་རྟེན་ཅིང་འབྲེལ། །ཞེས་པ་ནི་དེའང་བདེ་བ་འདོད་བཞིན་དེའི་མི་མཐུན་ཕྱོགས་མི་དགེ་བ་ལ་མངོན་པར་བརྩོན་པ་དགེ་བློ་གཏི་མུག་གི་མཐུས་ནོན་ནས་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་དང་འབྲས་བུ་དེར་མཐུན་ལ་སྤྱོད་དགོས་པའི་དཔེ་མཚོན་ཆ་རྣོན་པོའི་དབལ་ལ་བརྟེན་པར་བྱས་པས་རང་ཉིད་ལ་གནོད་པའི་གནས་སུ་ཡང་དག་པར་སྦྱར་བ་སྟེ། འདི་ལྟར་མར་མེའི་འོད་ལ་ཆགས་པས་ཕྱེ་མ་ལེབ་ཚིག་པ་དང་། རི་དྭགས་གླིང་བུའི་སྒྲ་ལ་ཆགས་ནས་རྔོན་པས་བསད་པ། བུང་བ་མེ་ཏོག་གི་དྲི་དང་བཅུད་ལ་ཆགས་པས་འཆི་བ། ཉ་ལྕགས་ཀྱུའི་ཤ་གཟན་གྱི་བསླུས་པས་འཆི་བ། གླང་པོ་ཆེ་གླང་མོའི་རེག་བྱར་ཆགས་རྐྱེན་གྱིས་འཆི་བའོ། །དེ་ལྟའི་འདོད་ཡོན་རེ་རེས་ཀྱང་སྲོག་འཕྲོག་ནུས་ན་ཡུལ་ལྔ་པོར་རྟག་ཏུ་འབྲེལ་ན་སྨོས་ཅི་དགོས། རྩ་བ། སྲིད་པའི་ཡུལ་ལ་ཐུ་བ་གཏུམ་པོའི་མེ། །ཁྲོ་བའི་མངོན་སྤྱོད་རྩུབ་པ་གཅན་གཟན་དང་། །མི་རྒོད་རྒྱལ་པོའི་ཆད་པ་ལས་མྱུར་བའི། །སྡུག་བསྔལ་སྔ་ཕྱི་བརྒྱུད་མས་འགྲོ་འདི་མནར། །ཞེས་པ་ནི་འདི་ལྟར་འཁོར་བ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྟེན་དང་བརྟེན་པ་ཁོ་ན་ཡིན་པས་འཇིག་རྟེན་སྲིད་པའི་ཡུལ་ན་འཕྲད་པ་ཙམ་གྱིས་བསྲེག་པ་ལ་ཐུ་བ་གཏུམ་པོའི་མེ་དང་། དེ་བཞིན་དུ་སྟག་སེང་དོམ་དྲེད་མི་རྒོད་སོགས་དང་རྒྱལ་པོའི་ཆད་པ་གང་ལས་ཀྱང་འཕགས་པ་རྣམས་ཀྱི་གཟིགས་ངོ་ན་རིགས་དྲུག་སོ་སོའི་སྡུག་བསྔལ་སྔ་ཕྱི་བརྒྱུད་མས་འགྲོ་བ་འདི་རྣམས་མནར་བས་ཐུ་བར་གསུངས་སོ། །རྩ་བ། བདག་ལ་བཤེས་སམ་མི་མཐུན་ཉེ་དང་འཁོན། །བསམ་པར་མི་ནུས་མཐའ་དག་སེམས་ལྡན་གྱིས། །དགྲ་དང་མཛའ་བཤེས་བར་མའི་ཕྱོགས་བཟུང་ནས། །ཕན་དང་གནོད་པ་སྦྱིན་པ་བསམ་ལས་འདས། །ཞེས་པ་ནི་ད་ལྟའི་དུས་ཀྱི་བདག་ལ་ཕན་པའི་མཛའ་བཤེས་དང་ཉེ་དུའམ། འཁོན་ཡུལ་གྱི་དགྲ་ཟླ་སོགས་བསམ་པར་མི་ནུས་པའི་མཐའ་དག་སེམས་ལྡན་རྣམས་ཀྱིས། སྐྱེ་བ་ཐོག་མ་ནས་ད་ལྟའི་བར་དུ་དགྲ་དང་མཛའ་བཤེས་དང་བར་མའི་ཕྱོགས་བཟུང་ནས། ཕན་བཏགས་པ་དང་གནོད་པ་སྦྱིན་པ་བསམ་ལས་འདས་པ་ཡོད་མོད་ཀྱང་དེ་ཀུན་སྐྱེ་བ་འདིའི་ཉེ་དུ་དང་དགྲ་ཟླ་ལྟར་མ་ལགས་ཏེ་ཕལ་ཆེར་གོ་ལྡོག་འདྲ་མོར་གྱུར་པ་ཡང་། འཕགས་པ་ཀཱ་ཏྱཱ་ན་ཁྱིམ་བདག་གཅིག་གི་སྒོ་དྲུང་དུ་བསོད་སྙོམས་སློང་དུ་ཕྱིན་པས། དེས་དགྲ་བོ་བུ་རུ་སྐྱེས་པ་པང་དུ་བཟུང་། ཕ་ཉ་རུ་སྐྱེ་བ་བཟའ་ཞིང་མུར། མ་ཁྱི་རུ་སྐྱེས་པས་ཉ་རུས་འཆའ་བ་ལ་བརྡེག་པ་གཟིགས་པས་ཐུགས་སྐྱོ་ནས་འདི་ལྟར། ཕ་ཤ་ཟ་ཞིང་མ་ལ་བརྡེག །ལས་ངན་དགྲ་བོ་པང་དུ་ཁུར། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། ། ཞེས་གསུངས་པ་ལྟར་རོ། །རྩ་བ། རྡུལ་ཕྲན་ལྟ་བུའི་ལུས་ཀྱི་བདག་གཅིག་པུའི། །སྲོག་རྟེན་གཟུགས་སུ་གྱུར་དང་འདོད་པའི་ཕྱིར། །མགོ་དང་ཡན་ལག་བཅད་གཏུབས་བགྱིས་སོ་ཅོག །སྤུངས་ན་ལྷུན་པོའི་ཆེ་ཐང་ཉམས་པར་འགྱུར། །དམྱལ་གནས་ཟངས་ཞུན་ཁོལ་མ་འཐུངས་པ་དང་། །ཡི་དྭགས་ལས་གྱུར་རྣག་ཁྲག་མི་གཙང་ཟོས། །ཀུན་ཏུ་སྡུག་བསྔལ་རྒྱུ་ལས་མཆི་མ་ཟག །ཕྱོགས་མཐའ་གཏུགས་པའི་ཆུ་ཀླུང་དག་ལས་མང་། །ཞེས་པ་ནི་སྲོག་ཆགས་གྲོག་སྦུར་སོགས་རྡུལ་ཕྲན་ལྟ་བུའི་ལུས་ཀྱི་བདག་གཅིག་པུའི་སྲོག་རྟེན་པའི་གཟུགས་སུ་གྱུར་པ་དང་། སྲོག་ཆགས་གཞན་གྱི་ལུས་བླང་ཚེ་ཤ་དང་པགས་པ་སོགས་འདོད་པའི་ཕྱིར་མགོ་དང་ཡན་ལག་རྣམས་བཅད་གཏུབ་བགྱིས་སོ་ཅོག་མཉམ་དུ་བསགས་ནས་སྤུངས་ན་རི་རྒྱལ་ལྷུན་པོ་ལས་ཀྱང་མཐོ་ཞིང་དེའི་ཆེ་ཐང་ཡང་ཉམས་དམའ་བར་འགྱུར་ཞིང་། དམྱལ་བའི་གནས་སུ་སྐྱེས་ནས་ཟངས་ཞུན་ཁོལ་མ་འཐུངས་པ་དང་ཡི་དྭགས་ཀྱི་ལུས་སུ་གྱུར་ཚེ་རྣག་ཁྲག་དང་མི་གཙང་བ་ཟོས་པ་སོགས་ཀུན་ཏུ་སྡུག་བསྔལ་གྱིས་མནར་བའི་རྒྱུ་ལས་མཆི་མ་ཟག་པ་བསགས་ན་ཕྱོགས་མཐའ་གཏུགས་པའི་ཆུ་ཀླུང་དག་ལས་མང་ཞེས་གསུངས་པའོ། །རྩ་བ། ཁྱད་པར་དམྱལ་བའི་སྡུག་བསྔལ་ཚད་མེད་དེ། །ཕན་ཚུན་གཅིག་གིས་གཅིག་གསོད་ཡང་སོས་ལ། །ཐིག་ནག་སོག་ལེས་གཤོག་འབྱར་རྒྱུན་མི་འཆད། །བསྡུས་འཇོམས་མགོ་བརྙན་རི་དང་ཐོ་བས་འཐག །ངུ་འབོད་ལྕགས་ཞུན་བསྐོལ་བར་འཚོད་ཅིང་དབད། །འབོད་སྒྲོག་ཆེན་པོ་ལྕགས་ཁྱིམ་འབར་བར་བསྲེག །ཚ་བ་གསལ་ཤིང་འབར་བས་ལུས་ལ་འབིགས། །རབ་ཏུ་ཚ་བ་མདུང་ཐུང་རྩེ་གསུམ་ལས། །ལུས་ཀྱི་གཞུང་འབིགས་ཕྱི་ནས་ལྕགས་བསྲེགས་དཀྲི། །ཁྲོ་ཆུ་ཁོལ་མར་འཚོད་དང་མནར་མེད་ནི། །ལྕགས་ཁྱིམ་འབར་བར་མེ་དང་གཉིས་མེད་བསྲེག །ཅེས་པ་ནི་རིགས་དྲུག་པོའི་ནང་ནས་དམྱལ་བའི་སྡུག་བསྔལ་ཚད་མེད་པར་གསུངས་པ་ཡིན་ཞིང་། དེ་ཡང་ཕན་ཚུན་གཅིག་གིས་གཅིག་གསོད་པའི་ཡང་སོས་དང་། ལུས་ལ་ཐིག་ནག་པོ་མང་དུ་བཏབ་ནས་སོག་ལེ་མེ་རབ་ཏུ་འབར་བས་གཤོག་པ་འབྱར་བ་རྒྱུན་མི་འཆད་དུ་བྱེད་པ་དང་། བསྡུས་འཇོམས་ནི་སྲོག་ཆགས་ཀྱི་མགོ་བརྙན་དུ་གྱུར་པའི་རི་བར་དུ་འཐག་ཅིང་ཐོ་བས་བརྡུང་བ་ལ་སོགས་པའོ། །ངུ་འབོད་ནི་ལྕགས་ཁྱིམ་མེ་རབ་ཏུ་འབར་བར་བཙུད་ནས་ལྕགས་ཞུན་བསྐོལ་བར་འཚོད་ཅིང་དབད་པའོ། །འབོད་སྒྲོག་ཆེན་པོ་ནི་ལྕགས་ཁྱིམ་མེ་རབ་ཏུ་འབར་བ་ཉིས་རིམ་དུ་བསྲེག་པའོ། །ཚ་བ་ནི་གསལ་ཞིང་རྩེ་གཅིག་པས་ལུས་ཀྱི་གཞུང་ནས་འབིགས་ཤིང་ཀླད་པར་ཐལ་འབྱིན་ཞིང་དབང་པོའི་སྒོ་སོགས་ནས་མེ་འབར་བའོ། །རབ་ཏུ་ཚ་བ་མདུང་ཐུང་རྩེ་གསུམ་པས་ཀླད་པ་དང་ཐལ་གོང་གཉིས་སུ་ཐལ་བར་འབྱིན་ཞིང་ལུས་ཀྱི་ཕྱི་ནས་ལྕགས་བསྲེགས་ལེབ་མོས་དཀྲི་བ་དང་། ཁྲོ་ཆུ་ཁོལ་མར་འཚོད་ཅིང་མནར་བའོ། །མནར་མེད་ནི་ལྕགས་ཁྱིམ་མེ་རབ་ཏུ་འབར་བའི་ནང་དུ་མེ་དང་ལུས་གཉིས་སུ་མེད་པར་བསྲེག་པའི་ཐབས་མ་ཟད་བར་དུ་བསྲེགས་ཤིང་མནར་བའི་ལས་མ་རྫོགས་བར་མནར་བའོ། །རྩ་བ། སྡུག་བསྔལ་ཉིད་ལས་དབུགས་འབྱིན་ཀུན་རྟོག་གིས། །ཉེ་འཁོར་སྒོ་འཕར་དབྱེ་བ་མདག་མེའི་འོབས། །རོ་མྱགས་འདམ་རྫབ་སྟུག་དང་རལ་གྲིའི་ནགས། །ཆུ་བོ་རབ་མེད་གཤིན་རྗེའི་ཁ་བས་ཐུ། །ཞེས་པ་ནི་དེ་ལྟར་ཚ་དམྱལ་བརྒྱད་པོ་སྤྱི་དང་ཁྱད་པར་མནར་མེད་དུ་སྐྱེས་པ་དག་སྡུག་བསྔལ་ཆེན་པོ་འདི་ལས་དབུགས་འབྱིན་ཐོབ་རེས་ཀུན་རྟོག་གི་ངང་ནས་ལས་དེ་ཟད་པའི་སྐབས་སུ་བབ་པ་ན་ལྕགས་བསྲེགས་ཀྱི་ཁང་པའི་སྒོ་ཕྱེ་བ་ལས་ཐོན་ཏེ་ཕྱིན་པ་ན་ཉེ་འཁོར་སྒོ་འཕར་བྱེ་བའི་ཕྱིར་སླེབས་པ་ན་མདག་མེའི་འོབས་སུ་ཚུད་ཅིང་སྡུག་བསྔལ་བ་དང་། དེ་བཞིན་དུ་རོ་མྱགས་འདམ་རྫབ་ཤིན་ཏུ་སྟུག་པ་དང་རལ་གྲི་ལོ་མའི་ནགས་ཚལ་དང་། ཐལ་ཚན་གྱི་ཆུ་བོ་རབ་མེད་ན་གནས་པའི་གཤིན་རྗེའི་ཁ་བས་ཐུ་བ་ལ་སོགས་སོ་སོའི་མནར་སྤྱོད་ཀྱིས་མནར་བར་བྱེད་པའོ། །རྩ་བ། མཛའ་གཅུགས་དམ་བཅའ་དྲན་ནས་བསྙེགས་པའི་ལམ། །ཚེར་མ་རྣོན་པོས་ཚབས་ཆེར་ཕུག་པའི་ལུས། །འབར་ཞིང་རྩུབ་པའི་ལྕགས་ཀྱི་བུད་མེད་ཀྱིས། །འཁྱུད་མཐར་ཁྭ་དང་བྱ་རྒོད་མིག་ལ་འདྲུ། །ཞེས་པ་ནི་ཚེ་འདིར་ཕོ་མོ་ཕན་ཚུན་ཆགས་སྦྱོར་གྱི་སྒོ་ནས་མཛའ་གཅུགས་སུ་གྱུར་པའི་བག་ཆགས་གོམས་པའི་དམ་བཅའ་དྲན་པའི་མོད་ལ་ཕོ་ལ་མོས་འབོད་པ་དང་མོ་ལ་ཕོས་འབོད་པའི་འཁྲུལ་སྣང་ཤར་མ་ཐག་དེར་བསྙེགས་ནས་ཕྱིན་པའི་ལམ་དུ་ལྕགས་བསྲེགས་ལས་གྲུབ་པའི་ཚེར་མ་རྣོན་པོས་ཚབས་ཆེར་ཕུག་བཞིན་མཛའ་གྲོགས་ཀྱི་གམ་དུ་སླེབས་འཕྲལ་ཕོ་ལ་མོ་དང་མོ་ལ་ཕོར་སྣང་བ་དེ་ཉིད་ལྕགས་བསྲེགས་མེ་རབ་ཏུ་འབར་བའི་ལུས་སུ་གྱུར་ཏེ་འཁྱུད་ནས་ལུས་ཐལ་བ་བུན་གྱིས་བསྲེགས་མཐར་ཁྭ་དང་བྱ་རྒོད་ཀྱི་མིག་འདྲུ་བ་ལ་སོགས་ཀྱིས་མནར་བ་ཉམས་སུ་མྱོང་བའོ། །རྩ་བ། བུ་ཡུག་སྦྲེབས་པ་འདར་བའི་ཐག་པ་ཡིས། །བཅིངས་ཏེ་བསྐྱོད་པར་མ་ནུས་བཞིན་གསོན་ཡང་། །རླུང་གི་མཚོན་ཆས་རུས་པའི་གཏིང་ཕུག་པའི། །གྲང་རེག་སོ་ཡི་བར་དུ་འཚིར་ལྟར་གདུང་། །ཞེས་པ་ནི་འདི་ལྟར་གྲང་དམྱལ་དུ་སྐྱེ་བ་རྣམས་ནི་གངས་རི་ཆེན་པོ་གཅོང་རོང་མི་བཟོད་པ་ཅན་གྱི་སྟེང་ནས། ཁ་ཆར་དང་རླུང་དྲག་པོས་རབ་ཏུ་སྦྲེབས་པའི་གནས་སུ་དབང་མེད་དུ་ཚུད་ནས་འདར་བའི་ཐག་པ་ཞེས་རྒྱུན་མི་ཆད་དུ་འདར་ཞིང་ལུས་པོ་བཅིངས་ཏེ་བསྒོངས་པ་ལྟར་མནར་སྤྱོད་ཅི་ཙམ་བྱས་ཀྱང་འཆི་མི་ནུས་ལ་བཞིན་ནི་གསོན་པོ་ལྟར་ཡང་། རླུང་མཚོན་ཆ་ལྟ་བུའི་རེག་བྱས་རུས་པའི་གཏིང་ཚུན་ཕུག་པའི་ཚོར་བའི་གྲང་རེག་སོའི་བར་དུ་འཚིར་བ་ལྟ་བུས་གདུང་ཞིང་ཉམ་ཐག་པའོ། །རྩ་བ། ཆུ་བུར་ཅན་དང་ཆུ་བུར་བརྡོལ་བ་དང་། །ཨ་ཆུའི་སྨྲེ་སྔགས་ཀྱི་ཧུད་སོ་འཐམས་ཅན། །ཨུཏྤ་ལ་ལྟར་པགས་པ་དྲུག་ཚལ་འགས། །པདྨ་དང་ནི་པདྨ་ཆེན་པོ་ལྟར། །བརྒྱད་དང་བཅུ་དྲུག་གྲངས་མེད་གས་པའི་རྨ། །སྲོག་ཆགས་མཆུ་རྣོན་ཅན་གྱིས་འབིགས་ཤིང་བཟའ། །ཞེས་པ་ནི་ཆུ་བུར་ཅན་ནི་ཧ་ཅང་གྲང་ཆེས་པས་ལུས་ལ་ཆུ་བུར་རྡོལ་བ་དང་། ཆུ་བུར་བརྡོལ་ནས་རྨར་གྱུར་པ་དང་། དེའི་སྐྱོན་གྱིས་ཨ་ཆུའི་སྨྲེ་སྔགས་དང་ཀྱི་ཧུད་ཟེར་བ་དང་སོ་འཐམས་ནས་སྐད་མི་ཐོན་པ་དང་། ཨུཏྤལ་ལྟར་པགས་པ་དྲུག་ཚལ་དང་། པདྨ་ལྟར་བརྒྱད་ཚལ། པདྨ་ཆེན་པོ་ལྟར་དེ་ལས་མང་དུ་གས་པའི་ནང་ནས་ཆུ་སེར་དང་། ཞག་དང་། རྐང་མར་ཀྱང་འཛག་པའོ། །རྩ་བ། མགལ་དུམ་བཅད་དང་སྒོ་འཕར་མེད་ལ་འཐུམས། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །སྣ་ཚོགས་ལས་ཀྱིས་སྤྲུལ་པའི་རང་གཟུགས་ལ། །ཉེ་བར་ལེན་པའི་སྡུག་བསྔལ་ཟད་མི་ཤེས། །ཞེས་པ་ཉི་ཚེ་བ་ནི། རི་བྲག་ཆུ་ཤིང་མེ་དང་ནམ་མཁའ་སོགས་ལ་གནས་ཏེ་གྲངས་དང་ཚེ་ཚད་སྡུག་བསྔལ་སོགས་མ་ངེས་པའོ། །དེའང་བྲག་དང་། རྡོ་དང་། ཕ་བོང་སོགས་དང་། གངས་དང་ཆབ་རོམ་གྱི་ནང་དུ་འཁྱགས་ཤིང་རེངས་པ་དང་། ཆུ་ཚན་དང་། མེ་ནང་དུ་ཚ་ཞིང་བསྲེག་པ་དང་། ཤིང་དང་ལོ་མའི་སྦུབས་སུ་བཏུམས་པ་དང་། ནམ་མཁར་གཡོ་བ་སོགས་ཀྱིས་སྡུག་བསྔལ་ལོ། །ཉི་ཚེ་བ་ཁ་ཅིག་ནི་འདི་བཞིན་ཏེ། སྔོན་གྲོང་ཁྱེར་རྡོ་འཇོག་ཏུ་འཕགས་པ་ཀཱ་ཏྱཱ་ན་ལ་ཤན་པ་གཅིག་གིས་མཚན་མོ་སྲོག་མི་གཅོད་པའི་ཁྲིམས་མནོས་པ་ལས། དེ་སྔོན་གྱི་མི་དགེ་བའི་རྒྱུས་ཉི་ཚེ་བའི་དམྱལ་བར་སྐྱེས་ནས་ཉིན་མོ་སྡུག་བསྔལ་ཡང་མཚན་ཁྲིམས་མ་ཉམས་པས་ལྷའི་ལོངས་སྤྱོད་ལ་དབང་བ་བཞིན་ནོ། །ཡང་ལ་ལ་དག་ནི། མངྒལ་གྱི་བུས་རྒྱ་མཚོའི་མཐར་ཕྱིན་པ་དང་། དེ་ན་ཉི་ཚེ་བའི་དམྱལ་བ་པ་གཏུན་ལྟ་བུ་དང་། ཕྱགས་མ། ཕྲུ་བ། ཁང་སྒོ། སབ་མོ། ཐག་པ། སྒྱེད་པོ། ཀ་བ་ལ་སོགས་པར་འཁྲུལ་ནས་སྡུག་བསྔལ་སྣ་ཚོགས་མྱོང་བ་གཟིགས་པ་ལྟ་བུའོ། །གཞན་ཡང་རྒྱལ་པོའི་ཁབ་ཀྱི་བ་ལང་གསོད་པའི་ཤན་པ་ཞིག་རུས་གོང་བྱ་རོག་གིས་འཐོག་པས་སྡུག་བསྔལ་ཁོ་རང་གིས་ཚོར་བ་ལྟ་བུ་དང་། དེ་བཞིན་དུ་ཤིང་སྡོང་བཅད་གཏུབ་བྱས་པའི་སྡུག་བསྔལ་ཁོ་རང་གིས་ཚོར་བ་ལྟ་བུའོ། །རྣ་བ་བྱེ་བ་རིས་ཞེས་པ་ལམ་འཁྱལ་སྐབས་ཁང་པ་དྲྭ་བ་ཅན་ཞིག་ཏུ་གཎྜཱ་བརྡུངས་འཕྲལ་ཉན་ཐོས་ཀྱི་གཟུགས་བརྙན་ལྔ་བརྒྱ་ཙམ་འདུས་མ་ཐག་ཏུ་གསོད་རེས་བྱས་ཤིང་ཡང་ཐམས་ཅད་ཕྱིར་ཐོན་ནས་སོང་བ་མཐོང་བ་སོགས་མང་དུ་ཡོད་དོ། །སྤྱིར་དམྱལ་བའི་རྣམ་གྲངས་བཅོ་བརྒྱད་དུ་བསྡུས་ཀྱང་། དེ་ཙམ་དུ་མ་ཟད་ནམ་མཁའ་སྙིང་པོའི་མདོ་སོགས་ལས་དེ་ལས་ཆེས་མང་དུ་བཤད་པ་ཡོད་དོ། །རྩ་བ། ཡི་དྭགས་ནའང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་པ་ནི་བཀྲེས་སྐོམ་ལ་སོགས་པས་ཡིད་གདུང་བའི་འདོད་ཞེན་ནམ་ཡང་མི་རྫོགས་པས་བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་ཤིང་དེའི་སྐྱོན་གྱིས་བཟའ་བཏུང་འབའ་ཞིག་བཙལ་ཕྱིར་རྒྱུག་པས་ངལ་ཞིང་། བཟའ་བཏུང་མཐོང་ནའང་སྐྱེས་བུ་མཚོན་ཆ་ཐོགས་པས་བསྲུང་བ་སོགས་མཐོང་ནས་འཇིགས་པས། བསྐྱེད་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་བསྟེན་པ་ཤེས་དགོས་སོ། །ཞེས་པ་དང་། ཁྱད་པར་ནང་སྒྲིབ་ཅན་ནི། ལྟོ་བ་རི་ཙམ་ཆེ་ཞིང་ཁ་ཁབ་མིག་ཙམ་དུ་ཆུང་བ། ཟས་སྐོམ་གཞན་གྱིས་བསྲུང་བའམ་མེད་པར་འགྱུར་བ་དང་། མི་གཙང་བ་སོགས་ཅུང་ཟད་ཙམ་རྙེད་ཀྱང་ཁར་མི་ཚུད་ཅིང་ལྟོ་མི་ཁེངས་པས་སྡུག་བསྔལ་ལོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། སྡུག་བསྔལ་སྔ་མའི་ཐོག་ཏུ་མཚན་མོར་ལྟོ་ནས་མེ་འབར་ཞིང་། ཟས་སྐོམ་ཡང་མེར་འགྱུར་བ་སོགས་སོ། །སྤྱི་མཐུན་གྱི་སྒྲིབ་པ་ནི། ཤ་མེད་པས་རུས་འགོ་རྣམས་ལྤགས་པས་གཡོགས་ཤིང་སྐེམས་ལ་རིད་པའོ། །དེའི་ནང་ནས་ཀྱང་དམངས་རིགས་ཞེས་པ་རྣམས་བཟའ་བཏུང་ཐ་ཆད་ཙམ་ཡང་མི་རྙེད་ཅིང་། ཕན་ཚུན་འཕྲད་མ་ཐག་འཛིང་རྩོད་བརྡུང་བརྡེག་སོགས་བྱེད་པའོ། །ཕྱིའི་སྒྲིབ་པ་ཅན་ནི། དབྱར་དུས་ཟླ་བའང་ཚ་ཞིང་དགུན་དུས་ཉི་མའང་གྲང་བར་འགྱུར་ལ། ལྗོན་ཤིང་ལོ་འབྲས་ཕུན་སུམ་ཚོགས་པ་བལྟས་པའི་མོད་ལ་སྐམ་ཞིང་། ཆུ་ཀླུང་ཡང་དེ་མཚུངས་སུ་འགྱུར་རོ། །མཁའ་ལ་རྒྱུ་བའི་ཡི་དྭགས་ནི། ལུས་སྲུལ་པོ་དང་རོ་ལངས་དང་། སྨྱོ་བྱེད་དང་། བརྗེད་བྱེད་གནོད་སྦྱིན་ཤ་ཟ་གྲིབ་གནོན་དང་། སྐེམ་བྱེད་དང་། ནམ་གྲུ་དང་བྱད་གདོན་དང་། སྲིན་པོ་དང་། བཙན་དང་། རྒྱལ་པོ་ལ་སོགས་འབྱུང་པོའི་རིགས་ཅན་མཐའ་དག་གོ། །འདི་དག་ནི་གདོན་གྱི་རིགས་སུ་བསྡུ་སྟེ། དེང་དུས་གཤིན་པོ་གང་དུའང་མི་འགྲོ་ཞིང་གསོན་གྲལ་ན་ཡོད་དོ་ཟེར་བ་ནི་བ་ལང་གསེར་མདོག་ངོམ་པའི་མུན་སྤྲུལ་ཁོ་ན་ལས་མ་མཆིས་ཤིང་། ཚེ་འདས་གང་ཡིན་དེ་ཉིད་ལས་བསགས་ཚུལ་གྱིས་མཁའ་རྒྱུའི་ཡི་དྭགས་འདི་དག་གི་རིགས་སམ་འཁོར་དུ་སྐྱེས་ནས་གསོན་པོའི་མི་ནོར་ལ་ལན་ཆགས་དང་ཤ་མཁོན་ཡོད་ཚུལ་གྱིས་གནོད་པའོ། །དེ་ཡང་གང་དུ་སྙིང་ཉེ་ནས་ཕྱིན་པ་དེ་དག་ལ་རང་ཉིད་སྔོན་འཆི་ཀའི་གནད་འཆད་པའི་ཚོར་བ་སྤོ་བའི་འདུ་ཤེས་ཀྱིས་གནོད་ཅིང་འཚེ་བ་ལ་ནུས་ལྡན་གྱིས་རིགས་སྔགས་དང་ཐུན་གྱི་ཆད་པ་འབེབ་པ་སོགས་ཀྱིས་མནར་བ་དང་། གཞན་ཡང་ཉི་ཚེ་བ་དང་མཚུངས་པའི་ལུས་དང་སྡུག་བསྔལ་ཀྱང་ཡོད་དོ། །རྩ་བ། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེས་པ་ནི་དུད་འགྲོ་ལ་ཁ་འཐོར་དང་། བྱིང་གནས་གཉིས་ལས་དང་པོ་ནི་གཅིག་གིས་གཅིག་གསོད་པ་དང་ཆེ་བས་ཆུང་བ་མང་པོ་ཟ་བ་དང་། ཆུང་བ་མང་པོས་ཆེ་བའི་ལུས་འབིགས་བཞིན་ཟ་བ། གཞན་ཡང་རྡོག་པ་སོགས་ཀྱིས་གསོད་པས་སྡུག་བསྔལ་ལོ། །ཐག་པས་བཅིངས་པ་དང་བརྡུང་བརྡེག་དང་དབང་མེད་དུ་བཀོལ་བ་སོགས་ཀྱིས་སྡུག་བསྔལ་སྣ་ཚོགས་པ་ཉམས་སུ་མྱོང་ཞིང་ཞི་བར་གྱུར་པའི་སེམས་དང་བྲལ་བཞིན་དགེ་བ་སྤངས་པ་རྣམས་ལ་ནི་གཅིག་ལ་གཅིག་ཟ་བ་སོགས་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བ་སྤྱོད་དགོས་པར་གསུངས་ཤིང་ཀླུ་རྣམས་ཀྱང་དུད་འགྲོར་བསྡུ་དགོས་དེས་ངན་སོང་གསུམ་གྱི་སྡུག་བསྔལ་ཅུང་ཟད་བཤད་ནས། རྩ་བ། དེ་ཕྱིར་སྐྱེ་བའི་ཤྭ་འོད་སྡུག་བསྔལ་གྱི། །དབའ་རླབས་ཅ་ཅོ་སྒྲོགས་འདི་མ་བཟློག་ན། །ལྷ་བས་ལྷག་པའི་ལུས་རྟེན་ཆུ་ལོན་ཡང་། །བརྟན་པ་བྲལ་བའི་མྱ་ངམ་ཐང་དུ་འཁྱམས། །ཞེས་པ་ནི་དེ་ཕྱིར་ཞེས་འཁོར་བ་སྤྱི་དང་སྒོས་ངན་སོང་གསུམ་གྱི་སྡུག་བསྔལ་ལས་བཟློག་པའི་ཆེད་དུ། སྐྱེ་བའི་སྡུག་བསྔལ་ལ་ཤྭ་འོད་དེ་ཆུ་ལོག་ལྟ་བུ་དང་དེའི་དབའ་རླབས་ཀྱི་ཅ་ཅོ་སྒྲོགས་པ་ལྟ་བུའི་སྐྱོན་ཅན་འདི་ཚོ་འདིར་བཟློག་མ་ནུས་ན་ལྷ་བས་ལྷག་པའི་མི་ལུས་ཆུ་ལོན་ལྟ་བུ་འདི་གློ་བུར་དུ་བཤིགས་ནས་སྲིད་པར་ཡང་ཡང་སྐྱེ་བ་ལ་བརྟན་པ་བྲལ་བཞིན་རང་དབང་མེད་པར་གཤའ་ཆུ་མྱ་ངམ་གྱི་ཐང་དུ་འཁྱམས་པ་ལྟ་བུར་འགྱུར་རོ། །རྩ་བ། གཟུགས་མེད་ཏིང་འཛིན་ལུང་མ་བསྟན་པའི་ལས། །ཟད་ནས་སྲིད་པ་ཕྱི་མར་འདུ་བྱེད་དང་། །གཟུགས་ཁམས་བསམ་གཏན་སྔ་མའི་ལས་ཟད་དེ། །འོག་མར་ལྟུང་བ་འགྱུར་བའི་སྡུག་བསྔལ་མྱོང་། །ཞེས་པ་ནི་གཟུགས་མེད་པ་རྣམས་དེར་སྐྱེ་བའི་ལས་ཟད་པ་དང་ཞི་གནས་ཀྱི་ཏིང་འཛིན་ལས་སད་པ་ཆབས་གཅིག་པས་ཕྱི་མའི་སྡུག་བསྔལ་འདུ་བྱེད་པས་སྐྱོ་བ་དང་། གཟུགས་ཁམས་པ་རྣམས་ཀྱང་དེར་སྐྱེ་བའི་རྒྱུ་བསམ་གཏན་གྱི་བདེ་བ་དེ་འགྱུར་ནས་སྲིད་པ་ཕྱི་མར་ལྟུང་བའི་སྡུག་བསྔལ་ལ་སྤྱོད་དགོས་པའོ། །རྩ་བ། ཚངས་དང་ལྷ་དབང་འཁོར་ལོས་སྒྱུར་བ་ཡང་། །སྤྲིན་བར་ཉི་བཞིན་དཀར་པོའི་རྣམ་སྨིན་གྱིས། །སྐབས་བཙལ་སྤངས་པའི་མོད་ལ་མར་མེའི་ལྕེས། །འཐུངས་པའི་ཞུན་མར་བཞིན་དུ་ཉམས་པར་འགྱུར། །ཞེས་པ་ནི་གཟུགས་ཁམས་ཀྱི་གཙོ་བོ་ལྷ་ཆེན་ཚངས་པ་ཆགས་བྲལ་གྱི་བདེ་བ་ཐོབ་པ་དང་། འདོད་ཁམས་ཀྱི་གཙོ་བོ་ཀ་ཤི་ཀ་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་། མིའི་གཙོ་བོ་འཁོར་ལོས་བསྒྱུར་བ་རིན་པོ་ཆེ་སྣ་བདུན་དང་དཔུང་ཚོགས་ཡན་ལག་བཞི་དང་ལྷན་ཅིག་གླིང་བཞི་ལ་དབང་བསྒྱུར་བ་སོགས་དེ་དག་ཐམས་ཅད་ཀྱང་ལུས་རྟེན་དེ་ལྟ་བུ་ནི། སྤྲིན་བར་གྱི་ཉི་མ་བཞིན་ཐོབ་པ་ཡང་དཀར་པོའི་རྣམ་སྨིན་གྱིས་བདེ་བའི་སྐབས་ཅུང་ཟད་བཙལ་ནས་རྙེད་པ་དེ་ཡང་གཉིད་སད་པ་ཇི་བཞིན་བདེ་སྐྱིད་སྤངས་པའི་མོད་ལ་དེར་སྐྱེ་བའི་རྒྱུ་མར་མེའི་ལྕེས་འཐུངས་པའི་མར་ཁུ་བཞིན་དུ་ཟད་ཅིང་ཉམས་པར་འགྱུར་རོ། །རྩ་བ། མནན་ན་ནེམ་པའི་རེག་པ་འཇམ་པོ་དང་། །ལྷ་ཀླུ་མིའམ་ཅི་ཡི་ལ་ཐོད་ཀྱིས། །རྐང་པའི་ཆུ་སྐྱེས་དམར་བྱས་དབང་པོ་ཡང་། །ལྕགས་ཀྱི་གསལ་ཤིང་འབར་བའི་རྩེ་མོར་གདུངས། །ཞེས་པ་ནི་གྲོང་ཁྱེར་བལྟ་ན་སྡུག་གི་ས་གཞི་མནན་ན་ནེམ་ཞིང་བཏེགས་ན་མཐོ་བར་བྱེད་པའི་གཞི་ལ་རྐང་པ་བཞག་ན་རེག་པ་ཤིན་ཏུ་འཇམ་པ་དང་། སུམ་ཅུ་རྩ་གསུམ་པ་དང་། ཀླུ་དང་། མིའམ་ཅི་ལ་སོགས་ཀྱི་མགོ་བོའི་རྒྱན་ནོར་བུ་དང་བཅས་ཏེ་བརྒྱ་བྱིན་གྱི་ཞབས་ལ་གཏུགས་ཚེ་རྐང་པའི་ཆུ་སྐྱེས་ཀྱང་དམར་པོར་འགྱུར་བའི་སྟོབས་ཐོབ་པའི་ཁེངས་དྲེགས་ཅན་དེ་ཡང་དམྱལ་བའི་གནས་སུ་ལྟུང་བར་འགྱུར་ཞེས་པའོ། །རྩ་བ། མཐོ་རིས་བུ་མོའི་ནུ་མ་གསར་པ་ལ། །རེག་པའི་འཁྲི་ཤིང་བསྟེན་དེ་དགའ་ཚལ་དང་། །གཞལ་མེད་ཁང་མཛེས་མུ་ཏིག་དྲྭ་ཕྱེད་ཅན། །སྤངས་ནས་མེ་མུར་འོབས་ནང་སྤྱིའུ་ཚུགས་ལྟུང་། །ཞེས་པ་ནི་འདི་ལྟར་མཚེའུ་དལ་གྱིས་འབབ་པར་ལྷའི་བུ་མོ་རྣམས་ཀྱི་ནུ་མ་ལ་རེག་པའི་བདེ་བ་ཉམས་སུ་མྱོང་བ་དང་། དགའ་བའི་ཚལ་དུ་བཟའ་བཏུང་གོས་རྒྱན་རོལ་མོའི་བྱེ་བྲག་སྣ་ཚོགས་དང་གནས་ཁང་རྒྱན་བཀོད་རྣམས་ཕུན་སུམ་ཚོགས་པར་གྱུར་ཀྱང་དེ་དག་ཉམས་སུ་མྱོང་བའི་རྣམ་དཀར་གྱི་ལས་དེ་ཟད་མ་ཐག་ཏུ་མེ་མ་མུར་གྱི་འོབས་སོགས་སུ་སྡུག་བསྔལ་དཔག་མེད་མྱོང་དགོས་པའོ། །རྩ་བ། གོས་སྟན་མེ་ཏོག་རྙིངས་པའི་ལྷ་མོ་དག །རྡུལ་གྱིས་གདོང་པ་བཀྲུ་བའི་ཟོལ་ཞིག་ནས། །ཉེ་དུ་རྣམས་ལ་བལྟ་ཞིང་ངུ་བ་ཡི། །འཆི་འཕོའི་སྡུག་བསྔལ་ལྟ་བུ་མི་ལ་མེད། །ཅེས་པ་ནི་འདི་ལྟར་གཞན་འཕྲུལ་དབང་བྱེད་མན་ཆད་སྲོག་ལ་ཆགས་པའི་ཉེས་པ་ཡོད་ཀྱང་གནད་འཆད་པའི་སྡུག་བསྔལ་ནི་ཡོད་པ་མ་ཡིན་མོད། འོན་ཀྱང་འཆི་འཕོ་བའི་སྔ་ལྟས་རྣམས་བྱུང་ནས་སྡུག་བསྔལ་མྱོང་དགོས་པ་ཡིན་ཏེ། གོས་སྟན་དང་མེ་ཏོག་གི་རྒྱན་རྣམས་རྙིང་ཞིང་དྲི་མ་ཆགས་པ་སོགས་འཆི་བའི་རྟགས་བྱུང་བའི་ལྷ་མོ་དག་སེམས་ཀྱི་དཔའ་ཞུམ་ཞིང་རྡུལ་དྲེག་གིས་གདོང་གཡོགས་པ་ཡང་སྔར་ལྟར་བཀྲུ་བའི་ཟོལ་ཞིག་ནས་རང་གི་མཛའ་མཐུན་གྱི་ཡུལ་དུ་གྱུར་པ་ཉེ་དུ་རྣམས་ལ་བལྟ་ཞིང་ངུ་བ་ཡི་སྡུག་བསྔལ་དེ་ལྟ་བུ་མི་ལ་མེད་ཅེས་པའོ། །རྩ་བ། གཉའ་ཤིང་འཛིན་རིའི་ས་བླ་འགེགས་པ་ཡི། །གདུགས་གྱུར་སྣང་བྱེད་ཆེན་པོ་ཉི་ཟླ་གཉིས། །སླན་ཆད་མུན་པའི་སྨག་གི་བཙོན་ར་རུ། །ལོང་བ་ཆེན་པོའི་གནས་སྐབས་འཐོབ་པར་འགྱུར། །ཞེས་པ་ནི་རི་གཉའ་ཤིང་འཛིན་གྱི་ས་བླ་སྟེ་ནམ་མཁར་གདུགས་ལྟར་གྱུར་ནས་འཇིག་རྟེན་གྱི་མུན་པ་བསལ་ནུས་པའི་སྣང་བྱེད་ཆེན་པོ་ཉི་ཟླ་གཉིས་པོའི་རྟེན་མེ་ཤེལ་དང་ཆུ་ཤེལ་གཉིས་ཀྱི་གཞལ་མེད་ཁང་པ་འོད་ཀྱི་རང་བཞིན་དེ་ཡང་ཇི་ཞིག་ན་བརྟེན་པ་ལྷའི་བུ་གཉིས་པོ་སྤངས་ནས་འཇིག་རྟེན་གྱི་མུན་པའི་སྨག་རུམ་དུ་ལྷུངས་ནས་སྲིད་པའི་གནས་འདི་ལོང་བར་གྱུར་ཏེ་ཅི་ཡང་མི་མཐོང་བའི་གནས་སྐབས་ཐོབ་པར་འགྱུར་བའོ། །རྩ་བ། ལྷ་ཡི་དཔལ་ལ་སྡང་བའི་ཕྲག་དོག་གི། །དགྲ་སྟྭས་རང་སྙིང་ཚལ་བར་བཀས་ནས་སླར། །དཔུང་པ་གཏུམ་པོའི་གཡུལ་ངོར་བདག་ཉིད་ཀྱི། །མགོ་དང་ཡན་ལག་གཏུབས་པས་ལྷ་མིན་མནར། །ཞེས་པ་ནི་འདི་ལྟར་ལྷ་མིན་ནི་རང་བཞིན་གྱིས་ང་རྒྱལ་ཆེ་བའི་ཁར་ལྷའི་དཔལ་ལ་སྡང་བའི་ཕྲག་དོག་དང་འཛམ་བུའི་གླིང་པ་རྣམས་མི་དགེ་བ་སྟོབས་ཆེན་བསགས་པའི་སྐྱོན་དང་ལྷ་དག་ལྷ་མིན་གྱི་བུ་མོར་བལྟ་དོགས་དང་། ལྷ་མིན་རྣམས་ལྷའི་བདུད་རྩི་ལ་ཆགས་པའི་དབང་གིས་དང་དཔག་བསམ་ལྗོན་པའི་དཔལ་དང་ལོངས་སྤྱོད་ལྷས་དབང་ཞིང་རྩ་བ་ལྷ་མིན་ཡུལ་དུ་ཡོད་པ་དོན་མེད་དོ་སྙམ་ནས་སྟྭ་རེས་གཅོད་པར་རྩོམ་པ་ལ་རྩོད་པ་འབྱུང་བ་ཡིན་ཞིང་། དེ་ལྟ་བུའི་རྩོད་ཡུལ་ལ་ཐོབ་ཤོར་གྱི་རེ་དོགས་ཀྱིས་དགྲ་སྟྭས་རང་སྙིང་ཚལ་པར་བཀས་པ་ལྟ་བུའི་ཁོང་ཁྲོའི་ཟུག་རྔུ་བཟོད་གླགས་མེད་པ་བྱུང་ནས་སླར་ལྷའི་དམག་དཔུང་གཏུམ་པོའི་གཡུལ་ངོར་ཞུགས་ཏེ་མགོ་དང་ཡན་ལག་བཅད་གཏུབས་བགྱིས་པས་ལྷ་མིན་མནར་ཞིང་སྡུག་བསྔལ་བའོ། །དེའི་ཚེ་ལྷ་རྣམས་མགོ་ཆད་པ་མ་གཏོགས་མི་འཆི་ཞིང་ལྷ་མིན་ནི་མི་བཞིན་གནད་དུ་ཕོག་ཚད་འཆི་བ་ཡིན་ནོ། །སྒྲ་གཅན་དུད་འགྲོ་ཡིན་པས་མིག་གིས་ཉི་ཟླའི་བཀྲག་མི་བཟོད་ཅིང་ལག་པས་སྒྲིབ་པར་བཤད་པ་དང་དུས་འཁོར་ནས་གདོང་མཇུག་གིས་བསྒྲིབ་པར་དུ་མེ་འཇུག་པ་ཞེས་དང་གཞུང་ལ་ལར་ཁས་ཟོས་པ་ཨོལ་བར་ཐོན་པ་ཡང་བཤད་དོ། །དེ་དུས་དགེ་སྡིག་གང་བྱས་ཀྱང་ཟླ་བར་འབུམ་འགྱུར་དང་། ཉི་མར་བྱེ་བའི་འགྱུར་ཡོད་པར་གསུངས་སོ། །ས་གཡོ་བ་ཡང་བྱང་ཆུབ་སེམས་དཔའ་ས་ནས་སར་འཕར་བའམ། དེ་བཞིན་གཤེགས་པའི་སྤྲུལ་པས་འཇིག་རྟེན་དུ་ཆོ་འཕྲུལ་མཛད་དམ། མི་དགེ་བའི་ལས་རླབས་པོ་ཆེ་ལས་བྱུང་བའམ། ཉ་བོ་ཆེ་འགྲེ་ལྡོག་བྱས་པའི་སྐྱོན་ནམ། ཡང་ན་ལྷ་མིན་དབང་པོ་ཐགས་བཟང་རིས་ཁྲོས་ནས་ལྷ་ལ་གཡུལ་འགྱེད་པའི་ཆེད་དུ་གསེར་གྱི་ས་གཞི་ལ་རྐང་པ་བརྡབ་པའི་སྐྱོན་ཡིན་པ་སོགས་མ་ངེས་པར་བཤད་པ་ཡང་ཡད་དོ། །རྩ་བ། འཚོ་བ་ཆུ་བུར་ལྟ་བུར་གཡོ་བ་ཡི། །མི་དག་ཡིད་མི་བདེ་དང་འཁྲུགས་པ་སོགས། །སྡུག་བསྔལ་སྔ་མས་ཕྱི་མ་ཉེ་བར་ལེན། །མཛེ་ཅན་ཕོལ་གྱི་ཐོག་ཏུ་རྨས་གཏུགས་བཞིན། །ཞེས་པ་ནི་འདི་ལྟར་ཚེའི་སྙིགས་མ་ཆུ་བུར་ལྟར་མི་རྟག་ཅིང་གཡོ་བས་མི་དག་ཡིད་མི་བདེ་བ་དང་འཁྲུགས་པ་ལ་སོགས་ཀྱིས་སྡུག་བསྔལ་བ་དེ་ཡང་སྔ་མ་མ་སངས་སྟེང་དུ་གཅིག་ཐོག་ཏུ་གཉིས་སྣོན་ལྟ་བུའི་ཕྱི་མ་ཡང་ཉེ་བར་ལེན་ཞིང་། མཛེ་ནད་ཡོད་པའི་ཐོག་ཏུ་ཕོལ་མིག་གི་རྨས་གཏུགས་པ་ལྟ་བུའོ། །རྩ་བ། མངོན་མཐོའི་ཡོན་ཏན་རྫོགས་པའི་སྐྱེད་ཚལ་དུ། །འདོད་པའི་རོ་ལ་གདུང་བ་དུག་ཅན་གྱི། །བཟའ་བས་རྣམ་པར་སྨ་བབ་དཀའ་ཐུབ་ལུས། །མིག་འཕྲུལ་ལྟ་བུར་ཐོབ་འདི་འགྱུར་བ་ཅན། །ཞེས་པ་ནི་སྐྱེས་བུ་གང་ཞིག་མངོན་མཐོའི་དཔལ་ཡོན་རྫོགས་པའི་གནས་སུ་བདེ་སྐྱིད་ཀྱི་ལོངས་སྤྱོད་ལ་རོལ་ཚེ་འདོད་པའི་རོ་ལ་གདུང་བ་ཆེ་སྐྱོན་གྱིས་དུག་ལྡན་གྱི་བཟའ་བཏུང་ལ་སྤྱོད་པས་རྣམ་པར་སྨ་བབ་པའི་དཀའ་ཐུབ་ཀྱིས་ལུས་རིད་ཅིང་མིག་འཕྲུལ་ལྟ་བུར་སྐད་ཅིག་གིས་ཐོབ་པ་འདི་འགྱུར་བའི་སྡུག་བསྔལ་གྱི་ཆོས་ཅན་ནོ། །རྩ་བ། རྐང་པའི་རེག་པ་ཁུར་དུ་མི་བཟོད་པའི། །ངལ་བཅས་སེམས་ཀྱིས་གླང་པོའི་གཉར་འཛེགས་ཀྱང་། །དེ་ཡི་བསམ་པ་རྩེ་དགས་རྒོད་གྱུར་ནས། །གཡང་སར་སྨད་པ་འདུ་བྱེད་སྡུག་བསྔལ་མཚོན། །ཞེས་པ་ནི་འདི་ནི་སྐྱེས་རབས་ཀྱི་གཏམ་རྒྱུད་དང་སྦྱར་ན། འོད་ལྡན་ཞེས་པའི་རྒྱལ་ཁབ་ཏུ་རྒྱལ་པོ་རབ་གསལ་ཞེས་པ་གླང་ཆེན་ཞོན་པར་སྤྲོ་བ་སྐྱེས་ནས་འདུལ་སྦྱོང་མཁན་ལ་གླང་པོ་ཆེ་འདུལ་བར་བསྒོས་པས་དེའི་རྒྱལ་པོའི་བཀའ་ཕེབས་བཞིན་བཏུལ་བས་ལུས་ཐུལ་ནས་ལྕགས་ཀྱི་ཐོ་ལུམ་མེ་འབར་བའམ་སྣས་ཚམ་ཚོམ་མེད་པར་ལེན་པའི་བར་བཏུལ་ཀྱང་། སེམས་ཉོན་མོངས་པ་དང་བཅས་པ་བཏུལ་མ་ནུས་བཞིན་རྗེ་འབངས་གཉིས་གླང་ཆེན་ཞོན་ནས་ཡུལ་ཉེ་བར་སྤྱོད་པའི་སྐྱོ་སངས་ལ་ཕྱིན་པས་ན་གླང་མོའི་དྲི་བསེར་བུས་ཁྱེར་བ་གླང་པོ་ཆེ་དྲི་འཛིན་གྱི་སྒོར་ཕོག་པ་ཙམ་གྱིས་ཡིད་རྩེ་དགས་རབ་ཏུ་རྒོད་པར་གྱུར་ནས་མྱུར་བར་རྒྱུག་པས་རྒྱལ་པོ་རབ་གསལ་སྲོག་དང་བྲལ་བར་ཉེ་བ་ལྟ་བུ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་སེམས་ཅན་ཀུན་ལ་ཡོད་ཀྱང་མངོན་སུམ་དུ་བལྟར་མི་མངོན་པར་ལུས་དང་གྲིབ་མ་ལྟར་འགྲོགས་པའི་སྐྱོན་ཡིན་ནོ། །རྩ་བ། དེ་ལྟར་སྡུག་བསྔལ་ཉིད་གསུམ་འབྲོག་དགོན་ན། །སྐྱེ་རྒ་ན་འཆིའི་ཚོར་བ་རྣམ་པར་འཁྱམས། །སྨོན་པ་མེད་པའི་མི་སྡུག་དགྲ་དང་ཕྲད། །སྡུག་པ་ཡིད་ལ་གོམས་བྱས་གནས་མིན་ཕྱོགས། །འདོད་པའི་ཡུལ་ལ་འབྱོར་པས་ངོ་ཚར་བྱས། །ཉེར་ལེན་ཕུང་པོའི་སྟེང་དུ་དཀའ་ཐུབ་འདུས། །རྣམ་པ་བརྒྱད་ཀྱི་སྡུག་བསྔལ་རྟུལ་ཕོད་པས། །མི་ཡི་སྐྱེ་བའི་འཁྲི་ཤིང་རྟག་ཏུ་གཙེར། །ཞེས་པ་ནི་སྡུག་བསྔལ་ཉིད་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ནི་འབྲོག་དགོན་པ་སྲོག་ལ་ཡ་ང་བའི་གནས་ལྟ་བུར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཚོར་བ་རྣམ་པར་འཁྱམས་པ་ནི་དེའི་ངང་དུ་ལུས་པའོ། །དེའི་ཚེ་འཕྲལ་དུ་སྨོན་པ་མེད་པའི་མི་སྡུག་པའི་དགྲ་དང་ཐུག་པ་དང་། མཛའ་ཞིང་མཐུན་པ་སྡུག་པ་ཡིད་ལ་བཅགས་ཤིང་གོམས་པར་བྱས་པ་གནས་མིན་ཞེས་ཕྱི་མའི་ལམ་དུ་ཕྱོགས་པ། ཡིད་ལ་གང་འདོད་པའི་ཡུལ་མཐུན་རྐྱེན་གྱི་རིགས་འབྱོར་པས་ངོ་ཚ་བྱས་ནས་ཕྱིར་བྲོས་པ་ལྟ་བུ། མི་འདོད་པའི་རྐྱེན་མ་བསྒྲུབས་ཀྱང་དབང་མེད་དུ་ཐོག་ཏུ་འབབ་པ། དེ་ལྟ་བུ་སྡུག་བསྔལ་ཉེ་བར་ལེན་པ་པོ་ཕུང་པོ་ལྔ་ཁོ་ན་ལས་གཞན་མེད་པས་དེའི་སྟེང་དུ་དཀའ་ཐུབ་འདུས་པ་ཡང་། རྣམ་པ་བརྒྱད་ཀྱི་སྡུག་བསྔལ་རྟུལ་ཕོད་པ་ཞེས་འགྲོ་རྣམས་མནར་བ་ལ་ཤིན་ཏུ་དཔའ་བས་མི་ཡི་སྐྱེ་བའི་ལྗོན་པ་ལ་གཙེར་བའི་སེམས་ཀྱི་འཁྲི་ཤིང་རྟག་ཏུ་གཙེར་ཞེས་སྡུག་བསྔལ་བར་བྱས་པའོ། །རྩ་བ། ཤིན་ཏུ་དྲི་ང་མི་གཙང་རྙོག་མ་ཅན། །ཀུན་ནས་དོག་པ་མུན་ནག་འཐིབས་པོའི་ཁྲོད། །མངལ་གནས་ལྕགས་ཁྱིམ་སྒོ་འཕར་སྤངས་ལྟའི་ནང་། །མ་རིག་རྣམ་ཤེས་ཁུ་ཁྲག་དབུས་ན་བརྟེན། །ཞེས་མངལ་གྱི་རང་བཞིན་ནི་དྲི་ང་བ་དང་མི་གཙང་བའི་ཁྲོད་ལྕགས་ཁྱིམ་སྒོ་འཕར་སྤངས་པ་ལྟ་བུའི་ནང་དུ་བར་དོའི་དྲི་ཟ་ཉེ་བར་འཇུག་པའི་རྣམ་ཤེས་རིག་བྲལ་དེ་རླུང་སེམས་ཀྱི་ཆས་ཁུར་ནས་ཕ་མའི་ཁུ་ཁྲག་གི་དབུས་ན་གནས་ཚུལ་ནི། རྩ་བ། མེར་མེར་ནུར་ནུར་ལྟར་ལྟར་མཁྲང་གོར་ཉ། །རུས་སྦལ་བཞིན་ཏེ་བདུན་ཕྲག་བདུན་རྩ་དྲུག །གནས་འགྱུར་ཡིད་མི་འོང་བའི་རྣམ་པ་ལ། །དབང་པོ་ཡན་ལག་བ་སྤུ་ལ་སོགས་འགྲུབ། །བདུན་ཕྲག་སུམ་ཅུ་རྩ་བདུན་གྲངས་སྙེད་ཚེ། །བརྟས་དང་ཆེར་བསྐྱེད་གཡོ་ཞིང་ཚོར་བས་གདུངས། །མ་ཡི་སྤྱོད་ལམ་བཀྲེས་སྐོམ་ཚ་གྲང་གིས། །རྣམ་འགྱུར་ལས་བྱུང་སྡུག་བསྔལ་དཔག་ཏུ་མེད། །བཙའ་བའི་དུས་ཀྱི་རྗེས་འགྲོ་དེ་ཡི་ལུས། །བཟོད་དཀའི་བསྡུས་འཇོམས་ཁུར་དུ་འཕོས་པ་ལྟའི། །སྡུག་བསྔལ་ཉེ་བར་ལེན་པས་མཐོ་བཙམས་ནས། །མ་བུ་གཉིས་ཀ་མོད་ལ་སྲོག་འདོར་རམ། །གཅིག་ཤོས་གནོད་པ་བདོ་བའི་ཁུར་གྱིས་བཙའ། །མངལ་གནས་རློན་པས་དཀྲིས་ཤིང་དྲི་ང་བ། །སྲན་མི་བཟོད་པ་ཤ་རྨེན་ཞིག་པ་ལྟས། །སྔོན་གྱི་དྲན་པའི་སྟོབས་རྣམས་ཉམས་བྱས་ཤིང་། །རེག་པའི་གནོད་པས་གཟིར་བའི་སྡུག་བསྔལ་མྱོང་། །ཞེས་པ་ནི་མངལ་དུ་ཞུགས་པའི་བདུན་ཕྲག་དང་པོར་མེར་མེར་པོ་དངུལ་ཆུ་ལྟ་བུ་དང་། གཉིས་པ་ནུར་ནུར་པོ་སྣབས་ལྟ་བུ། གསུམ་པ་ལྟར་ལྟར་པོ་མཛུབ་མོ་ལྟ་བུ། བཞི་པ་མཁྲང་གྱུར་སྒོ་ང་ལྟ་བུ། ལྔ་པ་གོར་གོར་པོ་ཁུར་བ་ལྟ་བུ། དྲུག་པ་ཁྱབ་འཇུག་ཉའི་རྣམ་པ་ལྟ་བུ། བདུན་པར་རུས་སྦལ་ལྟར་མགོ་དང་རྐང་ལག་ཅུང་ཟད་མངོན་ཞིང་དེ་ནས་བདུན་ཕྲག་བརྒྱད་དང་དགུ་དང་བཅུ་ནས་རིམ་བཞིན་བརྩིས་པའི་བདུན་ཕྲག་ཉི་ཤུ་རྩ་དྲུག་གི་བར་དུ་ལུས་ཕྱི་ནང་ཡན་ལག་དང་སོར་མོ་བ་སྤུ་སོགས་དང་། ནང་གི་དོན་སྣོད་དབང་སྒོ་ལ་སོགས་པའི་ལུས་ཀྱི་ཆ་ཡོངས་སུ་རྫོགས་ཀྱང་ཁམས་ཀྱི་ཟས་སྤྱོད་དུ་མེད་པས་གཤང་གཅི་ཡང་མེད་བཞིན་གོང་གི་འཕྲོར་བརྩིས་པས་བདུན་ཕྲག་ཉེར་བདུན་ནས་སུམ་ཅུ་རྩ་དྲུག་གི་བར་དུ་མས་ཟས་སྐོམ་ལ་སྤྱོད་པའི་དྭངས་མས་བུ་འཚོ་བར་བྱེད་ཅིང་བདུན་ཕྲག་སུམ་ཅུ་རྩ་བདུན་པ་ལ་མངལ་གྱི་གནས་དེ་ཉིད་ལ་མུན་ནག་གི་སྣང་བ་སོགས་སྐྱོན་གྱི་རྣམ་པ་གང་ཡོད་མངོན་དུ་གྱུར་ནས་མི་གཙང་བ་དང་། དྲི་མི་ཞིམ་པ། བཙོན་ར། མུན་ནག་དང་། ཕྱིར་འབྱུང་བ་བཅས་འདུ་ཤེས་ལྔར་ཤར་བཞིན་བདུན་ཕྲག་སུམ་ཅུ་རྩ་བརྒྱད་འདས་ཚེ་བཙའ་བའི་དུས་ལ་བབ་སྟེ་ལས་ཀྱི་རླུང་གིས་མགོ་མཇུག་ལྡོག་སྟེ་ཕྱིར་ཐོན་པའོ། །དེ་ཡང་བུ་རྣམས་ནི་མའི་མངལ་གྱི་གཡས་ནས་ཁ་ནང་དུ་བལྟས་ཏེ་ཐལ་མོ་གཉིས་ཀྱིས་གདོང་བཀབ་ནས་གནས་ལ། བུ་མོ་གཡོན་ནས་ཁ་ཕྱིར་བལྟས་ཀྱི་དེ་བཞིན་དུ་གནས་ཤིང་། རྟགས་ཀྱི་སྒོ་ནས་འཇོག་ཚེ་མའི་གྲུ་གཡས་མཐོ་ཞིང་ནུ་ཞོ་གཡས་པ་སྔ་བར་བབས་ན་བུ་དང་། དེ་ཉིད་གོ་ལྡོག་ན་བུ་མོ་ཡིན་པར་གསུངས་སོ། །རྩ་བ། རྒ་བས་ཆད་པས་ནོན་པའི་ལང་ཚོ་ལ། །ཉམས་དང་ཡིད་མི་བདེ་བའི་ཁུར་བབ་པས། །བསྐྱོད་པའི་མཐུ་ཉམས་འཁར་བའི་གཞན་དབང་ཅན། །འགྲོ་ལྡོག་གཡོ་བའི་ལྷུ་ཚིགས་རྣམ་པར་འགྱུར། །དབང་པོ་རྒུད་པས་འདོད་པའི་ཡོན་ཏན་དང་། །ཡུལ་གྱི་ལོངས་སྤྱོད་སྤྲིན་གྱི་བཀབ་པ་ཡི། །ཚ་ཟེར་བཞིན་དུ་རྨོངས་དང་མཐུ་ཉམས་པའི། །འདུ་ཤེས་འཁྲུགས་པའི་མལ་དུ་ཤིན་ཏུ་འཁྱམ། །ཞེས་པ་ནི་གཞོན་ནུའི་ལང་ཚོ་ནི་རིམ་བཞིན་རྒས་པའི་ཆད་པས་ནོན་ཞིང་ལུས་སྟོབས་དང་དབང་པོ་རྣམས་ཉམས་པས་འདོད་ཡོན་ལྔ་ལ་སྤྱོད་པའི་སྟོབས་ཟད་ཅིང་ལུས་དང་ཡན་ལག་བསྐྱོད་པའི་མཐུ་ཉམས་ཤིང་འཁར་བའི་གཞན་དབང་ཅན་དུ་གྱུར་པས་འགྲོ་ལྡོག་སོགས་གཡོ་འགུལ་བྱེད་པའི་ལྷུ་ཚིགས་ཀྱང་རྣམ་པར་འགྱུར་ཞིང་དབང་པོ་རྒུད་པས་འདོད་ཡོན་དང་ཡུལ་ལྔའི་ལོངས་སྤྱོད་སྤྲིན་གྱིས་བཀབ་པའི་ཚ་ཟེར་བཞིན་དུ་རྨོངས་ཤིང་སྤྱོད་པའི་མཐུ་ཉམས་པས་འདུ་ཤེས་རྣལ་དུ་མི་ཕེབས་བཞིན་རབ་ཏུ་འཁྲུགས་པའི་མལ་དུ་ཤིན་ཏུ་འཁྱམས་ནས་སྡུག་བསྔལ་ལ་སྤྱོད་དགོས་པའོ། །རྩ་བ། རང་བཞིན་སྙོམས་ལྡན་འདུ་བའི་རྫིང་བུ་ནི། །རྙོག་པ་ཅན་བགྱིད་ན་བའི་ཚོར་བ་ཡིས། །ཕུང་པོ་ལྔ་ཡི་ཉེར་ལེན་དུབ་བྱས་ཏེ། །འཚོ་བའི་བརྟན་པ་བྲལ་བའི་དོགས་པས་སྐྲག །ཅེས་པ་ནི་འདི་ལྟར་ལུས་ཅན་སྤྱི་ལ་རླུང་མཁྲིས་བད་དཀན་སོགས་རང་བཞིན་སྙོམས་པར་ལྡན་ཚེ་འདུ་བའི་རྫིང་བུ་རྙོག་པ་ཅན་བགྱིད་པའི་ན་བའི་ཚོར་བ་རྩུབ་མོས་གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ཀྱི་ཕུང་པོ་སྟེ་དེ་དག་གི་སོ་སོའི་ཉེ་བར་ལེན་པ་དུབ་པར་བྱས་ཏེ་གདུང་བས་འཚོ་བའི་བརྟན་པ་བྲལ་ཞིང་འཆི་བར་དོགས་པས་སྐྲག་པར་བྱེད་དོ། །རྩ་བ། སྲིད་པ་འདི་ན་སྲོག་གི་རིན་ཐང་ལ། །ཐུག་པ་མེད་པས་འཆི་བའི་སྡུག་བསྔལ་གྱིས། །རྣམ་པར་གཏུགས་པའི་སྐྱེས་བུ་གཉེན་འདུན་དང་། །ལོངས་སྤྱོད་ལས་ཐལ་ས་ཚུགས་མེད་པར་འགྲོ། །ཞེས་པ་ནི་འཇིག་རྟེན་འདི་ན་སྲོག་གི་རིན་ཐང་ལ་ཐུག་པ་མེད་ཀྱང་འཆི་བའི་སྡུག་བསྔལ་གྱིས་རྣམ་པར་གཏུགས་པའི་སྐྱེས་བུ་འཆི་ལ་བབས་པ་གང་ཞིག་གཉེན་ཉེ་དུ་འདུན་གྲོགས་ལོངས་སྤྱོད་ཀུན་ལས་བརྒལ་ཞིང་ས་ཚུགས་མེད་པའི་གནས་སུ་འགྲོ་བར་ངེས་སོ། །ཞེས་པའམ། རྩ་བ། མི་སྡུག་ཡུལ་དང་ཕྲད་པའི་སྡུག་བསྔལ་གྱིས། །ཕོ་ཉས་རྣམ་པར་གཟིར་ཞིང་སྨད་པ་རྣམས། །བདེ་བའི་འབབ་སྟེགས་ཞིག་པའི་ངལ་གསོ་ལྟར། །དབུགས་འབྱིན་ཐོབ་པ་མེད་པས་ལྷག་པར་ཉེན། །ཞེས་པ་ནི་འདི་ལྟར་དགྲ་མི་སྡུག་པའི་ཡུལ་དང་འཕྲད་པའི་སྡུག་བསྔལ་གྱི་ཕོ་ཉ་སྟེ་ལོག་སྦྱོར་གྱིས་རྣམ་པར་གཟིར་ཞིང་སྨད་པའི་ཡུལ་དུ་གྱུར་པ་རྣམས་ནི་ཁུར་ལྕི་བས་དུབ་པ་གང་ཞིག་ངལ་གསོ་བའི་འབབ་སྟེགས་ལ་གནས་སྐབས་ཞིག་ནས་བདེ་བའི་དབུགས་འབྱིན་ཐོབ་པ་མེད་པས་ལྷག་པར་ཉེན་པ་ལྟ་བུའོ། །རྩ་བ། བྱམས་སྡུག་འདུ་འབྲལ་གསར་པར་བཀོད་པ་ཡི། །གདུང་བས་ཉམས་པའི་དཀའ་ཐུབ་གཟུགས་གྱུར་ན། །ནོར་བཟང་དྲི་ཟ་མོ་ཡི་དབང་གྱུར་པའི། །ལམ་ཕྲང་འཚེ་བས་བཀབ་ལས་ལས་མཐའ་རིང་། །ཞེས་པ་ནི་ཡིད་ལ་སྡུག་པའི་མཛའ་བཤེས་དང་བྲལ་བ་གང་ཞིག་དེའི་ཡོན་ཏན་དང་སྤྱོད་ལམ་དང་། རྣམ་འགྱུར་དྲན་ནས་སེམས་གདུང་བའི་དཔེ་གཞོན་ནུ་ནོར་བཟང་དྲི་ཟའི་བུ་མོར་བྲལ་ཚེ་ལམ་འཕྲང་འཚེ་བ་ཅན་བགྲོད་པ་ལས་ཀྱང་དཀའ་ཞིང་ལས་མཐའ་རིང་བ་ཉིད་དོ། །དེའི་གཏམ་རྒྱུད་ཀྱང་། དཔག་བསམ་ཁྲི་ཤིང་ལས། སྔོན་གྱི་དུས་ཡུལ་ལྔ་ལེན་ཞེས་པར་གྲོང་ཁྱེར་གླང་པོའི་ཁྱིམ་གྱི་རྒྱལ་སྲིད་ཀྱི་བདག་པོར་རྒྱལ་པོ་ནོར་ཅན་ཟེར་བ་བུ་མེད་པ་ཞིག་ཡོད་པ་དེས་འཇིག་རྟེན་ལྷ་ལ་གསོལ་བ་བཏབ་འབྲས་ཀྱིས་བུ་ཞིག་ཡོད་པ་དེ་ཉིད་ལེགས་པར་བསྐྱེད་བསྲིངས་ནས་མིང་ནོར་བཟང་དུ་བཏགས་སོ། །དེས་ཀྱང་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་རིག་གནས་ཀུན་ལ་བྱང་བར་བྱས་ཏེ་ཆུང་མ་གསུམ་དང་ལྷན་ཅིག་བརྩེན་ཚེ། སྐབས་ཞིག་ཏུ་རྔོན་པ་སྤང་ལེབ་ཅན་རི་དྭགས་བཤོར་བ་ཞིག་རི་བོ་གཞན་ཞིག་ཏུ་ཕྱིན་པ་ན་ལོ་མ་དང་མྱུ་གུ་དང་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའི་བསྟི་གནས་ཞིག་ན་དྲང་སྲོང་དཀའ་ཐུབ་ལ་གནས་པ་ཞིག་བཞུགས་པ་མཐོང་བ་དང་ཕྱག་བྱས་ཏེ་དྲིས་པ། ཁྱེད་འདིར་བཞུགས་ནས་ཅི་ཙམ་ཡིན་ཞུས་པས། ལོ་བཞི་བཅུ་ཡིན་ཟེར། ཁྱོད་ཡུན་རིང་དེ་སྲིད་དུ་འདིར་སྡོད་རིང་ལ་ངོ་མཚར་བའི་ཆོས་འགའ་གཟིགས་ལགས་སམ། ཞུས་པས། དྲང་སྲོང་གིས་རྔོན་པ་ལ་ཁྱོད་ཀྱིས་མཚོ་མ་གི་མཐོང་ངམ་དྲིས་པས་དེས་མཐོང་ལགས་ཟེར་བར། དྲང་སྲོང་གིས་འདི་ནི་ཚངས་པ་འདུ་བའི་རྫིང་ཞེས་བྱ་སྟེ། མེ་ཏོག་སྣ་ཚོགས་དང་། ཆུ་བྱ་སྣ་ཚོགས་ཡོད་པ། དྲི་ཞིམ་པའི་མེ་ཏོག་དུ་མས་བསྐོར་བའི་ཆུ་རྫིང་འདིར་ཚེས་བཅོ་ལྔའི་ཉིན་མིའམ་ཅིའི་རྒྱལ་པོ་ལྗོན་པའི་བུ་མོ་ཡིད་འཕྲོག་མ་བུ་མོ་ལྔ་བརྒྱས་བསྐོར་ནས་འོངས་ཏེ་ཁྲུས་དང་བསྐུ་མཉེས་སྣ་ཚོགས་བྱེད་ཅིང་གླུ་གར་བྲོ་དང་རོལ་མོ་སྣ་ཚོགས་ཀྱིས་ཡིད་འཕྲོག་པར་བྱེད་དོ། །ཁོ་བོའང་དེའི་སྒྲ་ཐོས་པས་དགའ་བ་དང་ཡིད་བདེ་བ་ཆེན་པོ་སྐྱེས་ནས་ཞག་བདུན་འདའ་ནུས་པས་ངོ་མཚར་བ་དེ་འདྲ་མཐོང་ངོ་། །ཞེས་གསུངས་པས། རྔོན་པ་དེས་ཀླུ་ལས་དོན་ཡོད་ཞགས་པ་ཐོབ་པ་དེས་ཡིད་འཕྲོག་མ་བཟུང་སྙམ་ནས་ཚེས་བཅོ་ལྔའི་དུས་ལ་བབ་ཚེ་མཚོ་འགྲམ་དུ་འཁྲིས་ནས་གབ་ཅིང་བསྒུག་པ་ལ། ཇི་ཞིག་ན་ཡིད་འཕྲོག་མ་འཁོར་བཅས་བྱུང་ནས་ཁྲུས་ཀྱི་བྱ་བ་ལ་འཇུག་པར་རྩོམས་ཚེ་རྔོན་པས་དོན་ཡོད་ཞགས་པས་བཟུང་བ་དང་འཁོར་རྣམས་བྲོས་སོ། །དེར་མོས་རྔོན་པ་ལ་མ་རབས་ཁྱོད་ཀྱིས་ང་ལ་མ་རེག་ཅིག་ཟེར་བས་རྔོན་པས་མོ་འབྲོས་པར་དོགས་པ་དང་མོའི་གཙུག་གི་ནོར་བུ་བཀྲོལ་ཏེ་རྔོན་པར་གཏད་པ་དང་། དེའི་ཚེ་གཞོན་ནུ་ནོར་བཟང་ཡང་རི་དྭགས་བཤོར་བར་དེར་སླེབས་པ་དང་འཕྲད་ཚེ། རྔོན་པས་བུ་མོ་འདི་གཞོན་ནུ་འདི་ལ་འོས་སོ་སྙམ་ནས་ཕུལ་བས་གཞོན་ནུས་བརྟགས་པར་བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་ཀུན་ཚང་བ་ཐུགས་སུ་ཆུད་དེ། ཡིད་འཕྲོག་མ་རྒྱན་དང་བཅས་པ་བཞེས་ཏེ་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ཕྱིན་ནས་ཕོ་བྲང་གི་རྩེའི་ཁང་བཟང་ཞིག་ཏུ་དགའ་མགུར་སྤྱོད་ཅིང་གནས་སོ། །དེའི་དུས་ན་བྲམ་ཟེ་གཉིས་ལྗོངས་རྒྱུ་བ་ལ་འོངས་ཚེ། གཅིག་རྒྱལ་པོ་དང་། གཅིག་ཤོས་ནོར་བཟང་ལ་རྟེན་བཅས་ཤིང་། རྒྱལ་པོའི་མདུན་ན་འདོན་བྱེད་དུ་བཅུག་ཅིང་ལོངས་སྤྱོད་ཀྱི་སྐལ་བ་ཡང་བྱིན། རྒྱལ་བུས་ལོངས་སྤྱོད་ཀྱི་སྐལ་བ་ཙམ་ཞིག་བྱིན་པ་དང་དེས་སྨྲས་པ། གཞོན་ནུ་ཉིད་རྒྱལ་སར་བཞུགས་ཚེ་ང་ལ་ཅི་ཞིག་བགྱི་ཞུས་པས། དེ་ལྟར་ན་ཁྱོད་ཀྱི་གྲོགས་པོར་ཡབ་ཀྱིས་བགྱི་བ་ཇི་བཞིན་ནོ། །ཞེས་གསུངས་པ་ཡབ་རྒྱལ་པོའི་མདུན་ན་འདོན་དེའི་ཐོས་ཚེ་ཕྲག་དོག་སྐྱེས་ནས་གཞོན་ནུ་རྒྱལ་སྲིད་མི་ཐོབ་པའི་ཐབས་བསམ་པ་ལ། ཡུལ་གཞན་གྱི་རི་བོར་བ་ཞེས་ཆོམ་པོས་ཡུལ་དེར་གནོད་འཚེ་བྱེད་པ་ཞིག་ཡོད་པ་ལ་དེ་བརླག་པའི་ཆེད་དུ་དམག་གི་དཔུང་ཆེན་པོ་ཞིག་ཆས་ན་རྒྱལ་བུ་ཡང་དམག་དཔོན་དུ་བཏང་ཐབས་བྱས་ན་དེ་ནས་ཕྱིར་ལྡོག་མི་ཐུབ་སྙམས་ནས་རྒྱལ་པོ་ལ་གཡོ་ཐབས་ཀྱིས་དེ་ཚུལ་ཞུས་པར་རྒྱལ་པོས་དེ་བཞིན་དུ་བྱའོ་ཞེས་གཞོན་ནུ་མདུན་དུ་བོས་ནས་དེ་བཞིན་བསྒོས་པས་དེས་ཀྱང་ཁས་བླངས་ནས་འགྲོ་གྲབ་ལ་ཞུགས་ཚེ་ཡིད་འཕྲོག་མ་ཡིད་ལ་བཅགས་ཏེ་འཕྲད་ཙམ་བྱས་ནས་མོའི་གཙུག་རྒྱན་གྱི་ནོར་བུ་རྒྱལ་བུའི་མ་ལ་བཅོལ་ནས་གལ་ཏེ་ཡིད་འཕྲོག་མའི་སྲོག་གི་ཉེན་པའི་གལ་ལ་ཐུག་ན་འདི་གཏོད་དེ། དེ་མིན་ན་མ་བྱིན་ཟེར་ནས་དཔུང་ཚོགས་ཡན་ལག་བཞིའི་དམག་དཔུང་ཁྲིད་ནས་ཕྱིན་པས་རྒྱལ་བུའི་བསོད་ནམས་ཀྱི་མཐུ་ལས་རྒྱལ་ཆེན་རྣམ་ཐོས་སྲས་ཀྱིས་གྲོགས་བགྱིད་པའི་ཐུགས་བསྐྱེད་ནས་གནོད་སྦྱིན་གྱི་སྡེ་དཔོན་ལྔ་ལེན་ལ་ཁྱོད་ཀྱི་དམག་དཔུང་ཁྲིད་ལ་རི་བོར་བ་རྣམས་ཕོབ་ཅིག་ཅེས་བསྒོས་པ་བཞིན་དུ། དེ་རྣམས་ཆམ་ལ་ཕབ་ནས་ལས་སྣ་བ་བསྐོས་ཏེ། དཔྱ་ཐང་བཅད། གཏེའུ་ཡང་བཟུང་སྟེ་དམག་དཔུང་ཕྱིར་ལོག་ཚེ། རྒྱལ་པོ་ནོར་ཅན་གྱི་རྨི་ལམ་ན་བྱ་རྒོད་གཅིག་འོངས་ཏེ། རྒྱལ་པོའི་ལྟོ་དྲལ་ནས་རྒྱུ་མ་དྲངས་ཤིང་གྲོང་ཁྱེར་གྱི་མཐའ་བསྐོར་བ་དང་རིན་པོ་ཆེ་སྣ་བདུན་གྱིས་ཁྱིམ་བཀང་བ་རྨིས་སོ། །དེར་རྒྱལ་པོ་ཤིན་ཏུ་སྐྲག་ཅིང་འཇིགས་ནས་བྲམ་ཟེ་འདུན་ན་འདོན་ལ་དེ་ཚུལ་བཤད་པས། དེས་རྨི་ལམ་དེ་ནི་རྒྱལ་སྲིད་ལས་ཉམས་པའམ་སྐུ་ཚེ་བར་ཆོད་ཀྱི་ལྟས་སུ་ངེས་སོ་ཞུས་པས་རྒྱལ་པོས་དེ་བཟློག་ཐབས་བདོག་གམ་ཟེར་བར། བྲམ་ཟེས་བཟློག་ཐབས་ནུས་དང་མི་ནུས་མང་རབས་ལས་ཁྱད་པར་མི་མ་ཡིན་གྱི་ཚིལ་བདུག་ན་རྒྱལ་པོ་སྐྱོན་ལས་གྲོལ་ཞེས་གཡོ་ཟོལ་གྱིས་བསླུ་ཚིག་ཞུས་པས། རྒྱལ་པོ་དེ་བཞིན་སྒྲུབ་རྒྱུ་བྱས་ནས་གཞན་རྣམས་གྲུབ་པ་དང་མི་མ་ཡིན་གྱི་ཚིལ་བུའི་ཆེད་དུ་ཡིད་འཕྲོག་མ་གསོད་རྒྱུར་བོས་ཚེ་གཞོན་ནུ་མ་ལ་གཙུག་ནོར་བཅོལ་བ་གཏོད་དེ་བྲོས་ཤིག་ཅེས་བསྒོས་པས་དེ་མ་ཐག་ཏུ་ནམ་མཁའ་ལ་འཕུར་ཏེ་བྲོས་ནས་སྔོན་གྱི་བྲམ་ཟེ་དེའི་གམ་དུ་ཕྱིན་ནས་ཁྱོད་ཀྱིས་བདག་བསྟན་པས་མི་ལག་ཏུ་སོང་ཡང་སྲོག་དང་མ་བྲལ་ཙམ་དུ་ཐར་བྱུང་བས། ངའི་རྗེས་སུ་གཞོན་ནུ་ནོར་བཟང་སླེབས་བྱུང་ན་སོར་གདུབ་འདི་གཏོད་ལ་ཁོ་མོའི་རྗེས་སུ་ལམ་བགྲོད་པར་དཀའ་བས་མ་ལོངས་ཤིག །གལ་ཏེ་ལྡོག་མ་ནུས་ན་གཏམ་འདི་རྣམས་ཟློས་ཤིག་ཅེས་བྲམ་ཟེར་སྨྲས་ནས་མོ་རང་བཞུད་དོ། །དེ་ནས་གཞོན་ནུ་རང་ཡུལ་དུ་སླེབས་ཚེ་ཡིད་འཕྲོག་མ་བྲོས་པས་གཏམ་དེ་གོ་ནས་ཀུན་ནས་ཀུན་ཏུ་རྒྱུ་ཞིང་ཚོལ་བ་ན་བྲམ་ཟེ་དེས་སོར་གདུབ་གཏད་ཅིང་། མོའི་རྗེས་སུ་འོངས་ན་བགྲོད་དཀའ་ཚུལ་ཤོད་ལ་ཕྱིར་ལྡོག་ཐབས་གྱིས། གལ་ཏེ་ནན་གྱིས་མ་ལྡོག་ན་གཏམ་འདི་རྣམས་ཟློས་བྱས་པ་བྲམ་ཟེས་སྨྲེང་བ། རིའི་རྒྱལ་པོ་གངས་ཅན་ན་ཤིན་ཏུ་འོ་མ་འཛག་ཅེས་པའི་སྨན་ཡོད་པས་དེ་མར་དུ་བཅོས་ནས་བཏུང་ན་སྐོམ་པ་དང་བཀྲེས་པ་མེད་ཅིང་དྲན་པ་དང་མཐུ་སྟོབས་འཕེལ་ལོ། །སྤྲེའུ་ཞིག་ཀྱང་དགོས། གསང་སྔགས་སློབ། མདའ་གཞུ་དང་། ནོར་བུ་འོད་ལྡན། དུག་སོད་པའི་སྨན། ལྕགས་ཕུར་གསུམ། པི་ཝང་བཅས་བཅང་བར་བྱའོ། །ཞེས་དང་། ལམ་འཕྲང་གི་འཇིགས་པ་ཆེན་པོ་སོ་སོ་ལ་འདི་དང་འདི་དགོས་ཀྱི་བསླབ་བྱ་རྣམས་བསྙད་དོ། །དེ་ནས་བྲམ་ཟེས་བཤོལ་ཀྱང་མ་ཉན་ནས་ཡིད་འཕྲོག་མས་བསླབ་པའི་ཆས་རྣམས་ཐོགས་ཏེ་བཤུལ་ལམ་རིམ་བགྲོད་ཀྱིས་རི་དང་ཆུ་བོ་དང་། ཕུག་དང་། གཡང་ས་སོགས་འཇིགས་པའི་ཡུལ་ཐམས་ཅད་ལ་སྨན་དང་གསང་སྔགས་དང་། སྨན་དུག་གསལ་གྱི་སྦྱོར་བས་རྒྱལ་བར་བྱས་ནས་མིའམ་ཅིའི་རྒྱལ་པོའི་གྲོང་ཁྱེར་ཉེ་བར་ཕྱིན་པ་དང་། དེར་ཁྲུས་ཀྱི་རྫིང་བུ་དཔལ་ཡོན་གྱིས་བརྒྱན་པར་མིའམ་ཅི་མོ་རྣམས་ཆུ་ལེན་དུ་འོངས་པར་གཞོན་ནུས་ཆུ་མང་པོ་འདིས་ཅི་བྱེད་དྲིས་པར་ཡིད་འཕྲོག་མའི་ཁྲུས་ཆུ་ཡིན་པར་ཟེར་བྱུང་བར་གཞོན་ནུས་སྔོན་གྱི་སོར་གདུབ་དེ་བུམ་པ་ཞིག་ཏུ་མི་མཐོང་བར་བཅུག་ནས་བུམ་པ་འདིས་སྔོན་དུ་ཁྲུས་གྱིས་ཞེས་བསྒོས་པས་དེས་ཀྱང་དེ་ལ་དོན་གཅིག་ཡོད་སྙམ་ནས་ཁྲུས་བགྱིས་པས་ཇི་ཞིག་ན་སོར་གདུབ་ལྷུང་བས་འཕྲིགས་ནས། ཆུ་བླངས་སར་མི་ཞིག་འོངས་སམ་དྲིས་པས་འོངས་ཟེར། དེ་ཁྲིད་ལ་དབེན་པ་ཞིག་ཏུ་ཞོག་ཟེར་བ་ལྟར་བྱས་སོ། །དེར་ཡིད་འཕྲོག་མས་ཡབ་ལ་ཞུ་བ་སྣ་ཚོགས་ཕུལ་མཐར་ཡབ་ཀྱིས་གཞོན་ནུའི་ཚོད་བགམས་ནས་ཉམས་སད་པའི་ལས་མང་པོ་བྱས་ཀྱང་དེ་རྣམས་ལས་རྒྱལ་མཐར་ཡིད་འཕྲོག་མ་འཁོར་སྟོང་གིས་བསྐོར་བ་རྒྱན་ཡོངས་ཀྱིས་སྤུད་ནས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་གཞོན་ནུར་བྱིན་ནས་ཡུལ་དེར་རེ་ཞིག་བཞུགས་འཇགས་གནང་མཐར་མིའམ་ཅིའི་རྒྱལ་པོ་དང་བགྲོས་ཏེ་ནམ་མཁའི་ལམ་ནས་མིའམ་ཅིའི་ཤུགས་ཀྱིས་བསྐྱོད་ནས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་སླེབས་སོ། །དེར་ངལ་སོས་པ་དང་ཡབ་རྒྱལ་པོའི་དྲུང་དུ་ཕྱིན་ནས་དེ་ལྟའི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་པས་རབ་ཏུ་མཉེས་ནས་གཞོན་ནུ་རྒྱལ་སར་བཀོད་པ་དང་གཞོན་ནུས་སྔོན་བསོད་ནམས་བསགས་པའི་སྟོབས་ཀྱིས་དེ་ལྟར་བྱུང་བ་ཡིན་པར་ཤེས་ནས་ལོ་བཅུ་གཉིས་སུ་གཏན་པ་མེད་པའི་མཆོད་སྦྱིན་རྒྱ་ཆེན་པོ་བྱས་སོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་རྣམས་ནི་འཇིག་རྟེན་པའི་སྤྱོད་པ་དང་མཐུན་པས་འཇིག་རྟེན་པའི་དོན་བྱེད་པར་འགྱུར་རོ། །ཞེས་ནོར་བཟང་གི་སྐྱེས་པའི་རབས་ཚིག་ཉུང་ངུར་བྱས་ནས་དོན་སྙིང་པོར་དྲིལ་ཏེ་བརྗོད་པའོ། །རྩ་བ། འདོད་པས་ཕོངས་དང་དབུལ་བའི་སྐྱེས་བུ་རྣམས། །བཀྲེས་སྐོམ་དོན་མ་གྲུབ་པའི་རེ་དོགས་ཀྱིས། །གཞན་དབང་ཁོ་ནར་ལུས་ངག་ཆུད་གསོན་པའི། །སྡུག་བསྔལ་ས་ལ་རྒྱུ་བའི་ཡི་དྭགས་དངོས། །ཞེས་པ་ནི་ཇི་སྲིད་དུ་ཆོག་ཤེས་དང་འདོད་པའི་ཉེས་དམིགས་སྐྱོན་དུ་རིགས་ནས་སྤང་བློ་མ་སྐྱེས་བར་དུ་འདོད་སྲེད་ཀྱི་དོན་འགྲུབ་མིན་གྱི་རེ་དོགས་དང་། བསམ་བཞིན་ཐོག་ཏུ་མ་ཁེལ་བས་ཕོངས་པ་དང་དབུལ་བ་དག་བཀྲེས་སྐོམ་སོགས་བསལ་བའི་དོན་མ་གྲུབ་བར་གཞན་དབང་ཁོ་ནར་ལུས་ངག་ཆུད་གསོན་པའི་སྡུག་བསྔལ་ནི་མི་ཡིན་ཀྱང་ས་ལ་རྒྱུ་བའི་ཡི་དྭགས་དང་མཚུངས་སོ། །ཞེས་པའོ། །རྩ་བ། གཟུགས་ལ་རྟེན་བཅས་ཚོར་བས་རང་བཞིན་ཤེས། །འདུ་ཤེས་ལས་དེ་རྒྱུན་ཆགས་འདུ་བྱེད་ཀྱིས། །ཕྱིན་ཆད་ས་བོན་བསྐྲུན་དང་རྣམ་ཤེས་ཀྱིས། །སྡུག་བསྔལ་ཉམས་སུ་མྱོང་བའི་ཉེ་བར་ལེན། །ཕུང་པོ་ལྔ་པོ་འདི་དག་སྡུག་བསྔལ་རྣམས། །ཀུན་གྱི་འབྱུང་གནས་ཀུན་གྱི་རྟེན་དང་སྣོད། །ཀུན་གྱི་རྒྱུ་འབྲས་བདག་པོར་མཁྱེན་འཚལ་ནས། །ཀུན་འབྱུང་ལས་དང་ཉོན་མོངས་སྤང་འཚལ་ལོ། །ཞེས་པ་ནི་རང་གི་གཟུགས་ཀྱི་ཕུང་པོ་འདི་བདེ་སྡུག་བསྔལ་ཐམས་ཅད་ཀྱི་གནས་རྟེན་ཡིན་པ་དང་། ཚོར་བའི་ཕུང་པོས་དེ་དག་སོ་སོའི་རང་བཞིན་ཤེས་པ་དང་། འདུ་ཤེས་ཀྱི་ཕུང་པོས་ལས་ཡིད་ལ་ཞེན་ནས་འབྲེལ་རྒྱུན་ཆགས་པའོ། །འདུ་བྱེད་ཀྱིས་ནི་འབྱུང་འགྱུར་གྱི་ས་བོན་འདེབས་ཤིང་། རྣམ་ཤེས་ཕུང་པོས་ཐམས་ཅད་ཉེ་བར་ལེན་ཏོ། །དེའི་ཕྱིར་ན་ཕུང་པོ་ལྔ་པོ་འདི་དག་རྣམས་ནི་སྡུག་བསྔལ་ཀུན་གྱི་འབྱུང་བའི་གནས་དང་རྟེན་དང་སྣོད་ལྟ་བུ་དང་ཀུན་གྱི་རྒྱུ་དང་འབྲས་བུ་དང་བདག་པོ་ཡིན་པ་མཁྱེན་པར་བྱས་ལ་ཀུན་འབྱུང་གི་བདེན་པ་ལས་དང་ཉོན་མོངས་པ་ཐམས་ཅད་སྤང་འཚལ་ལོ་ཞེས་དེ་ལྟར་དུ་འདོད་དོ་ཞེས་པའོ། །རྩ་བ། དེ་ལྟར་སྤངས་ནས་སྐྱེས་བུ་འབྲིང་གི་ལམ། །བདེན་པ་བཞི་ཡི་ཤིང་རྟ་ལ་ཞོན་ནས། །འགོག་པ་མངོན་གྱུར་མྱ་ངན་འདས་པའི་ཁམས། །ཐར་པ་མཆོག་གི་གོ་འཕང་ཉིད་དུ་འགྲོ། །དེ་ལྟར་ཀུན་འབྱུང་སྤངས་པ་གང་ཡིན་པ་དེ་ནི་ཐར་པ། ཐར་པ་ནི་ལམ་གྱི་བདེན་པ་དེས་སྡུག་བསྔལ་སྤངས་ཤིང་འགོག་པ་མངོན་དུ་གྱུར་པ་ནི་མྱ་ངན་ལས་འདས་པའི་ཁམས། ཐར་པ་མཆོག་གི་གོ་འཕང་ཉིད་དུ་འགྲོ་ཞེས་པའོ། །དེ་ཡང་ཉན་རང་གཉིས་དང་ཐེག་ཆེན་དང་གསུམ་ལས། ཉན་ཐོས་ཐེག་པའི་ངོ་བོ་ནི་རང་གཅིག་པུ་ཐར་པར་འདོད་པའི་བློ་གང་ཟག་གི་བདག་མེད་རྟོགས་ཐབས་སུ་འགྱུར་བའོ། །དེ་ནི་ང་མེད་བདག་མེད་ཀྱི་གཞི་རྩ་ཆོད་པའོ། །ངེས་ཚིག་ནི་སློབ་དཔོན་ལས་ཆོས་ཉན་ཞིང་གཞན་ལ་སྒྲོགས་པས་ཉན་ཐོས་སོ། །དགོས་པ་ནི་སྲིད་པ་ཐ་མའི་བྱང་ཆུབ་འགྲུབ་ནས་འཁོར་བ་ལས་ངེས་པར་འབྱིན་པའོ། །འབྲས་བུ་ནི་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ཐོབ་པའོ། །དེ་ལའང་མདོ་སྡེ་དང་བྱེ་བྲག་སྨྲ་བ་གཉིས་ཡོད་དེ། དང་པོ་ནི་མདོ་སྡེ་ལ་ཡིད་རྟོན་ཅིང་ལམ་སྒྲུབ་པ་དང་ཤེས་རབ་ཟབ་པས་ཡང་དག་པའི་སྟོང་ཉིད་དང་ཉེ་བའོ། །སྡེ་གཉིས་པོ་གང་ཟག་གི་བདག་མེད་པར་རྟོགས་པ་འདྲ་ཡང་། ཆོས་ཀྱི་ཁམས་བྱེ་བྲག་ཏུ་སྨྲ་བ་ལས། ཕྱོགས་གཅིག་གིས་འཕགས་ཏེ། དེ་ཡང་ཆ་དང་བཅས་པའི་རྡུལ་ཕྲན། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཕུང་པོའི་གཞི། འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི་དང་ལྔ་པོ་གཙོ་བོར་ཁེགས་ལ། ཆོས་ཀྱི་ཁམས་གཟུང་ཡུལ་རགས་པའི་སྣང་བ་རྡུལ་ཕྲན་རེག་ལ་མ་འབྱར་བའི་འཛིན་པས་དེའང་ཆ་མེད་དུ་རྟོགས་པས་བྱེ་བྲག་པ་ལས་འཕགས་པའོ། །བྱེ་བྲག་ཏུ་སྨྲ་བ་ནི། བཤད་མཛོད་ཆེན་མོའི་རྗེས་སུ་འབྲང་བ་ཡིན་ཏེ། དེ་ཡང་ཀུན་རྫོབ་ཀྱི་བདེན་པ་འདི་གཡག་རྔ་དང་ནེའུ་གསིང་ལྟར་འདོད་པའི། སྣང་དུས་ན་འཚོགས་པ་གཅིག་པ་ལྟར་ཏེ། དོན་དམ་པར་རྡུལ་ཕྲན་ཆ་ལྡན་སིལ་བུར་འདོད་ལ་ཤེས་པའི་རྒྱུན་ཀུན་རྫོབ་སྐད་ཅིག་དོན་དམ་ཆ་མེད་པ་བུམ་ཆུ་ལྟ་བུ་སྟེ། ཕུང་ཁམས་སྐྱེ་མཆེད་རགས་སྣང་རྔུལ་ཕྲན་བསྐོར་བ་དང་བཅས་པར་འདོད་ལ། གང་ཟག་གི་བདག་མེད་རྟོགས་ཀྱང་ཆོས་བདག་རྡུལ་ཕྲན་དང་སྐད་ཅིག་ཡོད་པར་ཁས་བླངས་པས་མདོ་སྡེ་པ་ལས་དམན་ནོ། །ཤེས་པའི་རྣམ་པ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་བསྟེན་བྱ། འགོག་པ་ཐོབ་བྱའི་ཚུལ་གྱིས་ཤེས་པར་བྱ་བ་དང་། ལམ་བདག་མེད་པའི་ངང་ཚུལ་བསྒོམས་པས་མཐོང་བ་དང་བསྒོམ་པས་སྤང་བྱ། བཞི་བརྒྱ་དང་བཅུ་གཉིས་སྤངས་ཤིང་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དམ་པ་མངོན་དུ་རྟོགས་ནས་གྲོལ་བར་འདོད་དོ། །བྱེ་མདོ་གཉིས་ཀའང་ལམ་སྒོམ་དུས་དུག་གསུམ་གྱི་གཉེན་པོར་བདག་མེད་དང་སྒྱུ་མ་བསྒོམ་ལ། སོ་སོའི་གཉེན་པོར་འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་ལ་ཀེང་རུས་བསྒོམ་ལ་ཞེ་སྡང་ལ་བྱམས་པ་གཏི་མུག་ལ་རྟེན་འབྲེལ་ལུགས་ལྡོག་བསྒོམ་ཞིང་། རྣམ་རྟོག་གི་གཉེན་པོར་དབུགས་དབྱུང་རྔུབ་གྲངས་སུ་གཞལ་ཞིང་མི་ཡེངས་པར་བསྒོམ་མོ། །དེས་བདག་མེད་བསྒོམ་པའང་ཡུལ་དང་ཡུལ་ཅན་འགག་པའི་འགོག་པ་ཅི་ཡང་མི་དམིགས་པའི་དོན་བསྒོམ་ཞིང་། གཏི་མུག་དང་བྱིང་རྨུགས་ལ་སྤྱི་བོ་མར་མེ་ལ་སེམས་གཏོད་པའོ། །དེ་ལྟར་བྱས་པས་དབང་པོ་དམན་འབྲིང་ཡིན་ཡང་བརྩོན་འགྲུས་རབ་ཀྱིས་ཚེ་དེ་ཉིད་ལ་འབྲས་བུ་ཐོབ་ཅིང་། དབང་རྣོན་བྱང་ཆུབ་སེམས་དཔའི་རིགས་ཁ་ཅིག་ལམ་ལྔ་སྔོན་སོང་གིས་མཐུས་སྟན་ཐོག་གཅིག་ཏུ་ལམ་ལྔ་རྫོགས་པར་འདོད་པའོ། །དེའང་ཉན་ཐོས་ཐེག་པ་ནས། རང་ལམ་དེ་བློ་ཆུང་འབྲིང་ཆེ་བས་ཉན་རང་དང་སངས་རྒྱས་འགྲུབ་པར་འདོད་ཀྱིས་སྔགས་ལྟ་ཅི་ཐེག་ཆེན་ཡང་བློར་མ་ཤོང་བས་ན། སྟོན་པ་ཐབས་ལ་མཁས་པས་རིགས་ཅན་གསུམ་གྱི་ཐེག་པ་རྣམ་པར་བཞག་པའོ། །རང་རྒྱལ་གྱི་ཐེག་པའི་ངོ་བོ་ནི། ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་མཁས་པར་བྱས་ནས་སྐྱེ་བ་དེའི་འོག་ཏུ་སངས་རྒྱས་དང་ཉན་ཐོས་མེད་པའི་དུས་སུ་སྐྱེས་ནས་སློབ་དཔོན་མེད་བཞིན་སྲིད་པ་ཐ་མའི་ཚེ་འབྲས་བུ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་པའི་རང་བཞིན་ཅན་ནོ། །ངེས་ཚིག་ནི་སེམས་ཅན་མང་པོའི་དོན་མ་ཡིན་པར་རང་གཅིག་སངས་རྒྱས་འདོད་པའོ། །དགོས་པ་ནི་འཁོར་བ་ལས་ཐར་བའི་བྱང་ཆུབ་འབྲིང་ཐོབ་པའོ། །འབྲས་བུ་ནི་དགྲ་བཅོམ་གཉིས་སོ། །དབྱེ་ན་ནེ་ཙོ་ལྟར་ཁྱུས་འཚོ་བ་དང་། བསེ་རུ་ལྟར་གཅིག་པུར་གནས་པ་གཉིས་ལས། སྔ་མས་ནི་རྟེན་འབྲེལ་ལུགས་འབྱུང་གི་སྐྱོན་དང་ལུགས་ལྡོག་གི་ཡོན་ཏན་རིག་ན ས་རྩ་བ་ཆོད། བདག་མེད་ཕྱེད་དང་གཉིས་རྟོགས་པ་གཞིར་བྱས་ཏེ་སྦྱོར་ལམ་དང་བསྒོམ་ལམ་གྱི་མཐར་ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་མངོན་དུ་བྱས་ནས་དགྲ་བཅོམ་ཐོབ་པའོ། །ཕྱི་མས་ནི། བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་རྣམས་ལ་རྟེན་འབྲེལ་ལུགས་འབྱུང་དུ་བསྒོམས་པས་ཁམས་གསུམ་པའི་ཕྲ་རྒྱས་ཐམས་ཅད་སྤང་བའོ། །ལྟ་བའང་སྔོན་མ་དང་མཚུངས་ཤིང་། དེའང་ཆོས་བདག་ལ་ཕྱི་བཟུང་ཡུལ་དང་ནང་འཛིན་པའི་ཤེས་པ་གཉིས་སྒྲོ་བཏགས་པ་ཡིན་ལ། གང་ཟག་གི་བདག་ནི་ང་དང་ང་ཡིར་འཛིན་པ་སྟེ་གང་ཟག་དང་ཆོས་ཀྱི་བདག་ཅེས་བྱ་བའོ། །ཉན་ཐོས་ཀྱིས་སྔ་མ་ལས་ཕྱི་མ་མ་རྟོགས། རང་རྒྱལ་གྱིས་སྔ་མ་དང་ཕྱི་མའི་ཕྱི་གཟུང་བ་མེད་པར་རྟོགས་ཀྱང་། ནང་འཛིན་པ་མེད་པ་མ་རྟོགས་སོ། །ཆོས་བདག་ནི་ཕྱི་རོལ་གྱི་ཡུལ་ཐམས་ཅད་རང་བཞིན་མེད་པར་བསྒོམ་པ་དང་། ནང་འཛིན་བྱེད་ཀྱི་ཤེས་པ་ཡང་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་པ་ཉིད་དེ་ཕྱི་མ་འདི་ཐེག་པ་ཆེན་པོའི་རྟོགས་པ་ཁོ་ནའོ། །ཉན་རང་གཉིས་ཀ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ལ་སོགས་པ་དམན་པའི་ས་བརྒྱད་བཤད་དེ། དེ་ལ་བརྟེན་ནས་རྒྱུན་ཞུགས་དང་། ལན་ཅིག་ཕྱིར་འོང་། ཕྱིར་མི་འོང་བ་དགྲ་བཅོམ་པ་སྟེ་རེ་རེ་ལ་ཞུགས་གནས་ག ཉིས་གཉིས་སུ་ཕྱེ་བས་ཟུང་བཞི་ཡ་བརྒྱད་ཅེས་གྲགས་སོ། །བྱང་ཆུབ་སེམས་དཔའ་ལ་ནི་ས་བཅུ་པོར་དགེ་སྦྱོང་གི་འབྲས་བུ་བཞི་ཡོད་པར་བཤད་པ་ནི་ཀུན་མཁྱེན་ཆེན་པོའི་ལུགས་རྣམ་པར་བཞག་པའོ། །དེ་ཡང་དགྲ་བཅོམ་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །ཟད་པ་ནི་ཕུང་པོ་ལྷག་མེད་དང་སེམས་རྟོག་ཚོགས་ཐམས་ཅད་འགོག་པའི་དབྱིངས་ལ་བཞུགས་ཤིང་སྔོན་ཚོགས་ཇི་ཙམ་བསགས་པའི་ཡུན་ལ་དེ་ལྟར་གནས་ནས་མཐར་བདེ་ཆེན་ཞིང་ལ་སོགས་སུ་སྐྱེས་ནས་སངས་རྒྱས་ཀྱིས་ཐུགས་རྗེས་བསྐུལ་ཏེ་གདོད་སངས་རྒྱས་པར་གསུངས་སོ། །རྩ་བ། རྟེན་ཆོས་ཀུན་གྱི་རྩ་བ་མ་རིག་པ། །དེ་ལས་འདུ་བྱེད་རྣམ་ཤེས་མིང་དང་གཟུགས། །དེ་ལས་སྐྱེ་ཞིང་མཆེད་པ་རྣམ་པ་དྲུག །དེ་ལས་རེག་པ་དེ་ལས་ཚོར་བ་སྟེ། །དེ་ལས་སྲེད་པ་སྲེད་ལས་ལེན་པ་དང་། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་སྟེ། །སྐྱེ་བ་ཡོད་ན་འདོད་པས་ཕོངས་པ་དང་། །མྱ་ངན་ན་རྒ་འཆི་སོགས་སྡུག་བསྔལ་གྱི། །ཕུང་པོ་ཤིན་ཏུ་ཆེ་བ་གྲུབ་པའི་ཕྱིར། །སྐྱེ་བ་འགགས་པས་ཐམས་ཅད་འགག་གྱུར་པའི། །རྟེན་ཅིང་འབྲེལ་འབྱུང་རྒྱུ་འབྲས་ཟབ་མོ་ནི། །རྒྱལ་བ་བདེན་པར་སྨྲ་བའི་གསུང་གི་མཛོད། །ཅེས་པ་ནི་འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། དེ་བཞིན་དུ་རྟེན་འབྲེལ་ལུགས་འབྱུང་དུ་སྐྱེ་བའི་རྐྱེན་གྱིས་རྒ་ནད་འཆི་བ། དེའི་རྐྱེན་གྱིས་མྱ་ངན་དང་སྨྲེ་སྔགས་འདོན་པ་ཡིད་མི་བདེ་བ་ལ་སོགས་འབྱུང་བའོ། །དེ་ཡང་མ་རིག་པ་འགགས་པས་འདུ་བྱེད་ལ་སོགས་པ་གཞན་རྣམས་འགག་པར་འགྱུར་རོ། །མ་རིག་པ་ནི་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་བདེན་པ་རྣམ་པར་མི་ཤེས་པ་དེ་ནི་དོན་དམ་པར་མ་རིག་པའོ། །དེ་ཡང་མ་རིག་པ་དང་སྲེད་པ་དང་ལེན་པ་གསུམ་ཉོན་མོངས་པའི་ལམ་མོ། །འདུད་བྱེད་དང་སྲིད་པ་ལས་ཀྱི་ལམ་མོ། །ཡན་ལག་ལྷག་མ་རྣམས་ནི་རྣམ་པར་སྨིན་པའི་ལམ་མོ། །དེ་ལ་མ་རིག་པ། འདུ་བྱེད་རྣམ་ཤེས་སྲེད་པ་ལེན་པ་སྲིད་པ་སྟེ་རྒྱུ་དྲུག་པོ་ཚེ་སྔོན་རྫོགས་ནས་ལྷག་མ་དྲུག་འབྲས་བུའི་ཚུལ་དུ་ཚེ་འདིར་རྫོགས་པའོ། །ཤེས་སླ་བའི་ཕྱིར་རང་གི་གོ་ཚོད་ཙམ་བརྗོད་པ། ཐོག་མར་སེམས་འཁྲུལ་པའི་དུས་དང་འཆི་ཁར་བར་དོའི་ཐིམ་རིམ་རྣམས་རྫོགས་ནས་གཞི་ལམ་གྱི་འོད་གསལ་མ་བུ་འདྲེས་པའི་སྐབས་རང་ངོ་རང་གིས་མ་རིག་པ་གཉིས་ཧ་ལམ་མཚུངས་ཤིང་། རྐྱེན་དེས་བྱས་ནས་སྲིད་པ་བར་དོ་འདུ་བར་བྱེད་ཅིང་དེའི་རྣམ་ཤེས་ལས་རླུང་དང་འགྲོགས་པས་དབང་མེད་དུ་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུ་དང་། མིང་བཞི་འདུས་པའི་གཟུགས་ཕུང་ལས་རགས་པའི་རྟེན་མེད་པ་དང་། ཡིད་ལུས་ཀྱི་དབང་པོ་དྲུག་ལས་རྣམ་ཤེས་དྲུག་སྐྱེ་ཞིང་མཆེད་པ་དང་། རྣམ་ཤེས་དྲུག་པོ་ཡུལ་དྲུག་ལ་རེག་པས་དགའ་སྡུག་བར་མའི་ཚོར་བ་ཉམས་སུ་མྱོང་བ་དང་། དེའི་རྐྱེན་གྱིས་ལུས་ལེན་པ་ལ་སྲེད་པ་དང་སྲེད་པའི་རྐྱེན་གྱིས་མངལ་དུ་འཇུག་པ་བླངས་པས་ལེན་པའོ། །མངལ་དུ་ཞུགས་ནས་ཕྱིར་མ་དབྱུང་བར་སྲིད་པ་དང་། ཕྱིར་ཐོན་པ་ལ་སྐྱེ་བ་དང་དེའི་རྐྱེན་གྱིས་ན་རྒ་འཆི་བ་སོགས་སྔ་མའི་རྐྱེན་གྱིས་ཕྱི་མ་འདུ་བྱེད་པའོ། །དེ་དག་ནི་རང་གི་རྟེན་འབྲེལ་ཏེ། ཕྱིའི་རྟེན་འབྲེལ་ནི། ས་བོན་ལ་བརྟེན་ནས་མྱུ་གུ་འབྱུང་བ་དང་། དྲོད་གཤེར་ལ་བརྟེན་ནས་རྩི་ཤིང་སྐྱེ་བ། ཕ་མ་ལ་བརྟེན་ནས་བུ་ཕྲུག་བསྐྱེད་པ། ཆུ་ངོགས་ལ་བརྟེན་ནས་གཟའ་སྐར་གྱི་གཟུགས་བརྙན་འཛིན་པ། ཀ་གདུང་ལ་བརྟེན་ནས་ཁང་པའི་ཐོག་རིམ་མང་དུ་བརྟེན་པ་བཞིན་འཁོར་འདས་ཀྱི་ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་ཁོ་ན་ལ་བརྟེན་པ་ཡིན་ཏེ། མདོར་ན་དགེ་བ་ལ་བརྟེན་ནས་བདེ་བ་དང་། སྡིག་པ་ལ་བརྟེན་ནས་སྡུག་བསྔལ་བསྐྱེད་པ་བཞིན་ནོ། །རྩ་བ། དེ་ལྟ་མོད་ཀྱི་སྲིད་པར་འདུ་བྱེད་པའི། །མཐོ་དམན་ལས་དང་དཀར་ནག་རྒྱུ་འབྲས་ཆོས། །ཀུན་ལས་འདས་པ་ཞི་བ་དམ་པའི་དངོས། །སྐྱེ་བ་མེད་པའི་ཆོས་ཉིད་རྟོགས་ལས་འབྱུང། །ཞེས་པ་ནི་འདི་ལྟར་འཁོར་བར་འདུ་བྱེད་པའི་རྒྱུའི་གཙོ་བོ་ནི་མ་རིག་པ་སྟེ། དེས་གནས་རིས་མཐོ་དམན་དང་ལས་བཟང་ངན་དང་དཀར་པོ་དགེ་བ་ནག་པོ་སྡིག་པའི་རྒྱུ་འབྲས་ཀྱི་ཆུ་ཀུན་བསྐྱེད་པ་ཡིན་ཞིང་དེ་དག་ལས་འདས་པ་ཞི་བ་དམ་པའི་དངོས་ཞེས་པ་ནི། སྐྱེ་བ་མེད་པའི་ཆོས་ཉིད་ཅེས་དོན་དམ་པའི་བདེན་པ་རྟོགས་པ་ལས་བྱུང་བའོ། །དེ་ལ་བདེན་པ་བཞི་ཆར་མ་གྲུབ་པ་ཉིད་དེ། ཡུམ་ལས་འཕགས་པའི་བདེན་པ་རྣམས་ཀྱང་ངོ་བོ་ཉིད་མེད་དོ། །དེ་བཞིན་དུ་རྟེན་འབྲེལ་ཀྱང་རྟེན་ཆོས་ཕན་ཚུན་ཕྲད་པར་མ་གྲུབ་སྟེ། ཡུམ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཀྱང་རང་བཞིན་གྱིས་རྣམ་པར་དག །ཅེས་སོ། །དེ་ལྟ་མོད་ཀྱི་རྒྱུ་འབྲས་ལ་རྨོངས་པའི་གཉེན་པོར་དགེ་མི་དགེ་ལ་བརྟེན་ནས་འབྲས་བུ་འདོད་མི་འདོད་འབྱུང་བ་ཤེས་ནས་འདོར་ལེན་ལ་བརྩོན་ཅིང་། རྟེན་འབྲེལ་སྣང་ལ་རང་བཞིན་མ་གྲུབ་པ་ཙམ་དུ་བལྟ་བ་ཡིན་ནོ། །དགྲ་བཅོམ་པ་ཡང་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་སྟོང་ཕྲག་བཅུ་ན་སངས་རྒྱས་པའོ། །ཉན་ཐོས་དགྲ་བཅོམ་དག་སྔར་ལམ་བསྒྲུབ་དུས་རང་ཁོ་ན་སངས་རྒྱས་ཐབས་བསམས་པའི་བློ་ངན་དེས་སངས་རྒྱས་ཀྱི་ཞིང་སྦྱོངས་ཤིང་སེམས་ཅན་ལ་ཕན་འདོགས་པ་ལ་བར་དུ་གཅོད་ཅིང་། བྱང་སེམས་ལས་དང་པོ་པ་ཞིག་དང་སེམས་བསྐྱེད་པ་དུས་མཉམ་ཡང་། ཉན་རང་བསྐལ་པ་བཞི་བཅུ་བུལ་བར་འགྱུར་རོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་བཞི་པའི་སྐབས་སོ།། །།ད་ནི་སྐྱེས་བུ་མཆོག་གི་འཇུག་ངོགས་ཀྱི་ཐོག་མར་འཁོར་ལོ་ཆེན་པོ་བཞི་སྟོན་པའི་ཕྱིར། ཡུལ་ནི་མཐུན་པར་གྱུར་པ་དག་ལ་བསྟེན། །སྐྱེས་བུ་དམ་པ་བསྟེན་ལས་ཡོན་ཏན་འཐོབ། །ལེགས་པར་སྨོན་དང་བསོད་ནམས་སྐྱབས་འདུན་ལ། །འཁོར་ལོ་ཆེན་པོ་བཞི་ཞེས་ཀླུ་དབང་བཞེད། །ཅེས་པ་ནི་འདི་ལྟར་ཡུལ་མཐུན་པར་གྱུར་པ་ནི་གང་ཞིག་སེམས་མཉམ་པར་བཞག་པ་དང་མི་མཐུན་པ་མེད་ཅིང་འཚེ་དོགས་ཐམས་ཅད་དང་བྲལ་བའོ། །དམ་པ་བསྟེན་པ་ནི་ལུང་རྟོགས་ཕུན་སུམ་ཚོགས་པ་ལ་བསྟེན་ན་དེའི་ཡོན་ཏན་བདག་ཉིད་ཀྱིས་འཐོབ་པའོ། །ལེགས་པར་སྨོན་པ་ནི་བདག་ཉིད་ཀྱིས་ཇི་སྐད་བཤད་པ་བཞིན་བྱེད་པའི་སྒོ་ནས་ལེགས་པ་བསྒྲུབ་པའོ། །བསོད་ནམས་ཀྱི་སྐྱབས་ལ་འདུན་པ་ནི་ཚེ་སྔོན་མ་དང་། ད་ལྟ་ཡང་ཚོགས་བསག་པ་ལ་དགའ་ཞིང་འདུན་པའོ། །རྩ་བ། ཚོགས་ཀྱི་དབུས་ན་དུག་ཅན་ཟས་ལྟ་བུའི། །ཡུལ་དང་རྐྱེན་གྱི་རྣམ་འགྱུར་ཤིན་ཏུ་རྒོད། །དེ་ལས་བསྲིངས་ནས་གཅིག་པུར་ཞི་ལ་མོས། །རྙེད་ལ་མ་ཆགས་རླུང་དང་མཁའ་ལྡིང་བཞིན། །འདི་ལྟར་རྒྱལ་པོའི་ཁབ་ལ་སོགས་བདག་ཏུ་བཟུང་བའི་ཁྱིམ་ཆེ་ཆུང་གང་དུ་གནས་ཀྱང་རུང་སྟེ། མི་མང་འཚོགས་པའི་སྐྱོན་གྱིས་དགྲ་གཉེན་དང་འཐབ་རྩོད་དང་ཕྱོགས་རིས་སོགས་ལ་བརྟེན་ནས་དུག་ཅན་གྱི་ཟས་ཟོས་པ་ལྟ་བུའི་ཆགས་སྡང་གི་ཡུལ་དང་བདེ་སྡུག་གི་རྐྱེན་གྱིས་རྣམ་རྟོག་གི་འགྱུར་ལྡོག་ཤིན་ཏུ་རྒོད་པར་འགྱུར་ན། དེ་ལས་ཐག་བསྲིངས་ནས་རང་གཅིག་པུར་སེམས་ཀྱི་ཉོན་མོངས་པ་ཞི་བ་མོས་བཞིན་རྙེད་པ་ཚོལ་བ་ལ་མ་ཆགས་པར་ནམ་མཁའི་རླུང་དང་མཁའ་ལྡིང་གི་བརྟུལ་ཞུགས་བཞིན་དུ་དབེན་པར་སོང་ཞིག་པའོ། །དེ་ལྟར་མ་ཡིན་པར་ཡུལ་དང་འབྲེལ་ན་སྔོན་དགེ་སློང་དཔལ་བྱིན་ཞེས་པ་སྡོམ་ཁྲིམས་བསྲུང་སེམས་ཤིན་ཏུ་བརྟན་པ་ཞིག་ཡོད་པ་དེའི་མདུན་དུ་ཁྱིམ་བདག་མོ་ཉལ་བས་དེར་མ་ཉལ་ཞེས་ནན་དུ་ལྡོག་ཀྱང་མ་ཉན་པས་ཇི་ཞིག་ན་དགེ་སློང་ཆགས་སེམས་སྐྱེས་ནས་དེར་ལོག་པར་ཞུགས་པ་བཞིན་ནོ། །རྩ་བ། རི་དྭགས་བཞིན་དུ་དབེན་པར་གནས་པ་དེ། །བབ་ཅོལ་སྤྱོད་པས་འཁྲུགས་པར་མི་འགྱུར་ལ། །གཞི་ལ་བརྟེན་ན་གཞན་ངོ་བསྲུང་བ་དང་། །ཕྲག་དོག་བཟོད་པའི་སྙིང་སྟོབས་བྲི་བར་འགྱུར། །ཞེས་པ་ནི། དེ་ལ་དབེན་པའི་གནས་གང་དུའང་རི་དྭགས་བཞིན་དུ་མི་ལས་བྱོལ་ཞིང་བག་ཕེབས་ནས་གནས་པ་དེ་ཉིད་ལ་ཆགས་སྡང་ལ་སོགས་བབ་ཅོལ་གྱི་སྤྱོད་པས་ལུས་སེམས་འཁྲུགས་པར་མི་འགྱུར་ལ། དེ་ལྟར་མ་ཡིན་པའི་ཁྱིམ་གཞི་ལ་བརྟེན་ནས་གཞན་གྱི་ངོ་བསྲུང་བ་དང་གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་སྐྱེས་པའི་སྐྱོན་གྱིས་བཟོད་པའི་སྙིང་སྟོབས་རྣམ་པ་གསུམ་རིམ་གྱིས་བྲི་བར་འགྱུར་རོ། །རྩ་བ། ཡིད་ནི་ཤིན་ཏུ་རེངས་པའི་བྱི་ལ་ཡང་། །འགྲོ་འདུག་ཞི་ཞིང་སྤྱོད་ལམ་དེས་པ་ལྟར། །སྡིག་པའི་གྲོགས་ཀྱིས་བག་ཕེབས་བསྟེན་པའི་ཡུལ། །ཕུན་སུམ་ཚོགས་ཀྱང་ཆོས་ལས་འཕྲལ་དུ་ཉམས། །ཞེས་པ་ནི་འདི་ལྟར་ཡིད་ནི་ཤིན་ཏུ་རེངས་པའི་བྱི་ལ་དེ་ཡང་གཡོ་ཐབས་ཀྱིས་འགྲོ་འདུག་ཞི་ཞིང་སྤྱོད་ལམ་དེས་པ་ལྟར། ཆོས་ལ་བར་ཆད་རྩོམ་པའི་སྡིག་པའི་གྲོགས་པོ་ལ་ལ་དག་གིས་བསླུ་ཐབས་ཀྱིས་བག་ཕེབས་པར་བསྟེན་པའི་ཡུལ་དུ། གནས་བཅས་ན་ལོངས་སྤྱོད་ཕུན་སུམ་ཚོགས་པ་བྱུང་ཡང་དགེ་བའི་ཆོས་སྒྲུབ་པ་ལས་འཕྲལ་དུ་ཉམས་ཞེས་པའོ། །རྩ་བ། བསྐྱོད་པ་ཡང་བའི་ཉི་ཟླ་ཀུན་དང་མཛའ། །འདྲིས་ཤིང་གཉུག་མར་གནས་པ་ཁྲོ་བས་གདུང་། །གསར་པ་གསར་པར་གྱུར་པའི་ཡུལ་འཇམ་ཞིང་། །སྐྱེ་བོ་ཀུན་ཀྱང་བཤེས་པར་འགྱུར་བ་མཐོང་། །ཞེས་པ་ནི་གླིང་གཅིག་ཏུ་མི་སྡོད་པར་རྒྱུ་བའི་ཉི་ཟླ་གཉིས་གླིང་བཞིའི་འགྲོ་བ་ཀུན་དང་མཛའ་བ་བཞིན་ཆོས་ལྟར་སྤྱོད་པ་རྣམས་ཀྱང་མཆོག་དམན་སུ་ལའང་འདྲིས་ཆེ་བ་དང་མཁོན་ཆེ་བའི་བསམ་སྤྱོད་སྤང་ཞིང་རྟག་ཏུ་གཉུག་མར་གནས་པའང་འདྲིས་སུན་གྱིས་འཁྲོ་བས་གདུང་བ་སོགས་ལ་བྱོལ་ནས་གསར་པ་གསར་པར་གྱུར་པའི་ཡུལ་འཇམ་ཞིང་ཕྲག་དོག་ཁོང་འཁྲུགས་མི་སློང་བའི་གནས་སུ་བག་ཕབ་ན་དེར་གནས་པའི་སྐྱེས་བུ་ཀུན་ཀྱང་མཛའ་ཞིང་བཤེས་པར་འགྱུར་རོ། །རྩ་བ། སེམས་ལྡན་ལྟ་བུར་ཅ་ཅོ་སྒྲོག་འགྱུར་ཡང་། །བརྗོད་པ་བཟང་ངན་རྗེས་སུ་དེ་ཡི་སེམས། །འགྲོ་བ་མ་ཡིན་བྲག་ཆ་ལྟ་བུ་ཡི། །ཀུན་སྤྱོད་ཅན་ལ་ཡུལ་གྱི་དམ་བཅའ་བྲལ། །ཞེས་པ་ནི་འདི་ལྟར་སེམས་ལྡན་ལྟ་བུར་རྗེས་སུ་ཟློ་ཞིང་ཅ་ཅོ་སྒྲོག་པར་འགྱུར་ཡང་། དེ་ལ་བརྗོད་པ་བཟང་ངན་ཅི་འདྲ་ཞིག་སྨྲས་ཀྱང་དགའ་སྡུག་བྲལ་བ་ལྟར། འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་ནས་གཞན་གྱིས་བསྟོད་སྨད་སོགས་ཀྱི་རྗེས་སུ་དེའི་སེམས་འགྲོ་བ་མ་ཡིན་པའི་སྒོམ་ཆེན་པ་བྲག་ཆ་ལྟ་བུའི་ཀུན་སྤྱོད་ཅན་ལ་ཡུལ་བཟང་ངན་གྱི་དམ་བཅའ་བྲལ་ཞེས་པའོ། །རྩ་བ། སྐྱེས་བུ་ཚངས་པར་མཚུངས་པར་སྤྱོད་པ་དང་། །བསམ་གཏན་དོན་ལ་གཅིག་ཏུ་སེམས་པ་ཡི། །བརྟུལ་ཞུགས་བརྟན་པར་མ་སོན་གང་དང་གང་། །ཡུལ་དང་གྲོགས་ལ་བརྟེན་ནས་མཐོ་དམན་བྱེད། །ཅེས་པ་ནི་འདི་ལྟར་སྐྱེས་བུ་གང་དག་རབ་ཏུ་བྱུང་ནས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་དང་། སྒོམ་ཆེན་དུ་རློམས་ཤིང་བསམ་གཏན་གྱི་དོན་ལ་རྩེ་གཅིག་ཏུ་སེམས་ཤིང་ཞེན་པའི་ཚུལ་ཁྲིམས་དང་བསམ་གཏན་གྱི་བརྟུལ་ཞུགས་བརྟན་པར་མ་སོན་བཞིན་དུ་བལྟར་སྣང་ལེགས་པ་ཙམ་དོན་དུ་གཉེར་བས་བཙུན་གཟུགས་གང་དང་གང་ཡིན་ཀྱང་ཆགས་སྡང་གི་ཡུལ་དང་གྲོགས་ལ་བརྟེན་ནས་རེས་མཐོ་རེས་དམའ་ལྟ་བུའི་རང་སྐྱོན་ངོམ་པར་འགྱུར་རོ། །དེ་ལ་ཚངས་པ་ཞེས་པ་ནི་མྱ་ངན་ལས་འདས་པའོ། །དེའི་དོན་དུ་སྤྱོད་པས་ན་ཚངས་པར་སྤྱོད་པའོ། །རྩ་བ། སྟོན་པས་གནང་བས་གཞན་ལ་བསོད་ནམས་བསྐྱེད། །བདག་ཀྱང་དཀའ་ཐུབ་ཉམས་པར་མི་འགྱུར་ལ། །སློང་བ་རྣམས་ཀྱིས་ཡིད་བཞིན་ནོར་བུར་ལྟ། །མཐུན་པར་གྱུར་པའི་བསོད་སྙོམས་ཁོ་ན་ཡིན། །ཞེས་པ་ནི་དེ་ལ་རང་གཞན་གྱི་དོན་སྒྲུབ་པར་འདོད་པ་རྣམས་ནི་བདོག་པ་ཐམས་ཅད་ལ་ཡོངས་སུ་འཛིན་པ་སྤངས་ནས། སྟོན་པས་གནང་བས་བསོད་སྙོམས་ལ་བརྟེན་ནས་སློང་ཡུལ་གཞན་ལ་བསོད་ནམས་བསྐྱེད་པ་དང་། བདག་ཉིད་ཀྱང་བསླབ་པ་གསུམ་གྱི་དཀའ་ཐུབ་ཉམས་པར་མི་འགྱུར་ལ། སློང་མོ་བ་རྣམས་ཀྱི་ཡིད་བཞིན་ནོར་བུ་ལྟ་བུ་ནི་ཆོས་དང་མཐུན་པའི་བསོད་སྙོམས་ཁོ་ན་ཡིན་ནོ་ཞེས་པའོ། །རྩ་བ། འཚོ་བ་ཤིན་ཏུ་མ་དག་ཐབས་ཀྱིས་བརྐུ། །རྙེད་པས་རྙེད་འཚོལ་ཁ་གསག་ཚུལ་འཆོས་དང་། །ཐོབ་ཀྱིས་འཇལ་བའི་ལོག་འཚོ་རྣམ་པ་ལྔས། །དྲང་སྲོང་རྣམས་ཀྱི་བརྟུལ་ཞུགས་སྨ་བབ་འགྱུར། །དེ་ཕྱིར་གནས་མལ་བཟང་དང་འཚོ་བ་བཟང་། །གྲོགས་དང་སྦྱོར་བ་བཟང་པོས་སྙིང་སྟོབས་སློང་། །ཞེས་པ་ནི་འདིར་དམིགས་བསལ་གྱི་ལོག་འཚོ་ལྔ་ནི། སྟེར་དུ་རེ་ནས་གཞན་སྔུན་དུ་སྡུག་ཕོངས་ཀྱི་ཚིག་ཟློ་བའམ། ཟས་གོས་ཡོད་པ་སྦས་ནས་ཉམ་ཐག་པའི་ཚུལ་གྱིས་རྙེད་ཚད་ཐམས་ཅད་འཚོ་བ་མ་དག་ཐབས་ཀྱིས་བརྐུ་བ་ཞེས་པའོ། །རྙེད་པས་རྙེད་པ་ཚོལ་བ་ནི། བཟའ་བཏུང་དང་ནོར་རྫས་ཕྲ་མོ་རེ་ཕར་བཏང་ནས་ཚུར་མང་པོ་འོང་བའི་ཐབས་སྣ་ཚོགས་བྱེད་པའོ། །ཁ་གསག་ནི། རང་གི་ཡོན་ཏན་སྣ་ཚོགས་ཐབས་མཁས་ཀྱིས་བརྗོད་ཅིང་སྐྱོན་ཚོགས་སྦས་ནས་རྣམ་དཀར་རྒྱ་ཆེན་བསག་བརྫུས་གཞན་མགོ་བསྐོར་ནས་རྙེད་པ་ཐོབ་པའོ། །ཚུལ་འཆོས་ནི། རང་གིས་བསྲུང་སྡོམ་མ་དག་བཞིན་དུ་གཞན་སྔུན་དུ་ཞི་དུལ་དྲང་གསུམ་གྱི་སྤྱོད་པ་ངོམ་པ་དང་། ཡང་ན་ཆོས་བརྒྱད་མགོ་སྙོམས་པར་བརྫུས་ནས་སྤྱོད་པ་ཧྲལ་པོ་མ་བཅོས་ཞིག་པོའི་སྤྱོད་པ་ངོམས་ནས་རྙེད་པ་ཚོལ་བའོ། །ཐོབ་ཀྱིས་འཇལ་བ་ནི། སྦྱིན་བདག་གི་སར་ཆོ་ག་དང་ཁ་ཏོན་བཟླས་བརྗོད་ཀྱིས་ཆེད་དུ་ཕྱིན་པར་འབུལ་བའི་ནོར་རྫས་ཆུང་ཞེས་འཁང་བ་དང་། གཞན་ཡང་འདོན་བརྗོད་འདི་ཙམ་ལ་འབུལ་བ་འདི་ཙམ་དགོས་པ་མ་བྱུང་ཞེས་ཉོ་བཙོང་ལྟར་སེམས་པའོ། །དེ་ལས་ཀྱང་ཤ་ཆང་གིས་བྲིད་ནས་ཚོལ་བ་དང་། སྦྱིན་པ་གཉིས་ཀ་སྟོན་པས་བཀག་བཞིན་དེ་དག་ལ་བག་མེད་དུ་སྤྱོད་ན་སྔོན་བྱོན་གྱི་རྒྱལ་བ་དང་དེའི་རྗེས་འབྲང་དྲང་སྲོང་རྣམས་ཀྱི་བརྟུལ་ཞུགས་སྨ་བབ་པར་འགྱུར་རོ་ཞེས་པ་དང་། ཚུལ་དེའི་ཕྱིར་ན་གནས་མལ་བཟང་པོ་འགལ་རྐྱེན་མེད་པའི་སར་འཚོ་བ་བཟང་པོ་ལོག་འཚོ་ལྔ་དང་མ་འདྲེས་པར། གྲོགས་བཟང་དགེ་བ་སྤྱོད་པ་སྦྱོར་བ་བཟང་པོ་རྣམ་དཀར་ལ་བརྩོན་པ་སོགས་ཀྱིས་རང་གིས་རང་ལ་སྙིང་སྟོབས་སློང་དགོས་པའོ། །རྩ་བ། བསླབ་པ་ཀུན་གྱི་ཡོན་ཏན་རྫོགས་པའི་ཕྱིར། །སྐྱེས་བུ་དམ་པ་དག་ལ་བསྟེན་པར་བགྱི། །ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པའང་། །ཡལ་འདབ་བརླན་པའི་ཙན་དན་དྲིས་བསུང་ལྟར། །གང་ལ་བསྟེན་པ་དེ་ཡི་རྗེས་སུ་འགྲོ། །ཞེས་པ་ནི་འདི་ལྟར་སྐྱབས་སུ་འགྲོ་བ་ནས་བཟུང་རྣམ་པར་གྲོལ་བའི་བར་གྱི་བསླབ་པའི་གནས་ཐམས་ཅད་ཤེས་པ་ནི་དགེ་བའི་བཤེས་གཉེན་བསྟེན་པ་ལས་འབྱུང་སྟེ། ཇི་ལྟར་ན་ཙནྡན་མ་ལ་ཡ་ཡི་ནགས་ཀླུང་དུ་ཤིང་དམན་པ་རྣམ་པར་འཁྱམས་པའི་སྡོང་པོའི་དུམ་བུ་ཕལ་པ་ལའང་། དྲིའི་མཆོག་དང་ཡུན་རིང་བའི་འགྲོགས་པའི་ཡོན་ཏན་གྱིས་ཡལ་འདབ་རྣམས་དྲི་བཟངས་ཀྱིས་བརླན་པས་ཙནྡན་གྱི་དྲི་བསུང་ལྟར་དུ་སློབ་དཔོན་གང་ལ་བསྟེན་པ་དེའི་རྗེས་སུ་འགྲོ་ཞེས་པའོ། །རྩ་བ། དམ་པའི་ཆོས་ཚུལ་མཐའ་དག་རྫོགས་པ་ནི། །སྙིགས་མའི་མཐུས་བྱས་རྙེད་པར་དཀའ་ནའང་། །སྡོམ་གསུམ་གནང་བཀག་གཙང་མའི་ས་གཞི་ལ། །ཐོས་དང་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན། །སྡེ་སྣོད་སྔགས་རྒྱུད་རྒྱ་མཚོའི་ཆོ་ག་མཁས། །སྤངས་རྟོགས་ཡེ་ཤེས་དྲི་མེད་འབྲས་བུས་ཕྱུག །བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་བཀྲ་བས། །སྐལ་བཟང་སློབ་མའི་བུང་བ་སྡུད་ལ་བསྟེན། །སྔོན་བསྐལ་པ་ཡར་ལྡན་གྱི་ཚེ་སློབ་དཔོན་དང་སློབ་མ་གཉིས་ཀ་ཡོན་ཏན་དང་ལྡན་པ་འཛོམས་པར་གྱུར་ཀྱང་དེང་དུས་འདིར་དམ་པའི་ཆོས་ཚུལ་མཐའ་དག་རྫོགས་པ་སྙིགས་མའི་མཐུས་བྱས་སྐྱོན་གྱིས་རྙེད་པར་དཀའ་ཡང་། སོ་ཐར་བྱང་སེམས་གསང་སྔགས་ཏེ་སྡོམ་གསུམ་གནང་བ་དང་བཀག་པའི་དབྱེ་ཚུལ་ཤེས་པའི་དཔེ་ས་གཞི་གཙང་མ་ལྟ་བུ་ལ་མང་དུ་ཐོས་པ་དང་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན་པས་གཞན་རྗེས་སུ་འཛིན་པ་ལ་བརྩོན་པ་དང་། དེ་ཡང་སྡེ་སྣོད་གསུམ་དང་སྔགས་རྒྱུད་ཕྱི་ནང་གི་རྒྱུད་སྡེ་རྒྱ་མཚོའི་ཆོ་ག་ལ་མཁས་ཤིང་སྤངས་པས་ཉོན་ཤེས་ཀྱི་དྲི་མ་བཅོམ་པ་དང་རྟོགས་པས་ཇི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་དྲི་མ་མེད་པའི་འབྲས་བུས་ཕྱུག་ཅིང་མཁོ་བ་སྦྱིན་པ་དང་སྙན་པར་སྨྲ་བ་དང་འཇིག་རྟེན་གྱི་དོན་དང་མཐུན་པ་དང་། གདུལ་བྱའི་དོན་ལ་སྤྱོད་པ་བཞི་ཡི་དཔེ་མེ་ཏོག་རྣམ་པར་བཀྲ་བ་ལྟ་བུས་སྐལ་བ་བཟང་པོའི་སློབ་མའི་བུང་བ་སྡུད་པའི་སློབ་དཔོན་ལ་བསྟེན་ཞེས་པའོ། །རྩ་བ། ཁྱད་པར་མན་ངག་སྟོན་པའི་བླ་མ་ནི། །དབང་ཐོབ་དམ་ཚིག་ལ་གནས་ཤིན་ཏུ་ཞི། །གཞི་ལམ་འབྲས་བུའི་རྒྱུད་དོན་ཁོང་དུ་ཆུད། །བསྙེན་སྒྲུབ་རྟགས་རྫོགས་རྟོགས་པས་རང་རྒྱུད་གྲོལ། །སྙིང་རྗེ་ཚད་མེད་གཞན་དོན་འབའ་ཞིག་གཉེར། །བྱ་བ་ཉུང་ཞིང་ནན་ཏན་ཆོས་ལ་སེམས། །སྐྱོ་ཤས་ཆེར་ལྡན་གཞན་ཡང་དེ་ལ་བསྐུལ། །ཐབས་ལ་མཁས་ཤིང་བརྒྱུད་པའི་བྱིན་རླབས་ལྡན། །དེ་ལྟ་བུ་ལ་བསྟེན་ན་དངོས་གྲུབ་མྱུར། །ཞེས་པ་ནི་ཁྱད་པར་གསང་སྔགས་ཀྱི་མན་ངག་སྟོན་པའི་བླ་མ་ནི། དཀྱིལ་འཁོར་ཕྱི་ནང་གི་དབང་རྫོགས་པར་ཐོབ་པ། སྡོམ་པ་དང་དམ་ཚིག་དག་པ། ཐུགས་རྒྱུད་ཤིན་ཏུ་ཞི་བ། གཞི་རྒྱུད་བདེ་གཤེགས་སྙིང་པོ་དང་། ལམ་རྒྱུད་བསྐྱེད་རྫོགས་གཉིས་ཀྱི་དེ་ཉིད་རྟོགས་པའི་ཐབས་བདེན་གཉིས་ཀྱི་བྱེ་བྲག །འབྲས་རྒྱུད་སྐུ་ལྔ་ཡེ་ཤེས་ལྔ་ལ་སྦྱོར་ཚུལ་སོགས་ཁོང་དུ་ཆུད་པ། ལམ་སྨིན་གྲོལ་གཉིས་ལ་བརྟེན་ནས་བསྐྱེད་རྫོགས་ལ་འཇུག་ཅིང་བདག་བྱིན་གྱིས་བརླབས་པའི་བསྙེན་པ་ལྷ་དང་དབྱེར་མེད་བསྒྲུབ་པའི་རྟགས་རྣམས་རྫོགས་ཤིང་རྫོགས་རིམ་ཡང་དམིགས་བཅས་གཏུམ་མོ་སྒྱུ་ལུས་རྨི་ལམ་འོད་གསལ་བར་དོ་འཕོ་བ་བཅས་གསང་སྔགས་སྤྱིའི་ལུགས་དང་རྫོགས་ཆེན་ལྟར་ན་ལམ་ཐོད་རྒལ་གྱི་ཉི་མ་སེར་ཁྲིད་ཟླ་བ་དཀར་ཁྲིད་མར་མེ་དམར་ཁྲིད་མུན་པ་ནག་ཁྲིད་དེ་ཁྲིད་ཆེན་བཞི་དང་དམིགས་མེད་གཞི་ཁྲེགས་ཆོད་རྟོགས་པས་རང་རྒྱུད་གྲོལ་ངེས་པ་གོ་བ་ར་རི་ཙམ་མ་ཡིན་པ། སྙིང་རྗེ་ཚད་མེད་པས་གཞན་དོན་འབའ་ཞིག་དོན་དུ་གཉེར་ཞིང་། འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་ཉུང་ཞིང་ཕྱི་མའི་དོན་ལ་ནན་ཏན་དང་ཐོས་བསམ་སྒོམ་གསུམ་སོགས་རྣམ་དཀར་གྱི་ཆོས་ལ་རྟག་ཏུ་སེམས་པ། འཁོར་བའི་ཆོས་ལ་སྐྱོ་ཤས་ཏེ་སྐྱོན་དུ་རིག་ནས་དེ་ལ་མི་སྐྱེ་ཐབས་བྱེད་པ་དང་ངེས་འབྱུང་ནི་དེ་ལས་ཐར་ནས་གཏན་བདེ་སྒྲུབ་པའི་བློ་ཡང་དག་པ་དེ་ཡིན་ཞིང་གཞན་རྗེས་འབྲང་རྣམས་ཀྱང་ཚུལ་དེ་ལྟར་བསྒྲུབ་པ་ལ་བསྐུལ་བ་དང་། གདུལ་བྱ་ཆོས་ལ་འཛུད་པའི་ཐབས་ལ་མཁས་ཤིང་བརྒྱུད་པ་ལ་སེལ་མེད་ཅིང་བྱིན་རླབས་ཀྱི་ནུས་པ་དང་ལྡན་པ། དེ་ལྟ་བུའི་བླ་མ་དམ་པ་ལ་བསྟེན་ན་ཐུན་མོང་ཀུན་རྫོབ་བདེན་པའི་དངོས་གྲུབ་དང་མཆོག་དོན་དམ་བདེན་པའི་དངོས་གྲུབ་མྱུར་དུ་ཐོབ་ཅེས་པའོ། །རྩ་བ། བྲམ་ཟེ་བཞིན་དུ་ཆོ་རིགས་བསྲུང་བའམ། །བསྟི་གནས་ཉམས་པར་དོགས་པའི་རྫིང་བུ་རུ། །ཐོས་བསམ་འབྲས་བུ་གནས་མིན་ཁྲུས་ལ་ཞུགས། །ཤིང་གི་རང་འཐག་ལྟ་བུའི་ལམ་སྟོན་དང་། །ཞེས་པ་ནི་འདི་ལྟར་བྲམ་ཟེ་ནི་ཆོ་སྟེ་མ་ཕྱོགས་ཞང་པོ་དང་། རིགས་ནི་བྲམ་ཟེ་རང་གི་ཕ་མེས་ཀྱི་རིང་ལུགས་དང་རིག་བྱེད་དང་། ངན་སྔགས་སོགས་ལ་བརྩོན་བཞིན་དེ་དག་མ་ཉམས་པར་བསྲུང་བ་བཞིན་དུ། འཇིག་རྟེན་ཆོས་བརྒྱད་ལ་ཡི་དམ་བྱེད་པའི་བླ་མའི་མིང་གིས་སྙན་པ་ལ་ལ་དག་རང་ཉིད་ཀྱི་བསྟི་གནས་ཁྱིམ་ཆེ་ཆུང་གང་ཡིན་ཀྱང་རུང་སྟེ། དེ་ཉིད་ཉམས་པར་དོགས་པའི་རང་འདོད་རྫིང་བུ་ལྟ་བུར་ཐོས་བསམ་སོགས་མཁས་པའི་བྱ་བ་གསུམ་ལ་བརྩོན་པ་འདྲ་ཡང་། འབྲས་བུ་ནི་གནས་མིན་ཏེ་ཚེ་འདིའི་ཆེད་དུ་ཁྲུས་ལ་ཞུགས་པ་ཤིང་གི་རང་འཐག་གིས་འབྲུ་མི་ཆོམས་པ་ལྟ་བུའི་ལྟར་སྣང་མཛེས་པ་ཁོ་ནའི་ལམ་སྟོན་དུ་རློམས་པ་རྣམས་ནི་སློབ་མའི་ཐར་ལམ་འགག་པའི་བདུད་ཡིན་ནོ། །རྩ་བ། སོ་སོའི་སྐྱེ་བོའི་རང་བཞིན་མ་འགལ་ཡང་། །བླུན་པོའི་དད་པས་བབ་ཅོལ་གནས་ལ་སྦྱར། །རྙེད་དང་བཀུར་བསྟིའི་མཆོད་པས་ཁེངས་གྱུར་པ། །ཁྲོན་པའི་ལག་འགྲོ་ལྟ་བུའི་བཤེས་གཉེན་དང་། །ཞེས་པ་ནི་དེ་ཡང་འཕགས་པ་དང་སོ་སྐྱེ་གཉིས་ཆོས་ཉིད་མི་མཚུངས་ཏེ། སྔོན་མ་ནི། འཕགས་ནོར་བདུན་ནི་ཕལ་མོ་ཆེ་ཚང་ཞིང་རྡུལ་དང་ལྟ་བ་ཐམས་ཅད་དང་བྲལ་བ་ཡིན་ལ། རྗེས་མ་ནི། བླུན་རྨོངས་ཀྱི་བསམ་སྤྱོད་དང་། བརྐམ་ཆགས་དང་བྱས་པ་མི་གཟོ་ཞིང་། ཁ་གསག་དང་ཁྲོ་གཏུམ་སོགས་ཀྱི་རང་བཞིན་མི་འགལ་བར་སྣང་ཡང་། བླུན་པོ་གཞན་གྱིས་དེའི་རྒྱུ་མཚན་མ་རྟོགས་བཞིན་དུ་རྨོངས་ཞེན་གྱི་དད་པས་བབ་ཅོལ་ཞེས་ཧོལ་རྒྱུག་གིས་དད་བརྫུས་གནས་ལ་སྦྱར་བའོ། །དེ་ཡང་འཕགས་པའི་བསམ་སྤྱོད་ཀྱིས་བཏང་བའི་སོ་སོ་སྐྱེ་བོའི་སྐྱོན་ལྡན་ལ་ལ་དག་རྙེད་པ་འཚོལ་བའི་ཕྱིར་ཀུན་ནས་ཀུན་ཏུ་ཇག་ཆོམ་རྒྱུ་བ་ལྟར་འཕྱན་ཚེ་གཞན་གྱིས་བཀུར་བསྟིའི་མཆོད་པས་ཁེངས་དྲེགས་སྐྱེ་བ་དག་དཔེར་ན་ཁྲོན་པའི་ལག་འགྲོ་སྟེ་སྦལ་པ་ལྟ་བུའི་བཤེས་གཉེན་དང་ཞེས་སྐྱེ་བོའི་གསོ་ཐིགས་ལས། ནམ་ཞིག་གི་ཚེ་རྒྱ་མཚོར་གནས་པའི་སྦལ་པ་ཞིག་རླབས་ཀྱིས་འཕངས་ནས་ཁྲོན་པ་ཞིག་ཏུ་ཕྱིན་པ་དང་དེ་ན་སྦལ་པ་ཞིག་ཡོད་པས་ཁྱེད་གང་ནས་འོངས་དྲིས་པས་རྒྱ་མཚོ་ཆེན་པོ་ནས་འོང་ཚུལ་བཤད་པར། ཁོ་རང་གནས་པའི་ཁྲོན་པ་ལས་ལྷག་པ་མེད་སྙམ་ནས། དེ་ལ་གསུམ་ཆ་ཙམ་བསྟན་ནས་རྒྱ་མཚོར་འདི་ཙམ་ཡོད་དམ་དྲིས་པས་དེས་དེ་ལས་ལྷག་ཚུལ་བཤད་པ་དང་། ཡང་ཉིས་ཆ་ཙམ་སོགས་དཔགས་ཏེ་དྲིས་མཐར་དེ་འདྲ་མང་པོས་ཀྱང་དོ་ཟླ་མེད་པའི་གཏམ་བཤད་པས་ཁོ་སྐྱེངས་ཚུལ་གྱི་དཔེ་ལྟར་རོ། །རྩ་བ། ཐོས་པ་ཉུང་ཞིང་སྡོམ་དང་དམ་ཚིག་འཆལ། །རྒྱུད་ཚོད་དམའ་ལ་ཀུན་སྤྱོད་ས་བླར་གཤེགས། །བྱམས་དང་སྙིང་རྗེའི་དཔྱང་ཐག་ཆད་པ་ཡི། །སྨྱོན་པའི་ལམ་མཁན་རྣམས་ལས་སྡིག་པ་འཕེལ། །ཞེས་པ་ནི་ཕྱོགས་རེ་ཙམ་ལས་མ་ཐོས་པའི་ལུང་གི་ཡོན་ཏན་ཉུང་ཞིང་སོ་ཐར་དང་བྱང་སེམས་ཀྱི་བསླབ་སྡོམ་དང་སྔགས་ཀྱི་དབང་བཞིའི་དམ་ཚིག་འཆལ་བས་རྒྱུད་ཚོད་སུ་ལས་དམན་ཡང་རྒྱན་ཆས་འབྱོར་པ་འཁོར་གཡོག་སོགས་ཀྱི་ཕེར་ཡོང་དང་ཨམ་ལྡིར་གྱིས་ཀུན་སྤྱོད་ས་བླ་སྟེ་ནམ་མཁར་གཤེགས་པ་ལྟ་བུའི་བཟང་བརྫུ་ལ་ལ་ནི་བྱམས་དང་སྙིང་རྗེའི་དཔྱང་ཐག་ཆད་པའི་སྨྱོན་པའི་ལམ་མཁན་རྣམས་ནི་བླུན་དད་ཅན་འགའ་ལ་སྡིག་པ་འཕེལ་ཐབས་སློབ་པ་ཁོ་ནར་བས་སོ། །རྩ་བ། ཁྱད་པར་རང་ལས་ཡོན་ཏན་ལྷག་བཅས་མིན། །བྱང་ཆུབ་སེམས་བྲལ་གྲགས་པའི་མཐུས་བསྟེན་ན། །ལོང་བའི་དེད་དཔོན་ནོར་བ་ཆེན་པོ་སྟེ། །ཟོལ་འགྲོགས་མུན་པའི་སྨག་ཏུ་འཁྱམ་པར་འགྱུར། །དེ་ཕྱིར་དམ་པ་ཤིན་ཏུ་མ་བརྟགས་ན། །དད་པ་ཅན་གྱི་དགེ་ཚོགས་ཆུད་གསོན་ཅིང་། །དལ་བ་སྐབས་ཤིག་རྙེད་པ་སྦྲུལ་གདུག་དང་། །ཤིང་གི་གྲིབ་མ་ནོར་བཞིན་བསླུ་བར་འགྱུར། །ཞེས་པ་ནི་འདི་ལྟར་སློབ་མ་རང་ཉིད་ལས་སློབ་དཔོན་དེ་ཉིད་ཡོན་ཏན་གྱིས་མཐོ་ཞིང་ལྷག་པ་དང་བཅས་པ་ཞིག་མིན་ན། བྱང་ཆུབ་ཀྱི་སེམས་བྲལ་བའི་སྙན་གྲགས་དང་གོ་ས་མཐོ་བ་ཞིག་རྒྱུ་མཚན་མ་རྟོགས་བཞིན་དུ་བློ་སྲབ་པའི་མཐུས་བསྟེན་ན་ལོང་བའི་དེད་དཔོན་ལ་ལམ་སྣ་བཅོལ་བ་དང་འདྲ་བས་ནོར་བ་ཆེན་པོ་གཏན་གྱི་འདུན་མ་ཉེས་པ་ཡིན་ཏེ། དེ་ལྟ་བུའི་བཤེས་གཉེན་དང་འགྲོགས་ཀྱང་ཡོན་ཏན་མི་སྐྱེ་བའི་ཁར་སྐྱོན་གྱིས་གོས་པར་འགྱུར་ཞིང་དད་པ་ཡོད་བརྫུའི་ཟོལ་གྱིས་འགྲོགས་ཀྱང་དགེ་སྒྲུབ་སྡིག་སྤང་ལ་རྨོངས་པའི་སྨག་ཏུ་འཁྱམ་པར་འགྱུར་རོ། །དེའི་ཕྱིར་ན་དང་པོ་ནས་དམ་པ་ཤིན་ཏུ་བརྟགས་པར་མ་བྱས་ན་མི་བླུན་དད་ཅན་བསོད་ནམས་ཆུང་བ་དག་གིས་བླ་མ་མི་དགེ་བའི་ལམ་རྒྱུས་མཁན་ལ་བསྟེན་ཉེས་པས་རྣམ་དཀར་གྱི་དགེ་ཚོགས་ཆུད་གསོན་ཅིང་། དེ་ལྟར་དལ་བ་སྐབས་ཤིག་རྙེད་པ་འདི་དཔེ་དང་སྦྱར་ན་མཚན་མོའི་དུས་ཞིག་ཏུ་མི་ཞིག་གིས་ཁུར་ཆེན་པོ་ཁུར་ནས་ཕྱིན་པ་ལ་སྦྲུལ་གདུག་པ་ཅན་ཞིག་ལམ་ཁར་ཉལ་ནས་ཡོད་པ་ཤིང་གྲིབ་ཏུ་འཁྲུལ་ནས་དེའི་ཁར་ངལ་གསོས་འཕྲལ་སྦྲུལ་གྱིས་ཟོས་པ་བཞིན་དུ་བཤེས་གཉེན་ངན་པས་བསླུ་བར་འགྱུར་ཞེས་པའོ། །གཏམ་རྒྱུད་དང་སྦྱར་ན་རྔམ་གློག་ལས། སྔོན་འདས་པའི་དུས་དགེ་སློང་དྲི་མེད་སྤྱོད་པ་ཞེས་བྱ་བ་ཞིག་རྣལ་འབྱོར་གྱི་ཚུལ་འདྲ་བ་ཙམ་དུ་སྤྱོད་དེ། དེ་དོན་ལ་མཁས་པའི་བླ་མ་རྣམས་མི་བཞུགས་ནས་བླ་མ་དེ་དག་གི་ཚོམ་བུ་འབུམ་གྱི་འཁོར་རྣམས་ཀྱིས་བླ་མའི་གདུང་འཚོབ་པར་གསོལ་ཞེས་དཔོན་བསྟབས་པས། དགེ་སློང་དེ་ཆེ་བས་དྲེགས་པ་སྐྱེས་ཏེ་མི་ཤེས་བཞིན་དུ་ཚུལ་འདྲ་བ་ལོག་པར་སྤྱོད་པས་དགེ་སློང་དེ་ཚོམ་བུ་འབུམ་གྱི་འཁོར་དང་བཅས་པ་རུ་ཏྲར་བསྐལ་པ་གྲངས་མེད་པར་སྐྱེས་སོ། །ཞེས་དབང་ཁྲིད་ལུང་གསུམ་མེད་བཞིན་དུ་ཐོས་ལོ་བསགས་པ་དང་བསམ་ཉེས་ཀྱིས་རྒྱུ་འབྲས་ཁྱད་གསོད་བྱེད་པ། ལྟ་སྒོམ་ནོར་བའི་གོ་བ་སྐམ་པོས་སྟོང་འཛིན་ཁོ་ན་ལ་བློ་ཕྱོགས་པའི་ཆད་པར་ལྟ་བ་དག་གིས་སློབ་དཔོན་གྱི་ས་བཟུང་ན་བཤད་པ་མ་ཐག་པ་ལྟར་རོ། །རྩ་བ། མཐའ་དག་ཡོན་ཏན་འབྱོར་བའི་བླ་མ་ནི། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེའི་ཁམས། །གདུལ་བྱའི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན། །དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད། །ཅེས་པ་ནི་མང་དུ་ཐོས་པ་ལུང་གི་ཡོན་ཏན་དམ་པས་ཕྱུག་ཅིང་། རྟོགས་པའི་ཤེས་རབ་བླ་ན་མེད་པས་སློབ་མའི་རྒྱུད་གྲོལ་བ་ལ་མཁས་པ་དེ་ནི་མཐའ་དག་ཡོན་ཏན་འབྱོར་བའི་བླ་མ་ཡིན་ཞིང་། དེ་ལྟ་བུའི་དམ་པ་ནི་སངས་རྒྱས་ཀུན་གྱི་ཡེ་ཤེས་དང་ཐུགས་རྗེའི་ཁམས་ཡིན་པས་དེ་ཉིད་གདུལ་བྱའི་ཡུལ་ལ་སྐྱེས་བུའི་གཟུགས་ཀྱིས་བྱོན་པ་ཡིན་ལ་དེའི་ཡོན་ཏན་ནི་དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད་ཅེས་བསྔགས་པ་བརྗོད་པའོ། །རྩ་བ། དྲང་བའི་དོན་དུ་ཀུན་དང་ཕྱོགས་མཐུན་ལ། །ངེས་པའི་དོན་དུ་ཀུན་དང་རྣམ་གཞག་འགལ། །དགོངས་པ་ཅན་ཕྱིར་ཀུན་ལས་ཁྱད་པར་འཕགས། །ཐེ་ཚོམ་གཅོད་མཁས་ལོག་བསྒྲུབ་སྐྱོ་ངལ་བཟོད། །ཅེས་པ་ནི་ཀུན་རྫོབ་དྲང་བའི་དོན་ལྟར་ན་སུ་དང་ཡང་མི་མཐུན་པ་མེད་པས་ཀུན་དང་ཕྱོགས་ཙམ་མཐུན་པ་དང་། ངེས་པའི་དོན་དུ་ཀུན་དང་རྣམ་བཞག་འགལ་ཞེས་པ་བྱིས་པས་རང་དོན་བྱེད་པ་དང་སྐྱེས་བུ་དམ་པས་གཞན་དོན་བྱེད་པ་གཉིས་མི་མཚུངས་པ་དང་། དགོངས་པ་ཅན་ཕྱིར་ནི་ལུགས་ཟུང་གང་ཡང་གཞན་དོན་ཁོ་ན་ལས་རང་དོན་ཡིད་བྱེད་དང་བྲལ་བས་ཀུན་ལས་ཁྱད་པར་དུ་འཕགས་པའོ། །སློབ་མའི་ཐེ་ཚོམ་གཅོད་པ་ལ་མཁས་ཤིང་གཞན་གྱིས་ལོག་བསྒྲུབ་ལ་སྐྱོ་ངལ་བཟོད་པའོ། །རྩ་བ། སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ། །ལམ་མཆོག་འཁྲུལ་པར་མི་འགྱུར་དེད་དཔོན་དངོས། །ལས་ཉོན་མེ་ཚོགས་འཇོམས་པས་བདུད་རྩིའི་ཆར། །མ་རིག་མུན་པ་སེལ་བས་ཉི་ཟླར་མཚུངས། །ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་འདྲ། །ཕན་དང་བདེ་བའི་འབྱུང་གནས་དཔག་བསམ་ཤིང་། །ཆོས་ཀྱི་མཛོད་ལྡན་བུམ་པ་བཟང་པོ་སྟེ། །ཀུན་འབྱུང་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག །ཀུན་ལ་སྙོམས་པར་བྱམས་པས་ཕ་མ་ཡིན། །ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་མཚུངས། །འཕོ་འགྱུར་མེད་པའི་དགའ་བ་རི་དབང་འདྲ། །འཁྲུགས་པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན། །དེ་འདྲའི་བླ་མ་སངས་རྒྱས་ཀུན་དང་མཉམ། །གནོད་པ་བྱས་ཀྱང་བདེ་བའི་ལམ་འབྲེལ་ན། །ཟོལ་མེད་དད་པས་བསྟེན་པའི་སྐྱེས་བུ་ལ། །མངོན་མཐོ་ངེས་ལེགས་ཡོན་ཏན་ཆར་བཞིན་འབབ། །ཅེས་པ་ནི་སྐྱེ་རྒ་ན་འཆི་བཞི་ནི་སྲིད་པའི་མཚོ་ཡིན་ཏེ་དེ་ལས་སྒྲོལ་བའི་གྲུ་བོ་ཆེ་ལྟ་བུ་དང་། ཐར་པའི་ལམ་མཆོག་འཁྲུལ་པར་མི་འགྱུར་བའི་ཚོང་དཔོན་དངོས་ལྟ་བུ་དང་། ལས་དང་ཉོན་མོངས་པའི་མེ་ཚོགས་འཇོམས་པས་བདུད་རྩིའི་ཆར་ལྟ་བུ། མ་རིག་པའི་མུན་པ་སེལ་བས་ཉི་ཟླར་མཚུངས་ཤིང་ཁུར་ཤིན་ཏུ་ཆེ་ཡང་ཐེག་པའི་ས་གཞི་དང་འདྲ་ཞིང་། བསྟན་འགྲོར་ཕན་བདེ་འབྱུང་བའི་གནས་སུ་གྱུར་པ་ནི་དཔག་བསམ་གྱི་ཤིང་ལྟ་བུ། མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་དང་ལྡན་པ་བུམ་པ་བཟང་པོ་ལྟ་བུ་དང་། དགོས་འདོད་ཀྱི་རེ་བ་ཀུན་འབྱུང་བ་ནི་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་སྟེ། བླ་མ་དམ་པ་ལ་བསྟེན་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་བའི་ཕྱིར་རོ། །འགྲོ་བ་ཀུན་ལ་སྙོམས་པར་བྱམས་ཤིང་བརྩེ་བས་ཕ་མ་ལྟ་བུ་ཡིན་ཞིང་དགྲ་གཉེན་རིས་མེད་ལ་ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་དང་མཚུངས་ཤིང་། འགྲོ་རྣམས་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བ་ལ་འཕོ་འགྱུར་མེད་པའི་དགའ་བ་རི་དབང་དང་འདྲ་ཞིང་། ཆགས་སྡང་གང་གིས་ཀྱང་འཁྲུགས་པ་མེད་པའི་བཏང་སྙོམས་ཆར་སྤྲིན་དང་འདྲ་བའི་བླ་མ་སངས་རྒྱས་ཀུན་དང་མཉམ་ཞིང་གནོད་པ་བྱས་ཀྱང་བདེ་བའི་ལམ་དང་འབྲེལ་ན། ཟོལ་མེད་དད་པས་སྙིང་ནས་བསྟེན་པའི་སྐྱེས་བུ་དེ་ལ་མངོན་མཐོ་ལྷ་མིའི་བདེ་སྐྱིད་དང་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་དཔལ་ཡོན་ཆར་བཞིན་དུ་འབབ་ཅེས་པའོ། །རྩ་བ། ནད་པས་སྨན་པ་མགྲོན་པོས་སྐྱེལ་མ་དང་། །འཇིགས་པས་ར་མདའ་ཚོང་པས་དེད་དཔོན་དང་། །གྲུ་པས་མཉན་པ་བཞིན་དུ་སྐྱེ་ཤི་དང་། །ཉོན་མོངས་དགྲ་ཡི་འཇིགས་པས་བསྟེན་པར་བྱ། །དེ་ཡང་སྐྱེས་བུ་དམ་པ་ཇི་ལྟར་བསྟེན་པ་ན་ནད་པས་སྨན་པ་དང་འཇིགས་ཡུལ་བགྲོད་པའི་མགྲོན་པོས་སྐྱེལ་མ་དང་། དགྲ་ཚོགས་དང་འཕྲད་དོགས་ཀྱི་འཇིགས་པའི་ར་མདའ་དང་རྒྱ་མཚོ་བགྲོད་པ་སོགས་ཚོང་པས་དེད་དཔོན་དང་ཆུ་བོར་བརྒལ་བའི་གྲུ་པས་སྐྱ་བ་བཞིན་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་ཉོན་མོངས་དགྲ་ཡིས་འཇིགས་པ་ལས་སྐྱོབ་པའི་ཕྱིར་སྐྱེས་བུ་དམ་པ་ལ་བསྟེན་པར་བྱ་ཞེས་པའོ། །རྩ་བ། དེ་ལ་ཉེ་བར་ལེན་པ་སློབ་མ་སྟེ། །སྣོད་དང་བྲལ་ལ་བཅུད་ཀྱིས་ཕན་མི་ཐོགས། །ཟང་ཟིང་ཙམ་གྱིས་ཚིམ་པ་ཐོབ་གྱུར་ནས། །བཅོས་མའི་དད་པས་དུས་བཞིའི་འགྱུར་ལྡོག་ངོམ། །དང་པོ་ཆོས་ལམ་མི་ཚུད་གཡག་རྒོད་བཞིན། །བར་དུ་ཐོས་བསམ་ལ་སྡང་ཚེ་འདི་གཉེར། །ཐ་མར་སྡིག་པའི་གྲོགས་ཀྱི་ཕྱོགས་བཟུང་ནས། །ལས་མཐའ་ལོག་པ་ནགས་མཐའི་མི་རྒོད་འདྲ། །ཞེས་པ་ནི་དེ་ལ་སྣོད་བྲལ་གྱི་སློབ་མ་ངན་པ་ནི་ཐེ་ཚོམ་དང་གསར་ངས་ཆེ་བ་ལ་སོགས་སྐྱོན་ཀུན་གྱིས་སྦགས་པ་ཁྱད་པར་བླ་མའི་སྐྱོན་རྟོག་པ་ལ་མཁས་ཤིང་ཡོན་ཏན་མི་མཐོང་བ་རང་ལས་བླ་མ་དམན་པར་འཛིན་པ་དེ་ལྟ་བུའི་སློབ་མ་རིགས་རུས་དང་འབྱོར་པས་དྲེགས་ཤིང་དམ་སྡོམ་ལ་མི་གནས་པ་ཐོས་ལོ་བསགས་པས་ཁེངས་པ་སོགས་སྐྱོན་ལྡན་གྱི་སྣོད་དུ་སྨིན་གྲོལ་གྱི་བཅུད་ཅི་ཙམ་བླུགས་ཀྱང་ཕན་ཅུང་ཟད་ཙམ་ཡང་མི་ཐོགས་ཤིང་། ཟང་ཟིང་གི་གནང་སྦྱིན་ཅུང་ཟད་ཙམ་ཐོབ་ཚེ་དེས་ཚིམ་ནས་བཅོས་མའི་དད་པས་ཚུགས་མི་ཐུབ་སྟེ་དབྱར་དགུན་སྟོན་དཔྱིད་ཀྱི་ས་གཞིའི་འགྱུར་ལྡོག་བཞིན་ངོམ་ཞིང་། དང་པོའི་དུས་ཐ་མལ་གྱི་སྤྱོད་པ་ལ་གོམས་ཆེས་པས་ཆོས་ལམ་དུ་མི་ཚུད་པའི་དཔེ་གཡག་རྒོད་ལྟ་བུ། བར་དུ་ཕྱིའི་སྒྲིགས་ལམ་ཀུན་སྤྱོད་ལྟར་སྣང་མཛེས་པ་ཙམ་བྱུང་ཡང་ཐོས་པས་ཕྱིའི་སྒྲོ་འདོགས་མི་གཅོད་བསམ་པས་དགེ་སྒྲུབ་སྡིག་སྤང་སོགས་རྒྱུ་འབྲས་ལ་མི་སེམས་པའི་ཁར་རྣམ་དཀར་ལ་སྡང་ཞིང་ཚེ་འདི་གཉེར་བ་དང་། ཐ་མར་སྡིག་པའི་གྲོགས་ཀྱི་ཕྱོགས་བཟུང་ནས་གསོད་གཅོད་རྐུ་འཕྲོག་སོགས་མི་དགེ་བ་ལ་བརྩོན་པས་ལས་མཐའ་ལོག་པ་ནགས་མཐའི་མི་རྒོད་དང་འདྲ་ཞེས་པའོ། །དེ་ལས་ཀྱང་བཅུད་སྡིག་ཅན་ནི་སེམས་ཅན་གཅིག་སངས་རྒྱས་ནའང་ཁོ་རང་གི་མངའ་རིས་བྲི་ཡི་དོགས་ནས། ལས་དང་པོ་པ་བློ་ལས་སུ་མི་རུང་བ་དེའི་སྙིང་བདུད་ཀྱི་མདས་ཕུགས་ནས་བླ་སློབ་ཀྱི་བར་ལ་སེལ་འཇུག་ཅིང་བསམ་སྤྱོད་གང་གི་ཐད་ནས་ཀྱང་བླ་མ་དང་མཆེད་གྲོགས་ཀུན་དང་འགལ་བའི་ལས་ལ་སྦྱོར་ཞིང་ཉམས་ཆགས་ཀྱི་འདམ་དུ་བྱིང་བའོ། །རྩ་བ། དམ་པའི་དྲུང་ན་གནས་ཚེ་འབྲོས་ལ་རིངས། །ཡུལ་གང་བགྲོད་པར་ཕྱོགས་ན་སྡིག་པས་འཛིན། །དབེན་པར་ཆེད་དུ་བསྐུལ་ན་ཆོས་ཚུགས་ཞིག །རླུང་གི་རྗེས་འགྲོ་ཀུ་ཤའི་རྩེ་མོ་བཞིན། །ཞེས་པ་ནི་བློ་ལས་སུ་མ་རུངས་པའི་སློབ་མ་དག་ནི་དམ་པའི་དྲུང་དུ་གནས་ཚེ་ཡུལ་གཞན་དུ་འབྲོས་ལ་རིངས་པ་ལྟར་འགྲོ་ཞིང་། ཡུལ་གང་དུ་བགྲོད་པར་ཕྱོགས་ཚེ་རྐུ་འཕྲོག་གཡོ་ཟོལ་སོགས་སྡིག་པས་ལྟོས་བཅས་སྐྱོང་བའི་ལས་འཛིན་ཞིང་། བླ་མས་དབེན་པར་སྒོམ་སྒྲུབ་ལ་བསྐུལ་ན་ལྟར་སྣང་མཛེས་པའི་ཆོས་ཚུགས་ཞིག་ཅིང་ཐོས་བསམ་སྒོམ་གསུམ་གང་ཡང་བརྩོན་འགྲུས་ཀྱིས་བཏང་ནས་རླུང་གི་རྗེས་སུ་འགྲོ་བའི་ཀུ་ཤའི་རྩེ་མོ་བཞིན་བརྟན་པ་བྲལ་བ་དེ་ཡང་བླ་མས་སློབ་མ་གང་ཡིན་དེའི་རྒྱུད་ཚོད་དང་བསྟུན་པའི་དབེན་པར་བསྐུལ་ལམ། འགྲོ་དོན་ལ་མངགས་སམ། རང་སར་བསྟན་པ་འཛིན་སྐྱོང་བྱེད་དུ་བཅུག་པ་དེ་བསྒྲུབས་ན་བར་ཆོད་མེད་ཅིང་བཀྲ་ཤིས་སོ། །རྩ་བ། མི་གཞི་ངན་པའི་ཟོལ་སྦྱོར་ཐ་གུའི་ལྕེས། །བླ་མ་སྤོས་ཀྱི་གླང་པོ་ལྟར་བསྙེན་ནས། །དམ་ཆོས་གླ་རྩིའི་རྙེད་པ་ཐོབ་ནས་སླར། །རྔོན་ལ་ཡང་དག་སྤྲོ་བས་དམ་ཚིག་འཕེན། །ཞེས་པ་ནི་འདི་ལྟར་མི་གཞི་ངན་པ་ནི་གཡོ་སྒྱུའི་བསམ་སྦྱོར་གྱིས་དུས་འདའ་ཞིང་ལྟོ་འགྲོ་ལྟར་ལྕེ་གཉིས་ངོམ་བཞིན་བླ་མ་སྤོས་ཀྱི་གླང་པོ་ལྟར་བསྙེན་པ་ལས་དད་པས་མ་ཡིན་ཞིང་། སྨིན་གྲོལ་གྱི་ཆོས་གླ་རྩིའི་རྙེད་པ་ཐོབ་ནས་དམ་ཚིག་བསྲུང་བ་ཕར་ཞོག་རྔོན་ལ་ཡང་དག་སྤྲོ་བས་ཞེས་བླ་མ་གསོད་པ་ལ་ཡང་ཅང་མི་སེམས་ཞིང་དམ་སྡོམ་རྡོ་བཞིན་འཕེན་པའོ། །རྩ་བ། བློ་སྣ་ཉམས་འོག་མ་ཆུད་མཐའ་དག་ནི། །གདམས་པའི་གནད་འགག་ཐོབ་པ་སླར་བཏང་ནས། །སྣ་ཚོགས་ཡིག་སྣ་འཚོལ་བས་དུབ་པའི་མཐར། །གསར་པ་མ་མཐོང་སྔོན་མ་མཐའ་དག་ཉམས། །ཞེས་པ་ནི་འདི་ལྟར་གང་ཟག་བློ་སྣ་ཉམས་འོག་ཏུ་མ་ཆུད་པ་ལ་ལ་དག་སྨིན་གྲོལ་གྱི་གདམས་པའི་གནད་འགག་ཐོབ་པ་རྣམས་ཉམས་སུ་མི་ལེན་བཞིན་སླར་གང་དགར་བཏང་ནས། གཞན་ནས་སྣ་ཚོགས་ཡིག་སྣ་མང་པོ་འཚོལ་བས་དུབ་པའི་མཐར་ཟབ་གནད་ལྡན་པ་གསར་པ་མ་མཐོང་ཞིང་སྔོན་མ་ཐོས་ཤིང་མཉན་པ་མཐའ་དག་ཉམས་པར་བྱས་པའོ། །རྩ་བ། ཡང་དག་དོན་ལ་སྦྱོར་བའི་དད་པ་དང་། །ལྟར་སྣང་ཚེ་འདི་བསྒྲུབ་པའི་འདོད་པ་དང་། གཉིས་ཀར་ལུང་དུ་མ་བསྟན་གཟུ་ལུམ་ཅན། །གསུམ་དུ་གནས་པའི་མཚན་ཉིད་བརྟག་པ་གཅེས། །ཞེས་པ་ནི་དེ་ཡང་ཡང་དག་དོན་ལ་སྦྱོར་བའི་དད་པ་མོས་གུས་ཀྱིས་ཆོས་ལ་འཇུག་པ་དང་། ལྟར་སྣང་ཙམ་དུ་ཆོས་བསྒྲུབ་ཚུལ་སྔོན་མ་དང་མཚུངས་ཀྱང་དོན་ལ་ཚེ་འདི་ཁོ་ནའི་ཆེད་དུ་བསྒྲུབ་པའི་འདོད་པ་དང་། དེ་གཉིས་ཀར་ལུང་དུ་མ་བསྟན་པའི་བླུན་པོ་གཟུ་ལུམ་སྟེ་མཁས་རློམས་ཅན་འདི་ཕྱི་གཉིས་ཀ་གཉེར་བ་མེད་བཞིན་རང་གར་ཆོས་ལ་འཇུག་པ་དང་གསུམ་དུ་གནས་པའི་གང་ཡིན་གྱི་མཚན་ཉིད་བརྟག་པ་གཅེས་ཞེས་པའོ། །དེ་གསུམ་གྱི་དང་པོ་དཔེ་མཁྱུད་མེད་པར་རྗེས་སུ་བཟུང་ཞིང་ཕྱི་མ་གཉིས་ནི་ཐབས་རྟེན་འབྲེལ་དུ་མས་ཡང་དག་པའི་ལམ་དུ་བསྒྱུར་དགོས་པའོ། །རྩ་བ། གོ་ཆ་ཆེ་ལ་བློ་གྲོས་ཤིན་ཏུ་བརྟན། །ལུས་དང་སྲོག་ལ་མི་བལྟ་རིམ་གྲོ་བགྱིད། །ཅེས་གསུང་བཀར་དཀྲིི་བདག་ཉིད་མི་བསྲུང་བའི། །སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ། །ཞེས་པ་ནི་གོ་ཆའི་བརྩོན་འགྲུས་ནི་དུས་ད་ལྟ་ནས་བཟུང་སྟེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་བྱང་ཆུབ་བསྒྲུབ་པ་ལ་ཅུང་ཟད་ཀྱང་ལྷོད་པར་མི་བྱེད་པའི་བློ་གྲོས་ཤིན་ཏུ་བརྟན་པ་དང་། ལུས་དང་སྲོག་ལ་མི་བལྟ་ཞིང་བླ་མ་དམ་པར་བཀུར་བསྟི་དང་རིམ་གྲོ་བགྱིད་པ། བླ་མས་ཅི་གསུང་རྒྱལ་བའི་བཀར་དཀྲི་ཞིང་བཀའ་བཞིན་བསྒྲུབ་ནས་བདག་ཉིད་མི་བསྲུང་བའི་སྐྱེས་བུ་དེ་ནི་དད་པ་དང་མོས་གུས་ཁོ་ནས་གྲོལ་ཞེས་པའོ། །འདི་ལྟར་སློབ་དཔོན་འཕགས་པས་ངར་སྣབས་དོར་བ་ཀླུའི་བྱང་ཆུབ་ཀྱིས་བླངས་ནས་ཁར་བཅུག་པས་ས་དང་པོའི་བདེན་པ་མཐོང་། སློབ་དཔོན་གཉགས་བཙོན་དོང་དུ་བཅུག་པ་དཔལ་གྱི་ཡེ་ཤེས་ཀྱིས་བཙོན་སྲུང་བ་གཉིས་བསད་ནས་སྤྱན་དྲངས་པས་དངོས་གྲུབ་ཐོབ་པ་ལྟ་བུའོ། །རྩ་བ། དད་དང་ཤེས་རབ་ཐོས་དང་སྙིང་རྗེ་ཆེ། །སྡོམ་དང་དམ་ཚིག་ལ་གུས་སྒོ་གསུམ་དུལ། །ཁོང་ཡངས་གཏོང་ཕོད་དག་སྣང་ཁྲེལ་ཡོད་ལྡན། །ཞེས་པ་ནི་སློབ་མའི་ཡོན་ཏན་གྱི་ཁྱད་པར་ཡང་དག་པའི་དད་པ་དང་། ཤེས་རབ་ཀྱིས་ཆོས་ཀྱི་གནད་རྟོགས་པ་ཐོས་པས་ཆོས་མ་ཡིན་པ་ཤེས་པ། སྙིང་རྗེ་ཆེན་པོས་སེམས་ཅན་བློས་མི་གཏོང་བ། སོ་སོར་ཐར་པ་དང་བྱང་ཆུབ་སེམས་དཔའི་བསླབ་སྡོམ་སྔགས་ཀྱི་དམ་ཚིག་རྣམས་དང་ལྡན་པས་སྒོ་གསུམ་ཞི་ཞིང་དུལ་བ། ཁོང་ཡངས་པས་མཆེད་གྲོགས་དང་ཉེ་འཁོར་རྣམས་དང་མཛའ་ཞིང་བཤེས་པ། གཏོང་ཕོད་དང་དག་སྣང་ཁྲེལ་ཡོད་ལྡན་པས་ཚོགས་གཉིས་གོང་འཕེལ་དུ་གྱུར་པའོ། །རྩ་བ། བླ་མ་ཤིན་ཏུ་བསྲུང་བས་མཛངས་པ་དང་། །བཀའ་བཀྱོན་དག་ལ་མི་ཁྲོ་རྟ་མཆོག་བཞིན། །གྲུ་ལྟར་འགྲོ་འོང་གནས་ལ་སྐྱོ་བ་སྤངས། །ཟམ་པ་ལྟ་བུར་བཟང་ངན་ཐམས་ཅད་ཐེག །བཟོ་སྟེགས་བཞིན་དུ་ཚ་གྲང་གང་ཡང་བཟོད། །བཀའ་བཞིན་ཉན་པ་བྲན་ཁོལ་ལྟ་བུ་དང་། །ང་རྒྱལ་སྤངས་པ་ཕྱག་དར་ལྟ་བུ་དང་། །དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་ཆད་ལྟས། །བླ་མ་བསྟེན་ཞེས་སྡེ་སྣོད་དག་ལས་གསུངས། །ཞེས་པ་ནི་དེ་ཡང་རང་གི་ལུས་སྲོག་ལ་ཐུག་ཀྱང་མི་བསྲུང་ཞིང་བླ་མ་ལ་ལོག་སྦྱོར་ཅུང་ཟད་ཙམ་ཡང་རང་གི་མིག་འབྲས་ལྟར་བསྲུང་བའི་མཛངས་པ་དང་། བཀའ་བཀྱོན་དག་ལ་མི་ཁྲོ་བ་རྟ་མཆོག་ལ་ལྕག་གིས་ཇི་ལྟར་བརྡེག་ཀྱང་ལན་མི་ཤོམ་པ་བཞིན་དང་། བླ་མས་གང་དུ་མངགས་ཀྱང་གྲུ་ལྟར་འགྲོ་བ་དང་འོང་བའི་གནས་ལ་སྐྱོ་ངལ་སྤངས་ནས་དཀའ་བ་དང་དུ་བླང་ལྕི་བ་རྒྱབ་ཏུ་ཁུར་བ་དང་། ཟམ་པའི་ཁར་མཆོག་དམན་ཐམས་ཅད་འགྲོ་བ་ལྟ་བུར་བཟང་ངན་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ཐེག་པ་དང་། བཟོ་སྟེགས་ཀྱི་སྟེང་དུ་ཚ་བའི་ལྕགས་བསྲེགས་གྲང་བའི་ཆུ་འཁྱགས་སོགས་ཚ་གྲང་གང་ཡང་བཟོད་པ་ལྟར་བླ་མས་གང་བསྒོས་པའི་ལས་འཇམ་རྩུབ་ལྕོགས་མིན་གང་འདྲ་ཞིག་ཡིན་ཀྱང་བཟོད་པ་དང་། བཀའ་ཇི་བཞིན་ཉན་པ་ལས་མི་རུང་བ་དང་མི་ནུས་པ་ཞིག་ཡིན་ཀྱང་བཀའ་ལས་མི་འདའ་བ་བྲན་ཁོལ་ལྟ་བུ་དང་། བླ་མའི་ཞབས་འདེགས་ལ་གནས་ཚེ་ང་རྒྱལ་དང་དྲེགས་པ་སྤངས་པ་ཁྱུ་མཆོག་ཞེས་མ་ཧེ་རྭ་ཆད་པ་ལྟ་བུས་བླ་མ་བསྟེན་དགོས་ཞེས་སྡེ་སྣོད་དག་ལས་གསུངས་ཞེས་པའོ། །རྩ་བ། འབྱོར་པ་ཡོད་ན་དཀོན་མཆོག་བཞི་པ་མཆོད། །ཞབས་ཏོག་སྲི་ཞུ་ལུས་ངག་བཀོལ་བའི་ལས། །མཐའ་དག་ནམ་ཡང་ཆུད་ཟོས་གྱུར་པ་མེད། །མཉེས་པ་གསུམ་གྱི་ནང་ནས་བསྒྲུབ་པ་མཆོག །ཅེས་པ་ནི་འདི་ལྟར་མཆོག་གསུམ་གྱི་ཁར་བླ་མ་བསྣན་པའི་དཀོན་མཆོག་བཞི་པ་ཡིན་ཞེས་བསྟན་ནས་འབྱོར་པ་ཡོད་ན་དེ་ཉིད་མཆོད་ན་མཆོག་གསུམ་མཆོད་པ་དང་མཉམ་ཞེས་པ་དང་། མཆོག་གསུམ་འདུས་པའི་ངོ་བོ་བླ་མའི་ཞབས་ཏོག་དང་སྲི་ཞུར་ལུས་ངག་བཀོལ་ནས་དཀའ་ལས་ཇི་ལྟར་བྱས་པ་མཐའ་དག་ནམ་དུ་ཡང་ཆུད་ཟོས་སུ་གྱུར་པ་མེད་ཅིང་། ཟང་ཟིང་གིས་མཉེས་པར་བྱས་པ་དང་ལུས་ངག་གི་ཞབས་ཕྱིས་མཉེས་ཐབས་དང་སྒོམ་སྒྲུབ་ལ་ནན་ཏན་བྱས་ནས་མཉེས་ཐབས་གསུམ་གྱི་ནང་ནས་བསྒྲུབ་པ་མཆོག་ཡིན་ནོ་ཞེས་པའོ། །རྩ་བ། མཛད་སྤྱོད་གང་ཡང་ལོག་པར་མི་བལྟ་སྟེ། །འཕགས་པའི་ཡུལ་གྱི་དབང་ཕྱུག་ཕལ་མོ་ཆེ། །གདོལ་པ་གཡུང་པོ་སྡིག་སྤྱོད་ཕལ་པའི་ཚུལ། །ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པ་ཡོད། །རང་གི་ཉེར་ལེན་དབང་དུ་མ་གྱུར་པར། །འཁྲུལ་པ་བརྟག་པའི་ཉེས་པ་ཚད་མེད་དེ། །སྡེ་སྣོད་བཅུ་གཉིས་བློ་ལ་ཆུབ་པ་ཡི། །དགེ་སློང་སྐར་བཟང་སྡིག་པའི་མཐུས་བཏབ་ནས། །སྟོན་པའི་མཛད་པ་གཡོ་སྒྱུར་མཐོང་བའི་ཚུལ། །ལེགས་པར་བསམས་ནས་རང་གིས་རང་ཉིད་འཆོས། །ཞེས་པ་ནི་དེ་ཡང་ཡུལ་གཞན་མ་རྣམས་ལས་ཁྱད་པར་འཕགས་པའི་རྒྱ་གར་རྡོ་རྗེའི་གདན་སངས་རྒྱས་སྟོང་གི་གདན་ས་དམ་པའི་ཆོས་ཀྱི་འབྱུང་གནས་དེ་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པ་དང་འབྱོན་འགྱུར་གྱི་མཁས་ཤིང་གྲུབ་པའི་དབང་ཕྱུག་ཕལ་མོ་ཆེ་ཞེས་རྩིང་སྤྱོད་ཀྱི་བརྟུལ་ཞུགས་ལ་གནས་པ་ལ་ལ་དག་མི་རིགས་བཞིའི་ནང་ནས་གཙང་དམེ་སོགས་ཀྱིས་འདོར་ལེན་མེད་པའི་གདོལ་སྤྱོད་དང་གཡུང་པོ་སྟེ་དམན་སྤྱོད་དང་། སྲོག་གཅོད་སོགས་ལ་བརྩོན་པས་སྡིག་སྤྱོད་དང་ཚོང་སོ་ནམ་སོགས་ཀྱང་མི་འདོར་བའི་ཕལ་པའི་སྤྱོད་པ་ལ་སོགས་པས་འདུལ་སྡོམ་གྱི་རྩ་བ་བཞི་སོགས་ལས་ཉམས་པ་ལས་ཀྱང་ཅུང་ཟད་ཙམ་ཡང་མི་བསྲུངས་པས་ཤིན་ཏུ་ཉམས་པ་དག་ཡོད་མོད་ཀྱང་། དེ་དག་གི་མཛད་པ་ནི་གང་ལ་གང་འདུལ་ལྟར་ངེས་མེད་ཀྱིས་གདུལ་བྱའི་དོན་བྱེད་པ་ཡིན་ན། རང་གི་ཉེར་ལེན་སེམས་ཉིད་འདི་དབང་དུ་འདུ་བར་མ་གྱུར་བར་དུ་གཞན་གྱི་འཁྲུལ་པ་བརྟག་པའི་ཉེས་པ་ཚད་མེད་པ་ཡིན་ནོ། །སྔོན་སྡེ་སྣོད་བཅུ་གཉིས་བློ་ལ་ཟིན་ཞིང་བྱང་ཆུབ་པའི་དགེ་སློང་ལེགས་སྐར་རམ་སྐར་བཟང་སྟོན་པ་ལ་ལོག་ལྟ་བྱས་པའི་སྡིག་པའི་མཐུས་བཏབ་ནས། ཐབས་མཁས་ཀྱི་མཛད་པ་ཐམས་ཅད་གཡོ་སྒྱུར་མཐོང་བའི་སྐྱོན་གྱིས་ཁོ་རང་ཚེ་ཐུང་ཞིང་ཡི་དྭགས་སུ་སྐྱེས་པའི་ཚུལ་སོགས་ལ་ལེགས་པར་བསམས་ནས་རང་གི་རྒྱུད་རང་གིས་འཆོས་པ་ལས་གཞན་གྱིས་བཅོས་དཀའ་བས་རང་སྐྱོན་འཆོས་པ་གལ་ཆེ་ཞེས་པའོ། །དེ་ཡང་གང་གི་དེ་དག་གི་རྒྱུ་མཚན་ཅུང་ཟད་བཀྲོལ་ཏེ་འཆད་ན། བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་ནམ་ས་ར་ཧ་རིགས་ལས་ཉམས་པའི་ཁར་གནས་བརྟན་གྱི་སྤྱོད་པ་བཏང་ནས་སྨྱིག་མཁན་མོར་སྤྱོད་པས་རྒྱལ་པོ་སོགས་ཀུན་གྱིས་དཔྱས་གདགས་པ་དང་། ཤྭ་བ་རི་པ་བུད་མེད་དང་ལྷན་ཅིག་རྔོན་པའི་བྱ་བ་བྱེད་པ། ད་རི་ཀ་པས་སྨད་འཚོང་མའི་གཡོག་བྱེད་པ། བྱ་ད་ལི་པ་བྱ་སྣ་ཚོགས་གསོད་པ། ཡན་ལག་མེད་པའི་རྡོ་རྗེ་ཕག་རྫི་མོར་སྤྱོད་ཅིང་ཁྲོ་ཞིང་བརྡེག་པ། བི་ན་ས་པི་ཝང་ལ་ཆགས་པ། སྒེག་མོ་རྡོ་རྗེ་ཆང་འཚོང་མ་ཆགས་སྲེད་ཅན་དུ་བསྟན་པ། ལ་བ་པ་གཉིད་ལ་དགའ་བའི་ཚུལ་བསྟན་པ། ཨིནྡྲ་བྷུ་ཏི་འདོད་ཆགས་ཅན་དུ་མཐོང་བ། ཛ་ལནྡྷ་རི་པ་བྱིས་པའི་སྤྱོད་པ་ཅན་དུ་མཐོང་བ། ཏིལླི་པ་ཉ་གསོན་བསྲེག་བྱེད་པ་སོགས་མ་ངེས་པར་སྤྱོད་པ། ཏནྟ་པ་ཐགས་མཁན་དུ་སྤྱོད་པ། ག་ཡ་པ་ཏི་གླུ་ལ་དགའ་ཚུལ་ངོམ་པ། གྷུཎྜི་རི་བྱིའུ་འབའ་ཞིག་བསད་ནས་ཟ་བ་སོགས་སྤྱོད་པ་དམན་ཡང་ལྟ་སྒོམ་མཐོ་བ་ཆེས་མང་ངོ་། །ཚུལ་འདི་དག་ལ་བསམས་ནས་རང་གི་བླ་མའི་མཛད་པ་ལ་འཁྲུལ་པ་མི་བརྟག་པ་གལ་ཆེའོ། །རྩ་བ། གལ་ཏེ་བླ་མས་སྡང་བར་མངོན་གྱུར་ན། །བདག་སྐྱོན་གཟིགས་ནས་སྤྱོ་བས་འདུལ་བ་ཡི། །དུས་ལ་བབ་པར་རིག་ནས་བཤགས་བསྡོམ་བྱ། །ཅང་ཤེས་སྐྱེས་བུ་བདུད་ཀྱི་དབང་མི་འགྲོ། །ཞེས་པ་ནི་གལ་ཏེ་རང་གི་ནུས་ཚོད་ཀྱི་བླ་མ་མཉེས་པའི་ཐབས་སྣ་ཚོགས་བྱས་ཀྱང་བླ་མས་རང་མཉེས་བཞིན་དུ་ཐུགས་སྡང་བར་མངོན་པར་གྱུར་ན། བདག་གི་སྐྱོན་རང་གི་ལས་སྒྲིབ་ཀྱིས་མ་མཐོང་བ་བླ་མས་གཟིགས་ནས་སྤྱོ་བ་ཞེས་རྩུབ་སྤྱོད་ཀྱིས་འདུལ་བའི་དུས་ལ་བབས་པར་རིག་ནས་རང་གི་ཉེས་བྱས་ལ་བཤགས་བསྡོམ་སྙིང་ནས་བྱེད་པའི་ཅི་ཡང་ཤེས་པའི་སྐྱེས་བུ་དེ་ལྟ་བུ་ནི་བདུད་ཀྱི་དབང་དུ་མི་འགྲོ་ཞེས་པའོ། །རྩ་བ། བླ་མ་བཞེངས་ཚེ་སྟན་ལ་འདུག་པ་མིན། །བཞུགས་པའི་དུས་ན་བསྙུན་འདྲི་ཉེར་སྤྱོད་དབུལ། །གཤེགས་ན་ཞབས་འབྲིང་སྔོན་རྗེས་གཡས་ནས་མིན། །སྟན་དང་བཞོན་པ་སྨད་སོགས་བསོད་ནམས་ཉམས། །སྒོ་འཕར་བརྡེག་དང་སྒེག་ཆོས་ངོ་འཛུམ་གནག །རྫུན་དང་བབ་ཅོལ་བཞད་གད་འབྲེལ་མེད་གཏམ། །གུས་དང་འཇིགས་བཅས་མ་ཡིན་ཇི་མི་སྙམ། །སྤངས་ལ་སྒོ་གསུམ་ཉེ་བར་ཞི་བས་བསྟེན། །ཞེས་པ་ནི་བླ་མ་བཞེངས་བཞུད་ཀྱི་ཚེ་རང་སྟན་ལ་སྡོད་པ་ཚུལ་མིན་གྱི་སྤྱོད་པ་དང་། བཞུགས་པའི་དུས་ན་བསྙུན་འདྲི་ཞེས་པ། སྐྱབས་མགོན་རིན་པོ་ཆེ་མཚན་དཔེའི་དཀྱིལ་འཁོར་བདེ་བར་བཞུགས་སམ་སྐུ་ལ་སྙུན་ཅང་མི་མངའ་འམ་ལ་སོགས་དང་ཉེར་སྤྱོད་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་གང་ལ་གང་འོས་འབུལ། བླ་མ་གཤེགས་བཞུད་ཀྱི་ཚེ་རང་ཞབས་འབྲིང་ལ་ཕྱིན་ན། མདུན་ནས་འགྲོ་མི་རུང་སྟེ་ཐོག་མ་དང་། གཡས་གྲལ་མགོ་ཡིན་པས་དེ་ཡང་བཀག་རྒྱབ་ཀྱང་ཞབས་རྗེས་བརྫི་བས་མི་རུང་ཞིང་གཡོན་ནས་ཕྱིན་དུ་རུང་བའོ། །བླ་མའི་གཟིམ་མལ་སོགས་སྟན་ལ་འགོམ་པ་དང་། བཞོན་པ་ནི་ཆིབས་ཞོན་པ་སོགས་ལ་སྨད་པའི་སྒྲ་དང་དེ་ལ་སོགས་པས་བླ་མ་བརྙས་ཐབས་ཅི་བྱས་ཀྱང་བསོད་ནམས་ཉམས་པའི་རྒྱུ་ཡིན་ཞེས་པ་དང་། ཁང་པའི་སྒོ་འཕར་སོགས་འབྱེད་གཅོད་ཀྱི་ཚེ་བརྡེག་པ་དང་རང་བླ་མའི་མདུན་སར་གནས་ཚེ་སྒེག་ཆོས་བྱེད་པ་དང་ངོ་འཛུམ་གནག་པ་ཞེས་མི་དགའ་བའི་ཚུལ་སྟོན་པ་དང་། བླ་མའི་གསུང་འཕྲོས་ཀྱི་ལན་སོགས་ལ་རྫུན་དང་བབ་ཅོལ་ཞེས་དོན་མེད་ཀྱི་སྨྲ་བ་མང་པོ་དང་བཞད་གད་དང་འབྲེལ་མེད་ཅེས་ངག་འཁྱལ་གྱི་གཏམ་སྣ་ཚོགས་དང་གུས་པ་དང་འཇིགས་པ་དང་བཅས་པ་མ་ཡིན་པར་དེ་ལས་ལྡོག་པའི་བསམ་སྤྱོད་ཀྱི་ཇི་མི་སྙམ་པས་བརྙས་པ་སོགས་སྤངས་ལ་ལུས་གུས་པས་ཕྱག་དང་ཞེ་ས་ངག་གུས་པས་གསོལ་འདེབས་དང་སྐྱབས་འགྲོ་ཡིད་གུས་པས་དད་པ་དང་དག་སྣང་སོགས་སྒོ་གསུམ་ཉེ་བར་ཞི་བའི་སྒོ་ནས་བླ་མ་བསྟེན་མཁས་པར་བྱ་ཞེས་པའོ། །རྩ་བ། བླ་མ་དམོད་ཅིང་སྡང་བའི་གང་ཟག་དང་། །བཤེས་པར་མི་བྱ་ནུས་པས་དེ་བཟློག་ཅིང་། །བག་ཕེབས་སྨྲ་ན་སྡིག་པའི་གཞན་དབང་ནི། །ལྷག་པར་མཐུ་ཆེ་དམ་ཚིག་སྐྱོན་ཅན་བྱེད། །ཅེས་པ་ནི་གལ་ཏེ་སྐྱེ་བོ་གང་ཞིག་བླ་མ་དང་དགྲ་ཟླར་གྱུར་པས་དམོད་ཅིང་སྡང་བའི་སེམས་དང་ལྡན་པའི་གང་ཟག་རྣམས་དང་མཛའ་ཞིང་བཤེས་པར་མི་བྱ་ཞིང་། རང་ཉིད་ནུས་པ་དང་ལྡན་ན་བླ་མར་འཚེ་བའི་བསམ་སྦྱོར་དེ་ལས་བཟློག་ཅིང་། དེ་ལྟར་མ་ཐུབ་ཀྱང་དགྲ་ཟླ་དེས་རང་དང་མཛའ་བའི་ཕྱིར་བག་ཕེབས་པའི་ཐབས་སྨྲ་བར་བྱེད་ནའང་སྡིག་པའི་གཞན་དབང་ནི་ལྷག་པར་མཐུ་ཆེ་བས་རང་གི་དམ་ཚིག་སྐྱོན་ཅན་བྱེད་པ་ལ་ཟོན་འཇུག་པ་གལ་ཆེའོ། །རྩ་བ། འགྲོགས་པར་བདེ་བ་སྐ་རགས་ལྟ་བུ་དང་། །འཇུག་པ་བདེ་བ་ལན་ཚྭ་ལྟ་བུ་དང་། །བཟོད་སྲན་ཆེ་བ་ཀ་བ་ལྟ་བུ་ཡིས། །བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་གཉེན། །ཞེས་པ་ནི་འདི་ལྟར་བླ་མའི་ཉེ་དུ་དང་ལྟོས་བཅས་ཀྱི་གཙོས་སྐྱེ་དགུ་སུ་ལའང་རྒྱུན་དུ་འགྲོགས་ཀྱང་བདེ་བ་སྐ་རགས་ལ་འདྲིས་སུན་མེད་པ་ལྟ་བུ་དང་། མཆོག་དམན་ཀུན་དང་འདྲེས་པས་འཇུག་པ་བདེ་བ་ལན་ཚྭ་ལྟ་བུ་དང་། སྐྱོ་བ་སུན་དང་ལོག་བསྒྲུབ་ཐམས་ཅད་བཟོད་པ་ཀ་བ་ལྟ་བུས་བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན་དགོས་པའོ། །རྩ་བ། རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་དང་། །བུང་བས་མེ་ཏོག་བཅུད་ལ་རོ་མྱང་བཞིན། །རྟག་ཏུ་འགྲོགས་པའི་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པས་བླ་མའི་ཐུགས་བཟུང་ནས། །དད་པའི་ཉེ་བར་ལེན་པས་ཡོན་ཏན་མྱང་། །ཞེས་པ་ནི་འཇིག་རྟེན་ན་རྫིང་བུ་མཆོག་ལ་ངང་པའི་ཁྱུ་ཅི་རིགས་བསྟེན་ཡང་དགའ་སྡུག་བྲལ་བ་དང་། བུང་བས་མེ་ཏོག་བཅུད་ལ་རོ་མྱང་བ་བཞིན་དུ་རྟག་ཏུ་ཅི་ཙམ་འགྲོགས་ཀྱང་ལོག་ལྟ་དང་འདྲིས་སུན་སོགས་མེད་པའི་སྤྱོད་པ་ངོ་མཚར་ཅན་གྱིས་བླ་མའི་བཀའ་བསྒྲུབ་པ་ལ་སྐྱོ་ངལ་མེད་པས་ཐུགས་བཟུང་ཞེས་པ་མཐུན་པར་བྱས་ནས་དད་པའི་ཉེ་བར་ལེན་པས་ཡོན་ཏན་མྱོང་བའི་དག་སྣང་ལ་འཇུག་དགོས་པ་ཞེས་པའོ། །སྤྱིར་བླ་མ་དང་འགལ་བའི་ལས་ཆེ་ཕྲ་ཐམས་ཅད་སྤང་ཞིང་མཉེས་པའི་ཐབས་ཕྱི་ནང་གསང་གསུམ་མཐའ་མ་བཀག་པར་བསྒྲུབ་པ་དང་། བཀའ་ཡི་གནང་བ་མ་བྱུང་བ་གང་ཡང་མི་བྱ་ཞིང་བཀའ་གནང་བྱུང་རིགས་རྣམས་ལུས་སྲོག་ལ་བབས་ཀྱང་བསྒྲུབ་དགོས་ཤིང་ཁྱད་པར་བྱིན་རླབས་འཇུག་མིན་དད་པ་ཁོ་ན་ལ་རག་ལས་པ་ཡང་སྔོན་དམ་པ་སངས་རྒྱས་ལ་སློབ་བུ་ཞིག་གིས་དམ་པ་བྱིན་རླབས་གཅིག་ཞུ་བྱས་པས་བུ་ལྷོད་པོ་མོས་གུས་ཤིག་ཞུ་དང་གསུངས། དེ་བཞིན་ཇོ་བོ་རྗེ་རིན་པོ་ཆེས་ཀྱང་ཐེག་ཆེན་གྱི་ཡོན་ཏན་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་དགོས་པ་ལ་ཁྱེད་བོད་ཀྱིས་བླ་མ་ལ་ཐ་མལ་པའི་འདུ་ཤེས་ལས་མེད་པས་ག་ན་སྐྱེ་གསུངས་པ་ལྟར་རོ། །རྩ་བ། འཇུག་པའི་སྤྱོད་ལ་ངེས་པར་ཞུགས་པ་ཡི། །དམ་པ་མཆོག་གི་བསོད་ནམས་ཡེ་ཤེས་ཚོགས། །གང་གི་ཁྲོད་དུའང་དོན་མཐུན་སྤྱོད་པ་དང་། །མངགས་གཞུགས་བང་ཕྱིན་ཕྱག་དར་ཚུན་ཆོད་ཀྱང་། །ངལ་བ་འབྲས་བཅས་ཚོགས་ཀྱི་ལམ་མཆོག་ཡིན། །ཞེས་པ་ནི་འདི་ལྟར་དགེ་ཚོགས་གང་ལའང་འཇུག་པའི་སྤྱོད་པ་ལ་ངེས་པར་ཞུགས་པའི་སློབ་བུ་དག་གིས་རང་སྟོབས་ཀྱིས་སྦྱོར་དངོས་རྗེས་གསུམ་ཐབས་ཤེས་ཡ་བྲལ་དུ་མ་གྱུར་པས་གང་ལྟར་བྱས་ཀྱང་རུང་གིས་དེ་ལས་གཞན་པ་དག་ནི་དམ་པ་མཆོག་གི་རྒྱུ་བསོད་ནམས་ཀྱི་ཚོགས་མཆོད་སྦྱིན་གྱི་ལས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་སྒོམ་སྒྲུབ་ལ་འཇུག་པའི་སྐབས་གང་གི་ཁྲོད་དུའང་རང་གི་ཟང་ཟིང་གི་དངོས་རྫས་དང་སྒོ་གསུམ་གྱི་དཀའ་སྤྱད་སྙིང་རུས་སོགས་བླ་མའི་མཛད་པ་དང་དོན་མཐུན་པར་ལྷན་ཅིག་ཏུ་སྤྱོད་པ་དང་བླ་མའི་བཀའ་སྒྲུབ་ཕྱིར་མངགས་གཞུགས་དང་བང་མིར་ཕྱིན་པ་བཞུགས་གནས་ལ་ཕྱག་དར་གྱི་ལས་ཚུན་ཆོད་རྣམས་ཀྱང་ངལ་བ་དོན་མེད་པ་མ་ཡིན་ཏེ། བླ་མ་དམ་པའི་ཚོགས་གཉིས་རྫོགས་པ་དང་རང་གི་ཚོགས་ཀྱང་ལྷན་དུ་འདུམས་ནས་འབྲས་བུ་དང་བཅས་ཏེ་ཚོགས་ཀྱི་ལམ་མཆོག་ཡང་དག་པ་ཡིན་ཞེས་པའོ། །རྩ་བ། ཅི་ཕྱིར་སྐྱབས་སུ་འགྲོ་དང་ཚོགས་ཀྱི་ཞིང་། །བླ་མ་བསྒྲུབ་པའི་རྣལ་འབྱོར་ཕྱི་ནང་གཉིས། །བསྐྱེད་རྫོགས་བསྒྲུབ་བྱའི་ངོ་བོ་འདིར་འདུས་པས། །མདོ་རྒྱུད་ཀུན་ནས་སངས་རྒྱས་ཉིད་དུ་བསྟན། །ཞེས་པ་ནི་འདི་ལྟར་ལམ་གྱི་ཐོག་མ་སྐྱབས་འགྲོའི་སྐབས་ཚོགས་ཀྱི་ཞིང་དུ་གསལ་བ་བླ་མ་ཕྱི་ལྟར་བསྒྲུབ་པ་དང་། རྒྱུད་དག་པར་བྱེད་པའི་ཕྱིར་སྤྱི་གཙུག་ཏུ་བསྒོམ་པ་ནི་ནང་ལྟར་བསྒྲུབ་པ་དང་། སྙིང་གར་བསྒོམ་པ་ནི་གསང་བ་ལྟར་བསྒྲུབ་པ་དང་། རང་ལུས་སུ་བསྒྲུབ་པའམ་བསྐྱེད་རིམ་གྱི་ཚེ་བླ་མ་ཡི་དམ་གྱི་རྣམ་པར་བསྒྱུར་བ་ཡང་གསང་ལྟར་བསྒྲུབ་པ་རྣམས། བླ་མ་ཁོ་ན་ལས་ལྷག་པའི་མཆོག་གསུམ་རྩ་གསུམ་ལོགས་ན་མེད་དེ། ཡོད་ན་དེ་ཀ་རང་བླ་མར་བསྟེན་ནས་བྱིན་རླབས་དང་དངོས་གྲུབ་ཞུས་པས་ཆོག་མོད། དེའི་ཕྱིར་ན་སྦྱོར་དངོས་རྗེས་གསུམ་གྱི་རྟེན་འབྲེལ་མཐའ་དག་བླ་མ་ལ་བསྒྲིག་པ་གལ་ཆེའོ། །རྩ་བ། རྨོངས་པ་ཕལ་ཆེར་གཟུགས་བརྙན་འདྲི་ཞིང་བསྒོམ། །དངོས་སུ་བཞུགས་ལ་རིམ་གྲོ་བགྱི་བ་མེད། །གནས་ལུགས་བསྒོམ་ཟེར་བླ་མའི་ཐུགས་མི་ཤེས། །སྒྲུབ་དང་བསྒྲུབ་བྱ་འགལ་བ་ཉོན་རེ་མོངས། །མོས་གུས་མེད་བཞིན་བར་དོར་མཇལ་བ་མཚར། །ཞེས་པ་ནི་བོད་འདིར་རང་ལ་དྲིན་ཆེ་བའི་བླ་མ་དེ་ལས་ལྷག་པའི་ཆོས་འབྲེལ་ཡེ་མ་ཐོབ་པའི་མིང་གིས་སྙན་པ་ཞིག་བླ་མར་རེ་ཞིང་བསྟེན་ནས་གསོལ་བ་འདེབས་ལོ་བྱས་ཀྱང་རང་སྐལ་དུ་མ་ཐོབ་པའི་ནོར་བུ་ལ་གསོལ་བ་བཏབ་པ་བཞིན་རང་གི་བླ་མར་ཡིད་མ་ཆེས་པའི་ཉེས་པ་དང་། གཞན་དང་རྟེན་ཅིང་མ་འབྲེལ་བ་སོགས་ལ་རྨོངས་པ་ཕལ་ཆེར་ཞེས་པ་བླུན་པོ་ལ་ལ་དག་གཞན་གྱི་ལྟར་སྣང་ཙམ་དུ་བླ་མའི་གཟུགས་བརྙན་འདྲི་ཞིང་བསྒོམ་ལོ་འདྲ་མོ་བྱེད་ཀྱང་དངོས་སུ་བཞུགས་པ་ལ་དད་མོས་དང་རིམ་གྲོ་བགྱི་བ་གང་ཡང་མེད་ཅིང་། རང་གི་སེམས་ཀྱི་གནས་ལུགས་ལོགས་སུ་བཀར་ནས་བསྒོམ་ཟེར་ཡང་བླ་མ་དང་ཐུགས་ཡིད་བསྲེ་མ་ཤེས་སྐྱོན་གྱིས། སྒྲུབ་བྱེད་ཀྱི་ཐབས་མང་བཙལ་ཡང་བསྒྲུབ་བྱ་བླ་མའི་ཐུགས་ལས་གཞན་པ་ཞིག་བཙལ་བས་འགལ་བ་ལྟག་སྤྲོད་དུ་གྱུར་པ་ཉོན་རེ་མོངས་ཞེས་པ་མ་ཤེས་པ་དང་དེས་འཐུམས་པའོ། །ད་ལྟ་མོས་གུས་མེད་བཞིན་བར་དོར་མཇལ་དུ་རེ་བ་དགྲ་འཇིགས་ཆེ་བའི་སར་སྔར་འབྲེལ་འདྲིས་ཡེ་མེད་པས་མི་དཔའ་བོ་ཞིག་གིས་རང་མགོ་འདོན་དུ་རེ་བ་འདི་འདྲ་མཚར་བའི་ཆོས་སོ་ཞེས་ཁྲེལ་དེད་པའོ། །རྩ་བ། དང་པོ་བླ་མ་བརྟག་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ། །ཞེས་པ་ནི་དེང་སང་དུས་སྙིགས་མའི་དབང་གིས་ཡོན་ཏན་ཐམས་ཅད་དང་ལྡན་པའི་བླ་མ་དཀའ་ཡང་། མང་དུ་ཐོས་པའམ། །དད་པ་ཆེ་བའམ། སྙིང་རྗེ་ཆེ་བའམ། གཏོང་ཕོད་ཆེ་བའམ། ཚུལ་ཁྲིམས་དང་ལྡན་པའམ། སྟོང་ཉིད་རྟོགས་པ་སོགས་ཆ་རེ་དང་ལྡན་ཡང་བླ་མར་བཟུང་བར་བྱའོ། །མདོར་ན་གཞན་སྔུན་དུ་ལྟར་སྣང་ཇི་ཙམ་མཛེས་ཀྱང་བསམ་སྤྱོད་གཉིས་ཀ་འཇིག་རྟེན་ཆོས་བརྒྱད་དང་མཐུན་པའི་སློབ་དཔོན་ནི་བསྟེན་བྱ་མ་ཡིན་མོད་ཀྱང་། དེ་ཡང་བརྟག་དཀའ་བའི་གནས་ཡིན་ཏེ། སྔོན་བདག་ཅག་གི་སྟོན་པས་ཀྱང་བདུད་ལྷས་སྦྱིན་བླ་མར་བསྟེན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་མཛད་པའི་ལོ་རྒྱུས་བཞིན་ནོ། །བར་དུ་བླ་མ་བསྟེན་པའི་ཐབས་ཀྱང་མདོར་བསྡུ་ན་ལུགས་ཟུང་གང་གི་ཐད་ནས་བླ་མས་བཀའ་ཇི་ལྟར་བསྩལ་བ་རུང་དང་མི་རུང་ལ་མི་ལྟོས་པར་དཀའ་བ་དང་དུ་བླངས་ནས་ལུས་སྲོག་གི་ཉེན་ལ་ཐུག་ཀྱང་མི་ལྡོག་པའོ། །ཐ་མ་བླ་མའི་དགོངས་སྤྱོད་ནི་སྟོང་པ་ཉིད་སྙིང་རྗེ་དང་འབྲེལ་བའི་ལྟ་སྒོམ་ལ་བསླབ་པ་ལ་མཁས་པའི་སྐྱེས་བུ་གང་ཡིན་ཀྱང་རུང་སྟེ་ཡང་དག་པའི་ལམ་ལ་འགྲོ་ཞེས་པའོ། །རྩ་བ། གང་ཚེ་ཞི་ལ་སྡང་བའི་འབྱུང་པོ་ཡི། །བསམ་པ་སྐྱེས་བུའི་གཟུགས་སུ་འོངས་པ་དང་། །གཡོ་དང་སྒྱུས་སྤྱོད་ནག་པོའི་ཆོས་ལ་བསྟེན། །དམ་པ་དམོད་སོགས་དཀར་པོའི་ཆོས་ལ་སྡང་། །ཇི་ཙམ་འགྲོགས་བཞིན་སྡིག་སྤྱོད་འཐོར་རླུང་འཚུབ། །དགེ་བའི་ལོ་ཏོག་འཇོམས་པའི་སྡིག་གྲོགས་ལ། །བསྟེན་པའི་བློ་གྲོས་བླུན་པོ་བདུད་སྡེས་བཅོམ། །ཞེས་པ་ནི་དུས་ནམ་གྱི་ཚེ་ཡིན་ཀྱང་རུང་སྟེ་ཉོན་མོངས་པའི་རྟོགས་ཚོགས་ཞི་བའི་ཐབས་ལ་གཉེར་བའི་ལམ་གྱི་གང་ཟག་གི་བསམ་སྦྱོར་ལ་སྡང་བའི་འབྱུང་པོའི་ལུས་མི་དང་བསམ་པ་མི་དགེ་བའི་ལས་ལ་སྤྱོད་པའི་སྐྱེས་བུའི་གཟུགས་སུ་སྤྲུལ་ནས་འོངས་པ་དང་། དེ་ཡང་གཡོ་ཞེས་པ་མི་ཤེས་པ། མ་མཐོང་བ་དང་། མ་ཐོས་པའི་ཚུལ་སྟོན་པ་དང་། སྒྱུ་ནི་ཚུལ་དེ་དག་ལ་བསྟེན་ནས་གཞན་བསླུ་བའི་ཐབས་ལ་སྤྱོད་ཅིང་ནག་པོའི་ཆོས་བཞི་སྤྱི་ལ་བསྟེན་པ་དང་ཁྱད་པར་དམ་པ་དམོད་སོགས་དཀར་པོའི་ཆོས་བཞི་ལ་སྡང་། གྲོགས་ངན་དེ་ལྟ་བུ་དང་ཇི་ཙམ་འགྲོགས་བཞིན་རྒྱུ་འབྲས་ཁྱད་གསོད་དང་མི་དགེའི་སྡིག་སྤྱོད་འཐོར་རླུང་འཚུབ་པ་ལྟ་བུའི་སྐྱོན་གྱིས་དགེ་བའི་ལོ་ཏོག་ལྷག་མེད་དུ་འཇོམས་པ་ཡིན་ལ་དེ་ལྟ་བུའི་སྡིག་གྲོགས་ཐོས་ལོ་བསགས་པས་ང་རྒྱལ་གྱིས་རྒྱགས་པ་དང་། བསམ་ཉེས་ཀྱིས་རྟེན་ཅིང་འབྲེལ་འབྱུང་མེད་པར་འཛིན་པ་དང་། ལྟ་སྒོམ་ཉེས་པས་ཆད་ལྟ་ལ་ཡི་དམ་བྱེད་པ་དག་ལ་བསྟེན་པའི་བློ་གྲོས་བླུན་པོ་ནི་བདུད་སྡེས་བཅོམ་ཞེས་པའོ། །རྩ་བ། དེ་ཕྱིར་དགེ་བའི་བཤེས་དང་གྲོགས་བསྟེན་པས། །དགེ་ལེགས་ཡོན་ཏན་མཐོང་བའི་ཆོས་ལ་ཟིན། །རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་རྟག་ཏུ་དགོངས། །མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་གྱིས་འབྱོར། །ཚོགས་རྫོགས་སྒྲིབ་དག་དངོས་གྲུབ་རྣམ་གཉིས་ཐོབ། །ས་ལམ་ཡོན་ཏན་བླ་ནས་བླར་འགྲོ་བས། །རྣལ་འབྱོར་བསྒོམ་ཞིང་བསྒྲུབ་པ་བསོད་ནམས་ཚོགས། །ཐུགས་རྒྱུད་གཅིག་ཏུ་བསྲེ་བ་ཡེ་ཤེས་ཏེ། །ཚོགས་གཉིས་འབྲས་བུའི་ཐུས་ཀ་ཡིན་པའི་ཕྱིར། །བསྐལ་པར་རྒྱལ་དང་རྒྱལ་སྲས་བསྙེན་བཀུར་ཞིང་། །བསྐྱེད་རིམ་བརྒྱ་ཕྲག་བསྒོམ་ལས་བླ་མ་ནི། །སྐད་ཅིག་དྲན་པ་མཆོག་ཅེས་རྒྱལ་བས་གསུངས། །ཞེས་པ་ནི་དེ་ལྟར་ཕུང་འཚེངས་ཤིན་ཏུ་ཆེ་བས་དགེ་བཤེས་དང་སྡིག་བཤེས་དགེ་གྲོགས་དང་སྡིག་གྲོགས་མི་ནོར་བ་གལ་ཤིན་ཏུ་ཆེ་བ་དེའི་ཕྱིར་དགེ་བའི་བཤེས་དང་དགེ་བའི་གྲོགས་པོ་ལ་བསྟེན་པའི་ཕན་ཡོན་ནི། དགེ་བཅུ་སོགས་རྣམ་དཀར་གྱི་ཕྱོགས་དང་བདེ་ལེགས་ཀྱི་དཔལ་དང་ཡོན་ཏན་ཚེ་འདིར་མཐོང་བའི་ཆོས་ལ་ཟིན་པར་འགྱུར་ཞིང་། རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་རྟག་ཏུ་དགོངས་ཀློང་ནས་མི་འདོར་ཞིང་མངོན་མཐོ་ལྷ་མིའི་བདེ་སྐྱིད་དང་ངེས་ལེགས་ཐར་པ་དང་རྣམ་མཁྱེན་གྱི་དཔལ་ཡོན་ཀུན་གྱིས་འབྱོར་ཞིང་། རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་རྫོགས་ཤིང་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་དག་ནས་མཆོག་ཐུན་གྱི་དངོས་གྲུབ་རྣམ་གཉིས་ཐོབ་ཅིང་། ས་བཅུ་དང་ལམ་ལྔའི་ཡོན་ཏན་བླ་ནས་བླར་ཞེས་པ་གོང་ནས་གོང་དུ་འགྲོ་བར་བྱེད་པ་ལ། བླ་མའི་རྣལ་འབྱོར་བསྒོམ་ཞིང་བསྒྲུབ་པ་རྒྱུ་བསོད་ནམས་ཀྱི་ཚོགས་དང་བླ་མའི་ཐུགས་དང་རང་སེམས་གཅིག་ཏུ་བསྲེ་བ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གཉིས་ཀྱི་འབྲས་བུའི་ཐུས་ཀའམ་ངོ་བོ་ཉིད་ཡིན་པའི་ཕྱིར་ཇི་སྲིད་བསྐལ་པའི་བར་དུ་རྒྱལ་དང་རྒྱལ་སྲས་བསྙེན་བཀུར་བྱས་ཤིང་། བསྐྱེད་རིམ་བརྒྱ་ཕྲག་བསྒོམས་པ་ལས་ནི་བླ་མ་ཉིད་སྐད་ཅིག་དྲན་པ་མཆོག་ཅེས་རྒྱལ་བ་རྣམས་ཀྱིས་གསུངས་སོ་ཞེས་པའོ། །རྩ་བ། དམ་ཆོས་བདུད་རྩིའི་ཆུ་ཀླུང་དཔག་མེད་མཛོད། །རྒྱུད་ལ་འདྲོངས་པའི་དམིགས་པ་བཟང་པོ་རྣམས། །སྟོན་པའི་བླ་མ་བཟང་པོར་རྟེན་ཅིང་འབྲེལ། །ཐབས་བཟང་བ་ལས་མན་ནག་འཁྱམས་མི་འགྱུར། །ངེས་འབྱུང་བཟང་པོའི་རིག་སྔགས་ནུས་པ་ཅན། །འཁོར་བར་སྐྱོ་བ་མེད་པའི་གདོན་ལ་ཐེབས། །བཟང་པོ་བཞི་དང་ལྡན་པའི་ལེགས་སྨོན་ཡིན། །ཞེས་པ་ནི་འདི་ལྟར་ལུང་དང་རྟོགས་པའི་དམ་པའི་ཆོས་ཀྱི་བདུད་རྩིའི་ཆུ་ཀླུང་དཔག་ཏུ་མེད་པའི་མཛོད་དུ་གྱུར་པའི་རྒྱ་མཚོ་ཆེན་པོ་ལྟ་བུ། རང་གི་རྒྱུད་ལ་འདྲོངས་པའི་དམིགས་པ་བཟང་པོ་ནི་ཆོས་གང་ཡང་རུང་ལ་དམིགས་པའི་བྱེད་ལས་ལ་བརྟེན་ནས་རྒྱུད་ལ་སྦྱོར་བར་བྱེད་པའི་ངོ་བོ་ནི་འདུན་པའང་ཡིན་ལ། དེ་སྟོན་པ་ནི་བླ་མ་བཟང་པོ་དང་རྟེན་ཅིང་འབྲེལ་བ་དང་དེའི་གྲོགས་སུ་ཐབས་ཀྱི་ཆོ་ག་མེད་ན་མན་ངག་ཀྱང་རྣམ་པར་འཁྱམ་པར་འགྱུར་བ་དང་། དེ་རྣམས་ཀུན་ཀྱང་ངེས་འབྱུང་གི་བློ་བཟང་པོ་བསྐྱེད་དགོས་ཤིང་དེ་ལྟ་བུའི་འཁོར་བ་ལ་ངེས་པར་འབྱུང་བ་དེ་ནི་རིག་སྔགས་ནུས་པ་ཅན་ལྟ་བུ་ཡིན་ཏེ་གང་ལ་ཐེབས་ན་འཁོར་བར་སྐྱོ་བ་མེད་པའི་གདོན་ལ་ཐེབས་པའོ། །དེ་ལྟ་བུའི་བཟང་པོ་བཞི་དང་ལྡན་པའི་ལེགས་སྨོན་ཡིན་ཞེས་པའོ། །རྩ་བ། ཆོས་སྒོར་ཞུགས་ཀྱང་མོད་ལ་སུན་པ་དང་། །ཀུན་སློང་དུག་ཅན་འདྲེས་པའི་ཐོས་བསམ་བསྒོམ། །ཆོས་ལས་བློ་ཉམས་བསྲུང་སྡོམ་ཁུར་དུ་སོང་། །ཆོས་བརྒྱད་དམོད་པས་ཐེག་ཆེན་བརྟུལ་ཞུགས་འཁྱམས། །ལེགས་སྨོན་དཀའ་ཐུབ་བཤིག་པའི་རྙོགས་པ་ཡིན། །ཞེས་པ་ནི་འདི་ལྟར་གང་ཟག་ལ་ལ་དག་ནི་གཉེན་བཤེས་ཀྱི་ཆོས་སྒོར་བཅུག་ལོ་བྱས་ཀྱང་རང་གིས་སྔོན་བསོད་ནམས་མ་བསགས་ལེགས་སྨོན་མ་བཏབ་པས་ཆོས་སྒོར་ཞུགས་འཕྲལ་ཆོས་ཀྱིས་སུན་ནས་རྒྱལ་པོའམ་བློན་པོ་སོགས་ཀྱི་བྲན་ནམ་མངགས་གཞུག་བྱེད་དམ་ཡང་ན་ཐོས་བསམ་བག་རེ་བྱས་ཀྱང་ཚེ་འདི་ཁོ་ན་ལས་ལེགས་སྨོན་རྒྱབ་འགལ་གྱིས་དང་པོ་ཡི་གེ་མ་ལོབས་ཀྱིས་དོགས་པ། བར་དུ་དེས་རྙེད་པ་མ་གྲུབ་ཀྱིས་དོགས་པ། ཐ་མར་གཞན་དག་གོང་དུ་ཤོར་དོགས་ཀྱི་བསམ་ངན་སོགས་ཀུན་སློང་དུག་ཅན་འདྲེས་པའི་ཐོས་བསམ་སྒོམ་གསུམ་དང་། ཚེ་འདིའི་ལྟར་སྣང་ལེགས་པ་ཙམ་ལས་ཡང་དག་པའི་ཆོས་ལས་བློ་ཉམས་ནས་སོ་ཐར་བྱང་སེམས་སྔགས་གསུམ་གྱིས་བསྲུང་སྡོམ་མི་ལྕོགས་པའི་ཁུར་ཆེན་ཁྱེར་བ་ལྟ་བུའི་འཚེར་ངང་དུ་སོང་ཞིང་། འཇིག་རྟེན་ཆོས་བརྒྱད་དམོད་པ་ཞེས་དེ་དག་གི་སྐྱོན་སེལ་ཞིང་ཡོན་ཏན་སྤེལ་བ་ནི་ཐེག་པ་ཆེན་པོའི་བརྟུལ་ཞུགས་ཡིན་ན་དེ་ཉིད་གནས་མིན་དུ་འཁྱམས་པ་ལྟ་བུའི་སྐྱོན་སྔོན་མ་ཚོས་དགོས་ན་ལེགས་སྨོན་ཞེས་ཐར་པ་དོན་གཉེར་གྱི་དཀའ་སྤྱོད་མི་ཐུབ་པར་བཤིག་པའི་རྙོག་པ་ཡིན་ནོ་ཞེས་པའོ། །རྩ་བ། ཐད་ཀ་ཐད་ཀའི་ཉོན་མོངས་དུག་ཆེན་ལྔའི། །གཉེན་པོར་ཆེ་བ་སྐྱེས་བུ་རྣམ་གསུམ་གྱི། །ཤིང་རྟར་འཛེགས་ལ་དུས་བཞིར་སྐྱོ་བ་མེད། །སྣང་བ་མཐའ་དག་ཆོས་དང་བླ་མར་ཤར། །རྣམ་མཁྱེན་རྒྱུར་སོང་ལེགས་སྨོན་གྲུབ་པ་ཡིན། །ཞེས་པ་ནི་འདི་ལྟར་འདོད་ཆགས་ཀྱི་ཐད་ཀར་གཉེན་པོ་མི་སྡུག་པ་བསྒོམ་པ་མཚོན་ཞེ་སྡང་དང་གཏི་མུག་སོགས་དུག་ལྔ་སོ་སོའི་ཐད་ཀར་གཉེན་པོར་ཆེ་བ་སྐྱེས་བུ་ཆུང་ངུས་ལྷ་མིའི་གོ་འཕང་དོན་དུ་གཉེར་བ། འབྲིང་པོས་ཉན་རང་གི་གོ་འཕང་། ཆེན་པོས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་གཉེར་བའི་ལམ་རྣམ་པ་གསུམ་ནི་ཤིང་རྟར་དཔེ་བྱས་ནས་དེར་འཛེགས་པ་ལ་འདས་པ་དང་མ་འོངས་པ་དང་ད་ལྟ་དང་དེ་གསུམ་དམིགས་པའམ་འཛིན་པ་བྲལ་བས་མཉམ་པ་ཉིད་ཀྱི་དུས་སྟོང་པ་ཉིད་ལ་རང་བྱན་ཆུད་ན། སྣང་བ་མཐའ་དག་ཆོས་དང་བླ་མར་ཤར་བས་རྣམ་མཁྱེན་གྱི་རྒྱུར་སོང་བ་ལ་ལེགས་སྨོན་གྲུབ་པ་ཡིན་ནོ། །ཞེས་པའོ། །རྩ་བ། མཐོ་རིས་ཡོན་ཏན་བདུན་པའི་དགའ་བ་དང་། །དལ་བས་ཡང་དག་མཐོ་ལ་ནད་མེད་ཅིང་། །ཏིང་ངེ་འཛིན་དང་རྣམ་འབྱེད་ཤེས་རབ་ལྔ། །སྔོན་ཆད་བསོད་ནམས་ལ་གུས་མངོན་རྟགས་ཡིན། །ཞེས་པ་ནི་འདི་ལྟར་གནས་སྐབས་སུ་མངོན་པར་མཐོ་བ་དང་། མཐར་ཐུག་ངེས་པར་ལེགས་པ་འགྲུབ་པའི་རྒྱུ་ཐམས་ཅད་ནི་བསོད་ནམས་ལ་རག་ལས་པ་སྟེ། སྔོན་ནས་བསོད་ནམས་རྒྱ་ཆེན་པོ་བར་མ་ཆད་པར་འདུ་བྱས་པ་དག་ནི་ཚེ་འདི་ལ། རིགས་གཟུགས་དང་། འབྱོར་པ་དང་། དབང་ཕྱུག་དང་། ཤེས་རབ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། བདེ་སྐྱིད་དང་ལྡན་པ་སྟེ། དེ་ལྟའི་མཐོ་རིས་ཀྱི་ཡོན་ཏན་བདུན་པོ་ལས་སྐྱེས་པའི་དགའ་བ་དང་། དལ་བ་བརྒྱད་ཀྱི་དཔལ་ཡོན་ལ་སྤྱོད་པ་དང་། མངོན་པར་ཡང་དག་པར་མཐོ་བ་ལ་ནད་མེད་ཅིང་། ཏིང་འཛིན་ལས་སུ་རུང་བ་དང་། དྲང་ངེས་སོགས་རྣམ་པར་འབྱེད་པའི་ཤེས་རབ་སྟེ། ལྔ་པོ་དེ་ནི་སྔོན་ཆད་བསོད་ནམས་བསགས་པའི་མཐུའམ་གུས་པའི་མངོན་རྟགས་ཡིན་ཞེས་པའོ། །དེ་ཡང་དཔེ་དོན་གྱི་སྒོ་ནས་བཤད་ན་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་འཕེལ་འགྲིབ་གཉིས་ཀའི་བྱེད་པ་པོ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཁོ་ན་ཡིན་ཏེ། སྔོན་རྒྱལ་པོ་སྤྱི་བོ་སྐྱེས་སམ་ང་ལས་ནུས་སངས་རྒྱས་རྣམ་གཟིགས་ལ་སྲན་རྡོག་བདུན་ཕུལ་བས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཅིང་། རྒྱལ་ཆེན་རིགས་བཞིའི་དཔུང་ལས་རྣམ་པར་རྒྱལ་ནས་སུམ་ཅུ་རྩ་གསུམ་དུ་ལྷའི་དབང་པོའི་གདན་ཕྱེད་ལ་སྡོད་པའི་དཔལ་ཐོབ་ཀྱང་སྡིག་སེམས་ཀྱི་བློ་གྲོས་ཀྱིས་རྣམ་དཀར་བཤིག་པ་ཆོས་ཉིད་ཡིན་ཕྱིར་ལྷའི་དབང་པོ་ལ་འཁུ་བའི་སེམས་སྐྱེས་འཕྲལ་སྐར་མདའ་ལྷུང་བ་ལྟར་མི་ཡུལ་དུ་ལྡོག་པ་བཞིན་ནོ། །རྩ་བ། མ་བསྒོམས་པས་ནི་རིག་པ་འཇོམས་ཤིང་འོང་། །རྒྱགས་པ་རྒྱས་པས་དཔལ་འབྱོར་འཇོམས་ཤིང་འོང་། །རྣམ་པར་སྡང་བས་ལེགས་ཚོགས་འཇོམས་ཤིང་འོང་། །ཆགས་པས་ཡང་དག་མཐོ་བ་འཇོམས་ཤིང་འོང་། །གང་ཕྱིར་ལས་དང་ཉོན་མོངས་སྡིག་པ་ཡིས། །རྣམ་པར་དཀྲུགས་པ་མ་ཡིན་བློ་གྲོས་ནི། །ཤེས་རབ་མཐུ་དང་སྐལ་བས་བཀོལ་བཏུབ་པ། །བསོད་ནམས་བསགས་པའི་རྟགས་སུ་རྒྱན་ལས་བཤད། །ཅེས་པ་ནི་གང་ཞིག་ལེ་ལོ་ཅན་བརྩོན་འགྲུས་ཞན་པ་དག་གི་མ་བསྒོམས་པས་ནི་སྔོན་ཤེས་པའི་ཐོས་བསམ་སོགས་རིག་པ་འཇོམས་ཤིང་འོང་། རང་འབྱོར་པ་ལོངས་སྤྱོད་ཀྱིས་རྒྱགས་པ་རྒྱས་པས་བསོད་ནམས་མ་ཡིན་པ་ལ་སྤྱོད་པས་དཔལ་འབྱོར་འཇོམས་ཤིང་འོང་། དགྲ་ཟླའམ་བཏང་སྙོམས་པའང་རུང་སྟེ་རྣམ་པར་སྡང་བས་ལེགས་ཚོགས་འཇོམས་ཤིང་འོང་། རང་གཞན་གང་ཡང་རུང་སྟེ་ཡུལ་བུད་མེད་དམ་ཟས་ནོར་སོགས་ལ་ཆགས་པས་ཡང་དག་མཐོ་བ་སྟེ་མཐོ་རིས་སུ་སྐྱེ་བ་འཇོམས་ཤིང་འོང་། དེ་དག་གང་གི་ཕྱིར་ན་ལས་ཉོན་དང་སྡིག་པས་རྣམ་པར་དཀྲུགས་པ་མ་ཡིན་པའི་བློ་གྲོས་རྣམ་དག་ནི། ཤེས་རབ་ཀྱི་མཐུ་དང་སྐལ་བས་བཀོལ་དུ་བཏུབ་པ་ནི་སྔོན་ཚེ་བསོད་ནམས་བསགས་པའི་རྟགས་ཡིན་པར་རྒྱན་ལས་བཤད་པ་ཡིན་ནོ། །ཞེས་ལུང་ཁུངས་བཅས་མུ་སྦྲེལ་བའོ། །དེ་ཡང་བསོད་ནམས་ཀྱི་རྒྱུ་མཐུན་པ་ནི་རྒྱལ་བ་སྲས་བཅས་རྣམས་ཀྱི་ཁྱད་ཆོས་ཡིན་ན། སེམས་ཅན་གང་དག་ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བ་རྣམས་ལ་སྨོས་ཅི་འཚལ། དེ་ལྟར་ཡང་སྐྱེས་རབས་ལས། སྔོན་རྒྱལ་པོ་གསལ་བའི་སྟོབས་ཞེས་བྱ་བར། བུ་གཟུགས་སྟོབས་དང་། བརྩོན་འགྲུས་ལྡན་དང་། བཟོད་ལྡན་དང་། ཤེས་རབ་ལྡན་དང་། བསོད་ནམས་སྟོབས་ཞེས་རང་གི་ཡོན་ཏན་གྱི་ཆ་ལས་བཏགས་པ་ལྔ་ཡོད་པ་ལ་སོ་སོའི་ཡོན་ཏན་གྱི་ཕྱོགས་འཛིན་ཅིང་སྙེམ་པར་བྱེད་དོ། །དེའི་ཚེ་བསོད་ནམས་སྟོབས་ཀྱིས་སྨྲས་པ། བསོད་ནམས་མེད་ན་གཞན་བཞི་པོ་གང་གིས་ཀྱང་མི་ཕན་པས་བསོད་ནམས་གལ་ཆེ་སྟེ་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་བསོད་ནམས་ཀྱི་མཐུ་ཁོ་ནའོ། །ཟེར་ཡང་མཆེད་བཞི་པོའི་རང་རང་གི་ཕྱོགས་འཛིན་པ་ལས་དེ་ལྟར་དུ་ཁས་མི་ལེན་ཏོ། །དེ་ནས་ཡབ་ཀྱིས་དེ་དག་གི་སྟངས་ཕྱེད་པའི་ཕྱིར་ཕལ་པའི་ཆ་ལུགས་ཀྱིས་ཡུལ་ཁམས་གཞན་དུ་མངགས་པ་ལ་གཟུགས་སྟོབས་གཞན་གྱི་ཡིད་དུ་འོང་བས་སྐྱེ་བོ་དག་གིས་དགའ་འདུས་ཀྱི་ལོངས་སྤྱོད་ཙམ་གྱིས་འཚོའོ། །བརྩོན་འགྲུས་ལྡན་གྱི་ཆུ་ཀླུང་དྲག་པོས་ཙནྡྷན་གྱི་ཤིང་ཁྱེར་བ་གཞན་གྱིས་བླང་མི་ནུས་པ་དེའི་ནུས་པ་ལས་བྱུང་བའི་ལོངས་སྤྱོད་ཙམ་གྱིས་འཚོའོ། །བཟོད་ལྡན་ནི་དེ་ལས་བྱུང་བའི་གླ་རྔན་གྱི་ལོངས་སྤྱོད་ཙམ་གྱིས་འཚོའོ། །ཤེས་རབ་ལྡན་ནི་ཚོང་དཔོན་གཉིས་འཁོན་པ་བསྡུམ་པ་ལས་བྱུང་བའི་རྙེད་པ་ཙམ་གྱིས་སོ། །བསོད་ནམས་སྟོབས་ནི་དབུལ་པོ་ཞིག་གི་ཁྱིམ་དུ་ཞུགས་པ་ན་དེར་ནོར་དང་། འབྲུ་དང་། གསེར་དང་། དངུལ་མང་པོ་བྱུང་བས་དབུལ་པོ་དེས་དེ་རྣམས་ཀྱི་མཐུར་རིག་ནས་བཀུར་སྟི་རྒྱ་ཆེན་པོ་བྱས་པའི་གྲགས་པས་ཀུན་ཏུ་ཁྱབ་པས་ཇི་ཞིག་ན་ཡུལ་དེའི་རྒྱལ་པོ་བུ་མེད་པའི་བཙུན་མོ། བློན་པོ་དང་། གྲོང་ཁྱེར་གྱི་གཙོ་རྣམས་འདུས་ནས་རྒྱལ་བུ་བསོད་ནམས་སྟོབས་རྒྱལ་པོར་དབང་བསྐུར། དེས་བསོད་ནམས་ཀྱི་མཐུས་མངའ་རིས་བདེ་བའི་གནས་ལ་རེག་གོ། །རྒྱུ་མཚན་དེ་རྣམས་རྒྱལ་པོ་གསལ་བའི་སྟོབས་ཀྱིས་ཐོས་ནས་རྒྱལ་སྲིད་ཀྱི་བདག་པོར་གཞོན་ནུ་བསོད་ནམས་སྟོབས་བསྐོས་སོ། །དེ་དང་གཞན་ཡང་སྟོན་པ་འདས་ནས་ལོ་བརྒྱ་ལོན་སྐབས་གྲོང་ཁྱེར་པ་ཏ་ལི་པུ་ཏྲར་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འཁོར་ལོས་བསྒྱུར་བའི་དཔལ་ཡོན་གྱི་བཞི་ཆ་དང་ལྡན་པ་ཞིག་དང་པོ་མི་དགེ་བའི་བཤེས་གཉེན་གྱི་རྗེས་སུ་འབྲང་ནས་སྡིག་པའི་ལས་མང་དུ་བྱས། ཕྱི་ནས་བསོད་ནམས་བསག་པ་ལྷུར་བྱེད་པ་ཞིག་བྱུང་ཚེ། དེས་ནོར་གྱི་ཆེད་དུ་ཚོང་པ་ལྔ་བརྒྱ་ནོར་བུ་ལེན་ཕྱིར་མངགས་པ་ལ། དེ་རྣམས་ཀྱིས་རིན་པོ་ཆེ་དང་། གསེར་དང་། དངུལ་དང་། རྡོ་རྗེ་དང་། བཻཌཱུརྱ་དང་། ཤང་ཀ་ཤི་ལ་དང་། བྱེ་རུ་སོགས་ཀྱིས་གྲུ་བཀང་སྟེ་རང་ཡུལ་དུ་ཆས་པ་དང་རྒྱ་མཚོའི་དཀྱིལ་ཙམ་དུ་ཀླུས་གྲུ་བཅོམ་སྟེ་ནོར་རྣམས་ལྷག་མེད་དུ་ཕྲོགས་སོ། །རྒྱལ་པོས་སྐྱེད་མོས་ཚལ་བྱི་དོར་བྱས་རྒྱན་གྱིས་བརྒྱན་ནོར་བུའི་རིགས་རྣམས་དགྲམ་པའི་གནས་དང་སྤྱོད་སྟ་གོན་དང་དེར་བལྟ་ཕྱིར་སྐྱེ་བོའི་ཚོགས་ཐམས་ཅད་ཀྱང་དེར་འདུས་སོ། །དེའི་ཚོང་པ་རྣམས་ཉམ་ཐག་པའི་རང་བཞིན་དུ་འོངས་ནས་རྒྱལ་པོ་ལ་དེའི་རྒྱུ་སྨྲས་སོ། །དེར་དགེ་སློང་དབང་པོས་བསླབ་བཞིན་ཟངས་མའི་བྱང་བུ་ལ། ས་འདི་རྒྱ་མཚོས་གཏུགས་པར་སྐྱོང་། །རྒྱལ་པོ་སྟོབས་ལྡན་མྱ་ངན་མེད། །རབ་ཏུ་དྲག་ཅིང་བཙན་པ་ཡི། །ནོར་ཁྱེར་མཚོར་གནས་གང་ཡིན་པ། །དེ་དག་འདིར་ནི་མྱུར་བ་རུ། །ང་ཡི་དྲུང་དུ་བསྐྱལ་བར་གྱིས། །ཞེས་བྲིས་ནས་མཚོར་བསྐྱུར་བས་ཀླུའི་རྒྱལ་པོས་ཕྱིར་འཛམ་བུའི་གླིང་དུ་འཕང་ངོ་། །དེར་ཕོ་ཉས་རྒྱལ་པོར་བསྙད་པས། རྒྱལ་པོ་སེམས་ཁོང་དུ་ཆུད་ནས་ཐབས་གང་ཡོད་བསམ་པའི་ཚེ་ལྷས་སྟོན་པའི་སྐུ་གདུང་ལ་མཆོད་པ་བྱས་ན་བསོད་ནམས་འཕེལ་ནས་དོན་འགྲུབ་བོ། །ཞེས་སྨྲས་པར་རྒྱལ་པོའི་སྐྲ་བཀྲུས། གོས་དཀར་བགོས། དྲི་དང་མེ་ཏོག་གི་ཕྲེང་བ་སོགས་ཐོགས་ནས་ཕྱོགས་བཅུའི་རྫུ་འཕྲུལ་ཐོབ་པ་རྣམས་སྤྱན་འདྲེན་པ་དང་གསོལ་འདེབས་ཀྱི་གདུང་དབྱངས་ཆེན་པོ་བྱེད་པ་ན། དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་འདུས་པ་དང་དགེ་སློང་གི་དགེ་འདུན་བཅས་པ་ལ་གདུགས་ཚོད་དྲངས་པ་སོགས་བསྙེན་བཀུར་རྒྱ་ཆེན་པོ་དང་། བཅོམ་ལྡན་འདས་ཀྱིས་སྐུ་གདུང་ལ་མཆོད་པ་རྣམ་ལྔ་སོགས་མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་ཕུལ་ལོ། །དེའི་ཚེ་རྒྱལ་པོ་དང་ཀླུའི་གཟུགས་གཉིས་བྱས་ཏེ་གསེར་སྣོད་དུ་བཞག་ནས་བསོད་ནམས་ཆེ་ཆུང་བརྟགས་པས་ཀླུ་གཟུགས་ལ་རྒྱལ་པོས་ཕྱག་བྱེད་པ་མཐོང་བས། དགེ་སློང་དབང་པོས་ད་དུང་ཡང་བསོད་ནམས་བསགས་པར་མཛོད་ཅེས་སྨྲས་པས། རྒྱལ་པོས་རིམ་གྱིས་ཚོགས་རྒྱ་ཆེན་བསགས་པའི་མཐར་གཟིགས་པས་ཀླུའི་ཡན་ལག་ཐམས་ཅད་ཀྱིས་རྒྱལ་པོར་ཕྱག་བྱེད་པ་མཐོང་ནས། ཀྱེ་མ་དཀོན་མཆོག་གསུམ་མཆོད་པའི། །འབྲས་བུ་ཅི་འདྲ་འདི་ལ་གཟིགས། །རྒྱ་མཚོའི་ནང་ན་གནས་པའི་ཀླུ། །བདག་གིས་བཏུལ་ཞིང་འདི་དབང་བགྱིས། །བློ་གྲོས་ཆུང་བའི་མི་རྣམས་ཀྱང་། །སུ་ཞིག་སངས་རྒྱས་མཆོད་མི་བགྱིད། །གང་ཞིག་འབྲས་བུ་འཕྲལ་བསྐྱེད་ལ། །སུ་ཞིག་ཡིད་ཀྱིས་སེམས་མི་བགྱིད། །བདག་ཉིད་ཆེ་བ་ཐོབ་འདོད་པའི། །ལྷ་རྣམས་དང་ནི་མི་རྣམས་ཀྱིས། །རྫོགས་པའི་སངས་རྒྱས་ཡང་དག་མཆོད། །སྐྱེ་བ་ཟད་ཅིང་ཡང་སྲིད་མེད། །ཅེས་སྨྲའོ། །དགེ་སློང་དབང་པོས་ཡང་ཟངས་མའི་བྱང་བུ་ཀླུ་ཡུལ་དུ་བསྐྱུར་ཅིག་ཅེས་བསྒོས་པ་བཞིན་བྱས་པས་ཀླུའི་རྒྱལ་པོས་ཡི་གེ་སྤྱི་བོས་བླང་ཤིང་ནོར་རྣམས་ཕྱིར་གཏད་པར་ཁས་བླངས་སོ། །དེ་ཡང་དབང་པོས་བསླབས་བཞིན་ཟངས་བྱང་ལ། འཛམ་བུའི་གླིང་གི་དབང་ཕྱུག་དམ་པའི་བཀའ་བཅག་པའི་ཆད་པར་ཁྱེད་ཅག་རང་རང་གི་ཕྲག་པར་ཁུར་ལ་འདིར་སྐྱོལ་ཅིག་བྱ་བ་བྲིས་ནས་བསྐྱུར་བས་ཀླུ་སྐྲག་ནས་ཞག་བདུན་ནས་འཕྲོད་པར་ཁས་བླངས་པ་བཞིན་གྲོང་ཁྱེར་ཕྱི་དབུས་སུ་སྐྱེ་བོ་མང་པོ་འཚོགས་པའི་དབུས་སུ་རྒྱལ་པོ་སེངྒེའི་ཁྲི་ལ་འདུག་པ་ལ། ཀླུ་རྣམས་མིའི་ཆ་བྱད་དུ་སྤྲུལ་ནས་ནོར་བུ་རྣམས་ཕྲག་ལ་བཀལ་བའི་ཁུར་ཕོག་རྒྱལ་པོའི་རྐང་པར་ཕྱག་བྱས་སོ། །རྒྱལ་པོས་སངས་རྒྱས་ཀྱི་བཀའི་ཡོན་ཏན་རྗེས་སུ་བརྗོད་པ། བསོད་ནམས་མེ་ཡིས་མི་འཚིག་སྟེ། །རླུང་གིས་འཇིག་པར་མི་འགྱུར་རོ། །བསོད་ནམས་ཆུ་ཡིས་འཇུ་མི་འགྱུར། །ས་བཞིན་དུ་ནི་ཁྱེར་མི་འགྱུར། །རྒྱལ་པོ་དང་ནི་ཆོམ་རྐུན་གྱིས། །འཕྲོག་ཏུ་མེད་པར་བསོད་ནམས་གནས། །སྐྱེས་པ་དང་ནི་བུད་མེད་ཀྱིས། །འཕྲོག་པར་ནུས་པ་མ་ཡིན་ནོ། །བསོད་ནམས་བདེ་བ་སྐྱེད་པའི་གཏེར། །འདི་ནི་ལུས་པར་མི་འགྱུར་ཏེ། །གང་དང་གང་དུ་སྐྱེས་པ་རུ། །དེ་དང་དེར་ནི་རྗེས་སུ་འབྲང་། །ཞེས་སོ། །དེ་ལྟར་བསོད་ནམས་ཁོ་ན་ལ་འབད་པའང་ཚེ་འདིའི་ཆེད་དུ་མ་ཡིན་པར་མཐར་ཐུག་སངས་རྒྱས་པའི་ཐབས་ཀྱི་ཆོས་ལ་སེམས་དགོས་པ་ཡང་། རྩ་བ། ཆོས་ལ་སེམས་པའི་གོ་ཆ་རྣམ་པར་སྲ། །ཟབ་རྒྱས་ཆོས་ཁམས་རྒྱ་མཚོ་དབང་པོའི་མཚོན། །བདུངས་བར་བློ་ཡིས་སྤོབས་སམ་མི་སྤོབས་ཀུན། །སྙིང་སྟོབས་གཉེན་པོའི་དབང་དུ་གཏོང་བ་རྣམས། །ལམ་མི་འཆུགས་པར་ཕྱིན་དྲུག་སྟེང་དུ་འགྲོ། །ཞེས་པ་ནི་བདག་ཅག་གི་སྟོན་པས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཆེད་དུ་དཀའ་བ་སྣ་ཚོགས་སྤྱད་དེ་མངོན་པར་སངས་རྒྱས་ནས་འགྲོ་བའི་མགོན་པོར་གྱུར་པ་ཡིན་ན། བདག་ཅག་ཀྱང་དེ་ལྟ་བུའི་གོ་འཕང་བསྒྲུབ་པ་ལ་དོན་མཐུན་པའི་ཆོས་ལ་འཇུག་ཕྱིར་རྐྱེན་ངན་དང་བར་ཆོད་ཅི་ལྟ་བུ་ཞིག་བྱུང་ཡང་དེའི་དབང་དུ་མི་འཆོར་བའི་སེམས་བསྐྱེད་པའི་གོ་ཆ་ལེ་ལོས་མ་ཕེད་ཅིང་རྣམ་པར་སྲ་བ་གྱོན་ནས་ཟབ་པ་གཏིང་མི་མངོན་པའི་ཆོས་ཆེན་པོ་རྣམ་པ་གསུམ་རྒྱ་མཚོ་དང་འདྲ་བའམ་རྒྱ་ཆེ་བའི་ཆོས་རྟེན་ཅིང་འབྲེལ་འབྱུང་ནམ་མཁའ་ལྟ་བུ་གང་ཡང་རུང་སྟེ། གཉིས་ཀ་ལ་འཇུག་པའི་སྤོབས་པ་དམན་པའི་སེམས་གཟེངས་སྟོད་དགོས་ཏེ་འདི་ལྟར་ལྷའི་དབང་པོའི་གཞུ་ནི་གླིང་བཞིའི་ཁམས་ཀྱི་གྱད་སྟོབས་པོ་ཆེ་སུས་ཀྱང་བདུངས་པར་མི་སྤོབས་ཀྱང་སྙིང་སྟོབས་དང་ལྡན་ན་དེ་ཡང་མཐའ་མ་བཀག་པའི་དཔེ་དེད་དཔོན་སློང་ལྡན་གྱི་ནོར་བུ་ཀླུས་རྒྱ་མཚོའི་ཀློང་དུ་ཁྱེར་བ་རྒྱ་མཚོ་སྐེམས་པར་འདོད་ནས་ཆུ་སྙིམ་པས་ཕྱགས་ཤིང་དབོ་བ་ལ་བརྟུན་པ་མི་ལྷོད་པའི་སྙིང་སྟོབས་ལ་ཀླུ་སྐྲག་ནས་ནོར་བུ་ཕྱིར་གཏད་པ་ལྟ་བུའི་སྙིང་སྟོབས་དང་གཉེན་པོའི་དབང་དུ་གཏོང་བའི་གང་ཟག་རྣམས་ནི་ལམ་ཅུང་ཟད་ཀྱང་མི་འཆུགས་པར་ཕྱིན་དྲུག་གི་སྟེང་དུ་འགྲོ་ཞེས་པའོ། །རྩ་བ། དེ་ཡི་མཐུན་ཕྱོགས་ཡན་ལག་བདུན་པ་དང་། །ཆུ་གཏོར་ལ་སོགས་བསག་སྦྱངས་མཐའ་དག་ཡིན། །མི་མཐུན་ཕྱོགས་ཀྱིས་དེ་ལ་མི་བརྫི་ཞིང་། །ལམ་དུ་འགྲོ་བ་བསོད་ནམས་དག་ལ་བསྟེན། །འདི་ནི་སྐྱེས་བུ་ཆེན་པོའི་ལམ་སྟེགས་ཡིན། །ཞེས་པ་ནི་འདིར་བསོད་ནམས་ཀྱི་བྱ་བའི་མཐུན་ཕྱོགས་ཡན་ལག་བདུན་པ་དང་ཆུ་གཏོར་ལ་སོགས་པའི་ཁོང་ནས་ཡར་མཆོད་མར་སྦྱིན་ལ་སོགས་པའི་ཚོགས་བསག་དང་སྒྲིབ་སྦྱངས་མཐའ་དག་ཡིན་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་ཀྱིས་དེ་ལ་མི་བརྫི་ཞིང་ལམ་ལྔའི་སྟེང་དུ་འགྲོ་བའི་ཐབས་སམ་རྒྱུ་ནི་བསོད་ནམས་བསག་པ་ཁོ་ན་ཡིན་པས་དེ་ལ་བསྟེན་པ་འདི་ནི་སྐྱེས་བུ་ཆེན་པོའི་ལམ་སྟེགས་ཡིན་ཞེས་པའོ། །མདོར་ན་སྦྱིན་པའི་དངོས་པོ་ཆུང་ཡང་བསམ་པ་རྒྱ་ཆེན་པོ་ནི་མཆོག་ཡིན་ནོ། །དེས་ན་རྟོག་པ་གཅིག་འགྱུ་བ་ཡན་ཆད་ངོས་བཟུང་ནས་བསོད་ནམས་དང་འགལ་རྐྱེན་སྤངས་ཤིང་མཐུན་རྐྱེན་སྒྲུབ་པ་གལ་ཆེའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་ལྔ་པའི་སྐབས་སོ།། །།ནང་པ་སངས་རྒྱས་ཀྱི་ལམ་གྱི་འཇུག་སྒོ་དང་པོ་སྐྱབས་སུ་འགྲོ་བ་ནི། རྩ་བ། འཇིགས་པ་གསུམ་གྱི་ཆུ་གཏེར་འཁྲུགས་པ་ལ། །སྐྱབས་སུ་འོས་པར་ཡིད་ཆེས་སྲོག་བརྟན་པའི། །དཀོན་མཆོག་གསུམ་གྱི་གྲགས་པའི་གདུགས་དཀར་ནི། །བསྟན་ལ་ཞུགས་པའི་ཐོག་མ་ཉིད་དུ་འཛིན། །ཞེས་པ་ནི་དེ་ལ་འཁོར་བའི་སྡུག་བསྔལ་སྤྱི་ལ་འཇིགས་པ་ནི་ཉན་རང་ལྟ་བུ་དང་། རང་དོན་ཡིད་བྱེད་ཀྱིས་འཇིགས་པ་ནི་གཞན་དོན་སྤངས་པས་ཉན་རང་དང་མཚུངས་པའི་བྱང་ཆུབ་སེམས་དཔའ་འམ། ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་ནི་སྔགས་ལམ་དུ་ཞུགས་ཀྱང་སྣོད་བཅུད་ཐ་མལ་ལས་གནས་མ་འགྱུར་བས་སྔགས་རློམས་དང་ཕར་ཕྱིན་པས་སྣང་བ་སྒྱུ་མའི་ལམ་ཁྱེར་དང་བྲལ་བ་བཞིན་ནོ། །དེ་ལ་འགྲེལ་ཚུལ་གཉིས་བྱས་ཀྱང་རུང་སྟེ་ངན་སོང་གསུམ་གྱིས་འཇིགས་ནས་ལྷ་མིའི་གོ་འཕང་གཉེར་བ་དང་། འཁོར་བ་སྤྱིའི་སྡུག་བསྔལ་གྱིས་འཇིགས་ནས་ཐར་པ་དོན་དུ་གཉེར་བའི་ཉན་རང་དང་། རང་དོན་ཡིད་བྱེད་ཀྱིས་འཇིགས་ནས་གཞན་དོན་གཉེར་བའི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་ལྟ་བུའི་འཇིགས་པ་གསུམ་གྱི་ཆུ་གཏེར་འཁྲུགས་པ་ལྟ་བུ་ལ་སྐྱབས་སུ་འོས་པར་ཡིད་ཆེས་པ་ནི་དཀོན་མཆོག་གསུམ་ཁོ་ན་ལས་གཞན་མཐུ་བོ་ཆེ་སུ་ཡང་མེད་ན། དེས་ངེས་པར་ཚེ་འདིའི་སྲོག་དང་ཕྱི་མ་ཐར་པའི་སྲོག་གཉིས་ཀ་བརྟན་པར་བྱེད་པས་ན་དཀོན་པའི་མཆོག་གསུམ་གྱི་གྲགས་པའི་གདུགས་དཀར་ཞེས་སྲིན་དཀར་གྱི་ཕུང་པོ་འདྲ་བ་དེ་ནང་པའི་བསྟན་པ་ལ་ཞུགས་པའི་ཐོག་མ་ཉིད་དུ་འཛིན་ཞེས་བསླབ་སྡོམ་ཐམས་ཅད་ཀྱི་སྔོན་དུ་མཆོག་གསུམ་སྐྱབས་སུ་བསྟེན་དགོས་ཞེས་པའོ། །རྩ་བ། ཐར་པར་འགྲོ་བའི་ལམ་དང་ཡོན་ཏན་གྱི། །རྟེན་དང་སྣོད་དུ་དམ་བཅའ་མི་བསླུ་བ། །སྐྱབས་སུ་འགྲོ་བ་ཉིད་དེ་དེའི་སྔོན་དུ། །སྟོན་དང་བསྟན་པའི་ཡོན་ཏན་ཤེས་པ་གཅེས། །ཞེས་པ་ནི་དེ་བཞིན་དུ་ཐར་པ་དང་རྣམ་མཁྱེན་གྱི་སར་འགྲོ་བའི་ལམ་བགྲོད་ཐབས་དང་དེའི་ཡོན་ཏན་གྱི་རྟེན་ཡུལ་ལམ་སྣོད་མཆོག་ཏུ་དམ་བཅའ་མི་བསླུ་བ་ནི་སྐྱབས་སུ་འགྲོ་བ་ཉིད་དེ། དེའི་སྔོན་དུ་སྟོན་པ་སངས་རྒྱས་དང་བསྟན་པ་ལུང་རྟོགས་ཆོས་ཀྱི་ཡོན་ཏན་ཤེས་པ་གལ་ཆེ་ཞིང་གཅེས་ཞེས་པའོ། །རྩ་བ། ཆོས་རྣམས་ཀུན་གྱི་རྩ་བ་དད་པ་ནི། །སྐྱེས་བུའི་སེམས་ལ་ལུང་དུ་མ་བསྟན་པ། །སྟོན་པ་མཐོང་དང་སྡེ་སྣོད་བཀླགས་པ་ཡི། །མོད་ལ་བ་སྤུའི་འཁྲི་ཤིང་སློང་བཞིན་ལྡང་། །དེ་ལ་དང་བའི་དད་པ་དང་པོ་སྟེ། །དེ་བཞིན་འདོད་དང་ཡིད་ཆེས་ཕྱིར་མི་ལྡོག །རྣམ་པ་བཞི་ལས་སྐྱབས་འགྲོའི་གནས་སྐབས་འདིར། །སྲོག་ལ་བབ་ཀྱང་ཕྱིར་མི་ལྡོག་པ་དགོས། །ཞེས་པ་ནི་དེ་ལ་ཆོས་ཐམས་ཅད་ཀྱི་རྩ་བ་དད་པ་ཡིན་ཏེ་དད་པ་སྐྱེ་བ་དང་ལྷན་ཅིག་རྣམ་དཀར་གྱི་ཆོས་མཐའ་དག་མངོན་དུ་འདུ་བྱེད་ཅིང་། དེ་ཡལ་བ་དང་དགེ་ལེགས་དང་ཡོན་ཏན་གྱི་ཚོགས་འགྲིབ་པར་གསུངས་པས་ཆོས་རྣམས་ཀུན་གྱི་རྩ་བ་བརྟན་པར་བྱེད་པའི་ཐབས་དད་པ་ཡིན་ཀྱང་སྐྱེས་སྟོབས་དང་སྦྱངས་སྟོབས་ཀྱི་ཤེས་རབ་དང་མི་ལྡན་པའི་སྐྱེས་བུ་རྨོངས་པ་རྣམས་ཀྱི་སེམས་ལ་དད་པ་གབ་ནས་ལུང་མ་བསྟན་དུ་གནས་པ། དགེ་སྡིག་སྟོན་པའི་བླ་མ་མཐོང་བ་དང་སྡེ་སྣོད་གསུམ་ལ་སོགས་པའི་ལུང་རྟོགས་ཀྱི་གསུང་རབ་བཀླགས་པའི་རྐྱེན་གྱིས་བ་སྤུའི་འཁྲི་ཤིང་སློང་བཞིན་ལྡང་ཞིང་གཡོ་བ་ཙམ་བྱེད་པ་དེ་ལ་དང་བའི་དད་པ་ཞེས་དང་པོ་ཡིན་ལ། དེའི་མཚུངས་དཔེ་ནི། སྔོན་མ་སྐྱེས་དགྲའི་གླང་པོ་ཆེ་ནོར་སྐྱོང་སྟོན་པ་ལ་རྦད་ཚེ་དང་པོ་ཞེ་སྡང་གི་སེམས་ཀྱིས་བརྒྱུགས་ཀྱང་བཅོམ་ལྡན་འདས་མཐོང་མ་ཐག་ཏུ་ཁྲོ་གཏུམ་གྱི་སེམས་ཞི་བ་བཞིན་ནོ། །དང་བའི་དད་པ་དེ་ནི། ཆོས་ཀྱི་མཚན་ཉིད་དང་། གང་ཟག་དགེ་སྒྲུབ་སྡིག་སྤང་ཚུལ་བཞིན་བསྒྲུབ་པ་དག་མཐོང་ན། དེ་ལ་དང་བ་དང་རྗེས་སུ་ཡི་རང་བ་སོགས་དགའ་བའི་འདོད་ཆགས་དང་ལྷན་ཅིག་པའོ། །དེ་བཞིན་དུ་འདོད་པའི་དད་པ་ནི་སྡུག་བསྔལ་བདེན་པའི་རང་མཚང་སྐྱེ་ཞིང་འཆི་བ་ལ་སྐྲག་ཅིང་དེ་ལས་སྐྱོབ་བྱེད་དམ་པའི་ཆོས་འགོག་ལམ་གྱི་བདེན་པ་སྟོན་བྱེད་ཀྱི་བླ་མ་སྙིང་ནས་བཙལ་ཞིང་བསྙེན་པར་འདོད་པའོ། །ཡིད་ཆེས་ཀྱི་དད་པ་ནི་མཆོག་གསུམ་གྱི་ཡོན་ཏན་ལ་ངེས་ཤེས་འདྲོངས་ཤིང་དེས་མི་བསླུ་བར་ཡིད་ཆེས་པའོ། །ཕྱིར་མི་ལྡོག་པའི་དད་པ་ནི། དེ་ལྟར་དད་པ་རྣམ་པ་གསུམ་གྱིས་ཆོས་སྒོར་ཞུགས་ཕྱིན་རྐྱེན་བཟང་ངན་ཅི་བྱུང་ཡང་ཕྱིར་མི་ལྡོག་པའི་དཔེ་སྔོན་ནང་པའི་དགེ་བསྙེན་གཅིག་མུ་སྟེགས་པས་བཟུང་ནས། ཁྱོད་རང་གི་ལྷ་དང་ལྟ་བ་ཐོང་ངའི་གྲུབ་མཐའ་ལ་ཞུགས་དང་མི་གསོད། དེ་མི་བྱེད་ན་གསོད་དོ་བྱས་ཚེ་ཁོས་ཚིག་ཙམ་དུ་དེ་ལྟར་བྱེད། སྙིང་ནས་མ་ཡིན་ནོ་བྱས་པས་དེ་སྲོག་དང་བྲལ་ཡང་ཕྱི་མ་འབྲས་བཟང་སྨིན་པ་ལྟར་རོ། །རྩ་བ། དད་པ་སྐྱེ་བའི་རྒྱུ་ནི་བཞི་ཡིན་ཏེ། །དམ་པ་བསྟེན་དང་དམ་པའི་གྲོགས་དང་འགྲོགས། །དཀོན་མཆོག་རྗེས་སུ་དྲན་དང་འཁོར་བ་ལ། །སྙིང་པོ་མེད་པའི་ཉེས་དམིགས་བསམས་ལས་སྐྱེ། །ཞེས་པ་ནི་བླ་མ་དམ་པ་ལ་བསྟེན་པ་དང་དམ་པའི་གྲོགས་དང་འགྲོགས་ཕྱིན་དད་པ་སོགས་རྣམ་དཀར་གྱི་དགེ་བ་ཐམས་ཅད་གོང་འཕེལ་དུ་འགྱུར་བ་དང་། དཀོན་མཆོག་གསུམ་པོ་རྟག་པར་རྗེས་སུ་དྲན་བཞིན་དད་པ་མོས་པ་དང་འཁོར་བའི་བྱ་བ་ལ་སྙིང་པོ་མེད་ངེས་ཀྱི་ཉེས་དམིགས་བསམས་ཤིང་སྐྱོ་ཤས་བསྐྱེད་པ་ལས་དད་པ་སྐྱེའོ་ཞེས་པའོ། །དད་པ་མེད་བཞིན་སྐྱབས་འགྲོ་དང་གསོལ་འདེབས་སོགས་བཟླས་པ་ལ་ཅི་ཙམ་བརྩོན་ཡང་འབྲས་བུ་དམན་པ་ལས་མི་འབྱིན་ནོ། །རྩ་བ། ཐུབ་པ་རྣམས་ཀྱི་ཡོན་ཏན་མཐའ་ཡས་ཏེ། །སྤངས་པ་གཉིས་ཀྱིས་ཉོན་ཤེས་སྒྲིབ་པ་བཅོམ། །སྤྱན་དང་མངོན་ཤེས་དབང་བཅུ་གཟུངས་ཀྱི་སྒོ། །སྟོབས་བཅུ་མི་འཇིགས་བཞི་དང་སོ་སོ་རིག །མ་འདྲེས་བཅོ་བརྒྱད་རྫོགས་པ་སངས་རྒྱས་ཏེ། །རྣམ་པ་ཀུན་གྱི་མཆོག་ལྡན་ཆོས་ཀྱི་སྐུ། །ས་བཅུའི་འཁོར་ལ་ལོངས་སྤྱོད་རྫོགས་པར་སྟོན། །ཞེས་པ་ནི་དེ་ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སངས་མ་རྒྱས་བར་དུ་བཟོད་དཀའ་བ་རྣམས་ཐུབ་ཅིང་ཡོན་ཏན་མཐའ་ཡས་པ་ཚང་བ་དང་། འདོད་ཆགས་ལ་སོགས་པ་བྱང་ཆུབ་ལ་བར་དུ་གཅོད་པའི་བདུད་སྡེ་བཅོམ་པ་དང་སྐལ་བ་ཁྱད་པར་ཅན་དང་དབང་ཕྱུག་ལ་སོགས་པ་དང་ལྡན་པ་དང་། སྲེད་ལེན་སོགས་སྲིད་ཆོས་ཐམས་ཅད་ལས་འདས་པ་དང་། དངོས་པོའི་ཆོས་ཉིད་ཇི་བཞིན་གནས་པ་དེ་བཞིན་དུ་རྟོགས་པས་དེ་བཞིན་གཤེགས་པའོ། །མཐོང་སྤངས་དང་བསྒོམ་སྤངས་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་པ་ལ་བཅོམ་ཞེས་པའོ། །སངས་རྒྱས་ཀྱི་སས་བསྡུས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་ནོ། །ཆོས་ཀྱིས་ནི་འཕགས་པའི་གང་ཟག་དབང་པོ་རྣོ་རྟུལ་ཐམས་ཅད་མངོན་སུམ་དུ་རྟོགས་པའོ། །ཤེས་རབ་ཀྱིས་ནི་ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་ཀྱིས་སྟོང་པའི་དོན་མངོན་སུམ་དུ་མཐོང་བའོ། །ལྷའི་སྤྱན་གྱིས་འགྲོ་རྣམས་འཆི་བ་དང་སྐྱེ་བ་ཇི་བཞིན་ཤེས་པའོ། །ཤའི་སྤྱན་གྱིས་དཔག་ཚད་བརྒྱ་ནས་སྟོང་གསུམ་ཚུན་ཆད་ཀྱི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་དུ་མཐོང་བའོ། །འཕྲུལ་གྱི་མངོན་ཤེས་ནི། ས་གཡོ་བ་དང་གཅིག་ཏུ་བསྒྱུར་ཞིང་དུ་མར་སྤྲུལ་པའོ། །ལྷའི་རྣ་བའི་མངོན་ཤེས་ནི། འཇིག་རྟེན་ཁམས་ཀྱི་སྒྲ་རྣམས་ཇི་བཞིན་དུ་རྟོགས་པའོ། །གཞན་སེམས་ཤེས་པ་ནི། གཞན་རྒྱུད་ཉོན་མོངས་དང་བྲལ་མིན་སོགས་ཇི་བཞིན་ཤེས་པའོ། །སྔོན་གནས་རྗེས་དྲན་གྱི་ནི། རང་གཞན་གྱི་ཚེ་རབས་སྔ་མ་བརྒྱ་སྟོང་སོགས་ཤེས་པའོ། །ལྷའི་མིག་གི་ནི་བསྐལ་པ་དང་མ་བསྐལ་པའི་གཟུགས་ཕྲ་རགས་ཐམས་ཅད་མངོན་སུམ་གྱིས་མཐོང་བའོ། །ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་སྒྲིབ་པ་གཉིས་སྤོང་ཐབས་དང་། སྤངས་པའི་བྲལ་བ་མངོན་དུ་ཤེས་པའོ། །བསྐལ་པའི་བར་དུ་འཚོ་བར་འདོད་ཀྱང་སྡོད་ནུས་པ་ལ་དབང་བ་དང་། ཏིང་ངེ་འཛིན་གྲངས་མེད་ལ་དབང་ཐོབ་པ་སེམས་ལ་དབང་བ་དང་། ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལ་མངའ་བརྙེས་པས་ཡོ་བྱད་ལ་དབང་བ་དང་། བཟོ་དང་སྒྱུ་མ་སོགས་ལ་མངའ་བརྙེས་པས་ལས་ལ་དབང་བ་དང་། གང་ལ་གང་འདོད་དུ་སྐྱེ་བར་འདོད་པས་སྐྱེ་བ་ལ་དབང་བ་དང་། འགྲོ་ཁམས་རྣམས་སུ་རྒྱལ་བའི་སྐུས་གང་བར་སྟོན་ནུས་པ་སོགས་མོས་པ་ལ་དབང་བ་དང་། བྱང་ཆུབ་ཆེན་པོའི་སྤྲུལ་པ་འགྱེད་ནུས་པས་སྨོན་ལམ་ལ་དབང་བ་དང་། གདུལ་བྱའི་ཡུལ་སྣ་ཚོགས་ལ་དུས་གཅིག་ཏུ་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པས་རྫུ་འཕྲུལ་ལ་དབང་བ་དང་། ཤེས་བྱ་ཀུན་ཐོགས་མེད་དུ་མཁྱེན་པའི་ཡེ་ཤེས་ལ་དབང་བ་དང་། ཆོས་ཀྱི་ཚིག་དོན་ཀུན་ལ་མཁས་པས་ཆོས་ལ་དབང་བའོ། །གཟུངས་ཀྱི་སྒོ་ནི། དྲན་པ་མ་ཉམས་པ། རྟོག་པ་མ་གཡེངས་པ། བློ་གྲོས་མ་རྨོངས་པ། ཤེས་རབ་མངོན་དུ་བྱེད་པའོ། །ཆོས་རྣམས་ཀྱི་ཚིག་རབ་ཏུ་ཐ་དད་པ་ཤེས་པ་ལ་སོགས་པའོ། །སྟོབས་བཅུ་ནི། ཟླ་བ་གྲགས་པས། གནས་དང་གནས་མིན་མཁྱེན་སྟོབས་དང་། །དེ་བཞིན་ལས་རྣམ་སྨིན་བློ་དང་། །མོས་པ་སྣ་ཚོགས་ཐུགས་ཆུད་དང་། །སྣ་ཚོགས་ཁམས་ཀྱི་མཁྱེན་སྟོབས་དང་། །དེ་བཞིན་དབང་མཆོག་མཆོག་མ་ཡིན། །མཁྱེན་དང་ཐམས་ཅད་དུ་འགྲོ་དང་། །བསམ་གཏན་རྣམ་ཐར་ཏིང་འཛིན་དང་། །སྙོམས་པར་འཇུག་སོགས་མཁྱེན་སྟོབས་དང་། །སྔོན་གནས་དྲན་པ་མཁྱེན་པ་དང་། །དེ་བཞིན་འཆི་འཕོ་སྐྱེ་བློ་དང་། །ཟག་རྣམས་ཟད་པ་མཁྱེན་སྟོབས་དང་། །སྟོབས་བཅུ་པོ་ནི་འདི་དག་གོ། །མི་འཇིགས་པ་བཞི་ནི། བདག་གི་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་ཆོས་རྣམས་ཀུན་གྱི་རང་བཞིན་མཁྱེན་པར་ཞལ་གྱིས་བཞེས་པ་དང་། ཆོས་མཐུན་གྱི་རྒོལ་བ་མེད་པས་རྟོགས་པ་ཕུན་སུམ་ཚོགས་པ་ལ་མི་འཇིགས་པ་དང་། སྒྲིབ་གཉིས་ཀྱིས་བསྡུས་པའི་སྤང་བྱ་མཐའ་དག་འདི་མ་སྤངས་སོ་ཞེས་ཆོས་མཐུན་གྱི་རྒོལ་བ་མེད་པས་བར་ཆད་ཀྱི་ཆོས་བསྟན་པ་ལ་མི་འཇིགས་པ་དང་། གཞི་དང་ལམ་ཤེས་པ་ལ་སོགས་པ་ཐར་པ་དང་རྣམ་མཁྱེན་གྱི་ངེས་པར་འབྱུང་བའི་ལམ་དུ་བསྟན་པ་ལ་མི་འཇིགས་པ་དང་། ལམ་འདི་བསྟན་ཀྱང་ངེས་པར་འབྱུང་བར་བྱེད་མི་ནུས་སོ་ཞེས་ཆོས་མཐུན་གྱི་རྒོལ་བ་མེད་པས་ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་དང་། ཟག་པ་ཐམས་ཅད་ཟད་པར་ཞལ་གྱིས་བཞེས་པ་ལ་ཟག་པ་འདི་མ་ཟད་དོ་ཞེས་ཆོས་མཐུན་གྱི་རྒོལ་བ་མེད་པས་སྤངས་པ་ཕུན་སུམ་ཚོགས་པ་ལ་མི་འཇིགས་པའོ། །སོ་སོ་ཡང་དག་རིག་བཞི་ནི། ཀུན་ནས་ཉོན་མོངས་པ་དང་། རྣམ་བྱང་གི་ཆོས་རྣམས་ཀྱི་ཁམས་དང་མིང་གི་རྣམ་གྲངས་མཁྱེན་པས་ཆོས་སོ་སོ་ཡང་དག་པར་རིག་པ་དང་། དེ་དག་གི་རང་དང་སྤྱི་མཚན་ཉིད་ལ་མ་རྨོངས་པས་དོན་སོ་སོ་ཡང་དག་པར་རིག་པ་དང་། གདུལ་བྱའི་ཡུལ་དང་མཐུན་པའི་གསུང་རྣམ་པ་ཐམས་ཅད་པ་ཡིན་པས་ཚིག་སོ་སོ་ཡང་དག་པར་རིག་པ་དང་། རང་གི་ངོ་བོ་ཉིད་དང་རྣམ་དབྱེ་ཐམས་ཅད་མཁྱེན་པ་ཆགས་ཐོགས་མེད་པར་འཇུག་པས་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། མི་ཕམ་མགོན་པོས། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུགས་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟགས་བཏང་སྙོམས་མི་མངའ་སྟེ། །འདུན་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱི། །ཡེ་ཤེས་གཟིགས་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །འདུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་རང་བཞིན། །སྟོན་པའི་མ་འདྲེས་ཡོན་ཏན་ཡིན། །ཞེས་སོ། །ཞར་ལ། སྐུའི་མཚན་དཔེ་དང་། གསུང་གི་ཡོན་ཏན་ཡང་འཆད་པར་འོས་ཏེ། དྲིན་ལན་བསབ་པའི་མདོ་ལས་གསུངས་པ་ཚིག་སྣ་ཅུང་ཟད་བསྟུངས་ཏེ་བྲི་ན། ཞབས་མཐིལ་མཉམ་ཞིང་གང་བ་དང་། འཁོར་ལོ་རྩིབས་སྟོང་རི་མོ་ཡོད་པ་ཡིན། ཞབས་ཀྱི་རྟིང་པ་ཟླུམ་ལ་གང་བ་དང་། ཕྱག་སོར་ཕྲ་ལ་རིང་ཞིང་བར་རྣམས་དྲྭ་བར་འབྲེལ་བ་དང་། ཕྱག་ཞབས་འཇམ་ཞིང་མཉེན་པ་ཡིན། བྱིན་པ་རི་དྭགས་ཨེ་ན་ཡ་ལྟར་ཟླུམ་ལ་ཤུགས་ཀྱིས་གཞོལ་བ་ཡིན། ལོང་བུ་ཕྱིར་མི་སྣང་བ་ཡིན། ཤིང་ནྱ་གྲོ་ཏ་ལྟར་སྐུའི་ཡན་ལག་ཡོངས་སུ་རྫོགས་པ་ཡིན། བ་སྤུ་གྱེན་དུ་ཉལ་ཞིང་གཡས་སུ་འཁྱིལ་བ་ཡིན། སྐུ་གསེར་བཙོ་མ་ལྟར་འདུག་པ་ཡིན། ལྟག་པའི་འོད་འདོམ་གང་དང་ལྡན་པ་ཡིན། ལྤགས་པ་མཉེན་འཇམ་ལ་རྡུལ་དྲིས་མི་དགོས་པ་ཡིན། གནས་བདུན་ཡོངས་སུ་གང་བ་ཡིན། སྐུ་སྟོད་སེངྒེ་ལྟ་བུ་དང་། ལག་ངར་ཟླུམ་ལ་ཤུགས་ཀྱིས་གཞོལ་བ་ཡིན། སྒྲོག་རུས་གང་བ་ཡིན། སྐུ་སྟོད་སྨད་འབྱེད་པ་ཡིན། ཚེམས་བཞི་བཅུ་ལྡན་པ་ཡིན། ཚེམས་ཐགས་བཟང་ཞིང་མདོག་དཀར་བ་ཡིན། འགྲམ་པ་སེངྒེ་ལྟར་གང་བ་ཡིན། རོ་བྲོ་བའི་མཆོག་དང་ལྡན་པ་ཡིན། ཤའི་དོ་ཀེར་དང་ལྡན་པ་ཡིན། ལྗགས་རིང་ལ་ཡངས་པ་ཡིན། ཚངས་པའི་སྒྲ་དབྱངས་ལྡན་པ་ཡིན། སྤྱན་མདོག་མཐོན་མཐིང་ལྟར་འདུག་པ་ཡིན། སྤྱན་ཁྱུ་མཆོག་གི་རྒྱལ་པོ་ལྟར་འདུག་པ་ཡིན། མཛོད་སྤུ་དཀར་པོ་ལྡན་པ་ཡིན། གནས་བདུན་མཐོ་བ་ནི། ཕྱག་ཞབས་ཀྱི་རྒྱབ་བཞི། འཕྲག་པ་གཉིས། ལྟག་པའི་ཕྱོགས་ཏེ་བདུན་ཡིན་ནོ། །དཔེ་བྱད་བརྒྱད་ཅུ་ནི། མདོ་སྡེའི་དོན་བསྡུས་ན། སེན་མོ་ཟངས་མདོག་ལ་སྣུམ་པ་དང་། ཤང་ཤོང་མེད་ཅིང་མཐོ་བ། ཟླུམ་ལ་རྒྱས་པ་ཕྲ་བའོ། །རྩ་མི་མངོན་ཞིང་མདུད་པ་མེད་པ་ལོང་བུ་མི་མངོན་ཞིང་མཉམ་པ། མི་ཟིལ་གྱིས་གནོན་པ་ལ་མཁས་པས་སེང་གེའི་སྟབས་སུ་གཤེགས་པ་དང་། དེ་བཞིན་དུ་ཀླུ་ལ་གླང་ཆེན་ལྟ་བུར་གཤེགས་པ་དང་། ནམ་མཁར་ངང་པའི་སྟབས་སུ་གཤེགས་པ་དང་། སེམས་ཅན་གྱི་སྣ་འདྲེན་པ་ལ་མཁས་པ་ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། གཡས་སུ་ལྡོག་ཅིང་གཤེགས་པ་དང་། མཛེས་པ་དང་དྲང་པོར་གཤེགས་པ་དང་། འཁྲིལ་བག་ཆགས་པར་གཤེགས་པ་དང་། སྐུ་བྱི་དོར་བྱས་པ་ལྟ་བུ་དང་། སྐུ་རིང་ཐུང་དང་སྦོམ་ཕྲ་སོགས་མ་འཆོལ་བ། སྐུ་གཙང་བ་དང་། འཇམ་པ་དང་རྣམ་པར་དག་པ་དང་། མཚན་ཡོངས་སུ་རྫོགས་པ་དང་། སྐུའི་ཁོ་ལག་ཡངས་ཤིང་བཟང་བ་དང་། གོམ་པ་དལ་མྱུར་སྙོམས་པ་དང་། དྲི་མ་ར་རི་མེད་པས་སྤྱན་གཉིས་དོག་པ་དང་། གཞོན་ཤ་ཆགས་ཤིང་ཞུམ་པ་མེད་པ་དང་། ཤ་ཚུགས་རྒྱས་ཤིང་གྲིམས་པ་དང་། ཡན་ལག་དང་ཉིང་ལག་རྣམས་དབྱེས་པ་དང་། གཟིགས་པ་རྣམ་པར་དག་པ་དང་། སྐུའི་ཕྱལ་ཟླུམ་པ་དང་། རྐེད་སྐབས་འཚམས་པ་དང་། སྐུ་མ་རྙོངས་པ་དང་། སྐུའི་ཕྱལ་མཐོ་དམན་མེད་པ་དང་། ལྟེ་བ་ཟབ་ཅིང་གཡས་སུ་འཁྱིལ་བ་དང་། སྤྱོད་ལམ་བལྟ་ན་སྡུག་པ་དང་། ཀུན་སྤྱོད་གཙང་བ། སྨེ་བ་དང་གནག་བག་མེད་པ། ཕྱག་འཇམ་ཞིང་རི་མོ་གསལ་བ་དང་རྒྱང་ནས་གསལ་བའི་ཟབ་པ། རིང་བ་དང་། ཞལ་ཧ་ཅང་མི་རིང་བ་དང་། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་ཞིང་མཆུ་སྒྲོས་བིམ་པ་ལྟར་དམར་བ། ལྗགས་རིང་ཞིང་མཉེན་པ་སྲབ་ལ་དམར་བ། གསུང་འབྲུག་སྒྲ་ལྟ་བུ་དང་སྙན་ཞིང་འཇམ་པའོ། །མཆེ་བ་ཟླུམ་ཞིང་རྣོ་ལ་དཀར་བ་མཉེན་པ་བྱིན་གྱིས་ཕྲ་བའོ། །ཤངས་གཟེངས་མཐོ་ཞིང་དག་ཅིང་གཙང་བའོ། །སྤྱན་ཡངས་ཤིང་རྫི་མ་སྟུག་པ་དཀར་ནག་མ་འདྲེས་པ་པད་འདབ་ལྟར་རྫོགས་པའོ། །སྨིན་ཚུགས་རིང་བ་འཇམ་པ་སྣུམ་པ་སྤུ་མཉམ་པ། ཕྱག་རིང་ཞིང་རྒྱས་པ། སྙན་མཉམ་པ། དབང་པོ་མ་ཉམས་པའོ། །དཔྲལ་བ་ལེགས་པར་དབྱེས་པ། དབྱེས་ཆེ་བ་དབུ་གདུགས་ལྟར་རྒྱས་པ་དང་། སྐྲ་བུང་བ་ལྟར་གནག་པ་གོ་མཚམས་མེད་པར་སྟུག་པ་འཇམ་པ་མ་འཛིང་བ། མི་གཤོར་བ། དྲི་ཞིམ་པ་དང་། ཐུགས་ཀར་དཔལ་བེའུ་དང་། ཕྱག་ཞབས་ཀྱི་མཐིལ་ལ་རི་མོ་གྲུ་བཞི་པའི་བཀྲ་ཤིས་དང་། སྲིན་ལག་ལ་སོགས་པའི་གཤམ་དུ་རི་མོ་བདུན་གཡས་སུ་འཁྱིལ་བའི་གཡུང་དྲུང་འཁྱིལ་བས་བརྒྱན་པའོ། །མདོར་ན་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་གང་ཡོད་ཕྱོགས་གཅིག་ཏུ་སྤུངས་པ་བས་ཀྱང་སངས་རྒྱས་ཀྱི་བ་སྤུ་གཅིག་གི་མཚན་གྱིས་འཕགས་སོ། །དེ་ལས་ཀྱང་སངས་རྒྱས་ཀྱི་གསུང་ཁྱད་པར་འཕགས་ཏེ། འཇིག་རྟེན་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་དུས་གཅིག་ཏུ་རང་སྐལ་དང་མཚམས་པའི་དྲི་བ་མི་འདྲ་བ་དཔག་ཏུ་མེད་པ་དྲིས་ཀྱང་དེ་རྣམས་ཀུན་ལ་དབྱངས་གཅིག་གིས་ལན་བཏབ་པ་སོ་སོའི་འདོད་ཚུལ་ལྟར་གོ་ནུས་པས་ཁྱད་པར་འཕགས་སོ། །དེ་ཡང་གསུང་དབྱངས་ཡན་ལག་དྲུག་ཅུ་ནི། ཉི་ཁྲི་ལས་བསྟན་པའི་རྗེས་སུ་འབྲངས་ནས་བསྡུས་ཏེ་འཆད་ན་གསུང་མཉེན་པ་དང་། འཇམ་པ། ཡིད་དུ་འོང་བ། འཐད་པ། དག་པ། དྲི་མ་མེད་པ། རབ་ཏུ་གསལ་བ། འཇེབས་པ། མཉམ་པར་འོས་པ། རྒོལ་བས་མི་བརྫི་བའི་ཕྱིར་མི་ཚུགས་པ། སྙན་པ། དུལ་བ། མི་རྩུབ་པ། མི་བརླང་བ། རབ་ཏུ་འདུལ་བ། རྣ་བར་སྙན་པ། ལུས་སིམ་པར་བྱེད་པ། སེམས་སིམ་པར་བྱེད་པ། སྙིང་དགའ་བར་བྱེད་པ། དགའ་བདེ་སྐྱེད་པར་བྱེད་པ། ཡོངས་སུ་གདུང་བ་མེད་པ། ཀུན་ཤེས་པར་བྱ་བ། རྣམ་པར་རིག་པར་བྱ་བ། རྣམ་པར་གསལ་བ། དགའ་བར་བྱེད་པ། རང་དོན་བྲལ་བ་རྣམས་མངོན་པར་དགའ་བར་བྱ་བ། ཀུན་ཤེས་པ། རྣམ་པར་རིག་པར་བྱ་བ། རིགས་པ། འབྲེལ་བ། སྐྱོན་མེད་པ། སེངྒེའི་སྒྲ་དང་། གླང་པོ་ཆེའི་སྐད། འབྲུག་གི་སྒྲ་དབྱངས་དང་། ལག་འགྲོའི་དབང་པོའི་སྒྲ་དབྱངས་དང་། དྲི་ཟའི་གླུ་དབྱངས་དང་། ཀ་ལ་པིང་ཀའི་སྒྲ་དབྱངས་དང་། ཚངས་པའི་སྒྲ་དབྱངས་དང་། ཤང་ཤང་ཏེའུའི་སྒྲ་དབྱངས་དང་། ལྷ་དབང་གི་དབྱངས་ལྟར་སྙན་པ་དང་། རྔའི་སྒྲ་ལྟ་བུ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲའི་མཚན་ཉིད་ཐམས་ཅད་པའི་རྗེས་སུ་ཞུགས་པ་དང་། ཟུར་ཆག་མེད་པ་དང་། མ་ཚང་བ་མེད་པ་དང་། མ་ཞུམ་པ་དང་། མི་ཞན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཐ་བ་མེད་པ་དང་། རྒྱུན་ཆགས་པ་དང་། བརྗིད་པ་དང་། སྒྲ་ཐམས་ཅད་རྫོགས་པར་བྱེད་པར་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་བརྟབས་པ་དང་། ཀུན་ཏུ་གྲགས་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟེ་གསུང་དབྱངས་ཡན་ལག་དྲུག་ཅུའོ། །དེ་ལྟར་གཟུགས་སྐུའི་རང་བཞིན་མཚན་དཔེ་རྒྱ་མཚོ་ལྟ་བུའི་རྟེན་ལ། བརྟེན་པ་ཡེ་ཤེས་ཀྱི་ཆོས་ཉིད་ནི་རྣམ་ཀུན་མཆོག་ལྡན་གྱི་ཆོས་སྐུའོ། །དེ་ཡང་དབྱིངས་དག་མཉམ་ཆེན་པོ་སྐུ་ཐམས་ཅད་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་ངོ་བོ་ཉིད་སྐུ་དང་། སྤངས་རྟོགས་མཐར་ཕྱིན་པ་རིག་པའི་ངོ་བོ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ལ་ནི་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུ་ཞེས་སོ། །དེ་ལ་བསམ་གཏན་དང་པོ་གཉིས་པ་གསུམ་པ་བཞི་པ་སྟེ་རང་རང་གི་དངོས་གཞི་བཞི། ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པའི་སྐྱེ་མཆེད། འདུ་ཤེས་མེད་འདུ་ཤེས་མེད་མིན་ཏེ་གཟུགས་མེད་པའི་དངོས་གཞི་བཞི། འགོག་པའི་སྙོམ་འཇུག་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ། ཟད་པར་ས་ཆུ་མེ་རླུང་ནམ་མཁའ་དང་། སྔོ་སེར་དམར་དཀར་པོ་སྟེ་ཟད་པར་རྣམ་ཤེས་ཀྱི་སྐྱེ་མཆེད་དེ་ཟད་པར་གྱི་རྣམ་པ་བཅུ། དབྱིབས་དང་ཁ་དོག་ཟིལ་གྱིས་གནོན་པ་བཞི་གཉིས་བརྒྱད། ཉོན་མོངས་མེད་པ་དང་། སྨོན་ལམ་མཁྱེན་པ་ལ་སོགས་མདོར་ན་དེའི་རང་བཞིན་ངོ་བོ་ཉིད་དབྱིངས་ནམ་མཁའ་ལྟ་བུ་ལ་རྟོགས་པ་ཡེ་ཤེས་ཀྱི་ཉི་མ་ལྟ་བུ་གློ་བུར་གྱི་སྒྲིབ་པ་ཆ་དང་བཅས་པ་སྤངས་ཤིང་རྟོགས་པའི་ཡོན་ཏན་མཐའ་དག་རྫོགས་པའི་ཆོས་ཉིད་ངེས་པ་ཉིད་དུ་བློ་བསམ་གྱིས་མི་ཁྱབ་པའོ། །ལོངས་སྐུ་ནི། ཀུན་གཞི་ཚོགས་དང་བཅས་པ་དབྱིངས་སུ་ནུབ་པའི་སྣང་ཆའི་ཡོན་ཏན་སྟོང་གཟུགས་ཀྱི་སྐུར་ཡོངས་སུ་རྫོགས་པའི་ངེས་པ་ལྔ་ལྡན་ནི། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། སྟོན་པ་ངེས་པ་རིགས་ལྔ། འཁོར་ངེས་པ་བྱང་སེམས་ས་བཅུ་པ། ཆོས་ངེས་པ་ཐེག་ཆེན་འབའ་ཞིག །དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོ་འབྱུང་བའོ། །རྩ་བ། ཆོས་ནི་བསོད་ནམས་ལམ་དང་མྱ་ངན་འདའ། །བརྗོད་བྱའི་དོན་ཏེ་དེ་ལའང་འབྲས་བུ་དང་། །བྱ་བའི་རང་བཞིན་གཉིས་སུ་གནས་པ་ལས། །བདེན་གཉིས་ཞེས་བྱ་འགོག་ལམ་རྣམ་གཉིས་ཡིན། །ཞེས་པ་ནི་འདིར་དམ་པའི་ཆོས་ཀྱི་རང་བཞིན་ནི་བསོད་ནམས་དང་ལམ་དང་མྱང་འདས་གསུམ་བརྗོད་བྱའི་དོན་ཡིན་ལ། གསུང་རབ་ནི་རྗོད་བྱེད་ཀྱི་ཚིག་ཏུ་ཤར་བས་སོ། །དེ་ལའང་འབྲས་བུ་འགོག་བདེན་གྱི་ཆོས་དང་བྱ་བའི་རང་བཞིན་ལམ་བདེན་གྱི་ཆོས་གཉིས་ཡིན་ནོ། །དེ་ལ་སོ་སོ་རང་གི་རིག་པ་ནི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་གྱིས། རྟོག་དཔྱོད་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །རྩ་བ། བརྗོད་བྱ་རྗོད་བྱེད་ལ་ལྟོས་ལུང་རྟོགས་ཆོས། །ལུང་ནི་གསུང་རབ་ཡན་ལག་བཅུ་གཉིས་དང་། །གཉེན་པོའི་སྒོ་ནས་སྡེ་སྣོད་གསུམ་དུ་ཤར། །ཐབས་ཀྱིས་ཆེ་བ་རིག་འཛིན་སྡེ་སྣོད་ཡིན། །གླེགས་བམ་ཡི་གེར་གནས་པ་དམ་ཚིག་རྟེན། །ཞེས་པ་ནི་དེ་ཡང་བརྗོད་བྱའི་དོན་དང་རྗོད་བྱེད་ལ་ལྟོས་ནས་ལུང་རྟོགས་ཀྱི་བསྟན་པ་གཉིས་སུ་བཞག་པ་ལ་ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ནི། བརྒྱད་སྟོང་འགྲེལ་ཆེན་ལས། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་གླིང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་སོ། །དེ་ཡང་ཀུན་རྫོབ་སྒྲུབ་པ་སྟོན་པ་ནི་དྲང་དོན་དང་དོན་དམ་སྒྲུབ་པ་སྟོན་པ་ནི་ངེས་དོན། གཉེན་པོའི་སྒོ་ནས་སྡེ་སྣོད་གསུམ་དུ་ཤར་ཞེས་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དང་། བར་པ་གསུམ་ཉན་ཐོས་ཀྱི་འདུལ་བ། ཐ་མ་བཞིའི་སྐྱེས་པ་རབས་ཀྱི་སྡེས་བྱང་སེམས་ཀྱི་འདུལ་བའི་སྡེ་སྣོད་ཀྱི་འཁོར་དང་། ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་གཏན་ལ་དབབ་པའི་སྡེ་ནི། ཉན་ཐོས་དང་བྱང་སེམས་གཉིས་ཀའི་ཐུན་མོང་གི་ཆོས་མངོན་པའི་སྡེ་སྣོད་དོ། །རང་སངས་རྒྱས་ལ་སྡེ་སྣོད་ལོགས་པ་མེད་དེ་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་པའོ། །མདོར་ན་མདོ་སྡེས་ནི་བསླབ་པ་གསུམ་ཀ་བཤད་དོ། །འདུལ་བས་ནི་ལྷག་པ་ཚུལ་ཁྲིམས་དང་། ལྷག་པའི་སེམས་བསྒྲུབ་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་རིམ་གྱིས་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རོ། །མངོན་པས་ལྷག་པའི་ཤེས་རབ་བསྒྲུབ་པ་ཡིན་ཏེ། དོན་ཕྱིན་ཅི་མ་ལོག་པ་སྟོན་པའི་ཕྱིར་རོ། །དེ་དག་ཀྱང་གདུལ་བྱའི་སྒོ་ནས་དབྱེ་བས་ཐབས་ཀྱིས་ཆེ་བ་ནི་རིག་པ་འཛིན་པའི་སྡེ་སྣོད་དོ། །དེ་ལྟ་བུའི་སྡེ་སྣོད་བཞི་པོ་ཡང་བདག་པོའི་རྐྱེན་གྱི་འདུ་བྱེད་ལས་ཡི་གེ། ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག ། ཚིག་འདུས་པ་ལས་གླེགས་བམ་དུ་གནས་པ་ནི་སྐྱབས་སུ་འགྲོ་བའི་གང་ཟག་གི་རྟེན་ཡིན་ནོ། །རྩ་བ། རྟོགས་པའི་ཆོས་ནི་དྲན་པ་ཉེར་གཞག་ནས། །རིམ་བཞིན་ལམ་ལྔའི་ཡོན་ཏན་མཐའ་དག་དང་། །འཕགས་པའི་སྤང་རྟོགས་ཡེ་ཤེས་སྙིང་པོ་ཅན། །བསྐྱེད་དང་རྫོགས་པ་གཟུངས་དང་ཟད་པར་དང་། །སློབ་ལམ་བཞི་དང་མི་སློབ་ལམ་གྱི་དངོས། །རྒྱུ་ཡི་ས་བཅུ་འབྲས་བུའི་བཅུ་གསུམ་སོགས། །རྡོ་རྗེ་ཐེག་པའི་རིགས་དབྱེ་དཔག་ཏུ་མེད། །གང་གི་ཡེ་ཤེས་རྒྱུད་ལ་བརྟེན་པའོ། །ཞེས་པ་ནི་དེ་ལ་རྟོགས་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པས་ན་ས་ཡིན་ཞིང་། དེའང་ཉན་རང་དང་བྱང་ཆུབ་སེམས་དཔའ་གཉིས་ལས་སྔ་མ་ནི། ཡུམ་བར་མ་ལས། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་རྒྱལ་གྱི་ས་སྟེ་བརྒྱད་དུ་གནས་ཞེས་སོ། །བྱང་ཆུབ་སེམས་དཔའ་ལ་ནི་ས་བཅུ་བཤད་དེ། དེ་ལྟ་བུའི་རྟེན་དུ་གྱུར་པ་ནི་ལམ་ལྔ་སྟེ། དེ་ལ་དང་པོ་ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་ལ་གཙོ་བོར་སྤྱོད་པ་ནི་ཚོགས་ལམ་ཡིན་ལ། དེའང་ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་བཞག་པ་བཞི་ཡོད་པའི་ལུས་དྲན་པ་ཉེར་བཞག་ནི། མཉམ་བཞག་ནམ་མཁའ་ལྟ་བུ་ལ། རྗེས་ཐོབ་ཏུ་མི་གཙང་བ་དང་སྒྱུ་མ་ལྟ་བུར་བསྒོམ་མོ། །ཚོར་བ་དྲན་པ་ཉེར་བཞག་ནི། མཉམ་བཞག་ཏུ་མ་སྐྱེས་པ་དང་། རྗེས་ཐོབ་ཏུ་གང་ཅི་ཚོར་ཡང་སྡུག་བསྔལ་དང་སྙིང་པོ་མེད་པར་བསྒོམ་མོ། །སེམས་དྲན་པ་ཉེར་བཞག་ནི། རང་བཞིན་གྱིས་སྟོང་པ་དང་། རྗེས་སུ་ཐོབ་ཏུ་མི་འགག་ལ་མི་གནས་པ་བསྒོམ་མོ། །ཆོས་དྲན་པ་ཉེར་བཞག་ནི། མཉམ་བཞག་མཉམ་པ་ཉིད་དང་། རྗེས་ཐོབ་ཏུ་སྒྱུ་མའི་དཔེ་བརྒྱད་དུ་བསྒོམ་མོ། །ཚོགས་ལམ་འབྲིང་པོ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད། སྐྱེས་པ་རྒྱུན་གཅོད། དགེ་ཆོས་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་ལོ། །ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་སེམས་རྩེ་གཅིག་པ་བསྒོམས་པས་སྤྱན་དང་མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པའི་དོན་འགྲུབ་པ་སྟེ། དེ་ཡང་འདུན་པ། བརྩོན་འགྲུས། སེམས་པ། དཔྱོད་པའི་ཏིང་ངེ་འཛིན་བཞིའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་ལ་སྦྱོར་བ་ནི་སྦྱོར་ལམ་གྱི་མཚན་ཉིད་དེ། ལམ་གྱི་ངོ་བོ་དྲོད་དང་། རྩེ་མོ་དང་། བཟོད་པ་དང་། ཆོས་མཆོག་བཞིར་གནས་པ་ལ། དྲོད་རྩེ་ག ཉིས་སུ་དབང་པོ་ལྔ་པོ་བསྒོམ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ། དྲན་པའི་དབང་པོ། ཏིང་ངེ་འཛིན་གྱི་དབང་པོ། ཤེས་རབ་ཀྱི་དབང་པོའོ། །བཟོད་ཆོས་གཉིས་སུ་སྟོབས་ལྔ་བསྒོམ་སྟེ། དད་པའི་སྟོབས་ལ་སོགས་གོང་ལྟར་བསྒྱུར་རོ། །དེ་ལྟར་སྦྱོར་ལམ་ཆ་བཞི་པོའི་ཡེ་ཤེས་ལ་ཆུང་འབྲིང་ཆེན་པོ་གསུམ་གྱི་དབྱེ་བས་ངེས་འབྱེད་ཆ་མཐུན་བཅུ་གཉིས་ཞེས་བྱའོ། །དེའང་དྲོད་རྩེ་གཉིས་ཆུང་ངུ་དང་། བཟོད་པ་འབྲིང་ཆོས་མཆོག་ཆེན་པོ་སྟེ་ཚེ་དེ་ཉིད་ལ་མཐོང་ལམ་སྐྱེ་བ་སྦྱོར་ལམ་མོ། །ལམ་དེ་ལ་འོག་མ་ལས་འཕགས་ཆོས་ལྔ་ཡོད་དེ། སུན་འབྱིན་པའི་གཉེན་པོ་དང་། སྤོང་བའི་གཉེན་པོ་དང་། རྟེན་གྱི་གཉེན་པོ་དང་། ཐག་བསྲིང་གི་གཉེན་པོ་སོགས་ལྔའོ། །ཆོས་ཉིད་དངོས་སུ་མཐོང་ཚེ་མཐོང་ལམ་སྟེ། མཐོང་ལམ་གྱི་རྟེན་བྱང་ཆུབ་ཀྱི་ཡན་ལག་བདུན་ཡིན་ཏེ། དྲན་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང་། །བཏང་སྙོམས་འདི་བདུན་བྱང་ཆུབ་ཡན་ལག་སྟེ། །ཞེས་བཤེས་སྤྲིང་ལས་སོ། །འདིའི་ཚེ་སྒྲིབ་གཉིས་ལས་གྲོལ་བ་དང་། སྦྱིན་པ་ལ་སོགས་ཕར་ཕྱིན་ལྔའི་སྒྲིབ་པ་སེར་སྣ་ལ་སོགས་པ་ནི་ཉོན་སྒྲིབ་དང་། ཤེས་རབ་ལ་འཁོར་གསུམ་བདེན་ཞེན་དང་མ་བསྒྲིབས་ལུང་མ་བསྟན་གྱི་ངོ་བོ་གཟུང་འཛིན་དུ་གྱུར་པ་ཤེས་སྒྲིབ་ཡིན་པས་དེ་གཉིས་ཀ་ལས་གྲོལ་བའོ། །དེའང་འདས་པའི་ཡེ་ཤེས་ཐོག་མར་ཐོབ་པ་དེའི་ཚེ་སྤང་བྱ་ས་བོན་དང་བཅས་པ་འགག་པ་དུས་མཉམ། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་བདག་མེད་གཉིས་མངོན་སུམ་དུ་རྟོགས་པས་སྔོན་མེད་པའི་དགའ་བ་རྒྱ་ཆེན་ཐོབ་པས་རབ་ཏུ་དགའ་བའོ། །འདིའི་དུས་སྐད་ཅིག་གཅིག་ལ་སངས་རྒྱས་བརྒྱའི་ཞལ་མཇལ་བ་དང་བྱིན་གྱིས་བརླབས་པར་ཤེས་པ་དང་རང་ཉིད་ཀྱང་སྤྲུལ་པ་བརྒྱ་འགྱེད་པ་དུས་བསྐལ་བརྒྱར་སྟོན་པ། སྔོན་དང་ཕྱི་མའི་གནས་བརྒྱ་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ། ཏིང་ངེ་འཛིན་བརྒྱ་ལ་འཇུག་ཅིང་ལྡང་བ། སེམས་ཅན་བརྒྱ་སྨིན་པར་བྱེད་པ། ཞིང་ཁམས་བརྒྱ་གཡོ་ཞིང་འོད་ཀྱིས་གསལ་བར་བྱེད་པ། ཆོས་སྒོ་བརྒྱ་འབྱེད་ཅིང་ལུས་བརྒྱར་སྟོན་བཞིན་དེ་རེ་རེ་ལ་འཁོར་དེ་ལྟས་བསྐོར་བ། སྲིད་པ་ཕྱི་མར་འཛམ་གླིང་ལ་དབང་བའི་རྒྱལ་པོའི་སྐྱེ་བ་འཛིན་ནུས་པ་དང་། བསམ་བཞིན་དུ་སྐྱེ་བ་གཞན་ཡང་འཛིན་པར་བཤད་དོ། །འདིའི་དུས་འཕགས་ལམ་ཡན་ལག་བརྒྱད་ལྡན་ཏེ། ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང་། །དྲན་དང་ཏིང་འཛིན་ངག་དང་ལས་མཐའ་དང་། །ཡང་དག་རྟོགས་ཉིད་ལམ་གྱི་ཡན་ལག་བརྒྱད། །ཅེས་བཤེས་སྤྲིང་ལས་སོ། །དེ་ཡང་ཕར་ཕྱིན་བཅུའི་དྲི་མ་བཅུ་སེལ་བ་ལ་ལྟོས་ནས་ས་བཅུར་བཞག་ཀྱང་། ཕྱིན་བཅུ་རང་རང་གཙོ་བོར་སྤྱོད་བཞིན་ལྷག་མ་རྣམས་ཀྱང་སྒྲུབ་པའོ། །དེའང་བསྒོམ་ལམ་ཆུང་འབྲིང་ཆེ་གསུམ་གྱིས་དབྱེ་བས་དགུ་སྟེ། ཆུང་ངུའི་ཆུང་ངུ་ས་གཉིས་པ་དྲི་མ་མེད་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་འོག་མ་ཀུན་ལ་དེའི་འགྲེས་ཀྱིས་ས་བཅུ་དང་ཕྱིན་བཅུ་སྦྱོར་ཤེས་པར་བྱའོ། །ཆུང་ངུའི་འབྲིང་ས་གསུམ་པ་འོད་བྱེད་པ། ཆུང་ངུའི་ཆེན་པོ་ས་བཞི་པ་འོད་འཕྲོ་བའོ། །དེ་གསུམ་ཀའི་རྣམ་སྨིན་ནི། དང་པོས་གསེར་གྱི་འཁོར་ལོས་བསྒྱུར་བ་དང་། གཉིས་པས་ལྷའི་དབང་པོ་བརྒྱ་བྱིན། གསུམ་པས་མཚེ་མའི་ལྷ་རྒྱལ་གྱི་སྐྱེ་བ་འཛིན་ཏོ། །འབྲིང་གི་ཆུང་ངུས་ལྔ་པ་སྦྱང་དཀའ་བ། འབྲིང་གི་འབྲིང་ས་དྲུག་པ་མངོན་དུ་གྱུར་པ། འབྲིང་གི་ཆེན་པོ་ས་བདུན་པ་རིང་དུ་སོང་བའོ། །དེ་གསུམ་གྱིས་ཀྱང་། དང་པོས་དགའ་ལྡན་དང་། གཉིས་པས་འཕྲུལ་དགའ། གསུམ་པས་གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོར་འགྱུར་རོ། །ཆེན་པོའི་ཆུང་ངུ་ས་བརྒྱད་པ་མི་གཡོ་བ། ཆེན་པོའི་འབྲིང་ས་དགུ་པ་ལེགས་པའི་བློ་གྲོས། ཆེན་པོའི་ཆེན་པོ་ས་བཅུ་པ་ཆོས་ཀྱི་སྤྲིན། དེ་གསུམ་གྱི་དང་པོས་ལྷ་ཆེན་ཚངས་པ། གཉིས་པས་ཚངས་པ་ཆེན་པོ། གསུམ་པས་གནས་གཙང་ལྷའི་བདག་པོར་འགྱུར་རོ། །དེ་ལས་གཉིས་པའི་སྐབས་ཡོན་ཏན་སྟོང་ཕྲག་བཅུ་གཉིས་དང་། གསུམ་པར་འབུམ་ཕྲག་བཅུ་གཉིས། བཞི་པར་བྱེ་བ་ཕྲག་བཅུ་གཉིས། ལྔ་པར་བྱེ་བ་སྟོང་ཕྲག་བཅུ་གཉིས། དྲུག་པར་བྱེ་བ་འབུམ་ཕྲག་བཅུ་གཉིས། བདུན་པར་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་བཅུ་གཉིས། བརྒྱད་པར་སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་བལྟ་བ་ལ་སོགས་པའི་ཡོན་ཏན་ཐོབ། དགུ་པར་སྟོང་ཆེན་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པའི་ཡོན་ཏན་ཐོབ། བཅུ་པར་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དང་མཉམ་པའི་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་ཀྱི་ཞལ་བལྟ་བ་སོགས་ཡོན་ཏན་བཅུ་གཉིས་པོ་སྐད་ཅིག་གཅིག་ལ་མངོན་དུ་བྱེད་དོ། །གོང་དུ་ས་བཅུའི་ཡོན་ཏན་བཤད་པའི་སྐབས་སུ་འཁོར་ལོས་བསྒྱུར་བ་ལ་སོགས་པའི་རིམ་པས་འཕགས་པའི་ལྷའི་རྒྱལ་པོ་རྣམས་ཀྱི་སྐྱེ་སྲིད་འཛིན་པར་བཤད་ཀྱང་གནས་རིགས་དེ་དག་གི་རྒྱལ་པོ་ཡིན་ཚད་པ་དེ་དག་ལ་གནས་པས་མ་ཁྱབ་སྟེ། སོ་སྐྱེ་བསོད་ནམས་རླབས་ཆེན་བསགས་པ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ཡང་དེ་ལྟར་སྣང་བས་འགྲོ་དོན་མཛད་པའང་ཡོད་དོ། །དེ་ཡང་ས་དང་པོ་ཡན་ཆད་ནས་ཚེ་ལ་དབང་ཐོབ་པས་སྐྱེ་འཆིའི་རེ་དོགས་རང་མཚན་པ་མེད་ཀྱང་འགྲོ་ངོར་ལྟར་སྣང་ཙམ་དུ་སྐྱེ་རྒ་ན་འཆིའི་ཚུལ་སྟོན་པར་ཡང་གསུངས་སོ། །ལམ་ལྔའི་མཐར་ཐུག་མི་སློབ་པའི་ལམ་ནི་བསླབ་བྱ་རྣམས་ཟད་པའི་དུས་ཏེ། ཉན་ཐོས་ལྟར་ན་འཛམ་གླིང་གི་རྒྱལ་རིགས་སམ་བྲམ་ཟེའི་རིགས་ལས་སངས་རྒྱ་བར་འདོད་ཅིང་། ཐེག་པ་ཆེན་པོ་བ་ལྟར་ན་གཙང་རིས་ལྔ་འདས་པ་ན་དབང་ཕྱུག་ཆེན་པོའི་འོག་མིན་ཉན་ཐོས་འཕགས་པ་རྣམས་སྐྱེ་བར་མི་ནུས་པའི་གནས་ཡོད་པས་དེར་སངས་རྒྱས་ནས་གདོད་སྤྲུལ་པ་འཛམ་གླིང་དུ་སངས་རྒྱས་པའི་ཚུལ་སྟོན་པར་བཞེད་དོ། །མི་སློབ་པའི་ལམ་དེའི་ངོ་བོ་ནི་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཡིན་ལ་སའི་ངོས་ནས་བརྗོད་ན་བཅུ་གཅིག་ཀུན་ཏུ་འོད་དེ་རྒྱུའི་ཐེག་པའི་རྩེ་མོ་སྤྲུལ་སྐུའི་ས་མཐར་ཐུག་གོ། །ཡང་སློབ་དཔོན་ཞི་བ་འཚོས་ཕར་ཕྱིན་རང་ལམ་གྱིས་ཀྱང་སྔགས་ཀྱི་རྡོ་རྗེ་འཛིན་པར་འདོད་པ་ནི་སྤྱི་དོན་ཙམ་མོ། །དེ་ཡང་མདོ་སྔགས་ཀྱི་སངས་རྒྱས་གཉིས་རྣམ་པའི་ཆ་ནས་མི་མཚུངས་པ་དང་། གདུལ་བྱ་འདུལ་བའི་ཐབས་དང་། ཕྲིན་ལས་དང་ཞིང་དང་སྤྱོད་ཡུལ་དང་། ས་ལམ་གྱི་རྣམ་བཞག་སོགས་ཀྱི་ཁྱད་པར་དབྱེ་ཡང་དོན་ལ་དཔགས་ན་ཆོས་ཀྱི་དབྱིངས་ནི་ཡོངས་ཀྱི་ཁྱབ་བྱེད་ལས་མི་འཕོའོ། །དེ་ལ་རེ་ཞིག་རྡོ་རྗེ་ཐེག་པའི་སའི་ཁྱད་པར་ནི། ཀུན་ཏུ་འོད་དང་། བདུད་རྩི་འོད་དང་། ནམ་མཁའ་འོད་དང་། རྡོ་རྗེ་འོད་དང་། རིན་ཆེན་འོད་དང་། པདྨོ་འཆང་དང་། ལས་ཀྱི་འོད་དང་། དཔེ་མེད་པ། དཔེ་དང་བྲལ་བ་དང་། ཐམས་ཅད་མཁྱེན་པ་དང་། སོ་སོའི་བདག་ཉིད་དག་པའི་ས་སྟེ་བཅུ་གཉིས་སུ་བཤད་ཆེད་ནི་རིགས་ལྔ་དང་། ཡེ་ཤེས་ལྔ་དང་། ཐབས་ཤེས་གཉིས་ལ་གྲགས་པའོ། །དེ་ལས་མ་ཆགས་པའི་ཤེས་རབ་དང་མི་དམིགས་པའི་ཐུགས་རྗེར་ལྡན་པ་ནི། བཅུ་གཉིས་མ་ཆགས་པདྨ་ཅན་དང་། དེའི་བྱིན་རླབས་ལས་རྒྱལ་བའི་དཀྱིལ་འཁོར་མཐའ་ཡས་པ་རྩོལ་མེད་ལྷུན་གྲུབ་ཏུ་འབྱུང་བས་བཅུ་གསུམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་སའོ། །རྒྱུད་དགོངས་འདུས་ལས་ནི། འདུན་པ་སེམས་དང་། རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ་དང་། མཻ་ཏྲི་པས་ཕར་ཕྱིན་ཐེག་པའི་རང་ལམ་གྱིས་སངས་རྒྱས་མི་ཐོབ་ཀྱང་སྔགས་ཀྱི་ལམ་སྟེགས་སུ་དགོས་ཞེས་པ་དང་། ནཱ་རོ་པས་ཕར་ཕྱིན་ཐེག་པ་བས་སངས་རྒྱས་ཐོབ་ཀྱང་སྔགས་དང་དེ་གཉིས་ཀྱི་ཁྱད་པར་ནི། ས་བཅུ་གཅིག་པས་ད་དུང་སྔགས་ལམ་ལ་ཞུགས་ནས་མྱུར་ལམ་གྱིས་སངས་རྒྱས་བསྒྲུབ་དགོས་པར་བཞེད་དོ། །འདི་ལྟར་རྒྱལ་བ་རྣམས་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་ནི་རིགས་ཀྱི་སེམས་དང་། རྒྱུའི་སེམས་དང་། འབྲས་བུའི་སེམས་རྣམས་སོ་སོ་མ་ཡིན་ཏེ་ཆོས་ཉིད་ཀུན་ཏུ་འགྲོ་བ་རིགས་པར་བྱའོ། །སངས་རྒྱས་ཀྱི་རང་བཞིན་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་བསམ་པས་གཞལ་དུ་མི་རུང་བར་བཤད་དོ། །དེ་ལྟར་ཆོས་དཀོན་མཆོག་གི་ཡོན་ཏན་ཤེས་པ་དེས་རྒྱལ་བའི་བསྟན་པ་ཤེས་ཤིང་། དེ་ཤེས་པས་གྲུབ་མཐའ་ཡང་ཤེས་ལ། དེས་འཁོར་བ་ལས་གང་གིས་སྐྱོབ་པའི་མཚན་ཉིད་ཀྱང་ཤེས་པའོ། །རྩ་བ། དགེ་འདུན་ངོ་བོ་རིག་གྲོལ་གཉིས་ལྡན་ཏེ། །ཉན་རང་ཞུགས་གནས་སྐྱེས་བུ་ཟུང་བཞིའམ། །ཡ་བརྒྱད་རྒྱལ་སྲས་སར་གནས་མཐའ་དག་པའི། །རང་སའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་། །ལམ་དང་སྐྱོབ་པའི་ངོ་བོ་དམ་པའི་ཆོས། །ཆོས་ནི་སྟོན་པ་ལས་བྱུང་དེ་བསྒྲུབ་པའི། །གྲོགས་སམ་བསླབ་པའི་རྟེན་གནས་དགེ་འདུན་ཕྱིར། །དཀོན་མཆོག་གསུམ་ཞེས་སྐྱབས་ཀྱི་ཡུལ་དུ་གྲུབ། །ཅེས་པ་ནི་དེ་ལ་དགེ་འདུན་གྱི་ངོ་བོ་རིག་གྲོལ་གྱི་ཡོན་ཏན་བརྒྱད་ལྡན་ཏེ། དེ་ཡང་ཇི་ལྟ་བ་རིག་པའི་ཡོན་ཏན། ཇི་སྙེད་པ་རིག་པའི་ཡོན་ཏན། ནང་ཡེ་ཤེས་གཟིགས་པའི་རིག་པའི་ཡོན་ཏན་དང་གསུམ། དེའི་སྟེང་དུ་སྤང་བྱ་ཆགས་སྒྲིབ་ལས་གྲོལ་བའི་ཡོན་ཏན། ཐོགས་སྒྲིབ་ལས་གྲོལ་བའི་ཡོན་ཏན། དམན་སྒྲིབ་ལས་གྲོལ་བའི་ཡོན་ཏན། དབྱེ་གཞི་རིག་པའི་ཡོན་ཏན། གྲོལ་བའི་ཡོན་ཏན་གཉིས་བསྣན་པས་བརྒྱད་དོ། །དེ་བརྒྱད་དུ་ཚང་བ་ནི་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པས་དགེ་འདུན་གྱི་ངོ་བོ་ཉིད་དུ་སྨོས་པའོ། །ཉན་རང་གི་རིག་གྲོལ་ལས་དམན་པས་དེའི་ཡན་ལག་ལྟ་བུའོ། །ཉན་ཐོས་ནི་སྟོན་པས་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་རྒྱུན་དུ་ཞུགས་པའི་འབྲས་བུའོ། །ཞེས་པ་ནི་དུག་གསུམ་གཉེན་པོས་བཅིལ་ཏེ་ཞི་གནས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་མི་གཡེང་བའོ། །འདོད་པའི་འདོད་ཆགས་སྲབས་པས་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འོག་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་ནི་དུག་ལྔ་རང་རྒྱུད་ལ་ལྔ་གཉེན་པོས་སྤོང་བ་ཕྱིར་མི་འོང་བའི་འབྲས་བུའོ། །བླ་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་ནི་སྤང་གཉེན་གཉིས་སུ་འཛིན་པ་ལྔ་དང་བྲལ་བའི་དགྲ་བཅོམ་པའོ། །འདི་ལྟར་རྒྱུན་ཞུགས་ཞུགས་གནས་གཉིས། ཕྱིར་འོང་ཞུགས་གནས་གཉིས། ཕྱིར་མི་འོང་ཞུགས་གནས་གཉིས། དགྲ་བཅོམ་ཞུགས་གནས་གཉིས་ཏེ་ཡ་བརྒྱད་ཡིན་ལ། གཉིས་རེ་སྦྲེལ་ན་ཟུང་བཞིའོ། །རང་རྒྱལ་ལའང་ཞུགས་གནས་བརྒྱད་ཡོད་དེ་ཉན་ཐོས་ལས་འཕགས་པའི་ཁྱད་པར་ནི་ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་ཅན་དུ་ཤེས་པས་རང་བྱང་ཆུབ་བོ། །དེ་ཡན་ཕྱིའི་དགེ་འདུན་ཡིན་ལ་ནང་གི་དགེ་འདུན་ནི་རྒྱལ་སྲས་སར་གནས་མཐའ་དག་པ་ཞེས་པ། མཁའ་ལ་འགྲོ་བ་དང་། ཤུགས་ཀྱིས་འགྲོ་བ་དང་། སྔགས་ལས་སྐྱེས་པ་དང་། ལས་ལས་སྐྱེས་པའི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་དང་། དེ་བཞིན་གཤེགས་པའི་རིགས་དང་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་ཏེ་འཇིག་རྟེན་ལས་འདས་པའི་རིགས་དང་། རྣམ་སྨིན། ཚེ་དབང་། ཕྱག་ཆེན། ལྷུན་གྲུབ་རིག་འཛིན་ཏེ་ས་དང་འབྲས་བུར་གནས་པའི་རིག་འཛིན་གྱི་ཚོགས་རྣམས་སོ། །དེ་ལ་དཀོན་མཆོག་ནི། མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པར་ཁྱབ་པ་ནོར་བུ་ལྟ་བུ་དཀོན་པ་དང་། འགྲོ་བ་རྣམས་ལ་བུ་གཅིག་པར་ལྟར་བརྩེ་བའི་ཐུགས་རྗེ་དང་ལྡན་པས་ཕྱོགས་རིས་ཀྱི་དྲི་མ་མེད་པ་དང་། འདོད་པས་ཟིལ་གྱིས་ནོན་པའི་འགྲོ་བ་མཐའ་དག་འདུལ་བའི་ནུས་པ་ཆེ་བ་དང་། འཇིག་རྟེན་སྤྱིའི་རྒྱན་མཆོག་ཏུ་གྱུར་པའི་ཡོན་ཏན་ཟད་མི་ཤེས་པ་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཉིད་འགྲོ་བ་ཀུན་ལ་སྨན་པའི་ཕྲིན་ལས་འབའ་ཞིག་ཏུ་ཤར་བ་ནམ་ཡང་བསླུ་བ་མེད་པའོ། །སྔོན་ཕུག་རོན་གཅིག་ཁྲས་དེད་པ་ཤཱ་རིའི་བུའི་ཕག་ཏུ་གབ་ཀྱང་སྐྲག་ཅིང་སྔངས་ལ། སངས་རྒྱས་ཀྱི་སྐུ་གྲིབ་ཏུ་ཕྱིན་པས་འཇིགས་སྐྲག་དང་ཡ་ང་བ་མེད་པའི་དོན་ནི། ཤཱ་རིའི་བུ་ནི་བསྐལ་པ་དྲུག་ཅུའི་བར་དུ་དཀའ་བ་སྤྱད་ཀྱང་བྱམས་སྙིང་རྗེ་ཆུང་བའི་སྐྱོན་དང་། སངས་རྒྱས་ནི་དེ་ལས་ལྷག་པའི་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་ཚོགས་གཉིས་བསགས་པས་ཁྱད་པར་འཕགས་པ་དང་བྱམས་སྙིང་རྗེ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་འཕགས་པའི་ཕྱིར་རོ། །དཔེར་ན་ལྷས་སྦྱིན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཡང་དག་པའི་སེམས་ཀྱིས་མ་ཡིན་ཏེ། དེ་ནི་རྒྱུན་དུ་རྙེད་པ་དང་། བཀུར་སྟི་དང་། གྲགས་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན་དུ་ཚུལ་འཆོས་ཤིང་སངས་རྒྱས་ལའང་སྐུར་པ་འདེབས་པ་སོགས་ཀྱིས་མཚམས་མེད་པའི་དམྱལ་བར་སོང་མོད་ཀྱང་མཆོག་གསུམ་ལ་སྐྱབས་སུ་སོང་བའི་མཐུས་སྡུག་བསྔལ་ཡང་ཞིང་ཆུང་ལ་ཐར་པའི་སྐབས་ཀྱང་ཡོད་པར་གསུངས་པ་དང་། རྒྱལ་པོ་མ་སྐྱེས་དགྲས་མཚམས་མེད་པའི་སྡིག་པ་བྱས་བཞིན་དེའི་རྣམ་སྨིན་གྱིས་མཚམས་མེད་པའི་དམྱལ་བར་ལྷུང་བར་རིགས་པ་ལ། དད་པའི་སེམས་ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་བས་མཚམས་མེད་པའི་སྡིག་པ་མྱོང་རྒྱུ་ཞག་བདུན་གྱི་ཟད་པ་ནས་དཀོན་མཆོག་གསུམ་ཞེས་སྐྱབས་ཀྱི་ཡུལ་དུ་གྲུབ་ཅེས་པའོ། །རྩ་བ། དེ་ལ་རྒྱུ་དང་འབྲས་བུའི་སྐྱབས་འགྲོ་ཡི། །དམ་བཅའ་གཉིས་ལས་དུས་གཞན་འགྲུབ་འདོད་རྒྱུ། །ད་ལྟར་འགྲུབ་པ་རང་སེམས་འབྲས་བུའི་སྐྱབས། །རྡོ་རྗེ་ཐེག་པ་དག་གི་ཁྱད་ཆོས་ཡིན། །རྒྱུ་ཡི་ཡུལ་ནི་དཀོན་མཆོག་རྣམ་པ་གསུམ། །སྔགས་སུ་དེ་ཡི་ངོ་བོ་བླ་མར་འདུས། །ཞེས་པ་ནི་དེ་ལ་ཕར་ཕྱིན་ཐེག་པས་དུས་གཞན་བསྐལ་པ་གྲངས་མེད་གསུམ་ལ་སོགས་པའི་མཐར་སངས་རྒྱས་ཐོབ་པར་དམིགས་ནས་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་སངས་རྒྱས་འཐོབ་པའི་རྒྱུ་བྱེད་པས་ན་རྒྱུའི་སྐྱབས་འགྲོ་ཞེས་བྱའོ། །སྐྱབས་སུ་འགྲོ་ཡུལ་དེ་དག་གི་སྤངས་རྟོགས་ཀྱི་ཡེ་ཤེས་འབྱུང་འགྱུར་ལ་རང་རྒྱུད་དུ་སྨིན་པར་འདོད་པ་ནི་འབྲས་བུའི་སྐྱབས་འགྲོའོ། །ཁྱད་པར་རྡོ་རྗེ་ཐེག་པ་བ་ལྟར་ན་རང་གི་སེམས་ཀྱི་དེ་ཉིད་མཐོང་བར་འདོད་ནས་མཆོག་གསུམ་གཞན་ནས་མི་འཚོལ་བར་རིག་པ་སྐུ་གསུམ་གྱི་བདག་ཉིད་གསལ་གདབ་ཅིང་དེའི་ངང་དུ་མཉམ་པར་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོའི་མཐར་ཐུག་པའོ། །རྒྱུ་ཕར་ཕྱིན་ཐེག་པའི་སྐབས་སངས་རྒྱས་གཙོ་བོར་འཛིན་གྱི། སྔགས་བླ་མེད་ལ་བླ་མ་ཁོ་ན་གཙོ་བོར་བཤད་དོ། །རྩ་བ། ཉི་ཚེ་མཆོག་དང་བླ་ན་མེད་པ་ཡི། །ཀུན་སློང་གསུམ་ལས་སྐྱེས་བུ་ཆུང་ངུ་ནི། །ངན་འགྲོ་ལ་འཇིགས་མངོན་མཐོའི་བར་དུ་འགྲོ། །འབྲིང་གཉིས་སྲིད་པས་འཇིགས་ནས་ཐར་པ་གཉེར། །གནས་སྐབས་ཇི་སྲིད་འཚོ་དང་མཐར་ཐུག་ནི། །ཉན་རང་འབྲས་བུ་ཐོབ་པའི་བར་དུ་འགྲོ། །ཆེན་པོ་གཞན་དོན་སྤང་བའི་ཞི་བདེས་འཇིགས། །འཁོར་བ་དབུགས་འབྱིན་ཆེན་པོ་ལ་བསྒྲལ་ཕྱིར། །བྱང་ཆུབ་བར་འགྲོ་དེ་ཡང་རང་གི་སེམས། །བྲལ་ཐོབ་བསླུ་བ་སྤངས་པ་འབྲས་བུའི་སྐྱབས། །ཞེས་པ་ནི་དེ་ལ་སྐྱེས་བུ་ཆུང་ངུ་ནི་ཚེ་འདི་དོན་དུ་གཉེར་བ་མིན་ཀྱང་ཕྱི་མ་མངོན་མཐོའི་འབྲས་བུ་ཐོབ་པའོ། །སྐྱེས་བུ་འབྲིང་ནི་སྲིད་པའི་གནས་མཐོ་དམན་ཐམས་ཅད་སྡུག་བསྔལ་དུ་ཤེས་བཞིན་དེ་ལས་ཐར་བར་འདོད་ཅིང་རང་ཁོ་ན་སངས་རྒྱས་པའི་ཐབས་ལ་དམིགས་ཏེ་སྐྱབས་སུ་འགྲོ་ཞིང་གནས་སྐབས་ཇི་སྲིད་འཚོའི་བར་དང་མཐར་ཐུག་ཉན་རང་གི་འབྲས་བུ་ཐོབ་པའི་བར་འགྲོ་བའོ། །སྐྱེས་བུ་ཆེན་པོ་ནི་གཞན་དོན་སྤང་བའི་ཞི་བདེ་ལ་འཇིགས་ཤིང་འགྲོ་བ་ཡོངས་སྡུག་བསྔལ་ཐམས་ཅད་ཟད་པར་བྱ་བའི་ཕྱིར་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དུས་ཀྱང་བྱང་ཆུབ་སྙིང་པོའི་བར་རམ་སངས་རྒྱས་ཀྱི་ཡེ་ཤེས་རང་རྒྱུད་ལ་གྲུབ་ནས་བྲལ་ཐོབ་དང་བསླུ་བ་སྤངས་པ་འབྲས་བུའི་སྐྱབས་གནས་ལ་རེག་པའི་བར་རོ། །རྩ་བ། ལམ་དུས་སངས་རྒྱས་རྣམས་ནི་སེམས་ཅན་གྱི། །ཁམས་ལ་ཐུགས་རྗེ་དུས་ལས་ཡོལ་བ་མེད། །བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་ཀྱང་། །མཐའ་དག་བརྗོད་པས་མ་ཐུག་ནམ་མཁའ་ལྡིང་། །བྱ་ལམ་གྲུབ་མཐའ་མ་སྙོགས་སླར་འབབ་འདྲ། །ཞེས་པ་ནི་དེ་ལ་རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་ཀྱི་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་སྟེ་རྒྱུད་ལྔའི་བསྡུས་པའི་འགྲོ་བ་ཡོངས་ལ་སྙིང་རྗེ་ཆེན་པོས་ཕན་འདོགས་པ་ལ་སྙེལ་བ་མེད་པ་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་ཡོན་ཏན་ཡིན་ཞིང་། སངས་རྒྱས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་མཛད་ཕྲིན་ནི་འགྲོ་བའི་ཁམས་ལ་ཕན་པ་རྒྱུན་ཆགས་སུ་འབྲེལ་བས་ན་ནམ་ཡང་བསླུ་བ་མེད་པ་ཡིན་ལ་རྒྱལ་བའི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་མཐའ་དག་བརྗོད་པས་མཐར་ཐུག་པ་མེད་པའི་དཔེ་བྱ་དར་ལ་བབ་པ་ཞིག་གིས་ནམ་མཁའི་མཐའ་བཙལ་བས་མ་རྙེད་ནས་ཐང་ཆད་དེ་སླར་འབབ་པ་དང་འདྲ་ཞེས་པའོ། །རྩ་བ། འདི་ན་འཁོར་བའི་འཁོར་ལོར་ཡང་ན་ཡང་། །བརྒྱུད་དེ་ལས་ངན་བསགས་པའི་མཚང་ཅན་རྣམས། །འཁོར་ལོས་བསྒྱུར་དང་དབང་ཕྱུག་ལ་སོགས་པ། །སྐྱབས་གཞན་གང་གིས་བསླུ་བར་མཐོང་ནས་ནི། །འཇིགས་དང་དད་དང་སྙིང་རྗེ་རྣམ་གསུམ་གྱིས། །གཞན་དོན་སེམས་པ་སྐྱེས་བུ་ཆེན་པོའི་བློས། །དཀོན་མཆོག་རྗེས་སུ་དྲན་པས་སྐྱབས་སུ་འགྲོ། །ཞེས་པ་ནི་དེ་ཡང་འཇིག་རྟེན་ན་འཁོར་བ་རིགས་དྲུག་འཁོར་ལོར་འཁོར་བ་ལྟ་བུ་ལ་ཡང་ནས་ཡང་དུ་བརྒྱུད་དེ་ཉོན་མོངས་བརྒྱད་ཁྲིའི་ལས་ངན་བསགས་པའི་མཚང་ཅན་རྣམས། འཁོར་ལོས་བསྒྱུར་རྒྱལ་དང་དབང་ཕྱུག་ལ་སོགས་པ་ལ་སྐྱབས་བཙལ་ཡང་དཀོན་མཆོག་གསུམ་ལ་གཏོགས་པའི་གཞན་མཐུ་བོ་ཆེ་གང་གིས་ཀྱང་བསླུ་བར་མཐོང་ནས་གཞན་དོན་སྤང་བའི་འཇིགས་པ་དང་མཆོག་གསུམ་ལ་སྙིང་ནས་དད་པ་དང་རིས་མེད་ཀྱི་སྙིང་རྗེ་རྣམ་པ་གསུམ་གྱིས་གཞན་དོན་ཁོ་ན་སེམས་པ་སྐྱེས་བུ་ཆེན་པོའི་བློས་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས་སྐྱབས་སུ་འགྲོ་དགོས་ཞེས་པའོ། །རྩ་བ། ཇི་ལྟར་ནམ་མཁའ་ཚད་གཟུང་མེད་པ་ལྟར། །དཀོན་མཆོག་ལ་བརྟེན་དཀར་ནག་ལས་འབྲས་ཀྱི། །ཕ་མཐའ་མི་དཔོགས་སྐྱབས་སོང་གཟུགས་གྱུར་ན། །ནམ་མཁའི་སྣོད་ཀྱིས་བརྟེན་པར་ནུས་མ་ཡིན། །ནང་པའི་ཁྱུར་འགྲོ་སྡོམ་པ་མཐའ་དག་བརྟེན། །སྡིག་སྒྲིབ་འཛད་ཅིང་གནོད་པའི་ཚོགས་ཀྱིས་སྤོང་། །ངན་འགྲོའི་གཡང་བསྲུང་དཀོན་མཆོག་གསུམ་མི་འབྲལ། །ཕུན་སུམ་ཚོགས་པ་མཐོང་བའི་ཆོས་ལ་འོང་། །བསོད་ནམས་ཚོགས་རྫོགས་གཟུགས་ཀྱི་སྐུ་གཉིས་འགྲུབ། །ཅེས་པ་ནི་འདི་ལྟར་ནམ་མཁའ་ཚད་བཟུང་མེད་པ་ལྟར་དཀོན་མཆོག་གསུམ་ལ་བརྟེན་པའི་རྣམ་དཀར་དང་ནག་པོ་སྡིག་པའི་ལས་དང་འབྲས་བུ་གཉིས་ཀྱི་ཕ་མཐའ་སུས་ཀྱང་མི་དཔོགས་ཤིང་མཆོག་གསུམ་རིན་པོ་ཆེར་སྐྱབས་སུ་སོང་བའི་ཕན་ཡོན་གཟུགས་དང་རྗེས་སུ་གྲུབ་པ་ཞིག་ཡིན་ན་ནམ་མཁའ་འདི་སྣོད་ཀྱི་དངོས་པོར་གྱུར་ཀྱང་ཤོང་བར་དཀའ་བས་ན་བརྟེན་པར་ནུས་མ་ཡིན་ཞེས་དང་། སྐྱབས་སུ་སོང་བའི་དགོས་ཆེད་ཀྱང་། ནང་པའི་ཁྱུར་འགྲོ་བ་དང་། སྐྱབས་སུ་སོང་མ་ཐག་ཏུ་མཆོག་གསུམ་གྱི་སྡེ་ཚན་དུ་ཚུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྩ་བར་འགྱུར་ཞིང་སྔོན་བསགས་པའི་ལས་སྒྲིབ་དང་སྡིག་པ་རྣམས་ཀྱང་ལ་ལ་ནི་བསྲབ་ཅིང་ལ་ལ་ནི་འཛད་པ་དང་ཉེར་འཚེའི་ཚོགས་ཀྱིས་སྤོང་བ་ཡང་སྔོན་སྒྲུབ་པ་པོ་ཞིག་ལ་རྐུན་པོ་ཞིག་གིས་རྐུ་རུ་ཕྱིན་པ་ན་སྒྲུབ་པོས་རྐུན་པོ་ལ་ཁྱོད་རང་ལག་པ་ཡར་སྐྱོངས་དང་ཆས་ཀ་རྣམས་གཏད་བྱས་པས་ཁོས་བདེན་པར་འཁྲུལ་ནས་དེ་ལྟར་བྱས་པས་དེས་དེའི་ལག་པ་བཟུང་ནས་བེར་ཀས་མགོ་ལ་ལན་གསུམ་བརྡེག་པ་དང་ཆབས་གཅིག་མཆོག་གསུམ་ལ་སྐྱབས་འགྲོ་བྱས་འཕྲལ་ཁོ་ན་ཚས་གདུང་བཞིན་བྲོས་ནས་ཟམ་ཟུར་ཞིག་ཏུ་གབ་ནས་བསྡད་ཅིང་ཁོས་ཡང་མཆོག་གསུམ་ལ་དད་པས་མ་ཡིན་ཀྱང་སྔོན་མའི་ལད་མོའི་ཁ་འཆལ་གྱིས་མཆོག་གསུམ་ལ་སྐྱབས་འགྲོ་བྱེད་ཀྱིས་བསྡད་ཚེ། ཕ་རི་ནས་མི་མ་ཡིན་མང་པོ་ཟམ་ཐོག་ནས་འོངས་ཚེ་སྐྱབས་འགྲོའི་སྒྲ་ཚོར་བ་དང་བྲོས་པ་ལྟ་བུའོ། །འཁོར་བ་དང་ངན་སོང་ལ་སོགས་མི་མཐུན་པའི་ཕྱོགས་མཐའ་དག་ལས་སྐྱོབ་པ་དང་མཆོག་གསུམ་སྐྱབས་སུ་རྙེད་པ་ལ་དགའ་བ་བསྒོམས་རྗེས་བསྔོ་སྨོན་དང་འབྲེལ་ན་སྡིག་པ་འཛད་ཅིང་དགེ་བ་འཕེལ་བས་ཚེ་རབས་ཐམས་ཅད་དུ་དཀོན་མཆོག་གསུམ་དང་མི་འབྲལ་ཞིང་སྲིད་དང་ཞི་བའི་ཕུན་སུམ་འཚོགས་པ་མཐའ་དག་མཐོང་བའི་ཆོས་ལ་འབྱུང་བ་དང་གནས་སྐབས་སུ་རྒྱུའི་སྐྱབས་འགྲོས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་མཐར་ཐུག་གཟུགས་སྐུ་རྣམ་པ་གཉིས་རྫོགས་ཞེས་པའོ། །རྩ་བ། འབྲས་བུའི་སྐྱབས་འགྲོ་བསླུ་བ་མེད་པ་ནི། །རྣམ་ཐར་སྒོ་གསུམ་སྨོན་པ་མེད་པའི་དབྱིངས། །གནས་ལུགས་རྡོ་རྗེ་འདུས་མ་བྱས་པ་ཡིན། །ཡེ་ཤེས་ཚོགས་རྫོགས་དག་པ་གཉིས་ལྡན་འཐོབ། །ཅེས་པ་ནི་དེ་ལ་ཕར་ཕྱིན་ཐེག་པ་བས་འབྱུང་འགྱུར་གྱི་ཆར་རང་རྒྱུད་ལ་འགྲུབ་རུང་གི་སངས་རྒྱས་ལ་དམིགས་ཏེ་སྨོན་པ་ནི་འབྲས་བུའི་སྐྱབས་འགྲོར་འདོད་ཀྱང་གཞན་དོན་ལ་དམིགས་པ་ནི་མ་ཡིན་ཞིང་། འདིར་ནི་ཆོས་སྐུ་དེ་ཡང་གཞན་རྒྱུད་ལ་བྱོན་ཟིན་པ་དེ་རྒྱུ་དང་། འབྲས་བུའི་སྐྱབས་འགྲོ་བསླུ་བ་མེད་པ་ནི་རང་གི་སེམས་ཉིད་ཆོས་སྐུའི་རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་སངས་རྒྱས་འགྱུར་བ་མེད་ཅིང་དྲི་མས་མ་གོས་པ་ནི་དམ་ཆོས། ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་རྫོགས་པ་དགེ་འདུན་ཞེས་ངོ་བོའི་ཆ་ནས་རྣམ་ཐར་སྒོ་གསུམ་གྱི་བཞུགས་ཚུལ་ཆེན་པོ་ཡུལ་མཆོག་གསུམ་དང་། ཡུལ་ཅན་བདག་སོགས་འགྲོ་བ་ཞེས་སྐྱབས་སུ་འགྲོ་བྱ་འགྲོ་བྱེད་ཀྱི་ཐ་སྙད་ཐམས་ཅད་སྨོན་པ་མེད་པའི་དབྱིངས་སུ་ཞི་བ་ནི་འབྲས་བུའི་སྐྱབས་འགྲོ་རང་སེམས་ཀྱི་གནས་ལུགས་འགྱུར་བ་མེད་པའི་རྡོ་རྗེ་འདུས་མ་བྱས་པ་ཡིན་ཞེས་པ། དེ་ལྟ་བུ་རྟོགས་པས་ཡེ་ཤེས་ཀྱི་ཚོགས་རྫོགས་ནས་ཡེ་ནས་དག་པའི་ངོ་བོ་དྲི་བྲལ་དང་གློ་བུར་སྒྲིབ་གཉིས་ཀྱི་བག་ཆགས་གཉིས་ཀ་དག་པའི་དག་པ་གཉིས་ལྡན་ཐོབ་པའོ། །དེ་ཡང་སྐྱབས་སུ་དཀོན་མཆོག་གསུམ་སྙིང་ཐག་པ་ནས་འཛིན་སྙམ་པའི་སྒོ་ནས་སྡོམ་པ་བླངས་པ་ལུས་དང་སྲོག་ལ་ཐུག་ཀྱང་མི་འདོར་བ་གལ་ཆེ་ཞིང་། དེ་ལ་སྤང་བྱ་གསུམ་བསྒྲུབ་བྱ་གསུམ་ཆ་མཐུན་གསུམ་བཅས་ཤེས་བཞིན་བླང་དོར་ཚུལ་བཞིན་བྱེད་པ་གལ་ཆེ་སྟེ། རང་ཉིད་དཀོན་མཆོག་གསུམ་ལ་ཅི་ཙམ་གུས་པ་དེ་ཙམ་དུ་འགྲོ་བ་གཞན་དག་བདག་ལ་གུས་པ་ནི་ལས་འབྲས་བསླུ་བ་མེད་པའི་ཕྱིར་རོ། །རྩ་བ། བསླབ་བྱ་རྒྱུ་འབྲས་གཉིས་ལས་དང་པོ་ནི། །མངའ་རིས་བྱ་དགའི་སླད་དུ་སྨོས་ཅི་དགོས། །སྲོག་གི་ཕྱིར་ཡང་དཀོན་མཆོག་གཏོང་བ་མིན། །དེ་ཡི་ངོ་བོ་བླ་མར་སྐྱབས་སོང་ནས། །དམ་པ་བསླུ་དང་མི་སྙན་སྒྲོག་པ་སྤང་། །དེ་བཞིན་སངས་རྒྱས་ཆོས་དང་དགེ་འདུན་ལ། །སྐྱབས་སུ་སོང་ནས་རིམ་བཞིན་བདག་ཉིད་ནི། །འཁོར་བར་འཁོར་བའི་ལྷ་ལ་ཕྱག་མི་འཚལ། །གཞན་ལ་མི་འཚེ་མུ་སྟེགས་ཅན་མི་འགྲོགས། །དཀོན་མཆོག་རྟེན་ལ་དད་པས་བསྙེན་བཀུར་ཞིང་། །ཉིན་མཚན་བརྗེད་པ་སྤངས་ནས་སྐྱབས་སུ་འགྲོ། །ཞེས་པ་ནི་སྐྱབས་འགྲོ་ལ་བསླབ་བྱ་གཉིས་ཡོད་པའི་དང་པོ་རྒྱུའི་སྐྱབས་འགྲོའི་བླང་དོར་ནི། མཆོག་གསུམ་རིན་པོ་ཆེར་སྙིང་ནས་སྐྱབས་སུ་སོང་བའི་གང་ཟག་ཞིག་ལ་གཞན་རྒྱལ་པོ་སོགས་དབང་ཆེན་ཞིག་གིས་ཁྱོད་ཀྱིས་སྐྱབས་འགྲོ་འདི་ཞོག་དང་མངའ་རིས་ལ་དབང་བསྐུར་རམ་ཟས་ནོར་ལོངས་སྤྱོད་ཀྱི་བྱ་དགའ་ཅི་ཙམ་སྟེར་ཟེར་ཡང་མི་གཏོང་བ་སྨོས་ཅི་དགོས། སྐྱབས་འགྲོ་མི་གཏོང་ན་སྲོག་གཅོད་པར་ངེས་ཀྱང་མི་གཏོང་བ་དང་། མཆོག་གསུམ་གྱི་ངོ་བོ་བླ་མ་ལས་གཞན་པའི་སངས་རྒྱས་རྣམས་ནི་མཁྱེན་བརྩེ་ནུས་གསུམ་གྱི་ཐུགས་རྗེ་ཆེ་ཡང་རང་ལ་ཆོས་སྟོན་པའི་སྐལ་བ་དམན་པས་མཇལ་མ་ནུས། ཆོས་ཀྱི་ཚིག་དོན་སོགས་བླ་མ་ལ་མ་བསྟེན་པར་རང་སྟོབས་ཀྱིས་ཕན་པར་མ་ནུས་ཚེ་མཆོག་གསུམ་གྱི་ངོ་བོ་བླ་མ་སྟེ་དེའི་སྐུ་དགེ་འདུན་གསུང་དམ་ཆོས་ཐུགས་སངས་རྒྱས་ཡིན་པས་ན་བླ་མ་དམ་པ་བསླུ་ཞིང་མི་སྙན་པ་སྒྲོག་པ་ཙམ་ཡང་སྤང་དགོས་ཞེས་གདམས་པ་དང་། དེ་བཞིན་དུ་སངས་རྒྱས་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ནས་རིམ་བཞིན་བདག་ཉིད་དང་སློབ་བུ་སོགས། འཁོར་བར་འཁོར་བའི་ལྷའི་གཙོ་བོ་རྣམས་དང་ཡུལ་ལྷ་སོགས་ལ་ཕྱག་མི་འཚལ་བ་དང་གཞན་སེམས་ཅན་སུ་ལའང་གནོད་འཚེ་མི་བྱེད་ཅིང་མུ་སྟེགས་ཅན་ཞེས་པ་ལས་རྒྱུ་འབྲས་ལ་སྨོད་པ་དག་དང་མི་འགྲོགས་པ་ནི་སྤང་བྱ་གསུམ་མོ། །སྐུ་གསུང་ཐུགས་རྟེན་ཆུང་ངུ་ཙམ་ལའང་དད་པས་བསྙེན་བཀུར་ཞིང་ཉིན་མཚན་ཀུན་ཏུ་མཆོག་གསུམ་མི་བརྗེད་བཞིན་དུ་སྐྱབས་སུ་འགྲོ་དགོས་ཞེས་པའོ། །རྩ་བ། འབྲས་བུའི་བསླབ་བྱ་ཐུབ་པ་ཆོས་ཀྱི་སྐུ། །བྲལ་ཐོབ་སྤངས་པའི་དབྱིངས་ལ་བྱང་ཆུབ་པས། །སྐྱོབ་དང་བསྐྱབ་བྱར་མི་འཛིན་ཐ་སྙད་ལས། །འདས་ཕྱིར་གཏོང་རྒྱུའང་བཏགས་པ་བླ་དྭགས་ཡིན། །ཞེས་པ་ནི་དེ་ལ་སེམས་ཀྱི་ངོ་བོ་རང་སྟོབས་ཀྱིས་རིག་ནས་དཀོན་མཆོག་གསུམ་རྒྱུད་གཞན་ལས་བྱུང་བ་མ་ཡིན་པར་རྟོགས་པ་ནི་འབྲས་བུའི་སྐྱབས་འགྲོ་དང་། previous hit སེམས་བྱུང་དོན་གྱི་ཁྱད་པར་མེ་ལོང་ལ་གཟུགས་བརྙན་སྣ་ཚོགས་སུ་འཆར next hit་བའི་རང་བཞིན་ཤེས་པ་ལྟ་བུ་ནི་རྒྱུའི་སྐྱབས་འགྲོའོ། །དེས་ན་འབྲས་བུའི་བསླབ་བྱ་ཐུབ་པ་ཆོས་ཀྱི་སྐུ་ནི་སེམས་དང་སེམས་བྱུང་དབྱིངས་སུ་ཞི་བའི་ཚེ་སྐྱོབ་བྱེད་དཀོན་མཆོག་དང་བསྐྱབ་བྱ་སེམས་ཅན་དུ་བལྟ་བ་གཉིས་ཀ་མེད་པས་བསླབ་བྱ་བཏང་མཚམས་ཀྱང་ཐ་སྙད་ཙམ་དུ་ཟད་དོ། །རྩ་བ། རྒྱུའི་གཏོང་མཚམས་སྐྱབས་འགྲོ་མཚན་ཉིད་པ། །འགྲོ་བའི་ཡུལ་ལ་ལོག་ལྟ་སྐྱེས་པས་གཏོང་། །བསླབ་པ་ཉམས་ན་དམན་པར་ལྟུང་བའི་ཕྱིར། །རྨ་ཡི་བག་བཞིན་བསྒྲིམས་ཏེ་བསྲུང་བར་བྱ། །ཞེས་པ་ནི་དེ་ལ་རྒྱུའི་སྐྱབས་འགྲོའི་སྡོམ་པ་གཏོང་མཚམས་ནི་དཀོན་མཆོག་གསུམ་ལ་ལོག་ལྟ་སྐྱེས་ཏེ་སྙིང་ནས་སྤངས་པ་དང་། སྐྱབས་འགྲོའི་བསླབ་བྱ་ཕུལ་བས་གཏོང་བའོ། །དེ་ཡང་སྐྱབས་སུ་འགྲོ་བའི་བསླབ་པ་ཉམས་ན་སྐྱབས་མེད་མགོན་མེད་ཀྱི་རིགས་སམ་ཕྱི་རོལ་པའི་ལུགས་སོགས་དམན་པར་ལྟུང་བའི་ཕྱིར་ལུས་སྨས་པའི་རྨའི་བག་བཞིན་བསྒྲིམས་ཏེ་བསླབ་པ་བསྲུང་བར་བྱའོ། །ཞེས་པའོ། །རྩ་བ། ལས་ཀྱི་ལྕེ་སྤྱང་གདུག་པས་སྐབས་བཙལ་རྣམས། །ཚིག་དོན་འཛོལ་བའི་ཡིད་གཉིས་སྣོད་ངན་དུ། །བསླུ་བ་མེད་པའི་ངེས་ཤེས་བྲི་བའི་རྟགས། །ཡི་དྭགས་ལ་བརྟེན་ཚེ་འདི་ཉིད་ལ་ཉམས། །ཞེས་པ་ནི་བོད་འདིར་དཀོན་མཆོག་གི་མཚན་འདོད་རྒྱལ་དུ་སྒྲོག་ཅིང་ཁ་ཚིག་ཙམ་གྱི་དད་པ་ལས། སྙིང་ནས་མ་ཡིན་སྐྱོན་གྱིས་ཚོགས་བསགས་ཀྱང་གྲགས་པའི་རྗེས་སུ་འབྲང་ཞིང་། ལས་ངན་གྱི་རྒྱུ་ལས་ལུས་ངན་མི་དགེ་བའི་རྟེན་དུ་གྱུར་པའི་ཅེ་སྤྱང་གདུག་པ་ཅན་གཞན་སྲོག་ལ་འཚེ་བའི་སྐབས་བཙལ་བ་ལྟ་བུ་རྣམས་ནི། ཚིག་ཙམ་དུ་མཆོག་གསུམ་ལ་དད་བརྫུ་བྱས་ཀྱང་དོན་ལ་ཡི་དྭགས་མཐུ་བོ་ཆེ་འགའ་ལ་བློ་རྩེ་གཏད་ནས་ཁ་ཞེ་གཉིས་འཛོལ་བའི་ཡིད་གཉིས་ཀྱི་སྣོད་ངན་དུ་བསླུ་བ་མེད་པའི་བཅུད་བླུགས་ཀྱང་ཡིད་ཆེས་ཀྱི་ངེས་ཤེས་བྲི་བའི་རྟགས་སུ། མཆོག་གསུམ་ལས་འཇིག་རྟེན་གྱི་ལྷ་འདྲེ་དགའ་བར་སེམས་པས་སྐྱབས་ཡུལ་གྱི་ཐུགས་རྗེའི་དཔྱང་ཐག་ཆད་ནས་ཚེ་འདི་ཉིད་ལ་ཉམས་པར་གྱུར་པའོ། །རྩ་བ། འདི་ན་ས་དང་ནམ་མཁའ་རི་རབ་རྣམས། །ཡན་མན་གནས་འགྱུར་ཉི་ཟླ་ཐང་ལྷུང་སྲིད། །དཀོན་མཆོག་གསུམ་གྱིས་བསླུ་བར་མི་སྲིད་པའི། །ངེས་ཤེས་བརྟན་པ་ཀུན་ཏུ་དོན་ཡོད་ཡིན། །ཞེས་པ་ནི་འཇིག་རྟེན་འདི་ན་འབྱུང་བ་ཆགས་འཇིག་གི་རྐྱེན་ལས་ས་དང་ནམ་མཁའ་རི་རབ་རྣམས་གནས་ཡུལ་གོ་ལོག་ཏུ་འགྱུར་བ་དང་། ཉི་ཟླ་ཡང་སོ་ན་མི་གནས་པ་ལྟར་སྲིད་ཀྱང་། དཀོན་མཆོག་གསུམ་གྱིས་བསླུ་བར་མི་སྲིད་པའི་དོན་ལ་ངེས་ཤེས་དང་མོས་གུས་བརྟན་པ་ནི་འཕྲལ་ཕུགས་ཀུན་ཏུ་དོན་ཆེན་པོ་ཡོད་པ་ཡིན་མོད་ཀྱང་བླུན་རྨོངས་ཐོས་པ་ཉུང་བ་ལ་ལས་མཆོག་གསུམ་གྱི་ཐུགས་རྗེས་རང་གི་ལས་ངན་སློང་བ་མི་ཤེས་བཞིན་ཐེ་ཚོམ་ཟ་བ་མི་རིགས་ཏེ། ད་ལྟ་མཆོག་གསུམ་ལ་དད་བཞིན་རྣམ་དཀར་ནན་ཏན་བསྒྲུབས་པ་ལ་མི་འདོད་པ་མང་དུ་འབྱུང་བ་ཕྱི་མ་སྡུག་བསྔལ་ཆེན་པོ་མྱོང་རྒྱུ་ད་ལྟ་ནས་ཟད་པའི་རྟགས་སུ་སྟོན་པས་གསུངས་ཏེ། རབ་འབྱོར་འདི་ལྟར་སེམས་ཅན་དེ་དག་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་ན་གང་དག་ཚེ་འདི་ཉིད་ལ་མནར་བས་ཚེ་རབས་སྔ་མའི་མི་དགེ་བའི་ལས་དེ་དག་བྱང་བར་འགྱུར་ཏེ་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །ཞེས་རྡོ་རྗེ་གཅོད་པ་ལས་གསུངས་པ་ལྟར་རོ། །ཡང་དེ་ཉིད་གོ་ལྡོག་སྟེ་སྡིག་པའི་ལས་ཚན་པོ་ཆེ་བསགས་པ་དག་ཚེ་འདིར་བདེ་སྐྱིད་ཕུན་སུམ་འཚོགས་པ་ནི་སྐྱེ་བ་སྔོན་མའི་དགེ་རྩ་ཀུན་ཚེ་འདིར་སྨིན་བཞིན་ཟད་ནས་ཤི་མ་ཐག་ཏུ་ངན་སོང་གི་སྡུག་བསྔལ་མྱོང་བའི་རྟགས་སུ་བཤད་དེ། སྔོན་ཉི་འོག་གི་ཡུལ་དུ་སྡིག་པ་ཁོ་ན་ལ་སྤྱོད་པའི་སྡིག་ཅན་ཚན་གཅིག་ཡོད་པ་ལ་ཚེ་རབས་སྔོན་གྱི་དགེ་རྩ་རྣམས་དུས་དེར་སྨིན་ཅིང་ཟད་པའི་རྟགས་སུ་ཞག་བདུན་ལ་ནས་ཀྱི་ཆར་བབ། དེ་ནས་འབྲས་ཆར་དང་། དེ་ནས་རིན་པོ་ཆེའི་བར་གོང་བཞིན་བབ་མཐར་བྱེ་ཚན་གྱི་ཆར་བབ་པ་དང་ཆབས་ཅིག་རི་ཐམས་ཅད་ཐུག་ཆོམ་དུ་འུར་ནས་དུས་གཅིག་ཏུ་བརླག་པ་བཞིན་ནོ། །སྤྱིར་སྡིག་ཅན་ལ་ལ་རྒྱུ་གཞན་མེད་བཞིན་འཆི་ཁ་མི་འདོད་པ་འབྱུང་བ་ནི་སྔོན་གྱི་དགེ་བའི་འབྲས་བུས་མི་ལུས་ཐོབ་ཀྱང་དེའི་བསོད་ནམས་ཟད་ནས་ཕྱི་མའི་སྡུག་བསྔལ་གྱི་སྔོན་བསུ་མ་ཤིའི་སྔོན་ནས་སླེབས་པ་དང་། དགེ་བ་ཅན་ལ་དེ་ལྟར་བྱུང་ན་ལས་ངན་ཟད་པའི་རྟགས་སུ་ཤེས་པར་བྱའོ། །དེའི་ཕྱིར་རྒྱུ་འབྲས་ལ་ཡིད་ཆེས་ཤིང་མཆོག་གསུམ་ལ་སྙིང་ཐག་པ་ནས་དད་པ་རྣམས་ནི་མི་ལུས་རིན་པོ་ཆེ་རྙེད་པ་མཆོག་དང་ལྡན་པ་ཡིན་ནོ། །རྩ་བ། རྨི་ལམ་ནའང་དཀོན་མཆོག་མཐོང་བ་དང་། །བག་ཡོད་དྲན་ཞིང་ཡོན་ཏན་ཀུན་གྱིས་འབྱོར། །ཚེ་རབས་དྲན་ཞིང་བར་དོ་བགྲོད་པར་བླ། །ལུས་ཅན་ཀུན་གྱི་དཔུང་དང་གཉེན་དུ་འགྱུར། །ཞེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་དྲུག་པའི་སྐབས་སོ།། །།དེ་ལྟར་སྐྱབས་སུ་སོང་ནས་ཐེག་ཆེན་དངོས་ལ་འཇུག་པ་ནི། རྩ་བ། ཐེག་དམན་རྫིང་བུར་བྱང་ཆུབ་སེམས་ཀྱི་ཁམས། །རིགས་ལས་ཉམས་པ་ཉན་རང་སྐྱེས་བུའི་སེམས། །སྟོང་ཉིད་སྙིང་རྗེའི་དེད་དཔོན་མཐུས་སད་ནས། །ཐེག་ཆེན་རྒྱ་མཚོ་ཀུན་མཁྱེན་གླིང་དུ་འགྲོ། །ཞེས་པ་ནི་དེ་ཡང་ཐེག་དམན་གྱི་ལམ་གཞན་ཕན་གྱི་ཡུར་བར་མི་རྒྱུ་བར། རྫིང་བུའི་འཁྱིལ་ཆུ་ལྟ་བུའི་ཞི་བདེའི་མལ་དུ་བྱང་ཆུབ་སེམས་ཀྱི་མཐུ་ཉམས་པ་དེ་མཐར་རྒྱལ་བའི་ཐུགས་རྗེས་བསྐུལ་བས་གདོད་རིགས་སད་ནས་ཐེག་ཆེན་གྱི་ལམ་ལ་འཇུག་དགོས་པས་ན་བློ་ལྡན་རྣམས་ཀྱི་ལམ་ལ་འཇུག་ངོགས་ནི་ཐེག་ཆེན་ཁོ་ན་ཡིན་ཏེ། དེར་ཞུགས་ཕྱིན་ཀུན་མཁྱེན་གྱི་གླིང་དུ་འགྲོ་ཞེས་པའོ། །རྩ་བ། སྦྱིན་སོགས་ཕ་རོལ་ཕྱིན་པ་རྣམ་པ་ལྔའི། །ངོ་བོ་ལུང་དུ་མ་བསྟན་ལྕགས་ཁམས་སུ། །རྣམ་པར་ཉམས་པ་ཐབས་ཤེས་གསེར་འགྱུར་རྩིས། །ཐེབས་པའི་མོད་ལ་རིན་ཐང་ཆེན་པོར་བྱེད། །ཅེས་པ་ནི་འདི་ལྟར་སྦྱིན་པ་ལ་སོགས་པའི་ཐབས་ཀྱི་ཆ་ལྔ་པོ་ཡང་ཤེས་རབ་ཀྱིས་མ་ཟིན་བར་དུ་བྱང་ཆུབ་ཆེན་པོར་ལུང་དུ་མ་བསྟན་པའི་ལྕགས་ཁམས་ལྟ་བུའོ། །དེ་ཡང་ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོང་ཉིད་ཟུང་དུ་འབྲེལ་བ་གསེར་འགྱུར་གྱི་རྩི་ལྟ་བུས་ཐེབས་པའི་མོད་ལ་རིན་ཐང་ཆེན་པོ་སངས་རྒྱས་ཀྱི་རྒྱུ་མ་ནོར་བ་བྱེད་པའོ། །རྩ་བ། གང་ཕྱིར་སྙིང་རྗེའི་ཐབས་དང་སྟོང་ཉིད་ཀྱི། །ཤེས་རབ་ཟུང་དུ་འཇུག་པའི་བྱང་ཆུབ་སེམས། །སྦྱོར་བ་ཚད་མེད་བཞི་པའི་ས་མཁན་གྱི། །སྨོན་འཇུག་གཉིས་དང་བསླབ་བྱ་སློབ་ལས་སྐྱེ། །ཞེས་པ་ནི་དེ་ལ་སྙིང་རྗེས་ནི་ཞི་བའི་མཐའ་དང་། ཤེས་རབ་ཀྱིས་སྲིད་པའི་མཐའ་སྟེ་གཉིས་པོ་འགོག་ཅེས་པ་དང་། འདིར་ལས་དང་པོ་པ་ལ་སྦྱོར་བ་ཚད་མེད་བཞིས་ས་མཁན་ལྟ་བུ་བྱས་ནས་སྨོན་འཇུག་གཉིས་དང་བསླབ་བྱ་བསླབས་པ་ལས་སྐྱེ་བའོ། །ཞེས་པའོ། །རྩ་བ། བྱམས་པའི་ངོ་བོ་གཞན་བདེ་འདོད་པ་ཡིན། །སྡུག་པའི་མ་ཡིས་བུ་ལ་ཇི་བཞིན་དུ། །ལུས་དང་ལོངས་སྤྱོད་དགེ་བ་ཀུན་སྤངས་ནས། །གཞན་ལ་ཕན་འདོགས་གནོད་པ་བཟོད་ལ་བསླབ། །ཅེས་པ་ནི་དེ་ལ་བྱམས་པ་ནི་འཁོར་བའི་གནས་མཐོ་དམན་ཀུན་ཕ་མའི་རང་བཞིན་དུ་ཤེས་པས་མ་དང་བུའི་འདུ་ཤེས་ཀྱིས་གནོད་འཚེ་ཅུང་ཟད་ཀྱང་མེད་བཞིན་བྱམས་པར་བྱེད་པ་ནི་སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ས་དང་པོ་དང་བདུན་པའི་བར་གྱི་བྱང་སེམས་རྣམས་ནི་ཆོས་རྣམས་རང་བཞིན་མེད་ཀྱང་འགྲོ་རྣམས་དངོས་པོར་ཞེན་ནས་སྡུག་བསྔལ་ལ་སྤྱོད་པ་འདི་རྣམས་ལ་ཆོས་ཀྱིས་ཕན་གདགས་ཤིང་ཆོས་ཉིད་རྟོགས་པར་བརྩོན་པ་ནི་ཆོས་ལ་དམིགས་པའོ། །ས་བརྒྱད་པ་ཡན་ཆད་ནི་དམིགས་མེད་ཀྱི་བྱམས་པ་སྟེ་རྣམ་རྟོག་བྲལ་ཡང་ནོར་བུ་བཞིན་དང་། རྒྱལ་བ་རྣམས་ཀྱི་སྔོན་སྨོན་གྱིས་འགྲོ་བའི་ཁམས་ལ་བྱམས་པ་ཆེན་པོ་ལྷུན་གྲུབ་ཏུ་འབྱུང་བ་དམིགས་མེད་ཀྱིའོ། །དེ་ལ་བྱམས་པའི་ངོ་བོ་ནི་གཞན་བདེ་བར་འདོད་པ་ཡིན་ལ་དེའི་དཔེ་ནི་སྙིང་དུ་སྡུག་པ་མ་ཡིས་བུ་ལ་བརྩེ་བ་ཇི་བཞིན་དང་། རང་གི་ལུས་དང་ལོངས་སྤྱོད་དགེ་བ་སོགས་ཀུན་སྤངས་ནས་གཞན་ལ་ཕན་འདོགས་ཁོ་ན་ལས་ལོག་སྒྲུབ་དང་གནོད་པ་བཟོད་པ་ལ་བསླབས་པའོ། །དེ་ཡང་སེམས་ཅན་ལ་དམིགས་པ་ནི་ཕྱི་རོལ་པ་དང་མཚུངས་ཤིང་། ཆོས་ལ་དམིགས་པ་ནི་ཉན་རང་བཞིན་དང་། དམིགས་པ་མེད་པ་ནི་དེ་དག་ལས་འཕགས་པའོ། །རྩ་བ། སྙིང་རྗེའི་ངོ་བོ་གཞན་གྱི་སྡུག་བསྔལ་ལ། །བཟོད་མི་ཕོད་པའི་སེམས་སྟོབས་དྲག་པོ་དང་། །འགྲོ་དྲུག་མཐའ་དག་སྡུག་བསྔལ་རྒྱུ་འབྲས་ཀྱི། །མཐའ་ལ་གཅུར་མཐོང་མཆི་མ་སློང་བ་ཡིན། །ཞེས་པ་ནི་དེ་ཡང་འགྲོ་རྣམས་སྡུག་བསྔལ་གྱིས་མནར་བ་དང་དེའི་རྒྱུ་མི་དགེ་བ་ལ་སྤྱོད་པ་དང་། དེ་གཉིས་ཀའི་བླང་དོར་ལ་རྨོངས་པ་གསུམ་ལ་སྙིང་རྗེ་སྐྱེ་བཞིན་དུ་དེ་དག་གི་སྡུག་བསྔལ་གྱི་ཁུར་རང་གིས་ཁྱེར་བ་ནི་སྙིང་རྗེའི་ངོ་བོ་ཡིན་ཞིང་དེ་དག་གི་སྡུག་བསྔལ་བཟོད་མི་ཕོད་པའི་སེམས་སྟོབས་དྲག་པོ་བསྐྱེད་ནས་ཕན་ཐབས་དང་དུ་ལེན་པ་དང་། འགྲོ་བ་རིགས་དྲུག་པོ་མཐའ་དག་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་སྤྱོད་པ་ན་རྔོན་པས་རི་དྭགས་མཐའ་ལ་གཅུར་བ་ལྟར་མཐོང་ནས་སྙིང་རྗེ་ཤས་མི་བཟོད་པའི་མཆི་མ་སློང་བ་ཡིན་ཞེས་པའོ། །རྩ་བ། དགའ་བའི་ངོ་བོ་གཞན་དག་ཕུན་ཚོགས་ལ། །སྤྲོ་བའི་སེམས་འཇུག་ཀུན་ལ་ལེགས་སྨོན་བསྒོམ། །རང་རང་མཐུ་ཡིས་ཐོབ་ལ་དགའ་བྱེད་ཅིང་། །ཕྱིན་ཆད་དེ་དང་མི་འབྲལ་སྨོན་པ་ཡིན། །ཞེས་པ་ནི་དེ་ལ་དགའ་བའི་ངོ་བོ་ནི་གཞན་དག་ཟང་ཟིང་དང་ཆོས་དང་བདེ་འབྱོར་དང་ལྡན་པ་ལ་མི་དགའ་བ་མེད་ཅིང་སྤྲོ་བའི་སེམས་འཇུག་བཞིན་ཀུན་ལ་དེ་བཞིན་འབྱོར་བའི་ལེགས་སྨོན་བསྒོམ་པ་དང་། རང་ཡང་བྱམས་པ་དང་སྙིང་རྗེའི་སྐྱོན་མེད་ལ་བརྩོན་ནུས་བཞིན་འགྲོ་དོན་འགྲུབ་པ་ལ་ང་རྒྱལ་མེད་པའི་དགའ་བ་དང་། གཞན་ཆོས་དང་ཟང་ཟིང་ཕུན་སུམ་ཚོགས་པ་རང་རང་གི་སྔོན་དཀར་པོ་རྣམ་པར་འཕེལ་བའི་མཐུས་ཐོབ་པ་ལ་དགའ་བར་བྱེད་ཅིང་ཕྱིན་ཆད་དེ་ལྟ་བུའི་དགའ་བདེ་ཕུན་སུམ་ཚོགས་པ་དང་མི་འབྲལ་བའི་སྨོན་སེམས་བྱས་ན་དགེ་བར་འགྱུར་བ་ཡིན་ནོ། །རྩ་བ། བཏང་སྙོམས་ངོ་བོ་བྱམས་སྡང་འབྲལ་བ་སྟེ། །ཕྱོགས་དང་རིས་ཆད་མཉམ་པ་ཉིད་བརྡལ་ནས། །དགྲ་དང་གཉེན་དང་བར་མའི་འདུ་ཤེས་གསུམ། །ཕན་འདོགས་ཡུལ་ལ་མཉམ་པར་རབ་ཏུ་སྤྱོད། །རྣམ་པའི་དམིགས་བཅས་དམིགས་མེད་རྩི་ཡིས་སྦྱར། །ཞེས་པ་ནི་འདི་ལྟར་བཏང་སྙོམས་ཀྱི་ངོ་བོ་ནི་གོང་གསལ་གྱི་ཚད་མེད་པ་གསུམ་པོ་དེ་སྒོམ་པའི་ཡུལ་ལ་བྱམས་པའི་གཉེན་དང་སྡང་བའི་དགྲ་གཉིས་ཀར་ཆགས་སྡང་བྲལ་བ་སྟེ། མཐུན་ཕྱོགས་དང་འགལ་ཕྱོགས་རིས་སུ་མ་ཆད་པའི་མཉམ་པ་ཉིད་དུ་བརྡལ་ནས་དགྲ་དང་གཉེན་དང་བར་མ་གསུམ་ལ་མཛའ་འཁོན་བར་མའི་འདུ་ཤེས་གསུམ་སྤངས་ནས་ཕན་འདོགས་ཡུལ་ལ་བསམ་སྦྱོར་མཉམ་པར་རབ་ཏུ་སྤྱད་ཅིང་། རྣམ་པས་དམིགས་བཅས་ནི་ལུས་ངག་གི་ལས་དང་དམིགས་མེད་ནི་བསམ་པའི་ལས་ཀྱི་རྩི་ཡིས་སྦྱར་ནས་མཐུན་པར་བྱ་ཞེས་པའོ། །རྩ་བ། འདོད་པའི་བྱམས་པ་སེར་སྣའི་སྙིང་རྗེ་དང་། །ང་རྒྱལ་དགའ་བ་གཏི་མུག་བཏང་སྙོམས་དང་། །ཐར་པའི་ལམ་མིན་ཚངས་པའི་གནས་པ་བཞིའི། །ཕྱོགས་དང་ཉེ་བ་དམིགས་བཅས་རྣམ་པར་སྤང་། །ཞེས་པ་ནི་དེ་ལ་རང་གི་བུ་དང་ཉེ་དུ་མཛའ་བཤེས་སོགས་ལ་བྱམས་ཤིང་གཞན་ལ་ཅང་མི་སེམས་པ་ནི་བྱམས་པ་ལྟར་ཡང་ངོ་བོ་འདོད་ཆགས་སོ། །དེ་བཞིན་དུ་རང་གིས་བདག་པའི་རྟ་ཁལ་སོགས་སྙིང་རྗེ་ནས་འཁོལ་མི་འཇུག་ཅིང་གཞན་དག་དེ་ལས་ལྡོག་པ་ནི་སྙིང་རྗེ་འདྲ་བའི་སེར་སྣའོ། །རང་དང་རང་ཕྱོགས་ཕུན་སུམ་ཚོགས་པ་དང་བདེ་ཞིང་སྐྱིད་པ་ལ་དགའ་བ་བསྒོམ་ཞིང་གཞན་ལ་དེ་ལྟར་མ་ཡིན་ན་དགའ་བར་བརྫུས་པའི་ང་རྒྱལ་དང་ཕྲག་དོག་ལའང་ཉེའོ། །གཞན་ལ་ཕན་གནོད་གང་ཡང་མི་བྱེད་པར་ཁ་རོག་ཏུ་སྡོད་པ་ཁོ་ན་ནི་བཏང་སྙོམས་འདྲ་ཡང་གཏི་མུག་གི་ས་པ་ཡིན་པས་ཐར་ལམ་རྣལ་མར་མི་འགྲོ་བའི་སྐྱོན་ནི་ཚངས་པའི་གནས་པ་བཞི་ཞེས་འཇིག་རྟེན་མེས་པོའི་ལུགས་ཀྱི་ཚད་མེད་བཞི་ཡིན་པར་བསྟན་ནས་དེའི་ཕྱོགས་དང་ཉེ་བ་དམིགས་བཅས་རྣམ་པར་སྤངས་དགོས་པར་གདམས་པའོ། །རྩ་བ། འདི་ན་ཞི་བའི་ལམ་དང་འབྲེལ་བ་ཡི། །དམིགས་པའི་ཡུལ་ནི་སེམས་ཅན་ཐམས་ཅད་ཀྱང་། །སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་ཀྱི། །རྣམ་པའི་བསྒོམ་ཚུལ་སྟོབས་སུ་གྱུར་པ་ལས། །བྱང་ཆུབ་སེམས་གཉིས་སྐྱེ་བའི་རྒྱུར་འགྲོ་བས། །ཁྱད་ཆོས་ལྡན་པའི་ཚད་མེད་བཞི་རུ་འདོད། །ཅེས་པ་ནི་འདི་ན་ཞི་བའི་ལམ་དང་འབྲེལ་བའི་ཚད་མེད་བཞི་ནི་དམིགས་པའི་ཡུལ་སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་བྱས་ཀྱང་། དེ་ལ་བདེན་ཞེན་དང་དངོས་འཛིན་སོགས་མ་ཡིན་པར་སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་སྒྱུ་མ་ལྟ་བུའི་རྩིས་ཟིན་པ་ནི་རྣམ་པའི་བསྒོམ་ཚུལ་དེ་ཉིད་གེགས་དང་གོལ་ས་མེད་པར་སྟོབས་སུ་གྱུར་པ་དེ་ལས་བྱང་ཆུབ་ཀྱི་སེམས་གཉིས་སྐྱེ་བའི་རྒྱུར་འགྲོ་བ་ཡིན་པས་འཇིག་རྟེན་པའི་སྒོམ་ལུགས་ལས་ཁྱད་ཆོས་ལྡན་པ་སྤྱན་རས་གཟིགས་ཀྱི་ཚད་མེད་བཞི་ལྟ་བུར་འདོད་ཅེས་པའོ། །རྩ་བ། སྒོམ་ཚུལ་གོ་རིམ་ཅན་དང་ངེས་པ་མེད། །དམིགས་པའི་ཡུལ་གང་སྐྱེ་བར་སླ་ལ་གཏད། །འོན་ཀྱང་བྱམས་བསྒོམས་ཆགས་པའི་རྟེན་གྱུར་ན། །ཉེ་རིང་བྲལ་བའི་བཏང་སྙོམས་བསྒོམ་པར་སྤོ། །ཞེས་པ་ནི་བྱམས་པ་བསྒོམས་པ་དེ་རང་གི་གཉེན་བཤེས་ལྟ་བུའི་ཕྱོགས་རིས་ཅན་དུ་ཤོར་ནས་ཆགས་པའི་རྟེན་དུ་གྱུར་ན་བཏང་སྙོམས་བསྒོམས་པས་དེའི་སྐྱོན་ལས་གྲོལ་ལོ། །རྩ་བ། དེ་ཉིད་རྨོངས་ནས་ལུང་མ་བསྟན་གྱུར་ན། །སྙིང་རྗེར་སྤོས་པས་སྡུག་བསྔལ་རྒྱུ་འབྲས་འགོག །ཅེས་པ་ནི་བཏང་སྙོམས་ཀྱི་སེམས་དེ་ཕན་མེད་གནོད་མེད་ལུང་མ་བསྟན་དུ་གྱུར་ན་སྙིང་རྗེ་ཆེན་པོ་བསྐྱེད་པས་བཏང་སྙོམས་ཐ་མལ་པ་འགོག་གོ། །རྩ་བ། སྙིང་རྗེ་སྟོབས་ཞན་རིས་སུ་ཆད་པ་ན། །དགའ་བར་སྤོས་པས་དམན་སེམས་སྐྱེ་བ་འགོག །ཅེས་པ་ནི་སྙིང་རྗེ་ཡང་ཉེས་ཅན་ཁོ་ན་ལྟ་བུ་ལས་ཀུན་ལ་མི་སྒོམ་པའི་ཉི་ཚེ་བ་ཕྱོགས་ལྷུང་ཅན་དུ་གྱུར་ན་དགའ་བ་བསྒོམས་པས་དམན་སེམས་ཀྱི་གཉེན་པོར་འགྱུར་རོ། །རྩ་བ། དགའ་བས་སེམས་རྒོད་སྤྲོས་པའི་ཡུལ་གྱུར་ན། །བྱམས་སོགས་མཐའ་དབུས་བརྗེས་ནས་སྤེལ་མར་བསྒོམ། །ཞེས་པ་ནི་གཞན་གྱི་བདེ་འབྱོར་ལ་དགའ་བ་བསྒོམས་པས་སེམས་གཡེང་སྐྱོན་དུ་གྱུར་ན། བྱམས་པ་དང་དགའ་བ་སྙིང་རྗེ་དང་བཏང་སྙོམས་སྤེལ་མར་བསྒོམ་པ་དང་ཐོད་རྒལ་དུ་བསྒོམ་པ་སོགས་ཀྱིས་གེགས་ལས་གྲོལ་བར་གསུངས་སོ། །རྩ་བ། དེ་ལྟར་བསྒོམས་པས་རྣམ་སྨིན་མངོན་པར་མཐོ། །འདོད་པའི་ལྷ་མིའི་ལུས་དང་ངེས་ལེགས་གཉིས། །རྒྱུ་མཐུན་བྱེད་པས་དེ་འདྲ་མྱོང་བས་ན། །མི་མཐུན་ཕྱོགས་དང་བྲལ་ཞིང་བདེ་བ་འཐོབ། །དབང་གིས་ཡིད་འོང་བདེ་དགའི་ཡུལ་ལ་སྤྱོད། །བྱེད་པ་བཞི་པོ་སྟོབས་སུ་གྱུར་པ་ཡི། །དོན་གཉིས་འབྱོར་པའི་ཡོན་ཏན་འཐོབ་འགྱུར་ཏེ། །ཞེས་པ་ནི་དེ་ལྟར་བསྒོམས་པས་རྣམ་སྨིན་གྱི་འབྲས་བུས་གནས་སྐབས་སུ་ལྷ་མིའི་ལུས་རྟེན་འགྲུབ་ཅིང་ཚོགས་གཉིས་རྫོགས་ཤིང་གཞན་ལའང་ཕན་པ་དང་། མཐར་ཐུག་ངེས་ལེགས་ཀྱི་འབྲས་བུ་ལྷུན་གྱིས་འགྲུབ་པར་འགྱུར་བ་དང་། བྱེད་པ་རྒྱུ་མཐུན་གྱིས་རྟག་ཏུ་ཚད་མེད་བཞི་བསྒོམ་པར་སྐྱེ་ཞིང་། མྱོང་བ་རྒྱུ་མཐུན་གྱིས་གཞན་ལ་གནོད་འཚེ་དང་ཆགས་སྡང་སོགས་བྲལ་བའི་བདེ་བ་ལ་རེག་པར་འགྱུར་ཞིང་། དབང་འབྲས་ནི། བྱམས་པས་ཡིད་དུ་འོང་བ་དང་། སྙིང་རྗེའི་བདེ་བ་དང་། དགའ་བས་སྨན་ཤིང་མེ་ཏོག་ལ་སོགས་པས་འབྱོར་པ་དང་། བཏང་སྙོམས་ཀྱིས་སྐྱེ་དགུ་མཛའ་ཞིང་དགའ་བའི་ཡུལ་ལ་སྤྱོད་པའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ཚད་མེད་བཞི་པོ་བསྒོམས་པས་རང་རང་གི་བྱེད་པ་བཞི་པོ་ཆེས་ཆེར་འཕེལ་ཏེ་རྒྱལ་སྲས་རྣམས་ལ་རང་བཞིན་དུ་རྟག་པར་སྐྱེ་བ་དང་། གོམས་པ་ལས་སྐྱེ་བ་དང་། ཡུལ་མཐོང་བ་ལས་སྐྱེ་བ་དང་། མི་མཐུན་པའི་ཕྱོགས་ཉམས་པ་ལས་སྐྱེ་བ་ལ་སོགས་པ་བསོད་ནམས་རྒྱ་ཆེན་པོ་འཐོབ་ཅིང་རང་གཞན་གྱི་དོན་གཉིས་འགྲུབ་པའི་ཡོན་ཏན་འཐོབ་པའོ། །རྩ་བ། བྱམས་པ་འབྱོངས་པས་འགྲོ་ལ་བུ་ལྟར་བརྩེ། །ཞེ་སྡང་མེད་ཅིང་གཞན་གྱི་ཡིད་དུ་འོང་། །བྱམས་པའི་ངོ་བོ་སྟོང་ལ་རང་བཞིན་མེད། །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས་པ་འཐོབ། །ཅེས་པ་ནི་དེ་ལ་བྱམས་པས་སེམས་ཀྱི་རྒྱུད་བརླན་པས་འགྲོ་བ་ཀུན་ལ་མ་བུའི་འདུ་ཤེས་ཀྱིས་ཞེ་སྡང་གི་སེམས་ཞི་བར་འགྱུར་ཞིང་བྱམས་པའི་ངོ་བོ་ཡང་སྟོང་ལ་རང་བཞིན་མེད་པས་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་ནས་མཚན་དཔེ་རྒྱ་མཚོ་ལྟ་བུའི་བདག་ཉིད་ལོངས་སྐུ་འཐོབ་པར་འགྱུར་རོ། །རྩ་བ། སྙིང་རྗེ་འབྱོངས་པས་གཞན་གྱི་སྡུག་བསྔལ་ཀྱང་། །བདག་གི་ཁུར་འགྲོ་འཚེ་བ་བྲལ་བའི་སེམས། །འདོད་ཆགས་དང་བྲལ་སྟོང་ཉིད་སྙིང་རྗེར་འབྲེལ། །སོར་རྟོག་ཡེ་ཤེས་ཆོས་ཀྱི་སྐུ་རུ་འགྲུབ། །ཅེས་པ་ནི་དེ་ཡང་སྙིང་རྗེ་བསྒོམས་པ་ཇི་བཞིན་འབྱོངས་ཚེ་གཞན་གྱི་སྡུག་བསྔལ་ཡང་རང་ཐོག་ཏུ་ལེན་ནུས་པ་བུ་གཅིག་པོ་ན་བའི་མ་བཞིན་རང་ཡིད་ལ་མི་བྱེད་པར་སེམས་ཅན་གྱི་ནད་གདོན་སྡུག་བསྔལ་བདག་གིས་ཁུར་བ་ལ་སེམས་མི་ཞུམ་ཞིང་འཚེ་བ་དངོས་སུ་བྱེད་པ་སྨོས་ཅི་སེམས་པའང་མི་འགྱུ་བ་ནི་འདོད་ཆགས་དང་བྲལ་ཞིང་སྟོང་པ་ཉིད་ཇི་བཞིན་རྟོགས་པའི་རྩལ་སྣང་སྙིང་རྗེར་ཤར་བ་ཟུང་དུ་འབྲེལ་བའི་འབྲས་བུ་སོ་སོར་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུ་རུ་ལྷུན་གྱིས་གྲུབ་པ་ཡིན་ནོ། །ཞེས་པའོ། །རྩ་བ། དགའ་བ་འབྱོངས་པས་ཕྲག་དོག་རྩ་བ་ཆོད། །འབྱོར་པ་བརྟན་ཅིང་ཞི་བདེ་རྒྱུན་མི་འཆད། །བསམ་གཏན་དགའ་བ་དམིགས་པ་མེད་པ་དང་། །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ་མཆོག་ཐོབ། །ཅེས་པ་ནི་དེ་ལ་དགའ་བ་ནི་རང་སེམས་ལ་ཟུག་རྔུ་མེད་པ་སྟེ། དེ་ཉིད་འབྱོངས་པའི་ཚད་ནི་གཞན་གྱི་བདེ་འབྱོར་སོགས་ལ་ཕྲག་དོག་གི་རྩ་བ་ཆོད་ནས་དགའ་བའི་བློ་སྐྱེ་བའོ། །དེའི་དགེ་འབྲས་ཀྱིས་རང་ཉིད་འབྱོར་པ་བརྟན་ཅིང་ཞི་བདེའི་རྒྱུན་མི་འཆད་པ་དང་། བསམ་གཏན་གྱི་དགའ་བ་ཡང་རིམ་བཞིན་ཐོབ་ཀྱང་དམིགས་པ་མེད་བཞིན་ཕྲག་དོག་གནས་སུ་དག་པ་བྱ་གྲུབ་ཡེ་ཤེས་ཐོབ་ཅིང་སྤྲུལ་སྐུའི་མཛད་ཕྲིན་ལྷུན་གྱིས་འགྲུབ་པར་འགྱུར་བའོ། །རྩ་བ། བཏང་སྙོམས་འབྱོངས་པས་བདག་གཞན་དགྲ་གཉེན་མཉམ། །ང་རྒྱལ་མེད་ཅིང་ཟབ་ཞིའི་རྟོགས་པ་སྐྱེ། །རྨོངས་པ་མེད་ཅིང་ཆོས་དབྱིངས་ཡེ་ཤེས་དང་། །ངོ་བོ་ཉིད་སྐུ་མངོན་དུ་འཐོབ་པར་འགྱུར། །ཞེས་པ་ནི་འདི་ལྟར་བཏང་སྙོམས་བསྒོམས་པ་མཐར་ཕྱིན་ཚེ་མཛའ་འཁོན་བར་མ་གསུམ་ལ་ཕན་འདོགས་རྒྱུ་མཉམ་ཞིང་། རང་ཉིད་ལ་བཟང་རློམས་སོགས་ཀྱི་ང་རྒྱལ་མེད་ཅིང་སེམས་ཀྱི་རང་བཞིན་ཟབ་པ་དང་ཞི་བའི་དབྱིངས་སུ་གཉིས་འཛིན་རྣམས་བཏང་སྙོམས་པའི་རྟོགས་པ་སྐྱེ་ཞིང་རྨོངས་པའི་རང་བཞིན་གཏི་མུག་གི་ཁམས་གནས་སུ་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་ངོ་བོ་ཉིད་སྐུ་འཐོབ་པར་འགྱུར་རོ། །ཞེས་པའོ། །རྩ་བ། དེ་ལྟའི་ཚད་མེད་བཞི་ཡི་ཡོན་ཏན་ནི། །རྒྱུ་འབྲས་ཤིན་ཏུ་མཐའ་ཡས་བསླུ་བ་མེད། །ལམ་ངན་གཞན་གྱི་གྲུབ་མཐའ་སྲིད་པའི་རྒྱུ། །སྟོང་ཉིད་སྙིང་རྗེར་འགལ་ལ་མི་བསྟེན་པར། །ཐར་ལམ་དྲི་མེད་རྒྱལ་སྲས་དམ་པའི་ལམ། །རྙོག་པ་ཞི་བའི་དགེ་ལ་གོམས་འཚལ་ལོ། །ཞེས་པ་ནི་འདི་ལྟར་ཚད་མེད་བཞི་པོ་བསྒོམས་པའི་ཡོན་ཏན་ནི་ཐར་པར་འགྲོ་བའི་ལམ་སྟེ་རྒྱུ་འབྲས་གཉིས་ཀ་ཤིན་ཏུ་མཐའ་ཡས་ཏེ་རྒྱུའི་ཐེག་པར་སྐུ་གཉིས་སྐྱེད་བྱེད་ཚོགས་གཉིས་སུ་འདོད་པ་དང་། སྔགས་སུ་དག་བྱའི་སྒྲིབ་པ་གཉིས་ཚོགས་གཉིས་ཀྱི་རང་བཞིན། ཐབས་ཤེས་ཀྱིས་སྦྱངས་པ་དེ་རྐྱེན་དུ་འདོད་པས་དོན་སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒྲུབ་པ་ལ་མདོ་མཐུན་ཅིང་། ཁྱད་པར་འཁོར་ལོ་ཐ་མར་ཡོན་ཏན་ཡེ་ལྡན་ཡིན་ཕྱིར་གསར་བྱུང་མི་འདོད་ལ། སྔགས་ཀྱི་སྡེ་སྣོད་ལས་ཀྱང་འགྲོ་རྣམས་གཞིའི་དུས་རང་བཞིན་གྱི་དཀྱིལ་འཁོར་དམ་པའི་ཆོས་ཉིད་དུ་གནས་པ་དང་། ལམ་ཡང་ཚོགས་གཉིས་དང་ཐབས་ཤེས་ངོ་བོ་གཅིག་ལ་འབྲས་བུ་སྐུ་དང་ཡེ་ཤེས་ཐ་མི་དད་པའི་དེ་ལུགས་སུ་སློབ་པ་ལས། ལམ་ངན་ཕྱི་རོལ་པའི་ལྷ་མིའི་གྲུབ་མཐའ་སོགས་ལ་ཞུགས་པ་ནི་སྲིད་པའི་རྒྱུ་ཡིན་པས་ན་ནང་པའི་ལུགས་བཟང་དྲི་མ་མེད་པ་ལས་གཞན་པས་སྟོང་ཉིད་སྙིང་རྗེ་འགལ་བ་ཅན་གྱི་གཞུང་ངན་ལ་མི་བསྟེན་པར། འདིར་ཐར་པ་དྲི་མེད་ནི་ཐེག་ཆེན་གྱི་ལམ་ཐབས་ཤེས་ཟུང་འཇུག་ཡིན་པ་དེའི་མི་མཐུན་ཕྱོགས་ཀྱི་རྙོག་པ་ཞི་བའི་རང་བཞིན་ཅན་ཡིན་པས་དེར་ཞུགས་ན་མྱང་ངན་ལས་འདས་པའི་སར་ཕྱིན་པར་འགྱུར་རོ། །ཞེས་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་བདུན་པའི་སྐབས་སོ།། །།བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཕྱིར། རྩ་བ། རྙེད་པ་གང་གི་དོན་ལ་ཡོན་གྱི་མཆོག །ཚད་མེད་རྣམ་བཞིས་ཐོབ་པའི་བྱང་ཆུབ་སེམས། །སྨོན་འཇུག་ཤིང་རྟའི་སྒྱུ་ཐབས་ལ་དྲངས་པས། །ཞི་བདེའི་ལྟ་བ་ངན་པ་ཉམས་པར་བྱེད། །ཅེས་རྙེད་པ་དོན་དུ་གཉེར་བ་དེ་ཉིད་འགྲུབ་པའི་ཆེད་དུ་ཡོན་ནམ་བརྔན་པ་སྟེར་བ་བཞིན། ཚད་མེད་པ་རྣམ་པ་བཞིས་རྒྱུ་བྱས་ནས་ཐོབ་པའི་འབྲས་བུ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་ཏེ། སྟོན་པས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་ཀྱི་ཕན་ཡོན་ལ་དཔྱད་པས་ཀྱང་འདི་ལས་ལྷག་པ་མ་གཟིགས་བཞིན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སྨོན་པ་དང་དེའི་ཐབས་ལ་འཇུག་པ་ནི་ཤིང་རྟའི་སྒྱུ་ཐབས་ལ་དྲངས་པ་ལྟ་བུ་ཡིན་པས་དེས་ཉན་རང་གི་ཞི་བདེའི་ལྟ་བ་ངན་པ་ཉམས་ནས་གཡོ་སྒྱུ་བྲལ་བའི་ལྷག་བསམ་འཕེལ་བར་བྱེད་པས་དེ་ཁོ་ན་ལ་བསླབ་པར་བྱའོ། །ཞེས་པའོ། །རྩ་བ། སྡིག་སྡུག་འཁོར་བའི་བཙོན་རར་བཅིངས་རྣམས་ཀྱང་། །བྱང་ཆུབ་སེམས་བསྐྱེད་མོད་ལ་རྒྱལ་སྲས་ཀྱི། །མིང་གི་ཅོད་པན་འཐོབ་ལ་རབ་དགའ་ནས། །འཇིག་རྟེན་ལྷ་མིར་བཅས་ཀྱང་བསྟི་སྟང་བྱེད། །ཅེས་པ་ནི་འདི་ལྟར་ཞེ་སྡང་གི་རྒྱུས་སྲོག་བཅད་པ་ལ་སོགས་པའི་སྡིག་པ་དང་དེས་བསྐྱེད་པའི་རིགས་དྲུག་གི་སྡུག་བསྔལ་གྱི་བཙོན་རར་བཅིངས་པ་རྣམས་ཀྱང་རང་བདེ་དོན་གཉེར་ལས་ལོག་སྟེ་གཞན་དོན་སྒྲུབ་ཕྱིར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མོད་ལ་རྒྱལ་བ་རྣམས་ཀྱི་སྲས་ཀྱི་མིང་གི་ཅོད་པན་ཐོབ་པ་ལ་རབ་ཏུ་དགའ་ནས་འཇིག་རྟེན་ན་མངོན་པར་མཐོ་བའི་ལྷ་དང་མིར་བཅས་པས་ཀྱང་བསྟི་སྟང་བྱེད་པའི་གནས་སུ་གྱུར་པའོ། །འོ་ན་ས་དང་པོ་མ་ཐོབ་པར་བྱང་ཆུབ་ཀྱི་སེམས་ཐོབ་པར་མ་བཤད་པས་ཉོན་མོངས་ཀྱི་ཁྲོད་ན་གནས་པའི་སོ་སྐྱེ་ལ་སྐྱེ་བར་རུང་ངམ་དོགས་ན་དེ་ནི་ཆོས་ལ་དམིགས་པ་དང་འདི་ནི་ཡང་དག་པར་བླངས་པ་བརྡ་ཅན་ལ་དགོངས་པས་འཕགས་པ་མ་ཡིན་ཀྱང་སྐྱེ་བ་ཟབ་མོའི་མདོ་སྡེ་རྣམས་ལས་བཤད་པས་སོ། །རྩ་བ། ལས་ཉོན་མུན་ནག་འཁྲིགས་པའི་སྤྲིན་བར་ནས། །གཏུམ་པོའི་གློག་འོད་འཁྱུག་ལྟའི་དགེ་བ་ལ། །སྐབས་འགར་གོམས་པའི་བསོད་ནམས་ཙམ་པོ་བ། །ཆུ་ཤིང་བཞིན་དུ་འབྲས་བུས་རྩ་བ་སྨད། །ཅེས་པ་ནི་འདི་ལྟར་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་བས་ནི་ལྷ་མིའམ། ཉན་རང་གི་འབྲས་བུ་ཙམ་ཞིག་ཐོབ་ནས་དགེ་འབྲས་འཛད་པ་སྟེ་འཇིག་རྟེན་ན་ལས་དང་ཉོན་མོངས་པ་མུན་ནག་འཁྲིགས་པ་ལྟ་བུའི་སྤྲིན་གྱི་བར་ནས་དམ་པ་གསུམ་གྱིས་མ་ཟིན་པའི་གཏུམ་པོའི་གློག་འོད་འཁྱུག་པ་ལྟ་བུའི་དགེ་བ་ཙམ་པོ་བ་ལ་སྐབས་འགར་གོམས་པའི་བསོད་ནམས་ཀྱི་གཟུགས་བརྙན་ནི་ཆུ་ཤིང་གི་རིགས་རྣམས་འབྲས་བུ་སྨིན་པ་དང་རྩ་བ་སྐམ་པ་ལྟར་འགྱུར་ཞེས་པ་དང་། གཞན་ཡང་དམ་པ་གསུམ་གྱིས་མ་ཟིན་པའི་ཕར་ཕྱིན་དྲུག་དང་རིམ་པ་གཉིས་སོགས་ལ་བརྩོན་འགྲུས་བསྐྱེད་ཀྱང་དེ་དང་མཚུངས་པར་གསུངས་སོ། །རྩ་བ། ས་བཞི་བཟང་པོས་བསྟེན་པའི་ཞིང་ས་ལ། །དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་ལྟར། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་སྲིད་པ་ན། །འབྲས་བུ་མང་ཞིང་ཞི་བའི་བར་དུ་འཕེལ། །ཞེས་པ་ནི་ས་གཞི་བཟང་པོ་སྐྱོན་བྲལ་གྱིས་བསྟེན་པའི་ཞིང་ས་གཤིན་པོ་ལྟ་བུའི་རྣམ་གསུམ་དད་པའི་གཞི་ལ་དགེ་འབྲས་སྨིན་པ་ལོ་ཏོག་ཕུན་སུམ་ཚོགས་པ་ལྟར་དང་། ཁྱད་པར་དཔག་བསམ་ལྗོན་པ་ནི་བསྐལ་པའི་བར་དུ་འབྲས་བུ་ཇེ་འཕེལ་དུ་འགྲོ་བ་ལྟར་བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་འབྲས་ཀྱང་སྲིད་པ་ཇི་སྲིད་པར་ཆུད་མི་ཟ་ཞིང་ཞི་བ་སྟེ་སངས་རྒྱས་ཀྱི་བར་དུ་འཕེལ་བར་འགྱུར་རོ། །རྩ་བ། ལས་ཉོན་འདུ་བྱེད་སྡུག་བསྔལ་ཀུན་གྱི་སྣོད། །འཁོར་བའི་རྒྱ་མཚོ་རྣམ་རྟོག་རྦ་རླབས་ཅན། །སེམས་ཅན་རྣམས་ཀྱིས་ཁྱིམ་ལྟར་རབ་བཟུང་ལས། །གདོན་པའི་སྙིང་སྟོབས་ཆེན་པོ་སེམས་བསྐྱེད་ཡིན། །ཞེས་པ་ནི་འདི་ལྟར་ལས་དང་ཉོན་མོངས་ཡོངས་སུ་འདུ་བྱེད་ཀྱི་བདག་པོ་སྡུག་བསྔལ་ཀུན་གྱི་སྣོད་དུ་གྱུར་པའི་འཁོར་བའི་རྒྱ་མཚོ་ཆེན་པོའི་རང་བཞིན་ནི་ཀུན་ཏུ་རྟོག་པའི་དབའ་རླབས་དྲག་པོས་ཐར་པའི་གྲུ་གཟིངས་བཤིག་པ་ཅན་ཡིན་ཡང་། སེམས་ཅན་བླུན་རྨོངས་རྣམས་ནི་དེ་ལ་ཁྱིམ་ལྟར་དགའ་ཞིང་རབ་ཏུ་བཟུང་བས་ཐར་པའི་གོ་སྐབས་དཀའ་བ་ལས་གདོན་པར་ནུས་པའི་སྙིང་སྟོབས་ནི་སེམས་བསྐྱེད་ཁོ་ན་ལས་གཞན་ཅི་ཡང་མེད་ཅེས་པའོ། །རྩ་བ། གང་ལ་རང་དོན་སེམས་པ་ཡོད་མ་ཡིན། །བཀྲེས་པ་ཟས་དང་སྐོམ་པ་ཆུར་གདུང་བཞིན། །སེམས་ཅན་འབའ་ཞིག་དོན་དུ་སངས་རྒྱས་ཀྱི། །གོ་འཕང་གཉེར་ལ་བྱང་ཆུབ་སེམས་ཞེས་གྲགས། །ཞེས་པ་ནི་འདིར་གང་ལ་ཞེས་སྐྱེས་བུ་ཆེན་པོ་རྣམས་ལ་རང་དོན་སེམས་ནས་གཞན་དོན་ཡལ་བར་དོར་བ་ཡོད་པ་མ་ཡིན་ཞིང་། བཀྲེས་པས་ཟས་འཚོལ་བ་དང་སྐོམ་པ་ཆུར་གདུང་བ་བཞིན་དུ་ཕར་ཕྱིན་དྲུག་དང་རིམ་གཉིས་ལ་རྟག་པར་བརྩོན་པ་ཡང་སེམས་ཅན་འབའ་ཞིག་ལ་ཕན་པའི་དོན་དུ་སངས་རྒྱས་ཀྱི་གོ་འཕང་གཉེར་བ་ལ་བྱང་ཆུབ་སེམས་ཞེས་གྲགས་པའོ། །དེ་ལྟར་མ་ཡིན་པས་ཐ་སྙད་ཀྱི་ཤེས་བྱ་དང་བླུན་སྒོམ་གྱི་གོ་ཡུལ་ཙམ་དུ་ངེས་པའི་དོན་ཟབ་མོ་རྟོགས་སོ་སྙམ་པ་སོགས་ཡོན་ཏན་གྱི་རྣམ་པ་གཞན་ཡོད་ཀྱང་ཐེག་དམན་པར་ལྟུང་བའོ། །བྱམས་སྙིང་རྗེ་ཉི་ཚེ་བ་ཉན་རང་ལའང་ཡོད་ཀྱང་། བྱང་ཆུབ་སེམས་དཔའི་སྨོན་ལམ་དང་བསྔོ་བ་མ་བཤད་དོ། །རྩ་བ། དེའང་འབྲས་བུར་དམ་བཅའ་སྨོན་པའི་སེམས། །བསླབ་བྱ་བདག་གཞན་མཉམ་དང་བརྗེ་བ་དང་། །བདག་བས་གཞན་གཅེས་གསུམ་དུ་བཞག་པའང་། །བསླབ་པའི་མདོ་བསྡུས་ཡིན་གྱིས་དེའི་ངོ་བོ། །བྱམས་སོགས་ཚད་མེད་བཞི་ལ་ཡང་དག་གནས། །རྒྱུ་ལ་དམ་བཅའ་འཇུག་པའི་སེམས་ཡིན་ཏེ། །དེ་ཡི་བསླབ་བྱ་ཕ་རོལ་ཕྱིན་པ་དྲུག །སྤྱོད་ཡུལ་ཡོངས་སུ་དག་པ་རྣམས་ལ་བསྟེན། །ཞེས་པ་ནི་དེ་ལ་འབྲས་བུར་དམ་བཅའ་སྟེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་ནས་དེའི་བསླབ་བྱ་སློབ་པ་སྨོན་པའི་སེམས་བསྐྱེད་ཡིན་ཏེ། དེ་ནི་བདག་གཞན་ཁྱད་མེད་དུ་སྡུག་བསྔལ་འགོག་ཅིང་བདེ་བ་ལ་སྦྱོར་བ་བདག་གཞན་མཉམ་པ་དང་། བརྗེ་བ་ནི་བདག་གི་དགེ་བ་དང་བདེ་བ་སེམས་ཅན་ལ་གཏོང་ཞིང་སེམས་ཅན་གྱི་སྡུག་བསྔལ་རང་གིས་ལེན་པ་ཡིན་ཀྱང་སྦྱོར་བས་བསླབས་ན་བསམ་པས་དེ་ལྟར་སློབ་ཅིང་བདག་བས་གཞན་གཅེས་པ་ནི། བྱང་ཆུབ་ཀྱི་བསླབ་པ་ཞུགས་ནས་སངས་རྒྱས་བར་རང་དོན་ཅུང་ཟད་ཀྱང་མི་གཉེར་བར་ངན་སོང་གི་འགྲོ་བའི་དོན་བྱེད་པའི་ཆེད་དུ་གནས་ངན་རྣམས་སུ་བསྐལ་པ་ནས་བསྐལ་པའི་བར་དུ་གནས་དགོས་ཀྱང་སྐྱོ་ངལ་མི་བྱེད་པ་གསུམ་ནི་བསླབ་པའི་མདོར་བསྡུས་ཙམ་ཡིན་གྱིས་དེའི་ངོ་བོ་ནི་བྱམས་པ་ཚད་མེད་པ་སོགས་བཞི་པོ་ལ་ཡང་དག་པར་གནས་ཞེས་པ་དང་། རྒྱུ་ལ་དམ་བཅའ་བ་ནི་སངས་རྒྱས་པའི་ཐབས་ལ་འཇུག་པའི་སེམས་ཡིན་ཏེ་དེའི་བསླབ་བྱ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། སྤྱོད་ཡུལ་ཡོངས་སུ་དག་པ་སྟེ་རྒྱུ་འབྲས་གཙོ་བོར་བྱེད་པ་རྣམས་ལ་བསྟེན། །ཞེས་པའོ། །རྩ་བ། དབྱེ་བའི་སྒོ་ནས་སྐྱེ་འཕགས་སེམས་བསྐྱེད་གཉིས། །བསླབ་པ་གསུམ་ལ་ལྟོས་པའི་སེམས་བསྐྱེད་གསུམ། །ཁྱད་པར་ཚོགས་སྦྱོར་ལམ་ན་མོས་པས་སྤྱོད། །དང་པོའི་ས་ནས་བདུན་པར་ལྷག་བསམ་དག །དག་པ་གསུམ་ན་རྣམ་པར་སྨིན་པ་དང་། །སངས་རྒྱས་ས་ན་སྒྲིབ་པ་སྤངས་ཏེ་བཞི། །དེ་བཞིན་ལམ་ལྔའི་རྗེས་འགྲོ་སེམས་བསྐྱེད་ལྔ། །ཕ་རོལ་ཕྱིན་པ་དྲུག་ལྟོས་དེ་སྙེད་གྲངས། །ས་མཚམས་དབྱེ་བ་ཉི་ཤུ་རྩ་གཉིས་སོགས། །བསམ་པས་སྨོན་དང་འཇུག་པས་ཁྱབ་ལ་འདུ། །ཞེས་པ་ནི་དེ་ལྟར་སྨོན་འཇུག་གཉིས་པོ་དེའང་སོ་སྐྱེ་དང་འཕགས་པའི་སེམས་བསྐྱེད་གཉིས་དང་། ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུམ་ནི་བསླབ་པ་གསུམ་ལ་ལྟོས་པའི་སེམས་བསྐྱེད་གསུམ་དང་། ཁྱད་པར་ཚོགས་སྦྱོར་གྱི་ལམ་པ་ལ་ཚོགས་བརྒྱད་བག་ཆགས་དང་བཅས་པས་རང་ངོའི་ཁམས་ཉི་མ་ལྟ་བུ་བསྒྲིབས་ནས་མི་མཐོང་སྟེ་མོས་པས་སྤྱོད་པ་ཙམ་གྱི་ཕྱིར་རོ། །ས་དང་པོ་ནས་བདུན་པའི་བར་དུ་ཉོན་མོངས་པ་ཅན་གྱི་ཡིད་ལོག་པས་ཡོན་ཏན་བརྒྱ་ཕྲག་མངོན་དུ་གྱུར་ཅིང་ཁམས་ཀྱི་སྒྲིབ་པ་ཕྱོགས་གཅིག་དག་པས་ཡེ་ཤེས་ཀྱི་མཐོང་བ་ཅུང་ཞིག་གསལ་བས་ལྷག་བསམ་དག་པ་ཅེས་བརྗོད་དོ། །དག་པ་གསུམ་དུ་སྒོ་ལྔ་དང་ཀུན་གཞིའི་རྣམ་ཤེས་ལོག་ཚུལ་ནི་ས་བརྒྱད་པར་ཡིད་ཤེས་ལོག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དགུ་པར་སྒོ་ལྔའི་རྣམ་ཤེས་ལོག་པས་ཞིང་ཁམས་དག་པ་དང་། བཅུ་པར་ཀུན་གཞིའི་རྣམ་ཤེས་ལོག་པས་ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྨོན་ལམ་དང་ཡོན་ཏན་རྒྱ་ཆེ་བའི་ཕྱིར་རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་བྱའོ། །སངས་རྒྱས་ཀྱི་ས་ན་སྒྲིབ་པ་ཐམས་ཅད་སྤངས་པའི་དོན་དམ་པའི་སེམས་བསྐྱེད་དོ། །དེ་བཞིན་དུ་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔ་དང་རྗེས་སུ་མཐུན་པའི་སེམས་བསྐྱེད་ལྔ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལྟོས་པའི་སེམས་བསྐྱེད་ཚུལ་དྲུག །ས་མཚམས་དབྱེ་བ་ཉེར་གཉིས་སོགས་བཤད་པ་ནི་བསམ་པས་སྨོན་པ་དང་འབྲེལ་བའི་འཇུག་པས་ཁྱབ་པ་ལ་འདུ་ཞེས་པའོ། །ས་མཚམས་ཀྱི་དབྱེ་བས་ཉི་ཤུ་རྩ་གཉིས་ནི། ཨཱརྱ་མཻ་ཏྲིས། དེ་ཡང་ས་གསེར་ཟླ་བ་མེད། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོའི་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་ག ཉིས་སོ། །སྨོན་པའི་སེམས་རྣམ་པ་གསུམ་དང་། འཇུག་པའི་སེམས་རྣམ་པ་བཅུ་དགུར་བཤད་པ་ནི་ཚོགས་ལམ་ནས་ས་བཅུ་པའི་བར་ཡིན་ལ་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཡིན་པས་དེ་དང་མི་སྦྱོར་རོ། །རྩ་བ། གང་ཞིག་རང་ཉིད་ལེགས་པ་དོན་གཉེར་ནས། །རྟག་ཏུ་གཅོད་པ་མེད་པའི་སྒོ་འཕར་ནང་། །སློང་བའི་ཡིད་ལ་འཁྲུགས་པ་མི་སྟེར་བ། །དེ་ལ་གཏན་པ་མེད་པའི་མཆོད་སྦྱིན་ཞེས། །བསྔགས་པར་འོས་ན་མཐའ་དག་སེམས་ཅན་དོན། །ཕན་པའི་སྨོན་སེམས་ཐང་གཅིག་སྐྱེས་པས་ཀྱང་། །ངན་སོང་སྒོ་གཅོད་ལྷ་མིའི་གནས་རིགས་སུ། །བདེ་བ་བསྟེན་པའི་ཡོན་ཏན་ཟད་མི་ཤེས། །ཞེས་པ་ནི་གང་སུ་ཞིག་རང་ཉིད་ལེགས་པ་དོན་དུ་གཉེར་ནས་སྦྱིན་པ་ལ་བརྩོན་པ་དག་རྟག་ཏུ་གཅོད་པ་མེད་པའི་མཛོད་ཁང་གི་སྒོ་འཕར་ནང་ནས་སློང་བའི་ཡིད་ལ་འདོད་པ་འགོག་པས་འཁྲུགས་པ་མི་སྟེར་བ་དེ་ལྟ་བུ་ལ་གཏན་པ་མེད་པའི་མཆོད་སྦྱིན་ཞེས་བསྔགས་བརྗོད་ཀྱི་ཡུལ་དུ་འཛིན་པར་འོས་ན། མཐའ་དག་སེམས་ཅན་གྱི་དོན་དུ་ཕན་པའི་སྨོན་སེམས་ཐང་ཅིག་སྐྱེས་པས་ཀྱང་ངན་སོང་གསུམ་གྱི་སྒོ་གཅོད་ཅིང་ལྷ་དང་མིའི་གནས་རིགས་སུ་སྐྱེས་ནས་བདེ་བ་བསྟེན་པའི་ཡོན་ཏན་ནི་སྔ་མ་ལས་འཕགས་ཤིང་ཟད་མི་ཤེས་པའོ། །ཞེས་པའོ། །རྩ་བ། ཁྱད་པར་འཇུག་པའི་ཡོན་ཏན་མཐའ་ཡས་ཏེ། །དངོས་སུ་སྦྱོར་བས་ཁྱབ་པའི་ཆོ་ག་ལ། །གང་ནས་བཟུང་སྟེ་ལྡོག་པ་མེད་པའི་སེམས། །འགྲོ་སྒྲོལ་དམ་བཅའ་ཤིན་ཏུ་ཡིད་བརྟན་པ། །དེ་ནས་བཟུང་སྟེ་བག་མེད་གཉིད་ལོག་ཀྱང་། །བསོད་ནམས་རྒྱུན་ཆགས་ཉིད་དུ་འབྲེལ་འགྱུར་བ། །སྤྱོད་པའི་ས་ལས་འཐད་པ་དང་བཅས་བཤད། །ཅེས་པ་ནི་ཁྱད་པར་ཞེས་སྨོན་པ་ལས་ཀྱང་འཇུག་པའི་ཡོན་ཏན་མཐའ་ཡས་པར་གསུངས་ཤིང་དེ་ལ་དངོས་སུ་སྦྱོར་བས་ཁྱབ་པའི་ཆོ་ག་ལ་ཞུགས་པ་གང་ནས་བཟུང་སྟེ་ལྡོག་པ་མེད་པའི་སེམས་བསྐྱེད་འགྲོ་རྣམས་སྒྲོལ་བའི་དམ་བཅར་ཤིན་ཏུ་ཡིད་བརྟན་པ་བླངས་བཞིན་མ་ཉམས་པ་དེ་ནས་བཟུང་སྟེ་བག་མེད་ལུང་མ་བསྟན་ནམ་གཉིད་ལོག་པ་སོགས་དྲན་པ་ཉམས་ཀྱང་བསོད་ནམས་རྒྱུན་ཆགས་ཉིད་དུ་འབྲེལ་བར་འགྱུར་བ་ཐེག་པ་ཆེན་པོའི་སྤྱོད་པའི་ས་ལས་འཐད་པ་དང་བཅས་ཏེ་བཤད་པ་བཞིན་ནོ། །རྩ་བ། བསྐལ་པ་མང་པོའི་ཚོགས་ཀྱང་འདུམས་པར་འགྱུར། །ཕྱུགས་དང་གླང་པོ་ཤིང་རྟ་ཉི་ཟླ་སོགས། །བགྲོད་པའི་བརྟུལ་ཞུགས་མྱུར་བུལ་མཐའ་ཡས་ལྟར། །བློ་སྟོབས་ཆེན་པོའི་ཐབས་བརྩོན་ཤེས་རབ་ཀྱིས། །གྲངས་མེད་གསུམ་གྱི་དམ་བཞག་འཇིག་པ་ཡིན། །ཞེས་པ་ནི་དེ་སྐད་དུ་དབང་པོ་རྣོན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་དང་། དབང་འབྲིང་གྲངས་མེད་བདུན། དབང་རྟུལ་གྲངས་མེད་སུམ་ཅུ་རྩ་གསུམ་གྱི་སངས་རྒྱ་བར་གསུངས་ནའང་ཐེག་པ་ཆེན་པོའི་ལམ་ལ་ངེས་པར་ཞུགས་པ་དག་གིས་ནི་བསྐལ་པ་མང་པོའི་ཚོགས་ཀྱང་སེམས་བསྐྱེད་ཀྱི་འཕེན་པ་རེ་རེས་འདུམས་པར་འགྱུར་བའི་དཔེ་དང་སེམས་བསྐྱེད་ཆེ་ཆུང་གི་ཁྱད་པར་ནི། ཕྱུགས་ཀྱི་ཤིང་རྟ་ལྟ་བུ་དང་གཅིག །དེ་བཞིན་དུ་གླང་པོ་ལྟ་བུ་དང་གཉིས། ཉི་ཟླ་ལྟ་བུར་འགྲོ་བ་དང་གསུམ། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང་བཞི། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བ་དང་ལྔའོ། །དང་པོ་དེ་ནི་ཐེག་ཆེན་གྱི་ལམ་ལ་ཞུགས་ལོ་ཙམ་བྱས་ཀྱང་དེ་བཞིན་དུ་མི་སློབ་པར་ཉན་རང་གི་གཞུང་ལ་སློབ་པར་བྱེད་པའོ། །གཉིས་པ་ནི། གང་དག་ཐེག་ཆེན་གྱི་ལམ་དུ་ཞུགས་ནས་དེའི་གཞུང་ལ་བསླབ་སྦྱང་ཡང་བྱེད་ཉན་ཐོས་ཀྱི་གཞུང་ཡང་མི་འདོར་ཞིང་གཉིས་ཀ་ལྷན་ཅིག་ཏུ་ཉམས་སུ་ལེན་པ་དག་གོ། །གསུམ་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཉན་ཐོས་ཀྱི་གཞུང་ལ་ཡིད་ཅུང་ཟད་ཀྱང་མི་སྟོན་པར་ཐེག་པ་ཆེན་པོའི་གཞུང་ཁོ་ན་ཉམས་སུ་ལེན་པའོ། །བཞི་པ་ནི། ཐེག་ཆེན་གྱི་ལམ་དུ་ཞུགས་ནས་དེ་ཁོ་ན་ལ་ཡི་དམ་བྱས་ཀྱང་གཞན་རྗེས་སུ་མི་འཛིན་པ་དག་གོ། །ལྔ་པ་ནི། ཐེག་ཆེན་གྱི་ལམ་དུ་ཞུགས་ནས་དེའི་གཞུང་བཞིན་ཉམས་སུ་ལེན་ཅིང་གཞན་ཡང་དེ་ལ་འགོད་པར་བྱེད་པ་དག་གོ། །དེ་ལྟ་བུའི་སངས་རྒྱས་ཀྱི་ས་ལམ་བགྲོད་པའི་བརྟུལ་ཞུགས་ལ་མྱུར་བུལ་མཐའ་ཡས་པ་ཡོད་ཅིང་། དེ་ཡང་བློ་སྟོབས་ཆེན་པོའི་ཐབས་མང་ལ་བརྩོན་ནུས་པ་དང་ཤེས་རབ་ཀྱི་རྩལ་གྱིས་ཐེག་ཆེན་ལྟར་གྲངས་མེད་གསུམ་གྱི་མཐར་སངས་རྒྱས་ཐོབ་པའི་དམ་བཞག་འཇིག་པ་ཡིན་ཏེ། རྩ་བ། ཇི་ལྟར་ས་བོན་ས་ལ་ལྷུང་བ་བཞིན། །སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ། །ཞེས་པ་ནི་སོ་སོ་སྐྱེ་བོའི་རྒྱུད་ལ་བྱང་ཆུབ་ཀྱི་ས་བོན་བཞག་པ་ཙམ་ཡིན་གྱིས་དེའི་དཔེ་ནི་ཇི་ལྟར་ས་བོན་ས་ལ་ལྷུང་བ་ལ་མྱུ་གུ་སྨིན་དགོས་ནའང་དེའི་གེགས་ཐེག་དམན་ལམ་གྱི་བྱེད་པས་སེམས་མཆོག་བསྐྱེད་པ་ཁོ་ན་ལས་སྐྱེས་པ་ཉིད་གཙོ་ཆེ་ཞེས་པའོ། །དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་བཞི་ཁྲིའི་ཚོགས་འདུམ་པ་དང་། བྲམ་ཟེ་ཁྱེའུ་སྐར་མ་ལ་དགའ་བས་ཚོང་དཔོན་གྱི་བུ་མོ་འདོད་པས་གཟིར་ཏེ་ལྕེབ་པར་བརྩམ་པ། སྲོག་ལ་བསྐྱབ་ཕྱིར་ཚངས་སྤྱོད་བཏང་བས་བསྐལ་པ་ཉི་ཁྲིའི་ཚོགས་འདུམས་པ་བཞིན་གྲངས་མེད་མང་པོར་ཐོགས་པར་མ་ངེས་པ་ལྟར་གསུངས་སོ། །རྩ་བ། སྟོབས་གསུམ་ལས་ནི་བྱང་ཆུབ་སེམས་སྐྱེ་བས། །སྙིང་རྗེ་ཆེ་དང་ཚོགས་བསགས་སྐྱབས་སུ་འགྲོ། །བསམ་དང་སྦྱོར་བ་རྒྱུ་ཡི་སྟོབས་སུ་བཤད། །ཅེས་པ་ནི་དེ་ཡང་བསམ་པའི་སྟོབས་སྙིང་རྗེ་ཆེན་པོ་ལ་བློ་འབྱོངས་པས་སྦྱོར་བའི་ཚོགས་བསགས་པ་རྒྱུའི་སྟོབས་སྐྱབས་འགྲོ་ཁྱད་པར་ཅན་བྱས་པ་ལས་སྐྱེ་བའོ། །ཁྱད་པར་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་ཐེག་པ་ཆེན་པོའི་སེམས་སྐྱེ་བར་ཡང་སྔོན་སངས་རྒྱས་གྲགས་པ་ཐ་ག་པར་གྱུར་ཚེ་སངས་རྒྱས་གློག་གི་སྒྲོན་མ་ལ་རས་ཀྱི་ཁ་ཚར་ཕུལ་བ་དང་། བདེ་གཤེགས་འོད་འཕྲོ་ཅན་སྤྲང་པོར་གྱུར་ཚེ་སངས་རྒྱས་འོད་མཐའ་ཡས་ལ་རྩིའི་སྒྲོན་མེ་ཕུལ་ནས་ཐུགས་བསྐྱེད་པ་སོགས་ལ་བསམ་པར་བྱ་བ་ནི་གལ་ཆེ་ཞིང་། དུས་རྣམས་ཀུན་ཏུ་ཡན་ལག་བདུན་པ་སོགས་ཚོགས་བསག་གི་རིམ་པ་མཐའ་མ་བཀག་པ་ལ་བརྩོན་པར་བྱའོ། །རྩ་བ། རྟེན་གྱི་གང་ཟག་རྣམ་པ་གཉིས་བསྟན་ཏེ། །སོ་ཐར་རིགས་བདུན་གང་རུང་སྡོམ་ལྡན་ནམ། །དཀོན་མཆོག་ཏཱ་ལར་བསམ་པའི་རྟེན་གཙོ་བའི། །རྗེས་ཕྱོགས་དབུ་མའི་ལམ་སྲོལ་འཇུག་པ་ཡངས། །ཞེས་པ་ནི་སྤྱིར་སེམས་བསྐྱེད་ཙམ་ཐེག་པ་ཆེ་ཆུང་གཉིས་ཀར་ཡོད་ཀྱང་དེའི་ཆོ་ག་སྤྱོད་པ་མེད་དོ། །འདི་ཐེག་པ་ཆེན་པོ་ལ་སེམས་ཙམ་པ་དང་། དབུ་མ་པའི་ལུགས་གཉིས་ལས་སྔོན་མ་ལྟར་ན་སོ་ཐར་རིགས་བདུན་གང་རུང་གཅིག་ཚང་དགོས་པ་དང་རྗེས་མ་ལྟར་ན་སྲོག་གཅོད་པ་ཁོ་ན་སྤངས་ནུས་པ་ལ་དད་པ་དང་སྙིང་རྗེ་ཡོད་ན་བྱང་ཆུབ་སེམས་བསྐྱེད་ཀྱི་བསླབ་པ་འབོགས་པ་ཆོག་པར་གསུངས་སོ། །རྩ་བ། ཚོགས་བསག་པ་ནི་ལྷག་པར་སྐྱེ་བའི་ཐབས། །རྒྱུ་ནི་ཀུན་ཀྱང་བདེ་གཤེགས་སྙིང་པོ་ཅན། །རྐྱེན་ནི་དགེ་བའི་བཤེས་ལ་རབ་བསྟེན་པ། །ཡིད་བཞིན་ནོར་བུ་ལྟ་བུའི་བླ་མ་མཆོག །བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་གང་བ་དེས། །ཞེས་པ་ནི་དེ་ཡང་དགེ་ཚུལ་གྱི་སྡོམ་པ་མཁན་སློབ་ལས་སྐྱེས། དགེ་སློང་གི་སྡོམ་པ་དད་པའི་དགེ་འདུན་ལས་སྐྱེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཚོགས་བསགས་པ་ཁོ་ན་ལས་སྐྱེ་བར་གསུངས་པས་དཀོན་མཆོག་མཆོད་པ་གཡོ་ཟོལ་མེད་པར་གང་ཡོད་བཤམ་དགོས་པ་ཡང་། སྔོན་ཇོ་བོ་དཱི་པཾ་ཀ་ར་ལ་བོད་སྟོན་ཚོས་སེམས་བསྐྱེད་ཞུས་ཚེ་མཆོད་པ་ཆུང་བ་ལ་མ་མཉེས་ནས་ལན་གཉིས་སུ་བཞུགས་ཁང་དུ་གཤེགས་མཐར་ཡོད་དགུ་སྤུངས་ནས་མཆོད་པར་བཤམས་ཚེ་ད་དུང་ཡང་རུང་ཙམ་ལས་མ་གསུངས། དེས་ན་རང་གི་ལོངས་སྤྱོད་ཆ་གསུམ་བགོས་པའི་ཆ་གཉིས་དཀོན་མཆོག་སྤྱི་དང་བླ་མ། གཅིག་ནི་རང་གིས་སྤྱོད་དུ་རུང་བར་བཤད་པའི་ཕྱིར་ཚོགས་བསག་ལ་འབུངས་པ་ནི་བྱང་ཆུབ་ཀྱི་སེམས་ལྷག་པར་སྐྱེ་བའི་ཐབས་སུ་གསུངས་པ་དང་། དེ་ཡང་རྒྱུ་ནི་སེམས་ཅན་ཀུན་ཀྱང་བདེ་བར་གཤེགས་པའི་སྙིང་པོ་འོ་མ་ལ་མར་གྱིས་ཁྱབ་པ་བཞིན་ཡོད་པ་ཅན་ཡིན་ཀྱང་རྐྱེན་ནི་དགེ་བའི་བཤེས་གཉེན་ལ་རབ་ཏུ་གུས་པའི་སྒོ་ནས་བསྟེན་དགོས་པས། ཡིད་བཞིན་ནོར་བུ་ལྟ་བུའི་བླ་མ་བསྟན་འགྲོར་ཕན་པ་མཆོག་དང་ལྡན་ཞིང་ཁྱད་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་རྒྱུད་གང་བ་དེ་ལྟ་བུ་ལས་བསླབ་སྡོམ་བླང་བར་བྱའོ། །དེ་མ་རྙེད་ན་སངས་རྒྱས་དང་བྱང་སེམས་རྣམས་མདུན་མཁར་བཞུགས་པ་ཡིད་ལ་བྱས་ཏེ་བླང་དུ་རུང་བར་བཤད་དོ། །དེ་ལྟར་བླངས་པས་དངུལ་ཆུ་གསེར་དུ་སྣང་བ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་བསྒྱུར་བ་བཞིན། བྱང་ཆུབ་སེམས་བསྐྱེད་དངུལ་ཆུའི་མཆོག་ལྟ་བུ་དེས་ལས་དང་ཉོན་མོངས་པ་ལྕགས་ཁམས་ལྟ་བུ་རྣམས་མ་ལུས་པར་ཟད་པར་བྱེད་དོ། །རྩ་བ། ཐོག་མཐའ་བར་དུ་དགེ་བའི་ཆོས་རྣམས་དང་། །རྒྱན་དང་སྡོང་པོ་བཀོད་ལས་ལེགས་གསུངས་པའི། །བྱང་ཆུབ་སེམས་ཀྱི་ཡོན་ཏན་དཔག་ཡས་བརྗོད། །ཅེས་པ་ནི་འདིར་བློ་སྦྱང་བའི་ཕྱིར་ཐོག་མར་དགེ་བ་འཁོར་བའི་ཉེས་དམིགས་ལ་སྐྱོ་བ། བར་དུ་དགེ་བ་ཐར་པའི་ཕན་ཡོན་ལ་སྤྲོ་བ། ཐ་མར་དགེ་བ་སྟོང་ཉིད་སྙིང་རྗེས་རྒྱུད་ལེགས་པར་སྦྱངས་པ་ཐེག་ཆེན་ལ་སྤྲོ་བ་དག་ལ་སྔོན་དུ་རྒྱན་དང་སྡོང་པོ་བཀོད་པ་ལས་ལེགས་པར་གསུངས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་བརྗོད་དགོས་པར་གསུངས་ཀྱང་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དྲིལ་བ་དང་བྱང་ཆུབ་སེམས་ཀྱི་ཡོན་ཏན་དང་ཕན་ཡོན་མཉམ་པར་གསུངས་པ་དང་། དཔེར་ན་རྒྱ་མཚོ་ཆེན་པོ་བ་དང་མ་ཧེ་དང་རའི་འོ་མ་སོགས་ཀྱིས་ཡོངས་སུ་བལྟམས་པའི་ནང་དུ་སེངྒེའི་འོ་མ་ཐིགས་པ་གཅིག་བླུགས་པས་འོ་མ་གཞན་མ་ཐམས་ཅད་འབྲོས་ཤིང་འགྱེས་ནས་འདུར་མི་བཏུབ་པ་བཞིན་དུ་བསྐལ་པ་དཔག་མེད་ནས་བསགས་པའི་ལས་ཉོན་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མཐུས་འབྲོས་ཤིང་འགྱེས་ནས་ཉེས་བྱས་ཀྱི་རྣམ་སྨིན་དང་ཐེག་དམན་གྱི་བསམ་སྦྱོར་འདུ་བར་མི་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའི་ཤིང་རྟའི་ནང་དུ་ཞུགས་ཏེ་འདོད་ཡོན་ལྔ་ལ་ལོངས་སྤྱོད་པ་ཞིག་གི་ཤིང་རྟ་འདྲེན་མཁན་གཞན་མེད་ན་དེ་བཞིན་གཤེགས་པས་ཀྱང་འདྲེན་དུ་རུང་ཞིང་། ཉན་ཐོས་མཆོག་གཉིས་ལྟ་བུ་ཡིན་ཀྱང་དེ་ལྟར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན་བྱང་ཆུབ་སེམས་དཔའ་ལས་དེ་བཞིན་གཤེགས་པ་རྣམས་སྐྱེས་ཤིང་དེ་ལས་ནི་ཉན་རང་རྣམས་སྐྱེ་བས་ཁྱད་པར་རོ། །རྩ་བ། སྐྱང་ནུལ་མཛེས་སྡུག་ངོམ་པའི་གནས་ཁང་ཡང་། །གུར་གུམ་སྤོས་ཆུས་བྲན་བཅས་གདོང་བཀྲུ་ཞིང་། །དཀོན་མཆོག་འབའ་ཞིག་ཡིད་ལ་སེམས་པ་ཡི། །མཆོད་ཚོགས་ཕྲུ་མ་འདེབས་ལ་དགའ་ཞིང་དགོད། །ཅེས་པ་ནི་དེ་ཡང་སྡིག་པའི་སྐྱོན་དང་བྲལ་ཞིང་དགེ་བའི་དཔལ་ཡོན་ལྡན་པའི་གནས་ཁང་བྱི་དོར་དང་། སྐྱང་ནུལ་མཛེས་སྡུག་ངོམ་པ་སྟེ་གུར་གུམ་སྤོས་ཆུ་བ་བྱུང་བྲན་བཅས་གདོང་བཀྲུ་ཞེས་ལེགས་པར་བྱུགས་ནས་འཇིག་རྟེན་ཆོས་བརྒྱད་ཀྱི་སྐྱོན་དང་མ་འདྲེས་པར་དཀོན་མཆོག་གསུམ་འབའ་ཞིག་མཆོད་པ་ལ་དགའ་བ་དང་སྤྲོ་བའི་སེམས་ཀྱིས་དངོས་སུ་འབྱོར་བའི་མཆོད་པ་སྣ་ལྔ་སོགས་དངོས་གཙང་གྱ་ནོམ་པ་སེར་སྣས་ཅུང་ཟད་ཀྱང་མ་སྦགས་པའི་རིགས་དང་དེ་ལས་ཀྱང་བློས་དཔག་མེད་དུ་སྤྲུལ་ནས་མཆོད་པའི་ཚོགས་ཕྲུ་མ་འདེབས་ཞེས་མངོན་དུ་བསྟར་འཇིག་རྟེན་ན་ལྷ་མིའི་སྒར་ཆེན་ཐང་དུ་ལྷགས་པ་ལྟ་བུའི་བཀྲག་དང་གཟི་འོད་དཔག་ཏུ་མེད་པ་བཤམས་པའོ། །རྩ་བ། དམ་ཚིག་གཟུགས་བརྙན་མཐའ་དག་དེར་བོས་ནས། །ཡེ་ཤེས་སེམས་དཔའི་དགུག་གཞུག་ཆོ་ག་ནི། །མཛའ་གཅུགས་དམ་བཅའ་དྲན་པ་ལས་མྱུར་བས། །རྒྱལ་རྣམས་ཞིང་ཁམས་གཞན་དུ་གཟིགས་པ་ཡོལ། །ཞེས་པ་ནི་གནས་ཁང་དེར་དམ་ཚིག་གི་གཟུགས་བརྙན་མཐའ་དག་ནི་སྐུ་གསུང་ཐུགས་རྟེན་གང་ཡོད་རྣམས་སྤྱན་དྲངས་ལ་བཞུགས་གསོལ་ནས་ཡེ་ཤེས་སེམས་དཔའི་དགུག་གཞུག་ཆོ་ག་ནི། སྤྱན་འདྲེན་གྱི་ཚིག་གང་རུང་གིས་ཁ་ཙམ་མ་ཡིན་པར་སྙིང་ནས་དད་པས་སྤྱན་དྲངས་ན། རང་ཉིད་ལ་མཛའ་ཞིང་གཅུགས་པའི་སྙིང་མཐུན་གྱི་གྲོགས་དང་དུས་བཏབ་པའི་དམ་བཅའ་དྲན་པ་ལས་མྱུར་བས་བདག་ཁོ་ནར་བརྩེ་བའི་ཐུགས་ཀྱིས་དགོངས་ནས་བྱོན་པ་ལས་རྒྱལ་བ་རྣམས་ཞིང་ཁམས་གཞན་དུ་གཟིགས་པ་བཤོལ་བ་ལ་ཡོལ་ཞེས་པའོ། །འདིར་རྩ་འགྲེལ་ལྷན་དུ་བསྡེབས་པ་ལ། གང་ཞིག་ཞེས་མ་ལུས་མི་ལུས་ལུས་པ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་མགོན་དང་དཔུང་གཉེན་དུ་གྱུར་ཀྱང་ཐར་ལམ་ལ་བར་དུ་གཅོད་པའི་བདུད་ཀྱི་སྡེ་ཚོགས་ཡོངས་ཀྱི་དགྲར་གྱུར་པ་ནི་ཇི་ལྟ་བ་དོན་དམ་དང་ཇི་སྙེད་པ་ཀུན་རྫོབ་ཀྱི་ཆོས་རྣམས་ཆགས་ཐོགས་མེད་པར་མཁྱེན་ཅིང་གཟིགས་པ་ཡི་བྱེད་པོ། བདུད་བཞི་བཅོམ་ཞིང་ཕར་དྲུག་དང་ལྡན་པའི་རྒྱལ་བ་རྣམས་བདག་གི་སྡུམ་པ་སྟེ་གནས་ཁང་འདིར་མཆིས་སུ་གསོལ་ནི་འབྱོན་པར་བསྐུལ་ནས། དེ་ཡང་ལས་དང་རྫུ་འཕྲུལ་གྱིས་སྤྲུལ་པ་མ་ཡིན་ཞིང་རྣམ་གསུམ་དད་པའི་བློ་ཡིས་རྒྱལ་བ་འཁོར་བཅས་པའི་འབྱོན་པའི་ཤུལ་ཏེ་ལམ་བར་དུ་ཁྲུས་ཀྱི་ཁང་བུ་བརྩེགས་པ་དྲི་བསུང་འཐུལ་བ་ཅན་དང་། དེར་ཡང་ཁ་དོག་སྣ་ཚོགས་པའི་ཤེལ་དང་ནོར་བུའི་རིགས་ཀྱིས་གཞི་ད ང་ཀ་བ་ལ་སོགས་དང་ལྡན་ཞིང་། གཡུ་དམར་དང་མུ་ཏིག་གི་བླ་བྲེ་དཔྱངས་པའི་གནས་ཁང་དེར་སུ་ཞིག་བཞུགས་སུ་གསོལ་ན། བདེ་གཤེགས་རྒྱལ་བ་རྣམས་དང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ། དྲི་བཟངས་ཀྱི་སྤོས་ཆུ་སྣ་ཚོགས་ཀྱིས་གང་བའི་ནོར་བུའི་བུམ་པ་ནས་ཁྲུས་ཀྱི་རིམ་གྲོ་བ་སྟེ་སྲི་ཞུ་བགྱིད་པའི་སྨིན་ལེགས་མ་ནི་ལྷ་མིའི་བུ་མོ་མཛེས་མའི་ཚོགས་ཀྱིས། གླུ་དང་རོལ་མོའི་འགྱུར་བ་གཅིག་ལས་གཅིག་ལྷག་པ་འགྲན་པ་ལ་བརྩོན་པ་ལྟ་བུའོ། །ཉེ་རེག་སྟེ་ཁྲུས་ཀྱི་ཆོ་ག་ལ་མཁས་པའི་རི་དྭགས་མིག་དཀྱུས་རིང་བ་དག་གིས་དྲིལ་ཕྱིས་ལྷའི་དར་པཉྩ་ལི་ཀ་ལྟ་བུའི་སྐུ་མཉེའི་སྟེ་སྔ་མ་ཁྲུས་བྱས་པའི་གནས་རྣམས་ཕྱི་ཞིང་སྲི་ཞུས་གཡེང་བའང་། དར་ཁ་དོག་གཅིག་ཁོ་ནར་མི་གནས་ཏེ་དབང་པོའི་མཚོན་ཞེས་པ་འཇའ་ཚོན་ཁ་དོག་སྣ་ཚོགས་པ་ལྟ་བུ། དེ་ཡང་ཐགས་སུ་བཏགས་པ་ལྟ་བུའི་ཐ་མལ་གྱི་སྐྱོན་མེད་པའི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་ལྷ་རྫས་དེ་ཉིད་ཡུལ་གང་ལས་ན་རང་སེམས་ཀྱི་རྩལ་དུ་ཤར་བ་རྩལ་གྱིས་ཉོ་ཞེས་པ་དང་། ལྷའི་དཔག་བསམ་གྱི་ཤིང་ལས་གང་འདོད་ཀྱི་ཟས་གོས་འབྱུང་བ་ཡིན་ན་དེ་ལ་ལྗོན་པས་བཙོང་བའི་པཉྩ་ལི་ཞེས་ཉོ་ཚོང་གིས་ཐོབ་པའི་ཐ་སྙད་ཀྱིས་བཏགས་ནས། དེ་ཡང་ལྕིད་ཀྱི་སྐྱོན་སྤངས་ཤིང་སྲབ་འཇམ་ཡང་བའི་ཡོན་ཏན་དང་ལྡན་པའི་གོས་ཀྱི་མཆོག་དེ་ལྟ་བུ་ལ། དྲི་བཟང་དང་སྤོས་ཆུས་བགོས་ཤིང་བྱུགས་པ་དང་། གཞན་ཡང་སེམས་དཔའ་ཆེན་པོ་ལ་འོས་པའི་རིན་ཐང་གཞལ་དུ་མེད་པ་ལ་བརྗོད་ལ་ཁྲེལ་བའི་རིན་པོ་ཆེའི་རྒྱན་གྱི་བྱེ་བྲག་ཕྱག་ཞབས་རྣམས་སུ་གདུ་བུ་དཔུང་རྒྱན་སྙན་ཆ་དར་གྱི་ཅོད་པན་ལ་སོགས་པ་འདི་རྣམས། འདོད་པའི་ཡོན་ཏན་སྤངས་པའི་ཐུབ་པའི་དབང་པོས་ཀྱང་བཀྲེན་ལྡན་ཞེས་ཡི་དྭགས་ཀྱི་འགྲོ་བ་ལྟ་བུ་བདག་ཅག་བསོད་ནམས་བསགས་པའི་སླད་དུ་བདག་གིར་བཞེས་ནས་ཚོགས་རྫོགས་པར་གསོལ་བ་དང་། འཇིག་རྟེན་དབང་ཕྱུག་ལ་སོགས་ཉེ་བའི་སྲས་ཆེན་བརྒྱད་དང་ངན་སོང་ཀུན་འདྲེན་ལ་སོགས་པ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་རྣམས་དང་། ཁྱིམ་པའི་ཚུལ་འཛིན་པའི་བྱང་ཆུབ་སེམས་དཔའ་ཆོས་འཕགས་དང་རྟག་ཏུ་ངུ་ལི་ཙ་བི་དྲི་མ་མེད་པར་གྲགས་པ་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཞེས་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་ཁམས་གཅིག་ཅར་དུ་ཁྱབ་པའི་དྲིའི་བཞོན་པ་སྟེ་རླུང་ལ་འཁྱུད་པའི་ཙནྡྷན་སྤོས་ཀྱི་བསུང་ཞིམ་དྲིས་གང་ལ་བགོས་ན། བསོད་ནམས་བྱེ་བའི་འབྱུང་གནས་རྒྱལ་བ་རྣམས་ཀྱིས་མཚན་དཔེའི་བྱད་ཅེས་སྐུའི་དཀྱིལ་འཁོར་གསེར་སྦྱངས་ཀྱི་བརྟན་པ་འཕྲོག་ནུས་པ་དེ་ལ་བྱུགས་པར་བགྱི། ཚད་མེད་བཞི་ནི་བཏང་སྙོམས་ཡངས་པ་ཤེལ་གྱི་ས་གཞི་ལྟ་བུ་ལ་བྱམས་པ་ཚད་མེད་པའི་པདྨོའི་གེ་སར་སྟོང་བརྡལ་བར། སྙིང་རྗེ་ཚད་མེད་པའི་ཉི་ཟླ་བཀྲག་ཏུ་འཚེར་བ་བསྟར་ལྷའི་དགའ་བ་ཆེན་པོ་བཅོམ་ལྡན་འདས་འཁོར་དང་བཅས་པ་བཞུགས་སུ་གསོལ་ཞེས་བརྗོད་ལ། ཡང་རྩ་བའི་དཀྱུས་ལྟར། མཆོང་རྒྱུག་དང་འགྱེལ་བུབ་སོགས་བབ་ཅོལ་གྱི་གོམས་པ་འདོར་ལེན་མ་ཡིན་པའི་ལུས་གུས་བཏུད་ཀྱི་རྣམ་པས། སྙིང་ཁར་གུས་པ་དང་བཅས་པའི་མངོན་རྟོགས་ངོམ་པ་ཇི་ལྟ་བུ་ཞེ་ན་མེ་ཏོག་སྣ་ཚོགས་ཀྱི་ཡུ་བ་ཆུན་པོར་བྱས་པ་ལ་དོག་པའི་དང་རབ་བཟུང་སྙིམས་པའི་སྣོད་ནི་ལག་པ་གཉིས་ཐལ་མོ་སྦྱར་བ་གའུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡིན་ཞེས་པའོ། །ཡང་། རིག་པ་དང་ཞབས་སུ་ལྡན་པ་ལ་སོགས་བདེ་གཤེགས་རྣམས་ཀྱི་ཡོན་ཏན་མཐའ་དག་གནས་ཀྱིས་བསྐལ་ནས་གཞན་དུ་བགྲོད་མ་ནུས་པ་བཞིན་དུ། བདག་གི་དད་པའི་སྐྱེད་མོས་ཚལ་འདི་ཉིད་དུ་འོངས་པའི་མོད་སྡུག་བསྔལ་ལ་སྐྱོ་བ་ལྟར་མིན་པའི་དད་པས་བསྐྱེད་པས་ལུས་ཀྱི་བ་སྤུ་ཡང་གཅིག་ཏུ་ཟིང་ཞེས་པའོ། །ཡན་ལག་བདུན་པའི་དང་པོ་ཕྱག་འཚལ་བ་ནི། ཡང་། སྟོན་ཟླ་གསར་པ་ལ་གཞོན་པའི་ཐ་སྙད་དང་དེ་ཉིད་ཁྲུས་ལ་འཇུག་པ་ཞེས་གཟུགས་བརྙན་རྫིང་བུའི་ནང་དུ་སྣང་ཡུལ་དེར། རྨ་བྱའི་བུ་མོ་ཞེས་དེ་ལ་ཕོ་མེད་པ་ཤུགས་ཀྱིས་བསྟན་ནས་ཆུ་དེའི་ནང་དུ་དེ་ཉིད་འཇོ་སྒེག་རོལ་པ་ལྟ་བུའི་བདག་ལུས་ལང་ཚོའི་གྲངས་སྙེད་རྡུལ་གྱི་རྣམ་གྲངས་དང་ཤིན་ཏུ་འཁྲུལ་པ་སྐྱེད་བྱེད་ཕྱག་གིས་བྲེལ་ཞེས་པའོ། །དེ་ལ་ཕྱག་འཚལ་བ་ནི། ལྗོན་ཤིང་ས་ལ་བསྙལ་བ་བཞིན་ལུས་ས་ལ་བག་ཡོད་པར་བརྐྱང་ལ་མར་མེ་མཛད་ཀྱི་བརྐྱང་ཕྱག་ཅེས་བྱའོ། །དེ་ལ་མགོ་བོ་ས་ལ་སྨད་གཞན་ཡན་ལག་བཞི་པོ་ཤུགས་ལ་སྨད་པ་ཡན་ལག་ལྔ་ལྡན་གྱིའོ། །ཡང་། སྤྱི་མགྲིན་སྙིང་ག་གསུམ་དུ་ཐལ་མོ་འཇོག་པ་དང་ལྷན་ཅིག་དཀོན་མཆོག་གསུམ་ལ་དམིགས་ནས་སྔོན་བཞིན་བྱ་བ་དང་དེ་ལྟར་ལན་གསུམ་ལྡབ་པ་ལ་ཕྱག་དགུ་ཕྲུགས་སུ་འདོད་པ་དང་། ཡང་ན་བླ་མ་ལྟ་བུར་དང་པོ་མཇལ་མ་ཐག་དང་། དེ་ནས་ཕྱག་རྟེན་ཕུལ་མཐར་དང་། དེ་ནས་སྙུན་སྨོད་དེ་སྨོན་བཞིན་ཡན་ལག་ལྔ་ཕྱག་ལན་གསུམ་གསུམ་དགུ་འཚལ་བ་ལའང་དགུ་ཕྲུག་ཟེར་རོ། །མཆོད་པའི་ཡན་ལག་ནི། ཡང་། གཏོང་བའི་ཡན་ལག་ནི་ཡར་མཆོད་མར་སྦྱིན་གཉིས་ཀ་ཡིན་ཏེ་རྫོགས་པའི་ཞེས་སེར་སྣས་མ་བཅིངས་པའི་དངོས་སུ་འབྱོར་བ་དང་། དེས་ཀྱང་མཚོན་པར་མི་ནུས་པ་ལ་དཔེ་མེད་ཅེས་སྔོན་མ་ལས་འཕགས་པ་ནི་ཡིད་ཀྱིས་སྤྲུལ་པའི་མཆོད་པ་སྟེ། དེའི་བླ་ན་མཆོད་པ་གཞན་མཆིས་པ་མ་ཡིན་པ་མཆོད་པའི་སྤྲིན་རྒྱ་མཚོ། འཕགས་པ་ཀུན་ཏུ་བཟང་པོའི་ཡོན་ལ་ཞེས་གང་གི་མཆོད་པ་འགྲན་དུ་ཡོད་པ་སྲིད་ཁམས་ན་མེད་ཀྱང་སེམས་སྟོབས་ཆེན་པོས་དེ་ལྟར་སྤྲོ་ནུས་པས་ཕྲག་དོག་བགྱིད་ཅེས་ཐ་སྙད་སྨོས་པའོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དམ་པའི་ཆོས་འཛིན་པ་དང་། སེམས་ཅན་ལ་སྙིང་རྗེ་བསྒོམ་པ་དང་། ཆོས་བསྒྲུབ་པ་དང་བཞི་པོ་ཡང་བླ་ན་མེད་པའི་མཆོད་པར་བཞག་པ་ཡོད་དོ། །སྡིག་བཤགས་ཀྱི་ཡན་ལག་ནི། མུ་ཅོར་སྨྲ་བའི་ལས་དང་ཞེས་པ་ནི་ཁ་ནི་སྡིག་པའི་སྒོ་ཡིན་པས་ངག་གི་མི་དགེ་བ་ལ་མུ་ཅོར་སྨྲ་བའི་ལས་དང་ཞེས་རྗེས་སུ་སྨིན་རྒྱུ་དང་བག་ཆགས་ནི་རིན་པོ་ཆེ་དང་གཡའ་བཞིན་འབྲལ་མེད་དུ་གནས་པ་དེ་སྡིག་པའི་ས་བོན་ལྟར་ཡོད་པ་དེ་ཉིད་དགེ་བ་བཅུ་སྒྲུབ་པ་ལ་འཇིགས་ཤིང་སྐྲག་ནས་གཞན་དུ་བྲོས་པ་ལྟ་བུའི་མི་དགེ་བའི་གཟུགས་དེ་ཉིད་རེ་ཞིག་ཅིག་དགེ་བ་ཉི་ཚེ་བས་ཟིལ་གྱིས་ནོན་ནས་སྲིད་པའི་མུན་ནག་སྟེ་ཉོན་མོངས་པ་བརྒྱད་ཁྲི་སྲབ་མོ་མ་ཡིན་ཞིང་། ཤིན་ཏུ་སྟུག་པོའི་གནས་སུ་སྦས་པ་ལ་འཆབ་པ་དེ་ཀུན་གཞན་གྱིས་བཀྲུ་རུ་མེད་ཀྱང་། སྟོབས་བཞིའི་ཉིན་བྱེད་འབར་བས་སྦྱངས་ཤིང་བཤགས་ཏེ་སྔོན་མི་དགེ་བའི་ལས་བྱས་པ་ལ་གནོང་ཞིང་འགྱོད་པ་དང་འཇིགས་ཤིང་ངོ་ཚ་བར་བྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་དང་། རང་ཉིད་གཉེན་པོ་ཞན་པའི་སྐྱོན་གྱིས་ཉོན་མོངས་པའི་དབང་དུ་ཤོར་ནས་སྔོན་མི་དགེ་བ་ལ་སྤྱོད་ཀྱང་དེ་ལས་ཤིན་ཏུ་མང་བའི་དགེ་སྟོབས་རྒྱ་ཆེན་པོ་བསྐྱེད་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སྔོན་མི་དགེ་བ་བྱས་པ་ལ་ཤིན་ཏུ་འགྱོད་པས་སླར་སྡོམ་པ་བླངས་ནས་སྲོག་ལ་བབས་ཀྱང་སྡིག་པ་མི་བྱེད་པ་ནི་ཉེས་པ་ལས་ལྡོག་པའི་སོར་ཆུད་པའི་སྟོབས། སྡིག་པ་བཤགས་པའི་ཆེད་དུ་སྒོ་གསུམ་གྱི་དགེ་བ་བསྒྲུབས་ཚད་དང་ཁྱད་པར་མཆོག་གསུམ་ལ་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམས་པས་སྡིག་པ་ཟད་པར་བྱེད་ཅིང་། དེ་ལས་ཀྱང་ཕ་མ་དང་རང་སངས་རྒྱས་བསད་པ་ཡང་སྟོང་པ་ཉིད་བསྒོམས་པས་འདག་པར་གསུངས་པ་ཡང་སྡིག་པ་འདུས་བྱས་ཡིན་པའི་ཕྱིར་རོ། །ཡང་། སྦྱོར་བ་སྔོན་འགྲོའི་སྐབས་ཆགས་སྡང་རྨོངས་གསུམ་གང་གིས་ཀྱང་བདག་ཉིད་ཀྱི་སེམས་མ་འཁྲུགས་བཞིན་དུ་བསམ་པའི་ཁྱད་པར་གཅིག་གིས་ཞེས་དགེ་སྒྲུབ་སྡིག་སྤང་ལ་དགའ་བ་སྟེ། དེ་ཡང་གཞན་ཕྱོགས་དང་རིས་སུ་མ་ཆད་པའི་རྣམ་དཀར་གྱི་དགེ་བ་ལ་སྙིང་ཐག་པ་ནས་དགའ་ཞིང་སྤྲོ་བར་གྱུར་ན་དེའི་བསོད་ནམས་ཡུད་ཙམ་ལ་རང་གིས་ཐོབ་པ་ལ་འཕྲོག་པའི་ཆོམ་རྐུན་གྱི་བརྟུལ་ཞུགས་ལྟ་བུ་དཔེར་སྦྱར་བ་སྟེ་རྗེས་སུ་ཡི་རང་ཁོ་ནས་དེ་ལྟར་བྱས་པ་ཡིན་ཞེས་པ་ཡང་། སྔོན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སྟོན་པ་འཁོར་དང་བཅས་པ་ཉིན་ཞག་སྦྲེལ་ནས་བསྙེན་བཀུར་བའི་ཚེ་གྲོང་མཐའ་སྤྲང་པོ་ཞིག་གིས་རྗེས་སུ་ཡི་རང་རྒྱ་ཆེན་བྱས་པ། སྟོན་པ་དུས་གསུམ་མཁྱེན་པས་རྒྱལ་པོ་ལ་ད་ལམ་གྱི་བསྔོ་བ་འདི་རྒྱལ་པོ་ཁྱོད་ཀྱི་བསོད་ནམས་ཀྱི་ཕྱིར་བསྔོའམ། ཁྱོད་ཀྱིས་རྣམ་དཀར་བགྱིས་པ་འདིའི་སྟོབས་ཀྱིས་གཞན་ཞིག་ལ་ཁྱོད་ལས་ལྷག་པའི་བསོད་ནམས་འཐོབ་པ་ལ་བསྔོ་ཞེས་བཀའ་བསྩལ་པས། བདག་གི་དགེ་བས་གཞན་ཞིག་བསོད་ནམས་ཆེ་བར་གྱུར་ན་དེ་ལ་སྔོས་ཤིག་ཞུས་པས་དབུལ་པོའི་མིང་ནས་སྨོས་ཏེ་བསྔོ་བ་མཛད་པ་ཡང་རྗེས་སུ་ཡི་རང་གི་ཕན་ཡོན་ཡིན་ནོ། །ཡང་། ཐར་མེད་འཁོར་བའི་སྤྱོད་པ་ནི་མ་དུལ་བ་མ་ཞི་བ་མ་བསྡམས་པ་སོགས་སྡིག་པ་དང་གཡོ་སྒྱུ་ཁོ་ནས་བསླད་པ། མཆོད་སྦྱིན་ལ་ལྕགས་ཀྱི་ཕ་གུ་བཞིན་དུ་སྲ་བ་སེར་སྣ་སོགས་ལ་གོམས་པ་བརྟས་པ་རྡོ་རྗེ་འདག་པ་ལྟར་མཁྲེགས་པ་ངེས་འབྱུང་དང་དད་པ་ལ་ཐ་རྒོད་ལྟར་རེངས་པར་གྱུར་པ་དེ་ལྟ་བུ་ནི། གཞན་གང་གིས་ཀྱང་གདུལ་ཐབས་བརྟན་པ་བྲལ་བ་དེ་ལའང་དྲང་ངེས་ལྡེམ་དགོངས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྡུ་བའི་གང་ལ་གང་འདུལ་གྱི་རྩིབས་རྣོན་པོ་མངོན་མཐོ་དང་ངེས་ལེགས་ཀྱི་མུ་ཁྱུད་ལས་འདའ་བ་མེད་པ་དེ་བསྐོར་བར་བསྐུལ་བའོ། །ཡང་། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་དང་དེ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤངས་པར་གྱུར་ན་སྟོན་པ་དང་བསྟན་པ་གཉིས་ཀ་མེད་པར་འགྱུར་ཞིང་དེ་མེད་ན་རྒྱུ་འབྲས་ཀྱི་བླང་དོར་མི་ཤེས་པའི་འགྲོ་བ་རིགས་དྲུག་པོ་འདིས་སྡུག་བསྔལ་ཁོ་ན་ལ་སྤྱོད་པའི་གནས་སྐབས་ཀྱི་རྟེན་ཙམ་ཡོད་པ་མཐོང་ནས། དེ་རྣམས་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ལ་འགོད་པའི་ཆེད་དུ། སྐུ་མྱ་ངན་ལས་འདའ་བ་མ་ཡིན་པའི་གདན་ཁྲི་ལ་བཞུགས་པའི་ཡོན་དུ་དངོས་པོ་ཀུན་གྱི་རིན་ཐང་གཅིག་ཏུ་དྲིལ་ཏེ་སྤུངས་ན་བདག་སོགས་འགྲོ་བའི་ཆེད་དུ་ཡུན་རིང་བཞུགས་པར་གསོལ་བ་བཏབ་ན་དེའི་རྒྱུ་མཐུན་པའི་འབྲས་བུར་བདག་ཉིད་ཀྱང་དུས་མིན་འཆི་བར་མི་འགྱུར་རོ། །ཞེས་པའོ། །འདིར་ཡང་སྲིད་པའི་བདེ་འབྲས་ལ་དམིགས་པ་ལ་བདག་ཏུ་བལྟ་བས་འདར་བའི་ཞེས་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་པས་རྣམ་དཀར་གྱི་ལས་ལྟར་སྣང་བ་ཡང་སྲིད་པར་ལན་ཅིག་སྨིན་ནས་མངོན་མཐོའི་ལུས་རྟེན་ཙམ་ཐོབ་ནས་མྱུར་དུ་འཛད་པ་ཡིན་ཀྱང་ཆོ་ངེ་སྟེ་དེའི་གྲགས་པ་སྒྲོག་པ་ལ་རིངས་པ་རྣམས་ཀྱང་། བྱང་ཆུབ་བསྔོ་བའི་ཐབས་ཟབ་མོ་དང་ལྡན་ན་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བར་ངེས་ན། འདི་ལྟ་བུའི་འཕགས་ཆོས་དཔག་ཏུ་མེད་པ་ནི་ཉན་རང་དང་ཕྱི་རོལ་པ་སུ་ལ་ཡང་མེད་པས་ན་སྟོན་པ་གཞན་གྱི་ལུགས་ལ་མེད་ཅེས་པའོ། །དེའི་ཕྱིར་ན་དགེ་བ་སྔོན་བྱས་དང་བྱེད་འགྱུར་ཐམས་ཅད་བསྔོ་བར་གསུངས་པའོ། །རང་གི་བསོད་ནམས་ལོངས་སྤྱོད་ལ་ཆོག་ཤེས་ཡོད་པ་ལ་བདུད་རྩིའི་བཏུང་བས་ཞེས་དེའི་མ་ངོམ་ནས་མཆོད་སྦྱིན་སོགས་གཏོང་བའི་ལས་ལ་མ་བརྩོན་ན། སྐྱེས་བུའི་ཡིད་ལ་མ་བཟུང་བའི་མཆོད་སྤྲིན་ནི་ཡིད་སྤྲུལ་ཁོ་ན་སྟེ། དེ་ནི་དངོས་འབྱོར་སེར་སྣས་བཅིངས་ཏེ་གཏོང་མི་བྲ་བཞིན་དུ་ཡིད་སྤྲུལ་ཙམ་ལ་བསྟོད་བསྔགས་བརྗོད་ཅིང་རློམས་པར་བྱེད་པ་ཙམ་ནི་ཚིག་གི་ཕ་མཐར་འཁྱམས་པ་སྟེ་ཚིག་ཙམ་དུ་ཟད་པར་གྱུར་པ་ལ་སྐྲག་པར་གྱུར་ནས་དངོས་འབྱོར་གཏོང་བ་ལྟ་ཅི་སྨོས་ཏེ། བདག་གིས་གཅེས་པར་བཟུང་བའི་ལུས་འདི་ཡང་སྟན་དུ་འབུལ་བ་ལའང་དོ་གལ་བགྱིད་ཅེས་པའོ། །ཡང་འདི་ལྟར་དཀོན་མཆོག་གསུམ་གྱི་འབངས་སམ་གཡོག་ཏུ་དམ་བཅས་པའི་ཆོས་འདོད་གང་ཞིག་ཐུགས་རྗེའི་གྲིབ་བསིལ་དུ་བསྟི་བས་མེ་ཏོག་སད་སེར་གྱི་འཇིགས་པ་དང་བྲལ་བཞིན་འཇོ་སྒེགས་ཀྱི་ལང་ཚོ་ངོམ་པ་ཅན་ལྟ་བུ་དེ་ནི་རྣམ་པ་ཀུན་ཏུ་འཁྲུགས་པའི་ཞི་ཞིང་དུལ་བ་མ་ཡིན་པའི་གཤིན་རྗེའི་ཕོ་ཉའི་མདུན་སར་དཀོན་མཆོག་དྲན་པའི་མོད་ལ་འཇིགས་སྐྲག་སྐྱེ་བའི་མངོན་རྟོགས་ཀྱི་ཁྲོ་གཉེར་འཇིག་པར་བྱེད་པའི་རིན་ཐང་ཟད་མི་ཤེས་སོ། །ཞེས་པའོ། །ཡང་དེའི་ཕྱིར་ན་སྐྱེ་བ་ཀུན་ཏུ་གཏི་མུག་གི་མཐུས་ནོན་པའི་སྡིག་པ་དང་ལྡན་པ་བདག་ནི། བྱི་དོར་ཤིན་ཏུ་བསྟེན་པའི་དྭངས་ཤེལ་བཟང་པོ་ལྟར་དུ་བསོད་ནམས་མ་ཡིན་པའི་རྙོག་མ་མཐའ་དག་དྭངས་པའི་སེམས་ཀྱི་ནང་དུ་བརྡ་ཅན་ཆོ་ག་ལས་ཐོབ་པའི་བྱང་ཆུབ་སེམས་བསྐྱེད་ཆོ་གས་ཐོབ་པའི་གཟུགས་བརྙན་ངོམ་ཞེས་པའོ། །ཡང་། ཉོན་མོངས་པའི་ཉེས་པ་བརྒྱ་ཕྲག་གཡང་སར་ལྷུང་བའི་དམ་སྡོམ་ཉམས་པའི་གང་ཟག་དུག་གསུམ་དང་དུག་ལྔའི་རིམས་ཀྱིས་ཤིན་ཏུ་བཏབ་པའི་ནད་པ་འཚོ་བྲལ་ལྟ་བུ་རྣམས་ནི། གསོ་དཔྱད་དེ་སྨན་པ་ཕལ་པའི་མདུན་སར་དབུགས་མི་ཕྱིན་ཏེ་དེས་འདུ་བ་རྣམ་བཞི་ལ་ཕན་སྲིད་ཀྱང་། ཉོན་མོངས་ཀྱིས་གདུང་བའི་ནད་སེལ་མི་ནུས་ན་སྨན་པ་མཆོག་ཅེས་དཀོན་མཆོག་གསུམ་ལ་སྐྱབས་སུ་ལྷག་པར་དོང་ཞེས་སྙིང་ནས་སྐྱབས་སུ་འགྲོ་བའོ། །ཡང་བསོད་ནམས་ཀྱི་མཐུས་བསྐྱེད་པས་དད་པ་དང་མོས་པ་མཆོག་དང་ལྡན་པ་གང་གི་སླད་དུ་གནས་ཁང་འདིར་སྟོན་པ་གཙོ་འཁོར་རྣམས་གཤེགས་ནས་ཀྱང་། སེམས་ཅན་གྱི་ཁམས་དང་དབང་པོ་ལ་དགོངས་པའི་སྟོན་པའི་ཞལ་སྐྱིན་མཆོག་ནི་ཐེག་པ་ཆེན་པོའི་སྐྱེས་བུ་འབའ་ཞིག་ཡིན་པས་དེ་ཉིད་ཚོགས་ཀྱི་དབུས་ན་ལྷམ་མེར་མཛེས་པ་ལ། ཞེས་སྡོམ་པ་བླང་བའི་ཡུལ་བྱང་སེམས་འཕགས་པ་འབའ་ཞིག་གི་དབུས་ན་བཞུགས་པ་ལ་དང་བ་འདྲེན་ཅིང་དད་པ་བསྐྱེད་པར་བྱ་དགོས་ཞེས་པའོ། །ཡང་བྱང་ཆུབ་སེམས་བསྐྱེད་ཀྱི་བསླབ་པ་ཞུ་བའི་སྔོན་དུ་སྐྱབས་སུ་འགྲོ་བ་གསུམ་གྱི་གཞི་བཅས་ལ་དགོངས་སུ་གསོལ་བ་ལན་གསུམ་གྱིས་ཡུལ་མཆོག་གསུམ་ལ་སྙན་གསན་ཕབ་པ་སྔོན་དུ་འགྲོ་བ་དང་ཆབས་ཅིག་སེམས་བསྐྱེད་ཞུ་ཡུལ་གྱི་བླ་མའི་དགོངས་པ་སད་པར་བྱས་ནས། བསླབ་སྡོམ་ཇི་ལྟར་བླང་ན་བདུད་སྡེའི་གཡུལ་ལས་རྒྱལ་བའི་སངས་རྒྱས་རྣམས་དང་དེ་དག་གི་གདུང་བྱང་ཆུབ་སེམས་བསྐྱེད་ཀྱི་བསླབ་པ་འཛིན་པའི་རྒྱལ་སྲས་འཕགས་པའི་ཚོགས་དང་བཅས་པའི་ཐུགས་བསྐྱེད་དང་བསླབ་པའི་བརྟུལ་ཞུགས་ཁ་ཙམ་མ་ཡིན་པར་ཡང་དག་པར་བླང་བ་ཡིན་ལ། དེ་ཡང་ཉོན་མོངས་པའི་སྒྲིབ་པའི་ཟུག་རྔུ་སྟེ་རབ་ཏུ་གདུང་བ་སྲིན་བུའི་ཁ་ཆུས་རང་ཉིད་འཆིང་བ་ལྟ་བུ་དུམ་བུར་བཅད་པར་གྱུར་ཀྱང་། ཤེས་སྒྲིབ་སྟེ་ལྟ་སྒོམ་ཡུལ་དང་ཡུལ་ཅན་དུ་བཟུང་ཞིང་རོ་མྱོང་བ་ལྟར་ཡིད་ལ་བཅགས་ཤིང་ཞེན་པའི་ཐོས་དང་རང་རྒྱལ་དགྲ་བཅོམ་པ་དག་རང་ཉིད་ཐར་པ་གཉེར་ལས་གཞན་དོན་མི་སེམས་པའི་རིགས་རྣམས་གང་ལས་མ་བསྒྲལ་ན་རང་དོན་ཡིད་བྱེད་ལས་མ་བསྒྲལ་བ་ཐེག་ཆེན་གྱི་སར་བཀོད་པ་ལ་བསྒྲལ་ཞེས་པའོ། །ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀའི་འཆིང་བ་ཀུན་ནས་དཀྲིས་པའི་འཇིག་རྟེན་མེས་པོ་ཚངས་པ་མར་བཟུང་ནས་ལམ་ལ་མ་ཞུགས་པའི་སོ་སོ་སྐྱེ་བོ་ཡན་ཆད་དང་། སློབ་ལམ་བཞི་དང་འཕགས་པའི་བདེན་པ་མཐོང་བའི་བར་ལ་གནས་པའི་སེམས་ཅན་མ་གྲོལ་བ་དེ་དག་རྣམས་ལྷ་མིའི་སེམས་འཛིན་ལས་གྲོལ་ནས་ཉན་རང་གི་དགྲ་བཅོམ་ལ་འགོད་པར་བྱ་བ་དང་། མཐོ་རིས་རྣམ་གསུམ་ལས་ཤིན་ཏུ་སྡུག་བསྔལ་དྲག་པོས་མནར་བའི་གདུང་ཤུགས་རྒྱ་ཆེ་ཞིང་རྒྱུན་རིང་བ་ལས་བདེ་བའི་དབུགས་འབྱིན་ཐོབ་པ་མེད་པའི་ངན་སོང་གསུམ་པོར་བསྟི་བའི་འགྲོ་བ་མཐའ་དག་ཀྱང་། དབུགས་འབྱིན་ཆེན་པོའི་ཞེས་ལྷ་དང་མིའི་གནས་ཡུལ་ལ་སྦྱར་བ་དང་། མདོར་ན་འཁོར་བའི་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི་དཔེ་ནི་ཟོ་ཆུའི་འཁྱུད་མོའི་ཆུ་འཐགས་ཀྱི་འཁོར་ལོ་ལྟར་རྒྱུན་ཆད་མེད་པར་འཁོར་བའི་རྒྱར་ཆུད་པའི་སེམས་ཅན་ཡོད་དོ་ཅོག་མི་གནས་པའི་ཡེ་ཤེས་མྱ་ངན་ཞེས་འཁོར་བའི་ས་ལས་འདས་པའི་གྲོང་ཁྱེར་མཆོག་ནི་ཐམས་ཅད་མཁྱེན་པའི་གོ་འཕང་ཡིན་ཏེ། དེར་འགོད་པར་བྱེད་པའི་ཐབས་ཀྱི་ཆོ་གས་བཟུང་བའི་བརྗོད་པ་འདི་ལྟ་བུ་ནི། སྔོན་ཚེ་བྱོན་པའི་རྒྱལ་དང་དེ་སྲས་རྣམས་ཀྱི་ཐུགས་རྒྱུད་ལ་ཡ་ཡོ་དང་ཀྱག་ཀྱོག་མེད་པའི་དྲང་པོར་སྲོང་བ་སྟེ་དེ་རྣམས་ཀྱི་ལུགས་ལ་བརྟེན་པར་བགྱིད་དོ། །ཞེས་པའོ། །སེམས་བསྐྱེད་བླང་ཆོག་ནི། ཟུར་དུ་བཀོད་པ་ལྟར་ཤེས་པར་བྱ་བ་ཁོ་ནའོ། །ཡང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་པ་བླང་ཕན་དུ་ལན་གཅིག་མ་ཡིན་པར། རྟག་པར་རྒྱུན་དུ་ཉིན་ལན་གསུམ་མཚན་ལན་གསུམ་བྱང་ཆུབ་སྨོན་པ་དང་འཇུག་པའི་སེམས་གཉིས་བསྐྱེད་པ་ལ་ནན་ཏན་བྱ་དགོས་ཞེས་བསྟན་ནས། ཡང་རང་ཉིད་ཀྱི་དད་པ་དང་འདུན་པའི་རྩེ་མོ་ལ་བྱིན་རླབས་དང་དཔལ་ཡོན་ཀུན་ཀྱང་དེའི་རྐྱེན་གྱིས་ཆགས་པར་བྱེད་པས། དགོངས་སུ་གསོལ་བ་དང་པོས་སྨོན་པ་ཐོབ་ཅིང་། དེ་བཞིན་དུ་གཉིས་པས་འཇུག་པ་དང་གསུམ་པས་གཉིས་ཀ་བརྟན་པར་ཐོབ་པ་ནི། རྒྱ་མཚོའི་སྤྲིན་གྱི་བཞེད་པ་ཞེས་དེ་ཉིད་ཀྱིས་གསུངས་པ་བླ་ན་མེད་པ་ཡིན་ཞེས་པའོ། །ཡང་སྔོན་ཆད་གཞན་གྱི་དོན་ལ་དམིགས་པའི་སེམས་བསྐྱེད་པ་སྨོས་ཅི་དགོས་རང་གི་དོན་དུ་སེམས་བསྐྱེད་དགོས་པ་རྨི་ལམ་ཙམ་དུའང་མ་མྱོང་བའི་ད་ལམ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་སེམས་ཀྱི་ཁྱད་པར་འཕགས་པའི་གོ་འཕང་ལ་བཀོད་པའི་ཐབས་ཟབ་མོ་འདིའི་ཡོན་ཏན་གྱིས། བདག་གི་སྲིད་པ་ཞེས་མི་ལུས་ཐོབ་པ་ཙམ་ལ་བསྟོད་བསྔགས་བརྗོད་ཀྱང་རིན་ཐང་དེ་ཙམ་མེད་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཡོན་ཏན་དང་འབྲས་བུ་ནི་དཔག་ཏུ་མེད་དོ་ཞེས་པའོ། །ཡང་རྒྱལ་བུ་རྐང་འཁྱམས་པ་རྒྱལ་་པོའི་རིགས་ལས་གང་སུ་དག་ཇི་ཞིག་ཆོ་ཞེས་ཞང་ཕྱོགས་དང་རིགས་ཕ་ཕྱོགས་ཀྱིས་མངོན་པར་མཐོ་བའི་དཔལ་ཡོན་གྱིས་ལྷག་པར་ཕྱུག་པའི་བཙུན་པའི་གནས་ཐོབ་པ་ཇི་ལྟ་བ་བཞིན་དུ། རྒྱལ་བ་ཀུན་གྱི་སྲས་སུ་དུས་དེ་རིང་ནས་གྱུར་པས་བྱང་ཆུབ་སེམས་དཔའ་ཞེས་མིང་གི་ཅོད་པན་མགོ་བོར་ཐོབ་པས་རབ་ཏུ་དགའ་བར་བྱས་སོ། །ཞེས་པའོ། །ཡང་འདི་ལྟར་ས་འོག་ས་སྟེང་ས་བླ་སྟེ་སྲིད་པ་གསུམ་གྱི་བདག་པོ་བྱས་པའི་ལྷའི་གཙོ་བོ་རྣམས་དང་དེ་ཉིད་ཀྱིས་དཔལ་ཡོན་བྱིན་ལྟའི་མ་ཧཱ་ཙི་ན་རྒྱལ་པོ་སོགས་དང་དེས་ཀྱང་གཞན་ལ་རྨོངས་པའི་བླ་དྭགས་ཏ་ལེ་བླ་མ་དང་། ཝང་དང་། ཙང་ཀྱོན་སོགས་དཔྱངས་ཞེས་བཏགས་པ་ལའང་དགའ་བར་བྱེད་ན། དེ་ལས་ཁྱད་པར་བསམ་གྱིས་མི་ཁྱབ་པས་འཕགས་པའི་བྱང་ཆུབ་སེམས་དཔའི་གནས་སམ་གོ་ས་ཐོབ་པ་དེ་རིང་ཙམ་དུ་ཟད་པས། འདི་ལྟ་བུའི་དཔལ་དང་ཡོན་ཏན་དཔག་ཏུ་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བསླབ་པ་བླངས་པ་ལ་དགའ་བའི་འཁྲི་ཤིང་སྟེ་སར་ཉལ་བའི་རྐང་འཐུང་དག་ཡར་སློང་བ་ལ་ལྷ་ཡང་ཕྱོགས་པར་གྱུར་ཏོ་ཞེས་པའོ། །ཡང་དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནི། འཆི་བདག་འཇོམས་པའི་བདུད་རྩི་མི་ཟད་པའི་གཏེར་ལྟ་བུ། འགྲོ་བ་རྣམས་ཀྱི་ལུགས་ཟུང་གི་དབུལ་བ་སེལ་བའི་ནོར་བུ་རིན་པོ་ཆེ་ལྟ་བུ་དང་བཞི་བརྒྱ་རྩ་བཞིའི་ནད་སེལ་བའི་སྨན་མཆོག་ལྟ་བུ། སྲིད་པ་མཆོག་དམན་ཀུན་ཏུ་རྒྱུ་བའི་ལམ་ཡུན་རིང་བས་ངལ་ཞིང་དུབ་པའི་མགྲོན་པོའི་ངལ་སྟེགས་ལྟ་བུའི་ཕྱིར། བདག་ནི་དུས་དེ་རིང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་མཐུས་འགྲོ་བ་ཡོངས་ཀྱི་ཉེ་བར་འཚོ་བའི་བྱེད་པོར་གྱུར་པའོ། །མདོར་ན་རང་དོན་དུ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དགེ་རྩ་བྱས་པ་ལས། དམིགས་པ་མེད་པས་སྐད་ཅིག་གཅིག་ལ་སེམས་བསྐྱེད་པ་བསོད་ནམས་ཆེ་ཞེས་ཡུམ་བསྡུས་ལས་གསུངས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་བརྒྱད་པའི་སྐབས་སོ།། །།ད་ནི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞུང་བསྟན་པ། རྩ་བ། སྔོན་ཆད་ལེགས་པར་མ་བརྟགས་བབ་ཅོལ་གྱི། །དམ་བཅའ་གཏོང་ལའང་ཡིད་གཉིས་གནས་མཆི་ན། །རྒྱལ་དང་དེ་སྲས་རྣམས་ཀྱི་ཤེས་རབ་མཐུས། །གདོན་མི་ཟ་བར་བརྟགས་པའི་བླང་དོར་གནས། །བཏང་ན་བདག་གིས་སེམས་ཅན་ཀུན་བསླུས་པས། །མུ་མཐའ་མེད་པའི་ངན་འགྲོར་འཁྱམས་པར་འགྱུར། །དེ་ཕྱིར་སེམས་ཅན་གཅིག་གི་བདེ་བའང་། །བཤིག་ནས་བདག་ཉིད་ཉམས་པའི་ལས་མི་བགྱིད། །ཅེས་པ་ནི་འཇིག་རྟེན་ན་གནས་སྐབས་ཀྱི་བྱ་བ་ཆེ་ཆུང་གང་ཡིན་ཀྱང་འབྱུང་འགྱུར་གྱི་ཉེས་དམིགས་ལ་སྔོན་ཆད་ལེགས་པར་མ་བརྟགས་བབ་ཅོལ་ཏེ་དེང་དུས་ཀྱི་སེར་སྐྱ་ཕོ་མོ་གཤིན་པོར་འདྲེ་རླངས་འདེབས་པ་ལྟ་བུས་མཚོན་གཞན་ཕན་གྱི་དམ་བཅའ་བླངས་པ་ཁྱད་དུ་བསད་ནས་གཞན་གནོད་ཀྱི་བསམ་སྦྱོར་ཁོ་ན་ལ་བརྩོན་པ་འདི་ཚོས་རང་གཞན་གང་ལའང་མི་ཕན་སྟེང་དུ་གནོད་པའི་ལས་ལ་འཇུག་པ་འདི་འདྲའི་སྐྱོན་གྱིས་རང་གི་སྡོམ་པ་གསུམ་ཀ་དང་ཁྱད་པར་བྱང་སེམས་ཀྱི་བསླབ་པ་གཏོང་ངེས་པ་ལ་ཡིད་གཉིས་ཀྱི་གནས་མཆི་ན། རྒྱལ་བ་ཀུན་དང་དེ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་རབ་ཀྱི་མཐུས་ལེགས་པར་བརྟགས་ཤིང་དཔྱད་ནས་འཕྲལ་ཕུགས་ཀུན་གྱི་བདེ་ལེགས་དང་ཡོན་ཏན་གྱི་འབྱུང་གནས་ནི་གདོན་མི་ཟ་བར་ཐེག་པ་ཆེན་པོའི་སྤྱོད་པ་ཉིད་དུ་བསྟན་པ་ཡིན་ན་དེ་ལྟར་བརྟགས་པའི་དོན་འབྲས་སུ་བླང་དོར་གྱི་གནས་རྣམས་འཛོལ་ནས་སེམས་བསྐྱེད་ཀྱི་བསླབ་པ་བཏང་ན་བདག་གིས་ཞེས་གཏོང་བ་པོས་སེམས་ཅན་ཀུན་བསླུས་པའི་ཉེས་པ་འགོ་ཞིང་དེ་ལྟར་ན་གང་ཟག་དེ་སྲིད་པ་ཕྱི་མ་མུ་མཐའ་མེད་པའི་ངན་འགྲོར་འཁྱམས་པར་འགྱུར་བ་ལས་འོས་མེད་ན་སེམས་ཅན་ལ་གནོད་པའི་ཁ་ན་མ་ཐོ་བ་ལ་འཛེམ་པ་ཤིན་ཏུ་གལ་ཆེ་སྟེ། བླ་ན་མེད་པའི་བདེ་བ་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་མེད་ཀྱང་བར་དུ་བདེ་བ་སྟེ། འཁོར་བའི་སྡུག་བསྔལ་ལ་ངལ་གསོ་བའི་སྟེགས་ལྟ་བུ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའོ། །དེ་བས་ན་དེ་ཉིད་མི་ཉམས་པའི་ཐབས་ལ་བརྩོན་པ་གལ་ཆེའོ། །རྩ་བ། ལྟུང་དང་བྱང་ཆུབ་སེམས་སྟོབས་གཉིས་ཀར་ལྡན། །འཁོར་བར་རེས་ཀྱི་འདྲེ་བྱེད་གང་ཡིན་པ། །ས་ཐོབ་པ་ལ་ཡུན་རིང་ཐོགས་འགྱུར་ན། །བསླབ་བྱ་གཏོང་བའི་སྐྱེས་བུ་སྨྱོན་པ་ཡིན། །ཞེས་པ་ནི་དེ་ལ་ངན་སོང་དུ་ལྟུང་ངེས་ཀྱི་ལས་དང་བྱང་ཆུབ་ཀྱི་སེམས་སྟོབས་གཉིས་ཀར་ལྡན་པ་དག་འཁོར་བར་ཡང་རེས་མོས་ཀྱིས་འདྲེ་བར་བྱེད་པ་གང་ཡིན་པ་དེ་ནི་ས་དང་པོ་སོགས་འཐོབ་པ་ལ་ཡུན་རིང་དུ་ཐོགས་པར་འགྱུར་ན་བསླབ་བྱ་བླངས་ནས་གཏོང་བའི་སྐྱེས་བུ་དེ་ནི་སྨྱོན་པ་ཡིན་ཞེས་སྨད་པའོ། །རྩ་བ། གང་ཞིག་གནོད་པའི་རྒྱུ་འབྲས་ཆུང་ངུ་ལའང་། །ཁྲོས་པའི་ང་རྒྱལ་ཤིན་ཏུ་བདོ་བ་རྣམས། །མདའ་མདུང་མཚོན་གྱི་ཆད་པ་བཟོད་བྱས་ནས། །དོན་མ་འགྲུབ་པར་ཕྱིར་ཕྱོགས་མི་བྱེད་ན། །རྣམ་པ་ཀུན་ཏུ་བདག་ལ་དགྲར་གྱུར་པའི། །ཉོན་མོངས་སྟོབས་ཆེན་འདི་དང་གཡུལ་སྤྲད་ནས། །འཁོན་དུ་བཟུང་བའི་ཆོ་ག་མ་ཞིག་པར། །བསླབ་པ་བསྲུང་བའི་བརྟུལ་ཞུགས་སུ་ཞིག་གཏོང་། །ཞེས་པ་ནི་འཇིག་རྟེན་ན་གང་སུ་ཞིག་ལ་གནོད་པའི་རྒྱུ་འབྲས་ཆུང་ངུ་ཙམ་ལའང་ཁྲོས་པའི་ང་རྒྱལ་ཤིན་ཏུ་བདོ་བ་སྟེ་བཟོད་དུ་མེད་པ་རྣམས་ནི་ལུས་སྲོག་ལ་ཕངས་པ་མེད་བཞིན་མདའ་མདུང་སོགས་མཚོན་གྱི་ཆད་པ་རྩུབ་མོ་བཟོད་པར་བྱས་ནས་རང་ཉིད་ཀྱིས་དམིགས་པའི་གནོད་འཚེ་སྦྱོར་བའི་དོན་དེ་མ་འགྲུབ་བར་དུ་ཕྱིར་ཕྱོགས་པར་མི་བྱེད་ན། དེ་ལས་རྣམ་པ་ཀུན་ཏུ་བདག་ལ་དགྲར་གྱུར་ངེས་པའི་ཉོན་མོངས་པ་དུག་ལྔ་དུག་གསུམ་སོགས་སྟོབས་ཆེན་པོ་ཡོད་པ་འདི་དག་དང་གཡུལ་སྤྲད་པ་ལྟ་བུའི་སྤང་གཉེན་གཉིས་འགྲན་ནས་འཁོན་དུ་བཟུང་བའི་ཆོ་ག་མ་ཞིག་བར་དུ་བྱང་ཆུབ་སེམས་དཔའི་བསླབ་པ་བསྲུང་བའི་བརྟུལ་ཞུགས་ཏེ་སྤྱོད་པ་དེ་ཉིད་སུ་ཞིག་གིས་གཏོང་ཕོད་མི་གཏོང་ངེས་པའོ། །ཞེས་པའོ། །རྩ་བ། འདི་ན་ཉོན་མོངས་བཙོན་རར་བསྡམས་པ་ཡི། །བདག་གི་ཚོད་ཀྱང་རིག་པར་མི་འགྱུར་ན། །མཐའ་དག་འགྲོ་བ་དེ་ལས་དབུགས་འབྱིན་ཞིང་། །སྒྲོལ་བའི་བརྟན་པ་མི་ཉམས་ག་ལ་ཞིག །ཅེས་པ་ནི་དེ་ལ་ཉོན་མོངས་པ་དག་ནི་ཕྱིའི་ཡུལ་དང་ནང་དུ་དབང་པོ་དང་བར་ཞེས་གང་ནའང་མི་གནས་ཀྱང་ཀུན་རྟོག་ལས་གློ་བུར་དུ་བྱུང་ཞིང་ཀུན་རྟོག་དེ་ལའང་ཡུལ་མེད་ན་ཉོན་མོངས་པ་གཟུགས་ཅན་མ་ཡིན་པས་རྟེན་དང་བརྟེན་པ་ལྟར་ཡོད་ཀྱང་། རང་བཞིན་དུ་སེམས་ཅན་ཐམས་ཅད་འདིའི་བཙོན་རར་བསྡམས་པའི་ཕྱིར་གཏི་མུག་ལ་སོགས་པའི་རྒྱུས་བདག་གི་ཚོད་ཀྱང་རིག་པར་མི་འགྱུར་ན་མཐའ་དག་འགྲོ་བ་དེ་ལས་དབུགས་འབྱིན་ཞིང་སྒྲོལ་བའི་བརྟན་པ་མི་ཉམས་པ་ལྟ་ག་ལ་ཞིག །ཁྱད་པར་སེམས་ཅན་གྱི་དོན་མི་ནུས་པས་རང་དོན་སྒྲུབ་བློའི་ཞི་བདེ་སྐྱེས་པ་ནི་སེམས་བསྐྱེད་བཏང་བའོ། །རྩ་བ། བག་ཡོད་ཤེས་བཞིན་ལྡན་པའི་ས་གཞི་ལ། །བྱང་ཆུབ་སེམས་ཀྱི་མྱུ་གུ་བསྐྱེད་སླ་བས། །མི་ཉམས་བཟུང་ཞིང་དྲི་མ་སྦྱོང་བ་དང་། །སྤེལ་བའི་ཐབས་ལ་ནན་ཏན་བགྱིད་འཚལ་ལོ། །ཞེས་པ་ནི་བག་ཡོད་པ་དང་། དྲན་པ་དང་ཤེས་བཞིན་རྒྱུན་ཆགས་སུ་ལྡན་པ་ནི་ས་གཞི་ལྟ་བུ་ལ་བྱང་ཆུབ་སེམས་ཀྱི་ས་བོན་བཏབ་ན་མྱུ་གུ་བསྐྱེད་སླ་བས། ཐེག་ཆེན་གྱི་ལམ་དེར་ཞུགས་པའི་བསླབ་པ་རྣམས་མི་ཉམས་པར་བཟུང་ཞིང་དེའི་མི་མཐུན་ཕྱོགས་ཀྱི་དྲི་མ་རྣམས་རིམ་བཞིན་སྦྱོང་བ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྤེལ་བའི་ཐབས་ལ་ནན་ཏན་བགྱིད་འཚལ་ལོ། །ཞེས་པའོ། །རྩ་བ། ཁྱད་པར་ལྟུང་བའི་རབ་འབྱེད་ཉི་ཤུ་ནི། །དཀོན་མཆོག་དཀོར་འཕྲོག་ལ་སོགས་རྒྱལ་པོའི་ལྔ། །གྲོང་དང་གྲོང་རྡལ་འཇོམས་སོགས་བློན་པོའི་ལྔ། །བློ་མ་སྦྱངས་ལ་སྟོང་ཉིད་སྟོན་པ་སོགས། །ཕལ་པའི་བརྒྱད་དང་སྨོན་འཇུག་གཏོང་རྣམས་སྤངས། །ཞེས་པ་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་མི་དཔོན་དུ་གྱུར་ནས་ཆབ་འབངས་ལ་དབང་བསྒྱུར་བ་སུས་ཀྱང་། མཆོད་རྟེན་དང་དགེ་འདུན་གྱི་རྫས་ཡོ་བྱད་སོགས་དང་། དགེ་འདུན་སྤྱི་ལ་འབུལ་རྒྱུའི་མ་ཕུལ་བ་འཕྲོག་གམ་འཕྲོག་ཏུ་འཇུག་པ་ནི་ལྟུང་བ་དང་པོའོ། །གང་ཡང་ཉན་ཐོས་ཀྱི་ལམ་ལ་དད་ནས་དེར་ཞུགས་པ་དག་དེ་ལས་བཟློག་པ་དང་། ཐེག་པ་ཆེན་པོ་ལ་དད་ནས་དེར་ཞུགས་པའང་དེ་ལས་བཟློག་པ་ནི་གཉིས་པའོ། །གང་ཡང་རབ་ཏུ་བྱུང་བར་མོས་ཏེ་རྟགས་དང་ཆོ་ག་ལྡན་མིན་སུ་ཡང་རུང་སྟེ། བསླབ་པ་བཟུང་མིན་དང་ཚུལ་ཁྲིམས་འཆལ་མིན་ལ་མ་ལྟོས་ཏེ། དེའི་ཟས་གོས་ནོར་སོགས་འཕྲོག་པ་ནས་སྲོག་ལ་འཚེ་བའི་བར་གྱི་ལོག་སྦྱོར་དང་། ལུས་ལ་ཆད་པ་དང་གཞུར་བརྡེགས་བྱེད་པ་སོགས་ནི་གསུམ་པའོ། །རྒྱལ་རིགས་སུ་ཡང་བསམ་བཞིན་དུ་མ་དང་ཕ་དང་ཉན་ཐོས་དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། ཆེད་དུ་བསམས་ཏེ་སངས་རྒྱས་ཀྱི་སྐུ་དངོས་མ་ཡིན་ཀྱང་སྐུ་གཟུགས་ཀྱི་རྣམ་པ་གང་ཡང་རུང་བ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ནི་དེ་ཉིད་བཤིག་པའི་ལས་བྱེད་པ་སོགས་ནི་བཞི་པའོ། །རྒྱལ་རིགས་གང་ཡང་འཇིག་རྟེན་གྱི་བདེ་སྡུག་ཐམས་ཅད་རྒྱུ་ལས་བྱུང་བར་མི་འདོད་ཅིང་ཕྱི་མའི་དོན་ལ་གཡེལ་ཏེ་རང་དང་གཞན་རྣམས་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པ་ལ་འཇུག་པའི་ཐབས་ལ་དཀྲི་བར་བྱེད་པ་ནི་ལྔ་པའོ། །བློན་པོ་སུ་ཡང་རུང་སྟེ་མཆོད་རྟེན་དང་དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་གྱི་རྫས་འཕྲོག་པ་འདི་ནི་དང་པོའོ། །གྲོང་དང་། ལྗོངས་དང་། གྲོང་ཁྱེར་དང་། ཡུལ་འཁོར་འཇོམས་པར་བྱེད་པ་ནི་གཉིས་པའོ། །ཡང་བློན་པོས་ཉན་རང་དང་ཐེག་ཆེན་གྱི་གཞུང་ལ་དད་པ་ལས་བཟློག་སྟེ་སྤོངས་ཤིང་འགོག་ཏུ་འཇུག་པ་ནི་གསུམ་པའོ། །ཡང་བློན་པོས་སངས་རྒྱས་ཀྱི་ཕྱིར་རབ་ཏུ་བྱུང་བ་སུ་ཡང་ཚུལ་ཁྲིམས་ལྡན་མིན་ལ་མ་ལྟོས་ཏེ། དེའི་གོས་ངུར་སྨྲིག་འཕྲོག་གམ་ཁྱིམ་དུ་གནས་པར་བྱེད་དམ་བཙོན་རར་འཇུག་གམ་ནོར་རྫས་འཕྲོག་ཅིང་སྲོག་དང་བྲལ་བའི་བར་དུ་བྱེད་པ་འདི་ནི་བཞི་པའོ། །ཡང་བློན་པོ་མཚམས་མེད་པ་ལྔའི་ལས་བྱེད་པ་ནི་ལྔ་པའོ། །ཞེས་གྲོང་གི་ཁྱིམ་གཅིག་པ་དང་། ལྗོངས་ནི་མི་རིགས་བཞི་ཚང་བ་དང་། གྲོང་ཁྱེར་ནི་བཟོ་སྣ་བཅོ་བརྒྱད་ཡོད་པ། གྲོང་རྡལ་ནི་ཚོང་པ་མང་པོ་འདུ་ཡུལ། ཡུལ་འཁོར་ནི་ཡུལ་ཆེ་ཆུང་མང་པོ་འཛོམ་གནས་སོ། །ཕལ་པའི་བརྒྱད་ནི། སྟོང་པ་ཉིད་ཚིག་ལམ་དུ་འཁྲུལ་ནས་སྐྲག་པ་སྐྱེ་བའི་བློ་དམན་ལའང་སྒྲ་ཇི་བཞིན་པར་སྟོན་པ་དང་། ཐེག་ཆེན་གྱི་རིགས་ལམ་དེར་ཞུགས་པ་དག་ཉན་ཐོས་ཀྱི་བཅས་པ་གཟུགས་ཅན་ལ་བསྟོད་བསྔགས་བརྗོད་ནས་ཐེག་དམན་གྱི་སྡེ་སྣོད་ལ་དཀྲི་བར་འཇུག་པ་དང་། ཉན་ཐོས་ཀྱི་རིགས་ཅན་གདོད་ནས་ཐེག་ཆེན་གྱི་སྐལ་བ་དམན་ཞིང་སོ་སོ་ཐར་པ་ལ་དགའ་བ་དག་ཐེག་ཆེན་ལ་བསྟོད་ཅིང་བསྔགས་ནས་དེ་ཉིད་ལ་བཙན་ཐབས་ཀྱིས་འཇུག་པར་བྱས་པས་གཉིས་ཀ་མ་ཡིན་པར་འཆོས་པ་དང་། ལས་དང་པོ་པའི་ཀུན་སློང་དམན་པའི་ཆ་ནས་ཐེག་ཆེན་གྱི་བསམ་སྦྱོར་མ་ལོབས་པ་ཡང་ཉན་རང་གི་ལམ་མི་འདོད་བཞིན་དུ་འདོར་དུ་འཇུག་པ། རྙེད་པ་དང་བཀུར་སྟི་དོན་དུ་གཉེར་བའི་ཆེད་དུ་བདག་ལ་བསྟོད་ཅིང་གཞན་ལ་ཕྲག་དོག་གི་སྒོ་ནས་སྨོད་པ་དང་གཞན་གྱིས་བདག་འགྲན་ཟླ་མེད་པའི་ཡོན་གནས་སུ་འཛིན་དུ་རེ་ནས་ལྐོག་གྱུར་གྱི་གནས་རྣམས་མ་རྟོགས་བཞིན་དུ་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་གྱིས་གཞན་མགོ་བསྐོར་བའི་རིགས་དང་རྒྱལ་པོ་སོགས་དབང་ཤེད་ཆེ་བའི་རིགས་ལ་བཅར་ནས་དགེ་སྦྱོང་གི་ནོར་རྫས་འཕྲོག་ཅིང་བརྡེག་བཙོག་བགྱིད་པ་དང་། མཆོག་གསུམ་གཞན་གྱི་ཞབས་འབྲིངས་སུ་གྱུར་ནས་བཀུར་སྟི་དང་རིམ་གྲོ་བྱེད་པ་ངག་ཐབས་སྣ་ཚོགས་ཀྱིས་ཕྲོག་ནས་རང་ཕྱོགས་ལ་སྦྱར་ཞིང་དཀོར་ལ་ཇི་མི་སྙམ་པར་ལོངས་སྤྱོད་པ་དང་། སྤོང་བ་བསམ་གཏན་པ་ཞེས་སྒོམ་བསྒྲུབ་ལ་རྩེ་གཅིག་ཏུ་བརྩོན་པ་དག་གི་བཟའ་བཏུང་ལོངས་སྤྱོད་ལས་ཕྲིས་ཏེ་ཐོས་བསམ་གྱིས་རྣམ་པར་གཡེང་བ་དང་ཀློག་པ་ཁ་ཏོན་བྱེད་པ་ལ་སྟེར་ཞིང་ཆོས་བཞིན་སྤྱོད་པའི་རྣལ་འབྱོར་འདོར་དུ་འཇུག་པ་དང་བརྒྱད་དོ། །དེའི་སྟེང་དུ་ཉན་རང་གི་ལམ་ལ་བློ་ཕྱོགས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་པའི་སྨོན་སེམས་བཏང་བ་དང་། རྣམ་དཀར་གྱི་དགེ་བ་ལ་མི་སྦྱོར་བ་ལ་འཇུག་སེམས་བཏང་བ་གཉིས་བསྣན་པས་ཉི་ཤུའོ། །ཇི་སྐད་དུ། ནག་པོའི་ཆོས་བཞི་ལྟུང་བ་ལྔ་གཉིས་བརྒྱད་ཞེས་པ་ལ། ལྔ་ལྔ་བརྒྱ་ཟེར་བ་གད་མོའི་གནས་སོ། །ཡན་ལག་གི་ཉེས་བྱས་བརྒྱད་ཅུ་ནི་བསླབ་བཏུས་སུ་བལྟ་བར་བྱའོ། །འདིར་ནི་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ནས་རྒྱུད་དག་པ་རྣམས་ལས་སྐྱེ་བར་བཞེད་ཅིང་བསྲུང་བྱ་ཡང་རྩ་ལྟུང་ཉི་ཤུ་དེ་བསྲུངས་ཤིང་ཉམས་ན་འཆོས་ཐབས་ཀྱང་འདི་བཞིན་ཏེ། རྩ་བ། མདོར་ན་རྨི་ལམ་སྡིག་པ་མཐོང་ན་ཡང་། །དེ་མ་ཐག་ཏུ་ཕུང་པོ་གསུམ་པས་བཤགས། །རྟེན་གཞི་སྨོན་སེམས་ཤོར་དང་འགལ་ཟླ་བྱུང་། །སྤོང་རྐྱེན་བསླབ་པ་ཕུལ་བ་གསུམ་དག་ལས། །ཐུན་ཚོད་ལས་ཉམས་ཤོར་ན་འགྱོད་སེམས་ཀྱིས། །སྐྱ་རེངས་མདུན་དུ་ནམ་མཁའི་སྙིང་པོ་ལ། །བོས་ནས་ཡན་ལག་བདུན་པས་ལྟུང་བ་ལྡང་། །ཞེས་པ་ནི་མདོར་དྲིལ་ན་རྨི་ལམ་དུ་སེམས་བསྐྱེད་ཉམས་པའི་བསམ་སྦྱོར་ལ་འཇུག་པའི་སྡིག་པའི་ལས་བྱེད་པ་མཐོང་ན་ཡང་གཉིད་ལས་སད་པའི་དེ་མ་ཐག་ཏུ་ཕུང་པོ་གསུམ་པས་བཤག་དགོས་པར་གསུངས་པས་ན་ཉིན་པར་ཉམས་ན་བཤགས་པ་དགོས་པ་ལྟ་ཅི་སྨོས། བྱང་ཆུབ་ཀྱི་སེམས་བརྟེན་པའི་གཞི་སྨོན་སེམས་ཤོར་བ་དང་འགལ་ཟླ་རྩ་ལྟུང་བཅོ་བརྒྱད་པོ་གང་རུང་བྱུང་བ། སྤོང་བའི་རྐྱེན་གཞན་དོན་དུ་སངས་རྒྱས་བསྒྲུབས་པས་སྐྱོ་ཞིང་སུན་ནས་བསླབ་པ་ཕུལ་ཞིང་ཕྱིན་ཆད་རང་དོན་ལས་གཞན་དོན་ཡལ་བར་དོར་བ་གསུམ་གྱིས་བྱང་ཆུབ་སེམས་ཀྱི་བསླབ་པ་གཏོང་བར་བཤད་པ་ལྟར་ཉིན་ཐུན་གསུམ་མཚན་ཐུན་གསུམ་དུ་བཅད་པའི་དྲུག་ཆ་སོ་སོ་མ་ཡོལ་གོང་ནས་གཉེན་པོས་སླེབས་ན་ཚུལ་ཁྲིམས་རྒྱུན་ཆད་པ་མ་ཡིན་ཀྱང་། རང་དོན་ལས་གཞན་དོན་དུ་སངས་རྒྱས་བསྒྲུབ་མི་ནུས་སོ་སྙམ་མ་ཐག་ཏུ་སེམས་བསྐྱེད་སྤངས་པས་ཐུན་ཚོད་ལ་མ་ལྟོས་སོ། །ཐུན་ཚད་ལས་ཐལ་ནས་ཉམས་པར་གྱུར་པ་དག་ཉེས་ལྟུང་འཆགས་པ་ཁོ་ན་ཡིད་ལ་བྱེད་བཞིན་འགྱོད་པ་དང་ལྡན་པས་ཐོ་རངས་ཁར་ཁྲུས་དང་གཙང་སྦྲ་ལ་གནས་པས་སྤོས་བཏུལ་སྐྱ་རེངས་ཀྱི་མདུན་དུ་ནམ་མཁའི་སྙིང་པོ་ལ་བོས་ནས་ཡན་ལག་བདུན་པ་བཏང་བས་ལྟུང་བ་ལས་ལྡང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་བསླབ་པ་ཉམས་པ་བཤགས་པའི་ཆོ་ག་ལོགས་སུ་བཀོད་པ་ལྟར་ལག་ལེན་ལ་ཐེབས་པར་བྱ་བ་གལ་ཆེའོ། །བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་དྲི་མ་མེད་པར་གྲགས་པ་ལ་སོགས་ཁྱིམ་པའི་གཟུགས་ཅན་དུ་བསྟན་ནས་དེ་དག་གི་སྡེ་སྣོད་དང་རྗེས་སུ་འབྲེལ་བར་ཇི་སྐད་བསྟན་པ་བཞིན་དུ་དབུ་མའི་ལྟ་བ་ཡང་དག་པར་འཛིན་པ་སློབ་དཔོན་ཀླུ་སྒྲུབ་དང་། རྒྱལ་སྲས་ཞི་བ་ལྷས་སྲོལ་གཏོད་པ་དང་། ཡང་བསྟན་པའི་གཞི་མ་འདུལ་བ་ཡིན་པ་དང་། རིགས་དང་མི་ལྡན་པ་དག་གཟུགས་ཅན་གྱི་སྡོམ་པས་རྒྱུད་འདུལ་བ་གཙོ་བོར་བྱེད་པའི་ཆེད་དུ་སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱིས་མདོ་སྡེའི་རྒྱན་ལས་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་མཆོག་ཏུ་གསུངས་པའི་རྗེས་སུ་འབྲངས་ནས་སེམས་ཙམ་པའི་ལྟ་བ་འཛིན་པའི་ལུགས་ཀྱི་སེམས་བསྐྱེད་པ་གཉིས་ལས། དང་པོ་ནི། དགེ་བསྙེན་གྱི་སྡོམ་པའོ། །ཡང་ན་སོ་སོར་ཐར་པའི་བསྙེན་པ་རྫོགས་པའོ། །གཉིས་པ་ནི། སེམས་ཅན་ཀུན་ལ་མཉམ་པ་དང་། གནོད་པ་མེད་པ་དང་། མཁོན་འཛིན་མེད་པ་རྣམ་གསུམ་གྱིས་ཚུལ་ཁྲིམས་བསྲུང་ཞིང་སྲིད་པའི་རྣམ་སྨིན་ཐམས་ཅད་མི་བལྟ་བར་བསྲུང་ངོ་། །ཞེས་གསུངས་པའི་དོན་ཤེས་ན་ཕྱོགས་ལྷུང་གི་རྣམ་རྟོག་ཞི་བར་འགྱུར་རོ། །རྩ་བ། བདག་བདེ་གཞན་ལ་ཡང་དག་སྤོ་བ་དང་། །གཞན་གྱི་སྡུག་བསྔལ་བདག་གིས་ཁུར་བཟོད་པའི། །གཏོང་ལེན་སྙིང་སྟོབས་རྨད་བྱུང་འདུ་བྱེད་ཅིང་། །བྱང་ཆུབ་བར་དུ་མི་འབྲལ་ཕྱི་ཕྱིར་སྨོན། །ཞེས་པ་ནི་དེ་ལ་སྨོན་འཇུག་ལས་འདའ་བར་མི་བྱེད་པ་ནི་སེམས་བཟུང་བའོ། །དེ་ཡང་བདག་གི་བདེ་བ་གཞན་ལ་སྤོ་བ་དང་གཞན་གྱི་སྡུག་བསྔལ་ཁུར་བཟོད་པའི་ཞེས་པ་ནི་རླུང་ཕྱིར་དབྱུང་བའི་ཚེ་རང་གི་བདེ་སྐྱིད་དང་གཞན་གྱི་སྡུག་བསྔལ་རང་གིས་ལེན་པར་བྱའོ། །དེ་ལྟར་རང་བདེ་གཞན་ལ་གཏོང་བ་དང་གཞན་གྱི་སྡུག་བསྔལ་རང་གིས་ལེན་པའི་སྙིང་སྟོབས་རྨད་དུ་བྱུང་བ་འདུ་བར་བྱེད་ཅིང་། བྱང་ཆུབ་བར་དུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་ཕྱི་ཕྱིར་སྨོན་པའོ། །རྩ་བ། སྨོན་པའི་བསླབ་བྱ་ཚད་མེད་བཞི་པོ་ཡང་། །བྱས་པ་དྲིན་དུ་གཟོ་ལས་བྱམས་པ་སྐྱེ། །བྱམས་ལས་སྙིང་རྗེ་དེ་ལས་བྱང་ཆུབ་སེམས། །སྐྱེ་བ་ཚད་མའི་ལུང་གིས་ཡང་དག་འགྲུབ། །ཅེས་པ་ནི་དེ་ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྨོན་འཇུག་གཉིས་ལས། དང་པོ་སྨོན་པའི་བསླབ་བྱ་ཚད་མེད་པ་བཞི་པོ་ལ་ཡང་། མས་དཀའ་ལས་ཆེན་པོས་སྲོག་བསྐྱབས་པ་ལ་སོགས་བྱས་པ་དྲིན་དུ་གཟོ་བ་ལ་བསམས་པས་བྱམས་པ་སྐྱེ་བ་དང་། བྱམས་པས་གནོད་འཚེ་མེད་ཀྱང་ཕན་མི་ཐོགས་པ་ལ་བསམས་ཏེ་སྙིང་རྗེ་སྐྱེ་ཞིང་དེའི་སྣ་དྲངས་ནས་དགའ་བ་དང་བཏང་སྙོམས་སོགས་རིམ་བཞིན་སྐྱེ་ཞིང་དེ་ལས་ཀྱང་བྱང་ཆུབ་ཀྱི་སེམས་སྐྱེ་བར་ངེས་པ་ཚད་མའི་ལུང་གིས་ཡང་དག་པར་འགྲུབ་བོ་ཞེས་པའོ། །དེ་ཡང་བྷཾ་ག་ལའི་པཎྜི་ཏས། མར་ཤེས་པ་དང་། དྲིན་དྲན་པ་དང་། དྲིན་གཟོ་བ། ཡིད་འོང་གི་བྱམས་པ། ལྷག་བསམ་རྣམ་དག །བརྩེ་བའི་སྙིང་རྗེ་ཆེན་པོ། རང་འབྲས་བླ་ན་མེད་པ་ཉིད་དེ་རྒྱུ་འབྲས་མན་ངག་བདུན་ལྡན་དུ་བཞེད་དོ། །རྩ་བ། བཙས་མ་ཐག་པའི་སྐྱེས་བུ་བཞིན་ངན་དེ། །མ་ཡི་པང་པས་ཁྲུས་ཁང་ལྟར་བྱས་ནས། །མི་གཙང་མཐའ་དག་ལག་པས་ཉེ་རེག་བྱས། །ནུ་ཞོས་བསྙེན་བཀུར་ལུས་ཀྱི་རེག་བྱས་གཡོགས། །བུ་ཆུང་ན་ལས་བདག་ཉིད་འཆི་བར་འདམས། །སྡིག་སྡུག་གཏམ་ངན་མཐའ་དག་བསྲན་ནུས་པའི། །དྲིན་དང་རིམ་གྲོ་ཁྱད་དུ་གསོད་བྱེད་ན། །དེ་ལས་ཆོ་ག་འཁྲུགས་པ་སུ་ཞིག་ཡོད། །ཅེས་པ་ནི་དེ་ལྟར་མ་བྱས་རེས་ཀྱི་བཙས་མ་ཐག་པའི་སེམས་ཅན་ཉམ་ཆུང་བ་དེ་ཚམ་ཚོམ་མེད་པར་བླངས། པང་པས་ནི་ཁྲུས་ཁང་ལྟར་བྱས། མི་གཙང་བ་ཐམས་ཅད་ལག་པས་ཕྱིས། ནུ་ཞོས་བསྙེན་བཀུར་བྱས། ཤ་དྲོད་ལ་བཅངས་ནས་གྲང་རེག་སོགས་སྐྱོབ་པར་བྱས་སོ། །བརྩེ་སེམས་ཀྱིས་རང་སྲོག་ལས་གཅེས་པར་བྱས་ཤིང་། བརྡ་དང་བཤེས་གཉེན་བསླབས། བུའི་དོན་དུ་སྡིག་པ་དང་སྡུག་བསྔལ་དང་གཏམ་ངན་མཐའ་དག་བཟོད་ནུས་པའི་དྲིན་དང་རིམ་གྲོ་ཁྱད་དུ་གསོད་པར་བྱེད་ན་བཟང་ལན་ངན་གྱིས་འཇལ་བ་སྟེ། དེ་ལས་ཆོ་ག་འཁྲུགས་པ་ཞེས་ལག་ལེན་ནོར་བ་སུ་ཞིག་ཡོད་ཅེས་མེད་པར་བསྟན་པའོ། །རྩ་བ། ས་འདི་རིར་བཅས་བདག་གི་ཁུར་མ་ཡིན། །བྱས་པ་མི་གཟོའི་ཁུར་ཆེན་དུག་ལྡན་གྱི། །བཟའ་བ་ཁོང་དུ་ཆུད་པའི་སྐྱེ་བོ་བཞིན། །ཞེས་པ་ནི་ས་འདི་རི་དང་བཅས་པ་བདག་གི་ཁུར་དགོས་པ་མ་ཡིན་ཀྱང་། མའི་དྲིན་ལན་ཁྱད་གསོད་ལྟ་བུའི་བྱས་པ་མི་གཟོ་བའི་དྲིན་ལན་ལོག་འཇལ་ནི་ཁུར་དུ་ཤིན་ཏུ་ལྕི་སྟེ་དཔེར་ན་འཆི་ངེས་ཀྱི་བཟའ་བ་དུག་ཅན་ཁོང་དུ་ཆུད་པའི་སྐྱེ་བོ་བཞིན་ནོ། །རྩ་བ། དེ་ཕྱིར་ཕ་མཐའ་ཡས་པའི་སེམས་ཅན་ཀུན། །མ་རུ་གྱུར་ནས་ཕན་བཏགས་དམ་པའི་དྲིན། །དྲན་པས་བྱམས་སོགས་བཞི་པོ་གོང་འཕེལ་ཞིང་། །བྱས་པ་ཤེས་དང་དྲིན་དུ་གཟོ་བ་ཡི། །སྐྱེས་བུ་གང་ལ་འཕགས་པའི་ནོར་གྱིས་བསྙེན། །ཞེས་པ་ནི་འདི་ལྟར་ཕ་མཐའ་ཡས་པའི་སེམས་ཅན་ཀུན་ཏེ་ནམ་མཁའ་ལ་མཐའ་མེད་པ་ལྟར་སེམས་ཅན་ལ་མཐའ་མེད་པས་ན། དེ་དག་ཐམས་ཅད་མ་རུ་མ་གྱུར་པ་གཅིག་ཀྱང་མེད་ཅིང་དེ་ལྟར་མ་བུར་གྱུར་ནས་ཕན་དཔག་མེད་བཏགས་པ་ལ་དམ་པའི་སྟེ་དེ་ལྟ་བུའི་དྲིན་དེ་མ་དྲན་ན་མི་རུང་བས། དྲན་པས་བྱམས་སོགས་ཚད་མེད་བཞི་པོ་གོང་འཕེལ་དུ་འགྱུར་ཞིང་བྱས་པ་ཤེས་པ་དང་ཕན་བཏགས་པ་ལ་དྲིན་དུ་གཟོ་བ་སོགས་ཕན་འདོགས་ལ་བརྩོན་པའི་སྐྱེས་བུ་གང་སུ་ཞིག་ཀྱང་དེ་ཉིད་ལ་འཕགས་པའི་ནོར་གྱིས་བསྙེན་ཞེས་པ་འཕགས་པའི་ནོར་བདུན་གྱིས་རིམ་གྱིས་ཕྱུག་པ་འགྱུར་རོ། །ཞེས་པའོ། །རྩ་བ། སྨོན་སེམས་སྟོན་ཀའི་ཟླ་བ་ལྟ་བུ་ལ། །སྒྲ་གཅན་གདོང་བས་ཐུ་བའི་མི་མཐུན་ཕྱོགས། །ནག་པོའི་ཆོས་བཞི་རིང་དུ་བསྐྲད་པར་བྱ། །ཞེས་པ་ནི་དེ་ཡང་སྨོན་སེམས་སྟོན་ཀའི་ཟླ་བ་ལྟ་བུ་འགལ་ཟླ་སྒྲ་གཅན་གྱི་གདོང་པ་བས་ཐུ་བའི་གཞན་ཕན་སེམས་བསྐྱེད་ཀྱི་མི་མཐུན་ཕྱོགས་ནི་ནག་པོའི་ཆོས་བཞི་བྱ་བའི་ཁ་ན་མ་ཐོ་བའི་སྡིག་སེམས་བཞི་ཡིན་པས་དེ་དག་ཉེ་བར་མི་ལེན་བཞིན་རིང་དུ་བསྐྲད་པར་བྱའོ། །མཚན་ཉིད་ཐེག་པ་ནི་སྔགས་ལམ་ལ་ལྟོས་ན་དྲང་དོན་ཡིན་པའི་ཕྱིར་དང་། མདོ་ལས་རང་སངས་རྒྱས་མང་པོ་ཐེག་ཆེན་ལ་ཞུགས་ཀྱང་ས་བརྒྱད་ཐོབ་ནས་ཕྱིར་ལོག་པར་གསུངས་པར་ཡོད་དོ། །རྩ་བ། མཆོད་འོས་བསླུ་དང་གཞན་གྱི་བསོད་ནམས་ལ། །ཐེ་ཚོམ་བསྐྱེད་ནས་འགྱོད་པའི་གནས་ལ་སྦྱར། །དམ་པ་རྣམས་ལ་བསྐུར་ཞིང་མི་སྙན་སྒྲོག །གཡོ་དང་སྒྱུས་སྤྱོད་གཞན་དག་མགོ་བོ་བསྐོར། །ཆོས་བཞི་གང་རུང་ཉམས་མྱོང་སྨོན་སེམས་ཤོར། །འགྱོད་དང་གཉེན་པོས་མ་སླེབས་ཐུན་ཚོད་འདས། །དེ་ཡི་མོད་ལ་སེམས་བསྐྱེད་འཆོར་བ་ཡིན། །ཞེས་པ་ནི་དེ་ཡང་མཆོད་འོས་བླ་མ་དང་། སློབ་དཔོན་དང་། མཁན་པོ་དང་། སྦྱིན་གནས་ཡོན་ཏན་ལྡན་པ་དག་མགོ་བོ་བསྐོར་བའོ། །གང་ཟག་འདུ་བར་སྤྱོད་པ་དང་བྱང་ཆུབ་སེམས་བསྐྱེད་འཛིན་པ་དང་ཟབ་མོའི་དོན་སྒོམ་པ་དང་། བསྐྱེད་རྫོགས་བཟླས་བརྗོད་ལ་ཞུགས། ཐར་པ་དང་བསོད་ནམས་ཆ་མཐུན་གྱི་ལས་ལ་བརྩོན་པ་ལ་འགྱོད་པ་བསྐྱེད་དུ་གཞུག་པ་དང་། མཆོད་སྦྱིན་དང་ཕྱག་སྐོར་སོགས་ལ་སྨད་དེ་འཇིག་རྟེན་གྱི་ཚོང་སོ་ནམ་སོགས་ལ་བསྟོད་བསྔགས་བརྗོད་ནས་ཐེ་ཚོམ་བསྐྱེད་དུ་འཇུག་པའོ། །བསྐུར་འདེབས་ཀྱི་ཡུལ་སེམས་བསྐྱེད་ཞུ་ཡུལ་སོགས་ཡིན་ལ་མི་སྙན་སྒྲོག་པ་ནི་འདིས་མི་དགེ་བ་འདི་དང་འདི་སྤྱོད་དོ་ཞེས་པ་ལྟ་བུའོ། །གཡོ་ནི་རང་གི་ཉེས་པ་ཐབས་ཀྱིས་མི་མངོན་པར་བྱེད་པ་དང་སྒྱུ་ནི་རང་ལ་ཡོན་ཏན་མེད་བཞིན་དུ་ཡོད་བརྫུ་བྱེད་ཅིང་དེ་གཉིས་འབྲེལ་བས་གཞན་དག་མགོ་བོ་བསྐོར་བ་དང་བྲེ་སྲང་སོགས་ལ་གཡོ་སྒྱུ་བྱེད་པ་ཡང་དེ་དང་མཚུངས་སོ། །དེ་ལྟ་བུའི་ཆོས་བཞི་པོ་གང་རུང་ཉམས་སུ་མྱོང་བར་བྱས་པའི་མོད་ལ་སྨོན་སེམས་ཤོར་བ་ཡིན་ལ་དེར་འགྱོད་སེམས་དང་གཉེན་པོས་མ་སླེབས་པར་ཐུན་ཚོད་འདས་ན་དེའི་མོད་ལ་ཞེས་དེ་མ་ཐག་ཏུ་སེམས་བསྐྱེད་འཆོར་བ་ཡིན་ཞེས་པའོ། །རྩ་བ། གཉེན་པོར་ཆེ་བ་དཀར་པོའི་ཆོས་བཞི་ནི། །སྲོག་ལ་བབ་ཀྱང་བསམ་བཞིན་བརྫུན་མི་སྨྲ། །རྒྱལ་སྲས་རྣམས་ལ་སྟོན་པར་གུས་ཤིང་བསྔགས། །གཡོ་སྒྱུ་མེད་པས་སེམས་ཅན་ཐམས་ཅད་གཉེར། །མཐའ་དག་བྱང་ཆུབ་ལམ་ལ་དཀྲི་བའོ། །ཞེས་པ་ནི་སེམས་ཅན་སུ་ལའང་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་དགོས་པར་གསུངས་པ་ཇི་བཞིན་ཤེས་དཀའ་ཡང་རིགས་སད་པའི་རྟགས་སུ་ཡང་དག་པའི་ལྟ་བ་ལ་གནས་ཤིང་གཞན་དོན་ཁོ་ན་བརྩོན་པ་གཞན་གྱིས་བསྒྱུར་དུ་མེད་པའི་ལྷག་བསམ་ཅན་དང་། གཞན་ཡང་ཤན་པ་དང་སྨད་འཚོང་མ་དང་དུད་འགྲོ་སོགས་ལུས་རྟེན་མཆོག་དམན་ལ་མ་ལྟོས་པར་བྱང་ཆུབ་སེམས་དཔའི་རིགས་ཡོད་པ་གང་ལ་གང་འདུལ་གྱི་ཆེད་ཡིན་པས་འགྲོ་བ་སུ་ལའང་བསམ་སྦྱོར་གང་ཐད་ནས་གནོད་འཚེ་མེད་བཞིན་དག་སྣང་སྦྱང་དགོས་པ་ཡང་གནད་ཀྱི་དམ་པའོ། །གསུམ་པ་ནི། སེམས་ཅན་རྣམས་ལ་ཕན་འདོད་ཀྱི་ལྷག་བསམ་དང་ལྡན་པ་ནི་རང་སྐྱོན་སྦེད་པའི་གཡོ་དང་གཞན་མགོ་བསྐོར་བའི་སྒྱུ་མེད་པའི་བསམ་སྦྱོར་དྲང་པོ་ལ་སྤྱོད་པའོ། །བཞི་པ་ནི། རང་གི་ནུས་པའི་ཚོད་དང་བསྟུན་ཏེ་སེམས་ཅན་རྣམས་རྨོངས་པའི་དབང་གིས་རང་དོན་ལ་བསྔགས་ཤིང་གཞན་དོན་ལ་གཡེལ་བ་དག་བློ་མཐུ་བསྐྱེད་དེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་བསྐུལ་བར་བྱའོ། །དེའི་མི་མཐུན་ཕྱོགས་ནི་བཞི་ཡིན་ཏེ། སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟིར་ཆགས་པ་ཡི། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོ་བས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཁྱད་པར་ནག་པོའི་ཆོས་བཞི་ལ་ཡན་ལག་བཞི་ཚང་ན་ཀུན་དཀྲིས་ཆེན་པོ་ཡིན་ཏེ། ཉེས་སྤྱོད་གང་ཡིན་པ་དེ་རྒྱུན་དུ་སྤྱོད་པ་དང་། དེ་ལ་ངོ་ཚ་དང་ཁྲེལ་མེད་པ། མགུ་ཞིང་དགའ་བར་བྱེད་པ་དེའི་ཉེས་དམིགས་ལ་མི་འགྱོད་པའི་སྟེང་དུ་ཡོན་ཏན་དུ་བལྟ་བ་སྟེ་ཡན་ལག་བཞི་ཚང་ན་ཀུན་དཀྲིས་ཆེན་པོ། ཁྲེལ་དང་ངོ་ཚ་སྐྱེས་ནས་གཞན་གྱིས་ལྡོག་ཏུ་རུང་བ་ཀུན་དཀྲིས་འབྲིང་། ཡན་ལག་རེ་རེའང་གཞན་ལ་མ་ལྟོས་པར་རང་གིས་ལྡོག་པ་ཆུང་ངུའོ། །དེ་ལ་ཟག་པ་དང་ཀུན་དཀྲིས་ནི་གཅིག་ཡིན་ཏེ། དེ་འབྲིང་གིས་སྤྱད་པས་ཕམ་འདྲའམ་ཕམ་པར་ཡང་བཤད་པས་གང་ཟག་གསུམ་ཡན་ཆད་ལ་བཤགས་དགོས་ཤིང་ཆུང་ངུས་སྤྱད་པའི་རྩ་ལྟུང་དང་གཞན་ཉེས་བྱས་ཕྲ་བ་རྣམས་ནི་གང་ཟག་གཅིག་གི་དྲུང་དུ་ཉེས་བྱས་བརྗོད་ནས་བཤགས་པར་བྱའོ། །བཤགས་ཡུལ་མ་རྙེད་ན་རྒྱལ་བ་སྲས་བཅས་དམིགས་པའི་ཡུལ་དུ་བྱས་ལ་བཤགས་ཤིང་བསྡམས་པའོ། །རྩ་བ། བརྟན་བྱའི་སྒོ་ནས་བསྲུང་བའི་འདུ་ཤེས་བཞི། །དགེ་བའི་བཤེས་ལ་སངས་རྒྱས་འདུ་ཤེས་དང་། །དེས་བསྟན་ཆོས་ལ་ལམ་གྱི་འདུ་ཤེས་དང་། །དེ་སྒྲུབ་རྣམས་ལ་གྲོགས་ཀྱི་འདུ་ཤེས་དང་། །སེམས་ཅན་ཀུན་ལ་བུ་གཅིག་འདུ་ཤེས་ཏེ། །འདི་དག་སྨོན་པའི་བསླབ་བྱ་ཡང་དག་གོ། །ཞེས་པ་ནི་བྱང་ཆུབ་སྨོན་པའི་སེམས་བསྐྱེད་པ་བརྟན་པར་བྱ་བའི་སྒོ་ནས་བསྲུང་བའི་འདུ་ཤེས་བཞི་ཡོད་དེ། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་དང་། དེས་བསྟན་པའི་ཆོས་ལ་ལམ་གྱི་འདུ་ཤེས་དང་། དེ་སྒྲུབ་པར་བྱེད་པ་རྣམས་ལ་གྲོགས་ཀྱི་འདུ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀུན་ལ་བུ་གཅིག་པོའི་འདུ་ཤེས་ཏེ་འདི་དག་བཞི་པོ་ནི་སྨོན་པའི་བསླབ་བྱ་ཡང་དག་པའོ། །རྩ་བ། འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་ལས། །དང་པོ་ལྔ་ནི་བསོད་ནམས་དམ་པའི་ཚོགས། །ཕྱི་མ་གཅིག་ནི་ཡེ་ཤེས་ཚོགས་ཆེན་ཏེ། །གཉིས་ལ་མ་བསྟེན་སངས་རྒྱས་ཡོད་མ་ཡིན། །ཐབས་སྟོབས་སྨོན་ལམ་ཡེ་ཤེས་བསྣན་པས་བཅུ། །ཞེས་པ་ནི་འདི་ལྟར་ཕར་ཕྱིན་དྲུག་པོ་ནི་དགེ་བ་ཆོས་སྡུད་དང་། ཁྱིམ་གནས་ལ་བཟོད་པ་གཏོང་བ་ཚུལ་ཁྲིམས་སོ། །ཚུལ་ཁྲིམས་ནི་དགེ་བསྙེན་ཏེ་སྡིག་པ་ལས་ལྡོག་པའི་དོན་ཏོ། །དགེ་སྡུད་ཀྱི་གཙོ་བོ་ནི་སྡོམ་དང་དེས་པ་སྟེ་བསམ་གཏན་ལ་སོགས་ལྷག་བསམ་རྣམས་སོ། །སྤང་བྱ་སྒྲིབ་པའི་གཉེན་པོར་ལྟོས་ནས་བཅུར་ཕྱེ་བ་སྟེ། སེར་སྣ་འཆལ་ཚུལ་ཁོང་ཁྲོ་ལེ་ལོ་རྣམ་གཡེང་ཤེས་འཆལ་ཐབས་རྨོངས་པ་སྟོབས་ལ་སྒྲིབ་པ། སྨོན་དོན་མི་འགྲུབ་པ་ཤེས་སྒྲིབ་དང་བཅུའོ། །དྲུག་ལྟར་ན་སྦྱིན་སོགས་ལྔ་པོ་བསོད་ནམས་དང་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་ཐེག་པ་ཆེན་པོ་པས་བསྒྲུབ་བྱ་ནི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱིས་འཁོར་བ་ལ་མི་གནས་པ་དང་། སྙིང་རྗེ་ཆེན་པོ་དང་འབྲེལ་བའི་ཐབས་ཀྱིས་མྱང་འདས་ལ་མི་གནས་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། །རྩ་བ། བློ་སྟོབས་མཐུ་ཡིས་སྒྲུབ་བྱེད་རྒྱལ་སྲས་གསུམ། །རང་དོན་སྔོན་བྱས་འགྲོ་བ་སྒྲོལ་འདོད་པ། །རྒྱལ་པོ་ལྟ་བུའི་འདོད་ཆེན་སེམས་བསྐྱེད་དང་། །རང་དང་འགྲོ་བ་སྟབས་ཅིག་སྒྲོལ་འདོད་པ། །གྲུ་པ་ལྟ་བུ་ཡེ་ཤེས་དམ་པའི་སེམས། །འགྲོ་བ་སྔོན་བསྒྲལ་རྗེས་ལ་ཞི་འདོད་པ། །སྐྱོང་བྱེད་ལྟ་བུའི་དཔེ་མེད་སེམས་བསྐྱེད་དེ། །རྟུལ་པོས་གྲངས་མེད་སུམ་ཅུ་རྩ་གསུམ་དང་། འབྲིང་པོས་བདུན་དང་རྣོན་པོས་གསུམ་ན་གྲོལ། །ཞེས་བློ་སྟོབས་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གྱི་རང་རང་གི་མཐུས་བསྒྲུབ་པར་བྱེད་པ་རྒྱལ་སྲས་རྣམ་པ་གསུམ་ནི། དབང་པོ་རྟུལ་པོ་རང་དོན་སྔོན་དུ་བྱས་ནས་སླར་འགྲོ་བ་རྣམས་སྒྲོལ་བར་འདོད་པ་རྒྱལ་པོ་ལྟ་བུའི་འདོད་ཆེན་སེམས་བསྐྱེད་དང་། རང་དང་འགྲོ་བ་སྟབས་གཅིག་ཏུ་སྒྲོལ་བ་སྟེ་སངས་རྒྱས་པར་འདོད་པ་གྲུ་པ་དང་མགྲོན་པོ་མཉམ་དུ་ཆུའི་ཕར་ཁར་ཕྱིན་པ་ལྟ་བུ་ཡེ་ཤེས་དམ་པའི་སེམས་ཞེས་པ་དང་། འགྲོ་བ་རྣམས་སྔོན་དུ་བསྒྲལ་བ་སྟེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་བཀོད་པར་རང་དོན་མི་བསྒྲུབ་ཅིང་རྗེས་སུ་རང་ཉིད་ཞི་བར་འདོད་པ་སྐྱོང་བྱེད་ལྟ་བུ་ནི་དཔེ་མེད་ཀྱི་སེམས་བསྐྱེད་དེ། རྟུལ་པོ་སྔོན་དུ་རང་ཉིད་སངས་རྒྱས་པར་བྱས་ནས་རྗེས་སུ་སེམས་ཅན་གྱི་དོན་བྱེད་འདོད་པས་ནི་བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་དང་། འབྲིང་པོས་རང་གཞན་གཉིས་མཉམ་དུ་སངས་རྒྱ་བར་འདོད་ནས་དམ་ཆོས་བསྒྲུབས་པས་ཀྱང་གྲངས་མེད་བདུན། ཆེན་པོས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་བཀོད་པར་རང་དོན་མི་གཉེར་བ་གྲངས་མེད་གསུམ་ནས་སངས་རྒྱས་པར་གསུངས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསླབ་བྱ་ལ་བསླབ་ཤིང་ནུས་པ་རྫོགས་ཀྱང་། ས་བཅུའི་སེམས་དཔའི་ཚུལ་གྱིས་འགྲོ་དོན་མཛད་པ་ལ་འཁོར་བ་ཇི་སྲིད་བར་སངས་མི་རྒྱ་བ་རིགས་གསུམ་མགོན་པོ་ལྟ་བུའོ། །འདིར་འདུལ་བ་དང་སྔགས་ཀྱི་ལམ་ནི་སྔོན་ལ་སྡོམ་པ་བཟུང་ནས་གདོད་བསླབ་བྱ་མཉམ་དུ་རུང་ལ་བྱང་ཆུབ་སེམས་དཔའི་ལམ་ནི་སྔོན་དུ་བསླབ་བྱ་ཤེས་པར་བྱས་ནས་དད་ཅིང་བསྒྲུབ་ནུས་པའི་ཚེ་བསླབ་བྱ་ཡང་དག་པར་བླང་ཞེས་གསུངས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་སྟོན་པ་ནི། རྩ་བ། སྦྱིན་པའི་ངོ་བོ་ཆགས་པ་མེད་པ་སྟེ། །དབྱེ་ན་ཆོས་དང་ཟང་ཟིང་མི་འཇིགས་གསུམ། །ཟང་ཟིང་ལའང་རྣམ་པ་གསུམ་ཡིན་ཏེ། །གཏོང་དང་གཏོང་བ་ཆེ་དང་ཤིན་ཏུ་གཏོང་། །གཏོང་བ་ཞེས་བྱ་ཟས་གོས་ཤིང་རྟ་དང་། །གླང་པོ་ཡུལ་ཁམས་གཞན་ལ་བྱིན་པའོ། །གཏོང་བ་ཆེན་པོ་བུ་དག་བུ་མོ་དང་། །ཁྱིམ་ཐབ་གཏོང་ཡིན་ཤིན་ཏུ་གཏོང་བ་ནི། །བྱ་དཀའི་གནས་ཏེ་མགོ་དང་ཡན་ལག་གཏོང་། །ཞེས་པ་ནི་དེ་ལ་སྦྱིན་པའི་ངོ་བོ་ནི་ཆགས་དང་བྲལ་བ་སྟེ་རང་གི་ལོངས་སྤྱོད་ལ་ཞེན་ཅིང་ཆགས་པའི་གཉེན་པོའོ། །དབྱེ་ན་ཆོས་དང་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པའོ། །དེ་ཡང་སྔོན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སྦྱིན་པ་ལ་འགྲན་བཙལ་བ་ཞིག་གིས་དེའི་དོ་ཟླ་མ་སྤོབས་ནས། ཟས་ནོར་གང་ཡོད་སྤངས་ནས་རབ་འབྱུང་བྱས་པས་སྟོན་པས་མགོན་མེད་ཟས་སྦྱིན་ལས་ལྷག་པར་ལུང་བསྟན་པ་ལྟར་རོ། །ཀོ་ས་ལའི་རྒྱལ་པོས་དགེ་སྦྱོང་བཞི་ལ་ཟན་དྲོན་གཅིག་སྦྱིན་པས་རྒྱལ་སྲིད་ཐོབ་པ་དང་། ཚོང་དཔོན་ཟིལ་གྱིས་མི་ནོན་པ་སློང་བ་པོས་བསླངས་ཚེ་མེད་ཅེས་ཟེར་མི་ནུས་པ་དང་། རང་ཁྱིམ་ནས་གཞན་གྱིས་བརྐུས་ནའང་དགའ་བ་སྒོམ་པ་དང་། དེ་ཉིད་དབུལ་པོར་གྱུར་ཚེ་རྩྭ་འཚོང་བྱས་པའི་རིན་སྦྱིན་པར་གཏོང་བ་དང་། ཤི་བིའི་རྒྱལ་པོས་གཏན་པ་མེད་པའི་སྦྱིན་གཏོང་གི་ཁང་བུ་བརྩིགས་ནས་མཆོད་སྦྱིན་ལ་འཇུག་པ་ལྟར་བསླབ་པར་བྱའོ། །རྩ་བར་ཆོས་སྔོན་དུ་བྱས་ཀྱང་འདིར་གཞན་གཉིས་སྔོན་དུ་བྱས་པ་ལ་དང་པོ་ཟང་ཟིང་ལ་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །དེ་ལ་གཏོང་དང་ཞེས་ཟས་གོས་ཆེ་ཆུང་ནོར་རྫས་རྟ་གླང་གི་བར་སྦྱིན་པའོ། །གཏོང་བ་ཆེན་པོ་ནི། བུ་ཕོ་བུ་མོ་ཁྱིམ་ཐབ་སློང་ན་བྱིན་པའོ། །དེ་ཡང་རྒྱལ་པོ་ཐམས་ཅད་སྒྲོལ་ལ་ཕྲག་དོག་གི་སྒོ་ནས་རྒྱལ་པོ་གཞན་གྱིས་གཡོ་སྒྱུ་ཁོ་ནས་ཐམས་ཅད་སྒྲོལ་གྱི་བུ་བུ་མོ་མཆིས་བྲང་བཅས་བསླངས་པས་དེ་དག་ལ་ཡིད་ཤིན་ཏུ་གཅུགས་པའི་སྡུག་བསྔལ་གྱི་ཚོར་བས་སྙིང་འགས་པ་ལྟར་དུ་གྱུར་ནའང་གཏོང་སེམས་ལས་ལྡོག་པ་མེད་པའི་སེམས་ཀྱིས་བྱིན་པ་ལྟར་བདག་ཅག་གིས་མཆོད་སྦྱིན་བྱེད་ཚེ་སྙིང་ལས་དང་འཇུངས་སེམས་ལ་ཁྲེལ་བརྟས་ནས་དམ་བཅའ་བ་ལ་གོམས་པར་བྱའོ། །ཤིན་ཏུ་གཏོང་བ་ནི་བྱ་དཀའ་བའི་གནས་ཏེ། མགོ་དང་མིག་དང་ལག་པ་དང་རྐང་པ་ལ་སོགས་པ་གཏོང་བའོ། །དེ་ཡང་བདག་ཅག་གི་སྟོན་པ་ས་སྤྱོད་དཔལ་གྱི་སྡེར་གྱུར་ཚེ་རྐེད་སྐབས་མན་ཆད་ཆད་པའི་སློང་བ་པོ་ལ་སོག་ལེ་རྣོན་པོས་རང་གི་རྐེད་པ་འབྲེག་ཏུ་བཅུག་ནས་བྱིན་པ་དང་། རྒྱལ་པོ་ཟླ་འོད་དུ་གྱུར་ཚེ་བྲམ་ཟེ་དྲག་པོའི་མིག་ལ་མགོ་བཅད་ནས་བྱིན་པ་ལ་སོགས་ལ་བསམས་ནས་སྦྱིན་པ་ལ་བརྩོན་འཚལ་ལོ། །རྩ་བ། འདི་ན་ཐོག་མར་གོམས་སུ་འཇུག་པ་རྣམས། །སེར་སྣས་བསྡམས་པའི་སྐྱེས་བུའི་ལག་པ་ནི། །གཅིག་ནས་གཅིག་ཤོས་སྦྱིན་པར་བསམ་པའི་སེམས། །ཡང་ཡང་སྤོས་པས་ཚོད་མ་ལ་སོགས་ལ། །བརྐམ་ཆགས་འཇིག་པ་སྟོབས་སུ་གྱུར་ལ་བསླབ། །ཅེས་པ་ནི་དེ་ལ་ཐོག་མ་ནས་སེར་སྣས་འཆིང་བ་དག་ནི་སྔོན་ཁྱིམ་བདག་འཇུར་གེགས་ཅན་ཞིག་ལ་རང་གི་ལག་པ་གཅིག་ཏུ་དངོས་པོ་ཅུང་ཟད་ཅིག་བཟུང་བ་གཅིག་ཤོས་སློང་བ་པོ་ཡིན་འདུན་གྱིས་དེ་ལ་སྦྱིན་ཚུལ་ཡང་ཡང་བསླབས་མཐར་སྦྱིན་པ་རྒྱ་ཆེན་གཏོང་ནུས་པ་བྱུང་བ་ལྟར་བདག་ཉིད་ཀྱང་ཚོད་མ་ལ་སོགས་དངོས་པོ་ཆུང་ངུ་སྦྱིན་པ་ལ་གོམས་སུ་བཅུག་པས་བརྐམ་ཆགས་འཇིག་པ་སྟོབས་སུ་གྱུར་པ་ལ་བསླབ་དགོས་སོ། །ཞེས་སོ། །རྩ་བ། མི་འཇིགས་སྦྱིན་པ་གཞན་གྱི་སྲོག་བསྲུང་དང་། །འཇིགས་པའི་ཡུལ་བསྒྲལ་དབུགས་འབྱིན་གནས་ལ་དགོད། །ཅེས་པ་ནི་དེ་ལ་མི་འཇིགས་པའི་ངོ་བོ་ནི་འཇིགས་པས་སྐྲག་ཅིང་རྟབས་པར་གྱུར་པ་རྣམས་དབུགས་འབྱིན་ཆེན་པོའི་གནས་ལ་སྦྱར་བ་སྟེ་འཇིགས་པ་མེད་པའི་སར་བསྒྲལ་བའོ། །དེ་བས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཏོང་བ་དང་ཐབས་ལ་མཁས་པ་དང་རང་གི་ཞོ་ཤ་ལས་སུ་འཁོར་བར་བྱས་ནས་གཞན་ལ་མི་འཇིགས་པ་སྦྱིན་པ་ལ་བསླབ་པར་བྱའོ། །རྩ་བ། མི་ནུས་བཞིན་དུ་བབ་ཅོལ་ཆོ་ག་ཡི། །རྣམ་པར་སྦྱར་བའི་སྦྱིན་པའང་སྨད་པ་སྟེ། །སྙིང་རྗེའི་བསམ་པ་ཤིན་ཏུ་མ་དག་པར། །ལུས་དང་སྲོག་གཏོང་བསླབ་བཏུས་ཉིད་ལས་བཀག །ཅེས་པ་ནི་དེ་ཡང་ཡར་མཆོད་མར་སྦྱིན་སྤྱི་དང་ཁྱད་པར་ལུས་རིལ་པོའི་ཆ་ཤས་སྙིང་ཐག་པ་ནས་གཏོང་མི་ནུས་བཞིན་དུ་བབ་ཅོལ་ཆོ་ག་ཡི་ཞེས་པ་ཆོས་བརྒྱད་ཀྱི་ཀུན་སློང་ངན་པས་གཞན་གྱིས་བསྟོད་བསྔགས་དང་གྲགས་པ་དོན་དུ་གཉེར་ནས་སྦྱིན་གཏོང་གི་རྣམ་པར་སྦྱར་བའི་སྦྱིན་པའང་རྣམ་སྨིན་དམན་པའི་ཕྱིར་སྨད་པ་སྟེ། དེའི་ཕྱིར་ན་སྙིང་རྗེའི་བསམ་པ་ཤིན་ཏུ་མ་དག་གི་བར་དུ་ལུས་སྲོག་གཏོང་བའང་བསླབ་བཏུས་ཉིད་ལས་བཀག་པའི་དོན་ནི། གཏོང་བ་ཆེན་པོ་དང་ཤིན་ཏུ་གཏོང་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དག་གི་སྤྱོད་ཡུལ་ཡིན་ནོ། །རྩ་བ། ཁ་ན་མ་ཐོས་བསྐྲུན་པའི་སྦྱིན་པ་ཡང་། །གནས་མིན་སྨད་པའི་གནས་ཏེ་བདོག་པ་ལ། །ཞེན་པ་བཏང་བ་སྦྱིན་པའི་ཚད་དུ་བཞེད། །ཅེས་པ་ནི་དེ་ལ་ཁ་ན་མ་ཐོས་བསྐྲུན་པའི་སྦྱིན་པ་ནི་གཏོང་བ་པོའི་སྒོ་གསུམ་གྱི་བསམ་སྦྱོར་མ་དག་པ་དང་། སྦྱིན་རྒྱུའི་རྫས་རྐུ་འཕྲོག་བཅོམ་གསུམ་གྱིས་ཐོབ་པའི་ནོར་རྫས་སམ། གཞན་གྱི་སྲོག་འཕྲོག་ནུས་པའི་མཚོན་ཆ་རྫས་ལ་སོགས་པ་དང་ཤ་ཆང་ཡང་མི་ཕན་ཞིང་གནོད་བཞིན་དུ་སྟེར་བ། དབུལ་ཕོངས་བོར་ནས་ཆེ་བཙན་ཕྱུག་སོགས་འཛོམ་པ་ལ་སྟེར་བ་སོགས་ནི་གནས་མིན་སྨད་པའི་གནས་ཏེ་སྦྱིན་ཡུལ་ལོག་པའོ། །དེ་ལས་རང་ཉིད་ལ་ཟས་ནོར་ཆེ་ཆུང་གང་བདོག་པ་དེ་ཡིས་ཆོག་ཤེས་པ་སྐྱེས་ནས་ཞེན་པ་བཏང་བ་ཡང་མཆོད་པ་དང་སྦྱིན་པའི་ཚད་དུ་བཞེད་པའོ། །དེ་ལྟར་ཟང་ཟིང་དང་མི་འཇིགས་པའི་སྦྱིན་པ་ཆོས་སྦྱིན་གྱི་སྔོན་འགྲོར་སོང་ནས་ཆོས་སྦྱིན་ལ་འཇུག་པ་ནི། རྩ་བ། ཆོས་ཀྱི་སྦྱིན་པ་རྣམ་པ་གསུམ་ལས་དངོས། །མོས་པས་སྤྱོད་པ་ཇི་བཞིན་འདོམས་པར་དཀའ། །རང་གི་ཉོན་མོངས་བསལ་བའི་ཆོ་ག་དང་། །བྱམས་དང་སྙིང་རྗེས་གསུང་རབ་བཀླག་པ་ཡིས། །དཀར་པོའི་ཕྱོགས་ཀྱི་རྒྱུད་གྲོལ་སྨོན་ལམ་གདབ། རང་རྒྱུད་གྲོལ་ནས་འགྲོ་བའི་སྐལ་བ་དང་། །རང་བཞིན་འཚམས་པས་གཞན་དོན་གཙོ་བོར་བྱ། །ཞེས་པ་ནི་དེ་ལ་ཆོས་ཀྱི་སྦྱིན་པ་གང་ཞེ་ན། སྣག་སྨྱུག་དང་གླེགས་བམ་སྦྱིན་པ་ཆུང་ངུ ། རང་སྐལ་དང་འཚམས་པའི་ཉན་རང་དང་ཐེག་ཆེན་གྱི་ཆོས་སྟོན་པ་འབྲིང་། བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ཆེན་པོའོ། །དེ་ཡང་མོས་པས་སྤྱོད་པ་རྣམས་གཞན་ལ་ཆོས་སྟོན་དུ་རེ་བ་ལོང་བའི་ལམ་སྣ་ལོང་བས་ཁྲིད་པ་ལྟར་ཡིན་པས་ཇི་བཞིན་འདོམས་པར་དཀའ་ན། དེ་ལས་རང་གི་ཉོན་མོངས་བསལ་བའི་ཆོ་ག་དུག་གསུམ་གྱི་ཀུན་རྟོག་ལ་གཉེན་པོ་སྤྱི་དང་བྱེ་བྲག་པ་བསྟན་ཞིང་བྱམས་དང་སྙིང་རྗེས་འགྲོ་རྣམས་བློས་མི་གཏོང་བཞིན་དུ་རྒྱལ་བའི་གསུང་རབ་བཀླགས་པ་སོགས་ཀྱིས་དཀར་པོའི་ཕྱོགས་ཀྱི་རང་རྒྱུད་གྲོལ་བའི་སྨོན་ལམ་གདབ་པ་དང་། རང་རྒྱུད་གྲོལ་ནས་འགྲོ་བའི་སྐལ་བ་དང་རང་བཞིན་འཚམས་པས་གང་ལ་གང་འདུལ་གྱིས་གཞན་དོན་གཙོ་བོར་བྱས་པའོ། །དེ་ཡང་རབ་ཏུ་བྱུང་བ་དག་གིས་ནོར་རྫས་སོགས་བཙལ་ཞིང་བསགས་པའི་དངོས་པོས་སྦྱིན་པ་དོན་དུ་གཉེར་བ་མ་ཡིན་མོད་ཀྱང་། སྔོན་གྱི་སྦྱིན་འབྲས་ཀྱི་རང་བཞིན་དུ་ནོར་རྫས་སོགས་བྱུང་བ་མཆོད་སྦྱིན་བྱེད་དུ་མི་རུང་བ་ནི་མ་ཡིན་ནོ། །གང་གི་ཕྱིར་ན་སྔོན་མགོན་པོ་ཀླུ་སྒྲུབ་ཀྱིས་དགེ་འདུན་མང་པོ་ལ་འཚོ་བ་སྦྱར་བ་དང་། སློབ་དཔོན་དཔའ་བོས་སྔོན་གྱི་བསོད་ནམས་ཀྱིས་ཉིན་རེར་བསོད་ནམས་རྒྱ་ཆེན་པོ་རྙེད་པ་དགེ་འདུན་ཐམས་ཅད་ཀྱི་འཚོ་བར་སྦྱོར་བ་བཞིན་ནོ། །དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ཐམས་ཅད་ཀྱང་དམ་པ་དྲུག་ལྡན་དུ་འདུ་བར་གསུངས་པ་ཡང་། ཀུན་སློང་བྱང་ཆུབ་ཀྱི་སེམས་ལ་བརྟེན་པ་ནི་རྟེན་དམ་པ་དང་། སྤྱི་དང་བྱེ་བྲག་གི་སྦྱིན་པ་གང་ཡིན་ཀྱང་དེའི་བསམ་པ་མ་དོར་བ་དངོས་པོ་དམ་པ་དང་། སེམས་ཅན་ཐམས་ཅད་ལ་འཕྲལ་ཕུགས་ཀུན་ཏུ་ཕན་པའི་ཕྱིར་གཏོང་བ་ནི་ཆེད་དུ་བྱ་བ་དམ་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པ་ནི་ཐབས་ལ་མཁས་པ་དམ་པ། སྦྱིན་པ་བཏང་བའི་དགེ་བ་རྫོགས་བྱང་དུ་བསྔོ་བའི་བསྔོ་བ་དམ་པས་ཟིན་པ། ཉོན་ཤེས་ཀྱི་སྒྲིབ་པ་གཉིས་འགོག་པའི་རྣམ་པར་དག་པར་དམ་པས་ཟིན་པའོ། །དེས་ན་མཐོན་པོའི་སྦྱིན་པ་ལ་སློབ་ཚུལ་རྣམས་ནི་རེ་ཞིག་སྨོན་པའི་ཡུལ་དུ་བྱས་ནས་ལུས་དང་ལོངས་སྤྱོད་བདོག་པ་ཐམས་ཅད་ལ་ཕངས་སེམས་དང་དམན་དང་འཚེ་སེམས་ཅུང་ཟད་ཙམ་མེད་པར་གཏོང་སེམས་རྒྱ་ཆེན་པོ་དང་འབྲེལ་བའི་བྱང་ཆུབ་ཐོབ་པའི་སྨོན་ལམ་གདབ་པ་ནི་གཏོང་བ་ཐམས་ཅད་མཆོག་ཏུ་གྱུར་པའོ། །རྩ་བ། ཚུལ་ཁྲིམས་ངོ་བོ་མི་མཐུན་སྡོམ་པ་སྟེ། །དབྱེ་ན་ཉེས་སྤྱོད་སྡོམ་དང་དགེ་ཆོས་སྡུད། །སེམས་ཅན་དོན་བྱེད་རྣམ་པ་གསུམ་དུ་བཤད། །སྒོ་གསུམ་མི་དགེ་སྡོམ་པ་ཉེས་སྤྱོད་སྡོམ། །ཕ་རོལ་ཕྱིན་པ་དྲུག་ལྡན་དགེ་ཆོས་སྡུད། །གཞན་ལ་ཕན་གདགས་སེམས་ཅན་དོན་བྱེད་ཡིན། །ཞེས་པ་ནི་དེ་ལ་སྒོ་གསུམ་གྱི་སྤང་བྱ་ཐམས་ཅད་བསྡམས་ནས་གཞན་གནོད་གཞི་བཅས་ལ་སྤོང་སེམས་བརྟན་པ་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན་ནོ། །དབྱེ་ན་ཉེས་སྤྱོད་སྡོམ་པ་ནི་སྤྱིར་མི་དགེ་བ་བཅུ་སྤང་བ་དང་། བྱེ་བྲག་ལུས་ངག་གི་ལས་བདུན་སྤང་བའོ། །དགེ་བ་ཆོས་སྡུད་ནི་ཕྱིན་དྲུག་ལ་སོགས་པའི་དགེ་བའི་ལས་བསླབ་བྱ་ཁྱད་ཆོས་བཞི་དང་ལྡན་པར་སྤྱོད་པ་སྟེ། དེ་བཞི་ནི་རང་རང་གི་མི་མཐུན་ཕྱོགས་དང་བྲལ་བ། འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ་གཞན་གྱི་འདོད་དོན་རྫོགས་པར་བྱེད་པ། འབྲས་བུས་གདུལ་བྱ་བྱང་ཆུབ་གསུམ་དུ་སྨིན་པར་བྱེད་པའོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀའི་ངོ་བོར་གནས་པས་ཀུན་ཀྱང་རང་རྒྱུད་ལ་མ་སྐྱེས་པ་བསྐྱེད་ཅིང་། སྐྱེས་པ་གོང་ནས་གོང་དུ་འཕེལ་བར་བྱེད་པའོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། དངོས་སམ་བརྒྱུད་ནས་གཞན་གྱི་དོན་ལ་རྣམ་པ་ཐམས་ཅད་དུ་འཇུག་པའི་སེམས་མཚུངས་ལྡན་དང་བཅས་པའོ། །དེ་ལ་ཐོག་མར་ཟང་ཟིང་གི་སྦྱིན་པས་འགྲོ་རྣམས་ལེགས་པར་བསྡུས་ནས་སྙན་པར་སྨྲ་བའི་གཏམ་གྱིས་གདུལ་བྱའི་ཡིད་དྲངས་ཤིང་ཆོས་ལ་སྤྱོད་དུ་འཇུག་པ་སྟེ། དེ་ལྟར་གཞན་དག་ཐབས་གང་གིས་ལམ་ལ་འཛུད་པའི་དོན་མཐུན་པ་ལ་བདག་ཉིད་ཀྱང་གནས་དགོས་སོ། །དེ་ཡང་སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་མི་དགེ་བ་ལས་སེམས་བསྲུང་བ་དང་། དགེ་བའི་ཆོས་སྡུད་ནི་དགེ་བའི་རྩ་བ་མངོན་པར་བསྒྲུབ་པ་ཡིན་ཞིང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཀྱིས་ནི་གཞན་ལ་ཕན་པ་ལྷུར་བྱེད་པའོ། །རྩ་བ། ནང་གསེས་སོ་སོར་ཐར་ལས་བྱང་ཆུབ་སེམས། །ཁྱད་པར་བཞི་ཡི་སྒོ་ནས་འཕགས་པ་སྟེ། །སོ་ཐར་གཞན་གནོད་གཞི་བཅས་ལྡོག་པ་ཙམ། །བྱང་སེམས་དེ་ཡི་སྟེང་དུ་ཕན་འདོགས་བསྣོན། །སོ་ཐར་སྤང་བ་བདུན་བསྡུས་ལུས་ངག་གཙོ། །བྱང་སེམས་སྤང་བ་བཅུ་ཀ་གཙོ་བོར་བྱེད། །ཅེས་པ་ནི་དེ་ལ་སོ་ཐར་གྱི་བཅས་པ་རྣམས་བྱང་སེམས་ཀྱི་སྡོམ་ལྡན་དག་གི་བསླབ་བྱའི་ཕྱོགས་གཅིག་ཏུ་འདུ་ཡང་། བྱང་སེམས་མ་ཡིན་པའི་རབ་བྱུང་རྣམས་ལ་བསླབ་བྱ་བསྣོན་པའི་ཚུལ་གྱིས་འཕགས་ཆོས་སུ་བསྒྲུབ་པ་སྟེ། འདི་ལྟར་སོ་ཐར་ནི་རང་རྒྱུད་ཀྱི་ཉེས་སྤྱོད་སྡོམ་པས་གཞན་གནོད་གཞི་བཅས་ལས་ལྡོག་པ་ཙམ་དང་། བྱང་སེམས་ནི་གཞན་ལ་མི་འཚེ་བའི་སྟེང་དུ་ཕན་འདོགས་པ་ཡང་བསྣོན་པ་སྟེ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུམ་ཀ་དང་ལྡན་པའོ། །སོ་ཐར་ནི་ལུས་ཀྱི་གསུམ་ངག་གི་བཞི་སྟེ་སྤངས་པ་བདུན་གཙོར་བྱེད་ལ། བྱང་སེམས་ནི་ཀུན་སློང་དང་བཅས་པའི་སྤང་བ་བཅུ་ཀ་གཙོ་བོར་བྱེད་པའོ། །རྩ་བ། ཁྱད་པར་བསླབ་པའི་གནས་ནི་སོ་ཐར་སྐབས། །གཞན་གྱི་དོན་དུ་བཅས་པ་མི་འདྲལ་ལ། །བྱང་ཆུབ་སེམས་དཔའ་གཞན་གྱི་དོན་འགྱུར་ན། །ལུས་ངག་གཉིས་ཀྱི་མི་དགེ་རྣམ་པ་བདུན། །གཞན་དོན་འགྱུར་དང་འགྱུར་བར་ཤེས་པ་དང་། །རང་གི་དགེ་ཚོགས་མི་སྒྲིབ་འཕེལ་བ་ཡི། །གནས་སྐབས་གསུམ་བརྟགས་གནང་བའི་སྐབས་ཡོད་དོ། །སེམས་སྟོབས་ཆེན་པོས་མི་ནག་མདུང་ཐུང་ཅན། །བྲམ་ཟེའི་ཁྱེའུ་སྐར་མ་དཔེར་མཚོན་ནས། །རྣམ་པའི་ཉེས་པའང་དོན་ལ་དགེ་བ་ཡིན། །རྒྱུ་འབྲས་མཐུ་ཅན་བསམ་པས་བྱས་པའི་ཕྱིར། །ཡིད་ཀྱི་གསུམ་ལ་གནང་བའི་སྐབས་མེད་དོ། །ཞེས་པ་ནི་དེ་ཡང་སོ་ཐར་ནི་གཞན་དོན་དུ་འགྱུར་ཡང་བཅས་པ་མི་འདྲལ་ལ། བྱང་སེམས་ནི་གཞན་དོན་དུ་འགྱུར་བ་དང་། འགྱུར་བར་རིག་པ་དང་། རང་གི་དགེ་བ་གོང་འཕེལ་དང་གསུམ་བརྟགས་ནས་གནང་བའི་སྐབས་ཡོད་ཀྱང་ལུས་ངག་གི་མི་དགེ་བ་བདུན་པོ་ལས་ཡིད་ཀྱི་གསུམ་ནི་ནམ་ཡང་སྤྱོད་དུ་ཆོག་པར་མ་གསུངས་སོ། །ལུས་ངག་གི་མི་དགེ་བ་བདུན་ཇི་ལྟར་གནང་ན། ཚོང་པ་མང་པོའི་སྲོག་སྐྱོབ་པའི་ཕྱིར་དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པ་ལྟ་བུ་ནི་གཞན་ཕན་ཁོ་ནས་དང་དུ་བླངས་པ་དང་། ལོངས་སྤྱོད་འབྱོར་པ་ཕུན་སུམ་ཚོགས་ཀྱང་མཆོད་སྦྱིན་མི་ནུས་པ་ལ་བརྐུས་ཤིང་ཕྲོགས་ནས་བཀྲེས་པས་ཉམ་ཐག་པ་ལ་སྦྱིན་པ་དང་། བྲམ་ཟེ་ཁྱེའུ་སྐར་མ་ལ་དགའ་བ་ལོ་བརྒྱད་ཁྲི་ཉིས་སྟོང་ལ་ནགས་ཁྲོད་དུ་ཚངས་པར་སྤྱད་པའི་མཐར་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པ། ཚོང་དཔོན་གྱི་བུ་མོ་ཞིག་འདོད་པས་གདུངས་ནས་བྲམ་ཟེ་ཆགས་སྤྱོད་ལ་བསྐུལ་ཡང་མ་ཉན་པར་དུས་དེ་ཉིད་དུ་འཆི་བར་བརྩམས་པ་ལ་སྙིང་རྗེ་དབང་གིས་ཆགས་པ་སྤྱད་པས་ཚངས་པའི་གནས་སུ་སྐྱེས་པ་དང་། གསོད་ངེས་པ་དེ་ལས་ཕྱིར་རྫུན་སྨྲ་བ་མི་བདག་མཆོད་སྦྱིན་བྱེད་ལྟ་བུ་དང་། སྡིག་གྲོགས་ཀྱི་དབང་གིས་ངན་འགྲོར་འཁྲིད་པ་ལས་ལྡོག་ཕྱིར་ཕྲ་མས་དབྱེ་བ་དང་། མྱ་ངན་ལས་སྐྱོབ་ཕྱིར་རམ་ཆོས་ལ་འཇུག་ཕྱིར་ངག་འཁྱལ་གྱིས་འབྲིད་པ། སྡིག་པ་ལས་བཟློག་ཕྱིར་ཚིག་རྩུབ་སྨྲ་བ་སོགས་ཀྱིས་མཚོན་པས་གཞན་དོན་ཁོ་ནས་མི་དགེ་བ་ལ་སྤྱོད་པ་ཐམས་ཅད་དོ། །དེ་བས་ན་ཐེག་དམན་གྱི་སྡེ་སྣོད་ལས་བཀག་པ་དག །ཐེག་པ་ཆེན་པོ་ནས་གནང་བ་དག་འགྲོ་བའི་བློ་རིམ་དང་ནུས་པ་ལ་དགོངས་པ་ཉིད་དུ་ཤེས་པར་བྱའོ། །རྩ་བ། དེ་ལྟ་ནའང་རྒྱལ་སྲས་སྡོམ་པ་ལ། །རང་དོན་ཞི་བདེ་གཉེར་དང་བྱ་དཀའ་སྤང་། །གཞན་ཕྱིར་ཕན་པ་མི་བསྒྲུབ་གང་དང་གང་། །ལྟུང་བའི་རྒྱུ་རུ་གཅིག་པར་གསུངས་པ་ཡིན། །ཞེས་པ་ནི་དེ་ལ་གནང་བཀག་གི་གནས་གང་ལའང་རང་རང་གི་བློ་མཐུ་ལ་དཔགས་ནས་དགག་སྒྲུབ་རིགས་མ་བརྟགས་པར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྡོམ་པ་བླང་བ་བཞིན་དུ་རང་དོན་ཞི་བདེ་གཉེར་བ་དང་། བྱ་དཀའ་བ་སྤངས་ནས་གཞན་གྱི་ཕྱིར་ཕན་འདོགས་མི་སྒྲུབ་གང་དང་གང་ཡིན་ཡང་རུང་སྟེ་ལྟུང་བའི་རྒྱུ་རུ་འགྱུར་བ་ལ་གཅིག་པར་གསུངས་པའོ། །འདི་ལྟར་སྡོམ་པའི་ཚུལ་ཁྲིམས་ལ་ཞེ་སྡང་གིས་གཞན་སྲོག་གཅོད་པ་ལྟུང་བ། ཕན་སེམས་ཀྱིས་ཡིན་ན་ལྟུང་བའི་གཟུགས་བརྙན། སྙིང་རྗེས་མི་གསོད་པ་ལྟུང་མེད། གཞན་ལ་ཕན་ཀྱང་མི་གསོད་པ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །དགེ་བ་ཆོས་སྡུད་ལ། སེར་སྣས་མི་སྟེར་བ་ལྟུང་བ། ཕན་སེམས་ཀྱིས་མི་སྟེར་བ་ལྟུང་བའི་གཟུགས་བརྙན། བསམ་པ་དག་པས་སྟེར་བ་ལྟུང་མེད། གཞན་གནོད་ཀྱི་ཕྱིར་སྟེར་བ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །སེམས་ཅན་དོན་བྱེད་ལ། ནད་པར་ཕན་མི་འདོགས་པ་ལྟུང་བ། དོན་ཆེན་བསྒྲུབ་པའི་ཆེད་དུ་དེ་ལས་ལྡོག་པ་ལྟུང་བའི་གཟུགས་བརྙན། བརྩེ་སེམས་ཀྱིས་ནད་གཡོག་བྱེད་པ་ལྟུང་མེད། དེ་ལ་ནད་གཡོག་ཡོད་བཞིན་དུ་རང་གི་དགེ་སྦྱོར་བཤོལ་ནས་ནད་གཡོག་ལ་འཇུག་པ་ལྟུང་མེད་ཀྱི་གཟུགས་བརྙན་ནོ། །རྣམ་དཀར་དང་མ་འབྲེལ་བར་ས་བརྐོ་རྩྭ་འདྲེག་སོགས་དོན་མེད་ཀྱི་ལས་བྱེད་པ་ཉེས་བྱས། དགེ་བའི་ཕྱོགས་ཡིན་ན་ལྟུང་མེད། དྲན་པས་མ་ཟིན་བཞིན་པ་ལ་རི་མོ་འབྲི་བ་སོགས་ཕྱོགས་མཐུན། དྲན་དང་ཤེས་བཞིན་གྱིས་ཟིན་པར་བྱ་བ་བསླབ་བྱ། བསླབ་བྱ་དྲན་ནས་ཕྱིར་འཆོས་ཤིང་ལྡོག་པ་ཕྱིར་བཅོས་ཏེ་ལྔའོ། །རྩ་བ། དང་པོའི་ལས་ཅན་བྱང་ཆུབ་སེམས་དཔའ་རྣམས། །བློ་ནི་གོང་ནས་གོང་དུ་སྤྱོད་གཙོ་བས། །ཐོག་མར་སྡོམ་པའི་ཚུལ་ཁྲིམས་མ་དག་པར། །གཞན་གཉིས་གཙོ་བོར་གཉེར་ན་བར་ཆད་མང་། །རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ནི། །ཁྱད་པར་ཅན་དུ་མདོ་སྡེའི་རྒྱན་ལས་བཤད། །ཅེས་པ་ནི་དེ་ལ་སོ་སྐྱེ་རྣམས་ཀྱང་ཉོན་མོངས་པ་ལ་སྐྱོན་དང་ཉེས་དམིགས་སུ་ཤེས་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དགེ་སློང་གི་རྟེན་ལ་སྡོམ་པའི་ཚུལ་ཁྲིམས་དག་པར་བྱ་སྟེ། ཅིའི་ཕྱིར་ན་ལས་དང་པོ་པས་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་གཉིས་སྒྲ་ཇི་བཞིན་པ་སྟོབས་སུ་འགྱུར་དཀའ་བས་རང་གི་ཉོན་མོངས་པ་བསྲུང་བ་གལ་ཆེ་ཞེས་གསུངས་པས་སོ། །ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་ལས་དང་པོའི་ལས་ཅན་བྱང་ཆུབ་སེམས་དཔའ་རྣམས་ནི་སྔོན་དུ་སྡོམ་པའི་ཚུལ་ཁྲིམས་བརྟན་པར་བྱས་ནས། རིམ་བཞིན་བློ་གོང་ནས་གོང་དུ་སྤྱོད་པ་གཙོ་ཆེ་བས་ཀུན་གྱི་ཐོག་མར་སྡོམ་པའི་ཚུལ་ཁྲིམས་མ་དག་བར་དུ་གཞན་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་གཉིས་གཙོ་བོར་གཉེར་ན་བར་ཆད་མང་བར་འགྱུར་བས་ན། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ནི་ཁྱིམ་པ་ལས་ཁྱད་པར་ཅན་དུ་མདོ་སྡེ་རྒྱན་ལས་བཤད་ཅེས་པའོ། །དེ་བས་ན་ལས་དང་པོ་པས་སོ་སོ་ཐར་པའི་སྡོམ་པ་ནི་ཉན་ཐོས་ཀྱི་ཡིན་པས་ཉན་ཆུང་སྙམ་དུ་བལྟས་ནས་བྱང་ཆུབ་སེམས་དཔའི་བསླབ་བྱ་བསླབ་པར་འདོད་པ་ནི་གནད་མ་ཟིན་པའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པའི་ཚུལ་ཁྲིམས་ཉམས་ན་སྡོམ་པ་ཐམས་ཅད་ཉམས་པའོ། །དེ་བས་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉེས་སྤྱོད་དང་རིང་བར་འགྱུར་བ་ལ་དགོངས་ནས་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཁྱད་པར་དུ་འཕགས་སོ། །རྩ་བ། བྱང་ཆུབ་སེམས་དཔའ་རང་སའི་སྡོམ་པ་ལ། །སོ་ཐར་མཚན་ཉིད་ཆོ་གས་གསལ་བ་མེད། །སྦྱངས་པ་སྔོན་སོང་སེམས་སྟོབས་ཆེན་པོ་ནི། །བསམ་པའི་རྟེན་གཙོ་ཨིནྡྲ་བྷུ་ཏི་བཞིན། །ཞེས་པ་ནི་དེ་ལ་བྱང་ཆུབ་སེམས་དཔའ་རང་སའི་སྡོམ་པ་ཞེས་ཐེག་ཆེན་ཁོ་ནའི་གཞུང་ན་སོ་ཐར་མཚན་ཉིད་པ་ལྟར་འདུལ་སྡོམ་གྱི་ཆོ་གས་གསལ་བ་མེད། སྦྱངས་པ་སྔོན་སོང་ཞེས་པ་སྐྱེ་མང་གོང་ནས་ཐེག་པ་ཆེན་པོ་ལ་གོམས་པའི་སེམས་སྟོབས་ཆེན་པོ་ནི་བསམ་པའི་རྟེན་གཙོ་བོ་ལས་ལུས་ངག་གི་བྱ་བ་སོ་ཐར་དང་འགལ་ཡང་དེའི་སྐྱོན་དུ་འགྱུར་མི་ནུས་པ་ཨིནྡྲ་བྷུ་ཏི་བཞིན་ནོ། །ཞེས་པའོ། །རྩ་བ། གང་ཞིག་ཁྱིམ་པའི་ཕྱོགས་ལ་རྟེན་པ་རྣམས། །དགེ་བསྙེན་དང་ནི་བསྙེན་གནས་སྡོམ་པའི་སྟེང་། །སྨོན་འཇུག་བྱང་ཆུབ་སེམས་གཉིས་རྟག་ཏུ་བསྲུང་། །རབ་ཏུ་བྱུང་རྣམས་དགེ་སློང་དགེ་ཚུལ་དང་། །དགེ་སློབ་མ་ཡི་སྡོམ་པ་གང་ཡིན་སྟེང་། །སྨོན་འཇུག་གཉིས་བསྲུང་རང་སའི་ཚུལ་ཁྲིམས་ཡིན། །ཞེས་པ་ནི་གང་ཞིག་ཁྱིམ་པའི་ཕྱོགས་ལ་ཞེས་དགེ་ཚུལ་དང་དགེ་སློང་མ་ཡིན་པའི་སྡོམ་པ་དམན་པའི་ཕྱོགས་ལ་རྟེན་པ་རྣམས་ནི་དགེ་བསྙེན་རིགས་རྣམ་པ་ལྔ་གང་རུང་དང་ཉ་སྟོང་ཚེས་བརྒྱད་སོགས་ལ་དུས་ཁྲིམས་ཡན་ལག་བརྒྱད་པ་སྟེ་བསྙེན་གནས་སྡོམ་པའི་སྟེང་དུ་སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་གཉིས་རེས་འགའ་ཙམ་མ་ཡིན་པ་རྟག་པ་རྒྱུན་དུ་བསྲུང་ཞིང་། རབ་ཏུ་བྱུང་བ་རྣམས་ལའང་དགེ་སློང་དང་དགེ་ཚུལ་དང་དགེ་སློབ་མ་ཡི་སྡོམ་པ་གང་ཡིན་གྱི་སྟེང་དུ། སྨོན་འཇུག་གཉིས་ཀྱི་བསླབ་བྱ་ཇི་བཞིན་དུ་བསྲུང་བ་རང་སའི་ཚུལ་ཁྲིམས་ཡིན་ཞེས་པའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ནི་ཁྱིམ་པའི་ཕྱོགས་ལ་རྟེན་པའི་བསྙེན་གནས་དང་། དགེ་བསྙེན་ཕ་མ་གཉིས་དང་། རབ་བྱུང་ལ། དགེ་སློང་ཕ་མ་དང་། དགེ་ཚུལ་ཕ་མ་དང་། དགེ་སློབ་མ་སྟེ་སོ་ཐར་རིགས་བརྒྱད་པོ་གང་རུང་གི་སྟེང་དུ་སྨོན་འཇུག་གཉིས་དང་ལྡན་པའོ། །སྤྱིར་སྡོམ་པ་སྐྱེ་བའི་རྟེན་མ་ཡིན་པ་ནི། མ་ནིང་རིགས་ལྔ་དང་། སྤྲུལ་པ་དང་། མཚན་གཉིས་པ་དང་། མུ་སྟེགས་དང་། མཚམས་མེད་བྱས་པ་དང་། ཕ་མ་དང་། རྒྱལ་པོས་མ་གནང་བ་དང་། བྱ་རོག་སྐྲོད་མི་ནུས་པ་དང་། དམེ་མགར་སོགས་རིགས་དང་། སྐྲ་སེར་ལག་རྡུམ་སོགས་ལུས་ལ་སྐྱོན་ཆགས་པ་རྣམས་ནི་དོར་བྱའོ། །རྩ་བ། དབྱེ་ན་དགེ་བསྙེན་རྣམ་པ་གཉིས་ཡིན་ཏེ། །སྣ་གཅིག་བསྲུང་བ་སྲོག་གཅོད་ལྟ་བུ་སྤང་། །དེ་སྟེང་མ་བྱིན་ལེན་སྤང་ཕྱོགས་གཅིག་ལྡན། །དེ་སྟེང་རྫུན་སྨྲ་སྤང་བ་ཕལ་ཆེར་བསྲུང་། །དེ་སྟེང་འདོད་ལོག་ཆང་དང་བཅས་སྤང་ན། །ཡོངས་རྫོགས་བསྲུང་བའི་དགེ་བསྙེན་དག་ཏུ་འདོད། །རྩ་བཞི་ཆང་དང་ལྔ་ཀ་སྤང་བ་ལ། །ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་སུ་གྲགས། །ཞེས་པ་ནི་དེ་ལ་རྩ་བཞི་གང་རུང་གཅིག་བསྲུང་བ་སྣ་གཅིག །ཡང་གཅིག་བསྣན་པ་ཕྱོགས་གཅིག་བསྲུང་བ། གསུམ་བསྲུང་བ་ཕལ་ཆེར། རྩ་བ་གཉིས་ཆང་བཅས་བསྲུང་བ་ཡོངས་རྫོགས། །རྩ་བཞི་ཆང་བཅས་ལྔ་ཀ་བསྲུང་བ་ཚངས་སྤྱོད་དགེ་བསྙེན་ནོ། །རྩ་བ། རབ་ཏུ་བྱུང་བའི་བསླབ་པའི་གནས་བཅུ་ལས། །གསེར་དངུལ་ལེན་པ་བུ་སྨད་གསོ་ཕྱིར་གནང་། །གར་ཕྲེང་གཉིས་པོ་མཚང་ཆུང་གཅིག་ཏུ་བགྲང་། །ཡན་ལག་བརྒྱད་པའི་ཁྲིམས་ཞེས་གྲགས་པ་གང་། །བསྲུང་མཚམས་མེད་པར་རྟག་ཏུ་བསྲུང་བ་དེ། །ཙནྡྲ་གོ་མི་ལྟ་བུའི་དགེ་བསྙེན་ཡིན། །ཞེས་པ་ནི་རབ་ཏུ་བྱུང་བའི་བསླབ་པའི་གནས་བཅུ་ཡོད་པ་ལས་གསེར་དངུལ་ལེན་པ་གནང་དོན་བུ་སྨད་གསོ་བའི་ཕྱིར་དང་། གར་འཆམ་དང་རིན་པོ་ཆེའི་ཕྲེང་བས་སྤུད་པ་གཉིས་མཚང་སྐྱོན་ཆུང་བས་གཅིག་ཏུ་བགྲང་བ་ལ་ཡན་ལག་བརྒྱད་པའི་ཁྲིམས་ཞེས་གྲགས་པ་གང་ཉིད་བསྲུང་མིན་རེས་འགའ་ཙམ་མ་ཡིན་པར་དུས་མཚམས་མེད་པར་རྟག་ཏུ་བསྲུང་བ་དེ་ནི། འཕགས་ཡུལ་གྱི་ཙནྡྲ་གོ་མི་ལྟ་བུའི་དགེ་བསྙེན་ཡིན་ཞེས་པའོ། །ཁྱིམ་པ་རྣམས་ཀྱིས་ཉ་སྟོང་བརྒྱད་གསུམ་དང་དུས་ཆེན་བཞི་སོགས་ལ་བསྲུང་རྒྱུའི་ཡན་ལག་བརྒྱད་པའི་དུས་ཁྲིམས་དང་། དེ་ལས་ཀྱང་ཚངས་སྤྱོད་དགེ་བསྙེན་ནི་བུད་མེད་སྤངས་པས་ཁྱིམ་པའང་མིན་ལ། རབ་བྱུང་གི་རྟགས་མ་བླངས་པས་དེ་ཡང་མ་ཡིན་ཞིང་། སློབ་དཔོན་ཙནྡྲ་གོ་མི་ཡང་སོ་སོར་ཐར་པའི་སྡོམ་པ་འདི་ཙམ་ལ་བརྟེན་པར་སྣང་ངོ་། །སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནི། མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ནོ། །ཞེས་གསུངས་པས་མཆོག་གསུམ་སྐྱབས་སུ་བཟུང་ཕྱིན་ཡང་དག་པའི་དགེ་བསྙེན་ནོ། །དེ་ལ་ཡོངས་རྫོགས་དགེ་བསྙེན་གྱི་སྤང་བྱ་ནི་རྩ་བ་བཞི་ཆང་དང་ལྔའོ། །སྐྱབས་གསུམ་འཛིན་པའི་དགེ་བསྙེན་ལ་སྤང་བྱ་གསུམ། བསྒྲུབ་བྱ་གསུམ། ཆ་མཐུན་གསུམ་རྣམས་སོ། །རབ་བྱུང་ལ། བསྙེན་པར་རྫོགས་མ་རྫོགས་གཉིས་ལས་དང་པོ་ལ་བར་མ་དང་དགེ་ཚུལ་གཉིས་སོ། །དང་པོ་ལ་སྐྱབས་འགྲོ་འདོར་བ་མཁན་སློབ་ལ་མ་གུས་པ། ཁྱིམ་པའི་རྟགས་ལེན་པ་རབ་བྱུང་གི་རྟགས་སྤོང་བ་རྣམས་སོ། །རྩ་བ། དགེ་ཚུལ་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤང་། །བསླབ་པའི་གནས་བཅུ་འཛིན་པ་ཁྱད་པར་ཡིན། །ཞེས་པ་ནི་དགེ་ཚུལ་ལ་དངོས་བསྟན་སྤང་བྱ་རགས་གཏོགས་བཅུ་བཤད་པ་དང་། ཤུགས་ལ་སོ་སོར་ཕྲ་ཞིབ་སྒོ་ནས་དབྱེ་བ་གཉིས་ལས། དེ་དག་རྣམས་བསྡུ་ན་ཚུལ་ཁྲིམས་བག་ཡོད་བརྟུལ་ཞུགས་ཀྱི་ཡན་ལག་གསུམ་དུ་འདུའོ། །འདི་དག་གི་ཡིན་ལུགས་རྒྱས་པ་འགྲེལ་ཆེན་དུ་བལྟ་བར་བྱའོ། །རྩ་བ། དགེ་སློབ་མ་ནི་དེ་སྟེང་སྐྱེས་པ་ལ། །རེག་པ་ལ་སོགས་སྤོང་བྱེད་བཅུ་གཉིས་ཀྱི། །གཉེན་པོ་དང་བཅས་བུད་མེད་ཉོན་མོངས་པས། །ལོ་གཉིས་ལ་སོགས་ཐུབ་བམ་མི་ཐུབ་བརྟག །ཅེས་པ་ནི་དགེ་སློབ་མ་ནི་དགེ་ཚུལ་གྱི་བསླབ་གཞི་བཅུ་ཐོབ་པའི་སྟེང་དུ་དགེ་སློབ་མའི་སྡོམ་པ་བླངས་པའོ། །དེའང་སྔོན་མའི་སྟེང་དུ་སྐྱེས་པ་ལ་རེག་པ་ལ་སོགས་སྤོང་བྱེད་བཅུ་གཉིས་ཀྱི་གཉེན་པོ་བསྟེན་པའི་ཐབས་དང་བཅས་པས་བུད་མེད་ཉོན་མོངས་པས་ཆགས་པ་སྤངས་ནུས་མིན་ལོ་གཉིས་ལ་སོགས་སུ་སྡོམ་པ་ཐུབ་བམ་མི་ཐུབ་བརྟག་ཅེས་པའོ། །དེའང་སྤོང་བྱེད་བཅུ་གཉིས་ནི་རྩ་བའི་ཆོས་དྲུག་དང་། རྗེས་མཐུན་གྱི་ཆོས་དྲུག་དང་བཅུ་གཉིས་སོ། །ཉེས་མེད་བདུན་ཡང་དགེ་སློབ་མ་ལའོ། །རྩ་བ། དགེ་སློང་རྩ་བའི་ཕམ་པ་བཞི་དག་དང་། །ལྷག་མ་བཅུ་གསུམ་ཕམ་ལྟུང་སུམ་ཅུ་དང་། །ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་དང་། །སོར་བཤགས་སྡེ་བཞི་ཉེས་བྱས་བརྒྱ་བཅུ་གཉིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམ་གྲངས་དང་། །ཞེས་པ་ནི་དེ་ལ་དགེ་སློང་གི་རྩ་བའི་ཕམ་པ་བཞི་ནི། མི་ཚངས་སྤྱོད་དང་མ་བྱིན་ལེན་དང་། སྲོག་གཅོད་པ་དང་རྫུན་སྨྲ་བ་དང་བཞིའོ། །དེའི་སྟེང་དུ་དགེ་འདུན་ལ་ལྷག་མ་བཅུ་གསུམ་ཡོད་པ་ཡང་། རང་གི་ཁུ་བ་འབྱིན་པ་དང་། འཛིན་པའི་རེག་པའི་དགེ་འདུན་ལྷག་མ། འཁྲིག་ཚིག་སྨྲ་བའི་དགེ་འདུན་ལྷག་མ། བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ། སྨྱན་བྱེད་པའི་དགེ་འདུན་ལྷག་མ། ཁང་པའི་དགེ་འདུན་ལྷག་མ། ཁང་ཆེན་གྱི་དགེ་འདུན་ལྷག་མ། གཞི་མེད་ཀྱི་དགེ་འདུན་ལྷག་མ། བག་ཙམ་གྱི་དགེ་འདུན་ལྷག་མ། དབྱེན་བྱེད་པའི་དགེ་འདུན་ལྷག་མ། རྗེས་ཕྱོགས་ཀྱི་དགེ་འདུན་ལྷག་མ། ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ། སྔོན་མའི་བཞི་དང་བཅས་པ་བཅུ་བདུན་ནོ། །སྤང་ལྟུང་སུམ་ཅུ་ནི། འཆང་བའི་སྤང་བ། འབྲལ་བའི་སྤང་བ། ཟླ་འཇོག་གི་སྤང་བ། ཆོས་གོས་འཁྲུར་འཇུག་པའི་སྤང་བ། གོས་ལེན་པའི་སྤང་བ། སློང་བའི་སྤང་བ། སློང་བའི་རིག་པའི་སྤང་བ། དཔགས་པ་སློང་བའི་སྤང་བ། སོ་སོ་ནས་དཔགས་པ་སློང་བའི་སྤང་བ། བསྐུར་བའི་སྤང་བ། སྲིན་བལ་གྱི་གདན་གྱི་སྤང་བ། བལ་ནག་གི་གདན་གྱི་སྤང་བ། ཆ་གཉིས་བསྲེས་པའི་སྤང་བ། ལོ་དྲུག་གི་སྤང་བ། མཐོ་གང་གི་སྤང་བ། ལམ་དུ་བལ་འཐོགས་པའི་སྤང་བ། བལ་འཁྲུར་འཇུག་པའི་སྤང་བ། རིན་པོ་ཆེ་ལ་རེག་པའི་སྤང་བ། མངོན་མཚན་ཅན་གྱི་སྤང་བ། ཉོ་ཚོང་བྱེད་པའི་སྤང་བ། ལྷུང་བཟེད་ཞག་བཅུ་འཆང་བའི་སྤང་བ། ལྷུང་བཟེད་ལྷག་པོ་འཚོལ་བའི་སྤང་བ། ཐགས་འཐག་ཏུ་འཇུག་པའི་སྤང་བ། ཐགས་པ་བསྐྱེད་པའི་སྤང་བ། བྱིན་འཕྲོག་གི་སྤང་བ། བརྟད་པ་ལས་བྱུང་བའི་སྤང་བ། དགོན་པའི་འབྲལ་བའི་སྤང་བ། རས་ཆེན་གྱི་སྤང་བ། བསྔོས་པ་གཞན་དུ་བསྒྱུར་བའི་སྤང་བ། བསོག་འཇོག་གི་སྤང་བ་སྟེ་སུམ་ཅུའོ། །ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་ནི། རྫུན་སྨྲ་བའི་ལྟུང་བྱེད།༡ དེ་ནས་རིམ་བཞིན་སྐྱོན་བརྗོད་པའི།༢ ཕྲ་མ་བྱེད་པའི།༣ སྐྱོན་འདོགས་བྱེད་པའི།༤ བུད་མེད་ལ་ཆོས་བསྟན་པའི།༥ བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཆོས་འདོན་པའི།༦ གནས་ངན་ལེན་བྱེད་པའི།༧ མི་ཆོས་བླ་མ་དབྱེན་བྱེད་པའི།༨ སྐུར་བ་འདེབས་པའི།༩ ཁྱད་གསོད་ཀྱི།༡༠ ས་བོན་དང་སྐྱེ་འཇིག་པའི།༡༡ འཕྱ་བའི་ལྟུང་བྱེད།༡༢ བསྒོ་བ་རྣ་ལ་གཟོན་པའི།༡༣ གནས་མལ་ལས་གྱུར་པའི།༡༤ གདིང་བ་ལས་གྱུར་པའི།༡༥ སྤྲོད་པའི་ལྟུང་བྱེད།༡༦ ཕྱིས་གནོན་བྱེད་ཀྱི།༡༧ རྩ་བ་འབྱུང་བའི།༡༨ སྲོག་ཆགས་དང་བཅས་པའི།༡༩ རིམ་པ་ལྷག་པར་རྩིག་པའི།༢༠ དགེ་སློང་མ་ལ་ཆོས་སྟོན་པའི་ལྟུང་བྱེད།༢༡ ཉི་མ་ནུབ་ཀྱི་བར་ཆོས་སྟོན་པའི།༢༢ ཟས་ཅུང་ཟད་ཙམ་གྱི།༢༣ གོས་བྱིན་པའི།༢༤ གོས་བྱེད་པའི།༢༥ ལམ་དུ་འགྲོ་བའི།༢༦ དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི།༢༧ དབེན་པ་སྐྱབས་ཡོད་དུ་འཇུག་པའི།༢༨ འགྲེང་བའི།༢༩ ཟས་སྦྱོར་དུ་འཇུག་པའི།༣༠ ཡང་ཡང་བཟའ་བའི་ལྟུང་བྱེད།༣༡ ཟས་བཟའ་བའི།༣༢ ལྷག་མ་ལེན་པའི།༣༣ སྤངས་པ་བཟའ་བའི་ལྟུང་བྱེད།༣༤ སྤངས་པ་སྟོབས་པའི།༣༥ འདུས་ཤིང་བཟའ་བའི།༣༦ དུས་མ་ཡིན་པར་བཟའ་བའི།༣༧ གསོག་འཇོག་བྱེད་པའི།༣༨ བྱིན་ལེན་མ་བྱས་པར་བཟའ་བའི།༣༩ ཟས་བསོད་པ་སློང་བའི་ལྟུང་བྱེད།༤༠ སྲོག་ཆགས་དང་བཅས་པ་ཆུ་ལ་ལོངས་སྤྱོད་པའི།༤༡ ཉལ་པོ་བྱེད་པའི།༤༢ ཁྱིམ་དུ་གནས་པའི། ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་བའི།༤༣ གཅེས་བུ་ལ་ཟས་བྱིན་པའི།༤༤ དམག་ལ་ལྟ་བའི།༤༥ དམག་གི་ནང་དུ་གནས་པའི།༤༦ བཤམས་པ་དཀྲུགས་པའི།༤༧ བརྡེག་པའི།༤༨ བརྡེག་པར་གཟས་པའི།༤༩ གནས་ངན་ལེན་པའི།༥༠ ཟན་གཅོད་དུ་འཇུག་པའི།༥༡ མེ་ལ་རེག་པའི།༥༢ འདུན་པ་ཕྱིར་བསྒྱུར་བའི།༥༣ ནུབ་ལྷག་པོར་ཉལ་བའི།༥༤ སྡིག་ལྟ་མི་གཏོང་བའི།༥༥ སྤངས་པ་རྗེས་སུ་ཕྱོགས་པའི།༥༦ དགེ་ཚུལ་བསྙིལ་བ་སྡུད་པའི།༥༧ གོས་ཁ་མ་བསྒྱུར་བའི།༥༨ རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད།༥༩ ཁྲུས་བྱེད་པའི།༦༠ དུད་འགྲོ་གསོད་པའི།༦༡ འགྱོད་པ་བསྐྱེད་པའི།༦༢ གག་ཚིལ་བྱེད་པའི།༦༣ ཆུ་ལ་རྩེ་བའི།༦༤ བུད་མེད་དང་ལྷན་ཅིག་ཏུ་ཉལ་བའི།༦༥ དངངས་པར་བྱེད་པའི་ལྟུང་བྱེད།༦༦ དགེ་སློང་ལ་མཐོ་འཚམ་པའི་བསམ་པ་འཇིགས་པ་སྣ་ཚོགས་སྟོན་པའོ། །སྨད་པའི་ལྟུང་བྱེད།༦༧ སྦྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད།༦༨ སྐུར་བ་འདེབས་པའི།༦༩ བུད་མེད་དང་ལྷན་ཅིག་ཏུ་འགྲོ་བའི།༧༠ བུད་མེད་དང་ལྷན་ཅིག་ཏུ་རྒྱང་གྲགས་ལས་འདས་པར་ལམ་དུ་འགྲོ་བའོ། །རྐུན་པོ་དང་ལྷན་ཅིག་ལམ་དུ་འགྲོ་བའི།༧༡ གཞན་གྱི་དངོས་པོ་བརྐུས་པའི་གང་ཟག་དང་ལྷན་ཅིག་ཏུ་རྒྱང་གྲགས་ལས་འདས་པར་འགྲོ་བ། ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའི།༧༢ རྐོ་བའི་ལྟུང་བྱེད།༧༣ འགྲོན་དུ་གཉེར་ལས་རིང་དུ་འདུག་པའི།༧༤ བསླབ་པ་ཉེ་བར་འཇོག་པ་སྤོང་བའི།༧༥ ཉན་རྣ་བྱེད་པའི།༧༦ མི་སྨྲ་བར་འགྲོ་བའི།༧༧ མ་གུས་པའི།༧༨ ཆང་འཐུང་བའི།༧༩ ཕྱི་དྲོ་གྲོང་དུ་འཇུག་པའི།༨༠ གྲོང་དུ་རྒྱུ་བའི།༨༡ རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི།༨༢ ཁྱད་དུ་གསོད་པའི།༨༣ ཁ་བར་ལ་བྱེད་པའི།༨༤ ཁྲི་རྐང་འཆོས་པའི།༨༥ ཤིང་བལ་གྱིས་བགོས་པར་བྱེད་པའི།༨༦ གདིང་བ་ཚད་ལྷག་བྱེད་པའི།༨༧ གཡན་པ་དགབ་པ་ཚད་ལས་ལྷག་པའི།༨༨ དབྱར་གྱི་གོས་རས་ཆེན་ཚད་ལས་ལྷག་པའི།༨༩ ཆོས་གོས་ཚད་ལས་ལྷག་པར་བྱེད་པའི་ལྟུང་བྱེད།༩༠ སོར་བཤགས་སྡེ་བཞི་ནི། དགེ་སློང་མར་ཟས་ལེན་པའི་སོར་བཤགས། དགེ་སློང་མས་རང་ཉིད་འཚོ་བའི་ཆེད་དུ་བསོད་སྙོམས་སློང་བ། གྲལ་རིམ་དུ་མ་ཕེབས་པར་འགྲིམ་དུ་འཇུག་པ་ལ་བཟློག་པའི། བསླབ་པ་ཧྲལ་ཏེ་ཁྱིམ་དུ་འཇུག་པའི། ནགས་བརྟགས་པ་ལས་གྱུར་པའི་སོར་བཤགས་རྣམས་སོ། །ཉེས་བྱས་པ་བརྒྱ་དང་བཅུ་གཉིས་ཡོད་པའི་སྡེ་ཚན་བརྒྱད་ལས་ཤམ་ཐབས་ཀྱི་བདུན། ཁྱིམ་དུ་འགྲོ་བ་ལ་ཤིན་ཏུ་བསྡམས་པ་ལྔ། མགོ་གཡོགས་པ་སོགས་ལྔ། མཆོང་བ་སོགས་ལྔ། ལུས་སོགས་ལྔ། འདུག་པའི་སྡེ་ཚན་དགུ། ཟས་ཀྱི་སྡེ་ཚན་བརྒྱད། ཟས་བཟའ་བའི་སྡེ་ཚན་དྲུག་གོ། །ཙུག་ཙུག་སོགས་ནི་ལྔའོ། །ཐ་དད་སོགས་ནི་ལྔའོ། །ལག་པ་སོགས་ནི་ལྔའོ། །ལྷུང་བཟེད་ཀྱི་སྡེ་ཚན་ལ་འཕྱ་བ་སོགས་ནི་བཞིའོ། །ལྷུང་བཟེད་སོགས་ནི་དགུའོ། །ཆོས་བཤད་པའི་སྡེ་ཚན་ལ་འགྲེང་བ་སོགས་ནི་དྲུག་གོ། །མགོ་བོ་གཡོགས་པ་སོགས་ནི་ལྔའོ། །དོ་ཀེར་སོགས་ནི་ལྔའོ། །གླེང་ངན་སོགས་ནི་ལྔའོ། །མཁར་བ་སོགས་ནི་བཞིའོ། །སྒྲུབ་པའི་སྡེ་ཚན་ནི་བཞིའོ། །དེ་ལྟར་དགེ་སློང་གི་སྡོམ་པ་ནི་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་གྱི་རྣམ་གྲངས་སུ་བསྡུས་སོ། །དགེ་འདུན་ལྷག་མའི་ལྟུང་བ་འདི་ལྟུང་བ་གང་བྱུང་ཡང་མལ་སྟན་དང་ཁ་ཟས་ལ་སོགས་པ་དགེ་འདུན་རྒན་པོ་དང་བར་མ་དང་གཞོན་ནུའི་རྗེས་ལ་ལྷག་མར་བྱེད་པས་ན་དགེ་འདུན་ལྷག་མའོ། །སོར་བཤགས་ནི་རང་རང་སོ་སོར་བཤགས་པར་བྱ་བ་འོས་པ་ཡིན་པས་སོ། །མདོར་ན་དགེ་སློང་ལ་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་ཡོད་པར་ཤེས་འདོད་པ་དག་བདེན་གཉིས་ཤིང་རྟ་ལ་བལྟ་བར་བྱའོ། །རྩ་བ། དགེ་སློང་མ་ལ་སུམ་བརྒྱ་དྲུག་ཅུ་བཞི། །སོ་སོའི་རྩ་བ་བཞི་བརྒྱད་ཕམ་པ་དང་། །ཉེས་བྱས་སྦོམ་པོ་ཕྱོགས་མཐུན་ཁྱད་པར་ཡོད། །ཕམ་པས་སྡོམ་པ་རྩ་ནས་གཏོང་བ་ཡིན། །ཕྱིན་ཆད་སོར་ཆུད་རུང་དང་མི་རུང་མཚམས། །འཆབ་སེམས་སྐྱེས་དང་མ་སྐྱེས་དག་ལ་རག །ཅེས་པ་ནི་དེ་ལ་དགེ་སློང་མ་ལ་ཕམ་པ་བརྒྱད་ལྷག་མ་ཉི་ཤུ། སྤང་ལྟུང་སུམ་ཅུ་སོ་གསུམ། ལྟུང་བྱེད་བརྒྱ་དང་དགུ་བཅུ། སོར་བཤགས་བཅུ་གཅིག་ཉེས་བྱས་བརྒྱ་བཅུ་གཉིས་ཏེ་དགེ་སློང་ལས་བརྒྱ་དང་བཅུ་གཅིག་ལྷག་པ་ལས་ཕམ་པ་བརྒྱད་ནི་དགེ་སློང་དང་ཐུན་མོང་བ་བཞི་པོའི་སྟེང་། སྐྱེས་པ་ལ་རེག་པ། ལུས་བཀན་པ། འཆབ་པ་བཟློག་པ་བསྣན་པས་བརྒྱད་དོ། །དེ་ལྷག་མ་ཉི་ཤུ་སོགས་ཀྱང་འགྲེལ་ཆེན་དུ་གསལ་ལོ། །དེ་ལྟར་དགེ་སློང་ཕ་མ་སུས་ཀྱང་ཕམ་པས་སྡོམ་པའི་རྩ་བ་འཇིག་པ་དང་ཡན་ལག་མ་ཚང་ན་ཕམ་འདྲའི་ཉེས་བྱས་དང་། དེ་ཡང་གསོར་རུང་མིན་ནི་འཆབ་སེམས་སྐྱེས་མིན་གྱིས་དབྱེའོ། །རྩ་བ། བསྲུང་བྱ་མི་ཤེས་བསྲུང་བར་རློམ་པ་མཚར། །ལྟུང་བ་ཤེས་པ་ཙམ་གྱི་གསོ་སྦྱོང་སླ། །ལྟུང་བ་འབྱུང་བའི་སྒོ་བཞིའི་དང་པོའང་། །མི་ཤེས་པ་ཞེས་ཐོག་མེད་བཞེད་པ་ཡིན། །བསྒྲུབ་པའི་བསླབ་བྱ་གཞི་གསུམ་ཆོ་ག་དང་། །བཅུ་བདུན་བསླབ་བྱ་འཇུག་པའི་ཚུལ་ཁྲིམས་སོ། །ཞེས་པ་ནི་དེ་ཡང་སོ་སོར་ཐར་པའི་དང་པོ་དགེ་བསྙེན་དང་དགེ་ཚུལ་དགེ་སློང་སོགས་ཀྱི་བསྲུང་བྱ་རྣམས་ཇི་བཞིན་ཤེས་ཤིང་བླང་དོར་རྣམས་མ་འཛོལ་བ་ཞིག་དགོས་ཀྱང་མི་ཤེས་བཞིན་དུ་བསྲུང་བར་རློམ་པ་ནི་བྱིས་པ་ཆུང་ངུ་ཞིག་གིས་སྟོབས་རྩལ་ལྡན་པ་གྱད་ཀྱི་ལད་མོ་བྱེད་པ་འདྲ་མོ་ནི་མཚར་བའི་གནས་ཙམ་ལས་དོན་ཐོག་ཏུ་ཁེལ་བ་མ་ཡིན་ནོ། །དེས་ན་ལྟུང་བའི་སྐྱོན་ཤེས་པ་ཙམ་གྱིས་ཉམས་པ་གསོ་ཞིང་ཉེས་པ་སྦྱོང་བར་སླ་ཞེས་པ་དང་། དེ་ལ་ལྟུང་བ་འབྱུང་བའི་སྒོ་བཞི་ནི་ལྟུང་མིན་ཤེས་པ་དང་། བསླབ་པ་ཕུལ་ལམ་འབུལ་རྒྱུའི་བརྡའ་སྤྲད་པ་དང་། ཤི་འཕོས་དང་། མཚན་གཉིས་གཅིག་ཅར་བྱུང་ངམ་ལན་གསུམ་གྱུར་པའོ། །བསྒྲུབ་པའི་བསླབ་བྱ་གཞི་གསུམ་ཆོ་ག་ནི་གསོ་སྦྱོང་དང་། དབྱར་གནས་དང་དགག་དབྱེ་སྟེ་གསུམ་དུ་རྒྱས་འགྲེལ་ལས་ཤེས་པར་བྱའོ། །བཅུ་བདུན་བསླབ་བྱ་འཇུག་པའི་ཚུལ་ཁྲིམས་ཀྱང་ཕམ་ལྷག་བདུན་པོ་སྤང་བླང་འཛོལ་མེད་དགོས་པ་དང་། དེའི་ཡན་ལག་གི་གཙོ་བོ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། དགོན་པ་པ་ཉིད་དང་། ཕྱག་དར་ཁྲོད་པ་ཉིད་དང་། བསོད་སྙོམས་པ་ཉིད་དང་། སྟན་གཅིག་པ་ཉིད་དང་། ཙོག་པུ་པ་ཉིད་དང་། ཟས་ཕྱིས་མི་ལེན་པ་ཉིད་དང་། ཆོས་གོས་གསུམ་པ་ཉིད་དང་། ཕྱིང་བ་པ་ཉིད་དང་། གཞི་ཇི་བཞིན་པ་ཉིད་དང་། དུར་ཁྲོད་པ་ཉིད་དང་། ཤིང་དྲུང་པ་ཉིད་དང་། བླ་གབ་མེད་པ་ཉིད་དོ། །རྩ་བ། འདི་ན་ཕམ་ལྷག་བཅུ་བདུན་མ་གཏོགས་པའི། །མི་རུང་ལོངས་སྤྱོད་བྱིན་གྱིས་རློབ་པ་ནི། །དུས་མ་ཡིན་པར་ཁ་ཟས་སྤྱོད་དགོས་ན། །སྒྲ་མི་སྙན་པའི་གླིང་དུ་མོས་པ་དང་། །དེ་བཞིན་ཁྲུས་ལ་ནད་པ་གོས་ལྷག་གམ། །རུང་བ་མ་ཡིན་བགོ་བ་དཀར་པོ་དང་། །ཀོ་ལྤགས་སོགས་ལ་ཕོངས་པས་ཉམ་ཐག་པར། །སྲོག་བསྲུང་སླད་དུ་གནང་བ་ཡིན་སྙམ་དང་། །རིན་པོ་ཆེར་རེག་དཀོན་མཆོག་མཆོད་པ་དང་། །སེམས་ཅན་གསོ་བའི་སླད་དུ་གནང་བར་བསྒོམ། །གནང་མེད་བཀག་པ་མེད་པ་རྗེས་མཐུན་བརྩི། །ཞེས་པ་ནི་འདི་ན་ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་བསྡོམས་པས་བཅུ་བདུན་པོ་དེ་མ་གཏོགས་པའི། མི་རུང་བའི་བཟའ་བཏུང་གོས་སོགས་ལོངས་སྤྱོད་བྱིན་གྱིས་བརླབ་པ་ནི། དུས་མ་ཡིན་པར་ཁ་ཟས་བཏུང་བ་སོགས་ལ་སྤྱོད་དགོས་པ་བྱུང་ན་སྒྲ་མི་སྙན་པའི་གླིང་དུ་མོས་ནས་ལོངས་སྤྱོད་པ་དང་། དེ་བཞིན་དུ་ཁྲུས་བྱེད་པ་ལ་ནད་པར་མོས་པ་དང་གོས་ལྷག་གམ་གྱོན་དུ་རུང་བ་མ་ཡིན་པ་བགོ་བ་དཀར་པོའམ་ཀོ་ལྤགས་སོགས་ལ་སྤྱོད་དགོས་བྱུང་ན་ཕོངས་པས་ཉམ་ཐག་པར་སྲོག་བསྲུང་བའི་སླད་དུ་གནང་བ་ཡིན་སྙམ་དང་རིན་པོ་ཆེར་རེག་དགོས་པ་བྱུང་ན་དཀོན་མཆོག་གསུམ་མཆོད་པའི་དོན་ཡིན་པ་དང་སེམས་ཅན་གསོ་བའི་སླད་དུ་གནང་བར་བསྒོམ་ཞིང་གནང་བ་ཡང་མེད་ལ་བཀག་པ་ཡང་མེད་པ་དག་ལ་གང་ཉེ་དང་རྗེས་སུ་མཐུན་པར་རྩི་དགོས་ཞེས་པའོ། །རྩ་བ། ཐམས་ཅད་ཡོད་སྨྲ་ཕལ་ཆེན་སྡེ་པ་དང་། །གནས་བརྟན་པ་དང་མང་པོས་བཀུར་བ་སྟེ། །སྡེ་པ་བཞི་ཀའི་བསླབ་པ་ཐམས་ཅད་ལ། །སྟོན་པའི་བཅས་པས་མ་ཁྱབ་མི་སྲིད་པས། །བསླབ་པ་ཀུན་ལ་དབང་ཐོབ་བྱེད་པ་ཡིན། །ཞེས་པ་ནི་ཐམས་ཅད་ཡོད་པར་སྨྲ་བ་དང་། ཕལ་ཆེན་སྡེ་པ་དང་། གནས་བརྟན་པ་དང་མང་པོས་བཀུར་བའོ། །དེ་ལས་དང་པོ་ལ་གྱེས་པ་བདུན་ནི་གཞི་ཡོད་པ། འོད་སྲུང་བ། ཆོས་སྲུང་བ། མང་དུ་ཐོས་པར་སྨྲ་བ་པ། སྟོན་པ་གོས་དམར་ཅན། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་དང་བདུན་ནོ། །ཕལ་ཆེན་པ་ནི་བྲམ་ཟེ་འོད་སྲུང་ཆེན་པོའི་བརྒྱུད་པ་སྟེ་དེ་ལས་གྱེས་པ་ལྔ་ནི། ཤར་གྱི་རི་བོའི་སྡེ། ནུབ་ཀྱི་རི་བོའི་སྡེ། གངས་རིར་གནས་པའི་སྡེ། བཏགས་པར་སྨྲ་བའི་སྡེ། འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེའོ། །གནས་བརྟན་པ་ནི། རིགས་སྨྱིག་མ་མཁན་ཀཱ་ཏྱ་ནའི་བརྒྱུད་པ། དེ་ལས་གྱེས་པ་གསུམ་རྒྱལ་བྱེད་ཚལ་ན་གནས་པའི་སྡེ། འཇིགས་མེད་རི་ལ་གནས་པའི་སྡེ། གཙུག་ལག་ཁང་ལ་གནས་པའི་སྡེའོ། །འདྲེག་མཁན་གྱི་རིགས་ཉེ་བར་འཁོར་བའི་བརྒྱུད་པ། དེ་ལས་གྱེས་པ་གསུམ་ནི། ས་སྒྲོག་རིགས་ཀྱི་སྡེ། སྲུང་བ་པའི་སྡེ། གནས་མ་བུའི་སྡེ་སྤྱི་དྲིལ་བས་ཉན་ཐོས་སྡེ་བརྒྱད་དེ། དེ་དག་རྣམ་པ་མི་མཐུན་ཀྱང་རབ་བྱུང་སྟེ་ལྔའི་སྤྱོད་པ་དང་འབྲེལ་ཞིང་སྟོན་པའི་བཅས་པས་མ་ཁྱབ་པ་ནི་སྲིད་པ་མ་ཡིན་ནོ། །དེ་ལྟར་སྟོན་པའི་རྗེས་སུ་འབྲངས་ནས་སོ་ཐར་གྱི་བསླབ་སྡོམ་ཇི་བཞིན་བླངས་པ་ཚུལ་བཞིན་མ་བསྲུངས་ན་རྩ་ལྟུང་ལྟ་བུའི་ངོས་ནས་འཆབ་མེད་ལ་བསླབ་པ་སྦྱིན་ནས་ཕྱིར་བཅོས་སུ་ཡོད་ཀྱང་། སོ་ཐར་གྱི་རང་འབྲས་མཐར་ཐུག་དགྲ་བཅོམ་པའི་གོ་འཕང་མ་ཐོབ་བར་དུ་ཕམ་པའི་དངོས་གཞི་ལྷག་མེད་དུ་ཟད་མི་ནུས་པས་རྣམ་གྲོལ་ཐོབ་པ་ལ་ཡུན་རིང་འགྱང་བ་ཉིད་དེ། འདུལ་བ་ལུང་ལས། དམ་ཆོས་ཐོས་པར་མི་འགྱུར་ལ། །ཐོས་པ་མྱུར་དུ་བརྗེད་པར་འགྱུར། །ས་ལམ་རྟོགས་པ་ཡོངས་མི་སྐྱེ། །ཞེས་དང་། བསྲུང་བའི་ཕན་ཡོན་ནི་ཚེ་འདིར་ནད་དང་རྒྱལ་པོའི་ཆད་པ་དང་། ཕོངས་པ་ལས་ཐར་བ་སོགས་ཕན་ཡོན་མང་ཞིང་། ཕན་ཡོན་དེ་དག་དོན་གཉེར་གྱི་ཆེད་དུ་བསླབ་པ་བླང་ན་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་དང་ཕྱི་མ་ལྷ་མིའི་བདེ་འབྲས་ཙམ་དོན་དུ་གཉེར་ནས་བསླབ་པ་བླང་ན་ལེགས་སྨོན་ཏེ། དེ་གཉིས་པོས་འཁོར་བ་ལས་ཐར་བ་མ་ཡིན་ཀྱང་གནས་སྐབས་ཀྱི་བདེ་འབྲས་ཙམ་ཐོབ་པའོ། །འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་བཞིན་ངེས་འབྱུང་གི་བསམ་པས་བསླབ་སྡོམ་བླང་བ་ཉན་ཐོས་རང་སའི་གྲུབ་མཐའ་ཡིན་ལ། ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་ན་རེ་རེ་ཐར་པ་རིགས་བརྒྱད་གང་ཡིན་ཀྱང་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་འགྱུར་བའོ། །དེ་ཡང་ད་ལྟ་བསྟན་པ་མར་འགྲིབ་ལ་ཉེ་བའི་དུས་འདིར་བསྟན་པ་ལ་ཞུགས་པར་རློམས་པ་དག་ཀྱང་མ་དུལ་ཞིང་མ་བསྡམས་པ། ངེས་འབྱུང་དང་རིང་བ། ཁྱིམ་པའི་རྗེས་སུ་ཞུགས་པ་ལ་དགའ་བའི་དུས་འདིར་ཉིན་ཞག་གཅིག་གི་བར་དུ་བསླབ་པ་སྣ་ཚོགས་བསྲུང་བའི་ཕན་ཡོན་ཀྱང་བསྐལ་པ་ཡར་དར་ལ་བསླབ་པ་ཡོངས་སུ་རྫོགས་པ་བསྲུངས་པ་དང་མཉམ་ཞེས་གསུངས་པས་ན་དེང་དུས་བསྙེན་གནས་དང་བསྙུང་གནས་སོགས་ཀྱང་ཁྱད་གསོད་མི་བྱེད་ཅིང་ཉམས་ལེན་བྱེད་པ་གལ་ཤིན་ཏུ་ཆེའོ། །རྩ་བ། མྱ་ངན་འདའ་བར་བསྔོ་བས་ལྷག་པའི་ཁྲིམས། །གཞན་ལ་ཕན་པ་བསྒྲུབ་པས་བྱང་སྡོམ་ལ། །དབང་བསྐུར་རྣལ་མ་ཐོབ་ན་སྔགས་སྡོམ་སྟེ། །གསུམ་རྫོགས་བསླབ་བྱ་ཡོན་ཏན་མཐའ་དག་མང་། །ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ། །གང་ཟག་གཅིག་གི་རྒྱུད་ལ་གནས་པ་ཡིན། །ནང་འགལ་བྱུང་ན་གོང་མ་གཙོར་བཏོན་པ། །སྔོན་བྱོན་མཁས་གྲུབ་རྣམས་ཀྱི་ལུགས་ལ་གྲགས། །འོག་མའི་རྣམ་པ་འགལ་བ་ལྟར་སྣང་ཡང་། །གནོད་པ་སྤོང་དང་ཕན་འདོགས་དགོས་པ་མཐུན། །གང་ཞིག་འགལ་ན་གནང་བར་མི་སྲིད་ལ། །གནང་ན་འགལ་བར་མི་སྲིད་དེ་ཆོས་ཅན། །ཞེས་པ་ནི་དེ་ལ་སེམས་རྒྱུད་ཉོན་མོངས་དང་མི་དགེ་བའི་ཕྱོགས་ལས་སྤོང་སེམས་ཀྱིས་སྡོམ་ཞིང་ཉན་ཐོས་ཀྱི་བྱང་ཆུབ་ལ་དམིགས་པ་ནི་སོ་ཐར་དང་། དགེ་བའི་ཆོས་མཐའ་དག་རྒྱུན་ཆགས་པར་སྡུད་ཅིང་གཞན་ཕན་བསྒྲུབ་པ་ནི་བྱང་སྡོམ། དེའི་སྟེང་དུ་སྔགས་ཀྱི་དབང་སྐུར་རྣལ་མ་ཐོབ་ན་སྔགས་སྡོམ་སྟེ། དེ་ཡང་མྱ་ངན་ལས་འདའ་བར་བསྔོས་པས་ལྷག་པའི་ཚུལ་ཁྲིམས་དང་། གཞན་ལ་ཕན་པ་བསྒྲུབ་པས་བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་ཀ་རྫོགས་པ་དག་ལ་བསླབ་བྱ་དང་ཡོན་ཏན་མཐའ་དག་མང་ཞིང་། དེ་དག་ངོ་བོ་གཅིག་ནའང་ལྡོག་པ་ཐ་དད་དུ་ཡོད་ཅིང་གང་ཟག་གཅིག་གི་རྒྱུད་ལ་གནས་པ་སོ་སོར་གནས་པ་ཡིན་ཞིང་ནང་འགལ་བྱུང་ན་གོང་མའི་གོང་མ་གཙོར་བོར་བཏོན་ཞེས་པ་སྔོན་བྱོན་གྱི་མཁས་གྲུབ་རྣམས་ཀྱི་ལུགས་ལ་གྲགས་པ་ཡིན་ཞིང་། འོག་མ་སོ་ཐར་དང་འགལ་བ་ལྟར་སྣང་ཡང་གོང་མ་དང་མཐུན་ཏེ་གནོད་པ་སྤང་བ་དང་ཕན་འདོགས་པ་དགོས་པ་མཐུན་ཞིང་གང་ཞིག་གསུམ་ཀ་དང་འགལ་ན་གནང་བ་གཏན་ནས་མི་སྲིད་ལ་གནང་ཕྱིན་འགལ་བར་མི་སྲིད་པ་དེ་ཆོས་ཅན་ཞེས་པའོ། །རྩ་བ། འདི་ལྟར་ཉན་ཐོས་པ་ལ་ལྟུང་བ་དང་། །བྱང་ཆུབ་སེམས་དཔར་ཕྱོགས་མཐུན་ཉེས་བྱས་སུ། །འགྱུར་བའི་མྱོས་བྱེད་སྔགས་ཀྱི་དམ་རྫས་སུ། །སྤྱོད་པའི་སྐྱེས་བུའི་རྟོག་ཚོགས་ལྷར་ཤར་བས། །གཞི་དང་བསམ་པ་གཉིས་ཀ་གཞན་དུ་འགྱུར། །དགེ་སློང་མ་ཡིན་བྱང་ཆུབ་སེམས་དཔའ་མིན། །ཐབས་བྲལ་ཆགས་སྲེད་ཉོན་མོངས་མཐུས་ནོན་མིན། །སྣང་བ་མཐའ་དག་ལྷ་དང་དཀྱིལ་འཁོར་དང་། །སྤྱད་བྱའི་དམ་རྫས་བདུད་རྩིའི་རང་བཞིན་དུ། །འདུ་ཤེས་གནས་འགྱུར་གང་ལ་གནང་བ་ཡིན། །སོ་སོ་ཐར་དང་བྱང་ཆུབ་སེམས་དཔའ་ཡི། །དགེ་སློང་དང་ནི་དགེ་འདུན་ལ་བྱིན་ལས། །ཡི་དམ་ལ་ཕུལ་ཚོགས་ཀྱང་ཡར་ལྡན་འགྱུར། །བསླབ་པའི་ཆ་ཤས་གཞན་ལའང་དེ་ཡིས་འགྲེ། །ཞེས་པ་ནི་འདི་ལྟར་ཆང་གི་བཏུང་བ་ནི་ཉན་ཐོས་པ་ལ་ལྟུང་བ་དང་བྱང་ཆུབ་སེམས་དཔའ་ལའང་ཕྱོགས་མཐུན་དུ་ཉེས་བྱས་སུ་འགྱུར་བའི་མྱོས་བྱེད་ཀྱང་སྔགས་ཀྱི་སྐབས་སུ་དམ་ཚིག་གི་རྫས་སུ་གསུངས་པ་བཞིན། དེ་ལྟར་ཚུལ་བཞིན་སྤྱོད་པའི་སྐྱེས་བུ་རིམ་གཉིས་ལ་གོམས་པ་དག་གི་རྟོག་ཚོགས་ལྷར་ཤར་བས་ན་གཞི་དང་བསམ་པ་གཉིས་ཀ་ཐ་མལ་ལས་གནས་འགྱུར་ཕྱིར། སོ་སོ་ཐར་པའི་དགེ་ཚུལ་སློང་དང་བྱང་སེམས་འདུལ་འཛིན་པ་གཉིས་ཀ་མ་ཡིན་ཞིང་། དེ་བཞིན་དུ་ཐབས་དང་བྲལ་བཞིན་ཆགས་སྲེད་དང་ཉོན་མོངས་ཁོ་ནས་མཐུས་ནོན་པ་ཡང་མིན་ཞིང་། སྣང་བ་མཐའ་དག་ལྷ་དང་དཀྱིལ་འཁོར་དུ་གསལ་ཞིང་སྤྱད་བྱའི་མྱོས་བྱེད་རྫས་ཀྱང་བདུད་རྩིའི་རང་བཞིན་ལས་ཐ་མལ་གྱི་འཛིན་རྟོག་འདུ་ཤེས་གནས་འགྱུར་བ་གང་ལའང་གནང་བ་ཡིན་ཞིང་། དེའི་དོན་ཡང་སོ་སོ་ཐར་པ་དང་བྱང་ཆུབ་སེམས་དཔའི་དགེ་སློང་དང་ནི་དགེ་འདུན་བསམ་སྤྱོད་ཐ་མལ་ལས་མ་འགྱུར་བའི་ཚོགས་ལ་བྱིན་པ་ལས་ཡི་དམ་གྱི་ལྷ་ལ་ཕུལ་བས་ཚོགས་ཀྱང་ཡར་ལྡན་དུ་འགྱུར་ཞིང་བསླབ་པའི་ཆ་ཤས་གཞན་རྣམས་ལའང་དེའི་འགྲེས་ཀྱིས་ཤེས་པར་བྱའོ། །ཞེས་པའོ། །རྩ་བ། འོན་ཀྱང་རང་ལྡོག་མ་འདྲེས་དགག་དགོས་ཚང་། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། །གནད་ཀྱིས་མི་འགལ་དུས་སྐབས་གཙོར་སྤྱོད་དོ། །ཞེས་པ་ནི་དེ་ལ་རང་ལྡོག་མ་འདྲེས་པ་ནི། སྡོམ་པ་གསུམ་པོ་བླང་བའི་ཡུལ་ལེན་པའི་བསམ་པ། ལེན་བྱེད་ཀྱི་ཆོ་ག་རྣམས་རང་རང་གི་ལྡོག་པ་མ་འདྲེས་པའི་སྒོ་ནས་དུས་ཐ་དད་དུ་ངེས་པ་ཁོ་ན་ཡིན་ཕྱིར་རང་རང་གི་ལྡོག་པ་གཞི་མཐུན་པ་མ་ཡིན་ཞིང་མཚན་ཉིད་སོ་སོར་འཛིན་པས་རང་ལྡོག་མ་འདྲེས་པའོ། །དགག་དགོས་ཡོངས་རྫོགས་ནི། དགག་བྱ་ནི་ཉོན་མོངས་པ་དང་དགོས་པ་ནི་དེས་མི་འཆིང་བར་རང་ལམ་སོ་སོར་གཅིག་པའི་ཚུལ་སོ་ཐར་དུ་སྤོང་། བྱང་སེམས་སུ་བསྒྱུར། སྔགས་སུ་ལམ་དུ་བྱེད་པའོ། །དེ་ཡང་ཉན་ཐོས་ཀྱི་ནི་ཕྱི་གཟུང་བའི་ཡུལ་རགས་པ་དང་། ནང་འཛིན་བྱེད་ཀྱི་ཤེས་པ་རྒྱུན་དང་བཅས་པ་རང་བཞིན་མེད་པར་རྟོགས་པས་འཁོར་བ་ལས་ངེས་པར་འབྱུང་ཡང་། གཟུང་ཡུལ་རྡུལ་ཕྲ་རབ་དང་འཛིན་སེམས་ཀྱི་ཤེས་པ་སྐད་ཅིག་མ་དོན་དམ་དུ་འདོད་པས་ཉོན་མོངས་པ་དགྲ་བཞིན་སྤོང་བ་དང་། བྱང་ཆུབ་སེམས་དཔའ་ནི་ནང་འཛིན་པའི་ཤེས་པ་རྐྱེན་གྱིས་འཁྲུལ་པའི་སྣང་བ་ཙམ་ལས་དོན་ལ་བདེན་གྲུབ་མ་ཡིན་ཀྱང་། ཕྱི་ཡུལ་དུ་འདོགས་པ་ནི་ཀུན་བརྟགས་དང་། གཞན་དབང་ཡིན་པས། ཡོངས་གྲུབ་རྟོགས་པའི་ཤེས་རབ་ཀྱིས་ཡུལ་ཤེས་གཉིས་སྐྱེ་མེད་དུ་ཤེས་ནས་ཉོན་མོངས་པ་དང་། རྣམ་རྟོག་ཆོས་ཉིད་དུ་སྦྱོང་བསྒྱུར་བྱེད་པའོ། །རྡོ་རྗེའི་ཐེག་པ་ནི་ཉོན་མོངས་རྣམ་རྟོག་ལྷ་དང་ཡེ་ཤེས་སུ་བསྒྱུར་བ་ལ་མི་རྨོངས་པ་དང་། ཁྱད་པར་ཆོས་ཉིད་ཀྱི་དོན་རྣལ་མ་མཐོང་བས་སྤང་བླང་ལས་འདས་པའི་དོན་རྟོགས་པའོ། །མདོར་ན་ཉན་ཐོས་པ་བདེན་གཉིས་རྫས་ཡོད་དུ་བལྟ་བས་སོ་ཐར་གྱིས་སྤོང་བ་དང་། བྱང་སེམས་ཀྱི་ཀུན་རྫོབ་རྫས་ཡོད་དུ་བལྟ་བ་སྟོང་ཉིད་སྙིང་རྗེས་སྦྱང་བ་དང་། སྔགས་ཀྱི་ཡེ་ཤེས་ལྔའི་རང་བཞིན་དུ་དག་ཅིང་གྲོལ་བས་དེ་གསུམ་ཀས་རྒྱུད་གཅིག་དེའི་མི་དགེ་སྡོམ་པར་གཅིག་གོ། །དེ་ཡང་ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱ། རྣལ་འབྱོར་པས་གྲུབ་པའི་བྱ་བ་མི་བྱ། གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་པའང་གལ་ཤིན་ཏུ་ཆེའོ། །རྩ་བ། གྲུབ་པའི་མཐའ་ལ་དཔྱད་པ་ཞུགས་པ་རྣམས། །གནས་འགྱུར་ངོ་བོ་གཅིག་ཏུ་འདོད་པ་དང་། །གཅིག་ལ་གཞི་མི་མཐུན་དུ་འདོད་པ་དང་། །གསུམ་ཀ་རྫས་འགལ་གོང་འཕེལ་འདོད་པ་དང་། །གཏོང་ཐོབ་མཚམས་ནས་རྣམ་པར་དབྱེ་བ་དང་། །དོང་རྩེ་བརྩེགས་བཞིན་མ་འདྲེས་འདོད་པ་དང་། །ཉི་ཟླ་སྐར་གསུམ་རིམ་ཅན་ཚོགས་པ་ལྟར། །རང་འོད་མ་ཉམས་ནུས་པའི་ཁྱད་ཞུགས་འདོད། །ཅེས་པ་ནི་དེ་ལ་གྲུབ་པའི་མཐའ་སོ་སོ་རང་རང་གི་དཔྱད་པ་ཞུགས་པ་རྣམས་ཀྱིས་སྡོམ་པ་འོག་མ་གོང་མར་གནས་འགྱུར་དང་དེ་ཡང་ངོ་བོ་གཅིག་ཏུ་འདོད་པ་ཡོངས་གྲུབ་ཆེན་པོའི་རྟོགས་པས་རྒྱུད་གྲོལ་བ་ལྟར་དང་། གཅིག་ལ་གཞི་མི་མཐུན་པའང་ཤེས་རབ་ཀྱི་དོན་གཅིག་ཏུ་ཡོད་ཀྱང་འདུ་ཤེས་ཀྱི་ཆ་ནས་གཞི་མི་མཐུན་པར་གྲུབ་པའོ། །གསུམ་ཀ་རྫས་འགལ་གོང་འཕེལ་ནི། སྡོམ་གསུམ་རྫོགས་པའི་གང་ཟག་དེ་དངོས་ཀྱི་བློའི་རིམ་པ་ལས་རང་རང་སོ་སོ་ན་ཡོད་དོ་སྙམ་བྱེད་ཀྱི་ཤེས་ངོར་རྫས་འགལ་བས་གོང་མའི་ཐབས་ཤེས་ཀྱིས་འོག་མའི་སྡོམ་པ་དང་འགལ་བའི་ཆོས་ཅན་ཟིན་གྱིས་མི་ནོན་པར་གསུངས་པ་དང་། གཏོང་ཐོབ་མཚམས་ནས་རྣམ་པར་དབྱེ་བ་ནི། བློ་ཆུང་དག་གྲོལ་དུ་འཛིན་པའི་གང་ཟག་དྲང་སྲོང་ཉི་མའི་ཤིང་རྟ་ཅན་ལྟ་བུ་དོན་ཟབ་མོ་རིང་དུ་གྱུར་པ་རྣམས་རྗེས་སུ་བཟུང་ཕྱིར། ཐོག་མར་དེ་སྐད་བརྗོད་པས་གདོད་སྔགས་ལ་འཇུག་པའི་རྒྱུར་གསུངས་པ་ལྟ་བུ་སྟེ། དགོས་དབང་རབ་ཏུ་བྱུང་བ་སྤྱོད་པ་ལྷོད་པ་དག་ལ་དགོངས་ནས་གསང་བ་དང་ཤེར་ཡེའི་དབང་བསྐུར་ཚངས་སྤྱོད་ལ་བཀག་པ་ལྟ་བུའོ། །ཞེས་པ་ལྟར་གནས་དུས་ཀྱི་དགག་བྱ་དམིགས་བསལ་ལ་ངེས་པ་ཀུན་ནས་ཀུན་ཏུ་དེ་ལྟར་འདོད་ནས་སྡོམ་པ་གོང་མ་ཐོབ་ཕྱིན་འོག་མ་གཏོང་བའི་ཤེས་བྱེད་དགོད་ན་ནི་སྔགས་ཀྱི་དགེ་སློང་རྡོར་འཛིན་མི་འབྱུང་ཞིང་དབང་བཞི་མ་ཚང་ན་སངས་རྒྱས་མི་ཐོབ་པ་དང་འགལ་ལོ། །དོང་རྩེ་བརྩེགས་ལྟར་གསུམ་ཀ་རྫས་མ་འདྲེས་པར་འདོད་པ་དང་། བཅས་ཁྲིམས་མི་སྲིད་དུ་སེམས་པ་དང་། འདུ་བྱེད་པ་དང་། སྨོན་པ་ལ་ལྟོས་པའི་བར་དུ་དང་པོ་རྒྱུ་ཚོགས་གཅིག་ལས་སྐྱེས་པ་བར་དུ་འགལ་བ་ལྟག་མི་སྤྲོད་པ། ཐ་མར་སྒྲུབ་སྡེ་གཅིག་པ་སྡེ་ཆོས་གསུམ་ཚང་བས་རྫས་ལྡོག་དང་དུས་གསུམ་དུ་གཅིག་པ་མེད་པས་འཐད་དུ་རུང་ངོ་། །ཉི་ཟླ་སྐར་གསུམ་འཚོགས་པའི་དཔེས་ནུས་སྟོབས་ཆེ་ཆུང་གི་འོག་མ་བག་ལ་ཞ་བར་འདོད་པའི་དོན་ཡང་སློབ་དཔོན་ཆེན་པོ་བི་མ་ལས། སེམས་ཀྱིས་ལས་དེ་བྱ་བའི་སེམས་དེ་ལ་ངོ་བོ་ཉིད་མེད་པར་རྟོགས་པའི་ཕྱིར་རམ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒོམས་ན་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་རིགས་པར་བྱའོ། །རྩ་བ། དེ་སོགས་རྣམ་པའི་ཁས་བླངས་མཐའ་དག་ཀྱང་། །ཆོ་གའི་དུས་ལྟར་རང་ལྡོག་མ་འདྲེས་དང་། །བསྲུང་མཚམས་དུས་ན་དགག་དགོས་ཚང་བ་དང་། །གནས་འགྱུར་ངོ་བོ་ཡེ་ཤེས་མཐུས་བྱེད་པའི། །སྤྱིར་བཏང་དམིགས་བསལ་ཕྱེད་པ་ཁྱད་པར་ཡིན། །ཞེས་པ་ནི་དེ་སོགས་ཞེས་རྣམ་པའི་ཁས་བླངས་མཐའ་དག་ཡོད་ཀྱང་སྡོམ་གསུམ་སོ་སོའི་ཆོ་གའི་དུས་ལྟར་རང་ལྡོག་སྟེ་རང་རང་གི་ལུགས་མ་འདྲེས་པ་དང་དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ་གྱི་བསྲུང་མཚམས་སོ་སོའི་དུས་ན་དགག་བྱའི་ཉོན་མོངས་དང་དགོས་བྱའི་སྡོམ་པ་རྩ་ལག་ཐམས་ཅད་ཚང་བ་དང་། དེ་ཡང་སྡོམ་པ་གནས་འགྱུར་མིན་གང་ཟག་ལ་རག་ལས་ཤིང་དེའི་ངོ་བོ་ཡེ་ཤེས་ཀྱི་མཐུས་བྱེད་པའི་ཕྱིར། སྤྱིར་བཏང་དང་དམིགས་བསལ་གཉིས་ཀྱི་བྱེ་བྲག་ཕྱེད་པ་ཁྱད་པར་ཡིན་ཞེས་པའོ། །དེ་ལ་སྡོམ་པ་གསུམ་ནི་བཅས་པའི་ལྟུང་བ་ཡིན་ལ་སྡོམ་པ་མེད་ན་བསོད་ནམས་དང་ལྟུང་བ་གཉིས་ཀ་མེད་ཅིང་སྡོམ་པས་མ་བསྡམས་པ་ལ་བར་མ་དགེ་བ་སྟེ་འཁོར་བ་ལས་མི་འདའོ། །རྩ་བ། གླེང་གཞི་གནས་འགྱུར་འདོད་ལ་ཕྱིར་བཅོས་མེད། །སོ་ཐར་ངོས་ནས་བྱུང་བའི་ལྟུང་བ་གཅིག །རང་ངོས་འཆོས་ན་གནས་འགྱུར་ཟིན་པས་འགལ། །གོང་མའི་ངོས་ནས་འཆོས་ན་དེ་ཉིད་ལ། །ལྟུང་བ་མ་བྱུང་ཕྱིར་བཅོས་མི་དགོས་བསྙོན། །ཞེས་པ་ནི་གླེང་གཞི་གནས་འགྱུར་འདོད་པའི་ལུགས་ལྟར་ན་དེ་ལ་ཕྱིར་བཅོས་ཀྱི་དགོས་པ་མེད་པའི་དོན་ཡང་། སོ་ཐར་ངོས་ནས་བྱུང་བའི་ལྟུང་བ་གང་རུང་གཅིག་བྱུང་ན་དེ་ཉིད་སོ་ཐར་རང་ངོ་ནས་འཆོས་དགོས་ཟེར་ན་འོག་མའི་སྡོམ་པ་དེ་ཉིད་གོང་མར་གནས་འགྱུར་ཟིན་པས་ཕྱིར་བཅོས་བྱེད་པ་འགལ་ཞིང་གོང་མའི་ངོས་ནས་འཆོས་ན་སོ་ཐར་གྱི་སྡོམ་པ་ཉམས་ཀྱང་གོང་མ་ལ་ལྟུང་བ་མ་བྱུང་བས་ཕྱིར་བཅོས་མི་དགོས་བསྙོན་ཞེས་པའོ། །འདི་ལྟར་ལས་བྱེད་པ་པོ་ནི་སེམས། དེ་ཉིད་དགེ་བ་དང་མི་དགེ་བ་ནི་ལས། ལས་བཟང་ངན་ལས་བདེ་སྡུག་འབྱུང་བས་དེ་དག་བླང་དོར་བྱེད་པའི་ཐབས་ནི་སྡོམ་པ་ཡིན་ན་ལམ་ཞུགས་ཀྱི་གང་ཟག་གསུམ་ལྡན་དགེ་སློང་རྡོར་འཛིན་དུ་ཁས་འཆེ་བ་ཙམ་སྤྱིའི་རྣམས་ཀྱི་ངོས་ནས་སྡོམ་གསུམ་མཚན་ཉིད་སོ་སོར་འཛིན་ཅིང་རང་ལྡོག་མ་འདྲེས་པར་ཡོད་པས་གླེང་གཞི་ཐམས་ཅད་ནས་ཐམས་ཅད་དུ་གང་ཟག་སྡོམ་གསུམ་ནོད་ཚད་ཀྱི་རྒྱུད་ལ་གནས་འགྱུར་མཉམ་བརྡལ་དུ་མེད་དེ། ཟངས་རྡོ་ལ་ཟངས། རག་རྡོ་དང་ཞ་ནེ་ལ་སོ་སོར་བྱུང་བཞིན་འོག་མ་གོང་མར་གནས་འགྱུར་ཏེ་སྔགས་གཅིག་པུ་བསྲུངས་པས་ཆོག་ཟེར་བ་ཡང་མི་འཐད་དེ། འོག་མ་ཁྱད་དུ་གསོད་པ་ལྟུང་བ་དང་སྡོམ་པ་ཐམས་ཅད་བསྲུང་བར་བཤད་པས་གནོད་དོ། །རྩ་བ། ལུས་ངག་ལས་སྐྱེས་སྡོམ་པ་གཟུགས་ཅན་ནམ། །སྤོང་སེམས་རྒྱུན་ཆགས་ས་བོན་བདེན་ཞེན་ལྡན། །བསྒྱུར་དང་ལམ་འཁྱེར་ཐབས་ཀྱིས་མ་ཟིན་པར། །ཐེག་ཆེན་ལམ་ཞུགས་དབང་བསྐུར་ནོད་ནའང་། །གནས་འགྱུར་ཐོབ་པའི་རྡོ་རྗེ་འཛིན་པ་མིན། །ཞེས་པ་ནི་སོ་སོར་ཐར་པ་པའི་སྡོམ་པ་ལུས་དང་ངག་ལས་སྐྱེས་པ་ཡིན་ཕྱིར་གཟུགས་ཅན་ནམ་ཆགས་སྡང་སོགས་ཉེས་བྱས་སྤོང་སེམས་རྒྱུན་ཆགས་ཀྱི་དཔེ་ས་བོན་ས་ལ་བཏབ་པ་བཞིན་བདེན་པར་ཞེན་པའི་སྐྱོན་དང་ལྡན་པ་དག་བྱང་སེམས་ལྟར་སྣང་བ་རྨི་ལམ་དང་སྒྱུ་མར་བསྒྱུར་བ་དང་ཉོན་མོངས་ལམ་ཁྱེར་སྔགས་གཞུང་ལྟར་ཐབས་ཀྱིས་མ་ཟིན་བར་དུ། ཐེག་ཆེན་ལམ་དུ་ཞུགས་ནས་དབང་བཞི་བསྐུར་བ་ནོད་པར་གྱུར་ནའང་། འོག་མ་གོང་མར་གནས་འགྱུར་སྒྲ་ཇི་བཞིན་ཐོབ་པའི་རྡོ་རྗེ་འཛིན་པ་མིན་ནོ། །རྩ་བ། སྡོམ་པ་དག་པར་བྱེད་པ་འདུ་ཤེས་ཏེ། །འདུ་ཤེས་དག་བྱེད་ལྷ་ཡི་རྣལ་འབྱོར་ཡིན། །དེ་ཉིད་དག་བྱེད་ཡེ་ཤེས་ལ་གོམས་ན། །བཅས་པའི་ལྟུང་བ་ཆོས་ཅན་སྐྱེས་འཇིག་ཅན། །རང་མཚན་མི་འཛིན་ཐོབ་དང་ཤོར་བ་མེད། །ཐོག་མཐའ་བར་དུ་འགལ་བར་མི་གནས་པའི། །ངོ་བོ་ཀུན་རྫོབ་ཡིན་པས་གནས་འགྱུར་གྲུབ། །ཅེས་པ་ནི་རང་ཉིད་ཀྱི་འདུ་ཤེས་མ་དག་པ་དག་པར་བྱེད་པ་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ཡིན་པར་བསྟན་ནས་དེ་ཉིད་ཀྱང་དག་བྱེད་ཀྱི་ཡེ་ཤེས་ལ་གོམས་པར་གྱུར་ན། བཅས་པའི་ལྟུང་བ་ནི་ལུས་ངག་ག ི་ལས་ཆོས་ཅན་སྐྱེ་འཇིག་ཅན་ཡིན་པས་རང་མཚན་ཏེ་དངོས་པོ་དང་མཚན་མར་མི་འཛིན་པའི་ཕྱིར་བསྲུངས་པས་ཐོབ་རྒྱུ་དང་མ་བསྲུང་བས་ཤོར་བ་གང་ཡང་མེད་ཅིང་། ཐོག་མ་དང་ཐ་མ་བར་པ་ཞེས་དུས་གསུམ་གྱི་གནས་གང་དུའང་འགལ་བ་མི་གནས་པའི་ཕྱིར་ངོ་བོ་ཀུན་རྫོབ་ཅེས་བདེན་པ་མ་ཡིན་པས་གནས་འགྱུར་གྲུབ་ཅེས་པའོ། །རྩ་བ། གཞི་དང་བསམ་པ་གཉིས་ཀ་མངོན་གྱུར་ལྡན། །མོས་པས་སྤྱོད་པའི་སྡོམ་པ་གསུམ་ལྡན་ལ། །གནས་ན་བྱེ་བྲག་བསྲུངས་ན་འཆོལ་བར་བསྲུང་། །ལྡན་ན་ཡར་ལྡན་འཆོས་ན་རང་ས་ནས། །ཉམས་པ་ཁོལ་བུར་ཕྱུང་བའི་ཕྱིར་བཅོས་གྲུབ། །ཅི་ཕྱིར་ཉེས་པ་བསྐྱེད་ན་གང་ཡང་འགོག །དགེ་དང་ཡོན་ཏན་བསྐྱེད་ན་གནང་བའི་ཕྱིར། །གནང་བཀག་ཚིག་གི་ལམ་ན་གནས་པ་མིན། །གང་ཟག་རྒྱུད་དང་འབྲེལ་ནས་གྲུབ་པའོ། །ཞེས་པ་ནི་དེ་ལ་དགེ་བསྙེན་དང་དགེ་ཚུལ་དགེ་སློང་བྱང་སེམས་རྣམས་སོ་སོར་ཡིན་པར་ཤེས་པ་དང་བསམ་པ་ཡང་དེ་དག་རང་རང་གི་བླང་དོར་ལ་བསླབས་པ་གཉིས་ཀ་ནི་ལྐོག་ཏུ་མ་གྱུར་ཅིང་མངོན་དུ་གྱུར་པར་ལྡན་ཅིང་། དེ་དག་ལ་མོས་པས་སྤྱོད་པ་ཙམ་གྱི་སྡོམ་པ་གསུམ་དང་ལྡན་པ་རྣམས་ལ་སོ་ཐར་བྱང་སེམས་སྔགས་གསུམ་གནས་ན་བྱེ་བྲག་སོ་སོ་དང་བསྲུངས་ན་འཆོལ་བ་སྟེ་བསྲུང་གང་དཀའ་བ་དེ་ལྷག་པར་བསྲུངས་ལ་གཞན་གཉིས་ཀྱང་བྱི་དོར་བྱེད་བཞིན་བསྲུང་བའོ། །གསུམ་པོ་མ་ཉམས་པར་ལྡན་ན་ཡར་ལྡན་དེ་རིམ་བཞིན་ཇེ་བཟང་ལྟ་བུ་དང་ཉམས་པ་འཆོས་ན་གསུམ་པོ་གང་གི་ངོས་ནས་ཉེས་པ་བྱུང་བ་ཁོལ་བུར་ཕྱུང་ནས་སོ་སོའི་གཞུང་བཞིན་ཕྱིར་བཅོས་བྱས་པས་ཆོག་པར་གྲུབ་ཅིང་། ཅི་ཕྱིར་ཞེ་ན། ཉེས་པ་འཕེལ་ཞིང་བསྐྱེད་ན་དེའི་རྒྱུ་རྐྱེན་གང་ཡང་འགོག་ཅིང་དགེ་བ་གོང་འཕེལ་དང་ཡོན་ཏན་བསྐྱེད་ན་བཀག་པ་ལྟར་ཡང་གནང་བའི་ཕྱིར། མདོར་ན་གནང་བཀག་ཚིག་གི་ལམ་ཁོ་ན་ལ་གནས་པ་མ་ཡིན་ཞིང་གང་ཟག་གི་དབང་པོའི་མཆོག་དམན་གྱི་རྒྱུ་དང་འབྲེལ་ནས་གྲུབ་པའོ། །དེ་ཡང་ཚོགས་ལམ་དུ་ཉེས་སྤྱོད་སྡོམ་པ། སྦྱོར་ལམ་དུ་དགེ་བ་ཆོས་སྡུད། མཐོང་ལམ་དུ་སེམས་ཅན་དོན་བྱེད་གཙོ་བོར་བྱེད་དགོས་པའོ། །རྩ་བ། ཕ་རོལ་ཕྱིན་པ་དྲུག་དང་ཚོགས་གཉིས་ཀྱི། །ཡོནཏན་མ་སྐྱེས་སྐྱེད་པར་བྱེད་པ་དང་། །སྐྱེས་པ་སྤེལ་ལ་དགེ་བ་ཆོས་སྡུད་ཀྱི། །ཚུལ་ཁྲིམས་ཞེས་བྱ་སེམས་ཀྱི་བསླབ་པས་བསྡུས། །བྱམས་དང་སྙིང་རྗེས་ཟིན་པའི་དགེ་བ་ནི། །གང་དུ་སེམས་ཅན་དོན་བྱེད་སྦྱིན་པ་ཡིན། །དེ་ལ་རང་འདོད་མེད་པ་ཚུལ་ཁྲིམས་ལ། །གཞན་དོན་སྐྱོ་ངལ་མེད་པ་བཟོད་པའོ། །ལྷག་པར་སྤྲོ་བཞིན་འཇུག་པ་བརྩོན་འགྲུས་ཏེ། །སེམས་ཅན་དོན་ལ་རྩེ་གཅིག་བསམ་གཏན་དང་། །དངོས་མཚན་ཞེན་པ་སྤངས་པ་ཤེས་རབ་སྟེ། །ཕ་རོལ་ཕྱིན་དྲུག་ནམ་ཡང་འདུ་འབྲལ་མེད། །སྤྱོད་ལམ་རྣམ་བཞི་ཀུན་ལ་དྲན་ཤེས་ལྡན། །སྤྱོད་ཡུལ་ཡོངས་སུ་དག་པའི་དགེ་ཚོགས་ཀྱི། །གོམ་པའི་འདེགས་འཇོག་དག་ཀྱང་ཕྱིན་དྲུག་ལམ། །རྩོལ་མེད་འཇུག་པས་ཚོགས་རྫོགས་ཤིན་ཏུ་མྱུར། །ཞེས་པ་ནི་དེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི། སེམས་ཅན་གྱི་དོན་བྱེད་པ་ནི་སྦྱིན་པ། དེ་ལ་རང་འདོད་ཀྱི་ཀུན་སློང་མེད་པ་ཚུལ་ཁྲིམས། གཞན་དོན་སྒྲུབ་པ་ལ་མི་སྐྱོ་བ་བཟོད་པ། སྤྲོ་བཞིན་འཇུག་པ་བརྩོན་འགྲུས། དེ་ལ་མི་གཡེང་བ་བསམ་གཏན། དེ་དག་ལ་དངོས་མཚན་དུ་མི་འཛིན་པ་ཤེས་རབ་སྟེ། དེ་དག་ཀྱང་དོན་ལ་མི་སེམས་པ་ནི་སྦྱིན་པ། མི་གནས་པ་ཚུལ་ཁྲིམས། ཅི་ཡང་བྱེ་བྲག་མི་ཕྱེད་པ་ནི་བཟོད་པ། བླང་དོར་མེད་པ་ནི་བརྩོན་འགྲུས། མ་ཆགས་པ་ནི་བསམ་གཏན། མི་གཉིས་པ་ནི་ཤེས་རབ་བོ། །ཚོགས་གཉིས་ཀྱི་རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཀྱི་ཡོན་ཏན་མ་སྐྱེས་པ་སྐྱེད་པར་བྱེད་པ་དང་སྐྱེས་པ་སྤེལ་བ་ལ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བྱ་སྟེ་སེམས་ཀྱི་བསླབ་པས་བསྡུས་པ་ལགས་ཤིང་། བྱམས་དང་སྙིང་རྗེས་ཟིན་པའི་དགེ་བ་ཆེ་ཕྲ་གང་ཡིན་ཀྱང་གང་དུ་སེམས་ཅན་དོན་བྱེད་ཀྱི་སྦྱིན་པའོ། །དེ་ལ་རང་འདོད་མེད་པ་ཚུལ་ཁྲིམས་མན་ཆད་ནས་ཕ་རོལ་ཕྱིན་དྲུག་ནམ་ཡང་འདུ་འབྲལ་མེད་ཀྱི་བར་རྩ་བ་ལྟར་དང་། སྤྱོད་ལམ་རྣམ་བཞི་ནི་ཟ་ཉལ་འགྲོ་འཆགས་གང་གི་སྐབས་སུའང་ཀུན་ལ་དྲན་པ་དང་ཤེས་བཞིན་ལྡན་པ་དང་སྒོ་གསུམ་གྱི་སྤྱོད་ཡུལ་ཡོངས་སུ་དག་པའི་ཞེས་བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་ཚོགས་ཀྱིས་གོམ་པའི་འདེགས་འཇོག་དག་ཀྱང་ཕར་ཕྱིན་དྲུག་གི་ལམ་དུ་འགྲོ་བ་ལ་འབད་རྩོལ་གྱིས་ངལ་བ་མེད་བཞིན་འཇུག་པས་ཚོགས་གཉིས་རྫོགས་པ་ཤིན་ཏུ་མྱུར་རོ། །ཕྱིན་དྲུག་གི་མི་མཐུན་ཕྱོགས་སྡུག་ནི། ཁྱད་དུ་གསོད་པའི་སེམས་དང་། ལེ་ལོ་དང་ལྡན་པའི་སེམས། སྒྲིབ་པའི་སེམས་དང་། བཙལ་བས་ཡོངས་སུ་སྐྱོ་བའི་སེམས་དང་། བར་ཆད་དང་ལྡན་པའི་སེམས་རྣམས་དང་བྲལ་བ་ནི་གལ་ཆེ་བར་གསུངས་སོ། །སྐབས་འདིར་སྤྱོད་ཡུལ་ཡོངས་སུ་དག་པའི་དགེ་བར་སྡུད་པའི་ཚུལ་ཕལ་པོ་ཆེ་ལས་གསུངས་པ་འགྲེལ་ཆེན་དུ་བཀོད་པ་ལ་བལྟ་བར་བྱ་ཞིང་། སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་སེམས་ཅན་ཐམས་ཅད་ལ་དངོས་སམ་བརྒྱུད་ནས་གཏོང་བ་དང་། བསྲུང་བ་དང་། དག་པ་དང་། སྤེལ་བ་བཞིས་བྱང་སེམས་ཀྱི་སྡོམ་པ་ཀུན་བསྡུ་ཞིང་། དེ་ཡང་ལས་དང་པོ་དང་། མོས་སྤྱོད་དང་། མ་དག་ས་བདུན་ལ་གནས་པ་དང་། དག་པ་ས་གསུམ་ལ་གནས་པ་རྣམས་རིམ་གྱིས་ཐོབ་པར་བཤད་དོ། །རྩ་བ། ཐབས་ལ་མཁས་པས་དངོས་སམ་བརྒྱུད་མ་ནས། །སེམས་ཅན་ཀུན་ལ་ཕན་པ་ལྷུར་བྱེད་ཅིང་། །སྦྱིན་དང་སྙན་སྨྲ་དོན་སྤྱོད་དོན་མཐུན་དང་། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་སྒོ་འཕར་ཡངས། །ཞེས་པ་ནི་གཞན་དོན་སྒྲུབ་པའི་ཐབས་ལ་མཁས་པས་དངོས་སམ་བརྒྱུད་མ་ནས་སེམས་ཅན་ཀུན་ལ་ཉེ་རིང་ཅུང་ཟད་ཀྱང་མེད་པ་ཕན་པ་ཁོ་ན་ལྷུར་བྱེད་ཅིང་མཁོ་བ་སྦྱིན་པ་དང་སྙན་པར་སྨྲ་བ་དང་གདུལ་བྱའི་དོན་ལ་སྤྱོད་པ་དང་གཞན་སྒྲུབ་པ་ལ་བསྐུལ་བ་དང་ཆོས་དོན་དང་མཐུན་པར་བྱ་བ་རྣམས་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་སྤྱོད་ཡུལ་ལ་ཁྱད་པར་མེད་བཞིན་སྒོ་འཕར་མི་དོག་ལ་ཡངས་ཞེས་དེ་ཉིད་ལྷུར་བྱེད་ཅིང་གཞན་ཕན་ཁོ་ནས་དེ་དག་གི་རྒྱུད་སྨིན་པར་བྱེད་པའོ། །རྩ་བ། གང་ལ་བརྟག་པ་དྲུག་ཏུ་གསུངས་པའང་། །རང་གི་ཆོས་ལ་འབྱོར་རྒུད་བརྟག་པར་འདུ། །རང་ཉིད་ཆོས་ལམ་མ་ཉམས་གཞན་དོན་བྱ། །རང་དོན་ཉམས་པའི་སོ་སྐྱེས་འཁྲུལ་པ་བརྟག །ཅེས་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་གང་ལ་ཞེས་དེ་ལ་བརྟག་པ་དྲུག་ཏུ་གསུངས་པ་ཡིན་ཀྱང་རང་གི་ཆོས་ལ་འབྱོར་པ་དང་རྒུད་པ་བརྟག་པ་ལ་དོན་འདུ་བའོ། །དེ་ཡང་རང་ཉིད་ཆོས་མ་ཉམས་བཞིན་དུ་གཞན་དོན་ཅི་ནུས་བྱ་བ་དང་། རང་དོན་གྱི་ཆོས་སྒྲུབ་པ་ལས་ཉམས་པའི་སོ་སོའི་སྐྱེ་བོའི་འཁྲུལ་པ་བརྟག་པའོ། །བདག་ཉིད་ཀྱི་བསླབ་པའི་གནས་མ་ཉམས་བཞིན་གཞན་ཕན་རྒྱ་ཆེན་འགྲུབ་ན་དེ་ཉིད་གཙོར་བྱ། སོ་སྐྱེ་དུས་སུ་སླར་སེམས་ཅན་གྱི་དོན་འགྲུབ་པའི་ཆེད་དུ་རང་གི་འཁྲུལ་པ་བསམ་ལ་ཤེས་རབ་ཀྱིས་བརྟགས་ནས་ཉམས་པ་བསྲུང་བ་ལ་གཙོ་བོར་བྱ་ཞིང་སྙིང་རྗེས་གཞན་དོན་ཡང་ཞར་ལ་བསྒྲུབ་པར་བྱ་བ་ཉིད་དོ། །རྩ་བ། གཞན་ལ་ཕན་པ་རླབས་ཆེན་འགྲུབ་སྲིད་ན། །བཅས་པ་ཆུང་ངུ་བག་ཡངས་གནང་བའི་སྐབས། །ཡོད་དེ་གྲོང་ཁྱེར་ཕྱིར་ན་གྲོང་བརྡལ་དང་། །བདག་ཕྱིར་ས་གཏོང་ཆོས་ཕྱིར་བདག་ཀྱང་གཏོང་། །ཞེས་པ་ནི་དེ་ཡང་དོན་འབྲས་ཆུང་ངུའི་ཕྱིར་དོན་ཆེན་པོ་བཏང་བ་མ་ཡིན་ཏེ་གཞན་ལ་ཕན་པ་རླབས་པོ་ཆེ་འགྲུབ་སྲིད་ན་བཅས་པ་ཆུང་ངུ་བག་ཡངས་སུ་གནང་བའི་སྐབས་ཡོད་དེ་གྲོང་ཁྱེར་ལ་ཕན་ཕྱིར་གྲོང་རྡལ་གཏོང་བ་དང་། བདག་གི་ཕྱིར་ས་གཏོང་ཞིང་ཆོས་མི་སྤང་ཕྱིར་བདག་ལུས་ཀྱི་གཅེས་འཛིན་ཀྱང་གཏོང་། དོན་བསྡུ་ན་ཚུལ་ཁྲིམས་གསུམ་པོ་ལ་བརྟེན་ནས་བསླབ་གསུམ་བསྒྲུབ་ཅིང་སྤངས་རྟོགས་ཀྱི་འབྲས་བུར་སངས་རྒྱ་བ་སྟེ། འདི་ལྟར་སྡོམ་པའི་ཚུལ་ཁྲིམས་ཀྱིས་སྤངས་པ་ཕུན་སུན་ཚོགས་པ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་བར་བྱེད་དོ། །དགེ་བ་ཆོས་སྡུད་ཀྱིས་ནི་རྟོགས་པ་ཕུན་སུན་ཚོགས་པ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ་ཐོབ་པའོ། །སེམས་ཅན་དོན་བྱེད་ཀྱིས་ནི་ཕྲིན་ལས་ཕུན་སུམ་ཚོགས་པའི་རྒྱུ་བསྒྲུབ་ཅིང་དོན་གཉིས་ལྷུན་གྲུབ་ཏུ་འགྱུར་རོ། །རྩ་བ། འདི་ན་མི་མཇེད་བཟོད་པའི་ས་གཞི་ལ། །ཆོས་ཀྱི་དྲི་བཟང་རྒྱས་པ་རབ་བསྲུང་བའི། །དཀའ་བ་དང་ལེན་བཟོད་པ་ཇི་མི་སྙམ། །ཟབ་མོའི་དོན་ལ་མི་སྐྲག་རྣམ་པ་གསུམ། །ཞེས་པ་ནི་ཚེ་འདིའི་སྣང་ངོ་ན་མི་མཇེད་ཅེས་བཟོད་པ་སྒོམ་པ་པོ་དང་བཟོད་རྒྱུའི་ཁྲོ་སྡང་གཉིས་མཉམ་པ་ཉིད་དུ་གདལ་བ་ས་གཞི་ལྟ་བུ་ལ་དམ་པའི་ཆོས་ཀྱི་དྲི་བཟང་རྒྱས་པ་ལྟ་བུ་རབ་ཏུ་བསྲུང་བའི་དཀའ་བ་དང་དུ་ལེན་པའི་བཟོད་པ་དང་། གཞན་གྱིས་གནོད་པ་ལ་ཅི་མི་སྙམ་པའི་བཟོད་པ་དང་། ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་དང་གསུམ་མོ། །དང་པོ་ནི་རང་དོན་དུ་སངས་རྒྱས་དང་གཞན་དོན་དུ་ཕན་པ་བསྒྲུབ་པ་གཉིས་ཅར་གྱི་དོན་དུ་དཀའ་བ་དང་དུ་ལེན་ནུས་པ་དང་། གཉིས་པ་ནི་གཞན་གྱིས་བདག་ལ་དངོས་དང་བརྒྱུད་ནས་ལོག་སྒྲུབ་དང་གནོད་འཚེ་ཅི་ལྟར་བྱས་ཀྱང་ཇི་མི་སྙམ་པའོ། །གསུམ་པ་ནི། ཆོས་ལ་སེམས་པའི་མོས་པ་རྐྱེན་གང་གིས་ཀྱང་མི་འཕྲོགས་ཤིང་ཟབ་མོའི་དོན་ལ་མི་སྐྲག་པ་ནི་དམིགས་མེད་ཀྱི་བཟོད་པའོ། །རྩ་བ། ཡིད་ནི་ཤིན་ཏུ་རེངས་བྱས་ཞེ་སྡང་གི། །སྡིག་པའི་མངོན་རྟོགས་མུན་པའི་འཁྲི་ཤིང་ཅན། །ཐར་མེད་དམྱལ་བར་འཛུལ་ལ་སྐྲག་པ་རྣམས། །ནམ་ཡང་ཁྲོ་བའི་གོ་སྐབས་དབྱེ་མི་བགྱིད། །ཅེས་པ་ནི་འདི་ལྟར་ཐ་མལ་རང་རྒྱུད་ལྡན་གྱི་ཡིད་ནི་མ་ཞི་བས་ཤིན་ཏུ་རེངས་པས་བྱས་པའི་ཞེ་སྡང་གི་སེམས་སྡིག་པའི་མངོན་རྟོགས་མུན་པའི་འཁྲི་ཤིང་འཁྲིལ་བ་ལྟ་བུ་ཅན་ནི་ཐར་མེད་དམྱལ་བར་འཛུལ་བ་ལས་འོས་མེད་པ་དག་ལ་སྐྲག་པ་སྐྱེ་བའི་བློ་གྲོས་ཅན་རྣམས་ནི། དུས་ནམ་དུའང་ཁྲོ་བའི་གོ་སྐབས་དབྱེ་བར་མི་བགྱིད་ཅེས་པའོ། །རྩ་བ། གནོད་པའི་ཡུལ་ནི་ནགས་ཀྱི་ཚེར་མ་བཞིན། །གདུལ་གྱིས་མི་ལང་ཀུན་ནས་འཕེལ་བ་ཅན། །འཁོན་དང་ཁྲོ་བའི་བྱེད་པོ་གཅིག་བཏུལ་ན། །བཟོད་པའི་དཀའ་ཐུབ་བདག་ལ་མཛའ་བར་འགྱུར། །ཞེས་པ་ནི་རང་ཉིད་ལ་གནོད་པའི་ཡུལ་གང་ཡིན་པ་དེ་ནི་དཔེར་ན་ནགས་ཀྱི་ཚེར་མ་བགྲངས་ཡས་བཞིན་འདུལ་བར་བརྩམས་ཀྱང་གདུལ་གྱིས་མི་ལངས་ཏེ་ཕྱིར་ཞིང་ཀུན་ནས་འཕེལ་བ་ཅན་ཡིན་ན། དེ་བས་རང་ཉིད་ཀྱི་འཁོན་སེམས་དང་ཁྲོ་བའི་བྱེད་པོ་གཅིག་ཅེས་པ་བདག་ཏུ་འཛིན་པ་འདི་བཏུལ་ནུས་ན་བཟོད་པའི་དཀའ་ཐུབ་དེ་བདག་ལ་མཛའ་བཤེས་བཞིན་དུ་འགྱུར་ཏེ་དཔེར་ན་ས་སྟེང་ཀུན་ཀོ་བས་གཡོགས་པར་མི་ལྡང་ཡང་ལྷམ་མཐིལ་གྱི་ཀོ་བས་ས་གཞི་ཡོད་དོ་ཅོག་གཡོགས་པ་དང་མཚུངས་ཏེ་རང་ཉིད་བཟོད་པའི་གོ་ཆ་དང་ལྡན་ན་དགྲ་ཀུན་ཐུབ་པ་དང་འདྲའོ། །རྩ་བ། རེག་པ་ཤིན་ཏུ་རྩུབ་པའི་ཚིག་གི་མདས། །སྐྱེས་བུའི་སྙིང་ལ་ཟུག་པ་ཅང་མཆིའམ། །དེ་ཉིད་དང་དུ་བླང་བའི་ཉེར་ལེན་གྱིས། །ཕན་ཚུན་རྟེན་དང་བརྟེན་པར་འཁྲུགས་ཤིང་མནར། །ཞེས་པ་རེག་པ་ཤིན་ཏུ་རྩུབ་པ་གཟུགས་ཀྱིས་མ་ཡིན་ཞིང་དངོས་མེད་ཚིག་གི་མདས་ཞེས་དཔེ་སྦྱར་ནས་དེ་ཉིད་སྐྱེས་བུ་ཚིག་རྩུབ་བརྡེག་ཡུལ་གྱི་སྙིང་ལ་ཟུག་པ་ཅི་ཡང་འདུག་གམ་ཞིབ་ཏུ་དཔྱོད་དང་ཤེས་འོང་བ། ཚིག་དངོས་མེད་དེ་ཉིད་དང་དུ་བླངས་ནས་བདག་གིར་བྱས་པའི་ཉེར་ལེན་གྱིས་ཕན་ཆད་ཀྱི་སེམས་འཁྲུགས་ཡུལ་གཞན་དུ་གྱུར་པ་དང་ཚུར་ངོས་ཀྱི་རང་གཉིས་རྟེན་དང་བརྟེན་པར་བཅས་པ་འཁྲུགས་ཤིང་མནར་ཞེས་སྡུག་བསྔལ་བ་ཡིན་ཞེས་པའོ། །རྩ་བ། འདི་ན་གནོད་པའི་རྒྱུ་འབྲས་མཐའ་ཡས་པ། །བདག་ཉིད་ལས་བྱུང་སྒྲ་དང་བྲག་ཆ་བཞིན། །བདག་ཉིད་མ་བྱུང་གནོད་པའི་ཡུལ་མེད་པས། །རང་གི་སྔོན་བྱས་རྐྱེན་གྱིས་བོས་ལ་ལྟོས། །ཞེས་པ་དེ་ལ་ད་ལྟའི་དུས་འདི་ན་གནོད་པའི་རྒྱུ་དང་འབྲས་བུ་མཐའ་ཡས་པ་ཡང་བདག་ཉིད་ལས་བྱུང་ཞིང་སྒྲ་གྲགས་རྐྱེན་གྱིས་བྲག་ཆ་གྲགས་པར་འཁྲུལ་པ་བཞིན་བདག་ཉིད་མ་བྱུང་ན་གནོད་པའི་ཡུལ་འབྱུང་བཞི་སོགས་ལ་སེམས་མེད་པས་དེ་དག་ལ་ཕན་གནོད་གང་ཡང་མེད་པ་བཞིན་རང་བདག་འཛིན་དང་བཅས་པའི་དབང་གི་སྔོན་འགྲོ་བྱས་རྐྱེན་གྱིས་བོས་པ་ལྟ་བུ་ལ་ལྟོས་དང་ཤེས་པར་འགྱུར་ཞེས་པ་དང་། གང་ཟག་བཟོད་ལྡན་ནི་ཕྱི་མར་དགྲ་མེད་པ་དང་། མཐུན་དབྱེ་མེད་པ། བདེ་བ་དང་ཡིད་མི་བདེ་བ་མང་བར་མི་འགྱུར་བ་དང་། འགྱོད་པ་མེད་བཞིན་དུས་བྱེད་པར་འགྱུར་བ། བདེ་འགྲོ་ལྷ་གནས་སུ་སྐྱེ་བར་འགྱུར་བའོ། །རྩ་བ། བརྟགས་ན་གནོད་ཆེན་མ་ཡིན་ཕན་ཆེན་ཏེ། །གང་ལ་བརྟེན་ནས་བཟོད་པའི་གྲུ་གཟིངས་དང་། །བྱང་ཆུབ་སེམས་ཀྱི་ནོར་བུ་ཐོབ་འགྱུར་ན། །དེ་འདྲའི་གནོད་པ་དམ་པའི་ཆོས་ལྟར་མཆོད། །ཅེས་པ་ནི་དེ་ཡང་ཁྲོ་སྡང་ལ་སོགས་པ་མ་བརྟགས་ཚེ་གནོད་པ་ཆེན་པོའི་རྒྱུ་རྐྱེན་ལྟར་འདུག་ཀྱང་ལེགས་པར་བརྟགས་ན་དེ་ལྟར་མ་ཡིན་ཏེ་བཟོད་པ་བསྒོམས་པའི་ཡུལ་དུ་ཕན་ཆེན་དུ་འགྱུར་ཏེ། གང་ལ་བརྟེན་ནས་བཟོད་པའི་བརྟུལ་ཞུགས་གྲུ་གཟིངས་ལྟ་བུར་ཞུགས་ཏེ་འཁོར་བའི་རྒྱ་མཚོ་བརྒལ་ནས་བྱང་ཆུབ་སེམས་ཀྱི་ནོར་བུ་ངེས་པར་ཐོབ་པར་འགྱུར་བས་ན། དེ་འདྲ་བའི་གནོད་པ་བྱེད་མཁན་སུ་ཡང་རུང་སྟེ་དམ་པའི་ཆོས་ལྟར་མཆོད་དགོས་པའི་དཔེ་སྔོན་ཇོ་བོ་རྗེ་ཁོང་ཁྲོ་ཤིན་ཏུ་ཆེ་བའི་ཨ་ཙ་ར་ཞིག་གཡོག་ཏུ་ཁྲིད་ནས་ཁོ་བོས་བཟོད་པའི་རྟེན་དུ་འདི་ཀ་ཤིན་ཏུ་དགོས་ཞེས་པ་ལྟར་རོ། །རྩ་བ། ཤིན་ཏུ་བརྟགས་ན་གནོད་པའི་ངོ་བོ་ལ། །མཚན་ཉིད་མེད་དེ་ཆུ་ཡི་རི་མོ་བཞིན། །རྣམ་རྟོག་ཁྲོ་གཉེར་རྩུབ་མོ་ཞིག་པའི་མོད། །མཁའ་བཞིན་རྣམ་པར་སྟོང་ལ་ཐོབ་ཤོར་མེད། །ཅེས་པ་ནི་དེ་ལ་ཤིན་ཏུ་བརྟགས་ན་ཞེས་སེམས་ཉིད་བདག་མེད་ལ་བདག་ཏུ་བཟུང་ཞིང་སྣང་བ་གཞན་མེད་ལ་གཞན་དུ་བཟུང་རྐྱེན་གྱིས་ཕན་གནོད་ཀྱི་རྣམ་པར་ཤར་བ་ཡིན་གྱི་ངོ་བ་ལ་བརྟག་ཚེ། མཚན་ཉིད་འདི་འདྲ་ཞེས་དངོས་པོར་གྲུབ་པ་མེད་དེ་དཔེར་ན་ཆུ་ལ་རི་མོ་བྲིས་ཀྱང་འཕྲལ་མར་རང་དག་ལ་འགྲོ་བ་བཞིན་དུ་རྣམ་རྟོག་ཁྲོ་བའི་མངོན་རྟོགས་ཆུའི་གཉེར་མ་ལྟར་ཞིག་པའི་མོད་ལ་ཁྲོ་སྡང་སྐྱེ་བའི་ཡུལ་དང་། ཁྲོ་མཁན་བདག་གཉིས་ནམ་མཁའ་བཞིན་དུ་རྣམ་པར་སྟོང་པར་གྱུར་ཚེ་ཐོབ་པ་དང་ཤོར་བའི་ཐ་སྙད་ལས་འདས་པའོ། །རྩ་བ། གང་ཞིག་བཟོད་པའི་དཀའ་ཐུབ་གསུམ་ཉམས་ན། །སྦྱིན་སོགས་ཕ་རོལ་ཕྱིན་པ་གཞན་ལྔ་ཡང་། །ཕྱི་མཐའ་དགྲ་ཡིས་བསྐོར་བའི་བཤུལ་ལམ་བཞིན། །འདོད་པའི་གནས་སུ་ཕྱིན་དཀའ་བློ་སྟོབས་བསྐྱེད། །ཅེས་པ་ནི་གང་ཅིའི་ཕྱིར་ན་བཟོད་པའི་དཀའ་ཐུབ་གསུམ་ནི་ཆོས་ཕྱིར་དཀའ་སྤྱོད་བཟོད་པ། གཞན་གྱི་གནོད་པ་ལ་ཅི་མི་སྙམ་པའི་བཟོད་པ། ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་སྟེ། རྣམ་པ་གསུམ་པོ་དེ་ཉམས་པར་གྱུར་ན། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་པོ་ཡང་ཕྱི་མཐའ་དགྲས་བསྐོར་བའི་བཤུལ་ལམ་བཞིན་དུ་ཉེ་ཞོ་མེད་པ་ཞིག་དཀའ་ཞིང་ཐར་པ་དང་རྣམ་མཁྱེན་གྱི་གནས་སུ་ཕྱིན་དཀའ་བས་བྱང་ཆུབ་མཆོག་ཏུ་བློ་སྟོབས་ཆེན་པོ་བསྐྱེད་པར་བྱ་བ་གལ་ཆེན་དུ་གསུངས་པ་ཡང་། བཅོམ་ལྡན་འདས་ཀྱིས་ཁོང་ཁྲོས་ནི་བསྐལ་པ་སྟོང་དུ་བསགས་པའི་བསོད་ནམས་འཇོམས་པར་བྱེད་ཅིང་རང་གཞན་གཉིས་ཀའི་དགེ་རྩ་བསྲེག་པར་འགྱུར་བས་ན་ཞེ་སྡང་ཞིང་ཁོང་ཁྲོ་བ་སྤང་བར་བྱའོ། །རྩ་བ། དུས་ལས་ཡོལ་བ་མེད་པའི་བརྩོན་འགྲུས་ཀྱི། །རང་དབང་ཉིད་དུ་དགེ་བའི་ཆོས་མཐའ་དག །སྐྱེད་མོས་ཚལ་དུ་ངང་པ་འགྲོ་བ་བཞིན། །ལེ་ལོའི་གཡང་ལ་བསྐྱུད་པ་མེད་པར་འཇུག །ཅེས་པ་ནི་དགེ་བ་སྒྲུབ་པའི་བློ་ནམ་སྐྱེས་ཚེ་དུས་དེ་ལས་ཤོལ་འགྱངས་སོགས་ཀྱིས་ཡོལ་བ་མེད་པའི་བརྩོན་པ་ལྷུར་ལེན་ཞིང་ཁ་ཙམ་མ་ཡིན་པར་སྙིང་ནས་འགྲུས་སྟོབས་ཀྱི་རང་དབང་ཉིད་དུ་དགེ་བའི་ཆོས་མཐའ་མ་བཀག་པ་དག་ལ་སྤྱོད་པའི་དཔེ་སྐྱེད་མོས་ཚལ་དུ་ངང་པ་དགའ་སྤྲོའི་བློས་འགྲོ་བའམ་འཇུག་པ་བཞིན་དུ། ལེ་ལོ་ཞེས་བག་མེད་སྤྱོད་པས་བར་ཆད་ཀྱི་གཡང་ས་ལ་བསྐྱུད་པ་མེད་པར་ཏེ་དགེ་བློ་བརྗེད་པ་མེད་པར་འཇུག་ཅེས་པའོ། །རྩ་བ། བྱ་བ་ངན་ན་འདུ་འཛིའི་ཐག་པས་དཀྲིས། །སྒྱིད་ལུག་མཐུས་ནོན་སྦྱོར་བས་ནུས་པའང་བཏང་། །བདག་ཉིད་བརྙས་ནས་སེམས་ཞུམ་བརྟུལ་ཞུགས་བླངས། །དེ་འདྲའི་གང་ཟག་ཉེས་པའི་གཟིངས་ལ་ཞོན། །ཞེས་པ་ནི་དེ་ལ་ལེ་ལོ་དང་སྙོམ་ལས་ཀྱིས་ཕྱིན་དྲུག་གི་བླང་དོར་འཛོལ་བ་ལ་བྱ་བ་ངན་ཞེན་དང་འདུ་འཛི་ནི་འཇིག་རྟེན་གྱི་བྱ་ལས་སྣ་ཚོགས་ཀྱི་ཐག་པས་དཀྲིས་པ་ལྟར་གྱུར་ཞིང་རྣམ་དཀར་སྒྲུབ་རྒྱུ་ཁུར་དུ་སོང་སྐྱོན་གྱིས་འདི་ལྟར་མི་ནུས་སོ་སྙམ་ནས་སྒྱིད་ལུག་པའི་མཐུས་ནོན་ནས་སྦྱོར་བའི་བརྩོན་འགྲུས་ཀྱི་ནུས་པའང་བཏང་ཞིང་བདག་ཉིད་ཀྱིས་བྱང་ཆུབ་བསྒྲུབ་མི་ནུས་སྙམ་བཞིན་བརྙས་ནས་སེམས་ཞུམ་པའི་བརྟུལ་ཞུགས་དང་དུ་བླངས་ཤིང་ཐེག་དམན་ལ་ཞུགས་པའང་ཐ་མལ་དུ་སྡོད་པ་གང་ཡང་རུང་སྟེ་དེ་འདྲའི་གང་ཟག་དེ་ནི་ཉེས་པའི་གཟིངས་ལ་ཞོན་ཞེས་འོག་ནས་འོག་ཏུ་ལྟུང་བར་འགྱུར་རོ། །རྩ་བ། བདུད་བཞི་འཇོམས་པ་གོ་ཆའི་བརྩོན་འགྲུས་དང་། །ས་བཅུའི་ལམ་འགྲོ་སྦྱོར་བའི་བརྩོན་འགྲུས་དང་། །མི་འགོང་མི་ལྡོག་ཆོག་ཤེས་མེད་པ་ཡི། །བརྩོན་འགྲུས་ཅན་གྱིས་སྨོན་པའི་དོན་ཀུན་འགྲུབ། །ཅེས་པ་ནི་དེ་ཡང་ལྷའི་བུའི་བདུད་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་གྱུར་ནས་ཕྱི་མའི་དོན་ཡལ་བར་འདོར་བ་དང་། ཉོན་མོངས་པ་དུག་ལྔ་དང་དུག་གསུམ་སོགས་བརྒྱད་ཁྲི་བཞི་སྟོང་གིས་རྣམ་པར་གཡེངས་ནས་སེམས་རྣལ་དུ་མི་ཕེབས་པ་དང་། རང་ཉིད་ཀྱི་ཕུང་པོ་ལྔ་ལ་བདག་ཏུ་བཟུང་བས་བདེ་སྡུག་དང་རེ་དོགས་ཀྱི་དབང་དུ་གྱུར་པ་དང་། ཆོས་སྒྲུབ་བློ་ཙམ་ཞིག་ཡོད་ཀྱང་འདོད་པ་ཐོག་ཏུ་མ་ཁེལ་བར་ལེ་ལོས་བར་དུ་བཅད་ནས་ལྔ་ལམ་དུ་ཞུགས་པ་རྣམས་འཇོམས་པར་བྱེད་པ་གོ་ཆའི་བརྩོན་འགྲུས་དང་། ས་བཅུའི་ལམ་བགྲོད་པར་བྱེད་པ་ལ་སྦྱོར་བའི་བརྩོན་འགྲུས། སེམས་ཅན་གྱི་དོན་སྒྲུབ་དཀའ་བ་ཐོག་ཏུ་བབ་ཚེ་མི་འགོང་ཞེས་པ་དེ་ཉིད་བཞག་ནས་རང་གི་ནུས་ཚོད་ཙམ་ལ་མི་འཇུག་ཅིང་དཀའ་བ་དང་དུ་བླང་ངལ་བ་ཁྱད་དུ་གསོད་དགོས་པ་དང་མི་ལྡོག་ཅེས་པ་ཡང་འགྲོ་དོན་བགྱིད་དཀའ་བ་དང་འཕྲད་ཚེ་སྐྱོ་སུན་གྱིས་རང་དོན་བསྒྲུབ་པ་ལ་འཇུག་པ་རྣམས་སྐྱོན་ཡིན་པ་ངོས་བཟུང་ནས། ཆོག་ཤེས་མེད་པ་ཞེས་ཚེ་རབས་ནས་ཚེ་རབས་བསྐལ་པ་ནས་བསྐལ་པའི་བར་དུ་རང་དོན་ཡིད་ལ་མི་འགྱུ་བར་གཞན་དོན་སྒྲུབ་པ་ལ་ལྷོད་པ་བྲལ་བའི་བརྩོན་འགྲུས་ཅན་གང་སུ་ཡང་རུང་བ་རྣམས་ཀྱིས་ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་པར་འགྱུར་བ་ཡིན་ནའང་། ཕར་ཕྱིན་ལམ་ནི་ལུས་སྲོག་ཡང་ཡང་གཏོང་དགོས་པ་དང་དེ་ལས་ལྡོག་མི་རུང་བ་སོགས་ཀྱི་སྐྲག་མོད་ཀྱང་གང་ཟག་ཡང་རང་རང་གི་བློ་སྟོབས་དང་བསྟུན་ནས་རིམ་པས་གོམས་སུ་འཇུག་དགོས་པར་གསུངས་ཤིང་བརྩོན་འགྲུས་གལ་ཤིན་ཏུ་ཆེ་དགོས་པ་ཡང་འབྱོན་འགྱུར་གྱི་རྒྱལ་བ་བྱམས་པས་སྟོན་པའི་སྔོན་དུ་སེམས་བསྐྱེད་ཀྱང་བརྩོན་འགྲུས་ལ་ཁྱད་ཞུགས་ནས་སྔོན་དུ་ཟས་གཙང་སྲས་པོ་སངས་རྒྱས་པ་བཞིན་བརྩོན་འགྲུས་སྟོབས་བསྐྱེད་པར་གལ་ཆེའོ། །རྩ་བ། བདག་གི་ཚེ་ནི་ཉིན་མོའི་མཐར་གྱུར་ཏེ། །མྱུར་བ་མྱུར་བར་འཆི་བའི་མུན་ནག་གིས། །གཏུགས་ན་འཁོར་བའི་སྤྱོད་པ་རྒྱུ་སྐར་ལས། །རྣམ་གྲངས་མང་བ་དེ་ཡི་དབུགས་མི་ཕྱིན། །ཞེས་པ་ནི་འདི་ལྟར་འགྲོ་བའི་ཚེ་ནི་ཉི་མ་ནུབ་ཁ་ལྟ་བུའི་མཐར་གྱུར་ཏེ་མྱུར་བར་མྱུར་བར་འཆི་བའི་མངོན་རྟོགས་མུན་ནག་གིས་གཏུགས་པར་གྱུར་ན་འཁོར་བའི་སྤྱོད་པ་རྒྱུ་སྐར་ལས་གྲངས་མང་བ་དེ་ཡིས་དབུགས་མི་ཕྱིན་ཞེས་གཏན་བདེ་སྟེར་མི་ནུས་པའི་སྨད་ཚིག་གོ། །དེར་མ་ཟད་ལུས་ཀྱི་ཉེས་སྐྱོན་རྒྱལ་པོ་གསལ་རྒྱལ་ལ་གསུངས་པ་འདི་ལྟར་མི་རྟག་པ་མི་བརྟན་པ་ཡིད་བརྟན་དུ་མི་རུང་བ་སོགས་མང་དུ་གསུངས་མཐར་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོའི་གཉེན་པོར་མི་རྟག་པ་དྲན་དགོས་པ་མན་ངག་གི་དམ་པ་ཡིན་པར་བསྟན་ཏོ། །རྩ་བ། ལེ་ལོའི་རྙོག་པ་དྭངས་པའི་བརྩོན་འགྲུས་ཀྱི། །དལ་འབབ་ཕྱོགས་ལྷུང་སྟོན་པ་མ་ཡིན་པར། །རྣམ་པ་ཀུན་མཁྱེན་རྒྱ་མཚོར་ཕྱིན་དེ་སྲིད། །གཡོ་ཞིང་མྱུར་བའི་བརྟུལ་ཞུགས་ཉམས་མི་བགྱིད། །ཅེས་པ་ནི་དེ་ལ་ཆུ་ཀླུང་ནི་རྙོག་པའི་དྲིས་བསླད་བཞིན་བརྩོན་འགྲུས་ཀྱི་འགལ་ཟླ་ལེ་ལོ་ཡིན་པས་དེ་ལྟའི་སྐྱོན་དང་བྲལ་བའི་བརྩོན་འགྲུས་ལྷོད་པ་མེད་པའི་དཔེའི་དལ་འབབ་སྟེ་ཆུ་ཀླུང་ཆེན་པོ་ཕྱོགས་ག་ཤེད་ནས་འགོག་ཏུ་ཡོད་པ་སྟོན་པ་མ་ཡིན་པར་རྣམ་པ་ཀུན་མཁྱེན་སངས་རྒྱས་ཀྱི་གོ་འཕང་རྒྱ་མཚོ་ལྟ་བུར་མ་ཕྱིན་དེ་སྲིད་ཀྱི་བར་ལ། ཆུ་ཀླུང་དེ་ཉིད་གཡོ་ཞིང་མྱུར་བའི་བརྟུལ་ཞུགས་ལས་མི་ཉམས་པ་ལྟར་བདག་ཀྱང་བརྩོན་འགྲུས་ཉམས་པར་མི་བགྱིད་དོ། །ཞེས་པ་དང་། བརྩོན་འགྲུས་ནི་སྡེ་ཚན་གཅིག་པར་བཞག་ཀྱང་དོན་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲོགས་ཡིན་པས་དེ་མེད་ན་གཞན་རྣམས་ཀྱང་ཉམས་པའི་སྐྱོན་དུ་འགྱུར་ཞིང་དེ་དང་ལྡན་ན་དྲུག་པོ་མཐར་ཕྱིན་པར་བྱེད་དོ། །བསམ་གཏན་གྱི་སྔོན་དུ་གནས་ཀྱི་ཡོན་ཏན་བཤད་པ་ནི། རྩ་བ། ནགས་ཚལ་མེ་ཏོག་འཁྲིགས་པའི་སྨན་ལྗོངས་ནི། །ངང་པ་ཤིན་ཏུ་ཞི་བས་བརྟེན་བྱས་ཤིང་། །བལྟ་ན་སྡུག་པ་བྲག་རིའི་ཕ་གུ་དང་། །རྟ་བབས་རི་དྭགས་གཞོན་ནུས་མཛེས་པ་ཡོད། །ཅེས་པ་ནི་བསམ་གཏན་བསྒོམ་ཡུལ་གྱི་གནས་ཁྱིམ་སོགས་བྲེལ་གཡེངས་ཆེ་བ་མ་ཡིན་ཏེ། ནགས་ཚལ་མེ་ཏོག་འཁྲིགས་པའི་སྨན་ལྗོངས་སོགས་ནི་ངང་པ་རྩུབ་སྤྱོད་དང་བྲལ་ཞིང་ཤིན་ཏུ་ཞི་བས་བརྟེན་པར་བྱས་ཤིང་དེར་བལྟ་ན་སྡུག་པ་བྲག་རིའི་ཕ་གུ་དང་རྟ་བབས་རི་དྭགས་གཞོན་ནུས་མཛེས་པར་བྱས་པ་རང་བྱུང་ལྷུན་གྲུབ་ཀྱི་ཚུལ་དུ་ཡོད་ཅིང་དེར་མ་ཟད། །རྩ་བ། དགའ་བའི་ནགས་ཚལ་ལྷ་མོའི་རྐེད་ཆིངས་ནི། །ཤིང་བལ་གཞོན་ནུའི་དྲ་ཕྱེད་གཡོ་བ་ན། །དོགས་པས་སྐྲགས་པ་མིན་པའི་ཁུ་བྱུག་རྣམས། །འཁོར་བར་སྐྱོ་བའི་གཏམ་གྱི་སྤྲིང་ཡིག་འགྲེམ། །ཞེས་པ་དེ་ཡང་ཤིན་ཏུ་ཉམས་དགའ་བའི་ནམས་ཚལ་ལྷ་མོའི་རྐེད་ཆིངས་ལྟ་བུ་ནི་ཤིང་བལ་གཞོན་ནུའི་དྲ་ཕྱེད་གཡོ་བ་ན། འཇིགས་སྐྲག་གི་དོགས་ནས་སྔར་སྐད་འབྱིན་པ་ལྟ་བུ་མ་ཡིན་པའི་ཁུ་བྱུག་རྣམས་ནི་འཁོར་བར་སྐྱོ་བའི་གཏམ་གྱི་སྤྲིང་ཡིག་འགྲེམ་པ་ལྟ་བུའི་ངེས་འབྱུང་གི་བསྐུལ་མ་འདེབས་པའི་གྲོགས་བྱེད་པ་ཡོད་དོ་ཞེས་པའོ། །དེ་ལྟ་བུའི་གནས་སུ་འགྲོ་བར་བསྐུལ་བ་ནི། རྩ་བ། དེ་རུ་གཤེགས་ཤིག་བསམ་གཏན་འདོད་པ་རྣམས། །ལོངས་སྤྱོད་སྤྲིན་གྱི་བླ་རེའི་ནང་ཤེད་ན། །ཚེ་སྲོག་རོལ་པའི་གློག་ནི་གཡོ་ཞིང་འདར། །འགྱུར་དང་སྡུག་བསྔལ་འདུ་བྱེད་ཆོམ་རྐུན་དཀྱུ། །ཕུང་ཀྲོལ་བསྐྱེད་པའི་ཆུ་ཀླུང་ཅ་ཅོ་ཅན། །གསོག་དང་བསྲུང་དང་སྤེལ་བའི་འདོད་པས་འཁྲུགས། །ཁེངས་དང་འཇུངས་དང་སེར་སྣས་ཚེ་གཏུགས་ནས། །ངན་འགྲོའི་ཆུ་གཏེར་མུ་མཐའ་མེད་པར་འཁྱམས། །ཞེས་པ་ནི་གནས་དབེན་པ་དེ་ལྟ་བུ་རུ་གཤེགས་ཤིག་བསམ་གཏན་སྒོམ་དུ་འདོད་པ་ཁྱེད་རྣམས་ལ་ཞུ་བ་ཡིན་ནོ། །དེ་ལྟར་མ་ཡིན་པས་འཇིག་རྟེན་ཆོས་བརྒྱད་ཀྱིས་བསྐྲུན་པའི་ལོངས་སྤྱོད་སྤྲིན་གྱི་བླ་རེ་བྲེས་པ་ལྟ་བུའི་ནང་ཤེད་ན་ཚེ་སྲོག་མི་རྟག་ཅིང་འགྱུར་སླ་བའི་དཔེ་རོལ་པའི་གློག་ནི་གཡོ་ཞིང་འདར་བ་འདྲ་སྟེ། འགྱུར་བ་དང་སྡུག་བསྔལ་དང་འདུ་བྱེད་གསུམ་གྱི་ཆོམ་རྐུན་དཀྱུ་ཞེས་པ་གླགས་བལྟ་ཞིང་སྐབས་ཚོལ་བས་ཕུང་དཀྲོལ་བསྐྱེད་པའི་དཔེ་ཆུ་ཀླུང་ཅ་ཅོ་ཅན་གྱི་འགྲམ་དུ་བསྟི་བའི་རྣ་བ་རྒྱུན་དུ་གཙེར་བ་བཞིན། ནོར་རྫས་གསོག་པ་དང་དེ་ཉིད་བསྲུང་ཞིང་སྤེལ་བར་དཀའ་བས་འདོད་པས་སེམས་འཁྲུགས་པ་དང་འབྱོར་པས་ཁེངས་ཤིང་མཆོད་སྦྱིན་ལ་འཇུངས་པ་དང་སེར་སྣས་མི་ཚེ་ཟད་པར་བྱས་པ་ལ་གཏུགས་ན་ཞེས་ངན་འགྲོའི་ཆུ་གཏེར་མུ་མཐའ་མེད་པར་འཁྱམས་པའི་རྒྱུར་འགྱུར་རོ། །ཞེས་པའོ། །རྩ་བ། གཡོ་སྒྱུའི་ཆར་སྤྲིན་གནག་པའི་རིན་ཐང་ཅན། །ནོར་ནི་ཇི་ཙམ་འབྱོར་བཞིན་སྡུག་བསྔལ་རྒྱུ། །ཡོ་བྱད་བསྙུངས་རྣམས་དགྲ་རྐུན་འཚེ་བས་སྤོང་། །ཆོག་ཤེས་ཐོབ་པ་འབྱོར་པའི་རྩེ་མོར་འགྲོ། །ཞེས་པ་ནི་དེ་ཡང་གཡོ་ནི་ཁ་ཞེ་མི་མཚུངས་པའི་སེམས་གྱ་གྱུ་བ་ཅན་ཡིན་ལ་སྒྱུ་ནི་གཞན་བསླུ་བའི་བསམ་པ་ཁོ་ན་སྟེ་དེ་གཉིས་ཀྱིས་བསྒྲུབས་པའི་ཟས་ནོར་ནི་རྣམ་སྨིན་ཆར་སྤྲིན་ལྟར་གནག་ཅིང་སྡིག་སྡུག་གི་རིན་ཐང་ཤིན་ཏུ་ཆེ་བ་ཅན་ཡིན་པས་དེ་ལྟ་བུའི་ནོར་དེ་ནི་ཅི་ཙམ་འབྱོར་བཞིན་སྡུག་བསྔལ་བསྐྱེད་པའི་རྒྱུ་ལས་མ་འདས་ཤིང་། ཡོ་བྱད་བསྙུངས་རྣམས་ཏེ་ཟས་ནོར་ཉུང་ངུ་ལས་མེད་ན་དགྲ་རྐུན་གྱིས་འཚེ་བས་སྤོང་ཞིང་ཆོག་ཤེས་ཐོབ་པ་ནི་འབྱོར་པ་ཕུན་སུམ་ཚོགས་པའི་རྩེ་མོར་འགྲོ་ཞེས་པའོ། །རྩ་བ། སོ་སོའི་སྐྱེ་བོའི་རང་བཞིན་བྱིས་པ་སྟེ། །བྱིས་པ་རྣམས་ནི་ཉེས་པའི་སྤྲིན་གྱིས་འཁྲིགས། །བདག་ཉིད་བསྟོད་ཅིང་གཞན་ལ་མི་སྙན་སྒྲོག །ཉོན་མོངས་སྦྲུལ་ལྕེ་རྩུབ་མོའི་ཉམ་བག་བསྟེན། །དཔལ་འབྱོར་གཡོ་བ་གང་ལའང་རྟག་པར་སེམས། །བྱས་པ་མི་གཟོ་མགུ་བའི་གཟུགས་བརྙན་འཁྱོག །འཁོན་གྱི་མེ་ལྕེ་ཕྲ་མའི་རླུང་གིས་བསྐྱོད། །སྤྲེའུ་བཞིན་དུ་གནོད་པ་སྣ་ཚོགས་སྟེར། །ཆུ་སྲིན་བཞིན་དུ་སྡིག་པའི་ལྟོ་བ་ཡངས། །སྦྲུལ་གདུག་བཞིན་དུ་སུ་དང་ཕྲད་པ་འཇོམས། །མེ་བཞིན་དགེ་བའི་ལྗོན་ཤིང་བསྲེག་འགྱུར་བའི། །བྱིས་པའི་གྲོགས་ལས་རིང་དུ་བསྲིང་བར་བྱ། །ཞེས་པ་ནི་དེ་ལ་སོ་སོའི་སྐྱེ་བོ་སྟེ་འཕགས་པ་མ་ཡིན་པའི་རིགས་རྣམས་ནི་བགྲང་བྱ་མཐོ་ཡང་བྱིས་པ་སྟེ། དེ་ལྟ་བུའི་བྱིས་པའི་སེམས་ལྡན་གྱི་རྒན་གཞོན་སུ་ཡང་རུང་སྟེ་དེ་དག་གི་བསམ་སྤྱོད་ནི་ཉེས་སྐྱོན་གྱི་སྤྲིན་གྱིས་འཁྲིགས་ཤིང་བདག་བསྟོད་ཅིང་གཞན་དག་སྨོད་པ་ལ་སོགས་མི་སྙན་པ་སྒྲོག་པ་དང་། ཉོན་མོངས་ཀྱི་སྒོ་ནས་སྦྲུལ་ལྕེ་རྩུབ་མོའི་ཉམ་ཞེས་བསམ་ངན་གྱི་བག་སྟེ་དྲི་མས་བགོས་ཤིང་དཔལ་འབྱོར་མི་རྟག་ཅིང་གཡོ་བ་སོགས་གང་ལའང་རྣམ་པར་སེམས་པ་དང་། ཕན་བཏགས་པ་ལ་བྱས་པ་མི་གཟོ་ཞིང་མགུ་དཀའ་བས་བཞིན་གྱི་གཟུགས་བརྙན་འཁྱོག་པོར་སྟོན་པ་དང་། རང་ཕྱོགས་གཞན་ཕྱོགས་གང་ཡང་རུང་སྟེ་བསམ་ངན་གྱི་མེ་ཕྲ་མའི་རླུང་གིས་བསྐྱོད་ནས་མི་མཐུན་པར་འཆོས་པ་དང་། དེ་ཡང་སྤྱོད་ལམ་དང་རྣམ་འགྱུར་མི་བརྟན་ཏེ་སྤྲེའུ་བཞིན་དུ་གནོད་པ་སྣ་ཚོགས་སྟེར་བ་དང་། སྲོག་གཅོད་ལ་སོགས་ལ་ཅང་མི་སེམས་པ་ཆུ་སྲིན་བཞིན་དུ་སྡིག་པའི་ལྟོ་བ་ཡངས་པ་མི་དགེ་བའི་ལས་ལ་ཅུང་ཟད་ཀྱང་མི་འཛེམས་ཤིང་། །དུག་སྦྲུལ་གདུག་པ་ཅན་སུ་དང་འཕྲད་ཀྱང་འཇོམས་པ་ལྟར་དགྲ་གཉེན་སུ་ཡང་ཕུང་དུ་འཇུག་ཅིང་མེ་བཞིན་དགེ་བའི་ལྗོན་ཤིང་གཞན་གྱི་གསོས་སུ་གྱུར་པ་ཡང་བསྲེག་པར་འགྱུར་བའི་བྱིས་པའི་གྲོགས་རྣམ་དཀར་གྱི་བར་ཆོད་བྱེད་ཅིང་རང་དབང་འཕྲོག་པའི་རིགས་སུ་ཡང་རིང་དུ་བསྲིང་བར་བྱ་ཞེས་པའོ། །རྩ་བ། ཡུལ་ནི་དྲུག་ལས་ཐུ་སྟེ་རྣམ་སྨིན་རྩུབ། །སྤྱད་པའི་མོད་ལ་བདའ་བའི་རོ་བྲོ་ཡང་། །ཚེ་རབས་གཅིག་མིན་སྐྱེ་བ་ཐམས་ཅད་དུ། །གསང་སྔགས་མཆོག་དང་སྨན་གྱིས་གསོར་མི་རུང་། །གང་ཞིག་སེམས་ཀྱི་གླང་པོ་མ་དུལ་བར། །བསླུ་བའི་རྫུ་འཕྲུལ་ཡུལ་ལས་ཆེ་བ་མེད། །ཕུང་པོའི་འདུ་བྱེད་ཁྱོགས་ལ་བཞག་དེ་སྲིད། །ཞི་བའི་ནགས་མཐོངས་དག་ལ་བསྙེན་པར་མཛོད། །ཅེས་པ་ནི་ཚོགས་དྲུག་གི་ཡུལ་དུ་གྱུར་པ་རྣམས་ནི་ཆགས་སྡང་རྨོངས་གསུམ་ཁོ་ན་སྐྱེད་བྱེད་ཀྱི་རྒྱུ་ཡིན་པས་བཙན་དུག་ལས་ཀྱང་ཐུ་སྟེ་མཐོང་ཆོས་སུ་རྣམ་སྨིན་རྩུབ་མོ་མི་མངོན་ཞིང་། སྤྱད་པའི་མོད་ལ་བདའ་བའི་རོ་བྲོ་བ་ལྟར་སྣང་ཡང་ཚེ་རབས་གཅིག་ཁོ་ན་ཙམ་མིན་ཞིང་སྐྱེ་བ་ཐམས་ཅད་དུ་གསང་སྔགས་མཆོག་དང་སྨན་དཔྱད་སོགས་ཀྱིས་གསོར་མི་རུང་ན། གང་ཞིག་སེམས་ཀྱི་གླང་པོ་ཆེ་རླངས་པོའི་སྤྱོད་པ་དང་མ་བྲལ་བ་འདི་མ་དུལ་གྱི་བར་དུ་བསླུ་བའི་རྫུ་འཕྲུལ་ཡུལ་དྲུག་ལས་ཆེ་བ་མེད་ཕྱིར་གཟུགས་ཚོར་བ་འདུ་ཤེས་སོགས་ཀྱི་ཕུང་པོའི་འདུ་བྱེད་ཁྱོགས་ལ་བཞག་པ་དེ་སྲིད་དུ་རྟོག་ཚོགས་ཞི་བའི་ནགས་མཐོངས་སོགས་དབེན་པ་དག་ལ་བརྟེན་པར་མཛོད་ཅེས་པའོ། །རྩ་བ། བས་མཐའ་འབྲོག་ནི་ཡིད་འོང་སྐྱོ་ཤས་འཕེལ། །ཚོང་དང་སོ་ནམ་སྡིག་པའི་གྲོགས་ཀྱིས་སྤངས། །དཔྱ་དང་ཁྲལ་དང་ཞོ་ཤས་འཚོས་མི་གདུང་། །བྱ་དང་རི་དྭགས་མི་སྙན་སྒྲོག་པ་མེད། །ཆུ་གཙང་འབྲས་བུའི་ཉེར་སྤྱོད་རྒྱ་ཆེ་ལ། །བྲག་རིའི་ཕུག་དང་ལོ་མའི་ཁང་བཟང་ཡངས། །ལྗོན་པའི་གྲིབ་བསིལ་འགྲོགས་ན་བདེ་བ་དང་། །ནམ་ཞིག་བདག་ནི་ལྷན་ཅིག་གནས་འགྱུར་བསམ། །ཞེས་པ་ནི་དེ་ལ་གྲོང་ཟད་པའི་མུར་ཐུག་པ་ལ་བས་མཐའ་དང་འབྲོག་དགོན་པ་ནི་གྲོང་པ་ལས་བྲལ་བའི་རྒྱང་གྲགས་ཙམ་གྱི་ས་ལ་དབེན་པ་ཟེར་ཏོ། །དེ་ལྟ་བུའི་གནས་ནི་ཡིད་དུ་འོང་ཞིང་སྐྱོ་ཤས་འཕེལ་བ་དང་། ཚོང་དང་སོ་ནམ་དང་སྡིག་པའི་གྲོགས་པོ་རྣམས་ཀྱིས་སྤངས་ཤིང་དཔྱ་དང་ཁྲལ་འདུས་སོགས་ལུས་བཀོལ་བའི་ཞོ་ཤས་འཚོ་བས་མི་གདུང་ཞིང་བྱ་དང་རི་དྭགས་སོགས་ཀྱིས་མི་སྙན་པ་སྒྲོག་པ་མེད་ཅིང་ཆུ་གཙང་དང་འབྲས་བུ་སོགས་ཉེར་སྤྱོད་རྒྱ་ཆེ་ལ་བྲག་རིའི་ཕུག་པ་དང་ལོ་མའི་ཁང་བཟང་ཡངས་ཤིང་ལྗོན་པའི་གྲིབ་བསིལ་འགྲོགས་ན་བདེ་བ་དང་ནམ་ཞིག་བདག་ནི་ལྷན་ཅིག་གནས་པར་འགྱུར་ན་བསམ་པའོ། །རྩ་བ། དེ་ན་དུས་བཞིའི་མགྲོན་པོ་གསར་པ་ཡིས། །འཕོ་འགྱུར་མངོན་རྟོགས་ངོམ་པའི་ནགས་ཚལ་རྣམས། །རང་ཉིད་ཉོན་མོངས་མ་ཡིན་གཏན་ཚིགས་སུ། །གོམ་བདུན་ཕྱོགས་པའི་བསོད་ནམས་སྒྲོག་ལ་ལྟོས། །ཞེས་པ་ནི་འདུ་འཛིས་དབེན་པའི་གནས་དེ་ན་དུས་བཞི་སྟེ་དབྱར་དགུན་སྟོན་དཔྱིད་བཞིའི་མགྲོན་པོ་གསར་པའི་འཕོ་འགྱུར་གྱི་མངོན་རྟོགས་ངོམ་པའི་ནགས་ཚལ་རྣམས་ནི་རང་ཉིད་ཉོན་མོངས་འཕེལ་བའི་གནས་མ་ཡིན་པའི་གཏན་ཚིགས་སུ་དགོན་པར་གོམ་བདུན་ཕྱོགས་པའི་བསོད་ནམས་མདོ་རྒྱུད་མན་ངག་ཀུན་ནས་སྒྲོག་པ་ལ་ལྟོས་ལ་དེར་གཤེགས་ནས་སྒྲུབ་ལ་བརྩོན་ན་ཕན་ཡོན་རྣམས་ཐོབ་བོ། །ཞེས་པའོ། །རྩ་བ། གང་དུ་བསམ་གཏན་ཤིན་ཏུ་བརྟན་པ་ནི། །ལྷག་པ་སེམས་ཀྱི་བསླབ་པའི་མཚན་ཉིད་དེ། །རྟེན་ཅིང་འབྲེལ་འབྱུང་ལུས་ཀྱི་ཆོ་ག་ནི། །རྣམ་སྣང་ཆོས་བདུན་སེམས་ཀྱི་སྲོག་ཤིང་ཅན། །གཅིག་ལས་གཉིས་པ་མིན་པའི་མཉམ་བཞག་བརྩོན། །དམིགས་པ་གང་ཡང་རུང་བའི་འཛིན་དཔྱད་ཀྱིས། །ཡིད་ནི་དགེ་བའི་དོན་ལ་རྣམ་པར་བཅིང་། །སྤྲོས་པའི་སྣང་བ་ཆོས་ཉིད་གཅིག་ཏུ་ནུབ། །སྣང་ཡུལ་མ་འགགས་དེར་འཛིན་མེད་པ་ཡིན། །ཤེས་པ་ཡུལ་ལ་མི་རྟོག་མཉམ་བཞག་ལ། །ངོ་བོ་གཅིག་པའི་རྗེས་ཐོབ་ལྷག་མཐོང་སྟེ། །ཞེས་པ་ནི་གོང་དུ་བསྟན་པའི་དབེན་གནས་གང་དུ་བསམ་གཏན་ཏེ་ཏིང་ངེ་འཛིན་ཤིན་ཏུ་བརྟན་པར་གྱུར་པ་ནི་ལྷག་པ་སེམས་ཀྱི་བསླབ་པའི་མཚན་ཉིད་ཡིན་ཏེ་འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་ལུས་ཀྱི་སྡོད་ཚུལ་གྱི་ཆོ་ག་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ལག་གཉིས་མཉམ་བཞག་སོགས་རྣམ་སྣང་ཆོས་བདུན་ལ་སེམས་ཀྱི་སྲོག་ཤིང་ཅན་ནི་གཅིག་ལས་གཉིས་པ་མིན་པའི་མཉམ་བཞག་ལ་རྟག་པར་བརྩོན་ཞིང་དམིགས་པ་གང་ཡང་རུང་བ་ལ་མ་ཡེངས་པའི་འཛིན་དཔྱད་ཀྱིས་ལུས་དང་ངག་དང་ཡིད་ནི་དགེ་བའི་དོན་ལ་རྣམ་པར་བཅིངས་ཤིང་སྤྲོས་པའི་སྣང་བ་ཚོགས་དྲུག་གི་ཡུལ་དུ་གྱུར་པ་ཐམས་ཅད་ཆོས་ཉིད་གཅིག་ཏུ་ནུབ་ཅིང་སྣང་བའི་ཡུལ་ཚོགས་མ་འགགས་ཀྱང་དེར་འཛིན་མེད་པའོ། །དེ་ཡང་བསྒྲུབ་གཞི་ནི་སེམས་ཡིན་ཏེ་དེའི་རང་བཞིན་ནི་དཀོན་བརྩེགས་ལས་འོད་སྲུངས་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མ་རྙེད་པ་དེ་ནི་མི་དམིགས་སོ། །གང་མི་དམིགས་པ་དེ་ནི་འདས་མ་འོངས་ད་ལྟ་གསུམ་སོགས་གང་ཅི་ཡང་མ་ཡིན་ནོ། །ཞེས་པ་ལ་སོགས་པ་རྒྱས་འགྲེལ་ལས་ཤེས་པར་བྱའོ། །རྩ་བ། དབྱེ་ན་བྱིས་པ་ཉེར་སྤྱོད་དོན་རབ་འབྱེད། །དེ་བཞིན་གཤེགས་དཀའི་བསམ་གཏན་རྣམ་གསུམ་ལས། །རྟོག་དཔྱོད་ཡོད་མེད་མུ་བཞིའི་བསམ་གཏན་བཞི། །དེ་བཞིན་གཟུགས་མེད་བཞི་སྟེ་རྣམ་པའི་གྲངས། །ལམ་མ་ཞུགས་པའི་རྒྱུད་ཀྱི་ཏིང་འཛིན་ནི། །བསམ་གཏན་གཟུགས་མེད་བྱིས་པ་ཉེར་སྤྱོད་ཡིན། །ལམ་ཞུགས་ཚོགས་དང་སྦྱོར་བའི་ཏིང་འཛིན་གྱིས། །ཐར་ལམ་མངོན་བྱེད་དོན་རབ་འབྱེད་པར་གྲགས། །དང་པོའི་ས་ཡིན་འཕགས་པའི་ཏིང་འཛིན་ཏེ། །ཟག་པ་མེད་པས་དེ་བཞིན་གཤེགས་དགེ་ཡིན། །ཞེས་པ་ནི་དེ་ཡང་བསམ་གཏན་ལ་དབྱེ་ན་བྱིས་པ་ཉེར་སྤྱོད་ནི་ལམ་དུ་མ་ཞུགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་ཡོད་དེ་འཇིག་རྟེན་པའི་ལམ་མོ། །དོན་རབ་འབྱེད་པ་ནི་ལམ་ཞུགས་ཚོགས་སྦྱོར་གྱི་ཏིང་ངེ་འཛིན་གྱིས་ཐར་ལམ་མངོན་དུ་བྱེད་པའོ། །དེ་བཞིན་གཤེགས་དགེ་ནི་ས་དང་པོ་ཡན་ཆད་འཕགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་ཟག་པ་མེད་པའོ། །དེ་ལྟའི་བསམ་གཏན་རྣམ་པ་གསུམ་ལའང་། རྩ་བ། ཀུན་ཀྱང་ངོ་བོ་ནང་དུ་སེམས་འཛིན་ལ། །རྒྱུ་ནི་དྲན་པ་རྒྱུན་ཆགས་བརྩོན་འགྲུས་ཅན། །རྣམ་པར་གཡེང་ན་སླར་ཡང་དེ་ལ་བསླན། །བྱེད་ལས་བདེ་བ་བསྐྱེད་ཅིང་རྫུ་འཕྲུལ་འགྲུབ། །འབྲས་བུ་མངོན་ཤེས་ལ་སོགས་ཐོབ་པ་ཡིན། །ཞེས་པ་ནི་དེ་ལ་བསམ་གཏན་གྱི་ངོ་བོ་ནི་སེམས་ནང་དུ་རྩེ་གཅིག་ཏུ་གནས་པ་དྲན་པས་རྒྱུན་དུ་བསྐྱངས་ཤིང་བརྩོན་འགྲུས་ཀྱི་རྐྱེན་ལ་ལྟོས་ནས་བསྒྲུབ་དགོས་པའོ། །རྣམ་པ་སྟེ་ཕྱིའི་སྣང་བ་དང་ནང་གི་རྣམ་རྟོག་གིས་ཁ་ཁྲིད་དེ་གཡེང་ན་སླར་ཡང་དྲན་ཤེས་ཀྱི་འཛིན་པ་མི་ལྷོད་ཅིང་སླར་ཡང་དེ་ལ་སྟེ་སྔར་གྱི་བསམ་གཏན་ལ་བསླན་པར་བྱེད་པའོ། །དེ་ལྟར་འབད་པས་བྱེད་ལས་ཀྱིས་གནས་སྐབས་སུ་སྒོ་གསུམ་ལ་བདེ་བ་བསྐྱེད་ཅིང་རྫུ་འཕྲུལ་འགྲུབ་པ་དང་། མཐར་ཐུག་འབྲས་བུ་མངོན་ཤེས་ཐོབ་པར་བྱེད་པའོ། །དེ་ལྟ་བུའི་བསམ་གཏན་གྱི་གེགས་སུ་ཆེ་བ་རྣམས་སྤང་དགོས་ཏེ། ལས་སུ་བྱ་བའི་དངོས་པོ་ལ་དགའ་ཞིང་ཆགས་པ་དང་། བྲེ་མོའི་གཏམ་དང་གཉིད་དང་ཟང་ཟིང་ཚོལ་བ། གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ལ་རྟོག་དཔྱོད་དང་བཅས་ཏེ་དགའ་ཞིང་ཆགས་པའོ། །དེ་དག་རྣམས་སྤངས་ནས་སེམས་མི་གཡེང་བའི་ཐབས་ལ་འབུངས་ནས་ཐུན་མོང་གི་བསམ་གཏན་བསྒྲུབ་པར་བྱའོ། །རྩ་བ། བསམ་གཏན་དང་པོའི་ཉེར་བསྡོགས་རྟོག་ཅིང་དཔྱོད། །དངོས་གཞི་རྟོག་པ་མེད་ལ་དཔྱོད་པ་ཙམ། །ལྷག་མ་གསུམ་པོར་རྟོག་དཔྱོད་གཉིས་ཀ་མེད། །སྔ་མ་སྔ་མས་ཕྱི་མའི་ཉེར་བསྡོགས་བྱེད། །འཕགས་པའི་ལམ་གྱི་བརྟེན་གཞི་ཞེས་སུ་གྲགས། །ཞེས་པ་ནི་དེ་ཡང་གཟུགས་དང་གཟུགས་མེད་ལ་སྤྱོད་པ་གཉིས་ལས་དང་པོ་ནི་སློབ་པ་དང་སོ་སོ་སྐྱེ་བོ་རྣམས་ཀྱི་བསམ་གཏན་བཞི་དང་དེའི་ཉེར་བསྡོགས་དེ་ལ་སྙོམས་འཇུག་རྣམས་ཀྱང་། སྨོན་སེམས་དང་བཅས་པ་མ་ཡིན་པས་སྲིད་པའི་རྒྱུ་བཏང་སྙོམས་ཀྱི་ཚོར་བ་དང་། དེ་ལ་འདི་ལྟར་རོ་སྙམ་པའི་རྟོག་པ་དང་། དེ་ལ་ཡང་དཔྱོད་པར་བྱེད་པ་བཅས་བསམ་གཏན་དང་པོའི་ཉེར་བསྡོགས་ཏེ་སྟ་གོན་ཡིན་ནོ། །དེ་ཡང་འདོད་སྲེད་དང་སྡིག་ཆོས་ལས་འདས་ཤིང་། རྟོག་དཔྱོད་དང་། དགའ་བདེ་ཉམས་སུ་མྱོང་བ་ནི་བསམ་གཏན་དང་པོ་དང་དེ་ཉིད་ལ་འདི་ལྟར་རོ་སྙམ་པའི་རྟོག་པ་མེད་ཀྱང་། ཡིད་དཔྱོད་ཡོད་པ་བསམ་གཏན་དང་པོའི་སེམས་ཁྱད་པར་ཅན་ནོ། །དེ་ཡང་རྟོག་དཔྱོད་གཉིས་ཀར་བྲལ་ཞིང་སྔོན་མའི་སྲེད་ཞེན་དང་མི་ལྡན་ཡང་དགའ་བདེ་དང་ཡོངས་སུ་དང་བར་གྱུར་པ་ནི་བསམ་གཏན་གཉིས་པའོ། །བསམ་གཏན་གཉིས་པའི་སྲེད་ཞེན་དང་བྲལ་ནས་བདེ་བ་དང་། བཏང་སྙོམས་དང་། དྲན་ཤེས་དང་མ་བྲལ་བ་ལ་བསམ་གཏན་གསུམ་པའོ། །ཡང་བསམ་གཏན་གསུམ་པའི་སྲེད་ཞེན་དང་བྲལ་ནས་བདེ་སྡུག་གཉིས་ཀའི་རྟོག་དཔྱོད་བྲལ་བཞིན་དྲན་ཤེས་དང་ལྡན་པར་གྱུར་པ་ལ་བསམ་གཏན་བཞི་པའོ། །བསམ་གཏན་ཕྱི་མ་ཕྱི་མའི་ཉེར་བསྡོགས་སྔ་མ་སྔ་མས་བྱེད་པའོ། །དེ་བཞིན་དུ་གཟུགས་མེད་པའི་སྙོམས་འཇུག་བཞི་དང་། འགོག་པའི་སྙོམས་འཇུག་དགུ་པོ་ནི་འཕགས་པའི་ལམ་གྱི་རྟེན་གཞི་ཙམ་ཡིན་ནོ། །རྩ་བ། ཡོན་ཏན་ཐམས་ཅད་བསྐྱེད་པའི་བསམ་གཏན་ནི། །སྙིང་རྗེ་དང་ནི་ཡེ་ཤེས་དམ་པས་ཟིན། །ཏིང་འཛིན་མང་ལྡན་རྣམ་པ་ཐམས་ཅད་བསྒྲུབ། །བློ་རྫས་གཅིག་པའི་མཉམ་རྗེས་གཟུང་འཛིན་སྤོང་། །མཉམ་གཞག་ལས་ལངས་རྗེས་ཐོབ་རྒྱ་ཡན་པ། །ས་བདུན་ཚུན་ཆད་ཀུན་ན་ཡོད་པ་ཡིན། །ཞེས་པ་དེ་ཡང་ཐེག་པ་ཆེན་པོའི་ཡོན་ཏན་ཐམས་ཅད་བསྐྱེད་པའི་བསམ་གཏན་ནི་སྙིང་རྗེ་དང་ནི་ཡེ་ཤེས་དམ་པས་ཟིན་བཞིན་ཏིང་ངེ་འཛིན་མང་པོ་དང་ལྡན་ཞིང་རྣམ་པ་ཐམས་ཅད་བསྒྲུབ་པ་དང་། བློ་རྫས་གཅིག་པའི་མཉམ་གཞག་དང་རྗེས་ཐོབ་གཉིས་སུ་བཟུང་བ་དང་འཛིན་པ་སྤོང་ཞིང་མཉམ་གཞག་ལས་ལངས་ཚེ་རྗེས་ཐོབ་རྒྱ་ཡན་པ་སྟེ་དྲན་ཡེངས་ཀྱི་དབྱེ་བ་ས་བདུན་ཚུན་ཆད་ཀུན་ན་ཡོད་པར་བསྟན་ཏོ། །དེ་ཡང་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་ཞི་ལྷག་ཟུང་འབྲེལ་གྱིས་བསྡུས་ཕྱིར་ཞི་གནས་བརྟན་པར་མ་གྱུར་པའི་ལྷག་མཐོང་ནི་རླུང་གསེབ་ཀྱི་མར་མེ་ལྟ་བུ་དང་། ལྷག་མཐོང་མེད་པའི་ཞི་གནས་རྐྱང་པས་སྒྲིབ་པ་མཐའ་དག་གཅོད་མི་ནུས་ཤིང་བསམ་གཏན་བཞི་དང་གཟུགས་མེད་ཀྱི་ཞི་གནས་ཀྱིས་སྲིད་རྩེར་འཁོར་བ་བཞིན་ནོ། །དེ་ལ་ཞི་གནས་རྣམ་རྟོག་གི་རླུང་གིས་སེམས་གཡོ་བ་འགགས་པར་བྱེད་ལ། ལྷག་མཐོང་གིས་ནི་རྨོངས་པ་དང་འཇིགས་ཚོགས་ལ་བལྟ་བ་སོགས་ཕས་རྒོལ་གྱི་ལྟ་ངན་པ་རྣམས་གནོན་པར་བྱེད་ཅིང་གྲུབ་མཐའ་ངན་པ་དང་ལུང་མ་བསྟན་གྱིས་བརྫི་བར་མི་ནུས་སོ། །དེ་ཡང་ཉན་ཐོས་རྣམས་ནི་ཏིང་ངེ་འཛིན་ཤས་ཆེ་ལ་ཤེས་རབ་ཆུང་ངོ་། །བྱང་ཆུབ་སེམས་དཔའ་ནི་དེ་ལས་ལྡོག་ཅིང་སངས་རྒྱས་ནི་གཉིས་ཀ་ཆ་མཉམ་པ་ལས་ཐམས་ཅད་གཟིགས་སོ། །དེ་བས་ན་ཤིན་ཏུ་མཉམ་པར་བཞག་ཚེ་ཆོས་རྣམས་མཁའ་དབྱིངས་ལྟར་འོད་གསལ་ལ་གོ་འབྱེད་པའི་ཆ་དེ་ལྷག་མཐོང་སྐྱོན་མེད་ཡིན་ལ། རྣམ་པ་དུ་མའི་དམིགས་པ་ཅན་སེམས་ཀྱི་རྣམ་གཡེང་ངན་པའི་རྟོག་དཔྱོད་རྣོན་པོ་ནི་སོ་སོར་རྟོག་པའི་ཤེས་རབ་མ་ཡིན་ནོ། །དེ་ལ་གཉིས་ཆོས་ཐམས་ཅད་ཀྱི་དབུས་དང་དབུས་ཙམ་དུའང་མི་འཛིན་པའི་ཤེས་རབ་ཟབ་མོ་དང་དེའི་རྩལ་ལས་འགྲོ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ནི་ཐབས་སོ། །དེ་ཡང་མཉམ་གཞག་ཏུ་བསམ་གཏན་གྱི་ངོ་བོ་ཞི་གནས་དང་། ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་གི་ཡེ་ཤེས་ཀྱིས་ཚོགས་བསྒྲུབ་པ་གཉིས་ཀའི་ཆིངས་སུ་བརྩོན་འགྲུས་ཀྱི་ཕ་རོལ་ཕྱིན་པ་བཅིངས་ན་བསམ་གཏན་དེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་བསྒྲུབ་པ་ཡིན་ཞེས་གསུངས་སོ། །དེ་ཉིད་ཀྱང་ཕར་ཕྱིན་དྲུག་དང་མ་བྲལ་བའོ། །ད་ནི་ཕར་ཕྱིན་ལྔ་ཀའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྩ་བ། ལྷག་པ་ཤེས་རབ་བསླབ་པའི་ངེས་འབྱེད་ནི། །ཏིང་ངེ་འཛིན་གྱི་སྦྱོར་བ་ལས་སྐྱེས་ཤིང་། །དངོས་དང་རྗེས་ལས་བྱུང་བའི་ཤེས་རབ་བམ། །ཐོས་དང་བསམ་པ་སྒོམ་པ་ལས་བྱུང་བའི། །ཤེས་རབ་གསུམ་གྱིས་ལྷག་མཐོང་ཡང་དག་འགྲུབ། །ཅེས་པ་ནི་དེ་ལ་ཆོས་མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱའི་དོན་མ་འཁྲུལ་པར་རབ་ཏུ་འབྱེད་པ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ངོ་བོ་ཡིན་ཞིང་། དེའི་ངེས་འབྱེད་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་སྟེ་བསམ་གཏན་ལས་སྐྱེས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཤེས་རབ་དངོས་སམ། དམན་པའི་ཤེས་རབ་དང་། ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བའི་ཤེས་རབ་གསུམ་གྱིས་ལྷག་མཐོང་ཡང་དག་པ་འགྲུབ་པའོ། །རྩ་བ། ཉོན་མོངས་ཚོགས་འཇོམས་ཆོས་དང་ཆོས་ཅན་ཤེས། །སྲིད་པའི་གྲོང་ལས་མྱ་ངན་མེད་པར་འདའ། །སྦྱིན་སོགས་རྣམ་པ་དྲུག་པོའང་གོང་ནས་གོང་། །ཁྱད་ཞུགས་ཤེས་རབ་ཕ་རོལ་ཕྱིན་ལ་བརྟེན། །ཞེས་པ་ནི་འདི་ལྟར་ཤེས་རབ་གསུམ་གྱིས་དོན་ལ་བརྩོན་པ་དེས་ཉོན་མོངས་པ་རྣམས་དངོས་དང་རྒྱུད་ནས་འཇོམས་པར་བྱེད་ཅིང་ཆོས་ཉིད་ཟབ་མོ་དང་ཆོས་ཅན་འཁྲུལ་ངོར་སྣང་བ་ཡོངས་ཀྱི་གནས་ལུགས་ཀྱང་ཤེས་ལ། དེ་ལྟར་ཤེས་པས་སྲིད་པའི་གྲོང་མྱ་ངན་གྱིས་ནོན་པ་དག་ལའང་དུབ་ཁ་མེད་པར་ཡོངས་སུ་འདའ་ཞིང་སྦྱིན་པ་ལ་སོགས་ཕར་ཕྱིན་རྣམ་པ་དྲུག་པོའང་གོང་ནས་གོང་དུ་ཁྱད་ཞུགས་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འཕགས་ཆོས་ལ་བརྟེན་ནས་འབྲས་བུ་ཐོབ་པ་ཡིན་ནོ། །མདོར་ན་རྒྱུ་འབྲས་བསླུ་མེད་ལ་ངེས་པ་རྙེད་པ་དང་ཆོས་དང་ཆོས་མིན་འབྱེད་པ་དང་། སྟོན་པ་དང་བསྟན་པའི་ཡོན་ཏན་ལ་ངེས་ཤེས་སྐྱེ་བ་དང་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་རག་ལས་པ་དང་། འཇིག་རྟེན་གྱི་སྤྱོད་པ་དང་མཐར་ཐུག་ལ་སྐྱོ་བར་འགྱུར་བ་རྟེན་ཅིང་འབྲེལ་འབྱུང་ལ་ངེས་པ་བརྟན་པ་དང་། ཐེག་པ་གོང་འོག་དང་བདེན་གཉིས་དང་དྲང་ངེས་གཉིས་མདོ་སྔགས་གཉིས་ཀྱི་གནང་བཀག་ལ་གང་ཟག་གཞན་ལ་འགལ་ཡང་ཤེས་རབ་ཅན་ལ་མི་འགལ་བ་སོགས་འཕགས་ཆོས་མང་ངོ་། །སྔོན་གྱི་སྦྱིན་འབྲས་ལས་རྒྱལ་པོ་སོགས་ཀྱི་གནས་ཐོབ་ཀྱང་ཤེས་རབ་མེད་ན་མྱུར་དུ་ཉམས་དམའ་བར་འགྱུར་རོ། །རྩ་བ། དེའང་འདི་ན་སོ་སོའི་སྐྱེ་བོའི་སར། །ཐོས་པ་ལས་བྱུང་ཤེས་རབ་མ་བསྟེན་ན། །བསམ་དང་བསྒོམ་པའི་ཡོན་ཏན་གནས་མིན་འཁྱམས། །ཐོས་པའི་ཤེས་རབ་ཀུན་གྱི་རྒྱུ་རུ་གསུངས། །ཞེས་པ་ནི་དེ་ལ་གང་ཟག་གང་གི་རྒྱུད་འཕགས་པ་ཡིན་ན་སྔོན་གོམས་སྟོབས་ཀྱིས་ཐོས་བསམ་གྱི་དོན་ཤེས་སླ་སྲིད་ཀྱང་སོ་སོ་ཡང་དག་རིག་པ་བཞི་མ་ཐོབ་བར་བརྩོན་པ་གལ་ཆེའོ། །དེའང་འདི་ན་སོ་སོའི་སྐྱེ་བོ་ནི་སེམས་ཉོན་མོངས་པ་ཅན་ཡིན་ན་དེ་ལྟའི་དམན་སར་གནས་སྐབས་ཐོས་པ་ལས་བྱུང་བའི་ཤེས་རབ་མ་བསྟེན་ན་བསམ་པ་དང་བསྒོམ་པའི་ཤེས་རབ་གནས་མིན་དུ་འཁྱམས་པ་ནི་བྱིས་པ་ཤེད་མ་བྱེད་པས་མི་ཆེན་གྱི་ལད་མོ་བྱས་པ་དང་འདྲ་བས་ཐོས་པའི་ཤེས་རབ་ཀུན་གྱི་རྒྱུ་རུ་གསུངས་བཞིན་འབད་པར་བྱའོ། །དེའི་ཕྱིར་ན་བསྟན་ལ་མ་དད་པ་རྣམས་ཚར་གཅད་ཕྱིར་སྒྲ་དང་གཏན་ཚིགས་རིག་པ་དང་། དད་པ་ཅན་རྣམས་རྗེས་སུ་བཟུང་ཕྱིར་བཟོ་དང་གསོ་བ་རིག་པ་དང་རང་ཉིད་ཀྱིས་ཀུན་ཤེས་པར་བྱ་ཕྱིར་ནང་རིག་པ་འཚོལ་བ་རྣམས་ཡིན་ལ་དེ་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་དུ་ཡིན་ན་དེར་འཐུས་མོད་ཀྱི་དོན་ལ་བདག་མེད་པའི་དེ་ཁོ་ན་ཉིད་སྤྱི་དང་མངོན་གྱུར་གྱི་སྒོ་ནས་མ་ནོར་བར་སྟོན་ཕྱིར་དྲང་ངེས་གཉིས་ཀྱི་རྣམ་བཞག་ནི། རྩ་བ། གཞལ་བྱའི་ཆོས་ལ་འཇལ་བྱེད་ཤེས་རབ་ཀྱིས། །དྲང་ངེས་གཉིས་དང་ལྡེམ་དགོངས་རྣམ་བཞིར་གཞལ། །ཆོས་རྣམས་ཀུན་གྱི་ངོ་བོ་དེ་བཞིན་ཉིད། །རྣམ་ཐར་གསུམ་དུ་གནས་པ་ངེས་དོན་ཡིན། །ཆོས་ཅན་སྣང་ཚོད་ལམ་ལ་འཇུག་པའི་ཕྱིར། །རིགས་པས་གཞལ་ནས་སྒྲོ་བཏགས་དྲང་བའི་ལམ། །གཉིས་པོ་དྲང་དོན་གང་ལ་རྟོན་མི་རྟོན། །ཤེས་དེ་གསུང་རབ་བལྟ་བའི་ལྡེ་མིག་ཡིན། །ཞེས་པ་ནི་དེ་ལ་གཞལ་བྱའི་ཆོས་ནི་འཁོར་འདས་སུ་འཛིན་པའི་ཀུན་རྫོབ་ཀྱི་ཡུལ་དུ་གྱུར་པ་རྣམས་ཡིན་ལ་དེ་ཉིད་ཤེས་བྱེད་དམ་འཇལ་བྱེད་ཤེས་རབ་ཀྱིས་ཇི་ལྟར་གཞལ་ན། དྲང་ངེས་གཉིས་དང་ལྡེམ་དགོངས་གཉིས་ཏེ་རྣམ་པ་བཞིར་གཞལ་བ་ལ་ཆོས་རྣམས་ཀུན་གྱི་དབྱིངས་སམ་ངོ་བོ་དེ་བཞིན་ཉིད་ཡིན་ལ་དེའི་གནས་ལུགས་ནི་རྣམ་ཐར་སྒོ་གསུམ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ། །ཚུལ་དེ་ལྟར་དུ་གནས་པ་དེ་ལ་ངེས་དོན་ཞེས་དངོས་པོ་དང་མཚན་མ་མེད་པ་ལ་ཐ་སྙད་ཙམ་དུ་དེ་ལྟར་བཏགས་པའོ། །དེ་ཡང་ཆོས་ཅན་ཞེས་འཁྲུལ་ངོར་སྣང་ཚོད་ཀྱི་ལམ་དུ་འཇུག་པའི་ཕྱིར་རིགས་པས་གཞལ་ནས་སྒྲོ་བཏགས་པ་ཙམ་ལས་དོན་ལ་རེག་མ་ནུས་པ་གང་ཡིན་པ་དེ་ནི་དྲང་བའི་ལམ་མོ། །དེ་གཉིས་པོས་དྲང་ངེས་གང་ལ་རྟོན་མ་རྟོན་ཞེས་ཕལ་སྐད་དུ་གང་ལ་དོན་མི་དོན་ཤེས་པ། དེ་ནི་གསུང་རབ་ཐམས་ཅད་ལ་བལྟ་བའི་ལྡེ་མིག་ཡིན་ཞེས་སྟངས་བཅད་པའོ། །དེ་ཡང་མདོ་སྡེ་གང་དག་ལམ་ལ་འཇུག་ཕྱིར་བསྟན་པ་ཐམས་ཅད་དྲང་དོན་དང་། འབྲས་བུ་ལ་འཇུག་ཕྱིར་བསྟན་པ་ཐམས་ཅད་ངེས་དོན་ཞེས་བྱའོ། །དེ་ཡང་ཞིབ་ཏུ་དབྱེ་ན་དོན་ལ་རྟོན་གྱིས་ཚིག་ལ་མི་རྟོན་པ་དང་། ཡེ་ཤེས་ལ་རྟོན་གྱིས་རྣམ་ཤེས་ལ་མི་རྟོན་པ་དང་། ངེས་དོན་ལ་རྟོན་གྱིས་དྲང་དོན་ལ་མི་རྟོན་པ་དང་། ཆོས་ཉིད་ལ་རྟོན་གྱིས་གང་ཟག་ལ་མི་རྟོན་པའོ། །དེ་ལ་ཚིག་ནི་འཇིག་རྟེན་པའི་ཆོས་རྣམས་དང་དོན་ནི་དེ་ལས་འདས་པའོ། །རྣམ་ཤེས་ནི་གཟུགས་དང་འདུ་ཤེས་འདུ་བྱེད་རྣམས་ལ་ཉེ་བར་འགྲོ་ཞིང་གནས་པའོ། །ཡེ་ཤེས་ནི་གཟུགས་ཚོར་འདུ་ཤེས་འདུ་བྱེད་བཞི་ལ་གནས་པའི་རྣམ་ཤེས་ཀྱི་ཕུང་པོ་ཡོངས་སུ་ཤེས་པའོ། །མདོར་ན་གཤིས་ཀྱི་གནས་ལུགས་གཙོ་བོར་སྟོན་པ་རྣམས་ལ་ངེས་དོན་གྱི་མདོ་སྡེ་དང་། གཤིས་ལ་འཇུག་ཐབས་ཀྱི་ལམ་བསྟན་པ་རྣམས་ལ་དྲང་དོན་གྱི་ཆོས་ཞེས་པའོ། །རྩ་བ། དེ་དག་རང་བཞིན་གསལ་བར་བྱ་བ་དང་། །དོན་གྱི་དགོངས་པ་རྟོགས་པར་བྱ་བའི་ཕྱིར། །དགོངས་ལྡེམ་གཉིས་བཤད་དང་པོ་དགོངས་པ་ནི། །ཅུང་ཟད་སྒྲོ་བཏགས་བཤད་དུ་ཡང་ཡོད་ལ། །གདུལ་བྱའི་ཡུལ་རྣམས་རེ་ཞིག་ཁ་དྲང་བ། །གཅིག་པུའི་སླད་དུའང་མ་ཡིན་དགོས་ཆེད་དང་། །བཅས་ནས་དགོངས་པ་རྣམ་བཞིར་སྟོན་པ་སྟེ། །ཞེས་པ་ནི་དེ་དག་སྟེ་གོང་དུ་བཤད་པ་རྣམས་ཀྱི་རང་བཞིན་གསལ་བར་བྱ་བ་དང་དོན་གྱི་དགོངས་པ་རྟོགས་པར་བྱ་བའི་ཕྱིར་དགོངས་པ་ཅན་དང་ལྡེམ་པོར་དགོངས་པ་གཉིས་བཤད་པའི་དང་པོ་དགོངས་པ་ཅན་ནི་སྤྱིར་དམིགས་པའི་དོན་གཅིག་ཡིད་ཡུལ་དུ་བཞག་ཀྱང་ཕྱིར་མི་མངོན་པར་བྱེད་པ་ལྟ་བུ་ཡིན་ནའང་། དེ་ལ་ཅུང་ཟད་སྒྲོ་བཏགས་ནས་བཤད་དུ་ཡང་ཡོད་ལ་ཞེས་པ་ནི་ཡིད་ལ་བཞག་པའི་གནད་དེ་ལ་སྦས་པར་མངོན་སུམ་དུ་བསྟན་པ་མ་ཡིན་ཀྱང་ཟུར་ཙམ་བསྟན་ནས་གནད་གབ་པ་ལྟ་བུའོ། །དེ་ཡང་གདུལ་བྱའི་ཡུལ་ཞེས་གཞན་རྣམས་རེ་ཞིག་སྟེ་འཕྲལ་དུ་ཁ་དྲང་བ་གཅིག་པུའི་སླད་དུའང་མ་ཡིན་ཞིང་དགོས་ཆེད་ཁྱད་པར་བ་དང་བཅས་ནས་དགོངས་པ་རྣམ་པ་བཞིར་སྟོན་པ་སྟེ། རྩ་བ། མཉམ་པ་ཉིད་དགོངས་འགལ་བའང་གཅིག་ཏུ་བསྟན། །དོན་གཞན་ལ་དགོངས་དཔྱད་ན་མ་གྲུབ་བསྟན། །དུས་གཞན་ལ་དགོངས་འབད་མེད་འཚང་རྒྱ་བསྟན། །གང་ཟག་ལ་དགོངས་དེ་དེའི་མཆོག་འཛིན་སྨད། །ཅེས་པ་ནི་དེ་ཡང་མཉམ་པ་ཉིད་ལ་དགོངས་པ་སྟེ་ཚུར་མཐོང་སྣང་ངོར་འཁོར་འདས་དང་། བཟང་ངན་སོགས་གཉིས་འཛིན་གྱི་ཡུལ་དང་ཡུལ་ཅན་དུ་གྱུར་པའི་འགལ་ཆོས་རྣམས་ཀྱང་དོན་དམ་རྟོགས་པའི་རྣལ་འབྱོར་པས་འགལ་མིན་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བར་རོ་གཅིག་ཏུ་བསྟན་པའོ། །དོན་གཞན་ལ་དགོངས་པ་ནི། ཀུན་བརྟགས་མཚན་ཉིད་ངོ་བོ་ཉིད་མེད་དེ་ངེས་དོན་དུ་མ་གྲུབ་པ་དང་། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་དེ་མུ་བཞི་ལས་སྐྱེ་བ་མ་གྲུབ་ཅིང་། ཡོངས་གྲུབ་ནི་དོན་དམ་པའི་ངོ་བོ་ཉིད་མེད་དེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དུས་གཞན་ལ་དགོངས་པ་ནི། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་བསྟོན་ནམ་ཀློག་ན་ཡང་། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །ཅེས་པས་མཚོན་རྒྱུ་རྐྱེན་གཞན་ལ་མི་ལྟོས་པར་བྱང་ཆུབ་ལ་རེག་པར་མི་འགྱུར་ཡང་སྔོན་དུ་དགེ་ཚོགས་མང་དུ་སོང་བ་ཞིག་ནམ་ཞིག་འཚང་རྒྱ་བའི་གྲུའི་ཁ་ལོ་པ་ལྟ་བུར་འགྱུར་བ་ལ་དགོངས་པའི་ཕྱིར་རོ། །གང་ཟག་ལ་དགོངས་པ་ནི། གང་ཟག་སོ་སོའི་རང་ཉམས་སུ་མྱོང་བའི་ཕར་ཕྱིན་དྲུག་གམ་གཞན་ཡང་དམིགས་བཅས་དང་དམིགས་མེད་དུ་རློམས་པའི་ཆོས་གང་ལ་ཡང་མཆོག་འཛིན་བྱེད་པ་དག་སྨོད་པའི་དོན་ཡང་། མདོ་ལས་ཕར་ཕྱིན་དྲུག་ལ་མངོན་པར་ཞེན་པ་ཡང་བདུད་ཀྱི་ལས་སོ། །ཞེས་གསུངས་པ་བཞིན་ནོ། །རྩ་བ། ལྡེམ་པོར་དགོངས་པ་གདུལ་བྱ་གང་ཞིག་གི། །བློ་ལ་མི་ཆུད་ཡིད་གཉིས་གནས་ཐོབ་རྣམས། །དེ་ཉིད་དགའ་བའི་མིང་དང་ཆ་ལྡན་གྱི། །རྣམ་པར་ཀྱོག་ནས་ཡང་དག་ལམ་གཟུད་ཕྱིར། །ཚིག་མཐུན་དོན་མི་མཐུན་པར་བཤད་པ་སྟེ། །ཞེས་པ་ནི་དེ་ལ་ལྡེམ་པོར་དགོངས་པ་ནི་གདུལ་བྱ་གང་ཡང་རུང་བ་ཞིག་འདུལ་བའི་སྐབས་སུ་བབས་པ་ན་དེ་ཉིད་རིགས་དམན་པར་གྱུར་ནས་ཐེག་ཆེན་ཕར་ཕྱིན་ནམ་སྔགས་ལ་སོགས་པ་བློ་ལ་མི་ཆུད་ཅིང་ཡིད་གཉིས་ཀྱི་གནས་སུ་གྱུར་ནས་དམན་སེམས་ཐོབ་པ་རྣམས་ཀྱང་དེ་ཉིད་དགའ་བའི་མིང་ཐེག་དམན་དང་ཆ་ལྡན་གྱི་རྣམ་པར་ཀྱོག་ནས་ཡང་དག་པའི་ལམ་དུ་གཟུད་ཕྱིར་ཚིག་རྒྱུའི་ཐེག་པ་དང་མཐུན་པར་བཅོས་ནས་དོན་ཐེག་ཆེན་རྣམ་གཉིས་དང་མཐུན་པར་བཤད་པས་ཚིག་མཐུན་དོན་མི་མཐུན་པ་འབྱུང་སྟེ་འདི་ལྟར། སྔོན་རྒྱལ་པོ་མ་སྐྱེས་དགྲས་རང་གི་ཡབ་རྒྱལ་པོ་གཟུགས་ཅན་སྙིང་པོ་བསད་པ་སོགས་མཚམས་མེད་ཀྱི་ལས་བྱས་པ་ལ་དུས་རེ་ཞིག་གི་ཚེ་རྒྱལ་པོ་འགྱོད་པ་སྐྱེས་ནས་རང་གི་ཁྱིམ་ན་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཆེན་པོ་དག་ལྷུང་བཟེད་དང་ལག་པ་བཀྲུ་བ་རིགས་ནས། རྒྱལ་པོ་ཆོས་ཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་མདུན་དུ་འདུག་སྟེ་འཇམ་དཔལ་བདག་གི་འགྱོད་པ་བསལ་དུ་གསོལ་ཞེས་ཞུས་པས། འཇམ་དཔལ་གྱིས་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འགྱོད་པ་ནི་སངས་རྒྱས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་བསལ་བར་མི་ནུས་སོ། །ཞེས་གསུངས་པས། རྒྱལ་པོ་སྐྱབས་མ་རྙེད་ནས་ས་ལ་འགྱེལ་བར་འགྱུར་རོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་རྒྱལ་པོ་ལ་ནི་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་འཕགས་པ་འཇམ་དཔལ་ནི་ལྡེམ་པོ་ངག་ཏུ་སྟོན་པ་ལ་མཁས་ཀྱིས། མ་འཇིགས་མ་སྐྲག་པར་དོན་འདི་ཅི་ལ་དགོངས་ཏེ་གསུངས་ཞེས་དྲིས་དང་གདོད་འགྱོད་པ་བསལ་བའི་ཐབས་སྟོན་ཏོ། །ཞེས་པ་ལྟ་བུའོ། །རྩ་བ། དབྱེ་ན་ཞུགས་པ་མཚན་ཉིད་གཉེན་པོ་བསྒྱུར། །ཞུགས་པ་ལྡེམ་དགོངས་གང་ཞིག་ཉན་ཐོས་དག །སྟོང་པས་སྐྲག་ནས་ཐེག་ཆེན་སྤོང་བ་ལ། །གཟུགས་ཡོད་སྨོས་པས་གྲུབ་པར་གོ་ནས་འཇུག །སྣང་ཚོད་རྨི་ལམ་ལྟ་བུར་དགོངས་པའོ། །མཚན་ཉིད་ལྡེམ་དགོངས་ངོ་བོ་ཉིད་མེད་དོན། །ཤེས་པའི་དོན་དུ་རིམ་བཞིན་ཀུན་བརྟགས་དང་། །གཞན་དབང་ཡོངས་གྲུབ་རྣམ་པ་གསུམ་དག་ལས། །དང་པོར་མཚན་ཉིད་ངོ་བོ་ཉིད་མེད་དང་། །གཉིས་པར་སྐྱེ་བ་ངོ་བོ་ཉིད་མེད་དང་། །གསུམ་པར་དོན་དམ་ངོ་བོ་ཉིད་མེད་པས། །ཆོས་རྣམས་བརྗོད་པ་ཟབ་པ་དག་ཏུ་སྟོན། །གཉེན་པོ་ལྡེམ་དགོངས་གཞན་གྱི་ལོག་རྟོག་ལྡོག །སྐུ་ཚེ་རིགས་དང་སྐུ་བོང་ཚད་ཀྱིས་མིན། །སངས་རྒྱས་ཐམས་ཅད་གཟུགས་སྐུ་ཆོས་སྐུར་མཉམ། །ཚོགས་ཀྱི་ཡུལ་ལའང་མཉམ་པ་ལྟ་བུར་དགོངས། །བསྒྱུར་བ་ལྡེམ་དགོངས་གསད་བྱ་མ་ཡིན་པའི། །ཕ་མ་གསད་དང་དེ་བཞིན་བཅོམ་བྱ་མིན། །རྒྱལ་པོ་དང་ནི་གཙང་སྦྲ་ཅན་གཉིས་བཅོམ། །སྲེད་ལེན་ཀུན་གཞི་སོགས་ལ་བཏགས་པའི་དོན། །རྣལ་མར་བཟུང་ན་ནོར་བ་ཆེན་པོའོ། །ཞེས་པ་ནི་དེ་ལ་ཞུགས་པ་ལྡེམ་དགོངས་ནི། ཉན་ཐོས་པ་དག་ཆོས་ཀྱི་བདག་མེད་ཐོས་པས་སྐྲག་པ་ཡོད་དེ། སྔོན་ཇོ་བོ་རྗེ་བོད་ན་བཞུགས་དུས་འཕགས་ཡུལ་གྱི་དགེ་སློང་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་ག ཉིས་ཆོས་ཞུར་བྱུང་ཚེ་ཇོ་བོས་གང་ཟག་གི་བདག་མེད་གསུངས་ཚེ་དེ་གཉིས་དད་ཆོས་ཀྱི་བདག་མེད་གསུངས་ཚེ་དེ་སྐད་མི་གསུང་བར་ཞུ་ཞེས་དང་འཇིགས་འཇིགས་ཟེར་བ་དང་། ཤེར་སྙིང་གསུངས་ཚེ་རྣ་བ་དགབ་པར་ཇོ་བོས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མེད་ན་བསྲུང་སྡོམ་གཅིག་པོས་གང་ལ་ཡང་མི་ཕྱིན་ཞེས་གསུངས། དེ་ལྟ་བུའི་གང་ཟག་ཐེག་ཆེན་ལ་གཞུག་པའི་དོན་དུ་མདོ་ལས། རབ་འབྱོར་གཟུགས་ནི་མཚན་མའོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་གཟུགས་ཡོད་ཅེས་སྨོས་པས་ཉན་པ་པོ་སྐྲག་པ་མི་སྐྱེ་ཞིང་འཆད་པ་པོས་སྣང་ཚོད་ལ་རྨི་ལམ་ལྟར་ཡོད་པ་ལ་དགོངས་པའོ། །མཚན་ཉིད་ལྡེམ་པོར་དགོངས་པ་ནི། ངོ་བོ་ཉིད་མེད་པ་སྟེ་ཀུན་བརྟགས་ལ་མཚན་ཉིད་དང་། གཞན་དབང་ལ་སྐྱེ་བ་དང་། ཡོངས་གྲུབ་ལ་དོན་དམ་ངོ་བོ་ཉིད་མེད་པར་གསུངས་པས་ཆོས་རྣམས་བརྗོད་པ་ཟབ་པར་བསྟན་པའོ། །གཉེན་པོ་ལྡེམ་དགོངས་ནི། སངས་རྒྱས་སྟོང་རྩའི་ནང་ནས་ཤཱཀྱ་ཐུབ་པ་ནི་སྐུ་གཟུགས་ཆུང་ཞིང་འོད་འདོམ་གང་བ་འདུས་པ་ཉུང་བ་སྐུ་ཚེ་ཐུང་བ་ལ་སོགས་པས་སངས་རྒྱས་གཞན་ལས་མ་དམན་པ་ཞིག་གོ་སྙམ་པའི་ལོག་རྟོག་ལྡོག་པ་ལ་དགོངས་ཏེ་རྣམ་སྣང་གངས་ཆེན་མཚོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཚུལ་བཤད་ནས་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་གཞི་བདག་ཉིད་ཡིན་པར་ཞལ་གྱིས་བཞེས་པ་ལྟ་བུ་སྟེ། ཉན་པ་པོས་གཟུགས་སྐུའི་རང་བཞིན་གཅིག་ཏུ་མཉམ་པར་གོ་ཞིང་འཆད་པ་པོས་རང་དོན་དུ་ཚོགས་རྫོགས་པ་དང་ཆོས་སྐུ་ཐུབ་པར་མཉམ། གཞན་དོན་དུ་འགྲོ་དོན་མཛད་པར་དུས་མཉམ་པ་གསུམ་ལ་དགོངས་སོ། །བསྒྱུར་བ་ལྡེམ་པོར་དགོངས་པ་ནི། དགེ་སྦྱོང་གོ་བོ་ཏ་མ་ནི་མ་བསྐུལ་ཡང་ཆོས་འཆད་དོ་ཟེར་བའི་དཔྱ་བ་བསལ་བ་དང་། ལོ་དྲུག་དཀའ་སྤྱད་ཁོ་ནས་ཁྱད་པར་ཐོབ་ན་དེ་ཉིད་གཏིང་དཔག་ཆུང་ངོ་སྙམ་པ་བསལ་བའི་ཕྱིར། ཟབ་མོ་ཆགས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་ཏེ། །བདག་ཉིད་གཅིག་པུ་ནགས་སུ་བསྒོམ་པར་བྱ། །ཞེས་གསུངས་ནས་ཆོས་ཉིད་དེ་ཤིན་ཏུ་རྟོགས་པར་དཀའ་བ་སྟོན་པ་ལྟ་བུ་དང་། ཁྱད་པར་དོན་ཚིག་གཉིས་འགལ་བར་བསྒྱུར་ནས་གསུངས་པའི་ཚུལ། ངས་མེ་ཏོག་ཟླ་མཛེས་བསད་དེ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཚོམས་ལས་ཀྱང་། ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་སྐོར་བཅས་བཅོམ་པ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་ལྟ་བུ་འདི་ལྟར་འཁོར་བར་འདུ་བྱེད་པའི་རྩ་བ་སྲེད་པ་ནི་ཕ་དང་། ལེན་པ་ནི་མའོ། །ཀུན་གཞི་ནི་བག་ཆགས་སྣ་ཚོགས་པའི་རྟེན་དུ་གྱུར་པའི་རྒྱལ་པོ་དང་བྲམ་ཟེ་འཇིགས་ཚོགས་ལ་བལྟ་བ། དགེ་སྦྱོང་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་འཛིན་གྱི་བལྟ་བའི་གཙང་སྦྲ་ཅན་གཉིས་སོ། །ནང་གི་སྐྱེ་མཆེད་གཟུང་འཛིན་གྱིས་བསྡུས་པའི་རྣམ་ཤེས་ཚོགས་བརྒྱད་ནི་ཡུལ་འཁོར་ཏེ་དེ་དག་བཅོམ་པའི་ཐ་སྙད་ཀྱིས་རང་རྒྱུད་ལ་མི་གནས་པར་དག་པའི་ཚེ་འཚང་རྒྱ་བ་ལ་སྦྱར་བ་དངོས་བསྟན་དུ་འཁྲུལ་ན་ནོར་བ་ཆེན་པོའོ། །དེ་ཡང་ཞུགས་པ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་དང་། གཉེན་པོ་དང་། བསྒྱུར་བ་ལྡེམ་དགོངས་བཞིའི་གྲངས་སུ་བསྡུའོ། །རྩ་བ། མདོར་ན་དགོངས་དང་ལྡེམ་པོའི་ཁྱད་པར་ནི། །དགོངས་པ་ཡིད་ལ་རྣམ་པར་བཞག་པ་ཙམ། །ཡིན་གྱིས་ཕ་རོལ་བཟུང་ལ་ལྟོས་པ་མིན། །ལྡེམ་པོར་དགོངས་པ་ཕ་རོལ་བཟུང་བ་ལ། །ལྟོས་པའི་རྣམ་འབྱེད་གསུང་རབ་བལྟ་བའི་མིག །ཅེས་པ་ནི་དེ་ལ་དགོངས་པ་ནི་ཡིད་ལ་རྣམ་པར་བཞག་པ་ཙམ་ཡིན་གྱི་ཕ་རོལ་བཟུང་བ་ལ་ལྟོས་པ་མ་ཡིན་ཞིང་ལྡེམ་དགོངས་ནི་ཕ་རོལ་བཟུང་བ་ལ་ལྟོས་པའི་རྣམ་འབྱེད་ནི་གསུང་རབ་བལྟ་བའི་མིག་ཡིན་ཞེས་པའོ། །དེ་ཡང་གདུལ་བྱའི་སྣོད་དང་སྦྱར་ནས་འབྱུང་བའི་ཚུལ་ཁོང་དུ་ཆུད་པའི་བློ་ཆེན་རྣམས་ལ་འགལ་བ་འདུ་བ་མ་ཡིན་ནོ། །རྩ་བ། གཞལ་བྱའི་ངོས་ནས་རྒྱལ་བས་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་མཐའ་དག་དོན། །འཇིག་རྟེན་ཀུན་རྫོབ་པ་དང་དོན་དམ་སྟེ། །བདེན་པ་གཉིས་ལས་གསུམ་པ་མ་མཆིས་སོ། །ཞེས་པ་ནི་དེ་ལ་གཞལ་བྱའམ་འཇལ་རྒྱུའི་ངོས་ནས་རྒྱལ་བས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་ཉོན་མོངས་པ་དུག་གསུམ་གདུལ་ཕྱིར་འདུལ་བ་དང་མདོ་སྡེ་དང་མངོན་པ་སྡེ་སྣོད་གསུམ་དང་། མངོན་རྟོགས་བསླབ་པ་གསུམ་མམ་གྲངས་རྒྱ་ཆེ་བའི་ངོས་ནས་གསུངས་པ་མཐའ་དག་སྣང་ལུགས་ཀུན་རྫོབ་དང་དོན་དམ་གཉིས་ལས་གཞན་པ་བདེན་པ་གསུམ་པ་མེད་དོ། །རྩ་བ། ཀུན་རྫོབ་པ་ལ་སྣང་ལུགས་རྣམ་པ་གཉིས། །འཁྲུལ་ཤེས་ངོ་ལ་སྣང་བ་ཇི་སྙེད་ཀྱི། །སྣང་ཚོད་ཉིད་དང་མཐུན་པར་དོན་བྱེད་རྣམས། །ཡང་དག་ཀུན་རྫོབ་ཉིད་དེ་སྣང་ནའང་། །དོན་མི་བྱེད་ལ་ལོག་པའི་ཀུན་རྫོབ་གྲགས། །ཞེས་པ་ནི་དེ་ལ་སེམས་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྐྱེད་པའི་འཁྲུལ་པའི་སྣང་ངོར་ཤར་བ་དང་དེ་ལ་འཛིན་པ་སྐྱེས་པ་དང་མདོར་ན་འཁྲུལ་པའི་ཤེས་པར་ཤར་བ་ཐམས་ཅད་ཀུན་རྫོབ་ཡིན་ཏེ། དེ་ལའང་སྣང་ལུགས་རྣམ་པ་གཉིས་ཏེ་འཁྲུལ་བའི་ཤེས་པའི་སྣང་བ་ཇི་སྙེད་ཅིག་ཡོད་པ་ཀུན་གྱི་སྣང་ཚོད་ཉིད་དང་མཐུན་པར་དོན་བྱེད་པ་རྣམས་ལ་ཡང་དག་ཀུན་རྫོབ་ཉིད་དེ་དཔེར་ན་དགེ་སྡིག་གཉིས་དངོས་སུ་སྤྱད་པས་འཕྲལ་ཕུགས་བདེ་སྡུག་གི་རྒྱུར་འགྱུར་བ་སོགས་དང་། དབང་ལྔའི་སྒོར་སྣང་ནའང་དོན་བྱེད་མི་ནུས་པ། ཆུ་ནང་དུ་ཤར་བའི་ཟླ་གཟུགས་དང་རི་མོའི་མར་མེས་མུན་པ་སེལ་མི་ནུས་པ་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་རི་མོར་བྲིས་པ་རྣ་བར་གྲགས་མ་ནུས་པ་དང་། བདུག་སྤོས་སྣ་ཚོགས་ཀྱི་གཟུགས་བརྙན་སྣང་ལ་བྲོ་མི་བཏུབ་པ་དང་། བཟའ་བཏུང་གི་སྣང་བརྙན་སྣ་ཚོགས་ལྕེ་ལ་མྱོང་མི་ནུས་པ་སོགས་ལ་ལོག་པའི་ཀུན་རྫོབ་ཅེས་གྲགས་སོ། །དེ་ལྟ་བུའི་ཀུན་རྫོབ་གཉིས་པོ་ལ་ཡང་དག་དང་ལོག་པའི་ཀུན་རྫོབ་གཉིས་སུ་གསུངས་ཀྱང་གཤིས་ཐོག་ནས་གཞལ་ན་སོ་སོ་མ་ཡིན་ཏེ། བག་ཆགས་དང་འཁྲུལ་ངོར་སྐྱེས་པ་མཉམ་པ་དང་དབང་ཡུལ་སོ་སོར་སྣང་བ་ཡང་མཉམ་གཞག་གི་རེ་ཞིག་འཁྲུལ་ངོར་སྣང་ཚེ་ཀུན་རྫོབ་གཉིས་པོ་མིག་ཤེས་ཀྱི་ཡུལ་དུ་ཡོད་ན་ཡོད་མཉམ་མེད་ན་མེད་མཉམ་དུ་གཅིག་པས་རང་བཞིན་གྱིས་མ་གྲུབ་པའོ། །ཁྱད་པར་འཕགས་པའི་ཡེ་ཤེས་ཐོབ་ཚེ་བདེན་ཞེན་དང་བཅས་པའི་previous hit སེམས་རྟོག་དང་སྣང་བ་ཐམས་ཅད་ལོག་པའི་ཀུན་རྫོབ་དང་། བདེན་ཞེན་མེད་པའི་འཆར next hit་སྒོ་དང་སྣང་བ་ཐམས་ཅད་ཡང་དག་ཀུན་རྫོབ་ཏུ་འཐད་དོ། །རྩ་བ། དོན་དམ་བདེན་པ་གཤིས་ཀྱི་བཞུགས་ཚུལ་ཏེ། །འཁོར་བ་དང་ནི་མྱ་ངན་འདས་པའི་ཆོས། །ངོ་བོ་གཉིས་མེད་གདོད་ནས་བསམ་བརྗོད་འདས། །རྟོགས་དང་མ་རྟོགས་བློ་ཡིས་མ་བཞག་གོ། །ཞེས་པ་ནི་དེ་ལ་དོན་དམ་བདེན་པ་ནི་ཀུན་གཞིའི་གཤིས་ཀྱི་གནས་ལུགས་རང་བཞིན་གྱི་ཞི་བ་སྤྲོས་པ་མེད་པ་གཅིག་པ་དང་ཐ་དད་པ་ལས་འདས་ཤིང་འཁོར་འདས་དང་ཆོས་སོ་ཅོག་གདོད་ནས་ངོ་བོ་ཉིད་མེད་པས་སོ་སོ་སྐྱེ་བོའི་རྟོགས་མ་རྟོགས་ཀྱི་བློས་བཞག་ཏུ་མེད་དོ། །དེ་ལྟར་བདེན་གཉིས་ནི་སེམས་ཅན་གྱི་དོན་དུ་ཐབས་ལ་མཁས་པའི་ཚུལ་དུ་གསུངས་པ་ཡིན་གྱི། དངོས་པོའི་ཆ་ནས་ཐ་དད་ཡོད་པ་མ་ཡིན་པའི་ཚུལ། རྩ་བ། བདེན་གཉིས་འདྲེས་པའི་སྣང་སྟོང་ཟུང་འཇུག་ནི། །རྫིང་བུར་ཞུགས་པའི་ཟླ་བའི་སྐྱེ་མཆེད་བཞིན། །སྣང་བའི་ཆ་ནས་ཀུན་རྫོབ་བདེན་པ་དང་། །རང་བཞིན་མ་གྲུབ་དོན་དམ་བདེན་པའོ། །ཞེས་པ་ནི་དེ་ལྟར་ཀུན་རྫོབ་ཀྱི་གནས་ལུགས་རྫིང་བུར་ཟླ་གཟུགས་ཤར་བ་ལྟར་མིག་ཤེས་ལ་སྣང་བ་ཀུན་རྫོབ་ཟོལ་ཟོག་ཏུ་གྲུབ་ཀྱང་། ཟླ་བ་དངོས་མ་ཡིན་པས་དོན་དམ་དུ་མཉམ་ཞིང་བདེན་གཉིས་འདྲེས་པའི་སྣང་བ་ཚོགས་དྲུག་གི་ཡུལ་དུ་གྱུར་པ་རྣམས་དང་སྟོང་པ་དེ་དག་གི་དབྱིངས་རང་བཞིན་གྱིས་སྟོང་པ་ནི་བཤད་མ་ཐག་པའི་རྫིང་བུར་ཞུགས་པའི་ཟླ་བའི་སྐྱེ་མཆེད་གསལ་བ་ལྟར་སྣང་བའི་ཆ་ནས་ཀུན་རྫོབ་བདེན་པ་དང་། རང་བཞིན་མ་གྲུབ་པ་ལ་དོན་དམ་བདེན་པ་ཞེས་ཟློས་ནས་འགྲེལ་ལོ། །རྩ་བ། ཡུལ་ལྔའི་ཤེས་པ་ཚོན་རིས་མ་འདྲེས་ལྟར། །གཟུགས་སོགས་འདོད་པའི་ལོངས་སྤྱོད་ཆ་བཟུང་བ། །དེ་ལ་དེར་འཛིན་དགག་བསྒྲུབ་བློ་རྟོག་གི། །འཁྲུལ་སྣང་སྒྱུ་མའི་དཔེ་བརྒྱད་ཉིད་དུ་བརྟག །ཅེས་པ་ནི་དེ་ལ་ཡུལ་ལྔ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་དེ་ལ་སེམས་ཞུགས་ནས་སོ་སོར་རྣམ་པར་རྟོག་ཅིང་དགག་བསྒྲུབ་ཀྱི་བློ་རྟོག་ཏུ་ཤར་བའི་འཁྲུལ་པའི་ཤེས་པ་འཇའ་ཚོན་གྱི་རི་མོ་མ་འདྲེས་པ་ལྟར་གཟུགས་སོགས་འདོད་པའི་ལོངས་སྤྱོད་ཀྱི་ཆ་བཟུང་བ། དེ་དག་ལ་དེར་འཛིན་གྱི་དགག་སྒྲུབ་དང་བློ་རྟོག་གི་ཆ་ཐམས་ཅད་འཁྲུལ་སྣང་སྒྱུ་མའི་དཔེ་བརྒྱད་ཉིད་དུ་བརྟག་ཅིང་གོམས་ཚེ་སྲིད་པའི་གྲོང་ལས་འདས་ཤིང་ཐར་པའི་ས་དང་ཉེ་བའོ། །རྩ་བ། མཐར་ཐུག་བློ་ཡིས་རྣམ་པར་དཔྱད་བཟོད་ན། །དོན་དམ་མ་ཡིན་བློ་ནི་ཀུན་རྫོབ་ཕྱིར། །གཅིག་དང་དུ་མར་འགལ་བའི་མཚན་ཉིད་རྣམས། །བློ་ཡི་ཡུལ་ན་ནམ་ཡང་གནས་མ་མྱོང་། །ཞེས་པ་ནི་དེ་ཡང་མཐར་ཐུག་སྟེ་དོན་དམ་བདེན་པ་དངོས་ནི་བློ་ཡིས་རྣམ་པར་དཔྱད་བཟོད་ན་བློས་བཏགས་པ་ཡིན་པས་དོན་དམ་མ་ཡིན་ཞིང་བློ་ནི་ཀུན་རྫོབ་འཁྲུལ་པའི་ཆ་ཡིན་པའི་ཕྱིར་དངོས་རྫས་གཅིག་ཀྱང་མེད་པར་ངེས་ན་དུ་མ་ཡོད་པ་ག་ལ་རིགས་ཏེ་ཐ་སྙད་ཐམས་ཅད་དང་འགལ་བའི་མཚན་ཉིད་རྣམས་ནི་གཏན་ལ་ངེས་པར་ཕབ་ཚེ། བློ་ཡི་ཡུལ་ན་ནམ་ཡང་གནས་མ་མྱོང་སྟེ་རྨི་ལམ་གྱི་གནས་གྲོགས་དང་མཚུངས་སོ། །རྩ་བ། རེ་ཞིག་གྲུབ་པའི་མཐའ་ཡི་རྣམ་བཞག་ནི། །ཤེས་པའི་དོན་དམ་བློ་ཡིས་དཔྱད་པ་དང་། །དངོས་པོའི་དོན་དམ་ཐོ་བས་བཅོམ་པ་ཡི། །རྡུལ་ཕྲན་ཆ་མེད་ཉན་ཐོས་སྡེ་པའི་ལུགས། །ཞེས་པ་ནི་དེ་ཡང་རེ་ཞིག་སྟེ་འཕྲལ་ཚིག་ཙམ་དུ་གྲུབ་པའི་མཐའ་ཡི་རྣམ་པར་བཞག་ན་ཉན་ཐོས་པ་ལ་བྱེ་མདོ་གཉིས་ལས། དང་པོ་ནི་རང་རིག་ཐ་སྙད་ཙམ་དུའང་ཁས་མི་ལེན་ཞིང་ལམ་ཐེག་དམན་དུ་ཞུགས་པ་ནི་བྱེ་བྲག་སྨྲ་བ་སྟེ། དེས་ནི་གཞིའི་ཆོས་ཤེས་པའི་དོན་དམ་ལ་བློ་ངོའི་དཔྱད་པ་ཞུགས་པ་དང་དངོས་པོའི་དོན་དམ་ཐོ་བས་བཅོམ་པ་སོགས་ཀྱིས་གནོད་མི་ནུས་ཏེ། ཤེས་པའི་རྒྱུན་དང་དངོས་པོའི་རགས་པ་ནི་ཀུན་རྫོབ་ཤེས་པའི་སྐད་ཅིག་མ་དང་། དངོས་པོའི་རྡུལ་ཕྲན་ཆ་མེད་པ་ནི་དོན་དམ་དུ་འདོད་ཅིང་འདི་ལྟར་དངོས་པོའི་རྣམ་པ་གསེར་དངུལ་ཟངས་ལྕགས་ས་རྡོ་སོགས་གཟུགས་དང་རྫས་ཀྱི་རྣམ་པ་གང་ཡང་རུང་བ་ཞིག་མ་ཉམས་པར་ཡོད་དུས་འདི་དང་འདིའོ་སྙམ་པའི་བློ་སྐྱེ་ཡང་། དངོས་རྫས་དེ་ཐོ་བ་དང་གཏུན་བུ་སོགས་ཀྱིས་བཅོམ་ནས་རྡུལ་ཕྲན་བྱས་ཚེ་དཔྱད་པའི་རྣམ་པ་དེ་མེད་པས་དེར་འཛིན་གྱི་བློ་རགས་པ་འགག་པར་འགྱུར་བ་ལ་དམིགས་པའོ། །དོན་དམ་བདེན་པ་ནི་རྡུལ་ཕྲན་ཕྲ་རབ་གཉེན་པོས་བཅོམ་པ་དང་རིགས་པས་གཞིག་སྟེ་བསལ་ཡང་ངར་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་རྣམས་ནི་དོན་དམ་པའི་དངོས་པོར་འདོད་དེ་མཚན་གཞི་རྡུལ་ཕྲན་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་དང་། འདུས་མ་བྱས་ཀྱི་ཆོས་རྣམས་སོ། །དེའང་ཀུན་རྫོབ་དང་བཏགས་ཡོད་གཅིག་ལ། དོན་དམ་དང་རྫས་ཡོད་གཅིག་ཏུ་འདོད་དོ། །གྲུབ་མཐའ་འདིས་ནི་མུ་སྟེགས་པ་རྣམས་འདོད་པའི་གང་ཟག་གི་བདག་བཀག་ནས་བདག་མེད་པར་ཁས་བླངས་ཤིང་། དུས་གསུམ་ཡང་རྫས་གྲུབ་དང་དངོས་པོར་འདོད་པས་མེད་པར་མི་འགྱུར་བ་སོགས་རགས་པ་ཡིན་ལ། ཁ་ཆེ་བྱེ་སྨྲ་ནི་མདོ་སྡེ་པ་དང་མཐུན་ཏེ་ལས་ཀྱི་རྒྱུན་ཁས་ལེན་པའི་ཁྱད་པར་རོ། །ལམ་གྱི་རྣམ་བཞག་ནི་བདེན་པ་བཞིའི་རྣམ་པ་མི་རྟག་པ་སོགས་བཅུ་དྲུག་པོ་ལ་དམིགས་ནས་ལམ་ལྔའི་རྣམ་བཞག་ཙམ་བྱེད་ཀྱང་། ས་བཅུའི་རྣམ་བཞག་ནི་མི་འདོད་དོ། །མདོར་ན། ཐེག་དམན་གྱི་བསམ་སྦྱོར་རྒྱུད་ལ་སྐྱེས་པ་ནི་ཐེག་དམན་པ་དང་། ཐེག་ཆེན་གྱི་བསམ་སྦྱོར་རྒྱུད་ལ་སྐྱེས་པ་ནི་ཐེག་ཆེན་པ་ཡིན་ཞིང་། དེ་གཉིས་གང་ཡང་རྒྱུད་ལ་མ་སྐྱེས་ན་དེ་གཉིས་གང་ཡང་མ་ཡིན་ནོ། །དེ་ཡང་ཐེག་དམན་བྱེ་བྲག་ཏུ་སྨྲ་བ་ནི། ཤེས་པ་སེམས་དང་སེམས་བྱུང་གཉིས། ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ལྔ་དེ་དག་གི་ཤེས་པ་ལྔ་དང་བཅུ་པོ་སྐྱེ་འཇིག་སོགས་ལྡན་མིན་འདུ་བྱེད་དེ། ནམ་མཁའ་དང་འགོག་པ་རྣམ་གཉིས་ཏེ་འདུས་མ་བྱས་གསུམ་དང་། འདས་པ་དང་མ་འོངས་ཀྱི་དངོས་པོ་རྣམས་རང་རང་སོ་སོ་རྫས་གྲུབ་ཏུ་འདོད་ཅིང་། བདེན་གྲུབ་ཀྱི་ཆ་རེ་ཡང་ཡོད་པར་འདོད་ལ་རིག་པའི་དངོས་པོ་དང་རྒྱུན་གྱི་དངོས་པོ་སོགས་ནི་བདེན་མེད་དུ་འདོད་ཅིང་། འདིའི་ནང་ཚན་ཁ་ཆེ་བྱེ་བྲག་སྨྲ་བ་སོགས་འདུས་བྱས་སྐད་ཅིག་གིས་འཇིག་པ་དང་། གང་ཟག་གི་བདག་ནི་བློས་བཏགས་པ་ཙམ་ལས་རྫས་སུ་མེད་པར་འདོད། མང་པོས་བཀུར་བའི་སྡེ་པ་སོགས་ནི་འདུས་བྱས་མཐར་འཇིག་པ་ཡིན་ཀྱང་སྐད་ཅིག་གིས་འཇིག་པ་མིན་ཟེར་ཞིང་རྒྱུན་གྱི་དངོས་པོ་ཡང་ཅི་རིགས་པར་འདོད་ལ། ཕྱི་པ་རྣམས་ཀྱིས་བཏགས་པའི་བདག་རྟག་པ་གཅིག་པུ་རང་དབང་ཅན་དེ་འདྲ་མེད་ཀྱང་སྤྱིར་ང་བདག་ཙམ་ཞིག་རྫས་གྲུབ་དང་བདེན་གྲུབ་ཏུ་འདོད། འདི་ལ་བདག་ལྟའི་སྐྱོན་གྱིས་ཐར་ལམ་མེད་པ་འདྲ་ཡང་མཆོག་གསུམ་ལ་སྐྱབས་འགྲོ་དང་ཐར་པ་འདོད་པའི་ཚུལ་ཁྲིམས་དང་ཐོས་བསམ་སྒོམ་གསུམ་ཡོད་པས་རིམ་པས་ཐར་པ་ཐོབ་པར་འགྱུར་རོ། །བྱེ་སྨྲ་འདི་ནི་མངོན་པ་སྡེ་བདུན་བཀར་འདོད་ཅིང་ལྟ་གྲུབ་རྣམས་བསྟན་བཅོས་ཀྱི་ལུགས་སུ་ཁས་ལེན་དགོས་པར་བཞེད་ཅིང་བསྟན་བཅོས་ཀྱང་བྱེ་བྲག་ཏུ་བཤད་པ་ལ་ངོས་འཛིན་པའོ། །རྩ་བ། དོན་བྱེད་ནུས་པ་གང་ཡིན་དེ་འདིར་ནི། །དོན་དམ་ཡོད་ཡིན་གཞན་ནི་ཀུན་རྫོབ་ཡོད། །དེ་ཡང་རང་སྤྱིའི་མཚན་ཉིད་ཀྱིས་བཤད་པ། །མདོ་སྡེ་པའི་ལུགས་ངོ་བོ་རྟོག་གེར་མཐུན། །ཞེས་པ་ནི་འདི་ལྟར་བདེན་ཞེན་གྱི་ངོ་བོ་ནས་ཕྱི་དོན་དང་རང་རིག་གཉིས་ཀ་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་བརྗོད་པ་ལ་ཞུགས་པའི་གང་ཟག་དེ་ནི་མདོ་སྡེ་པའི་མཚན་ཉིད་དེ་དབྱེ་ན་ལུང་དང་རིག་པའི་རྗེས་འབྲང་གཉིས་ལས། དང་པོ་ནི་བྱེ་བྲག་སྨྲ་བ་རྣམས་ཀྱིས་བཀར་འདོད་པའི་མངོན་པ་སྡེ་བདུན་པོ་ཤཱ་རིའི་བུ་ལ་སོགས་པའི་དགྲ་བཅོམ་པ་བདུན་པོའི་བསྟན་བཅོས་སུ་འདོད་ནས་གྲུབ་མཐའ་དེ་འཛིན་པ་ཡིན་ལ། ཕྱི་མ་ནི་ཚད་མ་སྡེ་བདུན་ལ་སོགས་ནས་བཤད་ཅིང་མདོ་སྡེ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བའོ། །གཞི་ཀུན་རྫོབ་བདེན་པ་གང་གི་བདེན་པར་འཇོག་པ་མི་རྟོག་པས་བཏགས་པའི་བློ་ཀུན་རྫོབ་པ་སྟེ། དེས་དོན་རང་མཚན་གྱི་གནས་ལུགས་མཐོང་བ་ལ་སྒྲིབ་པའི་ཕྱིར་རོ། །འདི་ལྟར་སེམས་ལ་རྣམ་པར་རྟོག་པ་ཤར་བའི་སྣང་ཡུལ་ལ་སྤྱི་མཚན་གྱིས་ཁྱབ་པ་སྟེ། སྤྱི་མཚན་དང་དངོས་མེད་ཀྱི་ཆོས་དང་བདེན་པ་ཀུན་རྫོབ་པ་རྣམས་ཐ་དད་དུ་མེད་པའི་ཡིན་ཁྱབ་མཉམ་ལ། མངོན་སུམ་པའི་སྣང་བ་སྟེ་ཚོགས་དྲུག་གི་ཡུལ་ལ་རང་མཚན་གྱིས་ཁྱབ་ཅིང་། རང་མཚན་དང་། དངོས་པོ་དང་དོན་དམ་བདེན་པ་རྣམས་ཡིན་ཁྱབ་མཉམ་དུ་འདོད་པའོ། །མདོར་ན་སྤྱི་མཚན་ལ་སོགས་པ་སྔོན་མ་རྣམས་ཀུན་རྫོབ་བདེན་པ་དང་། རང་མཚན་ལ་སོགས་ཕྱི་མ་ལ་དོན་དམ་བདེན་པ་ཞེས་མདོ་སྡེ་པའི་འདོད་ལུགས་སོ། །དེ་ཡང་གོ་བདེ་བར་བརྗོད་ན་ནམ་མཁའ་སོགས་འདུས་མ་བྱས་གསུམ་དང་ཡུལ་གཟུགས་སོགས་བཅུ་སྐྱེ་འཇིག་སོགས་ལྡན་མིན་འདུ་བྱེད་རྣམས་ནི་བཏགས་ཡོད་ཅེས་བློས་བཏགས་པ་ཙམ་ཡིན་པས་བདེན་པར་མེད་ཅིང་། གཟུགས་སོགས་ལ་རགས་རྒྱུན་དང་ཤེས་པ་ལ་རྒྱུན་བདེན་པར་མ་གྲུབ་འདས་མ་འོངས་ཀྱི་ཆོས་ཀྱང་བཏགས་ཡོད་ཙམ་ཡིན་ལ་ད་ལྟ་བའི་རྡུལ་ཕྲན་ཙམ་དང་། ཤེས་པ་སྐད་ཅིག་མ་ཙམ་ཆ་མེད་བདེན་གྲུབ་ཡིན། མིག་གིས་གཟུགས་དེ་མ་མཐོང་མིག་ཤེས་ཀྱིས་ཀྱང་གཟུགས་དངོས་སུ་མི་མཐོང་སྟེ་མིག་ཤེས་ལ་གཟུགས་སྣང་ཤར་བ་དེ་གཟུགས་ཀྱི་རྣམ་པར་གྲགས་པ་ཤེས་པར་གྱུར་པ་དེ་ཡིན་ལ་རྣམ་པར་འཆར་བ་དེ་ལ་རྣམ་པ་གཏོད་བྱེད་གཟུགས་སོགས་ཕྱི་རོལ་ཡོད་པར་འདོད་དོ། །མངོན་པ་སྡེ་བདུན་སོགས་ནི་བཀའ་མ་ཡིན་ཞིང་བྱེ་བྲག་བཤད་པ་སོགས་ལ་འཁྲུལ་པ་ཡོད་པས་གྲུབ་མཐའ་ནི་མདོ་སྡེ་དང་བསྟུན་དགོས་པར་འདོད་དོ། །བྱེ་མདོ་གཉིས་ཀས་སངས་རྒྱས་ཀྱི་བཀའ་ནི་ཉན་ཐོས་ཀྱི་ཆེད་དུ་གསུངས་པའི་སྡེ་སྣོད་འདི་རྣམས་ཁོ་ན་ཡིན་ཞིང་། ཤེར་ཕྱིན་སོགས་ཐེག་ཆེན་གྱི་མདོར་གྲགས་པ་འདི་རྣམས་རྒྱལ་བའི་བཀའ་མ་ཡིན་ཞིང་ཐེག་པ་ཆེ་ཆུང་གི་ཁྱད་པར་ནི་གང་ཟག་གི་ངོས་ནས་ཕྱེ་བ་ཡིན་གྱིས་གསུང་རབ་ཐ་དད་པ་མེད་དོ་ཞེས་ཟེར་རོ། །དེ་ཡང་ཉན་ཐོས་ལ་སྤྲུལ་པའི་ཉན་ཐོས་ནི་མཆོག་ཟུང་དང་རབ་འབྱོར་མ་འགག་པ་ལ་སོགས་པ། ལྷས་སྦྱིན་དང་དྲུག་སྡེ་ཡང་སྤྲུལ་པར་བསྡུ་བ་ཡོད་དོ། །ཉན་ཐོས་ཞི་བ་བགྲོད་པ་ནི་རང་ལམ་ནས་ཇི་ལྟར་བཤད་པ་ལྟར་འཇུག་པ་དང་། གྲུབ་མཐའ་འཛིན་པ་ནི་ཐེག་ཆེན་པས་ཉན་ཐོས་ཀྱི་གྲུབ་མཐའ་འཛིན་པའོ། །རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་ནི་སྦྱོར་ལམ་བཟོད་པ་ཐོབ་ནས་སོ། །དེའང་ཉན་ཐོས་ལ་སོ་སྐྱེ་དང་ཐེག་ཆེན་གཉིས་ལས་འཕགས་པ་རྒྱུན་ཞུགས་དང་ཕྱིར་འོང་གཉིས་འདོད་ཁམས་སུ་ལུས་རྟེན་མཚན་ཉིད་པ་བཟུང་ནས་ཐེག་ཆེན་གྱི་སྤྱོད་པ་བསྒྲུབ་ལ། ཕྱིར་མི་འོང་ནི་སྤྲུལ་པའི་ལུས་ཀྱི་གཞན་དོན་བྱེད་ཅིང་། ལྷག་མེད་མྱང་འདས་ཀྱི་ས་ཞིང་དག་པར་སྐྱེས་པ་སངས་རྒྱས་ཀྱིས་བསྐུལ་ནས་གཞན་དོན་བྱེད་པའོ། །སེམས་ཙམ་པ་ནི། རྩ་བ། གཟུང་འཛིན་གཉིས་སུ་སྣང་བའི་ཡུལ་ཡུལ་ཅན། །ཀུན་རྫོབ་བདེན་པ་ཉིད་དེ་གང་ལས་གཞན། །གཉིས་མེད་ཤེས་པ་དོན་དམ་བདེན་པ་རུ། །འདོད་པ་སེམས་ཙམ་པ་ཡི་གྲུབ་པའི་མཐའ། །ཞེས་པ་ནི་དེ་ལ་ཕྱི་དོན་མེད་ཀྱང་བདེན་གྲུབ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བ་དེ་ལ་སེམས་ཙམ་པའམ། རྣམ་རིག་པ་ཞེས་བྱའོ། །དབྱེ་ན་སོ་སྐྱེ་རྒྱུད་ཀྱི་དབང་པོར་མངོན་སུམ་སྣང་བའི་གཟུགས་སྣང་རགས་པར་གསལ་བ་འདི་དག་སྣང་བ་ལྟར་དུ་གྲུབ་པར་ཁས་ལེན་པ་ནི་རྣམ་བདེན་པ་དང་། མ་གྲུབ་པར་འདོད་པ་ནི་རྣམ་རྫུན་པའོ། །མདོར་བསྡུ་ན་གཟུང་འཛིན་གཉིས་སྣང་གི་ཡུལ་དང་ཡུལ་ཅན་ནི་ཀུན་རྫོབ་བདེན་པ་དང་། གཉིས་མེད་དུ་ཤེས་པ་ནི་དོན་དམ་བདེན་པར་འདོད་དོ། །དེའང་རྣམ་ཤེས་ཚོགས་བརྒྱད་ཁས་ལེན་པ་དག་ནི་ཀུན་གཞིའི་རྣམ་ཤེས་སྒོ་ལྔའི་ཡིད་དང་བཅས་པར་མ་འགྱུར་པའི་ཤེས་པའི་ངོ་བོ་མ་བསྒྲིབས་ལུང་མ་བསྟན་དུ་བྱུང་བའི་གཙོ་བོ་ཡིད་ཀྱི་རྣམ་པར་རིག་པ་ཅན་ནོ། །དེ་དགྲ་བཅོམ་པའི་རྒྱུད་ལའང་ཡོད་པས་བསྒྲིབས་ལུང་མ་བསྟན་པ་ཡིན། དགེ་རྩ་ཆད་པའི་རྒྱུད་ལའང་ཡོད་པས་དགེ་བ་མ་ཡིན། གཟུགས་མེད་ཀྱི་རྒྱུད་ལ་ཡོད་པས་མི་དགེ་བའང་མ་ཡིན། ཉོན་ཡིད་ནི་དམིགས་པའི་ཆ་ནས་ཀུན་གཞི་དང་། རྣམ་པའི་ཆ་ནས་རང་སེམས་པའི་ངོ་བོ་བསྒྲིབས་ལུང་དུ་མ་བསྟན་པའོ། །གོ་བདེར་བརྗོད་ན་སེམས་ཙམ་པ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ཚོགས་དྲུག་གི་ཡུལ་རྣམས་རྨི་ལམ་གྱི་སྐབས་ལྟར་ཤེས་པ་གཅིག་པུ་དེ། དེ་དང་དེར་འཛིན་མ་ཡིན་གྱི་ཕྱི་རོལ་ན་དེ་ལྟར་གྲུབ་པ་མེད་དེ། གཟུགས་ལ་མཚོན་ན་མིག་དབང་ནི་མིག་གི་རྣམ་པར་སྣང་བའི་སེམས་ཡིན་ལ། གཟུགས་སུ་སྣང་བ་ཡང་དེ་ལྟར་གྱི་རྣམ་པར་སྣང་བའི་སེམས་ཡིན་པས་གཟུགས་རང་མཚན་པ་མེད་ཅིང་ཡུལ་ལ་མིག་གི་རྣམ་ཤེས་སྐྱེས་པར་སྣང་བ་ཙམ་ཡིན་པས། དབང་པོ་དང་ཤེས་པ་གཟུགས་གསུམ་ཀ་སོ་སོར་སྣང་བ་ནི་འཁྲུལ་པ་ཡིན་ལ་ཤེས་པའི་ངོ་བོ་རྫས་གཅིག་པས་མིག་ཤེས་ཀྱིས་གཟུགས་མཐོང་ཡང་ཤེས་པ་རང་གིས་རང་མཐོང་བ་ཡིན་ཞིང་། གཟུགས་ཀྱི་རྣམ་པ་འཆར་བའི་རྒྱུ་ཤེས་པ་ལས་གཞན་ཕྱི་རོལ་དུ་རྣམ་པ་གཏོད་བྱེད་གཟུགས་སུ་གྲུབ་པ་གཏན་ནས་མེད་དོ། །འོན་ཀྱང་བརྟག་དཔྱད་མ་བྱས་པའི་ངོར་མིག་གིས་གཟུགས་མཐོང་ཞེས་སོགས་འདོད་ཀྱང་དེ་ལྟར་མ་གྲུབ་སྟེ། གཟུགས་སུ་སྣང་བའི་ཤེས་པ་དེ་ནི་བདེན་པར་གྲུབ་བོ་ཞེས་ཟེར་ཞིང་རྣམ་ཤེས་སོགས་ཤེས་པ་ཐམས་ཅད་ཀྱི་ངོ་བོ་བདེན་པར་གྲུབ་ལ། ཡུལ་ཕྱི་རོལ་ན་ཡོད་པར་སྣང་བ་གཟུང་ཆ་དང་རིག་པ་ནང་ན་ཡོད་པ་ལྟར་སྣང་བ་འཛིན་ཆ་སྟེ་དེ་གཉིས་འཁྲུལ་པ་ཡིན་ཕྱིར་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་བདེན་པར་འདོད་ཅིང་། གཟུང་འཛིན་གཉིས་ཐ་དད་མ་གྲུབ་པས་གཉིས་མེད་ཀྱི་གོ་ཆོད་པ་དང་རྣམ་ཤེས་ཀྱི་རང་ངོ་ཙམ་ཡེ་ཤེས་སུ་འདོད་ཀྱང་གཟུང་འཛིན་མ་ཁེགས་ཏེ། གཟུང་འཛིན་གཉིས་རྫས་གཞན་མེད་པ་ཙམ་ལས་འཛིན་པ་རང་ངོས་ན་ཡོད་པར་ཁས་བླངས་པར་སོང་བས་སོ། །དེའང་ཤེས་བྱའི་ཆོས་རྣམས་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་ལས་ཀུན་རྫོབ་པའི་ཆོས་རྣམས་ཐམས་ཅད་ནི་ཀུན་བརྟགས་དང་གཞན་དབང་དུ་འདུ་ལ། དོན་དམ་ནི་ཡོངས་གྲུབ་ཏུ་འདུ་བས་ཆོས་ཀྱི་བདག་མེད་ཀྱང་དེ་རང་ཡིན་པ་དང་། གང་ཟག་གི་བདག་མེད་ཀུན་བརྟགས་སུ་འདོད་པའོ། །དབུ་མ་ལ་རང་རྒྱུད་པ་དང་ཐལ་འགྱུར་གཉིས་ལས་དང་པོ་ནི། རྩ་བ། ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ། །གྲུབ་པ་སྒྱུ་མ་ལྟ་བུའི་མཚན་ཉིད་དེ། །དོན་དམ་གྲུབ་པ་མེད་པ་ནམ་མཁའ་ལྟར། །འདོད་པ་དབུ་མ་རང་རྒྱུད་པ་ཡི་ལུགས། །ཞེས་པ་ནི་དེ་ཡང་ཇི་ལྟར་སྣང་བའི་ཆ་ཐམས་ཅད་ཀུན་རྫོབ་ཀྱི་ཆ་ནས་སྒྱུ་མར་སྣང་ཡང་། དོན་དམ་པར་བདེན་པར་མ་གྲུབ་པ་ནམ་མཁའ་ལྟར་འདོད་ཅིང་གདགས་གཞིའི་ངོས་ནས་ཆོས་ཐམས་ཅད་བློ་ལ་ལྟོས་ནས་བདེན་གཉིས་སུ་འཇོག་པ་དེ་ཡང་གཤིས་ལ་བདེན་པར་མ་གྲུབ་བཞིན་དུ་ཐ་སྙད་ཀྱི་ཆ་ནས་རང་གི་མཚན་ཉིད་དུ་གྲུབ་པར་འདོད་པས་རང་རྒྱུད་པ་ཞེས་བྱའོ། །དེ་ལའང་རེ་ཞིག་ཡོངས་སུ་གྲགས་པའི་ཚུལ་བཞིས་རིག་པར་བྱ་སྟེ། རྡོ་རྗེ་གཟེགས་མ་དང་། ཡོད་མེད་སྐྱེ་འགོག་དང་། མུ་བཞི་སྐྱེ་འགོག་དང་། རྟེན་འབྲེལ་ཆེན་མོའོ། །དང་པོ་ནི། ཆོས་ཅན་དངོས་པོ་ཙམ་ཡང་དོན་དམ་པར་བདག་གཞན་དང་རྒྱུ་མེད་པ་ལས་མ་སྐྱེས་པ་དེ། སྐྱེ་བའི་དངོས་པོ་མཐའ་དག་གིས་སྟོང་སྟེ་དོན་སྤྱི་ཙམ་ལ་དངོས་པོ་མེད་པ་བཞིན་ནོ། །གཉིས་པ་ནི། ཆོས་ཅན་སྣང་བ་རྟེན་འབྲེལ་འདི་ཡང་དོན་དམ་པར་རྒྱུ་ལ་འབྲས་བུ་ཡོད་མེད་སྐྱེ་བ་གསུམ་ཀས་སྟོང་པ་སྟེ་དཔེར་ན་དངོས་པོ་མེད་ཀྱང་ངོ་བོ་ཉིད་ཀྱིས་མཚོན་པར་བྱས་པ་བཞིན་ནོ། །གསུམ་པ་ནི། རྒྱུ་འབྲས་གཉིས་ཀ་དཔྱད་ནས་འགོག་པ་སྟེ་དཔེར་ན་དངོས་པོ་མེད་པ་ལ་ནམ་མཁའ་ཞེས་གདགས་པ་བཞིན་ནོ། །བཞི་པ་ལ་གཉིས་ཏེ། མ་ཡིན་དགག་ནི་རྟེན་འབྲེལ་ཆེན་མོ་རང་གི་ངོ་བོ་དཔྱད་ནས་འགོག་པ་དང་། མེད་དགག་ཀྱང་གཅིག་དང་དུ་བྲལ་ལོ། །དེ་ཡང་རྟེན་ཅིང་འབྲེལ་འབྱུང་དེ་ཉིད་སྐྱེ་འགག་ལ་སོགས་པའི་མཐའ་བརྒྱད་དང་བྲལ་བས་རང་བཞིན་གྱིས་སྟོང་སྟེ་དཔེར་ན་སྨིག་རྒྱུ་ལྟར་སྣང་བའི་རྟེན་འབྲེལ་ཙམ་དུ་མ་འགགས་པའོ། །འདི་ཡང་མདོར་བསྡུས་ལྟར་འགོད་ན་གཟུགས་སེམས་གཉིས་དང་ལྡན་མིན་འདུ་བྱེད་དེ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང་ནམ་མཁའ་སོགས་འདུས་མ་བྱས་དང་དངོས་མེད་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དེ་རྣམས་ཀྱི་རང་བཞིན་བདེན་མེད་ཙམ་ནི་དོན་དམ་ཡིན་ཞིང་དེ་གཉིས་ངོ་བོ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད་ཅིང་རྣམ་བཞག་ཙམ་ཐ་དད་དེ་དོན་དམ་དབྱིངས་ཀྱི་ངོ་བོ་ན་གང་ཡང་མེད་པས་སྤྲོས་བྲལ་ནམ་མཁའི་དཔེས་བསྟན། ཀུན་རྫོབ་སྣང་དུས་ན་བདེན་པས་སྟོང་ཡང་སྣང་བ་མ་འགག་པ་སྒྱུ་མའི་དཔེས་བསྟན། དེ་གཉིས་ཀར་ཡོད་མེད་ཡིན་མིན་སོགས་སྤྲོས་པ་ཐམས་ཅད་ལས་འདས་པར་འདོད་དོ། །ད་ནི་དབུ་མ་ཐལ་འགྱུར་པའི་ཚུལ་ནི། རྩ་བ། འདི་ལྟར་སྣང་བ་ཉིད་ནི་ཀུན་རྫོབ་དང་། །སྟོང་པ་དོན་དམ་ཞེས་བྱ་ཐ་སྙད་ཀྱི། །བཏགས་པ་གང་ཡང་སྤྲོས་པའི་མཐའ་དང་བྲལ། །སྣང་དུས་ཉིད་ནས་སྐྱེ་འགག་འགྲོ་འོང་མེད། །གཞན་དབང་དངོས་པོར་འདོད་པའི་ཀུན་རྫོབ་ཀྱང་། །དེ་ཡི་གྲུབ་པའི་མཐའ་རུ་ཁས་མ་བླངས། །དེ་ནི་ཐལ་འགྱུར་ཤིང་རྟའི་སྲོལ་འབྱེད་ཆེ། །ཀླུ་དབང་ཟླ་བ་གྲགས་པའི་ཁྱད་ཆོས་ཡིན། །འདིར་ནི་འོག་མའི་རྣམ་པ་ཐམས་ཅད་ལ། །བརྩད་ཅིང་བརྟགས་པས་གོང་མ་ནོར་མི་འགྱུར། །ཞེས་པ་ནི་འདི་ལྟར་སྣང་བ་ཉིད་ཀུན་རྫོབ་དང་སྟོང་པ་ཉིད་དོན་དམ་ཞེས་བྱ་བ་ལ་སོགས་པ་ནི་ཐོས་བསམ་ལས་བྱུང་བའི་ཤེས་པས་ཆོས་ཐམས་ཅད་བདེན་གཉིས་ཀྱི་ཚུལ་དུ་སློབ་པར་སྟོན་པ་སྟེ། ཚུར་རོལ་མཐོང་བའི་བློ་ཅན་བདེན་པ་མ་མཐོང་བ་རྣམས་ཀྱི་ངོར་ཐ་སྙད་ལ་བརྟེན་ནས་ཞེན་པའི་བསམ་པས་སྦྱར་བ་ཙམ་མོ། །བདེན་གཉིས་ཀྱང་ཡང་དག་པར་ན་གཅིག་ཡིན་ན་དོན་དམ་ཡང་ཀུན་རྫོབ་ལྟར་འགྱུར་བ་ཅན་དང་དྲི་བཅས་སུ་འགྱུར་བའི་སྐྱོན་དང་། ཐ་དད་ཡིན་ན་ཀུན་རྫོབ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འདུས་བྱས་ཀྱི་ཡུལ་དང་ཡུལ་ཅན་སྣ་ཚོགས་ཡོད་པ་བཞིན་དོན་དམ་ལའང་དེ་ལྟར་ཡོད་དགོས་པས་ཆོས་ཀྱི་དབྱིངས་སུ་མི་འགྱུར་བས་ན་གཅིག་དང་ཐ་དད་གང་དུའང་གྲུབ་པ་མེད་དོ། །བརྡར་བཏགས་ཀྱི་གྲུབ་མཐའ་འདིས་ནི་གཞན་གྱི་དམ་བཅའ་འགོག་ཅིང་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་ཐམས་ཅད་དང་བྲལ་བས་ཕ་རོལ་གྱི་དམ་བཅའ་འགོག་པའི་འགལ་ཆོས་ཐལ་འགྱུར་གྱི་སྒོ་ནས་གཙོ་བོར་བྱེད་པས་ཐལ་འགྱུར་པ་ཞེས་བྱའོ། །འདིའི་ལུགས་ལ་སེམས་ཙམ་མན་ཆད་དུ་འདོད་པའི་འདུས་མ་བྱས་གསུམ་སོགས་འདུས་མ་བྱས་བཏགས་པ་བ་དངོས་མེད་རྣམས་དང་། གཟུགས་སོགས་ཕྱི་དོན་དུ་གྲགས་པ་དང་རྣམ་པར་ཤེས་པའི་ཚོགས་བརྒྱད་སེམས་བྱུང་ལྔ་བཅུ་རྩ་གཅིག་སོགས་མདོར་ན་གཞི་འཁོར་བའི་ཆོས་ཐམས་ཅད་དང་གནས་སྐབས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དང་། འབྲས་བུ་སངས་རྒྱས་ཀྱིས་བསྡུས་པའི་ནང་ནས་གསར་དུ་བྱུང་བའི་ཆ་རྣམས་དང་གདུལ་བྱ་གཞན་སྣང་གིས་བསྡུས་པ་སྟེ་སྣང་གྲགས་ཀྱི་ཆོས་སམ། ཆོས་ཆོས་ཉིད་ཀྱི་ཟླས་ཕྱེ་བའི་ཆོས་སམ། གཟུང་འཛིན་གྱིས་བསྡུས་པའི་ཆོས་སོགས། དོན་དམ་གཏན་ལ་འབེབ་པའི་སྐབས་འདིར་དངོས་པོ་དངོས་མེད་ཐམས་ཅད་འདུས་བྱས་དང་གློ་བུར་བར་བཞག་པ་དེ་རྣམས་ནི་བདེན་མེད་ཡིན་ལ་དབྱིངས་སུ་གཅིག་དང་གཉིས་སུ་མེད་པའི་ཡེ་ཤེས་རང་རིག་རང་གསལ་ནི་དོན་དམ་བདེན་པ་ཆོས་ཉིད་འདུས་མ་བྱས་ཞེས་བྱ་སྟེ། འདི་ནི་རིག་པས་དཔྱད་བཟོད་བདེན་གྲུབ་ཁོ་ན་སྟེ་རྒྱ་གར་དུ་དབུ་མ་ཆེན་པོ་དང་བོད་ཡུལ་འདིར་གཞན་སྟོང་དབུ་མ་ཞེས་སྨྲའོ། །དབུ་མ་ཕལ་པའི་རང་སྟོང་པ་རྣམས་ཀྱི་འདོད་པའི་ནམ་མཁའ་ལྟ་བུ་དེ་ནི་རྣམ་པར་དཔྱད་ན་དངོས་མེད་ཡིན་པའི་ཕྱིར་དོན་དམ་བདེན་པར་མི་འདོད་དོ། །དེ་བས་ན་གྲུབ་པའི་མཐའ་འདིར་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་ལ་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་སྣང་བའི་དུས་ཙམ་ནས་མ་སྐྱེས་པ་དང་། མ་འགགས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པས་ཁས་ལེན་པའི་ཀུན་རྫོབ་ཙམ་ཡང་འགོག་ཅིང་གཤིས་ཐོག་ཏུ་གཏན་ལ་ཕེབས་པ་ལ་དབུ་མའི་ལྟ་བར་འདོད་ཀྱི། གཏན་ལ་འབེབས་ཡུལ་གྱི་སྟོང་ཉིད་མཐའ་བྲལ་དབུ་མའི་ལྟ་བར་འདོད་ན་ནི་མཐའ་བཞི་པོ་དེ་ཀ་མཐར་འཛིན་གྱི་ལྟ་བར་འགྱུར་བས་མཐའ་དང་མཐར་འཛིན་གྱི་ཁྱད་པར་མ་ཕྱེད་པ་ཡིན་ནོ། །རྩ་བ། རང་རང་འདོད་ཞེན་གྱིས་སྦྱར་ལྟོས་གྲུབ་ཀྱི། །གྲུབ་པའི་མཐའ་ཡི་མཚན་ཉིད་ཉམས་འོག་ཆུད། །དེ་ལས་དངོས་དང་དངོས་འདྲ་དངོས་མིན་གྱི། །མཚན་ཉིད་ལེགས་པར་འབྱེད་པའི་ཤེས་རབ་ཀྱང་། །ཐོས་ལ་བརྟེན་འབྱུང་དེ་ཡི་ཉོན་མོངས་བཅིལ། །ཉོན་མོངས་མེད་ལ་བདུད་ཀྱིས་གླགས་མི་རྙེད། །ཅེས་དེ་ལ་སྤྱིར་འཕགས་བོད་ཀུན་དང་ཁྱད་པར་བོད་འདིར་སོ་སོའི་སྐྱེ་བོ་ཕལ་གྱི་རང་རང་གི་འདོད་ཞེན་གྱིས་སྦྱར་བའི་གཞུང་ལ་ལྟོས་པའི་ལྟ་གྲུབ་ཀྱི་སྐྱོན་མང་བ་ཡང་འཕགས་ཡུལ་ནའང་ཐེག་ཆེན་བཀའ་མིན་པར་བསྒྲགས་ཤིང་། སྟོན་པས་སྟོང་ཉིད་ཟབ་མོ་སྟོན་པ་ལ་ལུང་དུ་བསྟན་པ་འཕགས་མཆོག་ཀླུ་སྒྲུབ་སོགས་ཀྱང་ཆོས་ལོག་མཁན་དུ་བསྒྲགས་པ་བྱུང་བར་ངེས་ན། ད་ལྟའི་དུས་ན་རང་རང་གི་ཀུན་འབྱུང་རྣམ་པ་ཐ་དད་པ་བསྐྱེད་ཅིང་བསྐྲུན་པའི་གྲུབ་མཐའ་མང་ཞིང་། དེ་ཐམས་ཅད་ཀྱང་རང་རང་གི་བློ་ནུས་དང་རྗེས་སུ་མཐུན་པའི་རྒྱལ་བའི་ཕྲིན་ལས་སེམས་ཅན་ལ་ཕན་པ་ཅན་ཡིན་པར་སྟངས་བཅད་ན་ཕྱོགས་ལྷུང་དང་རིང་བར་ཅིས་མི་འགྱུར། འོན་ཀྱང་གྲུབ་པའི་མཐའ་ཡི་མཚན་ཉིད་ཉམས་འོག་ཏུ་ཆུད་པ་གལ་ཆེ་ཞིང་། དེ་ལས་ཀྱང་དངོས་པོ་གཤིས་ཀྱི་གནས་ལུགས་ཇི་ལྟ་བ་དང་དེ་དང་འདྲ་ཙམ་པ་དང་དངོས་མིན་ཡིན་ལུགས་ངོམ་པ་བཅས་ཀྱི་མཚན་ཉིད་ལེགས་པར་འབྱེད་པའི་ཤེས་རབ་ཉིད་ཀྱང་ཐོས་པ་ལ་བརྟེན་ནས་འབྱུང་ཞིང་དེ་ཡིས་ཉོན་མོངས་པའི་དགྲ་ཚོགས་བཅིལ་ཞིང་ཡེ་ཤེས་མངོན་དུ་བྱེད་ཅིང་ཉོན་མོངས་མེད་པར་གྱུར་པ་ལ་བདུད་སྡེའི་དཔུང་ཚོགས་ཀྱིས་གླགས་ཀྱང་མི་རྙེད་དོ། །ཞེས་འགྲེལ་ལོ། །རྩ་བ། འདིར་གང་བཟུང་ན་གཤིས་ཀྱི་བཞུགས་ཚུལ་ལ། །སྨྲ་བསམ་བརྗོད་མེད་དོན་དམ་བདེན་པ་ཡིན། །བློ་ཡི་ཆ་ནས་སྨྲ་བསམ་བརྗོད་པ་རུ། །བརྟགས་ཤིང་སྣང་བ་ཀུན་རྫོབ་བདེན་པའི་ཆར། །བཞག་ནས་བདེན་གཉིས་རྟོགས་བྱ་རྟོགས་བྱེད་ལས། །འདས་པ་སུས་ཀྱང་མངོན་དུ་བྱར་མེད་ལ། །བལྟར་མེད་ཐོབ་དང་མ་ཐོབ་གཉིས་ཀ་མེད། །སྟོང་པ་ཉིད་དང་ངེས་པར་རྗེས་མཐུན་པའི། །བློ་སྐྱེས་པ་ལ་རྟོགས་པའི་བླ་དྭགས་བཏགས། །ཞེས་པ་ནི་དེ་ལ་གཞུང་འདིར་གང་བཟུང་ན་གཤིས་ཀྱི་བཞུགས་ཚུལ་ཏེ། སེམས་ཉིད་ཀྱི་གནས་ལུགས་གཏན་ལ་ཕབ་པ་ལ། སྨྲ་བསམ་བརྗོད་དུ་མེད་པ་དོན་དམ་པའི་བདེན་པ་ཡིན་ཀྱང་བློ་ཡི་ཆ་ནས་གཞལ་ན་སྨྲ་རྒྱུ་དང་བསམ་བརྗོད་ཡོད་པར་སྒྲོ་བཏགས་ཤིང་སྣང་བའི་དངོས་པོ་ཀུན་རྫོབ་བདེན་པའི་ཆར་བཞག་ནས་བརྒལ་བརྟགས་ཤིང་སྣང་བའི་དངོས་པོ་ཀུན་རྫོབ་བདེན་པའི་ཆར་བཞག་ནས་བརྒལ་བརྟགས་བྱེད་མོད་ཀྱང་བདེན་གཉིས་རྟོགས་བྱ་རྟོགས་བྱེད་ལས་འདས་པའི་དོན་སུས་ཀྱང་མངོན་དུ་བྱར་མེད་ལ། དེ་ལྟའི་གནས་ཚུལ་ལ་བལྟར་མེད་ཅིང་ཐོབ་རྒྱུ་དང་མ་ཐོབ་རྒྱུ་གཉིས་ཀ་མེད་པར་རྟོགས་ཚེ་སྟོང་པ་ཉིད་དང་ངེས་པར་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ་རྟོགས་པའི་བླ་དྭགས་ཏེ་ཐ་སྙད་བཏགས་པ་ཙམ་དུ་ཟད་དོ། །དེ་ལ་ས་དང་པོ་འཕགས་པའི་མཉམ་གཞག་དང་སངས་རྒྱས་ཀྱི་ས་ན་ཤེས་བྱ་ཤེས་བྱེད་ལ་སོགས་པའི་ཡུལ་ཡུལ་ཅན་གྱི་ཤེས་བྱ་རང་རྒྱུད་པ་གང་ཡང་མ་གྲུབ་པས་གཟུང་འཛིན་ལས་རྣམ་པར་འདས་པ་སྟེ་ཡུལ་ཅན་ཡེ་ཤེས་ཀྱི་འཇུག་པའང་ཞི་བ་དེའི་ཚེ་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཐམས་ཅད་རྒྱུད་ཆད་དེ། སྨྲ་བསམ་བརྗོད་དུ་མེད་པའི་ཆོས་ཉིད་རྟོགས་པ་ནི་དོན་དམ་པའི་བདེན་པའོ། །རྩ་བ། གང་ཞིག་རྟེན་ཅིང་འབྲེལ་འབྱུང་ནི། །ཆོས་རྣམས་མ་ལུས་ཀུན་གྱི་མཛོད། །གང་ལ་བསམ་པའི་ཤེས་རབ་ཀྱིས། །ཡང་དག་འཇུག་པ་ལྡེ་མིག་ཡིན། །ཞེས་པ་ནི་ཆོས་རྣམས་གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ནི་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་ཀུན་གྱི་མཛོད་ཡིན་བཞིན་གང་ལ་བསམ་པའི་ཤེས་རབ་ཀྱིས་ཐོས་བསམ་སྒོམ་གསུམ་ལ་ཡང་དག་པར་འཇུག་པ་ནི་ཆོས་རྣམས་ཀྱི་སྒོ་ལྕགས་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ཞེས་པའོ། །དེ་བས་ན་བསམ་པའི་ཤེས་རབ་ཀྱིས་རིག་པ་དང་ལུང་གིས་བརྟགས་ལ་ཡང་དག་པའི་དོན་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཤེས་རབ་ཟབ་མོ་རྟོག་གེའི་སྤྱོད་ཡུལ་ལས་འདས་པ་ཁོ་ན་ཡིན་ན་དེའི་རང་བཞིན་བྱེ་བྲག་ཕྱེད་པར་བྱས་ལ་མངོན་སུམ་བསྒོམ་མོ། །རྩ་བ། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །གང་ནས་ཀྱང་ནི་མ་འོངས་ལ། །གང་དུའང་མ་སོང་མི་གནས་པ། །གཤིས་ལ་གནས་པའི་རྟེན་ཅིང་འབྲེལ། །ཆོས་ཅན་ཉིད་ཀྱང་སྐྱེ་འགག་ལྟར། །སྣང་དུས་ཉིད་ནས་སྟོང་པར་ཤར། །སྤྲོས་པའི་མཐའ་ལ་མི་གནས་པ། །དབུ་མའི་རང་བཞིན་ཉིད་དུ་བསྟན། །ཞེས་པ་ནི་དབང་པོ་དྲུག་གི་ཡུལ་དུ་སྣང་བའི་བསླུ་ཞིང་རྫུན་པའི་རིགས་དང་སྲིད་པ་གཡོ་ཞིང་འདུ་བྱེད་པ་འཁོར་བ་ནི་ཀུན་འབྱུང་རང་རྒྱུད་ལྡན་མྱང་འདས་ཡང་རང་བཞིན་གྱི་ཆོས་ཉིད་ལ་མིང་གི་གདགས་པ་ཉིད་དེ། འདི་ལྟར་ཆོས་ཅན་དང་ཆོས་ཉིད་དུ་སྣང་བའི་ཆོས་ཐམས་ཅད་དང་པོ་གང་ནས་ཀྱང་འོངས་པ་མེད་པས་མ་སྐྱེས་པ་ཞེས་བྱ་སྟེ་འདས་པ་མ་ཡིན་བར་དུ་གང་དུའང་གནས་པ་མེད་པས་རང་བཞིན་མ་མཆིས་པ་སྟེ་ད་ལྟ་བ་མ་ཡིན་ཐ་མར་གང་དུ་འགྲོ་བའང་མེད་པས་མི་འབྱུང་བ་སྟེ་མ་འོངས་པ་མ་ཡིན་ནོ། །རྩ་བ། དག་དང་མ་དག་གློ་བུར་བ། །དོན་ལ་མེད་ཀྱང་མེད་བཞིན་སྣང་། །ཀུན་ཏུ་བཏགས་པས་ཉེ་བར་ལེན། །རྟོག་ཅིང་དཔྱད་པས་མཐའ་བཞི་བྱུང་། །ཡོད་དང་མེད་དང་རྟག་འཆད་དང་། །དབུས་ལ་གནས་པའང་མཁས་པ་མིན། །ཞེས་པ་ནི་དེ་ཡང་དག་པ་མྱང་འདས་དང་མ་དག་པ་འཁོར་བ་གཉིས་ཀ་གློ་བུར་འཁྲུལ་པའི་སྣང་བར་ཤར་བ་ཙམ་ལས་དོན་ལ་མེད་ཀྱང་། མེད་བཞིན་དུ་སྣང་བ་ཀུན་ཏུ་བརྟགས་པས་ཉེ་བར་ལེན་བཞིན་གཤིས་ཀྱི་གནས་ལུགས་ལ་རྟོག་ཅིང་དཔྱད་པས་མཐའ་བཞིར་ལྟ་བ་ཞེས་ཕྱི་རོལ་པའི་ལྟ་ལོག་སུམ་བརྒྱ་དྲུག་ཅུའི་རྩ་བ་ལྟ་བུ་དང་། ནང་པ་ཡིན་ཀྱང་དེ་རྗེས་འབྲངས་པ་འགའ་དང་འགའ་ཡིས་ལྟ་སྒོམ་ནོར་བའི་སྐྱོན་གྱིས་སེམས་ཉིད་ལ་ཡོད་འཛིན་དང་མེད་འཛིན་དང་རྟག་པར་ལྟ་བ་དང་ཆད་པར་ལྟ་བ་སོགས་ཀྱི་སྐྱོན་ཆགས་པ་དང་། ཕལ་ཆེར་མཐའ་བཞིར་མ་ལྷུངས་པར་རློམས་ཀྱང་དབུས་ལ་གནས་པ་སྟེ་དབུ་མ་ཁས་བླངས་ནས་མཆོག་འཛིན་གྱི་ལྟ་བ་དྲེགས་ཤིང་འཁུན་པ་དག་མཁས་པའི་བྱ་བ་མིན་ཞེས་པའོ། །རྩ་བ། ཇི་ལྟར་དར་གྱི་སྲིན་བུ་བཞིན། །འདོད་པའི་གྲུབ་མཐས་རང་ཉིད་བཅིངས། །འདི་ན་བློ་ཡིས་བཏགས་པའི་ཆོས། །སྐྱེ་འགག་གནས་དང་འགྲོ་འོང་མེད། །དོན་གཅིག་མ་ཡིན་ཐ་དད་མིན། །རྟག་པ་མ་ཡིན་ཆད་པ་མིན། །སྤྲོས་པ་མཐའ་དག་ཉེར་ཞི་བའི། །རང་བཞིན་ཉིད་དུ་ཤེས་པ་ནི། །བསམ་བྱུང་ཤེས་རབ་ངོ་བོ་ཡིན། །ཞེས་པ་ནི་དེ་ལ་དཔེ་ཇི་ལྟར་ན་དར་གྱི་སྲིན་བུ་སྟེ་སྡོམ་གྱི་ཁ་ཆུས་རྒྱ་བྲེས་ནས་དེར་རང་ཉིད་ཐོགས་པ་བཞིན་དུ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་བསམ་ཡོད་བརྗོད་ཡོད་དུ་འདོད་པའི་གྲུབ་མཐས་རང་ཉིད་བཅིངས་ཤིང་འཁོར་བའི་འདམ་ལ་བྱིང་བ་ཡིན་མོད་ཀྱང་འཇིག་རྟེན་འདི་ན་བློ་ཡིས་བཏགས་པའི་ཆོས་ཐམས་ཅད་ཐོག་མར་སྐྱེ་བ་མེད་པ་བར་དུ་འགག་པ་མེད་པ་མཐར་གནས་པ་དང་འགྲོ་བ་དང་འོང་བ་སོགས་མ་ཡིན་ཞིང་། དོན་གཅིག་མ་ཡིན་ཞིང་ཐ་དད་ཀྱང་མིན་པ་རྟག་པ་མ་ཡིན་ལ་ཆད་པའང་མིན་པ་བསམ་བརྗོད་ལས་འདས་པས་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་རང་བཞིན་སྟོང་པ་ཉིད་དུ་ཤེས་པ་ནི་ཐོས་པའི་དོན་ལ་མནོ་བསམ་གཞིག་པ་ལས་བྱུང་བའི་ཤེས་རབ་ཀྱི་ངོ་བོ་ཡིན་ཞེས་པའོ། །རྩ་བ། སྣང་ཡུལ་ས་ཆུ་མེ་རླུང་མཁའ། །རི་དང་ནགས་ཚལ་ཁང་བུ་བརྩེགས། །འདུས་བྱས་རྒྱུ་ལས་ཐམས་ཅད་སྐྱེས། །འཁོར་བ་རྟེན་ཅིང་འབྲེལ་འབྱུང་ཡིན། །ཞེས་པ་ནི་འདི་ལྟར་སྣང་བའི་ཡུལ་ནི་ཕྱི་འབྱུང་ལྔ་དང་དེ་ལ་བརྟེན་པའི་རི་དང་ནགས་ཚལ་སྦྲ་ཁང་སོགས་སྡོད་ཡུལ་གྱི་རྟེན་དང་དེ་ལ་བརྟེན་པའི་མི་ནོར་སོགས་འདུས་བྱས་པ་ཀུན་རྒྱུ་ལས་ཐམས་ཅད་སྐྱེས་པ་ནི་འཁོར་བ་རྟེན་ཅིང་འབྲེལ་འབྱུང་ཡིན་ཏེ། འདི་ལྟར་ལང་གཤེགས་སོགས་ཟབ་མོའི་མདོ་སྡེ་དག་ལས་ཀུན་གཞིའི་རྣམ་ཤེས་དགོངས་པ་ཅན་གྱི་གསུངས་པ་དེས་ཐོག་མར་ཕྱི་རོལ་པའི་ལུགས་བསལ་བའི་དོན་དུ་འགྱུར་བ་དང་། ཕྱི་ནས་ཟབ་མོའི་དོན་རིག་པ་རྣམས་ཀྱིས་ཀུན་གཞིའི་རྣམ་ཤེས་ཡོད་པར་འཛིན་པ་སྤོང་བ་ཉིད་དེ། འདིར་རེ་ཞིག་འཁོར་བའི་རྟེན་ཅིང་འབྲེལ་འབྱུང་ཅན་དག་ནི་ཤེས་པ་རྟོག་མེད་ཡེངས་ཐབས་ཀྱི་དུས་སྣང་ཡུལ་ཚོགས་དྲུག་འཛིན་པའི་ཀུན་གཞི་དང་། གསལ་སྣང་ལ་དེར་འཛིན་མི་འཇུག་པ་དེའི་རྣམ་ཤེས་དེ་སྒོ་ལྔའི་ཡུལ་ལ་དགག་བསྒྲུབ་གཟུང་འཛིན་དུ་རྟེན་ཅིང་འབྲེལ་བས་རྣམ་ཤེས་ཚོགས་དྲུག་ཉོན་ཡིད་དང་བདུན་དུ་བཏགས་པའི་འཁྲུལ་ངོ་ལ་འཁྲུལ་སྣང་ཤར་བ་མཐའ་དག་ནི་ཕྱིའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་གཅིག་ལ་གཅིག་ལྟོས་ཀྱི་ཚུལ་དུ་བྱུང་བའོ། །རྩ་བ། ནང་གི་རྟེན་ཅིང་འབྲེལ་འབྱུང་ནི། །མ་རིག་པ་ལས་འདུ་བྱེད་དེ། །དེ་བཞིན་གཅིག་ལ་གཅིག་བརྟེན་གྱིས། །རྒ་ཤིའི་བར་དུ་འབྲེལ་བ་ནི། །ནང་གི་རྟེན་ཅིང་འབྲེལ་བར་འབྱུང་། །ཞེས་པ་ནི་འདིར་ཉན་ཐོས་ཐེག་པའི་ལུགས་ལྟར་འཆད་ན། ཚེ་སྔ་མའི་ཉོན་མོངས་པ་སྤྱོད་དུས་ཀྱི་ཕུང་པོ་ལྔ་ནི་མ་རིག་པའོ། །དེ་བཞིན་དུ་སྔ་མའི་ལས་གསག་དུས་ཀྱི་ཕུང་པོ་ལྔ་ནི་འདུ་བྱེད། དེའི་འགྲེས་ཀྱིས་མའི་མངལ་དུ་ཉིང་མཚམས་སྦྱོར་དུས་ཀྱི་ཕུང་པོ་ལྔ་ནི་རྣམ་ཤེས་སོ། །མེར་མེར་པོ་སོགས་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་ནས་དབང་པོའི་སྒོ་མ་དོད་བར་གྱི་ཕུང་པོ་ལྔ་ནི་མིང་གཟུགས་སོ། །སྒོ་དོད་ནས་ཡུལ་ལ་སྤྱོད་མི་ནུས་བར་གྱི་ཕུང་པོ་ལྔ་ནི་སྐྱེ་མཆེད་དྲུག་གོ། །དབང་པོ་ཡུལ་ལ་སད་ནས་བདེ་སྡུག་གི་བྱེ་བྲག་མི་ཤེས་པའི་བར་གྱི་ཕུང་པོ་ལྔ་ནི་རེག་པའོ། །བདེ་སྡུག་སྟངས་ཕྱེད་པ་ནས་འཁྲིག་པ་བསྟེན་མི་ནུས་བར་གྱི་ཕུང་པོ་ལྔ་ནི་ཚོར་བའོ། །འཁྲིག་པ་བསྟེན་ནུས་པ་ནས་འདོད་ཡུལ་དང་དུ་མ་བླང་བར་གྱི་ཕུང་པོ་ལྔ་ནི་སྲེད་པའོ། །འདོད་ཡུལ་དང་དུ་བླངས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ནི་ལེན་པའོ། །དེ་ནས་ལས་གསོག་པའི་གནས་སྐབས་ཕུང་པོ་ལྔ་ནི་སྲིད་པའོ། །ཚེ་ཕྱི་མའི་ཐོག་མར་མའི་མངལ་ནས་བྱུང་བའི་བར་གྱི་ཕུང་པོ་ལྔ་ནི་སྐྱེ་བའོ། །དེ་ནས་ཕྱི་མའི་མིང་གཟུགས་སྐྱེ་མཆེད་དྲུག་རེག་སྲེད་ཚོར་བ་བཞི་པོ་ནི་རྒ་ཤིའོ། །དེ་ལྟའི་རྟེན་འབྲེལ་བཅུ་གཉིས་ལ་སྐད་ཅིག་དང་རྒྱུན་ཆགས་གཉིས་ལས། བྱ་རྫོགས་ཀྱི་སྐད་ཅིག་ནི་བདག་གཞན་གྱི་དབང་གིས་སྲོག་གཅོད་དུས་སྡིག་ཏོའི་སེམས་དེ་ནི་མ་རིག་པ། དེའི་ལས་ལ་འཇུག་པ་འདུ་བྱེད། དེ་དུས་ཀྱི་རྣམ་རིག་ནི་རྣམ་ཤེས། རང་བཞིན་གྱི་མིང་གཟུགས་དང་སྐྱེ་མཆེད་དྲུག །མཚོན་བསྣུན་པ་རེག་པ་དེས་སྡུག་བསྔལ་བ་ནི་ཚོར་བ། དེ་ལ་ཕྱིར་ཞིང་དགའ་བ་སྲེད་པ། དེ་ནས་སྐྱེ་བ་ཕྱི་མར་འཇུག་པས་ལེན་པ། དེ་ལས་ཕུང་པོ་ལྔའི་ཆ་ལྡན་སྲིད་པ། དེ་ལས་ད་ལྟ་དང་ཕྱི་མའི་ཆ་སྐྱེ་བ་དེའི་ཆའི་རྒ་ཤི་སྟེ་བྱ་བ་གཅིག་མགོ་བརྩམས་ནས་རྫོགས་པའི་བར་གྱི་སྐད་ཅིག་ལ་ཚང་བའོ། །ཡང་ཤེས་བྱ་ལ་ཤེས་པ་ཝལ་གྱིས་འཇུག་པ་ལ་དུས་མཐའི་སྐད་ཅིག་དང་། དེ་ལྟ་བུའི་ཡུན་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་སྟེ་རྣམ་གྲངས་གསུམ་མོ། །རྩ་བ། མྱང་འདས་རྟེན་ཅིང་འབྲེལ་འབྱུང་ནི། །ལམ་དང་འབྲས་བུ་གཉིས་སུ་གནས། །ལམ་ནི་འཁོར་བའི་རྟེན་ཅིང་འབྲེལ། །ལུགས་སུ་འཇུག་པ་བཅུ་གཉིས་ཀྱི། །རྩ་བ་མ་རིག་ཆེན་པོ་ནི། །རིག་པའི་ཡེ་ཤེས་ཀྱིས་ལྡོག་པས། །འདུ་བྱེད་ལ་སོགས་གཞན་རྣམས་ཀྱང་། །ལུགས་ལྡོག་སྲིད་པའི་རྩ་བ་ཆད། །དེ་ལྟར་རྟེན་ཅིང་འབྲེལ་འབྱུང་གི། །མཚན་ཉིད་མཐོང་བའི་སྐྱེས་བུ་ཡིས། །སྡུག་བསྔལ་ཤེས་ཤིང་ཀུན་འབྱུང་སྤོང་། །འགོག་པ་མངོན་གྱུར་ལམ་མཆོག་མཐོང་། །ཞེས་པ་ནི་དེ་ལ་འཁོར་བ་ནི་མྱ་ངན་གྱི་ས་དང་དེ་ལས་འདས་པ་ནི་ཐར་པ་དང་རྣམ་མཁྱེན་གྱི་ལམ་ཡིན་ཕྱིར་དེའི་རྟེན་ཅིང་འབྲེལ་འབྱུང་ནི་ལམ་ལྔ་དང་འབྲས་བུ་སྐུ་གསུམ་གཉིས་སུ་གནས་ལ་ལམ་ནི་འཁོར་བར་རྟེན་ཅིང་འབྲེལ་འབྱུང་ལྟར་ཏེ་ལུགས་སུ་འཇུག་པ་བཅུ་གཉིས་ཀྱི་རྩ་བ་མ་རིག་པ་ཆེན་པོ་དེ་ནི་འཁོར་བའི་རྒྱུའི་ས་བོན་ཡིན་ཀྱང་དེ་ཉིད་རིག་པའི་ཡེ་ཤེས་ཀྱིས་ལྡོག་པས་འདུ་བྱེད་ལ་སོགས་གཞན་རྣམས་ཀྱང་རིམ་པ་བཞིན་དུ་ལུགས་ལས་ལྡོག་སྟེ་སྲིད་པའི་རྩ་བ་ཆད་ནས་སླར་འཁོར་བའི་དོན་དང་། དེ་ལྟར་རྟེན་ཅིང་འབྲེལ་འབྱུང་གི་མཚན་ཉིད་དེ་རྒྱུ་མཚན་ཇི་བཞིན་མཐོང་བའི་སྐྱེས་བུ་བློ་ལྡན་དེ་ཡིས་སྡུག་བསྔལ་གྱི་བདེན་པ་ཤེས་ཤིང་དེའི་རྒྱུ་ཀུན་འབྱུང་གི་བདེན་པ་ལས་ཉོན་སྤོང་བའི་ཐབས་ལ་བརྩོན་ན་འགོག་པ་སྟེ་ཉོན་མོངས་རྒྱུན་ཆད་ཚེ་བདེན་པ་མངོན་དུ་གྱུར་ཞིང་ལམ་མཆོག་ཅེས་འབྲས་བཟང་མཐོང་བའོ། །རྩ་བ། དེ་ལྟར་སྣང་བ་སྐྱེ་མེད་དུ། །བསམ་པས་གཏན་ལ་ཕབ་པ་དེའི། །རང་བཞིན་ཤེས་པའི་ཆོས་ཉིད་ལ། །བསྒོམ་པའི་ཤེས་རབ་ཅེས་སུ་གྲགས། །ཞེས་པ་ནི་དེ་ལྟར་ཞེས་གོང་བཞིན་དུ་སྣང་བ་སྐྱེ་འགག་མེད་པར་བསམ་པས་གཏན་ལ་ཕབ་པ་དེའི་རང་བཞིན་ནི་སྨྲ་བསམ་བརྗོད་མེད་ཡིན་པ་ཤེས་པའི་ཆོས་ཉིད་ཉམས་སུ་ལེན་པ་ལ་བསྒོམ་པའི་ཤེས་རབ་ཅེས་སུ་གྲགས་པའོ། །དེ་ཕྱིར་བསྒོམ་པའི་ཤེས་རབ་ནི་ཆོས་ལ་བདག་མེད་པར་མཐོང་ཞིང་རང་བཞིན་མེད་པའི་དོན་ལ་རང་བཞིན་གྱིས་རྣལ་དུ་འབྱོར་པས་སྣང་བ་མེད་པའི་ཡེ་ཤེས་མཐོང་བ་ཉིད་ཡིན་ཏེ། དེ་ལ་དངོས་པོར་ཡོད་མེད་སོགས་ཡིད་བྱེད་ཀྱི་བློས་བསྒོམ་དུ་མེད་ཀྱང་གདོད་ནས་རང་བཞིན་གྱིས་ཤིན་ཏུ་རྣམ་པར་གྲོལ་བའི་ཤེས་རབ་ཀྱི་དབྱིངས་ལ་དྲན་པ་ཉེ་བར་འཇོག་པ་ལ་བསྒོམ་པའི་ཐ་སྙད་བཏགས་པའོ། །རྩ་བ། ནམ་མཁའ་རྣམ་པར་དག་པའི་དབྱིངས། །བསྒོམ་པའི་དོན་དང་རོ་གཅིག་པ། །དེ་ལ་གཟུགས་སོགས་ཕུང་པོ་ལྔ། །ཚོགས་བརྒྱད་ཀུན་ཀྱང་ཡོད་མ་ཡིན། །ཞེས་པ་ནི་འདི་ལྟར་སེམས་ཉིད་ཀྱི་གནས་ལུགས་ནམ་མཁའ་རྣམ་པར་དག་པའི་དབྱིངས་ལྟ་བུ་སྟེ་བསྒོམ་པའི་དོན་དང་རོ་གཅིག་པ་དེ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ཕུང་པོ་ལྔ་དང་ཚོགས་བརྒྱད་ཀུན་ཀྱང་ཡོད་པ་མ་ཡིན་ནོ། །རྩ་བ། མེད་ཅེས་བློ་ཡིས་བཀག་པ་ན། །ཤེས་རབ་ཉིད་དང་ལྷག་པར་འགལ། །ཅང་མེད་ཆད་པ་ཉིད་མ་ཡིན། །སྐུ་དང་ཡེ་ཤེས་ཀུན་གྱི་མཛོད། །ཅེས་པ་ནི་འདི་ལྟར་ཡོད་མཐའ་བཀག་ནས་མེད་པ་ཞིག་གློ་བུར་དུ་བསྒོམ་པ་བྱར་མེད་དེ། དོན་ལ་མེད་ཅེས་བློ་ཡིས་བཀག་པར་གྱུར་ན་ཤེས་རབ་ཉིད་དང་ལྷག་པར་འགལ་བས་ཅང་མེད་ཀྱི་སྟོང་པར་བཟུང་ན་ཆད་པར་འགྱུར་བས་དེ་ཉིད་ཀྱང་མ་ཡིན་ཏེ་སྐུ་དང་ཡེ་ཤེས་ཀུན་གྱི་མཛོད་ཡིན་ཞེས་པའོ། །རྩ་བ། རང་བཞིན་ཉིད་དུ་རྣམ་དག་པའི། །ཡང་དག་ཉིད་ལ་ཡང་དག་བལྟ། ། བལྟ་ཞེས་བྱ་བའང་ཀུན་རྫོབ་སྟེ། །ངང་ལས་མ་གཡོས་བསྒོམ་པའི་མཆོག །དེ་ཡི་མདུན་ན་བློ་དང་ནི། །ཡིད་བྱེད་ཐམས་ཅད་གནས་པ་མིན། །ཤེས་རབ་དེ་འདྲར་ཡོངས་ཤེས་ན། །ཐབས་ཀྱིས་རྣམ་པར་གྲོལ་བར་འགྱུར། །ཤེས་རབ་མེད་པའི་ཐབས་ཀྱིས་ནི། །བཅིངས་པ་ཉིད་ལས་གྲོལ་བ་མེད། །ཅེས་པ་ནི་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་འཁོར་བར་མི་ལྷུང་ལ་ཐབས་ཀྱི་སྟོབས་ཀྱིས་མྱང་འདས་ཀྱི་མཐར་མི་ལྷུང་ཞིང་། དེ་ལྟར་མ་ཡིན་པའི། ཤེས་རབ་མེད་པའི་ཐབས་དང་ཐབས་དང་བྲལ་བའི་ཤེས་རབ་ཀྱིས་ནི་བཅིངས་པ་ཉིད་ལས་གྲོལ་བ་མེད་དོ། །དེ་ལྟ་བུའི་ཐབས་ཤེས་འབྲེལ་བའི་ལམ་འདིས་ནི་སྒྲོ་སྐུར་གྱི་མཐའ་སྤངས་པའི་དབུ་མའི་ལམ་མཐོང་བ་སྟེ། འདི་ལྟར་ཤེས་རབ་ཅན་གྱིས་ནི་སྒྲོ་འདོགས་པའི་མཐའ་སྤངས་ལ་ཐབས་ཀྱིས་ནི་སྐུར་བའི་མཐའ་སྤོང་བ་ཉིད་དོ། །རྩ་བ། གང་དུ་སྟོང་ཉིད་སྙིང་རྗེ་གཉིས། །རྒྱུད་ལ་བསྟེན་པ་ཚོགས་ལམ་ཆེ། །སྦྱོར་ལམ་ཆོས་མཆོག་མན་ཆད་དུ། །མཉམ་རྗེས་སྟོང་དང་སྙིང་རྗེར་འཆར། །ཞེས་པ་ནི་འདི་ལྟར་མཉམ་བཞག་ཏུ་སྟོང་ཉིད་དང་རྗེས་ཐོབ་སྙིང་རྗེའི་སྙིང་པོ་ཅན་གྱི་སྦྱིན་པ་ལ་སོགས་པ་ཚོགས་ཟུང་ཡོངས་སུ་བསྒྲུབ་པ་ལ་འཇུག་པ་ནི་ཚོགས་ལམ་སྟེ། ཐེག་ཆེན་གྱི་སེམས་བསྐྱེད་གསར་དུ་སྐྱེས་པའི་རྟེན་གང་ཡིན་པ་དེས་ཐེག་ཆེན་སེམས་བསྐྱེད་དང་པོར་ཐོབ་ནས་ཚོགས་ལམ་ཆུང་ངུར་འཇུག་ནུས་པ་ཡིན་ལ་བསྒོམ་ཚུལ་བྱེ་བྲག་པའི་ཆ་ནས་ཚོགས་ལམ་ལ་ཆེ་འབྲིང་ཆུང་གསུམ་ཡོད་པའི་ཆུང་ངུར་དྲན་པ་ཉེར་བཞག་བཞི་ནི། ལུས་དྲན་པ་ཉེར་བཞག་ནི། མཉམ་བཞག་ཏུ་ནམ་མཁའ་ལྟར་སྒོམ་ཞིང་། རྗེས་ཐོབ་ཏུ་མི་གཙང་བ་དང་སྒྱུ་མ་ལྟར་བསྒོམ་པའོ། །ཚོར་བ་དྲན་པ་ཉེར་བཞག་ནི་མཉམ་བཞག་ཏུ་མ་སྐྱེས་པ་དང་། རྗེས་ཐོབ་ཏུ་ཚོར་བ་མཐའ་དག་སྒྱུ་མ་དང་ཆུ་ཤིང་ལྟར་སྙིང་པོ་མེད་པར་བསྒོམ་མོ། །སེམས་དྲན་པ་ཉེར་བཞག་ནི་མཉམ་བཞག་ཏུ་རང་བཞིན་གྱིས་སྟོང་པ་དང་རྗེས་ཐོབ་ཏུ་མི་འགག་པ་མི་གནས་པར་བསྒོམ་མོ། །ཆོས་དྲན་པ་ཉེར་བཞག་ནི་མཉམ་བཞག་ཏུ་མཉམ་པ་ཉིད། རྗེས་ཐོབ་ཏུ་སྒྱུ་མའི་དཔེ་བརྒྱད་ལ་སོགས་པར་བསྒོམ་མོ། །ཚོགས་ལམ་འབྲིང་དུ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད། སྐྱེས་པ་རྒྱུན་བཅད་པའི་ཕྱིར་དང་། དགེ་ཆོས་རྣམས་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་དུ་སྤེལ་བའི་ཕྱིར་བརྩོན་པས་འཇུག་ཅིང་གཉེན་པོ་བདག་མེད་པ་དང་། སྒྱུ་མའམ་རྨི་ལམ་ལ་སོགས་པ་བསྒོམ་མོ། །ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུན་པ་བརྩོན་འགྲུས་སེམས་པ་དཔྱོད་པའི་ཏིང་འཛིན་བཞིའི་རྫུ་འཕྲུལ་དང་མངོན་ཤེས་དང་སྤྱན་ལ་སོགས་བསམ་གཏན་གྱི་སེམས་ལས་སུ་རུང་སྟོབས་ཀྱིས་འགྲུབ་པས་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །དེའི་རྗེས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་མྱུར་དུ་སྦྱོར་བའི་ལམ་སྟེ་ལུས་ཀྱིས་རྟེན་འགྲོ་བ་ལྔ་གང་རུང་ལ་བསམ་པའི་རྟེན་བསམ་གཏན་ས་དྲུག་པ་གང་རུང་ཡིན་ནོ། །དེ་ཡང་དྲོད་རྩེ་གཉིས་སུ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་སྟེ་དབང་པོ་ལྔའོ། །བཟོད་ཆོས་གཉིས་སུ་དད་པས་ཡིད་ཆེས་བརྩོན་འགྲུས་ཀྱིས་སྤྲོ་དྲན་པས་མི་བརྗེད་ཏིང་འཛིན་གྱི་རྩེ་གཅིག་ཤེས་རབ་ཀྱིས་རང་བཞིན་ཤེས་པའི་ཚུལ་གྱིས་བསྒོམ་པའོ། །དེའང་ངེས་པར་འབྱེད་པའི་ཆ་བཞི་ལ་ཆེ་འབྲིང་ཆེན་པོའི་དབྱེ་བས་བཅུ་གཉིས་གནས་ཚུལ་སོགས་རྒྱས་འགྲེལ་ལས་བལྟ་བར་བྱའོ། །འདི་མན་ཆད་ཀྱི་ཡེ་ཤེས་ཀྱི་ངོ་བོ་མཉམ་བཞག་གི་ཆ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྟོང་ཉིད་དང་དེ་ལས་ལངས་པའི་རྗེས་ཐོབ་ནི་སྙིང་རྗེ་ཆེན་པོའི་ཆ་རྟོག་བཅས་རྟོག་མེད་ཅི་རིགས་སུ་ཡོད་པའོ། །རྩ་བ། མཐོང་ལམ་ཐོབ་ནས་གཉིས་པོ་ནི། །ཟུང་དུ་འཇུག་ཅིང་འདུ་འབྲལ་མེད། །རབ་ཏུ་དགའ་བ་དང་པོའི་སར། །ཆོས་ཉིད་བདེན་པ་མངོན་སུམ་མཐོང་། །ཞེས་པ་ནི་མཐོང་ལམ་ཐོབ་པར་གྱུར་པ་དེའི་ཚེ་སྟོང་ཉིད་སྙིང་རྗེ་གཉིས་པོ་ཟུང་དུ་འཇུག་ཅིང་ཚུར་འདུ་བ་དང་ཕར་འབྲལ་རྒྱུ་གང་ཡང་མེད་ཅིང་རབ་ཏུ་དགའ་བ་ཞེས་དང་པོའི་སར་སླེབ་ཚེ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བ་ཡིན་ནོ། །རྩ་བ། དེ་ནས་འཕགས་པའི་སྒོམ་ལམ་དུ། །ས་བཅུ་རྒྱུན་གྱི་མཐའ་མ་ལ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཤེས་སྒྲིབ་བཅོམ་ནས་མངོན་བྱང་ཆུབ། །ཅེས་པ་ནི་དེ་ཡང་མཐོང་ལམ་རྫོགས་ནས་འཕགས་པའི་སྒོམ་ལམ་དུ་ས་བཅུ་ཆོས་ཀྱི་སྤྲིན་ཐོབ་ནས་དེའི་རྒྱུན་གྱི་མཐའ་མ་ལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་པའི་སྟོབས་ཀྱིས་ཤེས་བྱའི་སྒྲིབ་པ་མ་ལུས་པ་བཅོམ་ནས་མངོན་པར་བྱང་ཆུབ་པ་ཞེས་སངས་རྒྱས་ཀྱི་གོ་སར་སླེབས་པའོ། །དེ་ལ་ས་དང་པོ་ནས་བཅུ་པའི་བར་གྱི་ངོས་འཛིན་དང་དབྱེ་བ་ཡོན་ཏན་སོགས་བཤད་པ་རྒྱས་པ་འགྲེལ་ཆེན་ལས་ཤེས་པར་བྱ་ཞིང་། འདིར་ས་བཅད་མ་སྟོང་ཙམ་དུ་ཅུང་ཟད་བྲི་ན། ས་དང་པོ་སྐད་ཅིག་སྔ་ཕྱི་མེད་བཞིན་དུ་སངས་རྒྱས་བརྒྱའི་ཞལ་བལྟ་བ་དང་། ཏིང་ངེ་འཛིན་བརྒྱ་ཐོབ་པ་ཞིང་ཁམས་བརྒྱར་འགྲོ་བ་སེམས་ཅན་བརྒྱ་སྐྱོང་བཞིན་ཆོས་སྒོར་འཇུག་པར་བྱེད་པ་བསྐལ་བརྒྱར་འཇུག་ཅིང་ལུས་བརྒྱ་རབ་ཏུ་སྟོན་པར་བྱེད་པ་རྒྱལ་བའི་སྲས་ཀྱང་བརྒྱ་ཡི་གྲངས་ཚང་རབ་ཏུ་སྟོན་པ་སོགས་ཡོན་ཏན་བརྒྱ་ཕྲག་བཅུ་ག ཉིས་མངོན་དུ་བྱེད་པའོ། །དེ་བཞིན་དུ་ས་གཉིས་པར་སྟོང་ཕྲག་བཅུ་གཉིས། གསུམ་པར་འབུམ་ཕྲག་བཅུ་གཉིས། བཞི་པར་བྱེ་བ་བརྒྱ་ཕྲག་བཅུ་གཉིས། ལྔ་པར་བྱེ་བ་སྟོང་ཕྲག་བཅུ་གཉིས། དྲུག་པར་བྱེ་བ་ཁྲག་ཁྲིག་བཅུ་གཉིས། བདུན་པར་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས། བརྒྱད་པར་སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་གྱི་གྲངས་དང་མཉམ་པ། དགུ་པར་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པ། བཅུ་པར་བརྗོད་དུ་མེད་པའི་གྲངས་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་བལྟ་བ་དང་ཆོས་ཉན་པ་དང་ཞིང་གཡོ་བར་བྱེད་པ་དང་འོད་ཀྱིས་གསལ་བར་བྱེད་པ་དང་ཞིང་དེ་དག་ཏུ་འགྲོ་བ་དང་། སེམས་ཅན་སྨིན་པར་བྱེད་པ་དང་། ཆོས་སྒོ་འབྱེད་པ་དང་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་དང་། དུས་སྐད་ཅིག་གཅིག་བསྐལ་པ་དུ་མར་སྟོན་ཅིང་། བསྐལ་པ་དུ་མ་སྐད་ཅིག་མ་གཅིག་ཏུ་སྟོན་པ་དང་། སྔོན་དང་ཕྱི་མའི་མཐའ་དེ་སྙེད་ལ་གཟིགས་པ་འཇུག་པ་དང་། རང་ལུས་སངས་རྒྱས་ཀྱི་སྐུ་དུ་མར་འཕྲུལ་པ་དང་། དེ་རེ་རེ་ལའང་འཁོར་དུ་མས་བསྐོར་བར་སྟོན་པ་རྣམས་སྐད་ཅིག་སྔ་ཕྱི་མེད་པར་འབྱུང་ངོ་། །དེ་ལྟའི་ཡོན་ཏན་ཡང་ཁམས་ཀྱི་སྟེང་གི་སྒྲིབ་པ་བྲལ་སྟོབས་ལས་སྔོན་མེད་གསར་དུ་མཐོང་བའམ། དེ་ལས་ལྡོག་པའི་ཁྱད་པར་བདེ་གཤེགས་སྙིང་པོ་དྲང་ངེས་གཉིས་སུ་འདོད་པའི་ཕྱོགས་ལས་འབྱུང་བར་སྣང་སྟེ། སློབ་དཔོན་ཟླ་གྲགས་ཀྱིས་བདེ་གཤེགས་སྙིང་པོ་དྲང་དོན་དུ་བཤད་ཅིང་། རྒྱུད་བླ་མའི་དགོངས་པའང་དགོངས་གཞི་སྟོང་ཉིད་དང་། དགོས་པ་སྐྱོན་ལྔ་སྤང་ཕྱིར་འདོད་ཕྱོགས་སུ་བསླན་ན་ཚོགས་བརྒྱད་དང་འབྲེལ་བའི་དཔྱད་པ་རྣོན་པོས་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་དྲང་དོན་དུ་ཁས་ལེན་པ་རྣམས་ལ་བདེ་སྟེ། དེའི་དགོངས་གཞི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ཉིད་དེ། དགོས་པ་ནི། རྒྱུད་བླ་མར། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་ཡང་། །ཡང་དག་མི་འཛིན་ཡང་དག་ཆོས་ལ་བསྐུར། །བདག་ཆགས་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་སྤོང་བའི་དོན་དུ་གསུངས། །ཞེས་པས་ཉེས་པ་ལྔ་བསལ་ཞིང་བདག་ལ་མངོན་པར་ཞེན་པ་དྲང་བའི་ཕྱིར་འགྲོ་རྒྱུད་ལ་རྟག་བརྟན་ཐེར་ཟུག་གི་སྐུ་བཞུགས་སོའི་སྒྲས་ཚིག་ཙམ་ལ་རྟོན་པ་དག་མུ་སྟེགས་བྱེད་ཀྱི་བདག་དང་འཁྲུལ་པ་སྤོང་ཕྱིར་རོ། །མ་འོངས་པའི་དུས་ན་བླ་མེད་ཀྱི་བྱང་ཆུབ་ཡོད་ཕྱིར་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བའོ། །སེམས་ཅན་རྣམས་ལ་ད་ལྟ་ཉོན་མོངས་པ་རྣམས་ཡོད་ཕྱིར་མཚན་དཔེ་དངོས་སུ་མེད་དོ། །དེ་དག་ནི་འཁོར་ལོ་བར་པའི་ཆེད་དུ་བྱས་པའི་གདུལ་བྱས་འཁོར་ལོ་ཐ་མ་ལ་ལྟོས་མི་དགོས་པར་རྣམ་ཐར་སྒོ་གསུམ་གྱི་དགོངས་པ་རང་སྟོབས་ཀྱིས་དཔྱད་ནུས་ལ་ཐ་མའི་ཆེད་དུ་བྱ་བའི་གདུལ་བྱས་དེ་ལྟར་དཔྱོད་པར་མི་ནུས་ཤིང་འཁོར་ལོ་ཐ་མ་ལ་བརྟེན་ནས་བར་པའི་དགོངས་པ་ཚོལ་དགོས་པར་འདོད་ཅིང་དེ་གཉིས་ལ་དབང་པོ་རྣོ་རྟུལ་གྱི་ཁྱད་པར་འབྱེད་ཀྱང་། ཁྱད་གཞི་དེ་ནི་ཡང་དག་པར་མི་རུང་སྟེ་འཁོར་ལོ་ཐ་མའི་གདུལ་བྱ་ཡིན་ཚད་དབང་རྟུལ་ཡིན་པ་ཅིས་གྲུབ་ཕར་ཕྱིན་དྲུག་ལ་སྤྱོད་ཅིང་བསྒྲུབ་པ་དང་ལྡན་པའི་བྱང་སེམས་རྣམས་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བ་ཅན་ཡིན་ཕྱིར་དེ་ལས་མགྱོགས་པ་གཞན་མེད་དོ། །འདི་ལྟར་ས་དང་པོ་ནས་བཅུ་པའི་བར་གྱི་བྱང་སེམས་རྣམས་ཀྱི་སྦྱིན་པ་ལ་སོགས་པའི་སྤྱོད་པ་རྣམས་འབྱུང་ཞིང་ལྷག་མ་རྣམས་ཀུན་ཏུ་མི་སྤྱོད་པ་ནི་མ་ཡིན་ནོ། །དེའང་ཕུང་པོ་ལྔ་སོགས་ཀྱི་ཆོས་ཐམས་ཅད་བདེན་པར་གྲུབ་མཉམ་དུ་བསྟན་ནས་གང་ཟག་གི་བདག་མེད་སྟོན་པར་འཁོར་ལོ་དང་པོ་དང་། ཆོས་རྣམས་མ་གྲུབ་མཉམ་དུ་བསྟན་ནས་ཆོས་ཀྱི་བདག་མེད་སྟོན་པ་འཁོར་ལོ་བར་པ་དང་ཀུན་བརྟགས་དོན་དམ་པར་མ་གྲུབ་ཅིང་གཞན་དབང་དང་ཡོངས་གྲུབ་དོན་དམ་པར་གྲུབ་པའི་ཁྱད་པར་ཕྱེ་ནས་སྟོན་པའི་འཁོར་ལོ་ཐ་མ་གསུམ་ལས་དང་པོ་དྲང་དོན་ཡིན་པར་ཐེག་ཆེན་པ་གཉིས་ཀ་མཐུན་ལ་འཁོར་ལོ་གཞན་གཉིས་ལ་རྣམ་རིག་པས་ཐ་མ་ངེས་དོན་དང་། དབུ་མ་པས་བར་པ་ངེས་དོན་དུ་འདོད་པའི་ལུགས་འདི་ནི་རྒྱུའི་ཐེག་པའི་སྐབས་ཡིན་པ་སོར་བཞག་བྱས་པ་ལས། དོན་ལ་ངེས་དོན་གྱི་མདོ་སྡེ་དང་རྣལ་འབྱོར་ཆེན་པོའི་དོན་སྨྲ་བསམ་ལས་འདས་པ་ལ་ལམ་དུས་ཀྱི་ཐ་སྙད་ཀྱིས་ཐུག་པ་མེད་ཀྱང་། སོ་སོའི་སྐྱེ་བོ་རྣམས་དྲང་བའི་ཕྱིར་རིམ་གྱིས་བཀྲི་བ་ལ་ལྟོས་ནས་གསུངས་པའི་དོན་འགལ་མེད་དུ་བསྡུ་ཤེས་པ་གལ་ཆེའོ། །དེ་ཡང་ཐ་སྙད་ཙམ་གྱི་སྒོ་ནས་བཤད་པའི་གྲུབ་མཐའ་ནི་བློའི་རི་མོ་ཡིན་པས་དོན་དམ་བདེན་པ་ལ་བཞག་པ་མ་ཡིན་ནོ། །ས་བཅུའི་ཡོན་ཏན་འཆད་སྐབས་ཕྱི་མའི་སྐྱེ་སྲིད་སོགས་དང་དེ་དག་གི་དབྱེ་བ་བཅས་ཞིབ་པར་གཞན་དུ་བལྟ་བར་བྱའོ། །དེ་ལྟར་བསླབ་བྱ་མཐར་ཐུག་ནས་སློབ་ཏུ་མེད་པ་ནི་མི་སློབ་པའི་ལམ་སྟེ། རྩ་བ། མཉམ་པར་མ་བཞག་མེད་པ་སོགས། །རྒྱལ་བའི་མ་འདྲེས་ཆོས་བཅོ་བརྒྱད། །སྟོབས་བཅུ་དང་ནི་མི་འཇིགས་བཞི། །མཐའ་དག་མངོན་གྱུར་སངས་རྒྱས་ཡིན། །འདི་ལྟར་ཕ་རོལ་ཕྱིན་པ་དྲུག །རྒྱལ་བ་ཀུན་གྱི་གཞུང་ལམ་སྟེ། །ལྟ་བས་མ་རྨོངས་སྤྱོད་པའང་། །ཤིན་ཏུ་རྣམ་དག་འོག་མིན་འགྲོ། །ཞེས་པ་ནི་དེ་ཡང་ཐུགས་མཉམ་པར་མ་བཞག་པ་མེད་པ་སོགས་རྒྱལ་བའི་མ་འདྲེས་པའི་ཆོས་བཅོ་བརྒྱད་དང་སྟོབས་བཅུ་དང་ནི་མི་འཇིགས་པ་བཞི་མཐའ་དག་གབ་པའི་ཚུལ་དུ་མ་ཡིན་ཅིང་མངོན་དུ་གྱུར་པ་ནི་སངས་རྒྱས་ཁོ་ནའི་ཁྱད་ཆོས་ཡིན་ནོ། །འདི་ལྟར་ཕ་རོལ་དུ་ཕྱིན་པ་དྲུག་པོ་ནི། དུས་གསུམ་དུ་བྱོན་པ་དང་བཞུགས་པ་དང་འབྱོན་འགྱུར་གྱི་རྒྱལ་བ་ཀུན་གྱི་གཞུང་ལམ་ཆེན་པོ་སྟེ། དེ་ལྟར་ལྟ་བས་མ་རྨོངས་པས་ཕྱོགས་གང་དུའང་མ་ལྷུངས་ཤིང་རིས་སུ་མ་ཆད་པས་ཐ་སྙད་ཀྱི་གྲུབ་མཐའ་ལས་གྲོལ། སྤྱོད་པའང་ཤིན་ཏུ་རྣམ་དག་སྟེ་ལམ་དུས་སྡེ་སྣོད་གསུམ་ནས་ཇི་ལྟར་བཤད་པ་བཞིན་བླང་དོར་ཚུལ་བཞིན་དུ་ཐབས་ཤེས་ཟུང་འཇུག་གི་ངང་ནས་བསྒྲུབས་པ་དག་འོག་མིན་སྐུ་གསུམ་གྱི་ས་ལ་ཕྱིན་པར་བྱེད་དོ། །ཞེས་བསྡུས་ཏེ་འགྲེལ་ལོ། །འབྲས་བུ་ནི། རྟེན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། བརྟེན་པ་ཡེ་ཤེས་ལྔ། མཛད་པ་ཕྲིན་ལས་སོ། །དེ་ལ་ཆོས་སྐུ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མ་ཕྱེད་པའི་རང་བཞིན་གྱིས་ཟུང་དུ་འཇུག་ཅིང་དྲི་མ་ཐམས་ཅད་དང་བྲལ་བའི་རྣམ་བྱང་ཆེན་པོའི་ཁམས་ནམ་མཁའ་ལྟ་བུའོ། །དེ་ཉིད་རྟོག་པ་མེད་པའི་ཆོས་ཉིད་ལ་མཉམ་པར་བཞག་པའི་ཤེས་རབ་ཀྱིས་མཐོང་བ་ཡིན་ནོ། །ལོངས་སྐུ་ནི་འཁོར་བའི་ཆ་འདུས་བྱས་པ་རྣམ་ཤེས་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་དབྱིངས་སུ་ནུབ་པའི་སྟོབས་ཀྱིས་བཞག་པའི་གཞིའི་གནས་ལུགས་ཀྱི་སྣང་ཆའི་ཡོན་ཏན་མཐའ་དག་རྫོགས་པ་ནི་ངེས་པ་ལྔ་དང་ལྡན་པའོ། །སྤྲུལ་སྐུ་ནི་ཆོས་སྐུའི་གདངས་ལོངས་སྐུའི་རྣམ་པར་རོལ་པའི་ངང་ནས་དེ་ཉིད་ལས་གདུལ་བྱའི་ངོར་གང་ལ་གང་འདུལ་དུ་འབྱུང་བའི་རྒྱ་ཆེ་བའི་རྟག་པ་ཞེས་བྱའོ། །དེ་ཡང་གདུལ་བྱ་ཡོད་ན་འདུལ་བྱེད་ཡོད་པའི་དཔེ་འཆར་གཞིའི་ཆུ་ཆེ་ཆུང་གང་ཡོད་ཀྱི་ངོགས་སུ་ཟླ་གཟུགས་སྣང་བ་དང་འདྲ་ཡང་། གདུལ་བྱ་མེད་ཚེ་སངས་རྒྱས་ཡོད་ཀྱང་དེ་ཉིད་བསྐྲུན་པའི་དགེ་བ་མེད་ན་ས་བོན་རུལ་བ་སྤེལ་དུ་མི་རུང་བ་དང་ཆོས་མཚུངས་སོ། །དེ་ལ་སྤྲུལ་སྐུ་ལ། བཟོ་སྤྲུལ་སྐུ་ནི་ལུག་མ་ཇོ་ཤཱཀྱ་སོགས་ཕྱག་མཆོད་ཀྱི་གནས་སུ་གྱུར་པ་རྣམས་དང་། ཁང་པར་བྲིས་སྐུ་ཐང་ཁ་སོགས་དང་གླེགས་བམ་རྣམས་ཀྱང་དེར་བསྡུའོ། །གཞན་ཡང་གནས་རི་རྣམས་ལ་རང་བྱུང་འབུར་དོད་སོགས་ཕྱག་སྐོར་མཆོད་འབུལ་གྱི་གནས་སུ་གྱུར་པའི་ཚོགས་གཉིས་བསག་ཡུལ་ཐམས་ཅད་དོ། །སྐྱེ་བ་སྤྲུལ་པ་ནི། སྲོག་ཆགས་ངེས་པ་སྤྲུལ་ནས་ནད་བསལ་བ་དང་། ཉ་བོ་ཆེས་མུ་གེ། རྟ་རྒྱལ་བ་ལ་ཧ་དང་། སེངྒེ་རལ་པ་ཅན་གྱིས་ཚོང་པ་བསྐྱབས་ནུས་པ་བཞིན་ནོ། །མཆོག་གི་སྤྲུལ་སྐུ་ནི་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུའོ། །བརྟེན་པའི་ཡེ་ཤེས་ནི་ཆོས་ཉིད་ཇི་ལྟ་བ་དང་། ཤེས་བྱ་ཇི་སྙེད་པ་མཁྱེན་པའོ། །དེ་ཡང་དབྱེ་ན་ཡེ་ཤེས་ལྔར་གསུངས་པའང་། ཀུན་གཞི་དབྱིངས་སུ་ནུབ་པ་ཆོས་དབྱིངས་དང་། ཀུན་གཞིའི་རྣམ་ཤེས་དབྱིངས་སུ་ནུབ་པ་མེ་ལོང་། ཡིད་ཤེས་དབྱིངས་སུ་ནུབ་པ་མཉམ་ཉིད། ཉོན་ཡིད་དབྱིངས་སུ་ནུབ་པ་སོར་རྟོག །སྒོ་ལྔའི་རྣམ་ཤེས་དབྱིངས་སུ་ནུབ་པ་ནི་བྱ་གྲུབ་ཡེ་ཤེས་སོ། །དེའི་ཚེ་ཡེ་ཤེས་དང་ཤེས་བྱ་མཁྱེན་པའི་ཚུལ་ཡང་རང་སྣང་ལ་ལྟོས་ན་འཁྲུལ་པ་གཏན་ནས་སྤང་ཕྱིར་ཤེས་བྱའི་སྤྲོས་པ་དང་དེས་བསྐྱེད་པའི་ཡེ་ཤེས་རང་མཚན་པ་ཡོད་པ་མ་ཡིན་ཏེ་སྟོང་ངོས་ཆོས་སྐུའི་ཡེ་ཤེས་ཡོད་མེད་གཉིས་ཀ་མ་གྲུབ་པས་བསམ་གྱིས་མི་ཁྱབ་པ་ཞེས་བྱ་ལ། གཞན་སྣང་ལ་ལྟོས་ནས་ཐུགས་རྗེས་འཇུག་པ་དང་ཡེ་ཤེས་ཀྱི་འཆར་ཚུལ་དེ་དག་གི་རྒྱུ་འབྲས་མཐའ་དག་འགགས་པ་མེད་བཞིན་མཁྱེན་པའོ། །འདི་ལ་གཞན་དག་རིག་པ་ནི་མ་རིག་པའི་ཁྱབ་བྱེད་ཅན་ཡིན་ལ་ཁྱབ་བྱེད་མ་རིག་པ་ལྡོག་པས་ཁྱབ་བྱ་རིག་པ་ལྡོག་པའི་ཕྱིར་ཡེ་ཤེས་ཉིད་ཀྱང་མེད་པར་གྲུབ་བོ། །ཞེས་སྨྲ་བ་ནི། ཆད་པར་སྨྲ་བ་རྒྱང་འཕེན་པའི་ལུགས་ཡིན་ཏེ་སྤང་བྱ་ལས་འདས་ཤིང་སེམས་སེམས་བྱུང་ཀུན་གཞི་ཚོགས་བརྒྱད་ཀྱིས་བསྡུས་པ་རིག་པ་ཡེ་ཤེས་ཀྱི་སྟེང་དུ་འགག་པའི་དོན་ཡིན་ནོ། །རིག་པ་མ་རིག་པའི་རྟེན་ཡིན་ཀྱང་ཁྱབ་བྱེད་མ་ཡིན་པས་མ་རིག་པ་ལོག་པ་ཙམ་གྱིས་རིག་པ་ལོག་པར་ཡང་མི་འགྱུར་ཏེ། སེམས་བྱུང་འགགས་པས་སེམས་འགག་པ་མ་ཡིན་ནོ། །དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐམས་ཅད་མཁྱེན་པའི་རང་བཞིན་ལེའུ་དྲུག་པ་ལས་བཤད་ཟིན་ཅིང་གཞུང་འདི་ཉིད་ཀྱི་རྒྱས་འགྲེལ་ཁོ་ན་ལས་རྟོགས་པར་བྱ་དགོས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་དགུ་པའི་སྐབས་རྫོགས་པ་ཡིན་གྱིས། རྒྱུ་མཚན་ཉིད་ཀྱིས་ཐེག་པ་ལ་ཡོངས་སུ་གྲགས་པའི་རྒྱ་ཆེན་སྤྱོད་པ་དང་ཟབ་མོ་ལྟ་བའི་གྲུབ་པའི་མཐའ་ལེགས་པར་གཏན་ལ་ཕབ་པ་ལས་ཚིག་འགྲེལ་ཉུང་ངུ་འདི་ནི་བྱིས་པས་མེ་ཏོག་བརྒྱུས་པ་ལྟར་རང་དང་སྐལ་མཉམ་རྣམས་ཀྱི་ཆེད་དུ་སྤེལ་བའོ། །མདོ་འགྲེལ་འདི་ཉིད་ཀྱི་མཇུག་ཏུ་༢ཡབ་རྗེ་གྲུབ་པའི་དབང་ཕྱུག་གང་གི་ཞལ་སྔ་ནས་ཀྱི་མཛད་བྱང་འདི་ལྟར། ཉིང་འཁྲུལ་ལམ་དུ་དཔལ་ལྡན་ནཱ་ག་རྫུས། །བཤེས་སྤྲིང་ལུང་གིས་ཟབ་དང་རྒྱ་ཆེའི་དོན། །བདག་རྒྱུད་བདེ་གཤེགས་སྙིང་པོ་ལ་སྦྱར་བ། །འདིས་ཀྱང་རྒྱལ་བསྟན་མི་ནུབ་དཔལ་དུ་ཤོག །ས་སྐྱ་བདག་པོ་རིན་པོ་ཆེ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསྟན་པ་འབའ་ཞིག་ཐུགས་ལ་བཅངས་ནས་ས་སྙིང་སྲང་འཁོར། རིན་ཆེན་གཉིས་པའི་རྟ་རྨིག །ནང་མཛོད་སྣ་ལྔའི་སྐྱེས་དང་བཅས་ཏེ་བཀས་བསྐུལ་བ་ལས། དབེན་པའི་རི་ངོགས་ན་གནས་པའི་གཙུག་ལག་ཁང་པདྨ་འོད་གླིང་ཞེས་བྱ་བར་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱིས་ཟིན་རིས་སུ་བཏབ་པའི་ཡི་གེ་པ་ནི་དགེ་སློང་རྣལ་འབྱོར་སྤྱོད་པ་ཆོས་རྗེ་བྲག་པའོ།། །།དགེའོ། །དགེའོ། །དགེའོ།། །།

ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་ལས་སྔགས་འགྲེལ་ནོར་བུའི་ཕྲེང་བ་བཞུགས་སོ། །

འཁོར་འདས་ཆོས་རྣམས་བྱེད་པོ་ཐབས་མཆོག་ཀུན་བཟང་ཡབ། །གང་ཞིག་བྱ་བའི་ཡུམ་གྱུར་ཤེས་རབ་ཀུན་བཟང་མོ། །སྟངས་དཔྱལ་ཟུང་གིས་བསྐྲུན་པའི་སྲིད་དང་ཞི་བའི་ཁམས། །བདེ་གཤེགས་སྙིང་པོར་གཅིག་པས་ཕྱག་འཚལ་གཉིས་འཛིན་བྲལ། །སྔོན་དུས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས། །སྤྱན་དྲངས་སྔ་འགྱུར་འོད་ཟེར་འབུམ་ལྡན་དལ། །ཕྱིས་བྱོན་འགའ་ཡིས་ཆོས་སྤོང་ཆུ་འཛིན་གྱིས། །བསྒྲིབ་པའི་སྟ་གོན་མངོན་དུ་གྱུར་པའི་ཚེ། །དྲི་མེད་བཤེས་གཉེན་ཀློང་ཆེན་རབ་འབྱམས་ཀྱི། །མཁྱེན་བརྩེ་ནུས་པའི་བརྒལ་བརྟགས་འཐོར་རླུང་གིས། །མི་མཐུན་ཆུ་འཛིན་བསྐྲད་པའི་མཁའ་དབྱིངས་སུ། །སླར་ཡང་འོད་ཟེར་སྟོང་ལྡན་གཞུང་འདི་འབར། །དེང་དུས་ཁམས་འདིར་མདོ་སྔགས་མ་ངེས་པའི། །ཆོས་ཚུལ་མང་ཡང་དབྱེ་བསལ་སུ་ཡིས་ནུས། །འོན་ཀྱང་རང་ནུས་ཚོད་ཀྱི་སེམས་དགེ་བས། །འབྲས་བུའི་ཐེག་པའི་བསྡུས་འགྲེལ་བལྟ་བདེར་འགོད། །ད་ནི་དབང་པོ་ཤིན་ཏུ་རྣོན་པོའི་དོན་དུ་གསང་སྔགས་རྡོ་རྗེའི་ཐེག་པ་བཤད་པའི་ཕྱིར། རྩ་བ། བྱང་ཆུབ་སེམས་དཔའ་སྔགས་ཀྱི་ཐེག་པ་ལ། །འབྲས་བུའམ་ནི་རྡོ་རྗེའི་ཐེག་པ་དང་། །ཐབས་ཀྱི་ཐེག་པ་རིག་པ་འཛིན་པ་ཡི། །སྡེ་སྣོད་ཅེས་གྲགས་རྒྱུད་ལས་ཁྱད་པར་འཕགས། །ཞེས་པ་དེ་ཡང་བྱང་ཆུབ་སེམས་དཔའི་བསམ་སྤྱོད་དང་བྲལ་བའི་སྔགས་ཀྱི་གཟུགས་བརྙན་ལ་སྤྱོད་པ་ནི་རཱུ་ཏྲའི་རྒྱུ་ལས་མ་འདས་པ་སྔགས་གཞུང་རྣམས་ན་གསལ་བཞིན་ལ། དེ་ལྟར་མ་ཡིན་པའི་སེམས་བསྐྱེད་དང་ལྡན་པའི་སྔགས་ཀྱི་ཐེག་པ་ལ། འབྲས་བུའི་ཐེག་པའམ་ཞེས་པ་ནི་འབྲས་བུ་བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཏིལ་ལ་མར་ཁུས་ཁྱབ་པ་བཞིན་ཁྱབ་པ་དེ་ནི་སངས་རྒྱས་ཞེས་བྱ་བ་དེ་ཡིན་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་ནས་རང་ཞལ་མ་མཐོང་བ་དེ་བསལ་མ་ཐག་ཏུ་ཉི་མ་སྤྲིན་རུམ་ནས་ཐོན་པ་དང་ཆོས་མཚུངས་པའོ། །རྡོ་རྗེའི་ཐེག་པ་དང་ཞེས་པ་རྡོ་རྗེའི་ནི་འདིར་དོན་དམ་ཆོས་ཉིད་ཀྱི་རྡོ་རྗེ་ཆོས་བདུན་དང་ལྡན་པ་དེ་ཡིན་ཏེ། དེ་གཉིས་གང་སྨོས་ཀྱང་རུང་ཞིང་ཐེག་པ་ནི་གླང་པོ་ཆེ་ལ་སོགས་དུད་འགྲོ་སྟོབས་ཆེན་གྱིས་ཁུར་ཆེན་པོ་ཐེག་པ་ལྟར་འདིར་ཡང་རྡོ་རྗེའི་ཐེག་པ་བས་སྣང་སྲིད་འཁོར་འདས་ཐམས་ཅད་ཐེག་པས་སོ། །འཁོར་བའི་ཆོས་མྱང་འདས་སུ་བསྒྱུར་བའི་ཐབས་ཀྱི་ཐེག་པའམ་རིག་པ་འཛིན་པའི་སྡེ་སྣོད་ཅེས་ཡོངས་སུ་གྲགས་པ་འདི་ཉིད་རྒྱུའི་ཐེག་པ་ལས་ཁྱད་པར་དུ་མའི་སྒོ་ནས་འཕགས་ཚུལ་ཤེས་པ་ཡང་གལ་ཆེ་བས་རྒྱས་འགྲེལ་བལྟ་བའི་བརྩོན་པ་བསྐྱེད་ཅིག །རྩ་བ། རྒྱུན་ཆགས་ངོས་ནས་གཞི་ལམ་འབྲས་བུའི་རྒྱུད། །རིམ་གཉིས་ལ་བརྟེན་ཐབས་དང་ཤེས་རབ་འབྲེལ། །དཀའ་ཐུབ་མཐུ་ཡིས་མི་གདུང་འཇུག་སྒོ་ཡངས། །དབང་པོ་རྣོན་པོའི་དབང་བྱས་བརྟུལ་ཞུགས་མྱུར། །ཞེས་པ་ནི་འདི་ལྟར་རྒྱུད་ཅེས་པ་རྒྱུན་ཆགས་ཡིན་ཏེ་དེ་ལ་ཏནྟྲ་སན་ཏ་ཞེས་བྱ་སྟེ་སྔགས་རྒྱུད་རྣམས་ལ་ཞི་བ་སོགས་ལས་ཕྲ་མོ་བསྒྲུབ་ཆོག་དང་། མངོན་ཤེས་དང་རྫུ་འཕྲུལ་སོགས་ཐུན་མོང་གི་དངོས་གྲུབ་ཆེན་པོ་བསྒྲུབ་ཆོག་དང་། མི་གནས་པའི་མྱ་ངན་ལས་འདས་པའི་བསྒྲུབ་ཆོག་སོགས་མང་པོ་དང་འབྲེལ་བས་ཀྱང་རྒྱུད་ཅེས་བྱའོ། །དེ་ཡང་གཞིའི་རྒྱུད་བདེ་གཤེགས་སྙིང་པོ། ལམ་གྱི་རྒྱུད་བསྐྱེད་རྫོགས་བསྒོམ་བཟླས། འབྲས་བུའི་རྒྱུད་སྐུ་དང་ཡེ་ཤེས་སོ། །དེ་ཡང་རིམ་པ་གཉིས་ལ་བརྟེན་པས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ཞིང་། དགུང་ལྟོ་བཅག་པ་དང་སྨྱུང་བར་གནས་པ་སོགས་དཀའ་ཐུབ་མཐུ་ཡིས་མི་གདུང་བས་སྔགས་ལམ་འཇུག་སྒོ་ཡངས་པ་དང་། དབང་པོ་རྟུལ་པོ་དང་འབྲིང་དང་རྣོན་པོ་གསུམ་ལས་རྗེས་མའི་དབང་དུ་བྱས་པའི་ལམ་མཆོག་བླ་ན་མེད་པ་ཡིན་པས་བརྟུལ་ཞུགས་མྱུར་བའོ། །དེ་ཡང་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་དགོངས་པ་དམ་པར་གྱུར་པས་སྐལ་མེད་དང་བློ་མ་སྦྱངས་པ་དག་གིས་རྟོགས་པར་དཀའ་བར་གསང་བ་དང་། འཇིག་རྟེན་པ་དང་ཐེག་དམན་རྣམས་ཀྱི་སྤྱོད་ཡུལ་དུ་མི་རུང་བས་གསང་བར་བྱ་ཞིང་། སྦས་ནས་འགྲུབ་པ་ཡིན་པའི་ཕྱིར་ཡང་གསང་བའོ། །དེ་ལྟ་བུའི་གསང་སྔགས་དེ་ནི་ཐབས་མང་བས་རང་རང་གི་ཉོན་མོངས་པ་གང་ཡིན་པ་དེ་ཉིད་ཀྱི་རིགས་ཤེས་པར་བྱས་ནས་དེའི་སྦྱོང་བྱེད་ལྷ་སྔགས་ལ་བརྟེན་པའི་རྣལ་འབྱོར་དང་། འདུ་ཤེས་བསྒྱུར་བའི་ཐབས་མཁས་ཀྱི་སྤྱོད་པས་ཟིན་པ་སོགས་སྒོ་མང་པོ་ལ་བརྟེན་ནས་རང་གྲོལ་ཞིང་གཞན་རྗེས་སུ་འཛིན་པའི་ཐབས་ཡོད་པས་ཐབས་མང་བ་དང་། དཀའ་ཐུབ་དང་སྡོམ་པའི་ཀུན་སྤྱོད་ཀྱིས་མི་གདུང་བར་ཇི་ལྟར་འདོད་པའི་ལམ་ལ་བཀྲིར་ཡོད་ཅིང་ངལ་བས་བསྒྲུབ་མི་དགོས་པར་ཉོན་མོངས་པ་གདུལ་བའི་ཐབས་ཟབ་ལ་རྒྱ་ཆེ་བ་མང་པོས་རང་གཞན་གྲོལ་བར་ནུས་པས་དཀའ་བ་མེད་པ། མཚམས་མེད་ལྔ་ལ་སོགས་མི་དགེ་བའི་ལས་ཅི་ཙམ་སྤྱད་ཀྱང་མི་གོས་པར་འགྲོ་བ་འདྲེན་པའི་ཐབས་ལ་མཁས་པ། མཚན་ཉིད་ཐེག་པ་ལྟར་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྒྱ་ཆེན་པོས་ཡུན་རིང་པོ་བསྒྲུབ་མི་དགོས་ཤིང་མཐོང་ཆོས་ལ་མྱུར་དུ་བསྒྲུབ་པའི་ཐབས་ཡོད་པས་མྱུར་བའོ། །རྩ་བ། དུས་ལ་དགོངས་པ་རྫོགས་ལྡན་གསུམ་ལྡན་དང་། །གཉིས་ལྡན་དང་ནི་རྩོད་པར་ལྡན་པ་བཞི། །རིགས་ལ་དགོངས་པ་བྲམ་ཟེའི་རྗེའུ་རིགས། །རྒྱལ་པོ་དང་ནི་དམངས་སམ་གདོལ་པའོ། །དབང་པོར་དགོངས་པ་རྟུལ་འབྲིང་རྣོན་དང་མཆོག །ཅེས་པ་ནི་དེ་ཡང་དུས་ལ་དགོངས་ཏེ་གསུངས་པ་ནི་རྫོགས་ལྡན་གྱི་དུས་སུ་བྱ་རྒྱུད་གསུམ་ལྡན་ལ་སྤྱོད་རྒྱུད་གཉིས་ལྡན་ལ་རྣལ་འབྱོར་རྒྱུད། རྩོད་ལྡན་ལ་བླ་མེད་གསུངས་པའོ། །རིགས་ལ་དགོངས་པ་བྲམ་ཟེ་ལ་བྱ་རྒྱུད། རྗེའུ་རིགས་ལ་སྤྱོད་རྒྱུད། རྒྱལ་རིགས་ལ་རྣལ་འབྱོར་རྒྱུད། དམངས་སམ་གདོལ་པ་བླ་མེད་རྒྱུད་དོ། །དབང་པོ་རྟུལ་འབྲིང་རྣོན་པོ་གསུམ་ཡང་དེའི་འགྲེས་སོ། །རྩ་བ། ཆོས་ནི་བྱ་སྤྱོད་རྣལ་འབྱོར་བླ་ན་མེད། །དང་པོ་གསུམ་ནི་གསང་སྔགས་ཕྱི་པ་སྟེ། །ཐུབ་པས་དངོས་གསུངས་མཚན་ཉིད་ཐེག་པ་དང་། །གཙང་སྦྲ་སྡོམ་པའི་ཀུན་སྤྱོད་ཕལ་ཆེར་མཚུངས། །རྩོད་པའི་དུས་དང་འགལ་བའི་འདོད་ཆགས་ཀྱི། །ཀུན་སྤྱོད་ལམ་བྱེད་ལྷ་ཡང་ཟུང་འབྲེལ་མིན། །ཤ་ལྔ་བདུད་རྩི་ལྔ་ལ་ལོངས་མི་སྤྱོད། །ཅེས་པ་ནི་དེ་ཡང་རྒྱུད་སྡེ་བཞིར་གྲངས་ངེས་པའི་ཀྲི་ཡ་དང་། ཨུ་པ་དང་། ཡོ་ག་སྟེ་སྤྱི་རྒྱུད་གསུམ་པོ་དེ་ནི་ཐུབ་པ་ཆགས་བྲལ་གྱི་རྣམ་པས་གསུངས་ཤིང་མཚན་ཉིད་ཐེག་པ་ལྟར་གཙང་རྩོག་དང་སྤོང་ལེན་མང་ཞིང་ཀུན་སྤྱོད་ཕལ་ཆེར་ཐེག་དམན་དང་མཚུངས་ཤིང་རྩོད་པའི་དུས་སུ་ཕོ་མོ་གཉིས་མཁྱུད་ཀྱི་འདོད་ཆགས་ཡིན་ལ་དེ་དང་འགལ་བའི་ཀུན་སྤྱོད་ལམ་དུ་བྱེད་ཅིང་ལྷ་ཡང་ཡབ་ཡུམ་ཟུང་འབྲེལ་བསྒོམ་པ་མིན་པ་དང་། ཤ་ལྔ་བདུད་རྩི་ལྔ་སོགས་ནང་གི་དམ་རྫས་ལ་སྤྱོད་པར་མི་ནུས་སོ། །རྩ་བ། དབྱེ་ན་བྱ་བ་དང་ནི་སྤྱོད་པའི་རྒྱུད། །སེམས་དཔའ་སེམས་མ་རིག་སྔགས་གཟུངས་སྔགས་ལྷ། །བྱ་བས་རྗེ་ཁོལ་སྤྱོད་པས་སྤུན་གྲོགས་ཚུལ། །བྱ་བས་རྗེ་ཁོལ་རྣམ་པར་བསྒྲུབ་པའང་། །བདག་བསྐྱེད་མེད་པ་རང་ཉིད་དམན་པར་བཞག །ལ་ལར་ཡོད་དེ་གཙོ་བོར་མདུན་བསྐྱེད་སྟོན། །ཕྱི་ཡི་བྱ་བ་ཁྲུས་དང་གཙང་སྦྲ་གཙོ། །མཆོག་དམན་ཚུལ་དུ་བསྒྲུབས་ནས་དངོས་གྲུབ་འདོད། །ཅེས་པ་ནི་དེའང་བྱ་བ་དང་སྤྱོད་པའི་རྒྱུད་ནི་སེམས་དཔའ་སེམས་མ་རིག་སྔགས་དང་གཟུང་སྔགས་ཀྱི་ལྷ་དེ་དག་བྱ་བས་རྗེ་ཁོལ་དང་སྤྱོད་པས་སྤུན་གྲོགས་ཀྱི་ཚུལ་དུ་བསྒྲུབ་ཚུལ་གཉིས་ཡོད་པ་ལ། སྤྱིར་སྔགས་ཀྱི་དབྱེ་བ་ལ་རིག་སྔགས་དང་གཟུངས་སྔགས་དང་གསང་སྔགས་ཞེས་པ་གསུམ་ཡང་རིམ་བཞིན་ཐབས་དང་། ཤེས་རབ་དང་། གཉིས་སུ་མེད་པའི་ངོ་བོ་གསུམ་དུ་གནས་ཏེ་རིག་སྔགས་ནི་ཐབས་ཀྱི་ངོ་བོ་དང་། གཟུགས་སྔགས་ནི་ཤེས་རབ་ཀྱི་ངོ་བོ་ཡིན་ཞིང་། གསང་སྔགས་ནི་གཉིས་མེད་ཀྱི་ཡེ་ཤེས་སོ། །དེ་ཡང་ཕྱི་ལུས་ངག་གི་སྤྱོད་པ་གཙོ་བོར་སྟོན་པ་བྱ་བའི་རྒྱུད་དང་སྤྱོད་རྒྱུད་སྤུན་ནམ་གྲོགས་པོའི་ཚུལ་དུ་བསྒྲུབ་དགོས་པ་ལ། བྱ་བས་མདུན་བསྐྱེད་རྗེ་དང་རང་ཉིད་བྲན་ཁོལ་གྱི་རྣམ་པར་བསྒྲུབ་པ་ལའང་། ཕལ་ཆེར་བདག་བསྐྱེད་མེད་ཅིང་རང་ཉིད་དམན་པར་བཞག་པ་དང་། ལ་ལར་བདག་བསྐྱེད་ཡོད་ཀྱང་གཙོ་བོར་མདུན་བསྐྱེད་སྟོན་ཅིང་། ཕྱིའི་བྱ་བ་ཁྲུས་དང་གཙང་སྦྲ་གཙོར་བྱེད་ལ་ལྷ་ཉིད་མཆོག་དང་རང་ཉིད་དམན་ཚུལ་དུ་བསྒྲུབས་ནས་དངོས་གྲུབ་འདོད་པའོ། །རྩ་བ། བྱ་བ་ཐབས་དང་རང་གི་རྣལ་འབྱོར་ལ། །ཆ་མཉམ་སྤྱོད་པས་སྤྱོད་པའི་རྒྱུད་དུ་གྲགས། །རང་ཉིད་དམ་ཚིག་སེམས་དཔའི་མདུན་བཞུགས་པའི། །ཡེ་ཤེས་ལྷ་ལས་སྤུན་ལྟར་དངོས་གྲུབ་ལེན། །ཞེས་པ་ནི་དེ་ཡང་ཕྱིའི་བྱ་བ་གཙང་སྦྲ་སོགས་ཐབས་དང་ནང་གི་རྣལ་འབྱོར་ལ་བརྩོན་པ་ཆ་མཉམ་སྤྱོད་པས་སྤྱོད་པའི་རྒྱུད་དུ་གྲགས་ཤིང་རང་ཉིད་དམ་ཚིག་སེམས་དཔའི་མདུན་ན་བཞུགས་པའི་ཡེ་ཤེས་ཀྱི་ལྷ་ལ་སྤུན་གྲོགས་ལྟར་བསྒྲུབས་ནས་དངོས་གྲུབ་ལེན་པའོ། །རྩ་བ། རྣལ་འབྱོར་རྒྱུད་ཀྱི་གྲུ་ཆད་མན་ཆད་ལ། །བཀོད་པ་ཆེན་པོ་ལོངས་སྤྱོད་རྫོགས་པ་ལྟར། །བསྟན་ཡང་ཟུང་འབྲེལ་མ་ཡིན་བསྐྱེད་དང་རྫོགས། །ཐབས་དང་ཤེས་རབ་རིམ་ཅན་སོ་སོ་བ། །རྣལ་འབྱོར་གཙོར་སྤྱོད་ལུས་ངག་གྲོགས་སུ་སྟོན། །ཡེ་ཤེས་དགུག་བསྟིམ་ཕྱག་རྒྱ་བཞི་ཡིས་བཅིང་། །དམ་ཡེ་གཅིག་པའི་ངང་ནས་དངོས་གྲུབ་བླང་། །བཟླས་པའི་མཐའ་ལ་གཤེགས་གསོལ་བྱ་བའོ། །ཞེས་པ་ནི་དེ་ལ་རྩ་རྒྱུད་དེ་ཉིད་འདུས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་སོགས་དང་། རྡོར་དབྱིངས་དང་། ཁམས་གསུམ་རྣམ་རྒྱལ་དང་ངན་སོང་སྦྱོང་བ་དང་དོན་གྲུབ་སྟེ་དུམ་བུ་བཞིར་གྲགས་པའི་དཀྱིལ་འཁོར་གྱི་གྲུ་ཆད་ལ་བཀོད་པ་ཆེན་པོ་ལོངས་སྤྱོད་རྫོགས་པ་ལྟར་བསྟན་ཀྱང་དེ་དག་གི་ལྷ་ཡང་ཐབས་ཤེས་ཟུང་འབྲེལ་ཅན་མ་ཡིན་ཅིང་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་སྟོང་ཉིད་དུ་རྟོགས་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀུན་རྫོབ་ཙམ་དུ་རྡོ་རྗེ་དབྱིངས་སོགས་པའི་ལྷར་བཏགས་པའོ། །འདིའི་ལུགས་ནི་ཡབ་ཡུམ་རིམ་པ་ལྟར་བཞུགས་པའམ་སོ་སོར་བཞུགས་ཤིང་ནང་ཏིང་ངེ་འཛིན་གཙོར་སྤྱོད་ཅིང་ལུས་ངག་གི་སྤྱོད་པ་གྲོགས་སུ་སྟོན་ཅིང་བདག་དམ་ཚིག་པ་ལ་ལྷ་ཡེ་ཤེས་པ་དགུག་ཅིང་བསྟིམ་ཞིང་ཕྱག་རྒྱ་བཞི་ཡིས་བཅིངས་མཐར་དམ་ཡེ་རོ་གཅིག་པའི་ངང་ནས་དངོས་གྲུབ་བླང་བ་དང་བཟླས་པའི་མཐའ་ལ་གཤེགས་གསོལ་བྱ་བའོ། །དེ་ཡང་གོང་དུ་དུམ་བུ་བཞིར་དབྱེ་སྐབས་དང་པོ་ནི་དེ་བཞིན་གཤེགས་པ་དང་རྣམ་སྣང་གི་རིགས་སོ། །གཉིས་པ་ནི་རྡོ་རྗེའི་རིགས་སོ། །གསུམ་པ་ནི་པདྨ། བཞི་པ་ནི་རིན་པོ་ཆེའི་རིགས་སུ་བསྟན་པ་ཡང་འགྲོ་བའི་བསམ་པ་རྫོགས་པར་བྱེད་པའི་རིན་པོ་ཆེའི་རིགས་ཡིན་ལ་ལས་སུ་བྱ་བའི་སྒོ་ནས་ལས་ཀྱི་རིགས་ཡིན་ཕྱིར་ལས་དང་བྱེད་པ་པོ་གཉིས་གཅིག་ཏུ་སྡུད་ཚུལ་སངས་རྒྱས་གསང་བས་བཤད་དོ། །དུམ་བུ་དང་པོ་གདུལ་བྱ་གཏི་མུག་ཅན་འདུལ་ཕྱིར་དང་། གཉིས་པ་ནི་ཞེ་སྡང་། གསུམ་པ་འདོད་ཆགས། བཞི་པ་སེར་སྣ་ཅན་འདུལ་བའི་ཕྱིར་བསྟན་པའོ། །འདི་དག་གི་བཤད་པ་རྒྱས་པ་ནི་ཡི་གེས་འཇིགས་སོ། །དེ་ཡང་འབྲས་བུའི་ཕྱག་རྒྱ་བཞི་ཐོབ་པའི་ཐབས་སུ་དམ་རྒྱ་ཆོས་རྒྱ་ལས་རྒྱ་ཕྱག་རྒྱ་ཆེན་པོ་སྟེ་བཞིར་བཤད་དོ། །དེའང་དམ་རྒྱ་ཐུགས། ཆོས་རྒྱ་གསུང་། ལས་རྒྱ་ཕྲིན་ལས། ཕྱག་ཆེན་སྐུ་སྟེ་རང་རང་གི་རིགས་དང་སྦྱར་བའི་གཙོ་ཆེ་ཆུང་གིས་རྒྱས་གདབ་པ་ལས་སྦྱང་གཞི་སྒྲུབ་པ་པོའི་སྒོ་གསུམ་བྱ་བ་དང་བཞི་པོ་དེ་བཞིན་གཤེགས་པའི་གསང་བ་གསུམ་ཕྲིན་ལས་དང་བཅས་པར་བསྒྲུབ་པ་ནི་སྦྱངས་འབྲས་སོ། །རྩ་བ། བླ་ན་མེད་པ་གསང་སྔགས་ནང་པ་ནི། །བསྐྱེད་དང་རྫོགས་དང་ཟུང་དུ་འཇུག་པ་ལས། །ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་དུ་བཞག །ལྷ་ནི་འཁྲིལ་སྦྱོར་དམ་རྫས་ཁྱད་པར་སྤྱོད། །གཙང་རྩོག་སྤོང་ལེན་མེད་པའི་རང་བཞིན་ཅན། །ཞེས་པ་ནི་དེ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་འདི་ནི་ངོ་བོའི་སྒོ་ནས་ཐབས་ཤེས་སམ་བསྐྱེད་རྫོགས་ག ཉིས་མེད་དུ་འདོད་ཀྱང་། ཀུན་རྫོབ་ཏུ་རྣམ་པར་དབྱེ་བ་ཙམ་གྱི་ཆ་ནས་བརྗོད་ན་དཀྱིལ་འཁོར་གང་དུ་ལྷ་ཕོ་ཤས་ཆེ་ཞིང་དར་དང་རཏྣའི་རྒྱན་མང་བ་ཕ་རྒྱུད་དོ། །མོ་ཤས་ཆེ་ཞིང་གཅེར་བུ་རུས་རྒྱན་དང་གཡང་གཞི་ཐལ་ཆེན་གྱིས་བྱུགས་པ་སོགས་མ་རྒྱུད་དོ། །དེ་ལས་ཁྱད་པར་དལ་གྱི་ལྷའི་གཙོ་བོ་གོ་འཕོ་བ་གཙོ་མོ་མི་འཕོ་བ་རྣལ་འབྱོར་ཕ་རྒྱུད་དོ། །དེ་བཞིན་དུ་གཙོ་མོ་འཕོ་ལ་གཙོ་བོ་མི་འཕོ་བ་མ་རྒྱུད། འདི་ལྟར་དབང་ཕྱུག་མ་གཅིག་པོ་རིགས་ལྔ་གང་བསྒྲུབ་ཀྱི་གཙོ་བོ་དང་སྟངས་དཔྱལ་དུ་འགྱུར་ཞིང་། ཕ་རྒྱུད་དུ་ནི་ཐབས་བསྐྱེད་པའི་རིམ་པ་སྤྲོས་པ་དང་། རྫོགས་རིམ་རླུང་གཙོར་འདོན་ལ་མ་རྒྱུད་དུ་ནི་རྫོགས་རིམ་ཐིག་ལེ་འབའ་ཞིག་གཙོ་བོར་བྱེད་དོ། །དེ་གཉིས་ཀ་ཆ་མཉམ་དུ་སྟོན་པ་ལ་གཉིས་མེད་ཀྱི་རྒྱུད་ཅེས་བཏགས་ཀྱང་རྒྱུད་ཐམས་ཅད་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་ཡིན་པར་འདུས་སོ། །ནང་རྒྱུད་འདིའི་ཁྱད་པར་ནི་ཕྱི་པ་ལྟར་ཚངས་སྤྱོད་ཀྱི་དཀའ་ཐུབ་དང་། གཙང་དམེ་སོགས་ཀྱི་བླང་དོར་མང་པོས་གདུང་བ་མ་ཡིན་པར་ཆོས་མཉམ་པ་ཆེན་པོའི་དམ་ཚིག་ལ་ལྟ་བས་ཕྱེ་བ་ནི་བླ་མེད་ཀྱི་ཁྱད་ཆོས་སོ། །རྩ་བ། རྣལ་འབྱོར་ཆེན་པོ་ཕ་རྒྱུད་ཐབས་ཀྱི་ལམ། །བསྐྱེད་རིམ་གཙོར་བྱས་རླུང་ལྔ་དག་པར་བྱེད། །རྗེས་སུ་རྣལ་འབྱོར་མ་རྒྱུད་ཤེས་རབ་ལམ། །རྫོགས་རིམ་གཙོར་བྱེད་ཁམས་ལ་ཞུ་བདེ་བསྐྱེད། །ཤིན་ཏུ་རྣལ་འབྱོར་གཉིས་མེད་ཡེ་ཤེས་ལམ། །གཅིག་དང་དུ་བྲལ་འོད་གསལ་ཆེན་པོར་སྦྱོར། །ཞེས་པ་ནི་དེ་ལ་གསང་སྔགས་བླ་མེད་འདིར་སྡུག་བསྔལ་བདེན་པའི་རང་བཞིན་གློ་བུར་གྱི་དྲི་མ་དང་བཅས་པ་རྒྱུ་འབྲས་ཀྱིས་སློངས་པའི་སྲིད་པ་སྐྱེ་བའི་རིམ་པ་གང་ཡིན་པའི་འཁོར་བའི་འདྲ་འབག་བསྐྱེད་རིམ་གྱིས་སྦྱངས་ཤིང་དག་པར་བྱེད་པས་ལམ་བདེན་དང་། ཀུན་འབྱུང་གི་ཆོས་ལས་ཉོན་གྱི་རྣམ་པར་ཤར་བའི་རིགས་རྒྱུན་སྡུག་བསྔལ་བདེན་པའི་ཆོས་ཉིད་འབྲས་བུ་སངས་རྒྱས་ཀྱི་རྣམ་པར་ཐར་པའི་འདྲ་འབག་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་བསྒྱུར་ཏེ་བསྒོམས་པས་འགོག་བདེན་དུ་འཆར་ཞིང་། དེ་ཡང་སྦྱང་བྱ་གློ་བུར་ཀུན་བརྟགས་ལ་བལྟོས་ནས་བསྐྱེད་རིམ་དང་། གཞན་དབང་ལ་བལྟོས་ནས་རྫོགས་རིམ་དང་། ཡོངས་གྲུབ་དང་མཐུན་པར་རྫོགས་པ་ཆེན་པོ་ལམ་དུ་བྱེད་པའོ། །འདི་ལྟར་ཕ་རྒྱུད་རྣམས་ནི་བསྐྱེད་རིམ་ཐབས་སུ་བྱས་ནས་འབྱུང་ལྔའི་རླུང་དག་པས་འཁྲུལ་སྣང་ཞིང་ཁམས་སུ་དག་པར་བྱེད་ཅིང་གསལ་སྟོང་ཟུང་དུ་འཇུག་པའི་དངོས་གྲུབ་རྣམ་གཉིས་སྒྲུབ་པར་བྱེད་དོ། །ཤེས་རབ་མ་རྒྱུད་ལས་ནི་བསྐྱེད་རིམ་གཙོར་མི་འདོན་པར་ཁམས་བདེ་བ་ཆེན་པོ་བྷ་གའི་དཀྱིལ་འཁོར་ལས་རང་ལུས་ཐབས་ལྡན་ལ་སྔོན་དུ་གོམས་ནས་གཞན་ལུས་ཕྱག་རྒྱ་ཆེན་པོ་ལས་དགའ་བཞིའི་ཡེ་ཤེས་བདེ་བ་ཆེན་པོས་བྱང་ཆུབ་བསྒྲུབ་པ་ཡིན་ཞིང་། གཉིས་མེད་ཀྱི་རྒྱུད་ཤིན་ཏུ་རྣལ་འབྱོར་ལས་ནི་གཅིག་དང་དུ་བྲལ་གྱི་ཆོས་ཉིད་གཙོར་བྱེད་པས་ཕུང་པོའི་སྙིགས་མ་དྭངས་མར་འབྱུང་བར་བྱེད་དོ། །རྩ་བ། ཀུན་གྱི་གནད་དུ་ཁམས་དྲུག་ལྡན་པའི་ལུས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྩ་ཐིག་རླུང་། །ལས་སུ་རང་ལུས་བསྐྱེད་རྫོགས་ཟུང་འཇུག་གསུམ། །ཡོན་ཏན་ཀུན་སྐྱེད་རྡོ་རྗེ་ཐེག་པའི་ལམ། །ཞེས་པ་ནི་དེ་ཡང་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་ལྔ་དང་དེ་དག་གི་དབྱིངས་རང་བཞིན་གྱི་སྟོང་པ་ལ་ཡེ་ཤེས་ཀྱི་ཁམས་ཏེ་དྲུག་ཏུ་དབྱེའོ། །དེ་ལ་གཟུགས་ཚོར་འདུ་ཤེས་འདུ་བྱེད་ལྔ་ནི་ཕུང་པོ་དང་ཁམས་ཀྱང་ཤ་ཁྲག་དྲོད་དབུགས་ཁོང་པའི་ནང་གི་སྟོང་ཆའོ། །དེ་དག་ལ་བརྟེན་པའི་གནས་པ་རྩ་གཡོ་བ་རླུང་བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་ལས་སུ་རུང་བ་སྟེ་སྦྱངས་པ་སྟོབས་སུ་གྱུར་ཚེ་བསྐྱེད་པ་དང་རྫོགས་པ་དང་དེ་གཉིས་ཟུང་འཇུག་གསུམ་ལམ་དུ་ལོངས་ཤིང་ས་དང་ལམ་གྱི་ཡོན་ཏན་ཀུན་བསྐྱེད་ནུས་པ་རྡོ་རྗེའི་ལམ་མཆོག་ཏུ་གྱུར་པའོ། །རྩ་བ། རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ཆེན་པོ་རུ། །ལྟ་བས་ཐག་བཅད་བསྒོམས་པས་ཉམས་སུ་བླང་། །སྤྱོད་པས་ལ་དོར་འབྲས་བུས་དོན་གཉིས་བསྒྲུབ། །གཞི་ལམ་འབྲས་བུའི་རྒྱུད་ལ་ཡང་དག་བརྟེན། །ཞེས་པ་ནི་འདི་ལྟར་རྡོ་རྗེའི་ཐེག་པའི་ཉེ་ལམ་ཟབ་མོའི་སྐབས་སུ་ཆོས་རྣམས་དབྱིངས་ནས་སངས་རྒྱས་པའི་རང་བཞིན་ལྟ་བས་གཏན་ལ་འབེབས་པས་བདེན་པ་དབྱེར་མེད་གཞི་རང་བཞིན་ཡོངས་གྲུབ་ཏུ་ལྡན་པའི་ངང་དུ་སྒྲ་རྟོག་དང་ཞེན་ཡུལ་གྱི་གཏན་ཚིགས་འཆའ་བ་དང་། བདེན་གཉིས་ཀྱིས་རྗེས་སུ་དཔགས་པའི་རྣམ་གྲངས་པའི་དོན་དམ་ཙམ་མ་ཡིན་པར་གནས་ལུགས་ཕྱག་རྒྱ་ཆེན་མོའི་དབང་ལས་བྱུང་བའི་དཔེའི་ཡེ་ཤེས་སམ། རིམ་གཉིས་ཀྱི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་འདུ་འཕྲོད་ལ་བརྟེན་ནས་མྱང་འདས་ཀྱི་རྒྱུད་ཀྱི་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་ཉམས་སུ་མྱོང་བའོ། །དེའང་རྒྱུའམ་གཞིའི་རྒྱུད་ནི་འགྲོ་བའི་ཀུན་གཞི་ཚོགས་བདུན་གྱི་སྦུབས་ན་བདེ་གཤེགས་སྙིང་པོ་ཉི་མ་སྤྲིན་གྱིས་བསྒྲིབས་པ་ལྟ་བུར་གནས་སོ། །ཐམས་སམ་ལམ་གྱི་རྒྱུད་ནི་སྦྱང་གཞི་དེ་ཉིད་ཀྱི་དྲི་མ་ཐབས་མང་འཕྲུལ་གྱིས་སྦྱངས་ནས་རང་གི་རང་བཞིན་ཅི་ཡིན་པ་མངོན་དུ་བྱེད་པའོ། །འབྲས་བུའི་རྒྱུད་ནི་སྦྱང་གཞི་དེ་ཉིད་སྦྱོང་བྱེད་ཀྱི་ཐབས་ཟབ་མོས་སྦྱངས་པས་སྒྲིབ་བྱེད་དང་བྲལ་ཏེ་འབྲས་བུ་མངོན་དུ་གྱུར་པའོ། །དེ་ཡང་མན་ནི་སྒྲའི་དབྱིངས་དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་དང་། ཏྲཱ་ཡ་ནི་འཇིག་རྟེན་སྐྱོབ་པའི་སྙིང་རྗེ་ཆེན་པོ་སྟེ་དེ་གཉིས་དབྱེར་མེད་པ་གསང་སྔགས་སོ། །གསང་སྔགས་ཞེས་པའང་སྐལ་དམན་གྱིས་ཐོས་སུ་མི་རུང་བ་གསང་དགོས་པ་དང་སྔགས་ནི་དུག་ལ་སྔགས་ཀྱིས་བཏབ་པའི་འཚོ་བྱེད་ཀྱི་སྨན་དུ་འགྱུར་བ་ལྟར་ཉོན་མོངས་རང་གྲོལ་གྱི་ལམ་ལ་ཞུགས་པའི་སྟོབས་ཀྱིས་དུག་ལྔས་འཆིང་བར་མི་ནུས་པ་རྨ་བྱས་དུག་ལ་སྤྱོད་པའི་རོ་ནུས་མཛེས་རྒྱན་དུ་གྱུར་པ་ལྟ་བུའོ། །རྩ་བ། འཇུག་པའི་སྒོ་ནི་སྨིན་པར་བྱེད་པའི་དབང་། །གྲོལ་བར་བྱེད་པ་བསྐྱེད་རྫོགས་རྣམ་པ་གཉིས། །མཐུན་པའི་གྲོགས་སུ་དམ་ཚིག་སྤྱོད་པ་གསུམ། །སྔགས་ཀྱི་ལམ་མཆོག་རྣལ་མར་ངེས་པ་ལས། །ཞེས་རྡོ་རྗེའི་ཐེག་པའི་ལམ་ཡོངས་སུ་རྫོགས་པ་ནི་སྨིན་གྲོལ་གཉིས་དང་རིམ་གཉིས་སོ། །དེའི་གྲོགས་སུ་གྱུར་པ་ནི་དམ་ཚིག་རྣམ་པར་དག་པ་ཁོ་ནའོ། །རྩ་བ། དང་པོ་དབང་བསྐུར་མ་ཐོབ་དངོས་གྲུབ་མེད། །བྱེ་མ་བཙིར་ལས་ཞུན་མར་འདོད་པ་བཞིན། །འཆད་ཉན་བསྒོམ་ལ་བརྩོན་ཀྱང་དམྱལ་བར་འགྲོ། །དབང་ཐོབ་སྐྱེས་བུ་རྒྱལ་བའི་སྲས་སུ་འགྱུར། །དཀྱིལ་འཁོར་མཐོང་བས་སྡིག་ལས་རྣམ་པར་གྲོལ། །གཙང་མའི་རིགས་སྐྱེ་སྐྱེ་བ་བདུན་དག་ན། །ངེས་པར་འགྲུབ་ཅིང་ས་བཅུ་འཐོབ་པར་བཤད། །ཅེས་པ་ནི་མདོར་ན་རྡོ་རྗེའི་ཐེག་པའི་སྤྱི་ཆིངས་ནི་དབང་བསྐུར་བ་ཁོ་ན་ཡིན་པས་དབང་བསྐུར་ཚུལ་བཞིན་ཞུས་ཏེ་དམ་ཚིག་བསྲུང་བ་གལ་ཆེ་ཞིང་དེ་ལྟར་མ་བྱས་ན་སྔགས་ལམ་ལ་ཐོས་བསམ་སྒོམ་གསུམ་འཆད་ཉན་སོགས་ཇི་ལྟ་བུ་བྱེད་ཀྱང་བྱེ་མ་བཙིར་ནས་མར་ཁུ་འདོད་པའམ་ས་བོན་མ་བཏབ་པར་མྱུ་གུ་རེ་བ་བཞིན་ནོ། །དེ་ལྟར་དངོས་གྲུབ་མི་ཐོབ་པར་མ་ཟད་གསང་སྒྲོགས་ཀྱི་ཉེས་པས་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་སོམས་ལ་སྔགས་ལམ་ལ་འཇུག་པའི་སྔོན་དུ་དབང་བསྐུར་ཚུལ་བཞིན་ཐོབ་ནས་དམ་ཚིག་མ་ཉམས་པར་བསྲུངས་ན་སྐྱེས་བུ་དེ་ཉིད་རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར་ཞིང་དཀྱིལ་འཁོར་མཐོང་བས་ཀྱང་སྔོན་བསགས་ཀྱི་སྡིག་པ་ལས་རྣམ་པར་གྲོལ་ནས་གཙང་མའི་རིགས་ཏེ་གཙང་རིས་ཀྱི་ལྷར་སྐྱེ་ཞིང་དེའི་སྐྱེ་བ་བདུན་དག་ན་སངས་རྒྱས་ངེས་པར་འགྲུབ་ཅིང་ས་བཅུ་འཐོབ་པར་བཤད་དོ། །རྩ་བ། དབང་བསྐུར་སློབ་དཔོན་རིམ་གཉིས་གདེངས་དང་བྲལ། །བསྟི་གནས་དཀོར་སྤྱོད་མ་བསྡམས་ཁྱིམ་ལ་ཆགས། །སྙིང་རྗེ་ཆུང་དང་རྟོག་གེས་ཟིལ་ནོན་དེས། །དབང་བསྐུར་བྱས་ཀྱང་བེའུ་སྦྲེལ་གཡང་སར་ལྟུང་། །ཞེས་པ་ནི་དེ་ཡང་དབང་བསྐུར་བའི་སློབ་དཔོན་ནི་བསྐྱེད་རིམ་དང་རྫོགས་རིམ་གཉིས་གང་ལའང་སྦྱངས་པ་མཐར་ཕྱིན་མ་བྱས་པས་ལྟ་སྒོམ་གདེངས་དང་བྲལ་ཞིང་། རང་གི་ཡུལ་འབྲོག་ཅི་འདྲ་ཡིན་ཡང་རུང་སྟེ་བསྟི་གནས་ཏེ་སྡོད་གནས་དེ་ཉིད་མི་ཉམས་པའི་ཆེད་དུ་དཀོར་རྫས་ལ་བག་མེད་དུ་སྤྱོད་ཅིང་སྡོམ་པ་གསུམ་གྱིས་མ་བསྡམས་པའི་ཁྱིམ་ལ་ཆགས་ཤིང་ཞེན་པ་ཅན་དང་། འགྲོ་ཕན་གྱི་སྙིང་རྗེ་ཆུང་བ་དང་ཐ་སྙད་ཀྱི་ཚིག་ལ་གྲིམས་པའི་རྟོག་གེ་བས་ཟིལ་གྱིས་ནོན་ནས་དེའི་རྗེས་སུ་འབྲངས་ཤིང་དབང་དུ་གྱུར་པ་དེ་ལྟ་བུས་དབང་བསྐུར་བྱས་ཀྱང་ཐོབ་ལ་མ་སྨིན་ཙམ་དུ་མ་ཟད་དཔོན་སློབ་གཉིས་ཀ་བེའུ་སྦྲེལ་གཡང་སར་ལྷུང་བ་ལྟར་འགྱུར་བས་སྤང་བར་བྱའོ། །རྩ་བ། ཕྱི་ནང་གསང་བའི་དེ་ཉིད་རྣམ་པ་བཅུ། །རིག་ཅིང་རང་ཉིད་གྲོལ་བའི་བླ་མ་ཡིས། །དད་དང་ངོ་ཚ་ཤེས་པའི་སློབ་མའི་རྒྱུད། །བརྟགས་ལ་དབང་བསྐུར་རིམ་པས་སྦྱིན་པར་བྱ། །ཞེས་པ་ནི་དེ་ཡང་དབང་བསྐུར་ཐོབ་ཅིང་དམ་ཚིག་མ་ཉམས་པའི་ཕྱི་ནང་གསང་བའི་དེ་ཉིད་རྣམ་པ་བཅུ་ལ་དབང་འབྱོར་བ་དག་བསྟེན་པར་བྱ་བ་སྟེ། དང་པོ་ནི་དཀྱིལ་འཁོར་གྱི་བྱ་བ་ལ་མཁས་པ་དང་ཏིང་འཛིན་དང་ཕྱག་རྒྱ་དང་སྟངས་སྟབས་དང་འདུག་སྟངས་དང་བཟླས་བརྗོད་སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་སླར་སྡུད་པ་ཡི་རྣམ་པ་ནི་ཕྱིའི་དེ་ཉིད་བཅུའོ། །ཁྲོ་བཅུ་ལ་སོགས་པའི་བསྲུང་འཁོར་བསྒོམས་པས་ཕྱིར་བཟློག་པ་དང་། བྲིས་པས་བསྲུང་འཁོར་གྱིས་ཕྱིར་བཟློག་པ་གསང་དབང་ཤེར་ཡེའི་དབང་གཉིས་ལ་བརྟེན་པའི་སྦྱོར་བ་མཐུན་དབྱེ་བསད་སྒྲོལ། གཏོར་མའི་ཆོ་ག་རྡོ་རྗེའི་བཟླས་པ་ལྷ་མ་གྲུབ་ན་དྲག་ཤུལ་བསྒྲུབ་པའི་ཆོ་གའམ་སྤོགས་ཆོག་གིས་ལྷ་བསད་པ་རབ་གནས་དང་དཀྱིལ་འཁོར་བསྒྲུབ་པའི་ཆོ་ག་ཡང་འཁོར་བ་དང་མཐུན་པར་སྦྱར་ནས་ཆགས་སྤྱོད་དང་མངལ་འབྱིན་སྲིད་ན་རང་གི་ཆོས་ཉིད་ལ་ངོ་ཚ་ཞིང་གསང་སྦེད་དགོས་རིགས་མཐའ་དག་ཉམས་སུ་བསྟར་བས་ན་གསང་བའི་དེ་ཉིད་བཅུའོ། །དེ་ཙམ་གྱི་ཚིག་དང་གཟུགས་བརྙན་ཤེས་ཀྱང་མི་ཆོག་པར་འཇིག་རྟེན་པའི་ཀུན་རྟོག་གི་སེམས་ཉེར་ལེན་གྱི་ཕུང་པོ་ལྔ་ལས་ཡང་དག་པར་འདས་པས་རྟོགས་པས་བདག་རྒྱུད་གྲོལ་བ་ལ་བརྟེན་པ་གལ་ཆེའོ། །དེ་ལྟ་ནའང་སངས་རྒྱས་རྣམས་ནི་སེམས་ཅན་གདུལ་བའི་ཐབས་ལ་མཁས་ཤིང་ཐུགས་རྗེ་དང་ལྡན་པ་ཡིན་པས་ངེས་པའི་དོན་དུ་སློབ་དཔོན་ཡང་མཐའ་གཅིག་ཏུ་མི་བཟུང་སྟེ་དཔེར་ན་རྒྱལ་པོ་ཟས་གཙང་མ་དགེ་སློང་འཆར་ཀ་ལ་འདུལ་དུ་བསྩལ་བ་དང་། རྒྱལ་པོ་ཨིནྡྲ་བྷུ་ཏི་ཆགས་བྲལ་ལ་མི་སྟོན་པ་སྟོན་པ་ཆགས་ཅན་གྱི་རྣམ་པར་བསྒྱུར་ནས་གསང་བ་འདུས་པའི་རྒྱུད་བསྟན་པ་དང་། སློབ་མ་བཙུན་ཚུགས་བརྟས་ཤིང་བློ་ཆུང་བ་དྲང་སྲོང་ཉི་མའི་ཤིང་རྟ་ལྟ་བུ་རྒྱུ་འབྲས་དག་གྲོལ་དུ་འཛིན་པ་ལ་དགེ་སློང་རྡོ་རྗེ་འཛིན་པ་དགོས་པ་གསུངས་པ་ལྟར་དེ་ལ་སློབ་མ་ཡང་དད་པ་དང་ངོ་ཚ་ཁྲེལ་ཡོད་ལྡན་པ་གལ་ཆེ་བར་གསུངས་སོ། །དེ་ཡང་སྔགས་སྡོམ་བཟུང་མི་ནུས་པའི་རིགས་ལ་དབང་གི་དངོས་རྗེས་རྣམས་བཤོལ་བར་བྱ་བའོ། །རྩ་བ། བསྙེན་པ་དང་ནི་ས་ཡི་ཆོ་ག་དང་། །སྟ་གོན་དང་ནི་སློབ་མ་འཇུག་ཅིང་སྨིན། །མངོན་རྟོགས་བཞི་པོ་རེ་རེ་ཉིད་ལ་ཡང་། །བཞི་བཞིར་རྫོགས་པའི་ཡན་ལག་མ་ཚང་ན། །ཆོ་ག་ཉམས་པས་སྨིན་པར་ནུས་མ་ཡིན། །ཞེས་པ་ནི་དེ་ལ་སོ་སྐྱེ་རྒྱུད་ལྡན་གྱི་སློབ་དཔོན་གྱིས་ནི་ཆོ་ག་ཕྲ་མོ་ཉམས་པས་ཀྱང་དངོས་གྲུབ་ལ་སྒྲིབ་པར་བྱེད་ན། ཆོ་གའི་རྩ་བ་ཉམས་ན་བྱིན་རླབས་མི་འབྱུང་བས་ཐོག་མར་རང་རྒྱུད་དག་པར་བྱེད་པའི་བསྙེན་པ་དང་ས་བདག་གིས་བཟུང་བའི་གཞི་ལ་སོམ་ཉི་མི་དགོས་པའི་ས་ཆོག་དང་། དཀྱིལ་འཁོར་དང་སློབ་མའི་ལས་ལ་བཙན་ཐབས་སུ་མི་འཇུག་པ་སྟ་གོན་འཇུག་པ་སྔོན་དུ་བཏང་ནས་གདོད་དབང་བསྐུར་བའོ། །ས་ཆོག་གི་ཡན་ལག་བཞིའམ་ལྔ་ནི། ས་བརྟག་པ། བླང་བ། སྦྱང་བ། བཟུང་བ། བསྲུང་བ་དང་ལྔ་ལས། ཁང་པ་རྙིང་པ་སོགས་སུ་ས་བརྟག་པ་མི་དགོས་པས་བཞིར་གསུངས་སོ། །ས་བརྟག་པའི་ཚེ་གསེག་མ་དང་ངམ་གྲོག་དང་ཁུང་བུ་དང་གྲོག་མཁར་དང་ཚ་སྒོ་ཅན་དང་ཐལ་བ་དང་རྡུལ་དང་སྐྲ་དང་སྲིན་བུ་དང་སྲོག་ཆགས་མང་བ་རྣམས་སྤང་ངོ་། །འོན་ཀྱང་ས་བརྟག་པ་དང་བརྐོས་ནས་སྦྱང་བ་ལ་གཟབ་མི་དགོས་པའི་གནས་བཅུ་ནི། དྲང་སྲོང་གི་བསྟི་གནས་དང་བ་ལང་སོགས་ཕྱུགས་ལྷས་ཕུག་པ་དང་རི་རྩེ་ས་གཞི་གང་ཞིག་གཞན་གྱིས་འཐས་པ་ཁང་པ་དང་རྡོ་ལེབ་ཀྱི་སྟེང་། མཆོད་རྟེན་དྲུང་དང་འབབ་ཆུའི་གླིང་མཚོའི་འགྲམ་རྣམས་སོ། །གཞན་ཡང་གཙུག་ལག་ཁང་དང་ཚལ་དང་དུར་ཁྲོད་ལ་སོགས་ཀྱང་དེ་དང་མཚུངས་སོ། །བརྟག་སྦྱངས་ནན་དུ་དགོས་པའི་གནས་སུ་བརྐོས་དོང་དགང་ནས་བརྟག་པ་དང་། དེ་བཞིན་དུ་ཆུས་བཀང་ནས་བརྟག་པ་སོགས་དང་། ཁ་དོག་གི་སྒོ་ནས་བརྟག་པ་སོགས་ཀྱང་དགོས་པར་བཤད་དོ། །ས་བླང་བ་ནི་གནས་ཡུལ་དེའི་བདག་པོའི་གཟུགས་ཅན་གྱི་རྒྱལ་པོ་སོགས་ལ་རིན་དངོས་དང་གཟུགས་མེད་པའི་ལྷ་མོ་ལ་ཉེར་སྤྱོད་དང་གཏོར་མ་ཞིང་སྐྱོང་ལ་སོགས་པ་ལ་དཀར་དམར་ཕུད་དང་གཏོར་མས་བརྔན་ལ་ཚིག་གིས་བཀྲོལ་ནས་རང་དབང་བར་བྱ་བའོ། །སྦྱང་བ་ནི། ལྟོ་འཕྱེའི་བརྟག་པ་དང་དེའི་ལུས་ལ་ཐིག་གདབ་ནས་བརྩི་ཞིང་རྐོ་མཁན་ཉིད་གནོད་སེམས་བྲལ་བའི་ངང་ནས་རང་ཉིད་བགེགས་མཐར་བྱེད་དང་ཏོག་རྩེ་རྡོ་རྗེས་མཚན་པས་ཕྱག་ཆར་བསམས་ལ་མཆན་འོག་དང་ལྟོ་བ་གཉིས་སུ་བརྐོ་བའོ། །དེ་ལྟར་བརྐོས་པའི་སར་ཕུབ་མ་དང་། རྡོ་དང་གྱོ་མོ་སོལ་བ། ཚེར་མ་ལ་སོགས་བསལ་ལ་བཅག་གོ། །དེའང་ཟུག་རྔུ་ཇི་ལྟར་བསལ་བ་ཙམ་གྱིས་དངོས་གྲུབ་ཉེ་བ་ཡིན་ཞེས་བཤད་དོ། །ས་ཅུང་ཟད་བརྐོས་པ་ལས་གཞུང་ནས་གསུངས་པ་ལྟར་བརྐོ་རུ་ཐོག་ཁེལ་མ་བྱུང་ཚེ་ༀ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བཟླས་ནས་སྦྱངས་པས་ཀྱང་རུང་ཞིང་། སླར་ཡང་ཟུག་རྔུ་བསལ་བ་ལ་གཏོགས་པའི་བརྐོས་པ་དང་བཀྲ་ཤིས་པའི་ས་གཞན་དྲི་བཟང་གི་ཆུས་བྲན་པ་བླུགས་ནས་ལེགས་པར་བཅགས་ལ་དཀྱིལ་འཁོར་སོ་སོའི་གཞུང་ལྟར་བྱ་བའོ། །དཀྱིལ་འཁོར་གྱི་ཆེ་ཆུང་ཆག་ཚད་མཚན་ཉིད་སོགས་རང་རང་གི་གཞུང་ནས་བཤད་པ་ལྟར་བྱ་ཞིང་། དལ་ཞིང་སྤྲོ་ན་བུམ་གཏེར་འཇུག་པར་བྱ་ཞིང་། དཀྱུས་མ་ཙམ་ལ་ལས་སྔགས་བཟླས་པའི་ཆུ་དང་བ་བྱུང་གིས་ཀྱང་བྲན་ཞིང་བྱུགས། ལག་མཐིལ་གཡས་པ་ས་ལ་བཞག་པས་བསྐོར་ཞིང་། ༀ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླས་པས་ལག་པ་ལས་བྱུང་བའི་འོད་ཟེར་གྱིས་མ་དག་པ་ཐམས་ཅད་སྦྱངས། ༀ་བྷུ་ཁཾ། ཞེས་པས་ས་ཕྱོགས་ཀྱི་དངོས་པོ་ཐམས་ཅད་ནམ་མཁར་བྱས། སོར་མོ་རྣམས་རྡོ་རྗེ་རྩེ་ལྔར་བསམ་ཞིང་སར་བརྡེག །ༀ་མེ་དི་ནི་བཛྲཱི་བྷ་ཝ་བཛྲ་བྷནྡྷ་ཧཱུྃ། ༀ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བརྗོད་པས་ས་གཞི་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་བཅིངས། ༀ་ཨཱཿཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊཿ ཅེས་བརྗོད་པས་ཉེས་སྐྱོན་རྣམས་སྦྱངས་ཤིང་བསྲུངས་ལ་བརྟེན་པར་བྱའོ། །ས་ལྷ་ལ་མཆོད་གཏོར་ཕུལ་ལ་འབྲུ་གསུམ་དང་ཡིག་བརྒྱ་བཟླས་པ་སོགས་བྱ་ཞིང་། མཐར་སྦྱང་བྱའི་ས་དང་སྦྱོང་བྱེད་ཐམས་ཅད་ཆོས་ཉིད་གཅིག་ཏུ་མཉམ་པར་བཞག་གོ། །དལ་རྙིང་པར་ཚོན་གྱིས་བཞེངས་ན་མི་མངོན་པ་ལ་བླང་བ་དང་། རྫས་སྔགས་ཏིང་ངེ་འཛིན་གྱིས་སྦྱང་བ་དང་བཟུང་བ་བསྲུང་བ་བཞི་རྣམས་བྱ་ཞིང་། རས་བྲིས་ལ་བཟུང་བསྲུང་ཙམ་གྱིས་ཆོག་གོ། །ལྷའི་རྣལ་འབྱོར་ལ་གནས་བཞིན་ལངས་ནས་རྐང་པ་བྱིན་གྱིས་བརླབས་ནས་རྡོ་རྗེ་རྩེ་གཅིག་པ་དང་། གསུམ་པ་ལྔ་པ་སྣ་ཚོགས་རྡོ་རྗེ་སྟེ་རྐང་པའི་སྟངས་སྟབས་བཞིས་ས་ལ་རྡོ་རྗེ་བྲི་བ་དང་། རྡོ་རྗེའི་མིག་གཉིས་ཀྱིས་མདུན་རྒྱབ་ཏུ་བལྟ་ཞིང་མངོན་ཕྱོགས་ཕྱིར་ཕྱོགས་གཉིས་གཉིས་བལྟ་ཞིང་ཤར་དང་ལྷོར་གཡས་བརྐྱང་གཡོན་བརྐྱང་ནུབ་ཏུ་ས་ག་བྱང་དུ་ཟླུམ་པོ། དབུས་སུ་མཉམ་པ་དང་ཁ་སྦྱོར་སོགས་སྟངས་སྟབས་བརྒྱད་དང་གར་དགུའི་ཉམས་ཀྱི་རྣམ་འགྱུར་ལ་སོགས་བྱ་བའོ། །སྤྱི་ཙམ་དུ་ནི་ས་བཟུང་བའི་སླད་དུ། ༀ་པྲ་ཎ་མ་མི་སརྦ་ཏ་ཐཱ་ག་ཏཱ་ན་ཞེས་པས་རྒྱལ་བ་རྣམས་ལ་ཕྱག་བྱས་ལ། མ་རིག་པ་དང་བདུ ད་དབང་དུ་སོང་བ་རྣམས་ལ་སྙིང་རྗེའི་སེམས་ཀྱིས་བལྟས་ཏེ། དེ་དག་བསལ་ཕྱིར་རྡོར་དྲིལ་འཛིན་པས་ཁྲོ་བོའི་ང་རྒྱལ་དུ་ལངས་ཏེ། མིག་གཡས་གཡོན་ཉི་ཟླ་མིག་འབྲས་ལས་མེ་འབར་བས་ཕྱོགས་ཀུན་ཏུ་བལྟ་ཞིང་། ཧཱུྃ་གླུ་དང་རྡོ་རྗེའི་རྐང་སྟབས་ཀྱིས་གྱད་འགྲོས་སུ་བསྐོར་ཞིང་རྐང་འོག་ནས་བསྐལ་མེ་ལྟ་བུའི་འོད་ཟེར་བྱུང་བས་གནོད་བྱེད་རྣམས་བྱེར་བར་བསམས་ནས་རྡོར་དྲིལ་དཔུང་འགོར་ཕྱར་བཞིན་ཐོད་དབྱུག་དང་འཁོར་ལོ་དང་། མདའ་དང་ལྕགས་ཀྱུ་ཞགས་པ་སོགས་ཀྱི་རྒྱ་དང་བཅས་ཏེ་བརྡེག་ཚུལ་དང་ཆབས་ཅིག་གཙོ་སྔགས་གང་ཡིན་དང་སུཾ་བྷ་ནིས་བགེགས་བསྐྲད་པས་ཀྱང་འཐུས་པར་གསུངས་སོ། །དེ་ནས་དཀྱིལ་འཁོར་བྱ་བའི་གཞི་དྲི་དང་བདུད་རྩི་ལྔས་བྱུགས་སྒོ་ཟུར་རྣམས་ནས་མེ་ཏོག་སྤོས་སོགས་ཀྱིས་མཆོད་ཅིང་གཞི་དེ་ཐལ་མོས་བཀབ་ཚུལ་གྱིས་ལྷ་གང་ཡིན་གྱི་གཙོ་སྔགས་དང་ཡིག་བརྒྱ་བདུན་བཟླ་བཞིན་མངོན་རྟོགས་བསྒོམས་ནས་སྤྲོ་བསྡུ་བྱ་བ་རྣམས་ས་བཟུང་བའོ། །ལྔ་པ་ནི། དེ་ལྟ་བུའི་ལས་ཀྱིས་དམ་ལ་མི་འདུ་བའི་གནོད་སེམས་འཆང་བ་རྣམས་བཀུག་ནས་ཁྲོ་བཅུའི་ཕུར་བུས་གདབ་པ་ལ་ས་བསྲུང་ཞེས་པའོ། །དེ་ལྟར་ས་བརྟག་བླང་སོགས་ཡན་ལག་བཞིའམ་ལྔའོ། །སྟ་གོན་ལའང་བཞི་སྟེ། ས་ལྷ་སྟ་གོན་དང་། དལ་གྱི་ལྷ་དང་། བུམ་པ་དང་། སློབ་མ་སྟ་གོན་རྣམས་སོ། །དེ་ལ་དཀྱིལ་འཁོར་ནི་འབྱོར་པ་ཆེ་ན་དཔག་ཚད་ཙམ་ཡང་རུང་ལ་ཆུང་ན་ལག་མཐིལ་ཙམ་དུ་བྲི་བའམ་ཡིད་ཀྱིས་བྲིས་ཀྱང་ཆོག་པར་གསུངས་སོ། །དེ་ལྟར་བྲིས་ལ་ཐིག་གི་བྱ་བ་དང་། ཐིག་སྐུད་དང་ཚོན་སོགས་ཞིབ་པར་བྲི་རྒྱུ་ཡི་གེས་འཇིགས་ནས་བཞག་གོ། །སྤྱིར་ཡེ་ཐིག་ནི་ནམ་མཁའ་དང་ས་གཞི་གཉིས་ཀ་ལ་བྱེད་དགོས་ཤིང་ཡེ་ཐིག་སྔོན་ལ་བཏབ་པས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བར་གྱུར་པ་དེའི་གཟུགས་བརྙན་གཉིས་པ་ཞིག་མེ་ལོང་སྣང་བཞིན་སྤྲུལ་པའི་དཀྱིལ་འཁོར་དུ་བལྟར་མངོན་པའི་ཆེད་དུ་ཡིན་ཏེ་སྐུ་གསུམ་གྱི་སྤྲུལ་གཞིའང་ཆོས་སྐུ་སྤྲོས་བྲལ་ཡིན་ཞིང་དེའི་གདངས་ལས་ལོངས་སྐུ་དང་དེ་ལས་སྤྲུལ་སྐུར་འཆར་བ་དང་སྒོ་མཐུན་པའོ། །ཐིག་གིས་ནི་དཀྱིལ་འཁོར་གྱི་མཚན་ཉིད་གཏན་ལ་འབེབས་ཕྱིར་ཡིན་པས་སྔ་འགྱུར་བཀའ་གཏེར་གང་ཡིན་གྱི་རིང་ལུགས་དཀྱིལ་འཁོར་གྱི་བཀོད་པ་མི་འདྲ་བ་མང་དུ་ཡོད་པ་ལྟར་རང་རང་གི་གཞུང་བཞིན་ཤེས་དགོས་པ་ཉིད་དོ། །ལྷ་སྟ་གོན་དང་བུམ་པ་སྟ་གོན་གཉིས་སྤྱིར་གཞུང་བཞིན་དང་བྱེ་བྲག་བུམ་རྫས་ནི། ནས་འབྲས་གྲོ་ཏིལ་མོན་སྲན་ལྔ་ནི་འབྲུ་ལྔའོ། །གུར་གུམ། གླ་རྩི། ཛཱ་ཏི། ཙན་དན་དཀར་དམར་རྣམས་ནི་དྲི་ལྔའོ། །གསེར། པད་རག །མུ་ཏིག །བྱི་རུ་མུ་མེན་ལྔ་ནི་རིན་པོ་ཆེ་ལྔའོ། །ལན་ཚ། སྦྲང་རྩི་བུ་རམ་ཏིལ་མར་རྣམས་སྙིང་པོ་ལྔའོ། །ཀཎྜ་ཀཱ་རི་སླེ་ཏྲེས་ཤུ་དག་དཀར་པོ་ཆུ་སྲིན་སྡེར་མོ་དབང་ལག་ལྔ་སྨན་ལྔའོ། །དེ་ལྟའི་ཉེར་ལྔ་པོ་དེ་ནི་སྔགས་ཕྱི་རྒྱུད་གསུམ་གྱིས་སོ། །དེའི་སྟེང་དུ་ཤ་ལྔ་དང་བདུད་རྩི་ལྔ་བསྣན་པའི་རྫས་སོ་ལྔ་ནི་བླ་མེད་ཁོ་ནས་སོ། །དང་པོ་ཉེར་ལྔ་ནི་རིམ་པར་སྣང་མཐར་དོན་གྲུབ་རིན་འབྱུང་མི་བསྐྱོད་པ་རྣམ་སྣང་ལྔའི་སྔགས་ཀྱིས་བུམ་པར་བླུགས། བླ་མེད་ཀྱི་བདུད་རྩི་ལྔ་ལ་ༀ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུཾ་དང་ཤ་ལྔ་ལ་ༀ་པཉྩ་མཱཾ་ས་ཨཱཿཧཱུཾ་གིས་བླུགས་པའི་མགུལ་ཆིངས་ནི་ཕྱི་རྒྱུད་ལ་སྐུ་གསུམ་མཚོན་ཕྱིར་སྲོག་གསུམ་དང་བླ་མེད་ལ་སྐུ་ལྔ་མཚོན་པའི་སྲོག་ལྔ་དང་ཞུ་བདེའི་ཡེ་ཤེས་མཚོན་པས་བདུན་དུ་ཡང་བཤད་དོ། །ཕྱི་རྒྱུད་གསུམ་ལ་ཁ་རྒྱན་དུ་དཱུར་ཝ་དང་རྒྱ་གཞུང་འགའ་ན་ཨ་མྲ་སོགས་ཤིང་ལ་བཤད་ཅིང་ཕུར་རྒྱུད་ལ་ལ་ན་ཤུག་པའི་ལྡེམ་བུའང་བཤད་ཅིང་དྲག་པོའི་རྫས་ཀྱང་བཤད་པ་དང་ཡལ་ག་བཟང་པོས་བརྒྱན་ཞེས་པའང་ཡོད་པས་ཤིང་ཁོ་ནར་ངོས་བཟུང་བ་ཙམ་ཡང་མ་ཡིན་ཏེ། ལྡུམ་བུ་དང་ཤིང་གི་ཡལ་འདབ་གཉིས་སུ་ཕྱེ་བ་ཡང་ཤེས་དགོས་སོ། །དག་སྦྱོར་ནི་སྔགས་ཕྱི་རྒྱུད་ལྟར་ན་བུམ་པའི་ཕྱི་དབྱིབས་ཁ་དོག་ཁ་རྒྱན་དང་མགུལ་ཆིངས། དུང་ཞལ་དྲི་ཞིམ་གྱི་ཆུ་པུཥྤེ་དཀར་པོས་བརྒྱན་པའི་མཆོད་ཡོན་དང་བཅས་པའི་སྟེང་དུ་གཟུངས་རྡོར་མེ་ཏོག་གི་ཕྲེང་བ་ཅན་སོགས་ཕྱིར་སྣང་བའི་དངོས་པོ་རྣམས་སྤྲུལ་སྐུར་མཚོན་ལ། བཅུད་ཉེར་ལྔ་བླུགས་པས་འགྲོ་བ་རྣམས་ཀྱི་ཚོགས་རྫོགས་ནས་ལོངས་སྤྱོད་འཕེལ་བས་ལོངས་སྐུར་མཚོན་པ་དང་བུམ་ནང་གི་བསིལ་བའི་ངོ་བོས་ཉོན་མོངས་པའི་ཚ་གདུང་བཅིལ་བས་ནི་ཆོས་སྐུར་མཚོན་ལ། ལྷ་བསྒོམ་པ་ནི་ངོ་བོ་ཉིད་སྐུ་སྟེ་སྐུ་བཞིར་མཚོན་པས་བྱང་ཆུབ་ཀྱི་ཆོས་རྣམས་རང་བཞིན་གྱིས་ཚང་བའོ། །ནང་རྒྱུད་ལྟར་ན་བུམ་པ་ལྷའི་གནས་དང་ཁ་རྒྱན་སོགས་ཆས་རྒྱན་ཐམས་ཅད་ཐུགས་རྗེ་ཆེན་པོའི་རྟགས་སྨན་ལྔ་ཐུགས་རྗེ་བྱང་ཆུབ་ཀྱི་སེམས་དང་འབྲུ་ལྔ་ལྷའི་རང་བཞིན་རིན་ཆེན་ལྔ་སྐུའི་འོད་སྙིང་པོ་ལྔ་ཡེ་ཤེས་ཐུགས་ཀྱི་དབྱིངས་སྤོས་སོགས་ཚུལ་ཁྲིམས་ཡོན་ཏན་རྒྱལ་ཞེས་ཀྱང་གསུངས་སོ། །དེ་ལྟར་བུམ་པ་གྲངས་ངེས་ཡོད་ན་སྒོ་མཚམས་བརྒྱད་དུ་དྲིའི་མཎྜལ་རེ་རེའི་སྟེང་དུ་བུམ་པ་བརྒྱད་དང་གཙོ་བུམ་ནི་དབུས་སུ་བཞག་གོ། །རྣམ་རྒྱལ་གཅིག་ལས་མེད་ན་ལྷ་ཐམས་ཅད་དེར་བསྐྱེད་ཅིང་། ལས་བུམ་ནི་ཤར་སྒོའི་གཡོན་དུ་འགོད་པ་རྒྱ་གར་བའི་ལུགས་སོ། །རྣམ་རྒྱལ་གདན་ཁྲིར་འགོད་པ་ལ་ལུང་རིག་གིས་གནོད་ཆེན་ཡོད་ཅེས་བཤད་པའང་སྣང་ངོ་། །འདི་ལྟར་དབང་རྫས་རྣམས་དཀྱིལ་འཁོར་བདག་པོ་ཞེས་བླ་མ་དང་དབྱེར་མེད་གཙོ་བོའི་ཐུགས་ཀ་ནས་གློ་བུར་དུ་སྤྲུལ་པའམ། དབང་ལྷ་གློ་བུར་བྱོན་པའི་ཕྱག་མཚན་དུ་ཤེས་པར་བྱའོ། །ལྷ་བསྐྱེད་པའི་གནས་བུམ་པ་ཁོ་ན་དང་དེའི་སྟེང་གི་དུང་ཞལ་ལམ་ཐོད་ཕོར་ནི་མཆོད་ཡོན་འབུལ་བའི་སྣོད་ཁོ་ན་ཡིན་ནོ། །དེ་ཡང་ལྷ་བུམ་པའི་ནང་དུ་བསྐྱེད་པ་འདྲ་ཡང་ཕྱི་རྒྱུད་གསུམ་ལ་ཡེ་ཤེས་པ་གཤེགས་གསོལ་བྱ་བ་དང་། བླ་མེད་ལ་དམ་ཡེ་གཉིས་མེད་བདེ་སྟོང་ཆེན་པོའི་ངང་དུ་འོད་ཞུ་བའི་ཁྱད་པར་རོ། །བླ་མེད་ཀྱི་སྐབས་འདིར་རྣམ་བུམ་གྱི་སྟེང་གི་དུང་ཞལ་སོགས་སུ་དྲི་བཟང་གི་ཆུ་བདུད་རྩི་ལྔས་སྦགས་པ་ༀ་བཛྲ་ཨ་མྲྀ་ཏ་དེ་ཀ་ཐ་ཧཱུཾ་དང་འབྲུ་གསུམ་ལན་བདུན་གྱིས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་པས་ཆུ་རྡུལ་ཕྲ་རབ་རྣམས་རྡོ་རྗེའི་རང་བཞིན་དུ་མོས་པ་དེ་ཉིད་བཟླས་པའི་མཐར་མཆོད་ཡོན་དུ་ཕུལ་རྐྱེན་གྱིས་ལྷ་འོད་ཞུ་བྱ་བའོ། །ལས་བུམ་གྱི་ལྷ་མི་བཞུ་བར་བགེགས་བཟློག་པའི་ཕྲིན་ལས་བཅོལ་བ་ཡང་བཤད་དོ། །བུམ་པར་ལྷ་ཚོགས་གསལ་བ་ལ་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཡེ་གཉིས་མེད་ལ་མཆོད་བསྟོད་བྱ་ཚུལ་བླ་མེད་ཀྱི་ལུགས་སོ། །སློབ་མ་སྟ་གོན་ནི། སྔོན་ནས་སློབ་དཔོན་རང་ཉིད་ལས་དབང་ཐོབ་ཅིང་རང་གི་སྒྲུབ་གྲོགས་སུ་གྱུར་པའི་བསྐྱེད་རྫོགས་སྒོམ་བཟླས་སོགས་ལ་སྔོན་གོམས་ཡོད་ཅིང་དམ་ཚིག་དང་ལྡན་པ་ཞིག་རང་ཉིད་ཀྱི་ཞལ་ཚབ་ཏུ་མངའ་གསོལ་བ་ལ་སྒོའི་སློབ་དཔོན་ཞེས་བྱ་སྟེ་དབང་རྫས་འདེགས་འཇོག་སོགས་བྱེད་དུ་བཅུག་ཀྱང་རུང་བ་ལས་དེ་ལྟར་མ་ཡིན་པས་མི་རུང་བར་རྒྱུད་ལས་བཤད་པ་ལྟར་བྱ། སློབ་མའི་གྲངས་ཚད་ཀྱང་ཕྱི་རྒྱུད་ལས་ཉེར་ལྔ་མན་ཆད་གསུངས་ཀྱང་རྣམ་སྣང་མངོན་བྱང་ལས། གྲངས་བཅད་མི་དགོས་པར་གསུངས་པ་ཡང་སློབ་མ་མཚན་ཉིད་ཚང་བ་ནི་ཤིན་ཏུ་དཀོན་ན་མངས་ཀྱིས་དོགས་པ་དང་ཉུང་ཡང་སྐྱོན་མེད་དཀོན་པའི་ཕྱིར་མང་ཉུང་དཔྱད་མི་དགོས་པའི་མཐའ་བསྡུས་པ་རྒྱུད་ལས་གསུངས་པ་འདི་ལྟ་སྟེ། སློབ་མ་ཕན་ཚུན་ནང་མི་མཐུན་པ་མི་བཟུང་ཞིང་གཅིག་ལ་གཅིག་སེམས་བཟང་བ་ཞི་དུལ་ལྡན་ཞིང་བླ་མ་ལ་ཕན་པ་བཟུང་ངོ་ཞེས་པ་ནི་དོན་བསྡུས་ངེས་པར་བྱ་དགོས་སོ། །གཞན་ཡང་འགྲོ་ཁམས་མཐའ་ཡས་པ་བསྒྲལ་བའི་སེམས་བསྐྱེད་ཀྱིས་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བའི་ཕན་ཡོན་གསུངས་པ་ལ་བསམས་ཏེ་ཐེག་ཆེན་གྱི་བསམ་སྦྱོར་ལ་འཇུག་པ་ནི། མངོན་བྱང་ལས། སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བ་ལ་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་སེམས་ཀྱི་རྒྱུར་འགྱུར་བའི་ཕྱིར་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་བཟུང་བར་བྱའོ། །ཞེས་པ་སོགས་གསུངས་སོ། །ཡང་སྟ་གོན་གྱི་ཚེ་སྟེས་དབང་གིས་འདུ་བར་མ་ནུས་ཀྱང་དངོས་གཞི་དབང་ཞུ་བའི་མོས་འདུན་དྲག་པོ་ཡོད་རིགས་སྟ་གོན་གྱི་ཚེ་ཚང་ནུས་པའམ་མ་སླེབས་པ་དག་གི་གཟུགས་བརྙན་ནམ་དེའི་སྐྱིན་པོ་གཞུག་ཀྱང་ཆོག་པར་གསུངས་པས་དེང་དུས་དབང་ཞབས་སུ་གྱོན་པ་བཞག་སྲོལ་འདུག་པའང་དད་པའི་མངོན་རྟོགས་ལགས་པས་རུང་ངམ་སྙམ་མོ། །སྤྱིར་ཡང་སྟ་གོན་གྱི་བྱ་བ་མ་བྱས་པའི་སློབ་མ་ལ་དབང་གཅིག་ཅར་དུ་བསྐུར་བ་བཀག་ཕྱིར་དབང་གི་དཀྱིལ་འཁོར་ཡོལ་བས་བསྒྲིབ་པ་སོགས་མི་མཐོང་བའི་ཐབས་ཀྱང་དགོས་པར་བཤད་དོ། །དངོས་གཞི་དབང་བསྐུར་བ་ལ་སྡོམ་བཟུང་དང་། ལྟས་བརྟགས་ཕྱི་ནང་གཉིས་ཀྱི་དང་པོ་བློ་བཅོས་པ་ནི་ཁྲུས་བྱས་གོས་གསར་བགོས་མཎྜལ་ཕུལ་པུས་བཙུགས་ཐལ་སྦྱར་དུ་འདུག་པ་ལ་ཕྱི་རྒྱུད་ཀྱི་དོན་བཀྲལ་ནས་བཤད་པ་སྟེ། གསང་སྔགས་དོན་དུ་གཉེར་བ་དག་གིས་ཚེ་འདི་དང་ཕྱི་མའི་མངོན་མཐོ་ཐོབ་པར་འདོད་པ་དང་། དེ་གཉིས་ཀ་མ་ཡིན་པས་འཇིག་རྟེན་ཕ་རོལ་ནི་འདས་པ་སྟེ་ངེས་ལེགས་ཀྱི་ཡོན་ཏན་དོན་དུ་གཉེར་ཞིང་བསྒྲུབ་བྱར་བསྟན་པའོ། །དབང་དངོས་གཞིའི་ཐོག་མར་རྡོ་རྗེ་སློབ་དཔོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་ཕྱིར་བླ་མའི་སྲས་སུ་བསྒྲུབ་པ་སྟེ་ཕྱི་མཐུན་དུ་སློབ་དཔོན་དཀྱིལ་འཁོར་བདག་པོར་སྙིང་གའི་ས་བོན་གྱི་འོད་ཀྱིས་སློབ་མའི་ཕུང་པོ་སྦྱངས། རྣམ་ཤེས་ཧཱུཾ་ཡིག་སོགས་ཀྱི་རྣམ་པས་ཁ་ནས་དྲངས་རྡོ་རྗེའི་ལམ་ནས་ཡུམ་མཁར་དབབ་པ་ལྷའི་རྣམ་པར་གྱུར་པ་ལ་རང་གི་སྙིང་གའི་འོད་ཀྱིས་གདན་གསུམ་ཚང་བའི་ལྷ་ཚོགས་སྤྱན་དྲངས་ཞལ་ནས་ཞུགས། རྗེས་ཆགས་ཀྱི་མེས་ཞུ་བས་བདེ་ཆེན་བྱང་ཆུབ་སེམས་ཀྱི་དབང་བསྐུར་དེ་མ་ཐག་ཡུམ་མཁའ་ནས་བཏོན་ཏེ་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པའི་དམིགས་པ་ནི་སློབ་དཔོན་ཉིད་ཀྱིས་བྱ་སྟེ་སློབ་མ་ལ་བུ་ཞེས་པའི་དངོས་དོན་ལ་སྦྱོར་བའོ། །དེ་ནས་བླ་མ་ལ་དགའ་བ་ཆེན་པོ་ཞེས་བཛྲ་དྷཱ་རའི་མཚན་ནས་བོས་ཏེ་ཁྱོད་ཁོ་ན་བདག་གི་སྟོན་པ་གཅིག་པུར་བས་སོ་ཞེས་པ་ལ་སོགས། གདབ་པའི་དོན་སྔགས་དང་རྒྱུད་དང་ཕྱག་རྒྱ་བཞི་སོགས་ཀྱི་དམ་ཚིག་དང་། སྨོན་འཇུག་གཉིས་སྐྱབས་འགྲོ་བཅས་བདག་ལ་སྩོལ་ཞེས་པ་རྣམས་སྐས་ཐེམ་བཞིན་བགྲོད་ཚུལ་གྱིས་བསླབ་སྡོམ་རྣམས་རིམ་པར་སྦྱིན་ཞིང་སྡོམ་པ་དང་དམ་ཚིག་འབོགས་པ་པོའི་སློབ་དཔོན་རྒྱུད་དག་པའི་ཐབས་ལ་འབད་པར་མ་བྱས་ན་གཞན་གྱིས་རྡོ་རྗེ་སློབ་དཔོན་དུ་བཀུར་བ་ཙམ་གྱིས་ཁེངས་པ་མི་བསྐྱེད་དེ། སོ་སྐྱེ་དམ་བཅའ་ནི་གཞན་གྱིས་བསྙེན་བཀུར་ལ་བརྟེན་ནས་ཉམས་པ་སྣང་བའི་ཕྱིར་རོ། །དེ་ནས་ལས་སྔགས་དང་ཆུས་བསྲུང་ལ་སློབ་མ་ལྷར་བསྐྱེད་པའི་གནས་གསུམ་དུ་གཡས་རྡོ་རྗེའི་ཁུ་ཚུར་དང་བཅས་པའི་དྲི་ཆུས་ཡས་སམ་མས་རིམ་ནས་རེག་ཅིང་ཕྱག་མཚན་གསུམ་ལ་གནས་པའི་འབྲུ་གསུམ་བསྒོམས་ནས་སྒོ་གསུམ་བྱིན་གྱིས་བརླབ་པ་སོགས་བྱས་ནས་འདོད་ལྔས་མཆོད་ཅིང་དེང་ནས་བཟུང་སྟེ་འདོད་ཡོན་ལ་སྤྱོད་པའི་སྲེད་ལེན་ལས་གྲོལ་ཏེ་སྒྱུ་མ་ལྟ་བུའི་མཆོད་པས་བསོད་ནམས་སུ་འགྱུར་བར་གྱིས་ཞེས་བརྗོད་དོ། །དེ་ནས་ངག་སྒྲིབ་སྦྱོང་ཕྱིར་སོ་ཤིང་དོར་བའི་དལ་གྲུ་བཞི་པ་བ་བྱུང་གིས་བྱུགས་པའམ། པདྨ་འདབ་བརྒྱད་དྲིའི་མེ་ཏོག་གི་ཚོམ་བུ་ཅན་ཉེར་བསྡོགས་བྱས་ལ། འོ་མ་ཅན་གྱི་ཤིང་སྐྱོན་དང་བྲལ་བ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་གི་འཁོར་འདས་འབྱེད་པའི་བརྡར་སོར་བཅུ་གཉིས་པ་ཟུར་གསུམ་དུ་བྱས་པ་དྲི་བཟང་གི་ཆུས་བཀྲུ་བདུག་པས་བདུག་རྩེར་མེ་ཏོག་གི་ཕྲེང་བ་དང་སྲད་བུ་དམར་པོས་བཅིངས་པ་ཉིད་ཨ་མྲྀ་ཏ་བཟླས་པས་བྱིན་གྱིས་བརླབས་པ་དེ་ཉིད་ངག་སྒྲིབ་བསལ་བ་དང་། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཆེད་དུ་སློབ་མའི་ལག་པར་གཏད་པ་ཡང་ཁ་བྱང་དུ་ཕྱོགས་ཏེ་འདོར་ཚེ་མཐེ་བོ་གཉིས་ཀྱི་བར་དུ་རྩེ་མོའི་མེ་ཏོག་བཟུང་ཚུལ་དང་ཟུར་གསུམ་གྱི་དབལ་སོ་རྩ་བར་ངོས་བཟུང་བས་སོ་བྲུ་བའི་སྟངས་ཀ་དང་བཅས་ཏེ་འདོར་བའི་ཚེ་སྔགས་དང་བཅས་པས་འབོར་དགོས་ཤིང་། དེ་ཡང་འདོར་ཡུལ་བ་བྱུང་གིས་སྦགས་ཡོད་ན་སོ་ཤིང་རྩེ་མོ་གྱེན་ཐུར་སོགས་ཅི་འདྲར་བབས་ཀྱང་ཚུག་གེར་སྡོད་མོད་ཀྱང་། བ་བྱུང་གིས་མ་སྦགས་པ་དང་། ནས་ཚོམ་ལའང་སྤྱོད་ལམ་མ་བཟོ་སྐྱོན་གྱི་སོ་ཤིང་སྟེང་དུ་ཉལ་སྟབས་ཙམ་ལས་འོས་མ་མཆིས་ཀྱང་རྩ་བའི་དབལ་སོ་རང་ལ་མ་བསྟན་པ་གལ་ཆེའོ། །དེ་ཡང་དཔོན་སློབ་ཟུང་གི་བྱང་ཕྱོགས་སུ་བལྟས་ཏེ་སོ་ཤིང་འདོར་ན་བཀྲ་ཤིས་པའི་ཕྱོགས་ཡིན་པའི་བཟང་བར་བཤད་དོ། །འདོར་ཚེ་དངོས་གྲུབ་ཀྱི་ལྟས་བརྟག་པའི་འདུན་པས། ༀ་བཛྲ་ཧ་ས་ཧཾ། ཞེས་བརྗོད་པ་དང་སྟབས་ཅིག་འདོར་བའི་སྔགས་དོན་ནི། ༀ་ནི་སྐུ་ལྔའམ་གསུམ་མཚོན་ལ། བཛྲ་ནི་རྡོ་རྗེ། ཧ་ས་ནི་བཞད་པ་ཧཾ་ནི་དེའི་དབྱིངས་སོ། །འདི་གཏམ་རྒྱུད་དང་སྦྱར་ན་དེ་བཞིན་གཤེགས་པ་རྡོ་རྗེ་བཞད་པ་སློབ་ལམ་ལ་གནས་སྐབས་འབྱུང་འགྱུར་ལ་དགོངས་པས་སློབ་དཔོན་དང་ཕ་མ་སོགས་སླར་དུད་འགྲོའི་ལུས་རྟེན་བཟུང་བའི་ཤ་ཟོས་པའི་ཉེས་པ་དང་། དེའི་རྣམ་སྨིན་གྱིས་དབང་ཐོབ་པའི་བཀག་བྱེད་པ་བསལ་བའི་ཆེད་དུ་གང་དེས་མཚན་སྔགས་ཀྱིས་བཏབ་པས་སོ་ཤིང་གིས་སོ་བྲུས་པའི་ཉེས་ཚོགས་དག་ཅིང་དབང་སྣོད་དུ་རུང་བའི་སྨོན་ལམ་བཏབ་པ་སོགས་ཀྱི་དོན་ཤེས་པར་ཡང་བྱའོ། །དེ་ནས་ཡིད་སྒྲིབ་དག་ཕྱིར་ཁྱོར་ཆུ་བྱིན་པ་ནི། དུང་ཆོས་སོགས་སུ་དྲི་བཟང་གི་ཆུ་བླུགས་པ་བཾ་ཞུ་བའི་ཆུར་བསམ་ལ་བགེགས་དགྲའི་སྔགས་ལན་བདུན་གྱིས་བརླབས་ནས་ཁྱོར་བ་གཡས་གཡོན་གང་རུང་དུ་ལན་གསུམ་སྦྱིན་པར་གསུངས་བཞིན། ༀ་ཧྲཱིཿབི་ཤུད་དྷེ་དྷརྨ་པཱ་ས་ནི་ཙ་སྱ་ཤོ་དྷ་ཡ་སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུཾ་ཕཊཿ ༀ་ཧྲཱིཿ སོགས་ནི་ཆོས་ཐམས་ཅད་རྣམ་པར་དག་པ་ཡིན་པས་ཕུང་ཁམས་ཀྱི་བདག་འཛིན་ཅན་འདིའི་སྡིག་པ་རྣམ་པར་སྦྱོངས་ཤིག །རྣམ་པར་རྟོག་པ་ཐམས་ཅད་བསལ་བར་མཛོད་ཅིག །ཅེས་ལན་གསུམ་བཏུང་དུ་བཅུག་པའི་ལྷག་མ་དཔུང་པ་གཡོན་པའི་རྒྱབ་ཏུ་དོར་བས་ཡིད་སྒྲིབ་དག་པར་བསམ་མོ། །འདིའི་དོན་ཡང་གོང་བཞིན་དེ་བཞིན་གཤེགས་པ་རྡོ་རྗེ་ཆོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གཞོལ་ཚེ་མ་འོངས་པའི་དུས་སྨིན་བྱེད་ཀྱི་དབང་བསྐུར་སྐབས་སུ་གང་གི་མཚན་སྔགས་ཀྱིས་བརླབས་པའི་ཆུ་བྱིན་པས་ཡིད་སྒྲིབ་རྣམ་རྟོག་བསལ་བར་མཛོད་ཅེས་བྱུང་བ་བཞིན་ནོ། །དེ་ནས་ལུས་སྒྲིབ་དག་ཕྱིར་བསྲུང་སྐུད་དམར་པོ་སློབ་བུའི་ལུས་ཚད་གསུམ་ལྟེབ་བམ་ཁྲུ་གང་སོར་བཞི་ཡང་བཤད་པས་གང་ཡང་རུང་བར་མདུད་པ་གསུམ་མམ་དྲུག་ཏུ་བྱས་ལ་ཧཱུཾ་ལས་བྱུང་བའི་བསྲུང་སྐུད་དུ་དམིགས་ནས་ལས་ཆུས་བསང་བཞིན་བགེགས་དགྲའི་སྔགས་བདུན་གྱིས་བརླབས་ནས་ཁམས་དཀར་དམར་གྱི་ཆའི་བར་ཆད་བསྲུང་ཕྱིར་ཕོ་མོའི་དཔུང་པ་གཡོན་དང་གཡས་པ་རིམ་པ་གཉིས་སུ་བཅིངས་པ་ནི་ཉིན་མཚན་ནམ་ཕྱི་ནང་གི་བར་ཆོས་བསྲུང་ཆེད་ཡིན་པས། ༀ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱན་སྭཱ་ཧཱ། ཞེས་བཟླ་བཞིན་པར་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་རེག་ནས་ལུས་རྡོ་རྗེའི་གོ་ཆས་གཡོགས་པར་བསྒོམ་མོ། །དེ་ཡང་སྔོན་དེ་བཞིན་གཤེགས་པ་རྡོ་རྗེའི་བསྲུང་བ་སློབ་ལམ་དུ་གནས་ཚེ་གོང་བཞིན་གང་གིས་མཚན་སྔགས་ཀྱིས་བཏབ་པའི་བསྲུང་སྐུད་བཅིངས་པ་དག་ལ་སྨིན་ལམ་གྱི་དབང་སྐལ་ཆེ་ཕྲའི་རྟེན་འབྲེལ་ཇི་བཞིན་མངོན་པའི་སྨོན་ལམ་བཏབ་པ་ལྟར་རོ། །ཡང་རྨི་ལམ་མི་འཁྲུགས་ཤིང་གསལ་བའི་ཆེད་དུ། ཀུ་ཤ་སྦྱིན་པའི་དོན་ནི་སྔོན་བདག་ཅག་གི་སྟོན་པས་རྩྭ་འཚོང་གི་ཁྱེའུ་བཀྲ་ཤིས་ལ་རྩྭ་ཀུ་ཤའི་ཆུན་པོ་བླངས་ཏེ་གདན་དུ་བཏིང་བའི་སྟེང་དུ་མངོན་སངས་རྒྱས་པ་བཞིན་དུ་དེང་འདིར་སློབ་བུར། དྷཱིཿཡིག་ལས་བྱུང་བའི་ཀུ་ཤ་རིང་བའི་ཕོན་པོ་སྟན་དང་། ཐུང་ངུའི་ཆུན་པོ་སྔས་ཀྱི་ཆེད་དུ་གཏད་ལ་དྷཱིཿཡིག་དང་འཁྱིལ་བའི་སྔགས་ཀྱིས་བརླབས་པ་སྦྱིན་བཞིན། ༀ་བཛྲ་ཏིཀྵྞ་བཾ། ཞེས་པ་ནི་དེ་བཞིན་གཤེགས་པ་རྡོ་རྗེ་རྣོན་པོ་ཐེག་ཆེན་གྱི་བསླབ་པ་ལ་སློབ་ཚེ་འབྱུང་འགྱུར་གྱི་དུས་འགྲོ་བ་གང་ཞིག་སྨིན་ལམ་དུ་འཇུག་ཚེ་སྐལ་པ་བཟང་ངན་གྱི་དགེ་མཚན་གྱི་རྨི་ལམ་བརྟགས་ཚེ་གང་གི་མཚན་སྔགས་ཀྱིས་བརླབས་པའི་ཀུ་ཤའི་སྔས་སྟན་ལ་བརྟེན་ན་དགེ་མིན་གྱི་ལྟས་གསལ་པོར་མཐོང་བར་སྨོན་པ་བཞིན་ནོ། །དེ་བཞིན་དུ་རྨིས་ལྟས་བརྟགས་པ་ཡང་མཚན་ཐུན་དུམ་བུ་བཞི་རུ་བགོས་པའི་དང་པོའི་གང་རྨིས་བད་ཀན་དང་། གཉིས་པ་མཁྲིས་སྐྱོན། གསུམ་པ་རླུང་། བཞི་པ་བདེན་པར་འཇམ་དཔལ་རྩ་རྒྱུད་ལས་གསུངས། རྨི་ལམ་བཟང་ངན་གྱི་ལྟས་ནི་གསང་དགོས་ལས་གསུངས་པའི་དོན་ནི། རང་གི་སློབ་དཔོན་གྱིས་ཕྱག་ཆ་གནང་བ་རྨིས་ན་ཐུགས་ཀྱི་དངོས་གྲུབ་དང་། བྷནྡྷ་ལག་ཏུ་ཐོགས་པ་དང་དམག་དཔོན་བྱེད་པ་དང་། སྐུ་ལ་རྒྱན་ཆ་འདོགས་པ་ནི་སྐུའི་དངོས་གྲུབ་དང་། གསེར་གཡུ་ལུས་ལ་འདོགས་པ་དང་། ཟངས་ལྕགས་སོགས་རིན་ཆེན་བཅིངས་པ་ནི་ཡོན་ཏན་གྱི་དངོས་གྲུབ་བོ། །ལག་ཏུ་པདྨ་དང་། མེ་ཏོག་ཐོགས་པ་ཉི་ཟླ་ཤར་བ་ཡང་དངོས་གྲུབ་ཀྱི་རྟགས་སུ་བཤད་ཅིང་། མདའ་གཞུ་དང་གོ་མཚོན་ཐོགས་པ་དང་། རྩི་ཤིང་མང་པོ་བསྡུ་བ། ནམ་མཁའ་ལ་འཕུར་བ་སོགས་ཕྲིན་ལས་དངོས་གྲུབ་ཐོབ་པའི་རྟགས་ལ་སོགས་པའོ། །ངན་རྟགས་རྨིས་ན་ཚོགས་གཏོར་དང་། ཡིག་བརྒྱ། ལས་ཐམས་ཅད་པའི་སྔགས་སྦྱིན་སྲེག་སྲུང་འཁོར་སོགས་དང་། ཁྱད་པར་བདག་མེད་ཀྱི་དོན་བསྒོམ་པ་དང་། རྨི་ལམ་སོགས་སྒྱུ་མའི་དཔེས་བཟློག་པར་བྱའོ། །དེ་ནས་སྤྲོ་བ་བསྐྱེད་པ་ནི་རྣམ་སྣང་མངོན་བྱང་ལས་གསུངས་པས། འཇིག་རྟེན་འདི་ན་ཀུན་མཁྱེན་དག །ཅེས་པ་ནས། དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་པའི་བར་གྱི་རྐང་པ་སུམ་ཅུ་སོ་གཉིས་པོའི་འགྲེལ་པ་གཞུང་ཚིག་གིས་ཤེས་ནུས་སོ། །འདི་ལ་གཞན་དག་དཀྱིལ་འཁོར་མཐོང་ཡང་ཆོས་གསུམ་དང་མི་ལྡན་ན་སྡིག་པ་མི་འབྱུང་ཞེས་འཆད་མོད། དེ་ལྟ་ན་སྔོན་འགྲོའི་ཆོས་གསུམ་ཁོ་ནའི་ནུས་པ་ཡིན་པར་འགྱུར་བས། དཀྱིལ་འཁོར་འདི་འདྲ་མཐོང་བའི་མོད་ལ་སྡིག་པ་ཐམས་ཅད་ཟད་པར་འགྱུར་ཞེས་གསུངས་པ་ལ་སྙིང་པོ་མེད་པར་འཕངས་པའི་སྐྱོན་ཡོད་པའི་ཕྱིར་རོ། །དེས་ན་བུམ་པ་སྟ་གོན་དང་སློབ་མ་སྟ་གོན་ནི་རས་བྲིས་ལ་བརྟེན་པ་ཉིད་ལེགས་སོ། །དེ་ལྟར་དབང་གི་ཉེར་བསྡོགས་སམ་སྟ་གོན་གྱི་རིམ་པ་སྔོན་དུ་བཏང་ནས་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བྱ་བའི་ཐིག་གི་རིམ་པ་ནི་རྒྱས་འགྲེལ་དུ་བལྟ་བར་བྱའོ། །ཐིག་གི་རིམ་པ་ཡོངས་སུ་རྫོགས་པར་གྱུར་ཚེ་བུམ་པ་དགོད་པར་བྱ་སྟེ། སྔར་ལྷག་གནས་བྱས་པའི་བུམ་པ་རྣམས་སློབ་དཔོན་རྡོ་རྗེ་སེམས་དཔའི་ང་རྒྱལ་ལ་གནས་ཤིང་རྡོར་དྲིལ་དང་བཅས་ཧཱུཾ་བཞིའི་སྔགས་ཟློ་བཞིན་པར་སྤོས་རོལ་གྱིས་སྣ་དྲངས་ཏེ་དལ་ལ་གཡས་སྐོར་གསུམ་བྱས་ནས་རྣམ་བུམ་གཙོ་བོའི་མདུན་ནམ་ལྷ་སྣམ་མམ་ཤར་སྒོའི་ཕྱི་རོལ་གྱི་གཡས་ལོགས་ཅི་བདེར་འགོད། བུམ་པ་གཞན་བརྒྱད་དམ་གང་ཡོད་རྣམས་ལྷ་སོ་སོའི་མདུན་ནམ། སྒོ་མཚམས་བརྒྱད་དམ་ཉུང་ན་ཤར་སྒོའི་གཡོན་ལོགས་སམ། རྡོ་རྗེའི་ར་བའི་ནང་ཁོངས་སུ་ཚུད་པར་བཞག་གོ། །ལས་བུམ་རང་མདུན་དུ་བུམ་གདན་ལ་བཞག །དལ་གྱི་ཕྱོགས་བཞིར་ཤར་ནས་རིམ་བཞིན་ཤེར་ཕྱིན་ཏིང་འཛིན་རྒྱལ་པོ། སྡོང་པོ་བཀོད་པ་གསང་བ་བསམ་གྱིས་མི་ཁྱབ་པ་རྣམས་འདོན་དུ་གཞུག་གོ། །ནང་གི་ཕྱོགས་ཀུན་ཏུ་མཆོད་པའི་རྫས་སྣ་ཚོགས་མཐའ་མ་བཀག་པར་འགོད་ཅིང་ཧཱུཾ་དང་གཙོ་བོའི་སྔགས་བཛྲ་སྥ་ར་ཎ་ཁཾ་བཏགས་པས་འབུལ། ཕྱོགས་སྐྱོང་རྣམས་མཉེས་ཕྱིར་ཕྱོགས་བཞི་དང་མཚམས་བཞི་བ་དན་བཅོ་ལྔ་གཟུག་པའང་། ཤར་ཕྱོགས་སུ་དབང་པོ་ལ་སེར་པོ། ཁྱབ་འཇུག་ནག །ཉི་ཟླ་སེར་དང་དཀར་པོ། ཚངས་པ་སེར། མེ་ལྷ་དམར། སྲིན་པོ་དུད་ཁ་རྣམས་སོ་སོའི་ཕྱོགས་མདོག །ནུབ་ཏུ་ཆུ་ལྷ་དཀར་པོ། ས་ལྷ་སེར་པོ། ཐག་བཟངས་རིས་ལ་ནག་པོ། ནུབ་བྱང་དུ་རླུང་ལྷའི་ལྗང་གུ། བྱང་དུ་ལུས་ངན་པོའི་སེར་པོ། ཚོགས་བདག་གི་དཀར་པོ། བྱང་ཤར་དུ་དབང་ལྡན་ལ་དཀར་པོའོ། །དེ་ནས་སློབ་དཔོན་ཁྲུས་བྱས། དྲི་ཞིམ་པོས་བགོས། འཁོར་ལོས་བསྒྱུར་བའི་ཆས་སུ་ཞུགས་ནས། ཕྱི་རོལ་པར་གཏོར་མ་བྱིན་ལ་བསྐྲད། ཕུར་བུས་གདབ་ཅིང་སྲུང་འཁོར་བསྒོམ་པས་མཚམས་བཅད། བགེགས་དགྲའི་སྔགས་བཟླས་པའི་ཆུས་དཀྱིལ་འཁོར་ལ་བསངས་ཤིང་བསྲུངས་ནས་རྡོར་དྲིལ་འཛིན་པས་དལ་གྱི་ཤར་སྒོར་ཕྱོགས་པས་འདུག་ལ། དཀྱིལ་འཁོར་བསྒྲུབ་པ་ལ་བདག་མདུན་སོ་སོར་བསྒྲུབ་པ་དང་། ལྷན་ཅིག་བསྒྲུབ་ཚུལ་གཉིས་ལས། དང་པོ་ནི། བདག་གི་རྣལ་འབྱོར་བཟླས་པའི་བར་སྒྲུབ་ཐབས་བཞིན་བྱས་མཐར་ཉེར་བསྡུ་རྫོགས་རིམ་བཅས་བྱེད་རྒྱུ་དང་། མདུན་བསྐྱེད་ཀྱི་སྔོན་དུ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས་ལ་སོགས་ཀྱིས་ཏིང་ངེ་འཛིན་གཉིས་མཚམས་སྦྱོར་ནས་རྟེན་བརྟེན་པའི་བསྐྱེད་ཆོག་རྣམས་རྡོར་སེམས་སྒྱུ་འཕྲུལ་གྱི་བདག་སྲས་ཀྱི་ཆོ་ག་བཞིན་ལ། གཞན་སྲས་ཀྱི་ཆོ་ག་བསྒྲུབ་ཚུལ་གཉིས་འགྲེལ་ཆེན་ཕྱོགས་བཅུའི་མུན་སེལ་གྱི་ལེའུ་དགུ་པ་ལྟར་ཤེས་པར་བྱ་བ་དང་། འོག་ཏུ་བསྐྱེད་རིམ་གྱི་སྐབས་སུའང་འཆད་པར་འགྱུར་རོ། །ལྷན་ཅིག་བསྒྲུབ་ལུགས་ནི། དཀྱིལ་འཁོར་བསངས་སྦྱང་བྱས་ནས་འབྱུང་བ་རིམ་བརྩེགས་ནས་བཟུང་དཀྱིལ་འཁོར་བསྐྱེད་པ་བཅས་གྲུབ་ནས་ལྷ་རྣམས་མངོན་སུམ་པར་དམིགས་པ་ལ་རྡོ་རྗེ་ཤུགས་ཀྱིས་འཇུག་པས་དལ་དུ་ཞུགས་ནས་སྒྲུབ་ཚུལ་ཡང་མེ་ཏོག་བཟུང་ནས། ༀ་མཆོག་ཏུ་བདེ་བའི་སེམས་ནི་སོགས་རྐང་པ་གཉིས་ཀྱི་མཐར་སྔགས་དང་འབུལ་ཚིག་གིས་མེ་ཏོག་ཕྲེང་བ་ཕུལ་བས། བདག་ལའང་ཕྲེང་བའི་དབང་བསྐུར་བར་བསམས་ཏེ་མགོ་བོར་བཅིང་བར་བྱའོ། །དེ་ནས་མཆོད་ཡོན་ཕུལ་ལ་ནུབ་སྒོ་སོགས་སུ་སོང་སྟེ་ཧཱུཾ་མཛད་ཀྱི་ང་རྒྱལ་ལ་གནས་པས་ཧཱུཾ་བརྗོད་ཅིང་གར་དང་བཅས་ཏེ་སྒོ་བ་བཞི་ལ་བཀའ་བསྩལ་པས། དེ་དག་གི་ཤར་སྒོ་སོགས་རིམ་གྱིས་ཕྱེ་བར་བསམ་ལ་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་ཕྱག་རྒྱ་དང་སྔགས་ཀྱིས་འཇུག་པས་ཞུགས་ནས་སྟངས་དཔྱལ་སྦྱོར་བ་དང་ཡེ་ཤེས་པ་དགུག་གཞུག་སོགས་འདུས་པའི་ལེའུ་བཞི་པ་ལས་གསུངས་པ་ལྟར་རོ། །གཞན་ཡང་རྡུལ་ཚོན་གྱི་དལ་བསང་སྦྱངས་བསྐྱེད་བསྟིམས་སོགས་གསར་རྙིང་སོ་སོའི་ལུགས་མང་དུ་ཡོད་ཀྱང་རང་རང་སོ་སོའི་གཞུང་ལྟར་བྱེད་པ་དང་སྔགས་འགྲེལ་གྱི་གཞུང་བཞིན་ཉམས་འོག་ཏུ་ཚུད་པར་བྱའོ། །བདག་མདུན་ཐ་མི་དད་དུ་བྱེད་ཚེ། བསྒྲུབ་གཞི་ང་ཡིར་འཛིན་པ་དང་གཟུགས་བརྙན་གྱི་དཀྱིལ་འཁོར་གཉིས། སྒྲུབ་ཆོས་ཏིང་འཛིན་གསུམ་ནས་ཆོ་གའི་ཡན་ལག་རྫོགས་པའི་བར་རྣམས་ཀུན་འབྱུང་གིས་བསྐྱེད་པའི་རིམ་ཅན་ཡིན་ན་ཕྱི་རོལ་གྱི་ཡུལ་རྣམས་དབྱིངས་དང་དབྱིངས་ཀྱི་རང་བཞིན་དུ་ཤེས་པ་དང་། རྫས་དང་དངོས་པོ་རྣམས་བྱང་ཆུབ་སེམས་སུ་ཤེས་པའི་དུས་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་རིག་པ་རང་སྣང་བའི་ངོ་བོ་ཉིད་ལ་གཅིག་དང་ཐ་དད་པའམ་བདག་གཞན་དུ་རིས་ཆད་མེད་པའི་རང་བཞིན་དབྱེར་མེད་ཀྱི་དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ་པའོ། །ཚུལ་འདི་ལྟ་བུ་ཁོངས་སུ་མ་ཆུད་པ་དག་བདག་མདུན་དབྱེར་མེད་དུ་བསྒྲུབ་པའི་ཕྱོགས་ལ་ཀླན་ཀ་བྱེད་པ་ནི་རྣལ་འབྱོར་དབང་ཕྱུག་ལ་བ་པ་དང་། མ་ཧེའི་ལྷ་སོགས་ཀྱི་དཀྱིལ་ཆོག་ཀྱང་མ་མཐོང་བར་ཟད་དོ། །དེས་ན་ལས་དང་པོ་པ་ཞེས་པ་ནི། ལྷ་ཡོངས་སུ་མ་གྱུར་པའི་གང་ཟག་རྣམས་ཡིན་པས་བདག་མདུན་ཐ་དད་པའི་གོ་དོན་འབྱོར་བ་གཙོ་བོར་བྱ་ལ། དེ་ཁོ་ན་ཉིད་མཐོང་བ་རྣམས་ཀྱིས་ནི་ཆོས་ཐམས་ཅད་གདོད་ནས་རྫས་འགལ་བ་མ་ཡིན་པའི་རང་བཞིན་ཤེས་ནས་བདག་མདུན་དུ་དབྱེ་བའི་རྣམ་རྟོག་དུ་མ་རོ་གཅིག་ཏུ་བསྡུས་ནས་སྣང་སྲིད་འཁོར་འདས་ཐམས་ཅད་དཀྱིལ་འཁོར་གཅིག་གི་རྟེན་དང་བརྟེན་པའི་རང་བཞིན་དུ་རྫོགས་པར་གསལ་བཏབ་ནས། གདོད་བདག་འཇུག་དང་། དབང་བསྐུར་རབ་གནས་སོགས་དགོས་ཆེད་དམིགས་བསལ་གྱི་ཚེ་བདག་མདུན་ཆ་གཉིས་སུ་དབྱེ་ཚུལ་ཤེས་པར་བྱས་དལ་བསྒྲུབ་པའི་ལས་རིམ་ལ་འཇུག །ཆད་ལྷག་ལ་སོགས་པའི་ཉེས་པ་བསལ་དོན་དུ་མེ་ལ་བརྟེན་ནས་མེ་ལྷ་ཚིམ་པ་དང་། མེ་ལྷར་བརྟེན་ནས་ལྷ་ཚོགས་ཚིམ་པའི་ཐབས་སུ་སྦྱིན་བསྲེག་གལ་ཆེ་ཞིང་། དེ་ཡང་མཚན་མ་ངན་ཚེ་ཞི། རབ་གནས་སོགས་ཀྱི་ཚེ་རྒྱས་པ། དབང་བསྐུར་བའི་དུས་དབང་། སྟ་གོན་གྱི་སྐབས་སོགས་བར་ཆད་ཀྱི་ལྟས་བྱུང་ན་དྲག་པོའོ། །སྒྲུབ་ཚུལ་དེ་ལྟ་བུ་རས་བྲིས་ཀྱི་དལ་ལའང་མི་རུང་བ་མ་ཡིན་ཀྱང་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་བྱ་བ་ཉུང་བའི་སྐབས་ཡིན་པས་ཆོ་གའི་ཡན་ལག་དམིགས་བསལ་རྣམས་མ་གྲུབ་ཀྱང་ཆོག་གོ། །དེ་ལ་བྲིས་སྐུའི་ཡེ་ཤེས་པ་ལ་འབྱིན་འཇུག་བྱེད་པ་སོགས་ནི་ལྷག་གནས་བྱས་པའི་འགལ་ཟླར་འགྱུར་བའི་ཀུན་ཏུ་རྟོག་པའི་གཞན་དབང་གི་སྐྱོན་ཡོད་དོ། །རྡུལ་ཚོན་དང་རས་བྲིས་ཀྱི་དལ་གཉིས་ཀ་ལས་ཁྱད་པར་དུ་གྱུར་པ་ནི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་ཡིན་ཏེ། བྱ་སྤྱོད་གཉིས་སུ་མ་གྲགས་ཤིང་། རྣལ་འབྱོར་རྒྱུད་དུའང་གསལ་བར་མ་བསྟན་པས། རྣལ་འབྱོར་ཆེན་པོ། རྗེས་སུ་རྣལ་འབྱོར་ཁོ་ནའི་ཁྱད་ཆོས་སོ། །དེའི་ཁྱད་གཞི་ཡང་ཚོན་དཀྱིལ་གཉིས་ནི་གསར་བྱུང་དུ་བསྒྲུབ་ཅིང་དམིགས་པའི་རྣམ་པ་ཁ་ཕྱིར་བལྟས་ཀྱིས་སྒྲོ་བཏགས་པས་དམན་ལ། ལུས་དཀྱིལ་ནི་ཕུང་ཁམས་སྐྱེ་མཆེད་སོགས་ལྷའི་བདག་ཉིད་དུ་ཕྱི་གཟུགས་ལས་འདས་པར་ཡོད་དོ། །རྡོ་རྗེའི་ལུས་གྲུབ་པ་ཙམ་ནས་དེ་ལྟར་དུ་གནས་པའི་རྣམ་པ་སྒྱུ་ཙམ་དུ་མཐོང་བ་དེ་ཉིད་ལ་དམིགས་ཤིང་ཁ་ནང་བལྟ་བའི་རྣལ་འབྱོར་གཙོ་ཆེ་བས་འབྲས་བུ་མྱུར་བའོ། །དེའང་ཐོག་མར་ཚོན་དཀྱིལ་གཉིས་གང་རུང་ལྟར་དབང་བསྐུར་ནོད་ནས་རིམ་པ་གཉིས་ལ་ངེས་པ་ཐོབ་པ་དག་ལ་ནི་རྣམ་པ་དངོས་བསྟན་ཁོ་ན་ལ་མ་ལྟོས་ཏེ་རང་བཞིན་ཤེས་པས་སྦས་དོན་དུ་ངོ་བོ་ཉིད་དུ་ཡོད་པའི་ཕྱིར་རོ། །གལ་ཏེ་རིམ་གཉིས་ལ་མ་གོམས་པས་ནི་སློབ་མ་དལ་དེར་འཇུག་ཀྱང་ལུས་ཡོངས་སུ་གྱུར་པ་ལས་རྟེན་དང་། རྩ་ཁམས་རྣམས་ལས་བརྟེན་པའི་ལྷ་ཚོགས་བསྒོམ་མཐར་ཆ་གཉིས་སུ་ཕྱེ་ནས་ལུས་དཀྱིལ་དུ་གཞུག་བྱ་འཇུག་བྱེད་དམིགས་ཀྱང་མི་རིགས་པ་མ་ཡིན་ནོ། །ལུས་དཀྱིལ་ཡང་དངོས་གནས་ལ་འཐད་དུ་མི་རུང་སྟེ་ལུས་དལ་དུ་སྒོམ་རྒྱུའང་སོ་སོའི་དོད་ཐུབ་ཙམ་ལས་རྣམ་པ་བསྒྱུར་ནས། ཡན་ལག་རྟ་བབས་དང་རྣ་བ་རི་དྭགས་སུ་བྱེད་པ་དྲས་ཤིང་དྲུབས་པའི་ཚེམ་བུ་ལྟ་བུ་ནི་རིག་པ་མ་ཡིན་ནོ། །དེ་ལྟར་བསྐྱེད་གཞི་ཚོན་དཀྱིལ་གཉིས་དང་ལུས་དཀྱིལ་བཅས་པས་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལྟར་བསྒྲུབ་ན་རྡོ་རྗེ་སློབ་དཔོན་གྱི་སྤངས་རྟོགས་མཆོག་དམན་དང་སྦྱར་ནས་དབྱེ་ཚུལ་གསུམ་དུ་ངེས་ཏེ། སློབ་དཔོན་སངས་རྒྱས་ཀྱི་སར་བཞུགས་པ་དག་གིས་སློབ་མ་ས་བཅུ་རྒྱུན་མཐའི་བྱང་སེམས་ལ་འོད་ཟེར་ཆེན་པོའི་དབང་བསྐུར་བས་ས་བཅུ་གཅིག་པ་དང་བཅུ་གཉིས་པ་བཅུ་གསུམ་པ་རྣམས་རྫོགས་ནས་ཟུང་འཇུག་ངོ་བོ་ཉིད་སྐུ་འཐོབ་པར་བྱེད་དོ། །སློབ་དཔོན་མཐར་ལམ་པ་གཅིག་གིས་སློབ་མ་མཐོང་སྒོམ་ལ་གནས་པ་ལ་དབྱིངས་རིག་སྤྲུལ་པའི་དལ་མཁའ་ཁྱབ་བམ་དཔག་ཚད་ཀྱི་བར་བསྒོམས་ནས་གཞུག་པ་དང་། སློབ་དཔོན་འཕགས་ལམ་དུ་བཞུགས་པས་སློབ་མ་བདེན་མཐོང་ཚོགས་སྦྱོར་གྱི་ཡོན་ཏན་མཐར་ཕྱིན་པ་དག་ལ་རིག་པ་ཉམས་ཀྱི་དཀྱིལ་འཁོར་རྒྱང་གྲགས་ཙམ་པའི་བར་སྤྲུལ་ཏེ་སློབ་མ་གཞུག་པའོ། །ལར་ཡང་སློབ་དཔོན་གྱི་ཏིང་འཛིན་གྱི་ནུས་སྟོབས་དང་སློབ་མའི་ལས་འཕྲོ་དག་སྟོབས་ཁོ་ན་ལ་རག་ལས་སོ། །དལ་དེར་འཇུག་མི་ནུས་ན་སློབ་དཔོན་སྦྱོར་ལམ་གྱི་བར་ཆད་མེད་ལམ་ཐོབ་པའམ། གཡོ་ཐོབ་གོམས་བརྟན་གྱི་ཏིང་འཛིན་ཚད་དུ་ཕྱིན་པ་དག་གིས་སློབ་མ་ཤེས་རབ་དང་དམ་ཅན་སྐལ་བ་རབ་ལ་ལུས་དཀྱིལ། འབྲིང་ལ་ཆུ་ཚོན། ཐ་མ་རྡུལ་ཚོན་ཏེ་བུམ་དབང་གི་དལ་དང་། དབང་གོང་མ་གསུམ་ལ་ཀུན་རྫོབ་བྱང་སེམས། ཡུམ་མཁའ་དོན་དམ་བྱང་སེམས་ཏེ་རང་བྱུང་གི་དལ་གསུམ་ལ་བརྟེན་ནས་དབང་བསྐུར་བ་ཡིན་ནོ། །དེ་ལྟར་རྒྱུ་དབང་གི་དུས་སུ་བུམ་དབང་རྡུལ་ཚོན་གྱི་དལ་ལས་གཞན་དུ་མི་རུང་བའི་ཚུལ་སློབ་དཔོན་སོ་སྐྱེའི་རྒྱུད་ལྡན་ལ་རུང་གིས། མཐོང་ལམ་སྐྱེས་པ་ཡན་ལ་ནི་དེ་ལྟར་དུ་བཟུང་ན་ཉེས་པ་ཆེན་པོའི་རྒྱུར་འགྱུར་རོ། །ལར་ཡང་རྡུལ་ཚོན་ལ་སོགས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་རྣམས་ཆོས་མིག་རྡུལ་བྲལ་ཐོབ་པའི་སློབ་དཔོན་དག་ལ་རང་གཞན་གྱི་ཚོགས་རྫོགས་པའི་ཐབས་དང་། སེམས་ཅན་གྱི་རྣམ་རྟོག་འདུལ་བའི་རྟེན་འབྲེལ་ལ་དགོངས་ནས་གསུངས་པ་ཉིད་དེ། དོན་ལ་དབང་བསྐུར་བྱེད་ལ་ལྟོས་ན་བསྒྲུབ་བྱར་གྱུར་པའི་དམིགས་པའི་རྟེན་དང་། བསྐུར་ཡུལ་ལྟོས་ན་རྨོངས་པའི་གཞན་དབང་གིས་རང་སེམས་ཀྱི་ཆོས་ཉིད་དང་། ཕུང་ཁམས་སྐྱེ་མཆེད་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་གྱི་རྟེན་དང་བརྟེན་པའི་རང་བཞིན་དུ་ཡོད་པ་ལས་ཁ་ཕྱིར་ཕྱོགས་ཀྱི་མ་རིག་འཛིན་པས་སྒྲིབ་པ་རྣམས་ལ་རང་ངོའི་ཡོན་ཏན་གང་ཡིན་པ་བརྡ་དང་དོན་རྟགས་ཀྱིས་མཚོན་ནས་མངོན་སུམ་པར་སྟོན་པའི་ཐབས་ཀྱི་ཡན་ལག་ཙམ་ལས་གཙོ་བོར་མཚན་མར་འཛིན་པའི་རྫས་དང་དངོས་པོ་ཉིད་ཀྱིས་ནི་ཡང་དག་པ་ཉིད་དུ་མི་གྲུབ་པས་ཤུ་ནྱ་ཏ་ལ་སོགས་པའི་སྔགས་ཀྱིས་སྟོང་པར་སྦྱངས་ནས་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྐྱེད་པ་སོགས་ཆོ་ག་གང་ཡིན་ལྟར་གཞུང་བསྲངས་ནས་བསྐྱེད་རིམ་བཟླས་སྒོམ་རྫོགས་རིམ་སོགས་ལ་ནན་ཏན་བསྐྱེད་དགོས་པ་ཡིན་ནོ། །ལར་ཡང་གཞུང་དང་གང་ཟག་ཁྱད་པར་ཅན་ལ་རྨོངས་པར་བལྟས་ནས་ཆོས་སྤང་གི་ལས་ཀྱིས་འགོག་པ་ནི་ཉེས་དམིགས་ཆེན་པོ་དང་བཅས་པའི་ཕྱིར་ན། དངོས་གྲུབ་བརྙེས་པའི་སློབ་དཔོན་དག་གིས་གཞན་སྣང་ལ་བལྟར་མི་མངོན་པ་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་ལས་གཡོ་བ་མེད་པའི་དཀྱིལ་འཁོར་འདོད་རྒྱལ་བ་སྣ་ཚོགས་སུ་སློབ་མ་སྨིན་པའི་མངོན་སུམ་ཚད་མ་རྟོག་གེའི་རིགས་པས་བཟློག་པ་མ་ཡིན་པས་མཉམ་པར་བཞག་པའི་སེམས་ཀྱིས་བལྟ་བར་བྱའོ། །འདི་ལྟར་བྱང་ཤར་ཤམྦྷ་ལར་འཇམ་དབྱངས་གྲགས་པས་བློས་སློང་གི་དཀྱིལ་འཁོར་དུ་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་བཞི་བཅུག་སྟེ་སྨིན་པར་བྱས་པའི་ཕྱིར། རྣམ་པ་གྲུ་བཞི་པ་ཁོ་ནར་མ་ངེས་ཏེ། དུས་འཁོར་འཁོར་ལོ་སྡོམ་ཆེན་གྱི་དལ་ཟླུམ་པོ་སྒོ་བརྒྱད་དུ་སྣང་བའི་ཕྱིར་དང་། སྒོ་ཅན་ཁོ་ནར་ཡང་མ་ངེས་ཏེ་ཤེས་རབ་མ་རྒྱུད་དག་ཟུར་གསུམ་ཆོས་འབྱུང་གི་རྣམ་པ་ཅན་དང་། གཞན་ཡང་པདྨ་འདབ་བརྒྱད་ལ་སོགས་དམ་ཚིག་ཆེན་པོའི་དཀྱིལ་འཁོར་སྒོ་དང་རྟ་བབས་ལ་སོགས་པའི་རྣམ་པ་མ་རྫོགས་པ་མང་དུ་སྣང་བས་དེ་དག་ཀྱང་དཀྱིལ་འཁོར་དེ་དང་དེའི་བདག་པོས་མངོན་སུམ་དུ་བསྟན་ཅིང་བྱིན་གྱིས་བརླབས་པའི་ཕྱིར་དང་། ལྷ་ཚོགས་མང་ཉུང་ཡང་མ་ངེས་དེ་བཞིན་ནོ། །སྤྱིར་དེ་བཞིན་གཤེགས་པ་རྣམས་གཉུག་མར་གནས་པའི་གཞལ་མེད་ཁང་ནི་རྡོ་རྗེ་བཙུན་མོའི་བྷ་ག་ཉིད་ན། དེའི་རང་བཞིན་ནི་རྣམ་ཐར་སྒོ་གསུམ་ལས་འདའ་བ་མ་ཡིན་པ་མཚོན་ཕྱིར་ཆོས་འབྱུང་སོགས་སུ་བསྟན་ནམ། མ་བསྟན་ཀྱང་རུང་སྟེ་གནས་ཉི་ཚེ་བར་རྒྱ་ཡོངས་སུ་ཆད་པའི་ཕྱོགས་སུ་མ་ལྷུང་ཞིང་མཁའ་ཁྱབ་ཀྱི་བྷ་ག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གནས་སུ་གྲུབ་པ་གང་ཞིག་རེ་ཞིག་གདུལ་བྱ་འདུལ་བྱེད་དང་བསྟུན་ནས་དམ་ཚིག་ཆེན་པོའི་གཞལ་མེད་ཁང་གྲུ་བཞི་པ་ལ་སོགས་པར་བྱིན་གྱིས་བརླབས་པའི་ཚུལ་རྒྱུད་ལས་བསྟན་པའོ། །དེ་བས་ན་རྒྱུ་དུས་ཀྱི་དཀྱིལ་འཁོར་གྲུ་བཞི་སྒོ་སྣམ་རྟ་བབས་དང་བཅས་པའི་རྣམ་པ་རྫོགས་པར་བསྟན་པ་དེའང་རྒྱུའི་ཐེག་པ་དང་བསྟུན་ནས་དྲན་པ་ཉེ་བར་བཞག་པ་བཞི་ལ་སོགས་པ་བྱང་ཆོས་སོ་བདུན་དང་དག་པ་སྦྱོར་བ་ལས་དོན་གཞན་མ་མཆིས་ན། ལམ་བདེན་ཐམས་ཅད་ནི་འདུས་བྱས། འདུས་བྱས་ཀུན་རྫོབ་ལས་འདའ་བ་མེད་པས། ཀུན་རྫོབ་ཀྱི་ཆོས་རྣམས་དོན་དམ་བདེན་པའི་ངོ་བོ་ཉིད་རྣམ་ཐར་སྒོ་གསུམ་དུ་སྟོན་ཕྱིར་རྡོ་རྗེ་བཙུན་མོའི་བྷ་གའམ་གཟུགས་བརྙན་དུ་མཚོན་ལ། སོ་བདུན་ཀྱང་སྔགས་ལམ་དུ་ཡུལ་དང་། རྩ་དང་ཁམས་སོ་སོ་ནས་སོ་བདུན་དུ་བཤད་སྦྱར་གྱི་དག་པའང་དོན་དམ་པར་བདེ་སྟོང་གཉིས་སུ་མེད་པའི་བདག་ཉིད་ཅན་ཡིན་པ་གང་ཞིག་ཨེ་ཝཾ་གྱི་ཡི་གེའི་བརྡ་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་མཚོན་པའི་ཚུལ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་བསྟན་པ་ལྟར་དང་། དུས་ཀྱི་འཁོར་ལོ་མཁའ་འགྲོ་རྒྱ་མཚོ་སོགས་ནས་ཨེ་ཝཾ་གྱི་ཡི་གེ་སྒྲུབ་ཚུལ་མང་དུ་གསུངས་པས། དལ་སོ་སོའི་མཚོན་དོན་ལ་དགོངས་པ་དང་། དངོས་གྲུབ་ཐོབ་པའི་སློབ་དཔོན་གྱི་ཆ་ནས་ཕྱོགས་གཅིག་ཏུ་བཟུང་བར་མི་བྱའོ། །འོན་ཀྱང་དབང་བཞི་པའི་དངོས་དོན་མ་རྟོགས་ཤིང་སྒྲ་སྤྱིའི་རང་བཞིན་ལྷ་དང་དལ་གྱི་དབྱིབས་དང་རྣམ་པའི་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལས་མ་གྲོལ་བའི་བྱིས་པ་སློབ་དཔོན་གྱི་གཟུགས་སུ་འཆོས་པ་དག་གིས་རང་རང་གཞུང་ནས་བཤད་པའི་ཆོ་གའི་ཡན་ལག་ཉམས་ན་སློབ་མ་སྨིན་པར་མི་ནུས་པ་ནི་དོན་ལ་གནས་པའོ། །བུམ་སྒྲུབ་ནི་སོ་སོའི་རང་གཞུང་ལྟར་དང་། བཞི་པའི་ཡན་ལག་བཞི་ནི། རང་ཉིད་འཇུག་པ་དང་། སློབ་མ་གཞུག་པར་གནང་བ་ནོད་པ། ནོད་ནས་སློབ་མ་དལ་དུ་གཞུག་པ་ཞུགས་པ་ལ་དབང་བསྐུར་བའོ། །དང་པོ་ནི། བགེགས་གཏོར་བྱིན་ལ་བགེགས་དང་ཕྲལ། ཁྲུས་བྱས། གོས་རྒྱན་དམར་པོས་སྤྲས་ལ་དལ་གྱི་ཤར་སྒོར་འདུག་སྟེ་མེ་ཏོག་ཐོགས་ལ། ༀ་བཛྲ་ས་མ་ཡ། ༀ་སོགས་ནས་སྔགས་ཀྱི་ཐོག་མཐའ་གཉིས་གོང་བཞིན་དུ་ཨཱ་དང་ཧཱུཾ་དང་སྭཱ་དང་ཧཱ་རྣམས་སྦྱར་རོ། །དེས་རང་བཞིན་གྱི་དལ་གྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་དབྱེར་མེད་དུ་བལྟས་ལ། ༀ་བཛྲ་ས་མ་ཡ་ཧཱུཾ་གིས་དམ་ཡེ་བསྲེས་ཞིང་། ༀ་བཛྲ་ས་མ་ཡ་སྟྭཾ་གྱིས་བརྟན་པར་བྱས། ༀ་བཛྲ་ས་མ་ཡ་ཧོས་དབང་དུ་གྱུར་ཞིང་དགྱེས་པ་བསྐྱེད། ཛཿཧཱུཾ་བཾ་ཧོཿགསལ་བརྟན་གྱི་ཚད་བརྒྱད་ཐོབ་པའི་དལ་དང་ཐ་མི་དད་དུ་གྱུར་པར་བལྟའོ། །གོ་འཕང་མཐོན་པོར་སོན་པའི་སློབ་དཔོན་གྱིས་ནི་ནང་ཡེ་ཤེས་ཀྱི་དལ་དུ་འཇུག་པ་འདི་ཙམ་གྱིས་ཀྱང་དམ་ཚིག་གི་དལ་དུ་འཇུག་པའི་ཆོས་རྣམས་ཉམས་སུ་མྱོང་བ་ཡིན་ནོ། །དེ་ཡང་དལ་དུ་འཇུག་པའི་དོན་ནི་ཡེ་ཤེས་པ་དང་བདག་ཉིད་དབྱེར་མེད་དུ་བྱ་བའི་དོན་ནོ། །དེ་ལྟ་ནའང་སོ་སྐྱེའི་སློབ་དཔོན་རྣམས་ནི་ཉམས་ཆག་དང་བཅས་པ་རྟོག་སྒྲིབ་ཅན་ཡིན་པས་དད་འདུན་རྣམ་དག་གིས་དལ་དུ་འཇུག་པ་ངེས་པར་དགོས་ཏེ། ཅིའི་ཕྱིར་ན། སྣོད་ཀྱིས་མ་སྨིན་པ་དང་། དེ་བཞིན་དུ་ཆོ་གས་མ་སྨིན་པ། ཆོ་ག་མ་རྫོགས་པས་མ་སྨིན་པ། ཟབ་མོས་འཇིགས་ནས་མ་སྨིན་པ་བཞིར་འཕགས་པ་ཡབ་སྲས་བཞེད་པས་སློབ་དཔོན་རང་ལ་རྩ་ལྟུང་ཡོད་ན་སློབ་བུ་ལ་སྔགས་སྡོམ་མི་སྐྱེ་བས་སོ། །དེས་ན་ཧེ་རུ་ཀ་འདུས་པ་དང་། གསང་རྙིང་། མེ་ལོང་། རིམ་གསལ་སོགས་དོན་མཐུན་པར། སློབ་མ་འཇུག་པའི་ཚུལ་གྱིས་ནི། །དང་པོར་སློབ་དཔོན་འཇུག་པར་བྱ། །ཞེས་པས་སློབ་མ་ལ་བསྐུལ་བ་ལྟར་རང་ཉིད་ཀྱིས་རིག་པ་བདེ་གཤེགས་སྙིང་པོའི་ངོ་བོ་ཉིད་བླ་མ་དང་དལ་གྱི་ལྷ་ཚོགས་སུ་ཤེས་པ་དང་རྣམ་སྨིན་བག་ཆགས་ཀྱི་ལུས་རྟེན་གློ་བུར་དུ་སྐྱེ་བའི་ཀུན་རྟོག་དང་བཅས་པ་སློབ་བུའི་རྣམ་པར་བྱེད་དམ། ཡང་ན་རྒྱུ་དབང་ཐོབ་པའི་བླ་མས་ལས་ཀྱི་སློབ་དཔོན་མཛད་པར་མོས་ཀྱང་རུང་ཞེས་སློབ་དཔོན་པདྨས་གསུངས་སོ། །དེ་ནས་སློབ་མ་འཇུག་པའི་ཆེད་དུ་དལ་གྱི་ལྷ་ལ་སློབ་དཔོན་གྱིས་གནང་བ་ཞུ་བ་ནི། རྡོ་རྗེ་ཡེ་ཤེས་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡིན་བཞིན་དེ་ལ་བསྟོད་ཚིག་སྔོན་དུ་བཏང་ནས་ཚུལ་དེ་ལྟ་བུའི་དངོས་གྲུབ་སློབ་མ་ལ་བྱིན་པའི་ཆེད་དུ་དམིགས་ནས་རྡོ་རྗེ་ཡེ་ཤེས་འཐོབ་བྱེད་པའི་སོགས་དང་། བདེན་པ་གང་གིས་སོགས་ནས། ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག་དང་ཡན་ལན་གསུམ་བརྗོད་དོ། །དེ་ནི་ཐབས་ཤེས་ཟུང་འཇུག་ཡིན་པའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །དེ་ཡང་རྒྱུ་ནི་ཆོས་ཀྱི་དབྱིངས་ལ་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ཤེས་རབ་ལས་ཡང་དག་པར་འབྱུང་ངོ་། །དེ་ཁོ་ན་ཉིད་ཀྱི་སྙིང་པོའམ་དེ་བཞིན་ཉིད་ནི་ཡེ་ཤེས་སུ་ཀུན་ཏུ་བཟང་པོ་སྟེ་དལ་གྱི་རྟེན་བརྟེན་པར་བཅས་པའི་སྤྲོ་གཞི་ཡིན་ནོ། །དོན་དམ་བདེན་པ་ལས་དལ་གྱི་གཟུགས་བརྙན་དུ་སྣང་ཞིང་བཀོད་པ་ལས། དེ་དང་དེའི་སྐུར་བལྟ་བ་ནི་གསལ་བའོ། །དེ་ལྟ་བུའི་དལ་ནི་གསང་སྔགས་ཟབ་མོའི་ནུས་པས་སྡིག་པ་བསལ་བ་ལ་བརྟེན་ནས་སློབ་མ་ཀུན་གྱིས་སྒྲིབ་མེད་དེ་མཐོང་བར་ཤོག་ཅིག་ཅེས་སོ། །དེ་ནས་ལྷག་གནས་བྱས་པའི་སློབ་མ་རྣམས་ཕྱི་རོལ་དུ་ལས་ཆུས་བཀྲུ། ལས་སྔགས་བཟླས་པའི་གོས་དམར་རམ། གཞན་ཡང་རུང་སྟེ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལམ་ཀཱ་ར་སོགས་ཀྱིས་སྨད་གཡོགས་དང་། ༀ་བཛྲ་རཀྵ་ཧཾ་གིས་སྟོད་གཡོགས་དགབ། ༀ་བཛྲ་ཨུཥྞི་ཥས་གཙུག་ཏོར་བསྐོན། དལ་མཐོང་བ་རེ་ཞིག་བསྒྲིབ་པ་དང་། མ་རིག་པས་ལྡོངས་པའི་མཚོན་བྱེད་དུ་དར་རས་དམར་པོས་གདོང་བཅིངས་ཏེ། ༀ་ཙཀྵུབྷནྡྷ་ནམ་སོགས་སམ། ཧཱུཾ་ཞེས་པས་ཀྱང་རུང་ངོ་། །ཨ་ཁཾ་བི་རས་མེ་ཏོག་གཏད་ཅིང་ནུབ་ནས་གཡས་སྐོར་གྱི་རྒྱལ་བ་རིགས་བཞི་དང་དབུས་ཀྱི་མི་བསྐྱོད་པའི་ས་བོན་ལས་སྐྱེས་པའི་པུཥྤེ་མ་ལེ་རང་རང་སྐྱེད་བྱེད་ཀྱི་ཡིག་འབྲུས་མཚན་པ་རེ་བཟུང་བར་མོས་བཞིན། བུ་ཁྱོད་ཅི་ལ་དགའ་ཞེས་དྲི་བ་དང་ལན་ལྡོན་བྱ། དེ་ནས་སྒོའི་སློབ་དཔོན་ནམ་ལས་སློབ་ཀྱིས་རྡོ་རྗེ་བཟུང་བཞིན་པ་ལ་སློབ་མ་ཡང་འཆང་བཅུག་ནས་དལ་གྱི་ཡོལ་བ་དང་ཉེ་བར་ཁྲིད་ལ་དལ་གྱི་ཕྱོགས་བཞི་ནས་ཕྱག་འཚལ་ཚུལ་ནི། དང་པོ་བརྐྱང་ཕྱག་དང་། གཉིས་པ་རྡོར་ཐལ་སྙིང་ཁ་དང་། གསུམ་པ་སྤྱི་བོར་སྦྱར། བཞི་པ་སྤྱི་བོ་ནས་ཕབ་སྟེ་སྙིང་གར་སྤྱི་བོ་ས་ལ་རེག་ཚུལ་བྱའོ། །དེ་དང་ཆབས་ཅིག་ༀ་སརྦ་བུདྡྷ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཾ་ནི་ཏྱཱ་ཏ་ཡཱ་མི། ཞེས་རིགས་བཞིའི་རྒྱལ་བ་རྣམས་བོས་ནས་ལུས་དབུལ་དུ་བཅུག །ཅིའི་ཕྱིར་དབུལ་ན་རྒྱལ་བ་རྣམས་ལ་མཆོད་ཅིང་བསྙེན་བཀུར་དང་། དབང་བསྐུར་བ། ཆོས་འཁོར་བསྐོར་བ། མཆོད་པའི་ལས་ཀྱི་དོན་དུའོ། །དེ་ནས་ཕྱི་རོལ་པར་གཏོར་མ་བྱིན་ནས་བི་ཤྭ་བཛྲ་ལ་སོགས་སམ། ཧཱུཾ་བཞིས་རིང་དུ་བསྐྲད། ལག་སོར་བཅུ་རིགས་ལྔ་ཡབ་ཡུམ་དུ་བསྐྱེད་ལ་བདེན་པ་བདར་ནས་བསྣོལ་བའི་སྦྱོར་མཚམས་ནས་བྱུང་བའི་བྱང་སེམས་ཀྱི་འོད་ཟེར་གྱིས་སློབ་མའི་སྒྲིབ་ཚོགས་བྲལ་འོད་དུ་ཞུ་ནས་དངུལ་ཆུ་ལྟར་གྱུར་པ་དེ་རྣམ་སྣང་དུ་བསྐྱེད་ལ་གནས་གསུམ་དུ་འབྲུ་གསུམ་གྱིས་གོ་བགོས་ཤིང་བསྲུང་ངོ་། །དེ་རྗེས་བླ་མས་ཀཱ་ཡ་སིདྡྷི་ༀ་སོགས་གནས་གསུམ་འབྲུ་གསུམ་བཞག་ལ་འདུ་འཕྲོ་དང་། སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སོགས་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན། ཁྱད་པར་གསང་ཆེན་ཐབས་ལ་མཁས་པའི་ཐེག་པ་ཆེན་པོའི་རིགས་ངེས་པར་བྱེད་ལ། རྒྱལ་བ་རྣམས་དང་མི་འབྲལ་ཞིང་བདུད་རྣམས་ཟིལ་གྱིས་གནོན་པའི་ཕན་ཡོན་དང་ཡང་ལྡན་པ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་ཉིད་རང་སྔགས་ཀྱིས་གོ་བར་བྱ་བ་ནི། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ཏ་ཡ་མི། ཞེས་འདོན་དུ་འཇུག་ཅིང་སྒོམ་དོན་ལ། སྙིང་གར་ཀུན་རྫོབ་བྱང་སེམས་ཟླ་གདན་ལ་དོན་དམ་བྱང་སེམས་སྟོང་ཉིད་ཀྱི་རྡོ་རྗེ་རྩེ་ལྔ་པས་རྒྱས་བཏབ་པས་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་བོན་བསྒྲུབ་པའོ། །དེའི་རྗེས་སུ་རྡོ་རྗེ་མེ་ཏོག་དང་བཅས་པས་སྙིང་གར་རེག་ལ། ༀ་སུ་ར་ས་མ་ཡ་སྟྭཾ་ཧོཿསིདྡ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བ དེ་བའི་དམ་ཚིག་འདུས་པའི་བདག་ཉིད་དངོས་གྲུབ་ཇི་ལྟར་བའི་བདེ་བ་ཞེས་པའི་སྔགས་དོན་གྱིས་རྡོར་སེམས་ཀྱི་རང་བཞིན་དུ་བྱས་ནས་མེ་ཏོག་ལ་སོགས་པས་མཆོད། སངས་རྒྱས་ཀུན་གྱི་གསང་བ་འདི། །སོགས་ནས་དོན་གྱིས་ཤིག །ཅེས་པ་ནི། དམ་ཚིག་ཉམས་ཤིང་སླར་གསོ་འདུན་མེད་པ་དང་། ཉན་རང་སོགས་སྔགས་ལ་མི་དད་པས་མ་འདྲེས་པ་དང་། མེད་པ་ནི་སྐྱེ་བོ་ཕལ་པ་དག་གཞན་དག་ནི་ཚིག་གིས་གོ་བར་ནུས་སོ། །དེ་ནས་སློབ་དཔོན་གྱིས་སློབ་མ་དགུག་ཅིང་། ཨཱ་ཁཾ་བཱི་ར་ཧཱུཾ་གིས་ཡོལ་བའི་ནང་དུ་ཁྲིད་ལ། མ་ཧཱ་ར་ཏ་སུ་དྲི་ཌྷ་སུ་ཏོ་ཥྱོ་སུ་པོ་ཥྱོ་བཛྲ་ས་ཏྭ་ཨ་དྱ་སིདྡྷྱ་མཱཾ་ཞེས་པས་དལ་ལ་བསྐོར་དུ་གཞུག་གོ། །དེ་ནས་དམ་ལ་བཞག་པ་ལའང་། ཕན་ཡོན་དང་། ཉེས་དམིགས་དང་། གཉིས་ཀ་ཐུན་མོང་སྟེ་གསུམ་གྱི་སྒོ་ནས་དམ་ལ་བཞག་པ་གཞུང་སོ་སོར་ཤེས་པར་བྱའོ། །དེ་ལྟར་དམ་ཚིག་བསྒྲག་བཟུང་དང་འབྲེལ་བར་ཐབས་སྤྱོད་པ་དང་། ཤེས་རབ་ལྟ་བའི་ཕྱོགས་གཉིས་ཟུང་འབྲེལ་གྱི་སྒོ་ནས་འདོད་ཡོན་ལ་སྤྱོད་ཀྱང་ཉེས་སྐྱོན་གྱིས་མི་གོས་པར་བསྟན་ཏོ། །དེ་ནས་ལྷ་དང་སྐལ་བ་མཉམ་ཕྱིར་མེ་ཏོག་དོར་ཚུལ་དང་ལྟས་བཟང་ངན་བརྟགས་པ་སོགས་གཞུང་ལྟར་རོ། །དེ་ཡང་རྡུལ་ཚོན་དངོས་སམ་དེར་སྐབས་མ་ཕྱེད་ན་ཆོས་རྣམས་འདུན་པའི་རྗེས་སུ་འབྲང་བ་ཡིན་པས་མཎྜལ་གྱི་རེ་ཁ་ཚོམ་བུ་ཅན་ལ་དོར་རུང་བར་གསུངས་སོ། །དེ་ནས་གསང་བའི་འཇུག་པ་ཡེ་ཤེས་དབབ་པ་ནི། པྲ་ཝེ་ཤས་མ་རིག་སྒོ་ངའི་སྦུབས་དྲལ་ཕྱིར་ཁོག་པ་ཁ་ཕྱེ་བར་བསམ་ལ་ཨ་ཝེ་ཤ་མང་དུ་བརྗོད་ཅིང་ལྟ་བའི་གདེངས་བསྐྱེད་ནས་རིགས་དང་མཐུན་པའི་ལྷ་ཐིམ་པ་དབྱེར་མེད་དུ་བསམ་ནས་འབེབ་སྔགས་དང་རོལ་མོ་འཁྲོལ་བ་སོགས་དབང་གཞུང་ལྟར་ཤེས་པར་བྱ་བ་ཉིད་དོ། །དེ་ཡང་ཡེ་ཤེས་པ་ཕེབས་རྟགས་སྤྲོས་བྲལ་ཟག་མེད་ཀྱི་སེམས་གཞིའི་རྒྱུད་དུ་གྱུར་པ་ལ་དབང་ལས་བྱུང་བའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་ཡེ་ཤེས་འབེབས་པ་པོ་ལྟ་སྒོམ་གྱི་གདེངས་དང་ལྡན་པ་ཞིག་གལ་ཆེ་ཞིང་། གཞན་ཡང་ཡེ་ཤེས་དབབ་ཚུལ་རྫས་ཡོ་བྱད་བསྐྱེད་བསྟིམ་སྤོག་ཆོག་སོགས་ཀྱང་གཞུང་ལྟར་རོ། །དེ་ནས་མིག་དབྱེ་བའི་དམིགས་པ་ཚིགས་བཅད་སྔགས་བཅས་ཀྱིས་མིག་དབྱེ་ཚུལ། སྤྱན་འདྲེན་ནས་དལ་གྱི་ཕྱོགས་བཞི་ནས་ཕྱག་འཚལ་མཐར་ལྷ་ངོ་བསྟན་པ་སོགས་ཞིབ་རྒྱས་འགྲེལ་ཆེན་དུ་བལྟ་བར་བྱ་བ་ཉིད་དོ། །དེ་ཡན་ཆད་ནི་འཇུག་པའི་ཆོ་ག་སྟེ། དེ་ཡང་མེ་ཏོག་དོར་བ་ཡན་ཕྱི་འཇུག་དང་། མིག་དར་བསལ་ནས་དཀྱིལ་འཁོར་བསྟན་པ་སོགས་ནང་འཇུག་གོ། །དེ་དག་གི་སྤྱི་དོན་ནི་ཐོག་མར་ས་གཞི་མཉམ་པ་ནི་ཆོས་ཐམས་ཅད་མཉམ་པར་རྟོགས་པའི་རྟེན་འབྲེལ་ལོ། །དེ་ནས་དཀྱིལ་འཁོར་ཆེ་ཆུང་གི་ཚད་རིག་པས་དཔོགས་པ་ནི་རྗེས་ལ་ཐོབ་པའི་ཤེས་རབ་བསྐྱེད་པ་མཚོན་ལ། དེ་ནས་ཐིག་གདབ་པ་ནི་རིག་པའི་ཆོས་ཉིད་དཀྱིལ་འཁོར་ལས་གཞན་དུ་མི་འགྱུར་བའོ། །ཚོན་དབྱེ་བ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡེ་ཤེས་ལྔར་མཚོན་པའོ། །དེ་ལ་རྣམ་པ་དགོད་པ་ནི་སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་དུ་རྒྱས་འདེབས་པའོ། །དེ་ལ་རབ་ཏུ་གནས་ནས་བསྒྲུབ་ཅིང་མཆོད་པ་ནི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷུན་རྫོགས་སུ་བྱེད་པའོ། །སྐབས་དེ་དང་དེར་སྦྱིན་སྲེག་བྱ་བ་ནི་བདེ་བ་ཆེན་པོའི་དོན་རྒྱུད་ལ་སྦྱིན་ཞིང་རྣམ་པར་རྟོག་པའི་ཚོགས་བསྲེག་པའོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི་ལྷ་དང་བསྐལ་པ་མཉམ་པར་བསྒྲུབ་པའོ། །དེ་ནས་སློབ་མ་འཇུག་པ་ནི་དངོས་གྲུབ་ལ་ཉེ་བར་བསྙེན་པའོ། །བཞི་པ་ཞུགས་པ་ལ་དབང་བསྐུར་བ་ཆོས་ཀྱི་རྒྱལ་པོའི་གོ་འཕང་སྦྱིན་པ་ལ་གཉིས། དབང་སྤྱིའི་རྣམ་པར་བཞག་པ་མདོར་བསྟན་པ་དང་། དབང་བཞིའི་ངོ་བོ་བྱེ་བྲག་ཏུ་བརྗོད་པའོ། །དང་པོ་སྟོན་པའི་ཕྱིར། རྩ་བ། རྒྱུད་སྡེ་སོ་སོའི་དབང་གི་རིགས་དབྱེ་ལ། །བྱ་བའི་རྒྱུད་ལ་ཆུ་དང་ཅོད་པན་གཉིས། །སྤྱོད་པའི་རྒྱུད་ལ་དེ་སྟེང་རྡོ་རྗེ་མིང་། །རྣལ་འབྱོར་རྒྱུད་ལ་རིག་པའི་དབང་ལྔ་དང་། །གསང་བ་བཀའ་ཡི་དབང་དང་མཐའ་རྟེན་རྫོགས། །བླ་མེད་བུམ་གསང་ཤེས་རབ་ཚིག་དབང་བཞི། །ཐེག་པའི་རྩེ་མོའི་རིམ་པ་བྱེ་བྲག་པ། །སྤྲོས་དང་སྤྲོས་མེད་ཤིན་ཏུ་རབ་སྤྲོས་མེད། །སྤྱིར་ན་དབང་གི་དབྱེ་བསྡུ་མཐའ་ཡས་ཀྱང་། །ས་ཟིན་འཇོག་མཚམས་རྣམ་པ་བཞི་པོ་ཡིན། །ཞེས་པ་ནི་དེ་ཡང་ཕྱི་རྒྱུད་གསུམ་དང་ནང་རྒྱུད་གསུམ་སོ་སོའི་དབང་གིས་རིགས་ཀྱི་དབྱེ་བ་ལ། བྱ་རྒྱུད་ལ་ཆུ་དབང་དང་ཅོད་པན་ཙམ་དང་། གཞན་རྣམས་ཡན་ལག་ལྟ་བུའོ། །སྤྱོད་རྒྱུད་ནི་དེའི་སྟེང་དུ་རྡོ་རྗེ་མིང་དབང་བསྣན་ཞིང་ཡན་ལག་མང་ཉུང་སློབ་དཔོན་སོ་སོའི་བཞེད་གཞུང་ལྟར་རོ། །རྣལ་འབྱོར་རྒྱུད་རིགས་རྐྱང་དང་། རིགས་བསྡུས་ཆེ་ཆུང་གང་ཡིན་ཀྱང་རིགས་དབང་ལྔ་དང་། གསང་དབང་དང་བཀའ་དབང་བཅས་པ་སློབ་མའི་དབང་དང་། མཐའ་རྟེན་སློབ་དཔོན་གྱི་དབང་ལ་སོགས་པ་ཡོ་ག་ཕྱིའི་དབང་བཅུ་དང་བཅུ་གསུམ་སོགས་སྦྱོང་རྒྱུད་དང་རྡོ་རྗེ་འབྱུང་བ་སོགས་ལས་ཤེས་དགོས་སོ། །འདིའི་གསང་དབང་ནི་ལྷ་དང་དལ་གྱི་དེ་ཁོ་ན་ཉིད་དང་སློབ་དཔོན་གྱི་ལས་སྟོན་པ་ཙམ་ལས་མིང་བཏགས་པའོ། །རྣལ་འབྱོར་རྒྱུད་ལ་ལར་ཤེར་དབང་གསུངས་པ་ཡང་མིང་ཙམ་ཡིན་གྱིས་བླ་མེད་དང་མི་འདྲའོ། །དེས་ན་དབང་གོང་མ་གསུམ་ནི་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །དེ་ཡང་གསང་འདུས་སྔ་འགྱུར་ཕྱི་འགྱུར་གཉིས་དང་ཟླ་གསང་ཐིག་ལེ་སོགས་ནས་བུམ་གསང་ཤེར་ཡེ་ཞེས་གྲགས་པ་དང་། དུས་འཁོར་ལས་བྱིས་པ་འཇུག་པའི་དབང་བདུན་དང་དབང་གོང་མ་ལ་འཇིག་རྟེན་པ་གསུམ་དང་དེ་ལས་འདས་པ་གཅིག་སྟེ་བཅུ་གཅིག་གོ། །དེ་ཡང་སྔ་འགྱུར་ལའང་སློབ་མ་དང་དབང་རྫས་རིགས་ཀྱི་ལྷ་སོ་སོར་བསྐྱེད་པ་མ་ཡིན་པར་ལྷག་པའི་ལྷ་འབའ་ཞིག་ཏུ་དྲན་པར་བྱ་བའང་ཡོད་དོ། །རྡོར་སེམས་སྒྱུ་འཕྲུལ་དྲྭ་བ་ལས་ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་ལྔ། གསང་བ་བྱང་སེམས་ཀྱི་གསུམ་སྟེ་བཅོ་བརྒྱད་དོ། །ཕན་པའི་དབང་བཅུའི་ནང་དུ་རྣལ་འབྱོར་ཕྱི་པ་ལས་གསུངས་པའི་བུམ་པ། དབུ་རྒྱན། ཅོད་པན། ཕྲེང་བ། ཕྱག་རྒྱ་དང་ལྔ་ནི་དངོས་སུ་འདུ་ཞིང་། གཟུངས་ནི་ཉན་པའི་དབང་དང་། གསང་བ་ནི། བསྒོམ་ཞིང་བསྒྲུབ་པ་དང་། འཁོར་ལོས་བསྒྱུར་བ་ནི་རྡོ་རྗེ་རྒྱལ་པོ་སོགས་རྒྱུད་ནས་འདུ་བ་ཁོ་ན་ཡིན་པས་ན་རྒྱུད་སྡེ་སྤྱི་ལ་གྲགས་པའི་རིག་པའི་དབང་ལྔ་པོ་ནི་རིགས་བསྡུས་པའི་ཆིངས་སོ། །སྒྱུ་འཕྲུལ་དྲྭ་བ་ལས་ཕྱི་ཕན་པའི་དབང་བཅུ་ནི་དད་ལྡན་སྣོད་རུང་ལ་སྟེར་བ་ཡིན་ལ། ནང་ནུས་པའི་དབང་ལྔ་ནི་བརྩོན་འགྲུས་ཅན་ལ་སྦྱིན་པའོ། །དེ་ཡང་བདག་དོན་ལ་བརྩོན་པ་ཅན་ལ་ཉན་སྒོམ་གཉིས། གཞན་དོན་ལ་བརྩོན་པ་ཅན་ལ་འཆད་འཕྲིན་གཉིས། གཉིས་ཀའི་དོན་དུ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་སྦྱིན་ནོ། །གསང་བ་ཟབ་མོའི་དབང་གསུམ་ནི་བརྟུལ་ཞུགས་ཅན་ལ་སྟེར་དགོས་ཏེ། དེ་ཡང་སྤྱོད་པའི་བརྟུལ་ཞུགས་ཅན་ལ་གསང་དབང་། རིག་པའི་བརྟུལ་ཞུགས་ཅན་ལ་ཤེར་ཡེ། མཉམ་པའི་བརྟུལ་ཞུགས་ཅན་ལ་དབྱེར་མེད་བདེ་བ་ཆེན་པོའི་དབང་སྟེར་རོ། །འདི་ལྟར་སངས་རྒྱས་རྣམས་ནི་འགྲོ་ཕན་ཁོ་ནའི་ཆེད་ཡིན་ན་ཐེག་ཆེན་གྱི་ཆོས་ལམ་ན་སྐལ་མེད་ཡལ་བར་འདོར་དགོས་པ་མ་བཤད་ཕྱིར་སྙིང་རྗེས་གདུལ་བྱའི་བློ་དང་འཚམས་པའི་བཅུད་མ་བླུགས་ན་སེངྒེའི་འོ་མ་སྣོད་ངན་གྱིས་མི་ཐུབ་པ་ལྟར་སྣོད་བཅུད་མ་བརྟགས་ན་མི་རུང་བར་གསུངས་སོ། །ཁྱད་པར་སེམས་ཕྱོགས་ལ་བྱིན་དབང་རྒྱུན་ཆད་མེད་པ་ཆུ་རྒྱུན་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་གི་སྤྲོས་བཅས་སྤྱིའི་དབང་རྣམ་པར་བཞག་པ་དང་། བྱེ་བྲག་དང་། གསུམ་པའི་དོན་འབྲས་ངོས་བཟུང་བའོ། །དང་པོ་ཁྲུས་དབང་ནས་རིན་པོ་ཆེའི་འཁོར་ལོའི་བར་དུའོ། །གཉིས་པ་ཕྱི་ནང་གསང་གསུམ་དང་ཡོངས་སུ་རྫོགས་པ་བཞིན་རིམ་དགུའི་ཐེག་པའི་དབང་སྟོན་པ་ཡང་སོ་སོའི་སྒོས་ཆོས་ནས་འདྲ་མཐུན་བཏུས་པ་མ་ཡིན་མོད་ཀྱི། སྔགས་ལམ་ཐབས་མང་ལྟར་སོ་སོའི་རིགས་འདྲའི་ཡོན་ཏན་མངོན་སུམ་དུ་སྐྱེ་བའི་མྱུར་ལམ་ལ་དབྱེ་བས། ཉན་ཐོས་ཀྱི་སྐྲ་བྲེགས་པ། སྟོད་སྨད་ཀྱི་གཡོགས་དང་ཆོས་གོས་དང་། དགེ་ཚུལ་སློང་གི་སྡོམ་པ་དང་། བསལ་བྱེད་དང་། ལྷུང་བཟེད་སྦྱིན་པ་སོགས་ནི་ཕྱིའོ། །ནང་རང་རྒྱལ་དང་གསང་བ་བྱང་སེམས་ཏེ་རྒྱུའི་ཐེག་པ་གསུམ་གྱི་དབང་རྫོགས་པས་རྒྱུ་བྱང་ཆུབ་ཀྱི་སེམས་བརྟན། རྐྱེན་ཀུན་རྫོབ་བྱང་སེམས་ལས་སུ་རུང་། ཆོས་ཀྱི་བྱ་བའི་རྒྱུའི་ས་བོན་རྣམས་ལ་དབང་བས་ན་དབང་ཞེས་བྱའོ། །དེ་ནས་སྔགས་ཕྱི་པའི་ཐེག་པ་གསུམ་གྱི་དབང་རྫོགས་པར་བྱས་པས་ལམ་བྱང་ཆུབ་ཀྱི་སེམས་ལ་དབང་ཞིང་། དེའང་ཆུ་ཅོད་པན། རྡོར་དྲིལ་གྱི་དབང་བསྐུར་བས་འབྲས་བུ་བྱང་ཆུབ་ཀྱི་སེམས་ལ་དབང་བས་ན་དབང་ཞེས་བྱའོ། །སྔགས་ནང་པ་གསུམ་ལས་ཕྱི་བསྐྱེད་པ་མ་ཧཱ་ཡོ་གའི་དུས་སུ་བུམ་དབང་ཡན་ལག་དང་བཅས་པ་བྱས་པས་ཕན་པ་དང་ནུས་པའི་ཡོན་ཏན་ཁྱད་པར་དུ་སྐྱེའོ། །ནང་ལུང་ཨ་ནུའི་དུས་ནང་དང་གསང་བའི་སྒྲ་དོན་གྱིས། སྦས་པ་རིག་མའི་དབང་གིས་ཀུན་རྫོབ་བྱང་སེམས་ལ་ལོངས་སྤྱོད་ཅིང་ཞུ་བདེའི་ཡེ་ཤེས་ལ་དབང་བས་ན་དབང་ཞེས་བྱའོ། །གསང་བ་རྫོགས་པ་ཆེན་པོའི་སྤྲོས་བཅས་ཀྱི་དབང་གི་དུས་ན་ནི། ཕྱི་བུམ་པ་ལ་བརྟེན་པ་རྨ་བྱ་དང་མེ་ལོང་སོགས་ཁྱད་པར་གྱི་རྫས་བདུན་གྱིས་སྲིད་པ་བདུན་གྱི་རྒྱུན་འགགས་པར་བྱེད་དོ། །ནང་བཀྲ་ཤིས་པའི་རྫས་བརྒྱད་དང་སྣ་བདུན་ལ་བརྟེན་ནས་གནས་སྐབས་སུ་འདོད་ཡོན་དང་། མཐར་ཐུག་སེམས་དང་ཡེ་ཤེས་ལ་དབང་བས་སོ། །སྤྲོས་མེད་གསང་བ་ལ་བརྟེན་ནས་བདུད་རྩི་ལྔ་དང་། བྷནྡྷ་དང་དབང་ཆེན་གྱི་སྐུ་སོགས་མཆོག་གི་རྫས་བདུན་སྦྱིན་པས་ནང་སྲིད་པའི་འཁོར་ལོ་བདུན་རྒྱུན་འཆད་དོ། །སྤྲོས་བཅས་ཀྱི་སྤྲོས་མེད་ཤེར་ཡེ་རིག་མ་ལ་བརྟེན་པའི་ཚེ་སིནྡུ་ར་དང་མེ་ལོང་ཡུ་བ་ཅན་ལ་སོགས་སྙིང་རྗེའི་རྫས་བདུན་ལ་བརྟེན་ནས་གསང་གནས་སོགས་གནས་གསུམ་དུ་བསྐུར་བས་གསང་བ་སེམས་འཇུག་པའི་ལས་བདུན་རྒྱུན་ཆད། རྡོ་རྗེ་གསུམ་དང་གཉིས་མེད་ཀྱི་ཡེ་ཤེས་ལ་བརྟན་པ་ཐོབ། དེ་ཡང་གསང་ཤེར་གཉིས་རྒྱུ་འབྲས་སུ་བསྟན་ནས་གསུམ་པར་བཞག་གོ། །སྤྲོས་བཅས་ཀྱི་ཡོངས་རྫོགས་བྱང་སེམས་ཀྱི་དལ་ལ་བརྟེན་ནས་སྤངས་རྟོགས་སོགས་ཏེ་དམིགས་མེད་ཀྱི་རྫས་བདུན་ལ་བརྟེན་ནས་བསྐུར་བས་ཁམས་གསུམ་དུ་འཇུག་པའི་སྦྱོར་བ་བདུན་རྒྱུན་ཆད་དོ། །གསུམ་པ་ཤེར་དབང་ནི་འོག་ཏུ་སྟོན་པས་མཚོན་ནོ། །སྤྲོས་མེད་ལ་ཕྱི་ནང་གསང་བ་ཡོངས་རྫོགས་བཞི་ལས། ཕྱི་མཎྜལ་དང་བུམ་པ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་ཡི་གེ་འཁོར་ལོས་དག་པར་བྱེད་དོ། །ནང་གི་ཆོས་རྣམས་སྐྱེ་མེད་སོགས་བུམ་གནས་ངེས་པའོ། །གསང་བ་ནི་དངོས་རྣམས་ཤར་གྲོལ་རིས་མེད་ཆེན་པོར་མཚོན་པའོ། །ཡོངས་སུ་རྫོགས་པའི་ཆོས་རྣམས་བདག་མེད་སོགས་ནི་ཚིག་དབང་ངོ་། །ཤིན་ཏུ་སྤྲོས་མེད་ཀྱི་དབང་ལ་ཡང་ཕྱི་འཁོར་འདས་རུ་ཤན་དབྱེ་བ། ནང་ཡེ་ཤེས་ཉེར་ལྔ་ལ་སྤྱོད་དོན་དུ་མཎྜལ་ཕུལ་ནས་གསོལ་བ་གདབ་པ་རྣམས་སོ། །གསང་བ་ནི་ཕྱོགས་བཞིའི་མཁའ་ནས་སེམས་ཉིད་ཀྱི་སྒོར་འཇུག་གོ། །ཡོངས་རྫོགས་ནི་ནམ་མཁའ་རྒྱ་ཆེ་བའི་སྒྲས་སེམས་ལ་མཐའ་དབུས་མེད་པར་བསྟན་ཏོ། །རབ་ཏུ་སྤྲོས་མེད་ནི་ཕྱི་འདུག་སྟངས་ནང་ལྟ་སྟངས་གསང་བ་དེ་གཉིས་བསྟུན་ནས་སངས་རྒྱས་ཀྱི་ཞིང་དུ་སྤྱོད་པའོ། །ཡོངས་རྫོགས་ནི་སོང་ཞིག་སོགས་ཀྱི་བརྡ་དོན་སྤྱོད་པའོ། །དེ་དག་གི་དག་བྱ་དག་འབྲས་སོགས་རྒྱས་འགྲེལ་ལས་ཤེས་པར་བྱའོ། །དེ་དག་གི་ཚུལ་ནི་བླ་མའི་ཞལ་ལས་བྱུང་བའི་དབང་ནི་དབང་ཆོག་སྒྲ་ཇི་བཞིན་པར་ལྟོས་པ་དག་དང་། ཡི་དམ་གྱི་བྱིན་རླབས་ལ་བརྟེན་པའི་དབང་ནི་རྒྱལ་པོ་ཛའི་ཁང་ཐོག་ཏུ་པོ་ཏིའི་ཆར་བབས་པ་ལྟ་བུའོ། །རྡོ་རྗེ་མཁའ་འགྲོས་ལུང་བསྟན་པའི་དབང་ནི་ཀླུ་སྒྲུབ་དང་འགྲོ་བཟང་གིས་ཨོ་རྒྱན་དྷརྨཱ་གཉྫོ་ནས་བརྟག་གཉིས་དང་མ་ཧཱ་མ་ཡ་བརྐུས་ནས་བྲོས་པར་མཁའ་འགྲོ་མས་རྗེས་བསྙེགས་ཏེ་ཟིན་ཚེ་ཆོས་དེའི་བདག་པོ་གྱིས་ལ་ཤོད་ཅིག་བྱས་པས་ཐོབ་པ་ལྟ་བུའོ། །རང་གི་སེམས་ཀྱི་རྩལ་གྱིས་ཐོབ་པ་ནི་ཆོས་ཉིད་ཀྱི་ལྟ་བས་ཐོབ་པ་རིག་པའི་དབང་སྟེ་དེ་ལ་བརྟེན་ནས་སློབ་མར་དངོས་གྲུབ་ཐོབ་པ་ནི་དབང་འབྲས་སོ། །འདི་དག་ནི་ཇོ་བོའི་དམ་ཚིག་བསྡུས་པ་ལས་བསྟན་ཏོ། །དེ་ལྟར་རྒྱུད་སྡེ་སོ་སོའི་རང་ལུགས་ཀྱི་དབང་གི་དབྱེ་བསྡུ་མཐའ་གཅིག་ཏུ་མ་ངེས་ཤིང་གདུལ་བྱའི་ཁམས་དང་བསམ་པ་དབང་པོ། བག་ཉལ་དང་། ཉོན་མོངས་སོགས་ཀྱི་གཉེན་པོར་གསུངས་པ་རྣམས་ཀྱང་དབང་བཞིར་མ་འདུས་པ་མེད་ལ། འདི་ལྟར་ཕྱི་ནམ་ཟླ་དུས་བཞི། ནང་སྒོ་གསུམ་དང་ཆ་མཉམ་དང་བཞི། དོན་དམ་པར་སྐྱེ་བ་དང་། འགག་པ་དང་འགྲོ་འོངས ། ཡོད་མེད་རྟག་ཆད་མུ་བཞི་སྦྱོར་ཕྱིར་བུམ་གསང་ཤེར་ཡེ་ཚིག་དབང་རིན་པོ་ཆེ་སྟེ་བཞིས་དག་པར་སྦྱངས་ཤིང་ཚོགས་སྦྱོར་མཐོང་བསྒོམ་བཞི་བགྲོད་ནས་སྐུ་བཞི་ཐོབ་པར་བྱ་ཕྱིར་གོང་ནས་གོང་དུ་ལྷ་ཁྱད་ཞུགས་པའི་དབང་བཞི་བྱུང་བའོ། །དེ་ཡང་ཕར་ཕྱིན་དུ་རྟེན་དེ་ཉིད་ལ་མཐོང་སྤངས་སྤོང་བཞིན་དང་མཐོང་ལམ་སྐྱེ་རུང་ལ་སྨིན་པའི་ཚད་དུ་བཞག་པ་བཞིན་སྔགས་ལམ་དུ་བར་ཆད་མེད་པའི་དབང་དུ་བྱས་ནས་ཚེ་འདི་ཉིད་ལ་སྤང་ཐོབ་གཉིས་ལ་རང་དབང་བསྒྱུར་ཕྱིར་རྒྱུད་སྨིན་པའི་ཚད་དུ་བཞག་པའོ། །རྩ་བ། གཞི་དང་ལམ་དང་འབྲས་བུ་དབང་བཞི་རུ། །གདོད་ནས་གྲུབ་པ་རྩ་རླུང་ཐིག་ལེའི་རྟེན། །རང་ཆས་ཉིད་དེ་མཚུངས་པར་ལྡན་པ་དང་། །ལྷན་ཅིག་བྱེད་པའི་རྒྱུ་ནི་རྣམ་གཉིས་ལས། །སྣོད་དུ་རུང་བའི་སློབ་བུ་རྒྱུ་ཡི་རྐྱེན། །ལྟ་དགོངས་ལྡན་པའི་སློབ་དཔོན་བདག་པོའི་རྐྱེན། །ནུས་པའི་ཆོ་ག་མཁྱེན་པ་དམིགས་པའི་རྐྱེན། །རྟེན་ཅིང་འབྲེལ་འབྱུང་དེ་མ་ཐག་པའི་རྐྱེན། །རྒྱུ་གཉིས་རྐྱེན་བཞི་ཚོགས་ལས་དབང་བསྐུར་འགྲུབ། །ཅེས་པ་ནི་དེ་ལ་སྔགས་ཀྱི་ཐེག་པ་བླ་ན་མེད་པ་ནི་གཞི་རང་བཞིན་ལྷུན་གྲུབ་ཀྱི་དལ་དུ་ཕུང་ཁམས་སྐྱེ་མཆེད་ཀྱི་རྟེན་བརྟེན་པའི་རང་བཞིན་དུ་རྫོགས་པར་རང་ལ་ཡོད་པ་གང་ཞིག་དབང་གི་ལམ་དུ་ཐབས་ལ་བརྟེན་ནས་སྨིན་རུང་དུ་བྱས་ནས་བསྐྱེད་རྫོགས་ཟུང་དུ་འཇུག་པས་འབྲས་བུ་རྣལ་འབྱོར་རང་གི་ས་ཐོབ་པའོ། །དེ་ལ་དབང་གི་རྟེན་ནི་ཡིད་ཀྱི་ལུས་ཅན་གཟུགས་མེད་དང་འདོད་སྲེད་རགས་པ་བཅོམ་པའི་བསམ་གཏན་བཞི། ཁམས་གཅིག་ནས་ལྔའི་བར་ལས་མི་ལྡན་པའི་གནས་རིགས་ཉི་ཤུ་རྣམས་དབང་བསྐུར་ཡུལ་མ་ཡིན་ཞིང་། དབང་བསྐུར་ཡུལ་གྱི་རྟེན་ནི་ཁམས་དྲུག་དག་ལྡན་གྱི་རྡོ་རྗེའི་ལུས་རྩ་རླུང་ཐིག་ལེའི་རྐྱེན་ལྡན་མི་ལུས་ཁོ་ནའོ། །དེ་ཡང་དམ་པའི་རིགས་ཅན་ལྔར་གཏོགས་པ་དང་ཉན་རང་དགྲ་བཅོམ་ལྷག་མེད་པ་འགའ་ཞིག་ཡིད་ལུས་ཀྱིས་སྔགས་ལ་འཇུག་པ་ནི་བེམས་པོའི་ཁྱད་པར་ཅན་ཡིན་པས་མ་ངེས་སོ། །ལྷ་དང་ལྷ་མིན་སྒྲ་མི་སྙན་གསུམ་ནི་འབྲས་བུར་སྤྱོད་པས་རྒྱུད་དམན་ལ་གླིང་གསུམ་དུ་སྐྱེས་པའི་ཁམས་དྲུག་ལྡན་ནི་ཁྱད་པར་བ་དང་། དེ་ལས་ཀྱང་འཛམ་བུའི་གླིང་པ་ནི་ལས་ཀྱི་ས་པར་གྲགས་པས་མཆོག་ཡིན་ནོ། །དེ་ཡང་བདེ་གཤེགས་སྙིང་པོ་ནི་མཚུངས་ལྡན་གྱི་རྒྱུ་ཡིན་ཏེ། དེ་མེད་ན་བསྒྲུབ་མི་ནུས་སོ། །དེས་ན་སློབ་མའི་རྒྱུད་ཀྱི་མཚུངས་ལྡན་གྱི་རྒྱུ་ཐབས་ལ་བརྟེན་ནས་འབྲས་བུར་འབྱིན་པ་རྡོ་རྗེ་སློབ་དཔོན་གྱི་རྟོག་ཚོགས་སུ་སྣང་བ་ཀུན་རྫོབ་ཀྱི་བདེན་པར་དག་པ་ཏིང་ངེ་འཛིན་གྱིས་སློབ་མའི་རྒྱུད་དག་པར་བྱེད་པའོ། །དེ་ཡང་དབང་བསྐུར་བྱའི་སློབ་མ་སྣོད་དུ་རུང་བ་རྒྱུའི་རྐྱེན་ཡིན་ཏེ། འདི་ལྟར་དངོས་གྲུབ་ཐོབ་བྱེད་ཀྱི་གཙོ་བོ་ནི་དད་དམ་གཉིས་ཡིན་ཞིང་དེ་ལྟར་མི་ལྡན་ན་སྡུག་བསྔལ་གྱི་རྒྱུར་འགྱུར་རོ། །སྐུར་བྱེད་སློབ་དཔོན་ཡང་བདག་དང་། ལྷ་དང་། གསང་སྔགས་དང་། བཟླས་བརྗོད་དང་། འཕྲོ་འདུ་རྣམས་ཀྱི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔའི་སྦྱོར་བ་ལ་མཁས་པ་བདག་པོའི་རྐྱེན། དངོས་གྲུབ་ཐོབ་ཅིང་མཁས་པའི་བླ་མ་རྣམས་ཀྱི་མན་ངག་ཇི་ལྟ་བའི་དབང་ཆོག་མ་ནོར་བ་ཤེས་པ་དམིགས་པའི་རྐྱེན། བུམ་དབང་སོགས་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་གོ་ཕྱེ་ནས་རྟོགས་པ་དང་ཤེས་རབ་གཉིས་པོའི་མཐུ་བྱིན་གྱིས་སློབ་མར་ཕན་འདོགས་ཤིང་དབང་སོ་སོའི་གོ་བརྡ་འཕྲོད་པར་བྱེད་པ་དེ་མ་ཐག་པའི་རྐྱེན་ཏེ། དེ་ལྟའི་རྒྱུ་གཉིས་དང་རྐྱེན་བཞི་འཚོགས་པ་ལ་བརྟེན་ནས་དངོས་གྲུབ་ཐོབ་རུང་གི་ནུས་པ་རྒྱུད་ལ་སྨིན་ན་ལམ་འབྲས་ཀྱི་ཆོས་རྣམས་ཀུན་གྱི་ཡོན་ཏན་བསྐྱེད་ནས་རྟོགས་པའི་དབང་མཆོག་ཐོབ་པར་ངེས་སོ། །དེའང་གསང་བ་སྒྱུ་འཕྲུལ་བའི་ལུགས་ཀྱི་ཕན་ནུས་ཀྱི་དབང་བཅོ་ལྔ་དང་གསང་དབང་གསུམ་རླུང་སེམས་རྩ་དང་ཐིག་ལེའི་རང་བཞིན་དང་དག་བྱ་དག་བྱེད་དུ་སྦྱར་བའི་ཚུལ། རྩ་བ། གཉེན་པོ་དྲང་ངེས་སྒོ་ནས་བཞག་པ་ནི། །ལུས་ཀྱི་གཙོ་བོར་གྱུར་པ་རྩ་ཡིན་ཏེ། །རྩ་ཡི་རྣམ་པ་ཡི་གེའི་གཟུགས་སུ་གནས། །དེ་ལ་རླུང་བརྟེན་རླུང་ལ་ཁམས་རྣམས་བརྟེན། །ཁམས་ལ་དོན་དམ་བྱང་ཆུབ་སེམས་བརྟེན་བཞི། །ཞེས་པ་ནི་སྤྱིར་འགྲོ་རྣམས་རང་རང་གི་ལས་དང་འཁྲུལ་པའི་དབང་གིས་རིགས་དྲུག་ཏུ་འཁོར་བ་ལས། མཐོ་རིས་ཀྱི་རྟེན་ཁམས་དྲུག་ལྡན་རྣམས་ནི་མངལ་གནས་འཛིན་པའི་ཐོག་མར་མིག་གཉིས་དང་ལྟེ་བའི་རྩ་མདུད་ཆགས། དེ་ལས་ལུས་ཡོངས་བསྐྱེད་པས་ན་གནས་པ་རྩ་ནི། ལུས་ཀྱི་དག་བྱའི་གཙོ་བོ་ཡིན་པས་དེའི་གཉེན་པོར་སྐུ་རྡོ་རྗེ་བུམ་པའི་དབང་། དེར་གཡོ་བྱེད་ཀྱི་རླུང་བརྟེན་ནས་བྱེད་ལས་སྣ་ཚོགས་སུ་ཤར་བ་ནི་ངག་གི་དག་བྱའི་གཙོ་བོ་དེའི་གཉེན་པོར་གསུང་རྡོ་རྗེ་གསང་བའི་དབང་། དེ་ལ་བཀོད་པ་བྱང་སེམས་ཀྱི་ཁམས་དྭངས་མ་ཆེན་པོ་བརྟེན་པས་རྩ་ཡུར་བ་ལྟ་བུའི་ནང་དུ་ཁམས་རགས་པ་ཆུ་རྒྱུན་འདྲ་བ་དེ་རླུང་གིས་བསྐྱོད་ནས་འགྲོ་འོང་དུ་གནས་པ་དེའི་གཉེན་པོར་ཐིག་ལེ་བདེ་བ་ཆེན་པོར་དག་ཅིང་སྨིན་པ་ཐུགས་རྡོ་རྗེ་ཤེར་ཡེའི་དབང་ངོ་། །དེ་དང་རྗེས་མཐུན་དོན་དམ་བྱང་སེམས་ཀྱང་རླུང་གི་ཆས་ཁུར་ནས་སྐྱོན་ཡོད་སྣ་ཚོགས་བསྐྱེད་པ་ནི་ཡིད་ཀྱི་དག་བྱ་ཡིན་ནོ། །དེའི་གཉེན་པོར་ཡེ་ཤེས་རྡོ་རྗེའི་དབང་བཞི་པས་སེམས་དག་ཅིང་སྨིན་པར་བྱེད་པས་དབང་བཞིར་བྱུང་བའོ། །དེ་ལ་སྔགས་ནི་འདོད་ཡོན་གྱི་ལམ་ཡིན་པས་གནས་རིགས་སོ་སོའི་འདོད་ཡོན་རྣམ་བཞིའི་དག་བྱེད་ཀྱི་ངོས་ནས་དབང་བཞིར་ངེས་པ་ལ་དང་པོ་བུམ་དབང་སྟོན་པའི་ཕྱིར། རྩ་བ། འདོད་པའི་ཁམས་ཀྱི་གང་ཟག་རང་རྒྱུད་པ། །ཀུན་ལ་འདོད་ཆགས་རྣམ་བཞིར་གནས་པ་སོགས། །དག་བྱ་དག་བྱེད་ལ་བརྟེན་ངེས་པ་ཡང་། །དང་པོ་བལྟས་པས་ཚིམ་པའི་འདོད་ཆགས་ནི། །གཞན་འཕྲུལ་དབང་བྱེད་པ་ལ་གནས་པ་སྟེ། །རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་བུམ་པའི་དབང་། །བསྐུར་བས་གཙོ་བོར་ལུས་ཀྱི་སྒྲིབ་པ་དག །སྣོད་བཅུད་བརྟན་གཡོ་ཕུང་ཁམས་སྐྱེ་མཆེད་ཀུན། །གདན་གསུམ་ཚང་བའི་དཀྱིལ་འཁོར་གཅིག་ཏུ་ཤར། །སྣང་སྟོང་ཟུང་འཇུག་ངོ་བོ་ཉིད་གསུམ་གྱི། །གྲུབ་མཐའ་འཁོར་འདས་གཉིས་མེད་ཆེན་པོ་ལ། །འདའ་ཀ་འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །རྩ་ཡི་འགྲོས་ཐིམ་བསྐྱེད་རིམ་སྤྲུལ་པའི་སྐུ། །མཁའ་ཁྱབ་སྐུ་ཡི་རྡོ་རྗེ་འདུས་མ་བྱས། །ཞེས་པ་དེ་ཡང་གཞན་འཕྲུལ་དབང་བྱེད་རྣམས་ནི་གཅིག་ལ་གཅིག་པའི་འདོད་ཆགས་ཀྱིས་གདུང་བར་བྱེད་པ་དག་བྱེད་བུམ་དབང་གཟུགས་བརྙན་ཐབས་ཀྱི་དལ་རྡུལ་ཚོན་ནམ་ཆུ་ཚོན་གྱི་དལ་དུ་བརྟེན་ནས་བསྐུར་བའོ། །དེ་ཡང་སྔོན་གོམས་ཀྱི་སྐལ་བ་ཅན་ཁ་ཅིག་ལ་ལུས་དཀྱིལ་ཡང་མཆོག་ཏུ་བསྔགས་ཏེ་བུམ་དབང་ཕྱག་རྒྱའི་ལུས་དང་བུམ་པ་དེའི་ནུ་མ་ལ་དུས་འཁོར་ནས་བསྟན་པ་ལྟར་རོ། །འོན་ཀྱང་གང་ཟག་གི་བྱེ་བྲག་ལ་ལྟོས་ནས་འཇུག་ཚུལ་སྣ་ཚོགས་ཡོད་ཀྱང་སྙིགས་དུས་འདིར་འཕགས་པའི་རྒྱུད་ལྡན་གྱི་བླ་མ་དང་། སློབ་མ་ལས་སད་གཅིག་ཅར་བ་དཀོན་ན་ཚོན་དཀྱིལ་གཉིས་ལ་བློ་ཁེལ་བར་བྱའོ། །བསྐུར་ཚུལ་ནི་མཎྜལ་དབུལ་བ་སོགས་སྔོན་འགྲོ་རྣམས་དབང་གཞུང་སོ་སོའི་ལུགས་ལྟར་དང་། རྒྱས་པའི་ཚེ་བྱུར་དང་། སྡིག་པ་སྦྱང་བ་སོགས་རབ་གནས་བཞིན་བྱེད་པའང་ཡོད་ལ། གསོལ་བ་གདབ་ཚུལ་ཁྱབ་ཆེ་བ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས་ཀྱི་དོན་ནི། ཚིག་དང་པོ་རྡོ་རྗེ་འཆང་སྟེ་དེས་མི་བསྐྱོད་པ་སོགས་ལ་ཚིག་གཉིས་པ་མཆོད་པ་ཆེན་པོ་དབང་གི་བྱ་བ་ཇི་ལྟར་བསྩལ་བ་ལྟར་དུ། ཚིག་གསུམ་པ་བདག་ཀྱང་འཁོར་བ་ལས་ཡོངས་སུ་བསྒྲལ་བའི་ཕྱིར་ཚིག་བཞི་པ་སློབ་དཔོན་རྡོ་རྗེ་འཆང་དང་དབྱེར་མེད་པ་ལ་བོས་ནས་དེང་བདག་ལ་དབང་བསྐུར་བ་ད་ལྟ་ཉིད་དུ་སྩོལ་ཞེས་པའོ། །དེ་ནས་དལ་གྱི་ཤར་ཕྱོགས་སུ་ཁྲུས་དཀྱིལ་སྣ་ཚོགས་པདྨས་མཚན་པའམ་སྒོ་མུ་ཁྱུད་གཅིག་པ་ནུབ་བསྟན་འདབ་བརྒྱད་ཅན་ཕྱོགས་བཞིར་རིགས་ལྔ་དང་མཚམས་བཞིར་ཡུམ་བཞིའི་མཚན་མ་ཚོན་ནམ་འབྲས་ཕྱེའི་ཁུ་བས་བྲིས་སྟེང་འདབ་བརྒྱད་དམ་ཟླ་དཀྱིལ་བྲིས་པས་བཀབ་པར་སློབ་མ་བཞག་གམ་མོས་པས་ཀྱང་ཆོག་གོ། །དབང་བསྐུར་དངོས་ནི། སྐུ་རྡོ་རྗེ་སྤྲུལ་སྐུ་ངོ་བོ་བླ་མ་དང་དབྱེར་མེད་པའི་དལ་གྱི་ལྷས་བུམ་དབང་བསྐུར་བའི་དགོངས་པ་གཏད་ནས་ཐུགས་ཀ་སོགས་ནས་རིགས་ལྔ་སོ་སོའི་ངོ་བོ་ཉིད་ཀྱི་དབང་རྫས་རྣམས་བྱུང་བར་མོས་བཞིན་སློབ་མ་ལྷག་ལྷ་གང་ཡིན་དུ་གསལ་ནས་བསྐུར་རམ། སྤྲོ་ན་སློབ་མ་སྔར་ལྟར་ནང་དབང་བསྐུར་བའི་དམིགས་པས་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བཞག་ལ་དམིགས་མེད་ཀྱི་ངང་ནས་དབང་རྫས་ལྷར་བསྐྱེད་ནས་དབང་བསྐུར་བའི་ཆེད་དུ་སློབ་དཔོན་གྱིས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ་སོགས་ཤོ་ལོ་ཀ་དེ་འདོན་པ་དང་མཉམ་དུ་སྙིང་གའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་གདན་གསུམ་ཚང་བའི་དལ་གྱི་རྣམ་པར་སྤྱན་དྲངས་པས་དབང་གི་བྱ་བ་བྱེད་པར་མོས་པའི་ལུགས་ཀྱང་ཡོད་དེ། ཕུང་པོ་ལྔ་དང་། ཁམས་ལྔ་ནི། གཤེགས་པ་ལྔ་དང་གཤེགས་མ་ལྔ། དབང་པོ་བཞི་དང་། ཡུལ་བཞི། དུས་བཞི་རྣམས་གནས་སུ་དག་པའི་བསྡོམས་པའི་བྱང་སེམས་སྟངས་དཔྱལ་བརྒྱད་གཉིས་ནི་སྐྱེ་མཆེད་སེམས་དཔའ་སེམས་མའི་གདན། ཡན་ལག་བཞི་ནི་ལུས་ཀྱི་རྣམ་ཤེས་དང་། དབང་པོ། རེག་བྱ། རེག་ཤེས་བཞི་དག་པ་སྒོ་བ་བཞི་སྟེ། ཡན་ལག་ཁྲོ་བོ་ཁྲོ་མོའི་གདན་སོགས་ཞེས་པ་ནི་རྒྱུ་དུས་ཀྱི་ཕུང་ཁམས་སྐྱེ་མཆེད་ཡན་ལག་དང་བཅས་པ་འབྲས་བུ་རྒྱལ་བའི་དཀྱིལ་འཁོར་དུ་སྣང་བ་ལྷ་སུམ་ཅུ་སོ་བཞི་སྟེ། དེ་ཡང་གཤེགས་པ་ལྔས་དབང་བསྐུར་བའི་དགོངས་པ་མཛད། གཤེགས་མ་ལྔས་བུམ་པ་ཡོ་བར་བཟུང་སྟེ་དབང་བསྐུར་གྱི་ལས་ལ་བཞེངས། སེམས་དཔའ་སྟངས་དཔྱལ་བཅུ་དྲུག་གིས་བཀྲ་ཤིས་གང་ཞིག་སོགས་ཀྱིས་མེ་ཏོག་འཐོར་བཞིན་ཤིས་པ་བརྗོད། སྒོ་སྲུང་ཕོ་མོ་བརྒྱད་ཀྱིས་བགེགས་བསྐྲད་པར་མོས་ཤིང་དབང་གི་གཤམ་དུ་ལྷ་རྣམས་སློབ་མར་བསྟིམ་མོ། །གཞན་ཡང་དབང་ལྷ་གསར་དུ་སྤྱན་དྲངས་ཀྱང་མཐའ་གཅིག་ཏུ་གདན་གསུམ་ཚང་བ་ཁོ་ནར་མ་ངེས་པ་ཡོད་དེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཏིལ་གྱི་གང་བུ་བཞིན་གང་སོགས་གསུངས་པས་སོ། །དེ་ལ་དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ་ཞེས་ཚིག་རྐང་བཞིའི་དོན་ནི། རིམ་བཞིན་དང་པོ་ནི་འདོར་དུ་མི་རུང་ཞིང་གཞོམ་གཞིག་བྲལ་བ་དང་ཆེན་པོ་སྟེ་དེའི་བླ་ན་གཞན་མེད་པའི་ཕྱིར་དང་། ཁྱད་པར་ཆེན་པོ་སྒྲས་ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི་རྒྱལ་པོར་གྱུར་པས་སོ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་གསུམ་གྱི་ཡོན་ཏན་གང་ཡིན་པའི་གནས་ལས་བྱུང་བའི་སྨིན་བྱེད་ཀྱི་ཐབས་ཟབ་མོ་འདི་ནི་དེང་ཁྱོད་ལ་སྦྱིན་པར་བྱའོ། །ཞེས་པའོ། །ཚིག་འདི་ནི་རིག་དབང་ལྔ་ཀའི་མགོར་སྦྱར་བའང་ཡོད་དེ། དེའང་དབང་ལྷ་གསར་དུ་སྤྱན་དྲངས་པ་ལས་ཐོབ་པ་ཡིན་ན་རྡུལ་ཚོན་གྱི་དལ་ལས་དབང་ཐོབ་པར་ཅིས་འགྱུར་སྙམ་ན། དེ་དང་དབྱེར་མེད་པའི་བླ་མས་དབང་བསྐུར་བའི་དགོངས་པ་གཏད་པས་ཐོབ་དགོས་པ་སྟེ། དཔེར་ན་སྟོན་པ་ཏིང་ངེ་འཛིན་ལ་བཞུགས་ཏེ་དགོངས་པ་གཏད་པའི་མཐུས་སྤྱན་རས་གཟིགས་དང་ཤྭ་རིའི་བུ་གཉིས་དྲི་བ་དང་ལན་ལྡོན་ཚུལ་གྱིས་ཤེར་སྙིང་བྱུང་བ་ལྟར་རོ། །དེས་ན་ཆོས་ཐམས་ཅད་རྒྱལ་བའི་དགོངས་རྒྱུད་གཅིག་ཏུ་གནས་པའོ། །དོན་དེའི་ཕྱིར་ན་མ་རིག་པ་ལྔ་ཡོངས་སུ་གྱུར་པའོ། །རིག་པའི་ཆོས་ཉིད་རིགས་ལྔ་དང་ཡེ་ཤེས་ལྔའི་བདག་ཉིད་དུ་སད་པར་བྱེད་པའོ། །དེའང་ཆུ་དབང་གིས་དྲི་མ་འཁྲུད་པ། དབུ་རྒྱན་དང་། རྡོར་དྲིལ་གཏོད་པ་མིང་གདགས་པ་ལྔ་པོ་ནི་སྐྱེད་བྱེད་འགྲུབ་པའི་རྒྱུ་ཡིན་ལ། དབང་གི་ངོ་བོ་ནི་ཆུ་དབང་ལ་མཚོན་ན་སློབ་མ་དང་དབང་རྫས་གཉིས་ཀ་མི་བསྐྱོད་པར་གསལ་བཞིན་བུམ་ཆུས་གཏོར་བླུད་བྱས་པས་དེའི་རྒྱུད་ཀྱི་རྣམ་ཤེས་ཀྱི་ཕུང་པོ་དང་ཞེ་སྡང་སྦྱོང་ཞིང་མེ་ལོང་ཡེ་ཤེས་མངོན་དུ་བྱེད་པའོ། །དེའི་འགྲེས་ཀྱིས་དབང་རྫས་དང་སློབ་མ་རིགས་བཞིར་བསྐྱེད་ཅིང་དབང་རྫས་བཞི་གཏད་པས་བསྐུར་ཡུལ་དེའི་རྒྱུད་ཀྱི་ཕུང་པོ་དང་ཉོན་མོངས་པ་སྦྱོང་ཞིང་ཡེ་ཤེས་མངོན་དུ་བྱེད་པ་སོགས་བསྒྱུར་ཁ་ཤེས་པར་བྱ་བའོ། །དམིགས་བསལ་ནི་མེ་ཏོག་གང་ལ་ཕོག་པའི་ལྷར་བསྐྱེད་ནས་རང་གི་ལྷ་ཞུ་བའི་བུམ་ཆུ་སྤྱི་བོར་གཏོར་ཞིང་ཕྱི་ནང་གི་དྲི་མ་འཁྲུད་པར་བྱས་པས་དེའི་རྒྱུད་ཀྱི་དག་བྱ་དག་འབྲས་ཀྱང་ལྷ་དེ་དང་དེའི་རིགས་དང་ཡེ་ཤེས་ལ་སྦྱོར་ཚུལ་གོང་ལྟར་རོ། །དེའང་དེ་བཞིན་གཤེགས་པ་ལ་ཕོག་ན་རིན་ཆེན་གྱི་ཅོད་པན་ནམ་དབུ་རྒྱན། དེ་བཞིན་གཤེགས་པའི་རྡོ་རྗེ་དང་། དྲིལ་བུ་དང་མིང་དེ་བཞིན་གཤེགས་པའི་རིགས་ལ་དེ་ལྔའི་ཅོད་པན། དང་པོའི་རྡོ་རྗེ་དང་། དེས་མཚོན་པའི་དྲིལ་བུ་དང་མིང་། རྡོ་རྗེའི་རིགས་ལ་སངས་རྒྱས་ལྔ་དང་། རྡོར་ཕྲེང་གི་ཅོད་པན། ཁྲོ་བོའི་རྡོ་རྗེ་དང་། དྲིལ་བུ། པདྨའི་རིགས་ལ་འོད་དཔག་མེད་དང་པདྨའི་ཕྲེང་བའི་ཅོད་པན། རྡོ་རྗེ་པདྨ་དང་དྲིལ་བུ་དང་མིང་། ནོར་བུའི་རིགས་ལ་རིན་ཆེན་མྱུ་གུའི་ཅོད་པན་དང་མིང་། རྡོ་རྗེ་རིན་ཆེན་དང་དྲིལ་བུ་དང་མིང་། ལས་ཀྱི་རིགས་ལ་སྣ་ཚོགས་རྡོ་རྗེ་ཅོད་པན་དང་། སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་དང་མིང་གིས་དབང་བསྐུར། དེའང་མིང་དབང་ནི་མེ་ཏོག་ཕོག་པའི་མིང་གི་མགོར། ཀྱཻ། ཞེས་བདེ་བའི་སྒྲ་དང་དཔལ་དང་རྡོ་རྗེའི་མགོ་ཅན་དུ་གདགས་ཤིང་། རྡོར་དྲིལ་མགོ་ཐོག་ཏུ་བཟུང་ནས་ལན་གསུམ་བརྗོད་པ་ཡིན་ནོ། །དེ་ལྟར་རིག་དབང་ལྔ་ཐོབ་པས་རིགས་སུ་སྐྱེས་པའི་ཕྱིར་རིགས་ཀྱི་བྱ་བ་ལས་མི་འགོང་ཞིང་དེའི་ཡན་ལག་གི་དམ་ཚིག་དྲང་ངེས་གཉིས་ལས་རྣལ་འབྱོར་རྒྱུད་ཀྱི་རང་ལུགས། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱེད། །ཅེས་པ་ལ་སོགས་བསླབ་པའི་གཞི་ལྔ་ལ་བསླབ་པ་བླ་མེད་དང་ཐུན་མོང་ཡིན་ནོ། །དབང་བར་བྱེད་པའི་ཆ་ནས་ཕུང་པོ་ལྔ་དང་འབྱུང་བ་ལྔ་གནས་འགྱུར་ཐོབ་པའི་འབྲས་བུ་དེ་བཞིན་གཤེགས་པ་ལྔའི་སྤངས་རྟོགས་ཀྱི་རང་བཞིན་ལ་སྦྱོར་བའོ། །དེ་ལྟ་ནའང་མཐར་གྱི་ནི་གོ་བ་དེ་ཙམ་གྱིས་ཉོན་མོངས་དང་མ་རིག་པའི་ཆ་བཟློག་མི་ནུས་ཏེ་གཉིས་སུ་སྣང་བ་མ་སྤངས་པའི་ཕྱིར་རོ། །འདི་ལྟར་ཆུ་དབང་ལ་མཚོན་ན་སྦྱང་གཞིའི་རྣམ་ཤེས་དང་། ཞེ་སྡང་གློ་བུར་བས་བསླད་པའི་བློའི་འཛིན་སྟངས་ཀྱིས་བཟུང་བ་ལས་ཡུལ་ཐོག་ཏུ་ཡེ་ནས་གྲུབ་མ་མྱོང་སྟེ། འཁོར་བ་ནི་འཁྲུལ་སྣང་གིས་བསྐྱེད་པ། ཐག་ཁྲ་སྦྲུལ་དང་། ཐོ་ཡོར་མིར་བཟུང་བ་ལྟར་རྣམ་ཤེས་ཀྱི་ཕུང་པོ་ཡང་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་གྲུབ་པ་ལྟར་སྣང་བའི་ཆོས་ཉིད་ཀྱི་མཚང་རིག་པ་ནི་རྒྱལ་བ་མ་བསྐྱོད་པ་དང་། ཞེ་སྡང་ཡང་འཁྲུལ་པས་བཏགས་པ་ལས་དོན་ལ་གྲུབ་པ་མེད་པ་ནི་རྣམ་ཀུན་མཆོག་ལྡན་གྱི་མཁྱེན་ཆ་ཙམ་དུ་ཇི་སྙེད་པའི་ཆོས་སྟོན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་རྣམ་གྲངས་པའི་དོན་དམ་གྱིས་བཏགས་པའི་སྦྱང་གཞི་སྦྱོང་བྱེད་ཡིན་ཏེ། དོན་ལ་ཆོས་རྣམས་ངོ་བོ་ཉིད་མེད་པའམ་རབ་ཏུ་མི་གནས་པར་གྲུབ་པས་སྦྱང་གཞི་སྦྱངས་འབྲས་གཉིས་ཀར་བཞག་ཏུ་མེད་ཀྱང་། རེ་ཞིག་བྱིས་པ་རྣམས་སྐྲག་པ་སྤང་ཕྱིར་རིགས་ལྔ་དང་ཡེ་ཤེས་ལྔའི་རྣམ་པར་བཞག་པ་ཙམ་ལས་བློ་ངོས་ནས་གཞལ་ཡུལ་ལས་འདས་པའོ། །འདི་ལྟར་མ་ཤེས་ན་སྔགས་ལམ་ནི་དྲང་དོན་གྱི་ཁ་དྲང་བ་ཙམ་མ་ཡིན་པར་རྒྱ་ཆེ་བའི་རང་བཞིན་དུ་བཤད་པའང་དེ་ཁོ་ན་ཉིད་འབའ་ཞིག་ཏུ་འབབ་ཅིང་དེའི་ལམ་གྱི་ལུས་ཡོངས་རྫོགས་དབང་གི་རང་བཞིན་ལ་རྫོགས་པ་མི་ཤེས་སོ། །དེ་ལྟར་རིག་དབང་ལྔའི་སྟེང་དུ་བརྟུལ་ཞུགས་ཀྱི་དབང་ལུང་བསྟན་དང་། དབུགས་དབྱུང་དང་རྗེས་གནང་དང་བཅས་སློབ་མའི་དབང་དྲུག་གོ། །ཐབས་དེ་ལས་བྱུང་བའི་རྡོ་རྗེ་སློབ་དཔོན་གྱི་དབང་ནི་དེ་ལྟར་དུ་ཐོབ་པ་གང་ཞིག་སྔར་ལྷག་གནས་ཀྱི་སྐབས་སློབ་དཔོན་གྱི་སྡོམ་པ་བྱིན་ན་དེས་འཐུས་ལ། མིན་ན་སྐབས་འདིར་གཞན་དོན་ལ་རྗེས་སུ་གནང་བའི་མཐུ་བསྐྱེད་ཕྱིར་བུམ་དབང་གཙོ་བོར་བྱ་བ་དང་། དམ་ཚིག་གསུམ་འཛིན་པ་གཙོ་བོར་བྱ་བ་གཉིས་ལས་ཕྱི་མ་འདི་འཐད་ཀྱི་ཕྱིར་མི་ལྡོག་པའི་དབང་ཞེས་པའི་ཕྱིར། མདོ་ལམ་དུ་མ་ངེས་པའི་རིགས་ཅན་ཡང་སྦྱོར་ལམ་ཐོབ་པ་ན་ཕྱིར་མི་ལྡོག་པར་བཤད་པ་བཞིན་ནོ། །དེ་ཡང་ཐུགས་ཀྱི་དམ་ཚིག་རྡོ་རྗེ་གསོར་བ་དང་། གསུང་གི་དྲིལ་བུ་འཁྲོལ། གཉིས་ཀས་འཁྱུད་རྒྱ་བྱ་བ་སྟེ་དེ་གསུམ་ལས་བྱུང་བའི་བདེ་སྟོང་གི་ཏིང་འཛིན་གྱི་ཁྱད་པར་རིག་དབང་ལྔ་ལྟ་བུའི་རིགས་ཉི་ཚེ་བའི་འཁྱུད་རྒྱའི་བདེ་བ་ཙམ་མ་ཡིན་པར་རིགས་ཀུན་གྱི་ཁྱབ་བྱེད་རྡོ་རྗེ་འཆང་ཡབ་ཡུམ་སྦྱོར་བའི་བདེ་སྟོང་གི་ཡེ་ཤེས་ལ་ཡབ་ཀྱིས་བལྟ་བ་དང་ཡུམ་གྱིས་དགོད་པའི་སྒོ་ནས་སེམས་གཏད་པ་ནི། བླ་མེད་ཀྱི་བསྐུར་ཚུལ་ཏེ་དབང་སྟེགས་ལ་བཞག་ནས་ལྷ་ལུས་ལ་བཀོད་དེ་དམ་ཚིག་གསུམ་བཟུང་བ། དབང་ལྷ་སྤྱན་དྲངས་ནས་བུམ་ཆུས་དབང་བསྐུར་རྗེས་དབང་ལྷ་བསྟིམས་ནས་རིགས་བདག་གི་རྒྱས་འདེབས་བྱས་ལ་མཆོད་པས་ཞལ་བསྲོ། ལྷ་དང་དལ་དང་སློབ་དཔོན་གྱི་དེ་ཁོ་ན་ཉིད་བསྟན། སྔགས་དང་ཕྱག་མཚན་དང་། མིང་དབང་བསྐུར་ནས་མིག་ཐུར་དང་མེ་ལོང་སོགས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་རྗེས་གནང་། ཆོས་འཁོར་བསྐོར་བའི་རྗེས་སུ་གནང་བ་སོགས་ནི་ཡན་ལག་ཡིན་ནོ། །དེ་ཡང་ཐུགས་ཀྱི་རང་བཞིན་བརྗོད་པ་དོན་གྱི་ཨེ་ཝཾ་དང་། དྲིལ་བུའི་སྒྲ་ལས་ཐམས་ཅད་མཁྱེན་པའི་བརྗོད་པ་རྫོགས་པ་སྒྲའི་ཨེ་ཝཾ། ཁ་སྦྱོར་གཟུགས་ཀྱི་ཨེ་ཝཾ་གྱི་རང་བཞིན་རྟོགས་ན་དམ་ཚིག་གསུམ་སྒྲ་ཇི་བཞིན་པར་གྱུར་ནས་བུམ་དབང་ལ་དབང་བཞིའི་གནད་རྫོགས་པར་སོང་བས། རབ་གནས་ཀྱི་ལྷ་ལ་ཡེ་ཤེས་པ་གཞུག་པ་དང་དབང་ཆོག་གིས་གཞན་རྗེས་སུ་འཛིན་པ་དང་། རྒྱུད་བཤད་པ་ཚོགས་ཀྱི་དཔོན་དུ་འགྱུར་བ་སློབ་མ་བསྡུ་བ་སོགས་ལ་དབང་བའོ། །འཆད་ཚུལ་དེའི་དབང་གོང་མ་གསུམ་མ་ཐོབ་པར་བླ་མེད་ཀྱི་ཉན་བཤད་དང་བསྐྱེད་རྫོགས་ཟབ་མོ་བསྒོམ་པར་མི་དབང་བར་འདོད་པ་ནི་དཔྱད་བཟོད་པ་ཉིད་དོ། །དེ་ལྟ་བུའི་བུམ་དབང་ནི་རི་མོ་དང་ལུས་དཀྱིལ་གཉིས་སུ་འཐོབ་པའོ། །ཕན་ཡོན་ནི་ལུས་ཀྱི་སྒྲིབ་ཚོགས་འདག་ཅིང་ཕུང་པོའི་བདུད་བཅོམ་པའོ། །ལས་གང་ལ་དབང་ན་བསྐྱེད་རིམ་གྱི་སྣོད་དུ་རུང་ཞིང་ཕུང་ཁམས་སྐྱེ་མཆེད་རང་རྒྱུད་དུ་འཛིན་པ་ལས་གྲོལ། ཆོས་ཅན་ཀུན་རྫོབ་པ་ལས་དབེན་པར་བྱེད་པ་དང་། སྦྱིན་སྲེག་སོགས་ཕྲིན་ལས་ཀྱི་ཡན་ལག་ལ་དབང་བའོ། །དེའང་རང་ཡུལ་ཕུང་ཁམས་སྐྱེ་མཆེད་དང་བཅས་གདན་གསུམ་དང་དེར་འཕྲོས་རྡོ་རྗེ་དབྱིངས་ཀྱི་ལྷ་ལྔ་བཅུ། དམ་པ་རིགས་བརྒྱ་སོགས་དག་བྱ་དག་འབྲས་ཀྱི་ལྷའི་འཁོར་ལོ་དབྱིངས་ཀྱི་ལམ་དུ་བསྒོམས་པས་གཟུགས་ཐམས་ཅད་སྣང་སྟོང་། སྒྲ་རྣམས་གྲགས་སྟོང་། སེམས་རིག་སྟོང་ཟུང་འཇུག་ཏུ་ཤར་བ་དེ་ལ་གསལ་བའི་ཆ་ནས་སྣང་ཕྱོགས་ཀྱི་ངོ་བོ་བསྐྱེད་པ་དང་། རང་བཞིན་མེད་པའི་ཆ་ནས་སྟོང་ཕྱོགས་ཀྱི་ངོ་བོ་རྫོགས་པ་དང་། ལྷུན་གྲུབ་ཀྱི་ཆ་ནས་བསྐྱེད་རྫོགས་དབྱེར་མེད་ཆེན་པོར་བལྟ་བ་ངོ་བོ་ཉིད་གསུམ་གྱི་ཕྱི་དོན་དུ་འཛིན་པའི་རྣམ་རྟོག་དང་། དལ་རང་གནས་ལ་སྒྲིབ་པ་བསལ་བ་སྟེ། འདོད་ཡོན་ཐམས་ཅད་ཐ་མལ་དུ་མ་གོལ་བ་ཡུལ་སྣང་ཡུམ། བཟའ་བཏུང་རྒྱན་གོས་སོགས་ཡབ་ཏུ་སྣང་བ་ཟུང་འཇུག་ཏུ་དང་དུ་བླང་བར་བྱའོ། །དེ་ལྟར་བུམ་དབང་གིས་ལུས་རགས་པ། སྐྱེད་བྱེད་ཀྱི་རྩའི་འགྲོས་རྣམས་དག་པས་ཤིན་སྦྱངས་ཀྱི་ཡོན་ཏན་ཐོབ་ནས་རྡོས་བཅས་ལ་ཐོགས་པ་མེད། ཁམས་ལྡོག་པས་ཆུ་བོ་གྱེན་ལ་ལྡོག །རྡུལ་དབུ་མར་འཆིངས་པས་ཉི་མ་གཏེ་བར་འཛིན། གཅིག་དུ་མ། དུ་མ་གཅིག་སྟོང་གསུམ་ཡུངས་འབྲུར་ཆུད་པ་སྟེ་འདས་པའི་ས་དྲུག་དང་གྲུབ་མཐའ་འཁོར་འདས་གཉིས་མེད་ལ་དབང་བསྒྱུར་ཞིང་། གལ་ཏེ་གྲུབ་མཐའ་མ་སྙོགས་ན་སྣང་བ་བསྒྱུར་བའི་དང་། འོད་ཀྱི་གོང་བུའི་དང་། སྒྲས་འཕོ་བའི་འདའ་ཀ་གསུམ་གྱིས་འཕོ་བའི་ཕྱི་མ་དངོས་སུ་སྨོས་པ་སྟེ། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ལ་སྦྱོར་བའོ། །བུམ་དབང་གི་དམ་ཚིག་ནི་རྩ་ལྟུང་བཅུ་བཞི་དང་། སྦོམ་པོ་བརྒྱད་བསྲུང་བ་ཡིན་ནོ། །རྩ་བ། བྷ་གའི་དཀྱིལ་འཁོར་ལ་བརྟེན་གསང་དབང་བསྐུར། །དགོད་པས་ཚིམ་པ་འཕྲུལ་དགའི་འདོད་ཆགས་དང་། །ངག་གི་སྒྲིབ་སྦྱངས་བདག་བྱིན་རློབས་པའི་ལམ། །གཏུམ་མོས་གཟུང་འཛིན་རོ་རྐྱང་དབུ་མར་འཛུད། །རང་བྱུང་ཡེ་ཤེས་གྲུབ་མཐའ་མ་འདྲེས་རྫོགས། །འདའ་ཀ་དཔེ་ཡི་འོད་གསལ་ཆེན་པོའི་ངང་། །ཡི་གེའི་འགྲོས་ཐིམ་ལོངས་སྤྱོད་རྫོགས་པའི་སྐུར། །ཡན་ལག་དྲུག་ཅུར་རྫོགས་པའི་གསུང་རྡོ་རྗེ། །ཞེས་པ་ནི་འདི་ལྟར་དགོད་པའི་ཚིམ་པའི་འདོད་ཆགས་ནི་ལྷ་འཕྲུལ་དགའ་བ་ལ་ཡོད་པས། དག་བྱ་དེ་ལ་དག་བྱེད་གསང་དབང་ནི་རིག་མའི་བྷ་གའི་དལ་ལ་བརྟེན་ནས་བསྐུར་བ་རྡོར་སེམས་སྒྱུ་འཕྲུལ་དྲྭ་བ་དང་དུས་འཁོར་ཟུང་ལས་གསུངས་སོ། །དེ་ལྟར་འཐད་པ་ནི་དངུལ་ཆུ་མེད་པར་གསེར་འགྱུར་མི་འགྲུབ་པ་ལྟར་ཞུ་བ་མེད་པའི་བདེ་བ། བདེ་བ་མེད་པའི་ཞུ་བ་ཡང་མེད་ལ་ཀུནྡྷ་ནི་རྩ་རྣམས་ཀྱིས་བསྡམས་པ་ལྟར་གནས་ཤིང་། དེ་འཇུ་ཐབས་ནི་གཞོན་ནུ་མར་སྦྱོར་བ་ཁོ་ན་ལས་གཞན་མེད་དོ། །དེ་ཡང་སློབ་དཔོན་ཡབ་ཡུམ་གྱི་ལུས་དཀྱིལ་གདན་གསུམ་ལྷའི་དལ་དུ་བསྒྲུབ་ཅིང་གསལ་བ་དབང་བླང་བའི་ཡུལ་ཡིན་ཕྱིར་དེའི་སྦྱོར་དངོས་རྗེས་ཀྱི་རིམ་པ་ཞིབ་པ་རྒྱས་འགྲེལ་ལས་ཤེས་པར་བྱ་དགོས་ཤིང་། དེ་ལྟ་བུའི་གསང་དབང་གི་ཐབས་ལས་བྱུང་བའི་ཀུན་རྫོབ་བྱང་སེམས་ནི་གདན་གསུམ་ལྷ་ཚོགས་ཞུ་བའི་ཁུ་བ་ཡིན་ཕྱིར་སྐལ་མེད་རྣམས་ཀྱི་ཐོས་སུའང་མི་རུང་ངོ་། །དགོས་ཆེད་ནང་གི་འབྱུང་བ་རླུང་ཁམས་ལ་འདྲེས་པས་ཆན་ལ་ཕབས་ཀྱིས་ཐེབས་པ་ལྟར་གསུང་རྡོ་རྗེ་ལོངས་སྐུའི་སྤངས་རྟོགས་ཀྱི་ནུས་པ་ཁྱད་པར་ཅན་བཞག་པས་ན་དབང་ཞེས་བྱའོ། །དེ་ལྟར་རླུང་གནད་བཞི་དང་རྣལ་འབྱོར་བཞི་སོགས་མྱུར་བ་བདུན་གྱི་མན་ངག་ལ་བརྟེན་ནས་ཉམས་སུ་བླངས་པས་རླུང་ལ་བརྟེན་ནས་རྩ་མདུད་གྲོལ། གཏུམ་མོས་བྱང་སེམས་ཞུ། འཁྲུལ་འཁོར་གྱིས་རྩ་གནས་ཀུན་ཏུ་བྱང་སེམས་ཀྱིས་ཁྱབ་པས་ཡི་གེའི་འགྲོས་ཐིམ། ལྟ་བ་རང་བྱུང་གི་ཡེ་ཤེས་སྐྱེ། དེ་ཡང་ཤེས་སྒྲིབ་དང་བཅས་པའི་ཆ་ནས་ཏིང་ངེ་འཛིན་ནམ་སྣྲེལ་གཞི་སོགས་རང་བྱུང་གི་བསམ་གཏན་བཞིའི་རང་བཞིན་དུ་འཆད་པའོ། །དེའི་གྲུབ་མཐའ་མ་འདྲེས་ཡོངས་སུ་རྫོགས་པ་ནི་ས་བདུན་པ་ནས་བཅུ་པའི་བར་ལ་ངག་དག་པ་ཨ་ཀྵ་ལྔ་བཅུ་ལ་དབང་བས་རིགས་དྲུག་གི་སྐད་དང་བརྡའ་འཕྲོད་ཆོས་ཀྱང་དེའི་སྐད་དུ་སྟོན། དགུ་པར་སོ་སོ་ཡང་དག་རིག་བཞི་ལ་དབང་བས་ཆོས་ཐམས་ཅད་ཀྱི་དེ་ཉིད་རིག །གལ་ཏེ་གྲུབ་མཐའ་མ་རྙོགས་ན་འདའ་ཀ་མ་དཔེའི་འོད་གསལ་ནི། འཆི་ཁའི་སྡུད་རིམ་གྱིས་རྐྱེན་བྱས་ཏེ་རླུང་ཐམས་ཅད་དབུ་མར་ཚུད་ནས་རྣམ་པར་མི་རྟོག་ཏིང་འཛིན་སྐྱེ་ཞིང་ཡི་གེའི་འགྲོས་ཐིམ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པ་འགྲུབ་པའོ། །གསང་དབང་གི་དམ་ཚིག་ཏུ་ཤ་ལྔ་བདུད་རྩི་ལྔ་བརྟེན་ཞིང་རིག་མ་མི་སྤང་། སྲོག་ཆགས་མི་གསོད། བླ་མ་མི་སྨོད་པ་རྣམས་ཡིན་ནོ། །རྩ་བ། གདན་གསུམ་མངོན་རྟོགས་ངོམ་པའི་མཛེས་མ་ཡི། །གསང་བའི་དཀྱིལ་འཁོར་ལ་བརྟེན་ཤེར་དབང་གི། །ལག་བཅངས་ཚིམ་པ་དགའ་ལྡན་འདོད་ཆགས་དག །ཡིད་ཀྱི་སྒྲིབ་སྦྱང་སྣང་མཆེད་ཐོབ་གསུམ་དང་། །དགའ་བཞིའི་ཡེ་ཤེས་ཁམས་ཀྱི་ཞུ་བདེས་འགྲུབ། །གྲུབ་མཐའ་བདེ་སྟོང་དབྱེར་མེད་ཉམས་སུ་མྱོང་། །འདའ་ཀ་དེར་སྣང་མ་གྲུབ་རྡོ་རྗེ་སེམས། །སྙིང་གའི་རྩ་མདུད་གྲོལ་བ་དཔེའི་ཡེ་ཤེས། །མཁའ་ཁྱབ་ཐུགས་ཀྱི་རྡོ་རྗེ་དྭངས་མའི་སྐུ། །ཞེས་པ་ནི་དེ་ལ་ལྷ་དགའ་ལྡན་པ་རྣམས་ནི་ལག་བཅངས་འདོད་པས་གདུང་བས་དེའི་གཉེན་པོར་དབང་གསུམ་པ་བསྟན་ལ། དེ་ཡང་རྡོ་རྗེའི་ཐེག་པར་རིག་མའི་ཕུང་ཁམས་སྐྱེ་མཆེད་ཡན་ལག་དང་བཅས་པ་གདན་གསུམ་ལྷའི་དཀྱིལ་འཁོར་ཡིན་པར་གསུངས་བཞིན་དེ་ཉིད་མངོན་སུམ་དུ་ངེས་པའི་མཛེས་མ་ཡི་ཞེས་སྤྱད་བྱ་བུད་མེད་ཀྱི་གསང་བའི་དཀྱིལ་འཁོར་ལ་བརྟེན་པའི་ཤེར་དབང་གིས། ལག་བཅངས་ཀྱིས་ཚིམ་པ་དང་། དགའ་ལྡན་དུ་སྐྱེ་བའི་ལས་དང་འདོད་ཆགས་དག་གོ། །ཡིད་ཀྱི་སྒྲིབ་པ་སྦྱངས་ཤིང་སྣང་མཆེད་ཐོབ་གསུམ་དང་དགའ་བ་མཆོག་དགའ་ཁྱད་དགའ་དགའ་བྲལ་བཞིའི་ཡེ་ཤེས་ཁམས་དཀར་པོ་ཞུ་བའི་བདེ་བས་འགྲུབ་ཅིང་། གྲུབ་མཐའ་བདེ་སྟོང་དབྱེར་མེད་དུ་ཉམས་སུ་མྱོང་ཞིང་། འདའ་ཀ་དེ་དང་དེར་སྣང་བའི་གཟུང་འཛིན་མ་གྲུབ་པའི་རྡོ་རྗེ་ནི་རང་གི་སེམས་ཉིད་ཡེ་ནས་འགྱུར་མེད་ཡིན་ལ། དེ་ཉིད་སྙིང་གའི་རྩ་མདུད་གྲོལ་བ་དཔེའི་ཡེ་ཤེས་ནི་རིག་མ་ལས་རྙེད་པའི་བདེ་སྟོང་ཟུང་འཇུག་ཡིན་ལ། དེ་ནི་ནམ་མཁའ་ཁྱབ་པའི་ཐུགས་ཀྱི་རྡོ་རྗེ་ནི། དྭངས་མ་སྟེ་གཞོན་ནུ་བུམ་པའི་སྐུའོ། །དེ་ལ་ལྷ་དགའ་ལྡན་པ་དག་ལག་བཅངས་ཀྱི་འདོད་པས་གདུང་བར་བྱེད་པས་དེའི་གཉེན་པོར་དབང་གསུམ་པ་བསྟན་ལ། དེ་ཡང་རིག་མའི་ཐབས་ཀྱི་ཆོ་ག་སྒྲ་ཇི་བཞིན་པ་ལམ་དུ་ལྷོངས་ཤིང་དེ་ཉིད་རིག་པ་རྣམས་ནི་སངས་རྒྱས་ཀྱི་ཡེ་ཤེས་མ་ནོར་བ་མངོན་སུམ་དུ་མཐོང་ཞིང་སྟོན་པའི་ཐབས་ཀྱི་མཐར་ཐུག་པ་འདི་ལས་གཞན་མེད་དོ། །དེ་ཡང་ཚངས་སྤྱོད་ཀྱི་རྟེན་ལྡན་སོགས་ལ་ཤེར་དབང་སྒྲ་ཇི་བཞིན་པར་བསྐུར་དུ་མི་རུང་བ་ཡང་། བྱང་ཆུབ་ལམ་སྒྲོན་སོགས་ལས་གསུངས་མོད་ཀྱང་། དེ་ནི་རིམ་གཉིས་ཀྱི་དེ་ཁོ་ན་ཉིད་ལ་ནང་བྱན་མ་ཆུད་ཅིང་། དམན་ལམ་གྱི་བརྟུལ་ཞུགས་ལ་མཆོག་ཏུ་འཛིན་པས་གསང་བ་དང་ཤེར་དབང་གཉིས་བླངས་ན་ངོ་ཚ་ཁྲེལ་ཡོད་གཉིས་ཉམས་སོ་སྙམ་ནས་འགྱོད་པར་འགྱུར་ཏེ། དཔེར་ན་ཤེར་ཕྱིན་ཉན་པས་ཉན་ཐོས་མང་པོ་ཁྲག་སྐྱུགས་ཏེ་ཤི་བ་བཞིན་ནོ། །རིམ་གཉིས་དང་མི་ལྡན་པ་དག་ནི་སྔགས་ཀྱི་གཟུགས་བརྙན་ལ་ཕས་ཕམ་པས་ངན་སོང་དུ་འགྲོ་བས་ན་སྤྱོད་པ་དུས་ཚོད་དང་འབྲེལ་བ་ཤིན་ཏུ་གལ་ཆེའོ། །འོན་ཀྱང་ཡིད་ཀྱིས་བཏགས་པ་ཙམ་ནི་མི་འགོག་པས་ཚིག་ཙམ་གྱི་དབང་བསྐུར་བར་བྱང་ཆུབ་སེམས་འགྲེལ་ལས་བཤད་དོ། །ཡང་ཁ་ཅིག་ལུང་དེ་གཉིས་ལ་ཁུངས་བྱས་ནས་དགེ་སློང་ལ་དམིགས་བསལ་གཞན་མེད་བཞིན་དུ་མཆོག་དབང་གོང་མ་གཏན་འགོག་པའང་སྐྱོན་ཆེ་སྟེ། དེ་ལྟར་ན་རབ་བྱུང་གིས་སྔགས་ཀྱི་ཟབ་ལམ་བཀག་པས་སྡོམ་གསུམ་གནད་ཀྱི་མི་འགལ་ཞིང་ཡར་ལྡན་དུ་འགྱུར་བ་ལས་ལོག་སྟེ། ཐེག་པ་ཆེ་ཆུང་དགྲ་གཤེད་ལྟར་འགྱུར་བའི་ཕྱིར་དང་། དུས་འཁོར་ལས་དགེ་སློང་ལ་ཡུམ་གྱིས་འཁྱུད་པའི་དབང་གསུངས་པ་དང་། རབ་བྱུང་མཆོག་དབང་གི་སྣོད་ཁྱད་འཕགས་ཡིན་པ། རྡོ་རྗེ་གདན་པས། དགེ་སློང་དང་དགེ་ཚུལ་གཉིས་ཀར་ཡུམ་ཡོད་པར་བསྟན་པ་ལྟར་རོ། །དེ་བཞིན་དུ་དགེ་སློང་རྡོ་རྗེ་འཛིན་པ་སྔགས་འཆང་མཆོག་ཏུ་གསུངས་པ་ཡང་བུམ་དབང་ཆ་ལག་བཅས་ཐོབ་པ་ཙམ་མ་ཡིན་ཏེ། དེས་རྒྱུད་སྡེ་ཟབ་མོ་ཉན་བཤད། རྫོགས་རིམ་ཟབ་མོ་སྒོམ་པ་ལ་མི་དབང་བར་གསུངས་པའི་དོན་ཡང་ལྡོག་པར་འགྱུར་ཞིང་། རབ་བྱུང་ཐམས་ཅད་སྔགས་ལམ་གྱི་སྣོད་དུ་མི་རུང་བར་སོང་བས། སློབ་དཔོན་ནཱ་གརྫུ་ན་དང་། ཀླུ་བྱང་ཟླ་གྲགས། ཤནྟི་པ། སངས་རྒྱས་ཡེ་ཤེས་ལ་སོགས་པའང་སྔགས་ལམ་ནས་དངོས་གྲུབ་བརྙེས་ནས་གྲུབ་བརྒྱའི་གྲལ་དུ་བཞུགས་པའང་སྡིག་ཅན་དུ་འགྱུར་བས་སོ། །དེ་བས་ན་འདུ་ཤེས་གསུམ་དང་མི་ལྡན་པ་ལ་གསང་དབང་བཀག་ལ། དེའི་སྟེང་དུ་འཛག་པའི་གཉེན་པོ་མེད་པ་ལ་ཤེར་དབང་བཀག་གིས། གལ་ཏེ་བཟོད་པ་ཆུང་ངུ་ཐོབ་ཀྱི་བར་བསྲིང་དགོས་ན་དེའི་ལམ་རྟགས་ཇི་བཞིན་སྐྱེས་པ་དེང་དུས་དཀོན་པས་རབ་བྱུང་ཐམས་ཅད་སྔགས་ཀྱི་སྣོད་མ་ཡིན་པར་འགྱུར་བས་རྩ་ལྟུང་ལ་རིན་ཐང་ཆེན་པོ་བྱེད་པ་ཉིད་དོ། །དེ་ལ་གསུམ་པའི་དབང་ནི་ཡུམ་གྱི་བྷ་གའི་དལ་དུ་བསྐུར་བ་ཡིན་པས་དེ་ལའང་། རིག་མ་བརྟག་ཅིང་འགུག་པ། ཁམས་རྒྱས་པར་བྱ་བ། བསླབ་བྱའི་སྒོ་ནས་སྣོད་ལྡན་དུ་བསྒྲུབ་པ། སློབ་མར་གཏད་ནས་གོ་བར་བྱ་བ། རྩ་བསླང་ནས་སྦྱོར་ཐབས་བཤད་པ་དང་བལྟ་བ་བཞི་དང་སྦྱར་ནས་དབང་དོན་ངོས་བཟུང་བ་དང་། འཕོ་མེད་ཀྱི་དོན་ལ་སྦྱར་ནས་ཡིན་ཚུལ་ལྟར་ལྡོག་ཅིང་དགྲམ་པའོ། །དེ་ལྟར་ཤེར་དབང་གིས་སྒྲིབ་པ་གང་འདག་ན་བརྣབ་སེམས་འདག་ཚུལ་སྔར་བཞིན་དང་། ཡེ་ཤེས་ཀྱི་སྒྲིབ་པ་སྟེ་ཤེས་སྒྲིབ་རགས་པ་དང་། གནས་སྐབས་བཞི་ལས་གཉིད་འཐུག་གི་དང་། ཚོགས་དྲུག་རགས་པ་འགགས་པའི་རྣམ་རྟོག་ཡིན་པས་ཡིད་ཀྱི་ཐིག་ལེ་དང་། འཆི་བདག་གི་བདུད་སོགས་ཉེས་པའི་ཚོགས་འཇོམས་པའོ། །དེའི་གྲུབ་མཐའ་ནི་བདེ་སྟོང་དབྱེར་མེད་དུ་རྟོགས་པས་ས་བཅུ་གཅིག་པ་དང་བཅུ་གཉིས་པའི་གནས་སྐབས་དང་སྐལ་བ་མཉམ་ཞིང་། གྲུབ་མཐའ་མ་སྙོགས་ན་འདའ་ཀའི་ཚེ་སྡུད་རིམ་གྱིས་རྩ་མདུད་དྲལ་བས། དོན་དམ་བྱང་ཆུབ་སེམས་ཀྱི་རྟེན་ཁམས་ཀྱི་ཐིག་ལེ་ཀུན་རྫོབ་པ་རྣམས་ལྷན་ཅིག་ཏུ་ཚོགས་ཤིང་། དབུ་མར་ཅུང་ཟད་ཞུགས་པས་དེར་སྣང་མ་གྲུབ་པའི་རྡོ་རྗེ་སེམས་དཔའ་མཐོང་བར་འགྱུར་ཏེ། དེ་ལ་རྡོ་རྗེ་ནི་སྟོང་པ། སེམས་དཔའ་ནི་བདེ་བ་སྟེ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་བདེ་སྟོང་ཉམས་སུ་མྱོང་ནས་བར་དོ་མེད་པ་མཐར་ཐུག་གི་འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུའི་རང་བཞིན་འགྲུབ་པའོ། །དམ་ཚིག་ནི། ན་རི་དང་བྲལ་བ་ལ་ཤེར་དབང་གི་སྡོམ་པ་མེད་ཅིང་། བརྩོན་པ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས་སྔགས་གཞུང་གི་ཟབ་ཁྱད་དུ་ཤེས་རབ་ཀྱི་རང་བཞིན་མོ་རིགས་ལ་བསྙེན་བཀུར་བྱ་བ་སོགས་གལ་ཆེ་ཚུལ་གསུངས་བཞིན་ཤེས་པར་བྱའོ། །རྩ་བ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། །གསུམ་པའི་ཉམས་མྱོང་ཚིག་གིས་མཚོན་པའི་དབང་། །འཐབ་བྲལ་མན་ཆོད་འཁྱུད་སྦྱོར་འདོད་ཆགས་དང་། །སྒོ་གསུམ་སྒྲིབ་དག་ཐ་དད་འཛིན་པ་སྦྱང་། །སྟོང་པའི་ཐིག་ལེ་རིག་པའི་སྙིང་པོ་ཅན། །གྲུབ་མཐའ་བསམ་མི་ཁྱབ་པའི་ཡེ་ཤེས་ཏེ། །འདའ་ཀ་གསང་ཆེན་ཕྱག་རྒྱ་ཆེན་པོ་ལ། །འབྲས་བུ་མཁའ་ཁྱབ་ངོ་བོ་ཉིད་སྐུའོ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། །ཞེས་པ་བླ་མ་ཡབ་ཡུམ་སྦྱོར་བའི་ཁུ་བ་སློབ་བུའི་ངག་ཏུ་བླུད་ནས་གསང་བའི་དབང་ཐོབ་པར་བྱས་མཐར་གསུམ་པའི་དབང་ནི་རིག་མ་མཚན་ལྡན་སློབ་བུར་གཞུང་རྣམ་དག་ལྟར་གཏད་པར་སྦྱོར་བ་བྱས་པས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་དཔེའི་ཡེ་ཤེས་དང་དེའི་རང་བཞིན་དཔེ་ལས་འདས་པ་རྣམ་པར་མི་རྟོག་པའི་ངོ་བོར་བཞག་ནས་ཚིག་གིས་མཚོན་པའི་དབང་བསྐུར་བ་ཡང་། ལྷ་འཐབ་བྲལ་མན་ཆད་ནི་གཉིས་འཁྱུད་ཀྱི་འདོད་ཆགས་ཀྱིས་གདུང་བར་བྱེད་པའི་དེའི་གཉེན་པོར་ཚིག་དབང་རིན་པོ་ཆེ་བསྐུར་བས་སྒོ་གསུམ་གྱི་སྒྲིབ་པ་དག་ཅིང་ཐ་དད་དུ་འཛིན་པའི་དྲི་མ་སྦྱང་། སྟོང་པའི་ཐིག་ལེ་སྟེ་སྤྲོས་བྲལ་ཀ་དག་རིག་པའི་སྙིང་པོ་ཅན་སྒྲ་ཇི་བཞིན་པར་རྟོགས་ཚེ། གྲུབ་མཐའ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཏེ་འདའ་ཀ་མ་གསང་ཆེན་ཕྱག་རྒྱ་ཆེན་པོ་ནི་འཁོར་འདས་གཉིས་སུ་མེད་པ་ལ། འབྲས་བུ་མཁའ་ཁྱབ་སྟེ། ནམ་མཁས་གར་ཁྱབ་ཆོས་སྐུ་དང་ལོངས་སྐུས་ཁྱབ་པ་ལ་ངོ་བོ་ཉིད་སྐུ་ཞེས་སྒྲོ་བཏགས་པ་ཙམ་མོ། །དབང་གསུམ་པའི་དུས་ན་སྣ་ཚོགས་གཟུགས་ཅན་མ་ལས་རྙེད་པའི་དཔེའི་ལྷན་སྐྱེས་དེ་ནི་དོན་དམ་བྱང་སེམས་ཀྱི་མྱུ་གུ་ལྟ་བུ་ཡིན་ནོ། །དེ་ཡང་ཕར་ཕྱིན་ཐེག་པ་མན་ཆད་དུ་དེ་ཁོ་ན་ཉིད་ཀྱི་དོན་རྗེས་དཔག་ཙམ་ལས་སྟོན་མ་ནུས་པ། སྔགས་སུ་ཐབས་ལ་བརྟེན་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་ནས་དོན་དམ་སྒྲ་ཇི་བཞིན་པར་རྟོགས་པར་འགྱུར་བ་ནི་འཕོ་མེད་ཀྱི་ཞུ་བདེ་ལས་སྐྱེས་པ་ཡིན་ཕྱིར་མཐའ་གང་དུའང་མ་ལྷུང་ལ། འཛག་མེད་བདེ་ཆེན་གྱི་རོས་ཡིད་ཀྱི་དྲི་མ་བཀྲུས་པས་དབང་པོའི་དུཿཁའི་གྲོང་ཁྱེར་ཐམས་ཅད་བཅོམ་ཞིང་། དྭངས་མས་ལུས་ཡོངས་ཁྱབ་པས་རྣམ་ཐར་བཞི་ལྡན་གྱི་བདེ་ཆེན་ནམ་བསམ་གྱིས་མི་ཁྱབ་པའི་དེ་བཞིན་ཉིད་ཀྱི་ལྷུམས་སུ་ཞུགས་པ་དབང་བཞི་པའི་ངོ་བོའོ། །དེའང་རེ་ཞིག་ཚིག་གིས་མཚོན་ནས་དེའི་རང་བཞིན་གོ་བར་བྱ་དགོས་པས་ཚིག་དབང་ངོ་། །དེ་ལྟར་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ་པས་ལྟ་བ་རང་བྱུང་གི་ཡེ་ཤེས་མཐོང་ལམ་གྱི་བདེན་པ་མངོན་སུམ་དུ་སྟོན་པའི་གནས་ལུགས་བསམ་གྱིས་མི་ཁྱབ་པ་དང་། སྟོང་ཉིད་ཀྱི་ཐིག་ལེ་རིག་པའི་ཡེ་ཤེས་ཀྱི་སྙིང་པོ་ཅན་ཐོད་རྒལ་ལ་སོགས་པ་དོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པ་ལ་དབང་། སྒོ་གསུམ་ཐ་དད་དུ་འཛིན་པའི་སེམས་ཀྱི་དྲི་མ་ཤིན་ཏུ་ཕྲ་བ་ཆ་མཉམ་པར་སྦྱོང་ཞིང་ལྷ་བུའི་བདུད་བཅོམ། གནས་སྐབས་བཞི་ལས་སྙོམས་འཇུག་གི་གནས་སྐབས་དང་། དེའང་འཛག་བདེའི་སྲེད་པ་ཡིན་པས་ཁུ་རྡུལ་རླུང་གསུམ་ལས་འཁོར་བའི་སྒོ་གསུམ་དང་། བདེ་སྡུག་བཏང་སྙོམས་གསུམ་previous hit འཆར་བས་ཁུ་རྡུལ་རླུང་གསུམ་ལ་ཆ་མཉམ་དུ་འཇུག་པའི་སེམས next hit་དང་། ཤེས་སྒྲིབ་ཆེས་ཕྲ་བ་འཕོ་བའི་བག་ཆགས་ཀྱི་ཆ་དང་བཅས་པ་སྦྱོང་བ་ཡིན་ལ། དེའི་གྲུབ་མཐའ་བསམ་གྱིས་མི་ཁྱབ་པ་ནི་བདེ་སྟོང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པའོ། །གྲུབ་མཐའ་མ་རྙོགས་ན་འདའ་ཀ་མ་ཕྱག་རྒྱ་ཆེན་པོས་འཕོ་བ་སྦྱང་བ་དང་། གོམས་སུ་འཇུག་པ་དང་། ལས་ལ་སྦྱར་བ་གསུམ་ཡིན་ནོ། །མཐར་ཐུག་གི་འབྲས་བུ་ནི་དབང་གི་ས་བོན་རྒྱུད་ལ་ཐེབས་པ་དེ་རིམ་གཉིས་ཀྱིས་སད་པར་བྱས་པས་མཆོག་ཏུ་མི་འགྱུར་བའི་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཀྱི་རླུང་རིག་ལས་གྲུབ་པའི་མཚན་དཔེའི་བདག་ཉིད་ཅན་ལྷན་སྐྱེས་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའོ། །དབང་བཞི་པའི་དམ་ཚིག་ནི། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། གཞན་གྱི་བུད་མེད་སྤྱད། མ་བྱིན་པ་བླངས་པ། བརྫུན་ཚིག་སྨྲ་བ། བཞི་པོ་མ ཐའ་དྲུག་གི་ཚུལ་དུ་ཤེས་དགོས་སོ། །རྩ་བ། སྒྲ་དོན་སྦྱར་ན་ཨ་བྷི་ཥཱིཉྩའི་སྒྲས། །གློ་བུར་དྲི་མ་གཏོར་དང་ཥེཀ་ཏས། །སྐལ་བ་བླུགས་པ་རྣམ་པ་གཉིས་སུ་འགྲུབ། །ཅེས་པ་ནི་དེ་ལ་སྒྲ་དོན་སྦྱར་ན་སྟེ་ཨ་བྷི་མངོན་པར་དང་ཥཱིཉྩའི་སྒྲས་དབང་བསྐུར་བ་སྟེ། དེའང་གློ་བུར་གྱི་དྲི་མ་གཏོར་བ་དང་ཥེཀ་ཏས་སྐལ་བ་བླུགས་པ་རྣམ་པ་གཉིས་སུ་འགྲུབ་པའོ། །དེ་ལ་དབང་གི་སྒྲ་བཤད་ནི་སྣོད་དུ་རུང་བ་དང་། ལུགས་སུ་བླུགས་པའི་རྣམ་པ་ལྟར་སྒོམ་རུང་དང་། འབྲས་བུ་ཡེ་ཤེས་ཀྱི་ནུས་པ་ཁྱད་པར་རྒྱུད་ལ་བླུགས་པ་ལྟར་འཇོག་པས་ན་དབང་། དྲི་མ་དག་པར་བྱེད་པས་ན་གཏོར་བའི་དོན་དུ་འཇོག་པའོ། །རྩ་བ། དབང་མཆོག་རང་ལ་གནས་པ་ཁམས་དྲུག་གི། །རྟེན་དང་འབྱོར་པ་རྒྱུ་ཡི་དབང་ཡིན་ཏེ། །སློབ་དཔོན་ཉིད་ཀྱིས་ཆོ་གས་བསྐུར་བ་དང་། །རང་གི་དམིགས་པས་འདྲིས་པ་ལམ་གྱི་དབང་། །རྒྱུ་དུས་འོད་ཟེར་ཆེན་པོའི་དབང་བཞིན་དུ། །རང་སེམས་སྐུ་བཞིར་སྨིན་པ་འབྲས་བུའི་དབང་། །དབང་བཞི་རྫོགས་ཚེ་རིག་འཛིན་སྡོམ་པ་འ ཐོབ། །ཅེས་པ་ནི་དེ་ལ་དབང་མཆོག་རང་ལ་གནས་པ་སྟེ་སེམས་ནི་མིང་བཞིའི་ཕུང་པོ་ཅན་ཡེ་ཤེས་ཀྱི་རྟེན་ཡིན་ལ། ཕུང་པོའི་རྟེན་ནི་འབྱུང་བ་ལྔ། འབྱུང་བའི་རྟེན་རྩ་དང་། རྩའི་བརྟེན་པ་སྲོག་གི་རླུང་། རླུང་གི་བརྟེན་པ་བྱང་ཆུབ་ཀྱི་སེམས་ཡིན་པའི་དཔེ། སྨན་གྱི་རོ་དང་ནུས་པ་དང་དྲི་དང་། ཞུ་རྗེས་ལྟ་བུར་གཅིག་ལ་གཅིག་བརྟེན་པའོ། །སྙིང་པོ་ཅན་ལ་དབང་གི་རང་བཞིན་གདོད་ནས་གནས་པ་ཡང་། རྒྱུ་དུས་ཀྱི་ཕུང་ལྔ་རིགས་ལྔ། འབྱུང་ལྔ་ཡུམ་ལྔ། སྐྱེ་མཆེད་སེམས་དཔའ་སེམས་མ་སོགས་གདན་གསུམ་ལྷའི་རྣམ་པར་འགྱུར་བ་ཅན་གྱི་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་ནི་བུམ་དབང་གི་རང་བཞིན་དུ་ཡོད་པའོ། །དེ་བས་ན་ལམ་བསྒོམ་པའི་སྔོན་དུ་འགྲོ་བ་ཅན་བུམ་དབང་གི་ས་བོན་ལུས་ཀྱི་རྩའི་གཙོ་བོ་རྣམས་ཡེ་ནས་སྤྲུལ་སྐུར་གནས་པས་དེའི་གློ་བུར་བའི་དྲི་མ་དག་བྱེད་བུམ་དབང་བསྐུར་བ་ནི་ལམ་གྱི་དབང་ཡིན་ལ། དེ་བཞིན་དུ་གསང་དབང་གི་ས་བོན་དག་ཡི་གེའི་རང་བཞིན་ལོངས་སྐུར་གནས་པ་དེའི་གློ་བུར་བའི་དྲི་མ་དག་བྱེད་གསང་དབང་དང་། ཤེར་དབང་གི་ས་བོན་ཀུན་རྫོབ་བྱང་སེམས་དང་རྟེན་དང་བརྟེན་པར་འབྲེལ་བ་སེམས་ཉིད་བདེ་ཆེན་ཆོས་སྐུའི་རང་བཞིན་དུ་གནས་པ་དེའི་གློ་བུར་བའི་དྲི་མ་དག་བྱེད་ཤེར་དབང་སྟེ་ཤེས་རབ་ནི་ལྷན་ཅིག་སྐྱེས་པའི་ལྟ་བ་དང་ཡེ་ཤེས་ནི་དེའི་རང་བཞིན་ཤེས་པའི་ལྷག་མཐོང་ངོ་། །དབང་བཞི་པའི་ས་བོན་ད་ལྟ་བ་ལྟར་མི་མངོན་ཀྱང་བདེ་སྟོང་གི་མྱོང་ཞེན་དང་བཅས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་པ་དེའི་གློ་བུར་བའི་དྲི་མ་ཚིག་དབང་གིས་དག་པར་བྱེད་པས་རླུང་སེམས་དྭངས་པའི་ཡེ་ཤེས་རིག་སྟོང་མཐའ་བྲལ་རྣམ་ཐར་གསུམ་གྱི་མཚན་ཉིད་ཅན་གྱི་ནུས་པ་རྒྱུད་ལ་འཇོག་པའི་དབང་བཞི་པའམ། དེའང་གཞན་དུ་ཆོ་ག་ལ་བརྟེན་ཏེ་བླ་མས་སློབ་མར་བསྐུར་བ་ནི་གཞི་ལམ་གཉིས་ཀའི་དབང་དུ་བསྡུ་རུང་ལ། གཞན་བདག་འཇུག་དང་། རྣལ་འབྱོར་ཟབ་མོའི་དབང་བཞི་དང་། བྱིན་རླབས་འཕོ་བའི་རྒྱུན་ལ་གོམས་སུ་འཇུག་ཅིང་དད་པས་ནན་ཏན་དུ་བྱ་བ་ཐམས་ཅད་ལམ་དབང་ཡིན་ལ། རྒྱུ་དུས་ན་རང་རིག་ལ་ཡེ་ལྡན་གྱི་དབང་གི་དེ་ཉིད་ཉི་མའི་དལ་ལྟ་བུ་དེ་ཚོགས་བརྒྱད་ཀྱི་དྲི་མ་གློ་བུར་བ་སྤྲིན་སྦུབས་ལྟ་བུས་བསྒྲིབས་པ་ལམ་དུས་ཀྱི་དབང་གི་བྱེད་ལས་ཀྱིས་དྲི་མ་ཐམས་ཅད་བསལ་ནས་གནས་སྐབས་ཀྱི་ཡོན་ཏན་རྒྱ་ཆེན་པོ་དང་། རྒྱུ་དུས་ནས་རང་སེམས་སྐུ་བཞིར་སྦྱོར་བའི་འབྲས་དུས་ཀྱི་འོད་ཟེར་ཆེན་པོའི་རང་བཞིན་དུ་ཐོབ་པའང་ཡོད་པའི་ཕྱིར་འབྲས་བུའི་དབང་ཞེས་བྱ་བ་ཡིན་ནོ། །དེ་ལ་སྔགས་ཀྱི་དབང་བསྐུར་ཐོབ་ཅིང་དམ་སྡོམ་རྣམ་པར་དག་པ་རྣམས་ནི་རིམ་གཉིས་ཀྱི་རྟེན་འབྲེལ་ལས་འབད་པ་ཆུང་ངུས་ཀྱང་ཚེ་འདི་ཉིད་ལ་དངོས་གྲུབ་ཐོབ་པ་ནི་སྔགས་ཀྱིས་བཏབ་པས་ས་བོན་ཡུད་ཙམ་ལ་སྨིན་པ་མ་ཤའི་སྦྱོར་བ་བཞིན་ནོ། །དེ་ལྟར་དབང་བཞི་མཐའ་རྟེན་བཅས་རྫོགས་ཚེ་སྔགས་ཀྱི་སྡོམ་པའང་ཐོབ་པ་ཡིན་ཏེ། དེའང་སློབ་མའི་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་དུས་ནས་བརྩམས་ཏེ་རྒྱུད་སྡེ་འོག་མ་གསུམ་ལ་དངོས་གཞི་རྫོགས་ནས་སློབ་དཔོན་གྱི་དབང་བསྐུར་བའི་མཐའ་དང་། བླ་མེད་ལ་བུམ་དབང་གི་མཐར་བསྐྱེད་རིམ་གྱི་སྔགས་སྡོམ་དངོས་བསྟན་དང་། དབང་གོང་མ་གསུམ་ལའང་དེའི་ལྡོག་ཆས་ཕྱེ་བའི་དམ་ཚིག་གསར་ཐོབ་རེ་རེ་སྟེ། ངོ་བོ་གཅིག་པའི་ཆ་ནས་སྡོམ་པ་ཡང་བཞག་ཏུ་རུང་བ་རྣམས་ཐོབ་པའི་མཚམས་སྐབས་འདི་ཡིན་པས་ན་རང་རང་ལ་ལྟོས་པའི་ཡོན་ཏན་དང་། རྩ་ལྟུང་གཉིས་ཀ་བསྐྱེད་པའི་རྟེན་དུ་སོང་བའོ། །དེ་ནས་དམ་ཚིག་ཁས་བླང་བ་བཅས་སོང་མཐར། མོས་གུས་ཆེན་པོས་ལུས་ལོངས་སྤྱོད། ས་གཞི་སོགས་རང་ལ་བདོག་དགུ་ཡོངས་སུ་འབུལ་བར་བགྱིའོ། །རྩ་བ། དབང་ཐོབ་སྐྱེས་བུ་ཐ་བའི་སྐྱོན་སྦྱངས་པའི། །ཞིང་སར་ས་བོན་བཞག་པ་ཇི་བཞིན་དུ། །སྒྲིབ་པ་གཉིས་དང་སྐུ་བཞི་མངོན་དུ་བྱེད། །ཅེས་པ་ནི་འདི་ལྟར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་སློབ་མ་དད་དམ་ལྡན་པས་དབང་བསྐུར་རྫོགས་པར་ནོད་པའི་དེ་མ་ཐག་ཐར་པའི་ལམ་སྣ་ཟིན་ཅིང་རྒྱལ་བའི་སྲས་སུ་འགྱུར་བའི་དཔེ་ཞིང་སར་ས་བོན་བཞག་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་དག་ནས་སྤྲུལ་སྐུ་དང་ལོངས་སྐུ་དང་ཆོས་སྐུ་ངོ་བོ་ཉིད་སྐུ་སྟེ་སྐུ་བཞིའི་འབྲས་བུ་མངོན་དུ་བྱེད་པའོ། །རྩ་བ། གཉིས་པ་ལམ་ལ་བསྐྱེད་རྫོགས་རྣམ་གཉིས་ལས། །དང་པོ་བསྐྱེད་རིམ་སྐྱེ་གནས་རྣམ་པ་བཞིའི། །བག་ཆགས་སྦྱོང་ཕྱིར་དེ་དང་མཐུན་པར་སྟོན། །བསྐྱེད་ཚུལ་འཁོར་བའི་རྣམ་པ་དང་མཐུན་པས། །སྲིད་པ་གསུམ་པོ་མ་ལུས་སྦྱོང་ཞིང་དག །མྱ་ངན་འདས་དང་བཞུགས་ཚུལ་མཐུན་པ་ཡི། །ལྷ་ཡི་རྣམ་པས་འབྲས་བུ་གཞི་ལ་རྫོགས། །གཉིས་ཀའང་རྫོགས་པའི་རིམ་པའི་སྨིན་བྱེད་དུ། །འགྲོ་བའི་དག་རྫོགས་སྨིན་གསུམ་སྤྱི་ལ་གཅེས། །ཞེས་པ་ནི་དེ་ཡང་སྔོན་དུ་དབང་སོང་ནས་གཉིས་པ་ལམ་ལ་བསྐྱེད་པ་དང་རྫོགས་པའི་རིམ་པ་རྣམ་པ་གཉིས་ལས། དང་པོ་བསྐྱེད་རིམ་ལ་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱོང་ཕྱིར་དེ་དང་དེར་མཐུན་པར་སྟོན་པ་ནི་འོག་ནས་རིམ་བཞིན་ཤེས་པར་བྱ་ལ། བསྐྱེད་ཚུལ་འཁོར་བའི་རྣམ་པ་དང་མཐུན་པས་སྲིད་པ་བར་དོའི་མིང་བཞིའི་ཕུང་པོ་མངལ་དུ་ཚུད་པ་ནས་བཟུང་སྟེ་སྐྱེ་རྒ་ན་འཆི་སོགས་སྲིད་པ་གསུམ་པོ་མ་ལུས་ཀྱི་བག་ཆགས་སྦྱོང་ཞིང་དག་པར་འགྱུར་ལ། དེ་དག་པས་མྱ་ངན་ལས་འདས་པ་སངས་རྒྱས་རྣམས་དང་བཞུགས་ཚུལ་མཐུན་པའི་ལྷའི་རྣམ་པས་འབྲས་བུ་གཞི་ལ་རྫོགས་ཤིང་། དེ་ལྟར་འཁོར་འདས་གཉིས་ཀ་དང་མཐུན་པའི་བསྐྱེད་རིམ་ནི་རྫོགས་པའི་རིམ་པའི་སྨིན་པར་བྱེད་པའི་ཐབས་སུ་འགྲོ་བས་འཁོར་བའི་སྐྱོན་དག་ཅིང་མྱང་འདས་ཀྱི་ཡོན་ཏན་རྫོགས་པའི་སྨིན་བྱེད་གསུམ་པོ་སྤྱི་ལ་གཅེས་སོ། །དེ་ལ་ཐེག་ཆེན་གྱི་སྤྱད་པ་སྤྱོད་པའི་སྐྱེས་བུ་ཆེན་པོ་གཉིས་ཀྱིས་གཉེར་བྱ་ནི་སེམས་ཅན་གྱི་དོན་དུ་གཟུགས་སྐུ་བསྒྲུབ་པ་ཁོ་ན་ཡིན་ལ། དེ་འཐོབ་ཐབས་ནི་སྔགས་ལམ་དུ་དམ་སྡོམ་དག་པར་བྱེད་པ་གལ་ཆེའོ། །དེ་ཡང་འབྲས་རྒྱུད་མངོན་དུ་བྱེད་པ་ལ་ཉེར་ལེན་གྱི་རྒྱུ་དང་། ལྷན་ཅིག་བྱེད་པའི་རྐྱེན་གཉིས་འཚོགས་དགོས་པས་ཉེར་ལེན་ནི་གཞིའམ་རྒྱུའི་རྒྱུད་དང་། བྱེད་ཅན་ནི་ཐབས་སམ་ལམ་རྒྱུད་ཡིན་པས་འཁོར་འདས་ལམ་གསུམ་གཞི་ལམ་འབྲས་རྒྱུད་དུ་འདུས་སོ། །དེའང་རང་བཞིན་ལྷན་སྐྱེས་ཀྱི་དུས་གསལ་བ་ནི་འཁོར་བ། སྟོང་པ་མྱང་འདས། ཉམས་ལེན་གྱི་སྐབས་སུ། སེམས་འཁོར་བ། དེ་ལ་རང་བཞིན་མེད་པ་ནི་མྱང་འདས། འབྲས་རྒྱུད་སྐབས་ལྷུན་གྲུབ་འཁོར་བ། གནས་འགྱུར་མྱང་འདས་ཏེ། ཀུན་ལ་ལམ་གྱི་མན་ངག་ཐབས་རྒྱུད་སྦྱར་བས་ཐབས་དང་རྒྱུ་འབྲས་ཀྱི་རྒྱུད་དེ་གསུམ་དུ་གནས་པའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ལྡན་པའི་སེམས་ཀྱི་རང་བཞིན་བདེ་གཤེགས་སྙིང་པོ་རྟོགས་ན་སངས་རྒྱས་དང་། མ་རྟོགས་ན་འཁོར་བའི་རྒྱུ་བྱེད་པ་ནི་གཞིའི་རྒྱུད་དང་། ངོ་བོ་ཉིད་དང་འཆིང་གྲོལ་མེད་པའི་ཆ་ནས་དོན་གྱི་གནས་ལུགས་རྣམ་པ་དྲི་མ་དང་མ་བྲལ་ཡང་རང་ངོ་དེས་གོས་མ་མྱོང་བ་བདེ་གཤེགས་སྙིང་པོ། མཚན་ཉིད་མེད་པའི་ཆོས་སྐུ་དང་རང་བཞིན་གྱི་གདངས་མ་འགགས་པའི་ཆ་ནས་གཟུགས་སྐུའི་ཡོན་ཏན་རྟེན་དུ་གནས་པ་གང་ཞིག་ལམ་དུས་སུ་བྱང་ཆུབ་ཀྱི་སེམས་དང་། བདེན་པ་དབྱེར་མེད་དང་རང་བྱུང་གི་ཡེ་ཤེས་ལ་སོགས་པའི་ཐ་སྙད་སྣ་ཚོགས་སུ་ཆགས་པའོ། །ཞེས་པ་ལྟར་ལྷན་ཅིག་བྱེད་པའི་རྐྱེན་གདམས་ངག་བར་མ་ཆད་པའི་ཐབས་ཀྱི་རྒྱུད་ལ་བརྟེན་ནས་གློ་བུར་གྱི་དྲི་མ་སྦྱངས་པས། ཡོངས་སུ་དག་པའི་ཞིང་ཁམས་ན་སྐུ་དང་ཡེ་ཤེས་ཀྱི་བཀོད་པ་སྣ་ཚོགས་སུ་སྣང་བ་ནི་གཞན་གྱིས་མི་འཕྲོགས་པ་འབྲས་བུའི་རྒྱུད་ཅེས་བྱའོ། །དེ་ཡང་རྒྱལ་བའི་བཀའ་དྲི་མ་མེད་པའི་ལུང་ཚད་མ་དང་། མཁས་པས་ཉམས་སུ་བླངས་ཤིང་གྲོལ་བའི་དཔང་པོ་ཡོད་པའི་མན་ངག་ཚད་མ་དང་། གཉིས་ཀ་དང་རྗེས་སུ་མཐུན་པའི་རིག་པ་ཚད་མ་སྟེ་གསུམ་གྱིས་གཏན་ལ་ཕབ་དགོས་སོ། །ད་ནི་སོ་སོའི་རང་བཞིན་བཤད་པ་ལ་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་མ་རྙེད་བར་དུ་བསྐྱེད་རིམ་ལ་བརྟེན་ནས་རྟོག་པས་རྟོག་པ་འདུལ་བར་བྱེད་པ་ནི། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དགོངས་པ་ཡིན་ནོ། །རྩ་བ། ཇི་ལྟར་སྒོང་སྐྱེས་ལན་གཉིས་སྐྱེ་བ་ལྟར། །བདག་སྲས་གཞན་སྲས་རྣམ་པ་གཉིས་སུ་བསྐྱེད། །བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ། །ས་བོན་ལས་ནི་གཙོ་བོ་བསྐྱེད་པ་དང་། །ཕྱོགས་བཅུའི་སངས་རྒྱས་བཀུག་ནས་མཁར་བསྟིམ་དང་། །སེམས་ཅན་བཀུག་ནས་སྒྲིབ་པ་སྦྱང་བ་དང་། །གཉིས་སུ་མེད་ལ་ཆེ་བ་བསྐྱེད་པ་དང་། །མཁའ་ནས་བཏོན་ནས་གདན་ལ་འགོད་པའོ། །གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད། །སྒོ་ང་སྨིན་པ་དེ་དང་དེར་གྱུར་བཞིན། །གཙོ་བོ་འོད་ཞུ་ས་བོན་གྱུར་པ་དང་། །དེ་ལས་ཡབ་ཡུམ་སྐྱེ་མཆེད་རྫོགས་པ་དང་། །ཡབ་ཀྱི་རྟོག་པ་ཡི་གེར་གྱུར་པ་དང་། །ཡུམ་ལས་འོད་འཕྲོ་ལྷ་ལ་གསོལ་གདབ་དང་། །ཀུན་ཀྱང་རང་བསྟིམ་ང་རྒྱལ་བཟུང་བ་དང་། །སྙོམས་པར་ཞུགས་ནས་མཁའ་རུ་དཀྱིལ་འཁོར་བསྐྱེད། །རྟོག་པ་ཞེ་གཉིས་ལྷར་གསལ་ཕྱིར་གདོན་དང་། །ཕྱག་རྒྱ་བཞི་ཡིས་བཅིངས་དང་རྒྱས་གདབ་བོ། །ཞེས་པ་ནི་ཇི་ལྟར་འདབ་ཆགས་ལ་སོགས་དང་པོ་སྒོ་ང་དང་དེ་ནས་བྱ་རུ་འགྱུར་ཞིང་ལན་གཉིས་སུ་སྐྱེ་བ་ལྟར་བདག་སྲས་གཞན་སྲས་རྣམ་པ་གཉིས་སུ་བསྐྱེད་པ་སྟེ། དེའང་བསྒྲུབ་གཞིའི་རྣམ་སྨིན་གྱི་ལུས་ཏིང་འཛིན་གསུམ་གྱི་མན་ངག་ལ་བརྟེན་ནས་ནམ་མཁར་རྒྱུའི་རྡོ་རྗེ་འཛིན་པ་ཡབ་ཡུམ་དུ་བསྐྱེད་ཅིང་དེའི་མཁའ་གསང་དུ་ཕྱོགས་བཅུའི་རྒྱལ་བ་རྣམས་སྤྱན་དྲངས་ནས་བདག་གི་སྲས་སུ་བྱ་བའི་ས་བོན་དུ་བསྒྲུབ་པ་དང་། སེམས་ཅན་རྣམས་བཀུག་ནས་སྒྲིབ་པ་སྦྱངས་ཏེ་འཁོར་འདས་རོ་གཅིག་ཏུ་ཞུ་བ་དང་། གཉིས་མེད་ཀྱི་རང་བཞིན་ལ་ཆེ་བ་བརྗོད་པ་དང་། དེའི་རྐྱེན་གྱིས་འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་པའི་མཁའ་གསང་ནས་འཁོར་རྣམས་བཏོན་ཏེ་དལ་དུ་དགོད་པ་ལ་བདག་གི་སྲས་སུ་སངས་རྒྱས་བྱས་པ་ཞེས་བྱའོ། །གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད་དེ། གཙོ་བོ་ཡབ་ཡུམ་ཞུ་སྟེ་རྒྱུའི་ས་བོན་དུ་གྱུར་པ་དང་། དེ་ལས་ཡབ་ཡུམ་དུ་བསྐྱེད་པ་དང་། ཡབ་ཀྱི་རྟོག་ཚོགས་ལས་ཡི་གེ་བསྐྱེད་པ་དང་། ཡུམ་ལས་འོད་འཕྲོ་ཞིང་། ལྷ་ལ་གསོལ་བ་གདབ་པ་དང་དཀྱིལ་འཁོར་ཐམས་ཅད་བདག་ཡབ་ཡུམ་ལ་བསྟིམ་པས་ཡེ་ཤེས་པར་ང་རྒྱལ་བསྐྱེད་པ་དང་། ཡབ་ཡུམ་སྦྱོར་བ་བྱ་ཞིང་མཁའ་རུ་དཀྱིལ་འཁོར་བསྐྱེད་པ་དང་། བདག་གི་རྟོག་པ་ཞེ་གཉིས་ལྷ་སྐུར་གྱུར་ཏེ་ཕྱིར་གདོན་པ་དང་། ཡེ་ཤེས་པ་སྤྱན་དྲང་ཞིང་རྒྱས་གདབ་པ་ལ་སོགས་པའོ། །རྩ་བ། བསྡུ་ན་ཐོག་མར་རང་ཉིད་ལྷར་གསལ་བས། །མདུན་མཁར་དཀྱིལ་འཁོར་གསལ་བཏབ་རྒྱུན་བཤགས་བྱ། །གཉིས་ཀ་མི་དམིགས་ངང་ནས་ལྷ་སོ་སོའི། །དཀྱིལ་འཁོར་མངོན་རྟོགས་ཇི་བཞིན་བསྒོམ་པའོ། །ཞེས་པ་ནི་དེ་ཡང་ཐོག་མར་རང་ཉིད་གཞུང་གང་ཡིན་གྱི་ལྷར་གསལ་བཞིན་པས་མདུན་མཁར་དལ་གྱི་ལྷ་གཙོ་འཁོར་རྣམས་གསལ་བཏབ་ལ་རྒྱུན་བཤགས་ཡན་ལག་བདུན་པའམ་བརྒྱད་པ་བཅུ་པ་གང་ཡིན་བྱས་མཐར་བདག་དང་ཚོགས་ཞིང་གཉིས་མི་དམིགས་པར་བཞག་པའི་ངང་ནས་ལྷ་ཞི་བ་དང་ཁྲོ་བོ་གང་ཡིན་སོ་སོའི་དཀྱིལ་འཁོར་གྱི་རྟེན་དང་བརྟེན་པའི་མངོན་རྟོགས་ཇི་བཞིན་བསྒོམ་པའོ། །རྩ་བ། མངལ་སྐྱེས་སྦྱོང་ཕྱིར་མངོན་བྱང་བཞིའམ་ལྔ། །དང་པོ་ཁྲག་འཐུང་གལ་པོའི་དགོངས་པ་སྟེ། །འཆི་སྲིད་བར་དོར་བཅས་པ་སྟོང་ཉིད་སེམས། །དྲི་ཟ་ཉེ་བར་ལེན་པའི་རྣམ་ཤེས་ནི། །ལྷ་ཡི་ས་བོན་གྱིས་སྦྱང་དེ་ཉིད་ཀྱང་། །ཁུ་རྡུལ་རླུང་དང་འདྲེས་པའི་མེར་མེར་ནུར། །ས་བོན་ཉིད་ལས་ཕྱག་མཚན་གྱུར་པས་སྦྱོང་། །ལྟར་དང་མཁྲང་གྱུར་ཕྱག་མཚན་འོད་གོང་གྱུར། །ཁྱབ་འཇུག་ཉ་དང་རུས་སྦལ་དབང་པོ་རྫོགས། །ལྷ་ཡི་རྣམ་པར་གྱུར་ནས་སྦྱང་བའོ། །ཞེས་པ་ནི་དེ་ཡང་མངལ་སྐྱེས་སྦྱོང་བའི་བསྐྱེད་རིམ་ལ་མངོན་བྱང་བཞིའམ་ལྔ་སྟེ། དང་པོ་ནི་ཧེ་རུ་ཀ་གལ་པོའི་དགོངས་པ་སྟེ་འཆི་ཁ་མའི་སྲིད་པ་བར་དོ་དང་བཅས་པ་སྟོང་ཉིད་ཀྱི་སེམས་བཟའ་བཏུང་སྤྱོད་དུ་མེད་ཅིང་དྲི་ཟ་དང་ཉེ་བར་ལེན་པའི་རྣམ་པར་ཤེས་པ་ནི་ལྷའི་ས་བོན་གྱིས་སྦྱང་ཞིང་དེ་ཉིད་ཀྱང་ཁུ་བ་དང་རྡུལ་གཉིས་རླུང་དང་གསུམ་པོ་འདྲེས་པའི་མེར་མེར་དང་ནུར་ནུར་པོ་རྣམས། ས་བོན་ཉིད་ལས་ཕྱག་མཚན་དུ་གྱུར་པས་སྦྱོང་ཞིང་། ལྟར་ལྟར་དང་མཁྲང་གྱུར་ཕྱག་མཚན་འོད་གོང་དུ་གྱུར་པས་སྦྱངས་ནས་ཁྱབ་འཇུག་ཉ་དང་རུས་སྦལ་སོགས་སུ་གནས་འགྱུར་མཐར་དབང་པོ་རྫོགས་པ་དང་བཅས་ལྷའི་རྣམ་པར་གྱུར་ནས་སྦྱང་བའོ། །རྩ་བ། དེ་ལ་བསྡུས་པའི་ཆོ་ག་གསུམ་བསྐྱེད་ནི། །ཕྱག་རྒྱ་སྐུ་ལ་ཡིག་འབྲུ་གསུང་རྡོ་རྗེ། །ཐུགས་ནི་ཕྱག་མཚན་ཉིད་དུ་སྦྱོར་བ་ལ། །རྡོ་རྗེའི་ཆོ་ག་གསུམ་ཞེས་ཕ་རྒྱུད་ལུགས། །ཞེས་པ་ནི་དེ་ལ་རྒྱལ་བ་རྣམས་ཀྱི་ཐུགས་རྡོ་རྗེའི་ངོ་བོ་རྩེ་ལྔ་པ་དང་གསུང་རྡོ་རྗེའི་ངོ་བོ་ཨཱཿཧཱུཾ་ལ་སོགས་ས་བོན་སྐུ་རྡོ་རྗེའི་ངོ་བོ་ལྷའི་རྣམ་པ་ཐམས་ཅད་རྫོགས་པར་བསྒོམས་པས་སྦྱང་གཞིའི་སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་པར་བྱེད་པ་སྟེ། རྡོ་རྗེའི་ཆོ་ག་གསུམ་གྱི་དང་པོས་མངལ་དུ་ཁམས་དཀར་དམར་ཚོགས་པ་ལ་དྲི་ཟའི་རྣམ་ཤེས་ཞུགས་པ། གཉིས་པས་ཁུ་ཁྲག་སེམས་གསུམ་འདྲེས་ནས་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་བ། གསུམ་པས་བྱུང་བ་བྱེར་སྡུད་ཀྱིས་ལུས་ཡོངས་སུ་གྲུབ་ནས་བཙས་པ་སྦྱོང་ལ། འབྲས་དུས་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒྲུབ་པའི་རྟེན་འབྲེལ་བསྒྲིག་གོ། །རྩ་བ། བར་མ་དོ་ནས་ལུས་འཚོལ་ཚོགས་ཀྱི་ལམ། །མངལ་དུ་རྣམ་ཤེས་འཇུག་པ་སྦྱོར་ལམ་སྟེ། །ལྷུམས་ཞུགས་བྱང་ཆུབ་ལྔ་པོ་མཐོང་བསྒོམ་དང་། །ཟླ་བ་བཅུ་ནི་ས་དང་རབ་སྦྱར་ནས། །བཙའ་བ་མི་སློབ་ལམ་གྱུར་སྤྲུལ་པའི་སྐུ། །ཞེས་པ་ནི་དེ་ཡང་བར་མ་དོ་ནས་གཞན་དོན་གྱི་སེམས་བསྐྱེད་དང་ལྡན་པས་ལུས་ཚོལ་བ་ཚོགས་ལམ། མངལ་སྒོ་འདམས་ནས་ལུས་ལེན་པ་ལ་སྦྱོར་ལམ། མངལ་དུ་འཇུག་པའི་བྱེད་ལས་རང་རྒྱུད་པ་རྣམས་སྦྱང་བ་མཐོང་སྒོམ་གྱི་ལམ། ཟླ་བ་བཅུ་ས་བཅུར་མཚོན་ནས་ལྷག་ལྷ་གང་ཡིན་གྱི་སྐུར་བཞེངས་ནས་སྐྱེ་བ་སྤྲུལ་པའི་སྐུར་འགྲུབ་པའོ། །མངོན་བྱང་གི་ངོ་བོ་སྐྱེ་གནས་བཞི་དང་མཐུན་པར་སྦྱར་ན། མངོན་བྱང་ལྔའི་དང་པོ་གཉིས་ཀྱིས་ཕ་མའི་ཁུ་ཁྲག་ཚོགས་པ། གསུམ་པས་དྲི་ཟའི་རྣམ་ཤེས་ཞུགས་པ། བཞི་པས་དེ་གསུམ་འདྲེས་ནས་འགྱུར་བའི་གནས་སྐབས་རྣམས་མྱོང་བ། ལྔ་པས་མངལ་གྱི་གནས་སྐབས་རྫོགས་པའོ། །རྩ་བ། མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་ནི། །མངལ་སྐྱེས་ཁུ་བ་དྲོད་གཤེར་སྐྱེས་ཀྱི་གཤེར། །སྒོང་སྐྱེས་ཕ་དང་བརྫུས་སྐྱེས་སྟོང་པའི་ཆ། །ཞེས་པ་ནི་དེ་ལ་སྦྱང་བྱ་ཕུང་པོ་ལྔ་ལས་གཟུགས་ཕུང་། ཁམས་ལྔ་ལས་ས། ལུས་ཀུན་གཞིའི་རྣམ་ཤེས། ཉོན་མོངས་གཏི་མུག །མངལ་སྐྱེས་ཀྱི་ཕའི་ཁམས། དྲོད་གཤེར་སྐྱེས་ཀྱི་གཤེར། སྒོང་སྐྱེས་ཀྱི་ཕ། བརྫུས་སྐྱེས་ཀྱི་སྟོང་ཆའོ། །སྦྱོང་བྱེད་ནི་རྣམ་སྣང་གི་ངོ་བོ་ཨཱ་ལི་ལས་བྱུང་བའི་མངོན་བྱང་དང་པོ་ཟླ་བའི་དལ་དུ་བསྒོམ་པ་རྣམ་པ་ལམ་བྱེད། དེའི་ངོ་བོ་ཆོས་རྣམས་མེ་ལོང་གི་གཟུགས་ལྟར་སྣང་བས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མོས་པ་ནི་མོས་པ་ལམ་བྱེད། དེའང་ཆོས་སྐུའི་ཡེ་ཤེས་སྒྲིབ་མེད་དུ་གསལ་བ་ནི་འབྲས་བུ་ལམ་བྱེད། ལམ་བྱེད་གསུམ་ལ་བརྟེན་ནས་ཚོགས་གཉིས་རྫོགས་པའི་རྟེན་འབྲེལ་དུ་འགྱུར་བ་ནི་བྱིན་རླབས་ལམ་བྱེད་ཅེས་བྱའོ། །རྩ་བ། དེ་བཞིན་གཉིས་པ་ཉི་མའི་དཀྱིལ་འཁོར་ཡང་། །མངལ་སྐྱེས་རྡུལ་དང་དྲོད་གཤེར་སྐྱེས་ཀྱི་དྲོད། །སྒོང་སྐྱེས་མ་དང་བརྫུས་སྐྱེས་གསལ་བའི་ཆ། །ཞེས་པ་ནི་དེ་ལྟར་སྦྱང་བྱ་ཚོར་བ་དང་ནམ་མཁའི་ཁམས། ཉོན་མོངས་པ་ཅན་གྱི་ཡིད་དེ་སེར་སྣ་ང་རྒྱལ། མངལ་སྒོང་དྲོད་རྫུས་བཞིའི་མའི་ཁམས་དང་ཆ་དྲོད་དང་གསལ་ཆ་རྣམས་སོ། །སྦྱོང་བྱེད་ནི་རིན་འབྱུང་གི་ངོ་བོ་ཀཱ་ལི་ལས་བྱུང་བའི་ཉི་མའི་དལ་དུ་བསྒོམ་པ་ནི་རྣམ་པ། ངོ་བོ་ཆོས་རྣམས་མཉམ་ཉིད་དུ་རྟོགས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ། དེའང་འཁོར་འདས་ཀྱི་རང་བཞིན་གཅིག་པར་རྟོགས་པའི་ཡེ་ཤེས་སྒྲིབ་མེད་དུ་གསལ་བས་ན་འབྲས་བུ་ལམ་བྱེད་དང་གསུམ་མོ། །རྩ་བ། མངོན་བྱང་གསུམ་པ་ས་བོན་ཕྱག་མཚན་བཅས། །ཁུ་རྡུལ་གཉིས་བར་རྣམ་ཤེས་ཞུགས་པ་དང་། །སྐྱེ་གནས་བཞི་པོའི་བར་དོའི་རྣམ་ཤེས་སྦྱོང་། །ཞེས་པ་ནི་དེ་ལ་གོང་མའི་འགྲེས་ཀྱིས། སྦྱང་བྱ་འདུ་ཤེས་དང་རླུང་ཁམས། ངག་ཡིད་ཀྱི་རྣམ་ཤེས། འདོད་ཆགས་སྐྱེ་གནས་བཞི་ཀའི་དྲི་ཟ་ཉེ་བར་ལེན་པའི་རྣམ་ཤེས་སོ། །སྦྱོང་བྱེད་ཨ་མི་ཏཱ་བྷའི་ངོ་བོ་ས་བོན་ཕྱག་མཚན་བཅས་པར་བསྒོམ་པ་ནི་རྣམ་པ། དེའི་ངོ་བོ་ཆོས་རྣམས་མ་འདྲེས་པ་རྟོགས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ། དེའང་ཆོས་ཀུན་མ་བསྒྲིབས་པར་གསལ་ཞིང་མཁྱེན་པའི་ཡེ་ཤེས་སོ་སོར་རྟོག་པ་ནི་འབྲས་བུ་དང་གསུམ་པོ་ལམ་དུ་བྱེད་པའོ། །རྩ་བ། མངོན་བྱང་བཞི་པ་རྣམ་གསུམ་གཅིག་ཏུ་འདྲེས། །ཁུ་རྡུལ་སེམས་གསུམ་རོ་གཅིག་འདྲེས་པ་དང་། དྲོད་གཤེར་སྐྱེས་ཀྱི་དྲོད་དང་རྣམ་ཤེས་དང་། །བརྫུས་སྐྱེས་གསལ་ལ་སྟོང་པའི་ཆ་ཙམ་དང་། །བར་སྲིད་འདྲེས་པའི་ཆ་རྣམས་སྦྱོང་བ་ཡིན། །ཞེས་པ་ནི་དེ་ལ་སྦྱང་བྱ་འདུ་བྱེད་དང་རླུང་གི་ཁམས། བྱ་བ་སྒོ་ལྔའི་རྣམ་ཤེས། ཕྲག་དོག་སྐྱེས་གནས་བཞིར་འཇུག་པའི་ཚུལ་གྱི་མངལ་སྐྱེས། སྒོང་སྐྱེས་ལྟར་ན་རྣམ་ཤེས་དང་ཁུ་རྡུལ་འདྲེས་པ། དྲོད་གཤེར་གྱི་དྲོད་དང་རྣམ་ཤེས་འདྲེས་པ་བརྫུས་སྐྱེས་ཀྱི་གསལ་ལ་སྟོང་པ་ཙམ་དང་བར་སྲིད་འདྲེས་པའི་ཆ་རྣམས་སོ། །སྦྱོང་བྱེད་ནི་དོན་འགྲུབ་ཀྱི་ངོ་བོ་ཉི་ཟླ་ཕྱག་མཚན་ས་བོན་དང་བཅས་པ་འདྲེས་པའི་ཐིག་ལེ་གོང་བུའི་རྣམ་པ་ཅན་དུ་བསྒོམ་པ་ནི་རྣམ་པ། དེའི་ངོ་བོ་རྒྱལ་བ་ཀུན་གྱི་མཛད་པ་རོ་གཅིག་ཏུ་འདྲེས་པའི་ཡེ་ཤེས་སུ་མོས་པ་ནི་མོས་པ། དེས་འགྲོ་བ་ཀུན་གྱི་བྱ་བ་ཐམས་ཅད་གྲུབ་པའི་ཡེ་ཤེས་ནི་འབྲས་བུ་ལམ་བྱེད་དང་གསུམ་མོ། །རྩ་བ། མངོན་བྱང་ལྔ་པ་སྐུ་རུ་གྲུབ་པ་ནི། །སྐྱེ་གནས་བཞི་པོའི་སྐྱེ་མཆེད་ཡོངས་རྫོགས་ནས། །རགས་པའི་ཡུལ་ལ་དབང་པོ་སད་པ་ཡི། །འཁོར་བའི་རྣམ་པ་ཆ་དང་བཅས་པ་སྦྱོང་། །ཁམས་དང་ཕུང་པོ་རྣམ་པར་ཤེས་པའི་ཚོགས། །གནས་སུ་དག་པ་གདན་གསུམ་ཚང་བའི་ལྷ། །མྱ་ངན་འདས་དང་བཞུགས་ཚུལ་མཐུན་པ་ནི། །རྒྱུ་ལས་འབྲས་བུའི་ཧེ་རུ་ཀ་ཉིད་དོ། །ཞེས་པ་ནི་དེ་ལ་སྦྱང་བྱ་རྣམ་ཤེས་ཀྱི་ཕུང་པོ་དང་ས་ཁམས། ཡིད་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོས་ཉིད་དུ་འཛིན་པའི་ཆ། ཉོན་མོངས་ཞེ་སྡང་། སྐྱེ་གནས་བཞིའི་ལུས་གྲུབ་པའི་གནས་སྐབས་རྣམས་སོ། །སྦྱོང་བྱེད་ནི་མི་བསྐྱོད་པའི་ངོ་བོ་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད་པ་ནི་སྐུའི་རྣམ་པ། བཙས་ནས་དབང་པོ་ལ་སད་པས་འཁོར་བའི་རྣམ་པ་ཆ་དང་བཅས་པ་སྦྱངས་ལ། དེའང་ལྷའི་རྣམ་པ་དེ་ལ་ཡན་ལག་ཉིང་ལག་སོགས་ཡོངས་སུ་རྫོགས་པ་ལྟར་ཡེ་ཤེས་ལ་ཡོན་ཏན་ཐམས་ཅད་རྫོགས་པ་མོས་པ། དེའི་ངོ་བོ་ཆོས་དབྱིངས་ཡེ་ཤེས་སུ་རོ་གཅིག་པ་ནི་འབྲས་བུ་ལམ་བྱེད་དང་གསུམ་མོ། །གཉིས་པ་རང་འབྲས་སྔགས་ཀྱི་ཡོན་ཏན་བསྐྱེད་ཚུལ་ནི། འཁོར་བའི་འདྲ་འབག་བཞིའི་སྐྱེ་སྲིད་དང་། ཕུང་ཁམས། རྣམ་ཤེས་དང་། ཉོན་མོངས་པའི་ཆ་བཅས་མངོན་བྱང་ལྔའི་སྦྱོང་བྱེད་ཀྱིས་སྦྱངས་མཐར་རྒྱུའི་རྡོ་རྗེ་འཛིན་པར་རྫོགས་པ་ནི་མངལ་སྐྱེས་ལྟར་ན་ཕ་མ་མཚོན་པའི་སྦྱང་གཞི་ཡིན་ལ། དེའི་ངང་ལས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཐིག་ལེར་ཞུ་བ་ནི་བར་སྐབས་དང་མཚུངས་ལ། དེ་ལས་ཞུ་བ་གླུས་བསྐུལ་གྱི་སྒྲས་ཕུང་ཁམས། སྐྱེ་མཆེད་གནས་སུ་དག་པ་ལ་གདན་གསུམ་ཚང་བའི་ལྷའི་ངོ་བོ་འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་པ་ནི་ཕ་མ་གཉིས་ཀྱི་བུར་གྱུར་པའི་ཆ་དང་རྣམ་འགྱུར་སྦྱོང་ཞིང་། དེའང་མཚན་དཔེའི་བདག་ཉིད་དུ་བཞེངས་ནས་གཞན་ལ་ཕན་པ་རྒྱ་ཆེན་གྲུབ་པ་ནི་མྱང་འདས་དང་བཞུགས་ཚུལ་མཐུན་པའོ། །དེའང་ཉི་ཟླའི་བར་དུ་ས་བོན་དང་མཚན་མའི་རྣམ་པ་ཞུ་བ་སྒོང་སྐྱེས། མངོན་བྱང་ལྔས་བསྐྱེད་ཞུ་བ་འཁོར་གྱི་ལྷ་མོའི་གླུས་བསྐུལ་རྐྱེན་གྱིས་བཞེངས་པ་མངལ་སྐྱེས་སྦྱོང་ཚུལ་ལོ། །རྩ་བ། ཁུ་རྡུལ་རླུང་གསུམ་སེམས་དང་བཅས་པའི་ཆ། །རྣམ་པར་དག་པས་རྫོགས་རིམ་སྨིན་བྱེད་འགྱུར། །འདི་ལྟར་ཁམས་དཀར་དམར་གྱི་རྟེན་གཉིས་ལ་བརྟེན་པའི་ཚུལ་དུ་འབྲེལ་བའི་རྣམ་ཤེས་སེམས་ཀྱི་རང་བཞིན་རྒྱུ་དུས་ན་དབང་གིས་སྨིན་པར་བྱས་པ་གང་ཞིག །རྟོག་བཅས་ཀྱི་ལམ་བསྐྱེད་རིམ་གྱི་དུས་སུ་མངོན་བྱང་ལྔ་ལ་བརྟེན་ནས་བསྒོམས་པས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ཏེ། ཅིའི་ཕྱིར་ན་དེའི་དུས་ནའང་གནད་དུ་བསྣུན་པའི་གཙོ་བོ་ནི་ཁམས་དཀར་དམར་གཉིས་དང་རྣམ་པར་ཤེས་པ་གསུམ་ཡིན་པའི་ཕྱིར་རོ། །དེ་དག་གི་བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ནི། མངོན་བྱང་སོ་སོའི་རང་བཞིན་རྒྱུ་འབྲས་འབྲེལ་པ་ཅན་ཡིན་པས་འཁོར་བ་དང་མཐུན་པའི་རྣམ་པ་ལམ་བྱེད་ཀྱི་སྦྱང་བྱ་སྲིད་པའི་རང་བཞིན་སྦྱོང་ཞིང་དག་པར་བྱེད། རྒྱལ་བའི་བཞུགས་ཚུལ་དང་མཐུན་པའི་མོས་པ་ལམ་བྱེད་ཀྱིས་སོ་སོའི་ཡེ་ཤེས་སུ་རྫོགས་པར་བྱེད། གཉིས་ཀ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའི་འབྲས་བུ་ལམ་བྱེད་ཀྱི་མཚན་དཔེའི་བདག་ཉིད་དུ་སྨིན་པར་བྱེད་པའོ། །རྩ་བ། དྲོད་གཤེར་སྐྱེས་ནི་གཉིས་པོ་འདུས་པ་ལས། །རྣམ་ཤེས་ཞུགས་པའི་མོད་ལ་གཟུགས་གྲུབ་བཞིན། །ལྷ་ཡི་མཚན་དང་མངོན་རྟོགས་དྲན་ཙམ་ལ། །ཕྱག་རྒྱ་རྫོགས་པའི་བསྐྱེད་རིམ་ཚང་བར་བསྒོམ། །ཞེས་པ་ནི་དེའང་མངལ་སྒོང་ཟུང་གི་བག་ཆགས་སྦྱོང་བའི་བསྐྱེད་རིམ་ལ་གོམས་པ་རྣམས་ཀྱིས་ནི་དྲོད་གཤེར་སྐྱེས་སྦྱོང་བ་ཨ་ནུ་ལྟར་གཙོ་ཆེ་བར་བསྒོམ་པ་སྟེ། མངོན་བྱང་ལྔ་ལ་སོགས་པའི་སྤྲོས་པ་ལ་མ་བརྟེན་པར་ལྷ་སོ་སོའི་སྙིང་པོ་བརྗོད་པ་ཙམ་གྱིས་ཤེས་རབ་ཀུན་ཏུ་བཟང་མོའི་ཀློང་ལས་ཀུན་རྫོབ་བདེན་པའི་ཆ་ལྷ་སྐུར་རྫོགས་པ་ནི་དྲོད་གཤེར་སྐྱེས་སྦྱོང་བའི་བསྐྱེད་རིམ་བདེ་སྟོང་དབྱེར་མེད་ཆེན་པོའོ། །རྩ་བ། བརྫུས་ཏེ་སྐྱེ་བ་སྐད་ཅིག་དྲན་རྫོགས་ཏེ། །མིང་དང་གཟུགས་ལ་མ་བརྟེན་ཝལ་གྱིས་གསལ། །ཞེས་པ་ནི་འདི་ལྟར་ལྷ་གང་ཡིན་དེའི་རྣམ་པའམ་སྙིང་པོ་དྲན་པའི་མོད་ལ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་ཆུ་ལས་ཉ་འགྱུ་བ་བཞིན་ནོ། །དེ་ལ་ཁ་ཅིག་བསྐྱེད་ཚུལ་འདི་ལ་བསྐྱེད་རིམ་གྱི་ཡན་ལག་མ་ཚང་ཞེས་དགག་པ་མི་མུན་སྤྲུལ་ཏེ། དེ་ལྟ་ན་བརྫུས་སྐྱེས་ལའང་མངལ་འབྱིན་གྱི་གནས་སྐབས་སོགས་ཀྱི་ཡན་ལག་རྣམས་སྦྱར་དགོས་ཕྱིར་དང་། གཞན་ཡང་སྦྱོང་ཚུལ་བཞི་མེད་ན་འཁོར་བའི་འདྲ་འབག་བཞི་ལམ་དུ་བྱས་པར་ག་ལ་འགྱུར། གལ་ཏེ་མངོན་བྱང་སོ་སོའི་སྐབས་སུ་སྐྱེ་གནས་བཞི་གའི་བག་ཆགས་སྦྱོང་བས་སོ་ཟེར་ན། སྐབས་དེའི་མངོན་བྱང་དང་པོ་ལྟར་ན་བརྫུས་སྐྱེས་ཀྱི་སྦྱང་བྱ་སྟོང་པའི་ཆ་ཙམ་ལས་མེད་པས་དེར་སྦྱར་འོས་པའི་འཐད་པ་དེ་ཅི་ཡིན། གཅིག་ཅར་འཇུག་པའི་སྦྱོར་བ་ནི། མངོན་བརྗོད་བླ་མ་དང་སྡོམ་འབྱུང་ལས་བསྟན་པ་ལ་བལྟ་བར་བྱོས་ཤིག །རྩ་བ། བསྒོམ་ཚུལ་བཞི་པོའང་དང་པོའི་ལས་ཅན་ལ། །སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་གཙོ་བོར་བསྒོམ། །རིམ་བཞིན་གོམས་པ་བརྟན་དང་བརྟན་པ་ཆེ། །ཤིན་ཏུ་བརྟན་པའི་མཐུ་དང་མཐུན་པར་སློབ། །ཅེས་པ་ནི་དེ་ལ་རིམ་གཉིས་ལ་མ་གོམས་པ་དག་དང་པོ་སྒྲུབ་ཆེན་བཀའ་བརྒྱད་ལྟར་སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་གཙོ་བོར་བསྒོམས་ནས་དེ་ལ་རིམ་བཞིན་གོམས་པ་བརྟན་པས་བསྐྱེད་རིམ་ལས་སུ་རུང་བ་དང་། ཤིན་ཏུ་བརྟན་པས་བསྐྱེད་རིམ་ལ་རང་དབང་ཐོབ་པའི་མཐུ་དང་ལྡན་པའི་དུས་སུ་དྲོད་གཤེར་སྐྱེས་དང་བརྫུས་སྐྱེས་དང་མཐུན་པར་སློབ་ཅེས་པའོ། །དེའང་རང་རང་གི་སྡེ་པས་བརྫུས་སྐྱེས་སྦྱང་བ་ཤིན་ཏུ་རྣལ་འབྱོར་གྱི་བསྐྱེད་རིམ་དུ་འདོད་པ་ནི་མི་འཐད་དེ། དེ་ནི་འཕགས་ལམ་གྱི་རྫོགས་རིམ་མོས་སྤྱོད་ལས་འཕགས་པ་ཡིན་པས་དེ་ལ་བསྐྱེད་རིམ་གྱི་གྲུབ་མཐའ་བཞག་ཏུ་མེད་དོ། །རྩ་བ། ཀུན་ཀྱང་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །སྤྲོས་པ་ཀུན་དང་བྲལ་བའི་ཤེས་རབ་གདངས། །ཀུན་སྣང་སྙིང་རྗེའི་འཕེན་པས་བསྐྱེད་རིམ་དུ། །ཤར་བ་ཐབས་ཀྱི་ལམ་མཆོག་མ་ནོར་ཞིང་། །སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པ། །ཟབ་མོ་སྣང་སྟོང་ཐབས་ཤེས་འབྲེལ་བའི་ལམ། །ཞེས་པ་ནི་འདི་ལྟར་བསྐྱེད་པའི་རིམ་པ་ཀུན་ཀྱང་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་སྤྲོས་པ་ཀུན་དང་བྲལ་བའི་དབྱིངས་དེ་ཉིད་སྟོང་པ་ཕྱང་ཆད་མ་ཡིན་ཞིང་ཤེས་རབ་ཀྱི་གདངས་འགག་པ་མེད་པ་ལས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་སྙིང་རྗེ་ཆེན་པོའི་རྩལ་གྱིས་འཕེན་པས་བསྐྱེད་པའི་རིམ་པ་རུ་ཤར་བ་ཐབས་ཀྱི་ལམ་མཆོག་མ་ནོར་བ་ཡིན་ཞིང་སྣང་བའི་དུས་ཉིད་ནས་རང་བཞིན་མ་གྲུབ་པས་ངོ་བོ་སྟོང་པ་ཡིན་ཕྱིར། ཟབ་མོ་སྣང་བ་དང་སྟོང་པ་གཉིས་དབྱེར་མེད་ཐབས་ཤེས་ཟུང་དུ་འབྲེལ་བའི་ལམ་མོ། །དེ་ཉིད་དབང་དུས་སུ་བྱིན་རླབས་འཕོ་བའི་སྟོབས་ཀྱིས་སམ། གསུམ་པའི་དཔེའི་ཡེ་ཤེས་ལ་བརྟེན་ནས་རྒྱུད་ལ་སྐྱེས་ན་ཆོ་ག་ལས་ཐོབ་པ་དང་། གཞན་མདོ་ལམ་དུ་ཐོས་བསམ་ལ་བརྟེན་ནས་སམ་གལ་ཏེ་སྔགས་ལམ་ལ་བརྟེན་པ་གང་ཞིག་རྒྱུད་བཤད་པ་དང་མན་ངག་བསྟན་པ་ལས་རིག་པར་བྱ་དགོས་སོ། །དེ་ཡང་གདོད་མའི་སེམས་ཉིད་དེ་ནི་སྟོང་པ་ཆོས་སྐུའི་སྙིང་པོ་ཅན་ཡིན་པས་ནམ་མཁའ་ལྟར་གོ་ཕྱེད་པ། གསལ་བ་ལོངས་སྐུའི་རང་བཞིན་ཅན་ཡིན་པས་ཉི་ཟླ་ལྟར་རང་འོད་གསལ་བ། འཆར་ཚུལ་སྤྲུལ་སྐུའི་བདག་ཉིད་ཅན་ཡིན་པས་ནོར་བུ་བཞིན་དགོས་དགུ་ལྷུན་གྲུབ་བདེ་གཤེགས་སྙིང་པོའམ། རྒྱལ་བ་སྐུ་གསུམ་གྱི་འཆར་གཞིར་ཡེ་ནས་རང་ཆས་སུ་ཡོད་པའོ། །དེ་ལྟར་ངོ་བོ་བཞུགས་ཚུལ་ལ་འཁྲུལ་པ་མེད་བཞིན་གློ་བུར་བའི་བདག་རྟོག་གིས་སྲིད་པའི་ཉེས་དམིགས་ཀྱི་དབུས་སུ་ཁྲིད་ཅིང་གནས་རིགས་དྲུག་པོར་ལོག་རྟོག་གིས་ཀུན་ནས་བརྟགས་ཀྱང་རང་གི་རང་བཞིན་ལ་ཉམས་པ་རྡུལ་ཙམ་མེད་དོ། །གནས་ལུགས་དེ་སྒྲ་ཇི་བཞིན་པར་རྟོགས་ན་འཕགས་པའི་བདེན་པ་མཐོང་བ་ཡིན་པས་བསྐྱེད་རིམ་ལ་ཆེ་ཐང་དུ་དགོས་པ་མིན་པར་ཡང་གསུངས་སོ། །དེའང་དང་པོའི་ལས་ཅན་ལ་རྫོགས་རིམ་འགྲུབ་པའི་རྒྱུ་རུ་གལ་ཆེན་དུ་གསུངས་སོ། །བསྐྱེད་གཞི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དེ་སོ་སྐྱེའི་ས་ལ་རྗེས་དཔག་ཙམ་ཡིན་པས་ཆོས་ཐམས་ཅད་བསམ་དུ་མེད་པའི་དེ་ཁོ་ན་ཉིད་ཀྱི་གཟུགས་བརྙན་ཙམ་དུ་སྣང་བས་ཏིང་ངེ་འཛིན་ལྟར་གྱུར་པའི་གདངས་སྙིང་རྗེ་ཆེན་པོར་ཤར་བ་མོས་སྤྱོད་ཀྱི་སེམས་བསྐྱེད་ལ་ཀུན་སྣང་གི་ཏིང་ངེ་འཛིན་དུ་བཏགས་ནས་དེའི་འཕེན་པས་བསྐྱེད་རིམ་གྱི་རྒྱུ་ཚོགས་བསྒྲུབ་པ་ནི་ཐབས་ལམ་མ་ནོར་བའོ། །རྩ་བ། དེ་ལས་འགལ་བའི་དམིགས་བཅས་བསྐྱེད་རིམ་ནི། །མུ་སྟེགས་བྱེད་དང་གདོན་གྱི་རིགས་ལའང་ཡོད། །ཅེས་པ་ནི་སྤྱིར་ཏིང་འཛིན་རྣམ་གསུམ་སོགས་དང་འགལ་བའི་དམིགས་བཅས་ཀྱི་བསྐྱེད་རིམ་ནི། མུ་སྟེགས་བྱེད་དེ་ཕྱི་རོལ་པའི་གྲུབ་མཐའ་འཛིན་པ་འགའ་དང་གདོན་གྱི་རིགས་ཕལ་ཆེར་ལའང་ཡོད་ཅེས་པའོ། །སྤྱིར་མུ་སྟེགས་བྱེད་ལ་ལ་དགེ་བ་བསྒྲུབ་པ་ཡོད་ཀྱང་དེའི་རྒྱུད་སྡོམ་པས་མ་བསྡམས་པའི་སྐྱོན་གྱིས་བར་མ་དགེ་བ་ཙམ་ལས་མེད་དོ། །རིག་འཛིན་གྱི་སྡོམ་པ་བྲལ་བའི་བསྐྱེད་རིམ་སོགས་གསང་སྔགས་ལམ་གྱིས་ཀྱང་འཚང་རྒྱ་བར་མི་ནུས་ལ། ཁྱད་པར་བསྐྱེད་རིམ་སོ་སོའི་སྦྱང་གཞི་སྦྱོང་བྱེད་ཀྱི་རྟེན་འབྱུང་ལ་རྨོངས་པ་རྣམ་པ་ཐམས་ཅད་དུ་ཤེས་རབ་བྲལ་བའི་ལམ་སྣང་ཕྱོགས་ཀྱི་ཁ་དོག་དང་དབྱིབས་ཙམ་ལ་ཞེན་པའི་བསྐྱེད་རིམ་ནི་ཕྱི་རོལ་པ་དང་ཡི་དྭགས་མཐུ་བོ་ཆེ་རྣམས་ལའང་ཡོད་དེ། མུ་སྟེགས་བྱེད་ཀྱི་གསང་སྔགས་ཀྱི་གྲུབ་འབྲས་དང་བདེ་འགྲོའི་ལུས་རྟེན་ལ་བསྐྱེད་རིམ་རང་རྒྱུད་དུ་སྤྱད་པའི་གོམས་པ་མངོན་དུ་བརྟས་པའི་གདོན་གྱི་རྣམ་འགྱུར་ལས་ཀྱང་ཤེས་སོ། །ཚུལ་བཞིན་གྲུབ་པའི་འབྲས་བུ་ནི། རྩ་བ། སྔགས་སུ་བྱང་ཆུབ་སེམས་དཔའི་མཐོང་ལམ་ལ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས། །ཤིན་ཏུ་གྲགས་པ་མངོན་དུ་བྱེད་པའི་ཐབས། །སྣང་ཆ་ལྷ་སྐུར་གསལ་བ་བསོད་ནམས་ཚོགས། །དེ་ལ་རང་བཞིན་མ་གྲུབ་ཡེ་ཤེས་ཏེ། །ཚོགས་གཉིས་ཉེ་རྒྱུར་བསྟེན་པའི་དབང་རྣོན་ནི། །ལམ་ལྔར་འབྲེལ་བ་རིག་འཛིན་རྣམ་པ་བཞིའི། །ཐེམ་སྐས་ཉིད་ལ་ངེས་པ་ལྔ་ལྡན་སོགས། །སྐུ་ལྔའི་ཞིང་དུ་མིག་འཕྲུལ་ལྟ་བུར་འགྲོ། །ཞེས་པ་ནི་དེའང་ཐེག་ཆེན་གྱི་རིགས་གཉིས་ལས་ཐབས་སམ་ལམ་ཡང་གཉིས་སུ་བསྟན་ཏེ། གང་ཟག་འདོད་ཡོན་ལ་མི་སྲེད་པ་རྣམས་ལ་བྱང་སེམས་ཐེག་པ་གསུངས་ཤིང་། འདོད་ཡོན་སྤང་མི་ནུས་པ་རྣམས་ལ་སྔགས་གསུངས་པ་བཞིན་མཐོང་ལམ་མ་སྐྱེས་བར་དུ་ལམ་དེ་གཉིས་སོ་སོའི་རིགས་ཀྱི་ནུས་པ་གསོས་བཏབ་ནས་སྦྱངས་པ་ལས། ནམ་ཞིག་སྐྱེས་པ་ན་ངོ་བོ་ལ་གཉིས་སུ་མེད་པས་བྱང་ཆུབ་སེམས་དཔའི་ས་ལས་ནི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གྲགས་ལ་སྔགས་སུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་སུ་གྲགས་པ་གང་ཞིག །མཚན་ཉིད་ཐེག་པ་ལྟར་སྤང་གཉེན་སོ་སོར་བྱེད་པའི་དཀའ་ཐུབ་ཀྱིས་ཡུན་རིང་དུ་མི་གདུང་བར་སྣང་ཆ་ལྷའི་སྐུར་གསལ་བ་རྒྱུ་བསོད་ནམས་ཀྱི་ཚོགས་དང་། དེ་ལ་རང་བཞིན་མ་གྲུབ་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་ཆེན་གཉིས་པོ་དེ་སངས་རྒྱས་དང་ཉེ་བའི་རྒྱུར་བསྟེན་པའི་དབང་རྣོན་རྣམས་ནི་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔར་འབྲེལ་བ་རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་སྟེ། རིག་འཛིན་རྣམ་པ་བཞིའི་ཐེམ་སྐས་ཉིད་ལས། གནས་ངེས་པ་འོག་མིན་ཆོས་དབྱིངས། སྟོན་པ་ངེས་པ་རིགས་ལྔ་གངས་ཆེན་མཚོ་དང་། འཁོར་ངེས་པ་ཉིད་ལས་མི་གཞན་པ། ཆོས་ངེས་པ་སྒྲ་ཚིག་བརྗོད་པ་དང་བྲལ་བ། དུས་ངེས་པ་དུས་བཞི་མཉམ་པ་ཉིད་ཀྱི་དུས་རྣམས་ཚང་བར་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་ངོ་བོ་ཉིད་སྐུ་མི་འགྱུར་རྡོ་རྗེའི་སྐུ་སྟེ་སྐུ་ལྔའི་ཞིང་དུ་ཐ་མལ་གྱི་འགྲོས་ཀྱིས་མ་ཡིན་པར་མིག་འཕྲུལ་ལྟ་བུར་འགྲོ་ཞེས་པའོ། །དེ་ཡང་བདག་དམ་ཚིག་པ་བསྐྱེད་པ་ལ་ཡེ་ཤེས་པ་དགུག་གཞུག་གིས་གཅིག་ཏུ་འདྲེས་པ་ལ་སྦྱོར་བའི་ཏིང་འཛིན་ནམ་སྙོམས་འཇུག་གི་ཐ་སྙད་ཐོབ་ལ། འཁོར་གྱི་ལྷ་རྣམས་རྫོགས་པར་བསྐྱེད་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་། མཆོད་བསྟོད་ཕྲིན་ལས་སོགས་ལ་ལས་རྒྱལ་མཆོག་གོ། །སྤྱིར་རིགས་བདག་གི་རྒྱས་འདེབས་པ་ནི་སྔགས་ཀྱི་གཞི་ལམ་འབྲས་གསུམ་གྱི་མཚོན་དོན་ཏེ། དེ་ལ་མི་བསྐྱོད་པས་རིགས་གཞན་བཞི་ལ་རྒྱས་འདེབས་པ་ནི། དེ་ནི་སེམས་ཀྱི་ངོ་བོ་ཉིད་ཡིན་ལ། གཟུགས་སོགས་མིང་བཞིའི་ཕུང་པོ་སེམས་ཙམ་གྱི་ལས་སུ་ཟད་པས་དེ་དག་ཀྱང་སེམས་སུ་ཤེས་པར་བྱ་བའི་དོན་དུ་རྒྱས་གདབ་པ་ནི་རང་བཞིན་ལ་རང་བཞིན་གྱི་རྒྱ་ཞེས་ཀྱང་བྱའོ། །དབྱེ་ན་གཙོ་བོ་ཡབ་ཡུམ་རང་སེམས་སུ་ཤེས་པ་ལ་ཡིད་ཀྱི་ངོ་བོ་མི་བསྐྱོད་པས་རྒྱས་འདེབས་པ་ནི་ངོ་བོ་ལ་ངོ་བོ་ཉིད་ཀྱི་རྒྱ། ལུས་ཀྱི་ངོ་བོ་རྣམ་སྣང་ལ་སེམས་རྣམ་པར་དག་པའི་ངོ་བོ་མི་བསྐྱོད་པས་རྒྱས་འདེབས་པ་ནི་ལུས་ལ་སེམས་ཀྱི་རྒྱ། ཡིད་དག་པའི་ངོ་བོ་མི་བསྐྱོད་པ་ལ། ལུས་དག་པ་རྣམ་སྣང་གིས་རྒྱས་འདེབས་པ་སེམས་ལ་ལུས་ཀྱི་རྒྱ། རྒྱུ་འདོད་ཆགས་དག་པའི་ངོ་བོ་འོད་དཔག་ལ་འབྲས་བུ་སེར་སྣ་དག་པའི་རིན་འབྱུང་གི་རྒྱས་འདེབས་པ་ནི་རྒྱུ་ལ་འབྲས་བུའི་རྒྱ། འབྲས་བུ་ཕྲག་དོག་དག་པའི་ངོ་བོ་དོན་གྲུབ་ལ་རྒྱུ་འདོད་ཆགས་དག་པའི་འོད་དཔག་མེད་ཀྱིས་རྒྱས་འདེབས་པ་ནི་འབྲས་བུ་ལ་རྒྱུའི་རྒྱའོ། །སྤྱིར་འཁོར་བའི་ཕུང་ཁམས་སྐྱེ་མཆེད་ལྷར་བསྒོམ་པ་ནི་ཀུན་བརྟགས་ལ་གཞན་དབང་གི་རྒྱ། ལྷ་ཡོངས་ཀྱི་སྤྱི་བོ་རིགས་བདག་གིས་རྒྱས་གདབ་པ་ནི་གཞན་དབང་ལ་གཞན་དབང་གི་རྒྱ། རིགས་བདག་རྣམས་ཀྱི་གཙུག་ཏུ་རང་རང་གི་རིགས་ཀྱི་ཕྱག་མཚན་གྱིས་རྒྱས་གདབ་པ་ནི་གཞན་དབང་ལ་ཡོངས་གྲུབ་ཀྱི་རྒྱ་སྟེ། དེ་ལྟར་མིག་ལ་རྣམ་སྣང་། རྣ་བར་མི་བསྐྱོད་པ། སྣ་ལ་རིན་འབྱུང་། ལྕེ་ལ་འོད་དཔག་མེད། ལུས་དབང་ལ་དོན་གྲུབ། ཡིད་ལ་མི་བསྐྱོད་པ། སྒྲ་ལ་རིན་འབྱུང་། དྲི་ལ་འོད་དཔག་མེད། རོ་ལ་དོན་གྲུབ། རེག་བྱ་དང་ཆོས་ལ་མི་བསྐྱོད་པའོ། །ཡང་ས་ལ་རྣམ་སྣང་། ཆུ་དང་ནམ་མཁའ་ལ་མི་བསྐྱོད་པ། མེ་ལ་སྣང་མཐའ། རླུང་དོན་གྲུབ་སྟེ་སོ་སོའི་ཡོན་ཏན་གྱི་ཆ་དང་བྱེད་ལས་དང་མཐུན་པའི་དག་ལ་སྦྱར་རོ། །དེ་ལྟར་བསྐྱེད་རིམ་གྱི་སྦྱོར་དངོས་རྗེས་གསུམ་དང་། ལམ་དེ་ལ་བརྟེན་ནས་ས་ལམ་བགྲོད་ཚུལ་དང་འབྲས་བུ་ཐོབ་ཚུལ་སོགས་རྒྱས་འགྲེལ་དང་འོག་མིན་བགྲོད་པའི་ཐེམ་སྐས་སོགས་སུ་ཤེས་པར་བྱའོ། །རྩ་བ། གཉིས་པ་རྫོགས་པའི་རིམ་པ་ཉིད་ལ་ཡང་། །ཕ་རྒྱུད་རྣམས་ལས་འབྱུང་བ་ལྔ་ཡི་རླུང་། །རྣམ་པར་དག་པའི་གསལ་སྟོང་ཡེ་ཤེས་བསྐྱེད། །མ་རྒྱུད་རྣམས་ལས་ཁམས་ལ་ཞུ་བདེ་ཡིས། །ཡེ་ཤེས་བསྐྱེད་ཕྱིར་རང་ལུས་ཐབས་ལྡན་དང་། །གཞན་ལུས་ལ་བརྟེན་དགའ་བཞིའི་ཡེ་ཤེས་བསྐྱེད། །གཉིས་མེད་རྒྱུད་ལས་གཅིག་དང་དུ་བྲལ་གྱི། །ཐིག་ལེ་ཆེན་པོའི་འོད་གསལ་གཙོར་བྱེད་ལས། །ཞེས་པ་ནི་དེ་ཡང་སྤྱིར་ཐ་མལ་འཁྲུལ་འབྱམས་ཀྱི་ཀུན་རྟོག་ལྷ་སྔགས་ཏིང་ངེ་འཛིན་གྱི་རོལ་པར་བསྒྱུར་ནས་རྟོག་པས་རྟོག་པ་དག་པར་བསྒྱུར་བ་བསྐྱེད་རིམ་དང་། རྫོགས་པའི་རིམ་པ་ཉིད་ལའང་དཔལ་གསང་བ་འདུས་པ་དང་གཤིན་རྗེའི་གཤེད་ལ་སོགས་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་ལས་ནི་འབྱུང་ལྔའི་རླུང་ལ་གནད་དུ་བསྣུན་ནས་ཟབ་གསལ་ལམ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གཙོ་བོར་དམིགས་ནས་དངོས་གྲུབ་སྒྲུབ་པར་བྱེད་དོ། །དེ་ལའང་གསང་འདུས་ལ་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་ཐ་དད་པ་ལས། སྔ་མ་ལ་བདེན་གཉིས་ཀྱི་རྫོགས་རིམ་དང་དབེན་གསུམ་གྱི་རྫོགས་རིམ་གཉིས་སུ་འདོད་པས་སྔོན་དུ་རང་བྱིན་གྱིས་བརླབ་པ་སྒྱུ་མའི་ལུས་ཀུན་རྫོབ་ཀྱི་བདེན་པ་ཐོབ་དགོས་པའོ། །ཡང་ཤེས་རབ་མའི་རྒྱུད་ཡང་ཕུར་དང་། ཀུན་འདུས་རིག་པ་འཁོར་ལོ་སྡོམ་པ། དགྱེས་རྡོར་སོགས་རྗེས་སུ་རྣལ་འབྱོར་རྣམས་ལས་ནི་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྣལ་འབྱོར་གཙོ་བོར་བྱེད་ཅིང་། ཁྱད་པར་གཞན་ལུས་ལ་བརྟེན་ནས་དགའ་བཞིའི་ཡེ་ཤེས་ཀྱི་ཞུ་བདེ་འདྲེན་པས་བདེ་སྟོང་རྣམ་པར་མི་རྟོག་པའི་རྫོགས་རིམ་གཙོ་ཆེ་བ་ཡིན་ནོ། །བྱེ་བྲག་དགྱེས་རྡོར་དང་། ཧེ་རུ་ཀ་གལ་པོ། གླང་པོ་རབ་འབོག །གཞན་ཡང་མ་རྒྱུད་དུ་གྲགས་པ་རྣམས་ལས། དང་པོ་སྙིང་གའི་ཐིག་ལེར་དམིགས་ནས་འབྱུང་ལྔའི་ཁ་དོག་དང་སྦྱར་བའི་རླུང་འབྱུང་འཇུག་གིས་སྒྲིབ་པ་སྦྱོངས་ཤིང་དངོས་གྲུབ་བསྡུ་བ་དང་། གཉིས་པ་འཁོར་ལོ་ལྔའི་ཕྱག་མཚན་དམིགས་པ། གསུམ་པ་འཁོར་ལོ་བཞིར་དགའ་བཞིའི་ཡེ་ཤེས་ངོས་འཛིན་པ། བཞི་པ་རིགས་ལྔའི་ཕྱག་མཚན་སྐུར་གྱུར་པ་ལས་བདུད་རྩི་འབེབས་ཤིང་གཏུམ་མོ་དང་བསྲེ་བ། ལྔ་པ་སྙིང་ག་ནས་འོད་ཟེར་སྤྲོས་ནས་བརྟན་གཡོ་འོད་དུ་བཞུ་བ་རྣམས་སོ། །གཉིས་སུ་མེད་པའི་རྒྱུད་རྡོར་སེམས་སྒྱུ་འཕྲུལ་དྲ་བ་དུས་ཀྱི་འཁོར་ལོ་སངས་རྒྱས་མཉམ་སྦྱོར་སོགས་ལས་ནི་རྩ་ཐིག་རླུང་གསུམ་གྱི་ཞུ་བདེ་དྲངས་པའི་གསལ་བ་དང་། མི་རྟོག་པ། བསམ་གྱིས་མི་ཁྱབ་པའི་ཐིག་ལེ་ཆེན་པོའི་རྣལ་འབྱོར་གཅིག་དང་དུ་བྲལ་གྱི་འོད་གསལ་ཆེན་པོའི་རྫོགས་རིམ་གསུམ་དུ་འདོད་པ་ཡིན་ནོ། །དུས་འཁོར་གྱི་ཡན་ལག་དྲུག་ནི། སོར་སྡུད་དང་། བསམ་གཏན་དང་། སྲོག་རྩོལ། དེ་བཞིན་དུ་འཛིན་པ་དང་། རྗེས་སུ་དྲན་པ་དང་ཏིང་ངེ་འཛིན་རྣམས་སོ། །དེ་ནི་གལ་པོ་ལས་ཀྱང་བཤད་ཅིང་། དེའི་དུ་བ་སོགས་སྟོང་གཟུགས་ནི་སྤྲུལ་སྐུར་གྱུར་ལ། དེ་ཉིད་ཀུན་རྫོབ་དང་། དེ་ལ་རང་བཞིན་མེད་པ་དོན་དམ་བདེན་པའོ། །འདིར་སྒྱུ་འཕྲུལ་རྔམ་གློག་ལས། དངོས་པོ་ཐམས་ཅད་རྣམ་བྲལ་བའི། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ཡང་། རྩ་བ། སྔ་མ་གཉིས་ནི་སྣང་བཅས་དམིགས་པའི་ལམ། །ཕྱི་མ་གཅིག་ནི་སྣང་མེད་འོད་གསལ་ཏེ། །དང་པོའི་ཕྱོགས་ལ་གནས་པ་རྩ་དང་ནི། །གཡོ་བ་རླུང་ལ་བཀོད་པ་བྱང་ཆུབ་སེམས། །གསུམ་དུ་གནས་པ་རྡོ་རྗེ་ཕུང་པོའི་གྲོང་། །ཞེས་པ་ནི་དེ་ལ་ཕྱོགས་དང་པོ་སྣང་བཅས་རྫོགས་རིམ་གྱི་མཚན་ཉིད་ནི་རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པ་ཁོ་ནའོ། །དེའང་རྩ་གཙོ་བོ་གསུམ་དང་འཁོར་ལོ་ལྔ། བྱེད་ལས་ཀྱི་སྒོ་ནས་བཞག་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་ཡོད་པ་སངས་རྒྱས་ཐོད་པ་སོགས་ལས་བཤད་ཅིང་། དེ་ཡང་རྣམ་པར་འགྱུར་བ་ལྷའི་བདག་ཉིད་དུ་གཡོ་མེད་དུ་གནས་པ་ལ་གནས་པ་རྩ་ཞེས་བྱའོ། །དེ་ལ་གནད་དུ་བསྣུན་པའི་གཙོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་སྟེར་ཞིང་སེམས་ཅན་གྱི་སྲོག་ཏུ་གྱུར་པ་ནི་ཨ་ཝ་དྷུ་ཏིའོ། །དེ་ལྟ་བུའི་རྩ་རྣམས་དང་རྟེན་དང་བརྟེན་པའི་ཚུལ་དུ་འབྲེལ་བའི་རླུང་ནི། གཡོ་བ་དང་། འཕྲ་བ་དང་། བསྐྱེད་པའི་བྱེད་ལས་ཅན་རྣམ་ཤེས་ཀྱི་བཞོན་པར་འགྱུར་ལ། ཁམས་གསུམ་ཀུན་ཀྱང་རླུང་གིས་འདུ་བྱེད་པའི་ཕྱིར་གཡོ་བ་རླུང་ཞེས་བརྗོད་པའོ། །དེ་ལྟར་རྩ་རླུང་གཉིས་ཀར་བརྟེན་པ་ནི་བཀོད་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉིད་དེ། དབྱེ་ན་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ། འཁྲུལ་པ་མ་རིག་པའི་ཐིག་ལེ། ཁམས་ལྔ་རྫས་ཀྱི་ཐིག་ལེ་སྟེ་གསུམ་ལས། དང་པོ་ནི་སྐྱེ་འགག་གནས་གསུམ་བྲལ་བའི་བྱང་ཆུབ་ཀྱི་སེམས་སོ། །གཉིས་པ་ནི་མ་རིག་པ། འདུ་བྱེད་རྣམ་ཤེས་ཀྱིས་ཀུན་ནས་བརྟགས་ཤིང་མིང་བཞི་ལས་འགྱུར་བ་རྟོགས་པ་སྔགས་ཀྱི་ཐིག་ལེ་དང་། དེ་ལས་གཞན་དབང་ཡིད་ཀྱི་ནུས་པ་ཅན་ལ་རླུང་གི་ཐིག་ལེ་ཞེས་བྱའོ། །དེ་བས་ན་རྣམ་པར་ཤེས་པའི་རྟེན་ནི་ཁམས་བྱང་ཆུབ་ཀྱི་སེམས་ཡིན་ནོ། །དེ་ཉིད་མ་རིག་པ་དང་འབྲེལ་བས་འཁོར་བ་མུ་མཐའ་མེད་པར་བསྐྱེད་ལ། ཐབས་ཀྱིས་ཟིན་པས་དེའི་གཉེན་པོར་སོང་སྟེ་མྱ་ངན་ལས་འདས་པར་ཉེ་བའོ། །དེ་ལྟར་རྩ་ཐིག་རླུང་གསུམ་རྟེན་ཅིང་འབྲེལ་འབྱུང་དུ་འཚོགས་པས་གླིང་གསུམ་གྱི་རྟེན་ལ་ཁམས་དྲུག་ལྡན་གྱི་མཆོག་གི་རྡོ་རྗེའི་ལུས་ཞེས་གསུངས་ལ། ཁྱད་པར་འཛམ་བུའི་གླིང་པ་ནི་དགེ་སྡིག་གི་འབྲས་བུ་ཚེ་འདིར་སྨིན་པར་ངེས་པས་ན། ལས་ཀྱི་ས་པ་ཞེས་གྲགས་པས་ཉེ་རྒྱུའི་སྤྱོད་པ་ལ་སློབ་པ་ཡིན་ཏེ། གཞན་དུ་བདེ་འགྲོ་ཡིན་ཡང་ལྷ་དང་ལྷ་མིན་སྒྲ་མི་སྙན་གསུམ་འབྲས་བུ་ལ་སྤྱོད་པས་རྒྱུ་དམན་པའི་ཕྱིར་རོ། །རྩ་བ། མི་ཡི་མངལ་གནས་འཛིན་པའི་ཐོག་མ་རུ། །མིག་གཉིས་དང་ནི་ལྟེ་བའི་རྩ་མདུད་ཆགས། །དེ་ལས་ལུས་བསྐྱེད་དྭངས་མར་གྱུར་པ་ཡི། །རྩ་གསུམ་ཀ་བ་ལྟ་བུར་གནས་པའི་ནང་། །ཕྱི་རུ་ལུས་ངག་ནང་དུ་ཉོན་མོངས་གསུམ། །གསང་བ་སྐུ་གསུང་ཐུགས་ཀྱི་རྟེན་བྱེད་པའི། །ཡི་གེ་གསུམ་གནས་དབུ་མའི་ཡས་མར་སྣ། །ཚངས་པའི་སྒོ་དང་གསང་གནས་གཉིས་ལ་ཟུག །གཡས་གཡོན་རོ་རྐྱང་དཀར་དང་དམར་བ་ཉིད། །བུད་མེད་ཉིད་ལ་ལྡོག་པས་རྐྱང་མ་གཡས། །དབུ་མ་སྔོ་སྐྱར་གཉིས་པོས་ལུག་རྒྱུད་དུ། །མདུད་པ་ཉི་ཤུ་རྩ་གཅིག་བྱས་པ་ལ། །ཞེས་པ་ནི་དེ་ལ་ཀུན་གཞིའི་སྲོག་རླུང་དང་བཅས་པའི་བར་སྲིད་ཀྱི་རྣམ་ཤེས་ཁམས་གསུམ་དུ་སྐྱེ་བར་བྱེད་ཅིང་། འདུ་ཤེས་དང་རྣམ་ཤེས་ཀྱིས་ནམ་མཁའ་མཐའ་ཡས་སོགས་སུ་སྐྱེ་བ་ནི་གཟུགས་མེད་ཁམས་ཏེ་ཡིད་ཀྱི་ལུས་སོ། །བསམ་གཏན་བཞི་པོར་སྐྱེ་བ་ནི་གཟུགས་ཁམས་པ་སྟེ་འདོད་སྲེད་རགས་པ་བཅོམ་པས་བརྫུས་སྐྱེས་སོ། །མདོར་ན་ཁམས་ལྔ་ལྡན་པའི་གནས་རིགས་ཉི་ཤུ་པོར་སྐྱེས་པ་དག་ནི་མ་རིག་པ་སྐྱེ་དང་བཅས་པའོ། །འདོད་ཁམས་རིགས་དྲུག་ནི་འབྱུང་ལྔ་དང་ཡེ་ཤེས་ཀྱི་ཁམས་ཏེ་དྲུག་ལྡན་ཞིང་ཕྲ་རགས་ཀྱི་ཁྱད་པར་ཅན་སྐྱེ་གནས་བཞི་དང་ལྡན་པའོ། །འདིར་ཤར་ལྷོ་ནུབ་གསུམ་དུ་སྐྱེ་བའི་མི་རྣམས་མངལ་གནས་འཛིན་པའི་ཐོག་མར་མིག་གཉིས་དང་ལྟེ་བའི་རྩ་མདུད་ཆགས་ཤིང་། དེ་ལས་དྭངས་མར་གྱུར་པ་གནས་ཚུལ་དང་མཐུན་པའི་དབུ་མ་སྔོ་སྐྱ་སྲོག་རླུང་དང་བཅས་པའི་ཡར་མར་གྱི་སྣ་གཉིས་སྤྱི་གཙུག་དང་གསང་བར་ཟུག་པའི་ཡས་སྣར་ཕའི་ས་བོན་ཧཾ་དང་། མས་སྣར་མའི་རྡུལ་ཨ་ཐུང་དུ་གནས་པའི་བར་ན་ཀུན་གཞིའི་རྟེན་སྲོག་རླུང་གནས་ཏེ་མཁའ་བཞིན་ནོ། །དེ་ཡང་ལྟེ་འོག་མན་དུ་དུང་ཅན་ཏེ་དཀར་ཆ་འབབ་ཅིང་བདེ་བ་བསྐྱེད་པའི་རྩའོ། །བུད་མེད་ལ་རིགས་ཅན་ལྔས་གཏུམས་པས་ས་བོན་དངོས་སུ་མི་འཛག་ཅིང་རེག་པའི་བདེ་བ་ཕྱིར་ཞིང་འཕེལ་བས་ལང་ཚོ་རྒུད་ཀྱང་ཆོག་མི་ཤེས་པའོ། །དབུ་མའི་གཡས་སུ་རོ་མ་དཀར་མོ་གནས་པས་ལུས་དང་བྱང་སེམས་བསྐྱེད་ཅིང་ཁྲག་དང་དྲི་ཆེན་འཕེན་སྡོམ་གྱི་ལས་བྱེད། གཡོན་རྐྱང་མ་དམར་པོས་ནི་ངག་དང་ཁྲག་བསྐྱེད་ཅིང་དྲི་ཆུ་འབྱིན་སྡོམ་གྱི་ལས་བྱེད། བུད་མེད་ལ་རྩ་གཉིས་པོ་གོ་ལྡོག་ཏུ་གནས་སོ། །མདོར་ན་ལུས་གྲུབ་ཕྱིན་རྩ་གྲུབ་ཅིང་རྩ་གྲུབ་ན་རླུང་དང་ཡེ་ཤེས་སོགས་ཀྱང་གྲུབ་པས་ཐབས་ལམ་ཟབ་མོའི་གནད་ཀྱིས་གྲོལ་བ་ལ་རྡོ་རྗེའི་ལུས་ཀྱི་གནས་ལུགས་ཤེས་དགོས་པའི་ཚུལ་ཐལ་འགྱུར་དང་། བི་མ་ལའི་དུམ་དུམ་ཁྲིགས། རྩ་འཁོར་གྱི་རང་བཞིན་རྒྱས་པར་ཕྱེ་བ་ཐེག་མཆོག་མཛོད་སོགས་སུ་ཤེས་པར་བྱ་ཞིང་། གཞན་ཡང་རྩ་རླུང་ཐིག་ལེའི་གནས་ཚུལ་རྒྱས་པ་དང་དེ་དག་ལ་བརྟེན་ནས་གྲུབ་གཉིས་སྒྲུབ་ཚུལ་སྐྱོན་ཡོན་སོགས་རྒྱས་འགྲེལ་དུ་བལྟ་བར་བྱའོ། །རྩ་བ། རིམ་བཞིན་སྐུ་གསུང་ཐུགས་སམ་སྐུ་བཞི་ལྔ། །ཕྱིན་དྲུག་གྲངས་ཀྱི་འཁོར་ལོའི་རྩ་འདབ་རྣམས། །ཕྲི་བསྣན་གྱུར་པ་སྦྱང་གཞི་སྦྱོང་བྱེད་ཚུལ། །ལྟེ་བར་དྲུག་ཅུ་རྩ་བཞི་མགྲིན་པ་ལ། །བརྒྱད་ཚན་གཉིས་དང་སྙིང་གར་རྩ་འདབ་བརྒྱད། །སྤྱི་བོར་སུམ་ཅུ་རྩ་གཉིས་བདེ་སྐྱོང་ན། །བདུན་ཅུ་རྩ་གཉིས་དེ་བཞིན་གཙུག་ཏོར་ལ། །ནམ་མཁའི་ཁམས་ཀྱི་འཁོར་ལོ་ཞེས་སུ་གྲགས། །འཁོར་ལོ་རེ་དང་སོ་སོའི་བར་མཚམས་སུ། །འཕོ་བ་བཅུ་གཉིས་རླུང་གི་དུས་སྦྱོར་དང་། །དེ་བཞིན་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་གནས། །ཁམས་ལ་འཕོ་བ་སྤངས་པའི་ལུགས་ལྡོག་འགྲོས། །གསང་གནས་ཡེ་ཤེས་འཁོར་ལོར་ཕྱིན་པ་དང་། །རླུང་གི་འཕོ་བ་གཅིག་དང་རྟེན་འབྲེལ་གཅིག །འགགས་ནས་དང་པོའི་ས་ཡི་རྟོགས་པ་འཆར། །རིམ་བཞིན་ནམ་མཁའི་ཁམས་ཀྱི་འཁོར་ལོའི་བར། །རླུང་དང་རྟེན་འབྲེལ་རེ་རེའི་ཆ་ལྡོག་པས། །ས་ནི་བཅུ་གཉིས་རབ་ཏུ་རྫོགས་པའི་མཐར། །ཐིག་ལེ་ནམ་མཁའི་ཁམས་དང་འདྲེས་པའི་ཚེ། །མངོན་པར་འཚང་རྒྱ་དང་པོའི་སངས་རྒྱས་ལུགས། །ཞེས་པ་ནི་དེ་ཡང་འཁོར་ལོ་ལ་བརྟེན་པའི་སྲོག་ཤིང་ལྟ་བུ་ནི་དབུ་མ་ཡིན་ཀྱང་། དེ་ཉིད་དངོས་པོར་མེད་པར་འདོད་པ་ཡང་མི་རིགས་ཏེ་མེད་ན་གནད་དུ་བསྣུན་པའི་ཡོན་ཏན་ཀྱང་སྤངས་པའི་སྐྱོན་ཡོད་དོ། །ཡང་ཁ་ཅིག་སྲོག་རྩ་ལ་དབུ་མར་འདོད་ཀྱང་དེར་རླུང་སེམས་འདུས་ན་སྨྱོ་བའི་སྐྱོན་ལས་ཡོན་ཏན་མེད་པ་དང་། ལ་ལ་རྒྱུངས་པ་ལ་འདོད་པ་དང་། དབུ་མ་ལས་རྩ་འདབ་གྱེས་ཚུལ་སོགས་ཀྱི་རྣམ་བཞག་དང་འགལ་ལོ། །དོན་ལ་སྲོག་རྩ་ལ་མ་ལྟོས་པའི་དབུ་མ་གསར་དུ་འཆོས་ཀྱང་སྲོག་རྩ་རང་རྒྱུད་པར་རླུང་སེམས་འདུས་པ་སྐྱོན་དུ་འགྱུར་ཡང་། དེའི་དབྱིངས་སུ་དམིགས་པའི་ཆོས་ཉིད་ཀྱི་དབུ་མར་སྐྱོན་དེ་འདྲ་ག་ལ་འདུ། དེ་ལྟར་ཡིན་ཚུལ་བྲམ་ཟེ་ཆེན་པོས་རླུང་དང་འགྱུ་བ་རྩལ་ཆེན་སྲོག་རྩར་བཅུད་ནས། ཐ་མལ་ཤེས་པ་ངང་གིས་འགག་པར་འགྱུར། གསུངས་པས་ཤེས་སོ། །དེ་ལྟ་བུའང་ཐ་སྙད་ཙམ་སྟེ་དབུ་མ་ནི་བསྒོམས་པ་ལས་བྱུང་བའི་རྩ་ཡིན་པས་མཚན་ཉིད་བཞི་ལྡན་དུ་བཤད་ཀྱང་ཀུན་གཞི་སྲོག་རླུང་དང་བཅས་པའི་རྟེན་ནི་དེ་ཡིན་པས་སྤང་དུའང་མི་རུང་སྟེ་སྲོག་རྩ་བཅད་ནས་གནད་འཆད་པ་ཞེས་འཆི་སླ་བའི་ཕྱིར་རོ། །དེའང་གནས་ཚུལ་གྱི་ངོས་ནས་སྲོག་འཛིན་པའི་རྩ་དབུས་སུ་མཚན་ཉིད་བཞི་ལྡན་འོད་གསལ་བའི་རང་བ ཞིན་ཐོགས་རེག་དང་བྲལ་བ་ཞིག་ལུས་སེམས་དབུགས་གསུམ་སོ་སོར་མ་གྱེས་པར་རྩ་དེ་ཉིད་ཡོད་པས་མེད་པའང་མ་ཡིན་ལ། དབུགས་ཡལ་བའི་ཚེ་དེ་དང་ལྷན་ཅིག་བལྟར་མི་མངོན་པས་དངོས་པོ་དང་བྲལ་བའོ། །དེ་ལ་ཨ་ཝ་དྷུ་ཏི། ཡིད་བཟང་མ། ཀུན་འདར་མ། སྒྲ་གཅན་མུན་པ་སོགས་སུ་གྲགས་ལ། ཁ་ཁ་མུ་ཁ། བྱ་རོག་གདོང་། དུང་ཅན་མ་སོགས་ནི་གཟུགས་ཅན་གྱི་རྩ་ཡིན་ཡང་དབུ་མར་མིང་དུ་བཏགས་པ་ཙམ་མོ། །དོན་དམ་དབུ་མ་ནི་གང་ལ་གནད་དུ་བསྣུན་པའི་འབྲས་བུའི་ངོ་བོ་ཉིད་ཡིན་ཏེ། དེ་ཡང་ཚིག་ཙམ་དུ་ཟད་པས་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེ་ལས་གནས་པ་སྲོག་གི་རྩ་དབུ་མ་དང་གཡས་གཡོན་ན་རོ་རྐྱང་དང་རྩའི་འཁོར་ལོ་ཡང་། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། མགྲིན་པ་ལོངས་སྤྱོད་ཀྱི་བཅུ་དྲུག །སྙིང་ག་ཆོས་བརྒྱད། སྤྱི་བོ་བདེ་ཆེན་གྱི་སུམ་ཅུ་རྩ་གཉིས། གསང་གནས་བདེ་སྐྱོང་གི་བདུན་ཅུ་རྩ་གཉིས་སོ། །དེ་དག་གི་སྐུ་བཞི་དང་ལྔ་སོགས་ཀྱི་དག་པ་དང་སྦྱར་བ་དང་སྦྱང་གཞི་སྦྱོང་བྱེད་ཀྱི་དབང་དུ་ན་གཙུག་ཏོར་ནམ་མཁའི་འཁོར་ལོ་བསྣན་པའོ། །དེའང་འཁོར་ལོ་དྲུག་དང་སོ་སོའི་བར་ཏེ་བཅུ་གཉིས་ལ་རླུང་གི་འཕོ་བ་བཅུ་གཉིས་དང་རྟེན་འབྲེལ་བཅུ་གཉིས་ཡོད་པའི་བྱེད་པ་བཅིངས་པ་ན་ཁམས་ཀྱི་རྣམ་པར་འགྱུར་བ་མི་བརྟན་པར་འཛག་མེད་དུ་འཆིངས་ནས་འཕོ་བ་སྤངས་ཏེ་ལུགས་ལས་ལྡོག་པའི་གསང་གནས་ཡེ་ཤེས་འཁོར་ལོར་ཕྱིན་ཚེ་ལས་རླུང་འཕོ་བ་གཅིག་འགགས་ཅིང་རྟེན་འབྲེལ་གཅིག་འདག་ས་དང་པོའི་རྟོགས་པ་སྐྱེ། དེ་བཞིན་དུ་འཁོར་ལོ་རེ་དང་བར་མཚམས་རེའི་གནས་སུ་རླུང་གི་འཕོ་བ་རེ་དང་རྟེན་འབྲེལ་རེ་ནས་ས་གཉིས་པ་སོགས་བགྲོད། མཐར་གཙུག་ཏོར་ནམ་མཁའི་ཁམས་ཀྱི་འཁོར་ལོར་ཕྱིན་ཚེ་ལས་རླུང་འཕོ་བ་བཅུ་གཉིས་པོ་ཐམས་ཅད་འགག་ཅིང་རྟེན་འབྱུང་བཅུ་གཉིས་པོ་དག་ནས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའོ། །རྩ་བ། དེ་དང་རྣམ་གྲངས་མཐུན་པའི་རྩ་འདབ་ལ། །སྦྱང་གཞིར་གནས་པའི་རིགས་དྲུག་ས་བོན་རྣམས། །སྦྱོང་བྱེད་རིག་པའི་སྐྱེས་བུ་རྣམ་དྲུག་དང་། །ཕ་རོལ་ཕྱིན་པ་དྲུག་གིས་སྦྱངས་པ་ལས། །ཐ་དད་པ་ཡི་ཡེ་ཤེས་རྣམ་པ་ལྔ། །བསམ་གྱིས་མི་ཁྱབ་གཅིག་དང་དྲུག་འཐོབ་བོ། །ཞེས་པ་ནི་རྣམ་པ་ཐམས་ཅད་དུ་བླ་མར་མོས་གུས་དང་། རྫོགས་རིམ་གྱི་སྨིན་བྱེད་བསྐྱེད་རིམ་ལམ་དུ་སོང་བ་ལས་ཚོགས་གཉིས་རྫོགས་ནས་རླུང་སེམས་ལས་སུ་རུང་བས་སྦྱང་བྱ་རིགས་དྲུག་གི་ས་བོན་རྣམས་སྦྱོང་བྱེད་ཐུབ་དྲུག་གམ་ཕྱིན་དྲུག་གི་རང་བཞིན་འཁོར་ལོ་དྲུག་ཏུ་རྒྱུ་བའི་རླུང་སེམས་ཐིག་ལེ་དང་བཅས་པ་ལ་གནད་དུ་བསྣུན་ནས་སྦྱངས་པས་འཁོར་ལོ་དྲུག་དང་སོ་སོའི་བར་སྟོང་སྟེ་རླུང་དག་པས་ས་བཅུ་གཉིས་བགྲོད་ཅིང་སྦྱངས་འབྲས་ཡེ་ཤེས་དྲུག་ཐོབ་ནས་མཐར་ཐུག་ཡེ་ཤེས་ཆེན་པོའི་ས་བཅུ་གསུམ་པ་རྫོགས་པའོ། །རྩ་བ། དེ་བཞིན་སྙིང་ག་ཞི་བའི་འཁོར་ལོ་དང་། །སྤྱི་གཙུག་ཁྲོ་བོའི་འཁོར་ལོ་རྣམ་གཉིས་ལ། །ལྷ་དང་རྣམ་གྲངས་མཉམ་པའི་རྩ་འདབ་དང་། །ཐབས་གྲོལ་སྟེང་འོག་ལམ་གྱི་སྒོ་གཉིས་སུ། །འདོད་པ་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་ལུགས། །ཞེས་པ་ནི་དེ་ལ་སྒྱུ་འཕྲུལ་རྩ་རྒྱུད་ཀྱི་ལུགས་ལ་ནི་འཁོར་ལོ་གཉིས་ཏེ་སྙིང་ག་ཞི་བ་དང་། སྤྱི་གཙུག་ཁྲོ་བོའི་འཁོར་ལོའོ། །དེ་གཉིས་ལ་སྙིང་གར་ཞི་བ་བཞི་བཅུ་རྩ་གཉིས་དང་དུང་ཁང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དེ་དམ་པ་རིགས་བརྒྱའི་བདག་ཉིད་དོ། །ཡང་འཁོར་ལོ་དྲུག་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་དགའ་བཞིའི་ཡེ་ཤེས་བསྐྱེད་པ་ལ་འཁོར་ལོ་བཞིའི་རྩ་འདབ་གོང་ལྟར་ལ་ལྟེ་བའི་དབུས་སུ་ཨ་ཐུང་བསྒོམས་པས་སའི་དྭངས་མ་ཟིན། སྙིང་གའི་དབུས་སུ་ཐིག་ལེ་བཾ་དང་བཅས་པ་བསྒོམས་པས་ཆུའི་དྭངས་མ་ཟིན། མགྲིན་པའི་དབུས་སུ་ཡི་གེ་ཨ་དང་བཅས་པ་བསྒོམས་པས་མེའི་དྭངས་མ་ཟིན། སྤྱི་བོའི་དབུས་སུ་ཧཾ་དང་བཅས་པ་བསྒོམས་པས་ཆུའི་དྭངས་མ་ཟིན། དེ་ཡང་སྒྲོམ་མདོ་རླུང་གི་ཙཀྲ་བསྐྱེད་པས་སུམ་མདོ་མེའི་ཙཀྲ་ཏེ་འཁོར་ལོ་བཞིའི་ཐིག་ལེ་ཞུ་བ་ལས་རླུང་གི་དྭངས་མ་ཟིན། དགའ་བཞི་དང་འབྲེལ་བའི་བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ལ་སྟེང་སྒོ་རྣམ་གྲོལ་གྱི་ལམ་ཐུན་མོང་བ་ཞེས་པའོ། །སྙིང་ལྟེ་མགྲིན་པ་སྤྱི་བོའི་ཙཀྲ་བཞིར་ཀུན་ཏུ་བཟང་པོའི། བདེ་ཆེན་ཐིག་ལེའི། སྦྱོར་བ་དག་པའི། ཁྱབ་གདལ་ཆེན་པོའི་མན་ངག་བཞིས་བསྟན་ཏོ། །འོག་སྒོ་ཁམས་སུ་རོལ་པའི་མན་ངག་ལ་ནམ་མཁའ་ཤེས་རབ། རྡོ་རྗེ་ཐབས་ཏེ། དེ་གཉིས་ཀྱི་རོལ་པས་རྩ་ཁམས་ནས་ཞུ་བདེ་འདྲེན་པ་དང་རྡོ་རྗེ་ནོར་བུར་བཅིང་བ་དང་། ཡུམ་གྱི་མཁར་སྤྲོ་བ་སོགས་འགྲེལ་ཆེན་དུ་གསལ་ལོ། །རྩ་བ། གཡོ་བ་རླུང་ལ་འགྱུ་བ་ཆེ་ཆུང་གཉིས། །ཆེ་བ་ཉིན་ཞག་ཕྲུགས་གཅིག་དག་ལ་ནི། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་སུ་འགྱུ། །ཆུང་བ་ཀུན་རྟོག་བརྒྱད་ཁྲི་བཞི་སྟོང་གི། །གྲངས་དང་མཉམ་པའི་བཞོན་པ་ལྟ་བུར་གནས། །ཞེས་པ་ནི་དེ་ཡང་གཡོ་བ་རླུང་ལ་སྐྱེས་བུ་དར་བབས་ནད་མེད་ཅིག་ཉིན་ཞག་རེར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་འགྱུ་བ་ཆེན་པོའི་རླུང་ཡིན་ཞིང་། དེ་ལ་རྒས་པ་རྣམས་ལ་ལྔ་བཅུ་རྩ་བརྒྱད་ཀྱིས་མ་ཚང་ལ། བྱིས་པར་སུམ་ཅུ་རྩ་གཉིས་ཀྱིས་མ་ཚང་ངོ་། །འགྱུ་བ་ཆུང་ངུ་ནི་ཀུན་རྟོག་གཙོ་ཆེ་བའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གྲངས་དང་མཉམ་པས་དེ་དག་གི་བཞོན་པར་གྱུར་པའོ། །རྩ་བ། རྩ་བའི་རླུང་ནི་སྲོག་འཛིན་མེ་མཉམ་དང་། །ཁྱབ་བྱེད་གྱེན་རྒྱུ་ཐུར་སེལ་ལྔར་གནས་པའི། །བྱེད་ལས་རིམ་བཞིན་སྲོག་བརྟེན་མེ་དྲོད་བསྐྱེད། །ལུས་ཉམས་བརྟས་དང་དབུགས་ཀྱི་འགྲོ་འོང་དང་། །འགྲོ་འདུག་བཤང་གཅི་འཕེན་པའི་བྱ་བ་བྱེད། །དེའང་ཕོ་རླུང་གྱེན་རྒྱུ་སྟོད་ན་གནས། །མོ་རླུང་ཐུར་སེལ་སྨད་དང་མ་ནིང་མཉམ། །ནང་གི་རླུང་ནི་འབྱུང་ལྔའི་ཁ་དོག་ཅན། །ཕུང་པོ་ཁམས་དང་སྐྱེ་མཆེད་གནས་པའི་རྟེན། །དུག་ལྔ་དང་ནི་ཡེ་ཤེས་རྣམ་པ་ལྔ། །རྒྱུ་འབྲས་ལྟ་བུར་མཆེད་པའི་རྟེན་བྱེད་དོ། །ཞེས་པ་ནི་དེ་ལ་རྩ་བའི་རླུང་ལྔ་ལས་སྲོག་འཛིན་སྙིང་གར་གནས་ཏེ་སྲོག་བརྟེན་པར་བྱེད་དོ། །མེ་མཉམ་ལྟོ་བར་གནས་ཏེ་དྲོད་འབེབས། ཁྱབ་བྱེད་ལུས་སྤྱིར་གནས་ཏེ་ཉམས་བརྟས་པར་བྱེད། གྱེན་རྒྱུ་རོ་སྟོད་ན་གནས་ཏེ་དབུགས་འབྱུང་རྔུབ་བྱེད། ཐུར་སེལ་རོ་སྨད་ན་གནས་ཏེ་འགྲོ་འདུག་དང་གཤང་གཅི་འདོར་བའི་ལས་བྱེད་པས་ཕྱིའི་རླུང་ལྔའོ། །ནང་རླུང་ནི་ས་རླུང་སེར། ཆུའི་དཀར། མེའི་དམར། རླུང་གི་ལྗང་། ནམ་མཁའ་མཐིང་ག་སྟེ། བསྒོམ་ཚུལ་ལ་འབྱུང་དབྱིབས་བཞིན། གྲུ་བཞི། ཟླ་གམ། གྲུ་གསུམ། གཞུ་བདུངས་ལྟ་བུ། ཟླུམ་པོའོ། །དེ་དག་གིས་ནང་ཕུང་ཁམས་སྐྱེ་མཆེད་གནས་པའི་རྟེན་བྱེད། དེ་ཡང་མ་དག་པའི་དུས་ན་དུག་ལྔ་མཆེད་པའི་གཞི་བྱེད་ལ། ལམ་དུས་སུ་ཟད་པར་གྱི་ཏིང་འཛིན་ལ་བརྟེན་ནས་རྫུ་འཕྲུལ་འགྲུབ་པ་དང་དག་པའི་ཚེ་ཡེ་ཤེས་ལྔ་མཆེད་པའི་རྟེན་བྱེད་དོ། །དེའང་ལས་རླུང་གིས་འཁོར་བའི་རྒྱུ་བྱེད་ཅིང་སེམས་ཀྱི་བཞོན་པར་གྱུར་པས་རྣམ་རྟོག་སྣ་ཚོགས་པ་དང་། མི་དགེ་མཐའ་དག །བྱིང་རྒོད་རྨུག་གསུམ་སོགས་བསྐྱེད། གནས་མལ་འཕྱུགས་པས་འཁྲུལ་སྣང་འཆར་ཞིང་དུས་བཞིའི་རླུང་འགྱུར་བ་ཚེའི་དུས་བྱེད། མདོར་ན་རླུང་གི་བྱེ་བྲག་བཅུ་གཉིས་ལས་ནང་དུ་ལུས་ཀྱི་འཕེལ་གྲིབ་བྱེད། དེའི་ཕྱིར་ལོ་བཅུ་གཉིས། གསང་བར་དུས་སྦྱོར་བཅུ་གཉིས་སུ་བྱས་ནས་འཁོར་བ་སྨིན་པར་བྱེད་དོ། །སྤྱིར་ལས་རླུང་སྲོག་རྩར་ཞུགས་ན་སྨྱོན་པར་འགྱུར་ཞིང་། དེ་མཐའ་གཉིས་སྤངས་པའི་ཡེ་ཤེས་ཀྱི་དབུ་མར་ཞུགས་ན་སངས་རྒྱས་ཀྱི་ས་དང་འབྲས་བུའི་ཡོན་ཏན་བསྐྱེད་པའོ། །རྩ་བ། ཁྱད་པར་དྭངས་མའི་རླུང་ལྔ་དཱུ་ཏིར་ཆུད། །ཟད་པར་ས་ཆུ་མེ་རླུང་ནམ་མཁའ་ཡི། །ཏིང་ངེ་འཛིན་དང་ཡོན་ཏན་རྫུ་འཕྲུལ་འགྲུབ། །གསང་བའི་རླུང་ནི་ཡེ་ཤེས་རྣམ་པ་ལྔ། །རགས་པའི་ཆོས་དང་རྣམ་པར་འགལ་བ་ཡིན། །ཞེས་པ་ནི་དེ་ལ་སྲོག་གི་སྦྱོར་བ་རླུང་ལ་མ་བསླབས་ན་ཁམས་ལས་སུ་མི་རུང་ཞིང་ཏིང་ངེ་འཛིན་དང་། དེ་ལས་སྐྱེས་པའི་རྫུ་འཕྲུལ་ཀྱང་མི་འགྲུབ་པས་དང་པོ་ཟད་པར་གྱི་ཏིང་འཛིན་ལ་དམིགས་ནས་རླུང་དབུ་མར་བསྡུའོ། །དེ་ཡང་སྲོག་ཐུར་ཁ་སྦྱར་ནས་ནང་དུ་ཐུབ་ཐང་དུ་བཟུང་བའི་མཐར་དལ་གྱིས་བཏང་བས་ཕྱི་ནང་གི་འབྱུང་བ་གཉིས་མེད་དུ་བཟུང་ནས་འབྱུང་བ་སོ་སོའི་ཁ་དོག་དབྱིབས་འཁོར་ལོ་སོ་སོའི་དབུས་ལ་སོགས་པར་བསྒོམས་པ་ཅུང་ཟད་བརྟན་དུས། སྤྱི་བོར་ཆུ། མགྲིན་པར་རླུང་། སྙིང་གར་ནམ་མཁའ། ལྟེ་བར་མེ་རླུང་རྣམས་ཀྱི་ཁ་དོག་དང་རྣམ་པ་ཅན་རླུང་སེམས་གཅིག་ཏུ་བཅིངས་པས་རླུང་ལྔ་ལས་སུ་རུང་བའི་རྟགས་སུ་རླུང་ལྔའི་ཁ་དོག་དང་། རྩ་འཁོར་མཐོང་བ་དང་། གསལ་ལ་མི་རྟོག་པའི་ཉམས་དང་། སྟོང་གཟུགས་ཀྱི་རྣམ་པ་མང་དུ་མཐོང་། དེ་ཡང་གཡས་རླུང་དབུ་མར་ཚུད་ན་དུ་བ། གཡོན་རླུང་ཚུད་པས་སྨིག་རྒྱུ། མེ་རླུང་ལས་མར་མེ་དང་འོད། ཆུ་རླུང་ལས་སྤྲིན། མཐོངས་ཀྱི་ཟླ་འོད། ས་རླུང་ལས་གསེར་མདོག་དང་། གློག་འོད། མཁའ་རླུང་ལས་སྔོན་དུ་མཐིང་ག་དེ་ནས་འོད་ལྔའི་ཐིག་ལེ། དབུ་མར་ལས་སུ་རུང་བ་ལས་འོད་ལྔ་དང་། གཞའ་ཚོན་དང་། ཐིག་ལེ་དང་། ལྷ་སྐུ། མཆོད་རྟེན་གཞལ་མེད་ཁང་། དྲ་ཕྱེད། པདྨ་སོགས། མདོར་ན་ལུས་གནད་ཀྱི་ཁྱད་པར་དང་། རླུང་སེམས་ཀྱི་འདུ་བ་ངན་པས་འགྲོ་དྲུག་གི་འཁོར་ལོ་དྲུག་ཏུ་རླུང་previous hit སེམས་འདུས་ན་བདེ་འགྲོ་དང་ངན་སོང་གི་གནས་རིགས་སོ་སོའི་ཡུལ་དང་བདེ་སྡུག་གི་སྣང་བ་འཆར next hit་རོ། །དེ་ལྟར་བྱུང་ན་དེ་དག་ལ་སྙིང་རྗེ་ཆེན་པོ་བསྒོམས་ཤིང་གནས་སྦྱོང་གི་གདམས་པས་འཁྲུལ་གཞིའི་རྩ་བ་བཅད། ཁྱད་པར་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པའི་རླུང་དབུ་མར་ཆུད་པས་ཟད་པར་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པའི་ཏིང་ངེ་འཛིན་ལ་དབང་བསྒྱུར་ཞིང་རྫུ་འཕྲུལ་འགྲུབ། ནང་དུ་སེམས་གནས་ཁྱད་པར་ཅན་དང་ཕྱི་རོལ་དུ་རིགས་ལྔའི་ངོ་བོ་འོད་ཁ་དོག་རང་མདོག་གསལ་ཞིང་དུག་ལྔ་དག་ཡེ་ཤེས་ལྔ་ལ་སྤྱོད། རིགས་ལྔའི་ཞིང་དུ་འགྲོ་བར་གསུངས་སོ། །རྩ་བ། གསུམ་པ་བཀོད་པ་བྱང་ཆུབ་སེམས་ཀྱི་ཁམས། །རོ་མ་ལས་ནི་ཟླ་བའི་བདུད་རྩི་དང་། །རྐྱང་མ་ལས་ནི་ཉི་མའི་རྡུལ་འབབ་ཅིང་། །ཕོ་ཡི་རྐྱང་མ་མོ་ཡི་རོ་མའི་སྣ། །མདུད་པར་གྱུར་པས་ཁམས་གཉིས་འཛག་པ་བསྲུང་། །དེ་ལས་གཞན་དུ་ག ཉིས་པོ་ལས་མཆེད་པའི། །རྩ་མདུད་ཀུན་ན་དྭངས་མ་དཀར་དམར་གཉིས། །དཔའ་བོ་དང་ནི་རྣལ་འབྱོར་མའི་ཚུལ་དུ། །འཁྲིལ་ཞིང་སྦྱོར་བས་བདེ་སྟོང་མཆོད་པ་ལེན། །ཞེས་པ་ནི་དེ་ལ་རྣམ་ཤེས་ཀྱི་རྟེན་དུ་གྱུར་པ་ཁམས་དྭངས་མ་ཆེན་པོ་ཡང་ཁུ་རྡུལ་གཉིས་ཀྱི་རྣམ་པར་ཡོད་པས་ཁུ་བ་ནི་རོ་མའི་ཡས་སྣ་ནས་སྤྱི་བོའི་ཧཾ་ལས་འབབ་ལ་རྡུལ་ནི་རྐྱང་མའི་མར་སྣ་གསང་གནས་ཀྱི་ཨ་ལས་འབབ་ཅིང་། དེའང་སྐྱེས་པའི་རྐྱང་མ་དང་བུད་མེད་ཀྱི་རོ་མའི་མདུད་པ་ལས་ཁུ་རྡུལ་གཉིས་མི་འཛག་པར་བཤད་དོ། །དེ་ལྟར་གཉིས་པོ་ལས་ཙཀྲའི་རྩ་འདབ་ཐ་དད་པར་གྱེས་པའི་དྭངས་མ་དཀར་དམར་གཉིས་རྩ་མདུད་ཀུན་ན་དཔའ་བོ་དང་རྣལ་འབྱོར་མའི་བདག་ཉིད་དུ་བཞུགས་ནས་ཞུ་བདེའི་རྣལ་འབྱོར་བསྒོམས་པ་ལས་བདེ་སྟོང་གི་མཆོད་པ་ལེན་པ་ཡིན་ནོ། །རྩ་བ། མདོར་ན་གནས་པ་རྩ་ནི་ཡུར་བ་འདྲ། །གཡོ་བ་རླུང་ནི་འགྲོ་འོང་ཁ་ལོ་པ། །བྱང་ཆུབ་སེམས་ནི་ཆུ་འདྲ་ཁྲིད་སར་འདུ། །འཁོར་ལོ་དྲུག་ཏུ་བརྩེགས་པའི་སྒྲ་གཅན་དབྱིངས། །སྲོག་དང་རྩོལ་བའི་ཤིང་རྟས་དྲངས་པ་ལས། །དབུ་མའི་མདུད་པ་གཉིས་གཉིས་གྲོལ་བ་དང་། །རླུང་དང་ཁམས་ཀྱི་དྭངས་མ་རྣམ་གཉིས་ཏེ། །སྒྲ་གཅན་ལྟོར་ཞུགས་དང་པོའི་ས་ནས་བཟུང་། །ས་བཅུའི་ཡོན་ཏན་གོང་འཕེལ་གཙུག་ཏོར་འགྲོ། །ཞེས་པ་ནི་དེ་ཡང་རྩ་གནད་དུ་འགྲོ་བ་ལ་ལུས་གནད། རླུང་གནད་དུ་འགྲོ་བ་འཁྲུལ་འཁོར། ཐིག་ལེ་ལ་རྩོལ་བ་གལ་ཆེའོ། །བྱེ་བྲག་ཏུ་ལུས་རྟེན་རྩ་ནི་ཡུར་བ་དང་འདྲ་སྟེ་རླུང་རྒྱུ་བའི་ལམ་ཡིན་པས་སྲོག་རྩོལ་བརྟེན་ནས་རྩ་ལམ་སྦྱང་བར་བྱའོ། །ངག་གི་རྟེན་རླུང་ནི་འཁོར་འདས་གཉིས་ཀར་འགྲོ་བའི་ཁ་ལོ་པ་ལྟ་བུ་ཡིན་པས་འཁོར་བའི་བྱེད་པ་བཅིང་བའི་གནད་ལ་མཁས་པར་བྱའོ། །ཡིད་ཀྱི་རྟེན་ཐིག་ལེ་ནི་དོན་དམ་བྱང་ཆུབ་སེམས་ཀྱི་རྟེན་ཡིན་པས་རླུང་གནད་ལ་བརྟེན་ནས་ཁྲིད་སར་འདུ་བར་བྱས་ཏེ་རྣམ་པར་འགྱུར་བ་མེད་པ་ཡེ་ཤེས་ཀྱི་རླུང་དང་ལྷན་ཅིག་གཙུག་ཏོར་གྱི་རྩེ་མོར་བཅིང་བར་བྱའོ། །ཇི་ལྟར་བཅིང་ན་ལུས་བསྲངས་པས་རྩ་བསྲངས། རྩས་རླུང་། རླུང་གིས་ཆོས་ཉིད་མཐོང་བ་ཡིན་པས་ལུས་གནད་ཆོས་བདུན་ནམ། གཙུག་ཏོར་མཁའ་ལ་དྲང་པོར་གཏད་པས་ལྟག་པ་ཐང་ཞིང་མགྲིན་པ་སྒུར་བ་ཙམ་ཡོང་བས་དེས་དེ་རྣམས་ཀྱི་རྩ་འཆིང་ངོ་། །འདན་པ་དྲང་པོར་བསྲངས་པ་དང་། དཔུང་པ་མཐོང་བར་བྱས་པ། གྲུ་མོ་རྩིབ་མར་སྦྱར་བ། སྒལ་ཚིགས་དྲང་པོར་བསྲང་བ། ལག་ངར་དཔྱི་འགོའི་རུས་པར་བཅར་བར་བརླ་སྟེང་དུ་བཞག་པ། མཚང་ར་གནད་ལ་བཞག་ཅིང་རྐང་པ་སྐྱིལ་ཀྲུང་གཡོ་འགུལ་མེད་པར་བཅའ་བ་སོགས་ཀྱིས་དེ་རྣམས་དང་དེར་འབྲེལ་གྱི་རྩ་རྣམས་འཆིང་ངོ་། །དེ་ལྟར་རྩའི་གཙོ་བོ་རྣམས་དང་དེ་ལས་གྱེས་པའི་རྩ་བདུན་ཁྲི་ཉིས་སྟོང་རྣམས་འཆིངས་ཤིང་དེར་རྒྱུ་བའི་རླུང་ཆིངས་པས་དེར་ཞོན་པའི་རྣམ་རྟོག་འཆིངས་པས་བདེ་བ་སྐྱེའོ། །དེ་ལ་ཆོས་ཉིད་ཀྱི་དབུ་མ་ནི་རྫས་སུ་གྲུབ་པ་མ་ཡིན་པས་སྒྲ་གཅན་ཏེ། ཕྱི་ལྟར་དེའི་གདོང་མཇུག་གཉིས་ཀྱིས་ཉི་ཟླ་བཟའ་བས་ནང་ལྟར་ཨ་ཧཾ་གཉིས་དབུ་མའི་ཡས་མས་ཀྱི་སྣར་གནས་པའི་འབར་འཛག་གི་ཏིང་འཛིན་གོམས་པ་ལས་དབུ་མར་རླུང་ཞུགས་གནས་ཐིམ་གསུམ་གྱི་བྱ་བ་བྱེད་ཅིང་། ཉི་ཟླའི་རང་བཞིན་ཁུ་རྡུལ་གཉིས་དབུ་མའི་ནང་དུ་རྒྱུན་དུ་འབབ་པར་བསྒོམས་པས་བྱེད་པ་འཆིང་བ་ལ་ནུས་པ་ཐོབ་ན་ཕྱི་རོལ་དུ་ཉི་ཟླ་གཟས་འཛིན་འགོག་ནུས་ཤིང་། རྟོད་ལ་གནོན་པ་སོགས་ནུས་པའོ། །དེ་ཡང་ཡུམ་གྱི་བདག་ཉིད་ཅན་ཨ་ཤད་ལས་བྱུང་བའི་མེས་ཕུང་ཁམས་མ་ལུས་ཟ་བར་བྱེད་པས་གཏུམ་མོ་ཞེས་བྱ་སྟེ། དེ་ཉིད་འཁོར་ལོ་དྲུག་ཏུ་བརྩེགས་པའི་སྲོག་ཤིང་དབུ་མ་སྒྲ་གཅན་གྱི་དབྱིངས་སྲོག་རྩོལ་གྱི་ཤིང་རྟས་འཁོར་ལོ་སོ་སོའི་གནས་ནས་རིམ་གྱིས་དྲངས་པས་སྤྱི་བོའི་ཧཾ་ཡིག་དང་རེག་པ་འཕྲོད་པ་ལས་དྭངས་མ་དཀར་པོར་བབ་པས་བདེ་བ་སྐྱེས་པའི་ངང་ལས་དར་ཅིག་གློད། དེ་ནས་རོ་མའི་དཀར་ཆ་དང་རྐྱང་མའི་དམར་ཆ་གཉིས་དབུ་མའི་ཡས་མས་ཀྱི་སྣ་གཉིས་ནས་ཞུགས་པ་སྙིང་གར་འདྲེས་པའི་བདེ་གསལ་ཟུང་འཇུག་གི་ཨེ་ཝཾ་གྱི་ཉམས་བསྐྱང་བ་ཡིན་ནོ། །དེའང་རྩ་གནས་ཀྱི་འཁོར་ལོ་སོ་སོར་རླུང་ཟིན་པས་ཐིག་ལེ་ཟིན། དེ་ཟིན་པས་བདེ་བ་ཟིན་ཞིང་འཕེལ་བ་རླུང་སེམས་ལས་སུ་རུང་། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་པས་ཚོགས་སྦྱོར་མཐོང་བསྒོམ་བཞིའི་ལམ་རྫོགས་པའི་ཡོན་ཏན་འཐོབ་ཅིང་དབུ་མར་རོ་རྐྱང་གི་མདུད་པ་ཉེར་གཅིག་བྱས་པ་གྲོལ་བ་ལས་ས་བཅུ་པོ་རིམ་བཞིན་བགྲོད་ཅིང་སོ་སོའི་ཡོན་ཏན་ཀྱང་རིམ་བཞིན་མངོན་པའོ། །དབྱེ་ན་ཚོགས་ལམ་ཆུང་ངུ་ལ་དྲན་པ་ཉེར་བཞག་བཞི། འབྲིང་པོར་ཡང་དག་པར་སྤོང་བ་བཞི་རྣམས་བཤད་དེ། སྐབས་འདིར་ཉེ་བར་ལེན་པའི་ལྷ་བཞི་མཆོད་དགོས་པར་བཤད་དེ། དེ་ཡང་བསོད་ནམས་ཉེར་ལེན་གྱི་ལྷ་མཆོག་གསུམ་རིན་པོ་ཆེར། དེ་བཞིན་དུ་དངོས་གྲུབ་ཉེར་ལེན་ཡི་དམ། འབྲས་བུ་ཉེར་ལེན་སློབ་དཔོན་དང་མཆེད་ལྕམ། ལུས་ཉེར་ལེན་གྱི་ལྷ་དུས་གསུམ་གྱི་ཕ་མའོ། །ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་བསྐྱེད་རྫོགས་ཀྱི་དོན་ལ་གཅིག་ཏུ་དྲན། འདུན་པས་བསྒོམ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད། བརྗེད་པ་མེད་པར་སེམས་པས་རླུང་སེམས་ལས་རུང་གི་ཏིང་འཛིན་དང་རྫུ་འཕྲུལ་ཐོབ། རྨི་ལམ་སྤྲུལ་བསྒྱུར་སོགས་ལས་སྤྲུལ་ཞིང་དག་པར་བགྲོད་དེ་ཆོས་ཉན་ནས་ཁམས་ཀྱི་དྲི་མ་སྦྱོང་ཞིང་ལྷ་ཞལ་མཐོང་བའི་ལུང་བསྟན་ཐོབ་པ་སོགས་སྦྱོར་ལམ་དང་མཐོང་སྒོམ་སོགས་དང་རྩ་རླུང་ཐིག་ལེའི་ཡོན་ཏན་དོན་མཐུན་དུ་བརྩི་ཚུལ་སོགས་རྒྱས་འགྲེལ་གྱིས་ཤེས་སོ། །རྩ་བ། ཁྱད་པར་སྒྱུ་འཕྲུལ་དྲ་བ་གསང་ཐིག་ལུགས། །སྣོད་བཅུད་རང་ལ་རྫོགས་པ་ཕུང་པོའི་གྲོང་། །དུས་གསུམ་ལུང་དུ་མ་བསྟན་བདེ་གཤེགས་སྙིང་། །མཐའ་དག་མངོན་འཚང་རྒྱ་བ་རྡོ་རྗེའི་གདན། །སྙིང་ག་དཔལ་གྱི་བེའུའི་ཁོང་སེང་ན། །རྩ་ཡི་དྭངས་མ་བརྒྱད་དུ་གནས་པ་ལས། །དབུས་མ་གསུམ་ནི་སྐུ་གསུམ་ཆོས་ཉིད་རྟེན། །མདུན་མ་གཅིག་ནི་ཡེ་ཤེས་འཆར་བའི་རྩ། །རྒྱབ་ན་ཡོན་ཏན་རྩ་ལས་ཞིང་ཁམས་འཆར། །གཡོན་ན་རང་རྒྱུད་རྩ་གསུམ་འཁྲུལ་སྣང་རྟེན། །སོ་སོའི་དབུས་ན་འཁོར་འདས་ཡིག་འབྲུ་ནི། །སྦྱང་གཞི་སྦྱོང་བྱེད་ཚུལ་དུ་གནས་པ་རྣམས། །སྐུ་གསུང་ཐུགས་ཀྱི་ཡི་གེས་དག་པར་བྱེད། །ཀུན་གྱི་དབུས་ན་དྭངས་མའི་རྩ་དཀར་པོ། །རྟ་རྔའི་བཅུ་ཆ་ཙམ་དུ་ཕྲ་བའི་ནང་། །རྡུལ་དང་དབུགས་ཀྱི་དྭངས་མ་འདྲེས་པའི་འོད། །ཁ་དོག་ལྔ་པ་ཤིན་ཏུ་ཕྲ་བ་ཉིད། །རང་བཞིན་འོད་གསལ་བྱང་ཆུབ་སེམས་ཀྱི་རྟེན། །ཀུན་བཟང་རིགས་ལྔ་བཞུགས་པའི་གཞལ་མེད་ཁང་། །གང་དུ་རླུང་སེམས་དྭངས་མ་འདུས་པའི་ཚེ། །མྱ་ངན་འདས་པའི་ཞིང་སྣང་མཐའ་དག་འཆར། །སྣང་ཆའི་འོད་ལྔ་སྟོང་ཆའི་ཆོས་སྐུ་གཉིས། །རོ་གཅིག་འདྲེས་པ་ལམ་གྱིས་ཚོགས་གཉིས་རྫོགས། །འོག་མིན་རྣམ་དག་སྟུག་པོ་བཀོད་པ་ཞེས། །གཞན་དུ་མི་གནས་སྒྲིབ་པ་མཐའ་དག་པ། །ནམ་ཞིག་སྤངས་པའི་དུས་དེར་ལྷུན་གྱིས་གྲུབ། །ཅེས་པ་ནི་དེ་ལ་ཕྱི་སྣོད་ཀྱི་དང་པོ་རླུང་། ཆུ་དང་། ས་རྣམས་འོག་མས་གོང་མ་བརྟེན་ཚུལ་གྱིས་ཆགས་ཤིང་། དེའང་ས་ལས་དྲོད་འབྱུང་ཞིང་ཤིང་ལྕགས་སོགས་མེའི་རྒྱུར་སོང་བ་ལས་འབྱུང་བཞིའི་རང་བཞིན་དུ་གྲུབ་པ་ལྟར། རླུང་སེམས་དྭངས་མར་འདུས་པ་ཁྲག་ཆུའི་རང་བཞིན་གྱིས་གཅིག་ཏུ་བསྡུས་པ་ལས་ནང་བཅུད་འགྲོ་བའི་ལུས་སུ་ཆགས། དེ་ཡང་སའི་རང་བཞིན་ཤ་སྟེ་མཉེན་ཤ་དང་གྲིམས་ཤ་སོགས་ཤ་སྣ་ཚོགས་པ་སྙིང་ནས་མཆེད་ཅིང་དེ་ལས་མེའི་རང་བཞིན་ལུས་དྲོད་སྐྱེས་ནས་དབང་པོ་དང་ཁ་དོག་བསྐྱེད། མེའི་རླུང་བསྐྱེད་པས་དབུགས་དང་བཀྲག་མདངས་རྒྱས་པར་བྱེད་ཅིང་ཕྱི་ནང་གི་འབྱུང་བ་དེ་དག་བག་ལ་ཉལ་དང་ཀུན་ནས་ལྡང་བའི་ལས་ཀྱིས་བརྟན་གཡོ་ཆགས་གནས་འཇིག་སྟོངས་བྱེད་པ་དང་མཐུན་པར་ནང་ལུས་སེམས་ཀྱི་ཚོགས་པའང་འབྱུང་བ་སོ་སོའི་བྱེད་ལས་འཁྲུགས་པས་སྐྱེ་རྒ་ན་འཆིའི་རྐྱེན་བྱེད་པས་ན་སྣོད་བཅུད་ཀྱི་རང་བཞིན་ནི་རང་གི་ལུས་སེམས་ལ་ཚང་ངོ་། །དེའང་དུས་གསུམ་ཆར་ལུང་མ་བསྟན་པའི་སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཅན་འཚང་རྒྱ་བའི་གནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྡོ་རྗེའི་གདན་ཆེན་པོ་ཡིན་ཏེ། དེ་ཉིད་དབྱིངས་ཟབ་པས་དཔལ་གྱི་བེའུ་ཞེས་སྨོས་ནས་དེའི་ནང་ནས་འཁྲུལ་སྣང་དང་ཡེ་ཤེས་སྐྱེད་བྱེད་དྭངས་མའི་རྩ་ཕྲན་བརྒྱད་དུ་གནས་པའི་དབུས་ན་སྦྱང་གཞི་སྦྱོང་བྱེད་ལྟར་གནས་པའི་ས་བོན་ལ་གནད་དུ་བསྣུན་པའི་ཚུལ་བི་མ་ལས་གསུངས་པ་བཞིན་ནོ། །འདི་ལྟར་སྙིང་ཁོང་སྟོང་ནང་ན་རྩའི་དྭངས་མ་རྩ་ཕྲན་རྒྱུས་པ་ལྡད་པ་འདྲ་བ་བརྒྱད་ཡོད་པ་ལས། གསུམ་ཆོས་ཉིད་ཀྱི་རྩ། གཅིག་ཡེ་ཤེས་ཀྱི་རྩ། གསུམ་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱིའོ། །དེ་ལ་དབུས་མ་གསུམ་ནི་སྐུ་གསུམ་གྱི་ཡི་གེ་ཆོས་ཉིད་མི་འགྱུར་བའི་རྟེན་ཡིན་ལ་འོད་སྣང་སེར་ལ་ཟླུམ་པའི་དཀྱིལ་དུ་སྦྱང་གཞི་ལྷ་མིན་གྱི་ས་བོན་སུ་དང་བྱོལ་སོང་གི་ཏྲིའི་སྟེང་དུ་སྦྱོང་བྱེད་རྒྱལ་བའི་སྐུ་རྡོ་རྗེའི་ངོ་བོ་ༀ་དཀར་པོ། དེའི་མདུན་ན་ཡེ་ཤེས་བཞིའི་རྟེན་ལས་མེ་ལོང་ཡེ་ཤེས་ཀྱི་རྩ་མཐིང་། གྲུ་བཞི་པའི་སྦུབས་ན་སྦྱང་བྱ་ལྷ་མིའི་ས་བོན་ཨ་ནྲྀ་དཀར་དམར་གྱི་སྟེང་ན་སྦྱོང་བྱེད་ཐུགས་རྡོ་རྗེའི་རང་བཞིན་ཧཱུཾ་མཐིང་གའོ། །གཡོན་ན་དུག་གསུམ་དང་ཁམས་གསུམ་རང་མཚན་པའི་འཁྲུལ་སྣང་བསྐྱེད་པའི་རྟེན་རྩ་ཟླ་གམ་གྱི་དབྱིབས་ཅན་དམར་པོའི་སྦུབས་ན་སྦྱང་གཞི་དམྱལ་བ་དང་ཡི་དྭགས་ཀྱི་ས་བོན་པྲེ་དུའི་སྟེང་དུ་སྦྱོང་བྱེད་གསུང་རྡོ་རྗེའི་རང་བཞིན་ཨཱཿཡིག་དམར་འོད་འཚེར་བའོ། །རྒྱབ་རྩ་ལས་ཞིང་ཁམས་དང་གཞལ་ཡས་སོགས་དག་པའི་སྣང་བ་འཆར་བ་སྟེ། གནས་ཚུལ་ལ་བརྒྱད་ཡོད་ཀྱང་བྱེད་ལས་ནི་བཞི་པོ་ཉིད་དོ། །བྱེ་བྲག་འོད་སེར་ལ་ཀུན་གཞིའི་རྣམ་ཤེས། མཐིང་གར་ཡིད་ཤེས། དམར་པོར་ཉོན་ཡིད། དམར་ནག་ལ་སྒོ་ལྔའི་རྣམ་ཤེས་གནས་སོ། །དྭངས་མ་རྒྱུ་ཚུལ་ལྟར་ན་འོད་སེར་རྩའི་དྭངས་མ་དར་དཀར་གྱི་སྐུད་པ་འདྲ་བ་ལ་རྒྱུ། མཐིང་ག་དབུགས་ཀྱི་དྭངས་མ་ལ། དམར་པོ་ཁྲག་གི། དམར་ནག་གི་སྒོ་ལྔའི་རྩ་འདབ་ལའོ། །དེའང་རིགས་དྲུག་གི་ས་བོན་དྲུག་དང་འབྲུ་གསུམ་ནི་འོད་སེར་པོ་དང་། མཐིང་ག་དང་། དམར་པོ་དང་། དམར་ནག་སོགས་ཀྱི་སྒབ་ན་གནས་སོ། །དེ་ལ་ཨ་ནྲྀ་སུ་ཏྲི་པྲེ་དུ་རྣམས་དབུགས་དང་རྩ་དང་ཁྲག་གི་སྙིགས་མ་ལ་རྒྱུའོ། །དེའང་ལྷ་མི་གཉིས་དང་བྱོལ་སོང་དང་ལྷ་མིན་ཡི་དྭགས་དང་དམྱལ་བ་རྣམས་སུ་སྐྱེ་བའི་ཁ་ཟིན་ནི་རིམ་བཞིན་ཡིད་ཤེས་དང་ཀུན་གཞིའི་རྣམ་ཤེས་དང་སྒོ་ལྔའི་རྣམ་ཤེས་དང་ཉོན་ཡིད་རྣམས་ཀྱིས་བྱས། ས་བོན་སོ་སོ་ལ་ལས་བསོག་གོ། །དེ་བས་ན་མ་དག་པའི་དུས་ལས་ཉོན་གྱིས་བྱས་པའི་བག་ཆགས་མཐའ་དག་ཡི་གེ་དྲུག་པོའི་སྟེང་དུ་བསོག་ཅིང་། རྟོགས་པའི་དུས་ན་དགེ་བའི་ཆ་དང་ཡེ་ཤེས་ཀྱི་རང་རྩལ་རྣམ་པར་དག་པ་རྣམས་གསང་བ་གསུམ་གྱི་ཡི་གེ་གསུམ་གྱི་སྟེང་དུ་བསོག་པས་ན་འཁོར་འདས་རུ་ཤན་འབྱེད་པའི་ཡི་གེ་འབྲུ་གསུམ་དུ་བཤད་དོ། །རྩ་བ། དེ་ཕྱིར་ལུས་ནི་ཡེ་ཤེས་ཆེན་པོའི་རྟེན། །འཁོར་བ་ཉིད་ནའང་ངོ་བོའི་བཞུགས་ཚུལ་ལ། །ཉམས་དང་དམན་པར་གྱུར་པ་གཉིས་ཀ་མེད། །འགྱུར་བ་མེད་པའི་དོན་དམ་བྱང་ཆུབ་སེམས། །ཏིལ་ལ་མར་གྱིས་ཁྱབ་པ་ཇི་བཞིན་ནོ། །ཞེས་པ་ནི་འདི་ལྟར་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་ཁྱབ་བྱེད་ཆེན་པོས་འཇག་མའི་སྲིན་བུ་ཡན་ཁྱབ་པའི་ཕྱིར་འཁོར་བའི་གནས་སྐབས་ནའང་རང་གི་ངོ་བོ་ཉིད་ལས་གཞན་དུ་གྱུར་པའམ། ཉམས་པ་དང་དམན་པར་གྱུར་པ་རྡུལ་ཙམ་ཡང་མེད་དེ་དངུལ་ཆུ་རྡུལ་ཁྲོད་དུ་ལྷུངས་ཀྱང་དེ་དང་མ་འདྲེས་པ་བཞིན་ནོ། །དེ་ལྟ་མོད་ཀྱིས་བདེ་གཤེགས་སྙིང་པོའི་རང་བཞིན་ནི་སྤྲོས་བྲལ་དུ་ཡོད་པས་རེ་ཞིག་འགྲོ་ཁམས་ལ་རྣམ་ཤེས་ཚོགས་ཀྱི་སྒྲིབ་བྱེད་དང་བཅས་པས་ཏིང་ངེ་འཛིན་གྱིས་སྦྱང་ནས་ཉམས་འོག་ཏུ་མ་ཆུད་བར་དུ་རྣམ་པར་རིག་པ་དང་བཅས་པའི་ཤེས་ངོ་ན་ཤིན་ཏུ་ལྐོག་ཏུ་གྱུར་པའོ། །འདི་ལྟར་སངས་རྒྱས་ཀྱི་རང་བཞིན་ནི་སངས་རྒྱས་ཁོ་ནས་མཁྱེན་གྱིས། གཞན་ཉན་རང་དང་། བྱང་ཆུབ་སེམས་དཔའ་ས་བཅུ་པས་ཀྱང་བསམ་བྱ་མ་ཡིན་ན། རྟོག་གེ་རིག་པ་ལ་མཐའ་གཅིག་ཏུ་གཞུངས་པས་སངས་རྒྱས་ཀྱི་བཞུགས་ཚུལ་ཤེས་པ་མ་ཡིན་ནོ། །དེ་ཡང་ལམ་གྱི་གནས་སྐབས་སུ་བློ་དག་པར་བྱེད་པ་རིགས་པ་དང་། རིགས་པ་དག་པར་བྱེད་པ་ལུང་ཡིན་ཞིང་། ལུང་དག་པར་བྱེད་པའང་ལུང་རྣམས་ལ་ལྟོས་པའོ། །དེ་ལྟར་ན་འཁོར་ལོ་ཐ་མ་ནི་འཁོར་གསུམ་ཡོངས་དག་གི་རང་བཞིན་དུ་གནས་པའི་ཕྱིར་འདི་ནི་སངས་རྒྱས་སོ། །འདི་ནི་དེའི་ཕྲིན་ལས་སོ། །སྙམ་པའང་གཉིས་སུ་སྣང་བའི་བློའི་གཟེབ་ལས་མ་ཐར་བའོ། །རྩ་བ། འདི་ལྟར་རྡོ་རྗེ་ལུས་ཀྱི་གནས་ལུགས་དང་། །གདོད་མ་གཞི་ཡི་བཞུགས་ཚུལ་ཤེས་བྱས་ནས། །གཏུམ་མོ་དང་ནི་སྒྱུ་ལུས་ཉིང་འཁྲུལ་ལམ། །འོད་གསལ་བར་དོ་འཕོ་བ་རྣམ་པ་དྲུག །སྐྱེས་བུའི་རྩོལ་བས་འགྲུབ་ཀྱིས་གཞན་རྐྱེན་ལ། །རག་མ་ལུས་ཕྱིར་རང་ལུས་ཐབས་ཀྱི་ལམ། །ཞེས་པ་ནི་དེ་ལ་རྡོ་རྗེའི་ལུས་ཀྱི་གནས་ལུགས་ཐེག་དམན་ལྟར་མི་གཙང་བའི་རྫས་སོ་གཉིས་སོགས་སུ་བལྟ་བ་མ་ཡིན་ཏེ། གཟུགས་ཕུང་རྣམ་སྣང་སོགས་སུ་ཤེས་པ་དང་། གདོད་མ་གཞིའི་བཞུགས་ཚུལ་ཀྱང་ཡོད་མེད་ཡིན་མིན་ལ་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཤེས་པར་བྱས་ནས་ལམ་གྱི་རྩ་བ་གཏུམ་མོ་དང་། གཞི་མ་སྒྱུ་ལུས། དྲོད་ཚད་རྨི་ལམ། སྙིང་པོ་འོད་གསལ། བསུན་མ་བར་དོ། བློ་ཆོད་འཕོ་བ་དང་དྲུག་པོ་ནི་རང་གིས་རྩོལ་བའི་མཐུས་བསྒྲུབ་པ་ཁོ་ན་ལས་གཞན་རྐྱེན་ལ་རག་མ་ལུས་པས་རང་ལུས་ཐབས་ལྡན་ཞེས་བྱའོ། །དེ་ལྟར་དམིགས་བཅས་ཀྱི་རྫོགས་རིམ་དྲུག་པོ་རྒྱས་འགྲེལ་གྱི་གཞུང་དུ་གསལ་བ་དང་ཕྱག་ཆེན་ཆོས་དྲུག་སོགས་ལས་ཤེས་པར་བྱའོ། །རྩ་བ། རྩ་ཐིག་རླུང་ལ་གནད་དུ་སོང་ནས་སླར། །བདེ་སྟོང་ལམ་དུ་བྱེད་པ་གཞན་ལུས་ཏེ། །ཀུན་ཀྱང་ལམ་དུ་འགྲོ་བ་ཐབས་ཀྱི་ལམ། །ཞེས་པ་ནི་དེ་ལ་གོང་དུ་བསྟན་པའི་ཆོས་དྲུག་པོ་དེ་རིག་མ་ལ་མ་བརྟེན་ཀྱང་རང་ལུས་ལ་གནད་དུ་བསྣུན་ནས་སྦྱང་དུ་རུང་བས་ན་རང་ལུས་ཐབས་ལྡན་དང་། དབང་རྣོན་ནི་ལམ་གྱི་བོགས་འབྱིན་དུ་རིག་མར་སྦྱོར་དགོས་པར་གསུངས་པའང་སྲོག་རྩོལ་གྱི་རླུང་ལ་དབང་ཐོབ་ཅིང་འཕོ་མེད་ལ་གདེངས་སུ་གྱུར་པ་དག་གཞན་ལུས་ལ་བརྟེན་པའི་སྐབས་ཡིན་པས་བདེ་སྟོང་གི་རྣལ་འབྱོར་ལམ་དུ་བྱེད་པ་སྒྱུ་འཕྲུལ་མེ་ལོང་སོགས་ལས་གསུངས་བཞིན་རིག་མ་བརྟགས་འགུགས་བསྟེན་ཚུལ་སོགས་རྒྱས་འགྲེལ་གྱིས་ཤེས་དགོས་སོ། །དེ་ལྟར་སྣང་བཅས་ཀྱི་རྫོགས་རིམ་སྤྱི་དང་ཕྱི་རྐྱེན་གཞན་ལུས་བསྟེན་པ་ལ་ཐབས་ལམ་དུ་གྲགས་པ་ལ་སྡེ་སྣོད་རིན་པོ་ཆེ་གསུམ་ཀ་ན་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་བསྟན་པ་བུད་མེད་ཀྱང་འདིར་སྟོང་ཉིད་ཀྱི་འབྱུང་གནས་རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་མའི་རང་བཞིན་དུ་བལྟས་ནས་ཐབས་མཁས་ཀྱི་ཆོ་གས་ལམ་དུ་བྱས་པའོ། །དེ་བས་ན་ཉེ་རྒྱུ་དེ་ལ་བརྟེན་ནས་རང་རྒྱུད་ལྡན་གྱི་གང་ཟག །འཕགས་པར་སྐད་ཅིག་ལ་བཏང་ནས་བར་ཆད་མེད་ལམ་གཅིག་ཅར་དུ་སྐྱེ་བས་ན་ཐབས་ཀྱི་ལམ་ཞེས་བྱ་བའོ། །རྩ་བ། གཉིས་པ་སྣང་ལ་མེད་པའི་རྫོགས་རིམ་ནས། །རྣམ་པར་གྱུར་པའི་བསྐྱེད་རྫོགས་གང་ཡིན་ཡང་། །དག་པའི་སྣོད་བཅུད་བརྟན་གཡོར་སྣང་བ་ཀུན། །འོད་དུ་ཞུ་ནས་སྙིང་གའི་ས་བོན་ནམ། །ཐིག་ལེར་ཐིམ་པ་དེ་ཡང་མས་རིམ་ནི། །སྟོང་པར་གྱུར་པ་ནམ་མཁའི་ངོ་བོ་ཉིད། །ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ཉིད་ལ་བཞག །བསྐྱེད་རིམ་གྱིས་ནི་སྣང་བའི་བདེན་ཞེན་འགོག །རྫོགས་རིམ་གྱིས་ནི་སྒྱུ་མའི་ཞེན་རྟོག་སྤོང་། །བདེ་གསལ་མི་རྟོག་ལྷན་སྐྱེས་ཡེ་ཤེས་འཆར། །ཟབ་པའི་རྫོགས་རིམ་བླ་ན་མེད་པ་རྣམས། །བླ་མེད་རྒྱུད་ལས་འོག་མར་གསུངས་པ་མེད། །དབང་རྣོན་ཚེ་གཅིག་རྡོ་རྗེ་འཆང་འགྲོ་བའི། །ཉེ་ལམ་སྦས་པ་ཤིན་ཏུ་ཟབ་མོ་ཡིན། །ཞེས་པ་ནི་དེའང་སྣང་བཅས་རྫོགས་རིམ་ནི་གོང་དུ་བཤད་མ་ཐག་པ་ལྟར་ཡིན་ཞིང་། གཉིས་པ་སྣང་བ་མེད་པའི་རྫོགས་རིམ་ནི་གཟུགས་ལ་སོགས་པའི་རྣམ་པར་གྱུར་པའི་ལྷ་བསྐྱེད་པའི་རིམ་པ་དང་རྫོགས་ཞེས་པ་ཆོས་དྲུག་གང་ཡིན་ཡང་དག་པ་གཞན་དབང་ལྷའི་སྣོད་བཅུད་བརྟན་པ་གཞལ་ཡས་ཁང་དང་གཡོ་བ་ཚོགས་དྲུག་གི་ཡུལ་དུ་སྣང་བ་ཀུན་ཀྱང་འོད་དུ་ཞུ་ནས་སྙིང་གའི་ས་བོན་ནམ་ཐིག་ལེར་ཐིམ་པ་དེ་ཡང་མས་ནས་རིམ་བཞིན་ཡལ་ནས་སྤྲིན་ནམ་འཇའ་ཚོན་ཡལ་བའི་ཤུལ་ལྟར་སྟོང་པར་གྱུར་པ་ནི་ནམ་མཁའ་ལ་ངོ་བོ་ཉིད་མེད་པ་དང་དོན་མཐུན་དུ་གསུངས་པ་དེ་ཡང་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་འགྱུར་བ་མེད་པ་ལ་བཞག་པའོ། །དེ་ལྟ་བུའི་བསྐྱེད་རིམ་གྱིས་ནི་སྣང་བའི་བདེན་པར་ཞེན་པ་འགོག་ཅིང་རྫོགས་རིམ་གྱིས་ནི་བསྐྱེད་རིམ་སྒྱུ་མ་ལྟར་བཟུང་བའི་ཞེན་རྟོག་ཀྱང་སྤོང་ནུས་པའོ། །དེ་ལྟར་སྤངས་པས་བདེ་གསལ་མི་རྟོག་ལྷན་སྐྱེས་ཡེ་ཤེས་རྣམ་པར་མི་རྟོག་པའི་ཆོས་ཉིད་མངོན་དུ་འཆར་ཞིང་ཟབ་པའམ་ཟབ་མོའི་རྫོགས་རིམ་སྟོང་རྐྱང་མ་ཡིན་པའི་བདེ་སྟོང་བླ་ན་མེད་པ་རྣམས་མངོན་དུ་བྱེད་པའི་ཚུལ་བླ་ན་མེད་པ་དག་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་རྣམས་ལས་གསུངས་པ་ལས་ཕྱི་རྒྱུད་སྟེ་གསུམ་སོགས་འོག་མར་གསུངས་པ་མེད་ཅེས་པའོ། །དབང་པོ་ཐ་འབྲིང་རབ་ཡང་རབ་སོགས་ལས་དབང་རྣོན་ཚེ་གཅིག་རྡོ་རྗེ་འཆང་གི་ལམ་དུ་འགྲོ་བའི་ཉེ་ལམ་སྦས་པ་གཞན་ལ་མ་གྲགས་པའི་མྱུར་ལམ་ཤིན་ཏུ་ཟབ་མོ་ཡིན་ཞེས་པའོ། །དེ་ལ་ཁ་དང་ལག་པའི་རྣམ་པར་ཤར་བའི་རིམ་གཉིས་དམིགས་པ་ཅན་ནི་མཐར་བསམ་གྱིས་མི་ཁྱབ་པའི་རྫོགས་རིམ་ལ་བསྡུ་དགོས་ཚུལ་ཡང་བསྐྱེད་རིམ་སྐབས་ཀྱི་དག་པའི་སྣོད་བཅུད་འོད་དུ་ཞུ་ནས་སྙིང་ཁའི་ས་བོན་ལ་ཐིམ། དེ་ཡང་ནཱ་དའི་བར་དུ་བསྡུས་བཞིན་རྫོགས་རིམ་གྱི་ལྷན་སྐྱེས་བདེ་བ་ཆེན་པོའི་ལྷ་སྐུ་ཡང་དམིགས་བཅས་ཡིན་པས་ནམ་མཁའ་འཇའ་ཚོན་དེངས་པ་བཞིན་བསམ་གྱིས་མི་ཁྱབ་པའི་ངང་ལ་བཞག་པའོ། །དེའང་ནཱ་ད་ཞེས་པ་ཤིན་ཏུ་ཕྲ་བའི་རླུང་ཁམས་གསུམ་པའི་བདག་ཉིད་ཅན་སངས་མ་རྒྱས་བར་དུ་གཞོམ་དུ་མེད་པ་རྣམ་བཅས་ལ་བརྟེན་ནས་དངོས་སུ་འཇུག་པའི་ཕྱི་ལོག་པ་ཉིད་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཡིན་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ཐུགས་ནི་སྤྲོས་བྲལ་ཡིན་པས་དེ་ཉིད་ལ་གོམས་པར་བྱེད་པའི་སྐབས་ན་ཕ་རྒྱུད་པ་ལ་ལ་བཞིན་རླུང་གི་ཐབས་ལས་སྐྱེས་པའི་ཤེས་པ་གསལ་བ་ཙམ་དང་མ་རྒྱུད་པ་ཁ་ཅིག་ལྟར་ཞུ་བའི་ཐིག་ལེ་ལས་སྐྱེས་པའི་བདེ་གསལ་ཙམ་དོན་དམ་པའི་བསྒྲུབ་བྱར་འདོད་ནས་ཐབས་ལས་བྱུང་བའི་དཔེའི་ལྟ་བ་ཁོ་ན་ལ་མཆོག་འཛིན་བྱེད་པ་ནི་གཤིས་ཀྱི་བཞུགས་ཚུལ་གཏན་མ་རྟོགས་པའོ། །འདི་ལྟར་ཐབས་ལས་བྱུང་བའི་བདེ་བ་ནི་འདུས་བྱས་ཡིན་ཕྱིར་དོན་དམ་པར་མི་རུང་ངོ་། །དེའང་སྔགས་ཕྱི་པ་གསུམ་ལས་བསྐྱེད་རིམ་ཙམ་པོ་བ་སྒྱུ་མ་ལྟ་བུ་དང་རྒྱས་གདབ། དྲན་པ་ཉེར་བཞག་བཞི་བསྒོམ་པ་དང་། ཐུན་རྗེས་བསྡུ་བ་ཙམ་ལས། ཟབ་པའི་རིམ་པ་རྣམས་མེད་དོ། །རྩ་བ། གསུམ་པ་མཐུན་པའི་གྲོགས་གྱུར་དམ་ཚིག་ནི། །སྔགས་ལ་ཞུགས་པའི་བརྟུལ་ཞུགས་མི་ཉམས་བསྲུང་། །ཐབས་དང་གཉེན་པོའི་རྟེན་འབྲེལ་མ་འཆོལ་བ། །རྨ་བྱའི་མགྲིན་པར་བཙན་དུག་ཞུགས་ལྟར་སྤྱད། །ཅེས་པ་ནི་དེའང་གསང་སྔགས་ཀྱི་སྨིན་གྲོལ་གཉིས་དང་མཐུན་པའི་གྲོགས་སུ་གྱུར་པའི་དམ་ཚིག་ནི། གསང་བ་སྔགས་ཀྱི་སྒོར་ཞུགས་ཕྱིན་དེའི་མི་མཐུན་པའི་ཕྱོགས་མཐའ་དག་སྤང་ཞིང་མཐུན་པའི་སྤྱོད་པའམ་བརྟུལ་ཞུགས་མི་ཉམས་པར་བསྲུང་བ་གང་ཞིག་གསར་རྙིང་གི་སྔགས་གཞུང་རྣམས་ན་གསལ་བའི་ཐབས་མང་དཀའ་བ་མེད་པའི་ཆོས་སྣ་ཚོགས་དང་། དེའི་སྔོན་དུ་སྤང་བྱ་དུག་ལྔ་སོགས་རེ་ཞིག་གཉེན་པོས་རྟེན་ཅིང་འབྲེལ་བྱུང་མ་འཆོལ་བས་རང་རྒྱུད་དུ་མ་ཤོར་བའི་ཐབས་ལ་མ་རྨོངས་པ་རྣམས་ནི་གོམས་པ་སྟོབས་སུ་གྱུར་ཚེ་དུག་ལྔ་སོགས་ལ་སྤྱོད་ཚེ་དཔེར་ན་རྨ་བྱའི་མགྲིན་པར་བཙན་དུག་ཞུགས་ཀྱང་དེ་ཉིད་དེའི་འཚོ་བའི་ཟས་མཆོག་ཏུ་གྱུར་ནས་ཁ་དོག་བཀྲག་མདངས་སོགས་མཛེས་པའི་བྱེད་པོར་གྱུར་ལྟར་སྤྱད་པར་བྱའོ། །ཞེས་འགྲེལ་ལོ། །རྩ་བ། དེ་ལ་དམ་ཚིག་དང་ནི་སྡོམ་པའི་ཁྱད། །དམ་ཚིག་འདའ་བར་བྱ་བ་མ་ཡིན་ལ། །སྡོམ་པ་བྱ་དང་མི་བྱའི་ངེས་པ་སྟེ། །ངོ་བོ་གཅིག་ལ་ལྡོག་ཆས་དབྱེ་བའོ། །དེའང་སྔགས་སྡོམ་ཡིན་ན་དམ་ཚིག་འདྲེས། །དམ་ཚིག་ཡིན་ན་སྡོམ་པ་འདྲེས་མི་འགྱུར། །ཞེས་པ་ནི་དེ་ལ་དམ་ཚིག་དང་སྡོམ་པའི་ཁྱད་པར་ནི་སྨོན་འཇུག་གཏོང་བ་སོགས་འདའ་བར་མི་རུང་བའི་ཆ་ཐམས་ཅད་དམ་ཚིག་དང་། གནང་བཀག་ལ་དཔྱད་ནས་འཇུག་ལྡོག་གཉིས་སུ་བྱེད་དགོས་མཐའ་དག་སྡོམ་པར་བཞག་པའོ། །དེའང་ངོ་བོ་གཅིག་སྟེ་སེམས་ཀྱི་སྟེང་ན་གཉིས་སུ་གྲུབ་པའི་གནས་མེད་ཀྱང་བློས་དམ་སྡོམ་གཉིས་ལྡོག་ཆས་དབྱེ་བའོ། །རྩ་བ། ཀུན་གྱི་སྤྱི་དོན་སྔགས་སྡོམ་མ་ཐོབ་དང་། །སྨྱོ་བ་ལ་སོགས་འདུ་ཤེས་རང་བཞིན་དུ། །མི་གནས་པ་ལ་ལྟུང་དང་དངོས་གྲུབ་མེད། །སྔགས་སྡོམ་ལྡན་ཞིང་མ་ཉམས་མ་བཏང་ལ། །ཤེས་པ་རང་བཞིན་རྣལ་དུ་གནས་པ་དེ། །ལྟུང་བ་དང་ནི་དངོས་གྲུབ་གཉིས་ཀའི་སྣོད། །ཅེས་པ་ནི་འདི་ལྟར་རྟེན་གྱི་གང་ཟག་སྡོམ་པས་མ་བསྡམས་པ་རྣམས་ལ་ནི་རང་བཞིན་གྱི་ཉམས་པ་ལས་བཅས་འགལ་གྱི་ཆ་ནས་དངོས་གྲུབ་དང་ཉམས་པ་གཉིས་ཀ་མེད་ལ། སྔགས་གསར་རྙིང་ཀུན་གྱི་སྤྱི་དོན་དུ་སྔགས་སྡོམ་མ་ཐོབ་པ་རྣམས་དང་ཐོབ་ཀྱང་སྨྱོ་བ་དང་ཆང་དབང་ལ་སོགས་ཀྱིས་འདུ་ཤེས་རང་བཞིན་དུ་མི་གནས་པ་རྣམས་ལ་ལྟུང་བ་དང་དངོས་གྲུབ་གཉིས་ཀ་མེད་ཅིང་། དབང་བཞི་ཚུལ་བཞིན་དུ་ཐོབ་ཚེ་སྔགས་སྡོམ་ཐོབ་པ་ཡིན་ལ། ཐོབ་པ་དེ་ཉིད་ཇི་བཞིན་དུ་ལྡན་ཞིང་མ་ཉམས་པ་དང་བློས་མ་བཏང་བ་རྣམས་ལ། ཤེས་པ་རང་བཞིན་རྣལ་དུ་གནས་ཤིང་སྐྱོན་གྱིས་མ་བསླད་པ་དེ་ནི་ཉམས་པའི་ལྟུང་བ་དང་བསྲུངས་བའི་དངོས་གྲུབ་གཉིས་ཀའི་སྣོད་དུ་འགྱུར་ཞེས་པའོ། །རྩ་བ། བྱང་ཆུབ་སེམས་ལས་གཞན་པའི་རྩ་ལྟུང་ལ། །ཀུན་དཀྲིས་ཞེས་བྱ་ད་དུང་བྱ་བ་དེ། །བྱེད་འདོད་མ་ལོག་དེ་ལ་འགྱོད་པ་མེད། །རང་ངོར་ལྟོས་པའི་ངོ་ཚ་ཤེས་པ་དང་། །གཞན་ངོར་ལྟོས་པའི་ཁྲེལ་ཡོད་མེད་པ་སྟེ། །ཆོས་གསུམ་ཚང་བའི་ཀུན་སློང་བྱ་བའི་མཐར། །གཏུགས་པ་དེ་སྲིད་རྒྱུན་ཆགས་ཡོད་གྱུར་ན། །ཀུན་དཀྲིས་ཚང་བའི་ཕམ་པར་གྱུར་པ་ཡིན། །དུས་ཀྱི་བར་ཆད་རྒྱུན་ཆགས་མེད་པའམ། །ཆོས་གསུམ་གང་ལས་ཅིག་ཤོས་མ་ཚང་ན། །བྱ་བའི་ཡན་ལག་མ་ཚང་སྦོམ་པོར་འགྱུར། །ཞེས་པ་ནི་དེ་ལ་བྱང་སེམས་ཀྱི་རྩ་ལྟུང་དེའི་སྡེ་སྣོད་དུ་གཏན་ལ་ཕབ་ཟིན་བཞིན་དང་། འདིར་སྔགས་ཀྱི་ལྟུང་བའི་ཡན་ལག་ཏུ་སྦྱོར་ཚུལ་ནི་ལྔ་པ་བྱང་ཆུབ་ཀྱི་སེམས་སྤོང་བ་ཀུན་དཀྲིས་ལ་མི་ལྟོས་ཤིང་དེ་མ་ཡིན་པའི་བཅུ་གསུམ་པོ་གང་ཡིན་ཀྱང་ཉེས་སྤྱོད་དེ་དང་དེ་བྱེད་ཅིང་དེ་ལས་ལྡོག་མི་འདོད་པ་དང་། དེའི་ཉེས་དམིགས་ལ་འགྱོད་པ། རང་ངོར་ལྟོས་པའི་ངོ་ཚ་དང་གཞན་ངོར་ལྟོས་པའི་ཁྲེལ་ཡོད་མེད་པ། དེའི་སྟེང་དུ་ཉེས་སྤྱོད་གང་ཡིན་ལ་དགའ་ཞིང་མགུ་བ་སྟེ་ཆོས་བཞིར་དབྱེ་བའང་ཡོད་པའི་ཀུན་སློང་བྱ་བའི་མཐར་གཏུགས་པ་དེའི་སྲིད་དུ་རྒྱུན་ཆགས་སུ་ཡོད་པར་གྱུར་ན་ཀུན་དཀྲིས་ཚང་བའི་ཕམ་པ་ཞེས་ཤིན་ཏུ་ལྕི་བ་ཡིན་ཞིང་དུས་ཀྱི་བར་ཞེས་ཉེས་སྤྱོད་གང་ཡིན་དེ་མཐར་མ་ཐུག་གོང་དུ་དེ་ལ་འགྱོད་པ་སྐྱེ་བའམ། རང་ངོར་ལྟོས་པའི་ངོ་ཚ་གཞན་ངོར་ལྟོས་པའི་ཁྲེལ་ཡོད་གསུམ་གང་རུང་སྐྱེས་ནས་ཉེས་སྤྱོད་བཤོལ་ན་ཉེས་པའི་བྱ་བའི་ཡན་ལག་མ་ཚང་བས་སྦོམ་པོར་འགྱུར་བའོ། །འདི་ལྟར་སྔགས་ཀྱི་རྩ་ལྟུང་ནི་གྲངས་མང་ལ་འབྱུང་ཉེ་བས་བསྲུང་དཀའོ་སྙམ་པ་སྤངས་ནས་བཤགས་སྡོམ་དང་འགྲོགས་པ་གལ་ཆེའོ། །རྩ་བ། དེ་ཡིས་ཤེས་བྱའི་རྩ་བ་ཡན་ལག་ཀུན། །ཡིད་ཀྱིས་མི་སྤོང་ལུས་ཀྱིས་དོར་མི་བྱ། །ཉིན་དང་མཚན་མོ་ཆ་དྲུག་བགོས་པ་ལ། །ཆ་རེའི་ནང་དུ་རྩ་ལྟུང་བཅུ་བཞི་པོའི། །ཉེས་པ་བྱུང་ངམ་མ་བྱུང་སྔོ་བགྲང་བྱ། །གོས་ན་འགྱོད་པ་བསྐྱེད་ཅིང་ཕྱིར་འཆོས་སེམས། །གོས་པ་མེད་ན་དགའ་བ་སྒོམ་ཞིང་བསྔོ། །སྔོན་ཆད་གོས་སམ་མ་གོས་གང་ཡིན་ཀྱང་། །ཕྱིན་ཆད་སྲོག་ལ་བབ་ཀྱང་ཉེས་བྱས་ཀྱི། །གོས་པར་མི་བྱའི་སྡོམ་སེམས་ཤིན་ཏུ་བསྟེན། །གང་ཚེ་ཆ་དྲུག་གང་ཡང་རུང་བའི་ནང་། །སྔོ་བགྲང་བྱེད་པའི་འདུ་ཤེས་རྨོངས་གྱུར་ན། །ཁ་ན་མ་ཐོ་སྦོམ་པོ་ཞེས་པ་འབྱུང་། །དྲུག་ཀ་འདས་ན་སྦོམ་པོ་དྲུག་ཏུ་འགྱུར། །ཞག་དེའི་ཁོང་དུ་ཕྱིར་བཅོས་མ་གྲུབ་ན། །ཕྱི་མའི་སྐྱ་རེངས་དང་པོ་འཆར་བ་དང་། །སྦོམ་པོ་བཅུ་གཉིས་དག་ཏུ་འགྱུར་བར་བཤད། །ཡན་ལག་དམ་ཚིག་ལ་ཡང་དེ་ཡིས་འགྲེ། །ཞེས་པ་ནི་དེའི་ཤེས་པར་བྱ་དགོས་པའི་རྩ་བ་དང་ཡན་ལག་གི་དམ་སྡོམ་རྣམས་ཡིད་ཀྱིས་མི་སྤང་། །ལུས་ཀྱིས་མི་དོར་བར་བྱ་སྟེ། དེ་ལྟར་མི་ཤེས་པ་ནི་ལྟུང་བའི་སྒོ་ཡིན་པས་དུས་དང་རྣམ་པ་ཐམས་ཅད་དུ་དྲན་པ་ཉེ་བར་བཞག་པའི་སེམས་ཀྱིས་བལྟ་ཞིང་། དེ་ཡང་ལུས་དང་འབྲེལ་བའི་ཉེས་བྱས་ཚར་བ་དང་ལྟུང་བར་འགྱུར་ཞིང་། ངག་གི་ཡང་ཕ་རོལ་པོའི་གོ་བ་དང་ལྟུང་བར་འགྱུར་བ་དང་། ཡིད་ཀྱི་ཉེས་བྱས་ནི་ཐུན་མཚམས་སོ་སོའི་ནང་དུ་གཉེན་པོས་མ་སླེབས་ན་རྩ་ལྟུང་དུ་འགྱུར་རོ། །སྤྱིར་ལུས་ངག་གི་གྲོགས་སུ་ཡིད་འགྲོ་བའི་ཕྱིར་ཞག་གཅིག་ལ་ཉིན་མཚན་ཆ་དྲུག་བགོས་པ་ལ། ཆ་རེའི་ནང་དུ་རྩ་ལྟུང་བཅུ་བཞི་པོའི་བཤགས་ཚིག་འདོན་པ་དང་སྦྲགས་ཏེ་ཉེས་པ་བྱུང་ངམ་མ་བྱུང་ཧ་ཀྱང་ཙམ་མ་ཡིན་པར་ཞིབ་ཏུ་སྔོ་བགྲང་སྟེ་འདི་དང་འདི་ཞེས་བརྩི་བྱ་ཞིང་། ཉེས་ལྟུང་གིས་གོས་ན་འགྱོད་པ་བསྐྱེད་ཅིང་ཕྱིར་བཅོས་ཀྱི་ཐབས་ལ་བརྩོན་པ་དང་གོས་པ་མེད་ན་དགའ་བ་བསྒོམ་ཞིང་དེའི་དགེ་རྩ་འགྲོ་ལ་བསྔོ་ཞིང་སྔོན་ཆད་གོས་སམ་མ་གོས་པ་གང་ཡིན་ཀྱང་རུང་སྟེ། ད་ཕྱིན་ཆད་སྲོག་ལ་བབས་ཀྱང་ཉེས་བྱས་ཕྲ་རགས་གང་གིས་ཀྱང་གོས་པར་མི་བྱ་བའི་སྡོམ་སེམས་ཤིན་ཏུ་བརྟན་པོ་བསྟེན་པར་བྱ་དགོས་སོ། །གང་གི་ཚེ་ཞག་གཅིག་གི་ཉིན་མཚན་ཆ་དྲུག་ཏུ་བགོས་པ་གང་ཡང་རུང་བའི་ནང་དུ་ཉེས་ལྟུང་གིས་གོས་མིན་གྱི་སྔོ་བགྲང་བྱེད་པའི་འདུ་ཤེས་རྨོངས་ནས་ཤོལ་འགྱངས་སུ་གྱུར་ན་ཁ་ན་མ་ཐོ་བ་སྟེ་ཉེས་བྱས་སྦོམ་པོ་ཞེས་པ་དེ་འབྱུང་བ་ཡིན་ལ། ཞག་གཅིག་དེའི་ཉིན་མཚན་ཆ་དྲུག་ཀ་འདུས་པར་གྱུར་ན་སྦོམ་པོ་དྲུག་ཏུ་འགྱུར་བའི་སྐྱོན་ཡོད་ཕྱིར་ཞག་དེའི་ཁོང་དུ་ཕྱིར་བཅོས་ཀྱི་ཆོ་ག་མ་གྲུབ་ན་ཞག་དེའི་ཕྱི་མའི་སྐྱ་རེངས་དང་པོ་འཆར་བ་དང་ལྟུང་བ་དེ་ཉིད་ཆེར་འཕེལ་ནས་སྦོམ་པོ་བཅུ་གཉིས་དག་ཏུ་འགྱུར་བར་བཤད་ཅིང་ཡན་ལག་གི་དམ་ཚིག་རྣམས་ལ་ཡང་དེའི་འགྲེས་ཀྱིས་ཤེས་པར་བྱའོ། །རྩ་བ། ཐོག་མར་བླ་མེད་སྤྱི་ལ་གཅེས་པའི་ཆིངས། །རྩ་ལྟུང་བཅུ་བཞིའི་རབ་དབྱེ་འདི་ལྟར་བརྟག །དང་པོ་དབང་ཐོབ་སློབ་དཔོན་སྨོས་ཅི་དགོས། །སྔགས་རྒྱུད་ཚིགས་བཅད་གཅིག་པ་ཡན་ཆད་བཀྲལ། །ལམ་གྱི་མན་ངག་ཟབ་མོ་སྟོན་གསུམ་ལ། །ཆོས་ཀྱི་འབྲེལ་བའི་བསྙེན་བཀུར་ཁུར་བོར་བརྙས། །དེ་ལ་སྔགས་ཀྱི་དངོས་གྲུབ་ཡོད་མ་ཡིན། །ཞེས་པ་ནི་ཐོག་མར་བླ་མེད་སྔགས་གསར་རྙིང་སྤྱི་ལ་གཅེས་པའི་ཆིངས་ཆེན་པོ་རྩ་བའི་ལྟུང་བ་བཅུ་བཞིའི་རབ་ཏུ་དབྱེ་བ་འདི་ལྟར་བརྟག་པར་བྱ་སྟེ། བཅུ་བཞི་པོའི་རྩ་ལྟུང་དང་པོ་སྨིན་བྱེད་དབང་བཞི་ཐོབ་པའི་སློབ་དཔོན་སྨོས་ཅི་དགོས་སྔགས་ཀྱི་རྒྱུད་ཚིགས་སུ་བཅད་པ་གཅིག་ཡན་ཆད་ཀྱི་དོན་བཀྲོལ་ནས་བཤད་པའམ། ལམ་བསྐྱེད་རྫོགས་གཉིས་ཀྱི་མན་ངག་ཟབ་མོ་སྟོན་པ་དང་གསུམ་པོ་གང་རུང་ལ་ཆོས་ཀྱི་འབྲེལ་བའི་དོན་གྱིས་བསྙེན་བཀུར་སོགས་ཀྱི་ཁུར་མི་བླངས་ཤིང་ཅི་དགར་བོར་ནས་བརྙས་པར་བྱས་ན་དེ་ཉིད་ལ་སྔགས་ཀྱི་དངོས་གྲུབ་ཡོད་པ་མ་ཡིན་ནོ། །རྩ་བ། གཉིས་པ་སྡོམ་པ་གསུམ་དང་བསླབ་པའི་གནས། །བདེ་བར་གཤེགས་པའི་གནང་བཀག་མཚམས་ལས་འདས། །དེ་བཞིན་མཚན་ཉིད་ལྡན་པའི་བླ་མ་ཡི། །ཡུལ་དུས་ལ་དགོངས་བཀའ་ལ་ཁྱད་བསད་ཡིན། །ཞེས་པ་ནི་གཉིས་པ་སོ་ཐར་བྱང་སེམས་སྔགས་སྡོམ་གསུམ་ཀ་དང་དེའི་བསླབ་གནས་རྣམས་ལ་སྟོན་པ་བདེ་བར་གཤེགས་པས་གནང་བ་དང་བཀག་པ་ངོ་མ་ཤེས་པའམ་ཁྱད་དུ་བསད་ནས་བསྲུང་མཚམས་ལས་འདས་པ་དང་། དེ་བཞིན་དུ་ཐོས་བསམ་སྒོམ་གསུམ་གྱིས་རང་རྒྱུད་བཏུལ་ཞིང་ལྟ་སྒོམ་སྤྱོད་གསུམ་ལ་ཡི་དམ་བྱེད་པ་དང་འཆད་སྤེལ་སོགས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་བརྩོན་པ་ནི་མཚན་ཉིད་ལྡན་པའི་བླ་མ་ཡིན་ཏེ། དེ་ཡིས་ཡུལ་དབང་པོའི་རིམ་པ་དང་དུས་སྐབས་སུ་བབ་མིན་ལ་དགོངས་ནས་སྤང་བླང་ཇི་བཞིན་ནམ་མ་ཡིན་གང་ཡང་རུང་སྟེ་བཀའ་གནང་བ་ལ་ཁྱད་གསོད་བྱས་པའོ། །རྩ་བ། གསུམ་པ་དབང་གྲལ་གཅིག་ཏུ་འདྲེས་པའི་མཆེད། །བསྐུར་ཞིང་བརྙས་བྱས་དམིགས་ཀྱིས་བསལ་ནའང་། །མཐའ་ཡས་སེམས་ཅན་བདེ་གཤེགས་སྙིང་པོའི་སྤུན། །ཡིན་ཕྱིར་རིང་དང་ཉེ་བའི་མཆེད་ལའང་མཚུངས། །ཞེས་པ་ནི་གསུམ་པ་ནི་གསང་བ་སྔགས་ཀྱི་དབང་གྲལ་གཅིག་ཏུ་འཚོགས་པ་ལ་འདྲེས་པའི་མཆེད་ཅེས་དེའང་ཕོ་མོའི་དབྱེ་བས་རྡོ་རྗེ་སྤུན་སྲིང་སུ་ལའང་སྐུར་བ་འདེབས་ཤིང་བརྙས་པ་བྱེད་པ་དམིགས་ཀྱིས་བསལ་ནའང་དེ་ཙམ་དུ་མ་ཟད་མཐའ་ཡས་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་སྤུན་ཡིན་པ་དང་། དེ་ལས་ཡང་རྒྱལ་བསྟན་ལ་ཞུགས་སོ་ཅོག་རིང་བའི་སྤུན་དང་ཁྱད་པར་སྔགས་ལ་ཞུགས་ཚད་ཉེ་བའི་མཆེད་ཡིན་ཕྱིར་ཉེས་ལྟུང་སྤང་དགོས་པ་ཀུན་ལ་མཚུངས་སོ། །རྩ་བ། བཞི་པ་སྦྱོར་བ་རྩུབ་པའི་སེམས་ཅན་ཞིག །མཐོང་བའི་ཆོས་ལ་ལས་ཀྱིས་མནར་གྱུར་པ། །དེ་ལ་དགའ་བ་བསྒོམས་ནས་བྱམས་པའི་སེམས། །གཏོང་བ་བྱང་ཆུབ་སེམས་དཔར་རབ་ལྕི་ན། །གཞན་བདེ་བྲལ་བར་འདོད་ལ་སྨོས་ཅི་དགོས། །ཞེས་པ་ནི་དེ་ལ་རྩ་ལྟུང་བཞི་པ་ནི་དེའང་བསམ་སྦྱོར་རྩུབ་པའི་སེམས་ཅན་བསྟན་འགྲོར་རྟག་ཏུ་གནོད་ཅིང་འཚེ་བ་ཅན་ཞིག་མཐོང་བའི་ཆོས་ལ་གསོད་པའམ་བརྡུང་བརྡེག་བྱེད་པ་མེར་བསྲེག་ཆུར་བསྐྱུར་བྱེད་པ་སོགས་རང་གིས་བྱས་པའི་ལས་ཀྱིས་མནར་བར་གྱུར་པ་མཐོང་བ་དག་ལ་དགའ་བ་བསྒོམས་ནས་བྱམས་པའི་སེམས་གཏོང་བ་བྱང་ཆུབ་སེམས་དཔའ་ལ་རབ་ཏུ་ལྕི་ན། གཞན་དག་བདེ་བ་དང་བྲལ་བར་འདོད་པ་རྣམས་ལ་ཉེས་པ་ཤིན་ཏུ་ལྕི་བ་སྨོས་ཅི་དགོས་མི་དགོས་སོ་ཞེས་པའོ། །རྩ་བ། ལྔ་པ་གཞན་དོན་གཉེར་བའི་བྱང་ཆུབ་སེམས། །སྤངས་པའི་མོད་ལ་སྨོན་སེམས་གཏོང་བའི་ཕྱིར། །ཀུན་དཀྲིས་ཚང་བའི་ཕམ་པར་གྱུར་པ་དང་། །གནང་བའི་སྐབས་བདུན་མིན་པར་ཁུ་བ་ཕྱུང་། །ཞེས་པ་ནི་འདི་ལྟར་འགྲོ་བའི་དོན་དུ་བྱང་ཆུབ་བསྒྲུབ་པར་བྱའོ་སྙམ་དུ་དམ་བཅས་པ་ནི་གཞན་དོན་གཉེར་བའི་བྱང་ཆུབ་ཀྱི་སེམས་ཡིན་པ་ལ་དེ་སྤངས་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་སྒྲུབ་པ་དཀའོ་སྙམ་པའི་སྨོན་སེམས་གཏོང་བའི་ཕྱིར་དང་། ཀུན་དཀྲིས་ཚང་བའི་ཕམ་པར་འགྱུར་བའོ། །གསང་དབང་དང་ཤེར་དབང་རོ་མཉམ་པར་ལྷ་མཆོད་པ་དང་། རིགས་རྒྱུད་སྤེལ་དོན་དང་རིལ་བུ་དང་འཆི་ལྟས་བརྟག་པའི་དུས་རྣམས་སུ་གནང་བའི་སྐབས་བདུན་ཡིན་པས་དབྱུང་དུ་རུང་ཞིང་དེ་མིན་པར་ནམ་ཡང་ཁུ་བ་ཕྱུང་བར་མི་བྱའོ། །རྩ་བ། དྲུག་པ་ཐེག་པ་གསུམ་ལྟོས་རྒྱལ་བའི་བཀའ། །དཔྱས་ཤིང་སྟོན་པས་མ་གསུངས་ཞེས་སྨྲ་དང་། །ལས་དང་དངོས་གྲུབ་རྒྱུར་རུང་བསྟན་བཅོས་གཞན། །རྗེས་གནང་བྱིན་རླབས་བཀའ་རུ་མ་བལྟས་བརྙས། །ཞེས་པ་ནི་དྲུག་པ་ཐེག་པ་གསུམ་ལྟོས་ཏེ་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་དང་། ཐེག་པ་ཆེན་པོ་སོགས་རྒྱལ་བའི་ཞལ་ནས་གསུངས་པའི་བཀའ་དང་བྱིན་གྱིས་བརླབས་པའི་བཀའ་རྗེས་སུ་གནང་བའི་བཀའ་རྣམས་ལ་དཔྱས་བཏབ་ཅིང་སྟོན་པས་མ་གསུངས་ཞེས་སྨྲ་བ་དང་། ཞི་རྒྱས་དབང་དྲག་གི་ལས་དང་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་རྒྱུར་རུང་བའི་བསྟན་བཅོས་གཞན་གང་ཡང་རུང་བ་དག་རྗེས་སུ་གནང་བ་དང་བྱིན་གྱིས་བརླབས་པའི་བཀར་མ་བལྟས་ནས་བརྙས་པ་བྱས་པའོ། །རྩ་བ། བདུན་པ་དབང་གི་ཆོ་ག་མ་བྱས་དང་། །མ་རྫོགས་ཉམས་དང་སྣོད་ངན་ཟབ་མོས་སྐྲག །འདུལ་བའི་དུས་སྐབས་གནས་ཀྱིས་བསྐལ་པ་ལ། །གསང་སྔགས་ཟབ་མོའི་དོན་དང་དགོངས་སྤྱོད་བསྒྲགས། །དམིགས་བསལ་ཡིན་གྱིས་རྗེས་གནང་བཟླས་ལུང་ཡང་། །གསང་སྒྲོག་ངོས་འཛིན་འདིར་ནི་སྣོད་ལ་བརྟག །ཅེས་པ་ནི་བདུན་པ་སྨིན་བྱེད་དབང་གི་ཆོ་གས་སྨིན་པར་མ་བྱས་པ་དང་། བུམ་དབང་ཙམ་བསྐུར་ཡང་མཆོག་དབང་གོང་མ་གསུམ་མ་རྫོགས་པ་དང་དབང་བཞི་ཀ་ཐོབ་ཀྱང་དམ་ཚིག་ཉམས་པ་སོར་མ་ཆུད་པ་དང་ཉན་རང་སོགས་སྣོད་ངན་དང་ཟབ་མོའི་ལྟ་སྤྱོད་ལ་སྐྲག་པ་སྐྱེ་བའི་སྐལ་དམན་དང་། དུས་ཀྱིས་བསྐལ་པ་སྟེ་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་སྟོན་མ་རན་པ་དང་། གནས་ཀྱིས་བསྐལ་པ་སྟེ་དགག་བྱ་དམིགས་བསལ་ཡོད་པ་རྣམས་ལ་གསང་སྔགས་ཟབ་མོའི་ཐུན་མོང་མ་ཡིན་པའི་དགོངས་སྤྱོད་བསྒྲགས་པ་རྣམས་དམིགས་བསལ་ཡིན་གྱིས་རྗེས་གནང་དང་བཟླས་ལུང་སོགས་ཀྱང་བུམ་དབང་མ་ཐོབ་པ་ལ་མི་རུང་དོན་གསང་སྒྲོག་ཏུ་འགྲོ། ངོས་འཛིན་ཡང་འདིར་ནི་སྣོད་བརྟག་སྟེ་བྱ་ཞེས་པའོ། །རྩ་བ། བརྒྱད་པ་གཟུགས་ཕུང་རྣམ་སྣང་ལ་སོགས་ལྔ། །དེ་བཞིན་སྐྱེ་མཆེད་ལྷ་སྐུར་མི་ཤེས་པ། །སྡུག་བསྔལ་བདེན་པར་བསྒྲུབ་པའི་རྟོག་གེའི་བློས། །བརྙས་དང་དཀའ་ཐུབ་མཐུ་ཡིས་ལྷག་པར་གདུང་། །ཞེས་པ་ནི་རྩ་ལྟུང་བརྒྱད་པ་ནི་གཟུགས་ཕུང་རྣམ་པར་སྣང་མཛད་སོགས་རྒྱལ་བ་རིགས་ལྔ་དང་། དེ་བཞིན་དུ་དབང་པོ་དང་ཡུལ་སོགས་སྐྱེ་མཆེད་རྣམས་སེམས་པ་སེམས་མ་སོགས་ལྷ་སྐུར་མི་ཤེས་པར་མ་ཟད། གཟུགས་ཕུང་སྡུག་བསྔལ་གྱི་བདེན་པར་བསྒྲུབས་ནས་དམན་པའི་རྟེན་ཙམ་དུ་བཟུང་ཞིང་རྟོག་གེའི་བློས་མི་གཙང་བའི་རྫས་སོ་གཉིས་སུ་འདུ་ཤེས་བསྒྱུར་ཞིང་བརྙས་པ་དང་དཀའ་ཐུབ་མཐུ་ཡིས་ལྷག་པར་གདུངས་བས་རྒུད་དུ་བཅུག་པའོ། །རྩ་བ། དགུ་པ་རང་བཞིན་དག་པའི་སྟོང་ཉིད་དོན། །སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཉིད་ལས་གཞན། །སེམས་ཅན་ཁམས་དང་འབྲེལ་བ་ལྡེམ་དགོངས་སུ། །ཐེ་ཚོམ་ཟོས་ནས་དཀྲི་བར་སྤངས་པའོ། །ཞེས་པ་ནི་དགུ་པ་ནི་རང་བཞིན་དག་པའི་སྟོང་པ་ཉིད་ཀྱི་དོན་སངས་རྒྱས་ཁོ་ནས་མཁྱེན་པའི་སྤྱོད་ཡུལ་ཉིད་ལས་གཞན་པའི་སེམས་ཅན་གྱི་ཁམས་དང་འབྲེལ་བར་ལྡེམ་དགོངས་སུ་གསུངས་པར་ཟད་དོ་སྙམས་ཤིང་ཐེ་ཚོམ་ཟོས་ནས་རང་གི་སེམས་ཉིད་སྟོང་པ་ཉིད་ལ་དཀྲི་བར་སྤངས་པའོ། །རྩ་བ། བཅུ་པ་དཀོན་མཆོག་གསུམ་དང་བླ་མ་དམོད། །བསྟན་པ་འཇིག་སོགས་དྲག་ཤུལ་ཆོ་ག་ཡིས། །མངོན་དུ་སྤྱོད་པའི་ཡུལ་ལ་སྲན་ཅིང་བཟོད། །འདྲིས་ཤིང་བཤེས་ནས་བྱམས་པར་བྱས་པའོ། །ཞེས་པ་ནི་བཅུ་པ་ནི་དཀོན་མཆོག་གསུམ་གྱི་དབུ་འཕང་སྨད་པ་དང་ཁྱད་པར་དུ་རང་ཉིད་ཀྱི་བླ་མ་ལ་སྨོད་བསྐུར་འདེབས་པ་དང་། རྒྱལ་བསྟན་རིན་པོ་ཆེ་འཇིག་པའི་ཐབས་ལ་བརྩོན་པ་སོགས་ལ་མཐུ་དང་དམོད་པའི་ལས་སྦྱོར་དང་དྲག་ཤུལ་གྱི་ཆོ་གས་མངོན་དུ་སྤྱོད་པ་ཞེས་ཚར་བཅད་པའི་ཐབས་ལ་མི་བརྩོན་ཞིང་། སྡང་ཡུལ་གྱིས་ལོག་སྦྱོར་ལ་སྲན་ཅིང་བཟོད་པ་ཙམ་དུ་མ་ཟད་འདྲིས་ཤིང་བཤེས་པར་བྱས་ནས་དགྲ་ཟླ་ལ་བྱམས་པར་བྱས་པའོ། །རྩ་བ། བཅུ་གཅིག་མིང་བྲལ་ཆོས་ལ་ཚད་མས་གཞལ། །ཆོས་ཀྱི་བདག་མེད་བློ་དང་རྫས་འགལ་བཞིན། །ཕུང་སོགས་སྟོང་པར་བལྟ་བ་མཆོག་འཛིན་བློས། །སྐྱེ་མེད་གྲུབ་མཐའ་རྟོག་པས་འཇལ་བའོ། །ཞེས་པ་ནི་བཅུ་གཅིག་པ་ནི་མིང་དང་བྲལ་བའི་ཆོས་ནི་སྤྲོས་བྲལ་དེ་བཞིན་ཉིད་དེ་དག་ལ་ཡོད་མེད་ཡིན་མིན་སོགས་ཀྱིས་ཚད་མས་གཞལ་བ་དང་། ཆོས་ཀྱི་བདག་མེད་ནི་བློ་དང་རྫས་འགལ་བ་བཞིན་ཡིན་མོད་ཀྱང་རྟོག་གེའི་བློས་ཕུང་ཁམས་སྐྱེ་མཆེད་སོགས་སྟོང་པར་བསྒྲུབས་པའི་ལྟ་བ་ལ་མཆོག་ཏུ་འཛིན་པའི་བློས་སྐྱེ་མེད་ཀྱི་གྲུབ་མཐའ་རྟོག་པས་འཇལ་བའོ། །རྩ་བ། བཅུ་གཉིས་སྔགས་ཀྱི་སྣོད་རུང་གདུལ་བྱའམ། །དད་གསུམ་ལྡན་ལ་དོན་གཉེར་ཆོས་མི་སྟོན། །ཀུན་སློང་ངན་པས་གཞན་སེམས་སུན་ཕྱུང་ནས། །འདུན་པ་ཕྱིན་ཅི་ལོག་ཏུ་ཀྱོག་པའོ། །ཞེས་པ་ནི་བཅུ་གཉིས་པ་ནི་སྔགས་ཀྱི་སྣོད་དུ་རུང་བའི་གདུལ་བྱ་སྟེ་བླ་མའི་མན་ངག་འཛིན་པར་དབང་བའམ། མིན་ཀྱང་རང་བཞིན་དུ་དང་བ་དང་འདུན་པ་དང་ཡིད་ཆེས་ཀྱི་དད་པ་གསུམ་དང་ལྡན་པ་དག་གིས་རང་སྐལ་དང་འཚམས་པའི་སྨིན་གྲོལ་སོགས་གདམས་པ་དོན་དུ་གཉེར་བ་ལ་ཆོས་མི་སྟོན་པ་ཙམ་དུ་མ་ཟད་དེ་ཉིད་དད་པའི་ལམ་ལས་འདུན་པ་ལྡོག་འདོད་ཀྱི་བསམ་པས་གཡོ་སྒྱུ་དང་ཆོས་མིན་ལ་འཇུག་པའི་ཆེད་དུ་བསམ་པ་ལོག་པར་བསྒྱུར་ཏེ་ལམ་མིན་ལ་སྦྱར་བ་ནི་ཀུན་སློང་ངན་པས་གཞན་སེམས་སུན་ཕྱུང་ནས་འདུན་པ་ཕྱིན་ཅི་ལོག་ཏུ་ཀྱོག་པའོ། །ཞེས་འགྲེལ་ལོ། །རྩ་བ། བཅུ་གསུམ་སྤྱད་བྱའི་དམ་རྫས་རང་རྒྱུད་དུ། །བལྟས་ནས་ལ་ལ་སྤོང་ཞིང་ལ་ལ་སྲེད། །སྔགས་ཀྱི་བརྟུལ་ཞུགས་ཇི་བཞིན་ཉམས་འོག་ཏུ། །མ་ཆུད་མཐའ་གཉིས་མལ་དུ་འཁྱམས་པའོ། །ཞེས་པ་ནི་བཅུ་གསུམ་པ་ནི་སྤྱད་བྱའི་དམ་རྫས་ཤ་ལྔ་བདུད་རྩི་ལྔ་དང་བྲོ་གར་གླུ་ཚིག་རིག་མ་སོགས་རང་རྒྱུད་དུ་བལྟས་ནས་ལ་ལ་རྩོག་པར་བཟུང་ཞིང་སྤོང་བ་དང་། ལ་ལ་ཆགས་སྲེད་ཀྱི་སྤྱོད་ཅིང་གསང་བ་སྔགས་ཀྱི་བརྟུལ་ཞུགས་ཇི་ལྟ་བ་བཞིན་དུ་ཉམས་འོག་ཏུ་མ་ཆུད་པར་སྤང་ལེན་གྱི་མཐའ་གཉིས་ཀྱི་མལ་དུ་འཁྱམས་ཞེས་པའོ། །རྩ་བ། བཅུ་བཞི་རྣལ་འབྱོར་མ་སོགས་འཇིག་རྟེན་འདས། །མ་མོ་མཁའ་འགྲོ་ལ་སོགས་སོ་མཚམས་འཛིན། །འབྱུང་བ་ལྔ་ཡི་ཁམས་ལ་རང་རྒྱུད་བལྟས། །དབང་གི་རྟེན་གྱུར་བུད་མེད་སྨོད་པའོ། །ཞེས་པ་ནི་བཅུ་བཞི་པ་ནི་རྣལ་འབྱོར་མ་ལ་སོགས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་འཇིག་རྟེན་ལས་འདས་པའི་རིགས་དང་། མ་མོ་དང་མཁའ་འགྲོ་མ་ལ་སོགས་ཏེ་འདས་མ་འདས་ཀྱི་སོ་མཚམས་འཛིན་པ་རྣམས་དང་འབྱུང་བ་ལྔ་ཡང་ས་ཆུ་སྤྱན་དང་མཱ་མ་ཀི་མེ་རླུང་གོས་དཀར་དམ་ཚིག་སྒྲོལ་སོགས་ཏེ་ཁམས་ལྔ་པོའི་རང་བཞིན་ནམ་དབྱིངས་ཉིད་རིགས་ལྔ་ཡུམ་ཆེན་ལྔའི་རང་བཞིན་ཡིན་ཀྱང་དེ་ལྟར་མ་ཤེས་ཏེ་རང་རྒྱུད་དུ་བལྟས་ནས་འབྱུང་ལྔ་ཐ་མལ་དུ་བཟུང་ཞིང་བརྙས་པར་གྱུར་པ་དང་། གསང་དབང་གི་རྟེན་དུ་གྱུར་པའི་བུད་མེད་ལ་སྨོད་པ་བྱས་པའོ། །གཞན་ཡང་བུད་མེད་ཀྱི་རིགས་གང་ལ་སྨོད་ཀྱང་ལྟུང་བར་འགྱུར་བའི་དོན་རྩོད་པའི་དུས་སུ་མི་རྣམས་བུད་མེད་ལ་རབ་ཏུ་ཞེན་པ་ཡིན་ན་དེ་རྣམས་འདུལ་ཕྱིར་བུད་མེད་དུ་སྤྲུལ་པའི་ལྷ་རྣམས་ཀྱི་སྒྱུ་འཕྲུལ་ཡིན་པའི་ཕྱིར་རོ། །དེ་ལྟར་རྩ་ལྟུང་བཅུ་བཞི་པོ་ནི་བསྲུངས་ན་ཕན་ཡོན་དང་ཉམས་ན་ཉེས་དམིགས་ཕར་ཕྱིན་ཐེག་པ་མན་གྱི་རྩ་བ་བཞི་ལས་ཀྱང་ཉེས་དམིགས་ཆེ་བར་བསྟན་ཏོ། །ཡན་ལག་གི་ལྟུང་བ་ནི། རྩ་བ། བཅུ་བཞིའི་ཡན་ལག་སྡོམ་པ་གཏོང་བྱེད་ཀྱི། །ཕམ་པ་མིན་ཡང་དངོས་གྲུབ་ཐོབ་པ་ལ། །གེགས་སུ་ཆེ་བའི་སྦོམ་པོ་བརྒྱད་ཡོད་དེ། །དབང་དང་དམ་ཚིག་སྡོམ་པས་མ་སྦྱངས་པའི། །ཐ་མལ་བུད་མེད་རིག་མར་བསྟེན་པ་དང་། །མཚན་ཉིད་འགལ་བའི་དྲན་པའི་ཁྲོན་པ་ནས། །ཆོ་ག་མ་ཡིན་བཞིན་པས་བདུད་རྩི་ལེན། །དབང་མ་ཐོབ་དང་ལྷག་པར་དད་མེད་ལ། །སྐུ་གཟུགས་གླེགས་བམ་ཕྱག་མཚན་ཕྱག་རྒྱ་སྟོན། །ཚོགས་ཀྱི་འཁོར་ལོའི་དུས་ན་འཐབ་རྩོད་དང་། །བབ་ཅོལ་ཀྱལ་ཀས་བརྟུལ་ཞུགས་ཐ་མལ་སྦྱར། །སྣོད་ལྡན་དམ་ཆོས་འདྲི་ལ་ཤེས་བཞིན་དུ། །དེ་ལས་འགལ་བའི་སྙོན་དོར་ལན་དུ་ལྡོན། །སྔགས་ཀྱི་ལྟ་སྤྱོད་བསྐུར་ཞིང་ཉམས་སད་པའི། །ཉན་ཐོས་ནང་དུ་ཞག་བདུན་ལོངས་པར་བསྡད། །སྔགས་རྒྱུད་དེ་ཉིད་ཆོ་ག་མི་ཤེས་བཞིན། །རྡོ་རྗེ་འཛིན་པར་ང་རྒྱལ་རྫུན་དང་འགྲོགས། །དབང་བསྐུར་ཐོབ་ཀྱང་སྔགས་ལ་མི་དད་པའི། །ཐེ་ཚོམ་ཅན་ལ་སླར་ཡང་གསང་བ་འཆད། །ཅེས་པ་ནི་དེའང་སྡོམ་པའི་རྩ་བ་བཅུ་བཞི་དེའི་ཡན་ལག་ལྟ་བུའི་སྡོམ་པ་གཏོང་བྱེད་ཀྱི་རྒྱུ་ཕམ་པ་མིན་ཡང་དངོས་གྲུབ་ཐོབ་པ་ལ་གེགས་སུ་ཆེ་བའི་སྦོམ་པོ་བརྒྱད་ཡོད་དེ་དེ་དག་ནི། རང་ཉིད་ལས་དབང་དང་དམ་ཚིག་དང་སྡོམ་པ་མ་ཐོབ་ཅིང་རྒྱུད་མ་སྦྱངས་པའི་ཐ་མལ་གྱི་བུད་མེད་དད་མེད་ལོག་ལྟ་ཅན་དམ་ཚིག་མེད་པ་རིག་མར་བསྟེན་པ་དང་། བུད་མེད་གང་ཞིག་མཚན་ཉིད་བཟང་པོ་དང་མི་ལྡན་པའམ་མཚན་ངན་ཡོན་ཏན་དང་འགལ་བའི་དྲན་པའི་ཁྲོན་པ་སྟེ་དེའི་བྷ་ག་ནས་བསྐྱེད་རྫོགས་དང་ལག་ལེན་མི་ལྡན་བཞིན་དུ་བདུད་རྩི་སྟེ་དེའི་རྡུལ་རང་སྟོབས་ཀྱིས་ལེན་པ་ལ་ཆོ་ག་མ་ཡིན་བཞིན་དུ་བདུད་རྩི་ལེན་ཞེས་པ་དང་། སྤྱིར་བུམ་དབང་ནས་བཟུང་གོང་མ་གསུམ་བཅས་མ་ཐོབ་པ་དང་ལྷག་པར་དད་པ་མེད་པ་དག་ལ་སྐུ་གཟུགས་དང་གླེགས་བམ་དང་ཕྱག་མཚན་ཕྱག་རྒྱ་རྣམས་མི་གསང་བར་སྟོན་པ་དང་། ཚོགས་ཀྱི་འཁོར་ལོའི་དུས་ན་ཆོས་དང་འཇིག་རྟེན་གང་ཐད་ནས་འཐབ་པ་དང་རྩོད་པ་དང་གལ་མ་མཆིས་ལྟའི་བབ་ཅོལ་ཀྱལ་ཀས་བརྟུལ་ཞུགས་ཏེ་རྩིང་སྤྱོད་སོགས་ཀྱི་ཐ་མལ་དུ་སྦྱར་བ། གསང་བ་སྔགས་ཀྱི་སྣོད་ལྡན་དམ་ཚིག་ཐུབ་ངེས་ཀྱིས་བསྐྱེད་རྫོགས་སོགས་གནད་ཁྲོལ་དཀའ་བ་དག་མ་ཤེས་ནས་སྙིང་ནས་དྲི་བ་ལ་རང་ཉིད་ཀྱིས་ཤེས་བཞིན་དུ་མི་ཤེས་པར་བརྫུས་ནས་གང་དྲིས་པ་དེ་ལས་འགལ་བའི་སྙོན་དོར་ཏེ་དྲི་བ་པོར་གཤེ་སྐུར་དང་འཕྱ་སྨོད་སོགས་མི་འོས་པའི་ལན་ལྡོན་པ། སྔགས་ཀྱི་ལྟ་སྤྱོད་ལ་མི་དད་ཅིང་སྒྲོ་སྐུར་འདེབས་ཤིང་ཉམས་སད་པའི་ཉན་ཐོས་དང་རང་རྒྱལ་གྱི་རིགས་ཅན་ནམ་ལམ་དེར་ཞུགས་པ་དག་གི་ནང་དུ་ཞག་བདུན་དུ་ལོངས་པར་བསྡད་པ། སྔགས་རྒྱུད་ཟབ་མོའི་ལྟ་སྒོམ་སྤྱོད་འབྲས་བཞིའི་དེ་ཁོ་ན་ཉིད་དང་ཆོ་གའི་ཕྱག་ལེན་སོགས་མི་ཤེས་བཞིན་དུ། བླུན་རྨོངས་ཀྱི་གཞན་དབང་ཁོ་ནས་རྡོ་རྗེ་འཛིན་པ་ཆེན་པོར་རློམས་ནས་རང་ཉིད་གོ་ས་མཐོན་པོར་མ་སླེབས་ཀྱང་ཇོ་བརྫུས་ཟོལ་གྱིས་རྫུན་རིས་དང་འགྲོགས་ནས་གཞན་དག་བསླུ་བ། ཡུལ་དབང་བསྐུར་ཐོབ་པ་ཡིན་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་ལ་མི་དད་པའི་ལོག་ལྟ་དང་ཐེ་ཚོམ་ཅན་ལ་སླར་ཡང་གསང་བ་འཆད་པའོ། །རྩ་བ། ཀླུ་སྒྲུབ་ཀྱིས་བསྡུས་དེ་བཞིན་དཔའ་བོ་དང་། །ལིཀྵཾ་ཀ་ནས་དེ་ལས་དོན་གཞན་པ། །བསྙེན་པ་དག་པར་མ་བྱས་དབང་བསྐུར་དང་། །རབ་གནས་སྦྱིན་སྲེག་སློབ་མ་བསྡུ་བར་རིངས། །ཚོགས་འཁོར་ལས་གཞན་ཕྱི་དྲོའི་ཁ་ཟས་སོགས། །སོ་བྱང་བཅས་པ་དགོས་མེད་འདའ་བ་ཡིས། །བདག་ཉིད་སུན་འབྱིན་དངོས་གྲུབ་འཕྲོགས་པའི་རྒྱུར། །གསུངས་པའི་སྦོམ་པོ་རྣམས་ལའང་བརྟག་པར་བྱ། །ཞེས་པ་ནི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་བསྡུས་དོན་མཛད་པ་དང་དེ་བཞིན་དུ་དཔའ་བོ་དང་ལིཀྵཾ་ཀ་རས་ཀྱང་དེ་དག་ལས་དོན་གཞན་པ་ལྷ་གང་ཡིན་གྱི་བསྙེན་པ་དག་པར་མ་བྱས་བཞིན་དུ་དབང་བསྐུར་བའི་རིམ་པ་དང་དེ་བཞིན་དུ་རབ་གནས་སྦྱིན་སྲེག་བཅས་དང་སློབ་མ་བསྡུ་བར་རིངས་ནས་དབང་བསྐུར་ཆོས་བཤད་སོགས་རང་དོན་མ་འགྲུབ་གོང་ནས་གཞན་དོན་བྱེད་པར་རློམས་པ། སྔགས་ལུགས་ཀྱི་ཚོགས་འཁོར་ལས་གཞན་པའི་ཕྱི་དྲོའི་ཁ་ཟས་སོགས་ལ་སྤྱོད་པ་སོ་སོ་ཐར་པ་དང་བྱང་སེམས་ཀྱི་བཅས་པའི་ཁྲིམས་ལས་དགོས་པ་མེད་བཞིན་འདའ་བ་དེ་ཡིས་ནི་བདག་ཉིད་སུན་འབྱིན་བྱས་པ་དང་དངོས་གྲུབ་མི་ཐོབ་ཅིང་འཕྲོགས་པའི་རྒྱུར་འགྱུར་བ་སོགས་གཞུང་ཆེན་དུ་མ་ནས་གསུངས་པའི་སྦོམ་པོ་རྣམས་ལའང་ཞིབ་ཏུ་བརྟག་པར་བྱ་ཞེས་པའོ། །དེའང་དམ་ཞེས་པ་ནི་དམ་པ་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་དང་ཚིག་ནི་དེར་འབྲེལ་ཞིང་དམ་ཆོས་སྒྲོག་པའི་ཕྲིན་ལས་སོ། །རྩ་བ། འདི་ལྟར་རྣལ་འབྱོར་བླ་མེད་ཐུན་མོང་གི། །རྩ་ལྟུང་བཅུ་བཞིར་བྷ་ཝི་ལྷས་བསྡུས་པ། །ཀུན་ལ་ཁྱབ་ཅིང་ཡོངས་སུ་གྲགས་པ་སྟེ། །གཞན་དུ་རྒྱུད་སྡེ་བཞི་པོའི་རང་ལུགས་ཀྱི། །བཅུ་བཞིའི་གྲངས་ངེས་དུས་ཀྱི་འཁོར་ལོ་དང་། །སྤྱི་རྒྱུད་མངོན་བྱང་སོགས་ལས་གསལ་པོར་གསུངས། །ཞེས་པ་ནི་དེའང་ཕྱི་རྒྱུད་རྣལ་འབྱོར་རྒྱུད་དང་ནང་རྒྱུད་བླ་མེད་ཐུན་མོང་གི་རྩ་ལྟུང་ཐམས་ཅད་བཅུ་བཞིར་འཕགས་ཡུལ་གྱི་སློབ་དཔོན་བྷ་ཝི་ལྷས་བསྡུས་པ་འཕགས་བོད་ཀུན་ལ་ཁྱབ་ཅིང་ཡོངས་སུ་གྲགས་པ་སྟེ། གཞན་དུ་ན་རྒྱུད་སྡེ་བཞི་པོ་སོ་སོའི་རང་ལུགས་ཀྱི་བཅུ་བཞིའི་གྲངས་ངེས་པ་དུས་ཀྱི་འཁོར་ལོ་དང་སྤྱིའི་རྒྱུད་མངོན་པར་བྱང་ཆུབ་པ་སོགས་ལས་གསལ་པོར་གསུངས་ཡོད་པ་བཞིན་ནོ། །ཅེས་པའོ། །རྩ་བ། རྣལ་འབྱོར་ལྡན་པ་འཆིའམ་སྲོག་གཏོང་སླ། །རྟག་ཏུ་དམ་ཚིག་བསྲུང་བར་མ་བྱས་ན། །སྔགས་ལ་སྤྱོད་པའི་སྐྱེས་བུ་ངན་སོང་དང་། །སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། །ཅེས་པ་ནི་དེའང་རྣལ་འབྱོར་ལྡན་པ་སྟེ་སྔགས་ཀྱི་སྒོར་ཞུགས་ནས་སྨིན་གྲོལ་གཉིས་དང་རིམ་པ་གཉིས་ལ་བརྩོན་བཞིན་དམ་ཚིག་བསྲུང་བ་ལ་རང་ཉིད་འཆི་བའམ་སྲོག་གཏོང་བར་སླ་བར་བསླབ་དགོས་ཕྱིར་རྟག་ཏུ་དམ་ཚིག་བསྲུང་བར་མ་བྱས་ན། སྔགས་ལ་སྤྱོད་པའི་སྐྱེས་བུ་མཆོག་དམན་སུ་ཡིན་ཀྱང་རུང་སྟེ་སྲིད་པ་འདི་ཉིད་ཞིག་པའི་འོག་ཏུ་མར་ངན་སོང་གསུམ་དང་། ཡར་སངས་རྒྱས་ཀྱི་ས་གཉིས་ལས་འགྲོ་ས་གསུམ་པ་ཞིག་མེད་དེ་དཔེར་ན་སྦྲུལ་སྨྱུག་དོང་དུ་ཆུད་པ་ཡར་མར་གཉིས་གང་རུང་ཞིག་ལས་ཐད་སོར་འགྲོ་ས་མེད་པ་ལྟར་རོ། །དེས་ན་འབད་པ་ཆེན་པོས་དམ་ཚིག་བསྲུང་བ་གལ་ཆེ་ཞིང་གལ་ཏེ་བསྲུང་མ་ཤེས་པའམ་ཤེས་ཀྱང་ཁྱད་གསོད་ཀྱིས་སྔགས་ལ་འཕྲ་ཡང་དེ་ལ་དངོས་གྲུབ་མེད་ཅིང་དེས་མཆོད་པ་ཕུལ་ཡང་ལྷས་མི་བཞེས་པ་སོགས་སྐྱོན་ཆེ་བས་སྤང་བླང་མི་འཛོལ་བ་གལ་ཆེའོ། །རྩ་བ། དེ་ཕྱིར་ལྟུང་ན་བདག་ཉིད་སུན་ཕྱུང་ནས། །ཕྱིར་བཅོས་ཐབས་ལ་དེ་མ་ཐག་ཏུ་འབད། །ཁྱད་པར་རྩ་ལྟུང་དང་པོ་ཤིན་ཏུ་ལྕི། །བླ་མར་བསྙེན་བཀུར་འཁོར་གསུམ་ཡོངས་དག་འབུལ། །དབང་བསྐུར་བསྐྱར་ནས་སྡོམ་པ་སོར་གཞུག་ཅིང་། །ཉེ་བར་མི་གནས་བདག་འཇུག་ལན་མང་བླང་། །ཞེས་པ་ནི་འདི་ལྟར་སྔགས་ལ་ཞུགས་པ་དག་ཕུང་འཚེངས་གཉིས་ཀའི་རྒྱུ་ནི་དེ་ཁོ་ན་སྟེ་དེའི་ཕྱིར་ན་ལྟུང་བའི་ཉམས་ཉེས་བྱུང་ན་བདག་ཉིད་སུན་ཕྱུང་སྟེ་རང་གིས་རང་ལ་མཚང་བྲུས་ནས་ཕྱིར་བཅོས་ཀྱི་ཐབས་གཞུང་འདི་ལས་གསུངས་པ་ལྟར་ལ་དེ་མ་ཐག་ཏུ་འབད་པ་དང་། སྔགས་ཀྱི་རྩ་བ་དང་ཡན་ལག་ཀུན་ལས་ཁྱད་པར་རྩ་ལྟུང་དང་པོ་བླ་མ་ལ་བསྟེན་ནས་བྱུང་བ་དེ་ལྕི་བས་ན། བླ་མ་མངོན་སུམ་དུ་བཞུགས་ན་དེ་ལུགས་དང་མིན་ཀྱང་དེ་ཉིད་ཀྱི་ཆོ་ག་བཞིན་མཆོད་པའི་ཚོགས་ཀྱིས་བསྙེན་བཀུར་མཆོད་ཡུལ་བླ་མ་མཆོད་བྱེད་བདག་མཆོད་པའི་ནོར་རྫས་སོགས་དངོས་པོར་འཛིན་པའི་དུག་གིས་མ་བསླད་པར་འཁོར་གསུམ་ཡོངས་དག་གིས་གནད་ཤེས་བཞིན་འབུལ་བ་དང་། ཕྱིར་ཞིང་དབང་བསྐུར་ཡང་བསྐྱར་གྱིས་ཞུས་ནས་སྡོམ་པ་གསོར་གཞུག་ཅིང་། ཉེ་བར་མི་གནས་ཤིང་གཞན་ཡུལ་བགྲོད་པའམ་གཤེགས་རྗེས་ལྟ་བུ་ཡིན་ན་བླ་མའི་རྣལ་འབྱོར་གྱི་མན་ངག་བཞིན་བདག་འཇུག་ལན་མང་བླངས་པས་ཉེས་ལྟུང་འདག་པར་གསུངས་པའོ། །རྩ་བ། བླ་མ་མེད་ན་སྔགས་ཀྱི་སྡོམ་ལྡན་མདུན། །ཕྱག་དང་སྤྱོད་ལམ་དུལ་བས་རང་གི་མིང་། །སྨོས་ནས་རྡོ་རྗེ་ཐེག་པའི་འདུལ་བ་དང་། །འགལ་བའི་ནོངས་པ་འདི་དང་འདི་བྱུང་བས། །འཆབ་ན་བདག་ཉིད་བདེ་བར་གནས་མི་འགྱུར། །འཆབ་མེད་ལེགས་པར་གསོལ་ནས་བཤགས་ཡུལ་གྱིས། །ཉེས་པར་མཐོང་ངམ་རང་གིས་མཐོང་ལགས་བརྗོད། །ཡུལ་གྱིས་ཕྱིན་ཆད་བསྡམ་པར་བྱེད་དམ་དྲི། །ཆོས་བཞིན་འདུལ་བ་བཞིན་དུ་སྤྱི་བོས་ནོད། །ཅེས་པ་ལན་གསུམ་བརྗོད་ལ་ཐབས་ལེགས་བྱ། །ཞེས་པ་ནི་བཤད་མ་ཐག་པ་ལྟར་བླ་མ་མེད་པར་གྱུར་ན་སྔགས་ཀྱི་སྡོམ་པ་དང་ལྡན་པ་གང་རུང་གི་མདུན་དུ་རང་ཉིད་ཀྱི་བླ་མའི་མོས་འདུན་བཞག་སྟེ་ཕྱག་དང་སྤྱོད་ལམ་དུལ་བཞིན་པས་རང་གི་མིང་ནས་སྨོས་ཏེ་རྡོ་རྗེ་ཐེག་པའི་འདུལ་བ་དང་འགལ་བའི་ནོངས་པ་འདི་དང་འདི་བྱུང་བས་ཞེས་མི་འཆབ་མི་སྦོད་པ་གལ་ཆེ་ཞིང་གལ་ཏེ་འཆབ་ཅིང་སྦས་ན་བདག་ཉིད་བདེ་བར་གནས་པར་མི་འགྱུར་ཞིང་། འཆབ་པ་མེད་པར་ལེགས་པར་གསོལ་ནས་སླར་བཤགས་ཡུལ་གྱིས་ཉེས་པར་མཐོང་ངམ་བརྗོད་ཚེ་རང་གིས་མཐོང་ལགས་བརྗོད་མཐར་ཡུལ་གྱིས་ཕྱིན་ཆད་བསྡམ་པར་བྱེད་དམ་དྲི་བར་ཆོས་བཞིན་འདུལ་བ་བཞིན་དུ་སྤྱི་བོས་ནོད་པར་བགྱི་ཞེས་པ་དེ་ཉིད་ལན་གསུམ་བརྗོད་པའི་རྗེས་ལ་ཐབས་ལེགས་བྱ་བའོ། །རྩ་བ། གལ་ཏེ་ཕྱིར་བཅོས་འགྱངས་ན་ཞག་རེ་བཞིན། །གོང་འཕེལ་འགྲོ་འགྱུར་དེ་ཡི་གཉེན་པོ་རུ། །སྟོབས་བཞི་ཚང་བའི་ཡིག་བརྒྱས་རྟག་ཏུ་བཤགས། །བཅུ་བཞིའི་སྔོ་བགྲང་བརྗོད་པའི་བཤགས་ཚིག་གདོན། །ཞེས་པ་ནི་དེའི་ཕྱིར་ན་ལྟུང་བ་ཕྱིར་བཅོས་ཤོལ་འགྱངས་ཀྱི་མི་འགོག་པ་གལ་ཤིན་ཏུ་ཆེ་ཞིང་གལ་ཏེ་ཕྱིར་བཅོས་གལ་ཆུང་ལྟ་བུས་འགྱངས་པར་གྱུར་ན་ཞག་རེ་སོང་བཞིན་ཉེས་བྱས་ཀྱི་སྐྱེད་གོང་འཕེལ་དུ་འགྲོ་བར་འགྱུར་བ་དེ་ཡི་གཉེན་པོར། སྟོབས་བཞི་ཚང་བའི་བཤགས་པ་དགོས་པ་ཡང་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམས་པ་རྟེན་གྱི་སྟོབས། རང་ཉིད་ཀྱི་ཉེས་བྱས་ཀྱི་ལས་ཅི་བསགས་ལ་སྔོ་བགྲངས་བྱེད་ཅིང་འགྱོད་སེམས་དྲག་པོ་བསྐྱེད་པ་རྣམ་པར་སུན་འབྱིན་གྱི་སྟོབས། སྡིག་པའི་གཉེན་པོར་དགེ་བ་ཀུན་དང་ཁྱད་པར་རྡོ་རྗེ་སེམས་དཔའ་ལས་ལྷག་པ་མེད་པ་ཤེས་བཞིན་དུ་སྒྲུབ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སྔོན་བྱས་ཀྱི་ཉེས་བྱས་ལ་གཏིང་ནས་འགྱོད་ཅིང་ཕྱིན་ཆད་སྡོམ་སེམས་ལ་བློ་གཞོལ་བ་ཉེས་པ་ལ་ལྡོག་པའི་སྟོབས་ཏེ་བཞི་པོ་ཚང་བའི་སྒོ་ནས་ཡིག་བརྒྱ་ལ་འབུངས་དགོས་ཤིང་བྱེ་བྲག་སརྦ་སིདྡྷི་མྨེ་རང་ཉིད་ཀྱི་མིང་སྨོས་པ་པྲ་ཡཙྪ་ཞེས་བཟླ་བཞིན་རྟག་ཏུ་བཤགས་པ་དང་། རྩ་ལྟུང་བཅུ་བཞིའི་སྔོ་བགྲང་བརྗོད་པའི་བཤགས་ཚིག་དང་སྦོམ་པོ་དང་བཅས་པ་དྲན་ཤེས་དང་མ་བྲལ་བར་གདོན་ཏོ། །ཞེས་འདོམས་པའོ། །རྩ་བ། ཁྱད་པར་མདོ་སྒྱུ་སེམས་གསུམ་རིང་ལུགས་ནི། །སྤྱི་མདོར་སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་བྱ་ཡིད་འོང་མི་འདོར་དང་། །ཤེས་བྱ་བསྒྲུབ་པའི་དབྱེ་བས་ཉི་ཤུ་བརྒྱད། །ཅེས་པ་ནི་ཁྱད་པར་དུ་ནང་རྒྱུད་སྡེ་གསུམ་ལས་ཚོགས་ཆེན་འདུས་མདོ་དང་སྒྱུ་འཕྲུལ་ཞི་ཁྲོ་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་རིང་ལུགས་ནི། སྤྱི་མདོར་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ནས་བསྲུང་བྱ་ལྔ་བསྒྲུབ་བྱ་ལྔ་དང་དུ་བླང་བྱ་ལྔ་ཤེས་པར་བྱ་བ་ལྔ་བསྒྲུབ་པར་བྱ་བ་ལྔ་སྟེ་ཉི་ཤུ་རྩ་བརྒྱད་པོ་གཞུང་ལས་ཤེས་པར་བྱ་ཞིང་བསྲུང་དགོས་པ་དང་། དེའང་བསྲུང་བའི་ཡུལ་ལྔ་དང་བླ་མ་དབྱེར་མེད་པ་གཙོ་བོར་བཟུང་དགོས་ལ། དེ་ཡང་བརྒྱུད་པའི་བླ་མ་སྤྱི་དང་། རང་འཁོར་བའི་གནས་ནས་དང་པོ་ཆོས་སྒོར་བཅུག་མཁན་ལ་འདྲེན་པའི་བླ་མ་དང་། དམ་ཚིག་ཕོག་ཅིང་དབང་བསྐུར་བ་ནི་རྡོ་རྗེ་ཐེག་པའི་བླ་མ། ཉམས་ཆག་བཤགས་པའི་ཡུལ་དུ་གྱུར་པ་དམ་སྐོང་གི་བླ་མ། ཐོས་བསམ་གྱིས་ཤེས་རྒྱུད་བཀྲོལ་བ་ནི་ཤེས་རབ་རྒྱུད་ཀྱི་བླ་མ། བཀའ་མདོ་རྒྱུད་ཀྱི་དོན་རྟོགས་པར་དཀའ་བ་སླ་བར་བྱས་པ་མན་ངག་སྟེ། དེ་ལྟ་བུ་མངོན་སུམ་ཅར་ཕོག་ཏུ་ཤེས་ཐབས་གནང་བ་མན་ངག་ལུང་གི་བླ་མའོ། །དེ་ལྟ་བུའི་སློབ་དཔོན་རྣམས་རིམ་གྱིས་གཉན་པ་ཤེས་བཞིན་བཀུར་དགོས་པའི་དོན་ཡིན་ནོ། །རྩ་བ། སྒྱུ་འཕྲུལ་རྩ་བའི་དམ་ཚིག་རྣམ་ལྔ་དང་། །ཡན་ལག་བཅུར་བཤད་རྩ་བའི་ཕྱོགས་ལ་ནི། །རྡོ་རྗེ་སློབ་དཔོན་མི་སྤོང་བཀུར་སྟིས་བསྙེན། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་དང་། །ཡང་དག་ལམ་དུ་ཞུགས་ལ་བྱམས་པར་བྱེད། །གསང་བའི་དོན་རྣམས་གཞན་མི་བསྒྲག་པའོ། །ཞེས་པ་ནི་དེ་ཡང་སྒྱུ་འཕྲུལ་རྩ་བའི་དམ་ཚིག་རྣམ་ལྔ་ནི། རྡོ་རྗེ་སློབ་དཔོན་མི་སྤོང་བར་བཀུར་སྟིས་བསྙེན་པ་དང་ཡི་དམ་གང་གི་དབང་ཐོབ་པ་དེའི་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ་དང་། སྤྱིར་ཡང་དག་པའི་ལྟ་བ་ཞེས་རྒྱུ་འབྲས་མི་འགོང་པ་དང་ཁྱད་པར་སྔགས་ཀྱི་ལྟ་སྒོམ་སྤྱོད་པའི་ལམ་དུ་ཞུགས་པ་དག་ལ་བྱམས་ཤིང་བརྩེ་བར་བྱེད་པ། གསང་བར་འོས་པ་དང་གཉེར་གཏད་པ་སོགས་ཀྱི་དོན་རྣམས་གཞན་ལ་མི་སྨྲ་བ་རྣམས་སོ། །རྩ་བ། ཡན་ལག་དམ་ཚིག་སྡེ་ཚན་གཉིས་སུ་བསྡུ། །དང་པོའི་ཕྱོགས་ནི་ཉོན་མོངས་ལྔ་མི་སྤོང་། །རང་བཞིན་ཤེས་པའི་ཉོན་མོངས་དེ་བཞིན་ཉིད། །ཐབས་ཀྱིས་ཟིན་པ་རྨ་བྱ་དུག་ཟོས་འདྲ། །ཡེ་ནས་རིགས་ལྔར་ཤེས་པས་ཡེ་ཤེས་འགྱུར། །ཞེས་པ་ནི་དེའང་ཡན་ལག་གི་དམ་ཚིག་རྣམས་སྡེ་ཚན་གཉིས་སུ་བསྡུ་བ་དང་པོའི་ཕྱོགས་ནི་ཉོན་མོངས་ལྔ་མི་སྤོང་ཞེས་པ་ཡང་ཐེག་པའི་མཆོག་དམན་གྱི་ཁྱད་པར་ལས་ཉན་རང་གི་ཉོན་མོངས་དངོས་སུ་སྤྱོད་པ་སྨོས་ཅི་ཡིད་ལ་འགྱུ་བ་ཙམ་ཡང་འགོག་པ་དང་། ཕར་ཕྱིན་ཐེག་པ་བས་སྤང་ལེན་གཉིས་སུ་བྱས་ཏེ་སྤང་བྱའི་ཉོན་མོངས་འདོགས་ཕྱོགས་ལའང་མི་སྡུག་པ་དང་མི་གཙང་བའི་རྫས་སོ་གཉིས་སོགས་སུ་གཉེན་པོ་སྟོབས་བསྐྱེད་དེ་བསྒོམ་པ་སོགས་དུག་གསུམ་པོ་གང་ལའང་དེ་དང་དེའི་གཉེན་པོ་བསྒོམ་པ་ཡིན་ཀྱང་། སྔགས་ཀྱི་སྡེ་སྣོད་ལས་ནི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་བདེན་པས་ཉོན་མོངས་རང་རྒྱུད་ཀྱི་དངོས་པོ་ཅན་དུ་མི་འཆར་བས་རང་བཞིན་གྱི་རྣམ་པར་དག་པས་སྤང་དུ་མེད་ཅིང་། ཉོན་མོངས་པ་ལྔ་རིགས་ལྔའི་སངས་རྒྱས་ཀྱི་རིགས་དང་རང་བཞིན་དང་ཕྲིན་ལས་ཡིན་པས་ཉོན་མོངས་པ་སྤངས་ནས་ཡེ་ཤེས་བསྒྲུབ་ཏུ་མེད་ཅེས་པའོ། །རྩ་བ། གཉིས་པའི་ཕྱོགས་ནི་བདུད་རྩི་ཆེན་པོ་ལྔ། །བླང་བྱ་ངེས་པས་ཆོས་ཉིད་རོལ་པར་བླང་། །རིགས་ལྔའི་རང་བཞིན་ཉིད་དུ་ཤེས་པས་བླང་། །དངོས་གྲུབ་བསྒྲུབ་པའི་དམ་རྫས་ཡིན་པས་བླང་། །མཁའ་འགྲོ་འདུ་ཞིང་དངོས་གྲུབ་ཉེ་བས་བླང་། །སངས་རྒྱས་ཀུན་གྱི་བརྟུལ་ཞུགས་ཡིན་པས་བླང་། །ཞེས་པ་ནི་ཡན་ལག་གི་དམ་ཚིག་གཉིས་པའི་ཕྱོགས་ནི་བདུད་རྩི་ཆེན་པོ་ལྔ་སྟེ་དྲི་ཆེན་དྲི་ཆུ་མོའི་རྡུལ་ཕོའི་ཁམས་དཀར་པོ་མཾ་ས་བཅས་བླང་བྱར་ངེས་པས་ཆོས་ཉིད་ལ་ཆོས་ཉིད་རོལ་པར་བླང་རིགས་ལྔའི་རང་བཞིན་ཉིད་དུ་ཤེས་པས་བླང་དངོས་གྲུབ་ཆེན་པོ་བསྒྲུབ་པའི་དམ་རྫས་ཀྱི་མཆོག་ཡིན་པས་བླང་། མཁའ་འགྲོའི་ཚོགས་འདུ་ཞིང་མཆོག་ཐུན་གྱི་དངོས་གྲུབ་ཉེ་བར་བྱེད་པའི་རྫས་ཡིན་པས་བླང་། དུས་གསུམ་གྱི་སངས་རྒྱས་ཀུན་གྱི་སྤྱོད་པའམ་བརྟུལ་ཞུགས་རྫས་སུ་བླང་དོར་མེད་པར་སྤྱོད་པའོ། །རྩ་བ། ཆ་ཤས་དབྱེ་བ་ཉིས་བརྒྱའི་གྲངས་ངེས་ནི། །ཉི་ཤུར་བསྡུ་བ་ཀུན་གཟིགས་རོང་པའི་ལུགས། །ཞེས་པ་ནི་ཆ་ཤས་དབྱེ་བ་ཞེས་པ་གཅིག་ལའང་སུམ་ཅུ་རྩ་གཉིས་སུ་ཕྱེ་བས་དྲུག་ཅུར་འགྱུར་ལ། ཡན་ལག་གཅིག་ཉིད་ལས་ཉི་ཤུར་དབྱེ་བས་ཉིས་བརྒྱར་འགྱུར་ཏེ་བསྡོམས་ན་སུམ་བརྒྱ་དྲུག་ཅུའོ། །དེ་ཀུན་ཉི་ཤུར་བསྡུ་བ་འདི་ཤེས་བྱའི་གནས་ཀུན་གཟིགས་པ་རོང་པ་ཆོས་ཀྱི་བཟང་པོའི་ལུགས་སོ། །རྩ་བ། སེམས་ཀྱི་ཕྱོགས་ལ་མེད་དང་གཅིག་པུ་དང་། །ཕྱལ་བ་དང་ནི་ལྷུན་གྲུབ་ཞེས་གྲགས་པ། །བསྲུང་མཚམས་བྲལ་ལ་འདའ་བྱ་མི་དམིགས་པའི། །ངོ་བོའི་བཞུགས་ཚུལ་དམ་ཚིག་ཆིངས་ཀྱིས་བཅིངས། །ཡེ་ནས་ཉམས་མེད་རྡོ་རྗེ་རྒྱལ་པོའི་ལུགས། །ཞེས་པ་ནི་དེ་ལ་རྫོགས་པ་ཆེན་པོ་ནི་འཕགས་ལམ་ཡིན་པས་ངོ་བོའི་བཞུགས་ཚུལ་ལ་དམ་ཚིག་ཆེན་པོ་བཞིའི་ཆིངས་ཀྱིས་བཅིངས་པ་ཡང་དང་པོ་ངོ་བོ་ཀ་དག་སྤྲོས་བྲལ་རང་བྱུང་ཆེན་པོའི་དམ་ཚིག་ནི་བསྲུང་མཚམས་མེད་པའི་ཆོས་ཉིད་ལས་མི་གཡོ་བ་བྱར་མེད་ལྷུན་རྫོགས་ཀྱི་ཡེ་ཤེས་ཆེན་པོའི་ངོ་བོར་གནས་པ་ནི་བསྲུང་དུ་མེད་པ་དང་། གཉིས་པ་ནི་དེ་ལྟར་ཕྱི་ནང་ཡུལ་མེད་དུ་རྟོགས་པའི་ངང་ནས་སྒོ་ལྔ་རང་ཡན་གྱི་རིག་པ་ལ་སྙམ་བྱེད་ཀྱི་བློ་ཞེན་མི་འཇུག་པར་ཆོས་ཅན་ཆོས་ཉིད་དུ་ལ་བཟླ་བ་ལ་ནི་ཕྱལ་བ་ཞེས་པའོ། །གསུམ་པ་ནི། དེ་ལྟར་ངོ་བོ་ཉིད་མེད་པའི་ཆོས་ཉིད་ཀ་དག་གི་གདངས་ལ་མཁྱེན་ཆ་དང་། ཡོན་ཏན་གྱི་ཚོགས་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ཆོས་ཅན་སྣང་བཞིའི་ཉམས་ལེན་དང་མི་འབྲལ་བ་ནི་ལྷུན་གྲུབ་ཀྱི་དམ་ཚིག་གོ། །བཞི་པ་ནི། འདི་ལྟར་དམ་སྡོམ་གཉིས་ཀར་ཡིན་མིན་གྱི་རིས་དང་། དངོས་པོ་ཡོད་མེད་དང་། སྐྱེ་འགག་དང་། བདག་གཞན་གྱིས་རྟོགས་མིན་དུ་འཛིན་པའི་བློ་དང་སྙམ་བྱེད་གཉིས་ཀྱི་གཞལ་བའི་དགག་བཞག་དང་ཕོ་ཚོད་ཀྱི་ཡིན་བློས་རྟོགས་པ་ཐམས་ཅད་ཆོས་ཉིད་གཅིག་ཏུ་གནས་གྱུར། བལྟས་པས་མ་མཐོང་བས་རང་བཞིན་གཅིག་ཏུ་གནས་གྱུར། ཚིག་གིས་མི་མཚོན་པས་ཡེ་ཤེས་གཅིག་ཏུ་གནས་གྱུར་པའི་གཅིག་པུ་ཞེས་བྱའོ། །བསྲུང་མཚམས་བྲལ་བའི་དམ་ཚིག་ལ་འདའ་བྱ་མི་དམིགས་པའི་ངོ་བོའི་བཞུགས་ཚུལ་དེ་ལྟ་བུ་ནི་དམ་ཚིག་ཆིངས་ཀྱི་བཅིངས་པ་སྟེ་ཡེ་ནས་ཉམས་པ་མེད་པ་རྡོ་རྗེ་རྒྱལ་པོའི་ཞེས་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་ལུགས་སོ། །དེ་ལྟ་ནའང་སློབ་དཔོན་ཆེན་པོས། ངའི་སྔགས་སེམས་ཕྱོགས་འདི་ལྟ་བ་ཤས་ཆེ་མ་འོངས་པ་ན་ཚིག་གི་གདེངས་ནི་ཤེས་ཏེ་ལྟ་བའི་གདེངས་མ་རྙེད་པ་མང་པོ་ཞིག་ངན་སོང་དུ་འགྲོ་ཞེས་གསུངས་པའི་དུས་ལ་བབ་སྐབས་འདིར་སྔོན་བྱོན་གྱི་མཁས་གྲུབ་སེངྒེ་ལྟ་བུ་དག་གི་རྗེས་སུ་ཁྱི་མཆོང་ཝ་མཆོང་མི་བྱེད་པའང་མི་ཟློ་ཁ་མེད་ཀྱིས་ཐལ་བའོ། །རྩ་བ། ལམ་ཞུགས་རྣམས་ཀྱི་རང་རྒྱུད་དག་པའི་ཕྱིར། །ཉམས་ན་ཕྱིར་བཅོས་རིན་ཆེན་བུམ་པ་བཟང་། །དམ་ཚིག་རྣམ་པར་བཀོད་པའི་གྲུབ་མཐའ་ནི། །རྩ་བའི་བླ་མའི་སྐུ་གསུང་ཐུགས་གསུམ་ལ། །ཕྱི་ནང་གསང་བའི་དམ་ཚིག་གསུམ་ཚན་གསུམ། །སྲོག་གཅོད་མི་ཚངས་སྤྱོད་དང་བརྐུ་བ་སྤང་། །ཕ་མ་སྤུན་སྲིང་རང་ལུས་ཆོས་གང་སྨོད། །བླ་མའི་གྲིབ་འགོང་ཡུམ་གཙེ་སྤུན་སྲིང་བརྡེག །གསུང་གི་གསུམ་ལ་རྫུན་ཕྲ་ཚིག་རྩུབ་སྤང་། །ཆོས་སྨྲ་དོན་སེམས་གནས་ལུགས་སྒོམ་མི་བཀུར། །བླ་མའི་ཡུམ་དང་སྤུན་སྲིང་ཚིག་མི་བརྙས། །ཐུགས་ཀྱི་གསུམ་ལ་ཡིད་ཀྱི་རྣམ་གསུམ་དང་། །སྤྱོད་དང་བསྒོམ་དང་ལྟ་བ་ལོག་པ་སྤང་། །བླ་མ་ལྷ་མཆེད་བལྟ་བསྒོམ་མཐུན་ཀུན་སེམས། །ཞེས་པ་ནི་དེ་ཡང་གསང་སྔགས་ལ་མོས་པ་ཙམ་གྱིས་ལམ་ཞུགས་པ་རྣམས་ཀྱི་རང་རྒྱུད་དག་པར་བྱ་བའི་ཕྱིར་དུ། སྔོན་གྱི་ལས་སྨོན་དག་པ་འགའ་ཙམ་ལས་དམ་ཚིག་ཇི་བཞིན་བསྲུང་བ་དཀོན་ཕྱིར་ཉམས་ན་ཕྱིར་བཅོས་ནི་གསེར་སོགས་རིན་པོ་ཆེའི་བུམ་པ་བཟང་པོ་སྐྱོན་གྱིས་ཅུང་ཟད་ཞོམ་ཡང་རང་སྟོབས་ཀྱིས་གསོར་ཆོག་པ་དམ་ཚིག་རྣམ་པར་བཀོད་པའི་གྲུབ་མཐའ་ནི། རང་གི་སེམས་ཀྱི་གནས་ལུགས་ཇི་བཞིན་ངོ་སྤྲད་མཁན་དེ་ནི་ཡུལ་མཆོག་དམན་ཅི་འདྲ་ཞིག་ཡིན་ཀྱང་རྩ་བའི་བླ་མ་ཡིན་པ་རྒྱུད་ཀྱི་དགོངས་པ་ཚད་མ་ཡིན་ཕྱིར་དེའི་སྐུ་གསུང་ཐུགས་གསུམ་ལ་ཕྱི་ནང་གསང་བའི་དམ་ཚིག་གསུམ་ཚན་གསུམ་གསུངས་པ་རྩ་བ་ཁོ་ནས་ཤེས་པར་ནུས་ཕྱིར་དང་པོ་སྐུའི་ཕྱི་ནང་གསང་གསུམ་ནི་སྲོག་གཅོད་པ་ཕྱི་མི་ཚངས་སྤྱོད་ནང་བརྐུ་བ་གསང་བའོ། །དེའི་འགྲེས་ཀྱི་སྐུའི་ནང་གསུམ་རིམ་བཞིན་ཕ་མ་དང་སྤུན་སྲིང་དང་རང་ལུས་ཀྱི་ཆོས་གང་རུང་ལ་སྨོད་པ་རྣམས་སོ། །སྐུའི་གསང་བ་གསུམ་ནི། བླ་མའི་སྐུའི་གྲིབ་མ་འགོང་པ་ཡུམ་གཙེ་བ་སྤུན་སྲིང་ལ་བརྡེག་པ་རྣམས་སོ། །གསུང་གི་ཕྱི་ནང་གསང་གསུམ་རྫུན་ཕྲ་མ་ཚིག་རྩུབ་སྨྲ་བ་གསུམ་ཕྱི། ཆོས་སྨྲ་བ་དོན་སེམས་པ་ཞེས་ཐོས་བསམ་ལ་བརྩོན་པ་གནས་ལུགས་སྒོམ་པ་གསུམ་ནང་སྟེ་དེ་དག་ལ་བཀུར་སྟི་མི་བྱེད་པའོ། །བླ་མའི་ཡུམ་དང་སྤུན་སྲིང་གསུམ་གྱི་ཚིག་ལ་བརྙས་སྨོད་བྱེད་པ་གསང་བའོ། །ཐུགས་ཀྱི་གསུམ་ལ་བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་ཕྱི། སྤྱོད་པ་དང་བསྒོམ་པ་ལྟ་བ་གསུམ་ལོག་པ་སྟེ་ཚུལ་བཞིན་མ་རྟོགས་པ་ནང་། བླ་མ་དང་ལྷ་དང་མཆེད་ལྕམ་ལྟ་སྒོམ་མཐུན་པ་ཀུན་ཡིད་ལ་མི་བྱེད་བཞིན་ལོག་ལྟ་སྐྱེ་བ་རྣམས་སོ། །དེ་ལ་ལམ་ཞུགས་པ་རྣམས་ནི་འབྲས་བུ་ལ་རེག་པ་མ་ཡིན་པས་གཤིས་ཀྱི་བཞུགས་ཚུལ་དམ་ཚིག་གི་ཆིངས་ཆེན་པོས་བཅིངས་པའི་ཚིག་རྣམས་འཁྲུལ་དུ་མི་གཞུག་པར་རང་རྒྱུད་དག་པའི་ཐབས་ལ་འབད་པ་ནི་གལ་ཤིན་ཏུ་ཆེའོ། །དེ་ལྟར་རྩ་བ་ཉི་ཤུ་རྩ་བདུན་པོ་ནི་འདའ་བ་བྱ་བ་མ་ཡིན་པས་དམ་ཚིག་ཏུ་བཞག་ལ་ཐབས་ཀྱིས་ཟིན་པའི་ཆ་ནས་གཞན་དོན་དུ་འགྱུར་མིན་དུ་དམིགས་ནས་གནང་བཀག་གཉིས་སུ་ཕྱེ་བའོ། །རྩ་བ། ཐབས་ཀྱི་དབང་གྱུར་ཡན་ལག་ཉི་ཤུ་ལྔ། །ཏན་གན་མ་བྱིན་རྫུན་སྨྲ་ཀྱལ་པའི་ཚིག །སྤྱད་བྱ་ལྔ་ནི་གནང་བཀག་ཤེས་པས་སྤྱོད། །ཅེས་པ་ནི་འདི་ལྟར་ལྔ་ཚན་ལྔར་བཤད་པ་རྣམས་ནི་གསང་སྔགས་བླ་མེད་ཀྱི་ཆོས་རྣམས་གདོད་ནས་རྒྱལ་བ་རྣམས་ཀྱི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ཆེན་པོར་སངས་རྒྱས་པ་ཡིན་ན་འཁོར་འདས་གཉིས་ཀ་ཀུན་ཏུ་བཟང་པོ་ཕྱག་རྒྱས་བཏབ་པ། ངེས་པ་དག་གི་དམ་ཚིག་ཡིན་ཏེ། དེ་ལྟར་རྟོགས་ན་ཆོས་རྣམས་ཀུན་ཏུ་བཟང་པོའི་ཞིང་ཁམས་སུ་སྦྱོར་བས་རང་ལ་ཉེས་པ་མི་བསྐྱེད་ཅིང་གཞན་ལ་ཕན་ཆེན་པོ་དང་བཅས་པའི་སྤང་གཉེན་མེད་པའི་དམ་ཚིག་ལ་སྒྲ་ཇི་བཞིན་པར་སྤྱོད་དུ་དབང་ཞིང་དེས་ལས་དང་ལས་འབྲས་དཀར་ནག་གཉིས་ཀ་བསྐྱེད་པར་མི་བྱའོ། །དེའང་སྤྱད་བྱ་ལྔ་ཡི་སྦྱོར་བ་ནི་རྩ་རླུང་ལས་སུ་རུང་བ་དག་གི་རྒྱུད་ནས་གསུངས་པའི་མུ་ཏྲ་རྒྱུད་གཞུང་བཞིན་འཛོམས་མེད་ཀྱིས་བསྟེན་པ་དང་སྒྲོལ་བ་ཡང་ཉམས་པ་བདུན་དང་ཞིང་བཅུ་ཚང་བ་རྣམས་དངོས་སྟོབས་དང་མཐུ་ནུས་སོགས་ཀྱི་ལས་ལ་སྦྱོར་བ། ངན་སོང་གསུམ་སོགས་ཐུགས་རྗེས་སྒྲོལ་བ། མ་བྱིན་ལེན་པ་གསང་སྔགས་ལ་འོས་པའི་ཐོད་པ་མཚན་ལྡན་སོགས་དང་ཁྱད་པར་རིག་མ་དེར་མཐུན་བཅས་ཐབས་སྣ་ཚོགས་ཀྱིས་བླང་བ། བསྟན་འགྲོར་གནོད་འཚེ་ལྡོག་ཆེད་དང་ཕན་པ་སྒྲུབ་ཆེད་དུ་རྫུན་སྨྲ་བ་དང་ངག་ཚིག་རླངས་པོ་སྨྲ་བ་རྣམས་སོ། །རྩ་བ། འདོད་ཆགས་ཞེ་སྡང་གཏི་མུག་ཉོན་མོངས་ལྔ། །མི་སྤོང་ལྔ་ནི་རང་རྒྱུད་པ་དང་བྲལ། །ཞེས་པ་ནི་དེའང་འཁོར་འདས་མཉམ་པ་ཉིད་དུ་རྟོགས་ནས་འབྱེད་པ་མེད་པ་ནི་གཏི་མུག་དང་། དེ་ལྟར་མ་རྟོགས་པ་རྣམས་ལ་ཐུགས་རྗེས་ཆགས་པས་འདོད་ཆགས་ལོག་རྟོག་ཅན་སྙིང་རྗེའི་རྩལ་གྱིས་སྒྲོལ་བའི་ཞེ་སྡང་གཟུང་འཛིན་གྱི་ཆོས་རྣམས་མཉམ་ཉིད་དུ་རྟོགས་པའི་ལྟ་བ་སྲོ་མ་ཤི་བ་སྟེ་ངར་མ་ཆགས་པའི་ང་རྒྱལ། གཉིས་འཛིན་གྱི་ལྟ་སྤྱོད་ཆོས་ཉིད་ཀྱི་ཀློང་དུ་མི་འཛུད་པའི་ཕྲག་དོག་སྟེ་ལྔ་པོ་ནི། ཡང་དག་པའི་དུག་ལྔ་སྟེ་སྦས་དོན་ཡིན་ནོ། །ལོག་པའི་དུག་ལྔ་ནི། ཕྱིའི་རྫས་དང་། ནང་སེམས་ཅན་ལ་ཞེན་ཅིང་སྲེད་པ་འདོད་ཆགས་ཀུན་ནས་མནར་བར་སེམས་པ་ཞེ་སྡང་ཁོང་ཁེངས་ཤིང་མཉེན་ལྕུག་མེད་པ་ང་རྒྱལ་གཞན་འབྱོར་གྱིས་ཡིད་ལ་ཟུག་རྔུ་བསྐྱེད་ཅིང་ཕྲག་ཏུ་མི་ཤོང་བ་ཕྲག་དོག །འདི་དག་སྤང་བྱར་བཟུང་ན་ཤེས་བྱའི་གནས་ལུགས་ལ་ཉོན་མོངས་པ་རང་རྒྱུད་དུ་མི་ལྡན་པའི་དོན་ལས་ལྡོག་སྟེ་ཉན་རང་གི་ལམ་དུ་གོལ་བའི་ཕྱིར་རོ། །དེས་ན་རྒྱུད་ལ་དུག་ལྔ་གང་སྐྱེས་པའི་རང་ལྡོག་མ་ཉམས་པ་ལམ་དུ་འདོད་པ་དང་། གཏན་ཚིགས་ཀྱིས་གཞིགས་པ་དང་། ཞེ་སྡང་གི་གཉེན་པོ་བྱམས་པ་བསྒོམ་པ་སོགས་སྤང་གཉེན་གཉིས་སུ་བྱེད་པ། ཞེ་སྡང་འགག་རྗེས་ཀྱི་ཤེས་པ་རྟོག་མེད་ལམ་དུ་འདོད་པ་དེ་རྣམས་གང་ཡང་ཐེག་རྩེ་རྫོགས་པ་ཆེན་པོའི་ལམ་ཡང་དག་པ་མ་ཡིན་ནོ། །འོ་ན་གང་ཡིན་ཞེ་ན། ཤེས་བྱའི་གཤིས་ལ་ཉོན་མོངས་པ་རང་རྒྱུད་ལྡན་མ་གྲུབ་པས་དུག་ལྔ་གང་རུང་སྐྱེས་དུས་སྟོང་པ་ལས་མ་འདས་པས་རང་ལྡོག་ཅན་དུ་མི་གནས། གཏན་ཚིགས་ཀྱིས་གཞིགས་པས་འབྲེལ་པ་ཡང་མ་གྲུབ། སྤང་བྱའི་གཉེན་པོ་བསྒོམ་པའི་སྤྲོས་པ་ཞིག །སོ་སོའི་རང་བཞིན་མ་འགགས་པའི་ངང་དེ་ཉིད་ཆོས་ཉིད་དུ་ཤེས་ན་ལས་གསོག་པའི་བྱ་བ་བྱེད་མི་ནུས་ཤིང་དེར་བརྟེན་པའི་བག་ཆགས་ཀྱང་འདུ་མི་བྱེད་པས་སྤང་དུ་མེད་དོ། །དེའང་འཁོར་བའི་རྩ་བ་ཉོན་མོངས་པ་ཡིན་ཀྱང་དེ་སྤངས་པའི་ཕ་རོལ་ན་ཡེ་ཤེས་བྱ་བའི་བཟང་པོ་ཞིག་ཐོབ་ཏུ་མེད་ཀྱང་དེའི་གནས་ལུགས་ཇི་བཞིན་མ་ཤེས་སྐྱོན་གྱིས། ཉན་ཐོས་ཀྱིས་དུག་ལྟར་དུ་སྤོང་བ་དང་། རང་རྒྱལ་གྱིས་སེམས་ལ་སྐྱེར་མི་བཅུག་འདོད་ནས་འགེགས་ཅི་ཐུབ་བྱེད་པ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་དང་མཚུངས་ལྡན་དུ་སྦྱོར་བ་ཡང་ཚོང་དཔོན་ཐབས་ལ་མཁས་པས་མི་ནག་མདུང་ཐུང་ཅན་བསད་པ་དང་། བྲམ་ཟེ་ཁྱེའུ་སྐར་མ་ལ་དགའ་བས་ཚོང་དཔོན་གྱི་བུ་མོ་ཆགས་པས་གདུང་བ་ལ་ཕན་པ་བསྒྲུབས་པ། ལྷ་ལུང་དཔལ་རྡོར་གྱིས་གླང་དར་མ་བཀྲོངས་པ་བཞིན་ནོ། །སྔགས་ཕྱི་པ་བྱ་སྤྱོད་རྣལ་འབྱོར་གསུམ་གྱིས་རང་གི་སྒོ་གསུམ་དག་པར་བསྒྱུར་བ་སོགས་ཀྱང་བླ་མེད་ཐེག་པའི་གནས་སྐབས་འདིར་ཆོས་མཉམ་པ་ཆེན་པོའི་ལྟ་བ་སྤྲོས་བྲལ་དང་ཏིང་འཛིན་གྱི་ཐབས་ལ་མཁས་པ་ཟུང་དུ་འཇུག་པས་ཉོན་མོངས་པའི་ཚོགས་རང་གི་ངོ་བོས་སྟོང་པའི་ཆོས་ཉིད་ཀྱིས་རྒྱས་ཐེབས་པས་རང་ལྡོག་ཅན་དུ་མི་གནས་པར་ལམ་དུ་སློང་བའོ། །རྩ་བ། དྲི་ཆེན་དྲི་ཆུ་མཾ་ས་རཀྟ་ཟིལ། །དང་ལེན་ལྔ་ལ་གཙང་སྨེའི་གཉིས་རྟོག་འདྲལ། །ཞེས་པ་ནི་འདི་ལྟར་དྲི་ཆེན་དང་དྲི་ཆུ་དང་མཾ་ས་ཤ་ཆེན་དང་རཀྟ་མཚན་ལྡན་ལས་བྱུང་བ་འདི་རྣམས་གཙང་རྩོག་གི་རྟོག་པ་ལྡོག་པས་ཆོས་ཉིད་ཀྱི་རང་བཞིན་དང་། རང་གི་ངོ་བོས་སངས་རྒྱས་ལྔར་བསྒྲུབ་པ་དང་། ནུས་མཐུས་ནད་ལྔ་བསལ་བ། བྱིན་རླབས་ཀྱི་དངོས་གྲུབ་བསྒྲུབ་པའི་རྫས་ཁྱད་པར་ཅན་ཡིན་པས་དང་དུ་བླང་བར་བྱའོ། །རྩ་བ། ཕུང་པོ་འབྱུང་ཡུལ་དབང་པོ་ཁ་དོག་ལྷར། །ཤེས་བྱ་ལྔ་ནི་ཤེས་རབ་སྟོབས་ཀྱིས་སྤྱོད། །ཅེས་པ་ནི་དེ་ལ་ཕུང་པོ་ལྔ་རྒྱལ་བ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། དབང་པོ་དང་དབང་ཤེས་སེམས་དཔའ། ཡུལ་ལྔ་སེམས་མ། ཁ་དོག་ལྔ་རིགས་ལྔ་དང་ཡེ་ཤེས་ལྔར་ཤེས་པར་བྱ་བའོ། །རྩ་བ། རྡོ་རྗེ་རིན་ཆེན་པདྨ་ལས་དེ་བཞིན། །བསྒྲུབ་བྱ་ལྔ་ནི་རྟོགས་གོམས་མཐུ་ཡིས་བསྒྲུབ། །འདི་དག་དམ་ཚིག་གསལ་བཀྲའི་དགོངས་པ་སྟེ། །དེ་བཞིན་དུས་འཁོར་བརྟུལ་ཞུགས་ཉི་ཤུ་ལྔ། །གསང་འདུས་སངས་རྒྱས་མཉམ་སྦྱོར་ཟླ་གསང་སོགས། །ཞེས་པ་ནི་དེའང་རྡོ་རྗེའི་རིགས་དང་རིན་པོ་ཆེ་དང་པདྨ་དང་ལས་དང་དེ་བཞིན་གཤེགས་པ་སྟེ་བསྒྲུབ་བྱ་ལྔ་ནི་རིམ་གཉིས་ལ་ཞུགས་བཞིན་རྟོགས་ནས་གོམས་པར་གྱུར་པའི་མཐུ་ཡིས་བསྒྲུབ་ཅེས་པའོ། །དེ་ལྟར་ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ་པོ་ནི་ཕན་ཚུན་དུ་ལྟོས་གྲུབ་ཅན་ཡིན་ཏེ་ཤེས་བྱ་ལྟ་བའི་དམ་ཚིག་དེ་ཉིད་རྟོགས་ན་སྒྲུབ་བྱེད་སྒོམ་པའི་དམ་ཚིག་ཡིན་པས་ལྟ་སྒོམ་ཟུང་འཇུག་ཏུ་ཉམས་སུ་བླང་ལ་དེའི་ངང་ནས་སྤྱོད་པ་དང་། མི་སྤོང་བ་དང་། དང་དུ་བླང་བ་གསུམ་ནི་སྤྱད་བྱའི་དམ་ཚིག་ཡིན་ཡང་། ལས་དང་པོ་པས་ཡིད་ཀྱིས་མི་སྤོང་ཞིང་ལུས་ཀྱིས་མི་སྤྱོད་ལ་རང་གིས་རང་ལ་མི་ཁྲེལ་བ་གཙོ་བོར་བྱའོ། །དེ་ཡང་ཐོས་ཉུང་བདུད་ཀྱིས་ཕྱོགས་བསླད་པ་ཁ་ཅིག་སྟོང་ཉིད་རྟོགས་སོ་སྙམ་ནས་སྤྱོད་པ་འདོད་རྒྱལ་དུ་སྤྱོད་པ་དག་ཡོད་ཀྱང་རྟོགས་སོ་སྙམ་པ་དེ་ཉིད་སྐྱོན་ཡིན་པས་རྩིང་སྤྱོད་ལ་བརྩོན་པ་དག་སྔགས་ལམ་དུ་ཞུགས་ཀྱང་ཕུང་འཚེངས་ཤིན་ཏུ་ཆེ་བ་ཡིན་ནོ། །ཉམས་མྱོང་ལ་དྲོད་ཅུང་ཟད་ཐོབ་ནས་གནང་བཀག་གི་རིམ་པ་མ་བརྗེད་པས་རྟོག་དཔྱོད་དང་བཅས་པས་དམ་ཚིག་དང་འགལ་ན་སྤང་། མཐུན་ན་བསྒྲུབ་པ་ཡིན་ཡང་ཇི་སྲིད་སེམས་ལ་ཁུ་འཕྲིག་ཡོད་རིང་ལ་ལས་དང་ལས་ཀྱི་འབྲས་བུའང་ཡོད་པར་ངེས་པས་ཉེས་སྤྱོད་ཀྱི་མཚན་ཉིད་ཤེས་པར་བྱས་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་ཁྲེལ་བག་ཡོད་པ་ལ་བསླབ་པར་བྱའོ། །གསུམ་པ་ལྷག་པའི་དམ་ཚིག་དང་། དུས་འཁོར་གྱི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་སོགས་རྒྱས་འགྲེལ་ལ་བལྟ་བར་བྱའོ། །རྩ་བ། སྔོན་དང་ཕྱིན་ཆད་འགྱུར་བའི་རྒྱུད་སྡེ་ཡི། །སྤྱི་དོན་གྱུར་པ་རིགས་ལྔའི་སྡོམ་པ་ལ། །སངས་རྒྱས་རྣལ་འབྱོར་སྨོན་འཇུག་ཚུལ་ཁྲིམས་གསུམ། །མི་བསྐྱོད་རྡོར་དྲིལ་ཕྱག་རྒྱ་བླ་མ་གཟུང་། །རིན་འབྱུང་ཆོས་ནོར་མི་འཇིགས་བྱམས་པ་སྦྱིན། །སྣང་མཐའ་ཐེག་པ་གསུམ་འཛིན་ཆོས་རྣམས་བཤད། །དོན་གྲུབ་མཆོད་བསྟོད་ཕྲིན་ལས་ཀུན་ལ་གུས། །ཞེས་པ་ནི་དེ་ཡང་སྔོན་དང་ཞེས་པ་རྙིང་མ་དང་ཕྱིན་ཆད་འགྱུར་བའི་གསར་མའི་རྒྱུད་སྡེའི་སྤྱི་དོན་དུ་གྱུར་པ་རིགས་ལྔའི་སྡོམ་པ་ལ། སངས་རྒྱས་རྣལ་འབྱོར་ལ་སྨོན་པ་དང་འཇུག་པ་དང་སོ་ཐར་བྱང་སེམས་སྔགས་སྡོམ་སྟེ་ཚུལ་ཁྲིམས་རྣམ་པ་གསུམ་བསྲུང་བ་དང་། མི་བསྐྱོད་པར་རྡོ་རྗེ་དང་དྲིལ་བུ་ཕྱག་རྒྱ་བླ་མ་བཟུང་བའོ། རིན་འབྱུང་ལ་ཆོས་ཀྱི་སྦྱིན་པ་དང་ནོར་ཏེ་ཟང་ཟིང་གི་སྦྱིན་པ་མི་འཇིགས་བྱམས་པ་སྟེ་བཞིའོ། །སྣང་མཐའ་ལ་ཉན་རང་དང་བྱང་སེམས་སྔགས་ཏེ་ཐེག་པ་གསུམ་འཛིན་ཅིང་དེ་དག་གི་ཆོས་རྣམས་གཞན་ལ་བཤད་ཅེས་པ་དང་། དོན་ཡོད་གྲུབ་པ་ལ་མཆོད་ཡུལ་བཀུར་ཞིང་སྦྱིན་ཡུལ་སྐྱོང་བ་སོགས་ཕྲིན་ལས་བཞི་དང་ལས་རབ་འབྱམས་ཀྱི་སྒོ་ནས་ཀུན་ལ་གུས་པ་སྟེ་བསྟན་འགྲོའི་དོན་ལ་འཇུག་པ་མི་ལྷོད་པའོ། །རྩ་བ། ཁྱད་པར་བླ་མེད་རིགས་ལྔའི་སྡོམ་པ་ནི། །རྡོ་རྗེའི་རིགས་གྱུར་སྲོག་ལ་འཚེ་བའང་། །ཞིང་བཅུ་ལས་གཞན་དབུ་མར་རླུང་རྟོག་གསོད། །རིན་ཆེན་རིགས་ལ་མ་བྱིན་བླང་བྱ་ནི། །མཚན་ལྡན་གཟུངས་དང་སྐལ་མེད་སྐྱེ་བོའི་ནོར། །རྫོགས་པའི་བྱང་ཆུབ་རང་སྟོབས་མཐུ་ཡིས་བླང་། །པདྨའི་རིགས་ལ་རི་དྭགས་མིག་ཅན་མཆོད། །སྟོང་པ་ཉིད་ཀྱི་བུད་མེད་ཀུན་ཏུ་སྤྱོད། །ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོ་བསྟེན། །འཁོར་ལོའི་རིགས་ལ་ཤ་ཆེན་ལྔ་དང་ཆང་། །ལས་ལ་བརྫུན་ཚིག་སྒྱུ་མ་ལྟ་བུར་སྒྲོག །ཅེས་པ་ནི་ཁྱད་པར་སྔགས་བླ་ན་མེད་པ་རིགས་ལྔའི་སྡོམ་པ་ནི། རྡོ་རྗེའི་རིགས་སུ་གྱུར་པའི་གཞན་གྱི་སྲོག་ལ་འཚེ་བའི་དམ་ཚིག་ལའང་བསྒྲལ་བའི་ཞིང་བཅུ་དང་ཉམས་པ་བདུན་ལ་གཏོགས་པ་རྣམས་བསྒྲལ་བ་ལས། གཞན་པ་དབུ་མར་ལས་རླུང་དང་རྟོག་པ་གསོད་པའོ། །རིན་པོ་ཆེ་རིགས་ཀྱི་དམ་ཚིག་ལ་མ་བྱིན་པ་བླང་བར་བྱ་བ་ནི་མཚན་ལྡན་གྱི་གཟུངས་མ་དང་སྐལ་མེད་སྐྱེ་བོས་བདག་གིར་བྱས་པའི་ཐོད་པ་མཚན་ལྡན་སོགས་སྔགས་ཡོ་བྱད་ལ་འོས་པའི་ནོར་རྫས། རྫོགས་པའི་བྱང་ཆུབ་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རང་སྟོབས་མཐུ་ཡིས་བླང་། པདྨའི་རིགས་ཀྱི་དམ་ཚིག་ལ་རི་དྭགས་མིག་ཅན་ལ་སོགས་པའི་མཚན་ལྡན་གྱི་བུད་མེད་དག་དགའ་བདེར་སྦྱོར་བའི་མཆོད་པ་དང་སྟོང་པ་ཉིད་ཀྱི་བུད་མེད་ཅེས་པ་གནས་ལུགས་ཀྱི་དོན་ལ་མཉམ་པར་འཇོག་པ་ལ་སྤྱོད་ཅེས་པའོ། །དེའང་དངོས་ཀྱི་རིག་མ་ལས་ཀྱི་ཕྱག་རྒྱ་དང་། དེའི་ཡན་ལག་གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་ཡི ད་རིག་ཆོས་རྒྱ་ཕྱག་ཆེན་མཆོག་ཏུ་མི་འགྱུར་བའོ། །འཁོར་ལོའི་རིགས་ཀྱི་དམ་ཚིག་ཏུ་ཤ་ཆང་གཉིས་ཐ་མལ་དུ་མ་ཤོར་བཞིན་དུ་སྤྱོད་ཅིང་དམ་ཚིག་གི་རྫས་སུ་དམིགས་པའོ། །ལས་ཀྱི་རིགས་ཀྱི་དམ་ཚིག་རྫུན་དུ་སྨྲ་བ་ཡང་གཞན་ཕན་གྱི་བསམ་པས་རྫུན་ཚིག་སྒྱུ་མ་ལྟར་སྒྲོག་པའོ། །རྩ་བ། དེ་ཡི་ཡན་ལག་ཚིག་གིས་གབ་པ་ནི། །མ་བསྒྲལ་བསྒྲལ་སོགས་བྱང་ས་དང་ཐུན་མོང་། །ལྷ་དང་ལྷ་མིན་གསང་བ་པ་མི་བརྙས། །ཕྱག་རྒྱ་བཞོན་པ་མཚོན་ཆ་མཚན་མ་ལ། །སྨད་པར་མི་བྱའི་གཉིས་ནི་དངོས་བསྟན་ཏེ། །གསང་བ་གནོད་སྦྱིན་ཕྱག་རྒྱ་སྐུ་གཟུགས་རྫོགས། །བཞོན་པ་བླ་མའི་སྟན་དང་ཆིབས་ལ་སོགས། །མཚོན་ཆ་ལྷ་ཡི་ཆེད་དུ་བྱས་པའི་རིགས། །མཚན་མ་ཕྱག་མཚན་ལྷ་དང་བླ་མ་དང་། །མཆོད་རྟེན་གྲིབ་མ་འགོམ་ལ་སྨད་པའི་སྒྲ། །དེ་བཞིན་མཆོད་རྫས་རྙིངས་ལ་དམན་མར་གྲགས། །ཕྱག་མཚན་རྣམ་པའང་བཟའ་བར་བཀག་པ་ཡིན། །ཞེས་པ་ནི་དེ་ཡི་ཞེས་པ་རིགས་ལྔའི་དམ་ཚིག་གི་ཡན་ལག་ཚིག་གིས་གསལ་བར་མ་བྱས་པར་གབ་པ་ནི། མ་བསྒྲལ་བསྒྲལ་སོགས་བྱང་ཆུབ་སེམས་དཔའི་ས་ལས་བཤད་པ་དང་ཐུན་མོང་ཡིན་ཞིང་དེའང་མ་བསྒྲལ་བ་ནི་ཤེས་སྒྲིབ་ཀྱི་བག་ཆགས་ལས་མ་བསྒྲལ་བའི་ཉན་རང་དགྲ་བཅོམ་པའི་ཚོགས་དང་། མ་གྲོལ་བ་ནི་སྒྲིབ་གཉིས་ཀྱི་འཆིང་བ་ལས་མ་གྲོལ་བའི་ཚངས་པ་ལ་སོགས་སོ་སྐྱེ་ནས་སློབ་པ་འཕགས་པའི་བར་རོ། །དབུགས་མ་ཕྱིན་པ་དམྱལ་བ་སོགས་ངན་སོང་གསུམ་སྡུག་བསྔལ་ལས་དབུགས་འབྱིན་མ་ཐོབ་པ་དག་དབུགས་དབྱུང་བ། མདོར་ན་སེམས་ཅན་ཐམས་ཅད་མྱང་འདས་ལ་འགོད་པའོ། །ལྷ་དང་ལྷ་མིན་དང་གསང་བ་པ་གནོད་སྦྱིན་ཏེ་དམ་ལ་གནས་ཤིང་བསྟན་པ་སྐྱོང་བས་མི་བརྙས་པ་དང་། ཕྱག་རྒྱ་བཞི་ཀ་མི་སྨད་ཅིང་ཁྱད་པར་ལྷའི་སྐུ་གཟུགས་རྫོགས་པ་ནི་མངོན་གྱུར་པ། བཞོན་པ་བླ་མའི་ཆིབས་དང་ཁྲི་སྟན་སོགས། མཚོན་ཆ་ནི་ལྷའི་ཕྱག་མཚན་གྱི་རིགས། མཚན་མ་ནི་རིགས་ལྔའི་ས་བོན་ཕྱག་མཚན་དང་། གཞན་ཡང་བླ་མ་དང་མཆོད་རྟེན་གྱི་གྲིབ་མ་འགོང་བ་ལ་སྨད་པའི་སྒྲར་བསྟན་ལ། དམན་པ་ནི་མཆོད་རོ་གང་རུང་འགོང་བའམ་བཟའ་བ་མི་གཙང་བའི་གནས་སུ་བསྒྱུར་བའོ། །ཕྱག་མཚན་རྡོ་རྗེ་རལ་གྲི་སོགས་ཀྱི་གཟུགས་བཅོས་པའང་བཟའ་མི་རུང་ཞེས་པའོ། །རྩ་བ། ཁྱད་པར་གསོད་དང་མ་བྱིན་ལེན་པ་སོགས། །དངོས་བསྟན་ཉིད་དམ་དགོངས་པ་ལུང་སྟོན་གྱི། །རྣམ་དབྱེ་མ་ཕྱེད་སྔགས་པ་ཐུར་ལ་ལྟུང་། །ཞེས་པ་ནི་དེ་ལ་ཁྱད་པར་སྔགས་ཀྱི་ཐེག་པ་ལྡེམ་པོར་དགོངས་པ་གཞན་གྱིས་མི་ཤེས་པས་སྲོག་ཆགས་གསོད་པ་དང་། གཙུག་ལག་ཁང་གི་ཟས་ནོར་མ་བྱིན་པར་ལེན་པ་སོགས་དངོས་བསྟན་ཉིད་དམ་དགོངས་པ་ལུང་སྟོན་གང་ཡིན་གྱི་རྣམ་དབྱེ་མ་ཕྱེད་པའི་སྔགས་ལ་སྤྱོད་རློམས་ལ་ལ་ཐུར་ལ་ལྟུང་ཞེས་པའོ། །དེ་ལྟ་ནའང་གཤིས་ཀྱི་བཞུགས་ཚུལ་མངོན་དུ་གྱུར་པའི་ཚེ་བཅས་པའི་ལྟུང་བ་ནི་ཆོས་ཅན་ཀུན་རྫོབ་བདེན་པའི་ངོ་བོ་གསོག་དང་གསོབ་དང་རྨི་ལམ་ལྟ་བུ་ཡ་མ་བརླའི་རང་བཞིན་སྐྱེ་འཇིག་དང་བཅས་པས་རང་མཚན་འཛིན་པར་མི་ནུས་པས་ཆོས་ཀྱི་དབྱིངས་དགེ་སྡིག་ལས་འདས་པའི་ངང་དུ་ཐོབ་ཤོར་མེད་པའོ། །རྩ་བ། མདོར་ན་གབ་པའི་གསང་བ་མ་རྟོགས་པ། །སྦས་པའི་གསང་བར་མངོན་འཆལ་ཀུན་ལ་གཟུར། །ཞེས་པ་ནི་མདོར་བསྡུ་ན། གབ་པའི་གསང་བ་ཞེས་སྔགས་ལམ་དུ་གསུངས་ཤིང་གོང་འོག་ན་གསལ་བ་རྣམས་ཇི་བཞིན་མ་རྟོགས་པ་ལ་སྦྱོར་སྒྲོལ་སོགས་སྦས་པའི་གསང་རྣམས་སྒྲ་ཇི་བཞིན་པར་བསྟེན་ནས་གསང་བར་གདམས་པའི་རྒྱ་ལས་འདས་ནས་མངོན་པར་འཆལ་བ་སྟེ་ཀུན་ལ་སྤེལ་ཞིང་དེའི་དཔང་པོ་རང་ཉིད་ཀྱིས་བྱེད་པ་ལྟ་བུ་ལ་གཟུར་ཞེས་པ་ལགས་ཤིང་། དེ་ལྟར་མ་ཡིན་པས་རྡོ་རྗེ་ཐེག་པའི་ལམ་ལ་གནང་བཀག་ཚུལ་བཞིན་དུ་ཤེས་པར་སྤྱད་ན་ལམ་གཞན་པས་ཁྱད་པར་འཕགས་ཤིང་མྱུར་ཞེས་པའོ། །རྩ་བ། ཉིན་བཞིན་བྲམ་ཟེ་གསོད་དང་མཚམས་མེད་སྤྱོད། །སྔགས་སྡོམ་སྐྱེ་བའི་རྟེན་དུ་རུང་བས་ན། །གསང་སྔགས་ཐབས་ཀྱིས་ཆེ་བ་སྨོས་ཅི་དགོས། །ཞེས་པ་ནི་དེ་ཡང་གསང་བ་སྔགས་ཀྱི་ལྟ་སྒོམ་སྤྱོད་འབྲས་བཞི་སྟོན་ནུས་པའི་བླ་མ་ལ་བསྟེན་བཞིན་དམ་ཚིག་ལ་སྐྱོན་མ་བཞུགས་ན། ཉིན་རེ་བཞིན་དུ་བྲམ་ཟེ་གསོད་པ་དང་མཚམས་མེད་པ་ལྔ་ལ་སྤྱོད་པ་དག་ཀྱང་། སྔགས་ཀྱི་སྡོམ་པ་སྐྱེ་བའི་རྟེན་དུ་རུང་བས་ན་གསང་བ་སྔགས་ཞེས་ཐབས་ཀྱི་ཆེ་བ་ཡིན་པ་སྨོས་ཅི་དགོས་ཞེས་པའོ། །རྩ་བ། ལྟུང་མཚམས་མི་ཤེས་བླ་མར་མི་གུས་དང་། །བག་མེད་ལ་གོམས་ཉོན་མོངས་མཐུ་ཆེ་བཞི། །ལྟུང་བ་འབྱུང་བའི་སྒོ་བཞི་དེའི་སྟེང་དུ། །བརྗེད་ངས་ཆེ་དང་དྲན་པ་མི་གསལ་བ། །བསྣན་པ་དམ་ཚིག་ཉམས་པའི་རྒྱུ་དྲུག་ཡིན། །དེ་བས་དྲན་དང་ཤེས་བཞིན་གཉེན་པོ་ཡི། །ལོང་བ་དབྱེ་བའི་གནས་སྐབས་ཐོབ་པའི་བག །བསྲུང་བ་ཇི་བཞིན་ཉིན་མཚན་ཐུན་དྲུག་ཏུ། །སྤང་བླང་གནས་ལ་བསྒྲིམས་ཤིང་བསྒྲིམས་ཤིང་དཔྱད། །ཅེས་པ་ནི་དེ་ལ་དམ་ཚིག་གི་བླང་དོར་གྱི་མཚམས་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་དང་པོ་ཡིན་པ་དང་དེའི་སྟེང་དུ་བླ་མར་མི་གུས་པ་དང་། བག་མེད་པ་སྟེ་དམ་ཚིག་ཉམས་ཆག་ལ་དོགས་ཟོན་མེད་བཞིན་སྤྱོད་པ་ལ་གོམས་ཤིང་ཉོན་མོངས་པ་མཐུ་ཆེ་བ་དང་བཞི་པོ་འདི་ནི་ལྟུང་བ་འབྱུང་བའི་སྒོ་བཞི་ཡིན་ཅིང་དེའི་སྟེང་དུའང་སྤང་བླང་སོགས་བརྗེད་ངས་ཆེ་བ་དང་དྲན་པ་མི་གསལ་བ་གཉིས་བསྣན་པ་དམ་ཚིག་ཉམས་པའི་རྒྱུ་དྲུག་ཡིན་ནོ། །དེ་བས་ན་དྲན་པ་དང་ཤེས་བཞིན་གྱི་གཉེན་པོ་ལྷོད་མེད་དུ་བསྟེན་པ་མིག་ལོང་བ་དག་མིག་འབྱེད་མཁན་གྱིས་དབྱེ་བའི་སྐབས་ཐོབ་པའི་བག་སྟེ་དོགས་ཟོན་བྱེད་པ་ལྟར་བསྲུང་བ་ཇི་བཞིན་ཉིན་ལན་གསུམ་མཚན་ལན་གསུམ་ཐུན་དྲུག་ཏུ་སྤང་རྒྱུ་དང་བླང་རྒྱུའི་གནས་ཀུན་ལ་བསྒྲིམས་ཤིང་བསྒྲིམས་ཤིང་སྟེ་ཟློས་པ་ཡང་གལ་ཆེན་དུ་གདམས་པའོ། །རྩ་བ། ཉམས་ན་གསོ་བའང་འོག་མ་ལས་འཕགས་ཏེ། །ཉན་ཐོས་སྡོམ་ཁྲིམས་འཆབ་སེམས་མ་སྐྱེས་ན། །ལན་བདུན་གསོར་ཡོད་འཆབ་བཅས་ལན་གཅིག་ཀྱང་། །གསོ་བའི་ཡུལ་མེད་རྫ་བེའུ་ཆག་པ་བཞིན། །བྱང་སྡོམ་རིན་ཆེན་ཉེར་སྤྱད་ཆག་དང་འདྲ། །གཞན་རྐྱེན་དགེ་བའི་བཤེས་ལ་བསྟེན་ནས་གསོ། །གསང་སྔགས་སྡོམ་པ་རིན་ཆེན་སྣོད་ཞོམ་ལྟར། །རང་སྟོབས་མཐུ་ཡིས་གསོ་རུ་བྱར་ཡོད་པས། །བླ་མ་སྤུན་བརྙས་འཕྲལ་དུ་མཉེས་བྱས་བསྐང་། །གསུང་གི་ཐ་ཚིག་ཉམས་ན་རྡོ་རྗེ་ཆོས། །བསྒོམས་ལ་སྙིང་པོའམ་ཡིག་བརྒྱ་འབུམ་ཐེར་གདོན། །ཐུགས་ལས་ཉམས་ན་ལོ་གསུམ་སྨྲ་བ་བཅད། །གཅིག་ཏུ་མཉམ་པར་གཞག་པ་གསོ་བའི་ཐབས། །ཞེས་པ་ནི་དེའང་དམ་ཚིག་ཉམས་པར་གྱུར་ན་གསོ་བའང་འོག་མ་རྣམས་ལས་འཕགས་པ་ཡིན་ཏེ་ཉན་ཐོས་སྡོམ་ཁྲིམས་འཆབ་པའམ་སྦས་སེམས་མ་སྐྱེས་ན་ལན་བདུན་གསོར་ཡོད་ཀྱང་། འཆབ་བཅས་ཏེ་ཉེས་པ་གསང་ན་ལན་གཅིག་ཀྱང་གསོ་བའི་ཡུལ་མེད་པའི་དཔེ་རྫ་བེའུ་ཆག་པ་བཞིན་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ནི་རིན་པོ་ཆེའི་ཉེར་སྤྱོད་དེ་སྣོད་ཆག་པ་དང་འདྲ་བས་གཞན་རྐྱེན་དགེ་བའི་བཤེས་གཉེན་ལ་བསྟེན་ནས་གསོ་དགོས་པ་དང་། གསང་བ་སྔགས་ཀྱི་སྡོམ་པའམ་དམ་ཚིག་ཉམས་ན་རིན་པོ་ཆེའི་སྣོད་ཞོམ་པ་སྟེ་རྡིབ་སྐྱོན་བྱུང་ན་རང་སྟོབས་མཐུ་ཡིས་གསོ་རུ་བྱར་ཡོད་པ་ཡང་། བླ་མ་དང་རྡོ་རྗེའི་སྤུན་ལ་བརྙས་པ་ནི་འཕྲལ་དུ་ཚོགས་འཁོར་སོགས་ཀྱིས་མཉེས་པར་བྱས་པས་བསྐང་ནུས་ཤིང་། གསུང་གི་ཐ་ཚིག་སྟེ་བླ་མ་སྨོད་པ་སོགས་ངག་གིས་ཉམས་པར་གྱུར་ན་རྡོ་རྗེ་ཆོས་ཏེ་རྡོ་རྗེ་སེམས་དཔའ་བསྒོམས་ལ་སྙིང་པོ་ཡིག་དྲུག་གམ་ཡིག་བརྒྱ་འབུམ་ཐེར་བཏོན་ན་བཤགས་ཐུབ་ཅིང་། ཐུགས་ལས་ཉམས་ན་ཞེས་བླ་མ་ལ་ལུས་ངག་གིས་དམ་ཚིག་བསྲུང་བརྫུ་བྱས་ཀྱང་ཡིད་ཀྱིས་ལོག་ལྟ་སོགས་ཤོར་ན་ལོ་གསུམ་སྨྲ་བ་བཅད་བཞིན་རྩེ་གཅིག་ཏུ་ཡེངས་པ་མེད་པར་མཉམ་པར་བཞག་པ་ཁོ་ན་གསོ་བའི་ཐབས་མཆོག་ཏུ་གྱུར་པའོ། །རྩ་བ། དྲུག་ཆ་ལས་ཐལ་ཐུན་ཚོད་འདའ་བའི་མཚམས། །འགལ་དང་ཉམས་དང་འདས་དང་རལ་བ་ཞེས། །ཞག་དང་ཟླ་བ་ལོ་གཅིག་ལོ་གཉིས་འདས། །གསོ་བར་རུང་སྟེ་ཕྱི་མ་ཕྱི་མ་ལྕི། །ལོ་གསུམ་འདས་ན་གསོ་བར་རུང་མ་ཡིན། །འགལ་ན་ཚོགས་འཁོར་ཉམས་ན་བདོག་དགུས་བསྐང་། །འདས་ན་བུ་དང་ཆུང་མ་ནོར་གྱི་དབྱིག །རལ་ན་སྲོག་གི་གསོ་བའི་རྣམ་གཞག་རྣམས། །རྡོ་རྗེ་ཉི་མ་རྣམ་པར་བཀོད་ལས་གསུངས། །ཞེས་པ་ནི་དེ་ལ་སྤྱིར་ལྟུང་བ་ཕལ་པ་ལ་ཡན་ལག་བཞི་དང་ལྡན་དགོས་ཏེ། ལྟུང་བ་འབྱུང་བའི་ཡུལ་དེར་འདུ་ཤེས་པའི་བསམ་པ། ལུས་ངག་དང་འབྲེལ་ན་དེའི་སྦྱོར་བ་སྒོ་གསུམ་གང་གིས་བྱ་བ་རྫོགས་ཚེ་མཐར་ཐུག་བཞི་ཚང་ན་སྔགས་སྡོམ་གཏོང་བའི་ཕམ་པར་འགྱུར་རོ། །བྱེ་བྲག་ཏུ་དབྱེ་ན་ཉིན་ཐུན་གསུམ་མཚན་ཐུན་གསུམ་ལ་དྲུག་ཆ་སྟེ་དམ་ཚིག་ཉམས་ཆག་ཅི་བྱུང་དེའི་ཁོངས་སུ་མ་བཤགས་ནས་དེ་ལས་ཐལ་ནས་ཐུན་ཚོད་ལས་འདའ་བའི་མཚམས་ལ། འགལ་བ་ཞེས་ཉམས་ཆག་དེ་མ་བཤགས་པར་ཞག་གིས་བར་དུ་ཆོད་པ་དང་དེ་བཞིན་དུ་ཉམས་པ་ནི་ཟླ་བས་བར་དུ་ཆོད་པ། འདས་པ་ནི་ཉམས་ཆག་མ་བཤགས་པར་ལོ་གཅིག་དང་གཉིས་འདས་ཀྱང་གསོ་བར་རུང་སྟེ་གསུངས་ཀྱང་ཕྱི་མ་ཕྱི་མ་ལྕི་ཞིང་ལོ་གསུམ་ལ་ཟླ་བ་ཕྱེད་དང་ཞག་པོ་ཁ་ཤས་ཙམ་མ་ཚང་ཡང་གསོ་བར་རུང་བ་ཤུགས་ལ་བསྟན་པ་ལས་ཤེས་ཤིང་ལོ་གསུམ་ཚང་བར་སོང་ན་གསོ་བར་རུང་བ་མ་ཡིན་ནོ། །དེ་དག་རྣམས་ཀྱང་རིམ་པ་བཞིན་དུ་བཤགས་ཐབས་ཀྱང་འགལ་ན་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོས་བསྐང་བ་དང་། ཉམས་ན་རང་ལ་གང་ཡོད་ཀྱི་ནོར་རྫས་བདོག་དགུས་བསྐང་ཞིང་། འདས་ན་བུ་དང་ཆུང་མ་ནོར་རྫས་གང་ཡོད་དང་དབྱིག་ཅེས་རིན་པོ་ཆེའི་རིགས་ཕུལ་ནུས་ཤིང་། རལ་ན་སྲོག་གིས་གསོ་བ་ནི་བླ་མའི་ཆེད་དུ་རང་གི་ལུས་སྲོག་གཏོང་དགོས་ཀྱང་ཕངས་སེམས་མི་སྐྱེ་བ་སྟེ་དཔེར་ན་རྒྱལ་པོའི་ཆད་པའམ་དགྲ་ཟླ་སོགས་ཀྱི་ཉེན་ལ་ཐུག་པ་ལྟ་བུའི་དུས་བླ་མའི་ཚབ་ཏུ་རང་ལུས་གཏོང་བ་ལ་ཅི་མི་སྙམ་པའོ། །འདི་ལྟ་བུའི་རྣམ་པར་བཞག་པའི་ཐབས་གང་ནས་བཤད་ན་རྡོ་རྗེ་ཉི་མ་རྣམ་པར་བཀོད་པ་ལས་གསུངས་སོ། །རྩ་བ། གཞན་ཡང་དབང་བཞི་བསྐྱར་དང་བདག་འཇུག་བླང་། །བསྐྱེད་རྫོགས་བཟླས་བརྗོད་འཕོ་མེད་ཚུལ་ཁྲིམས་དང་། །ཐིག་ལེའི་རྣལ་འབྱོར་སྦྱིན་སྲེག་གཏོར་མ་གཏོང་། །དྲལ་པའི་སྔགས་རྒྱས་བཀྲུ་དང་གཏུམ་མོས་སྲེག །ཚོགས་སམ་རྟེན་གྱི་མདུན་དུ་ཉེས་པ་བསྒྲགས། །སྲོག་བསླུ་གསུང་རབ་བཀླག་དང་ཡིག་བརྒྱ་བཟླ། །མཎྜལ་ཡན་ལག་བདུན་དང་མཆོད་རྟེན་བཞེངས། །ལ་སོགས་ཐབས་ཀྱིས་གཏུགས་པ་མ་ཡིན་ལ། །ཁྱད་པར་དོང་སྤྲུག་བཤགས་པས་མི་འདག་མེད། །དམིགས་བཅས་ཀུན་ལ་འགྱོད་སེམས་ལྷག་པར་གཅེས། །ཞེས་པ་ནི་དེའང་ཉམས་ཆག་བྱུང་ནས་ལོ་གསུམ་མ་འདས་པ་དག་གིས་སྔོན་དུ་བསྐང་ཐབས་བཤད་པ་ལས་གཞན་པ་ཡང་བུམ་དབང་དང་གསང་དབང་དང་ཤེས་རབ་ཡེ་ཤེས་དང་རིག་པའི་རྩལ་དབང་སྟེ་བཞི་པོ་ཡང་ཡང་བསྐྱར་ནས་ཞུ་བ་དང་། རང་སྟོབས་ཀྱིས་བདག་འཇུག་ཡང་ཡང་བླང་ཞིང་བསྐྱེད་རིམ་དང་རྫོགས་རིམ་བསྒོམ་པ་གསང་སྔགས་ཀྱི་བཟླས་བརྗོད་སོགས་དང་འཕོ་མེད་ཀྱི་ཚུལ་ཁྲིམས་ཞེས་ཁམས་འཛག་མེད་དུ་བསྲུང་བ་དང་། ཐིག་ལེ་རྣལ་འབྱོར་ནི་འཛིན་འདྲེན་དགྲམ་གསུམ་དང་ཡུམ་གྱི་མཁར་ལྷ་ཚོགས་བསྐྱེད་ཅིང་འབུལ་བའི་ཐབས་དང་། སྦྱིན་སྲེག་ཕྱི་ནང་གསང་གསུམ་གྱི་གཏོར་མ་གཏོང་བ། དྲལ་བའི་སྔགས་རྒྱ་ཞེས་ཏིལ་ལ་སྡིག་པ་བསྟིམས་ནས་སྔགས་རྒྱས་བཀྲུ་བ་དང་། ཟ་བྱེད་རྡོ་རྗེ་མཁའ་འགྲོ་ལ་བརྟེན་ནས་གཏུམ་མོའི་མེས་བསྲེག་པ་དང་། འདུས་སྡེ་རྒྱ་མཚོ་འཚོགས་པའམ་རྟེན་གསུམ་བྱིན་རླབས་ཅན་གྱི་མདུན་དུ་རང་གི་ཉེས་པ་བསྒྲགས་པ་དང་། འཆི་ངེས་པའི་སེམས་ཅན་གྱི་སྲོག་བསླུ་བ། རྒྱལ་བའི་གསུང་རབ་བཀླག་པ་དང་། ཡིག་བརྒྱ་ཅི་ནུས་བཟླ་ཞིང་མཎྜལ་དང་ཡན་ལག་འདུན་པ་ལ་བརྩོན་ཞིང་། མཆོད་རྟེན་ཏེ་ཚ་ཚ་བཞེངས་པ་སོགས་ཐབས་ཀྱིས་གཏུགས་པ་མ་ཡིན་ཞེས་ཟད་པ་མ་ཡིན་ལ། ཁྱད་པར་དོང་སྤྲུག་བཤགས་པས་མི་འདག་པའི་ཉེས་ཚོགས་གཏན་ནས་མེད་ཅེས་པ་དང་། དམིགས་བཅས་ཀུན་ལ་ཞེས་ལུས་ངག་གིས་ཉམས་ཆག་ལྟ་བུའི་དངོས་ཞེན་ཅན་ལ་འགྱོད་སེམས་ཡང་ཡང་སྐྱེ་བ་ལྷག་པར་གཅེས་ཞེས་པའོ། །དེ་ཁོ་ན་ཉིད་ཀྱིས་སྦྱང་བ་ནི་བདག་དང་གཞན་དང་གཉིས་ཀ་མི་དམིགས་པ་སྟེ་འཁོར་གསུམ་ཡོངས་དག་ཆེན་པོས་སྦྱང་བའོ། །རྩ་བ། མ་བཤགས་ཚེ་འདིར་བདེ་ལེགས་ཡོན་ཏན་འགྲིབ། །དོ་ཟླ་མེད་པའི་རྡོ་རྗེའི་དམྱལ་བར་ལྟུང་། །ཞེས་པ་ནི་དེ་ལྟར་དམ་ཚིག་ཉམས་ཆག་བྱུང་བ་རྣམས་ལ་འགྱོད་སེམས་དང་ཕྱིར་བཅོས་སོགས་ཀྱིས་མ་བཤགས་ན་ཚེ་འདིར་ཡང་བདེ་ལེགས་ཡོན་ཏན་ཐམས་ཅད་ཉི་མ་ཁ་ཕག་ཏུ་ནུབ་པ་ལྟར་འགྲིབ་པའི་སྐྱོན་དང་། ཕྱི་མ་ཡང་དམྱལ་བ་གཞན་ཐམས་ཅད་ཀྱི་དུཿཁས་དོ་ཟླ་མེད་པ་ནི་རྡོ་རྗེའི་དམྱལ་བ་སྟེ་དེར་ལྟུང་ལ་ཐར་དཀའ་བར་བསྟན་པའོ། །རྩ་བ། དམ་ཚིག་ལྡན་པ་སྐྱེ་བ་བཅུ་དྲུག་གམ། །མྱུར་ན་འདིའམ་འཆི་ཁ་བར་མ་དོར། །གྲུབ་པ་བརྒྱད་དང་དབང་བཅུ་ཕྱི་ནང་གཉིས། །དབང་ཕྱུག་བརྒྱད་དང་རིག་འཛིན་རྣམ་པ་བཞི། །མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན། །སྐུ་ལྔའི་ཞིང་བགྲོད་འགྲོ་དོན་ལྷུན་གྱིས་གྲུབ། །ཅེས་པ་ནི་འདི་ལྟར་དམ་ཚིག་མ་ཉམས་ཤིང་ལྡན་པར་གྱུར་ན་རིང་མཐའ་སྐྱེ་བ་བཅུ་དྲུག་གམ། དེ་ལས་མྱུར་ན་ཚེ་འདིའམ་འཆི་ཁའམ་བར་མ་དོ་ཚུན་དུ་གྲུབ་ཆེན་བརྒྱད་ཐོབ་པ་ཡང་མཁའ་སྤྱོད་ནི་ནམ་མཁར་གནས་བཞིན་འཆི་བ་མེད་པའོ། །རལ་གྲི་ནི་ཕ་རོལ་ཕམ་པར་བྱེད་པའོ། །རིལ་བུ་ནི་དེ་ལག་ཏུ་ཐོགས་པས་ལུས་མི་སྣང་བར་བྱེད་ནུས་པའོ། །རྐང་མགྱོགས་ནི་མཆིལ་ལྷམ་གྲུབ་པ་གྱོན་ནས་ཡུད་ཙམ་ལ་རྒྱ་མཚོའི་མཐའ་ཡང་འཁོར་བའོ། །བུམ་པ་ནི་དེའི་ནང་དུ་མི་འཛད་པའི་འདོད་དགུའི་གཏེར་འབྱུང་བའོ། །གནོད་སྦྱིན་ཁོལ་པོ་ནི་དེས་བྲན་བྱས་ནས་ཅི་དགོས་པ་སྒྲུབ་ཅིང་མི་འབུམ་གྱི་ལས་ཉིན་གཅིག་ལ་ཟིན་པ་རྒྱལ་པོ་མྱ་ངན་མེད་ཀྱིས་ཙཻ་ཏྱ་སྟེ་མཆོད་རྟེན་བྱེ་བ་ནུབ་གཅིག་ལ་བཞེངས་པ་ལྟ་བུའོ། །བཅུད་ལེན་ནི་ཉི་ཟླའི་ཚེ་གླང་པོ་ཆེའི་སྟོབས་པདྨའི་མདངས་དང་ལྡན་ཞིང་ལུས་ཤིང་བལ་ལས་ཡང་བ་སློབ་དཔོན་པདྨ་ལྟ་བུའི་སྟོབས་ནུས་ཐོབ་པའོ། །མིག་སྨན་ནི་ལས་དེ་གྲུབ་པའི་རྫས་མིག་ལ་བྱུགས་པས་ས་འོག་གཏེར་མཐོང་བ་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཞིན་ནོ། །དབང་བཅུ་ནི། ཚེ་ལ་དབང་བས་ནི་བསྐལ་པར་ཅི་ཙམ་སྡོད་པར་འདོད་ཀྱང་དེ་སྲིད་དུ་གནས་ནུས་པ། སེམས་ལ་དབང་བས་ནི་ཏིང་ངེ་འཛིན་དཔག་མེད་ལ་སྐད་ཅིག་རེར་མཉམ་པར་འཇོག་ཅིང་ལྡང་ནུས་པ་དང་། ཡོ་བྱད་ལ་དབང་བས་ནི་བསམ་པ་ཙམ་གྱིས་འཇིག་རྟེན་དུ་ཟས་ནོར་སྣ་ཚོགས་འབེབས་ནུས་པ་དང་། ལས་ལ་དབང་བས་ནི་བཟོ་དང་ལས་ཀྱི་གནས་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་སྤྱོད་པ་དང་། སྐྱེ་བ་ལ་དབང་བས་ལྷ་མིའི་གནས་གང་འདོད་དུ་སྐྱེ་བ་དང་། མོས་པ་ལ་དབང་བས་ས་གཞི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་སུ་བསྒྱུར་ནུས་པའོ། །སྨོན་ལམ་ལ་དབང་བས་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱིས་གང་བ་སོགས་སྨོན་ལམ་ཅི་བཏབ་འགྲུབ་པའོ། །རྫུ་འཕྲུལ་ལ་དབང་བས་ཞིང་ཁམས་དཔག་མེད་སྐྲ་རྩེ་གཅིག་གི་ནམ་མཁར་འཛིན་པ་སོགས་གང་འདོད་དུ་སྤྲུལ་ནུས་པའོ། །ཡེ་ཤེས་ལ་དབང་བས་ཤེས་བྱ་གང་ཤེས་པར་འདོད་པ་དེ་ཤེས་པ་དང་། ཆོས་ལ་དབང་བས་ནི་ཆོས་ཐམས་ཅད་ཀྱི་མིང་དང་དོན་རྣམ་པར་བཞག་པ་ལ་མཁས་པའོ། །དབང་བཅུ་ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཡོད་པའོ། །དབང་ཕྱུག་བརྒྱད་ནི། ཕྲ་ཞིང་ནི། འཁོར་འདས་ཀྱི་ཆོས་རྣམས་དབུ་མའི་རང་བཞིན་དུ་མཐོང་བའོ། །ཡང་བ་ནི། ཡེ་ཤེས་ཀྱི་རླུང་གི་སྟོབས་ཀྱིས་མཁའ་ཁྱབ་ཀྱི་འཇིག་རྟེན་དུ་རྫུ་འཕྲུལ་གྱིས་སྐད་ཅིག་ཙམ་ལ་འགྲོ་བ་དང་བལྟར་ནུས་པའོ། །ཕྲ་བར་ནུས་པ་ནི། དབུ་མར་རླུང་སེམས་ཞུགས་སྟོབས་ཀྱིས་བདག་གཞན་གཉིས་ཀ་སྟོང་ཉིད་དུ་ཐིམ་པར་རྟོགས་པས་གཉིས་སྣང་རྣམས་ནུབ་པའོ། །སྤྱོད་པར་ནུས་པ་ནི། ནང་གི་བཙུན་མོ་དབུ་མ་ཡིན་ཕྱིར་དེར་རླུང་སེམས་ཞུགས་པས་ཕྱི་རོལ་དུ་གཟུགས་རྡོ་རྗེའི་བདག་ཉིད་ཅན་ལ་སོགས་པ་ཟག་མེད་ཀྱི་འདོད་ཡོན་ལྔ་ལ་སྤྱོད་པའོ། །བདག་ཉིད་ཆེན་པོ་ནི། མཚན་དཔེ་འབར་བ་སོགས་དང་བདུད་བཞི་ལས་རྣམ་པར་རྒྱལ་བ་དང་། མཐུ་སྟོབས་ཀྱི་བདག་པོར་གྱུར་པའོ། །དགའ་མགུར་བྱེད་པ་ནི། འགྲོ་བ་རྣམས་ལ་ཇི་ལྟར་འདོད་པའི་སྐུ་དང་གསུང་ལ་སོགས་པའི་རྣམ་པར་འཕྲུལ་པ་སྣ་ཚོགས་བསྟན་ནས་བསམ་པ་ཚིམ་པ་བྱེད་ནུས་པའོ། །ཐམས་ཅད་དབང་དུ་འགྱུར་བ་ནི། སེམས་ཅན་རྣམས་ཚོགས་གཉིས་རྫོགས་པའི་གོ་འཕང་ལ་འགོད་ནུས་པས་གཞན་དོན་དུ་མི་འགྱུར་བ་སྐད་ཅིག་ཀྱང་མེད་པའོ། །ཅི་འདོད་པ་བྱེད་པ་ནི། རང་གཞན་གཉིས་ཀའི་དོན་དུ་གནམ་རྡོ་ལྷུང་བ་དང་། རྒྱ་མཚོ་འཁྲུགས་པའི་སྒྲ་དང་། གཅིག་ལས་དུ་མ་དང་། དུ་མ་ལས་གཅིག་ཏུ་བྱེད་པ་ལ་སོགས་པའི་རྫུ་འཕྲུལ་ལ་དབང་ཐོབ་པའོ། །དེ་ཀུན་ཀྱང་རང་གི་བཞེད་པ་ཙམ་ལ་རག་ལས་པ་ཡིན་པས་ཟག་མེད་ཀྱི་ཡོན་ཏན་མ་ལུས་པ་ལ་དབང་འབྱོར་བའི་ཕྱིར་དབང་ཕྱུག་དང་ལྡན་པ་ཞེས་བྱའོ། །དེ་ལྟར་ས་བཅུ་གསུམ་པའི་གནས་སྐབས་དེ་ཉིད་ལས་འབྲས་བུའི་དངོས་གཞི་ཟུང་འཇུག་གི་སྐུ་ཁ་སྦྱོར་ཡན་ལག་བདུན་ལྡན་ཏེ། སྐུ་རྣམ་པ་ཐམས་ཅད་པ་ཤེས་བྱའི་སྣང་བརྙན་ཡོད་དགུར་འཆར་བ་ནི་ཁ་སྦྱོར་དང་། གསུང་དེ་ལྟར་སྒྲ་ཚིག་གི་སྒྲིབ་པ་དང་བྲལ་བ་ནི་ལོངས་སྐུ་དང་། ཐུགས་ཀྱང་གཟུང་འཛིན་གྱི་རྟོག་པ་ལས་གྲོལ་ཞིང་འགྱུར་མེད་ཀྱི་བདེ་ཆེན་ལ་རོལ་པ་དང་། དེའང་རང་བཞིན་མེད་པ་སྟེ་མེད་དགག་གི་དཔྱད་མཐའ་ལས་གྲོལ་བའི་སོ་སོ་རང་རིག་པའི་མཚན་ཉིད་ཅན་བཞིས་རང་དོན་ཕུན་སུམ་ཚོགས་པ་དང་། སྙིང་རྗེས་ཡོངས་སུ་གང་བ་ལས་ནོར་བུའམ་དཔག་བསམ་གྱི་ཤིང་ལྟར་གཞན་དོན་འབད་མེད་དུ་འབྱུང་བ་དམིགས་པ་མེད་པའི་ཐུགས་རྗེ་དང་། ཐུགས་རྗེ་ཆེན་པོ་དེ་ཉིད་ནམ་དུའང་རྒྱུན་ཆད་མེད་པས་རྟག་པ་དང་། གདུལ་བྱའི་མོས་པ་དང་དབང་པོ་ལ་འཆམས་པའི་གཟུགས་སྐུའི་སྣང་བརྙན་དང་ཆོས་སྒོ་མཐའ་ཡས་པ་ནམ་ཡང་འགོག་པ་མེད་པར་འཆར་བ་དང་། གསུམ་གྱིས་གཞན་དོན་ཕུན་སུམ་ཚོགས་པ་ཤུགས་ལས་འགྲུབ་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཞེས་བྱའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་བཅུ་པའི་སྐབས་སོ།། །།ད་ནི་བསྟན་པ་མཐའ་དག་གི་རྩེ་མོར་གྱུར་པ་རང་བཞིན་རྫོགས་པ་ཆེན་པོ་ནི། རྩ་བ། རྒྱལ་བས་འཁོར་ལོ་བར་པར་རྣམ་ཐར་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་ཉིད། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་པ་ནི་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱིས་འཁོར་ལོ་གསུམ་དུ་གསུངས་པ་དང་པོ་བཀའ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང་། བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང་། ཐ་མ་ལ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་དང་གསུམ་དུ་བཤད་པ་ལ་འདི་ནི་བར་པར་རྣམ་ཐར་གསུམ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་གསུམ་མོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་ཆོས་ཉིད་ཙམ་དུའང་དམིགས་པ་མེད་པས་རང་གི་ངོ་བོས་རྣམ་པར་དབེན་པའི་མཚན་ཉིད་ཅན་ཏེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་ཞི་བའི་མཚན་ཉིད་ཅན་ཏེ་སྤྲོས་པ་དང་མཚན་མ་དང་རྒྱུ་ཅུང་ཟད་མི་དམིགས་པའི་ཕྱིར་རོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་ཤེས་རབ་ཀྱིས་ཡང་དག་པར་རྗེས་སུ་བལྟ་བ་དང་བཅས་པས་འབྲས་བུ་ལ་སྨོན་པར་བྱ་བ་ཅུང་ཟད་ཀྱང་མེད་པའོ། །དེ་ལྟར་རྣམ་ཐར་སྒོ་གསུམ་ཡང་གཞི་ལམ་འབྲས་བུ་གསུམ་ལ་འདུ་སྟེ། དང་པོ་ནི་ཡོད་མེད་ཀྱི་མཐའ་ལས་འདས་པས་གཞི། གཉིས་པ་ནི་ད་ལྟར་ཡང་མི་གནས་པས་ལམ། གསུམ་པ་ནི་མ་འོངས་པ་ལ་ལྟོས་མི་འཆའ་བས་འབྲས་བུ་སྟེ་དེས་མི་དམིགས་པ་ཞེས་བརྗོད་དོ། །དེའི་མཚན་ཉིད་ཀྱང་ངོ་བོ་མི་མཐུན་ཕྱོགས་རྣམ་རྟོག་གིས་དབེན་པ། ཡུལ་གྱི་མི་མཐུན་ཕྱོགས་མཚན་མའི་སྣང་བ་མེད་པ། ཡུལ་ཅན་གྱི་མི་མཐུན་ཕྱོགས་གཏི་མུག་དང་བྲལ་བའི་སྒོ་ནས་སྲིད་པའི་རྒྱུ་འབྲས་རྩ་བ་འབྱིན་པ་ལ་དུས་གསུམ་མཉམ་པ་ཉིད་ཀྱི་ལྟ་བ་ཞེས་བྱའོ། །དེ་ལྟ་ནའང་ནང་དུ་མཉམ་པར་བཞག་པའི་གནས་སྐབས་ན་ཐོས་པ་ནི་ཚིག་རོ། །གོ་བ་ནི་རྣམ་རྟོག །མྱོང་བ་ནི་ཕོ་ཚོད་དུ་སོང་བས་འཁོར་ལོ་བར་པའི་དགོངས་པ་རིག་ཚོགས་ཀྱིས་བཀྲལ་བའི་སྟོང་ཉིད་མེད་དགག་གི་དོན་ཅི་ཡང་མ་མཐོང་བའི་སྟོང་ཉིད་ལ་ལྟ་བ་དང་། ཅི་ཡང་མ་དམིགས་པའི་ཆོས་ཉིད་ལ་བསྒོམ་པར་འདོད་པའི་གཤིས་ཀྱི་བཞུགས་ཚུལ་ནི་བླ་མའི་བྱིན་རླབས་དང་མན་ངག་གི་ཐབས་ལ་བརྟེན་ནས་རིག་པ་གསུམ་གྱི་ཐ་མ་ཤེས་པར་བྱས་ནས་རྟོགས་པ་ཡིན་ཏེ། དེའང་ལྷའི་མིག་གི་རིག་པ་དང་། སྔོན་གནས་རྗེས་དྲན་དང་། ཟག་པ་ཟད་པའི་རིག་པའོ། །རིག་པ་ནི་ཤེས་པ་ཞེས་བྱའོ། །ཞེས་ཕྱི་མའི་དོན་བསམ་བརྗོད་རྒྱུ་འབྲས་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད་ལས་འདས་པའི་རིག་པའི་ཆོས་ཉིད་ནི་རང་བཞིན་རྫོགས་པ་ཆེན་པོའོ། །དེས་སེམས་ཅན་གྱི་རྒྱུད་ལ་བཞུགས་ཚུལ་ནི་འཁོར་ལོ་ཐ་མའི་དོན་གྱི་དབང་པོ་རྣོན་པོའི་ངོར་ཤེས་བྱའི་གཤིས་ཇི་ལྟར་གནས་པ་ལྟར་བསྟན་པ་སྟེ། འཁོར་ལོ་བར་པ་དང་སྔ་མ་གཉིས་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ཞེས་དྲང་དོན་དུ་བཞག་ནས། འཁོར་ལོ་ཐ་མ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་ངེས་པའི་དོན་རྩོད་པའི་གཞིའི་གནས་སུ་མ་གྱུར་པ་ལགས་སོ། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་རྫོགས་པ་ཆེན་པོ་ནི་སེམས་བྱུང་དབྱིངས་སུ་ཞི་བའི་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་བྱ་བྲལ་བློ་འདས་ཆེན་པོའི་རྒྱུན་ངང་བཞག་རང་གནས་ལ་བཟོ་མི་འཆོས་པས་རྩལ་སྣང་གློ་བུར་བའི་དྲི་མ་རང་དེངས་ལ་འགྲོ་བའོ། །རྩ་བ། གང་དུ་རྒྱ་ཆེའི་ལམ་བཟང་དམ་པའི་དོན། །མཐའ་དག་བློ་ཡི་བྱི་དོར་ཁོ་ནའི་ཕྱིར། །སྡོམ་པ་གསུམ་དང་ཕྱིན་དྲུག་བསྐྱེད་རྫོགས་སོགས། །ཀུན་ཀྱང་རྫོགས་པ་ཆེན་པོའི་ལམ་སྟེགས་ཡིན། །ཞེས་པ་ནི་དེའང་གང་དུ་ནང་པ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེན་སྤྱོད་པའི་ལམ་བཟང་དམ་པ་རྣམས་ཀྱི་དོན་མཐའ་དག་བློ་ཡི་དྲི་མ་བསལ་ཐབས་ཀྱི་བྱི་དོར་ཁོ་ན་ཡིན་པའི་ཕྱིར། སོ་སོ་ཐར་པ་དང་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པའི་དམ་ཚིག་སྟེ་སྡོམ་པ་གསུམ་དང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྡོ་རྗེའི་ཐེག་པའི་བསྐྱེད་རྫོགས་གཉིས་སོགས་དེ་དག་ཀུན་ཀྱང་རྫོགས་པ་ཆེན་པོའི་གོ་སར་འགྲོ་བའི་ལམ་སྟེགས་ཙམ་ཞིག་ཡིན་པའང་བསྟན་པ་ཐམས་ཅད་ཀྱི་སྙིང་པོའི་བརྗོད་བྱ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང་། དེ་ཉིད་ཀྱང་དམིགས་བསམ་ལས་འདས་པའི་གཤིས་ཐོག་ཏུ་ཕེབས་ཚེ་རྫོགས་པ་ཆེན་པོ་ཞེས་ཐ་སྙད་ཙམ་མོ། །དེ་ལྟ་བུའི་རྫོགས་པ་ཆེན་པོའི་གྲུབ་མཐའི་བཤད་གཞི་ངེས་པར་མ་བྱས་ན་ཐོས་པ་ཆེ་ལ་སྒོམ་པ་ཆུང་བ་དག་གིས་ཐབས་ཁྱད་དུ་གསོད་པའི་གྲུབ་མཐའ་ཡིན་ཞེས་འཕགས་ལམ་རྣམ་པར་མི་རྟོག་པའི་ཆོས་ཉིད་ལ་བསྐུར་པ་འདེབས་པ་བྱུང་བའི་ཕྱིར་རོ། །རྩ་བ། འདིར་ནི་འཁོར་དང་མྱ་ངན་འདས་པའི་ཆོས། །དབྱིངས་ལས་མ་གཡོས་གཞན་དུ་གྱུར་པ་མེད། །འཁོར་འདས་མ་གྲུབ་གཞི་ཡི་ཆོས་ཉིད་ཀྱང་། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་རྫོགས། །ཞེས་པ་ནི་དེ་ལ་གཞུང་འདི་ཉིད་འཁྲུལ་ཏེ་འཁོར་བ་དང་གྲོལ་ཏེ་མྱ་ངན་ལས་འདས་པའི་ཆོས་གཉིས་ཀ་མ་གྲུབ་པས་དབྱིངས་ལས་མ་གཡོས་ཤིང་གཞན་དུ་གྱུར་པའང་མེད་ཅེས་པ་དང་། དེ་ལྟ་བུའི་འཁོར་འདས་གཉིས་ཀ་མ་གྲུབ་པའི་གཞི་དེ་ཉིད་ནམ་མཁའ་ལྟ་བུ་ལ་དེའི་ཆོས་ཉིད་ཀྱང་ངོ་བོ་སྟོང་པ་བརྗོད་འདས་རང་བཞིན་འཁོར་འདས་གཉིས་ཀ་སྣང་ཞིང་མཆེད་པའི་གཞི། ཐུགས་རྗེ་འཁྲུལ་གྲོལ་གཉིས་ཀྱི་རྩལ་སྣ་ཚོགས་སུ་ཤར་ཞིང་རྫོགས་པའོ། །རྩ་བ། དེ་ཉིད་ངང་ན་དག་པ་སངས་རྒྱས་དང་། །མ་དག་སེམས་ཅན་འཁོར་འདས་གཉིས་ཀྱི་ཆ། །གཉིས་ཀྱི་ངང་ན་རྨི་ལམ་མི་གཡོ་བཞིན། །གང་ནས་མ་འོངས་གཞན་དུ་འཕོ་བའང་མེད། །ཅེས་པ་ནི་བཤད་མ་ཐག་པ་དེ་ཉིད་ཀྱི་ངང་ན་དག་པ་སངས་རྒྱས་དང་མ་དག་པ་སེམས་ཅན་ཏེ་འཁོར་འདས་གཉིས་ཀྱི་ཆར་གཏོགས་པའི་ཆོས་ཐམས་ཅད་གཉིད་ཀྱི་ངང་ན་འགྲོ་འཆག་ཉལ་འདུག་སོགས་ཀྱི་རྨི་ལམ་ཇི་ལྟར་རྨིས་ཀྱང་གཞན་དུ་མི་གཡོ་བ་བཞིན་དུ་གང་ནས་ཀྱང་མ་འོངས་ཤིང་། གཞན་དུ་འཕོ་བའང་མེད། རྩ་བ། རེ་ཞིག་གཞི་ཡི་བཞུགས་ཚུལ་གྲུབ་པའི་མཐའ། །ཀ་དག་ལྷུན་གྲུབ་མ་ངེས་ངེས་པ་དོན། །ཅིར་ཡང་བཏུབ་དང་ཅིར་ཡང་ཁས་བླང་བཏུབ། །སྣ་ཚོགས་འདོད་པའི་གཞི་བདུན་ཐམས་ཅད་ཀྱང་། །ངོ་བོ་ཀ་དག་གཅིག་པུའི་ཕྱོགས་རེ་ལ། །སོ་སོར་བཏགས་པའི་རང་གཞུང་འཛིན་པ་གཞན། །ཁོང་ལོང་བདུན་གྱིས་གླང་པོའི་སྐྱེ་མཆེད་དང་། །ངང་པའི་ཁ་དོག་བརྗོད་པ་ཇི་བཞིན་ནོ། །ཞེས་པ་ནི་དེ་ཡང་རེ་ཞིག་སྟེ་ཁ་ཟེར་ཙམ་དུ་གཞིའི་བཞུགས་ཚུལ་སེམས་ཀྱི་གནས་ལུགས་ཀྱི་གྲུབ་པའི་མཐའ་གཏན་ལ་ཕབ་ན། གཞི་ཀ་དག་ཏུ་འདོད་པ་དང་། དེ་བཞིན་དུ་ལྷུན་གྲུབ་དང་། མ་ངེས་པ་དང་། ངེས་པ་དོན་གྱི་དངོས་གཞི་པར། ཅིར་ཡང་བསྒྱུར་དུ་བཏུབ་པར། ཅིར་ཡང་ཁས་བླང་དུ་བཏུབ་པར། སྣ་ཚོགས་སུ་འདོད་པ་དང་བདུན་ནོ། །དེ་ལྟར་བདུན་པོའང་ངོ་བོ་ཀ་དག་གི་རིག་པ་གཅིག་པོ་ལ་སོ་སོའི་འདོད་ཚུལ་ཕྱོགས་རེ་བས་བཏགས་པའི་སྐྱོན་གྱིས་ངེས་པ་མ་རྙེད་པའོ། །གཞི་ཀ་དག་ཡིན་ན་འཁོར་བ་འབྱུང་བའི་འཁྲུལ་པ་སྐྱེ་མི་སྲིད་པ་དང་། བདེ་གཤེགས་སྙིང་པོའི་རང་ངོ་ནི་དྲི་བྲལ་ཡིན་པའི་ཕྱིར་རོ། །ལྷུན་གྲུབ་ཀྱང་མ་ཡིན་ཏེ་སོལ་བའི་ཁ་དོག་བསྒྱུར་དུ་མེད་པ་ལྟར་འཁོར་འདས་གཉིས་སུ་གྱེས་པའི་རྒྱུར་མི་རིགས་ཤིང་འཁོར་འདས་སོ་སོར་ལྷུན་གྱིས་གྲུབ་ཟིན་པའོ། །ཚོགས་གཉིས་ཀྱི་རྐྱེན་ལ་མི་ལྟོས་པ་དང་། འཁོར་བ་པས་ལམ་སྦྱངས་ཀྱང་དོན་མེད་པར་འགྱུར་བའི་ཕྱིར་རོ། །མ་ངེས་པའང་མ་ཡིན་ཏེ་དག་པ་མ་དག་པར་འགྱུར་ཞིང་མ་དག་པའང་དག་པར་འགྱུར་ཏེ་ས་ཟིན་མེད་པས་སངས་རྒྱས་ཀྱང་འཁོར་བར་ལྷུངས་ཤིང་སེམས་ཅན་ཡང་འབད་མེད་དུ་གྲོལ་བའི་ཕྱིར་དེ་ཡང་མ་ཡིན་ནོ། །ངེས་པ་ཡང་མི་འཐད་དེ་རྟོགས་པའི་སྔོན་དུ་རྟོགས་གཞི་མྱང་འདས་ཡོད་ཟེར་ན་མུ་སྟེགས་རྟག་པར་བལྟ་བ་དང་མཚུངས་པས་རྒྱུ་རྐྱེན་ལས་གྲོལ་བར་འདོད་པ་དང་འགལ་ལ། མ་རྟོགས་ཀྱང་གཞི་ཡིན་ན་དེ་སུས་ཤེས་ངོ་བོ་མྱང་འདས་ཡིན་པས་སོ་ཟེར་ན། གདོད་གྲོལ་མི་དགོས་སོ། །ཅིར་ཡང་བསྒྱུར་དུ་བཏུབ་པ་ཡང་མིན་ཏེ། རྟག་པར་བསྒྱུར་ན་ནམ་མཁའ་ལ་བཅད་གཏུབ་མི་ཕེར་བ་དང་། མི་རྟག་པ་མ་བསྒྱུར་ཡང་འགྱུར་བའོ། །གཞི་བསྒྱུར་དུ་རུང་ན་འབྲས་བུ་རྒྱུར་ལྡོག་པས་བེམ་རིག་ཕན་ཚུན་དུ་འགྱུར་བ་སོགས་སྐྱོན་མང་ངོ་། །ཅིར་ཡང་ཁས་བླང་དུ་བཏུབ་པ་ཡང་མིན་ཏེ། རི་བོང་གི་རྭ་དང་མོ་གཤམ་བུས་འཁོར་འདས་བསྐྲུན་པར་ཐལ་བ་སོགས་ཐུག་པ་མེད་པའི་སྐྱོན་ཡོད་དོ། །གཞི་སྣ་ཚོགས་སུ་འདོད་པ་ཡང་མི་འཐད་དེ། སྣ་ཚོགས་དེ་ཕྱིའི་སྣང་བ་ཡིན་ན་གཞི་དུ་མ་ཤར་བའི་སྐྱོན་དང་། ནང་ཤེས་པ་ཡིན་ན་གཞི་སྙམ་བྱེད་དུ་ཐལ་བའི་སྐྱོན་ཡོད་དོ། །དེ་གཉིས་འཚོགས་པར་འདོད་ན་ཕན་ཚུན་རྟེན་བརྟེན་པར་འབྲེལ་བས་གཅིག་པར་མི་རུང་ངོ་། །དེ་ལྟར་གཞི་བདུན་པོ་ནི་མཐར་འཛིན་གྱི་ཤེས་བྱ་རིག་པའི་ཕྱོགས་ཏེ་རྟོགས་པའི་ཆ་ལ་ཞེན་པ་དམུས་ལོང་དུ་མས་གླང་པོ་ཆེ་མཐོང་བའི་མིག་མེད་བཞིན་ལག་པས་རེག་ནས་སོ་སོའི་གོ་ཚོད་ཙམ་བརྗོད་ཀྱང་གང་ཡང་ཐོག་ཏུ་མ་ཁེལ་བ་ལྟར་རོ། །རྩ་བ། འདིར་ནི་ངོ་བོ་ཀ་ནས་དག་པ་ལ། །ཡོན་ཏན་ལྷུན་གྲུབ་གཅིག་དང་ཐ་དད་མིན། །དངོས་མཚན་སྤྲོས་པ་བྲལ་བས་ཀ་དག་ལ། །གཏིང་གསལ་འགག་པ་མེད་པས་ལྷུན་གྲུབ་བོ། །ཞེས་པ་ནི་དེ་ཡང་གཞུང་འདིར་ནི་གཞི་བདུན་སྐྱོན་ཅན་དང་ཀ་དག་ལྷུན་གྲུབ་སྐྱོན་མེད་དུ་སྟོན་པ་ལ་ངོ་བོ་ཡེ་ནས་སྟོང་པ་ཡིན་པས་དངོས་པོ་དང་མཚན་མར་མ་གྲུབ་ལ་རང་བཞིན་ལྷུན་གྲུབ་ཡིན་པས་གང་ཡང་སྣང་དུ་རུང་བས་གཏིང་གསལ་འགག་པ་མེད་པའི་ཕྱིར་རྟག་ཆད་དང་བྲལ་བའོ། །དེ་ནི་ཡོན་ཏན་ལྷུན་གྱིས་གྲུབ་ཅིང་གཅིག་དང་ཐ་དད་ཀྱི་དབྱེ་བསྡུ་ཡོད་པ་མིན་ཏེ་དངོས་པོ་རྫས་ཀྱི་ཆོས་དང་མཚན་མ་ཁ་དོག་སོགས་བློའི་སྤྲོས་པ་ཡོངས་དང་བྲལ་བའི་ཀ་དག་ལ་གཏིང་གསལ་ཏེ་འཁོར་འདས་གཉིས་ཀའི་འཆར་གཞི་འགག་པ་མེད་པས་ལྷུན་གྲུབ་ཅེས་པའོ། །འདི་ཡང་སྟོང་ངོས་དོན་དམ་གྱི་ཆ་ནས་ཀ་དག་དང་སྣང་ངོ་ཀུན་རྫོབ་ཀྱི་ཆ་ནས་ལྷུན་གྲུབ་ཅེས་བཏགས་པ་ཡང་བླ་དྭགས་ཙམ་ལས་རྫས་ཐ་དད་པར་མི་སེམས་སོ། །རྩ་བ། གཞི་གཅིག་རྫས་སུ་འགལ་བའང་མ་ཡིན་ཏེ། །གཉིད་དུ་ཕྱོགས་དང་གཉིད་དུས་ཤེས་པ་ལྟར། །ངོ་བོ་ཀ་དག་ཡིན་པས་འཁོར་མ་མྱོང་། །ལྷུན་གྲུབ་རྩལ་ལ་རོལ་པ་ཅིར་ཡང་སྣང་། །ཞེས་པ་ནི་གཞི་གཅིག་ལ་རྫས་གཉིས་སུ་འཁྲུལ་པའི་འགལ་བ་ཡང་འདུ་བ་མ་ཡིན་ཏེ། གཉིད་དུ་ཕྱོགས་པ་སྟེ་གཉིད་ཁ་མ་དང་། གཉིད་དུ་སོང་དུས་ཀྱི་ཤེས་པ་ལྟར་སེམས་ཉིད་ལ་རིག་པའི་ངོ་བོ་ཡེ་ནས་ཀ་དག་ཡིན་པས་འཁོར་བར་འཁོར་མ་མྱོང་ཡང་ལྷུན་གྲུབ་གཏིང་གསལ་གྱི་རྩལ་ལས་རོལ་པར་ཤར་བས་རྣམ་རྟོག་གིས་བདེ་སྡུག་ཅིར་ཡང་སྣང་བར་བྱས་པའོ། །རྩ་བ། ཇི་ལྟར་བཻཌཱུརྱ་ཡི་རང་འོད་ནི། །གཏིང་གསལ་རྐྱེན་གྱིས་མ་བསྐྱེད་ཕྱིར་མི་སྣང་། །དེ་བཞིན་ཀ་དག་དངོས་མཚན་སྤངས་པའི་གདངས། །ལྷུན་གྲུབ་ཕྱི་རྒྱ་མ་རལ་བུམ་པའི་སྐུ། །ངོ་བོས་སྟོང་ལ་གདངས་ཀྱིས་མ་འགགས་པས། །སྣང་བ་ཀུན་གྱི་འཆར་གཞིར་དེ་བཞུགས་ཀྱང་། །གཞི་ལས་གཡོས་པ་མེད་པའི་བྱང་ཆུབ་སེམས། །མཚན་མ་རིས་ཆད་ཅན་དུ་ཕྱིར་མི་གསལ། །ཞེས་པ་ནི་དེ་བཞིན་དུ་བཻཌཱུརྱ་སྲན་འབྲུ་ཙམ་ཞིག་ལྷུན་པོའི་ལྟོ་ན་ཡོད་ཀྱང་བལྟར་མི་མངོན་ལ། རྐྱེན་སྣང་བ་དང་འཕྲད་ཚེ་འོད་ནམ་མཁའ་འབྱིན་ནུས་པ་ལྟར་འཁོར་འདས་གཉིས་ཀའི་མཆེད་གཞི་བདེ་གཤེགས་སྙིང་པོ་དེ་ཡང་དཔེ་དེ་བཞིན་དུ། ཀ་དག་སྐྱེ་མེད་དངོས་པོ་དང་མཚན་མ་སྤངས་པའི་གདངས་འགག་པ་མེད་པ་ལྷུན་གྲུབ་སྟེ་ནང་གསལ་ཐིམ་ལ་མ་རྨུགས་པའི་སྐབས་ཕྱི་རྒྱ་མ་རལ་བཞིན་གཞོན་ནུ་བུམ་པའི་སྐུ་རུ་བཞུགས་ཚེ་ངོ་བོས་སྟོང་ལ་གདངས་ཏེ་འཁོར་འདས་གང་ཡང་འཆར་དུ་རུང་ཞིང་སྣང་ཆ་མ་འགགས་པས་འཁོར་འདས་ཀྱི་འཆར་གཞིར་དེར་བཞུགས་ཀྱང་གཞི་ཀ་དག་གི་ངང་ལས་ཐ་དད་དུ་གཡོས་པ་ནི་ཅུང་ཟད་ཀྱང་མེད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་མཚན་མ་དང་རིས་སུ་ཆད་པ་ཅན་དུ་ཕྱིར་གསལ་བ་མ་ཡིན་ནོ་ཞེས་སོ། །རྩ་བ། དེ་ནི་སངས་རྒྱས་མ་ཡིན་སེམས་ཅན་མིན། །གཅིག་དང་ཐ་དད་མ་ཡིན་མཐའ་དབུས་མིན། །སྟོང་པ་ཕྱང་ཆད་མ་ཡིན་དངོས་པོ་མིན། །སྐྱེ་མེད་སྣང་བ་གསུམ་དང་ཐབས་གཅིག་གོ། །ཞེས་པ་ནི་དེ་ཡང་ངོ་བོ་ཀ་དག་དེ་ནི་སངས་རྒྱས་ཞེས་ཡར་ཆད་པ་མ་ཡིན་ལ་སེམས་ཅན་ཞེས་མར་ཆད་པ་ཡང་མིན་ཞིང་གཅིག་པ་དང་ཐ་དད་པ་སོགས་ཀྱང་མ་ཡིན་ཞིང་མཐའ་དབུས་སོགས་ཀྱི་ངོས་འཛིན་ཀྱང་ཡོད་པ་མིན་ལ་སྟོང་པ་ཕྱང་ཆད་དེ་གང་ཡང་འཆར་དུ་མི་རུང་བས་དྲན་པ་བརྒྱལ་བ་ལྟ་བུ་ཡང་མ་ཡིན་ཞིང་དངོས་པོ་དང་མཚན་མར་གྲུབ་པ་ཡང་མ་ཡིན་ལ་སྐྱེ་བ་མེད་པའི་གནས་ལུགས་ནང་གསལ་ཐིམ་ལ་མ་རྨུགས་པ་དང་། ཕྱིར་གསལ་སྐུ་གཉིས་ཀྱི་སྣང་བ་དང་ཐབས་གཅིག་གོ། །ཞེས་པས་སོ། །རྩ་བ། དེ་ཉིད་ངང་ལས་རིག་པའི་བདག་ཉིད་ཅན། །རླུང་ལྔའི་སྙིང་པོ་གདངས་ཀྱིས་ཕྱིར་འཕགས་པས། །ནང་གསལ་གཞོན་ནུ་བུམ་པའི་རྒྱ་རལ་ནས། །གཞི་ལས་གཡོས་པ་མེད་བཞིན་གཞི་སྣང་ཤར། །གང་ཚེ་ཐུགས་རྗེའི་རིག་གདངས་རྣམ་པའི་ཡུལ། །དཔྱོད་བྱེད་ཤེས་པར་ཤར་བ་རིག་པ་ལ། །ལྟོས་པའི་མ་རིག་ཅན་གྱི་ཆ་བཟུང་བས། །སྤྲིན་བྲལ་མཁའ་བཞིན་དྭངས་པའི་ཀ་དག་ལས། །ལྷུན་གྲུབ་གཡོ་བ་འཆར་ཚུལ་བརྒྱད་དུ་ཤར། །འདི་ནི་འཁོར་འདས་འབྲེལ་བའི་སྒོ་འཕར་ཏེ། །ཐེག་རྩེ་ཤིན་ཏུ་རྣལ་འབྱོར་རྒྱུད་སྡེ་དང་། །མན་ངག་ལྡེ་མིག་གངས་ལྡན་རི་ཡི་ལྗོངས། །དྲི་མེད་འོད་ཟེར་སྟོང་ལྡན་གཅིག་གིས་ཕྱེ། །ཞེས་པ་ནི་དེ་ཡང་གཞི་སྣང་གཡོ་ཚུལ་དང་སྦྱར་ནས་བཤད་ན་ཀ་དག་སྤྲོས་བྲལ་དེ་ཉིད་ཀྱི་ངང་ལས་རིག་པའི་བདག་ཉིད་ཅན་ས་ཆུ་མེ་རླུང་ནམ་མཁའི་རླུང་ལྔའི་སྙིང་པོ་གདངས་ཀྱིས་ཕྱིར་འཕགས་པས་ནང་གསལ་གཞོན་ནུ་བུམ་པའི་རྒྱ་རལ་ནས་གཞི་སྐྱེ་མེད་ཀྱི་ངང་ལས་གཡོས་པ་མེད་བཞིན་གཞི་སྣང་ཤར་བ་ཡིན་ལ། གང་གི་ཚེ་ཐུགས་རྗེའི་རིག་གདངས་ཏེ་རྣམ་པའི་ཡུལ་དྲུག་སོགས་སུ་ཤར་བ་དེ་ལ་དཔྱོད་བྱེད་ཀྱི་ཤེས་པར་ཤར་བ་རིག་པ་ལ་ལྟོས་པའི་མ་རིག་པ་ཅན་གྱི་ཆ་བཟུང་བས་སྤྲིན་བྲལ་ནམ་མཁའ་བཞིན་དུ་དྭངས་པའི་ཀ་དག་ལས། ལྷུན་གྲུབ་གཡོ་བ་འཆར་ཚུལ་བརྒྱད་དུ་ཤར་ཞེས་པ་ནི། མ་གྲུབ་པའི་གྲུབ་པ་ཆེན་པོ་གནས་པས་ལྷུན་གྲུབ་ལྟར་ཤར་བ་དང་། དེ་ཡང་རིམ་བཞིན། ཐུགས་རྗེ་ལྟར་ཤར་བས་སེམས་ཅན་གྱི་དོན་བྱུང་། ཡེ་ཤེས་ལྟར་ཤར་བས་ཡེ་ཤེས་ལྔའི་རང་འོད་དུ་སྣང་། སྐུ་ལྟར་ཤར་བས་རིག་པ་སྐུ་རུ་སྨིན། གཉིས་མེད་ལྟར་ཤར་བས་གཅིག་དང་དུ་མ་ལས་གྲོལ། མཐའ་གྲོལ་ལྟར་ཤར་བས་འཁྲུལ་སྣང་རང་རྒྱུད་པར་མི་གནས། དག་པ་ཡེ་ཤེས་ཀྱི་སྒོ་མཐར་ཕྱིན་པས་བདེ་གཤེགས་སྙིང་པོ་ཀ་དག་ཏུ་འཆར། མ་དག་པ་ལྟར་previous hit འཆར་བས་རིགས་དྲུག་སེམས next hit་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་འབྱུང་བ་སོགས་ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད་དོ། །རྩ་བ། དེ་ཚེ་གཞི་སྣང་མཐོང་བའི་སྐད་ཅིག་མར། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་དེས། །སྣང་བ་འཁྲུལ་པར་མ་མཆེད་རང་སྣང་དུ། །རིག་པས་ལུང་མ་བསྟན་གྱི་གཞི་ལས་འཕགས། །གཞི་ཉིད་འབྲས་བུར་སྨིན་པའི་ཤེས་རབ་ཀྱིས། །སྐད་ཅིག་གཅིག་ལ་བྱེ་བྲག་རབ་ཏུ་ཕྱེད། །ཕྱེད་ཐོག་ཤེས་རབ་ཉིད་ཀྱང་སྐུར་སྨིན་པ། །གཞན་བྱུང་རྐྱེན་ལ་མ་ལྟོས་རང་སར་གནས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ། །སྐད་ཅིག་ཉིད་ལ་མངོན་པར་སངས་རྒྱས་སོ། །ཞེས་པ་ནི་དེ་ལ་གཞི་དེ་ལས་ཀུན་ཏུ་བཟང་པོའི་གྲོལ་ཚུལ་ནི། ཐོག་མའི་དབྱིངས་ལས་ལྷུན་གྲུབ་ཀྱི་ནང་གདངས་ཕྱིར་འཕགས་ཏེ་ཐུགས་རྗེའི་རིག་པ་མ་རིག་པའི་ཆར་ལྡོག་པའི་མགོ་བརྩམས་པ་ཙམ་ནས་རིག་པའི་ཆོས་ཉིད་ཀུན་ཏུ་བཟང་པོའི་གཞི་སྣང་མཐོ་བ་སྐད་ཅིག་མར་ཐོག་མའི་མགོན་པོ་དེ་སྣང་བ་འཁྲུལ་པར་མ་མཆེད་ཅིང་རང་སྣང་རང་བཞིན་མེད་པར་ངོ་ཤེས་པས་ལུང་མ་བསྟན་གྱི་གཞི་ལས་འཕགས་བཞིན་གཞི་དེ་ཉིད་འབྲས་བུར་སྨིན་པའི་ཤེས་རབ་ཀྱིས་སྐད་ཅིག་མ་གཅིག་ལ་འཁྲུལ་གྲོལ་གྱི་བྱེ་བྲག་རབ་ཏུ་ཕྱེད་བཞིན། ཕྱེད་ཐོག་ཤེས་རབ་ཉིད་ཀྱང་སྐུར་སྨིན་པར་གྱུར་ནས་གཞན་བྱུང་གི་རྐྱེན་ལ་མ་ལྟོས་ཤིང་རང་སར་གནས་བཞིན་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ་སྐད་ཅིག་ཉིད་ལ་མངོན་པར་སངས་རྒྱས་སོ། །གཞི་ཐོག་དེ་ཉིད་དུ་གྲོལ་བར་འདོད་པ་ནི་ནོར་བ་ཡིན་ཀྱང་གྲོལ་ས་ཐོག་མར་བཤད་པ་ནི་གཞི་ལས་འཕགས་པའི་རིག་པ་ལུང་མ་བསྟན་གྱི་ཆ་ལས་འདས་པ་དེ་ཉིད་ཡིན་ནོ། །རྩ་བ། གང་ཚེ་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །རྣམ་གྲོལ་ཡོན་ཏན་རྒྱས་པའི་ལྷུན་གྲུབ་སྒོ། །ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་བྱས་ནས། །དེ་ཡི་རྩལ་ལས་ཚངས་ཆེན་བསྐལ་པ་བཀོད། །དག་པ་རང་བཞིན་སྤྲུལ་སྐུའི་སྣང་བ་དང་། །མ་དག་འཁོར་བའི་སྒོ་ལས་སེམས་ཅན་གྱི། །སྣང་བ་ཉིད་དང་མཐུན་པའི་སྟོན་པ་ཡིས། །འཁོར་བ་སྟོང་པའི་ཕྲིན་ལས་ཟད་མི་ཤེས། །ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱི། །མངའ་དབང་རྫོགས་པའི་སྟོན་པ་ཆེན་པོ་དེའི། །ཞིང་དང་མཛད་པ་ཆོས་ཀྱི་དབྱིངས་དང་མཉམ། །སངས་རྒྱས་ཉིད་ཀྱི་སྣང་བ་དེ་ཙམ་མོ། །དེ་ལ་གཉིས་སུ་འཛིན་པ་ཡོད་མིན་པས། །གདུལ་བྱ་འདུལ་བྱེད་རྣམ་པར་མི་རྟོག་ཀྱང་། །ནོར་བུ་མཆོག་དང་དཔག་བསམ་ཤིང་ཆེན་ལྟར། །རྩོལ་བ་མེད་པའི་ཐུགས་རྗེ་གཞན་ངོར་སྣང་། །ཞེས་པ་ནི་འདི་ལྟར་གང་གི་ཚེའམ་དེའི་ཚེ་ཆོས་སྐུ་སྐྱེ་བ་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ་རྣམ་པར་གྲོལ་བའི་ཡོན་ཏན་རྒྱས་པ་ལྷུན་གྱིས་གྲུབ་པའི་སྒོ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བར་བྱས་ནས་དེའི་རྩལ་ལམ་རོལ་པ་ལས། ཚངས་ཆེན་གྱི་བསྐལ་པ་བཀོད་ཅིང་། དེ་ལས་ཀྱང་དག་པ་རབ་འབྱམས་སྤྲུལ་སྐུའི་སྣང་བ་དང་། མ་དག་འཁོར་བའི་སྒོ་ལ་སེམས་ཅན་གྱི་སྣང་བ་ཉིད་དང་མཐུན་པའི་སྟོན་པ་དྲུག་ལ་སོགས་པས་འཁོར་བ་སྟོང་པའི་ཕྲིན་ལས་ཟད་མི་ཤེས་པའི་སྒོ་ནས་སེམས་ཅན་སོ་སོའི་དོན་མཛད་པ་ཡིན་ལ། སྟོན་པ་དེ་རྣམས་ཟག་མེད་ཀྱི་རང་ངོ་རང་གིས་ཤེས་པ་ནི་དགེ་ཚོགས་ཀྱི་མངའ་དབང་རྫོགས་པའི་སྟོན་པ་ཆེན་པོ་དེའི་ཞིང་དང་མཛད་པ་དཔག་གིས་མི་ལོངས་ཤིང་ཆོས་ཀྱི་དབྱིངས་དང་མཉམ་པ་ཡིན་ལ་སངས་རྒྱས་ཉིད་ཀྱི་དག་པའི་སྣང་བ་དེ་ཙམ་མོ། །སྣང་བ་དེ་ལ་གཉིས་སུ་འཛིན་པ་ཡོད་པ་མིན་པས་གདུལ་བྱ་གཞན་དང་འདུལ་བྱེད་རང་གི་དབྱེ་བ་རྣམ་པར་མི་རྟོག་ཀྱང་། ཡིད་བཞིན་གྱི་ནོར་བུ་མཆོག་དང་། དཔག་བསམ་གྱི་ཤིང་ཆེན་ལྟར་རྟོག་པ་དང་རྩོལ་བ་མེད་པའི་ཐུགས་རྗེ་གཞན་ངོར་སྣང་བ་ཡིན་ནོ། །རྩ་བ། དེ་ཉིད་མ་རིག་ཁམས་གསུམ་སེམས་ཅན་རྣམས། །ཐོག་མའི་གཞི་ལ་འཁྲུལ་པ་མ་མཆིས་ཀྱང་། །གཞི་སྣང་ཤར་བའི་རྣམ་པ་མ་རིག་པའི། །གློ་བུར་རྐྱེན་ནི་བདག་ཉིད་གཅིག་པ་སྟེ། །དེ་ཉིད་ཐུར་སོང་ལྷན་ཅིག་སྐྱེས་པ་ལ། །མིང་དོན་བདག་རྟོག་ཀུན་ཏུ་བརྟགས་པ་ཡི། །མ་རིག་གསུམ་ལས་འཁྲུལ་པའི་རྐྱེན་བཞི་མཆེད། །གཞི་ཉིད་ཁྱིམ་ལྟར་གནས་པ་རྒྱུ་ཡི་རྐྱེན། །དེ་ལ་རྟོག་དཔྱོད་ཤར་བ་བདག་པོའི་རྐྱེན། །དེ་ལས་ཡུལ་དང་ཡུལ་ཅན་དམིགས་པའི་རྐྱེན། །གསུམ་པོ་དུས་མཚུངས་དེ་མ་ཐག་པའི་རྐྱེན། །ཚོགས་ལས་རིམ་བཞིན་འཁྲུལ་པ་སྟོབས་གྱུར་ནས། །ཉོན་མོངས་ཚོགས་འཕེལ་འཁོར་བའི་གནས་རིགས་གྲུབ། །རྟེན་འབྲེལ་བཅུ་གཉིས་ཤིང་རྟའི་འཕང་ལོ་བཞིན། །ཞེས་པ་ནི་དེ་ཡང་གཞི་སྣང་དེ་ཉིད་མ་རིག་པ་ཁམས་གསུམ་གྱི་སེམས་ཅན་རྣམས་ནི་ཐོག་མའི་གཞི་དེ་ལ་འཁྲུལ་པ་མ་མཆིས་མོད་ཀྱང་གཞི་སྣང་ཤར་བའི་རྣམ་པ་དེ་ཉིད་མ་རིག་པའི་གློ་བུར་གྱི་རྐྱེན་ནི་རྒྱུ་བདག་ཉིད་གཅིག་པ་ཅན་གྱི་མ་རིག་པའོ། །དེ་ཉིད་ཐུར་སོང་བ་ལ་དཔྱོད་བྱེད་ཀྱི་ཤེས་པ་ཕྲ་མོ་ཞིག་ལངས་པ་དེ་ཉིད་ངོ་མ་ཤེས་པ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །དེའི་ངང་ལས་ཡུལ་འོད་སྣང་ལ་བདག་གཞན་གྱི་བློ་གཉིས་སུ་སྣང་བར་ཕྱེ་བའི་ཆ་ནས་མིང་དང་། དོན་དང་། བདག་ཏུ་རྟོག་པའི་ཆར་སོང་བ་ནི་ཀུན་ཏུ་བརྟགས་པ་ཅན་གྱི་མ་རིག་པའོ། །མ་རིག་པ་དེ་གསུམ་ལས་འཁྲུལ་པའི་རྐྱེན་བཞི་མཆེད་པ་སྟེ། གཞི་སྟོང་པ་ཉིད་ཁྱིམ་ལྟར་གནས་པ་རྒྱུའི་རྐྱེན། དེ་ལ་རྟོག་དཔྱོད་ཕྲ་མོ་ཞིག་ཤར་བ་བདག་པོའི་རྐྱེན། དེ་ལས་ཡུལ་གཞན་དང་ཡུལ་ཅན་རང་དུ་བཟུང་བ་དམིགས་པའི་རྐྱེན། དེ་ལྟ་བུའི་རྐྱེན་གསུམ་པོ་དུས་མཚུངས་སུ་བྱུང་བ་དེ་མ་ཐག་པའི་རྐྱེན་ཏེ། དེ་རྣམས་འཚོགས་པ་ལས་རིམ་བཞིན་འཁྲུལ་པ་སྟོབས་ཇེ་ཆེར་གྱུར་ནས་ཉོན་མོངས་པའི་ཚོགས་མང་དུ་འཕེལ་ཞིང་འཁོར་བའི་གནས་རིགས་མཐོ་དམན་ཐམས་ཅད་གྲུབ་ཅིང་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་ཤིང་རྟའི་འཕང་ལོ་བཞིན་དུ་རྒྱུན་ཆད་མེད་པར་འཁོར་བས་ན་འཁོར་བ་ཞེས་བྱའོ། །རྩ་བ། འདི་ལྟར་རིགས་དྲུག་སྐྱེ་གནས་བཞི་པོའང་། །མེད་སྣང་སྒྱུ་མའི་རང་གཟུགས་སྣང་དུས་ནས། །ཡོད་མ་མྱོང་བའི་སྟོང་གཟུགས་ཐོག་མ་ལ། །དཔྱོད་བྱེད་ཡིད་དྲུག་ལངས་ནས་ཚོགས་དྲུག་ཤར། །རྣམ་རྟོག་བདག་ཏུ་འཛིན་པའི་འཆིང་བ་ནི། །རབ་ཏུ་མཐུ་ཆེ་སེམས་ཉིད་ནམ་མཁའི་ཁམས། །ངོ་བོ་ཉིད་མེད་འདི་ཡང་རབ་བཅིངས་ནས། །བདག་ཡོད་ལ་ཞེན་མགལ་མེའི་འཁོར་ལོ་བཞིན། །ཞེས་པ་ནི་འདི་ལྟར་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་དང་། ལྷ་མིན་མི་དང་ལྷ་སྟེ་མཐོ་རིས་གསུམ་སོགས་ལ་འགྲོ་བ་རིགས་དྲུག་དང་། དེ་དག་ཀྱང་བརྫུས་སྐྱེས་དང་མངལ་སྐྱེས་དྲོད་གཤེར་བཞི་པོའང་རྨི་ལམ་ལྟར་འཁྲུལ་སྣང་སྒྱུ་མའི་རང་གཟུགས་སྣང་དུས་ཉིད་ནས་ཡོད་མ་མྱོང་བའི་སྟོང་གཟུགས་ཐོག་མ་ལ་དཔྱོད་བྱེད་ཡིད་དྲུག་ལངས་ནས་ཚོགས་དྲུག་ཤར་ཞེས་པ་ནི། མ་རིག་པ་དང་མཚུངས་པའི་ཡིད་དང་། དེ་བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་དང་། གཏན་ལ་འབེབས་པའི་ཡིད་དང་། ཀུན་ཏུ་འཚོལ་བའི་ཡིད་དང་། རྣམ་པར་རགས་པའི་ཡིད་དང་། ངེས་པར་འཇོག་པའི་ཡིད་དང་དྲུག་གོ། །ཚོགས་དྲུག་ནི་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སོ། །རྣམ་རྟོག་སྟེ་རྣམ་པ་གང་ཡང་རུང་བ་འདི་ལྟར་ལྷ་འདྲེ་མི་དང་། རིགས་དྲུག་བཟང་ངན་སོགས་གཉིས་སུ་འཛིན་པའི་ཆ་ཐམས་ཅད་ལ་འདི་ལྟར་རོ་སྙམ་ནས་རྟོག་པས་བདག་ཏུ་འཛིན་པའོ། །དེ་ལྟར་རྣམ་པ་གང་ཡང་རུང་བ་རྟོག་པས་བདག་ཏུ་མ་བཟུང་ན་རྣམ་པར་གྲོལ་ལོ། །བདག་ཏུ་འཛིན་པའི་འཆིང་བ་འདི་ནི་རབ་ཏུ་མཐུ་ཆེ་བས་སེམས་ཉིད་ནམ་མཁའི་ཁམས་དང་མཚུངས་པའི་ངོ་བོ་ཉིད་མེད་པ་འདི་ཡང་རབ་ཏུ་བཅིངས་ནས། བདག་གཞན་ཡོད་པ་ལ་ཞེན་ནས་མགལ་མེའི་འཁོར་ལོ་ཇི་བཞིན་འཁོར་བའོ། །དེའང་གཞི་ལ་མ་རིག་པ་མེད་ཀྱང་རྩལ་གཞི་སྣང་དུ་གཡོས་པ་རང་ངོ་མ་རིག་པའི་ཆ་དེ་ཀུན་གཞི་ལུང་མ་བསྟན་དུ་སོང་བ་ལས་མ་རིག་པ་དྲུག་དང་དཔྱོད་བྱེད་ཡིད་དྲུག་ལངས་ནས་འཁྲུལ་པའོ། །དེ་ལས་མ་རིག་པ་དྲུག་ནི། རྩ་བ་སེམས་ཀྱི་མ་རིག་པ་དང་། འཁྲུལ་པ་ཡུལ་གྱི་མ་རིག་པ་དང་། འཁྲུལ་གཞི་གཞིའི་མ་རིག་པ་དང་། འཛིན་པ་རྟོག་པའི་མ་རིག་པ་དང་། བཅོས་མ་ལམ་གྱི་མ་རིག་པ་དང་། མ་ཤེས་རྨོངས་པའི་མ་རིག་པ་དང་དྲུག་གོ། །དེ་ལྟར་མ་རིག་པ་དྲུག་ཏུ་བྱུང་བས་ཡེ་ཤེས་ཀྱི་སྣང་བ་མ་ཤེས་པའོ། །རྩ་བ། སྲིད་ན་ལ་ལའི་སྣང་བ་ལ་ལའི་མུན། །ལ་ལའི་བདུད་རྩི་ལ་ལའི་ཆུ་དང་མེ། །ཀུན་ནས་རྣམ་པར་འགལ་བའི་འདུ་ཤེས་རྣམས། །བག་ཆགས་རྗེས་འགྲོ་ངེས་པ་འགའ་ཡང་མེད། །ཅེས་པ་ནི་དེའང་སྲིད་པའི་གནས་འདི་ན་འབྱུང་བ་བཞི་པོ་སོ་སོར་འདུ་ཤེས་པ་ནི་མི་ཁོ་ན་ཡིན་ལ་གཞན་ལ་ལའི་སྣང་བྱེད་ཉི་མ་ཡང་སྲིན་བྱ་སོགས་ལ་མུན་པར་འཛིན་པ་དང་། ལ་ལའི་བདུད་རྩི་ནི་ཆུ་གཅིག་པུ་འདི་ལའང་ལྷས་བདུད་རྩི། དམྱལ་བས་མེ། པྲེ་ཏས་རྣག་ཁྲག་སོགས་སུ་མཐོང་བའོ། །དེ་དག་ཀུན་འགལ་བའི་འདུ་ཤེས་གོ་ལོག་ཏུ་འཆར་བ་རྣམས་ཀྱང་རང་རང་གི་བག་ཆགས་ཀྱི་རྗེས་སུ་འགྲོ་བ་ལས་ངེས་པ་འགའ་ཡང་མེད་ཅེས་པའི་གཏམ་རྒྱུད་དང་སྦྱར་ན། ལྷའི་བུ་པདྨ་རྣམ་པར་རོལ་པས་འཇམ་དཔལ་ལ་དྲི་བ་ལན་ལྡོན་མང་དུ་བྱས་པའི་མདོར། ཕྱི་རོལ་གྱི་ཡུལ་འདི་རྣམས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ་སེམས་མ་རྟོགས་པའི་བག་ཆགས་ཀྱི་སྣང་བའོ། །ཞེས་པ་སོགས་མང་དུ་གསུངས་པ་ལྟར་རོ། །རྩ་བ། དེ་ལྟ་ནའང་སྣང་ཡུལ་སེམས་མ་ཡིན། །བཞིན་གྱི་གཟུགས་བརྙན་མེ་ལོང་ནང་ཞུགས་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བའི་རྐྱེན་ཙམ་ལས། །བཞིན་དང་མེ་ལོང་ནམ་ཡང་འདྲེས་མ་མྱོང་། །ཞེས་པ་ནི་དེ་ལྟར་བག་ཆགས་འཐས་པའི་སྐྱོན་ཆེན་པོ་ཡིན་ནའང་། སེམས་འཇུག་པའི་ཡུལ་དྲུག་པོ་སེམས་མ་ཡིན་ཏེ། དཔེར་ན་རང་གི་བཞིན་གྱི་གཟུགས་བརྙན་མེ་ལོང་གི་ནང་དུ་ཞུགས་ཀྱང་ཕན་ཚུན་གཅིག་ལ་གཅིག་རྟེན་ཅིང་འབྲེལ་བར་འབྱུང་བའི་རྐྱེན་ཙམ་ལས། བཞིན་གཟུགས་དང་མེ་ལོང་ནམ་ཡང་འབྲེལ་མ་མྱོང་སྟེ། དེའི་ཚེ་རང་ལ་གཞན་གྱིས་བརྡུང་བརྡེག་གམ་བེད་དུ་སྤྱད་པ་སོགས་གང་བྱས་ཀྱང་མེ་ལོང་གི་གཟུགས་བརྙན་གྱིས་བདེ་སྡུག་གང་ཡང་མི་མྱོང་བ་བཞིན་ནོ། །རྩ་བ། མེད་བཞིན་སྣང་བ་དེར་འཛིན་འཁྲུལ་པའི་སེམས། །ཐག་ཁྲ་མཐོང་ཚེ་སྦྲུལ་དུ་འཛིན་བྱེད་ཀྱི། །ཤེས་པ་དང་པོ་གཟུང་བའི་ཆོས་ཡིན་ལ། །རྗེས་ལ་རྟོག་དཔྱོད་ཞུགས་པ་འཛིན་པའོ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཞེས་པ་ནི་དེ་ལ་སྣང་བའི་མཚན་ཉིད་ནི་མེད་བཞིན་དུ་སྣང་བ་རྨི་ལམ་གྱི་སྐབས་དང་མཚུངས་ཀྱང་དེ་དང་དེར་འཛིན་པ་འཁྲུལ་པའི་སེམས་ཀྱི་དབང་དུ་གྱུར་པའི་དཔེ་མིག་ལམ་དུ་ཐག་ཁྲ་མཐོང་ཚེ་སྦྲུལ་དུ་འཁྲུལ་ནས་དེར་འཛིན་བྱེད་ཀྱི་ཤེས་པའམ། རྣམ་རྟོག་དང་པོ་དེ་གཟུང་བའི་ཆོས་ཡིན་ལ། དེའི་རྗེས་ལ་རྣམ་རྟོག་སྔོན་མ་ལ་རྟོག་དཔྱོད་ཞུགས་ནས་ཡང་འཛིན་བྱེད་པའོ། །འདི་ལྟར་གཟུང་བ་ནི་སྦྲུལ་དུ་སྣང་བའི་ཐག་ཁྲ་ཉིད་ཡིན་ལ་འཛིན་པ་ནི་རང་གི་ཤེས་པ་ཡིན་ཟེར་ན་བླུན་པོ་བ་ལང་རྫི་བོ་དང་ཁྱད་མེད་དོ། །རྩ་བ། གལ་ཏེ་སྦྲུལ་དུ་སྣང་བ་གཟུང་བ་ལ། །འཛིན་པ་བདག་པོའི་ཤེས་པར་སྨྲ་བྱེད་ན། །སྣང་དང་སྣང་ཡུལ་མ་ཕྱེད་སྐྱེས་བུ་ཡང་། །སྣང་བ་ཉིད་དང་ལྷན་ཅིག་ཡོད་མེད་བྱེད། །ཅེས་པ་ནི་དེའང་གལ་ཏེ་ཐག་པར་སྦྲུལ་དུ་སྣང་བ་དེ་ཉིད་གཟུང་བ་ལ་འཛིན་པའི་མཁན་པོ་བདག་པོའི་ཤེས་པར་སྨྲ་བར་བྱེད་ན་སེམས་ལ་སྦྲུལ་དུ་སྣང་བ་དང་། སྣང་ཡུལ་གཉིས་སོ་སོར་མ་ཕྱེད་པའི་སྐྱེས་བུ་དེ་ཡང་སྣང་བ་ཉིད་དང་ལྷན་ཅིག་ཡོད་མེད་སོགས་བྱེད་དགོས་སོ། །དེའང་སྣང་བ་ཞེས་པ་ནི་ཚོགས་དྲུག་གི་རྣམ་པ་ཐམས་ཅད་སེམས་ཡོད་པའི་ངོར་ཤར་བ་ཡིན་གྱི་སེམས་མེད་བེམ་པོ་ལ་དེ་ལྟར་ཡོད་པ་མིན་ནོ། །ཡུལ་དྲུག་པོ་སྣང་ཡུལ་ཡིན་གྱི་སྣང་བ་མིན་ནོ། །རྩ་བ། གང་དུའང་མ་རིག་གཟུང་འཛིན་གློ་བུར་རྐྱེན། །སྲིད་པའི་བདག་པོ་ང་དང་ང་ཡི་བར། །མེད་བཞིན་འཁྲུལ་པའི་རྩ་བ་ཆོད་གྱུར་ན། །ཀུན་བྱེད་རྒྱལ་པོ་རང་བྱུང་རང་ལ་ཐིམ། །ཞེས་པ་ནི་དེ་ལ་གང་དུའང་སྟེ་སུ་ལ་ཡང་ངོ་བོ་མ་རིག་པའི་རྩལ་གཟུང་འཛིན་དུ་ཤར་ནས་སེམས་ཉིད་བདག་མེད་ལ་བདག་དང་། སྣང་བ་གཞན་མེད་ལ་གཞན་དུ་གཟུང་ནས་གློ་བུར་གྱི་རྐྱེན་སྲིད་པའི་བདག་པོ་ང་བདག་དང་ང་ཡི་བར་ཏེ་ང་ལ་ངར་འཛིན་པ་མེད་བཞིན་འཁྲུལ་པའི་རྩ་བ་ཆོད་པར་གྱུར་ན་སེམས་ཀུན་བྱེད་རྒྱལ་པོ་རང་བྱུང་རང་ལ་ཐིམ་ནས་སྤྲིན་ཚོགས་ནམ་མཁར་ཐིམ་པའི་ཤུལ་ལྟར་གྱུར་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་བཅུ་གཅིག་པའི་སྐབས་སོ།། །།རྩ་བ། གང་ཞིག་སློབ་མ་མིན་པའི་ཟུང་འཇུག་ལ། །བཀྲི་བའི་ལམ་ཆེན་ཕྱིན་དྲུག་ཡོན་ཏན་ཀུན། །ཤེས་རབ་ཕ་རོལ་ཕྱིན་ལ་ཡང་དག་བརྟེན། །ལམ་དེ་ནམ་ཡང་གཞན་གྱི་རྒྱུར་མི་འགྱུར། །ཞེས་པ་ནི་གང་ལ་ལ་ཞིག་ཚོགས་ལམ་དང་སྦྱོར་ལམ་དང་མཐོང་ལམ་དང་སྒོམ་ལམ་དང་བཞི་པོ་ནི་སློབ་པའི་ལམ་ཡིན་ལ་སློབ་པ་མིན་པའི་ལམ་ནི་བདེ་སྟོང་ཟུང་འཇུག་ཡིན་ལ་དེར་བཀྲི་བའི་ལམ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ་དེའི་དཔལ་ཡོན་ཏན་མ་ལུས་པ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བརྟེན་པ་ཡིན་ཞིང་། ལམ་དེ་ནི་དུས་ནམ་ཡང་གཞན་གྱི་རྒྱུར་མི་འགྱུར་རོ། །ཞེས་པའོ། །རྩ་བ། འདི་ལྟར་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྟོང་པ་ཉིད་ལ་མཚན་ཉིད་མི་གནས་ཤིང་། །མཐའ་བྲལ་དོན་ལ་དབུ་མར་གཟུང་བའང་མེད། །ངོ་བོ་ཉིད་སྤངས་རྫོགས་པ་ཆེན་པོར་གྲུབ། །ཅེས་པ་ནི་དེ་ལ་འདི་ལྟར་རྫོགས་པའི་སངས་རྒྱས་སྔོན་བྱོན་དང་འབྱོན་འགྱུར་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་བ་ནི། སྟོང་པ་ཉིད་ལ་མཚན་ཉིད་གང་ཡང་མི་གནས་ཤིང་དེ་ཉིད་མཐའ་དང་བྲལ་བའི་དོན་རྟོགས་པ་ལ་དབུ་མར་གཟུང་བ་ཡང་མེད་ཅིང་། ངོ་བོ་ཉིད་སྤངས་པ་སྟེ་དམིགས་བསམ་ཐམས་ཅད་ལས་འདས་པ་ནི་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་ཅེས་པས་སོ། །དེའང་བློའི་འཇུག་པ་དབྱིངས་སུ་ཞི་ནས་དབུ་མ་ཙམ་དུའང་མི་དམིགས་པས་རང་གི་ངོ་བོས་སྟོང་ལ། ལྷུན་གྲུབ་ཀྱི་ཆ་ནས་དྭངས་གསལ་གཡོ་བ་མེད་པའི་འོད་གསལ་ཡེ་ཤེས་ཀྱི་སྒྱུ་མ་མི་འགག་པ་ལ་རྫོགས་པ་ཆེན་པོ་ཞེས་གྲགས་པའོ། །རྩ་བ། རྩོད་པ་མངོན་པར་འཕེལ་བའི་རྟོག་གེ་ནི། །བརྟགས་ཤིང་རྗེས་སུ་དཔག་པའི་ཕྱི་བཞིན་འབྲང་། །དོན་དམ་ཡུལ་ནི་དེ་དང་འགལ་བ་ཅན། །སོ་སོ་རང་རིག་བརྗོད་པའི་ཡུལ་ལས་འདས། །ཞེས་པ་ནི་དེའང་སེམས་ཀྱི་གནས་ལུགས་ལ་ཉམས་མྱོང་གང་ཡང་མི་བྱེད་བཞིན་དུ་ཚིག་ལ་རྩོད་པ་མངོན་པར་འཕེལ་བའི་རྟོག་གེ་ལ་ལ་ནི་རང་ཕྱོགས་རྒྱལ་འདོད་དང་གཞན་ཕྱོགས་ཕམ་འདོད་ཀྱི་བློ་སྔོན་དུ་བཏང་ནས་རྒྱལ་བའི་བཀའ་ལ་ལ་བཟང་བར་འདུ་ཤེས་ཤིང་། ལ་ལ་ངན་པར་འདུ་ཤེས་ནས་བརྟགས་ཤིང་རྗེས་སུ་དཔག་པའི་ཕྱི་བཞིན་དུ་ལོག་པར་རྟོག་པའི་ཤེས་པ་དེ་འབྲང་མོད་ཀྱང་དོན་དམ་པའི་ཡུལ་ནི་དེ་དང་འགལ་བ་ཅན་ཡིན་ལ་སོ་སོ་རང་རིག་བརྗོད་པའི་ཡུལ་ལས་འདས་པའོ། །འདི་ལྟར་རྟོག་གེའི་བསམ་བྱུང་གིས་བསྐྱེད་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱི་ཕྱོགས་ཆོས་དང་། རྫས་ལྡོག་དང་། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་བརྩི་ཞིང་མཐུན་མི་མཐུན་གྱི་ཕྱོགས་ལ་བརྟགས་ཤིང་རྗེས་སུ་དཔག་པའི་ཀུན་རྟོག་གི་འཐོར་རླུང་གཡོ་བས་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཉིད་དང་འགལ་བའི་ཚུལ་ལང་ཀར་གཤེགས་པ་སོགས་ལས་ཤེས་པར་བྱའོ། །རྩ་བ། དངོས་པོར་སྨྲ་བ་གྲུབ་མཐའི་རྟོག་གེ་དང་། །ས་མཚམས་དམན་པ་སོ་སྐྱེའི་རྟོག་གེ་ཡིས། །རྟོག་དཔྱོད་ལས་འདས་རྒྱལ་བའི་ཡེ་ཤེས་ནི། །གདོད་ནས་གྲོལ་བ་རྫོགས་པ་ཆེན་པོའི་ལམ། །ཞེས་པ་ནི་དེའང་གྲུབ་མཐའི་རྟོག་གེ་ནི་དངོས་པོར་སྨྲ་བའི་གཞུང་དེ་གཤིས་ལ་མ་གྲུབ་བཞིན་དུ་འགལ་འདུའི་བརྒལ་བརྟག་གིས་ཟབ་མོའི་དོན་ལ་འཇལ་ནས་ཡེ་གྲོལ་གྱི་ཆོས་ཉིད་ལ་ཡང་གྲོལ་གྱིས་སྒྲོ་འདོགས་པར་བྱེད་ལ་ས་མཚམས་ཀྱི་དམན་པའི་རྟོག་གེ་ནི་བྱིས་པ་སོ་སོའི་སྐྱེ་བོ་སྟེ་ཕུང་པོ་ལྔ་ལ་ཉེ་བར་ལེན་པའི་སེམས་དང་བཅས་པའོ། །དེ་དག་ལས་ཁྱད་པར་འཕགས་པའི་རྟོག་དཔྱོད་ལས་འདས་པ་རྒྱལ་བའི་ཡེ་ཤེས་ནི་གདོད་ནས་གྲོལ་བ་རྫོགས་པ་ཆེན་པོའི་ལམ་ཡིན་ཞེས་བསྔགས་པ་བརྗོད་པའོ། །རྩ་བ། ཤེས་བྱ་སྣང་བས་མ་བཅིངས་སྟོང་པའི་དངོས། །སྟོང་པ་རང་བཞིན་གསལ་བའི་སྙིང་པོ་ནི། །རིག་པར་བཞུགས་པའི་སྐུ་དང་ཡེ་ཤེས་ཁམས། །འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་བཞིན། །ཞེས་པ་ནི་དེ་ལ་ཤེས་པར་བྱ་བ་ནི་རང་གི་སེམས་ཀྱི་གནས་ལུགས་ཏེ། དེ་ཉིད་སྣང་བས་མ་བཅིངས་པ་ནི་ཆོགས་དྲུག་གི་རྗེས་སུ་རྣམ་པར་མི་རྟོག་ཅིང་ཕུང་ལྔའི་ཉེར་ལེན་རང་བཞིན་གྱི་རྣམ་པར་སྟོང་པའི་དེ་ཉིད་དངོས་ཡིན་པ་དང་། སྟོང་པ་དེ་ཡང་རང་བཞིན་གསལ་བའི་སྙིང་པོ་ཅན་ཏེ་རིག་པར་བཞུགས་པའི་སྐུ་དང་ཡེ་ཤེས་ཀྱི་ཁམས་འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་དང་ཟེར་བཞིན་ནོ། །དེ་ལྟར་གཤིས་ཀྱི་བཞུགས་ཚུལ་གཏན་ལ་ཕེབས་པའི་ངང་ལས་མ་གཡོས་ན་དྲན་བསམ་དང་བཅས་པའི་ཚོར་བ་སྣ་ཚོགས་པའང་སོ་སོ་རང་རིག་ཡེ་སྟོང་འཕོ་འགྱུར་མེད་པའི་ཀློང་དུ་ཆུ་བོ་དང་རླབས་ཀྱི་སྣང་ཚུལ་ལྟར་སྤང་གཉེན་མེད་པར་གྲོལ་བའོ། །རྩ་བ། གང་ལ་བློ་ཡི་རིམ་པས་འཇལ་ལུགས་གསུམ། །སེམས་ཀྱི་སྡེ་ནི་རོལ་པའི་རྩལ་དུ་ཤར། །ཀློང་གི་སྡེ་ནི་རང་སྣང་བཀོད་པའི་རྒྱན། །མན་ངག་སྡེ་ནི་མེད་སྣང་སྟོང་པའི་གཟུགས། །ཞེས་པ་ནི་དེ་ཡང་གང་ལ་སྟེ་རྫོགས་པ་ཆེན་པོ་ལ་བློ་དམན་འབྲིང་མཆོག་གི་རིམ་པས་འཇལ་ལུགས་རྣམ་པ་གསུམ་སྟེ། སེམས་ཀྱི་སྡེ་ནི་རོལ་པའི་རྩལ་དུ་ཤར་ཞེས་པ་རང་སེམས་ལས་གཞན་པའི་ཆོས་གུད་ན་མེད་པས་སྤང་བྱའི་མཐའ་ལས་གྲོལ་བ་གནས་པ་སེམས་ཀྱི་སྡེ། ཀློང་གི་སྡེ་ནི་ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་གཞན་མེད་པ་གཉེན་པོའི་མཐའ་ལས་གྲོལ་བས་བྱ་བྲལ་ཀློང་གི་སྡེ། མན་ངག་སྡེ་ནི་ཡིན་ལུགས་གཤིས་ཐོག་ཏུ་ཕེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་ལ་མེད་སྣང་སྟོང་པའི་གཟུགས་ཙམ་ཡང་འཛིན་པ་དང་བྲལ་བའོ། །དེ་ལྟ་ན། ཆད་ལྟ་བ་དང་མི་མཚུངས་སམ་ཞེ་ན་ཆད་ལྟ་བ་ནི་གདོད་མའི་གནས་སྐབས་ན་གཤིས་ཀྱི་བཞུགས་ཚུལ་དང་། ལམ་དུས་ན་རྒྱུ་འབྲས་ཀྱི་སྨིན་སོ་དང་། ལྟར་སྣང་དུས་སྐབས་ཀྱི་སྤྱོད་ཚུལ་སོགས་གང་ཡང་མ་ངེས་བཞིན་དུ་རྟོག་གེས་རྡོལ་ཐབས་སུ་བཅོས་ནས་ངང་ཚུལ་ཕྱིན་ཅི་ལོག་ཏུ་ཞུགས་པ་དང་། འདིར་ནི་གཤིས་རང་བྱུང་གི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དངོས་པོ་གང་དུའང་མ་གྲུབ་པ་ལ་རྒྱུ་འབྲས་རྩོལ་སྒྲུབ་ཀྱི་རྫས་འགལ་བས་དགེ་སྡིག་སྐྱོན་ཡོན་ལས་འདས་པའི་དོན་ཐད་དྲང་དུ་སྟོན་པས་ཁྱད་པར་འཕགས་སོ། །རྩ་བ། ཀུན་ཀྱང་དགྲོལ་གཞི་མེད་པའི་བྱང་ཆུབ་སེམས། །གང་གིས་དགྲོལ་བ་སྤངས་པའི་རང་གསལ་གདངས། །གཞི་དང་རྩ་བ་མེད་པའི་ཀློང་ན་གསལ། །བྱས་ཤིང་བཅོས་པ་མེད་པས་ཡེ་གྲོལ་ཡིན། །རང་གིས་རང་གྲོལ་རྐྱེན་ལ་རག་མ་ལུས། །ཅེར་གྲོལ་ཡིན་པས་ལྟོས་གཞི་ཀུན་དང་བྲལ། །གཅིག་དང་དུ་མར་གདགས་པའི་མཐའ་ལས་གྲོལ། །གཅིག་པོ་རིག་པར་གྲོལ་བས་མཚན་ཉིད་མེད། །ཅེས་པ་ནི་དེ་ལ་ཀུན་ཀྱང་སྟེ་མན་ངག་སྡེ་པའི་འདོད་ཚུལ་ནི། ཡེ་ནས་དགྲོལ་གཞི་ཙམ་ཡང་མེད་པར་བྱང་ཆུབ་ཀྱི་སེམས་དེ་ནི་ངོ་བོ་དམིགས་མེད་ཡིན་པའི་ཕྱིར་རོ། །གང་གིས་དགྲོལ་བ་སྤངས་པ་སྟེ་གྲོལ་བྱེད་ཀྱི་མཁན་པོ་གཞན་མེད་པས་ལྷུན་གྲུབ་རང་གསལ་གྱི་གདངས་དེ་ཡང་གཞི་དང་རྩ་བ་མེད་པ་ཀློང་ན་གསལ་བ་ཡིན་ཀྱང་། དེར་འཛིན་མེད་ཅིང་བྱས་ཤིང་བཅོས་མ་སོགས་རྐྱེན་གང་ཡང་མེད་པས་ཡེ་གྲོལ་ཏེ་ཐོག་མ་ནས་གྲོལ་བ་ཡིན་ལ། དེ་ཡང་རང་གིས་རང་གྲོལ་བ་མ་གཏོགས་གཞན་གྱི་རྐྱེན་ལ་རག་མ་ལུས་ཤིང་ཅེར་གྲོལ་ཡིན་པས་ཏེ་གཡོགས་པ་ཐམས་ཅད་དང་བྲལ་བས་ལྟོས་གཞི་ནི་གཅིག་ལ་གཅིག་ལྟོས་པ་ལྟ་བུའི་གཟུང་འཛིན་ཀུན་དང་བྲལ་བཞིན། གཅིག་ཏུ་བཏགས་པའི་དམིགས་པ་དང་། དུ་མར་གདགས་པའི་ཐ་སྙད་ཀྱི་མཐའ་ཐམས་ཅད་ལས་གྲོལ་བའོ། །དེ་ལྟ་བུའི་སོ་སོ་རང་གི་རིག་པ་ནི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས། ཟག་བཅས་ཀྱི་སེམས་ལས་འདས་པའོ། །རྩ་བ། གང་དག་སེམས་ལས་འདས་པའི་རིག་པ་ནི། །རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན། །རྟོགས་པ་རྣམས་ནི་གཞི་ལས་རིག་པར་གྲོལ། །མ་རྟོགས་སེམས་ཅན་དེ་ཉིད་ངང་དུ་འཁོར། །རྣམ་པས་དབྱེ་ན་ཆུ་དང་ཆུ་ལྦུར་བཞིན། །ཞེས་པ་ནི་དེ་ཡང་གང་དག་སྟེ་གནས་ལུགས་དེ་ཉིད་སེམས་ལས་འདས་པའི་ཞེས་པ་ནི། སེམས་ནི་མ་རིག་པ་དང་བཅས་ཤིང་དེ་ལས་འཁྲུལ་རྟོག་རྒྱུན་ཆད་མེད་པར་བྱུང་བ་ནི་སེམས་བྱུང་ཡིན་ལ། དེ་དག་གི་དབྱིངས་འགྱུར་བ་མེད་པ་ནི་རིག་པ་ཡིན་ལ། དེ་ནི་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཡིན་ཞིང་། དེ་ལྟར་ཇི་བཞིན་དུ་ལྟོགས་པ་རྣམས་ནི་ཡེ་གཞི་ལས་ཡེ་ཤེས་ཅུང་ཟད་ཤར་བ་རིག་པས་གྲོལ་གཞིར་སོང་བའོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ཡིད་ཤེས་དེ་ཉིད་བདག་ཏུ་བཟུང་བའི་ངང་དུ་འཁོར་བར་འཁྱམས་པ་ཡིན་ལ། དེ་གཉིས་རྣམ་པས་དབྱེ་ན་ཆུ་སྐྱོན་བྲལ་དང་ཆུ་ལྦུར་དེའི་སྐྱོན་དུ་གྱུར་པ་བཞིན་ནོ། །དེ་ཡང་ལམ་གྱི་གནས་སྐབས་ན་སེམས་རང་གསལ་རྟོག་མེད་ཙམ་དུ་ཟིན་པ་དང་། རིག་པ་ཡུལ་མེད་དུ་ཟིན་པ་གཉིས་རྟོག་མེད་ཙམ་དུ་མཚུངས་ནའང་། སྔ་མ་ནི་ཀུན་གཞིའི་ཆ་བག་ལ་ཉལ་དང་འདྲེས་པས་ཡིད་ཤེས་གཟུང་འཛིན་གྱི་གཏོད་ཕུར་ལྟར་མི་མངོན་པ་ཡོད་ལ། ཕྱི་མ་ནི་དྲན་བསམ་རྗེས་མེད་ལ་སོགས་པའི་རིག་པས་འཁོར་འདས་རྒྱ་གྲོལ་རྟོགས་པའི་ཁྱད་པར་ཡོད་དོ། །རྩ་བ། རྟོག་མེད་ཙམ་དུ་སེམས་རིག་མཚུངས་ནའང་། །རིག་པ་རང་བཞིན་མེད་པར་ཟང་ཐལ་ལ། །སེམས་ནི་ལྟེང་ཀ་ལྟ་བུར་འཁྱིལ་ཞིང་རྨོངས། །རིག་པ་གནམ་སྟོང་ཟླ་བ་གཏིང་གསལ་འདྲ། །སེམས་ནི་བཅོ་ལྔའི་ཟླ་བ་ཡུལ་འདྲེས་མཚུངས། །དྭངས་ལ་ཡུལ་མེད་རིག་པའི་ཡོན་ཏན་ཏེ། །ཡུལ་དང་ཀུན་ནས་འདྲེས་པ་སེམས་ཀྱི་ཁྱད། །ཅེས་པ་ནི་དེ་ལ་རྟོག་མེད་ཙམ་དུ་འགྱུ་བའམ་འཁྲུལ་རྟོག་མེད་པ་ཙམ་དུ་སེམས་དང་རིག་པ་གཉིས་མཚུངས་ནའང་། རིག་པ་ནི་རང་བཞིན་མེད་པ་སྟེ། དང་པོའི་ཤེས་པ་སྐྱོན་ཡོན་གང་གིས་ཀྱང་མ་བསླད་པ་ཟང་ཐལ་ལ། སེམས་ཀྱི་དཔེ་ནི་ལྟེང་ཀའམ་ཀོ་མོག་གི་ཆུ་ལྟ་བུ་འཁྱིལ་ཞིང་རིག་ཆ་དང་བྲལ་བས་རྨོངས་ལ། རིག་པ་དངོས་ཀྱི་དཔེ་ནི་གནམ་སྟོང་གི་ཟླ་བ་ཡུལ་ཀུན་དང་འདྲེས་པའི་སྤྲོས་པ་དབྱིངས་སུ་ཐིམ་ཡང་། ཟླ་བའི་ཡོན་ཏན་བྲི་བ་མེད་བཞིན་གཏིང་དུ་གསལ་བ་དང་འདྲ་ཞིང་། སེམས་ཀྱི་དཔེ་ནི་བཅོ་ལྔའི་ཟླ་བ་ཡུལ་ཀུན་དང་འདྲེས་པ་དང་མཚུངས་ཤིང་དྭངས་ལ་ཡུལ་མེད་པ་རིག་པའི་ཡོན་ཏན་དང་། ཡུལ་དང་ཀུན་ནས་འདྲེས་པ་སེམས་ཀྱི་ཁྱད་པར་ཡིན་ཞེས་པའོ། །དེ་ཡང་རང་བྱུང་གི་ཡེ་ཤེས་ཡུལ་དུ་མི་རྟོག་པའི་ཆ་ལ་རང་གནས་ཀྱི་རིག་པ་ལྷུན་གྲུབ་ཏུ་ཡོད་ཅིང་། དེའང་རྣམ་པ་མ་ཡིན་པའི་རིག་པའི་གསལ་ཆ་མ་འགགས་ཀྱང་དེའི་ཡུལ་གྱི་རྗེས་སུ་མི་རྟོག །མི་དཔྱོད་མི་འཛིན་པས་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་རྫས་གཅིག་ངོ་བོ་གཅིག་པ་ཉིད་ལས་རང་མཚན་དུ་མ་གྲུབ་པ་རིག་པའི་ཡོན་ཏན་ཡིན་ལ། ཡུལ་ལ་previous hit འཆར་བའི་ཤེས་པ་ནི་སེམས next hit་ཡིན་པས་གཟུང་འཛིན་ལས་མི་འདའ་བའི་ཕྱིར་སྟོང་པའི་ཡུལ་ལ་རྩེ་གཅིག་ཏུ་གཏད་པའི་ཞི་གནས་དང་། དེ་ལ་དཔྱོད་པའི་ལྷག་མཐོང་གཉིས་ལ་ཟུང་དུ་འཇུག་མིན་གང་གི་ཐ་སྙད་བསྒྲུབ་ཀྱང་དེར་འཛིན་གྱི་ཡུལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་ན་འཇིག་རྟེན་པའི་བསམ་གཏན་ལས་མི་འཕགས་སོ། །དེ་བས་ན་རིག་པ་བཅར་ཕོག་ཏུ་ངོས་འཛིན་པ་དེའི་ངང་དུ་གློད་ཤེས་ན་སེམས་ཀྱི་དྲི་མ་གློ་བུར་བ་རིག་པའི་གཤིས་ལ་མ་གྲུབ་པས་རང་ཡལ་རྗེས་མེད་དུ་དག་ནས་བག་ཆགས་ཀྱི་གོས་པར་མི་འགྱུར་ཏེ་ཞེས་པའོ། །རྩ་བ། དེ་ནི་རིག་པ་རང་གནས་ཤེས་རབ་སྟེ། །བསམ་གཏན་ཐབས་ལ་མ་ལྟོས་བྱིང་རྒོད་བྲལ། །སེམས་ནི་དམིགས་པའི་ཡུལ་ལ་རྩེ་གཅིག་པས། །ཏིང་ངེ་འཛིན་དང་རྟེན་དང་བརྟེན་པར་འབྲེལ། །རིག་པ་ཡུལ་ལ་ཤར་ཀྱང་སྣང་བ་ཡི། །ཟིལ་གྱིས་མི་ནོན་དངུལ་ཆུ་སར་ལྷུང་འདྲ། །སེམས་ནི་གཟུང་འཛིན་ཆ་དང་བཅས་པ་ཡི། །རྣམ་རྟོག་ཉེ་བར་ལེན་པའི་ཕྱོགས་དང་འདྲེས། །རིག་པས་སེམས་ཉིད་གཞན་དུ་མ་སྤངས་ཀྱང་། །སེམས་དང་རིག་པ་ལྷན་ཅིག་མི་འདུ་བས། །ཡུལ་དང་རྣམ་པས་རང་དང་རྫས་གཅིག་པའི། །ཉོན་མོངས་རྣམས་ཀྱང་ལྷན་ཅིག་སྦྲན་ནས་བྲོས། །ཞེས་པ་ནི་དེ་བཞིན་དུ་རིག་པ་ནི་རང་གནས་ཀྱི་ཤེས་རབ་སྟེ། བསམ་གཏན་གྱི་གནས་ཐབས་ལ་མ་ལྟོས་ཤིང་རང་ངོ་བྱིང་རྒོད་དང་བྲལ་བ་ཡིན་ལ། སེམས་ནི་བློ་ཡིས་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་གཏད་པའི་ཏིང་ངེ་འཛིན་དང་ཕན་ཚུན་རྟེན་དང་བརྟེན་པར་འབྲེལ་བས་གཟུང་འཛིན་ལས་མ་འདས་ཤིང་། རིག་པ་ནི་ཡུལ་ལ་ཤར་ཀྱང་སྣང་བ་གང་གིས་ཀྱང་ཟིལ་གྱིས་མ་ནོན་ཏེ་དཔེར་ན་དངུལ་ཆུ་རྡུལ་ཁྲོད་དུ་ལྷུང་བ་དང་འདྲ་ཞིང་། སེམས་ནི་གཟུང་བའི་ཡུལ་དང་འཛིན་པའི་ཆ་གཉིས་དང་བཅས་པའི་སྐྱོན་གྱིས་རྣམ་རྟོག་བཟང་ངན་ཐམས་ཅད་ཉེ་བར་ལེན་པའི་ཕྱོགས་དང་འདྲེས་པ་ཡིན་ལ། རིག་པས་སེམས་ཉིད་གཞན་དུ་མ་སྤངས་ཀྱང་སེམས་དང་རིག་པ་ལྷན་ཅིག་མི་འདུ་བའི་དོན་ནི། གཉིད་དང་མ་གཉིད་པ་གཉིས་དུས་མི་མཚུངས་པ་ལྟར་རོ། །དེ་ཡང་ཡུལ་དང་། རྣམ་པ་དང་། རང་དང་བཅས་པ་རྫས་གཅིག་ཏུ་རྟོགས་པའི་དོན་གྱིས་ཉོན་མོངས་པའི་ཚོགས་རྣམས་ཀྱང་ལྷན་ཅིག་ཏུ་གཅིག་གིས་གཅིག་སྦྲན་ནས་བྲོས་ནས་འགྲོ་ཞེས་རིག་པའི་ཡོན་ཏན་བཤད་པའོ། །འདི་ལྟར་སེམས་ནི་ཀུན་ཏུ་རྟོག་པ་འཁོར་བའི་ཆོས་ཅན་ཡིན་པས་སེམས་ལ་སེམས་མ་མཆིས་ཞེས་པ་དང་། སེམས་ཉིད་ནི་སྤྲོས་པ་ཐམས་ཅད་བྲལ་བའི་མྱ་ངན་ལས་འདས་པའི་ཆོས་ཉིད་ཡིན་པས་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་ངོ་བོའི་གནས་ལུགས་འཐད་པའི་གསལ་བར་ཕྱེ་བ་ཡིན་ནོ། །དེ་ལྟར་རིག་པ་ལམ་དུ་བྱས་པས་ཉོན་མོངས་པ་དང་འཁོར་བའི་བཙོན་ར་ལས་མྱུར་དུ་ཐར་བར་འགྱུར་རོ། །ཞེས་པའོ། །རྩ་བ། དེ་ལྟར་བྲོས་པས་ཉོན་མོངས་བརྩོན་ར་ལས། །ངེས་པར་འབྱིན་པ་མན་ངག་སྡེ་པ་ཡི། །ཁྱད་པར་ཆོས་ཏེ་གཞན་དུ་ཉོན་མོངས་ཚོགས། །ཉན་རང་སྤོང་ཞིང་བྱང་སེམས་གཉེན་པོས་འདུལ། །སྔགས་སྤྱིར་ལམ་གཏོང་སེམས་སྡེར་གཤིས་ཐོག་དགྲོལ། །ཀློང་སྡེར་ཆོས་ཉིད་གཅིག་ཏུ་དག་བྱེད་པ། །རིག་པའི་ཀློང་ན་རང་ཚུགས་ཞིག་པ་མཚར། །ཞེས་པ་ནི་དེ་ལྟར་མྱ་ངན་གྱི་གནས་རིགས་ལས་བྲོས་པས་ཉོན་མོངས་པའི་བཙོན་ར་ལས་ངེས་པར་འབྱིན་པའི་མཐུ་སྟོབས་ཐོབ་པ་རྫོགས་ཆེན་མན་ངག་སྡེ་པ་འདིའི་ཁྱད་པར་གྱི་ཆོས་སུ་ཤེས་པར་བྱ་སྟེ། གཞན་དུ་ནི་ཉན་ཐོས་ཀྱི་ལུས་ངག་གི་སྒོ་ནས་སྤང་བྱ་དང་། རང་རྒྱལ་གྱི་སེམས་ཐོག་ནས་འགོག་པ་དང་། བྱང་སེམས་ཐོག་མར་གཉེན་པོས་འདུལ་བ་དང་། སྔགས་ཕྱི་པ་གསུམ་ལ་རང་གི་ལུགས་བཞིན་ལམ་དུ་གཏོང་ཞིང་། སེམས་སྡེ་པས་སེམས་ཡོད་ངེས་སུ་རློམས་ཤིང་འཁོར་འདས་གཉིས་ཀ་གཤིས་ཐོག་ཏུ་སྒྲོལ་བར་འདོད་པ་དང་། ཀློང་སྡེ་པས་སེམས་ཀྱི་རྩལ་ལས་ཤར་བའི་ཆོས་ཀུན་ཆོས་ཉིད་གཅིག་ཏུ་དག་པར་བྱེད་པ་སོགས། མན་ངག་སྡེ་པས་གཞལ་བའི་ཚེ་དེ་དག་ཀུན་ཀྱང་རིག་པའི་ཀློང་ན་རང་ཚུགས་ཞིག་པ་མཚར་ཞེས་ཅུང་ཟད་མ་རངས་པའི་དོན་གྱིས་ཡུལ་ལ་དེ་ཡང་རྣམ་རྟོག་དང་ཉོན་མོངས་ལས་ངེས་པར་འབྱིན་པའི་ལམ་ཨ་ཏི་ཡོ་ག་འདི་ལ། ཉོན་མོངས་དང་འཁྲུལ་རྟོག་སོགས་གློ་བུར་དུ་ནམ་མཁར་སྤྲིན་དང་རྒྱ་མཚོར་རླབས་བཞིན་ཤར་བ་ལས་རིག་པའི་གཤིས་ལ་གདོད་ནས་ཡོད་མ་མྱོང་བས་ཉན་རང་ལྟར་མི་སྤོང་། སྤང་བྱ་དང་གཉེན་པོ་གཉིས་རྫས་གཅིག་པ་བྱང་སེམས་ལྟར་གཉེན་པོས་མི་འདུལ། སེམས་རྒྱུན་གཅིག་ལ་དུས་མཉམ་པས་སྔགས་སྤྱིར་ལྟར་ལམ་དུ་མི་གཏོང་། སེམས་ཀྱིས་སེམས་མི་མཐོང་བས་སེམས་སྡེ་ལྟར་གཤིས་ཐོག་ཏུ་མི་དགྲོལ། ཡེ་ཤེས་ཀྱིས་སེམས་མི་མཐོང་བས་ཀློང་སྡེ་ལྟར་རྒྱན་དུ་མི་འཛིན་པར་རིག་པ་ཆོས་ཉིད་ཀྱི་ངང་དུ་ཆོས་ཅན་རང་ངོས་སྟོང་པ་དང་། ཆོས་ཉིད་གཞན་ངོས་སྟོང་པས་བློ་ཡི་གྲུབ་མཐའ་དང་འདོད་ཁའི་ལྟ་བ་ཐམས་ཅད་ཚུགས་མི་ཐུབ་པར་རང་གྲོལ་རྗེས་མེད་དུ་ཞིག་པ་ནི་རྫོགས་པ་ཆེན་པོ་མན་ངག་སྡེའི་ལྟ་གྲུབ་བོ། །རྩ་བ། དེ་བཞིན་ཀུན་གཞི་དང་ནི་ཆོས་སྐུ་གཉིས། །དབྱིངས་སུ་གཅིག་ཀྱང་ཆོས་སྐུ་རྒྱ་མཚོ་ལྟར། །ཀུན་གཞིའི་རྣམ་ཤེས་དེ་ཡི་སྒྲིབ་ཆ་སྟེ། །གྲུ་པ་བཞིན་དུ་འཁོར་འདས་གཉིས་ཀར་ལྡིང་། །གཞི་དེ་ཉིད་ནས་འཁྲུལ་གྲོལ་ཆོས་ཉིད་ཀྱང་། །གཉིད་དུ་སོང་དང་དེ་ལས་སད་པ་བཞིན། །འཁྲུལ་པ་དབང་པོ་ཉམས་པའི་གཉིད་སྟུག་བཞིན། །གྲོལ་བ་དེ་ལས་སད་པའི་གནས་སྐབས་འདྲ། །ཞེས་པ་ནི་དེ་ཡང་ཆོས་སྐུའི་ངོ་བོ་རིག་པ་དྲི་བྲལ་ནི། རྣམ་པ་ཐམས་ཅད་དུ་ལྡོག་བྱ་མ་ཡིན་པས་མཐར་ཐུག་གྲོལ་གཞིར་ཡོད་པས་གཉིད་སད་པ་དང་མཚུངས་ལ། ཀུན་གཞིའི་རང་བཞིན་གཉིད་དུ་སོང་བ་ལྟ་བུའོ། །འཁྲུལ་སྣང་དང་རྨི་ལམ་སྣ་ཚོགས་པར་འཆར་བའི་རྟེན་དུ་གྱུར་པས་ན་དག་བྱའི་དྲི་མ་ཡིན་པས་དེ་ལས་སད་པར་བྱེད་དགོས་སོ། །དེ་ཡང་དབྱེ་ན། ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་ལུས་ཀྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་བཞིར་ཡོད་པས་མཚན་ཉིད་གཞན་དུ་ཤེས་པར་བྱའོ། །དེ་ལ་ཀུན་གཞིའི་སྒྲ་འཇུག་པའི་རྒྱུ་མཚན་ལས་སྔ་མའི་རྗེས་འཇོག་པས་བག་ཆགས། ཕྱི་མ་ཉེ་བར་ལེན་པས་རྣམ་སྨིན་རྒྱུ་འབྲས་སྔ་ཕྱིར་སྨིན་པའི་སྡེབས་དང་། བདེ་སྡུག་གི་ཀུན་སྦྱོར་བྱེད་པས་ཀུན་གཞིའི་སྒྲ་ཞུགས་པའོ། །དེས་ན་ཀུན་གཞི་ཆོས་སྐུར་འདོད་པ་ནི། ཐུན་མོང་ཐེག་པར་ཡང་བཀག་ན་གསང་བ་བླ་མེད་ཀྱི་ཐེག་པར་བཀག་པ་སྨོས་ཅི་དགོས། དེ་ཕྱིར་ཀུན་གཞི་ཚོགས་བརྒྱད་དང་མཚུངས་པར་ལྡན་པས་གཟུང་འཛིན་དང་བཅས་པའི་དྲན་བསམ་ནི་ཡེ་ཤེས་ཀྱི་སྒྲིབ་བྱེད་ཡིན་ལ། ཡེ་ཤེས་ཀྱི་མཚན་ཉིད་ནི་ཆོས་སྐུ་དང་མཚུངས་ལྡན་སོ་སོ་རང་རིག་པའི་བདག་ཉིད་འཁོར་བའི་ཆོས་དྲན་བསམ་རང་ག་མ་ལས་འདས་པའོ། །ཞེས་པའོ། །རྩ་བ། ཐོག་མའི་ངེས་མེད་གཞི་ཡི་ལྷུན་གྲུབ་དང་། །མཐར་གྱི་གྲོལ་སའི་ཀ་དག་དྲི་བྲལ་གཉིས། །རྫས་སུ་གཅིག་ཀྱང་སླད་ཀྱི་འཁྲུལ་པའི་གཞི། །བྱེད་དང་མི་བྱེད་ཁྱད་པར་ཤེས་པ་གཅེས། །ཞེས་པ་ནི་འདི་ལྟར་ཐོག་མའི་ངེས་མེད་གཞི་ཡི་ལྷུན་གྲུབ་ནི་འཁོར་འདས་གཉིས་ཀའི་འཆར་གཞི་ཡིན་ལ། མཐར་ཐུག་གི་གྲོལ་ས་ཀ་དག་ནི་ལྷུན་གྲུབ་ཀྱི་རྩལ་རིག་པར་ལྡོག་པ་ལས། མ་རིག་པ་སྤངས་ཏེ་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པ་ཡིན་པས། དེ་གཉིས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་པའི་རིག་པའི་ཡོན་ཏན་འདྲ་ཡང་དྲི་མ་དག་མ་དག་དང་སླད་ཀྱིས་འཁྲུལ་གཞི་བྱེད་མི་བྱེད་ཀྱི་ཁྱད་ཡོད་པས་འབྲས་བུ་གཞི་ཐོག་ཏུ་གྲོལ་ཟེར་བ་རྣམས་རྫོགས་པ་ཆེན་པོའི་གཟུགས་བརྙན་དུ་རིག་པར་བྱའོ། །ཞེས་བྱའོ། །རྩ་བ། དེ་བཞིན་དབྱིངས་ཀྱི་གྲོལ་ས་ཀ་དག་དང་། །ད་ལྟའི་ལམ་གྱི་རིག་པ་ཀ་དག་གཉིས། །རྒྱ་ཆད་ཕྱོགས་ལྷུང་མེད་པར་མཉམ་ནའང་། །གྲོལ་ས་ཉིད་ནི་རླུང་སེམས་ཆ་དང་བཅས། །རྣམ་པར་བྱང་བའི་འཁོར་འདས་ཀ་དག་ཏེ། །ལམ་དུས་རླུང་སེམས་མ་དག་རྐྱེན་དབང་དང་། །འགྲོགས་ཤིང་སེམས་དང་སེམས་བྱུང་དྲི་མའི་ཆས། །བསླད་ཅིང་ཁུར་བས་དངོས་གནས་རེས་འགའ་ཙམ། །ཞེས་པ་ནི་དེ་ལ་དབྱིངས་ཀྱི་གྲོལ་ས་ཀ་དག་དང་། རྣལ་འབྱོར་པ་ལམ་ལ་ཞུགས་དུས་ཀྱི་རིག་པ་ཀ་དག་གཉིས་པོ་རྫས་ཐ་དད་པ་མ་ཡིན་པས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་མཉམ་ན་ཡང་། གྲོལ་ས་ཉིད་ནི་རླུང་སེམས་ཆ་དང་བཅས་པའི་དྲི་མའི་ཚོགས་རྣམས་བྱང་བའི་འཁོར་འདས་ཀ་ནས་དག་པ་སྟེ། ལམ་དུས་སུ་རླུང་སེམས་ཀྱི་དྲི་མ་དག་པར་མ་བྱས་པས་རྐྱེན་དབང་དང་འགྲོགས་ཤིང་སེམས་དང་སེམས་ལས་བྱུང་བའི་དྲི་མའི་ཆས་བསླད་ཅིང་ཁུར་བས་དངོས་སུ་གནས་པ་རེས་འགའ་ཙམ་ལས་མེད་པའི་ཕྱིར་རོ། །དེས་ན་དཔྱོད་ལྡན་གྱི་རྟེན་གསུམ་གཞལ་བ་ལྟར་དངོས་དང་གཞི་གཉིས་ཀའི་མཚན་ཉིད་གཏན་ལ་ཕེབས་པ་གལ་ཆེ་ཞིང་། གཞན་དུ་གཞི་མཐོང་ཡང་དངོས་གཏན་ལ་མ་ཕེབས་པ་བྱིས་པས་ལྷ་ཁང་མཐོང་བ་ལྟ་བུ་དང་མཚུངས་སོ། །ཞེས་པའོ། །རྩ་བ། དེ་བཞིན་ཆོས་ཉིད་བར་དོའི་རིག་གདངས་དང་། །རྟོག་བཅས་གོམས་པའི་ལྷ་ཡི་སྒྱུ་ལུས་གཉིས། །ལྷ་སྐུར་མཚུངས་ཀྱང་སྣང་བ་ཞིང་ཁམས་སུ། །ཤར་ཞིང་ཤེས་ཐོག་གྲོལ་དང་མི་གྲོལ་ཁྱད། །ཅེས་པ་ནི་དེ་བཞིན་དུ་ཆོས་ཉིད་བར་དོའི་རིག་གདངས་ཞི་ཁྲོའི་ལྷ་ཚོགས་སུ་ཤར་བ་དང་། རྟོག་བཅས་ཏེ་བསྐྱེད་རིམ་ལ་གོམས་པ་ལྷ་ཡི་སྒྱུ་ལུས་གཉིས་པོ་ལྷ་སྐུར་སྣང་བ་མཚུངས་ཀྱང་། སྣང་བ་ཞིང་ཁམས་སུ་ཤར་ཞིང་ཤེས་ཐོག་དེར་གྲོལ་དང་མི་གྲོལ་གྱི་ཁྱད་པར་ཆེ་བའི་ཕྱིར་རོ། །ཞེས་པའོ། །རྩ་བ། ཁྱད་པར་ལམ་འདིར་ཞུགས་པའི་དམ་ཚིག་ཅན། །ས་བཅུའི་སྣང་བས་བསྡུས་པའི་ལོངས་སྐུ་ལ། །ཐོགས་པ་མ་ཡིན་དེ་ཡི་དཔེ་བྱད་ནི། །རང་ཞིན་སྤྲུལ་པར་བཀོད་ལ་མྱུར་དུ་འགྲོ། །ཞེས་པ་ནི་དེ་ཡང་ཁྱད་པར་ལམ་འདིར་ཞུགས་པའི་དམ་ཚིག་དང་ལྡན་པ་རྣམས་ལམ་སྦྱངས་བགྲོད་མཐར་མ་ཕྱིན་ཀྱང་བྱང་ཆུབ་སེམས་དཔའ་ས་བཅུ་པའི་སྣང་བས་བསྡུས་པའི་ཕྱེད་སྤྲུལ་ལོངས་སྐུ་ལ་ཐོགས་པ་མ་ཡིན་ཞིང་། དེའི་དཔེ་བཤད་པ་ནི་རང་བཞིན་སྤྲུལ་པའི་ཞིང་དུ་མིག་འཕྲུལ་ལྟར་སོན་ནས་སངས་རྒྱས་མངོན་སུམ་པ་རྣམས་ལས་ཆོས་ཉན་ཏེ་གདོད་མའི་ས་ལ་དཔག་ཆེན་གྱི་མདའ་བཞིན་འགྲོ་བའི་ཁྱད་པར་ཡོད་དོ། །ཚུལ་དེ་ལྟ་བུའི་རང་སྡེའི་གྲུབ་མཐའ་གང་ཡིན་པའི་ཁྱད་གཞི་དང་ཁྱད་ཆོས་ཤེས་པར་བྱས་ནས་སྟོང་ངོས་ཀ་དག་ལ་ལྟོས་ནས་རིག་པ་སྤྲོས་བྲལ་དུ་ཕྱུང་སྟེ་ཆོས་ཉིད་ཟད་པར་བྱེད་ཀྱང་། སྣང་ངོས་ལྷུན་གྲུབ་ལ་ལྟོས་ནས་རྣམ་བཅས་འོད་གསལ་དུ་དྭངས་ཏེ་སྣང་བའི་ཆོས་ཉིད་ཟད་པར་བྱེད་དོ། །ཞེས་པའོ། །རྩ་བ། དེ་ཕྱིར་འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །གདོད་ནས་གྲོལ་བའི་རིག་པ་ཀ་དག་ནི། །སྟོང་པ་ངོ་བོ་ཉིད་མེད་བསམ་བརྗོད་འདས། །མཚན་ཉིད་བློ་ཡི་བརྗོད་པས་ཐུག་པ་སྤངས། །སྨོན་པ་མེད་ལ་རིག་པའི་ཡོན་ཏན་རྫོགས། །ཞེས་པ་ནི་དེ་ཕྱིར་འདི་ནི་རྡོ་རྗེའི་ལམ་མཆོག་མན་ངག་རྫོགས་པ་ཆེན་པོ་སྟེ། གདོད་མ་ནས་གྲོལ་བའི་རིག་པ་ཀ་དག་སྤྲོས་བྲལ་ནི། སྟོང་པ་ངོ་བོ་ཉིད་མེད་ཀྱང་བསམ་བརྗོད་ལས་འདས་པ་མཚན་ཉིད་བློ་ཡིས་གཞལ་ཞིང་ཚིག་གིས་བརྗོད་པའི་མཐའ་དང་དབུས་ལ་ཐུག་པ་སྤངས་ཤིང་། དེ་ལས་གཞན་པའི་གཞིའི་དབྱིངས་བཟང་པོ་ལ་སྨོན་པ་ཅུང་ཟད་ཀྱང་མེད་པ་ལ་རིག་པའི་ཡོན་ཏན་ཐམས་ཅད་རྫོགས་པ་ཡིན་ཞིང་འདི་ལྟ་བུའི་སྐྱེ་མེད་ཀྱི་གནས་ལུགས་རྟོགས་པའི་དོན་དུ་ཐེག་པ་རིམ་འཇུག་གི་ལམ་བསྟན་ལ། རྟོགས་བྱ་ཆོས་སྐུའི་མཚན་ཉིད་གང་ཡིན་པ་བཅར་ཕོག་ཏུ་ངོས་ཟིན་པའི་གང་ཟག་གིས་གདོད་བསྐྱར་ནས་བསྒྲུབ་ན་ཡེ་གྲོལ་ལ་ཡང་གྲོལ་གྱི་ལྷན་པ་བཏབ་པའོ། །ཚུལ་དེའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་ཚིག་གི་ལམ་དུ་མི་མཚོན་པས་མ་སྒོམ་པའི་ཐ་སྙད་ཀྱིས་གཏན་ལ་མི་ཕེབས་ལ། བདེན་པར་མ་མཐོང་བར་སྒྲ་ཇི་བཞིན་དུ་མི་རྟོགས་པས་རང་བཞིན་བཞག་དཀའ་བའི་ཕྱིར་རང་གི་བློའི་འཇུག་ཚུལ་གཅིག་ལ་དཔགས་པའི་ལྟ་བ་གོ་ཡུལ་ཙམ་དུ་འབྱོར་པས་ངས་ནི་རྟོགས་སོ་གཞན་ནི་འཁྲུལ་ལོ་སྙམ་པའི་ལྟ་བ་མཆོག་འཛིན་གྱི་བློས་ངེས་དོན་ཐད་དྲང་དུ་སྟོན་པའི་མན་ངག་བསྐུར་པ་གདབ་པར་མི་བྱའོ། །དེ་ཡང་དབང་རབ་ལྟ་ཐོག་ཏུ་གྲོལ་བའི་གནས་ལུགས་བཅར་ཕོག་ཏུ་ངོས་ཟིན་ན་རང་ངོ་ཀ་དག་ལ་གཟུང་འཛིན་གྱི་ཞེན་པས་མི་འཆིང་ཞིང་། ཡེངས་ཡུལ་ཆོས་ཉིད་དུ་སོང་བས་འཁྲུལ་མ་འཁྲུལ་དང་ཡིན་མ་ཡིན་གྱི་ཐ་སྙད་གང་གིས་ཀྱང་ཐུག་པ་མ་ཡིན་ནོ། །ཚུལ་དེ་ལྟ་བུ་རྟོགས་ན་རིག་པའི་རང་ངོ་དུས་ཐམས་ཅད་པས་ཡུལ་གྱི་འཚོགས་པ་མི་སྡུད་ཅིང་། ཡུལ་ཅན་བསམ་བརྗོད་ཀྱི་སྤྲོས་པས་གཞལ་བའི་ཐོས་བསམ་སྒོམ་གསུམ་དང་། སེམས་ལ་ངེས་པ་ཐོབ་པའི་ཐེག་པ་འོག་མ་ཐམས་ཅད་བློས་བཅོས་པའི་ཐ་སྙད་ཀྱི་གྲུབ་མཐར་འཇིག་པའོ། །ཞེས་པའོ། །རྩ་བ། རིག་པའང་ཤེས་བྱའི་ཡུལ་ལ་མི་གནས་པས། །ང་དང་ང་ཡིར་འཛིན་པའི་ཆོས་དང་བྲལ། །དེ་ལ་སྒོམ་དང་བསྒོམ་པར་བྱ་བ་མེད། །མ་བཅོས་རྣལ་མར་བཞག་ན་རྗེན་པར་མཐོང་། །རང་གི་ངོ་བོ་གཞན་དུ་མི་འགྱུར་ན། །མ་རིག་འཛིན་པས་སྲིད་པར་འཁྲིད་མི་ནུས། །ཕྱི་རོལ་ཡུལ་དང་བདག་ཏུ་ཞེན་པ་རྣམས། །བྱེད་པོས་མ་བྱས་སེམས་རྟོག་བརྟག་ལས་གྲུབ། །གཞི་དང་རྩ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ནས་སྐྱེ་བ་མེད་པར་རྫོགས། །དེ་ལས་གཞན་པའི་རྟོགས་པ་ཡོད་མི་དགོས། །ཀློག་དང་འཛིན་དང་བསྒོམ་དང་བསྟན་བཅོས་སེམས། །མཐའ་དག་བློ་ཡི་གྲུབ་མཐའ་ཞིག་གྱུར་ན། །ཡིད་སྨོན་མེད་པའི་སངས་རྒྱས་དེ་ཉིད་དོ། །ཞེས་པ་ནི་དེ་ཡང་ཕྱི་རོལ་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱར་གྱུར་པ་རྣམས་དང་། དེ་དག་ལ་བདག་ཏུ་འཛིན་པའི་ཞེན་པར་བྱེད་པ་རྣམས་ཀྱང་བྱེད་པོ་གཞན་གྱིས་མ་བྱས་ཤིང་རང་གི་སེམས་རྟོག་བརྟས་པ་ལས་གྲུབ་པ་ཡིན་ཀྱང་གཞི་དང་རྩ་བ་མེད་པ་ལས་ཐམས་ཅད་སྐྱེས་ཤིང་སྐྱེས་ཙམ་ཉིད་ལས་སྐྱེ་བ་མེད་པ་ནམ་མཁའི་སྤྲིན་འཇའ་དང་ཆུའི་ཆུ་ལྦུར་མེ་ལས་དུ་བ་བཞིན་རང་བཞིན་མེད་པ་རྫོགས་པར་རྟོགས་པ་དེ་ལས་གཞན་པའི་རྟོགས་པ་ཡོད་མི་དགོས་ཤིང་། ཆོས་རྣམས་ཀློག་པ་དང་འཛིན་པ་དང་སྒོམ་པ་དང་འཆད་རྩོད་རྩོམ་སོགས་བསྟན་བཅོས་སེམས་པ་མཐའ་དག་བློ་ཡི་གྲུབ་མཐའ་ཁོ་ན་ཡིན་པར་ཤེས་ནས་རང་བཞིན་མེད་པར་ཞིག་པར་གྱུར་ན་ཡིད་ཀྱིས་སྨོན་བྱའི་འབྲས་བུ་གཞན་མེད་པས་སངས་རྒྱས་ཞེས་པ་དེ་ཉིད་རང་ཡིན་ནོ། །ཞེས་པའོ། །རྩ་བ། ཁྱད་པར་བླ་ན་མེད་པའི་ཐོད་རྒལ་ནི། །རིག་གདངས་མངོན་སུམ་མཐོང་བས་གོལ་ས་ཉུང་། །ཕྱི་འབྱུང་ས་རྡོ་རི་བྲག་ཡུལ་སྣང་གི། །གདོས་བཅས་དྲི་མ་ཟད་པས་འབྱུང་ཆེན་གྱི། །ཡེ་ཤེས་འོད་གསལ་ཆེན་པོར་དྭངས་པའི་ལམ། །མངོན་དུ་བྱེད་པ་ནང་འབྱུང་ཁྲེགས་ཆོད་ཀྱིས། །རྡུལ་ཕྲན་ཉིད་ལས་དྭངས་པར་མ་ནུས་པའང་། །འཕོ་བ་ཆེན་པོ་རྡོ་རྗེའི་སྐུར་སྨིན་ནས། །གཞན་དོན་འཁོར་བ་མ་སྟོངས་བར་དུ་མཛད། །དེ་ཕྱིར་རང་གི་སྡེ་པས་ཡིད་དཔྱོད་ཀྱི། །ལྟ་སྒོམ་སྤྱོད་འབྲས་ཀུན་དང་ཁྱད་ཞུགས་པའི། །མཚན་ཉིད་ལེགས་པར་ཕྱེད་པ་མན་ངག་ཡིན། །ཞེས་པ་ནི་དེ་ལ་བརྩོན་འགྲུས་ཅན་གྱིས་བསྒོམས་ནས་གྲོལ་བའི་ཁྱད་པར་གྱིས་སམ་བླ་ན་མེད་པའི་ཐོད་རྒལ་ནི། རིག་པའི་གདངས་མངོན་སུམ་དུ་མཐོང་བས་གོལ་ས་ཉུང་ཞིང་ཕྱི་འབྱུང་ས་རྡོ་རི་བྲག་སོགས་གདོས་བཅས་ཀྱི་དྲི་མ་ཟད་པས་འབྱུང་ཆེན་གྱི་གནས་ཡེ་ཤེས་འོད་གསལ་ཆེན་པོར་དྭངས་པའི་ལ མ་མངོན་དུ་བྱེད་པ་ནང་འབྱུང་ཁྲེགས་ཆོད་ཀྱིས་རྡུལ་ཕྲན་ཉིད་དུ་དྭངས་པ་ཙམ་ལས་འཇལ་ལུས་སུ་འགྱུར་བ་མ་ནུས་པའང་། འདིའི་འཕོ་བ་ཆེན་པོ་རྡོ་རྗེའི་སྐུར་སྨིན་ནས་གཞན་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་པའི་མཛད་པས་གྲུབ་མཐའ་གཞན་དང་འདིའི་ཁྱད་པར་ཕྱེད་པ་གལ་ཆེ། དེའི་ཕྱིར་རང་རང་སྡེ་པས་ཏེ་རྫོགས་པ་ཆེན་པོའི་གྲུབ་མཐའ་འཛིན་པར་རློམས་པ་རྣམས་ཀྱིས་ཀྱང་ཡིད་དཔྱོད་ཀྱི་ལྟ་སྒོམ་སྤྱོད་འབྲས་མཆོག་ཏུ་འཛིན་པ་ཀུན་དང་ཁྱད་ཞུགས་པས། མཚན་ཉིད་ལེགས་པར་ཕྱེད་པ་མན་ངག་འདིའི་གནད་ཡིན་ཞེས་པའོ། །དེ་ཡང་འོད་ལུས་དང་བསམ་གཏན་གྱི་ལུས་གཉིས་ཀྱི་ཁྱད་པར་ནི། འོད་ལུས་ནི་རིག་པས་བཟུང་བའི་རང་འོད་དྲི་མ་མེད་པ་སངས་རྒྱས་ཀྱི་སྤྱན་གྱི་ཡུལ་ལས་གཞན་མ་ཡིན་ལ། བསམ་གཏན་གྱི་ལྷ་ལུས་ནི་འབྱུང་བཞིའི་རྡུལ་ཕྲན་དྭངས་ཀྱང་རྣམ་སྨིན་བག་ཆགས་ཀྱི་ལུས་ལྷའི་མིག་ཡོད་པས་སྣང་བའི་ཁྱད་པར་ཡོད་དོ། །དེའང་རྒྱང་ཞགས་ཆུའི་སྒྲོན་མ་ནི་འཆར་བྱེད་ཀྱི་སྒོ་ཡིན་ཏེ་རིག་ཆའི་གདངས་ཕྱི་རོལ་གྱི་ཡུལ་ལ་སྣང་ཞིང་མཐོང་བས་རྒྱང་ཞེས་བྱ་ལ་དེ་ཡང་རང་ཡོད་མེད་ཀྱི་རྗེས་སུ་འཆིང་གྲོལ་བྱེད་པས་ཞགས་པའི་སྒྲ་ཞུགས་པའོ། །དག་པ་དབྱིངས་ཀྱི་སྒྲོན་མ་ནི། འཆར་གཞིའི་ནང་དབྱིངས་ཕྱིར་གསལ་བའི་གདངས་ཡིན་ཏེ་རང་གི་ངོ་བོ་ཉིད་ལ་བཏགས་པ་ཙམ་ཡིན་ནོ། །ཐིག་ལེ་སྟོང་པའི་སྒྲོན་མ་ནི་འཆར་བའི་རྣམ་པ་རྩོལ་བྱེད་ཀྱི་རྟེན་ཡིན་ནོ། །ཤེས་རབ་རང་བྱུང་གི་སྒྲོན་མ་ནི་དྭངས་ལ་ཡུལ་མེད་དུ་འཆར་བ་རིག་པའི་ངོ་བོ་ཉིད་ལྷག་མཐོང་གི་གནས་ལུགས་མ་ནོར་བའོ། །དབྱེ་ན་རྣམ་པར་གྲོལ་བྱེད་ཀྱི་ཤེས་རབ་དང་། རྣམ་པར་སྐྱེད་བྱེད་ཀྱི་ཤེས་རབ་དང་། རྣམ་པར་སྡུད་བྱེད་ཀྱི་ཤེས་རབ་དང་། རྣམ་པར་འབྱེད་བྱེད་ཀྱི་ཤེས་རབ་དང་བཞིའོ། །དཔེར་ན། ཐོས་བསམ་གྱི་ཤེས་རབ་རྟོག་དཔྱོད་ཡིན་ལ། བསྒོམ་པའི་ཤེས་རབ་རྣལ་མ་རྟོགས་ན་ཆོས་ཉིད་ཡིན་པ་བཞིན་ཤེས་རབ་བཞི་པོ་དེ་ཡང་སོ་སོར་རྟོག་པའི་ཤེས་རབ་ལ་བསྡུའོ། །རྩ་བ། དེ་ལྟ་མོད་ཀྱི་བདག་ཏུ་འཛིན་པའི་སེམས། །ཆོས་དབྱིངས་དག་པའི་ཀློང་དུ་མ་ནུབ་བར། །གློ་བུར་རྐྱེན་གྱིས་བསླུ་བའི་རྟོག་ཚོགས་ཆོས། །ཐ་མལ་རང་ལུགས་སྲིད་པའི་བདག་པོ་ཡིས། །དང་པོའི་ལས་ཅན་རྣམས་ལ་སྒྲིབ་པའི་ཕྱིར། །ཞི་གནས་ལྷག་མཐོང་ངོ་བོ་གཅིག་པ་དང་། །སོ་སོ་བ་ཡི་འཁྲིད་ཚུལ་རྣམ་གཉིས་ལས། །དང་པོའི་ཕྱོགས་ལ་གནས་ཆའི་བསམ་གཏན་དང་། །གསལ་ཆའི་ཤེས་རབ་ཞི་ལྷག་ཟུང་འབྲེལ་ལས། །གཉིས་པ་མིན་པའི་མཐའ་བྲལ་དོན་ལ་བཞག །ཅེས་པ་ནི་དེ་ཡང་ཀ་དག་དང་ལྷུན་གྲུབ་ཇི་བཞིན་པ་རྟོགས་ན་དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་བདག་འཛིན་གློ་བུར་གྱི་རྐྱེན་ཆོས་དབྱིངས་དག་པའི་ཀློང་དུ་མ་ནུབ་བར་དུ་གློ་བུར་རྐྱེན་གྱིས་བསླུ་བའི་རྟོག་ཚོགས་ཀྱི་ཆོས་སོ་ཅོག་ཐ་མལ་རང་ལུགས་ཏེ་འཁྲུལ་པའི་འཁོར་ལོར་འཕྱན་པའི་སྲིད་པའི་བདག་པོ་དེ་ཡིས་དང་པོའི་ལས་ཅན་ཏེ་རྒྱུ་འབྲས་ཀྱི་ཆོས་གང་ལའང་ངེས་པ་མ་རྙེད་པའི་ཐོས་ལོ་བསྒོམ་ལོ་ཙམ་བྱས་པའི་ལས་ཅན་རྣམས་ལ་སྒྲིབ་པའི་ཕྱིར། ཞི་གནས་ལྷག་མཐོང་གཉིས་ངོ་བོ་གཅིག་པའི་ཚུལ་དུ་འཁྲིད་པ་དང་། གཉིས་ཀ་སོ་སོ་བ་ཡི་ཚུལ་དུ་འཁྲིད་ཚུལ་རྣམ་པ་གཉིས་ལས། དང་པོ་གཞི་གནས་ཀྱི་ཕྱོགས་ལ་གནས་ཆའི་བསམ་གཏན་དང་། གསལ་ཆའི་ཤེས་རབ་གཉིས་ཞི་ལྷག་ཟུང་འབྲེལ་ལས། གཉིས་པ་མིན་པའི་མཐའ་དང་བྲལ་བའི་དོན་ལ་མཉམ་པར་བཞག་ཅིང་འཁོར་འདས་སུ་འཛིན་པའི་ཆོས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་ཤེས་པ་རྩེ་གཅིག་པའི་ངང་ལས་མི་གཡོ་བ་ཞི་གནས་དང་། དེའི་མཚན་ཉིད་དངོས་པོ་མེད་པར་འདུ་ཤེས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱི་གསལ་ཆ་ནི་ལྷག་མཐོང་ཡིན་ནོ། །རྩ་བ། གཉིས་པའི་ཕྱོགས་ལ་དབྱེ་བ་གཉིས་གྲུབ་སྟེ། །ཤེས་རབ་ལས་བྱུང་གདམས་ངག་ལས་བྱུང་ངོ་། །ཤེས་རབ་ལས་བྱུང་སྒྲ་ཡི་རྗེས་མཐུན་པ། །ཐོས་པའི་དོན་ལ་རྩེ་གཅིག་ཞི་བ་དང་། །དེ་ལས་དོན་རྟོགས་ལྷག་མཐོང་མཚན་ཉིད་དོ། །མན་ངག་ལས་བྱུང་དོན་གྱི་རྗེས་སུ་འགྲོ། །སེམས་ནི་གཡོ་བ་མེད་པ་ཞི་གནས་ལ། །དེ་ཡི་རང་བཞིན་ཤེས་པ་ལྷག་མཐོང་སྟེ། །ཞེས་པ་ནི་དེའང་ཤེས་རབ་ལས་བྱུང་བ་ནི་མདོ་སྡེ་བཅུ་གཉིས་ཀྱི་ཚིག་ཡིད་ལ་བྱེད་པ་ནི་སྒྲའི་རྗེས་སུ་མཐུན་པར་བྱེད་ཅིང་། ཐོས་པའི་དོན་ལ་རྩེ་གཅིག་ཞི་བ་སྟེ་མཉམ་པར་འཇོག་པ་དང་། དེ་ལས་དོན་རྟོགས་པའི་ཐབས་སུ་གྱུར་པ་ནི་ལྷག་མཐོང་མཚན་ཉིད་པའོ། །ཞེས་པའོ། །དེའང་ཞི་གནས་ནི་བསམ་གཏན་གྱི་ཉེར་བསྡོགས་ཡིན་ལ། ལྷག་མཐོང་ནི་དངོས་གཞི་ཡིན་པའི་ཁྱད་པར་མ་ཤེས་ན་འགྲོ་དགོས་སར་ཕྱིན་ནས་ཀྱང་ད་དུང་ལམ་བགྲོད་ཀྱི་རྩོལ་བ་མི་འདོར་བས་དབང་པོ་ཉེ་བར་ཞི་བ་ཉིད་མི་ཐོབ་པ་བཞིན་ནོ། །ཞེས་པའོ། །རྩ་བ། མདོར་ན་རབ་ཀྱིས་ངན་རྟོག་ཆོས་སྐུར་ལྷོངས། །བཟང་ངན་མཉམ་ན་གཉེན་པོ་བསྟེན་མི་དགོས། །འབྲིང་གིས་ངང་དྭངས་ཟུང་འབྲེལ་ལ་གོམས་པས། །བཟང་ངན་རྟོག་པ་མཐའ་དག་དབྱིངས་སུ་ནུབ། །ཐ་མས་ཐོག་མར་ཞི་གནས་འབའ་ཞིག་བཙལ། །གང་དམིགས་བརྟན་པ་ཐོབ་ནས་ལྷག་མཐོང་གི། །ཡེ་ཤེས་སོ་སོར་རྟོག་པ་ལ་གོམས་ན། །མཐར་གྱིས་གསེར་གླིང་ས་རྡོ་མི་རྙེད་བཞིན། །སེམས་དང་སེམས་བྱུང་རྟོག་པ་གང་སྐྱེས་ཀྱང་། །སྣང་སེམས་དབྱེར་མེད་གཞི་གྲོལ་ཆེན་པོར་འཆར། །ཞེས་པ་ནི་དེའང་མདོར་བསྡུ་ན་དབང་པོ་རབ་རྣམས་ཀྱིས་འཁྲུལ་ངོར་སྣང་བའི་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་དཔེར་ན་ནམ་མཁར་སྤྲིན་ཕུང་འཐིབས་པ་སོགས་ལྷོངས་བྱེད་ཀྱི་རྐྱེན་ཅི་བྱུང་ཡང་ངོ་བོ་སྟོང་པ་ལས་མ་འདས་བཞིན་དུ་བཟང་ངན་གྱི་རྟོག་ཚོགས་གང་བྱུང་གི་ངོ་བོ་ཆོས་སྐུ་སྟེ་སྟོང་ཉིད་དུ་ལྷོངས་ན་བཟང་ངན་མཉམ་པ་ཡིན་པས་ན་ཉོན་མོངས་ཀྱི་གཉེན་པོ་བསྟེན་མི་དགོས་ཞེས་པ་དང་། དབང་པོ་འབྲིང་རྣམས་ཀྱིས་ངང་དྭངས་ཏེ་སྤང་བྱ་སྤོང་བྱེད་གཉིས་ངོ་བོ་གཅིག་ཏུ་རྟོགས་ནས་ཟུང་འབྲེལ་དུ་དྭངས་པ་ལ་གོམས་པས་བཟང་ངན་གྱི་རྟོག་པ་མཐའ་དག་དབྱིངས་སུ་ནུབ་པ་དང་། དབང་པོ་ཐ་མས་ཐོག་མར་ཉོན་མོངས་པ་སོགས་རྟོག་ཚོགས་ཐམས་ཅད་ཞི་བའི་ཐབས་སུ་ཡེངས་མེད་དུ་ཉམས་སུ་བླངས་ནས་སེམས་གནས་པའི་ཐབས་འབའ་ཞིག་བཙལ་བས་གང་དམིགས་ཏེ་གནས་པ་དེ་ཉིད་མི་གཡོ་ཞིང་བརྟན་པ་ཐོབ་པར་གྱུར་ཚེ་ལྷག་མཐོང་གི་ཡེ་ཤེས་སོ་སོར་རྟོག་པའི་ཤེས་རབ་ཞི་གནས་རང་བཞིན་མེད་པར་རྟོགས་པ་ལ་གོམས་ན་མཐར་གྱིས་གསེར་གླིང་དུ་ཕྱིན་ཚེ་ས་རྡོ་མི་རྙེད་པ་བཞིན་དུ་སེམས་ཏེ་ཀུན་རྟོག་སྐྱེ་བའི་ཡུལ་དང་། སེམས་བྱུང་སྟེ་བཟང་ངན་གྱི་རྟོག་ཚོགས་གང་སྐྱེས་ཐམས་ཅད་ཀྱང་སྣང་བ་སེམས་ཀྱི་རྩལ་དུ་ཤར་བ་མེ་ལོང་གི་གཟུགས་བརྙན་ལྟ་བུ་དང་། previous hit འཆར་གཞིའི་སེམས ་གཉིས་དབྱེར་མེད་ཆུ་དང་རླབས་ཀྱི་དཔེས་གཞི་གྲོལ་ཆེན་པོར་འཆར་བའོ། །ཞེས་པའོ། །རྩ་བ། ཐབས་ཀྱི་མཆོག་ཏུ་རྟོག་པ་གང་ཤར་ཡང་། །དགག་པར་མི་བྱ་བསྒྲུབ་པར་བྱ་བ་མེད། །རྗེས་སུ་མི་འབྲང་ངང་ལས་མ་གཡོས་ན། །ལྷ་ཡི་མིག་དང་སྤྱན་དང་མངོན་ཤེས་སོགས། །དབང་པོ་དྭངས་པའི་ཡོན་ཏན་མཐའ་དག་འཐོབ། །ཅེས་པ་ནི་དེའང་ལྷག་མཐོང་གི་ཤེས་རབ་སྐྱེས་པ་ནས་བཟུང་སྟེ་ཐབས་ཀྱི་མཆོག་སྟེ་རང་བྱུང་གི་ཡེ་ཤེས་དེ་ཉིད་མྱུར་དུ་མཐོང་བ་ལ་རྟོག་པ་བཟང་ངན་གང་ཤར་ཡང་དགག་པར་མི་བྱ་ཞིང་རང་སར་ལྷོད་པ་དང་། བསྒྲུབ་པར་ཡང་མི་བྱ་སྟེ་སྔོན་བསུ་རྗེས་དཔྱོད་གང་ཡང་མི་བྱ་བར་འབད་རྩོལ་མེད་པར་བཞག་ཅིང་རྗེས་སུའང་མི་འབྲང་བཞིན་དུ་རིག་པའི་ངང་ལས་མ་གཡོས་ན་ལྷའི་མིག་དང་སྤྱན་ལྔའི་ཡོན་ཏན་དང་མངོན་པར་ཤེས་པའི་ཚོགས་ལ་སོགས་དབང་པོ་དྭངས་པའི་ཡོན་ཏན་མཐའ་དག་འཐོབ་པའོ། །དེས་མངོན་ཤེས་དྲུག་ནི། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཐམས་ཅད་སེམས་ཀྱི་རྒྱུན་དུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་གསན་པ་དང་། རྫུ་འཕྲུལ་གྱིས་ཚོགས་ཀུན་ཏུ་དོན་སྤྱོད་པ་དང་། ཟག་མེད་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པ་སྟེ་དྲུག་གོ། །འདི་ལྟར་ལྷག་མཐོང་གི་ཤེས་རབ་ཀྱིས་མ་ཟིན་ན། ཞི་གནས་རྐྱང་པ་ནི་བདག་རྟོག་བག་ལ་ཉལ་ཡིན་ཕྱིར་སྲིད་པའི་རྩ་བའི་ཉེས་དམིགས་དྲུང་ནས་མི་འབྱིན་ཞིང་འོག་མར་ཡང་མི་ལྷུང་བས་ན་མི་གཡོ་བའི་ལས་ཏེ་བསམ་གཏན་གཟུགས་མེད་དུ་འཕེན་པ་ཙམ་ལས་དོན་གཞན་མེད་དོ། །སྤྱི་འཕགས་པ་ནི་འབྲས་བུ་ཆེ་བའི་བར་མཉམ་དུ་འཐོབ་ཀྱང་། སོ་སོ་སྐྱེ་བོ་ནི་ཞི་གནས་ཁོ་ནའི་བདེ་བ་ལ་ཞེན་ཏེ་སྟོང་པའི་ངང་དུ་བློའི་འཇུག་པ་ནུབ་པ་ལས་གང་དུ་སྐྱེ་འགྱུར་གྱི་ཁམས་དཔེའི་སྲིད་རྩེར་འཕེན་ལ། འཕགས་པ་ནི་བདག་དང་བྲལ་བའི་ལྷག་མཐོང་གི་ཡེ་ཤེས་སོ་སོ་རང་རིག་གི་ཁྱད་པར་བྱས་པས་བསམ་གཏན་གཟུགས་མེད་ཀྱི་ཏིང་འཛིན་གྱི་ཡོན་ཏན་ཚང་ཡང་དེ་དག་གི་སེམས་རང་མཚན་པར་མི་གནས་པས་ཁམས་གོང་མར་མི་སྐྱེ་ཡང་། མི་ཆེ་བའི་སེམས་ཐོབ་ནས་འོག་མིན་གྱི་བར་དུ་མཐོང་བསྒོམ་གྱི་ཡེ་ཤེས་གོང་མ་ཐོབ་ནས་མྱ་ངན་ལས་འདའ་བའོ། །དེའང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དང་། དེ་དག་ལ་གོམས་པ་བརྟས་པས་གཟུགས་དང་གཟུགས་མེད་དུ་སྐྱེ་བའི་རྒྱུ་བྱེད་དོ། །འགོག་པ་ནི་འཇིག་རྟེན་པའི་ཚོར་བ་དང་འདུ་ཤེས་འགོག་པའི་ཏིང་འཛིན་ཐོབ་པ་སྟེ་སེམས་ཀྱི་སྤྲོས་པ་འགགས་ནས་རིག་ཆའི་ཡོན་ཏན་ཡང་བག་ལ་ཞ་བའོ། །དེའང་བློས་དཔྱད་ཅིང་བརྟགས་ནས་འགོག་པ་ནི་སེམས་ཀྱི་སྤྲོས་པ་འགོག་པའོ། །མ་བརྟགས་པ་རྟོག་བྲལ་འགོག་པ་ནི་ཆོས་ཉིད་རྣམ་པར་མི་རྟོག་ཀྱང་ཡེ་ཤེས་ཀྱི་ཆ་ནས་དམིགས་མེད་ཀྱི་སྙིང་རྗེ་རྒྱུན་མི་འཆད་པས་སེམས་ཅན་གྱི་དོན་འབྱུང་ངོ་། །མདོར་ན་འཕགས་པ་རྣམས་ཀྱིས་རྟོགས་པའི་ཤེས་རབ་དང་། སོ་སོའི་སྐྱེ་བོའི་བསྒོམ་པའི་བསམ་གཏན་གཉིས་རྣམ་ཤེས་ཀྱིས་གཞལ་ན་འདྲ་བ་ལྟར་སྣང་ཡང་། ཡེ་ཤེས་ཀྱི་ངོ་ན་ཁྱད་ཆེ་སྟེ་བསམ་གཏན་གྱི་སྐབས་ན་གཞི་བཞག་གི་གནས་ལུགས་སེམས་ཀྱི་ལམ་དུ་བྱེད་པ་དང་། ཤེས་རབ་ཀྱི་གནས་སྐབས་ན་རིག་ཐོག་ཏུ་སྤྲོས་པ་རང་ཞིག་ལ་སོང་བའི་ཁྱད་པར་ཕྱེད་དགོས་སོ། །རྩ་བ། རྟོག་པ་ཡུལ་དང་འབྲེལ་ན་ཐ་མལ་ཏེ། །མེ་ལོང་ལྟ་བུ་དྭངས་པའི་ཤེས་པ་ལ། །སྣང་ཡུལ་མ་འགགས་གཟའ་སྐར་བཞིན་བཀྲ་ཡང་། །རྣམ་པའི་བློ་ཡིས་གོས་པར་མ་གྱུར་ན། །གཟུང་བའི་ཡུལ་དང་འཛིན་སེམས་འབྲེལ་ཆད་པས། །སོ་སོ་རང་རིག་རྣམ་པར་མི་རྟོག་པའི། །ཡེ་ཤེས་བླ་མའི་ས་ལ་ད་ལྟ་ཕྱིན། །ཞེས་པ་ནི་དེའང་རྟོག་པ་སྟེ་སྣང་བའི་ཡུལ་འདི་དང་འདིའོ་ཞེས་པ་བདག་གིར་བཟུང་ན་ཕན་ཚུན་འབྲེལ་བ་ཡིན་ཞིང་། དེ་ལྟར་གྱུར་ན་ཐ་མལ་གྱི་འགྲོ་བས་སེམས་ཀྱི་གནས་ལུགས་ལ་གོ་མྱོང་རྟོགས་གསུམ་བྲལ་བ་སྟེ། དེ་ལྟར་མ་ཡིན་པའི་སེམས་ཉིད་མེ་ལོང་དྭངས་པ་ལྟ་བུའི་ཤེས་པའམ་རིག་ངོ་ལ་སྣང་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ལྔ་དང་ཡིད་ངོར་ཤར་བའི་ཆོས་ཏེ་དྲུག་པོ་མ་འགགས་པར་གཟའ་སྐར་བཞིན་དུ་བཀྲ་བར་གྱུར་ཀྱང་། རྣམ་པའི་སྟེ་སོ་སོར་འདི་དང་འདིའོ་སྙམ་པའི་བློ་ཡིས་གོས་པར་མ་གཟུང་བའི་ཡུལ་དྲུག་དང་འཛིན་པའི་སེམས་འབྲེལ་ཐག་ཆོད་པས་སོ་སོར་རང་གི་རིག་པ་རྣམ་པར་མི་རྟོག་པར་མཐོང་བྱ་མཐོང་བྱེད་ལས་འདས་པ་རྟོགས་པས་བཅུ་དྲུག་ཡེ་ཤེས་བླ་མ་སྟེ་རྫོགས་པ་ཆེན་པོ་ས་བཅུ་དྲུག་གི་རྒྱལ་སར་ད་ལྟ་ཉིད་དུ་ཕྱིན་པའོ། །ཞེས་པའོ། །རྩ་བ། མདོར་ན་དབྱིངས་ཀྱི་ལམ་ནི་ཆོས་ཉིད་གཅིག་།རིག་པའི་ལམ་ནི་ཤེས་རབ་ཁྱད་པར་ཅན། །འོད་གསལ་ལམ་ནི་སྒྲོན་མ་རྣམ་པ་གཉིས། །ཁྲེགས་ཆོད་ལམ་ནི་ཤར་གྲོལ་དུས་མཉམ་སྟེ། །ཐོད་རྒལ་ལམ་ནི་དབྱིངས་དང་རིག་པ་ཡིན། །ཞེས་པ་ནི་དེ་ཡང་རྒྱུ་འབྲས་དག་གྲོལ་དུ་འཛིན་པའི་འོག་མའི་ལམ་ལྔ་པོ་རྫོགས་ཆེན་བདེན་པ་དབྱེར་མེད་ཀྱི་ཆོས་ཉིད་ཡིད་དཔྱོད་ལས་འདས་པར་མདོར་བསྡུ་ན་ཆོས་ཐམས་ཅད་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ལམ་ནི་ཆོས་ཉིད་གཅིག་ལས་མ་འདས་ཤིང་། རིག་པའི་ལམ་ནི་ཤེས་རབ་ཁྱད་པར་ཅན་ཏེ་སོར་རྟོག་ཅེས་སོ། །འོད་གསལ་ལམ་ཐོད་རྒལ་གྱི་ལམ་ནི་སྒྲོན་མ་རྣམ་པ་གཉིས་ཏེ་རྒྱངས་ཞགས་ཆུའི་སྒྲོན་མ་དང་། ཐིག་ལེ་སྟོང་པའི་སྒྲོན་མའོ། །ཁྲེགས་ཆོད་ཀྱི་ལམ་ནི་ཤར་གྲོལ་དུས་མཉམ་སྟེ་ཐོད་རྒལ་གྱི་ལམ་ནི་དབྱིངས་ཞེས་ངོ་བོ་སྟོང་པ་དང་རིག་པ་སྟེ་ཐིམ་ལ་མ་རྨུགས་པའི་ཤེས་པའོ། །འདི་ལྟར་ཀུན་གཞི་ལ་བརྟེན་པའི་རྣམ་ཤེས་ཚོགས་བརྒྱད་པོས་རིག་པའི་ཆ་ལ་མ་རིག་པར་སྒྲོ་བཏགས་པས་ཀུན་བརྟགས་ཞེས་འཁོར་བའི་མཚན་ཉིད་དུ་གནས་པ་དེའང་རྟོགས་པ་རྣམས་ཀྱིས་འཁོར་འདས་གཉིས་རིག་པ་རང་མལ་ལས་གཡོས་པས་གཟུང་འཛིན་གྱི་གཟེབ་ལ་ཐེབས་པ་དང་། གཤིས་ལས་མ་འཁྲུལ་བའི་རང་གསལ་རྒྱ་ཡན་དུ་གྲོལ་བའི་ཁྱད་པར་ལས་ཡོད་པ་མ་ཡིན་ནོ། །རྩ་བ། འདི་དག་རང་བཞིན་རྫོགས་པ་ཆེན་པོ་ཡི། །ཐུན་མོང་མ་ཡིན་ལམ་ལྔར་མཁྱེན་འཚལ་ནས། །མ་རིག་གྲོགས་དང་འཁྲུལ་པའི་བསླུ་བྲིད་ཀྱིས། །མཐའ་མེད་འཁོར་བའི་འབྲོག་དགོན་འཇིགས་རུང་བར། །ལས་དང་ཉོན་མོངས་འདུ་བྱེད་ལྕགས་སྒྲོག་གིས། །དེ་རིང་ཕན་ཆད་བཅིངས་ལ་སྐྱོ་བའི་སེམས། །བསྐྱེད་ནས་ཞི་བ་དམ་པའི་གྲོང་ཁྱེར་དུ། །མྱ་ངན་འདའ་བའི་ལམ་མཆོག་བསྙེན་པར་མཛོད། །ཅེས་པ་ནི་དེའང་འདི་དག་སྟེ་བཤད་མ་ཐག་པའི་ལམ་ལྔ་པོ་དེ་ནི་རང་བཞིན་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་ལྔར་མཁྱེན་པར་འཚལ་ཞེས་ཤེས་པར་བྱས་ནས་མ་རིག་པ་ནི་རིག་པའི་ལྡོག་ཆ་ཡིན་ཕྱིར་དེ་ཉིད་གྲོགས་སུ་གྱུར་ནས་ཡེངས་ཤིང་འཁྲུལ་པའི་བསླུ་བྲིད་ཀྱིས་མཐའ་མེད་པའི་འཁོར་བའི་དཔེ་འབྲོག་དགོན་པ་ཆེན་པོ་འཇིགས་སུ་རུང་བ་ལས་མི་དགེ་བའི་ཚོགས་དང་ཉོན་མོངས་བརྒྱད་ཁྲི་འདུ་བར་བྱེད་པའི་ལྕགས་སྒྲོག་གིས་དུས་དེ་རིང་རིག་པའི་ངོ་བོ་འཁྲུལ་གྲོལ་གཉིས་ཀ་ལས་འདས་པའི་དོན་འདི་མ་རྟོགས་ཕན་ཆད་ལ་བཅིངས་ཤིང་རྨོངས་པ་ལ་སྐྱོ་བའི་སེམས་བསྐྱེད་བཞིན་ཞི་བ་དམ་པའི་གྲོང་ཁྱེར་དུ་ཞེས་པ་མྱ་ངན་ལས་འདའ་བའི་ལམ་མཆོག་ཏུ་གྱུར་པ་འདི་ལ་བསྙེན་པར་མཛོད་ཅེས་པའང་དབང་པོ་དང་སྐལ་བ་རབ་ཏུ་གྱུར་པ་རྣམས་ཀྱིས་གཞི་ལྟ་བ་ཁྲེགས་ཆོད་དང་། ལམ་ལྷུན་གྲུབ་འོད་གསལ་ཐབས་ཤེས་ཟུང་འཇུག་ཏུ་ཉམས་སུ་བླངས་པས་རྒྱུ་མཚན་ཉིད་ཀྱི་ཐེག་པའི་ས་ལམ་གྱིས་འཇལ་བ་ལ་མ་ལྟོས་པར་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ལམ་ལྔར་སྐུ་གསུམ་ལམ་སྣང་དུ་རྫོགས་ནས་ཚེ་ལུས་གཅིག་གིས་འབྲས་བུ་ཁྱད་ཆོས་དྲུག་ལྡན་གྱི་གཞི་ཐོག་ཏུ་འཁྱོལ་བར་བྱེད་པའོ། །དེ་ལྟ་ནའང་སྤངས་རྟོགས་ཕུན་སུམ་ཚོགས་པས་ཕྱི་ནང་མཐུན་པའི་རྟགས་ཁྱད་པར་ཅན་མེད་པར་རླུང་སེམས་འཇུག་ལྡོག་གི་རྣམ་འགྱུར་ལས་སེམས་གནས་ཅུང་ཟད་ཐོབ་པའམ། བདུད་སྡིག་ཅན་གྱིས་བྱིན་གྱིས་བརླབས་པའི་གྲུབ་རྟགས་ལ་དངོས་གྲུབ་ཐོབ་པར་བཟུང་ནས། ངས་ཆོས་ཉིད་རྣལ་མའི་དོན་མཐོང་བས་ལས་ལ་རེ་བ་མེད། ད་ཕྱིན་མགོ་ལ་ཐོད་པ་མི་འགེལ་ཞེས་རྫུན་རླབས་ཆེན་པོས་རང་གཞན་གྱི་མགོ་བསྐོར་བ་ཡོད་ཀྱང་དེ་ནི་ཡིད་དཔྱོད་ཀྱི་ལྟ་སྒོམ་ལས་མ་གྲོལ་བས་ད་དུང་འཁོར་བའི་སྲོག་ཤིང་གཅིག་ཏུ་ཡོད་པའོ། །དེའང་འཁོར་བར་འགྲོ་བའི་ལམ་ནི་རྒྱུད་ལྔ་སྟེ། རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་ཀྱི་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་མོ། །དེ་ལྟར་ལམ་རྒྱུད་ལྔའི་སྒྲིབ་པ་མ་སྤངས་པའི་རང་རྒྱུད་ལྡན་རྣམས་ནི་ལས་དང་། ཉོན་མོངས་པ་དང་འདུ་བྱེད་ཀྱི་ལྕགས་སྒྲོག་དམ་པོའི་གཞན་དབང་དུ་གྱུར་ནས་འགྲོ་བ་རིགས་དྲུག་པོ་ལས་འཁོར་ས་གཞན་མེད་པའི་གནས་སུ་བཅིངས་ཤིང་ད་དུང་ཡང་འཆིང་བ་ལས་མ་འདས་པ་འདི་ལ་བསམ་བཞིན་སྐྱོ་བ་ཚད་མེད་པར་བསྐྱེད་ནས་ལྟ་སྒོམ་སྤྱོད་འབྲས་བཞི་པོ་མཐར་ཕྱིན་པར་བྱའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་བཅུ་གཉིས་པའི་སྐབས་སོ།། །།རྩ་བ། དེ་ལྟར་གཞི་ལམ་མཚན་ཉིད་ལེགས་རྟོགས་ནས། །མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་ནི། །གཞན་ལས་མ་བྱུང་ཀུན་གཞིའི་རྙོག་པ་དྭངས། །སེམས་དང་སེམས་བྱུང་ཆོས་དབྱིངས་ཞི་བ་ཡིན། །གང་དུ་གཞི་ལས་གཞི་སྣང་གཡོས་པ་ཡི། །བདག་འཛིན་བག་ཆགས་ཤེས་བྱའི་ཆ་འཛིན་པའི། །ཚོགས་བརྒྱད་ཉེར་ལེན་སྤྲིན་དང་འདྲ་བ་རྣམས། །རྣམ་པར་དག་པའི་ཡེ་ཤེས་ཉི་མ་ནི། །སྒྲིབ་པ་མེད་པར་རང་བཞིན་འོད་དུ་གསལ། །ཞེས་པ་ནི་དེ་ལྟར་གཞིའི་གནས་ལུགས་ཤེས་བྱའི་ཆོས་ཐམས་ཅད་ཀྱི་ཤེས་བྱེད་ལམ་བདེན་འདུས་མ་བྱས་པ་ཐམས་ཅད་ཀྱི་མཚན་ཉིད་ལེགས་པར་རྟོགས་པར་བྱས་ནས་མཐར་ཕྱིན་ཚེ་འབྲས་བུ་སྐུ་ལྔ་དང་ཡེ་ཤེས་ལྔ་ལ་སོགས་པ་ནི་གཞན་གང་ལས་ཀྱང་མ་བྱུང་ཞིང་རང་གི་ཀུན་གཞིའི་རྙོག་པ་དྭངས་པ་སྟེ་སེམས་ཞེས་འཁྲུལ་གཞི་དང་། སེམས་བྱུང་ནི་འཁྲུལ་རྟོག་ཁོ་ན་ཡིན་ཏེ། དེ་ཉིད་ཆོས་ཀྱི་དབྱིངས་སུ་ཞི་བའམ་རྟོགས་པར་གྱུར་པ་ལ་བཏགས་པ་ཡིན་ཞིང་གང་དུའང་ཡེ་གཞི་ལུང་མ་བསྟན་ལ་གཞི་སྣང་སྟེ་ཡིད་ཅུང་ཟད་གཡོས་པ་མཐུ་བརྟས་ནས་བདག་འཛིན་དང་བག་ཆགས་སོགས་ཤེས་བྱའི་འཁྲུལ་རྟོག་གི་ཆ་འཛིན་པའི་སྒོ་ལྔའི་རྣམ་ཤེས་དང་ཡིད་ཤེས་ཉོན་ཡིད་ཀུན་གཞི་སྟེ་ཚོགས་བརྒྱད་ཉེ་བར་ལེན་པ་སྤྲིན་ཕུང་དང་འདྲ་བ་རྣམས། རྣམ་པར་དག་པའི་ཡེ་ཤེས་ཏེ་དཔེ་ཉི་མའི་སྙིང་པོ་ལ་མུན་པའི་གཞི་མི་གནས་པ་ལྟ་བུ་ནི། སྒྲིབ་པའི་ཚོགས་གང་ཡང་མེད་པར་རང་བཞིན་དུ་འོད་གསལ་བའོ། །དེའང་གཞི་ལམ་འབྲས་གསུམ་རིག་པ་ཀ་དག་གཅིག་ལས་འགྱུར་བ་མེད་པའི་ལྡོག་ཆ་ལས་སྐུ་ལྔར་ཕྱེ་ན། མི་འགྱུར་རྡོ་རྗེ་དང་། མངོན་པར་བྱང་ཆུབ། ཆོས་ལོངས་སྤྲུལ་གསུམ་སྟེ་ལྔའོ། །རྩ་བ། གློ་བུར་དྲི་མ་ཆ་དང་བཅས་སྤངས་པ། །དག་པ་གཉིས་ལྡན་བྱང་ཆུབ་མཆོག་གི་དངོས། །གདོད་མའི་སངས་རྒྱས་སྨོན་པ་མེད་པའི་དབྱིངས། །ཉ་རྒྱས་ཟླ་བ་སྤྲོས་པ་ཕྱིར་གསལ་ཅན། །སྟོང་གི་ཆ་ལ་དབྱིངས་སུ་ནུབ་པ་ལྟར། །ཀུན་ཏུ་མི་རྟོག་ཆོས་ཉིད་འཕོ་འགྱུར་མེད། །དབྱིངས་ཀྱི་རྟག་པ་མི་འགྱུར་རྡོ་རྗེའི་སྐུ། །ཞེས་པ་ནི་དེ་ཡང་གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་དང་། གློ་བུར་གྱི་དྲི་མས་ཀྱང་མ་གོས་པ་ལ་དག་པ་གཉིས་ལྡན་ཏེ། དེ་ལྟ་བུ་ནི་བྱང་ཆུབ་མཆོག་གི་དངོས་པོ་གདོད་མའི་སངས་རྒྱས་སྨོན་པ་མེད་པའི་དབྱིངས་ཞེས་བྱའོ། །དེའི་དཔེ་ནི་ཉ་རྒྱས་ཏེ་ཚེས་བཅོ་ལྔའི་ཟླ་བ་འོད་གསལ་གྱི་ཟེར་སྤྲོས་པ་ཕྱིར་གསལ་བཞིན་ཡུལ་ཀུན་ཏུ་ཁྱབ་པ་ཅན་དེ་ཉིད་གནམ་སྟོང་གི་ཉིན་ནུབ་ཀྱི་ཆ་ལ་འོད་དཀར་དབྱིངས་སུ་ནུབ་པ་ལྟར་སེམས་དང་སེམས་བྱུང་དབྱིངས་སུ་ནུབ་ཚེ་ཀུན་ཏུ་མི་རྟོག་སྟེ་རྣམ་པར་མི་རྟོག་པའི་ཆོས་ཉིད་འདི་ནི་གཞན་དུ་འཕོ་བ་དང་ངོ་བོ་འགྱུར་བའི་རྒྱུ་དང་བྲལ་ཡང་དབྱིངས་ཀྱི་རྟག་པ་སྟེ་ཆོས་ཉིད་མི་འགྱུར་བ་གཞོམ་གཞིག་དང་བྲལ་བའི་རང་བཞིན་ནི་རྡོ་རྗེའི་སྐུ་སྟེ་མི་ཆོད་པ་མི་ཤིགས་པ་བདེན་པ་སོགས་རྡོ་རྗེའི་ཆོས་བདུན་ལྡན་གྱི་ངང་དུ་གནས་པའོ། །འདི་ནི་རྣམ་པར་རྟོག་བཅས་མ་ཡིན་ཀྱང་དབྱིངས་ཀྱི་ངང་ན་བལྟར་མི་མངོན་པའི་ཡེ་ཤེས་ཀྱི་འཆར་གཞི་ལྷུན་གྲུབ་ཏུ་ཡོད་པས། སྨོན་ལམ་གྱི་རྒྱུ་ལ་མ་ལྟོས་པར་གཞན་སྣང་ལ་ཐུགས་རྗེའི་འཇུག་པ་རྒྱུན་མི་འཆད་ཅིང་གཟུགས་སྐུ་ཕྲིན་ལས་དང་བཅས་པ་རང་དུ་འབྱུང་བ་ནི་ཁྱད་པར་གྱི་ཆོས་སོ། །ཞེས་པའོ། །རྩ་བ། རྣམ་པ་ཀུན་གྱི་མཆོག་ལྡན་ཞི་བའི་དབྱིངས། །སྟོབས་སོགས་ཡོན་ཏན་རྒྱ་མཚོ་ཀུན་ཆུབ་ཀྱང་། །སྣང་ཆ་ངོ་བོར་མ་འདྲེས་སྤངས་རྟོགས་ཀྱི། །ཆ་ནས་གཞལ་བ་མངོན་པར་བྱང་ཆུབ་སྐུ། །ཞེས་པ་ནི་འདི་ལྟར་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དང་གློ་བུར་གྱི་དྲི་མ་དག་པར་བྱས་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཞི་བ་ཆེན་པོའི་དབྱིངས་ཡིན། དེ་ཉིད་ཀྱང་སྟོབས་བཅུ་དང་། མི་འཇིགས་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཐུགས་རྗེ་ཆེན་པོ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སོགས་ཡོན་ཏན་རྒྱ་མཚོ་ཡོད་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུར་བརྗོད་ཀྱང་སྣང་ཆ་ངོ་བོར་མ་འདྲེས་ཤིང་དྲི་མའི་ཚོགས་སྤངས་པ་དང་རྟོགས་པའི་ཡོན་ཏན་རྒྱས་པའི་ཆ་ནས་གཞལ་བ་ལ་མངོན་པར་བྱང་ཆུབ་པའི་སྐུ་ཞེས་བརྗོད་པའོ། །རྩ་བ། ཤེས་བྱའི་ཡུལ་ལ་བློ་ཡི་འཇུག་པ་ཞི། །ཤེས་བྱེད་བློ་ལ་འཛིན་པའི་ཀུན་རྫོབ་སྤངས། །སོ་སོ་རང་རིག་རྟག་ཆད་མཐར་མ་ལྷུང་། །ཐིམ་ལ་མ་རྨུགས་ཕྲ་བའི་ཡེ་ཤེས་ནི། །མཁྱེན་ཆ་འགག་མེད་སྐུ་དང་ཡེ་ཤེས་རྟེན། །ཤིན་ཏུ་མཉམ་པར་བཞག་པ་རྣམས་ཀྱིས་མཐོང་། །གང་ལ་ཞི་བ་ཆོས་ཀྱི་སྐུ་ཞེས་བརྗོད། །ཅེས་པ་ནི་དེའང་ཤེས་པར་བྱ་བའི་ཡུལ་ལ་བློའི་འཇུག་པ་ཞི་བའི་དབྱིངས་སྤྲོས་བྲལ་དང་། ཤེས་བྱེད་ཀྱི་བློ་ལ་འཛིན་པའི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྤངས་པའི་སོ་སོ་རང་རྟག་པ་དང་ཆད་པའི་མཐར་མ་ལྷུང་ཞིང་བཅོ་ལྔའི་ཟླ་བའི་དཀར་མདངས་དབྱིངས་སུ་འཁྱིལ་བ་ལྟར་ཐིམ་ལ་མ་རྨུགས་པ་ཕྲ་བའི་ཡེ་ཤེས་ནི་མཁྱེན་ཆ་འགག་པ་མེད་པ་སྐུ་དང་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་དེ་ཉིད་ཤིན་ཏུ་མཉམ་པར་བཞག་པ་རྣམས་ཀྱིས་མཐོང་བ་གང་ལ་ཞི་བ་ཆོས་ཀྱི་སྐུ་ཞེས་བརྗོད། དེའང་སྟོང་ཆད་ནམ་མཁའ་ལྟ་བུ་མ་ཡིན་པས་ཆོས་སྐུའི་དུས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟབ་ཅིང་གཏིང་དཔག་དཀའ་བ་ནང་གསལ་ཐིམ་ལ་མ་རྨུགས་པས་སྟོང་གི་ཟླ་བ་དབྱིངས་སུ་ནུབ་པ་ལྟར་གཞན་སྣང་ལ་མི་མངོན་པར་བཞུགས་ཀྱང་དེ་ལས་གཟུགས་ནས་རྣམ་མཁྱེན་བར་མཁྱེན་པས། ཕྱིར་གསལ་དུ་སྣང་བའི་ཡེ་ཤེས་ཀྱི་གདངས་ནམ་ཡང་རྒྱུན་ཆད་མེད་པའོ། །ཞེས་པའོ། །རྩ་བ། སོ་སོ་རང་གིས་རིག་བྱ་རྒྱལ་བའི་ཁམས། །གཅིག་དང་དུ་མར་མ་ཡིན་དངོས་པོ་དང་། །དངོས་མེད་ལས་འདས་མཁའ་ལྟར་རྣམ་མི་རྟོག །གོས་པ་མེད་ཅིང་རྣམ་འགྱུར་སྤྲོས་པ་ཞི། །ངག་གི་ཡུལ་འདས་དོན་དམ་བདེན་པས་བསྡུས། །རྟོག་དཔྱོད་ཐ་སྙད་གཏན་ཚིགས་ཀྱིས་མི་མཚོན། །བློ་དང་སྙམ་བྱེད་དཔེ་དང་འགལ་བའི་ཕྱིར། །ས་བཅུའི་དབང་ཕྱུག་གིས་ཀྱང་སྤྱོད་ཡུལ་མིན། །འདྲེན་པ་རྣམས་ལ་མངོན་སུམ་གྱུར་པའི་གནས། །ཟབ་ཞི་གཞོན་ནུ་བུམ་པའི་ཁང་མཛེས་ནང་། །དུས་གསུམ་སངས་རྒྱས་རྣམས་ནི་རྟག་བཞུགས་ཀྱང་། །རྣམ་པའི་ཆ་ནས་གཅིག་གིས་གཅིག་མི་གཟིགས། །རང་བཞིན་སྤྲོས་བྲལ་དབྱིངས་ན་དགོངས་ཀློང་གཅིག །ཅེས་པ་ནི་དེ་ཡང་དུས་གསུམ་དུ་བྱོན་པ་དང་བཞུགས་པ་དང་འབྱོན་འགྱུར་གྱི་འདྲེན་པ་རྣམས་ལ་མངོན་སུམ་དུ་གྱུར་པའི་གནས་ཟབ་ཞི་གཞོན་ནུ་བུམ་པའི་སྟེ་ནང་གསལ་ཐིམ་ལ་མ་རྨུགས་པའི་བདེ་སྟོང་ཟུང་འཇུག་སྐྱེ་འཆི་དང་བགྲེས་རྒུད་བྲལ་བའི་ཁང་མཛེས་ཀྱི་ནང་ན་དུས་གསུམ་གྱི་སངས་རྒྱས་རྣམས་ནི་དུས་རྟག་པར་བཞུགས་ཀྱང་རང་སྣང་དབྱིངས་སུ་ཐིམ་པའི་ཞི་བ་ཆེན་པོ་ལ་རྣམ་པའི་ཆོས་མེད་པས་གཅིག་གིས་གཅིག་མི་གཟིགས་པའི་ཚུལ་གྱིས་བཞུགས་ཀྱང་རང་བཞིན་སྤྲོས་བྲལ་གྱི་དབྱིངས་ནས་དགོངས་པའི་ཀློང་གཅིག་ཏུ་འཁྱིལ་བ་ཆུ་ཕྲན་སྣ་ཚོགས་རྒྱ་མཚོར་རོ་གཅིག་ཏུ་འདྲེས་པ་ལྟར་རོ། །ཞེས་པའོ། །རྩ་བ། མཁྱེན་ཆ་འགག་པ་མེད་པའི་རང་གདངས་ལས། །ཐུགས་རྗེ་ཕྱིར་གསལ་ལོངས་སྤྱོད་རྫོགས་པའི་སྐུ། །གནས་དང་དུས་དང་སྟོན་པ་ཆོས་དང་འཁོར། །ངེས་པ་ལྔ་ལྡན་སྐུ་དང་ཞིང་ཁམས་དང་། །མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན། །ཞེས་པ་ནི་དེ་ལ་ནང་དབྱིངས་སྤྲོས་བྲལ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་ཀྱང་མཁྱེན་ཆ་འགག་པ་མེད་པའི་རང་གདངས་ལས་ཐུགས་རྗེ་ཕྱིར་གསལ་ལོངས་སྤྱོད་རྫོགས་པའི་སྐུ་ངེས་པ་ལྔ་ལྡན་ནི་མཚན་དཔེ་རྒྱ་མཚོའི་བདག་ཉིད་ཅན་ཏེ། དེའི་ཐུགས་ཀྱིས་ཆོས་སྐུའི་ཆ་བཟུང་ལ་ཕྲིན་ལས་ཀྱིས་སྤྲུལ་སྐུའི་ཆ་བཟུང་བས་སྐུ་གསུམ་ཐ་མི་དད་པའི་རང་བཞིན་ཏེ། རིག་པ་རང་བཞིན་གྱི་འོད་གསལ་བ་ལོངས་སྐུ་དང་། རིག་པ་སྣ་ཚོགས་སུ་འཆར་བ་ནི་སྤྲུལ་སྐུ། ཇི་ལྟར་སྣང་ཡང་དོན་སྐྱེ་མེད་ལས་མ་འདས་པ་ཆོས་སྐུའོ། །ཞེས་པའོ། །རྩ་བ། གནས་ནི་ལྷུན་རྫོགས་འོག་མིན་སྟུག་པོ་བཀོད། །ཡེ་ཤེས་ལྔ་ཡི་འོད་ཟེར་གསལ་འཚེར་འབར། །མཁའ་དབྱིངས་དབང་པོའི་མཚོན་ཆས་བཀབ་པ་བཞིན། །མནན་ན་ནེམ་ཞིང་བཏེགས་ན་འཕར་བ་ལྟའི། །གཞལ་མེད་ཁང་མཛེས་སྒོ་འཕར་རྣམ་བཞིར་ལྡན། །རྟ་རྐང་བརྒྱད་ལྡན་ཡེ་ཤེས་ལྔའི་བརྩིག་པ། །ཕ་གུ་དྲྭ་ཕྱེད་མདའ་ཡབ་པུ་ཤུད་ཅན། །སྣམ་བུར་འདོད་པའི་ཡོན་ཏན་མིག་ཡངས་མ། །བདེ་སྟོང་མཆོད་སྤྲིན་བརྩེ་དགའ་གཡོ་བ་ཅན། །རྔ་ཡབ་འཕན་གདུགས་རྒྱལ་མཚན་ནོར་བུའི་ཏོག །བླ་བྲེ་ཟར་ཚགས་གཙང་ཁང་ཕྱུར་བུར་མཛེས། །ཆུ་ཞེང་སྲིད་དུ་མི་མངོན་གང་བལྟས་གང་། །གྲངས་ཀྱིས་མི་གཏུགས་མཁའ་དབྱིངས་སྣོད་གྱུར་བཞིན། །རྟེན་གཞི་གཞལ་མེད་ཁང་པ་རེ་རེའི་ནང་། །བརྟེན་པའི་གཙོ་བོ་ལྔ་ཡི་གདན་ཁྲི་ནི། །འཕྲོག་བྱེད་གཉིས་འཐུང་ཅང་ཤེས་ཟློས་གར་ཅན། །ཤང་ཤང་ཏེའུ་ཆུ་སྐྱེས་ཉི་ཟླའི་སྟེང་། །ཞེས་པ་ནི་དེ་ཡང་ལོངས་སྤྱོད་རྫོགས་པའི་གནས་ནི་ལྷུན་རྫོགས་འོག་མིན་སྟུག་པོ་བཀོད་པ་ཡེ་ཤེས་ལྔའི་འོད་ཟེར་གསལ་ལ་འཚེར་བ་འབར་བའི་གཟི་འོད་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་དབང་པོའི་མཚོན་ཆས་བཀབ་པ་བཞིན་དུ་མཛེས་ཤིང་། མནན་ན་ནེམ་ཞིང་བཏེགས་ན་འཕར་བ་ལྟ་བུའི་གཞལ་མེད་ཁང་ཆེན་པོ་རབ་ཏུ་མཛེས་ཤིང་སྒོ་འཕར་རྣམ་པ་བཞི་དང་ལྡན་པ། རྟ་རྐང་དང་རྒྱན་སྣ་ཚོགས་ལྡན་ཞིང་ཡེ་ཤེས་ལྔའི་རྩིག་པས་མཛེས་པ། ཕ་གུ་དང་དྲ་ཕྱེད་མདའ་ཡབ་པུ་ཤུད་སོགས་རྒྱན་བཀོད་མ་ཚང་བ་མེད་པ། རྩིག་པའི་རྩ་བའི་མཐའ་བསྐོར་དུ་འདོད་ཡོན་གྱི་སྣམ་བུ་ལ་འདོད་པའི་ཡོན་ཏན་ལྔའི་བདག་ཉིད་མིག་ཡངས་མ་སྟེ་ལྷ་མོ་རྣམས་ཀྱིས་བདེ་སྟོང་གི་མཆོད་སྤྲིན་སྤྲོ་བའི་བརྩེ་དགས་གཡོ་བ་ཅན་དུ་མས་གང་ཞིང་། རྔ་ཡབ་དང་འཕན་གདུགས་དང་རྒྱལ་མཚན་ནོར་བུའི་ཏོག་ལྡན་བླ་རེ་དང་ཟར་ཚགས་གཙང་ཁང་སོགས་ཕྱུར་བུར་མཛེས་པ། ཆུ་ཞེང་སྲིད་དུ་མི་མངོན་ཞིང་གང་བལྟས་ཀྱི་ཡུལ་གང་དག་གྲངས་ཀྱིས་མི་གཏུགས་ཤིང་མཁའ་དབྱིངས་སྣོད་དུ་གྱུར་པ་བཞིན་དུ་རྟེན་གཞི་གཞལ་མེད་ཁང་པ་རེའི་ནང་དུ་བརྟེན་པའི་ལྷ་རིགས་ལྔ་གཙོ་བོ་ལྔའི་གདན་ཁྲི་ནི་འཕྲོག་བྱེད་སེངྒེ་དང་གཉིས་འཐུང་གླང་པོ་ཆེ་ཅང་ཤེས་རྟ་ཟློས་གར་ཅན་རྨ་བྱ་ཤང་ཤང་ཏེའུ་སྟེ་ལྔ་པོའི་སྟེང་དུ། ཆུ་སྐྱེས་ཉི་ཟླ་བརྩེགས་པའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། རྡོ་རྗེ་མི་བསྐྱོད་པ། རིན་འབྱུང་། སྣང་མཐའ། དོན་གྲུབ་རྣམས་རང་རང་གི་འཁོར་དང་བཅས་ཏེ་བཞུགས་པའོ། །ཞེས་པའོ། །རྩ་བ། དུས་གསུམ་བཞིར་རྫོགས་ཀུན་ཏུ་བཟང་པོའི་དུས། །ཞེས་པ་ནི་དུས་གསུམ་བཞིར་རྫོགས་ནི་འདས་པའི་དུས་དང་། མ་འོངས་པའི་དུས་དང་། ད་ལྟའི་དུས་གསུམ་ཀ་མཉམ་པ་ཉིད་དུ་བཞིར་རྫོགས་པ་ལ་ཀུན་ཏུ་བཟང་པོའི་དུས་ཞེས་སྒྲོ་བཏགས་པའོ། །ཞེས་པའོ། །རྩ་བ། འཕོ་འགྱུར་བྲལ་བའི་མཚན་རྫོགས་སྟོན་པ་ལྔ། །རྣམ་སྣང་མི་བསྐྱོད་རྡོ་རྗེ་རིན་ཆེན་འབྱུང་། །འོད་མཚན་སྟོང་འབར་དོན་ཡོད་གྲུབ་པ་ནི། །རང་རང་རིགས་ཀྱི་ཡུམ་དང་བཅས་པ་རྣམས། །ཁ་སྦྱོར་བདུན་གྱི་བདག་ཉིད་ཆེན་པོར་བཞུགས། །ཞེས་པ་ནི་དེ་ཡང་ངོ་བོ་ཉིད་ལས་གཡོ་བ་མེད་པས་འཕོ་འགྱུར་བྲལ་ཡང་རང་བཞིན་གྱི་གདངས་འགག་མེད་ལས་མཚན་དཔེ་རྫོགས་པའི་སྟོན་པ་ལྔ་ནི་རྣམ་སྣང་། མི་བསྐྱོད་རྡོ་རྗེ་རིན་ཆེན་འབྱུང་ལྡན་འོད་མཚན་སྟོང་འབར་དོན་ཡོད་གྲུབ་པ་རྣམས་ནི་རང་རང་རིགས་ཀྱི་ཡུམ་དང་བཅས་ཤིང་ཁ་སྦྱོར་བདུན་གྱི་བདག་ཉིད་ཆེན་པོར་བཞུགས་པའོ། །དེའང་འཁོར་བའི་དུས་ཀྱི་ཕུང་པོ་ལྔ་པོ་ལས་འཕགས་པའི་ལྡན་ཆོས་རྒྱལ་པོའི་སྒྲས་རྒྱལ་བ་ལྔ་དང་། ཁམས་ལྔ་པོ་ལ་དབྱིངས་ཀྱི་སྒྲས་འཕགས་ཆོས་ངོས་བཟུང་ནས་ཡུམ་ལྔའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་གང་ཞིག་རང་རང་གི་རིགས་དང་མཚུངས་པའི་ལྷ་མོ་སྙོམས་པར་ཞུགས་པས་ཁ་སྦྱོར་ཏེ་ཕར་ཕྱིན་གྱི་ལོངས་སྐུ་ཙམ་པོ་བ་ལས་ཁྱད་པར་དུ་བྱས་པ་ནི་བདེ་སྟོང་གཉིས་མེད་ཀྱི་ཁྱད་གཞིར་རང་བྱུང་བའོ། །དེའང་འདོད་ཁམས་པ་ནི་ལྷག་པར་རྗེས་སུ་ཆགས་པ་གང་ཞིག་རྗེས་སུ་གཟུང་ཕྱིར་སྙོམས་འཇུག་བསྟན་པའོ། །དེ་ལྟར་རྣམ་པ་ལོངས་སྤྱོད་རྫོགས་ཀྱང་ཆོས་སྐུ་དང་སྤྲུལ་སྐུར་ཡང་བཟུང་བས་སྐུ་གསུམ་ཡན་ལག་བདུན་ལྡན་དུ་བཞུགས་ཏེ་དམིགས་པ་མེད་པའི་ཐུགས་རྒྱུད་སྙིང་རྗེ་ཆེན་པོས་གང་བ་དང་། དེའི་འཕྲིན་ལས་ཐུགས་རྗེའི་འཇུག་པ་སེམས་ཅན་གྱི་ཁམས་ལ་རྒྱུན་མི་འཆད་པ་དང་། འགོག་པ་མེད་པ་སྟེ་སྤྲུལ་སྐུའི་ཡན་ལག་གསུམ་ཡེ་ཤེས་ཀྱི་རང་འོད་ཀྱི་ལྷ་མོ་དང་སྦྱོར་བས་ཁ་སྦྱོར་དང་། དེ་ལས་ཟག་མེད་ཀྱི་བདེ་ཆེན་རྒྱུན་མི་འཆད་པ་དང་། ཚིག་དང་ཡི་གེ་མེད་པ་དགོངས་རྒྱུད་ཀྱི་ཆོས་འཁོར་ལ་རྟག་པར་ལོངས་སྤྱོད་པ་སྟེ། ལོངས་སྐུའི་ཡན་ལག་གསུམ། རྣམ་པ་དེ་དག་ལྡན་ཀྱང་རང་ངོ་སྤྲོས་པ་ཀུན་དང་བྲལ་བས་རང་བཞིན་མེད་པ་ཆོས་སྐུའི་ཡན་ལག་གཅིག་སྟེ་ཡན་ལག་བདུན་ལྡན་གྱི་བདག་ཉིད་ཅན་དུ་བཞུགས་པའོ། །རྩ་བ། ཉིད་ལས་མི་གཞན་སེམས་དཔའ་སེམས་མའི་འཁོར། །སྒོ་བ་བཞི་དང་དེ་བཞིན་སོ་སོའི་ཡུམ། །ཞེས་པ་ནི་དེའང་དེ་བཞིན་གཤེགས་པའི་རིགས་ལྔ་ཉིད་ལས་མི་གཞན་པའི་སེམས་དཔའ་སེམས་མའི་འཁོར་དང་། སྒོ་བ་བཞི་དང་དེ་བཞིན་དུ་སོ་སོའི་ཡུམ་སྒོ་མ་བཞི་དང་བཅས་པར་བསྟན་པའོ། །དེ་ལྟར་ཡང་འོག་མ་རྣམས་སུ་ནི་རྒྱུ་འབྲས་སྤང་གཉེན་ཅན་སྦྱང་གཞི་དང་སྦྱོང་བྱེད་ཀྱང་དར་རས་ཚོས་ཀྱིས་བསྒྱུར་བ་ལྟར་འཁོར་བ་ཉིད་ཀྱང་མྱང་འདས་སུ་གྲོལ་བའོ། །རྩ་བ། རང་བཞིན་རྫོགས་པ་ཆེན་པོའི་ཆོས་འཁོར་ནི། །སྒྲ་ཚིག་མཚན་མའི་ཡུལ་ལས་འདས་པར་བསྐོར། །ཞེས་པ་ནི་དེའི་ཚུལ་ཡང་སྟོན་པས་གསུངས་པ་མེད་བཞིན་འཁོར་གྱི་སེམས་དཔའ་རྣམས་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ནི་རང་ངོའི་ཤེས་རབ་ཀྱི་རྟོག་དཔྱོད་ལས་རྨི་ལམ་གྱི་ཚིག་ལྟར་སྒྲ་ཚིག་མཚན་མའི་ཡུལ་ལས་འདས་པར་བསྐོར་བའོ། །དེ་ལྟར་སངས་རྒྱས་རྣམས་ཀྱི་དོན་དམ་པའི་ཆོས་འཁོར་ནི་སྐྱེས་བུའི་རྣམ་རིག་དང་འབྲེལ་པ་མ་གྲུབ་པས་སྒྲ་ཚིག་མཚན་མའི་སྤྱོད་ཡུལ་ལས་འདས་པའི་དོན་རང་བཞིན་རྫོགས་པ་ཆེན་པོ་བརྗོད་བྲལ་བློ་འདས་ཆེན་པོའི་ངོ་བོར་གནས་པའོ། །རྩ་བ། སྟེང་ཁང་ཞི་བ་བྱང་ཆུབ་སྙིང་པོའི་གནས། །དབང་མཛད་ཞི་བ་བཞི་བཅུ་རྩ་གཉིས་ལས། །དམ་པའི་སྟངས་དཔྱལ་གཉིས་ནི་སྤྲུལ་གཞི་སྟེ། །ཀུན་ལ་ཁྱབ་པར་བརྡལ་བས་ཆོས་ཀྱི་སྐུ། །འགྲོ་དྲུག་སོ་སོའི་གནས་སུ་དོན་མཛད་པའི། །རིག་པའི་སྐྱེས་བུ་དྲུག་ནི་སྤྲུལ་པར་ཤར། །རང་སྣང་ལོངས་སྐུའི་ཞིང་ནང་སུམ་ཅུ་བཞི། །གཙོ་བོ་བཅུ་ལ་ཉེར་བཞི་འཁོར་གྱི་ཚུལ། །ཕུང་ཁམས་སྐྱེ་མཆེད་གནས་སུ་དག་པའི་ལྷ། །གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོ་ཡིན། །ཞེས་པ་ནི་དེའང་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་བསྐྱེད་དང་བསྟུན་ནས་ཞི་བའི་དཀྱིལ་འཁོར་སྟེང་ཁང་ན་ཡོད་ཚུལ་ཞི་བ་བྱང་ཆུབ་སྙིང་པོའི་གནས་ཞེས་སྨོས་ནས་དོན་དབང་མཛད་ཞི་བ་བཞི་བཅུ་རྩ་གཉིས་ལས། དམ་པའི་སྟངས་དཔྱལ་གཉིས་ཏེ་ཀུན་བཟང་ཡབ་ཡུམ་གཉིས་ནི་སྤྲུལ་གཞི་ཡིན་ཏེ་འཁོར་འདས་ཀུན་ལ་ཁྱབ་པར་གདལ་བས་ཆོས་ཀྱི་སྐུའོ། །དེའི་རྩལ་འགྲོ་དྲུག་སོ་སོའི་གནས་སུ་དེ་དག་གི་དོན་མཛད་པའི་རིག་པའི་སྐྱེས་བུ་དྲུག་སྟེ་ལྷ་དང་ལྷ་མིན་མི་དང་དུད་འགྲོ་ཡི་དྭགས་དམྱལ་བའི་ཐུབ་པ་རྣམས་ནི་སྤྲུལ་གཞིའི་སྤྲུལ་པར་ཤར་བ་ཡིན་ལ། རང་སྣང་ལོངས་སྐུ་སྟེ་དབྱིངས་སྣང་ལོངས་སྐུའི་ཞིང་ན་གཙོ་བོ་རིགས་ལྔ་ཡབ་ཡུམ་བཅུ་ལ་སེམས་དཔའ་བརྒྱད་སེམས་མ་བརྒྱད་དང་བཅུ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་དེ་ཉེར་བཞི་འཁོར་གྱི་ཚུལ་ཡིན་ཅིང་དེ་དག་ཀྱང་ཕུང་ཁམས་སྐྱེ་མཆེད་གནས་སུ་དག་པའི་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོ་རང་གི་སྒོ་གསུམ་ལ་ཚང་བ་ཡིན་ཞེས་པའོ། །དེ་ལྟ་བུའི་དལ་ལ་རང་བཞིན་གྱི་སྣང་བར་ཁྱད་དབྱེ་བ་ཡང་། རྩ་བ། འདི་དག་སྒྱུ་འཕྲུལ་དྲ་བ་མཉམ་སྦྱོར་སོགས། །བླ་མེད་རྒྱུད་ལས་ལུས་གྲུབ་དཀྱིལ་འཁོར་ནི། །ཇི་སྙེད་བསྟན་དང་རྣམ་དག་མཚུངས་པ་ཡིན། །ཞེས་པ་ནི་འདི་ལྟར་སྒྱུ་འཕྲུལ་དྲྭ་བ་དང་སངས་རྒྱས་མཉམ་སྦྱོར་གསང་འདུས་ཀྱི་རྒྱུད་སྔ་ཕྱི་གཉིས་སོགས་བླ་མེད་ཕལ་མོ་ཆེར་ལུས་གྲུབ་ཀྱི་དལ་ཇི་སྙེད་བསྟན་པ་རྣམས་ནི་རང་སྣང་གིས་བསྡུས་པའི་ཞིང་ཁམས་ཡིན་པས་རྣམ་དག་ཀྱང་མཚུངས་ལ། གཞན་སྣང་ལ་ཤར་བའི་ཞི་ཁྲོའི་དལ་གང་ཡང་རུང་སྟེ་འོག་མིན་ལས་གཞན་དུ་གྱུར་པ་སྟེ་དཔེར་ན་བསྒྲུབ་སྟེ་ལས་བགེགས་འདུལ་ཕྱིར་རྨི་ལམ་ལྟར་འཇིག་རྟེན་པའི་འཁོར་གཙོ་བོར་གྱུར་པའི་དཀྱིལ་འཁོར་གསུམ་དུ་སྤྲུལ་པ་བཞིན་ནོ། །ཞེས་པའོ། །རྩ་བ། འོག་ཁང་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ནི། །འབར་བའི་གཞལ་ཡས་ཕྱི་ན་རིམ་པ་དགུ། །སྒོ་ཁྱམས་དགུ་པའི་ཕྱི་མར་རྒྱུ་འབྲས་ཀྱི། །རྟ་བབས་གཉིས་ལྡན་ཕོ་བྲང་དབུས་མའི་ནང་། །རྡོ་རྗེའི་བྲག་ཆེན་པདྨ་སྟོང་བརྡལ་ལ། །ཐབས་ཤེས་ཉི་ཟླར་དབང་ཕྱུག་ཁྱོ་ཤུག་ནི། །ཉི་ཤུ་རྩ་གཅིག་སྟེང་དུ་དཔའ་གཏུམ་སྟག །འཇིགས་བྱེད་སེང་གེ་གདུག་པ་གཟིག་དང་ནི། །གཏུམ་པ་དོམ་དང་སྟོབས་ཆེན་གླང་པོ་དང་། །བརྗིད་པའི་མ་ཧེ་འཛིན་པའི་ཆུ་སྲིན་དང་། །ཞེ་སྡང་ལྟོ་འགྲོ་བྱོལ་སོང་གཙོ་བརྒྱད་རེས། །དྲེགས་པ་ཕོ་མོ་བཟུང་ཞིང་བརྫིས་པའི་སྟེང་། །འཁོར་འདས་ཀུན་གྱི་སྤྱི་དཔལ་བཅོམ་ལྡན་འདས། །ཆེ་བའི་ཆེ་མཆོག་ཨིནྡྲ་ནཱི་ལའི་གདངས། །ཉི་མ་བྱེ་བའི་འོད་ལྡན་བདུན་གསུམ་ཞལ། །ཞབས་བརྒྱད་ཕྱག་ནི་བཞི་བཅུ་རྩ་གཉིས་ན། །ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྣམས། གནམ་ཞལ་ཡུམ་མཆོག་དབུ་དགུ་ཕྱག་བཅོ་བརྒྱད། །རྩ་བའི་ཕྱག་གཉིས་རྡོ་རྗེ་དུང་ཁྲག་འཛིན། །ལྷག་མ་གནས་ཡུལ་མ་མོ་ཕྲ་མེན་བསྣམས། །ཡབ་ཡུམ་ཁྲོ་མཁར་ཚུལ་ལམ་མཉམ་པར་སྦྱོར། །སྲིད་དང་ཞི་བའི་ཆོས་ཁམས་མ་ལུས་པ། །བཅོམ་ལྡན་འདས་ཀྱི་ཞབས་ཀྱི་གདན་ཁྲི་ནས། །དབུ་བརྒྱན་འཁོར་ལོའི་བར་ལ་རང་བཞིན་རྫོགས། །དབང་མཆོག་དང་ནི་ཧེ་རུ་ཀ་དཔལ་དགུ། །གློ་འབུར་བཞི་དང་གྲུ་ཆད་རྣམ་བཞི་ལ། །རྣམ་ཤེས་ཚོགས་དག་ག་རི་ལ་སོགས་བརྒྱད། །དཀྱིལ་འཁོར་དང་པོའི་ཁྱམས་ལ་ཕྲ་མེན་བརྒྱད། །གཉིས་པའི་ཁྱམས་ལ་སྤོར་མ་རྣམ་པ་བརྒྱད། །གསུམ་པའི་ཁྱམས་ལ་དབང་མོ་ཉི་ཤུ་བརྒྱད། །ཀུན་ལ་རང་རང་སྒོ་བ་བཞི་བཞིར་ལྡན། །འབར་བའི་རྣམ་རོལ་གར་དགུའི་ཉམས་ཀྱིས་བརྗིད། །འདི་དག་རང་སྣང་ལོངས་སྐུའི་དཀྱིལ་འཁོར་ཏེ། །གཞི་སྣང་ལྷུན་གྲུབ་དོན་གྱི་འོག་མིན་ཡིན། །བཞི་པའི་ཁྱམས་ལ་མཁའ་འགྲོ་སུམ་ཅུ་གཉིས། །ལྔ་པའི་ཁྱམས་ལ་མ་བདུན་སྲིང་མོ་བཞི། །དྲུག་པའི་ཁྱམས་ལ་གིང་ཆེན་དྲུག་ཚན་གསུམ། །བདུན་པར་ཁྲོ་བོ་ཡབ་ཡུམ་བཅུ་ཕྲག་དྲུག །བརྒྱད་པར་ཕོ་ཉ་ཉིས་བརྒྱ་བཞི་བཅུ་སྟེ། །དགུ་པའི་ཁྱམས་ལ་མ་མོ་དྲུག་ཅུ་རྣམས། །ལོག་འདྲེན་གདུལ་ཕྱིར་སྤྲུལ་པས་བསྡུས་པའི་ཕྱིར། །བགེགས་སོགས་གདུལ་བྱ་སོ་སོའི་རང་ངོར་སྣང་། །དེ་ཕྱིར་རང་སྣང་འོག་མིན་དཀྱིལ་འཁོར་མིན། །ཞེས་པ་ནི་དེ་ལྟར་ཞི་བའི་དལ་གྱི་འོག་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ནི་དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཕྱི་ནང་རིམ་པ་དགུ་ཡང་ཁང་ཆེན་ནང་དུ་ཁང་ཆུང་སྦྲག་མ་དགུ་ཡོད་པས་སྒོ་ཁྱམས་ཡང་དགུ་ཡོད་པའི་ཕྱི་རོལ་གྱི་སོ་སོའི་སྒོ་འདེགས་པའི་ཐེམ་སྐས་སུ་གྱུར་པ་རྒྱུའི་རྟ་བབས་དང་། སྒོ་སྟེང་སོ་སོའི་ཁར་ཐེམ་སྐས་ལྟར་ཡོད་པས་འབྲས་བུའི་རྟ་བབས་རྟ་ལས་འབབ་དུས་ཀྱི་རྐང་པ་བརྐྱང་བསྐུམ་དང་མཚུངས་དཔེས་སྒྲོ་བཏགས་པ་ཡིན་ཞེས་པའང་ཐོས། དེ་ལྟ་བུའི་རྟ་བབས་གཉིས་ལྡན་གྱི་ཕོ་བྲང་ཕྱི་ནང་རིམ་དགུའི་ནང་མའི་དབུས་སུ་འོག་གཞི་རྡོ་རྗེའི་ཕ་ལམ་ལས་གྲུབ་པའི་བྲག་རི་ཆེན་པོ་གཞོམ་གཞིག་བྲལ་བའི་དབུས་སུ་པདྨ་འདབ་མ་སྟོང་བརྡལ་ལ་ཐབས་བདེ་བ་ཆེན་པོའི་ངོ་བོ་ཉ་རྒྱས་ཟླ་བ་དང་ཤེས་རབ་ཡུམ་གྱི་མཚོན་བྱེད་ཉི་མ་གཉིས་སྟེང་འོག་ཏུ་བརྩེགས་པའི་ཁར་འགྲོ་བའི་ཞེ་སྡང་དང་འདོད་ཆགས་ཀྱི་རང་གཟུགས་དབང་ཕྱུག་ལ་ཁྱོ་སྟེ་ཕོ་དང་། ཨུ་མ་ལ་ཤུག་སྟེ་མོ་རུ་བྱས་པའི་སྟངས་དཔྱལ་ཉི་ཤུ་རྩ་གཅིག་ཕོ་མོ་ཁ་སྦྱོར་དུ་བསྒྱེལ་བའི་སྟེང་དུ་དཔའ་ལ་གཏུམ་པའི་སྟག་དང་། འཇིགས་པར་བྱེད་པའི་སེངྒེ། གདུག་པ་གཟིག །ཁྲོ་གཏུམ་ལྡན་པའི་དོམ་སྟོབས་ཆེན་གླང་པོ་ཆེ་དང་། བརྗིད་པའི་མ་ཧེ། གཏོང་མི་ཤེས་ཆུ་སྲིན། ཞེ་སྡང་ལྟོ་འགྲོ་སྟེ་བྱོལ་སོང་གཙོ་བརྒྱད་དོ། །དེའང་གཞལ་ཡས་ཁང་ཆེན་པོ་ཕྱི་ནང་རིམ་པ་དགུ་པོའི་རྒྱན་དང་བཀོད་པ་སོགས་གཞི་ལམ་འབྲས་བུའི་ཆོས་དང་སྦྱོར་ཚུལ་རྣམས་རྒྱས་འགྲེལ་གཞུང་ལས་རྟོགས་པར་བྱ་བ་ཁོ་ནའོ། །འདི་ལྟར་ཁྱམས་བཞི་པ་ནས་དགུ་པའི་བར་སྤྲུལ་པས་བསྡུས་པའི་ཚུལ་སློབ་དཔོན་གསང་བའི་སྤྱན་འགྲེལ་དུ་འདི་ལྟར་བཤད་དེ། དོན་གྱི་འོག་མིན་ཆོས་དབྱིངས་དང་། རྟགས་ཀྱི་དཀྱིལ་འཁོར་དང་། རིག་པ་དེ་དག་གི་དོན་རྟོགས་པ། གསང་བའི་ཡུམ་མཁའ། རྟོག་པའི་བསྐྱེད་རིམ། འཇིག་རྟེན་གྱི་གཙང་མ་རིས་ཀྱི་ལྷ་ལྔའི་རྩེ་མོའོ། །དེ་ལྟར་འོག་མིན་དྲུག་ཏུ་གསུངས་པ་ལ་འདི་ནི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རམ་རྟོག་པའི་འོག་མིན་ཡིན་ཕྱིར་དོན་སྤྱི་འཇལ་བྱེད་ཀྱི་རྟོག་པ་དེའི་གོང་ན་གཞན་མེད་པའི་ཕྱིར་རོ། །དེའང་ཁྱམས་བཞི་པ་ནས་དགུ་པའི་བར་གྱི་རྟེན་དང་བརྟེན་པ་ནི་ལོག་པར་འདྲེན་པའི་གཉེན་པོར་སྤྲུལ་པས་རང་སྣང་གི་འོག་མིན་དུ་མི་བགྲང་ངོ་། །དེ་ལྟ་བུའི་ཞིང་ཁམས་ཀྱང་རང་ངོའི་སྒྲིབ་པ་ལས་སྒྲོལ་སྟོབས་ཀྱི་ཡོན་ཏན་ལས་བྱུང་བའི་རང་སྣང་ཆེན་པོར་བཀོད་པ་ཡིན་ནོ། །ཞེས་པའོ། །རྩ་བ། ཆོས་སྐུའི་ཡེ་ཤེས་ཕྱི་རུ་གསལ་བའི་མདངས། །ཕུན་ཚོགས་ལྔ་ལྡན་ལོངས་སྐུར་རྫོགས་པའི་གནས། །གང་དུ་སྒྲིབ་པ་མཐའ་དག་སྤངས་གྱུར་པའི། །སངས་རྒྱས་ཁོ་ནའི་རྒྱུད་ཀྱིས་བསྡུས་པ་ཡི། །རོལ་པ་ཉིད་ཕྱིར་གཙོ་འཁོར་མཆོག་དམན་མཉམ། །ཀུན་གྱི་ཐུགས་ཀྱང་རྣམ་པར་མི་རྟོག་ཅིང་། །གསུང་ནི་བརྗོད་བྲལ་སྐུ་ནི་མཚན་དཔེར་རྫོགས། །རང་སྣང་ཡེ་ཤེས་མཐོང་བ་དག་པའི་སྤྱན། །གཅིག་གིས་གཅིག་གཟིགས་ནམ་ཡང་སྒྲིབ་པ་མེད། །ཅེས་པ་ནི་དེའང་ཆོས་སྐུའི་ཡེ་ཤེས་ཐིམ་ལ་མ་རྨུགས་པའི་སྐབས་སུ་གཞོན་ནུ་བུམ་པའི་སྐུར་གནས་ཀྱང་ཡེ་ཤེས་ཕྱི་རུ་གསལ་བའི་ཚེ་མདངས་དེ་ཉིད་ཕུན་སུམ་ཚོགས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུར་གནས་པ་སྟེ། གང་དུ་སྒྲིབ་པ་མཐའ་དག་སྤངས་པར་གྱུར་པའི་རྣམ་པར་གྲོལ་བའི་ལམ་མཐར་ཐུག་པ་དེ་ནི། སངས་རྒྱས་ཁོ་ནའི་རྒྱུད་ཀྱིས་བསྡུས་པའི་ཐུགས་རྗེའི་རོལ་པའམ་རྩ་ལས་ཤར་ཕྱིར་གཙོ་འཁོར་མཆོག་དམན་ཀུན་གསང་གསུམ་མཉམ་ཞིང་། ཀུན་གྱི་ཐུགས་ཀྱང་རྣམ་པ་སྟེ་མཚན་མར་མི་རྟོག་ཅིང་། གསུང་ནི་རླུང་གི་འཕྲོ་འདུ་སྟོངས་པས་བརྗོད་པ་དང་བྲལ་ཞིང་སྐུ་ནི་སྣང་སྟོང་སྤྲོས་པ་དང་བྲལ་བཞིན་མཚན་དཔེ་རྫོགས་ཤིང་རང་སྣང་ཡེ་ཤེས་ཏེ་གཟུང་འཛིན་གྱི་མཐོང་བ་དག་པའི་སྟེ་ཡུལ་དང་ཡུལ་ཅན་གྱི་འཛིན་པ་བྲལ་བའི་སྤྱན་གྱིས་གཅིག་གིས་གཅིག་གཟིགས་པ་ལ་ནམ་ཡང་སྒྲིབ་པ་མེད་ཅིང་ཆོས་སྐུ་ངོ་བོ་ཉིད་ཀྱིས་རྟག་པའི་གདངས་ལས་ལོངས་སྐུ་རྒྱུན་གྱིས་རྟག་པའི་ཞིང་ཁམས་སུ་ལྷུན་གྱིས་གྲུབ་ནས་སྤྲུལ་སྐུ་རྒྱུན་མི་འཆད་དུ་འབྱུང་བས་རྟག་པའོ། །ཞེས་པའོ། །རྩ་བ། དུས་གསུམ་རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་ནི། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །དག་པའི་སེམས་ཅན་ཆེན་པོ་རྣམས་ཀྱིས་ཀྱང་། །མཐོང་བར་མི་ནུས་རྒྱལ་བའི་ཡེ་ཤེས་དང་། །འགལ་བའི་སྒྲིབ་ཆད་ད་དུང་མ་སྤངས་ཕྱིར། །ཞེས་པ་ནི་དེ་ལ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་ཁམས་དང་ཡོན་ཏན་གྱི་སྤྱོད་ཡུལ་ནི་ནམ་མཁར་ལྟར་བསམ་གྱིས་མི་ཁྱབ་པ་བླ་ན་མེད་པའི་ཕྱིར་དང་། སྲིད་ཞི་གཉིས་ཀས་མ་བསྡུས་པའི་ཕྱིར་ན་ངག་གིས་བརྗོད་པའི་ཡུལ་ལས་འདས་ཤིང་། དོན་དམ་པའི་མཐར་ཐུག་པ། དཔེ་དང་ཐ་སྙད་ཀྱིས་མི་ཐུག་པས་ས་བཅུའི་ཡོན་ཏན་དང་དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་འམ། དག་པའི་སེམས་ཅན་ཆེན་པོ་རྣམས་ཀྱིས་ཀྱང་སྒྲ་ཇི་བཞིན་པར་མཐོང་བར་མི་ནུས་པ་ཡང་། རྒྱལ་བའི་ཡེ་ཤེས་དང་འགལ་བའི་སྒྲིབ་ཆས་ད་དུང་མ་སྤངས་པའི་ཕྱིར་རྒྱལ་བ་ཁོ་ནའི་སྤྱོད་ཡུལ་ལས་གཞན་མ་ཡིན་ནོ། །ཞེས་པའོ། །རྩ་བ། འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི། །ངེས་པ་ལས་འདས་འོག་མིན་ཆེན་པོ་ན། །བཞུགས་པའི་སངས་རྒྱས་དུས་བཞིའི་བདག་ཉིད་ཅན། །གཙོ་འཁོར་ངོ་བོ་མཐུན་པའི་རང་སྣང་ངོ་། །ཞེས་པ་ནི་དེ་ལ་འདས་མ་འོངས་ད་ལྟར་ཏེ་འདུས་བྱས་ཀྱི་དུས་ལས་འདས་ཤིང་ཆོས་ཉིད་འདུས་མ་བྱས་པ་ཡོད་མེད་རྟག་ཆད་སོགས་ཀྱི་ངེས་པ་ལས་འདས་པའི་རང་སྣང་དོན་གྱི་འོག་མིན་ཆེན་པོ་ན་བཞུགས་པའི་སངས་རྒྱས་འདས་མ་འོངས་ད་ལྟ་གསུམ་དང་དུས་གསུམ་མཉམ་པ་ཉིད་ལ་དུས་བཞི་པ་ཀུན་ཏུ་བཟང་པོའི་དུས་ཏེ་དངོས་པོ་དང་མཚན་མ་ལས་འདས་པའི་བདག་ཉིད་ཅན་གཙོ་ཞེས་ཡར་ཆད་པ་དང་། འཁོར་ཞེས་མར་ཆད་པ་མ་ཡིན་པར་ཐམས་ཅད་ངོ་བོ་མཐུན་པའི་རང་སྣང་ཁོ་ནའོ། །ཞེས་པའོ། །རྩ་བ། དེ་ཉིད་ངང་ལས་སེམས་ཅན་དག་གདུལ་བའི་ཕྱིར། །འདུལ་བྱེད་སྟོན་པ་གསུམ་དུ་བཀོད་པ་ནི། །རང་བཞིན་སྤྲུལ་པ་འགྲོ་འདུལ་སྤྲུལ་པ་དང་། །སྣ་ཚོགས་སྤྲུལ་པ་གསུམ་ལས་རང་བཞིན་ནི། །རྒྱལ་བའི་ཡེ་ཤེས་སྣང་བ་འོག་མིན་གྱི། །དབྱིངས་སྣང་ལོངས་སྐུའི་དཔེ་བྱད་དྭངས་ཤེལ་ནང་། །འཕོས་ལྟའི་གཟུགས་བརྙན་ཕྱེད་སྤྲུལ་ལོངས་སྐུའི་གནས། །ཞེས་པ་ནི་དེ་ཡང་ཆོས་སྐུ་སྤྲོས་པ་དང་བྲལ་ཡང་ལོངས་སྐུ་ལྷུན་གྲུབ་ཀྱི་གདངས་འགག་མེད་དེ་ཉིད་ཀྱི་ངང་ལས་སེམས་ཅན་རྣམས་འདུལ་བའི་ཕྱིར་དུ་འདུལ་བྱེད་ཀྱི་སྟོན་པ་རྣམ་གསུམ་དུ་བཀོད་པ་ནི་གདུལ་བྱ་ཡང་རྣམ་པ་གསུམ་ལ་དགོངས་ཏེ། དང་པོ་རྒྱལ་སྲས་འཕགས་པ་སོགས་གདུལ་བྱ་མཆོག་ལ་གཟུགས་བརྙན་ལོངས་སྐུའམ་ཕྱེད་སྤྲུལ་ལོངས་སྐུ་ཡང་ཟེར་ཏེ་དབྱིངས་ཀྱི་ལོངས་སྐུ་མཁའ་ཟླ་དང་། འདི་ནི་ཆུ་ཟླའི་ཁྱད་པར་དང་། གཙོ་བོ་དབྱིངས་སྣང་དང་མཚུངས་ཀྱང་འཁོར་དམན་པའི་ཁྱད་པར་ཡོད་པའོ། །འགྲོ་འདུལ་དང་སྣ་ཚོགས་སྤྲུལ་སྐུ་ཡང་རིམ་བཞིན་འཆད་དོ། །དེ་ལ་དང་པོ་ནི་གཙང་རིས་ཀྱི་འོག་མིན་ལས་འཕགས་པའི་གནས་ཕུན་སུམ་ཚོགས་པ་དབང་ཕྱུག་ཆེན་པོའི་འོག་མིན་བླ་ན་མེད་པ་འདི་ལྟར་རོ། །རྩ་བ། དབུས་ན་འོག་མིན་ཤར་ན་མངོན་པར་དགའ། །ལྷོ་ན་དཔལ་ལྡན་ནུབ་ན་པདྨ་བརྩེགས། །བྱང་ན་ལས་རབ་གྲུབ་པ་རྣམ་པ་ལྔར། །ཞེས་པ་ནི་འདི་ལྟར་དབུས་ན་འོག་མིན་ཆོས་དབྱིངས་དང་། ཤར་ན་མངོན་པར་དགའ་བ། ལྷོ་ན་དཔལ་དང་ལྡན་པ་ནུབ་ན་པདྨ་བརྩེགས་པ་བྱང་ན་ལས་རབ་གྲུབ་པ་དང་རྣམ་པ་ལྔའོ། །དེ་ལྔ་ན་བརྟེན་པའི་ལྷ་ནི། རྩ་བ། གཟུགས་ཀྱི་རྒྱལ་པོ་ལ་སོགས་སྟོན་མཆོག་ལྔ། །མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན། །ཞི་དང་ཁྲོ་བོའི་རྣམ་འགྱུར་དཔག་མེད་ཅིང་། །ཞེས་པ་ནི་འདི་ལྟར་དབུས་ན་གཟུགས་ཀྱི་རྒྱལ་པོ་སྟེ་རྣམ་སྣང་དང་། ཕྱོགས་བཞིར་ཤར་ནས་རིམ་བཞིན། མི་བསྐྱོད་པ་རིན་འབྱུང་སྣང་མཐའ་དོན་གྲུབ་སྟེ་སྟོན་མཆོག་ལྔ་པོ་རང་རང་གི་འཁོར་ངེས་པ་མཚན་དང་དཔེ་བྱད་སོགས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་དུ་བཞུགས་ཤིང་། དེ་དག་ཀྱང་ཞི་བ་དང་ཁྲོ་བོའི་རྣམ་འགྱུར་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་པའོ། །རྒྱུད་གཞན་ལས་གཙོ་བོ་མི་བསྐྱོད་པ་འབྱུང་ཡང་འདིར་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་རྒྱུད་ལས་དབུས་སུ་རྣམ་སྣང་གསུངས་པ་བཞིན་ཀུན་མཁྱེན་ཀློང་ཆེན་པས་རྣམ་པར་ཤེས་པའི་རང་བཞིན་སོ་སོར་འཆར་ཞིང་མེ་ལོང་དུ་གཟུགས་བརྙན་འཛིན་པ་ལྟ་བུའི་ཡེ་ཤེས་དང་ལྡན་པ་རྣམ་སྣང་དུ་འཆད་པས་འཕགས་སོ། །ཞེས་སོ། །རྩ་བ། ཡེ་ཤེས་རྣམ་པ་ལྔ་པོ་རེ་རེ་ལའང་། །བཞི་བཞིའི་འཁོར་དང་བཅས་པ་ཉི་ཤུ་ལྔ། །ཆོས་དབྱིངས་ཡེ་ཤེས་གཡོ་བ་མེད་པ་ནི། །ནམ་མཁའི་གཟུགས་བཞིན་ཤེས་བྱའི་མཐའ་ལས་འདས། །མེ་ལོང་ཡེ་ཤེས་གཟུང་འཛིན་རྡུལ་བྲལ་ནི། །མངོན་པར་འདུ་བྱེད་མེད་བཞིན་མཆེད་པའི་གཞི། །མཉམ་ཉིད་ཡེ་ཤེས་ཆོས་ཀུན་མཚན་ཉིད་མེད། །སྲིད་ཞི་དབྱེར་མེད་ཞི་བའི་དབྱིངས་སུ་བཞུགས། །སོར་རྟོག་ཡེ་ཤེས་ཆོས་ཉིད་ཇི་ལྟ་དང་། །ཆོས་ཅན་ཤེས་བྱ་ཇི་སྙེད་རྟག་ཐོགས་མེད། །བྱ་གྲུབ་ཡེ་ཤེས་ཕྲིན་ལས་གཞན་ཕན་ཅན། །ཆགས་ཐོགས་སྤངས་པའི་མཛད་པ་ལྷུན་གྱིས་གྲུབ། །ཅེས་པ་ནི་དེ་ལྟར་སྟོན་པ་ལྔ་པོ་རེ་རེ་ལའང་ཡེ་ཤེས་ཀྱང་རྣམ་པ་ལྔ་སྟེ་དེ་རེ་རེ་ལའང་བཞི་བཞིའི་འཁོར་དང་བཅས་པའི་ཉི་ཤུ་རྩ་ལྔ་ཡོད་པ་ལས། ཆོས་དབྱིངས་ཡེ་ཤེས་གཡོ་བ་མེད་པ་ནི་སེམས་ཅན་ཐམས་ཅད་ལ་ཡོད་ཀྱང་བརྗོད་བྱ་མིན་ཏེ་སྣ་ཚོགས་མ་ཡིན་ནམ་མཁའི་གཟུགས་བཞིན་ཤེས་བྱའི་མཐའ་ལས་འདས་པའོ། །མེ་ལོང་ཡེ་ཤེས་ནི་གཟུང་བྱའི་གཟུགས་བརྙན་དང་། འཛིན་བྱེད་ཀྱི་རྟོག་པ་མེད་པའི་རྡུལ་བྲལ་ནི་མངོན་པར་འདུ་བྱ་དང་འདུ་བྱེད་མེད་བཞིན་སྣ་ཚོགས་མཆེད་པའི་གཞིར་གྱུར་པའོ། །མཉམ་ཉིད་ཡེ་ཤེས་ནི་ཆོས་སོ་ཅོག་ཀུན་མཚན་ཉིད་དུ་གྲུབ་པ་མེད་ཅིང་། སྲིད་པ་ཞེས་ངན་པ་དང་ཞི་བ་ཞེས་བཟང་པོར་དབྱེར་མེད་ཅིང་རྟོག་ཚོགས་ཐམས་ཅད་ཞི་བའི་དབྱིངས་སུ་བཞུགས་པའོ། །སོར་རྟོག་ཡེ་ཤེས་ཆོས་ཉིད་ཇི་ལྟ་བ་དང་ཆོས་ཅན་ཤེས་བྱ་ཇི་སྙེད་པ་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་ཐམས་ཅད་དང་། རྒྱུ་འབྲས་དང་། ཉན་རང་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་གྲུབ་པ་ཐམས་ཅད་རྟག་པ་དང་ཐོགས་པ་མེད་པར་མཁྱེན་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། དཔེར་ན་སེམས་ཅན་རྣམས་ཀྱི་སྒོ་གསུམ་གྱི་བྱ་བ་བྱེད་བཞིན་དུ་ཕྲིན་ལས་གཞན་གྱི་སྒོ་ནས་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་མཛད་པའོ། །ཞེས་པའོ། །རྩ་བ། འཁོར་ནི་ས་བཅུའི་སེམས་དཔའ་འབའ་ཞིག་ལ། །སྐུ་ཡིས་ཆོས་རྣམས་འཇལ་བའི་འོད་བཀྱེ་བས། །བྱད་ཀྱི་དྲི་མ་མེ་ལོང་ནང་གསལ་ལྟར། །ད་དུང་བདག་དང་སྟོན་པའི་ཁྱད་མཐོང་ནས། །བྱང་ཆུབ་སྒྲིབ་པ་གཏིང་དཔག་དཀའ་བ་དག །སྦྱངས་ནས་བཅུ་གཅིག་ཀུན་ཏུ་འོད་ལ་འགྲོ། །ཞེས་པ་ནི་དེའང་འཁོར་ནི་སྟོན་པ་རང་ལས་རྒྱུད་གཞན་གྱིས་བསྡུས་པའི་བྱང་ཆུབ་སེམས་དཔའ་འབའ་ཞིག་ལ་སྐུའི་ཆོས་རྣམས་མཇལ་བའི་འོད་བཀྱེ་བའི་མོད་ལ། བྱད་ཀྱི་དྲི་མ་མེ་ལོང་ནང་དུ་གསལ་བ་ལྟར་ད་དུང་བདག་སྟེ་འཁོར་དང་སྟོན་པའི་ཁྱད་མཐོང་ནས་བྱང་ཆུབ་སྒྲིབ་པ་ཤིན་ཏུ་ཕྲ་བ་གཏིང་དཔག་དཀའ་བ་དག་སྦྱངས་ནས་ས་བཅུ་གཅིག་པ་ཀུན་ཏུ་འོད་ལ་འགྲོ་ཞེས་པའོ། །རྩ་བ། དུས་ནི་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས། །འཇིག་རྟེན་མགོན་པོ་ངོ་བོ་མེད་པའི་དབྱིངས། །མི་ཟད་རྒྱན་འཁོར་སྐུ་གསུང་ཐུགས་ཀྱི་ངང་། །སྟོན་འཁོར་དགོངས་པ་གཅིག་ཏུ་མ་གྱུར་བར། །འཆི་བའི་བདུད་བཅོམ་འཇིག་རྟེན་འབྱོར་སླད་རྟག །ཅེས་པ་ནི་དེ་ཡང་རང་བཞིན་སྤྲུལ་པའི་སྟོན་འཁོར་རྣམ་དུས་ནི་ས་བཅུའི་དབང་ཕྱུག་འཕགས་པ་ཆེན་པོ་དེ་རྣམས་འཇིག་རྟེན་མགོན་པོ་སྟོན་པ་རིགས་ལྔ་པོ་ངོ་བོ་མེད་པའི་དབྱིངས་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་ངང་དུ་སྟོན་འཁོར་དགོངས་པ་གཅིག་ཏུ་མ་གྱུར་བར་དུ་འཆི་བའི་བདུད་བཅོམ་བཞིན་འཇིག་རྟེན་འབྱོར་སླད་དེ་ངོ་བོ་ཉིད་མེད་ལ་སྦྱོར་ཕྱིར་བརྟག་པའོ། །ཞེས་སོ། །རྩ་བ། གདུལ་བྱའི་གཏི་མུག་ལ་སོགས་ཉོན་མོངས་ལྔ། །གང་གིས་གཉེན་པོར་ཆེ་བའི་ཞིང་ཁམས་དང་། །སྟོན་པར་བསྟན་པའི་སྐུ་ལྔ་ཆོས་རབ་ལྔ། །གནས་འགྱུར་ཡེ་ཤེས་རྣམ་པ་ལྔ་པོ་ཡང་། །མཐོང་ལམ་ནས་བཟུང་ས་བཅུ་རྒྱུན་མཐའི་བར། །རིམ་རྫོགས་རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ། །ཞེས་པ་ནི་དེ་ལ་གདུལ་བྱའི་གཏི་མུག་ལ་སོགས་པའི་ཉོན་མོངས་པ་ལྔ་ལ་སྦྱོང་བྱེད་འོག་མིན་ལ་སོགས་པའི་ཞིང་ཁམས་ལྔ་སྟེ་གང་གི་གཉེན་པོར་ཆེ་བའི་ཞིང་ཁམས་ལྔར་རྣམ་སྣང་སོགས་སྟོན་པར་བསྟན་པའི་སྐུ་ལྔ་དང་། ཆོས་དབྱིངས་ཡེ་ཤེས་སོགས་ཡེ་ཤེས་ལྔར་སྣང་བས་གནས་འགྱུར་ལྔ་ཐོབ་པ་ཡང་དུག་ལྔའི་དྲི་མ་སྦྱོང་དུས་རྒྱལ་བ་རིགས་ལྔ་དང་བཅས་པའི་རྟེན་དང་བརྟེན་པ་ཐོབ་པའོ། །ཞེས་པའོ། །རྩ་བ། ཞིང་འདི་ས་བཅུའི་བྱང་ཆུབ་སེམས་དཔའ་ལས། །གཞན་གྱི་སྤྱོད་པའི་ཡུལ་དུ་སྣང་མིན་ཞིང་། །དེ་བཞིན་སྟོན་པ་ལོངས་སྤྱོད་རྫོགས་ནའང་། །འཁོར་སོགས་རང་སྣང་མ་ཡིན་རྒྱུད་གཞན་པས། །བསྡུས་ཕྱིར་ཕྱེད་སྣང་རང་བཞིན་སྤྲུལ་པ་ཞེས། །ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ཀྱིས་བསྟན། །ཞེས་པ་ནི་འདི་ཞེས་པ་རང་བཞིན་སྤྲུལ་པའི་ཞིང་སྟེ་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་ལས་འགྲོ་བ་གཞན་གྱི་སྤྱོད་པའི་ཡུལ་ཐ་མལ་དུ་སྣང་བ་མ་ཡིན་ཞིང་དེ་བཞིན་དུ་སྟོན་པ་རིགས་ལྔ་པོ་དབྱིངས་སྣང་ལོངས་སྤྱོད་རྫོགས་སྐུ་ལྟར་སྣང་ནའང་འཁོར་སོགས་ཏེ་ལོངས་སྤྱོད་དང་ལྡན་ཆོས་སོགས་རང་སྣང་མ་ཡིན་ཅིང་རྒྱུད་གཞན་པས་བསྡུས་ཕྱིར་ཕྱེད་སྣང་རང་བཞིན་སྤྲུལ་པ་ཞེས་གང་དུ་གསུངས་ན་ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ཀྱིས་བསྟན་པའོ། །ཞེས་པའོ། །རྩ་བ། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོ་ཡི། །རང་སྣང་ཡེ་ཤེས་དཀྱིལ་འཁོར་དམ་པ་རུ། །མཆོག་གཟིགས་བླ་མས་དབང་བསྐུར་མ་ཉམས་ལ། །ཉིན་དུས་རང་སྣང་མངོན་སུམ་འོད་གསལ་དང་། །མཚན་མོ་སྙིང་གའི་འོད་མདངས་གོམས་པ་རྣམས། །རྟོགས་པའི་རང་བཞིན་ཚད་དུ་མ་ཕྱིན་ཡང་། །ཆོས་ཉིད་བདེན་པ་བླ་མའི་བྱིན་རླབས་ཀྱིས། །ས་ཐོབ་རྣམས་དང་སྐལ་བ་མཚུངས་གྱུར་ནས། །གཞི་སྣང་ལྷུན་གྲུབ་ཕྱོགས་བཅུ་སྤྲུལ་པར་འགྲོ། །ཞེས་པ་ནི་དེ་ཡང་ཐེག་པ་ཀུན་ལས་ཁྱད་པར་དུ་གྱུར་པ་རང་བཞིན་རྫོགས་པ་ཆེན་པོའི་ལུགས་ལྟར་ན་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་པ་རུ་མཆོག་གཟིགས་ཏེ་དངོས་གྲུབ་གཉིས་ལས་མཆོག་ཐོབ་པའི་བླ་མས་སྤྲོས་བཅས་སྤྲོས་མེད་རབ་ཏུ་སྤྲོས་མེད་སོགས་ཐོབ་བཞིན་མ་ཉམས་པ་དག་ལ་ཉིན་དུས་ཟེར་མདངས་ཀྱི་འོད་གསལ་དང་། མཚན་མོ་ཤེས་བྱ་བུམ་འཇུག་གིས་སྙིང་གའི་འོད་གདངས་ལ་གོམས་པ་རྣམས་ནི་རྟོགས་པའི་རང་བཞིན་ཚད་དུ་མ་ཕྱིན་ཡང་ཆོས་ཉིད་འགྱུར་བ་མེད་པ་དང་། བླ་མའི་བྱིན་རླབས་ཀྱིས་ལུས་ཀྱི་རྒྱ་ལས་གྲོལ་ཚེ་སྤྲུལ་པའི་ཞིང་ཡིད་ལ་དྲན་མ་ཐག་ཏུ་ས་ཐོབ་པའི་སེམས་དཔའ་དང་སྐལ་བ་མཚུངས་པར་གྱུར་ནས་གཞི་སྣང་ལྷུན་གྲུབ་ཕྱོགས་བཅུ་སྤྲུལ་པའི་ཞིང་མཐོང་བའི་མོད་ལ་བཅུ་གཅིག་ཀུན་ཏུ་འོད་དུ་དབུགས་འབྱིན་ཐོབ་པ་ཡིན་ལ་སྤྱིར་ཞིང་བཅུ་དུར་ཁྲོད་མེ་རི་འབར་བ་དང་བཅུ་གཅིག་ཡོད་ཀྱང་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ་ནི། རྩ་བ། ཁྱད་པར་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ། །ཤར་ནས་རིན་བཞིན་ཤེལ་དང་སུ་ཝཪྞ། །པད་རག་ཨིནྡྲ་ནཱི་ལའི་གཞལ་མེད་ཁང་། །སྒོ་ཁྱམས་རྟ་བབས་སྣང་བྱེད་བ་ལང་མིག །ཟུར་བཞིར་མུ་ཏིག་མཆོད་རྟེན་དྲིལ་བུ་དང་། །གཡེར་ཁས་སྦྲེལ་བའི་དཔྱང་ཐག་རླུང་བསྐྱོད་སྒྲ། །རྣམ་ཐར་གསུམ་ལྡན་ཆོས་དབྱིངས་དར་དིར་སྒྲོགས། །ཕྱོགས་བཞིར་སྤྲོས་སྤྲིན་གཡོ་བའི་བ་དན་བཞི། །ཕྱི་རིམ་ཡན་ལག་བརྒྱད་ལྡན་རྫིང་བུའི་འགྲམ། །ཏ་ལའི་ལྗོན་པ་དྲྭ་ཕྱེད་འཕྱང་ཕྲུལ་ཅན། །ཤང་ཤང་ཏེའུ་རྨ་བྱ་ཀ་ཏ་རི། །ནེ་ཙོ་མི་སྐད་སྨྲ་དང་ངང་པ་གཞོན། །རི་སྐེགས་ཟེར་མོ་སྦབ་དང་ཀངྐ་རི། །ལྷའི་བྱ་དྲིལ་བུའི་སྒྲ་ཅན་ཁུ་བྱུག་དང་། །གསེར་གྱི་རྡོ་རྗེའི་གཟུགས་ཅན་ཀྲི་ཏི་པ། །གཡུ་དང་བྱི་རུ་ཨིནྡྲ་ནཱི་ལ་དང་། །དུང་ལྟར་ཁ་དོག་ཕྱེད་པའི་བྱ་ཚོགས་ཀྱིས། །སྙན་སྒྲོགས་མགྲིན་པའི་རྒྱུད་མངས་ཀུན་ཏུ་འཁྲོལ། །དེ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས། །ཉོན་མོངས་གནོད་པ་ཞི་བའི་ཆུ་ཀླུང་ལ། །སྤྱད་པ་ཙམ་གྱིས་འདུ་བའི་ནད་མི་འབྱུང་། །ཡིད་ལ་ཅི་བསམ་དྲན་པའི་མོད་ལ་འབྱུང་། །སུམ་ཅུ་རྩ་གསུམ་ལྷ་དང་ལོངས་སྤྱོད་མཉམ། །ཕྱི་རིམ་རིན་ཆེན་སྣ་བདུན་ཕ་གུ་ཅན། །ཞིང་མཆོག་དེ་ན་རིགས་བཞིའི་སྟོན་པ་ཡིས། །དུས་བཞིར་ཆོས་ཀྱི་སྒྲ་སྒྲོགས་རྒྱུན་མི་ཆད། །ཀུན་གྱི་བར་སྣང་ཧེ་རུ་ཀ་དཔལ་ཞིང་། །དུར་ཁྲོད་ཆེན་པོ་མེ་རི་འབར་བ་ན། །སྟོན་པ་གཞོན་ནུ་དཔའ་བོ་བཅོམ་ལྡན་འདས། །ལག་ན་རྡོ་རྗེ་ལ་སོགས་དཔའ་བོ་དང་། །མཁའ་འགྲོའི་སྤྲིན་ཕུང་འཕྲོ་བའི་དབུས་ཉིད་ན། །འབྲས་བུ་བླ་ན་མེད་པའི་ཆོས་འཁོར་བསྐོར། །པདྨ་ལས་སྐྱེས་རྒྱལ་སྲས་དཔག་ཏུ་མེད། །ཀུན་ཀྱང་ལྷ་དང་ལྷ་མོ་ཁྱེའུ་དང་། །བུ་མོའི་རྣམ་པ་དྲང་སྲོང་གྲུབ་པ་ཅན། །རྣམ་པར་རྟོག་པ་མེད་ཅིང་སེམས་གསུམ་མེད། །ཡིད་དྲུག་དང་ནི་ཉོན་མོངས་དྲུག་ཀྱང་མེད། །མ་རིག་པ་མེད་རྐྱེན་བཞི་ཡོད་མ་ཡིན། །དེ་ཡང་མཚུངས་པར་ལྡན་པ་རྣམས་ཀྱང་མེད། །སྟོན་པ་རྡོ་རྗེ་འཆང་གི་བྱིན་རླབས་ལས། །རང་བཞིན་ཉིད་དུ་བཀོད་ཕྱིར་རང་བཞིན་ནི། །སྤྲུལ་པའི་ཞིང་ཞེས་རྒྱལ་སྲས་རྣམས་ལ་གྲགས། །རང་བཞིན་རྫོགས་པ་ཆེན་པོའི་གསང་ལམ་དུ། །རིག་པ་རང་ཤར་ཆེན་པོའི་རྒྱུད་ལས་བསྟན། །ཞེས་པ་རྒྱུད་ལས་བསྟན་ཞེས་པ་རྩ་བ་ཉིད་ཀྱིས་ཤེས་པར་ནུས་པས་འགྲེལ་པ་མི་དགོས་སོ། །ཚུལ་འདི་ནི་གསང་སྔགས་ཐུན་མོང་དུ་དག་པ་མཁའ་སྤྱོད་དང་ས་སྤྱོད་ལ་སོགས་པའི་ཞིང་དུ་གྲུབ་མཐའ་སྙོགས་པར་གྲགས་པ་དང་རྣམ་པ་ཙམ་དུ་མཐུན་པའི་ཚུལ། རྩ་བ། གཞན་དུ་བདེ་ཆེན་མཁའ་ལ་སྤྱོད་པ་དང་། །ས་སྤྱོད་ཞེས་གྲགས་དོན་གྱི་འོད་གསལ་ལ། །དབང་ཐོབ་ལྷན་ཅིག་སྐྱེས་པའི་ཌཱཀྐི་དང་། །ཡུལ་ཆེན་ཉེར་བཞིར་སྤྱོད་པའི་ཞིང་སྐྱེས་མ། །ལ་སོགས་དཔའ་བོ་རྣལ་འབྱོར་མ་ཚོགས་དང་། །སྐལ་བ་མཉམ་པའི་རིག་འཛིན་གྲལ་གང་དུ། །ལམ་གྱི་འཕྲོ་སྦྱོང་རིག་པ་འཛིན་པ་ཡི། །རྡོ་རྗེ་བླ་མ་རྣམས་ནི་རབ་བཞུགས་ནས། །སྔགས་ཀྱི་ལྟ་སྤྱོད་རླབས་པོ་ཆེ་ལ་སྤྱོད། །འདི་དག་རང་སྣང་དག་པའི་ས་བོན་དང་། །བསྐྱེད་རྫོགས་ཟབ་མོའི་བརྟུལ་ཞུགས་མཐར་སོན་པའི། །གསང་སྔགས་གྲུབ་པ་རྣམས་ལ་སྣང་བ་ལས། །རྟོག་འདོད་ཅན་གྱི་ཕྱིན་དུ་ཡོད་པ་ཡི། །རིས་ཆད་ཅན་དུ་བསམ་པར་མི་བྱའོ། །ཞེས་པ་ནི་དེའང་སྔགས་རྒྱུད་གཞན་དུ་ན་བདེ་ཆེན་མཁའ་ལ་སྤྱོད་པ་དང་། ས་སྤྱོད་ཞེས་གྲགས་པ་ཡང་། དོན་གྱི་འོད་གསལ་ལ་དབང་ཐོབ་པ་རྣམས་ནི་ལྷན་ཅིག་སྐྱེས་མ་དང་། ཡུལ་ཉེར་བཞིར་སྤྲུལ་པ་བཟུང་བའི་ཞིང་སྐྱེས་མ་སོགས་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་སྐལ་བ་མཉམ་པའི་རིག་འཛིན་གྱི་གྲལ་གང་དུ་ལམ་གྱི་འཕྲོ་མ་དག་པའི་ཆ་རྣམས་སྦྱོང་ཞིང་རིག་པ་འཛིན་པའི་རྡོ་རྗེའི་བླ་མ་རྣམས་ནི་རབ་ཏུ་བཞུགས་ནས་སྔགས་ཀྱི་ལྟ་སྤྱོད་རླབས་པོ་ཆེར་སྤྱོད་ནུས་པའི་གོ་འཕང་མཆོག་ལ་འགོད་པ་ཡིན་ཅིང་། འདི་དག་རང་སྣང་དག་པར་སྦྱངས་པའི་ས་བོན་དང་། བསྐྱེད་རྫོགས་ཟབ་མོའི་བརྟུལ་ཞུགས་མཐར་སོན་པའི་གསང་སྔགས་གྲུབ་པ་རྣམས་ལ་སྣང་བ་ལས། རྟོག་འདོད་ཅན་དག་དེ་རུ་ཨེ་སླེབས་ཀྱི་རེ་བས་ཕྱིན་དུ་ཡོད་པ་ལྟ་བུའི་རིས་སུ་ཆད་པའི་ཡུལ་ཐ་མལ་དུ་བསམ་པར་མི་བྱའོ། །ཞེས་པའོ། །རྩ་བ། དེ་ཉིད་ངང་ལས་ལོངས་སྤྱོད་རྫོགས་པ་ཡི། །ཡི་གེའི་སྤྲིན་གྱི་འོད་ཟེར་རབ་འཕྲོས་པས། །འཇིག་རྟེན་འདུལ་བྱེད་སྤྲུལ་པའི་སྐུ་མཆོག་ནི། །གནས་རིགས་དྲུག་གི་གདུལ་བྱའི་སྣང་བ་ལ། །རང་རང་མིང་གི་མངོན་བརྗོད་རྗེས་འགྲོ་བའི། །འདུལ་བྱེད་རིག་པའི་སྐྱེས་བུ་ཐུབ་པ་དྲུག །ཕྱོགས་བཅུ་མཐའ་ཡས་མུ་མེད་སྟོང་གསུམ་གྱི། །སྟོང་ཆེན་སྙེད་དང་མཉམ་པར་རབ་སྤྲུལ་ནས། །གདུལ་བ་བཞི་ཡི་འགྲོ་དོན་བསམ་མི་ཁྱབ། །ཅེས་པ་ནི་དེ་ཉིད་ངང་ལས་ཏེ་དབྱིངས་ནང་གསལ་གྱི་གདངས་འགག་མེད་ལོངས་སྤྱོད་རྫོགས་པར་ཤར་བའི་ཡི་གེའི་སྤྲིན་ཏེ་རིགས་དྲུག་གི་ས་བོན་འོད་ཟེར་གྱི་རྣམ་པར་རབ་ཏུ་འཕྲོས་པས་འཇིག་རྟེན་འདུལ་བྱེད་སྤྲུལ་པའི་སྐུ་མཆོག་དྲུག་ནི་གནས་རིགས་དྲུག་གི་གདུལ་བྱའི་སྣང་བ་ལ་རང་རང་གི་མིང་གི་མངོན་བརྗོད་ལྷ་དང་མི་དང་ལྷ་མིན་སོགས་ཀྱི་རྗེས་སུ་འགྲོ་བའི། འདུལ་བྱེད་རིགས་པའི་སྐྱེས་བུ་ཐུབ་པ་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་སྟོང་གསུམ་གྱི་སྟོང་ཆེན་པོ་ཇི་སྙེད་དང་མཉམ་པར་རབ་ཏུ་སྤྲུལ་ནས་གདུལ་བ་བཞི་ཡི་འགྲོ་དོན་བསམ་གྱིས་མི་ཁྱབ་པའང་འགྲོ་བ་སོ་སོ་གནས་རིས་སུ་དེ་དང་དེའི་སྣང་བ་དང་མཐུན་པའི་དོན་མཛད་པ་ཡིན་ནོ། །ཞེས་པའོ། །རྩ་བ། དེའང་བསོད་ནམས་ཆེན་པོས་འདུལ་བ་ནི། །སྐུ་ཡི་མཛད་པ་ཆེན་པོ་བཅུ་གཉིས་ཡིན། །གསུང་གི་མཛད་པ་ཐེག་པ་གསུམ་མམ་གཅིག །གང་ཡང་འདུ་ཤེས་རྗེས་འགྲོ་སེམས་ཅན་གྱི། །ཉོན་མོངས་གཉེན་པོར་དགོངས་ཏེ་གསུངས་པ་ལ། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གྲངས། །གསུང་ལྟར་སྣང་ཡང་སྒྲ་ཚིག་རང་མཚན་པ། །མ་ཡིན་སེམས་ཅན་ཁམས་ལ་བྱིན་རླབས་མཐུས། །རྣམ་པར་རིག་པར་ཉིད་དང་མཐུན་པར་ཤར། །ཐུགས་ཀྱིས་གདུལ་བ་དུས་གསུམ་མཁྱེན་ཅིང་གཟིགས། །དུས་ཀྱང་སོ་སོར་མི་རྟོག་དུས་མེད་དུས། །རང་བཞིན་གདོད་མའི་གནས་སྐབས་ཀུན་ཏུ་བཟང་། །གཞན་གྱི་སེམས་རྒྱུད་མཁྱེན་དང་དེ་བཞིན་དུ། །རྫུ་འཕྲུལ་ཆེན་པོའི་སྤྱན་དང་སྙན་ལ་སོགས། །མངོན་ཤེས་དྲུག་པོ་དུས་ལས་ཡོལ་བ་མེད། །ཕྲིན་ལས་གདུལ་བ་ཀུན་ཏུ་སྐུ་དང་ནི། །ཀུན་ཏུ་ཐུགས་དང་དེ་བཞིན་ཀུན་ཏུ་ཞལ། །ཀུན་ཏུ་གསུང་གི་གསང་བ་བསམ་མི་ཁྱབ། །སྐུ་གསུང་ཐུགས་དང་དངོས་སུ་དོན་མཛད་ལ། །ཕྲིན་ལས་ཀྱིས་ནི་དངོས་རྒྱུད་ཀུན་ཏུ་མཛད། །དེ་ལྟར་དབྱིངས་ལས་སྤྲུལ་པའི་སྐུ་མཆོག་རྣམས། །ཆོས་ཉིད་ལ་ལྟོས་ཇི་ལྟའི་ཡེ་ཤེས་དང་། །ཆོས་ཅན་ལ་ལྟོས་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་གཉིས་ཀྱིས་གདུལ་བྱའི་རྒྱུད་འགྲོལ་ཞིང་། །ཉེ་བར་ཞི་དང་མ་འདྲེས་ཆོས་ཚུལ་སྟོན། །ཞེས་པ་ནི་དེ་ལ་སྐུ་བསོད་ནམས་ཆེན་པོས་འདུལ་བ་ནི་སྐུ་ཡི་མཛད་པ་ཆེན་པོ་བཅུ་གཉིས་ཡིན་ལ། གསུང་གི་མཛད་པ་ཐེག་པ་གསུམ་མམ་གཅིག་སྟེ་གང་ཡང་འདུ་ཤེས་ཀྱི་རྗེས་སུ་འགྲོ་བ་ཡིན་ལ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གཉེན་པོར་དགོངས་ཏེ་གསུངས་པ་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་གྲངས་གསུངས་པ་ལྟར་སྣང་ཡང་སྒྲ་ཚིག་རང་མཚན་པ་མ་ཡིན་ཞིང་སེམས་ཅན་གྱི་ཁམས་ལ་བྱིན་རླབས་ཞུགས་པའི་མཐུས་རྣམ་པར་རིག་པ་སྟེ་བློའི་རྟོག་དཔྱོད་ཉིད་དང་མཐུན་པར་ཤར་བ་ཡིན་ལ། ཐུགས་ཀྱི་གདུལ་བ་འདས་མ་འོངས་ད་ལྟ་སྟེ་དུས་གསུམ་མཁྱེན་ཅིང་གཟིགས་བཞིན་དུས་ཀྱང་སོ་སོར་མི་རྟོག་པ་ལ་དུས་མེད་ཀྱི་དུས་ཏེ་རང་བཞིན་གདོད་མའི་གནས་སྐབས་ཀུན་ཏུ་ཡིན་ལ་གཞན་གྱི་སེམས་རྒྱུད་ཇི་ལྟ་བ་བཞིན་དུ་མཁྱེན་པ་དང་། དེ་བཞིན་རྫུ་འཕྲུལ་ཆེན་པོའི་སྤྱན་དང་སྙན་ལ་སོགས་པའི་མངོན་ཤེས་དྲུག་པོ་དུས་ལས་ཡོལ་བ་མེད་བཞིན་ཕྲིན་ལས་ཀྱི་གདུལ་བ་ལ་ཀུན་ཏུ་སྐུ་འདོད་དགུར་བསྒྱུར་བ་དང་། སྲིད་དང་ཞི་བའི་ཁམས་ཀུན་ཏུ་ཐུགས་ཀྱིས་ཁྱབ་ཅིང་དེ་བཞིན་དུ་ཀུན་ཏུ་ཞལ་ཏེ་འགྲོ་བ་ལས་དང་སྐལ་བར་ལྡན་པ་དག་གི་རང་སེམས་ཀྱི་གནས་ལུགས་རྟོགས་པ་དང་། ཀུན་ཏུ་གསུང་གི་གསང་བ་འགྲོ་བ་རིགས་དྲུག་གི་སྒྲ་སྐད་ཀྱང་དེ་ལྟར་སྣང་བའི་བྱིན་རླབས་ཀྱི་སྟོབས་བསམ་གྱིས་མི་ཁྱབ་ཅིང་། དེའང་སྐུ་གསུང་ཐུགས་ཀྱིས་དངོས་སུ་འགྲོ་དོན་མཛད་ཅིང་ཕྲིན་ལས་ཀྱིས་ནི་དངོས་བརྒྱུད་ཀུན་ཏུ་བསྟན་འགྲོའི་དོན་མཛད་ལ་དེ་ལྟར་དབྱིངས་ཀ་དག་དང་ལྷུན་གྲུབ་ལས་སྤྲུལ་པའི་སྐུ་མཆོག་རྣམས་ནི། ཆོས་ཉིད་དོན་དམ་ལ་ལྟོས་པའི་ཇི་ལྟ་མཁྱེན་པའི་ཡེ་ཤེས་དང་ཆོས་ཅན་ཀུན་རྫོབ་ལ་ལྟོས་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་གདུལ་བྱའི་རྒྱུད་འགྲོལ་ཞིང་ཉེ་བར་ཞི་བ་དང་མ་འདྲེས་པའི་ཆོས་ཚུལ་སྟོན་ཞེས་པའོ། །རྩ་བ། དེ་ལས་ཡང་སྤྲུལ་རྣམ་པ་བརྗོད་མི་ལང་། །འགྲོ་བ་དྲུག་གི་གནས་རིགས་དེ་སྙེད་དུ། །ལྷ་རྣམས་འདུལ་བྱེད་ཚངས་དབང་བདེ་འབྱུང་སོགས། །མི་ལ་ཉན་རང་བྱང་སེམས་འཁོར་ལོས་བསྒྱུར། །དེ་བཞིན་ལྷ་མ་ཡིན་ལ་ཐགས་བཟང་རིས། །བྱ་ལ་ཤིང་རྟ་མོ་དང་རི་དྭགས་ཕྱིར། །སེང་གེའི་རྒྱལ་པོ་ཡི་དམ་བརྟན་པ་སོགས། །མདོར་ན་དམྱལ་བ་ཡི་དྭགས་གང་དང་གང་། །འདུལ་བྱེད་དེ་དང་དེ་འདྲའི་གཟུགས་སྤྲུལ་ནས། །སེམས་ཅན་དོན་ལ་ནམ་ཡང་གཡེལ་བ་མེད། འདི་ནི་འཇིག་རྟེན་དྲུག་གི་ཞིང་རྣམས་སུ། །ལས་དང་བག་ཆགས་དགེ་སྡིག་རྒྱུ་འབྲས་ཀྱི། །གནས་རིགས་བདེ་སྡུག་མཐོ་དམན་ལྟར་སྣང་བའི། །རང་སྣང་མཐུན་པའི་སྟོན་པས་དོན་མཛད་ཅིང་། །ཆོས་ཀྱང་མ་ངེས་གདུལ་བྱའི་བློ་རྟོག་ལྟར། །དུས་ཀྱང་རང་རང་སྐལ་བའི་རྗེས་འགྲོ་བ། །མ་དག་ཞིང་གི་འགྲོ་ལ་དེ་ལྟར་སྣང་། །ཞེས་པ་ནི་དེ་ཡང་རང་བཞིན་སྤྲུལ་པའི་སྐུ་དེ་ལས་ཀྱང་ཡང་སྤྲུལ་གྱི་རྣམ་པ་བརྗོད་ཀྱིས་མི་ལང་འབྱུང་བ་ཡང་འགྲོ་བ་དྲུག་གི་གནས་རིགས་དེ་སྙེད་དུ། ལྷ་རྣམས་འདུལ་བར་བྱེད་པ་ལ་ཚངས་པ་དང་། དབང་པོ་དང་། བདེ་འབྱུང་སྟེ་དབང་ཕྱུག་ལ་སོགས་པ་དང་། མི་ལའང་ཉན་རང་བྱང་སེམས་འཁོར་ལོས་བསྒྱུར་རྒྱལ་ལ་སོགས་པ་དང་། དེ་བཞིན་དུ་ལྷ་མ་ཡིན་ལ་ཐགས་བཟང་རིས། བྱ་ལ་ཤིང་རྟ་མོ་དང་། རི་དྭགས་འདུལ་ཕྱིར་སེང་གེའི་རྒྱལ་པོ་ཡི་དམ་བརྟན་པ་ལ་སོགས་པ་མདོར་ན་དམྱལ་བ་ཡི་དྭགས་སོགས་འགྲོ་བ་གང་དང་གང་དུལ་བ་ལ་འདུལ་བྱེད་ཀྱང་དེ་དང་དེ་འདྲའི་གཟུགས་སུ་སྤྲུལ་ནས་སེམས་ཅན་གང་གི་དོན་དགོས་པ་དེ་ལ་ནམ་ཡང་གཡེལ་བ་མེད་ཅིང་བརྩོན་པ་དང་། འདི་ནས་འཇིག་རྟེན་དྲུག་གི་ཞིང་རྣམས་སུ་ལས་དཀར་ནག་དང་དེའི་བག་ཆགས་དགེ་སྡིག་གཉིས་ཀྱི་རྒྱུ་འབྲས་ཀྱིས་བསྐྲུན་པའི་གནས་རིས་དྲུག་པོར་བདེ་བ་དང་སྡུག་བསྔལ་དང་མཐོ་དམན་ལྟར་སྣང་བའི་རང་སྣང་དང་མཐུན་པའི་སྟོན་པས་སེམས་ཅན་གྱི་དོན་མཛད་ཅིང་། འདུལ་བྱེད་ཆོས་ཀྱང་མ་ངེས་ཏེ་གདུལ་བྱའི་མཆོག་དམན་དང་རྟོག་པ་མང་ཉུང་ལྟར་དུས་ཀྱང་རང་རང་གི་ལས་བཟང་ངན་གྱི་སྐལ་བའི་རྗེས་སུ་འགྲོ་བ་ཡིན་ཅིང་མ་དག་ཞིང་གི་འགྲོ་བ་ཡོངས་ལ་དེ་ལྟར་སྣང་བའོ། །ཞེས་པའོ། །རྩ་བ། གང་ཞིག་རྨི་ལམ་ནང་དུ་སངས་རྒྱས་མཐོང་། །རྨི་ལམ་ལྟ་བུར་སྤྲུལ་པའི་ཆོས་བསྟན་ཡང་། །ངོ་བོ་ཉིད་མེད་རང་བཞིན་མ་གྲུབ་ལ། །བདག་མེད་སྟོང་པ་གསོག་ཏུ་རིག་བྱ་ཞེས། །ཟབ་མོའི་མདོ་སྡེ་དག་ལས་གསུངས་པས་ན། །འཁོར་འདས་རྨི་ལམ་ལྟ་བུའི་རོལ་པ་ལ། །སྣང་བའི་སངས་རྒྱས་ངོ་བོ་དག་ནའང་། །རྣམ་པ་གདུལ་བྱ་ཉིད་ལྟར་སྣང་བའི་ཕྱིར། །མ་དག་ཐུགས་རྗེའི་རོལ་པའི་སྤྲུལ་པ་ཡང་། །ཇི་སྲིད་འཁོར་བའི་རྗེས་འགྲོ་རྒྱུན་མི་འཆད། །ཅེས་པ་ནི་འདི་ལྟར་གང་ཞིག་རྨི་ལམ་ནང་དུ་སངས་རྒྱས་མཐོང་བ་དང་རྨི་ལམ་ལྟ་བུར་སྤྲུལ་པའི་ཆོས་བསྟན་པ་རྨིས་ཀྱང་ངོ་བོ་ཉིད་མེད་ཅིང་རང་བཞིན་མ་གྲུབ་པ་ལ་བདག་མེད་པའི་སྟོང་པ་དང་གསོག་ཏུ་རིག་པར་བྱ་ཞེས་པ་དང་ཟབ་མོའི་མདོ་སྡེ་དག་ལས་གསུངས་པས་ན་འཁོར་བ་དང་མྱང་འདས་གཉིས་རྨི་ལམ་ལྟ་བུའི་རོལ་པ་ལ་སྣང་བའི་སངས་རྒྱས་ཀྱི་ངོ་བོར་དག་ནའང་རྣམ་པ་ནི་འགོག་ཏུ་མེད་པ་གདུལ་བྱ་གང་ལ་གང་འདུལ་ལྟར་སྣང་བའི་ཕྱིར་ན་གདུག་པ་འདུལ་ཕྱིར་ཐུགས་རྗེ་རོལ་པའི་སྤྲུལ་པ་ཡང་། ཇི་སྲིད་འཁོར་བ་མ་སྟོང་བར་གདུལ་བྱའི་རྗེས་སུ་འགྲོ་བ་རྒྱུན་མི་འཆད་དོ། །ཞེས་པའོ། །རྩ་བ། དེ་ཉིད་ངང་ལས་སྣ་ཚོགས་སྤྲུལ་པ་ནི། །རང་བཞིན་བྱོན་དང་འདུ་བྱེད་ལས་བྱུང་བ། །འབུར་དུ་བྱས་དང་རིས་སུ་བྲིས་པ་དང་། །གནྡྷོ་ལ་དང་ཁང་བཟང་སྐྱེད་མོས་ཚལ། །མྱ་ངམ་ཐང་ལ་སྤྲུལ་པའི་གྲོང་ཁྱེར་དང་། །པདྨ་དཔག་བསམ་ཤིང་དང་ཡིད་བཞིན་ནོར། །གྲུ་གཟིངས་ཟམ་པ་ཤིང་རྟ་ཟས་གོས་སོགས། །སེམས་མེད་བེམ་པོའི་ཚུལ་དུ་སྣང་བ་དང་། །སྐྱེ་བ་མུ་གེའི་ཚེ་ན་ཉ་བོ་ཆེ། །ནད་ཀྱིས་གདུངས་ལ་སྲོག་ཆགས་དེས་པ་དང་། །སྲིན་མོའི་གླིང་དུ་ཅང་ཤེས་བ་ལ་ཧ། །མི་གཙང་འདམ་དུ་གསེར་གྱི་བུང་བ་སོགས། །སྤྲུལ་པ་སྣ་ཚོགས་རྣམ་ཀུན་བདེ་བའི་གཞིར། །རྟོག་པ་མེད་ཅིང་གཡོ་བ་མེད་པ་ལྟས། །དོན་ཆེན་གྱིས་ནི་དཔལ་དུ་ཉེ་བར་གནས། །ཞེས་པ་ནི་དེ་ཉིད་ཀྱི་ངང་ལས་སྣ་ཚོགས་སྤྲུལ་པ་ཞེས་པ་ནི་འཇིག་རྟེན་ཁམས་ཀྱི་འཁྲུལ་སྣང་དང་མཚུངས་པར་སངས་རྒྱས་ཀྱི་རྣམ་སྤྲུལ་ཡང་དེ་སྙེད་དུ་འཆར་བ་ཡང་ཡིད་ཀྱི་བྱེད་པ་པོ་དང་། ཆོས་སུ་བྱ་བ་མེད་བཞིན་དུ་རང་བཞིན་གྱི་རི་བྲག་ཡུལ་ལྗོངས་སོགས་སུ་སྐུ་གསུང་ཐུགས་རྟེན་རང་བྱོན་དུ་སྣང་བ་འགྲོ་བ་རྣམས་ཀྱིས་ཚོགས་བསག་གི་ཡུལ་དུ་བཟུང་ནས་ལན་ཅིག་ཙམ་ཡང་དད་པ་བསྐྱེད་པའི་རྟེན་དུ་བཟུང་བ་རྣམས་དང་། སྐྱེས་བུའི་རྩོལ་བ་དང་འདུ་བྱེད་ལས་བྱུང་བའི་སྐུ་གསུང་ཐུགས་རྟེན་རྣམས་དང་། གཞན་ཡང་སེམས་མེད་བེམ་པོའི་ཚུལ་གྱིས་འགྲོ་བ་རྣམས་ལ་ཕན་ཅིང་བདེ་བ་ཅུང་ཟད་སྟེར་ནུས་པའི་ཚོགས་དྲུག་གི་ཡུལ་དུ་གྱུར་པ་ཐམས་ཅད་རྒྱལ་བའི་ཕྲིན་ལས་སུ་ཤེས་པར་བྱ་སྟེ། །དེའང་རྟེན་གསུམ་འབུར་དུ་བྱས་པ་དང་། གྱང་ལོགས་དང་ཐང་སྐུ་སོགས་རིས་སུ་བྲིས་པ་དང་། གནྡྷོ་ལ་དང་ཁང་བཟང་སྐྱེད་མོས་ཚལ་རྣམས་དང་། མྱ་ངམ་ཐང་སྟེ་ཆུ་མེད་པའི་སར་སྤྲུལ་པའི་གྲོང་ཁྱེར་དང་པདྨ་དང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་ནོར་བུ་གྲུ་གཟིངས་ཟམ་དང་ཤིང་རྟ་ཟས་གོས་སོགས་དང་། སྟོན་པའི་སྐྱེས་རབས་ན་གསལ་བ་ལྟར་མུ་གེའི་ཚེ་ཉ་བོ་ཆེ་དང་། ནད་ཀྱིས་གདུངས་པ་ལ་སྲོག་ཆགས་དེས་པ་དང་། སྲིན་མོའི་གླིང་དུ་ཅང་ཤེས་རྟ་མཆོག་བ་ལས་ཚོང་པ་མང་པོ་སྲོག་སྐྱོབ་བྱས་པ་ལྟ་བུ་དང་། མི་གཙང་བའི་འདམ་རྫབ་ཏུ་གསེར་གྱི་བུང་བར་སྤྲུལ་ནས་དེའི་རིགས་ཀྱི་དོན་བྱེད་པ་སོགས་སྤྲུལ་པ་སྣ་ཚོགས་ངེས་མེད་དུ་བསྟན་པ་ཡང་རྣམ་པ་ཀུན་ཏུ་བདེ་བའི་གཞིར་འགྱུར་ཞིང་། དེ་ལྟར་ཕན་བཏགས་སོ་སྙམ་པའི་རྟོག་པ་དང་གཡོ་བ་མེད་པ་ལྟ་བུའི་སྒོ་ནས་དོན་གྱིས་ནི་དཔལ་དུ་ཉེ་བར་གནས་སོ། །ཞེས་པའོ། །རྩ་བ། གལ་ཏེ་གདུལ་བར་བྱ་བའི་དུས་ཡོལ་ན། །འདུལ་བྱེད་དབྱིངས་སུ་ནུབ་པའི་མཚན་དཔེ་ནི། །ཇི་ལྟར་ཆུ་སྣོད་མེད་ཚེ་ཆུ་ཟླའི་གཟུགས། །སྤྲུལ་གཞིའི་ཟླ་བ་ཉིད་ལ་ཐིམ་པ་ལྟར། །གདུལ་བྱའི་སྣང་བས་བསྡུས་པའི་སྤྲུལ་པ་རྣམས། །རང་སྣང་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་ཐིམ། །དེའང་གནམ་སྟོང་ཟླ་བ་གཅིག་ཤོས་ནས། །གཅིག་ཏུ་ཐིམ་པ་མེད་ཀྱང་ཕྱིར་གསལ་མདངས། །ནང་དབྱིངས་སྤྲོས་པ་མེད་པའི་ངང་ཐིམ་ལྟར། །ལོངས་སྤྱོད་རྫོགས་པའི་རང་སྣང་ཆོས་ཀྱི་སྐུའི། །ཡེ་ཤེས་ཆེན་པོར་འཁྱིལ་བ་དེ་ཉིད་ལ། །དབུ་མ་པ་རྣམས་འཇུག་པ་ཆོས་དབྱིངས་སུ། །ཞི་བའི་འགོག་པ་དམ་པ་ཞེས་འདོད་ལ། །འདིར་ནི་སོ་སོ་རང་རིག་ཡེ་ཤེས་ཉིད། །ཕྲ་བའི་ཡེ་ཤེས་ནང་གསལ་ཆོས་ཀྱི་དབྱིངས། །ཐིམ་ལ་མ་རྨུགས་གཞོན་ནུ་བུམ་པའི་སྐུ། །གང་དུ་གདུལ་བྱ་སྣང་བའི་མོད་ཉིད་ལ། །འགག་མེད་ཐུགས་རྗེའི་ཡེ་ཤེས་མཆེད་པའི་གཞི། །ཤིན་ཏུ་མཉམ་པར་བཞག་པའི་ཆོས་ཉིད་ནི། །འབྲས་བུ་ལྷུན་གྲུབ་ཆེན་པོའི་གོ་འཕང་ཡིན། །ཞེས་པ་ནི་འདི་ལྟར་གལ་ཏེ་གདུལ་བར་བྱ་བའི་ཡུལ་གང་ཞིག་དུས་ཡོལ་ནས་སྡུག་བསྔལ་ཟད་པར་གྱུར་ན་འདུལ་བྱེད་མཆོག་དམན་གང་ཡང་རུང་སྟེ་དབྱིངས་ལས་བྱུང་ཞིང་དབྱིངས་སུ་ནུབ་པའི་མཚོན་དཔེ་ནི། ཇི་ལྟར་ཆུས་བཀངས་པའི་སྣོད་མེད་ཚེ་དེར་སྣང་བའི་ཟླ་གཟུགས་སྤྲུལ་གཞིའི་ཟླ་བ་ཉིད་ལ་ཐིམ་པ་ལྟར། གདུལ་བྱ་སོ་སོའི་སྣང་བས་བསྡུས་པའི་སྤྲུལ་པ་རྣམས་ཀྱང་རང་སྣང་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་ཐིམ་པའོ། །དེའང་གནམ་སྟོང་གི་ཟླ་བ་དེ་གཅིག་ཤོས་ནས་གཅིག་ཏུ་ཐིམ་པ་མེད་ཀྱང་ཕྱིར་གསལ་འོད་དཀར་གྱི་མདངས་ནང་དབྱིངས་སྤྲོས་པ་མེད་པའི་དབྱིངས་སུ་ཐིམ་པ་ལྟར་ལོངས་སྤྱོད་རྫོགས་པའི་རང་སྣང་ཆོས་ཀྱི་སྐུའི་ཡེ་ཤེས་ཆེན་པོ་དང་དབྱེར་མེད་དུ་འཁྱིལ་བ་དེ་ཉིད་ལ། དབུ་མ་པ་རྣམས་ཀྱིས་འཇུག་པ་ཆོས་ཀྱི་དབྱིངས་སུ་ཞི་བའི་འགོག་པ་དམ་པ་ཞེས་འདོད་ལ། འདིར་རང་ལུགས་ནི་སོ་སོ་རང་རིག་པའི་ཡེ་ཤེས་དེ་ཉིད་ཀྱང་ཕྲ་བའི་ཡེ་ཤེས་ནང་གསལ་ཆོས་ཀྱི་དབྱིངས་སུ་ཟླུམ་ཚེ་ཐིམ་ལ་མ་རྨུགས་པ་ལ་གཞོན་ནུ་བུམ་པའི་སྐུ་ཞེས་འདོད་ཅིང་དེ་ཉིད་ཀྱང་གང་དུ་གདུལ་བྱ་སྣང་བའི་མོད་དེ་འཕྲལ་དུ་འགག་པ་མེད་པའི་ཐུགས་རྗེའི་ཡེ་ཤེས་མཆེད་པའི་གཞི་ལས་ཐུགས་རྗེའི་རོལ་རྩལ་འགོག་མེད་དུ་འཆར་བ་ཡིན་ལ། དེ་ལྟ་བུའི་དོན་མཐར་ཐུག་པ་ནི་ཤིན་ཏུ་མཉམ་པར་བཞག་པའི་ཆོས་ཉིད་འགྱུར་བ་མེད་པ་སྟེ། དེ་ནི་འབྲས་བུ་ལྷུན་གྲུབ་ཆེན་པོའི་གོ་འཕང་སྟེ་གདོད་མའི་གནས་ལུགས་གྲོལ་གཞིའི་སར་སླེབས་པ་ཡིན་ནོ། །དེའང་སོ་སོ་རང་རིག་ཡེ་ཤེས་ནི་གཏན་འགགས་མ་ཡིན་ཏེ། དེ་འགགས་ན་མྱང་འདས་ཀྱི་ཡོན་ཏན་རྣམས་དང་ཡེ་ཤེས་ཀྱི་ཆོས་ཉིད་ཉི་མ་དང་ཟེར་ལྟར་གནས་པའང་རྒྱུན་ཆད་པར་འགྱུར་བའོ། །འདི་ལྟར་ཀུན་གཞི་དབྱིངས་སུ་ནུབ་པ་ནི་ཆོས་དབྱིངས་ཡེ་ཤེས་སོ། །ཀུན་གཞིའི་རྣམ་ཤེས་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡིད་ཤེས་ནུབ་པ་ནི་མཉམ་ཉིད་དོ། །ཉོན་མོངས་ཅན་གྱི་ཡིད་ནུབ་པ་ནི་སོར་རྟོག་ཡེ་ཤེས་སོ། །སྒོ་ལྔའི་རྣམ་ཤེས་དབྱིངས་སུ་ནུབ་པ་ནི་བྱ་གྲུབ་ཡེ་ཤེས་སོ། །དེའང་ཆོས་དབྱིངས་དང་མཉམ་ཉིད་ཇི་ལྟར་མཁྱེན་པའི་ཡེ་ཤེས་དང་། མེ་ལོང་དང་སོར་རྟོག་བྱ་གྲུབ་གསུམ་ཇི་སྙེད་མཁྱེན་པར་འདུའོ། །དེས་ན་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ནི་ཆོས་སྐུ་དག་པ་གཉིས་ལྡན་ཡིན་ལ་དེ་མཐོང་བའི་ཐབས་སུ་སེམས་ཀྱི་དེ་ཁོ་ན་ཉིད་ལ་གོམས་པར་བྱ་སྟེ། དེས་སྤངས་པ་གཉིས་ལ་བརྟེན་ནས་ཉོན་ཤེས་ཀྱི་སྒྲིབ་པ་བཅོམ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་འགྱུར་བའོ། །ཞེས་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ལས་ལེའུ་བཅུ་གསུམ་པ་རྫོགས་པའི་སྐབས་སོ།། །།མཇུག་བསྡུ་བ་ནི། བདག་རྒྱུད་སྣོད་ཀྱི་དཔྱད་པ་རྫོགས་གྱུར་ནས། །འཇིག་རྟེན་མགོན་པོ་དྲི་མེད་འོད་ཟེར་གྱི། །ཞལ་མཐོང་ཐུགས་རྗེའི་དབུགས་འབྱིན་མ་ཐོབ་ན། །ལམ་མིན་གཡང་སར་དལ་རྟེན་སྟོང་ལོག་བྱས། །དེ་ཕྱིར་འདི་ལ་ལེགས་པར་བཤད་པའི་ཆ། །བླ་མའི་བྱིན་རླབས་སྒོམ་བྱུང་ཤེས་རབ་ལས། །ཐོས་བསམ་རྟོག་གེའི་རིགས་པས་མ་བསྐྱེད་ན། །རང་རང་འདོད་གཞུང་ཕྱོགས་དང་འགལ་ན་འཆགས། །ཆོས་ཚུལ་རྒྱ་མཚོ་གཏིང་དཔག་དཀའ་བའི་དོན། །མཉམ་པར་བཞག་པ་ཁོ་ནའི་ཁྱད་ཆོས་ལས། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གནས། །ཡང་དག་མཐོང་ལ་ནམ་ཡང་བསླུ་བ་མེད། །དགེ་བ་འདི་ཡིས་བདག་དང་སེམས་ཅན་རྣམས། །རྒྱལ་བའི་རིང་ལུགས་ནོར་བ་མེད་པའི་ལམ། །སྒྲིབ་གཉིས་སྙོགས་པ་དྭངས་པའི་གཟིངས་ཞུགས་ནས། །བྱང་ཆུབ་ཞི་བ་རིན་ཆེན་གླིང་ཕྱིན་ཤོག །ནགས་མཐོང་རི་དྭགས་དཀྱུ་བའི་སྨན་ལྗོངས་ན། །དུས་བཞིའི་མངོན་རྟགས་ངོམ་པའི་ལྗོན་པ་ནི། །དྲང་སྲོང་རྣམས་ལ་མི་སྙན་སྒྲོག་མི་བྱེད། །སྙིང་ལ་འབབ་པར་སྨྲ་བའི་བྱ་ཚོགས་ཀྱང་། །སྦྲུལ་གདུག་འཁྲི་ཤིང་ལྟ་བུའི་འཁོར་བ་འདིར། །སྐྱོ་བའི་ངེས་འབྱུང་ཤིང་རྟས་ཡིད་འདྲེན་པའི། །ཅ་ཅོ་ཤིན་ཏུ་ཞི་བ་སྒྲོག་ཐོས་ནས། །དབང་པོ་ཉེ་བར་ཞི་བའི་དཔལ་ཐོབ་ཤོག །ལྟ་བ་ཡིད་བྱེད་རླུང་གིས་མ་དཀྲུགས་ལ། །སྤྱོད་པ་རྒྱལ་སྲས་དམ་པའི་རྗེས་འགྲོ་བས། །ནམ་ཡང་གཞན་གྱི་ཁུར་དུ་མི་འགྲོ་ཞིང་། །རླབས་ཆེན་འཕྲིན་ལས་འགྲོ་བའི་དཔལ་དུ་ཤོག །ཅེས་པ་ནི་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་བའི་སྦྱར་བྱང་ངོ་། །འདིར་སྨྲས་པ། ལྷ་མིའི་ཐེག་པ་རིམ་དགུའི་སྟེགས་ནས་བཟུང་། །ཉན་ཐོས་རང་རྒྱལ་བྱང་སེམས་ཐེག་པ་ཡན། །ཀུན་གྱི་རྩེ་གྱུར་རྒྱུད་སྡེ་དྲུག་གི་ཏོག །ནང་རྒྱུད་སྡེ་གསུམ་ཐེག་རིམ་དགུ་ལས་འཕགས། །དེ་དག་དགོངས་དོན་རྒྱ་མཚོ་ཆེན་པོའི་མཇིང་། །རྟོག་གེའི་བརྒལ་བརྟག་ཁོ་ནས་དཔྱད་པ་ཡིས། །དཔག་པར་ནུས་རློམས་རང་མགོ་རང་བསྐོར་རྒྱུ། །དེ་ཕྱིར་རྩོད་པའི་རྗེས་སུ་མི་འབྲང་གལ། །གཞུང་འདིར་དེ་ལྟའི་སྐྱོན་ཆགས་མ་ཡིན་དོན། །ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་གསུམ་པོ། །སྔོན་གོམས་མཐུ་ཡིས་རྫོགས་དང་ཆབས་གཅིག་པར། །འཆད་རྩོད་རྩོམ་པའི་བློ་གྲོས་མཆོག་ཐོབ་པས། །སྔོན་བྱོན་མཁས་དང་གྲུབ་པའི་ཚོགས་རྣམས་ཀྱིས། །བདེན་པ་གཉིས་ལས་བརྩམས་པའི་གཞུང་མང་དོན། །ཉུང་ངུའི་གཏམ་གྱི་སྦྱོར་བས་འདིར་བཏུས་བཞིན། །སྙིང་པོ་གོང་བུར་དྲིལ་འདི་བླ་ན་མེད། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །གངས་ལྗོངས་འདིར་བྱོན་མཁས་དང་མཁས་རློམས་དག །ཇི་སྙེད་བྱོན་རྣམས་བསྟན་བཅོས་མང་བརྩམས་མོད། །འོན་ཀྱང་བསྟན་ལ་ཕན་གནོད་མངོན་གྱུར་བཞིན། །དེ་ཕྱིར་རྒྱལ་བསྟན་ཉིད་ལ་རྒྱལ་བ་བཞིན། །ཤིང་རྟ་ཆེན་པོ་གཉིས་ཀྱི་ལམ་བཟང་མཆོག །ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པ་ཞེས། །ཡོངས་གྲགས་གཞུང་གཉིས་སྙིང་པོའང་འདི་ཉིད་རང་། །ད་ལྟ་རྒྱལ་བསྟན་ནུབ་རིར་ཉེ་བའི་སྐབས། །རང་རྒྱུད་གྱོང་པོས་ཆོས་ལ་ཁུངས་བཅོལ་ནས། །མར་སྐོག་སྣུམ་རྩིས་འདུལ་དཀའ་མངོན་གྱུར་ཚེ། །རང་རྒྱུད་ཁོ་ན་བཏུལ་ན་ཅི་མ་རུང་། །ལར་ཡང་རྡོ་རྗེའི་ཐེག་པར་བཤད་སྒྲུབ་གཉིས། །བསྟན་མོད་དེ་ཡང་དེང་སྐབས་བཤད་པ་ལ། །གཙོ་བོར་འཛིན་རྣམས་དད་དམ་སྙིང་རྗེར་རིང་། །སྒྲུབ་བརྩོན་ཕལ་ཆེར་བསྟན་འགྲོར་ཕན་ལ་འདུན། །འོན་ཀྱང་དེ་གཉིས་གང་ཡང་བསྟན་དང་འགྲོར། །ཚུལ་འཆོས་ཙམ་མིན་ཕན་སེམས་མཆོག་བསྐྱེད་ན། །སྙིགས་མའི་བསྟན་འཛིན་མཆོག་ཏུ་གོར་མ་ཆག །དེ་ཕྱིར་རང་སྐྱོན་སུན་འབྱིན་ཆོས་ཀྱི་མཆོག །ཐོས་པ་མང་དགོས་རྣ་དྲེད་མ་སོང་གལ། །བསམ་པས་དཔྱོད་དགོས་འཁྲུལ་རྟོག་མ་སྤེལ་གནད། །སྒོམ་པ་བརྟན་དགོས་གཟུང་འཛིན་མ་དམ་གལ། །འཆད་རྩོད་རྩོམ་གསུམ་ཁེངས་པས་མ་བཅོམ་གཅེས། །དེ་སྐད་རང་གཞན་ཀུན་ལ་སྨྲས་ནས་སླར། །སེམས་དགེ་བ་ལ་ཉེས་པ་མེད་གསུངས་ཕྱིར། །ཡོན་ཏན་རིན་ཆེན་མཛོད་ཀྱི་ས་མུ་ཏྲའི། །ཚིག་དོན་ཆུ་ཐིགས་ནོར་བུ་སྐྲའི་རྩེ་མོར། །ཐོབ་བཞིན་རང་མཉམ་འགའ་ལ་སྨན་སླད་དུ། །སྤེལ་བའི་བྱེད་པོ་རྣམ་འདྲེན་ཉི་ཤུའི་ཞབས། །ནམ་ཡང་སྤྱི་བོས་མཆོད་ལ་མི་ངལ་བའི། །རྣལ་འབྱོར་ཀུན་བཟང་གཞན་ཕན་ཞེས་འབོད་པས། །ངལ་བ་ཁྱད་བསད་ལྕི་བ་དང་བླངས་ནས། །སྤེལ་བཞིན་ཡི་གེའི་གཟུགས་སུ་ངོམ་བྱེད་པ། །རང་སློབ་དད་ལྡན་པུཎྱེ་རཏྣ་དང་། །ཀུན་བཟང་འཆི་མེད་ཟུང་གིས་བརྩོན་པས་བསྒྲུབས། །དགེ་བ་དེ་ཡིས་བདག་ཅག་དཔོན་སློབ་ལ། །བཟང་འབྲེལ་ངན་འབྲེལ་ཐོགས་པའི་འགྲོ་རྣམས་གཙོས། །མཐའ་ཡས་འགྲོ་བ་སེམས་ཅན་མ་ལུས་ཀུན། །ཕྱམ་གཅིག་གདོད་མའི་མགོན་དང་དབྱེར་མེད་ཤོག །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་སྒོ་ལྕགས་འབྱེད་བྱེད་བསྡུས་འགྲེལ་རྒྱ་མཚོའི་ཆུ་ཐིགས་རིན་པོ་ཆེའི་ལྡེ་མིག་ཅེས་བྱ་བ་འདི་ཉིད་རིས་སུ་མ་ཆད་པའི་དད་པ་དང་ངོས་ལྐོག་བྲལ་བའི་དམ་ཚིག་སོགས་འཕགས་ནོར་བདུན་གཅེས་ནོར་དུ་འཛིན་པའི་རྣམ་འདྲེན་དམ་པ་པུཎྱེ་རཏྣ་དྷྭ་ཛ་ཞེས་པས་བཀའ་ཡིས་བསྐུལ་མ་བྱུང་བ་ཐོད་དུ་བཅིངས་ཏེ་རྗེ་ཆོས་ཀྱི་རྒྱལ་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་ཅག་གི་བྱང་ཆུབ་མ་ཐོབ་བར་རིགས་ཀྱི་བདག་པོར་འདུ་འབྲལ་མེད་པ་༧དཔལ་མཁྱེན་བརྩེའི་འོད་ཟེར་རམ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་དེ་ཉིད་ཀྱི་བཀའ་དྲི་མ་མེད་པ་རྩ་བ་ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བའི་ལེའུ་དགུ་པ་ཡན་གྱིས་མདོ་ལམ་གྱི་འགྲེལ་པ་བདེན་གཉིས་ཤིང་རྟ་དང་རྗེས་ཀྱི་ལེའུ་བཞི་ཡིས་སྔགས་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་དོན་གཏན་ལ་ཕབ་པ་རྣམ་མཁྱེན་ཤིང་རྟ་གཉིས་ཏེ། རྒྱས་འགྲེལ་གཉིས་ཀྱི་གླེགས་བམ་མཐོང་བས་འཇིགས་ནས་མཇལ་བ་ལས་ལྡོག་པའི་གང་ཟག་རང་འདྲ་འགའ་རེ་ལ་ཚིག་དོན་ཉུང་ངུ་ཙམ་སྔོན་དུ་བསྟན་ནས་བློ་མི་སུན་པར་བྱས་རྗེས་གདོད་རྒྱས་འགྲེལ་ལ་རིམ་གྱིས་འདྲིས་པར་བྱས་ན་ལུགས་དང་མཐུན་པ་ཞིག་ཡོང་དུ་རེ་བ་ཙམ་ལས་རྣམ་དཔྱོད་དཔྱད་གསུམ་གྱི་བློ་གྲོས་ཀྱི་ཉི་མས་ཟུམ་པའི་ཀུནྡྷ་ལྟར་གྱུར་པ་བདག་ལྟས་གཞུང་ཆེན་འདི་འདྲའི་འགྲེལ་པ་འབྲི་བའི་སྤོབས་པ་ཅུང་ཟད་ཀྱང་ཐོབ་པ་མིན་ནའང་ལྷག་བསམ་རབ་ཏུ་དཀར་བ་ཟླ་བའི་འོད་ལ་འགྲན་ནུས་པས་བྲིས་པས་ཉེས་ཚོགས་མཁའ་ལ་རི་མོ་བཞིན་སྟོང་ཞིང་དགེ་ཚོགས་དབྱར་སྐྱེས་ཀྱི་རྒྱུན་བཞིན་རྒྱས་པར་གྱུར་ཅིག་གུ། །དགེའོ། །དགེའོ། །དགེའོ།། །།


previousཆོས་ཀྱི་གཏེར་མཛོད་ཆེན་པོ་ཀུན་འདུས་རིག་པའི་སྒྲོན་མེ། ཧོར་པོ་ཤཱཀྱ་རྡོ་རྗེ། no next