ཐེག་པ་ཆེན་པོའི་རྣལ་འབྱོར་གྱི་ཚུལ་ལ་འཇུག་པའི་མན་ངག་གི་འགྲེལ་པ་རྒྱལ་སྲས་ལམ་བཟང་།
ཛི ན པུ ཏྲ སུ པ ནྠི ནཱ མ མ ཧཱ ཡཱ ན ཡོ ག སྱ ནཱ ཡཱ བ ཏ རོ པ དེ ཤ སྱ བྲྀ ཏྟི བི ཧ ར ཏི སྨ།
ཐེག་པ་ཆེན་པོའི་རྣལ་འབྱོར་གྱི་ཚུལ་ལ་འཇུག་པའི་མན་ངག་གི་འགྲེལ་པ་རྒྱལ་སྲས་ལམ་བཟང་ཞེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི། བསྐལ་བཟང་རྣམ་འདྲེན་སྟོང་ལས་ཐུགས་བསྐྱེད་དང་། །སྨོན་ལམ་རྒྱ་མཚོ་རྫོགས་པའི་མཐུ་མངའ་བ། །ཞིང་འདིའི་སྟོན་པ་ཤཱཀྱ་སེང་གེ་ཞེས། །སྙན་པས་ས་གསུམ་ཁྱབ་ལ་ཕྱག་འཚལ་ལོ། །བརྒྱད་གཉིས་ལང་ཚོས་སྒེགས་པ་གཞོན་ནུའི་ཚུལ། །ཡེ་ཤེས་འཕྲུལ་གྱི་སྣང་བ་འབྱམས་ཀླས་པ། །དྲན་པས་མུན་སེལ་ཤེས་རབ་སྟེར་བའི་ལྷ། །གཉིས་མེད་ཡིད་དང་མཉམ་ལ་གུས་པས་འདུད། །ལུང་རིགས་མན་ངག་ཐུགས་རྗེའི་ག ཏེར་ཆེན་གྱིས། །དུས་གསུམ་བསྟན་འགྲོའི་རྒུད་པ་སེལ་བའི་གཉེན། །སྐྱེས་བུ་དམ་པ་ཀུན་ལ་ཕྱག་འཚལ་ནས། །གཞུང་འདིའི་དགོངས་པ་ཅུང་ཟད་བཀྲལ་བར་བྱ། །ཞེས་མཆོད་པར་བརྗོད་ནས་གང་བཤད་པར་བྱ་བ་ནི་སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་མཛད་པའི་ཐེག་པ་ཆེན་པོའི་རྣལ་འབྱོར་ལ་འཇུག་པའི་ཐབས་རིམ་པར་ཕྱེ་བ་འདི་ལ་སྤྱི་དོན་རྣམ་པ་གསུམ་སྟེ། ཀླད་ཀྱི་དོན་དང་། མངོན་པར་འདོད་པ་གཞུང་གི་དོན་དང་། མཇུག་ཁེང་སྐྱུང་ཞིང་དགེ་རྩ་བསྔོ་བར་བསྟན་པའོ། །ཀླད་ཀྱི་དོན་ལ་གཉིས་ཏེ། ཕྱག་འཚལ་བ་དང་བཤད་པར་དམ་བཅའ་བའོ། །དང་པོ་ནི། ཉེས་པའི་སྐྱོན་བྲལ་སོགས།༣ སྒྲིབ་གཉིས་བག་ཆགས་དང་བཅས་པ་ཉེས་པའི་སྐྱོན་དང་བྲལ་བ་སྤང་བ་ཕུན་ཚོགས་དང་། མཁྱེན་པ་དང་བརྩེ་བས་བསྡུས་པའི་ཡོན་ཏན་མཐའ་དག་རྫོགས་པ་རྟོགས་པ་ཕུན་ཚོགས་དང་། འགྲོ་བ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བའི་ལེགས་ཚོགས་ཇི་སྙེད་པ་ཐམས་ཅད་འབྱུང་བའི་གནས་གཅིག་པུ་སྟེ་ཕྲིན་ལས་ཕུན་སུམ་ཚོགས་པའོ། །མངོན་རྟོགས་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་ཞེས་རང་བྱུང་གི། །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་སོ། །དེ་ལྟར་དོན་གཉིས་ལྷུན་གྱིས་གྲུབ་པའི་ཐུན་མོང་གི་དཀོན་མཆོག་རྣམ་གསུམ་དང་ཐུན་མོང་མ་ཡིན་པའི་དཀོན་མཆོག་རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ལོ། །དགོས་པ་ནི་བསོད་ནམས་བསགས་པས་བསམ་པ་འགྲུབ་པ་དང་བྱ་བ་རྐྱེན་གྱིས་མི་འཕྲོག་པ་དང་། གདུལ་བྱ་བསྟན་བཅོས་ལ་སྤྲོ་བ་སྐྱེད་པའོ། །གཉིས་པ་ནི། ཐེག་ཆེན་རྣལ་འབྱོར་འཇུག་ཐབས་བརྗོད་པར་བགྱི། ཞེས་སོ། །འདིར་མཚན་གྱི་ཁོངས་སུ་གཞུང་དོན་འདུས་པས་ཅུང་ཟད་བཤད་ན། སྤྱིར་ཐེག་པའི་དབྱེ་བ་མང་ཡང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལ་འདིར་ཕ་རོལ་དུ་ཕྱིན་པའི་ཐེག་པ་ཆེན་པོ་ཡིན་ལ། མ་ཧཱ་ཡཱ་ནའི་སྒྲ་ཐེག་ཆེན་དང་ཡཱ་ན་ཐེག་པ་ཙམ་སྟེ་འགྲོ་བའི་བྱ་བ་ལ་འཇུག་པས་གོང་ནས་གོང་དུ་བགྲོད་པར་བྱ་བ་ལམ་དང་གསུང་རབ་ལའང་འཇུག་གོ། །ཆེན་པོ་ནི་ཐེག་དམན་ལས་ཆེན་པོ་བདུན་གྱིས་འཕགས་ཚུལ་མདོ་སྡེ་རྒྱན་ལས་བཤད་པ་དང་། ཕར་ཕྱིན་སྡུད་པ་ལས། ཅི་ཕྱིར་འདི་ནི་ཐེག་ཆེན་བྱ་ཞེ་ན། །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །ཅེས་ནམ་མཁའ་ལ་དངོས་པོ་ཀུན་ཤོང་བ་ལྟར་ཐེག་དམན་གྱི་ལམ་ཐམས་ཅད་ཀྱང་འདིར་ཡོན་ཏན་ཡར་ལྡན་གྱི་ཚུལ་གྱི་ཤོང་བ་དང་། ཐར་པའི་མདོ་ལས། ཐེག་ཆེན་དཔེ་ཚད་རྒྱ་མཚོ་བཞིན། །ཐེག་པ་ཆུང་ངུ་རྨིག་རྗེས་ཆུ། །ཞེས་རྨིག་རྗེས་ཀྱི་ཆུ་རྒྱ་མཚོར་འདུས་ཤིང་རྒྱ་མཚོ་ཉིད་མི་ཟད་པའི་གཏེར་དང་ལྡན་པ་ལྟར། ཟབ་པ་དང་རྒྱ་ཆེ་བའི་ཆོས་མཐའ་ཡས་པ་དང་ལྡན་པའོ། །མདོར་ན་རིན་ཆེན་ཕྲེང་བ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་བདག་མེད་གཉིས་རྟོགས་པའི་ཁྱད་པར་དུ་བྱས་པས་འཕགས་སོ། །དེ་ཡང་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡུམ་དེ་ལས་གཞན་མེད་དེ། སྡུད་པར། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་སོ། །ཐེག་ཆེན་འདིའི་ལམ་གྱི་དངོས་གཞི་ནི་གཟུང་འཛིན་གྱི་རྟོག་པ་དང་བྲལ་ཞིང་། སྙིང་རྗེའི་རླན་དང་ལྡན་པ་མི་རྟོག་པའི་ཡེ་ཤེས་ལས་སྐྱེས་པའི་ཏིང་ངེ་འཛིན་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལ་སྤྱོད་པའོ། །དེའང་ཞི་ལྷག་ཟུང་འབྲེལ་གྱི་ལམ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡིན་ལ། མི་རྟོག་པའི་ཏིང་ངེ་འཛིན་གྱིས་རྣམ་རྟོག་འགགས་པ་ལ་གཟུང་འཛིན་ལས་གྲོལ་བ་ཞེས་བྱ་སྟེ། མི་རྟོག་པའི་ཏིང་ངེ་འཛིན་ནི་སྤང་བྱའི་དངོས་གཉེན་ཡིན་པས་ཟག་མེད་བར་ཆད་མེད་ལམ་དང་། རྣམ་རྟོག་འགགས་པ་ནི་རྣམ་གྲོལ་ལམ་ཡིན་ཞིང་སྔ་མ་ནི་རྐུན་པོ་ཕྱིར་ཕྱུང་བ་དང་། ཕྱི་མ་ནི་སྒོ་གླེགས་བསྡམས་པ་ལྟ་བུའོ། །ཡོ་གའི་སྒྲས་རྣལ་འབྱོར་ཏེ་ནང་སེམས་ཀྱི་དོན་རྣལ་མ་ལ་དབང་འབྱོར་བར་འཇོག་པ་ལ་འཇུག་པའི་ཐབས་ཀྱི་རིམ་པ་རྣམས་བརྗོད་པར་བགྱིའོ། །ཞེས་དགོས་པ་ནི་བྱ་བ་ལ་ལོང་ཡོད་མི་བྱེད་པར་མྱུར་དུ་འགྲུབ་པ་སྟེ། ཤེས་རབ་སྡོང་བུ་ལས། དམ་པས་མང་པོ་ཁས་ལེན་མི་བྱ་ཞིང་། །གལ་ཏེ་བཀའ་བ་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འདོར་བ་མ་ཡིན་ནོ། །ཞེས་སོ། །གཉིས་པ་མངོན་པར་འདོད་པ་གཞུང་གི་དོན་ལ་གསུམ་སྟེ། ལུས་ཀྱི་ཚུལ་དུ་མདོར་བསྟན་པ་དང་། ཡན་ལག་གི་ཚུལ་དུ་རྒྱས་པར་བཤད་པ་དང་། མཇུག་གདམས་པ་དང་བཅས་ཏེ་བསྟན་པའོ། །དང་པོ་ལ་གསུམ་ལས། ཆོས་སྒྲུབ་པའི་འགལ་རྐྱེན་ཐག་བསྲིང་བའི་ཕྱིར་དབེན་པ་བསྟེན་པ་ནི། གང་ཞིག་སོགས།༢ བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་པ་གང་ཞིག་བདག་དང་གཞན་གྱི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་སྤོང་བར་འདོད་ཅིང་། ཞི་བ་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་འཐོབ་པར་འདོད་པས་ཐོག་མ་ཁོ་ནར། གྲོང་ལས་རྒྱང་གྲགས་ཞེས་རྔ་འམ་དུང་ཆེན་པོའི་སྒྲ་ཐོས་པ་ཚུན་ཆད་དམ། གཞུ་འདོམ་ལྔ་བརྒྱས་ཆོད་པའི་དགོན་པའི་གནས་སུ་གནས་པར་བགྱི་དགོས། ཞེས་སོ། །དེ་ཡང་སློབ་དཔོན་ཆེན་པོའི་མན་ངག་ལྟ་ཕྲེང་ལས། ཆོས་བྱེད་པ་ལ་གནས་ཀྱང་གལ་ཆེ་བས། གོང་དུ་ཏིང་ངེ་འཛིན་དམ་པ་གྲུབ་ན་དེ་བས་ལྷག་པ་གཞན་དུ་མི་རྙེད་པས་བསྟེན་པ་ལ་གདམས་པའོ། །གང་དུ་རྩོད་པ་དང་མི་དགེ་བ་འཕེལ་ན་ཐར་པའི་ལམ་ལ་བར་དུ་གཅོད་པས་སྤང་བར་བྱའོ། །ཞེས་དང་། ཆགས་སྡང་གི་རྣམ་རྟོག་འཕེལ་བའི་རྐྱེན་ཅན་དུ་ཅི་ཙམ་བསྒོམས་ཀྱང་འགྲུབ་པར་མི་འགྱུར་བས་གནས་ངན་དང་བྲལ་དགོས་པ་ནི། ལྷག་བསམ་བསྐུལ་པའི་མདོ་ལས། གང་ན་སྤྲོས་པའམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག །གང་ན་ཉོན་མོངས་སྐྱེས་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཀྱང་གནས་ཤིང་འདུག་མི་བྱ། །ཞེས་དང་། སྐྱེས་རབས་ལས། ཕར་བསྲེ་ཚུར་བསྲེའི་སྒྲུབ་པ་ཡུན་རིང་ལས། །རིག་པ་དྭངས་སེའི་སྒྲུབ་པ་ཞག་གཅིག་དགའ། །ཞེས་སོ། །འདོད་བྱའི་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་ནས་དབེན་པར་བསྟེན་དགོས་ཀྱི། གཞན་དུ་ན་ལམ་ལ་ཐེ་ཚོམ་སྐྱེས་ནས་ངེས་པ་མི་རྙེད་པའི་ཕྱིར་རོ། །འདུལ་བ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ནི་གནས་པ་བདེ། །ཞེས་དང་། བསླབ་བཏུས་ལས། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །ཞེས་སོ། །དབེན་པ་བསྟེན་པའི་ཕན་ཡོན་མང་དུ་ཡོད་ཅིང་། ཏིང་འཛིན་རྒྱལ་པོའི་མདོར། རྟག་ཏུ་ནགས་ཁྲོད་དབེན་པ་བརྟེན་པར་གྱིས། །གྲོང་དང་གྲོང་ཁྱེར་དགའ་བ་རྣམས་སྤངས་ལ། །བསེ་རུ་ལྟ་བུ་གཉིས་སུ་མེད་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་སོ། །གཉིས་པ་དབེན་པའི་གནས་སུ་བདེན་པ་བཞིའི་དོན་ཁོང་དུ་ཆུད་པར་བསྟན་པ་ནི། གོང་དུ་བཤད་པ་བདེ་སྡུག་གི་རྒྱུ་འབྲས་ལ་བླང་དོར་བྱ་དགོས་པ་དེ་ཡང་གསུང་རབ་དམ་པའི་ཆོས་མཐའ་དག་གི་གཞུང་རྣམས་ལས་ལམ་གྱི་རིམ་པ་འདི་ལྟར་བཤད་པ་གདའ་སྟེ། ཁམས་གསུམ་འཁོར་བའི་སྡུག་བསྔལ་གསུམ་ལ་སོགས་པ་ཉེས་དམིགས་མང་པོ་ཇི་སྙེད་ཡོད་པ་རྣམས་ནི་ཞེས་འབྲས་བུ་སྡུག་བདེན་དང་། བདག་མེད་པ་ལ་བདག་ཏུ་འཛིན་པ་ཕྱིན་ཅི་ལོག་གི་རྣམ་རྟོག་དང་དེས་བསྐྱེད་པའི་ཆགས་སོགས་ཉོན་མོངས་པ་དང་། དེས་ཀུན་ནས་བསླང་པའི་ཟག་བཅས་ཀྱི་ལས་རྣམས་རྒྱུ་ཀུན་འབྱུང་བདེན་པ་སྟེ་འཁོར་བའི་རྒྱུ་ཀུན་ཉོན་ཕྱོགས་ཀྱི་རྒྱུ་འབྲས་གཉིས་དང་། སྡུག་བསྔལ་རྒྱུ་བཅས་སྤངས་ནས་མྱ་ངན་ལས་འདས་པ་ནི་ཞི་བ་བསིལ་བ་བདེ་བ་ཀུན་གྱི་མཆོག་ཅེས་འབྲས་བུ་འགོག་བདེན་དང་། ཕྱི་ནང་གི་ཆོས་ཀུན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་གཉིས་མེད་པར་རྟོགས་པ་ནི། མྱ་ངན་ལས་འདས་པའི་རྒྱུའི་གཙོ་བོ་ལམ་གྱི་བདེན་པ་སྟེ་རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་གཉིས་ཏེ། བདེན་པ་བཞིའི་དོན་བསྡུས་ཏེ་བསྟན་ནོ། །དེ་ལ་སྡུག་ཀུན་ལ་ངེས་འབྱུང་དང་འགོག་ལམ་ལ་འཇུག་འདོད་དེ་ལམ་ཀུན་གྱི་རྩ་བ་ཡིན། ཐེག་ཆེན་གྱིས་དེ་ལས་གཞན་དོན་གྱི་བློ་སྦྱར་དགོས། ཐེག་ཆེན་གྱི་འགོག་བདེན་ནི་ཆོས་སྐུ་དོན་དམ་བདེན་པ་མཐར་ཐུག་ཡིན་པས་སྤྲོས་པའི་སྒྲོ་འདོགས་ཐམས་ཅད་དང་བྲལ་བ་སོགས་ཞིབ་པར་གཞན་ནས་ཤེས་པར་བྱའོ། །འདིར་བདག་འཛིན་གྱི་རྣམ་པར་རྟོག་པ་ཉིད་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་མ་རིག་པ་སྟེ། མདོ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་དང་དེ་ཉིད་འཁོར་བའི་རྒྱུ་ཡིན་པའང་མདོ་སྡུད་པར། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་བསྟན། །ཞེས་སོ། །གསུམ་པ་བྱ་བ་སྤངས་ནས་བདག་འཛིན་གྱི་གཉེན་པོ་སྟོང་ཉིད་བསྒོམ་པར་བསྟན་པ་ནི། རྒྱུ་མཚན་དེ་བས་ན་འཇིག་རྟེན་ཕལ་པ་དང་འབྲེལ་བའི་འདོད་ཡོན་ལོངས་སྤྱོད་གསོག་བསྐྲུན་གྱི་བྱ་བྱེད་བུན་ལོང་ངམ་འདུ་འཛི་ཐགས་བསྲིང་སྟེ་སྤངས་ལ། རྒྱལ་བས་བསྔགས་པའི་རི་ཁྲོད་དགོན་པ་མཐུན་རྐྱེན་དང་ལྡན་ཞིང་འགལ་རྐྱེན་མེད་པར་གནས་ནས། བདག་འཛིན་གྱི་གཉེན་པོར་ཞི་སྒོ་གཅིག་པུ་སྟོང་པ་ཉིད་བསྒོམ་པར་བྱའོ། །ཞེས་སྟོང་ཉིད་དང་སྒོམ་ཚུལ་འོག་ཏུ་འབྱུང་ངོ་། །འདུལ་བ་ལས། རང་དབང་ཐམས་ཅད་བདེ་བ་ཡིན། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །ཐུན་མོང་དག་གིས་གནོད་བྱེད་དེ། །འབྲེལ་བ་ཤིན་ཏུ་འདའ་བར་དཀའ། །ཞེས་དང་། ལྷག་བསམ་བསྐུལ་བར། ཁྱིམ་གྱི་བྱ་བ་ལ་དགའ་བའི་ཉེས་པ་ཉི་ཤུ་གསུངས་པ་ལས། ཁྱིམ་ན་གནས་པའི་ལམ་རྣམས་རྟག་སེམས་དང་། དེ་ནི་རྟག་ཏུ་འདོད་པས་རྣམ་པར་གཡེང་། བསམ་གཏན་དང་ནི་སྤོང་བ་དེ་མི་བྱེད། ཉེས་པ་འདི་དག་ལས་ལ་དགའ་བས་ཡིན། ཞེས་དང་། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཁྱིམ་གྱི་ཉེས་དམིགས་བརྒྱ་རྩ་གཅིག་གསུངས་པ་དང་། སྐྱེས་རབས་ལས། ལས་རྣམས་རྣམ་པ་མང་པོས་རྣམ་པར་གཡེང་། །ཡོངས་སུ་བཟུང་དང་སྒྲུབ་དང་སྲུང་བས་བྲེལ། །སེམས་ནི་མ་ཞི་སྡུག་བསྔལ་འབྱུང་བའི་གནས། །ཁྱིམ་པས་ནམ་ཡང་ཞི་བའི་ལས་མི་འགྲུབ་ཅེས་སོ། །གཉིས་པ་ཡན་ལག་གི་ཚུལ་རྒྱས་པར་བཤད་པ་ལ་བཞི་སྟེ། སྡུག་བསྔལ་གྱི་བདེན་པ་རྒྱས་པར་བསྟན་པ་དང་། ཀུན་འབྱུང་གི་བདེན་པ་རྒྱས་པར་བསྟན་པ་དང་། འགོག་པའི་བདེན་པ་རྒྱས་པར་བསྟན་པ་དང་། ལམ་གྱི་བདེན་པ་རྒྱས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་རྒྱས་བཤད་དོ། །དང་པོ་ལ་གཉིས། སྡུག་བསྔལ་དྲི་བ་དང་། ལན་ལ་སྡུག་བསྔལ་གྱི་རྣམ་གྲངས་བསྟན་པའོ། །དང་པོ་ནི། འཁོར་བ་ཇི་ལྟར་ཉེས་དམིགས་མང་ཞེ་ན། །ཞེས་སོ། །གཉིས་པ་ནི། འཁོར་བའི་ཆོས་ནི་སོགས།༣ འཇིག་རྟེན་འཁོར་བའི་ཆོས་རྣམས་ནི་བསྡུ་ན་མཚན་ཉིད་བཞི་རུ་འདུས་ཏེ། གང་ཞེ་ན། འཁོར་བ་ཟག་བཅས་ཕུང་པོ་ལྔ་པ་ཉིད་རང་སྐད་ཅིག་གིས་འཇིག་ཅིང་གཉེན་པོས་རབ་ཏུ་འཇིག་པས་ན་མི་རྟག་པའི་མཚན་ཉིད་དེ། མདོ་ལས། འཇིག་ཅིང་རབ་ཏུ་འཇིག་པས་ན་འཇིག་རྟེན་ནོ། །ཞེས་སོ། །སྐྱེ་འཇིག་གི་ངོ་བོར་གནས་པའི་མཚན་ཉིད་ཀྱང་བཤད། གང་མི་རྟག་པ་ནི་སྡུག་བསྔལ་བའོ། །ཞེས་པས་ཟག་བཅས་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པས་སྡུག་བསྔལ་དང་། ཕུང་པོ་ལས་དོན་གཞན་རྟགས་བདག་གིས་སྟོང་པ་དང་ཕུང་པོ་རང་གི་ངོ་བོ་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་མེད་པའམ། ཡང་ན་རྟེན་པར་བྱེད་པའི་བདག་དང་འབྲེལ་བ་མེད་པས་སྟོང་པ་དང་། རང་ཉིད་བདག་མ་ཡིན་པས་བདག་མེད་པ་སྟེ་དེ་དག་ནི་རང་རང་གི་མཚན་ཉིད་དང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་ནི་ཀུན་ལ་ཁྱབ་པས་ཐམས་ཅད་ཀྱི་ངོ་བོའམ་སྤྱིའི་མཚན་ཉིད་དོ། །དེ་ལྟ་བུའི་སྒོ་ནས་སྡུག་བསྔལ་གྱི་རང་བཞིན་མ་ཤེས་ན་སྡུག་བསྔལ་ལས་ངེས་འབྱུང་མི་སྐྱེའོ། །དེའི་རང་བཞིན་ཞེས་སྔ་མ་གཉིས་རང་མཚན་དང་ཕྱི་མ་གཉིས་སྤྱི་མཚན་དུ་བཞག་པ་འདྲའོ། །གཉིས་པ་རྒྱས་བཤད་ལ་གཉིས་ཏེ། མི་རྟག་པ་རྒྱས་བཤད་དང་། སྡུག་བསྔལ་རྒྱས་བཤད་དོ། །དང་པོ་ལ་གཉིས། ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་དང་། ནང་བཅུད་ཀྱི་སེམས་ཅན་མི་རྟག་པར་བཤད་པའོ། །དང་པོ་ལ་ལྔ་སྟེ། དམ་བཅའ་བ་དང་། ཆགས་འཇིག་བྱེད་པའི་ཕྱིར་མི་རྟག་པ་དང་། གནས་སྐབས་འགྱུར་བའི་ཕྱིར་མི་རྟག་པ་དང་། མཇུག་བསྡུས་ཏེ་བསྟན་པ་དང་། སྐྱོན་སྤོང་བསྟན་པའོ། །དང་པོ་ནི། གོང་དུ་མི་རྟག་པའི་མཚན་ཉིད་བསྡུས་ཏེ་བསྟན་པ་དེ་ལ་སླར་ཡང་རྒྱས་པར་བཤད་པར་བྱའོ། །ཞེས་སོ། །གཉིས་པ་ནི། སྣོད་ཀྱི་འཇིག་རྟེན་སོགས།༤ འདི་ལྟར་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གྲུབ་པའི་འགྲོ་བའི་རྟེན་གནས། ཕྱི་སྣོད་ཀྱི་འཇིག་རྟེན་རི་རབ་རི་བདུན་གླིང་བཞི་ལྷ་གནས་སོགས་འབྱུང་བཞིའི་ཁམས་ཤིན་ཏུ་བརྟན་པ་བསྐལ་བར་གནས་པ་འདི་དག་ཀྱང་། ནམ་ཞིག་འཇིག་པའི་དུས་ལ་བབ་པའི་ཚེ། ནང་བཅུད་ཀྱི་སེམས་ཅན་རྣམས་མས་རིམ་ནས་སྟོང་སྟེ་བསམ་གཏན་དང་པོའི་ལྷ་གནས་མན་ཆད་ན་སེམས་ཅན་གཅིག་ཀྱང་མེད་པར་འགྱུར་ལ། མདོ་སྡེ་བརྒྱད་བརྒྱ་པར། སེམས་ཅན་རེ་ལུས་ནས་བསྲེག་པའི་སྡུག་བསྔལ་མྱོང་བར་བཤད། དེ་ནས་བསྐལ་པ་འཇིག་པའི་མེ་ཉི་མ་བདུན་རིམ་པར་ཤར་བྱུང་བས། རྩི་ཤིང་ནགས་ཚལ་ནས་ཁོར་ཡུག་ལྕགས་རི་ཚུན་བསྲེགས་ནས་མེ་ལྕེ་གཅིག་ཏུ་གྱུར། ཐུར་དུ་དམྱལ་བའི་གནས་དང་གྱེན་དུ་ཚངས་པའི་གནས་ཀྱང་བསྲེག་ནས་ཐལ་བའི་ལྷག་མ་ཙམ་ཡང་མི་ལུས་སོ། །དེ་འདྲའི་མེས་ལན་བདུན་ཞིག་རྗེས། བསམ་གཏན་གཉིས་པའི་ལྷ་གནས་ནས་ཆར་ཆེན་པོ་བྱུང་བས་དེ་མན་ཆད་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་འཇིག །དེ་འདྲའི་ཆུས་ལན་བདུན་ཞིག་པའི་རྗེས་སུ་འོག་གཞི་རླུང་རྡོ་རྗེ་རྒྱ་གྲམ་ཅན་གྱེན་དུ་ལངས་ཏེ། བསམ་གཏན་གསུམ་པའི་ལྷ་གནས་མན་ཆད་ཐལ་བ་རླུང་གིས་གཏོར་བ་ལྟར་གཏོར་ནས་འཇིག་པ་ཡང་དེ་བཞིན་ནོ། །དེར་མ་ཟད་རི་གླིང་ལྷ་གནས་བཅས་བྱེ་བ་ཕྲག་བརྒྱ་སྟོང་གསུམ་འཇིག་རྟེན་གཅིག་ཏུ་ཆུད་པ་ཐམས་ཅད་མཉམ་དུ་ཞིག་ནས་ནམ་མཁའ་སྟོང་པར་གྱུར་པའི་སྐབས་ཡོད་ཅིང་། དེ་ལ་བསམ་ནས་བློ་སྦྱོང་ན་སྣོད་ལ་ཞེན་པ་ལྡོག་གོ། །གཉིས་པ་ནི། གཞན་ཡང་དབྱར་དྲོ་སོགས། མཐར་ཐུག་མི་རྟག་པར་བཤད་པ་དེ་ལས་གཞན་ཡང་གནས་སྐབས་སུའང་དུས་བཞིའི་འགྱུར་བ་ནི། དབྱར་ནི་དྲོད་ཀྱིས་སྨིན་པའི་རྩི་ཤིང་མེ་ཏོག་ལ་སོགས་པ་སྐྱེས་ཤིང་ཉམས་དགའ་བ་ལ། དགུན་ནི་གྲང་ངར་ཆེ་ཞིང་དབྱར་གྱི་མཐོང་སྣང་ཐམས་ཅད་སྐམ་ནས་མེད་པས་ཡིད་མུག་པར་འགྱུར་བ་དང་། འབད་རྩོལ་བྱས་པའི་ལོ་ཏོག་རྣམས་ཀྱང་རེ་འགའ་ལེགས་རེ་འགའ་ཉེས་པའང་ཉི་ཚན་གྱི་ཐན་པ་དང་། ཆར་ཆུ་ཧ་ཅང་ཞོད་ཆེ་བ་སད་དང་སེར་བ་སོགས་ཀྱིས་ཉམས་པ་དང་བརླག་པས་གཅིག་ཏུ་ངེས་པ་མེད་ལ། བསྐལ་པ་ཆེན་པོ་ཡང་རིལ་པོ་གཅིག་མ་ཡིན་ཏེ། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ནས་ཞག་དང་ཟླ་བ་ལོར་ལོངས། ལོ་ཡང་ཕུང་པོར་སྤུངས་པ་མེད་སྐད་ཅིག་ཀྱང་སྡོད་པ་མེད་པར་རིམ་པར་འདས་ཤིང་། མཐར་འཇིག་པ་ཆེན་པོའི་དུས་དང་ཉེ་བར་འོང་ནས་འཇིག་གོ། །གསུམ་པ་ནི། དེ་ལ་སོགས་པ་གཞུང་རྣམས་ལས་དཔེ་དོན་མང་དུ་གདའ་བས་མི་རྟག་པ་བསྒོམ་པར་དགོངས་ན་གཟིགས་པར་འཚལ་ལོ། །བཞི་པ་ནི། ཁ་ཅིག་ན་རེ། མཐར་འཇིག་པ་ནི་བདེན་མོད། སྣོད་ཀྱི་ཁམས་ནི་ཐོག་མ་ནས་ཐ་མའི་བར་དུ་ཡོད་ཅིང་། བུམ་པ་ལྟ་བུ་སྔ་དྲོ་ཡོད་པ་ཕྱི་དྲོ་ཡང་ཡོད་ལ། རྐྱེན་དང་མ་འཕྲད་ན་མི་འཇིག་པས་དེ་བར་དུ་རྟག་པ་ལགས་སོ་ཞེ་ན་མི་འཐད་དེ། རྟག་པ་ལ་འཕོ་འགྱུར་མེད་པས་ཅིའི་ཕྱིར་གོང་དུ་བཤད་པའི་གནས་སྐབས་འགྱུར་ཞིང་འགྲོ་བ་དེ་འཐད་དེ་མི་འཐད་དོ། །དེ་ནི་མངོན་སུམ་ཡིན་ནོ། །འདི་ནི་འདུས་བྱས་སྐད་ཅིག་མའི་རྒྱུན་འདྲ་བ་གཞན་དང་གཞན་འབྱུང་བ་ལ་གཅིག་ཏུ་འཁྲུལ་བ་སྟེ་མགལ་མེའི་འཁོར་ལོ་བཞིན་ནོ། །དཔེར་ན་སྐད་ཅིག་ཕྲ་བའི་མི་རྟག་པ་མ་ཤེས་པ་དག་ཆུ་འདི་ལ་བདག་སྔར་ཡང་བརྒལ་ལོ་ཟེར་བ་ལ། སྔར་གྱི་ཆུ་དེའི་རླན་ཙམ་ཡང་ད་ལྟ་མེད་དེ། ཆུའི་རྡུལ་སྐད་ཅིག་སྔ་མ་རྣམས་འགག་པའི་རྒྱུན་བར་མ་ཆད་པ་ལ་གཅིག་ཏུ་འཁྲུལ། བརྒལ་བ་པོ་རང་ཡང་སྔ་ཕྱི་གཅིག་མ་ཡིན་ཏེ། རྣམ་པར་རྟོག་པའི་སྐད་ཅིག་མ་བཞིན་ནོ། །ཨཱརྱ་དེ་བས། ཇི་ལྟར་རྒྱུན་ལ་བལྟ་ཉེས་ན། །རྟག་པ་ཡོད་ཅེས་བྱ་བར་འགྱུར། །ཇི་ལྟར་ཚོགས་ལ་བལྟ་ཉེས་ན། །དངོས་པོར་ཡོད་ཅེས་བྱ་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དང་པོ་མི་འགྱུར་བར་ཡོད་པ་ཕྱི་རྐྱེན་གྱིས་མེད་པར་འགྱུར་ན་ཆད་པར་ལྟ་བ་ཡང་འགྱུར་ཏེ། རྩ་ཤེས་ལས། སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་སོ། །དེས་ན་འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་མི་ལྟོས་པར་རང་སྐད་ཅིག་ཀྱང་མི་སྡོད་པར་ཤེས་དགོས་སོ། །གཉིས་པ་ནང་བཅུད་ཀྱི་སེམས་ཅན་མི་རྟག་པར་བཤད་པ་ལ་གཉིས་ཏེ། བཤད་པར་དམ་བཅའ་བ་དང་། བཤད་པ་དངོས་བསྟན་པའོ། །དང་པོ་ནི། སྣོད་ཀྱི་འཇིག་རྟེན་མི་རྟག་པར་མ་ཟད་བཅུད་ཀྱི་འཇིག་རྟེན་སེམས་ཅན་གྱི་ཚེ་འདི་ཡང་མི་རྟག་པར་བཤད་དོ། །ཞེས་སོ། །དངོས་ལ་གཉིས་ཏེ། རྟེན་པའི་སེམས་ཅན་མི་རྟག་པ་དང་། བརྟེན་རྫས་ཡོ་བྱད་མི་རྟག་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། སེམས་ཅན་འཆི་བ་ལས་མ་འདས་པས་མི་རྟག་པ་དང་། མ་ཤི་བར་དུ་མི་རྟག་པར་བསྟན་པའོ། །དང་པོ་ལ་བཅུ་གསུམ་ལས། དང་པོ་ཉིན་མཚན་འདས་ནས་ཚེ་ཟད་པ་ལ་མི་འཆི་བའི་དབང་མེད་པའི་དཔེ་དང་བཅས་བསྟན་པ་ནི། ཉིན་ཞག་སོགས།༥ འདི་ལྟར་སྐྱེས་བུ་རྣམས་ཀྱི་ཚེ་ནི་སྔོན་ལས་ཀྱིས་འཕང་པའི་ཡུན་དེ་ཉིད་སྐད་ཅིག་ཐང་ཅིག་ཡུད་ཙམ་ལས་ཉིན་ཞག་ལོ་ཟླ་རྣམས་རིམ་གྱིས་གཅོད་པར་བྱེད་པར་འཛད་པ་ཡིན་པས། ཉིན་ཞག་རེ་འདས་ཤིང་ཚེ་བསྟུང་བས་ཤི་བ་དང་ཕར་ཕར་ཉེ་བ་ཡིན་ལ། དེའི་ཚེ་མི་འཆི་བར་འདོད་ཀྱང་སྐྱེ་བ་ཐམས་ཅད་འཆི་བའི་གཞན་དབང་ཅན་ཡིན་པས་བདག་ལ་རང་དབང་མེད་ལ། རྒྱུ་མཚན་ནི་སྡུག་བསྔལ་གྱི་འཁྲུལ་འཁོར་སྐྱེ་རྒ་ན་འཆི་བཞི་པོ་གཅིག་རྗེས་སུ་གཅིག་བརྒྱུད་མར་འོང་བ་རང་འཐག་གི་རི་མོ་འདྲ་བ་དང་། ཕྱོགས་བཞི་ནས་རི་ཆེན་པོ་མཐོ་ཞིང་ལྷུན་སྟུག་པ་བཞི་འོང་བ་སུས་ཀྱང་བཟློག་མི་ནུས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས་གསུངས། འཆི་བདག་གི་བདུད་ཀྱི་མིག་གིས་ལྟ་ཞིང་གཟས་པ་ནི་ཟིན་ན་མི་འཆོར་ངེས་པ་སོ་ཡོད་པའི་ཆུ་བྱས་ཉ་སྡོད་པ་སྟེ་སྒུག་པ་འདྲའོ། །ཚོམ་ལས། ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པར་འགྲོ་བ་བཞིན། །མི་ཡི་ཚེ་ནི་དེ་བཞིན་ནོ། །ཞེས་སོ། །གཉིས་པ་འཚོ་རྐྱེན་དུ་བསམ་པའི་དངོས་ཀུན་འཆི་རྐྱེན་འགྲོ་ཞིང་ཐམས་ཅད་འཆི་བའི་གཞན་དབང་ཡིན་པ་ནི། འཆི་བའི་རྐྱེན་ནི་སོགས།༥ རྩ་བ་གོ་སླ། ཇི་སྐད་དུ། འཆི་བའི་རྐྱེན་ནི་ཤིན་ཏུ་མང་། །འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང་། །དེ་ཡང་འཆི་བའི་རྐྱེན་དུ་འགྱུར། །ཞེས་དང་། མྱ་ངན་བསལ་བའི་སྤྲིང་ཡིག་ལས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས། ངེས་པར་འཆི་བའི་དཔེ་མདོ་ལས། འབྲས་བུ་སྨིན་པའི་ཤིང་ཏོག་བཞིན། །ལུས་ཅན་རྣམས་ནི་འཆི་བར་འགྱུར། །ཞེས་དང་། ཚེ་གློ་བུར་བ་ཡིན་པས་མ་ངེས་པ་དང་སྣོན་པ་མེད་པས་མྱུར་དུ་འཆི་བ་བསམ་པ་གལ་ཆེ་སྟེ། མི་རྟག་པའི་གཏམ་ལས། ལྟག་ཆུ་བཅད་པའི་རྫིང་བུ་བཞིན། །སྣོན་མེད་བྲི་བ་དང་བཅས་པས། །ཀུན་ནས་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་རྟོན། །ཞེས་གསུངས། གསུམ་པ་འཆི་བའི་ཚེ་བུ་ནོར་གྱིས་མི་ཕན་ཞིང་གནོད་པའི་གྲོགས་སུ་འགྱུར་བ་ནི། སྔ་མ་ཤི་བའི་སོགས།༥ སྔ་མ་སྔ་མ་ཤི་བའི་མི་རྣམས་ཀུན་གྱིས་ཀྱང་རྟག་འཛིན་དང་སེར་སྣས་བུ་ནོར་བསགས་པ་ཐམས་ཅད་ཤི་བའི་ཚེ་ཕྱིར་ལུས་ནས་བདག་ལ་ཕན་པ་མེད་པ་བཞིན་དུ། ད་ལྟ་རང་རེ་རྣམས་ཀྱང་རྟག་ཏུ་རེ་ནས་བུ་དང་ནོར་བསགས་ཀྱང་ཤི་བའི་ཚེ་བུ་ནོར་ཀུན་ཕྱིར་ལུས་ཏེ་བ་དག་ལ་ཕན་པ་མེད་ལ། མ་ཟད་བློས་མི་ཐོངས་རྗེས་སུ་མི་འབྲང་བས་མྱ་ངན་གྱི་རྒྱུ་རུ་འགྱུར་རོ། །དེའི་ཚེ་རང་ཉིད་ལ་ཕན་པ་ནི་དགེ་བ་དང་གནོད་པ་ནི་བུ་ནོར་གྱི་དོན་དུ་སྡིག་བསགས་པ་དེ་གཉིས་དང་འགྲོགས་ཏེ་གཤིན་ཡུལ་དུ་འགྲོའོ། །དེ་བས་ད་ལྟ་བཏང་བར་བྱ་སྟེ། རྒྱལ་པོ་ལ་གདམས་པར། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །འཁོར་དང་ལོངས་སྤྱོད་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་གང་དང་གང་སྐྱེས་ཀྱང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་དང་། ལྗོན་ཤིང་རྡིབ་པར་གྱུར་པའི་ཚེ། །ཡལ་ག་ལོ་མས་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་བཟུང་བས་ཅི་ཞིག་བྱ། །ཞེས་སོ། །བཞི་པ་ཤི་བ་མཐོང་ཐོས་སུ་གྱུར་ཅིང་ལོ་བརྒྱ་ན་ད་ལྟའི་སེམས་ཅན་གཅིག་ཀྱང་མེད་པ་ནི། ད་ལྟ་རང་རེ་སོགས།༦༤ སྔོན་འདས་པ་ཐམས་ཅད་མཐོང་བར་མི་འགྱུར་ཡང་ད་ལྟ་རང་རེ་གནས་པའི་རིང་འདི་ལ་ཡང་། དགྲ་གཉེན་སོགས་ཇི་སྙེད་ཅིག་ཤི་བ་མཐོང་ཐོས་ཀྱི་མངོན་སུམ་དུ་གྱུར་པ་མ་ལགས་སམ་སྟེ་ལགས་ན། དེ་ལྟར་དུ་ད་ལྟའིུ་ས་སྟེང་ན་ཡོད་པའི་སེམས་ཅན་འདི་དག་ཀུན་ཀྱང་ལོ་བརྒྱ་ཚུན་ཆོད་ན་གཅིག་ཀྱང་མི་ལུས་པར་འཆི་བ་ཡིན་པས། དེས་ན་རང་རེ་ཡང་འཆི་བའི་ཆོས་ཅན་ཡིན་ན་ཅིའི་ཕྱིར་བག་ཕབ་སྟེ་བདེ་བར་འདུག་སྟེ་མི་རིགས་སོ། །མྱ་ངན་བསལ་བར། འདི་ལྟར་སྐྱེ་བ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་ཡིན། །ཞེས་སོ། །ལྔ་པ་འཆི་བ་ལ་སྐད་ཅིག་ཀྱང་ཚོད་འཛིན་མེད་ཅིང་དམ་པ་སྦྱིན་པ་མེད་པ་ནི། དེང་འཆི་སོགས། རང་རེ་ལ་མཁྱེན་པ་མེད་ཅིང་འཆི་བ་གློ་བུར་བ་ཡིན་པས་དེང་འཆིའམ་སང་འཆི་བ་ནི་སུས་ཀྱང་མི་ཤེས་ཏེ། དེང་ནས་ལོ་ཟླ་འདི་ཙམ་ཞེས་དུས་ཚོད་འཛིན་པའང་མེད་དེ་འཆི་རྐྱེན་ནམ་འོང་མི་ཤེས་པའི་ཕྱིར། ལྷག་པའི་ལྷའམ་འཆི་བདག་གིས་མི་འཇིགས་པ་སྦྱིན་པའང་མེད་ཅིང་། ཚེ་ལ་དབང་ཐོབ་པའང་མེད་ན་སང་ཕོད་འཆི་དེང་སང་མི་འཆི་ཞེས་བདག་གིས་ཇི་ལྟར་ཚོད་ངོས་ཟིན་པར་འགྱུར་ཏེ་མི་འགྱུར་རོ། །མཚན་མོ་བཟང་པོའི་མདོར། སང་ཙམ་འཆི་བ་སུས་ཤེས་ཀྱི། །དེ་རིང་ཉིད་ནས་བརྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་མ་ཡིན་ནོ། །ཞེས་སོ། །དྲུག་པ་འཆི་བའི་ཚེ་གཉེན་འདུན་སོགས་དང་ལྷན་ཅིག་མི་འཆི་བས་དེ་དག་གི་དོན་དུ་སྡིག་བསགས་པའི་འབྲས་བུ་རང་འབའ་ཞིག་ལ་ཐོབ་པ་ནི། འཆི་བའི་ཚེ་སོགས།༥ དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་བཤད་པས། ད་ལྟ་ཕ་མ་སོགས་ཀྱི་ཆེད་དུ་སྡིག་བསགས་ཀྱང་ཕྱིས་སུ་རྣམ་སྨིན་བགོ་བྱར་ཡོད་དོ་སྙམ་ན་མ་ཡིན་ཏེ། རང་འཆི་བའི་ཚེ་ཕ་མ་སོགས་མཉམ་དུ་མི་འོང་ཞིང་སྡུག་བསྔལ་གྱི་སྐལ་བ་ལེན་པ་ནི་འགའ་ཡང་མ་མཆིས་ཏེ། བདག་ཉིད་གཅིག་པུ་དགེ་སྡིག་གཉིས་དང་ལྷན་ཅིག་ཆས་ཏེ་འགྲོ་དགོས་པ་དེའི་ཚེ་གྲོགས་དགེ་སྡིག་གཉིས་ལས་སུ་ཡང་མེད་དོ། །དེས་ན་རང་དོན་དུ་མ་ཟད་གཞན་གྱི་དོན་དུའང་སྡིག་བྱེད་པར་མི་རིགས་སོ། །རྒྱལ་པོ་གླང་པོ་ལ་གསུངས་པའི་མདོ་ལས། ས་ཡི་བདག་པོ་རྟག་ཏུ་བག་ཡོད་ཀྱིས། །ཚེ་ནི་རྟག་ཏུ་འགྲོ་ཞིང་མི་གནས་ཏེ། །ནད་དང་མྱ་ངན་རྒ་བས་གཟིར་བ་ལ། །ཁྱོད་ལ་དགེ་བའི་ལས་འདྲ་སྐྱོབ་གཞན་མེད། །ཅེས་སོ། །སྔོན་མི་ཞིག་གིས་ཤིང་འཚོང་བ་ལ་ཆོམ་རྐུན་པ་དག་ན་རེ། འདི་ལྟ་བུའི་འཚོ་བ་སྒྲུབ་པས་ཁོ་བོ་ཅག་དང་ལྷན་ཅིག་འདོང་དང་རྙེད་པ་ཆེའོ་ཟེར། དེ་ན་རེ་སྡིག་པ་མི་ཆེའམ་ཟེར། དེ་དག་གིས་སྨྲས་པ། སྡིག་པ་དང་རྣམ་སྨིན་བགོ་བྱར་ཡོད་དོ། །དེས་རེ་ཞིག་ལྟའོ་ཞེས་སྨྲས། ནམ་ཞིག་ཁོའི་མགོ་ན་བས་གཟེར་བ་ལ་ཆོམ་རྐུན་རྣམས་དང་འཕྲད། དེ་དག་གིས་ད་ལྷན་ཅིག་འགྲོ་བྱས། དེ་ན་རེ་ངའི་ནད་འདིའི་བགོ་སྐལ་ལོངས་དང་བྱས། དེ་ཁྱོད་རང་ལས་ངེད་ཅག་གིས་ལེན་དུ་ག་ལ་ཡོད་བྱས། འོ་ན་སྡིག་པའི་རྣམ་སྨིན་ཡང་དེ་ལྟ་བུ་ཡིན་པས་ཆོམ་རྐུན་མི་འདོད་དོ། །ཞེས་པ་བཞིན་ནོ། །བདུན་པ་རང་ཉིད་གཅིག་པུར་འཆི་ཞིང་གཉེན་འདུན་མགྲོན་པོ་དང་འདྲ་བ་ནི། དེ་བས་སྐྱེ་སོགས།༤༠ ཇི་སྐད་བཤད་པ་དེ་བས་ན་དང་པོ་སྐྱེ་བའང་བདག་ཉིད་གཅིག་པུར་སྐྱེ་ཞིང་། མཐའ་མ་འཆི་བ་ན་ཡང་བདག་ཉིད་གཅིག་པུར་འཆི་སྟེ། འདུལ་བ་ལས། སྐྱེ་བ་ན་ཡང་འདི་གཅིག་སྐྱེ་འགྱུར་ཞིང་། །དེ་བཞིན་འཆི་བ་ན་ཡང་འདི་གཅིག་འཆི། །འཁོར་བ་ལ་ནི་གྲོགས་ཡོད་མ་ཡིན་ཏེ། །སྐྱེ་བོ་གཅིག་པུས་འདི་ན་སྡུག་བསྔལ་མྱོང་། །ཞེས་གསུངས། འོ་ན་ད་ལྟ་ལྷན་ཅིག་འདུས་པའི་གཉེན་རྣམས་ཇི་ལྟར་ཞེ་ན། མི་ཚེ་སྐད་ཅིག་མ་འདི་ལ་སྔོན་ལས་མཐུན་པར་བསགས་པའི་ཉེ་བཞི་སྟེ་རུས་དང་སྣག་གི་གཉེན་དང་བུ་ཚ་རྣམས། དཔེར་ན་ཕྱོགས་སོ་སོ་ནས་འོང་བའི་མགྲོན་པོ་རྣམས་ཞག་གཅིག་གནས་མཐུན་པར་བཟུང་ནས་འགྲོ་བ་ཙམ་སྟེ། ཅི་ཙམ་འགྲོགས་ཀྱང་འདུས་པའི་ཐ་མ་འབྲལ་བའི་ཆོས་ཅན་ཡིན་པས་མཐར་སོ་སོའི་འགྲོ་བ་ཡིན་པས། རྟག་ཏུ་འགྲོགས་པའི་རེ་བ་མི་བྱའོ། །རྒྱལ་པོ་ལ་གདམས་པར་ཡང་དེ་ཁོ་ན་ལྟར་འབྱུང་ངོ་། །བརྒྱད་པ་ཕན་པ་གཏན་ཐུབ་མེད་པ་འདིར་སྣང་འཁྲུལ་པའི་ཡུལ་རྣམས་བོར་ནས་ངེས་མེད་གཅིག་པུར་འགྲོ་དགོས་པ་ནི། འོ་ན་སོགས།༥ འོ་ན་བུ་ཚ་ཉེ་བཞིས་ཅི་ཞིག་ཕན་ཏེ་མི་ཕན་པ་ལ། ད་ལྟར་རང་དབང་ཡོད་ཚེ་དེ་དག་ལས་སྐད་ཅིག་ཙམ་ཡང་འབྲལ་བར་མི་ཕོད་པའི། བུ་དང་ཆུང་མ་ལ་སོགས་བདེ་བའི་རྒྱུར་རློམ་པ་དེ་ཀུན་མཐར་རང་དབང་མེད་པར་ཁ་ལུད་བཞིན་དུ་བོར་ནས། དེ་རིང་ངམ་སང་ཉིན་ཙམ་ནས་བདག་ཉིད་གཅིག་པུར་ལག་སྟོང་མཆན་དུ་བཅུག་སྟེ་གཤེད་དམ་ངེས་མེད་དུ་འགྲོ་དགོས་སོ། །ཟིལ་གྱིས་མི་ནོན་པའི་སྐྱེས་རབས་སུ་རྒྱུ་རྐྱེན་མེད་པར་མྱུར་དུ་ཆུད་ཟ་བའི། ནོར་ནི་ཤིན་ཏུ་མི་བཟད་ནོར་མིིན་རིགས། །འཇིག་རྟེན་དག་ན་ནོར་ནི་ཕལ་ཆེར་ཡང་། །ཆགས་པའི་གཞི་དང་ངན་འགྲོའི་གྲོགས་སུ་འགྱུར། །ཞེས་དང་། དྲན་ཉེར་ལས། གཉེན་བཤེས་ཚུལ་ནི་དགྲ་ཡིན་ཏེ། མི་ཕན་ཕན་པའི་ཚུལ་གྱིས་ཁྱོད། །བཅོམ་ནས་མི་ཡི་འཇིག་རྟེན་ནས། །དེ་རིང་མུན་ནག་ཆེན་པོར་འགྲོ། །ཞེས་གསུངས་སོ། །དགུ་པ་བསགས་པའི་ལོངས་སྤྱོད་རྣམས་སྡིག་པའི་ཁུར་དུ་སོང་བ་ནི། ཅི་ཙམ་སྡུག་སོགས།༤ ཚེ་འདིར་ཅི་ཙམ་སྡུག་བསྔལ་དང་དོ་བསྡོས་ནས་ནོར་བསགས་ཀྱང་སྡིག་པའི་ལོངས་སྤྱོད་རྣམས་སྡིག་པའི་ཁུར་དུ་སོང་བ་ནི། ཅི་ཙམ་སྡུག་སོགས།༤ ཚེ་འདིར་ཅི་ཙམ་སྡུག་བསྔལ་དང་དོ་བསྡོས་ནས་ནོར་བསགས་ཀྱང་སྡིག་པའི་རྣམ་སྨིན་ནི་ཆུད་མི་ཟ་བས། ལས་འབྲས་ལ་རྨོངས་པ་བདག་ཉིད་ཀྱི་ཁུར་དུ་འགྱུར་ལ། བསགས་པའི་ནོར་རྣམས་ནི་ཁོང་བདག་བྱེད་པ་བུ་ཚ་རྣམས་ཀྱིས་འཁྱེར་བ་དེ་ཡི་ཕྱིར་བསགས་པའི་ནོར་གྱིས་ཅི་ཞིག་ཕན་ཏེ་མི་ཕན་པས། དོན་མེད་སྡིག་སྡུག་བསགས་པ་ཁོ་ནར་ཟད་དོ། །མདོ་ལས། ནད་མེད་གསོན་ན་དགྲ་འདུལ་ཞིང་། །གཉེན་སྐྱོང་ནོར་བསོགས་སྙམ་ན་ཡང་། །བྱིས་པའི་བྱེ་མའི་ཁང་བུ་བཞིན། །དོན་མེད་སྡུག་བསྔལ་ཁོ་ནར་ཟད། །ཅེས་དང་། བཤེས་སྤྲིང་ལས་ཀྱང་མང་དུ་གསུངས། བཅུ་པ་ལྷན་ཅིག་སྐྱེས་པའི་ལུས་དང་བྲལ་ནས་འགྲོ་བ་ནི། བདག་ལ་ཤིན་ཏུ་སོགས།༤ བུ་ནོར་ལོངས་སྤྱོད་སོགས་འདོར་བ་མ་ཟད་བདག་ལ་ད་ལྟར་ཤིན་ཏུ་ཕོངས་པའི་ལུས་འདི་ཡང་། དེ་རིང་ངམ་སང་ཙམ་གྱི་དུས་ནི་རྫ་བུམ་ཆག་པའི་གྱོ་མོ་བཞིན་དུ་འདོར་ཏེ། ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་དང་བྲལ་ནས་རང་དབང་མེད་པར་གཅིག་པུར་འཁྱམས་ནས་ནི་འགྲོ་དགོས་ཏེ། ཐོ་ཞིག་པ་དང་བྱ་འཕུར་བ་བཞིན་ནོ། །དྲན་ཉེར། དཔེར་ན་རྫ་ཡི་མཁན་པོ་ཡིས། །འཇིམ་པ་ལས་ནི་སྣོད་བྱས་པའི། །མཐའ་མ་ཐམས་ཅད་འཇིག་པ་ལྟར། །མི་ཡི་སྲོག་ཀྱང་དེ་བཞིན་ནོ། །ཞེས་སོ། །བཅུ་གཅིག་པ་སྡུག་བསྔལ་ཀུན་གྱི་འབྱུང་གནས་ལུས་ཀྱི་ཕྱིར་སྡིག་པ་མི་བྱ་བ་ནི། ལས་ཀྱི་དབང་གིས་སོགས།༢ ཟླ་བ་སྒྲོན་མེའི་མདོ་ལས། འགྲོ་བ་རྣམས་ནི་ལས་ཀྱིས་འགྲོ། །དེ་མིན་འགྲོ་བར་ནུས་མ་ཡིན། །ཞེས་གསུངས་པ་ལྟར། དགེ་སྡིག་གི་ལས་ཀྱིས་འཕེན་པའི་དབང་དུ་འགྲོ་བ་གང་སྐྱེས་པར་གྱུར་ན་ཡང་། ད་ལྟའི་ལས་བསགས་པ་ནི་དེ་ཁོ་ན་ལ་སྨིན་པར་འགྱུར་གྱི་གཞན་ལ་ནི་མ་ཡིན་ཏེ། འདུལ་བ་ལས། ལས་བསགས་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་མི་སྨིན་སོགས་ནས་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་ཞེས་གསུངས། ཟིན་པ་ནི་ཤེས་རྒྱུད་ཀྱིས་ཟིན་པའི་དོན་ནོ། །དེ་ལྟ་བས་ན་ད་ལྟའི་ལུས་ངག་ཡིད་ཀྱིས་ཕྱི་མའི་ལུས་ལ་ཡང་འབྱུང་བའི་ཕྱིར་སྡིག་པ་མི་བྱའོ། །བཅུ་གཉིས་པ་ལུས་མི་གཙང་བ་ལ་ཆགས་པར་མི་རིགས་པ་ནི། ལུས་འདི་སོགས།༨ ལུས་འདི་ནི་འདོད་པས་མི་ངོམས་ཤིང་ཆོག་ཤེས་མེད་པ་ནི་དཔེར་ན་ས་ཆེན་པོ་ནི་གཏིང་ནས་སྟེང་དུ་ནོར་གྱིས་གང་ཞིང་ཆར་ཇི་ཙམ་བབ་ཀྱང་ངོམས་པ་མེད་པ་ལྟར་གྱུར་པ་བཞིན་ནོ། །ཚོམ་ལས། གངས་ཅན་དང་ནི་མཉམ་པ་ཡི། །གསེར་གྱི་རི་བོ་ཡོད་གྱུར་ཀྱང་། །ནོར་དེས་གཅིག་ཀྱང་མི་ཚིམ་པར། །རྟོགས་པར་གྱིས་ལ་ལེགས་པར་དཔྱོད། །ཅེས་དང་། ཆོག་ཤེས་འཕགས་པའི་སྤྱི་ནོར་ཡིན་ཞིང་ཆོག་ཤེས་ཅན་ནོར་མེད་ཀྱང་ཕྱུག་པོ་དང་། ཆོག་མེད་ནོར་གྱིས་འབྱོར་ཡང་དབུལ་པོ་ཉིད་དེ། དེས་པས་ཞུས་པ་ལས། ནོར་མང་གིས་ནི་ཅི་ཞིག་བྱ། །རྒྱ་མཚོ་ལ་ནི་ཀླུ་རྣམས་བཞིན། །གང་དག་ལ་ནི་ཆོག་མེད་པ། །མ་བསྡམས་དེ་དག་དབུལ་པོ་ཡིན། །ཞེས་སོ། །ལུས་ལ་ཆགས་ནས་གསོ་སྲུང་བྱེད་པ་འཁྲུལ་ཏེ། དཔལ་བྱིན་གྱིས་ཞུས་པ་ལས། ལུས་ནི་ས་སྟེང་འདྲ་སྟེ་ཆོག་མི་ཤེས། །གཤེད་མ་མི་འཛའ་འདྲ་ཡང་བྱིས་པས་ག སོ། །རྟག་ཏུ་ནད་འདྲ་སྡུག་བསྔལ་འཁྲུལ་འཁོར་ཏེ། །མཁས་པ་སུ་ཞིག་ལུས་ལ་སྲེད་པ་སྐྱེ། །ཞེས་གསུངས་པ་ལྟར། ལུས་ནི་རྒྱུ་མི་གཙང་བ་ཕ་མའི་ཁུ་ཆུ་ལས་བྱུང་བ་དང་། འབྲས་ བུ་མི་གཙང་བ་ཤ་ཁྲག་ནང་ཁྲོལ ་སོགས་མི་གཙང་བ་དུ་མའི་ཕུང་པོ་ཡིན་ཏེ། དགའ་བོ་མངལ་འཇུག་གི་མདོ་སོགས་ལས་རྒྱ་ཆེར་གསུངས། དེ་ཡང་ན་རྒ་འཆི་སོགས་སྡུག་བསྔལ་ཀུན་གྱི་གནས་དང་། ཤི་ནས་ལུས་བོར་ཏེ་འཐོར་བའི་ཚེ་ས་གཙང་མའི་ཕྱོགས་ཙམ་བཙོགས་པར་འགྱུར་བ་མངོན་སུམ་ཡིན་ན་ཅིའི་ཕྱིར་ཆགས། ཡང་ན་བྱ་དང་ཁྱི་སྤྱང་ལ་སོགས་པ་མི་གཙང་བ་ཟ་བ་ཀུན་གྱི་ཁ་ཟས་སུ་སྲུང་བར་ཟད་ལ། ད་ལྟར་ཟས་གོས་སོགས་ཀྱིས་བསྙེན་བཀུར་ལ་ཇི་ཙམ་འབད་ཀྱང་མཐར་འཆི་བདག་སྲིན་པོས་དབང་མེད་དུ་འཕྲོག་གོ། །དེ་ལྟར་མཐོང་ནས་མཁས་པས་སྨོད་ཅིང་ཁྱི་ཕག་ལྟ་བུ་བླུན་པོས་ཆགས་པའི་གནས་སུ་མཐོང་ལ། དེ་བས་ན་ལུས་ཀྱི་རང་བཞིན་ལ་མཁས་པ་སུ་ཞིག་ཆགས་ཏེ་མི་ཆགས་སོ། །དཔལ་བྱིན་གྱིས་ཞུས་པར། འདི་ལྟར་མི་གཙང་ཕུང་པོའི་ལུས་འདི་ལ། །གཟུགས་སྔོན་ང་རྒྱལ་ཅན་གང་གུས་བྱེད་པ། །བྱིས་པའི་བློ་ཅན་དེ་ནི་སྔོན་བཞིན་དུ། །མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ནས་འགྲོ། །ཞེས་དང་། གང་པོས་ཞུས་པ་ལས། སྲིན་བུ་མི་གཙང་མོས་པ་བཞིན། །བླུན་པོའི་ལུས་སྲེད་དེ་དང་འདྲ། །ཞེས་སོགས་མང་དུ་གསུངས་སོ། །བཅུ་གསུམ་པ་ལས་འབྲས་མི་བསླུ་བས་ལུས་ལ་དགེ་སྡིག་གི་བླང་དོར་བྱེད་དུ་འཇུག་པ་ནི། ལུས་ཀྱི་སོགས་སོ། །ལུས་སྙིང་པོ་མེད་པ་ཉིད་ཀྱི་ཕྱིར་ནི་སྡིག་བསགས་པས་རང་ཉིད་ཕྱི་མར་ཡ་ང་བའི་གནས་སུ་འཇུག་པར་མི་བྱའོ། །འོ་ན་འཕྲལ་གྱི་ལུས་འདི་ལ་བྲན་གཡོག་ལྟར་གླ་རྔན་ཟས་གོས་རན་པ་ཙམ་བྱིན་ནས་སུ། ཡུན་གྱི་ཕན་པ་དང་བདེ་བའི་ཕྱིར་བསོད་ནམས་སོག་ཏུ་གཞུག་དགོས་ཏེ། འཁོར་བ་ན་འཁོར་བའི་ཚེ་བདག་གི་གྲོགས་ནི་དགེ་སྡིག་གཉིས་ལས་མེད་པའི་ཕྱིར། དེ་ཡང་དགེ་བཅུ་སོགས་ཟག་པའི་གཉེན་པོར་མི་འགྱུར་བ་ཟག་བཅས་གང་པོས་ཞུས་པ་ལས་མཐོ་རིས་ཀྱི་རྒྱུ་དང་། ཟག་པའི་གཉེན་པོར་ཟག་མེད་ཐར་པའི་རྒྱུ་དང་། སྡིག་པ་མི་དགེ་བཅུ་ནི་མཐའ་གཅིག་ཏུ་ངན་སོང་གསུམ་སོགས་སྡུག་བསྔལ་ཀུན་གྱི་རྒྱུ་ཡིན་ནོ། །གཉིས་པ་མ་ཤི་བར་དུ་ཡང་མི་རྟག་པར་བསྟན་པ་ལ་གཉིས། གནས་སྐབས་འགྱུར་བ་དང་། ཞར་ལ་དོགས་པ་སྤང་བའོ། །དང་པོ་ནི། མ་ཤི་སོགས་རྐང་པ་ཕྱེད་གསུམ། གནས་སྐབས་མ་ཤི་བར་དུ་ཡང་ལུས་འདི་མི་རྟག་སྟེ། ཁུར་ཞོ་ཞེས་མའི་པང་གིས་འཚོ་བ་བུ་ཆུང་བྱིས་པའི་གནས་སྐབས་དང་། དེ་ནས་གཞོན་ནུ་ལོ་བརྒྱད་ཉིད་དུ་འགྱུར་བ་དང་། དེ་ནས་དར་ལ་བབ་པ་བཞི་བཅུ་དང་། དར་ལས་ཡོལ་བ་ལྔ་བཅུ་དང་། རྒས་པར་གྱུར་ཏེ་དྲུག་ཅུར་རིམ་གྱིས་འགྱུར་བའི་ཕྱིར། །གཉིས་པ་ནི། གལ་ཏེ་གནས་སྐབས་དེ་ལྟར་སྣང་ཡང་ལུས་རིལ་པོ་འདི་མ་ཤི་བར་ཡོད་པས་རྟག་གོ་སྙམ་ན་ནི། འོ་ན་གནས་སྐབས་དེ་དག་ཉིད་སྔ་ཕྱི་གཅིག་ཏུ་ཅི་སྟེ་མི་འགྱུར་ཏེ་འགྱུར་དགོས་ལ། འདོད་ན་གཞོན་ནུ་རྒན་པོ་དང་རྒན་པོ་གཞོན་ནུ་ཉིད་དུ་ཐལ་བར་འགྱུར་རོ། །གནས་སྐབས་དེ་དག་ལུས་རིལ་པོའམ་ཚོགས་པ་མ་གྲུབ་པས་སྔར་བཤད་པ་ལྟར་རྒྱུན་གྱིས་འཁྲུལ་བ་སྟེ། མུ་སྟེགས་བྱེད་ཀྱིས་གནས་སྐབས་མི་རྟག་ངོ་བོ་དང་སྤྱི་རྟག་པར་སྨྲ་བ་དང་མཚུངས་པར་འགྱུར་རོ། །དྲན་ཉེར། གང་འདི་འཆི་བ་འབྱུང་བ་ནི། །དྲན་པའི་མཆོག་ཏུ་རབ་ཏུ་བསྔགས། །འཆི་བདག་འཇིགས་པ་དྲན་པ་ནི། །སྐྱོན་ལ་ཇི་ལྟར་ཡིད་རྒྱུག་འགྱུར། །ཞེས་སོ། །གཉིས་པ་བརྟེན་རྫས་ཡོ་བྱད་མི་རྟག་པར་བཤད་པ་ལ་གཉིས། ལོངས་སྤྱོད་བདེ་སྡུག་འགྱུར་བ་དང་། མཇུག་བསྡུ་བའོ། །དང་པོ་ནི། ལོངས་སྤྱོད་སོགས།༥ འདོད་ཁམས་ཀྱི་སེམས་ཅན་རྣམས་བསྟེན་པར་བྱ་བའི་འདོད་ཡོན་ལོངས་སྤྱོད་ཀྱི་བདེ་བ་དང་། དེ་ཟད་པས་སྡུག་བསྔལ་ཀུན་ཀྱང་མི་རྟག་སྟེ། འཇིག་རྟེན་ན་རེ་ཞིག་བཙན་པོ་དང་ཕྱུག་པོ་གཉིས་ཀ་འཛོམ་པའམ་རེ་རེ་འཛོམ་པ་དག །ནམ་ཞིག་ཉམ་ཆུང་དང་དབུལ་པོ་སྡུག་ཕོངས་ཅན་དུ་འགྱུར་བ་དང་། སྡུག་ཕོངས་ཅན་ཡང་བཙན་ཕྱུག་འཛོམ་པར་འགྱུར་བ་མཐོང་ཆོས་སུ་གསལ་ལ། དེ་ཡང་ལང་ཚོ་དར་ཚེ་ལོངས་སྤྱོད་ནུས་ཀྱང་ན་བ་དང་རྒས་པའི་ཚེ་སྤྱོད་ནུས་མེད་པའི་སྡུག་བསྔལ་དང་། འཆི་བས་འཇིག་ཚེ་ལོངས་སྤྱོད་བློས་མི་ཐོང་རྗེས་སུ་མི་འབྲང་བའི་སྡུག་བསྔལ་དང་། སྔོན་གྱི་དུས་ཤ་དུམ་བུ་ཁྱེར་བའི་བྱ་ཞིག་བྱ་མང་པོས་དེད་པའི་སྡུག་བསྔལ་བར་དགེ་སློང་ཞིག་གིས་མཐོང་ནས་འདོད་ཡོན་ལ་ཞེན་པ་ལོག་སྟེ། སྨྲས་པ། བྱ་ཡིས་ཤ་ཡི་དུམ་བུ་ཁྱེར་བ་ན། བྱ་གཞན་ཀུན་ཀྱང་བསྐོར་ཞིང་འབྲང་བ་མཐོང་། དེ་བཞིན་འདོད་པའི་ཡོན་ཏན་རིག་བྱས་ནས། བསེ་རུ་ལྟ་བུ་གཅིག་པུར་གནས་པར་བྱ། ཞེས་འདུལ་བ་ལས་གསུངས་པ་དང་། དྲན་ཉེར། ཇི་ལྟར་རྨ་བྱའི་སྒྲོ་དག་ནི། །རླུང་གིས་ཀུན་ཏུ་ཁྱེར་གྱུར་པ། །དེ་ནི་ཟད་པར་བྱ་ཕྱིར་འཇིག །བདེ་བའི་གཞི་ནི་དེ་དང་འདྲ། །ཞེས་སོ། །དེ་ལ་སོགས་པ་ལུས་དང་ལོངས་སྤྱོད་ཀུན་མི་རྟག་ཅིང་སྙིང་པོ་མེད་པ་ཕུང་ཁྲོལ་གྱི་རྒྱུ་ཡིན་པར་དགོངས་ནས་ངེས་པར་འབྱུང་ན་བདེའོ། །ཡང་དེ་ལས། འདོད་པའི་དབང་སོང་དགའ་བ་གང་། །དེ་ནི་རྟག་ཏུ་སྡུག་བསྔལ་འབྱུང་། །ཉོན་མོངས་བཅོམ་པའི་དགའ་བ་གང་། །དེ་ནི་རྟག་ཏུ་བདེ་བ་ཡིན། །ཞེས་དང་རིན་ཆེན་ཕྲེང་བ་སོགས་ལས་རྒྱ་ཆེར་འབྱུང་ངོ་། །གཉིས་པ་ནི། གོང་དུ་ཇི་སྐད་བཤད་པ་དེ་བས་ན་འཇིག་རྟེན་ཕྱི་ནང་སྣོད་བཅུད་ཐམས་ཅད་རྒྱུ་རྐྱེན་གྱིས་བྱས་པའི་ཕྱིར་མི་རྟག་པའི་མཚན་ཉིད་དག་གོ། །གཉིས་པ་སྡུག་བསྔལ་གྱི་མཚན་ཉིད་རྒྱས་པར་བཤད་པ་ལ་གསུམ། དམ་བཅའ། མདོར་བསྟན། དངོས་སོ། དང་པོ་ནི། ད་ནི་སོགས་ཚིག་གཅིག །གཉིས་པ་ནི། སྡུག་བསྔལ་གཙོ་བོ་སོགས་རྐང་པ་གཉིས་གོ་སླ། གསུམ་པ་དངོས་ལ་བཞི་སྟེ། རྒས་པ་ན་བ་འཆི་བ་སྐྱེ་བ་སྟེ་བཞི་ལས། སྐྱེ་བའི་སྡུག་བསྔལ་འོག་ཏུ་བཤད། དང་པོ་རྒས་པ་ནི། རྒས་པ་སོགས།༩ སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཡིན་ཞིང་སྐྱེ་སོགས་བཞི་པོ་སྔ་མ་ལས་ཕྱི་མ་སྡུག་བསྔལ་རགས་པ་དང་། འབྲས་བུ་རྒས་པའི་སྡུག་བསྔལ་གྱིས་འཇིགས་པས་རྒྱུ་སྐྱེ་བ་འགོག་པར་དགོངས་ཏེ་རྒྱུ་འབྲས་གོ་ལྡོག་ནས་བཤད། དེ་ཡང་གཞོན་ཚེ་འཁོར་བའི་བྱ་བྱེད་ཟིན་མེད་ཀྱི་ངང་ནས་ཚེ་གཏུགས་ཤིང་རྒས་པ་སྟེ། ས་ར་ཧས། ཀྱེ་ཧོ་བཞིན་བཟང་སྙིམ་པ་ཆུས་བཀང་བ། །ཟག་པ་བཞིན་དུ་ཉམས་པ་མ་ཚོར་རོ། །ཞེས་སོ། །གཞོན་ཚེ་སྡུག་བསྔལ་ཡོད་ཀྱང་རྒས་པའི་ཚེ་ན་ཡང་ནི་དེ་བས་ལྷག་པའི་སྡུག་བསྔལ་འདི་ལྟར་ཡོད་དེ། རྒས་པའི་མཚན་ཉིད་མགོ་སྐྱེས་དཀར་ཞིང་ཤ་ཁྲག་བྲི་བས་གཉེར་མ་འདུས། གཞོན་ཚེ་ཡིད་དུ་འོང་བའང་གཞན་གྱིས་མཐོང་མི་མོས་པར་འགྱུར། །མེ་དྲོད་ཉམས་པས་ཁ་སྣ་ལས་ཆུ་འཛག་པ་བྱི་དོར་མི་ནུས། ལུས་ཀྱི་འབྱུང་བ་རྒུད་པས་ཡན་ལག་ཀུན་འདར། སེམས་ཀྱིས་དྲན་ཡང་ལུས་ལ་ཉམས་སྟོབས་མེད་པས་འགུལ་བསྐྱོད་མི་ནུས། བུ་ཚ་ཀུན་གྱིས་ཀྱང་འདི་ཤི་ན་ཅི་མ་རུང་སྙམ་དུ་སེམས། གཞན་གྱིས་ཞལ་ཏ་ཇི་ལྟར་བྱས་ཀྱང་མི་ཉན་ཅིང་རང་གི་དབང་ཡང་ཤོར། གཤིས་ངན་ཁ་ཅིག་མི་རྒན་འདི་ཤི་འཕྱི་ཞེས་ཀྱང་ཟེར་ནས་ངག་གིས་མནར་སྙིང་རྗེ་མེད་པ་ཁ་ཅིག་གིས་བེར་དབྱུག་ཐོགས་ནས་བརྡུང་བར་བྱེད་ལ། དེ་ལྟར་མཐོང་ཞིང་ཐོས་པས་མྱུར་དུ་ཤི་བར་འདོད་ཀྱང་དུས་ལ་མ་བབ་པར་འཆི་བར་མི་བཏུབ་པ་སོགས་སྡུག་བསྔལ་མཐའ་ཡས་སོ། །གཉིས་པ་ན་བའི་སྡུག་བསྔལ་ནི། ན་བ་ན་མས་སོགས།༦ དེར་མ་ཟད་ན་བ་རྣམས་ཀྱང་འདི་ལྟར་སྡུག་བསྔལ་བར་འགྱུར་ཏེ། ལུས་ཀྱི་འབྱུང་བ་ཆེན་པོ་བཞི་པོ་ཆ་ནི་མ་མཉམ་པས་འཁྲུགས་ཏེ། ནད་ཀུན་གྱི་སྣ་འདྲེན་རླུང་དང་མཁྲིས་པ་བད་ཀན་ཏེ་གསུམ་པོ་འདུས་པས་ལུས་རབ་ཏུ་གདུང་སྟེ། བཟའ་བཏུང་ལོངས་སྤྱོད་མཐོང་ཡང་ཡིད་ལ་སྤྱོད་པའི་འདོད་པ་མེད། ལུས་ཀྱི་ཉམ་སྟོབས་ཤོར་བས་མལ་ལས་ལྡང་མི་ནུས། མཛེས་པའི་གཟི་མདངས་ཉམས་པས་སྐྱ་ལ་སྐེམ་པ་ཡི་དྭགས་དང་འདྲ་བ་སོགས་བསམ་ལས་འདས་སོ། །གསུམ་པ་འཆི་བའི་སྡུག་བསྔལ་ལ་དྲུག་སྟེ། གཉེན་བཤེས་ཚོགས་ལ་ཉན་ལྟ་བསམ་པའི་ཡུལ་མེད་པ། བར་དོའི་སྣང་བ་འཆར་བ། དེའི་ཚེ་སྐྱབས་མེད་པ། གཤིན་རྗེའི་ཕོ་ཉས་ཁྲིད་པ། གཤིན་རྗེའི་རྒྱལ་པོས་སྡིག་པ་སྟོབས་ཆེ་བར་བསྟན་པ། གཤིན་རྗེས་དམྱལ་བར་ཁྲིད་པའོ། །དང་པོ་ནི། འཆི་བ་སོགས།༤ འཆི་བ་རྣམས་ཀྱང་འདི་ལྟར་སྡུག་བསྔལ་ཏེ། གཉེན་བཤེས་ཚོགས་ཀྱིས་བསྐོར་ནས་ཆོ་ངེ་འདེབས་པར་བྱེད་ཀྱང་། དབང་པོ་འགགས་ཤིང་གནད་གཅོད་ཀྱིས་དྲན་པ་ཉམས་པས། དེ་ལ་ཉན་པ་དང་ལྟ་བ་དང་བསམ་པའི་ཡུལ་མྱོང་བ་མེད་དེ། གནད་གཅོད་པའི་ཚོར་བའི་སྡུག་བསྔལ་མཚོན་ཆས་གཏུབ་པ་འདྲ་བ་ནི་རང་གཅིག་པུས་མྱོང་བར་འགྱུར་རོ། །གཉིས་པ་ནི། མཛའ་དང་སོགས།༢ དེའི་ཚེ་འཁྲུལ་སྣང་སྣ་ཚོགས་དང་བར་དོའི་སྣང་བ་སྔོན་ལ་འཆར་བ་ལ། སྔར་མཛའ་དང་མི་མཛའི་དོན་དུ་བྱས་པའི་ཆགས་སྡང་གི་ལས་རྣམས་ནི་རྨི་ལམ་གྱི་ཡུལ་བཞིན་དུ་སྣང་བས་གདུང་ངོ་། །གསུམ་པ་ནི། གཤིན་རྗེའི་སོགས།༦ གཤིན་རྗེའི་ཕོ་ཉ་ཤིན་ཏུ་འཇིགས་པས་བསྐོར་ཚེ། སྐྲག་པའི་ཉམས་འགྱུར་བྲེད་ཤ་ཐོན་ནས་ཕྱོགས་ཀུན་ཏུ་བལྟས་ཀྱང་མགོན་སྐྱབས་བྱེད་པ་སུ་ཡང་མ་མཐོང་ཞིང་། དེའི་ཚེ་དགེ་བ་གཅིག་པུ་སྐྱབས་སུ་གྱུར་པ་དེ་ཡང་བདག་གིས་མ་བསྒྲུབས་པ་མཐོང་ནས། ཤིན་ཏུ་འཇིགས་ཤིང་རྣམ་པ་ཀུན་ཏུ་སེམས་ཞུམ་ཞིང་ཡི་མུག་སྟེ། བདག་ཉིད་ཤི་ནས་གར་འགྲོ་གཏོལ་མེད་ཅིང་བར་དོའི་སུན་མ་སྔོན་ལ་འབྱུང་ངོ་། །དེ་ནས་བར་མ་དོར་ཡང་གཡང་དུ་ལྷུང་བ་སྙམ་བྱེད་པ་ལ་སོགས་པ་འཇིགས་སྐྲག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །མདོ་ལས། བར་མ་དོར་ཞེས་པའི་ཚིག་དེ་མེད་ཀྱང་། གཞུང་འདིར་དེ་ལྟར་གསུངས་པ་འཆི་ཁའི་བར་དོ་ལས་བར་དོ་ཕྱི་མ་གཉིས་ཀྱང་འབྱུང་བར་དགོངས་ནས་དེ་ལྟར་བསྟན་པ་ཡིན་ནམ་སྙམ་སྟེ་དཔྱད་པར་བྱ། བཞི་པ་ནི། དེ་ནས་སོགས།༥ དེ་ནས་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་ཞགས་པས་བཅིངས་ཏེ་ཁྲིད་ནས་ནི། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ཕྱིན་པ་དེའི་ཚེ། ཚེ་འདིར་དགེ་བ་དང་མི་དགེ་བའི་ལས་བྱས་པ་རྣམས་རང་དང་ལྷན་ཅིག་སྐྱེས་པའི་ལྷས་ནི་དགེ་བའི་གྲངས་ཟློས། ལྷན་ཅིག་སྐྱེས་པའི་འདྲེས་ནི་མི་དགེ་བ་བྱས་པའི་གྲངས་བརྗོད་དོ། །ལྷ་འདྲེ་དེ་གཉིས་གཞན་མ་ཡིན་ཏེ། རང་གི་ཡེ་ཤེས་དང་བདག་འཛིན་གཉིས་ཀྱི་སྣང་བ་ཤར་བ་ཡིན་པར་བཤད། འདི་དག་དཔལ་བྱིན་གྱི་མདོ་དང་མདོ་བརྒྱད་བརྒྱ་པར་ཕྱོགས་ཙམ་འབྱུང་། རྒྱས་པར་གཞན་དང་གཞན་ལས་འབྱུང་ལ་འདིར་ཡིག་ཚོགས་ཆེ་བས་ཁུངས་མང་པོ་མ་བྲིས། ལྔ་པ་ནི། གལ་ཏེ་སོགས། གལ་ཏེ་མི་དགེ་བའི་ལས་བྱས་པ་གྲངས་མང་བ་ཡིན་ན་དེ་ཉིད་ཀྱི་དབང་དག་སྟོབས་ཆེ་བས། ལན་ངན་པ་དེ་ངན་སོང་དུ་སྐྱེ་བ་མཐོང་ནས་ཆོས་རྒྱལ་འདི་སྐད་ཟེར་ཏེ། མི་ཁྱོད་སྔོན་དགེ་བའི་ལས་ཀྱིས་མིའི་ལུས་ནི་ཐོབ་པའི་ཚེ། ཐོབ་པ་དོན་མེད་པར་བྱས་ཏེ་སྡིག་པ་སྤང་རྒྱུ་མ་སྤངས། དགེ་བ་བསྒྲུབ་རྒྱུ་མ་བསྒྲུབས་པས་ཀྱེ་མའོ། །འདི་འདྲའི་སྡུག་བསྔལ་མི་བཟད་པར་མྱོང་ངོ་། །རང་གིས་ལས་བྱས་པ་རང་ལ་རྣམ་པར་སྨིན་པ་རྒྱུ་འབྲས་ཆོས་ཉིད་ཡིན་པས་ངས་ནི་འདི་ལ་ཅི་ཡང་མི་ཕན་བྱ་ཐབས་བྲལ་ལོ་ཟེར། དྲུག་པ་ནི། དེ་ནས་དམྱལ་སྲུང་སོགས། དེ་ནས་དམྱལ་སྲུང་ལས་མཁན་ཁྲོ་གཏུམ་ཤིན་ཏུ་འཇིགས་པ་དུ་མ་ཡིས། རྒྱོབ་སོད་དང་རྡོག་རོལ་ལམ་དྲག་ཤུལ་ང་རོ་ཆེས་ཆེར་སྒྲོགས་ཤིང་། རྔམ་ཞིང་སྙིང་མེད་པོ་ཁྱོད་ཆོས་མ་བྱས་པར་ལས་ངན་བྱས་པའི་ལན་འདི་ཡིན་ཞེས། མཚོན་ཆ་སྣ་ཚོགས་ཀྱིས་རྡེག་འཚོག་བྱེད་བཞིན་དུ། ས་གཞི་ཐམས་ཅད་མེ་ཕུང་འབར་བས་ཁེངས་པ་ཡིས་གང་བའི་དམྱལ་བའི་གནས་སུ་ཁྲིད་ནས་སོང་ངོ་། །མདོ་སྡེ་ལས་བརྒྱ་པར། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། ལས་རྣམས་ཡིན་པར་ཐུབ་པས་གསུངས། ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲྭ་བ་འདི་ཆེའོ། །བཞི་པ་སྐྱེ་བའི་སྡུག་བསྔལ་ལ་གསུམ། དམ་བཅའ་དང་། དངོས་དང་། མཇུག་བསྡུ་བ་དང་བཅས་པའོ། །དང་པོ་ནི། ད་ནི་སྐྱེ་བའི་སྡུག་བསྔལ་བཤད་པར་བྱ། གཉིས་པ་དངོས་བཤད་པ་ལ་དྲུག །དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་དང་། མི་དང་། ལྷ་མ་ཡིན་དང་། ལྷར་སྐྱེ་བའི་སྡུག་བསྔལ་བཤད་པའོ། །དང་པོ་ལ་དྲུག །དམྱལ་བ་མཐོང་ནས་ལས་ལ་འགྱོད་པ་དང་། ལུས་ཀྱི་ཚད་དང་། སྡུག་བསྔལ་གྱི་བྱེ་བྲག་དང་། སྡུག་བསྔལ་གྱི་ཚད་དང་། ཚེ་ཚད་དང་། ཞར་ལ་སྐྱོན་སྤོང་བསྟན་པའོ། །དང་པོ་ནི། དམྱལ་བར་སྐྱེ་བའི་ལས་ཅན་དག་ཤི་ནས་དམྱལ་བར་སྐྱེས་ཏེ། དམྱལ་བའི་སྲུང་མ་འཇིགས་སུ་རུང་བ་དང་དམྱལ་བའི་མེ་དཔུང་ཆེན་པོ་མི་བཟད་པ་མཐོང་ནས། ཤིན་ཏུ་སྐྲག་ཅིང་དངངས་ལ་ཁ་ནས་ཆོ་ངེ་ཆེར་འདེབས་ཤིང་། རང་ལ་རྔན་བགྲང་བའམ་སྨད་ཅིང་སྔོན་གྱི་སྡིག་པ་བྱས་རྣམས་དྲན་ཏེ། ཤིན་ཏུ་འགྱོད་ཀྱང་དུས་མ་ཡིན་པས་ཕན་པ་ཅི་ཡང་མེད་དེ། འཇུག་པ་ལས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་ནས་གཞན་དབང་འཇུག་འགྱུར་བ། །དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར། །ཞེས་དང་། གཞོན་ཚེ་ཆོས་མི་བསྒྲུབ་པར། རྒས་པ་སྲོག་མཐར་ཐུག་པའི་གནོད་པའི་ཚེར་མས་གནད་ལ་ཕིག་ཚེ་ཆོས་དྲན་པ་དང་། ཤི་ནས་གཤིན་རྗེའི་ཁར་ཚུད་ཚེ་ཆོས་དྲན་པ་དང་། སྡིག་པའི་མྱ་ངན་བྱེད་པ་ནི་དུག་ཅན་གྱི་སྦྲུལ་ཁ་དོག་པར་ཚུད་པའི་སྦལ་བ་ང་རོ་འདོན་པ་དང་མཚུངས། བུ་མོ་བདུན་གྱིས་རྟོགས་བརྗོད་ལས་གསུངས། གཉིས་པ་ནི། དམྱལ་བའི་ལུས་ནི་ཤིན་ཏུ་ཆེ་བ་ལ་དཔག་ཚད་ལྔ་བརྒྱ་ཡོད་པ་སོགས་ལུས་ཆེ་ཆུང་གི་ཚད་དང་། རེག་ཏུ་མི་བཟོད་པའི་གཞོམ་ཤ་ཅན་དང་། དེ་ལ་ཚོར་བ་ཡང་ལང་ཆེ་ཞིང་རབ་ཏུ་དྲག་པོས་གདུང་བའི་ལུས་ཐོབ་ནས་ཡུན་རིང་དུ་འདུག་གོ། །འབུམ་གྱི་རྣམ་དག་ལས། བཅོམ་ལྡན་འདས་ཀྱིས་ཆོས་སྤོང་པའི་ལུས་ཀྱི་ཚད་ནི་སེམས་ཅན་རྣམས་ཀྱིས་ཐོས་ན། ཁ་ནས་ཁྲག་དྲོན་མོ་སྐྱུགས་པའམ་ལྡུམ་བུ་བརྔས་པ་བསྐམ་པར་འགྱུར་བ་ཙམ་གྱི་ཉེས་པ་ཡོད་པས་མ་བསྟན་གསུངས། ལས་ཙམ་གྱི་ཚད་ལ་ལུས་དང་སྡུག་བསྔལ་ཚེ་ཚད་ཀྱང་ཆེ་ཞིང་རིང་བ་སྟེ། ལྷའི་ལུས་སོགས་བཞིན་ནོ། །ལས་ཆུང་ནའང་དེ་བཞིན་དུ་ཆུང་སྟེ། འཛམ་གླིང་གི་ཚེ་ལོ་བརྒྱ་བའི་མི་བཞིན་ནོ། །གསུམ་པ་ནི། ལས་ཀྱི་བྱེ་བྲག་གིས་སེམས་ཅན་ཁ་ཅིག་རང་ལུས་མེ་དཔུང་བཞིན་དུ་འབར་བས་གདུངས། ཁ་ཅིག་ལྕགས་མཁར་ཁང་པ་སྦྲུམ་མའམ་ཉིས་རིམ་དུ་རྡུང་ཞིང་། འགྲོ་ལྡོག་བྱེད་ཅིང་ཕྱོགས་ནི་ཀུན་ནས་བསྲོས་པར་བྱེད་ལ། གཅིག་ལྕགས་ལས་བྱས་པའི་སྣོད་ཆེན་པོའི་ནང་དུ། ལས་མཁན་དག་གིས་བསྡུས་ནས་མགོ་སྤྱིའི་ཚུགས་སུ་བསྟན་ཏེ་ཡུངས་འབྲུ་ཁུ་ཁོལ་དུ་བླུགས་པ་བཞིན་དུ་འཚེད། ཁ་ཅིག་གི་ལུས་ལ་ཐིག་བཏབ་སྟེ་སོག་ལེ་མེ་འབར་བས་སྟོད་སྨད་ནས་གཤག་འབྱར་རེས་མོའི་ཚུལ་དུ་འདྲ་ཞིང་། ཁ་ཅིག་ལྕགས་ཀྱི་གཏུན་ཆེན་པོར་བཅུག་ནས་རིལ་བཞིན་དུ་རྡུང་བ་དང་། དེ་ལ་སོགས་པ་སྡུག་བསྔལ་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཡོད་དོ། །བཞི་པ་སྡུག་བསྔལ་གྱི་ཚད་ནི། བཤེས་སྤྲིང་ལས། འཇིག་རྟེན་འདི་ན་མི་སྟོབས་དང་ལྡན་པས་གཞན་གྱི་ལུས་ལ་མདུང་ཐུང་སུམ་བརྒྱ་ཞིག །དུས་གཅིག་ལ་རབ་ཏུ་ཤུགས་དྲག་པོས་བཏབ་པའི་སྡུག་བསྔལ་གང་ཡིན་པ་དེས་ནི་དམྱལ་བ་ཡང་སོས་ལྟ་བུའི་སྡུག་བསྔལ་ཆུང་ངུ་ཙམ་ལ་ཡང་འོལ་སྤྱི་ཙམ་ཡང་དཔེར་མི་བགྱི་ཞིང་བརྒྱ་སྟོང་གི་ཆར་ཡང་མི་ཕོད་དོ། །ཁ་ཅིག་ཏུ་ཉི་ཚེ་བའི་དམྱལ་བར་བཤད། ལྔ་པ་ཚེ་ཚད་ནི། མི་ཡི་ལོ་སོགས་ནི། མདོ་ལས་བཤད། མི་ལོ་འབུམ་དང་བརྒྱ་བརྒྱད་ཁྲི་ལ་དམྱལ་བ་ཡང་སོས་ཀྱི་ཉིན་ཞག་གཅིག །དེ་སུམ་ཅུ་ཟླ་གཅིག །ཟླ་བ་བཅུ་གཉིས་ལོ་གཅིག །དེ་ལྔ་བརྒྱ་ཡང་སོས་ཀྱི་ཚེ་དང་། དེ་ཐིག་ནག་པའི་ཉིན་ཞག་གཅིག་གོང་ལྟར་བསྒྲིལ་བའི་རང་ལོ་སྟོང་དང་། དེས་བསྒྲེས་ན་ཉིས་སྟོང་། བཞི་སྟོང་། བརྒྱད་སྟོང་རྣམས་ཁྲི་དྲུག་སྟོང་ཚ་བའི་ཚེ་ཚད་དང་། ཁ་ཅིག་ལོ་ནི་དཔག་མེད་ཐུག་ཅེས་པ་རབ་ཏུ་ཚ་བ་ཡིན་ན་དེ་ནི་བར་སྐལ་ཕྱེད་ཐུབ་ལ། མནར་མེད་ཀྱི་ཚེ་ཚད་ནི་བར་སྐལ་གཅིག་ཡིན་ལ། མི་ལོ་ཐེར་འབུམ་ཉི་ཤུ་ཡིན་ནོ། །མཛོད་ལྟར་ན། ཡང་སོས་སོགས་དྲུག་པོ་རིམ་བཞིན། འདོད་ལྷའི་ཚེ་ཇི་ཙམ་པ་དང་ཡང་སོས་སོགས་ཀྱི་ཉིན་ཞག་མཉམ་སྟེ། རྒྱལ་ཆེན་བཞིའི་ཚེ་ཚད་རང་ལོ་ལྔ་བརྒྱ་ལ་ཡང་སོས་ཀྱི་ཞག་གཅིག་ཏུ་བརྩི་བ་སོགས་རང་གི་ཞག་སུམ་ཅུ་ཟླ་བ། དེ་བཅུ་གཉིས་ལོ་གཅིག་ཏུ་བརྩིས་པ་དེས་ན་ཡང་སོས་སོགས་དེ་དག་རྣམས་ཀྱི་ཚེ་ཚད་རང་ལོ་སྟོང་སོགས་གོང་ལྟར་བགྲང་ན་འདོད་ལྷ་དྲུག་དང་འདྲའོ། །མི་དང་འདོད་ལྷའི་ཚེ་ཉིན་ཞག་མཉམ་ཚུལ་ནི། རྒྱལ་ཆེན་བཞི་ནི། མི་ལོ་ལྔ་བཅུ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ཞག་སུམ་ཅུ་ཟླ་བ། དེ་བཅུ་གཉིས་ལོ་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱར་གནས་སོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་མི་ལོ་བརྒྱ་རང་ལོ་སྟོང་ཕྲག་གཅིག །འཐབ་བྲལ་མི་ལོ་ཉིས་བརྒྱ་རང་ལོ་ཉིས་སྟོང་ཐུབ། དགའ་ལྡན་མི་ལོ་བཞི་བརྒྱ་ལ་རང་ལོ་བཞི་སྟོང་ཐུབ། འཕྲུལ་དགའ་མི་ལོ་བརྒྱད་བརྒྱ་ལ་རང་ལོ་བརྒྱད་སྟོང་བར་ཐུབ། གཞན་འཕྲུལ་མི་ལོ་སྟོང་དྲུག་བརྒྱ་ཉིན་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་དང་དྲུག་སྟོང་སྙེད་ཚེ་ཐུབ་པའོ། །དེ་ཚ་དམྱལ་གྱི་ཞག་གཅིག་བྱས་པའི་རང་ལོ་ཁྲི་དྲུག་སྟོང་ཐུབ་བོ། །ལས་ཤིན་ཏུ་ངན་པ་ཁ་ཅིག་བསྐལ་པ་ཆེན་པོའི་བར་དུ་གནས་པའང་ཡོད་ལ། ལས་ཀྱིས་ཚེ་བསྲིང་བ་ཡིན་པས་ཚེ་ཟད་ཀྱང་ལས་མ་ཟད་བར་དུ་ཤི་བར་དགའ་ཡང་འཆིར་ནི་མི་བཏུབ་པོ། །ལས་མ་ཟད་པ་ཁ་ཅིག་བསྐལ་པའི་འཇིག་པ་ཆེན་པོ་བྱུང་ཚེ། བསྐལ་པ་འཇིག་པ་ལས་ཟད་པའི་རྒྱུ་མ་ཡིན་པས། འཇིག་རྟེན་གྱི་ཁམས་བརྒྱུད་ནས་རེ་ཞིག་འཇིག་པ་མེད་པའི་དམྱལ་བར་སྐྱེའོ། །གསུམ་པ་སྐྱོན་སྤང་བ་ནི། མནར་མེད་ལས་གཞན་མ་བཤད་ཅིང་དེའི་ཚེ་ཚད་བར་བསྐལ་གཅིག་ལས་མ་བཤད་པས་འདིར་བསྐལ་ཆེན་བཤད་པ་མི་འཐད་སྙམ་ན། འདིར་རྡོ་རྗེའི་དམྱལ་བ་མ་བཤད་ཀྱང་རྡོ་རྗེའི་ཐེག་པར་བཤད་ཅིང་། ཆོས་སྤོང་བ་དང་མཚམས་མེད་པའི་ལས་དང་། རྡོ་རྗེའི་དམ་ཚིག་ཉམས་པའི་རྣམ་སྨིན་གྱི་ལུས་ཆེན་པོ་འདེགས་པར་བཟོད་པའི་འོག་གཞི་རྡོ་རྗེའི་རྒྱ་གྲམ་ཡོད་པར་བཤད། ཨོ་རྒྱན་ཆེན་པོས། ཇི་སྲིད་ནམ་མཁའ་མ་ཞིག་བར་དུ་ནི། མི་འཇིག་པ་ནི་རྡོ་རྗེའི་དམྱལ་བའོ། །ཞེས་གསུངས། རྒྱ་གར་རྡོ་རྗེ་གདན་བསྐལ་བཟང་སངས་རྒྱས་རྣམས་ཀྱི་བྱིན་རླབས་ལས་གྲུབ་པ་དང་། རྡོ་རྗེའི་དམྱལ་བ་སེམས་ཅན་སྤྱི་མཐུན་གྱི་ལས་ངན་ལས་གྲུབ་པས་མི་འཇིག་པ་ཇི་འགལ། ཆོས་སྤངས་པའི་ལས་སོགས་ཀྱི་མནར་མེད་དུ་སྐྱེས་ནས་བསྐལ་པ་ཆེན་པོར་གནས་པ་མདོ་ལས་ཀྱང་མང་དུ་གསུངས་པས་འགལ་བ་མེད། དཀོན་མཆོག་ཏཱ་ལ་ལས། ཆོས་སྤངས་པས་མནར་མེད་དུ་ལྟུང་ནས་བསྐལ་པ་དུ་མར་སྡུག་བསྔལ་ཚད་མེད་པ་མྱོང་བ་སོགས་མང་དུ་ཡོད་པས། ལས་ཚུལ་བསམ་གྱིས་མི་ཁྱབ་པས་དོགས་པར་མི་རིགས་སོ། །རྡོ་རྗེའི་སྙིང་པོའི་མདོར། ལྕགས་ཀྱི་ས་གཞི་འབར་ཞིང་ཚ། །འབར་བའི་མེ་ལྕེས་ཀུན་ནས་ཁྱབ། །ལྕགས་ཀྱི་སོག་ལེ་རྣོན་པོ་ཡིས། །ལུས་གཅིག་ཆ་ཤས་བརྒྱར་གཤག་པ། །ལུས་ངག་ཡིད་ཀྱི་སྡིག་པ་ཅན། །རྣམས་ཀྱི་སེམས་ལས་བྱུང་བ་ཡིན། །ཞེས་དང་། བཤེས་སྤྲིང་ལས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་པས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་དང་། མཛངས་བླུན་ལས། སྡིག་པ་ཆུང་ངུ་ཙམ་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་ཙམ་གྱིས་ཀྱང་། །རྩྭ་ཕུང་རི་ཙམ་བསྲེག་པར་འགྱུར། །ཞེས་དང་། བླུན་པོས་སྡིག་པ་ཁྱད་དུ་བསད་ན་ཆུང་ངུར་ཟིན་ཀྱང་དམྱལ་བར་འཕེན་ཏེ། དྲན་ཉེར། མེ་སྟག་ཤིན་ཏུ་ཕྲ་བས་ཀྱང་། །ཇི་ལྟར་རུང་བ་བསྲེག་པ་བཞིན། །དེ་བཞིན་སྡིག་པ་ཆུང་ངུས་ཀྱང་། །བློ་མེད་དེ་དག་དམྱལ་བར་འགྲོ། །ཞེས་གསུངས་པས། དམྱལ་བའི་རྒྱུ་སྤངས་པ་དང་། དེར་སྐྱེས་པ་རྣམས་ལ་སྙིང་རྗེ་ཤས་མི་བཟོད་པ་བསྐྱེད་པར་བྱའོ། །གཉིས་པ་ཡི་དྭགས་ནི། ཡི་དྭགས་སོགས།༦ ཡི་དྭགས་སུ་སྐྱེས་ཀྱང་དམྱལ་བའི་སྡུག་བསྔལ་ཙམ་མེད་ཀྱང་སེར་སྣའི་ལས་ཀྱི་མེས་གདུང་བས། རྟག་ཏུ་བཀྲེས་པ་དང་སྐོམ་པས་གདུང་བ་ལས་ལོ་དུ་མར་བཟའ་བཏུང་མི་རྙེད་པ་དང་། དེའི་ལུས་ཀྱི་རང་བཞིན་ནི་མགོ་བོ་རི་རབ་ཙམ་ལ་ཁ་ནི་ཁབ་མིག་ཙམ་ལས་མེད་ལ། སྐེ་མགྲིན་རབ་ཏུ་ཕྲ་བ་སོག་སྦུབས་ལྟ་བུ། གསུས་པ་ཡུལ་ལྗོངས་ཙམ་ལ་རྐང་ལག་འཇག་སྐྱ་ལྟ་བུ་ཤིན་ཏུ་མི་འཚམས་པས། གན་རྐྱལ་དུ་ཉལ་ནས་རྒྱབ་ཀྱིས་འགྲོ་བ་ཡོད་པར་བཤད། བརྒྱ་ལ་བཟའ་བཏུང་མཐོང་ཡང་གཞན་གྱིས་བསྲུང་བས་དབང་མེད་པ་དང་། ཕྱི་སྒྲིབ་ཅན་ཁ་ཅིག་རྒྱང་ནས་བཟའ་བཏུང་སོགས་མཐོང་ཡང་དྲུང་དུ་ཉེ་བ་ན། རྣག་ཁྲག་ངན་སྐྱུགས་ལ་སོགས་པ་གཞན་ཕྱིན་ཅི་ལོག་ཏུ་མཐོང་བ་དང་། ནང་སྒྲིབ་ཅན་ཁ་ཅིག་གིས་ཟོས་ཀྱང་ནང་ནས་མེ་འབར་བས་ཁྲོ་ཆུ་ཁོལ་མར་གྱུར་ནས་ནང་ཁྲོལ་ཚིག་པས་སྡུག་བསྔལ་བའོ། །འདིའི་སྡུག་བསྔལ་གྱི་ཁྱད་པར་རྒྱས་པ་དང་ཚེ་ཚད་ནི་གཞན་དུ་ཤེས་པར་བྱ། དམྱལ་བ་དང་དུད་འགྲོ་ལས་འདི་ཤེས་པ་གསལ་བས་ཐར་སླ་བར་བཤད་དོ། །གསུམ་པ་བྱོལ་སོང་ནི། བྱོལ་སོང་སོགས།༣ བྱོལ་སོང་དུ་སྐྱེས་པ་ལ་འོག་མ་གཉིས་ཀྱི་སྡུག་བསྔལ་ཙམ་མེད་ཀྱང་། ཆེ་ཆུང་ཀུན་གྱིས་གཅིག་ལ་གཅིག་གིས་ཟ་བ་དང་། སྒོ་ཕྱུགས་རྣམས་རང་དབང་མེད་པར་བདག་པོ་བཀོལ་ཞིང་སྤྱོད་པས་བརྡེག་འཚོག་བྱེད་ཅིང་མཐར་གསོད་པ་དང་། རི་དྭགས་རྣམས་ནི་རྔོན་པ་གཞན་གྱིས་བཤོལ་ཞིང་གསོད་པ་དང་། གཙོ་ཆེར་གཏི་མུག་རྨོངས་པས་བླང་དོར་གང་ཡང་མི་ཤེས་པས་ཤིན་ཏུ་སྡུག་བསྔལ་བའོ། །བཞི་པ་མིའི་སྡུག་བསྔལ་བཤད་པ་ལ་བཞི་མངལ་དུ་གནས་པ་དང་། བཙས་པའི་དུས་དང་། དར་ལ་བབ་པ་དང་། བདེ་བའི་གཞི་སྡུག་བསྔལ་གྱི་གཞིར་འགྱུར་བའོ། །དང་པོ་ནི། མིར་སྐྱེས་ཀྱང་སོགས།༧ མཐོ་རིས་མི་རུ་སྐྱེས་ན་ཡང་སྡུག་བསྔལ་ཡོད་དེ་དང་པོ་མངལ་ན་གནས་པའི་ཚེ། མ་ནི་ལྟོ་འགྲང་བའི་ཚེ་བྲག་བར་དུ་བཙིར་བ་དང་འདྲ་ཞིང་། བཀྲེས་པའི་ཚེ་ན་གཡང་ལ་བཏང་བ་ལྟ་བུའི་སྡུག་བསྔལ་བར་སྙམ་སྟེ་མྱོང་བ་དང་། མའི་སྤྱོད་ལ མ་དྲག་ཤུལ་བྱེད་ཚེ་གཏུན་དུ་བརྡུང་བ་སྙམ་པའོ། །གཉིས་པ་ནི། བཙས་ནས་ཕྲུ་མ་ཕྱི་བ་སོགས་ཀྱི་ཚེ་པགས་པ་བཤུས་ནས་ནི། རྩིག་པའི་ངོས་ལ་དྲུད་པ་བས་ཀྱང་སྡུག་བསྔལ་བ་དང་། གོས་ཀྱིས་བཏུམ་ནས་བསྙལ་བའི་ཚེ་འཚུབ་བམ་ཚ་འབྲུམ་ཞེས་ཀྱང་ཡོད་པ། གོས་ཀྱིས་བསྡམས་པས་ཚ་གྲང་བཀྲེས་སྐོམ་དང་བཤང་གཅིར་ནུབ་པ་དང་། རྐང་ལག་ན་བ་སོགས་ཅི་བྱུང་ཡང་དུ་བ་ལས་མེད་ནས་སྡུག་བསྔལ་བའོ། །གསུམ་པ་ནི། ན་ཚོད་ཆེ་རུ་སྐྱེས་ནས་ཀྱང་ཁ་རྒྱབ་དོན་དུ་སོ་ནམ་སོགས་ལ་འབད་རྩོལ་དང་། རྒུད་པས་བྲེལ་ཕོངས་སུ་འགྱུར་བ་དང་། གཉེན་ཉེ་དུ་དང་བྲལ་ཞིང་ལན་རེར་དགྲས་བཅོམ་ཞིང་བུ་ལོན་ཆགས་པ་དང་། དེར་མ་ཟད་བཀྲེས་སྐོམ་དང་ཚ་གྲང་གིས་གདུང་བཞིན་འགྲོན་ལ་འགྲོ་བ་སོགས་ཀྱིས་སྡུག་བསྔལ་བ་དང་། ཕོངས་པ་རྣམས་ནི་བཙལ་ཐབས་མེད་པས་སྡུག་ཅིང་ཡོད་པ་རྣམས་ནི་འཚོ་སྐྱོང་དང་མེལ་ཚེ་བྱེད་པས་སྡུག་བསྔལ་ལོ། །གཞན་ཡང་ཞིང་རྨོ་ཚོང་བྱེད་པ་སོགས་སྒོ་གསུམ་རྩོལ་བའི་འདུ་བྱེད་པའི་ལས་ཀྱིས་སྡུག་བསྔལ་བ་དང་། དེ་ལ་སོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །བཞི་པ་ནི། མིའི་སྡུག་བསྔལ་གྱི་གཞི་ནི་ཕལ་ཆེར་ལྟོ་རྒྱབ་གཉིས་ཡིན་ལ། དེའི་དོན་དུ་ངལ་བས་བསྒྲུབས་པའི་འཇིག་རྟེན་འདིའི་བདེ་བའི་རྒྱུར་རློམ་པའི་ལོངས་སྤྱོད་རྣམས་ཀྱང་། ཕལ་ཆེར་ཆགས་པ་སོགས་ཀྱི་དབང་གིས་ཕྱི་མའི་དུས་སུ་ངན་སོང་གསུམ་གྱི་སྡུག་བསྔལ་ཉོ་བའི་རྒྱུ་རུ་འགྲོའོ། །དྲན་ཉེར། ཇི་ལྟར་མཆིལ་པས་ཟིན་པ་ཡི། །ཉ་ནི་འཆི་བའི་དབང་དུ་འགྲོ། །དེ་ལྟར་སྲེད་པས་ཟིན་པ་ཡི། །མི་རྣམས་ཡི་དྭགས་དབང་དུ་འགྲོ། །ཞེས་དང་། ནོར་སོགས་ལ་ཆགས་པའི་དབང་གིས་མཚམས་མེད་ཀྱི་ལས་བསགས་པའང་ཡོད་དེ། དེ་ལས། མནར་མེད་པར་ནི་སྐྱེས་པ་དག །ནོར་ལ་འདོད་པས་བསྲེག་པ་ཡིན། །འདོད་པ་མེད་པར་མ་བྱས་ན། །མྱ་ངན་འདས་པ་ཐག་རིང་ངོ་། །ཞེས་སོ། །འཇིག་རྟེན་གྱི་བདེ་བའི་སྣང་བ་ནི་སྡུག་བསྔལ་ཕྱིར་བཅོས་པ་ཙམ་སྟེ། བཞི་བརྒྱ་པར། གསེར་གྱི་སྣོད་དུ་སྐྱུགས་པ་ན། །ཇི་ལྟར་འགའ་ཞིག་དགར་འགྱུར་བ། །དེ་ཕྱིར་སྡུག་བསྔལ་ཕྱིར་བཅོས་དེ། །བདེའོ་སྙམ་དུ་སེམས་པར་བྱེད། །ཅེས་སོ། །འཇིག་རྟེན་གྱི་ལོངས་སྤྱོད་འབྱོར་བའི་བདེ་བ་ལྟར་སྣང་བ་ལ་རྒུད་པའི་སྡུག་བསྔལ་གྱིས་ཁྱབ་ཅིང་འགྲོགས་ནས་ཡོད་པའི་དཔེ། བཀྲ་ཤིས་མ་དང་རྣ་ནག་མའམ་བཀྲ་ཤིས་པ་ཇི་ལྟ་བ་བཞིན་ནོ། །ཞེས་ཏེ། སྔོན་དུད་ཅིག་གི་སྒོར་རྩར་བུད་མེད་མཛེས་མ་ཞིག་བྱུང་བ་ཁྱིམ་བདག་གིས་སུ་ཡིན་དྲིས། མོ་ནི་ལྷ་མོ་བཀྲ་ཤིས་མ་སྟེ་སུའི་ཁྱིམ་དུ་འདུག་ཀྱང་རིན་པོ་ཆེ་སྣ་བདུན་སོགས་ཀྱི་འབྱོར་པ་ཕུན་སུམ་ཚོགས་སོ། །དེ་དགའ་ནས་ནང་དུ་བོས་ཏེ་མཆོད་ཅིང་བཀུར་རོ། །ཡང་སྒོ་ན་བུད་མེད་མི་སྡུག་པ་ཞིག་བྱུང་བ་ལ་སྔར་བཞིན་དྲིས། བདག་ནི་རྣ་ནག་མའོ་ཟེར། ཅིའི་ཕྱིར་དེ་སྐད་བཏགས་བདག་སུའི་ཁྱིམ་དུ་འདུག་ཀྱང་ནོར་སོགས་ཀུན་རྒུད་ཅིང་བརླག་པར་འགྱུར་བས་བཀྲ་མི་ཤིས་པའི་ཕྱིར་རོ་ཟེར། །འོ་ན་སོང་སྨྲས། བདག་གི་ནུ་མོ་ཁྱིམ་འདིར་ཡོད་ན་བདག་ཀྱང་དེར་འདུག་གོ་ཞེའོ། །དེ་སྐྲག་ནས་ཁྱིམ་གྱི་ལྷ་མོ་ལ་དྲིས་པས་དེ་ཡིན་ཏེ། བདག་འདུག་ན་དེའང་རྟག་ཏུ་ཕྱི་བཞིན་འབྲང་བས་ལྷན་ཅིག་འདུག་དགོས། གལ་ཏེ་སྐྲོད་ན་བདག་ཀྱང་སྐྲོད་ཅིག་ཅེས་པས་ཁྱིམ་བདག་གི་འབྱོར་རྒུད་ཀྱི་ཉེས་པ་ལ་སྐྲག་ནས་གཉིས་ཀ་བསྐྲོད་དོ། །ཡང་དེ་གཉིས་སྤྲང་པོ་གླེན་པ་ཞིག་གི་སྒོར་སོང་ནས་གོང་ལྟར་སྨྲས་ཀྱང་། དེ་འདོད་པས་བསླུས་ནས་གཉིས་ཀ་ཁྱིམ་དུ་བཞག་པས་འབྱོར་རྒུད་ཀྱི་སྡུག་བསྔལ་མྱོང་ངོ་། །དེ་བཞིན་དུ་མཁས་པས་ལྷ་མིའི་དཔལ་ཡང་མི་འདོད་དེ། དང་པོ་བཀྲ་ཤིས་པའི་བདེ་བ་ཙམ་ཡོད་ཀྱང་དེ་དང་མི་འབྲལ་བར་བཀྲ་མི་ཤིས་པ། ན་རྒ་འཆི་བ་སོགས་ཡོད་པས་ཐམས་ཅད་སྤངས་ཏེ་མཐའ་གཅིག་ཏུ་བཀྲ་ཤིས་པ་མྱ་ངན་ལས་འདས་པར་འདོད་ལ། རྨོངས་པ་རྣམས་ནི་དེ་ལས་བཟློག་པའོ། །ལྔ་པ་ལྷ་མ་ཡིན་ནི། ལྷ་མིན་སོགས།༢ འདི་སྔོན་དང་པོ་རི་རབ་ཀྱི་སྟེང་ན་ལྷའི་རྒྱལ་པོ་གཏོར་མ་ཡིན་པ་ལ། ཁྱབ་འཇུག་གི་གཡོ་རྒྱུས་བསླུས་ནས་རི་རབ་ཀྱི་ཁོང་དུ་ལྟུང་། གནས་ལུས་ལོངས་སྤྱོད་སོགས་དམན་པ་ལ་དགག་སྒྲ་སྦྱར་ནས་ལྷ་མིན་ཏེ། དེར་སྐྱེས་ཀྱང་ལྷའི་དཔལ་ལ་སྡང་ཞིང་ང་རྒྱལ་དང་ཕྲག་དོག་ཁོ་ནས་ཡིད་འཁྲུགས་པ་དང་། ཁྲོ་གཏུམ་དང་གདུབ་རྩུབ་ཆེ་བ་སྲིན་པོ་དང་འདྲ་བས་རྟག་ཏུ་ལྷ་དང་འཐབ་རྩོད་ཀྱི་དབང་གིས་བག་མི་ཕེབ་པ་དང་། གསོད་པ་དང་རྨས་པ་ལ་སོགས་པའི་སྡུག་བསྔལ་ལོ། །ཤེས་རབ་ཅན་ཡིན་ཡང་རྣམ་སྨིན་གྱི་སྒྲིབ་པ་ཆེ་བས་འདིའི་རྟེན་ལ་བདེན་པ་མཐོང་བའང་མེད་པར་བཤད་དོ། །དྲུག་པ་ལྷའི་སྡུག་བསྔལ་ནི། ལྷ་རུ་སོགས།༢ རེ་ཞིག་མཐོ་ཞིང་སྐྱིད་པའི་ལྷ་རུ་སྐྱེས་ཀྱང་འདོད་ལྷ་དྲུག་ན་འདོད་པས་མྱོས་ཤིང་ལེ་ལོས་གཡེང་བས་དུས་འདའ་ཞིང་། འཆི་འཕོ་བའི་ཚེ་གང་དུ་སྐྱེ་བ་མཐོང་བ་ལྟུང་བའི་སྡུག་བསྔལ་དེ་ཉིད་ལྷའི་ཞག་བདུན་དུ་མྱོང་བ་དང་། འཐབ་རྩོད་དང་ཡིད་ཀྱི་སྡུག་བསྔལ་མང་ཞིང་འཆི་བར་ཉེ་བ་ན་མི་རྣམས་ལ་འཆི་ལྟས་འབྱུང་བ་བཞིན། ལུས་ཀྱི་བཀྲག་ཉམས་པ་དང་། སྟན་ལ་སྡོད་མི་ཚུགས་པ་དང་། མེ་ཏོག་གི་ཕྲེང་བ་རྙིང་པ་དང་། གོས་ལ་དྲི་མ་ཆགས་པ་དང་། ལུས་ལ་རྡུལ་འབྱུང་བ་སྟེ་འཆི་འཕོའི་སྔ་ལྟས་ལྔ་ཤར་བས་སྡུག་བསྔལ། དེ་ཡང་སྔར་བསྐལ་བར་གནས་པའི་བདེ་སྐྱིད་དྲན་ཀྱང་སྡོད་དབང་མེད་པ་འཕོ་བའི་སྡུག་བསྔལ། ཕྱི་མའི་སྐྱེ་གནས་མཐོང་ནས་འཇིགས་པ་ལྟུང་བའི་སྡུག་བསྔལ་ཏེ། མནར་མེད་ཀྱི་སྡུག་བསྔལ་དང་འདྲ་བ་མདོ་དྲན་པ་ཉེར་བཞག་ལས་གསུངས། སྔོན་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་ཞིག་ཚེ་འཕོས་ཏེ་དུད་འགྲོ་ཕག་ཏུ་སྐྱེ་བ་མཐོང་ནས། བཅོམ་ལྡན་འདས་ལ་ཞུས་པས། སྲོག་གཅོད་པ་སྤོང་བ་བསྟན་པས་ལྷ་གོང་མར་སྐྱེས་པ་ལྟ་བུའོ། །ཧ་གོང་མ་གཉིས་ན་འཕོ་ལྟུང་གི་སྡུག་བསྔལ་མངོན་གྱུར་མེད་ཀྱང་། ལས་ཟད་པ་དང་ལག་པ་བརྐྱང་བསྐུམ་ཙམ་གྱིས་གཉིད་སད་པ་བཞིན། འོག་མར་ལྟུང་ནས་ཉིང་མཚམས་སྦྱོར་བའི་སྡུག་བསྔལ་ཡོད། མི་རྟག་པ་ལ་སྡུག་བསྔལ་གྱིས་ཁྱབ་པས་གཙོ་ཆེར་ཁྱབ་པ་འདུ་བྱེད་ཀྱི་དབང་གིས་སྡུག་བསྔལ་ལོ། །གསུམ་པ་མཇུག་བསྡུས་ཏེ་ཁུང་བསྟན་པ་ནི། དེ་ལྟར་སོགས།༣ དེ་ལྟར་ཁམས་གསུམ་འཁོར་བར་སྐྱེས་པའི་ཉེས་པ་རྣམས་ནི་མི་རྟག་པ་མདོར་བསྟན་སྡུག་བསྔལ་རྒྱས་པར་བཤད་པ་དེ་གཉིས་ཡིན་ལ། ཞིབ་ཏུ་ནི་མདོ་སྡེ་དྲན་པ་ཉེར་བཞག་ལ་སོགས་པའི་ནང་དུ་བལྟ་བར་བྱའོ། །དྲན་ཉེར། སྲོག་ཆགས་སེམས་ནི་རྨོངས་པ་དག །འཁོར་བ་ལས་ནི་ཡིད་མི་འབྱུང་། །ཞེས་དང་། ཨཱརྱ་དེ་བས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཞེས་ན་སྐྱེ་མི་འགྱུར། །ཞེས་གསུངས་པས་འཇིག་ནས་ཡིད་འབྱུང་དགོས་སོ། །མི་རྟག་པ་དང་སྡུག་བསྔལ་ཤེས་པ་འདི་ཐེག་དམན་དང་ཐུན་མོང་ཡིན་ཡང་། ཁྱད་པར་ཐེག་ཆེན་ལམ་གྱི་སྔོན་འགྲོ་བྱས་ན། ཚེ་མི་རྟག་པར་ཤེས་ན་ཚེ་འདི་ལ་བློ་ལྡོག་ཅིང་སྒྲུབ་པ་ལ་ལོང་ཡོད་དུ་མི་གཏོང་། འཁོར་བ་སྡུག་བསྔལ་དུ་ཤེས་ན་རང་དོན་དུ་འཁོར་བ་ལ་མི་སྨོན། འཁོར་བའི་སེམས་ཅན་ལ་སྙིང་རྗེ་ཕྱོགས་མེད་དུ་ཤར་ནས་གཞན་དོན་ཁུར་དུ་ལེན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་ཐེག་དམན་དུ་མི་ལྟུང་བའི་དགོས་པ་ཡོད་དེ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་མཐའ་གཉིས་ལ་མི་གནས་པ་ནི་ཐེག་ཆེན་གྱི་ཁྱད་ཆོས་ཡིན་པའི་ཕྱིར། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང་། །ཞེས་དང་། འཕགས་པ་ཀླུས། རང་གི་དོན་ལ་མི་ལྟ་ཞིང་། གཞན་དོན་རོ་གཅིག་དགའ་བ་གང་། །ཡོན་ཏན་འབྱུང་གནས་ཐེག་ཆེན་ཏེ། །ཞེས་སོ། །སྔར་རྩ་བའི་ས་བཅད་གཉིས་པ་ནི། འབྲས་བུ་སྡུག་བསྔལ་དེ་དག་འབྱུང་བར་བྱེད་པའི་རྒྱུ་ཀུན་འབྱུང་གི་བདེན་པ་བཤད་པ་ལ་གཉིས། ཀུན་འབྱུང་ངོས་བཟུང་བ་དང་། དེ་ངོས་འཛིན་པའི་གདམས་པའོ། །དང་པོ་ལ་བཞི། མི་རྟག་པ་དང་སྡུག་བསྔལ་གྱིས་ལུས་གདུང་ཡང་རྩ་བ་སེམས་ཡིན་པ་དང་། སེམས་ཉིད་ངོ་མ་ཤེས་པས་འཁྲུལ་ནས་གཟུང་འཛིན་སོ་སོར་སྣང་བ་དང་། ལུས་ལོངས་སྤྱོད་ལ་ཆགས་པས་ཉོན་མོངས་སྐྱེ་བ་དང་། དུག་ལྔ་དགེ་སྡིག་གི་ལས་ཀྱི་འབྲས་བུ་སྡུག་བསྔལ་འབྱུར་བར་བསྟན་པའོ། །དང་པོ་ནི། མི་རྟག་སོགས།༤ ཇི་སྐད་བཤད་པའི་མི་རྟག་སྡུག་བསྔལ་མི་བཟད་པ་ཡུན་རིང་པོ་འདིས་བྱིས་པ་རྣམས། ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རྒྱུན་མི་ཆད་པར་གདུང་ལ། ད་དུང་བདེན་བཞི་མངོན་སུམ་མཐོང་བའི་འཕགས་ལམ་མ་ཐོབ་བར་དུ་རྟག་ཏུ་གདུང་བས། ལམ་ལ་འབད་དེ་ཀུན་འབྱུང་སྤང་བར་བྱའོ། །རྒྱུད་བླར། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་དང་། བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་པ་སྤངས་ལ་ཡང་སྲིད་མེད། །ཅེས་སོ། །ཀུན་འབྱུང་གི་བདེན་པ་ཞེས་བྱ་བ་དེ་ལ་རྣམ་པ་ཐུན་མོང་དུ་དབྱེ་བ་བཞི་ཡོད་དེ། སྡུག་བསྔལ་ཐམས་ཅད་ཀྱི་གཞིའམ་སྐྱེད་བྱེད་ཀྱི་རྩ་བར་གྱུར་པས་ན་རྒྱུ་དང་། སྡུག་བསྔལ་ཐམས་ཅད་འབྱུང་བས་ན་ཀུན་འབྱུང་བ་དང་། སྡུག་བསྔལ་དྲག་པོ་འཕྲལ་དུ་སྐྱེ་བས་ན་རབ་ཏུ་སྐྱེ་བ་དང་། སྡུག་བསྔལ་གྱི་མཚམས་སྦྱོར་བ་ལ་དེ་མ་ཐག་རྐྱེན་གྱི་ངོ་བོ་ཉིད་དེ་བཞིའོ། །དཔེར་ན་ནད་ངོ་ཤེས་པ་དེའི་རྒྱུ་སྤངས་པའི་ཕྱིར་སྨན་བསྟེན་པ་བཞིན། །སྡུག་བསྔལ་ཤེས་ན་དེ་ལ་སྐྲག་ནས་ཀུན་འབྱུང་སྤོང་བའི་ལམ་བསྟེན་པར་འདོད་པས་འབྲས་བུ་སྔོན་དང་རྒྱུ་ཕྱིས་བསྟན་པ་རྒྱུ་འབྲས་ཀྱི་འགྲོ་ལྡོག་གོ། །དེ་ལྟར་རྟག་ཏུ་གདུང་བར་སྣང་བ་དེ་ཉིད་ཀྱི་གཞི་དང་རྩ་བ་རང་གི་སེམས་མ་རིག་པའི་རང་བཞིན་ཅན་འདི་ལས་གཞན་མ་ཡིན་ནོ། །རྣམ་འབྱེད་ཀྱི་མདོ་དང་རྡོ་རྗེའི་སྙིང་པོའི་མདོ་སོགས་ལས་མང་དུ་གསུངས། གཉིས་པ་ནི། ཡུལ་ནི་སོགས།༥ གཉིས་སུ་སྣང་བའི་གཟུགས་སོགས་ཡུལ་འདི་རྣམས་ནི་ནང་གི་སེམས་གཉིས་སུ་སྣང་བ་ཡིན་ཏེ། ཟླ་བ་གཉིས་སྣང་བཞིན་ནོ། །སེམས་ཉིད་ཀྱི་རང་བཞིན་ནི་ཡེ་ནས་གཟུང་འཛིན་གྱིས་རྣམ་པར་དག་པ་ཆོས་ཀྱི་སྐུ་སྟེ་སྟོང་པ་ཉིད་ཡིན་ཏེ། ཡུམ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུངས་པ་ལྟར་ཡིན་པ་ལ། གློ་བུར་གྱི་རྣམ་པར་རྟོག་པ་མ་རིག་པ་བདག་ཏུ་འཛིན་པས་བསླད་པ་ཡིན་ལ། དེའི་ཕྱིར་ཡུལ་སྣང་འདི་སེམས་ཉིད་ཡིན་པར་ངོ་མ་ཤེས་པས་འཁྲུལ་ནས། ཕྱི་དང་ནང་གི་དངོས་པོ་ཞེས་བརྟགས་ནས་གཟུང་འཛིན་གྱི་མཚན་མ་སོ་སོར་བཟུང་བ་ཡིན་ནོ། །སྟོང་པ་ཉིད་ལ་ཆོས་སྐུར་བརྗོད་པ་ནི། རྒྱུད་བླ་མ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །ཞེས་སོ། །འདིར་ཐེག་ཆེན་རྣལ་འབྱོར་སྤྱོད་པ་ནི། ལང་གཤེགས་སོགས་ལས། ཕྱི་རོལ་སྣང་བ་ཡོད་མིན་ལ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ཞེས་དང་། བག་ཆགས་ཀྱིས་ནི་དཀྲུག་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་། ཀྱེ་རྒྱལ་བའི་སྲས་སྲིད་པ་གསུམ་ནི་སེམས་ཙམ་མོ། །ཞེས་གསུངས་པའི་གྲུབ་མཐའ་འཛིན་པ་དག་གིས། ཕྱི་སྣང་ཀུན་བརྟག་ཅེས་བཀག་སྟེ་ནང་གཞན་དབང་ཤེས་པ་བདེན་པར་འཛིན་ལ། འདིར་ཆོས་སྐུ་ཞེས་སེམས་ཀྱང་ངོ་བོ་སྟོང་པར་བསྟན་པས་ཁྱད་པར་ཕྱེས་ཤིང་། སྟོང་ཉིད་ཡེ་ཤེས་ཀྱི་གདངས་ཅན་འོད་དུ་འབྱུང་། དབུ་མས་ཀྱང་ཐ་སྙད་དུ་ཡུལ་སེམས་ཐ་དད་དུ་འདོད་ཅིང་ཡོད་མེད་མཉམ། སེམས་ལ་མ་ལྟོས་པའམ་མ་བྱུང་བའི་ཡུལ་མི་འདོད་དེ་རྟེན་འབྲེལ་ཡིན་པའི་ཕྱིར། འཕགས་པ་ཀླུས། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་སངས་རྒྱས་རྣམས་གསུངས་པས། །དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིའི་མི་འཐད། །ཅེས་དང་། ཟླ་གྲགས་ཀྱིས། ཨུཏྤལ་རྩྭ་ཐ་མ་ལས། ལོ་མ་ལ་སོགས་རྒྱུན་འབྱུང་ལྟར། །དེ་བཞིན་སེམས་རྫས་མེད་པ་ཡང་། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་གསུངས། ཁ་ཅིག་གིས་ཡུལ་འདི་དག་རྣམ་པར་རྟོག་པས་མེད་པ་ལ་ཡོད་པར་བཏགས་པ་ཡིན་ཏེ། ཉེ་བ་འཁོར་གྱིས་ཞུས་པ་ལས། སྣ་ཚོགས་མཛེས་དགའ་མེ་ཏོག་ཁ་ཕྱེ་ཞིང་། །གསེར་གྱི་ཁང་བཟང་འབར་བ་ཡིད་འོང་པ། །འདི་ན་དེ་དག་བྱེད་པོ་འགའ་ཡང་མེད། །དེ་དག་རྟོག་པའི་དབང་གིས་བཞག་པ་སྟེ། །རྟོག་པའི་དབང་གིས་འཇིག་རྟེན་འདི་དག་བརྟག །ཅེས་གསུངས་ཤེ་ན། དེའང་རྣམ་རྟོག་ལས་གཞན་དུ་ཡུལ་མེད་པ་དོན་གྱིིས་གྲུབ་བོ། །ཡུལ་རྣམས་སེམས་ལས་སྣང་ངོ་སྙམ་ནའང་སྣང་གཞི་སེམས་མེད་ན་མི་འབྱུང་བས་དོན་འདྲའོ། །དམྱལ་བ་ལྕགས་བསྲེག་གི་ས་གཞི་སོགས་ལས་ཀྱིས་བྱས་པ་ཡིན་སེམས་མིན་སྙམ་ནའང་། ལས་ནི་སེམས་ཀྱིས་བྱས་པ་ཡིན་ནོ། །ཡུལ་གྱི་རྣམ་པར་སྣང་བ་སེམས་ཡིན་གྱི། སྣང་ཡུལ་གཟུགས་སོགས་སེམས་མིན་སྙམ་ན། འོ་ན་དོན་སྨྲ་ལྟར་རམ། དེ་ཡང་མ་ཡིན་ཏེ་ཐོག་མེད་ཀྱི་བག་ཆགས་གོམས་པས་མེད་པ་གསལ་སྣང་གློ་བུར་བ་སྟེ། ཕྱི་ནང་གང་དུའང་མ་གྲུབ་པ་སྐྲ་ཤད་བཞིན་ནོ་སྙམ་ནའང་། སེམས་མེད་ན་བག་ཆགས་མི་འབྱུང་ངོ་། །སྤྲོས་པའི་ཆོག་གོ། །གསུམ་པ་ནི། ལུས་དང་སོགས།༧ དང་པོ་བདག་གོ་སྙམ་དུ་བདག་འཛིན་གྱི་དབང་གིས་ལུས་དང་ལོངས་སྤྱོད་སོགས་ཕྱི་ནང་གི་དངོས་པོ་ཀུན་ལ་བདག་གིར་བྱེད་འདོད་ཅིང་། དེ་ལས་ཆགས་པའི་མེ་རབ་ཏུ་འཕེལ་བ་ནི་ལས་ལམ་ཀུན་གྱི་གཙོ་བོ་ཡིན་ལ། ལུས་ངག་གཉིས་ནི་འདོད་པའི་སེམས་ཀྱི་ཁོལ་བོ་ཙམ་བྱེད་ཅིང་། དེ་གཉིས་ཀྱི་ལས་ནི་བསམ་པའི་ལས་ཏེ་སེམས་པའི་ཀུན་ནས་བསླང་བ་ཡིན་པས་ལས་ལམ་དངོས་མིན་ནོ། །དེ་བཞིན་དུ་བདག་གི་ཡིད་དང་མཐུན་པ་མཛའ་བཤེས་དང་མི་མཐུན་པ་དགྲ་བགེགས་སོགས་མནར་སེམས་ཀྱི་དངོས་པོ་དགུ་ལ་བསྟེན་ནས། ཞེ་སྡང་དང་ལ་སོགས་པ་ཕྲ་རྒྱས་ཀུན་དཀྲིས་མངོན་གྱུར་ང་རྒྱལ་མ་རིག་པ་ཐེ་ཚོམ་སྟེ་ལྟ་མིན་ལྔ་དང་། འཇིག་ལྟ་མཐར་ལྟ་ལོག་ལྟ་ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་སྟེ་ལྟ་བ་ལྔ་དང་། དེ་ལས་ཁྲོ་བ་དང་འཁོན་འཛིན་སོགས་ཉེ་བའི་ཉོན་མོངས་པ་གཞན་མང་པོ་ཡང་སྐྱེ་ཤིང་འཕེལ་བར་འགྱུར་རོ། །དྲན་ཉེར། ཀུན་རྟོག་ལས་ནི་འདོད་ཆགས་སྐྱེ། །ཆགས་ལས་ཁོང་ཁྲོ་རབ་ཏུ་འབྱུང་། །ཞེས་སོ། །དགེ་སློང་འབར་བ་གསུམ་གྱི་ལོ་རྒྱུས་སྦྱར་རོ། །དེས་ན་སྡུག་བསྔལ་ལས་ལས་བྱུང་ལས་ཉོན་མོངས་ལས་བྱུང་ཉོན་མོངས་ཡུལ་ལ་བསྟེན་ནས་སྐྱེ་བས་ན། འདོད་པའི་ཡུལ་ལ་སྲེད་པ་མ་སྤངས་ན་སྡུག་བསྔལ་སྤོང་བར་མི་ནུས་ཏེ། ལག་པའི་མེ་མ་བཏང་ན་སྲེག་པའི་སྡུག་བསྔལ་སྤོང་མི་ནུས་པ་བཞིན་ནོ། །དྲན་ཉེར་ལས། དགྲ་བོ་དང་འདྲ་ཡུལ་ཤེས་བྱ། །གྲོགས་པོ་དང་འདྲ་མྱ་ངན་འདའ། །ཞེས་དང་། ཤིང་མེས་བསྲེག་པའི་ཉེས་པ་ནི། །མི་ཡིས་ཡོངས་སུ་སྤོང་ནུས་ཀྱི། །འདོད་པའི་མེ་ཡིས་བསྲེག་པ་ནི། །ཡོངས་སུ་སྤོང་བར་མི་ནུས་སོ། །ཞེས་དང་། ཀིམ་པའི་འབྲས་བུ་དང་འདྲ་བ། །འདོད་པ་དགྲ་བོ་གྲོགས་པོའི་གཟུགས། །ཞེས་སོ། །ཉན་ཐོས་པའི་གཞུང་དུ་རང་རྒྱུད་ན་ཡོད་པ་ནི་ཐོབ་པ་ཆད་པ་དང་བྲལ་ཐོབ་སྐྱེས་པས་སྤང་། གཞན་གཟུགས་སོགས་ལ་དམིགས་པའི་ཉོན་མོངས་པ་ནི་འདུན་པའི་འདོད་ཆགས་དང་བྲལ་བས་སྤངས་བར་བཤད། འདིར་ནི་ཕྱི་ནང་གི་ཆོས་ཀུན་རང་བཞིན་མེད་པར་ཤེས་པས་སྤོང་དགོས་སོ། །བཞི་པ་ནི། ཉོན་མོངས་སོགས།༢ དེ་ལྟར་བདག་འཛིན་ལས་ཆགས་སོགས་ཉོན་མོངས་པ་དང་། དེའི་དབང་གིས་སམ་དེས་ཀུན་ནས་བསླངས་པའི་དགེ་སྡིག་གི་ལས་སྣ་ཚོགས་ལ་སྤྱད་པས། འབྲས་བུ་འཁོར་བ་མི་རྟག་པ་དང་སྡུག་བསྔལ་བའི་འཁྲུལ་འཁོར་མི་བཟད་པ་དེ་འབྱུང་བ་ཡིན་ལ། རྩ་ཤེས་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་ནི་སྤྲོས་དང་སྤྲོས་པ་ནི། །སྟོང་པ་ཉིད་ཀྱི་འགག་པར་འགྱུར། །ཞེས་སོ། །དེ་ཡང་རྩ་བ་བདག་འཛིན་མ་རིག་པའི་རྣམ་པར་རྟོག་པ་ཡིན་གྱི། གཙོ་བོ་དང་དབང་ཕྱུག་སོགས་ནི་མ་ཡིན་ནོ། །ཇི་སྐད་དུ། སེམས་ཅན་འཇིག་རྟེན་སྣོད་ཀྱི་འཇིག་རྟེན་དག །སྣ་ཚོགས་སེམས་ཉིད་ཀྱི་ནི་སྤྲོས་པ་སྟེ། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་བསྟན། །སེམས་ལས་མ་གཏོགས་ལས་ནི་ཡོད་མ་ཡིན། །ཞེས་དང་། བཤེས་སྤྲིང་ལས། འདོད་པ་སྤངས་བགྱི་འདི་ཡི་ལྕགས་སྒྲོགས་ཀྱིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་སོ། །གཉིས་པ་ཀུན་འབྱུང་ལས་ཉོན་གྱི་རྩ་བ་ངོས་འཛིན་པའི་གདམས་པ་དྲུག །བདག་འཛིན་གྱི་དགྲ་ངོས་འཛིན་པ་དང་། དེའི་བྱེད་ལས་དང་། དེ་ལ་བཟོད་པ་འཁོར་བའི་རྒྱུ་ཡིན་པ་དང་། དེ་མ་བཏུལ་བར་སངས་མི་རྒྱ་བ་དང་། རྟོག་པའི་དབང་གིས་གཉིས་མེད་གཉིས་སུ་སྣང་བའི་དཔེ་དང་། སྒྲིབ་པ་གཉིས་ཀྱི་རྒྱུ་བསྟན་པའོ། །དང་པོ་ནི། དེ་བས་དགྲ་ནི་སོགས།༩ རྒྱུ་མཚན་དེ་བས་ན་ཐོག་མ་མེད་ནས་རྟག་ཏུ་གནོད་པའི་དགྲ་མ་རུང་བ་ནི། རྣམ་པར་རྟོག་པ་བདག་ཏུ་འཛིན་པ་འདི་ཁོ་ན་ཡིན་ལ། འདི་རང་གི་ངོ་བོ་ནི་བརྟག་ན་སྒྱུ་མ་བཞིན་ལས་གནོད་པར་བྱེད་པའི་དངོས་པོ་མེད་ཀྱང་། མེད་བཞིན་དུ་ཐོག་མ་མེད་པ་ནས་བདག་གི་ཡིད་ལ་ལྷན་སྐྱེས་སུ་གནས་ནས་སུ་གནོད་པར་བྱས་ལ། ཤེས་རབ་ཀྱི་མིག་དང་མི་ལྡན་པ་བདག་ཉིད་ཀྱི་ཁོང་དུ་དགྲ་དེ་ཡོད་པར་སྣང་ཡང་། ཁྱིམ་ཕུག་གི་རྐུན་མ་བཞིན་དུ་ཞིབ་ཏུ་ལུང་ལས་མ་ཚོར་རིག་པས་ཀྱང་ངོས་མ་ཟིན་པས་སྡུག་བསྔལ་བའོ། །གཉིས་པ་དགྲ་དེའི་བྱེད་ལས་ནི། བདག་གི་ཆོས་སྐུ་ནོར་བུ་རིན་ཆེན་སོགས།༥ བདག་གི་གནས་ལུགས་ཆོས་ཀྱི་སྐུ་འདོད་དགུ་འབྱུང་བ་ནོར་བུ་རིན་པོ་ཆེ་ལྟ་བུ་དེ་ཉིད། གཟོད་མའམ་ཐོག་མའི་མུ་དེ་ཉིད་ནས་གཟུགས་མེད་པའི་དགྲ་འདིས་བརྐུས་ནས་སུ། བརྐུས་ནས་གང་དུ་ཁྱེར་ན། གནས་དེ་ཉིད་དུ་གཟུང་འཛིན་ནམ་སེམས་སེམས་བྱུང་གི་སྤྲོས་པའི་མཐའ་ཀུན་གྱིས་བསྐོར་ཞིང་། མཚན་མ་སྣ་ཚོགས་པའི་ཚང་ཚིང་འཐུག་པོའི་གསེབ་ཏུ་སྦས་ནས་བཞག་གོ། །རྨོངས་པ་བདག་གནི་དབུལ་པོའི་ཁྱིིམ་གྱི་གཏེར་མ་མཐོང་བ་བཞིན་དུ། ད་དུང་ལས་ཉོན་གྱིས་འཆི་ཞིང་འཁོར་བར་འཁྱམ་དུ་འཇུག་གོ། །འོ་ན་ངར་འཛིན་རྒྱུའི་བདག་དེ་གང་ལ་བྱ་ཞེ་ན། གཟུགས་སོགས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་འདིའི་རྒྱུན་ཙམ་ལ་བདག་གོ་ཞེས་ཐ་སྙད་བཏགས་པ་ཡིན་གྱི་དངོས་པོ་མེད་ཅེས་བྱ་བ་ཡིན་ནོ། །རྒྱས་པར་འོག་ཏུ་སྟོན། མདོ་ལས། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་བལྟའོ། །ཞེས་དང་། དྲན་ཉེ་ལས། སེམས་ནི་དགྲ་དང་དགྲ་ཆེན་ཏེ། །སེམས་ལས་གཞན་པའི་དགྲ་མེད་དོ། །རྩུབ་ཤིང་རང་གིས་རང་སྲེག་ལྟར། །སེམས་ནི་རང་གི་སེམས་ཀྱིས་བསྲེག །ཅེས་སོ། །གསུམ་པ་ནི། འཇིག་རྟེན་སོགས།༤ དགྲ་ལ་བཟོད་པ་སྒོམ་པར་མ་བཤད་དམ་ཞེ་ན། དེ་ནི་ཕྱིའི་དགྲ་ཡིན་ཏེ། འཇིག་རྟེན་གྱི་དགྲ་འདི་ཀུན་གྱིས་ནི་བསད་ནས་རྒྱུ་ནོར་འཕྲོག་པ་ཙམ་ལས་གནོད་པ་གཞན་ནི་མི་ནུས་ལ། དེ་ལ་བཟོད་པ་བསྒོམ་པར་བྱས་ན་སྡིག་པ་འཛད་ཅིང་བསོད་ནམས་ཀྱི་ཚོགས་ཀྱང་རྫོགས་པ་ཡིན་ལ། དགྲ་འདིས་ནི་ཚེ་འདིར་རང་གཞན་ཀུན་གྱི་སྲོག་བརླག་པའི་སྐབས་ཀྱང་ཡོད་པ་ཡིན་ལ། ལས་དང་ཉོན་མོངས་པའི་མཚོན་རྣོན་པོ་དག་མངོན་པར་འདུ་བྱས་པའི་ཞི་བདེ་ཐར་པའི་སྲོག་ཀྱང་གཅོད་པར་བྱེད་ན། དེ་ལ་བཟོད་ཅིང་བསྟེན་ནས་ཟག་བཅས་ཀྱི་བསོད་ནམས་བསགས་པས་ནི། ཁམས་གསུམ་འཁོར་བར་དམ་དུ་འཆིང་ནས་ཐར་བ་མེད་པར་བྱད་དོ། །དེས་ན་དེ་བརླག་པར་བྱ་དགོས་སོ། །བཞི་པ་ནི། དཔེར་ན་སོགས།༩ དཔེར་ན་དངུལ་གྱི་ཁམས་ཡོད་པའི་རྡོ་ནི་དངུལ་གྱི་རང་བཞིན་ཡང་། བཟོ་བོ་དག་གིས་བཞུ་བཏུལ་ན་གྲངས་མ་བྱས་བར་དུ་དངུལ་དངོས་མི་སྣང་ལ། དེ་བཞིན་དུ་སེམས་ཉིད་ཀྱི་རང་བཞིན་གསེར་ལྟར་འགྱུར་བ་མེད་ཅིང་རྣམ་པར་དག་པ་ཡིན་མོད་ཀྱང་། ཕྱིན་ཅི་ལོག་པར་རྟོག་པའི་དགྲ་བོ་འཁོར་དང་བཅས་པ་འདི་མ་ཆོམས་ཀྱི་བར་དུ། དག་པ་གཉིས་ལྡན་དུ་སངས་མི་རྒྱ་སྟེ་སྒྲིབ་པ་གཉིས་དང་མ་བྲལ་བའི་ཕྱིར། སངས་རྒྱས་ནི་ཀུན་ཏུ་རྟོག་པ་ཡུལ་དང་བཅས་པ་ཟད་པ་ལ་བྱ་སྟེ། མདོ་ལས། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་བྱུང་། །ཁྱོད་ལ་རྟོག་པར་མི་འགྱུར་བ། །དེ་ཕྱིར་ང་ལ་མི་འབྱུང་ངོ་། །ཞེས་སོ། །སེམས་ཅན་གྱི་རང་བཞིན་སངས་རྒྱས་ཡིན་ཡང་ལམ་གྱི་རྩོལ་བས་སྦྱོང་དགོས་པ་ཆོས་དབྱིངས་བསྟོད་པ་ལས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་ནི་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་པས། །ཉོན་མོངས་ངལ་བ་ཙམ་དུ་ཟད། །ཅེས་གསུངས་པ་ལྟར་རོ། །ལྔ་པ་ནི། དེ་བཞིན་སོགས།༦ སེམས་ཉིད་སངས་རྒྱས་ཡིན་པ་དེ་བཞིན་དུ་ལུས་སོགས་ལ་གཙང་བདེ་བདག་རྟག་ཏུ་འཛིན་པའི་རྣམ་རྟོག་ཕྱིན་ཅི་ལོག་པ་རྣམས་དང་། དེ་ལས་བྱུང་བའི་ཆགས་སོགས་ཉོན་མོངས་པ་རྣམས་དང་། འབྲས་བུ་སྡུག་བསྔལ་ཉིད་ཀྱང་རང་བཞིན་མེད་པས་དོན་ལ་བྱང་ཆུབ་ཡིན་མོད་ཀྱི་ཞེས་ཇི་ལྟར་ཞེ་ན། ལྷའི་བུ་རབ་རྩལ་སེམས་ཀྱི་ཞུས་པ་ལས། གང་ཚེ་སེམས་ནི་ཆགས་མེད་པས། །བླ་མེད་བྱང་ཆུབ་སེམས་ཡིན་ཏེ། །སེམས་ཀྱི་རང་བཞིན་མངོན་སུམ་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །ཞེས་སེམས་ཀྱི་རང་བཞིན་བྱང་ཆུབ་དང་དེ་མངོན་དུ་བྱེད་པ་ཤེས་རབ་ཏུ་བསྟན། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང་མང་དུ་འབྱུང་། མདོ་གཞན་ལས། ཉོན་མོངས་པ་ལྔ་ནི་ཡེ་ཤེས་ཡིན་ཏེ་སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་བྱ་བ་བཞིན་ནོ། །ཡེ་ཤེས་དེ་ཉིད་ཀྱིས་ཡེ་ཤེས་དེ་ཉིད་སྤང་བར་མི་བྱའོ། །ཞེས་དང་། ཁྱེའུ་རིན་ཆེན་བྱིན་གྱིས་ཞུས་པར། འདོད་ཆགས་སྤང་བར་མི་བྱའོ། །ཞེ་སྡང་གཞིལ་བར་མི་བྱའོ། །གཏི་མུག་བསལ་བར་མི་བྱའོ། །ཞེས་རང་བཞིན་ཤེས་ན་བསྒྲུབ་བྱ་ལས་སྤང་བྱའི་རྫས་མ་གྲུབ་པར་དགོངས། འོན་ཀྱང་དེ་ལྟར་མ་རྟོགས་པས་ལམ་ལ་འབད་ནས་མ་རིག་པས་བསྡུས་པའི་སྲིད་པའི་ཡན་ལག་བཅུ་གཉིས་དབྱིངས་སུ་ཞི་ནས། རང་རིག་པའི་ཡེ་ཤེས་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་བྱང་ཆུབ་ཆེན་པོ་མ་ཐོབ་བར་དུ་ནི། གློ་བུར་གྱི་དྲི་མ་ཀུན་ནས་ཉོན་མོངས་པ་བདེ་སྡུག་རྒྱུ་འབྲས་སོགས། བདག་འཛིན་གྱི་རིང་དུ་སྐྱེ་བོ་ཀུན་ལ་མངོན་སུམ་བསླུ་མེད་དུ་ཡོད་པས་བླང་དོར་བྱ་དགོས་ལ། དེ་ཡང་ཕུགས་ཀྱི་འཁྲུལ་རྟོག་འདུ་ཤེས་ཕྱིན་ཅི་ལོག་པའི་དབང་གིས་དངོས་པོར་མ་གྲུབ་ཀྱང་དངོས་པོར་སྣང་ངོ་། །དེ་ལྟར་ན་ད་ལྟའི་ཆོས་སྐྱེ་འགག་གནས་གསུམ་སོགས་དངོས་པོ་སྣ་ཚོགས་པ་འདི་འཐད་དམ་སྙམ་ན། དེའི་རང་བཞིན་ནམ་བདེན་འཛིན་ཟློག་བྱེད་དུ་དཔེར་ན། གཉིད་ཀྱིས་ནོན་པའི་རྨི་ལམ་དུ་བདེ་སྡུག་གི་སྣང་བ་སྣ་ཚོགས་པ་མངོན་སུམ་དུ་སྣང་བ་བཞིན་ནོ། །སད་པ་ན་ཅི་ཡང་མེད་པ་བཞིན་གཏི་མུག་གི་གཉིད་ཟད་པ་ན་ཅི་ཡང་མི་སྣང་ངོ་། །རྩ་ཤེས་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་གསུངས། །ཞེས་སོ། །རྒྱུ་འབྲས་རང་བཞིན་གྱིས་མེད་ན་ས་བོན་མྱུ་གུར་འཕོ་བ་མེད་སྙམ་ན། འདུས་བྱས་སྐད་ཅིག་མའི་རྒྱུན་འཇུག་པ་དངོས་པོར་འཛིན་པ་ཟློག་བྱེད་དུ་འགལ་མེའི་འཁོར་ལོའི་དཔེ་སྟོན་པ་སོགས་རྒྱ་ཆེར་ཤེས་པར་བྱའོ། །དྲུག་པ་བདག་འཛིན་དེ་སྒྲིབ་པ་གཉིས་ཀྱི་རྒྱུར་བསྟན་པ་ནི། རྣམ་རྟོག་སོགས་གོང་དུ་བཤད་པའི་ཚུལ་མིན་ཡིད་ཀྱི་རྟོག་པ་གཟུང་འཛིན་གཉིས་སུ་བདེན་པར་ཞེན་པ་དང་། གང་གིས་ཤེས་པར་བྱ་བ་དེ་ནི་ཤེས་བྱ་དང་གང་གིས་ཤེས་སོ་ཞེས་པ་ནི་དེའི་ལས་དང་། ཤེས་པ་པོ་ནི་བྱེད་པ་པོ་སྟེ། དེ་ལྟ་བུ་རྣམས་ལ་འཁོར་གསུམ་བདེན་འཛིན་གྱི་རྣམ་པར་རྟོག་པ་ནི་ཆོས་ཀྱི་བདག་དང་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་ཤེས་བྱའི་སྒྲིབ་པའང་ཡིན་ལ། བདག་དང་བདག་གིར་རམ་ང་དང་ང་ཡིར་འཛིན་པ་དེ་ཉིད་ནི་ཉོན་མོངས་པའི་སྒྲིབ་པ་ཀུན་གྱི་རྒྱུའོ། །སྟོང་དང་བདག་མེད་གཉིས་འོག་ནས་བཤད་པར་བྱའོ། །གཟུགས་སོགས་ལས་དང་བྱ་བ་རྫས་དང་ངོ་བོ་ཉིད་དངོས་པོར་མངོན་པར་ཞེན་པ་ཆོས་ཀྱི་བདག་འཛིན་ཤེས་སྒྲིབ་དང་། དེ་དག་རང་བཞིན་གྱིས་མེད་པ་ཆོས་བདག་མེད་དང་། ཤེས་པ་པོའམ་བྱེད་པ་པོར་འཛིན་པ་གང་ཟག་གི་བདག་འཛིན་དང་དེའང་རྟག་བདག་དང་རང་རྐྱ་ཐུབ་པའི་རྫས་ཡོད་ཅེས་སྦྱར་བདེན་མེད་སོགས་ཀྱི་ཁྱད་པར་སྦྱར་མི་དགོས་ཞེས་རྒྱ་བོད་ཀྱི་སློབ་དཔོན་ཕལ་མོ་ཆེས་བཞེད། དེས་བསྐྱེད་པའི་ཆགས་སོགས་དང་དེ་ལ་བདེན་པར་འཛིན་པའང་ཉོན་སྒྲིབ་དང་། དེ་མེད་པ་གང་ཟག་གི་བདག་མེད་པའོ། །ཉོན་སྒྲིབ་ཤེས་སྒྲིབ་དང་མི་འགལ་ཏེ་དེས་ཀྱང་ཤེས་བྱ་ལ་མི་སྒྲིབ་པ་མ་ཡིན་པའི་ཕྱིར། ཤེས་སྒྲིབ་ཉོན་སྒྲིབ་དང་འགལ་ཏེ། མི་ཤེས་པའི་རྒྱུ་བཞི་སོགས་ཉན་རང་ལ་ཡོད་ཀྱང་དེ་ཉོན་མོངས་ཅན་མ་ཡིན་པའི་ཕྱིར། དེས་ན་འཁོར་བ་ལ་འཕེན་བྱེད་ཀྱི་ལས་གསོག་ཅིང་ཐར་བ་ལ་སྒྲིབ་པ་ཉོན་སྒྲིབ་དང་། ཤེས་བྱ་ཕྲ་བ་ནས་རྣམ་མཁྱེན་གྱི་བར་ལ་སྒྲིབ་པ་ཤེས་སྒྲིབ་ཅེས་བྱའོ། །དེས་ན་ཐ་སྙད་དུ་འཁོར་བའི་རྒྱུ་ཀུན་འབྱུང་སྤོང་ཚུལ། ཏིང་རྒྱལ་ལས། མི་གཙང་བས་ནི་འདོད་ཆགས་རྟག་ཞི་གྱིས། །བཟོད་པའི་སྟོབས་ཀྱིས་ཞེ་སྡང་ཚར་ཆོད་ཅིག །ཤེས་རབ་སྟོབས་ཀྱིས་གཏི་མུག་བསལ་བར་གྱིས། །རྒྱལ་བས་བསྔགས་པའི་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། ཉོན་མོངས་ཟད་ན་དེས་བྱས་པའི་ལས་ཀྱང་འཛད་པ་ནི། ཡབ་སྲས་མཇལ་བའི་མདོར། ཉོན་མོངས་ཚར་གཅོད་བསྟེན་ན་ནི། །ལས་ཀྱི་ལམ་ཡང་ཆད་པར་འགྱུར། །ལས་ཀྱི་ལམ་ནི་ཆད་གྱུར་ན། འཇིག་རྟེན་གྱི་ནི་མཆོད་རྟེན་འགྱུར། །ཞེས་སོ། །དེ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དངོས་ཀུན་བཙལ་ཏེ་རང་བཞིན་མེད་པར་ཤེས་ནས་གོམས་ན་བྱང་ཆུབ་འཐོབ་པ་ནི། ཤེར་ཕྱིན་བདུན་བརྒྱ་པར། རབ་ཏུ་བཙལ་ན་མི་དམིགས་ཆོས། །སེམས་ལ་དངོས་པོར་མི་སྣང་བའི། །ཆོས་ཉིད་ལེགས་པར་ཤེས་པ་ཡིས། །བློ་ལྡན་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། གཞན་ཡང་ལས་ཉོན་སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་ལྡོག་རིམ་ནས་སྤང་ཚུལ་ནི། རྩ་ཤེས་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་ནི་སྤྲོས་དང་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གསུངས་པའི་ཚུལ་གྱིས་ཉམས་སུ་ལེན་པར་བྱེད་པའོ། །རྩ་བའི་ས་བཅད་གསུམ་པ་འགོག་པའི་བདེན་པ་ལ་བཞི་སྟེ། བཤད་པར་དམ་བཅའ་བ་དང་། མྱང་འདས་ཀྱི་ཡོན་ཏན་མདོར་བསྟན་པ། འབྲས་བུ་རྒྱས་པར་བསྟན་པ། མཇུག་བསྡུ་བའོ། །དང་པོ་ནི། ད་ནི་སོགས།༢ འཁོར་བའི་རྒྱུ་འབྲས་ལ་སྐྱོ་བ་སྐྱེས་ནས་མྱང་འདས་ཀྱི་རྒྱུ་འབྲས་ལ་བྲོད་པ་སྐྱེ་བའི་ཕྱིར་འབྲས་བུ་མྱ་ངན་ལས་འདས་པ་བཤད་པར་བྱའོ། །ཞེས་མཚམས་སྦྱར་ནས། གཉིས་པ་ལ་གཉིས། འཁོར་འདས་སོ་སོར་བདེན་པར་འཛིན་པ་བཟློག་པ་དང་། ཞི་བའི་བདེ་བ་མཆོག་ཏུ་བསྟན་པའོ། །དང་པོ་ནི། དེ་ཡང་འཁོར་བ་སྡུག་བསྔལ་བའི་སྣང་བ་འདི་དང་འགོག་པ་ཞི་བའི་བདེ་བ་གཉིས་ངོ་བོ་སོ་སོ་ཐ་དད་པ་མ་ཡིན་ཏེ། སྲིད་པ་རང་བཞིན་གྱིས་བདེན་པར་སྣང་བ་འདི་དཔྱད་ནས་རང་བཞིན་མེད་པ་སྟོང་པར་རྟོགས་པ་ནི་ཞི་བ་མྱང་འདས་ཡིན་པའི་ཕྱིར། གཟུགས་ཀྱི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་སོ་སོ་མ་ཡིན་ཐ་མི་དད་སོགས་ཤེར་མདོ་ལས་དང་། རྩ་ཤེས་ལས། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །འདི་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཞེས་སོ། །འཁོར་བ་རང་བཞིན་གྱིས་མེད་པ་དོན་དམ་དང་མེད་བཞིན་སྣང་བ་སྒྱུ་མ་ལྟ་བུ་ཀུན་རྫོབ་ཡིན་པས། དེ་གཉིས་དབྱེར་མེད་ལ་དེ་ལྟར་རྟོགས་ན་སྒྱུ་མ་ཙམ་གྱིས་འཁོར་བའི་བྱ་བ་བྱེད་མི་ནུས་སོ། །འགོག་བདེན་ལའང་ལྡོག་ཆ་ནས་རྣམ་པ་བཞི་ཡོད་དོ། །འབྱུང་འགྱུར་གྱི་རྒྱུ་ཀུན་འབྱུང་དང་བཅས་པ་འགག་པས་ན་འགོག་པ། ཉོན་མོངས་འཁྲུལ་པ་ཐམས་ཅད་དབྱིངས་སུ་ཞི་བས་ཞི་བ། ཕུན་སུམ་ཚོགས་པ་མཆོག་གི་ཡིན་པས་ན་གྱ་ནོམ་པ། གཏན་དུ་འཁོར་བ་ལ་ཕྱིར་མི་ལྡོག་པར་ངེས་པར་འབྱུང་བ་སྟེ་བཞིའོ། །གཉིས་པ་ནི། ཞི་བ་སོགས།༨ འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་འགོག་པའི་ཞི་བ་ཐོབ་པ་དེའི་ཡོན་ཏན་ནི་ཇི་ལྟ་བུ་ཞེ་ན། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་རྟོགས་པས། ཚུལ་བཞིན་མིན་པའི་རྣམ་པར་རྟོག་པ་བདག་ཏུ་འཛིན་པ་གཉིས་དང་། དེས་བསྐྱེད་པའི་ལས་དང་ཉོན་མོངས་རྣམས་མེད་ཅིང་། ངན་སོང་གསུམ་གྱི་བཀྲེས་སྐོམ་གྲང་དྲོ་སོགས་དང་། མིའི་སྐྱེ་རྒ་ན་འཆི་དང་ལྷ་འཕོ་ལྟུང་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་མེད་ལ། དེའི་ཕྱིར་འཁོར་བ་མི་རྟག་སྡུག་བསྔལ་གྱི་མཚན་ཉིད་རྣམས་སྔར་ཡོད་གཏན་ཟད་ཅིང་ཕྱིས་མི་སྐྱེ་བར་བྱས་ཏེ། རྩ་ཤེས་ལས། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གིར་སྙམ་ཟད་ན། །ཉེ་བར་ལེན་པ་ཟད་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ཅེས་གསུངས་པ་ལྟར་ཉན་ཐོས་རྣམས་ཀྱིས་དེ་ལྟར་རྟོགས་པས། དེའི་གཞུང་ལས། ལུས་ཞིག་ཚོར་བ་བསིལ་བར་འགྱུར། །འདུ་ཤེས་མེད་ཅིང་འདུ་བྱེད་འགགས། །རྣམ་པར་ཤེས་པ་ནུབ་གྱུར་པ། །དེ་ལྟར་འདི་ནི་སྡུག་བསྔལ་མཐའ། །ཞེས་ལྷག་མེད་ཀྱི་དུས་ཞི་བ་ཕྱོགས་གཅིག་ཏུ་མྱ་ངན་ལས་འདའོ། །དེའང་གཟུགས་སོགས་ལ་འདུན་པའི་འདོད་ཆགས་དང་བྲལ་བའི་ཚུལ་གྱིས་བདག་གིར་མི་བྱེད་དེ་རྟག་པས་སྟོང་པ་དང་སྡུག་བསྔལ་དང་རིལ་པོར་མེད་པར་རྟོགས་པའི་ཕྱིར་སྤྱིར་ཆོས་བདག་མེད་རགས་ལ་རྟོགས་ཙམ་བྱ་ལ། ཕྲ་བ་ནས་རྟོགས་པ་མ་ཡིན་ཏེ་དེ་དག་གི་གཞུང་དུ་གསལ་རྒྱས་རྫོགས་གསུམ་མ་བསྟན་ཞིང་དེའི་ཚུལ་གྱིས་མ་རྟོགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་བདག་མེད་གཉིས་དང་འཁོར་འདས་མཉམ་པ་ཉིད་རྟོགས་ཤིང་སྡུག་བསྔལ་བདེ་བར་འགྲོ་བའི་ཏིང་འཛིན་ཐོབ་པ་དང་། སྙིང་རྗེ་ཆེན་པོ་དང་སྨོན་ལམ་གྱི་འཕེན་པའི་དབང་གིས་བྱང་ཆུབ་བར་དུ་སྲིད་པར་ཉིང་མཚམས་སྦྱར་ནས། ལས་སུ་གཞན་དོན་འབའ་ཞིག་ལ་སྤྱོད་པར་བྱེད་ཅིང་། ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དབང་འབྱོར་བས་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཡང་ཐོབ་བོ། །མདོ་སྡེ་རྒྱན་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བ་ཞི་བའི་བདག་ཉིད་ལ། །དེ་ཕྱིར་རྒྱལ་སྲས་བསམ་མི་ཁྱབ། །ཅེས་སོགས་མང་ངོ་། །གསུམ་པ་འབྲས་བུ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐེག་དམན་ཉན་རང་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་ཚད་བསྟན་པོ། །དང་པོ་ནི། ཉན་ཐོས་སོགས།༤ ཉན་ཐོས་རྣམས་ཀྱི་རྫུ་འཕྲུལ་གྱི་ཚད་ཀྱང་ནི་ཇི་ཙམ་ཡོད་ཅེ་ན། འདི་ལྟར་ཏིང་ངེ་འཛིན་གྱི་ངོར་རྫུ་བ་ཙམ་གྱིས་གཞན་ངོར་འཕྲུལ་བ་ནི་མགྱོགས་ཆེད་གློག་དང་འདྲ་བར་བྱས་ནས་ནི་རི་རབ་བདུན་བདུན། གོམ་པ་རེ་རེས་བགྲོད་པར་བྱེད་ནས་འགྲོ་ལ། མཉམ་པར་བཞག་ཚེ་ལྷའི་མིག་གིས་སྟོང་གསུམ་རངས་པོ་དུས་གཅིག་ཏུ་མཐོང་ངོ་། །འདི་མཛོད་ལྟར་ན། ཉན་རང་སངས་རྒྱས་གསུམ་གྱིས་མངོན་པར་འདུ་བྱེད་པ་མེད་པས་རིམ་པ་ལྟར་སྟོང་དང་སྟོང་གཉིས་དང་སྟོང་གསུམ་མཐོང་། མངོན་པར་འདུ་བྱེད་པ་དང་བཅས་པས་ཉན་ཐོས་ཀྱིས་སྟོང་གཉིས་དང་རང་རྒྱལ་གྱིས་སྟོང་གསུམ་དང་སངས་རྒྱས་ཀྱིས་སྟོང་གསུམ་གྲངས་མེད་པ་མཐོང་ངོ་། །མདོ་ལས། མོའུ་འགལ་གྱི་བུའི་མ་སངས་རྒྱས་ཀྱི་ཞིང་འོད་ཟེར་ཅན་དུ་སྐྱེས་པ་ཚོལ་དུ་སོང་བ་དང་། ཡང་དེས་སངས་རྒྱས་ཀྱི་གསུང་གི་གསང་བའི་མཐའ་གཞལ་བའི་ཕྱིར། ནུབ་ཕྱོགས་ཀྱི་འཇིག་རྟེན་ཁམས་གཱངྒའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ན་སངས་རྒྱས་ཀྱི་ཞིང་འོད་ཟེར་གྱི་རྒྱལ་མཚན་ན། སངས་རྒྱས་འོད་ཟེར་ཀྱི་རྒྱལ་པོའི་དྲུང་དུ་སངས་རྒྱས་ཀྱི་མཐུས་འཕངས་པ་ལ་གསུང་གི་མཐའ་མ་རྙེད། སླར་བྱོན་མ་ནུས་པས་སངས་རྒྱས་ལ་ཕྱག་འཚལ་བས་ཡུད་ཙམ་གྱིས་ཐོན་པའི་ལོ་རྒྱུས་སོགས་ཡོད། གཉིས་པ་ལ་གཉིས། བསྟན་བཤད་དོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་ཚད་དཔེར་བྱ་ན་ཞེས་སོ། །གཉིས་པ་ལ་གཉིས། དངོས་པོ་ཆེ་ཆུང་སྤྲུལ་བསྒྱུར་བྱེད་པ། སྐུ་གཅིག་ལ་སྐུའི་མཛད་པ་དུ་མ་སྟོན་པའོ། །དང་པོ་ནི། སྟོང་གསུམ་སོགས།༦ དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བཞེད་ན། སྟོང་གསུམ་འདི་ཡང་ཉུང་འབྲུ་གཅིག་ཏུ་འཛུད་ཅིང་ཉུང་འབྲུ་སྔར་ལས་མ་འཕེལ། སྟོང་གསུམ་འགྲིབ་སྟེ་ཆུང་ངུར་མ་སོང་ལ། ཉུང་འབྲུ་གཅིག་ཀྱང་སྟོང་གསུམ་ཙམ་དུ་སྤྲུལ་ཞིང་འགེབས་པར་བྱེད་དོ། །ནང་གི་སེམས་ཅན་ཀུན་གྱིས་མ་ཚོར་བར་སྟོང་གསུམ་འདི་ཡང་འཇིག་རྟེན་གཞན་དུ་རྡོལ་འཕེན་པ་ལྟར་མཛད། གཞན་ཡང་བསྐལ་པ་སྐད་ཅིག་དང་སྐད་ཅིག་བསྐལ་པར་བསྒྱུར་བ་སོགས་སྤྲུལ་བསྒྱུར་མཛད་དོ། །གཉིས་པ་ནི། དེ་སོགས།༥ བྱང་ཆེན་དེ་ནི་རང་གི་སྟན་ལས་ཅུང་ཟད་ཀྱང་མ་གཡོས་པར་གནས་བཞིན་དུ། འཇིག་རྟེན་འབུམ་ཕྲག་མང་པོའི་ཕ་རོལ་ནས་མི་འཁྲུག་པའི་ཞིང་ཁམས་སོགས་རང་གི་ལག་པས་ལེན་ཅིང་སྟོན། སངས་རྒྱས་མང་པོ་སོ་སོའི་སྤྱན་སྔར་གནས་ནས་མཆོད་པའི་སྤྲིན་གྱིས་མཆོད་ཅིང་། ལ་ལར་ཆོས་འཆད་ཅིང་ཉན་པ་དང་རྩོད་པ་སོགས་དུས་གཅིག་ལ་སྟོན་པར་མཛད་དེ། ས་དང་པོ་ནས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པར་བཤད་པ་བཞིན་ནོ། །བཟང་སྤྱོད་སྨོན་ལམ་ལས་བཤད་པ་དང་། ཁུངས་རྒྱས་པ་དཀོན་བརྩེགས་དང་དྲི་མ་མེད་པར་གྲགས་པས་བསྟན་པ་སོགས་ལས་འབྱུང་ངོ་། །དཀོན་མཆོག་ཏཱ་ལ་ལས། ལག་པའི་མཐིལ་ནས་མཆོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་དེ་དག་བྱེད་པ་ལྟར། །རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཞེས་སོ། །གསུམ་པ་སངས་རྒྱས་ཀྱི་རྫུ་འཕྲུལ་ལ་དྲུག་སྟེ། རྫུ་འཕྲུལ་གྱི་ཚད་དྲི་བ། གསུང་ཚིག་གཅིག་བསྟན་པས་གདུལ་བྱའི་འདོད་པ་སོ་སོར་གོ་བ། སྐུ་གཅིག་ལ་གདུལ་བྱ་སོ་སོའི་མོས་པ་བཞིན་སྣང་བ། །སྣང་ཡང་དུ་མ་མེད་པའི་དཔེ་དང་། རྟོག་པ་མེད་ཀྱང་སྨོན་ལམ་གྱི་མཐུ་བརྟན་པ། སྒྲིབ་པ་ཅན་གྱིས་མི་མཐོང་བ་བསྟན་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སོགས། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་དེ་འདྲ་ན་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་ཚད་ཅི་ཙམ་ཡོད་ཅེའོ། །གཉིས་འདི་ལྟར་སོགས།༥ འདི་ལྟར་སངས་རྒྱས་གཟུགས་ཀྱི་སྐུ་གཅིག་བསྟན་པ་ལ་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་ཀྱི་གྲངས་ཙམ་གྱི་སེམས་ཅན་རྣམས་ཀྱིས། རེ་རེས་ཐེ་ཚོམ་མི་གཅིག་པ་སྣ་རེ་དུས་གཅིག་ཏུ་དྲིས་པ་ལ། དེ་བཞིན་གཤེགས་པས་ཚིག་གཅིག་གསུངས་པ་ལས་གདུལ་བྱ་སོ་སོ་རང་རང་གིས་དྲིས་པའི་ལན་ནི་བཏབ་སྟེ་ཐེ་ཚོམ་ཆོད་པར་མཐོང་བ་ནི། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །དཔེར་ན་སྦྲིང་སངས་ཞེས་པའི་སྒྲ་གཅིག་ལས། ལ་ལས་དུག་གིས་སྦྲིད་པ་སངས་པ་གོ། །ལ་ལས་འདུག་སྟངས་ཉེས་པས་སྦྲིད་པ་སངས་པ་གོ། །ལ་ལས་རིག་སྔགས་ཀྱིས་སྦྲིད་པ་སངས་པ་གོ་བ་བཞིན་ནོ། །དཀོན་བརྩེགས་ལས། འགྲོ་བའི་བསོད་ནམས་ལས་དག་ལས། རྒྱལ་བའི་གསུང་དབྱངས་གཅིག་སྣང་བ། །མོས་པའི་དབང་གིས་སོ་སོར་ཐོས། །འདི་ཡང་གསུང་གི་གསང་བའོ། །ཞེས་སོ་སངས་རྒྱས་ཀྱིས་མ་གསུངས་ཀྱང་ཐུགས་རྗེའི་དབང་གིས་དེ་ལྟར་སྣང་བ་ནི་རང་བཞིན་བྱིན་གྱིས་རླབས་ཀྱིི་རྟེན་འབྲེལ་ཟབ་མོ་ཡིན་ནོ། །ཏིང་རྒྱལ་ལས། ཀའུ་དཱི་ནྱ། ངས་ནི་གཟུགས་ཀྱི་དེ་བཞིན་ཉིད་འབའ་ཞིག་གསུངས་ན། ལ་ལས་ནི་གཟུགས་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་མི་སྟོང་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་བདེ་ཞེས་བྱ་བར་ཐོས། ལ་ལས་ནི་གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་ཐོས། ཞེས་གསུངས། དཔེར་ན་བྲག་ཅའི་སྒྲ་དེ་རྐྱེན་ལས་ཇི་སྐད་བརྗོད་པ་ལྟར་སྣང་ཡང་ཕྱི་ནང་གང་ན་མེད་པ་བཞིན། གདུལ་བྱ་ལས་དག་པའི་རྐྱེན་དང་སངས་རྒྱས་ཀྱི་ཐུགས་རྗེའི་རྒྱུ་ལས་གསུང་མི་ཟད་པ་རིགས་དྲུག་སོ་སོའི་སྐད་ཀྱིས་ཆོས་སུ་སྣང་བ་ཐོས་པའང་། རྒྱུད་བླ་མ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །དེ་ལྟར་དེ་བཞིན་གཤེགས་པའི་གསུང་། །ཕྱི་དང་ནང་ནའང་གནས་མ་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། སྐད་ཅིག་སོགས།༩ དེ་བཞིན་དུ་སྐུའི་གསང་བ་ཡང་སྐུ་གཅིག་བསྟན་པའི་སྐད་ཅིག་དེ་ཉིད་ལ། སྐུ་མི་ཟད་པ་སེམས་ཅན་ཇི་སྙེད་ཀྱི། ལ་ལས་ཞི་བ་དང་ལ་ལས་ཁྲོ་བོར་མཐོང་། ལ་ལས་རབ་ཏུ་བྱུང་བ་དང་ལ་ལས་ཁྱིམ་པའི་གཟུགས་སུ་མཐོང་། ལ་ལས་ཉན་ཐོས་དང་ལ་ལས་རང་རྒྱལ་གྱི་གཟུགས་སུ་མཐོང་ནས་དོན་ཐོབ་པ་དང་། ལ་ལས་བྱ་དང་རི་དྭགས་སོགས་སེམས་ཅན་རིག་མཐུན་པ་དང་མི་མཐུན་པ་སོ་སོའི་རྣམ་པ་སྣ་ཚོགས་སུ་མཐོང་བའི་ཕྱིར་རོ། །དེར་མ་ཟད་འབྱུང་བ་ཆེན་པོ་དང་རྩི་ཤིང་ནགས་ཚལ་གཟིངས་དང་ཟམ་པ་སོགས་བེམ་པོའི་རྣམ་པའང་མཐོང་ནས། སྐལ་བ་དང་ལྡན་པ་རྣམས་ལ་ཆོས་ཀྱི་སྒྲ་ཐོས་པ་སོགས་ཀྱིས་དོན་བྱེད་དོ། །དེས་ན་སེམས་ཅན་རང་རང་གི་མོས་པ་ཇི་ལྟ་བ་བཞིན་མཐོང་བས། སངས་རྒྱས་རྣམས་ནི་གཅིག་ཏུ་མ་ངེས་ཏེ། དེ་ལྟར་སྐུ་གཅིག་བསྟན་པས་སྣ་ཚོགས་པ་རྣམས་མཐོང་བའི་ཕྱིར་རོ། །བཞི་པ་ནི། ཆུ་ཡི་སོགས།༢ ཉེར་ལེན་ཆུ་མང་པོའི་རྐྱེན་གྱིས་ཟླ་བ་གཅིག་ལས་གཟུགས་བརྙན་མང་པོ་སྣང་ཞིང་། དེ་དག་ཟླ་བ་ལས་མི་འདའ་ཡང་ཟླ་བ་མང་དུ་སོང་བ་མ་ཡིན་ལ། དེ་བཞིན་དུ་གདུལ་བྱའི་དབང་གིས་སངས་རྒྱས་དུ་མར་སྣང་ཡང་སངས་རྒྱས་ཉིད་ཀྱི་ངོ་བོ་ཆོས་ཀྱི་སྐུ་ལ་ནི་གཉིས་སུ་མེད་དོ། །ལྔ་པ་ནི། སངས་རྒྱས་དངོས་ནི་སོགས།༤ ཡང་དག་པ་ཉིད་དུ་གཞལ་ན་མཐར་ཐུག་སངས་རྒྱས་དངོས་ནི་སྤྲོས་པ་དང་བྲལ་བ་ཐུགས་ཆོས་ཀྱི་སྐུ་ལ་བརྗོད་པར་བྱ་སྟེ། རྡོ་རྗེ་གཅོད་པ་ལས། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་དང་། དེ་ལ་གཟུགས་དང་སྒྲར་འཛིན་པ་མི་རུང་སྟེ། དེ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །ཞེས་གསུངས་པས། ཆོས་ཀྱི་སྐུ་གདུལ་བྱའི་ངོར་མི་སྣང་ཞིང་སྣང་བའི་གཟུགས་སྐུ་ལ་ཡང་རང་བཞིན་མེད་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དུ་བལྟ་བར་བྱའོ། །སངས་རྒྱས་ཆོས་སྐུ་དེ་ལ་ནི་འདི་བྱ་འདི་བྱེད་ཀྱི་རྟོག་པ་དང་རྩོལ་བ་མི་མངའ་སྟེ། ཁམས་གསུམ་གྱི་སེམས་སེམས་བྱུང་ཐམས་ཅད་འགགས་པའི་ཕྱིར། འོན་ཏེ་གདུལ་བྱ་ལ་ལ་སྣང་བ་སྐུ་དང་གསུང་གི་རྣམ་པར་རོལ་པ་ནི། སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་འཕེན་པའི་མཐུ་དང་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་ལས་སྣང་བ་ཡིན་ནོ། །ཆོས་ཀྱི་སྐུ་ནི་སྤྲུལ་པ་སྐུ་གསུང་ཐུགས་ཀྱི་ངོ་བོར་གནས་ཏེ་གཞན་ནི་མ་ཡིན་ལ། དེ་ལྟར་ན་ཤེས་རབ་སྙིང་པོ་ལས་སྟོང་ཉིད་བཞི་སྦྱོར་བཤད་པ་ཇི་ལྟ་བ་བཞིན་ཤེས་པར་བྱའོ། །སྐུ་གསུང་ཐུགས་ཀྱི་རྣམ་པར་རོལ་པས་ནི་གདུལ་བྱའི་ཞིང་ཀུན་ཏུ་ཁྱབ་ཅིང་སྲིད་པ་ཇི་སྲིད་དུ་མི་ཟད་པ་ཇི་ལྟར་ཇི་སྙེད་མཁྱེན་པས་འགྲོ་བའི་དོན་མཛད་དོ། །དེ་ཡང་སྐུ་གསུང་རེ་རེས་གར་ཁྱབ་ཏུ་རེ་རེས་ཀྱང་ཁྱབ་པར་གསུངས་སོ། །འཁོར་ལོ་བཅུ་པའི་མདོ་ལས། བདེ་གཤེགས་ཐུགས་རྗེ་དུས་རིང་འགྲོ་བ་ལ། །འདུལ་བའི་ཡུལ་དུ་མཁྱེན་ནས་དོན་མཛད་པ། །དུས་ལས་མི་ཡོལ་སྐད་ཅིག་སོ་སོར་སྣང་། །ཡེ་ཤེས་གཟིགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །དྲུག་པ་སྒྲིབ་པ་ཅན་གྱིས་མི་མཐོང་བ་ནི། ལོག་རྟོག་སོགས།༥ ཐམས་ཅད་ཀྱིས་མཐོང་ངམ་ཞེ་ན། ཕྱིན་ཅི་ལོག་གི་རྟོག་པས་སྒྲིབ་ཅིང་ལས་ངན་པའི་འགྲོ་བ་རྣམས་ཀྱིས་ནི། སྐུ་གསུང་ཐུགས་ཀྱི་རྣམ་པར་རོལ་པ་དེ་དག་མི་མཐོང་སྟེ། དཔེར་ན་ཉི་མའི་འོད་ཟེར་གྱི་རང་བཞིན་དེ་ཉིད་ཀྱིས་ནི་ཕྱོགས་ཀུན་ཏུ་སྒྲིབ་པ་མེད་པར་ཁྱབ་ཀྱང་། མིག་ལོང་གིས་ནི་ཅུང་ཟད་ཀྱང་མི་མཐོང་བ་བཞིན་ནོ། །སྐུ་གསུང་ཐུགས་ཀྱི་གཟུགས་བརྙན་ཞི་ཁྲོ་ལ་སོགས་པ་དེ་དག་མཐོང་བ་ནི། ལས་ཅན་སྐལ་བ་དང་ལྡན་པ་འགྲོ་བའི་མོས་གུས་ཀྱི་རྐྱེན་གྱི་རིགས་སད་པའི་རྟགས་ཡིན་ནོ། །དེའི་ཕྱིར་ན་གཟུགས་ཀྱི་སྐུ་ནི་གདུལ་བྱའི་སེམས་ཉིད་དག་པ་ལ་སྣང་བའོ། །མངོན་རྟོགས་རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་དང་། སེམས་དག་མ་དག་གི་ཁྱད་པར་ལས་རྒྱལ་བའི་སྐུ་མཐོང་མི་མཐོང་བའི་དཔེ་ནི། རྒྱུད་བླ་མར། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་མེད་དང་། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཅེས་སོ། །བཞི་པ་མཇུག་བསྡུ་བ་ནི། དེ་ལྟར་སོགས།༣ དེ་ལྟར་གོང་དུ་འཁོར་བའི་ཉེས་སྐྱོན་མི་རྟག་སྡུག་བསྔལ་བཤད་པ་དེ་དང་། འགོག་བདེན་མྱ་ངན་ལས་འདས་པའི་ཡོན་ཏན་ནི་དེ་ལགས་པས་དེ་དག་གི་རྒྱུ་སྤང་བླང་ལ་འབད་པར་བྱའོ། །རྩ་བའི་ས་བཅད་བཞི་པ་ལམ་གྱི་བདེན་པ་ལའང་རྣམ་པ་བཞི་སྟེ། ཐར་པ་ལ་གོང་ནས་གོང་དུ་བགྲོད་པར་བྱེད་པས་ན་ལམ་དང་། སྤང་བྱའི་དངོས་གཉེན་དུ་གྱུར་པས་ན་རིགས་པ། སེམས་ཕྱིན་ཅི་མ་ལོག་པས་བསྒྲུབ་བྱ་ཡིན་པས་ན་སྒྲུབ་པ། གཏན་དུ་ཐར་བ་མྱང་འདས་ཀྱི་གནས་སུ་ཁྲིད་པར་བྱེད་པས་ན་ངེས་པར་འབྱིན་པའོ། །ལམ་གྱི་བདེན་པ་ལ་ནང་གསེས་ལྔ་སྟེ། བྱང་ཆུབ་ཆེན་པོའི་རྒྱུ་ཚོགས་བསགས་པའི་ཕྱིར་ཚོགས་ལམ། མཐོང་ལམ་གྱི་བདེན་པ་ལ་སྦྱོར་བའི་ཕྱིར་སྦྱོར་ལམ། སྔར་མ་མཐོང་བའི་ཡེ་ཤེས་གསར་དུ་མཐོང་བས་མཐོང་ལམ། མཐོང་ཟིན་གོམས་པར་བྱེད་པས་སྒོམ་ལམ། བསླབ་བྱ་ཐམས་ཅད་མཐར་ཕྱིན་པའི་མི་སློབ་པའི་ལམ་མོ། །དང་པོ་ཚོགས་ཀྱི་ལམ་ལ་གཉིས་ཏེ། རྒྱུ་བསོད་ནམས་ཀྱི་ཚོགས་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དང་པོ་ལ་བདུན་ཏེ། དགྲའི་གཙོ་བོ་བདག་འཛིན་གཞོམ་པ་དང་། །དགོན་པར་ཕྱིན་ལ་ཆོས་སྤྱོད་བཅུ་སྒྲུབ་པ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །དགེ་བའི་དཔུང་གིས་དགྲ་འཇོམ་པ། །སྡིག་པའི་གཉེན་པོ་སྟོང་ཉིད་སྒོམ་པ། སྟོང་ཉིད་ཀྱིས་ཟིན་ན་དགེ་བ་ཚོགས་སུ་འགྱུར་ཞིང་མ་ཟིན་ན་ཐར་ལམ་དུ་མི་འགྱུར་བ། ངར་འཛིན་གྱི་དགེ་བ་བདུད་ལས་སུ་བསྟན་པའོ། །དང་པོ་ནི། དེ་བས་སོགས།༢ འབྲས་བུ་ཆོས་སྐུ་དེ་ཉིད་མངོན་དུ་བྱ་དགོས་པས་རྒྱུ་མཚན་དེ་བས་ན། ཡིད་དང་མཐུན་པའི་རི་ཁྲོད་དགོན་པར་སོང་སྟེ་འདུ་འཛིའི་གཡེང་བ་རྣམས་ཐག་བསྲིང་ལ། ཀུན་འབྱུང་ལས་ཉོན་སྡུག་བསྔལ་ཀུན་གྱི་རྒྱུ་གཙོ་བོ་ནི་རྣམ་རྟོག་བདག་ཏུ་འཛིན་པའི་དགྲ་འདི་ཡིན་པས། དང་པོ་ཉིད་དུ་གཞོམ་ཞིང་སྤོང་བ་ལ་འབད་པར་བྱའོ། །བདག་འཛིན་མགོ་གནོན་གྱི་ཚུལ་དུ་མ་བཅོམ་ན་དགེ་རྩ་ལ་མི་འཇུག་ཅིང་ཞུགས་པ་ལ་བར་ཆད་འབྱུང་བའི་རྐྱེན་ཏུ་འགྱུར་བ་ལ་དགོངས་སོ། །མདོ་བསྐལ་བཟང་ལས། ངོ་ཚ་ཤེས་གོས་དབེན་པ་རོ་ཡིས་ཟས། །བསམ་གཏན་མལ་ཆ་སྟན་དང་དབེན་པའི་ཁྱིམ། །བདག་མེད་རྟོགས་ལ་རབ་ཏུ་དགའ་བྱེད་ན། །མཁས་པ་གཞན་གྱི་བདེ་ལ་འདོད་མི་བྱ། །ཞེས་གསུངས། ཐོག་མར་མངོན་པ་ཀུན་བཏུས་ལས་གསུངས་པའི་ཚོགས་ལམ་གྱི་རྣལ་འབྱོར་བདུན་ལས། ཐོས་པས་བསམ་ལ་བརྩོན་པ་དང་། དབང་པོའི་སྒོ་བསྡོམ་པ་དང་། ཟད་ཀྱི་ཚོད་རིག་པ། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་རྣམས་སྔོན་དུ་གལ་ཆེའོ། །གཉིས་པ་ནི། རྣམ་རྟོག་སོགས།༦ བདག་འཛིན་གྱི་རྣམ་པར་རྟོག་པ་འཁོར་ཀུན་འགྲོ་དགུའི་དཔུང་དང་བཅས་པ་ལ་རྒོལ་བའི་ཤོམ་ར་ཡང་འདི་ལྟར་བྱ་སྟེ། འཇིག་རྟེན་ན་དགྲ་དཔུང་གཞོམ་པ་དང་རང་ལ་མི་ཚུགས་པའི་ཐབས་བྱེད་པ་བཞིན་དུ། དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། ཞེས་དང་དད་པ་ནི་ཆོས་སྣང་བའི་སྒོ་ཡང་ཡིན་པས་ཐར་ལམ་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་ས་གཞི་བརྟན་པོའི་གཞི་ལ། སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་ཉེས་ལྟུང་གིས་ཞིག་རལ་དུ་མ་སོང་བའི་མཁར་དམ་པོར་བརྩིགས་ཤིང་། དེ་ལ་ཆོས་སྤྱོད་བཅུ་ཡི་སྒོ་ནས་འཇུག་པར་བྱའོ། །ཆོས་སྤྱོད་བཅུ་ནི། ཡི་གེ་འབྲི་མཆོད་སྤྱིན་པ་དང་། །མཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །འདི་བཅུ་ཆོས་ཀྱི་སྒོ་མོ་ཡིན། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་སོ། །རྣམ་སྨིན་ཡིད་དུ་འོང་བ་འབྱིན་པར་བྱེད་པའི་དགེ་བ་བཅུ་ནི་མི་དགེ་བ་བཅུ་ལས་ལོག་ཙམ་མ་ཡིན་པར། གཞན་ལ་སྲོག་བྱིན་པའི་ཚུལ་ཁྲིམས་དང་། སེར་སྣ་མེད་པའི་སྦྱིན་པ་དང་། སྒོ་གསུམ་ཉེས་སྤྱོད་སྡོམ་པ་དང་། རྟག་ཏུ་བདེན་པར་སྨྲ་བ་དང་། འཁྲུག་སློང་དང་འཁོན་པ་ལྡུམ་པ་དང་། གཞན་ཡིད་དགའ་བའི་ཚིག་འཇམ་པ་དང་། དོན་དང་ལྡན་པའི་གཏམ་དང་ཁ་ཏོན་བྱེད་པ་དང་། འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་། བྱམས་སྙིང་རྗེ་སྒོམ་པ་དང་། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པས་ཆོས་ལ་བརྩོན་པའོ། །དེ་ནི་མི་དགེ་བ་བཅུའི་དངོས་ཀྱི་གཉེན་པོ་ཁྱད་པར་ཅན་ཡིན་པས་ཁྱད་པར་བྱའོ། །འཁོར་ལོ་བཅུ་པར། གང་ཞིག་མྱུར་དུ་བྱང་ཆུབ་མཆོག་འདོད་ན། དགེ་བཅུའི་ལས་ཀྱི་ལམ་ལ་ནན་ཏན་བྱོས། །ང་ཡི་ཆོས་ལ་མ་སྨད་ཤིན་ཏུ་བསྲུང་། །ཞེས་སོགས་སོ། །ཚོགས་སྦྱོར་གཉིས་ལ་མོས་པས་ཐོབ་པའི་ས་ཞེས་བཏགས་པ་དང་སྤྱོད་པས་ཐོབ་པ་ཆོས་སྤྱོད་བཅུ་དང་དགེ་བ་བཅུ་ཡིན་པས་དེ་ལ་དགོངས་སོ། །ཚད་མེད་བཞི་ནི། སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་འདོད་པའི་བྱམས་པ། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ། བདེ་བ་ཡོད་པ་ལ་དེ་དང་མི་འབྲལ་བར་འདོད་པའི་དགའ་བ། ཆགས་སྡང་ཅན་རྣམས་ཉེ་རིང་ཆགས་སྡང་དང་བྲལ་ནས་དགྲ་གཉེན་བར་མ་ཀུན་ལ་སེམས་སྙོམ་པར་འདོད་པའི་བཏང་སྙོམས་སོ། །དམིགས་ཡུལ་ཚད་མེད་པ་དང་བསོད་ནམས་ཚད་མེད་པས་ན་ཚད་མེད་ཅེས་བྱ། བསྡུ་བ་རྣམ་བཞི་ནི་གདུལ་བྱ་འཁོར་དུ་འདུ་བའི་ཕྱིར་སྦྱིན་པ་གཏོང་བ་དང་། མཆོག་གསུམ་གྱི་བསྔགས་པ་སོགས་སྙན་པར་སྨྲ་བའི་གཏན་གྱིས་ཡིད་དགའ་བར་བྱ། དེ་ནས་རང་རང་གི་བློ་དང་འཚམས་པའི་ཆོས་འཆད་ཅིང་སྒྲུབ་ཏུ་འཇུག །དེ་དག་དྲངས་བའི་ཐབས་སུ་རང་གིས་ཀྱང་སྒྲུབ་པའོ། །ཕ་རོལ་ཕྱིན་པ་དྲུག་ནི། སེར་སྣ་མེད་ཅིང་ལན་དང་རྣམ་སྨིན་ལ་མི་རེ་བའི་གཏོང་སེམས་དང་ལྡན་པ་སྦྱིན་པ་དང་། ངེས་འབྱུང་གིས་ཟིན་ཅིང་འཆལ་ཚུལ་སྡོམ་པའི་ཚུལ་ཁྲིམས་དང་། དཀའ་སྤྱད་དང་གནོད་པ་ཀུན་ལ་ཁོང་མ་འཁྲུགས་པའི་བཟོད་པ་དང་། ལེ་ལོ་དང་ཞུམ་པ་མེད་ཅིང་ཆོས་ལ་སྤྲོ་བས་སྒྲུབ་པ་རྒྱུན་བསྲིང་བའི་བརྩོན་འགྲུས་དང་། རྣམ་གཡེང་མེད་པ་དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་འཇོག་པ་བསམ་གཏན་དང་། རྟག་ཆད་དང་བྲལ་བའི་སེམས་ཉིད་ཇི་བཞིན་དུ་རྟོགས་པ་ཤེས་རབ་སྟེ་དྲུག་གོ། །དེ་ཡང་རེ་རེ་ལའང་དྲུག་དྲུག་ཕྱེ་བའི་སོ་དྲུག་དང་། མཆོད་སྦྱིན་ལྟ་བུ་དགེ་བ་སྣ་རེ་ལའང་གཞན་དོན་དུ་སེམས་པ་དང་། མི་མཐུན་ཕྱོགས་སྡོམ་པ་དང་གཞན་ལ་མི་གནོད་ཅིང་དཀའ་བར་བཟོད་པ་དང་། ལྷག་པར་སྤྲོ་བ་དང་ཡིད་གཏོད་པ་དང་བདེན་མེད་སྒྱུ་མ་ལྟར་བལྟ་བར་བྱས་ན་དྲུག་ཀ་ཚང་ངོ་། །དེ་དྲུག་ལ་ཚད་མེད་བཞི་ཡང་ཚང་སྟེ། སྦྱིན་སོགས་ཀྱི་སྒོ་ནས་བདེ་བ་ལ་དངོས་སུ་སྦྱོར་བ་བྱམས་པ། དྲུག་གི་མི་མཐུན་ཕྱོགས་དང་ལྡན་པ་དེ་དང་བྲལ་འདོད་ཀྱི་སྙིང་རྗེ། དྲུག་དང་ལྡན་པ་ལ་ད གའ་བ། དྲུག་གི་འབྲས་བུ་ཅན་ལ་ཆགས་པ་དང་དེ་མེད་པའི་སྡུག་བསྔལ་ཅན་ལ་ཁོང་མི་འཁྲུགས་པའི་བཏང་སྙོམས་སོ། །ཐབས་དང་ཤེས་རབ་གཉིས་ཀས་ཟིན་པ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གཞན་དུ་ན་སྦྱིན་པ་དང་ཚུལ་ཁྲིམས་ཙམ་ལས་ཕ་རོལ་ཏུ་ཕྱིན་པའི་མིང་མེད་དོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་བསྡུ་ན། ཐེག་ཆེན་གྱི་རིགས་ཅན་རྗེས་སུ་འཛིན་པའི་ཕྱིར་ཕར་ཕྱིན་དྲུག་གི་སྤྱོད་པ། ཐེག་དམན་གྱི་རིགས་ཅན་རྗེས་སུ་འཛིན་པའི་ཕྱིར་བྱང་ཆུབ་ཕྱོགས་མཐུན་གྱི་སྤྱོད་པ། དེ་གཉིས་ཀའི་ཡིད་འདུན་པར་བྱེད་པའི་ཕྱིར་མངོན་ཤེས་རྫུ་འཕྲུལ་གྱི་སྤྱོད་པ། དེ་གཉིས་ཀའི་རྒྱུད་ཆུད་མི་ཟ་བའི་ཕྱིར་སེམས་ཅན་ཡོངས་སྨིན་གྱི་སྤྱོད་པ་བསྡུ་བ་བཞིའོ། །དེ་རྣམས་བདག་དང་གཞན་གྱི་དོན་དུ་ལེགས་པར་སྤྱོད་པར་བྱའོ། །གསུམ་པ་ནི། བདག་རྟོགས་སོགས།༣ བདག་རྟོག་མ་རིག་པའི་དབང་གིས་ལས་བསགས་ལས་ཀྱིས་ཁམས་གསུམ་དུ་འཁོར་བའི་སེམས་ཅན་སྡུག་བསྔལ་བ་རྣམས་ལ་དམིགས་ཏེ། སྙིང་རྗེ་ཆེན་པོའི་ཐབས་ཀྱིས་དེ་དག་བསྒྲལ་བར་བྱའོ་ཞེས་དམ་བཅས་པ་ནི་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཐོག་མར་རང་ཉིད་སངས་མ་རྒྱས་པར་གཞན་སྒྲོལ་མི་ནུས་པས། དེ་ནས་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་ཏེ། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་གཞན་དོན་ཁོ་ན་ལ་དམིགས་པའི་སྨོན་ལམ་ཟབ་མོ་རྩེ་གཅིག་ཏུ་བཏབ་བོ། །བློ་གྲོས་རྒྱ་མཚོས་ཞུས་པར། བྱང་ཆུབས་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པ་ཡིན་ནོ། །ཕལ་ཆེན་སོགས་ལས་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་སྔོན་དུ་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་འགྲོ་དགོས་པ་དང་། དེ་གཉིས་ཀྱི་ཕན་ཡོན་མང་དུ་ཡོད། དེ་གཉིས་ཀའི་གྲོགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་མོས་པ་ཡིད་བྱེད་ཡན་ཆད་དགོས་པ་ཡིན་ནོ། །བཞི་པ་ནི། དེ་ལ་སོགས།༦ དེ་ལ་སོགས་པ་དགེ་བའི་རྒྱབ་དཔུང་གི་གྲོགས་དང་བཅས་པ་ལ་བརྟེན་ནས། སྒྱིད་ལུག་མེད་པའི་བརྩོན་འགྲུས་ཀྱི་གོ་གྱོན་ཞིང་། ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་རྟ་བཟང་པོ་ལ་ཞོན་ཏེ། གཉེན་པོའི་ཐབས་རྣམས་མི་བརྗེད་པའི་དྲན་པ་དང་། ཡེང་པ་མེད་པའི་ཤེས་བཞིན་གཉིས་ཀྱི་སོ་བཙུག་པ་སྟེ། དྲན་ཤེས་ཀྱི་མིག་གིས་བྱ་ར་བྱས་ནས་སྤང་བྱའི་གླགས་ཡོད་མེད་ལྟ་བ་དང་། ཐོས་བསམ་གྱི་ཤེས་རབ་རལ་གྲི་རྣོན་པོའི་མཚོན་ཐོགས་ཤིང་རྩེ་གཅིག་པའི་ཞི་གནས་བསམ་གཏན་གྱི་གཞུང་བརྡུངས་ཏེ། ལྷག་མཐོང་བདག་མེད་རྟོགས་པ་སྟོང་པ་ཉིད་ཀྱི་མཚོན་ཆ་ཆེན་པོ་རྡོ་རྗེ་ལྟ་བུ་དེ་ཉིད་ཀྱིས། གང་གཞོམ་ན་རྣམ་རྟོག་བདག་ལྟ་རི་རབ་ལྷུན་སྟུག་ཅིང་མཐོ་བ། ཉོན་མོངས་པའི་བྲག་རྡོ་རབ་ཏུ་བརྩིགས་པའི་སྲ་ཞིང་བརྟན་པ་དེ་ཉིད་ཀྱི་རྩེ་ནས་བརྒྱ་བྱིན་ལག་གི་རྡོ་རྗེས་རིའི་རྐང་པ་བཅག་པ་བཞིན་དུ་གཞོམ་པར་བྱའོ། །འདི་འཇིག་ལྟ་ལ་རིའི་རྩེ་མོ་ཉི་ཤུ་ཞེས་མདོ་ལས་དཔེ་དཔེ་ཅན་སྦྱར་ནས་གསུངས་པ་ལྟར་རོ། །སྐབས་འདིར་ཚོགས་ལམ་ཡིན་ཚེ་ཐོས་བསམ་གྱི་ཤེས་རབ་ལ་བསྟེན་ནས་བདག་ལྟ་མགོ་མནན་པའི་ཚུལ་གྱིས་སྤོང་བ་ལས། དྲུང་ནས་སྤངས་པ་མ་ཡིན་ཏེ་སོ་སྐྱེ་ལ་བདག་མེད་མངོན་སུམ་རྟོགས་པ་མི་འཇོག་པས་སོ། །དབང་པོ་རབ་ཏུ་རྣོན་པོ་སྔོན་གོམས་པ་རྒྱུའི་སྟོབས་ཅན་ཚེ་འདིར་སྦྱོར་ལམ་སྐྱེ་ངེས་ཀྱི་གང་ཟག་ཡིན་ན་གཉེན་པོ་ཟབ་པས། སྤང་བྱ་ཉམས་སུ་སྨད་པར་བྱེད་པ་ཡོད་རུང་ངོ་། །ཚོགས་ལམ་ན་གོ་བ་སྤྱིའི་འོད་གསལ། སྦྱོར་ལམ་ན་མྱོང་བ་དཔེའི་འོད་གསལ། མཐོང་ལམ་ན་རྟོགས་པ་དོན་གྱི་འོད་གསལ་ཞེས་བཤད་སྲོལ་ཡོད། ལྔ་པ་ནི། དེ་ཕྱིར་སོགས།༦ རྒྱུ་མཚན་དེའི་ཕྱིར་ན། རིན་ཆེན་ཕྲེང་བ་ལས། དད་ཅན་ཉིད་ཕྱི་ཆོས་ལ་བསྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་པ་ལྟར་ལས་འབྲས་དང་ཐར་ལམ་ལ་དང་བ་གསུམ་གྱིས་དྲངས་ཏེ། བརྩོན་འགྲུས་ནི། རྒྱན་ལས། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བསྟེན་པ་སྟེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པ་ལས། གང་ལ་བརྩོན་འགྲུས་ཡོད་པ་དེ་ལ་བྱང་ཆུབ་ཡོད་མོད་ཀྱི། །ལེ་ལོ་ཅན་རྣམས་ལ་ནི་མ་ཡིན་ནོ། །ཞེས་དང་། བརྩོན་འགྲུས་གང་ཞེ་ན། དགེ་བ་ལ་སྤྲོ་བའོ། །མི་དགེ་བ་དང་ལུང་མ་བསྟན་གྱི་ཆོས་ལ་སྤྲོ་བ་ནི་ལེ་ལོའོ། །དྲན་པ་ནི། གཙུག་ན་རིན་པོ་ཆེས་ཞུས་པ་ལས། དྲནཔ་གང་གིས་ཉོན་མོངས་པ་ཐམས་ཅད་འབྱུང་བར་མི་འགྱུར་བ་དང་། བདུད་ཀྱི་ལས་ཐམས་ཅད་ཀྱིས་སྐབས་མི་པ་དང་། ལམ་གོལ་བའམ་ངན་པར་མི་འགྲོ་བ་དང་། དྲན་པ་སྒོ་པ་ལྟ་བུར་གྱུར་པ་གང་གིས། སེམས་དང་སེམས་ལས་བྱུང་བའི་ཆོས་མི་དགེ་བ་ཐམས་ཅད་ཀྱིས་སྐབས་མི་འབྱེད་པ་འདི་ནི་ཡང་དག་པའི་དྲན་པའོ། །གནང་བཀག་གཉིས་དང་དམིགས་པ་མི་བརྗེད་པ་སྟེ། དྲན་པ་ནི་འདས་པའི་ཡུལ་ཅན་ཡིན་པས། དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པའོ། །ཞེས་གསུངས། ཤེས་བཞིན་ནི། ཤེར་མདོར། སྤྱོད་ནའང་བདག་སྤྱོད་དོ་ཞེས་རབ་ཏུ་ཤེས་སོ་ནས་འགྲོ་འདུག་ཟ་ཉལ་སོགས་ནང་དུ་མཉམ་པར་འཇོག་པའི་བར་དེ་དག་ཤེས་བཞིན་དུ་སྤྱོད་པ་ལ་བཤད་དོ། །ཤུགས་ལ་བག་ཡོད་ཀྱང་འབྱུང་རིགས་པས། བསླབ་བཏུས་ལས། བག་ཡོད་པ་གང་ཞེ་ན། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས། དགེ་བའི་ཆོས་རྣམས་སྒོམ་པ་དང་ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་སྲུང་བ་སྟེ། ཞེས་སོགས་ཀྱིས་འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པའོ། །གཞན་ཡང་འདུལ་བ་དང་སྲེད་པའི་ཚོམ་ལས། བག་ཡོད་པའི་ཕན་ཡོན་དང་བག་མེད་ཀྱི་ཉེས་དམིགས་མང་དུ་གསུངས། འདི་སྐད་དུ། ཟག་པ་ཟད་པ་མ་ཐོབ་ཀྱང་། །དུས་འདིར་བག་མེད་མི་བྱ་སྟེ། །རི་དྭགས་མ་ཡིས་སེང་གེ་ལྟར། །བག་མེད་པ་དག་གསད་པར་འགྱུར། །ཞེས་སོ། །བྱམས་པ་འཇུག་པའི་མདོར། །རྩ་བའི་སྒོ་དང་ཚུལ་གྱི་ལམ། བག་ཡོད་པ་དང་བརྩོན་འགྲུས་ཡིན། །མཁས་པ་རྣམས་ཀྱིས་འདི་ལ་སློབས། །ཞེས་སོ། །ཞི་གནས་ནི། དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ཞེས་དང་ལྷ་མཐོང་ཡང་དེ་ལས། ལྷག་མཐོང་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་སོ་སོར་རྟོག་པའོ། །དོན་དམ་དཔྱོད་པའི་རིགས་པས་ཕྱི་ནང་གི་ཆོས་རྣམས་སོ་སོར་རྟོག་ཅིང་དཔྱོད་པས་གནས་ལུགས་ལ་ངེས་པ་རྙེད་པ་ནི་དཔྱད་སྒོམ་གྱི་ལྷག་མཐོང་རྗེས་སུ་མཐུན་པ་ཡིན་ཏེ་ཕུང་པ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་སྟོང་པ་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་པ་ལྟར་རོ། །ཆོས་ཡང་དག་པར་སྡུད་པར། ཡིད་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བཞིན་དུ་མཐོང་བར་འགྱུར་རོ། །ཞེས་གསུངས་པ་ནི་ཞི་ལྷག་ཟུང་འབྲེལ་གྱི་དོན་ནོ། །དེ་རྣམས་ཀྱིས་སྟོང་ཉིད་བསྒོམ་ཞེས་པ་ཐོས་བསམ་གྱིས་དཔྱད་པའི་སྟོང་ཉིད་དོན་སྤྱིའི་གོ་བ་དེ། ཞི་གནས་ལ་བསྟེན་ནས་བསྒོམ་པས་མྱོང་རྟོགས་ཀྱི་རིགས་པ་སྐྱེས་པ་ལྷག་མཐོང་མཚན་ཉིད་པ་སྟེ། བསླབ་བཏུས་ལས། མཉམ་བཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་སོ། །དཔེར་ན་རི་མཐོན་པོའི་ཁར་ཕྱིན་ཏེ་བལྟས་ན་ཐམས་ཅད་གསལ་བར་མཐོང་བ་བཞིན་དུ། ཏིང་ངེ་འཛིན་འདི་གཉིས་ཀྱི་ནང་དུ་ཏིང་ངེ་འཛིན་ཐམས་ཅད་རང་སྣང་བར་གསུངས་པས་ལམ་གྱི་གནད་ཐམས་ཅད་འདི་གཉིས་སུ་འདུ་བའོ། །དེའང་གནས་སྐབས་རྟོག་པས་སྒོམ་པ་ཡིན་པས་རྟོགས་པ་ཀློང་དུ་མ་གྱུར་བར་དུ། བདག་འཛིན་སོགས་ཀྱི་གཉེན་པོ་འཛིན་སྟངས་འགལ་བ་བདག་མེད་ཡིད་བྱེད་ཀྱི་སྐྱོང་དགོས་པའོ། །འོན་ཀྱང་སོ་སྐྱེས་མཉམ་བཞག་ལ་གནས་ལུགས་མངོན་གྱུར་མེད་ཀྱང་ངེས་ཤེས་ཕུ་ཐག་ཆོད་པ་ཐོབ་ཚེ་ངེས་ཤེས་ཀྱི་ཡུལ་དེ་ལ་འཛིན་སྟངས་ཀྱིས་དམིགས་པ་ཆེད་གཏད་མི་བྱེད་པར་རེ་འགའ་རྟོག་མེད་དུའང་འཇོག །རྗེས་ཐོབ་དཔྱད་སྒོམ་འཛིན་སྟངས་ཅན་སྨོས་མ་དགོས། སྟོང་ཉིད་བསྒོམས་པས་འཁོར་བའི་སྡུག་བསྔལ་ཞི་ཞིང་ཐར་བའི་བདེ་བ་ཀུན་གྱི་རྒྱུ་ཡི་མཆོག་གོ། །ཞེས་སྤྱིར་བསྟན་ནས་གང་ཟག་གི་བདག་སྟོང་པ་དང་ཆོས་ལ་རྟག་པས་སྟོང་པ་སོགས་གཉེན་པོ་ཆུང་ངུ་རྟོགས་པས་ཀྱང་། སྲིད་པའི་རྒྱུ་ཟད་ནས་ཉན་ཐོས་དགྲ་བཅོམ་གྱི་འབྲས་བུ་དང་བདག་མེད་ཕྱེད་གཉིས་དང་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་རང་རྒྱལ་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ཐབས་དང་ཤེས་རབ་འབྲེལ་བའི་བདག་མེད་གཉིས་ཀྱིས་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པ་བསྒོམས་པས། ཆོས་ཐམས་ཅད་ལ་བདག་གཉིས་སུ་འཛིན་པའི་བློ་ཕྱིན་ཅི་ལོག་དང་། དེས་བསྐྱེད་པའི་ཉོན་མོངས་པ་དང་སྡུག་བསྔལ་དང་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཆེན་པོ་འཇོམས་པའི་གཉེན་པོ་མཆོག་ཏུ་གསུངས། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའོ་ཞེས་ཡིད་ལ་བྱེད་པས་ཀྱང་མཚམས་མེད་ཀྱི་སྡིག་པ་འདག་པ་སོགས་མདོ་ལས་མང་དུ་འབྱུང་། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་ཚུལ་བཞིན་ཡིད་ལ་བྱེད་པའི་སོ་སོར་རྟོག་པ་གཅིག་གིས་བསྐལ་པ་འབུམ་དུ་བསགས་པའི་ལས་དང་ཉོན་མོངས་པ་རྣམས་བྱང་བར་འགྱུར་རོ། །ཞེས་སོ། །གཉེན་པོ་སྟོབས་བཞིས་བཤགས་པ་སྔོན་དུ་བཏང་ནས་དངོས་གཞི་སྟོང་ཉིད་སྒོམ་པ་ཤིན་ཏུ་ལེགས། ཨཱརྱ་དེ་བས། བསོད་ནམས་ཆུང་ངུའི་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་སྐྱེ་མི་འགྱུར། །གལ་ཏེ་ཐེ་ཚོམ་སྐྱེས་གྱུར་ན། །སྲིད་པའི་རྩ་བ་ཧྲུལ་པོར་བྱེད། །ཅེས་དང་། འཕགས་པ་ཀླུས། གཞི་མེད་སྲིད་པ་འཇིག་བྱེད་པ། །སྟོང་ཉིད་འདི་ནི་རྟག་ཏུ་བསྒོམ། །ཞེས་སོ། །དྲུག་པ་ནི། དེས་ཟིན་སོགས།༧ བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་རྟོགས་པའི་ཤེས་རབ་དེས་ཟིན་ན་སྦྱིན་སོགས་ལྔ་པོ་སྤྱོད་པ་ཕ་རོལ་དུ་ཕྱིན་པའི་ཚོགས་སུ་འགྱུར་ལ། དེས་མ་ཟིན་ན་སྦྱིན་སོགས་སོ་སོའི་འབྲས་བུ་ལྷ་མའི་དཔལ་ཙམ་རེ་མྱོང་ནས། ཆུ་ཤིང་བཞིན་དུ་ཟད་པར་འགྱུར་ཏེ་རྣམ་པར་གྲོལ་བའི་རྒྱུར་མི་འགྱུར་རོ། །སྡུད་པར། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པས་རྣམ་གྲོལ་ཐར་པའི་རྒྱུ་ཤེས་རབ་ཡིན་ནོ། །བདག་དང་བདག་གིར་ལྟ་བ་ལ་གནས་པའི་བྱིས་པ་གང་ཞིག །འཇིག་རྟེན་པའི་ལྟ་བ་ལ་གནས་ནས་བདག་ནི་ཚུལ་ཁྲིམས་དང་ལྡན་པའོ་ཞེས། ཚུལ་ཁྲིམས་ལ་མངོན་རློམ་ཞུགས་ནས་སྲུང་སེམས་ཡོད་ཀྱང་འཁོར་གསུམ་དུ་ཞེན་པ་དེ་ཡིས། ཚུལ་ཁྲིམས་བསྲུང་བའི་འབྲས་བུས་ལྷ་མའི་བདེ་བ་ཙམ་མྱོང་ནས་ནི་ཕྱིིར་ཡང་ངན་སོང་གསུམ་དུ་བྱིས་པ་དེ་འཁོར་བར་འགྱུར་རོ། །འཇུག་པ་ལས། གལ་ཏེ་དེ་ནི་ཁྲིམས་དག་རང་བཞིན་ལྟ། །དེ་ཕྱིར་དེ་ནི་ཚུལ་ཁྲིམས་དག་མི་འགྱུར། །ཞེས་ལྟ་བས་མ་དག་པའོ། །འོ་ན་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་འདྲའམ་ཞེ་ན། དེ་ནི་ངེས་འབྱུང་དང་ཤེས་རབ་གང་གིས་ཀྱང་མ་ཟིན་པའི་ལྟ་བ་ངན་པའི་རྗེས་སུ་འབྲང་བའི་ཚུལ་ཁྲིམས་དང་ཁྱི་དང་བ་ལང་གི་བརྟུལ་ཞུགས་ལ་ཐར་ལམ་དུ་འཛིན་པ་ཡིན། དེ་ཕྱི་རོལ་པ་ལས་ནང་པ་སངས་རྒྱས་པ་ལ་མེད། ནང་པའི་ཚུལ་ཁྲིམས་ངེས་འབྱུང་གིས་ཟིན་ཅིང་ལྟ་བ་དང་ལྡན་ན་དག་གྲོལ་ངེས་འབྱིིན་དུ་འཛིན་པ་ལམ་མ་ནོར་བ་ཡིན་པས་མི་འདྲ་ཞེས་ཟེར། འོན་ཀྱང་ལྟ་བ་མེད་ན་ངེས་འབྱུང་དང་རྒྱུ་འབྲས་ཡིད་ཆེས་ཀྱི་ལྟ་བ་ཡོད་པ་ཙམ་གྱིས་དག་གྲོལ་གྱི་ལམ་དུ་མི་འགྱུར་རོ། །ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས། ལུས་ནི་གཟུགས་བརྙན་ཉིད་དང་འདྲ། །ངག་ནི་བྲག་ཆ་ཇི་བཞིན་ཏེ། །སེམས་ནི་སྒྱུ་མ་འདྲར་རིག་ནས། །དེ་དག་ཚུལ་ཁྲིམས་མི་སྙེམས་སོ། །ཞེས་གསུངས་པས་ཚུལ་ཁྲིམས་ཀྱིས་སྙེམས་པའི་ང་རྒྱལ་སྤོང་འདོད་ན་དེ་ལྟ་བུ་དགོས་སོ། །ཨཱརྱ་དེ་བས། ཆོས་ཆགས་དེ་བཞིན་གཤེགས་རྣམས་ཀྱིས། །མཐོ་རིས་འདོད་པ་རྣམས་ལ་གསུངས། །ཐར་པ་འདོད་པ་ལ་དེ་ཉིད། །སྨད་འགྱུར་གཞན་དུ་སྨོས་ཅི་དགོས། །ཞེས་སོ། །བདུན་པ་ནི། བདག་འཛིན་སྒྱུ་མ་མཁན་སོགས།༧ བདག་དང་བདག་གིར་འཛིན་པ་སྒྱུ་མ་མཁན་ལྟ་བུ་སྒྱུ་འཕྲུལ་སྣ་ཚོགས་ཀྱི་བདག་པོ་དེ། རང་རྒྱུད་ལ་བག་ལ་ཉལ་གྱི་ཚུལ་དུ་ཡོད་པ་དེ་སྲིད་ཀྱི་བར་དུ་ནི། བསམ་གཏན་གྱི་ལྷ་ལྟ་བུ་གཡོ་འགུལ་མེད་པ་རི་དང་འདྲ་བའི་ཞི་གནས་དང་བསམ་གཏན་བསྒོམ་ཀྱང་འཁོར་བ་ལས་མི་གྲོལ་བའི་ཕྱིར། ཕྱི་ནང་གི་དངོས་པོ་ཐམས་ཅད་རྒྱུ་རྐྱེན་ལས་སྐྱེས་པའི་རྟེན་འབྲེལ་ཙམ་ཤེས་ཀྱང་དངོས་པོའི་རང་བཞིན་མེད་པ་སྒྱུ་མའི་རྟེན་འབྲེལ་བཞིན་མ་རྟོགས་ན་རྒྱུ་འབྲས་མི་བསླུ་བར་ཤེས་ནས་མཆོད་སྦྱིན་གྱི་གཏོང་ཕོད་དང་། ཐོས་པ་མང་པོ་འཛིན་པའི་ཡོན་ཏན་དང་དད་བརྩོན་སོགས་ཀྱིས་འབད་པའི་དཀའ་ཐུབ་ལ་ཡུན་རིང་དུ་སྤྱད་ཀྱང་། བདག་འཛིན་གྱི་རྣམ་པར་རྟོག་པ་དང་བཅས་པའི་དགེ་ཚོགས་ཡིན་པས། འཁོར་བའི་རྒྱུ་ལས་མ་འདས་པའི་ཕྱིར་རྣམ་གཡེང་བདུད་ཀྱི་ལས་ཡིན་པར་མདོ་ལས་གསུངས་སོ། །དེ་བས་ན་ཐར་ལམ་གྱི་གཙོ་བོ་སྟོང་པ་ཉིད་ནི་རྟག་ཏུ་བསྒོམ་པར་བྱའོ། །ཆོས་ཟབ་མོ་ལ་འཚེ་བ་མང་བའི་རྒྱུ་མཚན་ཤེར་ཕྱིན་སྒོམ་པ་ལ་བདུད་ཀྱི་གླག་ལྟ་བ་བཞིན་དང་། བསྔགས་འོས་བསྔགས་བསྟོད་དུ། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་མདོང་རྣམས་ཀྱིས། །སྲིད་རྩེ་བར་དུ་ཕྱིན་གྱུར་ཀྱང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་སྒྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འབྲང་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རིས་བཙའ་བཞིན་དུ། །སྲིད་པ་རྣམས་ནི་ལྡོག་པར་འགྱུར། །ཞེས་དང་། འཕགས་པ་ཀླུས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀྱང་། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་པས། །ཕྱི་ནས་དམྱལ་བར་སྐྱེ་བ་ཆ་མེད་དོ། །ཞེས་སོ། །མཆོད་སྦྱིན་གཏོང་ཕོད་རྟེན་བཞེང་སོགས་གཙོ་བོ་ཁྱིམ་པ་རྣམས་ལ་གསུངས་ཀྱི། རབ་ཏུ་བྱུང་བ་རྣམས་ལ་ཀློག་སྤོང་གི་བྱ་བ་ལ་འབད་དགོས་པ་དཀོན་བརྩེགས་སོགས་ལས་མང་དུ་གསུངས་སོ། །གཉིས་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལ་གསུམ། ཆོས་ཀུན་སྟོང་ཉིད་དུ་བརྟགས་པ། འཁོར་འདས་ཀྱི་ཆོ་འཕྲུལ་ཤེས་ངོར་སྣ་ཚོགས་སྣང་ཡང་དོན་ལ་མེད་པ། བདེན་གཉིས་སོ་སོར་ཕྱེ་ནས་བསྟན་པའོ། །དང་པོ་ནི། ཆོས་ཀུན་སྟོང་པ་སོགས་འཁོར་འདས་ཀྱི་ཆོས་ཀུན་གྱི་རང་བཞིན་ནི་འདི་ལྟར་ཡེ་ནས་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་དུ་གནས་པས། ལུང་རིགས་དུ་མས་དཔྱད་ནས་སྒོམ་ཚེ་འདི་ལྟར་བརྟག་གོ་ཞེས་མདོར་བསྟན་ལ། རྩ་ཤེས་ལས། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བཤད། །ཅེས་སོ། །གཉིས་པ་ནི། འཁོར་དང་སོགས།༨ སྤང་བྱ་འཁོར་བར་སྣང་བ་འདི་དང་བླང་བྱ་མྱ་ངན་ལས་འདས་པའི་ཆོས་འདི་རྣམས་ནི། ཡེ་ནས་དངོས་འཛིན་དུ་གོལ་བའི་འཁྲུལ་རྟོག་ཅན་རྣམས་ལ་ཕྱིན་ཅི་ལོག་གི་ཀུན་རྫོབ་གྱི་ན་ཙམ་སྟེ། དྷ་དྷུ་ར་ཟོས་པའི་མེད་པ་གསལ་སྣང་བཞིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས། སྣང་བ་ཙམ་ལས་བདེན་དངོས་སུ་སྣང་བ་ནི། ཡེ་ནས་ལོག་རྟོག་གོམས་པའི་འདུ་ཤེས་བརྟས་པའི་དབང་གིས་ནི་འཁྲུལ་སྣང་ཙམ་ལས་དོན་གྱི་རང་བཞིན་ལ་མེད་ཀྱང་། མེད་བཞིན་འདི་ལྟར་སྣང་སྟེ། དག་པ་སངས་རྒྱས་དང་མ་དག་པ་སེམས་ཅན་དང་རྒྱུ་ལམ་དང་འབྲས་བུ་འགོག་པ་དང་། རྒྱུ་དགེ་སྡིག་དང་འབྲས་བུ་བདེ་སྡུག་དང་ཕྱི་དང་ནང་དང་སྣོད་བཅུད་སྐྱེ་འཇིག་སོགས་དང་། བྱ་བ་དང་བྱེད་པ་པོ་དང་དོན་བྱེད་ནུས་པ་དང་། མི་ནུས་པ་དང་། འདུས་བྱས་དང་འདུས་མ་བྱས་དང་། རྒྱུ་དང་འབྲས་བུ་སོགས་གཉིས་མེད་གཉིས་སུ་སྣང་བ་དངོས་མེད་དངོས་པོར་སྣང་བ་སྣ་ཚོགས་པ་འདི་ལ་བརྟགས་ན། སྣ་ཚོགས་སྣང་ཡང་མི་བདེན་པ་རྨི་ལམ་གྱི་ཡུལ་ཇི་ལྟ་བ་བཞིན་དུ་ད་ལྟར་འཁྲུལ་ངོར་མངོན་སུམ་དུ་སྣང་མོད་ཀྱང་། དོན་དམ་དཔྱོད་བྱེད་ཀྱི་རིག་པ་གཅིག་ཏུ་བྲལ་སོགས་ཀྱིས་དཔྱད་ཅིང་གཞིག་ན་སྣང་བ་དེ་དག་གང་ལའང་རང་བཞིན་རྡུལ་ཙམ་མེད་དོ། །ཡབ་སྲས་མཇལ་བ་ལས། ནོར་བུ་རིན་ཆེན་རང་བཞིན་ཡོངས་དག་པ། །གོས་ཀྱི་དྲུང་བཞག་སྣ་ཚོགས་ཚོན་དུ་འགྱུར། །དེ་བཞིན་རང་བཞིན་ཡོངས་དག་ཆོས་རྣམས་ཀྱང་། །ལོག་པའི་རྣམ་པར་རྟོག་པས་དེ་ལྟར་འགྱུར། །ཞེས་དང་། མདོ་སྡེའི་རྒྱན་ལས། ཇི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོ་དམན་མེད་ཀྱང་སྣང་བ་དེ་བཞིན་དུ། །ཡང་དག་མ་ཡིན་རྟོགས་ལ་རྣམ་ཀུན་ཏུ། །གཉིས་པོ་རྟག་ཏུ་མེད་ཀྱང་སྣང་བར་འགྱུར། །ཞེས་གསུངས། འཁོར་འདས་ཀྱི་ཆོས་ཐམས་ཅད་མེད་ན་སངས་རྒྱས་ཀྱིས་ཆོས་གསུངས་སེམས་ཅན་འཁོར་བ་ལས་བསྒྲལ་བ་སོགས་མི་འཐད་ཅེ་ན། དེ་ནི་ཐ་སྙད་རྟེན་འབྲེལ་གྱི་སྣང་བ་ལས་དོན་ལ་མེད་དེ། ཏིང་རྒྱལ་ལས། ཀུན་རྫོབ་ཏུ་ནི་རྒྱལ་བས་ཆོས་བཤད་དེ། །འདུས་བྱས་འདུས་མ་བྱས་ཡིན་དེ་ལྟར་ལྟོས། །ཡང་དག་ཉིད་དུ་བདག་དང་སེམས་ཅན་མེད། །འགྲོ་བ་ཀུན་གྱི་མཚན་ཉིད་དེ་འདྲའོ། །ཞེས་དང་། ཐམས་ཅད་བསམ་ཡས་ཐམས་ཅད་འབྱུང་མིན་པས། །དངོས་དང་དངོས་མེད་ཤེས་པ་རྣམ་པར་བཤིག །བྱིས་པ་གང་དག་སེམས་ཀྱི་དབང་སོང་བ། །དེ་དག་སྲིད་པ་བྱེ་བ་བརྒྱར་སྡུག་བསྔལ། །ཞེས་སོ། །ངག་གི་དངོས་པོར་སྨྲ་བ་དང་ཡིད་ཀྱིས་དངོས་པོར་འཛིན་པའི་ཉེས་པ་ཐམས་ཅད་སྡོམ་པར་བྱེད་པ་ལ་རྨི་ལམ་གྱི་དཔེ་འདི་ཟབ་སྟེ། མདོ་དེ་ལས། དོན་དམ་བདེན་པ་རྨི་ལམ་འདྲ་བ་དང་། །མྱ་ངན་འདས་པ་རྨི་ལམ་མཚུངས་པར་འགྱུར། །གང་གིས་མཁས་པ་དེ་ལྟར་འཇུག་པ་ཡང་། །དེ་ནི་ཡིད་ཀྱི་སྡོམ་པའི་མཆོག་ཏུ་བརྗོད། །ཅེས་དང་། འགོག་པའི་བདེན་པ་རྨི་ལམ་ཇི་བཞིན་ཏེ། །མྱ་ངན་འདས་པའང་རྨི་ལམ་རང་བཞིན་དུ། །གང་ལ་བྱང་ཆུབ་སེམས་དཔའ་ངག་འཇུག་པ། །དེ་ནི་ངག་གི་སྡོམ་པ་དེ་ཞེས་བྱ། །ཞེས་སོ། །གཞན་ཡང་སྣ་ཚོགས་བདེན་པར་འཛིན་པ་ཟློག་བྱེད་རྨི་ལམ་དང་མགོ་མཚུངས་ཀྱི་ལུང་མང་ངོ་། །རྨི་ལམ་ན་བདེ་སྡུག་དང་བྱ་བྱེད་སོགས་རྨི་ལམ་གྱི་རིང་དུ་བདེན་པར་སྣང་ཞིང་དོན་བྱེད་པར་སྣང་བ་བཞིན་དུ། སད་དུས་ཀྱང་རྨོངས་པའི་དབང་གིས་དེ་ལྟར་སྣང་བ་ཙམ་ལས་དོན་ལ་ཅི་ཡང་མྱོང་བ་མེད་དོ། །དབུ་མ་ཐལ་འགྱུར་བ་ནི་བདེན་མེད་སྒྲུབ་བྱེད་གཅིག་དུ་བྲལ་དང་རྟེན་འབྲེལ་སྒྱུ་མ་སོགས་ཀྱིས་ཉེ་བར་གཞལ་ན་ཚེགས་མེད་པར་ངེས་སླ་ལ། བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀ་རང་བཞིན་མེད་པར་མཚུངས་ཤིང་གཏན་ཚིགས་དེ་དག་ལ་ཞེན་པའང་མེད་དོ། །རྟོག་གེའི་གཞུང་ལས་གྲགས་པའི་མངོན་རྗེས་ལ་སོགས་པ་ནི་གོ་དཀའ་ཞིང་ཚད་མ་བསླུ་མེད་ཅེས་སོ་སྐྱེས་ཤེས་པ་ལ་བདེན་པར་མངོན་པར་ཞེན་ནོ། །ཐ་སྙད་རྒྱུ་འབྲས་ཀྱི་ཆོས་རྣམས་འཆོལ་མེད་དུ་སྒྲུབ་བྱེད་ཡིན་པས་ཞེན་ཡང་སྐྱོན་མེད་སྙམ་ན། རང་བཞིན་མེད་པར་ངེས་ནས་མེད་བཞིན་སྣང་བ་ཙམ་འཕགས་པའི་རྗེས་ཐོབ་དང་འཇིག་རྟེན་རྒན་པོ་ཕན་ཆད་ལ་ཡོངས་སུ་གྲགས་པ་དེས་མི་ཚིམ་པར། སླར་ཡང་རིགས་ཤེས་རྣོན་པོས་དཔྱད་ནས་རྙེད་པ་ལ་ཐ་སྙད་བཏགས་ཀྱང་སྤྲོས་པའི་སྣོན་པར་མི་འགྱུར་རམ། དོན་དམ་དཔྱོད་པས་དངོས་པོ་མི་རྙེད་པས་ཐ་སྙད་སྐབས་སུ་དོན་བྱེད་ནུས་པའི་དངོས་པོ་གཉིས་ཡོད་མི་སྲིད་པས་དངོས་མེད་ལ་དངོས་པོར་བཏགས་པའི་སྣང་བ་ནན་གྱིས་ཆོག་ཤེས་པར་གྱིས་ཤིག །སྟོང་ཉིད་ལ་ཞེན་པའང་འཆིང་བྱེད་དུ་གསུངས་ན་གཞན་ལྟ་ཅི་སྨོས་སོ། །དེས་ན་སྣང་བ་སྣ་ཚོགས་པ་དང་དེ་ལ་འཁྲུལ་བ་གཉིས་ལ་གཞི་མེད་ཀྱང་། རྐྱེན་དང་འཕྲད་ན་སྣང་དུ་རུང་ཞིང་འཁྲུལ་ཏུའང་རུང་ངོ་། །གཞི་དངོས་པོ་མ་གྲུབ་པ་ལ་ད་ལྟར་དངོས་པོར་གྲུབ་པ་ཞིག་བྱུང་ན་འགལ་ཡང་། རྨི་ལམ་ལྟར་སྣང་བ་ཉིད་ན་དངོས་པོ་ཐོག་མཐའ་ཀུན་ཏུ་མ་གྲུབ་བོ། །རྨི་ལམ་ལྟར་ངོ་བོ་ཉིད་མེད་ཀྱང་དེ་མ་རྟོགས་ཤིང་མ་གོམས་པ་ལ་དངོས་པོར་འཁྲུལ་བ་མི་འགལ་ལ། རྒྱ་མཚོའི་ལྦུ་བ་ལ་ཐང་དུ་འཁྲུལ་བ་བཞིན་ནོ། །གཞི་ངོ་བོ་ཉིད་མེད་པར་རྟོགས་ཤིང་གོམས་ལ་འཕྲལ་དུ་དངོས་པོར་འཁྲུལ་ན་འགལ་བ་ཡིན། སྣང་འཁྲུལ་གཉིས་གཅིག་གི་རྐྱེན་གཅིག་གིས་བྱེད་དེ། འཁྲུལ་བའི་དབང་གིས་མེད་བཞིན་དུ་སྣང་། མེད་བཞིན་དུ་སྣང་བའི་དབང་གིས་འཁྲུལ་བ་ཡིན། དེ་གཉིས་དུས་མཉམ་ཡིན་པར་རོང་ཟོམ་སྨྲ་བའི་དབང་ཕྱུག་གིས་གསུངས། འདིར་རང་བཞིན་མེད་ཅེས་པ་མེད་པའི་དོན་མིན་ཏེ། འོན་ཀྱང་དེར་འཛིན་པ་འཁྲུལ་བའི་དོན་ཏེ། རྫུན་ཞིང་བསླུ་བའི་ཆོས་ཅན་ཉིད་ཀྱི་དོན་ནོ་ཞེས་དཔལ་ལྡན་ཟླ་བས་གསུངས། མེའི་རང་བཞིན་ཚ་བ་ལྟ་བུ་ཐ་སྙད་དང་། མེ་ལ་རང་བཞིན་ཡོད་ཅེས་པ་ལྟ་བུ་དོན་དམ་པར་གྲུབ་པ་དགག་བྱ་ངོ་བོ་ཉིད་དང་། རང་བཞིན་དང་། དངོས་པོ་དང་། བདེན་གྲུབ་སོགས་དབུ་མའི་ལུགས་ལ་དགག་བྱ། མིང་ཙམ་བཏགས་ཙམ་སྣང་ཙམ་ཐ་སྙད་ཙམ་སོགས་ནི་བསྒྲུབ་བྱ་ཡིན་གསུངས་སོ། །དེས་ན་གསུང་རབ་རྣམས་ལས་རང་བཞིན་མེད་ཅེས་པ་མང་བས་དེ་ལྟར་སྦྱར་དགོས་ཤིང་བདེན་སྟོང་ངམ་བདེན་གྲུབ་མེད་ཅེས་པ་བུམ་པ་མ་སྟོང་བདེན་གྲུབ་ཀྱིས་སྟོང་ཞེས་པར་འགྱུར་བས་དེ་མི་སྦྱར་རོ། །གསུམ་པ་བདེན་གཉིས་ནི། དངོས་པོ་སོགས། ཕྱི་ནང་གི་དངོས་པོ་གཟུང་བ་དང་འཛིན་པ་སོ་སོར་སྣང་བ་འདི་དག་ནི་བྱིས་པའི་སྣང་ངོར་ཐ་སྙད་དུ་བདེན་པས་ཀུན་རྫོབ་བདེན་པ་དང་། བྱིས་པ་ལ་ཇི་ལྟར་སྣང་ཡང་དེ་ལྟར་བདེན་པའི་དངོས་པོ་མེད་པ་ནི་དོན་དམ་བདེན་པ་སྟེ་འཕགས་པའི་གཟིགས་ངོར་མི་བསླུ་བས་སོ། །ཇི་ལྟར་བསམ་བརྗོད་དེ་སྒྲ་རྟོག་གི་ཡུལ་དུ་གྱུར་པ་ནི་ཀུན་རྫོབ་ཡིན་ཏེ། དེ་ནི་ཆོས་རྣམས་རང་དང་སྤྱིའི་མཚན་ཉིད་སོགས་སོ་སོར་རྟོགས་ཅིང་དཔྱོད་པའི་ཤེས་རབ་ཀྱི་ཡུལ་ཡིན་པའི་ཕྱིར་དོན་དམ་དེའི་ངོ་བོ་ནི་ཡིད་ལ་འདི་ཞེས་བསམ་དུ་མེད་ཅིང་ངག་གིས་བརྗོད་དུ་ཡང་མེད་པའི་ཕྱིར་ཏེ། དཔྱད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་པར་བཤད་དོ། །ཡུམ་བསྟོད་ལས། སྨྲ་བསམ་བརྗོད་མེད་ལ་སོགས་པ་བཞིན་ནོ། །དོན་དམ་དེ་ནི་རྣམ་པར་རྟོག་པའི་སེམས་ཀྱི་ཡུལ་མིན་ན་དེའི་ཡུལ་ཅན་གང་གིས་ཡུལ་ཞེ་ན། འཇུག་ཤེས་སོ་སོའི་ཕྱོགས་སུ་མ་ལྷུང་བ་རང་རིག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཞེས་ཐ་སྙད་བཏགས་པའོ། །འཕགས་པའི་མཉམ་བཞག་ན་གཉིས་སྣང་ནུབ་པས་གཟུང་འཛིན་ལྟར་མིན་ལ། དེའི་དོན་དམ་འདི་ཡིན་ཞེས་སྟོན་དུ་མེད་དེ། ལྐུགས་པས་བུ་རམ་གྱི་རོ་མྱོང་བ་དང་རྨི་ལམ་ཡུལ་གྱི་དངོས་སྣང་རྣམས་གཞན་ལ་སྟོན་དུ་མེད་པ་བཞིན་ནོ། །མདོ་ལས། སོ་སོ་རང་རིག་ཚད་མེད་སྤྱོད་ཡུལ་ནི། བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེའི་ཡུལ་ལས་འདས་པའོ། །ཞེས་དང་། དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང་མང་དུ་འབྱུང་། སོ་སོར་རྟོག་པས་རིང་དུ་དཔྱད་དོན་ལ་ཞི་གནས་དང་འབྲེལ་བར་བསྒོམ་པ་ལས་སྐྱེས་པའི་མི་རྟོག་པའི་ཡེ་ཤེས་ཏེ། ལྷག་མཐོང་མཚན་ཉིད་པའོ། །འོན་ཀྱང་ལམ་གྱི་ཡེ་ཤེས་གཙོ་བོ་ནི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ་ཐོས་བསམ་སྒོམ་པའི་བྲལ་འབྲས་ཡིན་པས། ངོ་བོ་སྐྱེ་བ་མེད་པ་འདུས་མ་བྱས་པ་ལ་ཟླ་བ་འཕེལ་བ་ལྟར་གསལ་སྣང་འཕེལ་བ་ཙམ་མོ། །འདིར་བདེན་གཉིས་སོ་སོར་ཕྱེ་བ་ནི་ལས་དང་པོ་བ་ལ་བརྡའ་སྤྲོད་པ་ཙམ་སྟེ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་སོགས་མང་དུ་བཤད་པ་ཡིན་ཡང་། དོན་དམ་དཔྱོད་པས་སྣང་བ་ལ་བདེན་དངོས་ཡོད་མེད་སོགས་ཀྱི་སྤྲོས་པ་ཅུང་ཟད་ཀྱང་མ་རྙེད་པ་དེའི་ཚེ། མིང་གི་ལྡོག་པ་ཙམ་ལས་དོན་དུ་མེད་བཞིན་སྣང་བ་གཟུགས་བརྙན་ཙམ་ཡོད་པ་དེ་ལ་སྣང་སྟོང་ངམ་བདེན་གཉིས་ཟུང་འཇུག་ཅེས་བྱ་སྟེ། གཟུགས་བརྙས་དེ་བདེན་པར་སྒྲུབ་ཏུའང་མེད། མེད་པར་སྒྲུབ་ཀྱང་མི་དགོས། ཡོད་མེད་ཀྱི་སྒྲོ་སྐུར་བྲལ་བ་བཞིན་དུ་འདི་ཡང་དེ་བཞིན་ནོ། །འཇིག་རྟེན་ཀུན་རྫོབ་ནི་གཏི་མུག་ལ་སྣང་བ་རང་བཞིན་སྒྲིབ་བྱེད་ཡོད་མེད་སྐྱེ་འགག་ལས་མ་འདས་ལ། འདི་ནི་དེ་ལས་ལྡོག་པ་སྐྱེ་བ་མེད་པའི་དབྱིངས་སྣང་སྟེ། རྩ་ཤེས་ལས། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་བྱུང་བ་ཡིན། །ཞེས་གསུངས་པའི་ཕྱིར། མདོ་དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་སོ། །འོན་ཀྱང་ཐ་སྙད་དུ་སྣང་སྟོང་དབྱེར་མེད་ལ་འདོད་དགོས་ཀྱི། གཞན་དུ་ན་བདེན་གཉིས་ཐ་དད་གྱུར་པ་ན། ཡེ་ཤེས་ལམ་ནི་དོན་མེད་འགྱུར། ཞེས་པས་མཁྱེན་པའི་སྐད་ཅིག་གཅིག་གིས་བདེན་གཉིས་ཅིག་ཆར་བ་གཟིགས་པ་ཉིད་རེས་འཇོག་ཅན་དུ་འགྱུར་རོ། །དེས་ན་ཆོས་རྣམས་སྣང་ཙམ་ལ་དམིགས་པ་དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་བདེན་པར་མི་དམིགས་པ་ནི་དམིགས་མེད་ཡེ་ཤེས་ཀྱི་ཚོགས་སོ། །མདོ་ལས་སྣང་ཡང་མི་དམིགས་པ་ཞེས་གསུངས་པའང་དེའོ། །གཉིས་པ་སྦྱོར་བའི་ལམ་ལ་གཉིས། བདག་མེད་མདོར་བསྟན་པ་དང་། རྒྱས་བཤད་དོ། །དང་པོ་ནི། དོན་དམ་དེ་ཡང་སོགས།༡༡ གཉིས་པ་ལ་གཉིས། གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ། །དང་པོ་ལ་གཉིས། གང་ཟག་དངོས་བསྟན་པ། བདག་མེད་པའི་གཏན་ཚིགས་བསྟན་པའོ། །དང་པོ་ལ་ལྔ་སྟེ། བཤད་པར་དམ་བཅའ། གང་ཟག་སྲིད་པའི་རྒྱུན་ཡིན་པར་བསྟན། གང་ཟག་གི་ངེས་ཚིག །བདག་འཛིན་གྱི་དབང་གིས་འཇིག་རྟེན་ཆོས་བརྒྱད་ལ་དམིགས་ནས་མུ་སྟེགས་པར་འཇུག་པ། མེད་ཀྱང་འཁྲུལ་ནས་སྣང་བའི་དཔེའོ། །དང་པོ་ནི། དེ་ལ་གང་ཟག་སོགས།༡ གཉིས་པ་ནི། གང་ཟག་ལྔ་ཕུང་རྒྱུན་ཡིན་ཞེས་ཏེ། འཇིག་རྟེན་ན་གྲགས་པ་དང་ལུང་ལས་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པའོ། །ཞེས་གསུངས་པས། གང་ཟག་ནི་ཕུང་པོའི་ངོ་བོ་མིན་ཕུང་པོ་དང་གཅིག་མིན་ཕུང་པོ་ལས་ཐ་དད་མིན། ཡིད་ཀྱི་རྣམ་ཤེས་གཅིག་པུ་མིན་ཞིང་གཟུགས་སོགས་ལྔ་འདུས་པའི་ཕུང་པོའི་རྒྱུན་ཙམ་ལ་བརྟེན་ནས་བཏགས་པ་ཡིན་ལ། ཐ་སྙད་ཙམ་དུ་བདག་དང་ཕུང་པོ་ཉེ་བར་བླང་བྱ་ལེན་པ་ཞེས་ཐ་དད་དུ་བཞག་པ་མི་འགལ། བཏགས་པའི་བདག་དེ་ལ་ངའོ་བདག་གོ་གང་ཟག་གོ་ཞེས་སོགས་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་ཡིན། དེ་ཤིང་རྟ་རྣམ་བདུན་གྱི་རིགས་པས་བཙལ་སླ་བས་བློ་དམན་ཉན་ཐོས་ལ་བསྟན། ངར་འཛིན་ལྷན་སྐྱེས་ལ་གཉིས་ཡོད་དེ། ངར་འཛིན་པ་ནི་གོང་ལྟར་དང་། ང་ཡི་བའམ་བདག་གི་བར་འཛིན་པ་ནི་མིག་རྣ་བ་སོགས་ལ་ངའི་མིག་སོགས་སུ་འཛིན་ལ། དེའི་ཕྱིར་ང་ཡི་བའི་གདགས་གཞི་མིག་རྣ་སོགས་འཇོག་ཀྱང་ང་ཡི་བའི་རང་ལྡོག་ཙམ་ལས་ངོ་བོ་ཐ་དད་དབྱེར་མི་བཏུབ། འཇིག་ཚོགས་ཀྱི་ཕུང་པོ་ལ་བདག་ཏུ་ལྟ་བས་འཇིག་ལྟ་ལྷན་སྐྱེས་ཏེ་ངར་འཛིན་དང་འཇིག་ལྟ་མིང་གི་རྣམ་གྲངས་སོ། །དེས་ན་རང་རྒྱུད་ལ་དམིགས་ནས་ངར་འཛིན་པ་ནི་གང་ཟག་གི་བདག་འཛིན་དང་འཇིག་ལྟ་ཡིན། གཞན་རྒྱུད་ལ་དམིགས་ནས་འཇིག་ལྟ་བདག་དང་གང་ཟག་དང་སེམས་ཅན་ལ་སོགས་པ་འཛིན་ཀྱང་ངར་མི་འཛིན་ནོ། །མདོ་ལས། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་བལྟའོ། །ཞེས་སོ། །གཉིས་པ་ནི། ཅིའི་ཕྱིར་སོགས།༥ ཅིའི་ཕྱིར་གང་ཟག་ཅེས་བྱ་ཞེ་ན། འབྱུང་འགྱུར་སྡུག་བསྔལ་གྱི་རྒྱུ་ནི་ད་ལྟར་ལས་དང་ཉོན་མོངས་པས་རྒྱུད་གང་ནས། ཕྱི་མར་འབྲས་བུ་སྡུག་བསྔལ་གྱི་ཕུང་པོར་ཟག་སྟེ། ཉམས་སུ་མྱོང་བ་པོ་དེ་དག་ནི་སོ་སོ་རང་གི་ལུས་འདི་ལ་ང་དང་བདག་ཏུ་བདེན་པར་བཟུང་ནས་ཆགས་ཤིང་ཞེན་པས་ལས་བསགས་ཏེ་འཁོར་བར་འགྱུར་རོ། །བཞི་པ་ནི། བདག་ནི་སོགས། བདག་ལ་ཆགས་པ་དེས་ན་དང་འཆི་བཀྲེས་གྲང་གིས་དོགས་པ་དང་། བསྟོད་ན་དགའ་ཞིང་སྨད་ན་མི་དགའ་བ་སོགས་འཇིག་རྟེན་པའི་ཆོས་བརྒྱད་བདག་གིར་བཟུང་སྟེ། དོན་དུ་མ་གྲུབ་པ་དེ་ལ་དམིགས་ནས་མུ་སྟེགས་པའི་ལྟ་བ་རྣམས་ལོག་པར་འཇུག་གོ། །མུ་སྟེགས་ལྔ་རྣམས་འཇུག་ཅེས་ཀྱང་ཡོད་པས། མུ་སྟེགས་པ་དཔེར་བཀོད་དམ་ལྟ་བ་ངན་པ་མ་སྤངས་ན་མུ་སྟེགས་པའི་ལྟ་བར་ལྷུང་ཞེས་པའི་དོན་དོ། །འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བ་བློ་ཡིས་མཐོང་གྱུར་ཏེ། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ན། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་འགྱུར། །ཞེས་སོ། །ལྔ་པ་ནི། ངའམ་སོགས།༣ ངའམ་བདག་ཅེས་བྱ་བ་དེ་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། འཇིག་ཚོགས་ཀྱི་ཕུང་པོ་ལྔ་པོ་འདི་ལ་འཁྲུལ་ནས་བདག་ཏུ་བཟུང་ཡང་བཏགས་པ་ཙམ་ཡིན་གྱི་དངོས་པོ་མེད་དེ། དཔེར་ན་རྡོ་སོགས་བརྩེགས་པ་མིའི་དབྱིབས་སུ་བཀོད་པའི་ཐོ་ཡོར་མཐོང་བ་ལ་ཕྱི་ནང་གི་རྐྱེན་ལས་མིའམ་སྙམ་དུ་འཁྲུལ་བ་བཞིན་ནོ། །གཉིས་པ་བདག་མེད་པའི་གཏན་ཚིགས་ལ་བཞི། དྲིས་པ། མིང་ལ་མེད་པ། ལུས་ལ་མེད་པ། སེམས་ལ་བདག་མེད་ཚུལ་བསྟན་པའོ། །དང་པོ་ནི། ངའམ་སོགས།༡ ངའམ་བདག་ནི་མེད་པར་རྒྱུ་མཚན་ཅིས་མངོན་ཞེ་ན། །གཉིས་པ་ནི། མིང་ནི་སོགས།༡ སྐྱེས་བུ་ཞེས་པའི་མིང་ནི་བདག་མ་ཡིན་ཏེ་དེ་ནི་བཏགས་པ་ཙམ་སྟེ། མིང་ཙམ་གྱིས་གང་ཟག་གི་དོན་བྱེད་མི་ནུས་ཤིང་མིང་ལ་ང་གོ་ནས་སུ་མི་འཛིན་པའི་ཕྱིར་རོ། །གསུམ་པ་ནི། ལུས་ཀྱང་སོགས། ལུས་ཀྱང་བདག་མིན་ཏེ་ཤ་ཁྲག་རུས་པ་རྣམས་ནི། ས་སོགས་འབྱུང་བ་ཆེན་པོ་རྣམས་ལྷན་ཅིག་འདུས་པས་ཕྱི་རོལ་གྱི་རྩིགས་པ་དང་འདྲའོ། །བཞི་པ་ནི། སེམས་ཀྱང་སོགས། དེར་མ་ཟད་སེམས་ཀྱང་བདག་མིན་ཏེ་སེམས་ལ་དངོས་པོ་མེད་ཅིང་མི་རྟག་པ་དང་རྣམ་ཤེས་ཚོགས་དྲུག་ཡོད་པས་བདག་མང་པོ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེས་ན་འབྱུང་བ་བཞི་དང་ནམ་མཁའ་རྣམ་ཤེས་ཁམས་དྲུག་འདུས་པ་ལ་བརྟེན་ནས་སྐྱེས་བུ་ཞེས་བཏགས་པ་ཙམ་ཡིན། དེ་བཞིན་དུ་ཆོས་ཐམས་ཅད་བརྡའ་ཙམ་བཏགས་པ་ཙམ་ལས་བཏགས་དོན་བཙལ་ན་མི་རྙེད་ཀྱང་། ལས་འབྲས་སོགས་ཀྱི་རྣམ་བཞག་འཇོག་ཚེ་ཉེ་བར་བརྟག་དཔྱད་མེད་པར་འཇིག་རྟེན་ན་གྲགས་པ་ཙམ་ལ་བསྟེན་པ་ཡིན་ནོ། །དེས་ན་འཇིག་རྟེན་འདི་ནས་འགྲོ་བའི་བདག་རྟག་པའང་མེད། མེ་ཤི་བ་ལྟར་གཏན་མེད་དུ་ཆད་པའང་མེད་ཀྱང་། ཕུང་པོ་སྐད་ཅིག་མའི་རྒྱུན་ལ་འགལ་མེའི་འཁོར་ལོ་དང་མར་མེ་བཞིན་དུ་སྐྱེ་བ་གཞན་དུ་འགྲོ་བ་ནི་རྟེན་འབྲེལ་ལོ། །རྒྱ་ཆེར་རོལ་པ་ལས། རྒྱ་ལས་རྒྱ་ཡི་འབུར་ནི་སྣང་མོད་ཀྱི། །རྒྱ་དེ་འཕོས་པར་དམིགས་པའང་ཡོད་མ་ཡིན། །དེ་ལ་དེ་མེད་གཞན་ལ་མ་ཡིན་ཏེ། །དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད། །ཞེས་དང་། ཤི་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེ་བ་མ་དམིགས་ཀྱང་། །ལས་རྣམས་བྱེད་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་འགྱུར། །རིགས་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་གསུངས། དེས་ན་ངར་འཛིན་གྱི་ཞེན་ཡུལ་བདག་དེ་རིགས་པ་དུ་མས་སུན་ཕྱུང་ནས་ཕུང་པོ་ལ་བཏགས་པ་ཙམ་ལས་རང་བཞིན་མེད་པར་ཤེས་དགོས་ཏེ། རིག་པའི་དབང་ཕྱུག་གིས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བ་ནི་ནུས་མ་ཡིན། །ཞེས་གསུངས། གཞན་དུ་ན་སོར་ཕྲེང་མདོ་ལས། ཀྱེ་མ་འཇིག་རྟེན་ན་དམ་པའི་ཆོས་འཇིག་པའི་སྐྱེས་བུ་གཉིས་ཡོད་དེ། གང་ཤིན་ཏུ་སྟོང་པ་ཉིད་དུ་ལྟ་བ་དང་། གང་འཇིག་རྟེན་ན་བདག་ཏུ་སྨྲ་བ་འདི་གཉིས་ནི་དམ་པའི་ཆོས་འཇིག་པ་དང་དམ་པའི་ཆོས་ཁས་བུམ་པའོ། །ཞེས་སོ། །གཉིས་པ་ཆོས་ལ་བདག་མེད་པ་ལ་གཉིས། རིགས་པས་བདག་མེད་པ་དང་། དེའི་གདམས་པ་གཏན་ཚིགས་སོ། །དང་པོ་ལ་བཅུ་སྟེ། དམ་བཅའ་བ། ངོ་བོ་དང་། ངེས་ཚིག །རང་བཞིན་སྟོང་ཉིད། བསམ་བརྗོད་མེད་པ། འཁོར་བ་རང་བཞིན་མེད་པ། སྣང་བ་སེམས་ཡིན་པ། ཆུ་ལ་མཐོང་ཚུལ་མི་འདྲ་བས་སྣང་བ་སེམས་ཡིན་པར་སྒྲུབ། ཟད་པར་དང་ཀེང་རུས་སྒོམ་པའི་ཚུལ་གྱིས་སྒྲུབ། སེམས་ཉིད་ཡུལ་དུ་སྣང་བའོ། །དང་པོ་ནི། ཆོས་ལ་སོགས།༡ གཉིས་པ་ནི། ཆོས་ནི་སོགས། ཆོས་ནི་གཟུགས་སོགས་ཕུང་པོ་ལྔས་བསྡུས་པའི་དངོས་པོ་ཐམས་ཅད་ཡིན་ནོ། །གསུམ་པ་ནམི། བྱེད་པ་མེད་སོགས།༣ དེ་ལ་གཙོ་བོ་དབང་ཕྱུག་སོགས་བྱེད་པ་པོ་མེད་པའམ། རྒྱུ་མཚན་བྱེད་པ་གཞན་མེད་ལ། །རང་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཏེ་གཟུགས་གཟུགས་སུ་རུང་བའི་མཚན་ཉིད་སོགས་དང་། ཚ་བ་མེའི་མཚན་ཉིད་སོགས་ཐུན་མོང་མ་ཡིན་པ་སོ་སོར་འཛིན་པ་སྟེ། དྷ་ར་འཛིན་པའམ་དྷ རྨའི་སྒྲ་ལས་ཆོས་སོ། །མཚན་ཉིད་རྣམས་ཀྱང་གཅིག་ལ་གཅིག་མེད་པས་རང་མཚན་ཞེས་དང་དེའང་ལྟོས་འཇོག་ཡིན་གྱི་ངོ་བོས་གྲུབ་པ་མ་ཡིན་ནོ། །ཆོས་དེ་ཡི་མཚན་ཉིད་ལ་བརྟགས་ནས་དངོས་པོ་དང་རང་བཞིན་དུ་འཛིན་པ་དང་གཙང་བདེ་རྟག་བདག་སོགས་ལོག་པར་རྟོག་པའི་འདུ་ཤེས་ཀྱི་མཚན་མ་སྣ་ཚོགས་པའི་དབང་གིས་རྩོད་པ་དང་འགྱེད་པ་དང་བཅས་པ་དང་། ཕྱི་རོལ་པ་དག་སྣོད་བཅུད་དབང་ཕྱུག་དང་གཙོ་བོ་དང་རྡུལ་ཕྲན་རྟགས་པས་བྱས་ཞེས་རྒྱུ་དང་རྟག་པ་གཞི་མཐུན་དང་རྒྱུ་འབྲས་གཉིས་ལྟོས་མེད་དུ་འདོད། ཁ་ཅིག་རྡུལ་ཕྲན་མི་རྟག་པས་བྱེད་པར་འདོ། །ཁ་ཅིག་རྒྱུ་མེད་ལས་བྱུང་བར་འདོད་པ་སོགས་ལྟ་བ་མི་མཐུན་པ་སྣ་ཚོགས་ཀྱི་གནས་ཡིན་ལ། འདིར་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་པ་ཉིད་ཀྱི་རང་བཞིན་ལ་དངོས་པོ་བདེན་པར་མི་འདོད་པས་ལྟ་བ་ངན་པ་དེ་དག་གི་གནས་མེད་དོ། །ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་དྲི་ཟའི་གྲོང་ཁྱེར་སྨིག་རྒྱུ་དང་། །སྒྱུ་མ་ཇི་བཞིན་རྨི་ལམ་ཅི་འདྲ་བ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་བྱ་སྟེ། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། །ཞེས་དང་། འདུས་བྱས་འདུས་མ་བྱས་ཀུན་དབེན་པ་སྟེ། །དྲང་སྲོང་དེ་དག་ལ་ནི་རྣམ་རྟོག་མེད། །འགྲོ་བ་ཀུན་ཏུ་འདུས་མ་བྱས་ཐོབ་པས། །ལྟ་བ་དག་ལས་ཁོར་མོར་རྣམ་པར་དབེན། །ཞེས་སོགས་གསུངས། ཆོས་རང་བཞིན་མེད་པའི་དཔེ་ནི་ལྗོན་པས་ཞུས་པ་ལས། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་སོ། །ཕུང་པོ་བདེན་མེད་ཀྱི་མཐུན་དཔེ་དེས་དབང་པོ་རྟུལ་པོས་ཀྱང་ཆོས་རང་བཞིན་མེད་པ་ངེས་སླའོ། །གང་ཟག་གི་གདགས་གཞི་ཕུང་སོགས་ཀྱི་སྟེང་དུ་ཆོས་བདག་མེད་ཕྲ་མོ་དེས་དཀའ་བས་དེ་དབང་རྣོན་བྱང་ཆུབ་སེམས་དཔའ་ལ་བསྟན་པས། ཞིབ་པར་དཔྱད་ན་ཕུང་པོ་ཐག་པ་དང་དེ་བདག་དང་ཆོས་སུ་སྣང་བ་ཐག་པ་ལ་སྦྲུལ་དུ་འཛིན་པ་འཁྲུལ་ཤེས་ལོག་པ་དང་། བདག་དང་ཆོས་སུ་མ་གྲུབ་པ་ནི་ཐག་པ་ལ་སྦྲུལ་མེད་པར་ཤེས་པ་ལྟར་ཡིན་པས། ཐག་པ་དང་ཕུང་པོ་ཙམ་དམིགས་པ་ཡང་དག་པའི་བློ་དང་། སླར་ཡང་དཔྱད་ན་ཕུང་པོ་དང་ཐག་པ་རིལ་པོར་འཛིན་པ་ལོག་ཤེས་ཡིན། ཕུང་པོ་དང་ཐག་པ་ཆ་ཤས་དུ་མ་འདུས་པར་མཐོང་བས་རིལ་འཛིན་གྱི་བློ་ཞིག །འདུས་པ་ཙམ་ཡོད་པས་དེ་མཐོང་བའི་བློ་མ་འཁྲུལ་བ་དང་། ཡང་དཔྱད་པས་ཕུང་པོ་དང་ཐག་པའི་ཆ་ཤས་རེ་རེ་ནས་རྡུལ་ཕྲན་བར་དུ་བཤིག་པས། འདུས་པ་དང་དེར་འཛིན་པའི་བློ་ཡང་འཁྲུལ་བའོ། །རྡུལ་དེ་དག་ཀྱང་རྡུལ་ཕྲན་འགོག་པའི་རིགས་པའམ། བློས་གཞིག་ན་ནམ་མཁའ་བཞིན་དེས་ན་རྡུལ་ཡང་མེད། ཅེས་པས་ལོག་རྟོག་ཡུལ་དང་བཅས་པ་སྟོང་པ་ཉིད་དུ་ཞི་བར་འགྱུར་རོ། །སྟོང་པ་ཉིད་དེ་ཡང་ཡོད་མེད་ལྟོས་ཏེ་བཞག་པ་ཙམ་ཡིན་པས་མཐའ་ཐམས་ཅད་དང་བྲལ་བར་ཤེས་དགོས་སོ། །དཔྱད་ན་དེ་ལྟར་ཡིན་པ་ལས་ཐ་སྙད་མི་འགོག་སྟེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས། ཆོས་ཀྱི་རང་བཞིན་ཤེས་ནས་ནི། །འཇིག་རྟེན་དག་ཀྱང་འཇིག་མི་བྱེད། །ཕུང་པོ་རྣམས་ལ་རང་བཞིན་མེད། །འདི་ནི་འཇིག་རྟེན་ཆོས་ཉིད་དོ། །ཞེས་སོ། །བཞི་པ་ནི། ཅིའི་ཕྱིར་སོགས།༤ ཆོས་རང་བཞིན་མེད་པ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན་ཕྱི་དང་ནང་གི་ཆོས་འདི་རྣམས་དཔྱད་གཞིར་བཟུང་ནས་རིགས་པས་དཔྱད་ཀྱི། ཀ་བུམ་སོགས་ཀྱི་དངོས་པོ་འདི་དག་སྤངས་ནས་སྟོང་ཉིད་གཞན་དུ་མི་བཙལ་གྱི། དང་པོ་དགག་བྱ་རང་བཞིན་གྱིས་གྲུབ་པ་ནི་དོན་སྤྱི་བློ་ལ་མ་ཤར་བར། དགག་བྱ་བཀག་པའི་མེད་དགག་སྟོང་ཉིད་བློ་ཡུལ་དུ་མི་འཆར་བའི་ཕྱིར། དཔེར་ན་དགག་བྱ་བུམ་པའི་དོན་སྤྱི་བློ་ལ་ཤར་བ་སྔོན་དུ་མ་སོང་བར་དེས་སྟོང་པའི་བུམ་མེད་ཀྱི་ས་ཕྱོགས་ཚད་མས་ངེས་མི་ནུས་པ་བཞིན་ནོ། །དངོས་པོ་འདི་དག་སྣང་ཙམ་ཉིད་ནས་རང་གི་ངོ་བོ་སྟོང་པ་ཉིད་ཡིན་པའི་ཕྱིར། སོ་སྐྱེས་ལ་ཡུལ་བདེན་པར་སྣང་བ་དང་བདེན་འཛིན་གྱི་བློ་གཉིས་ཀ་འདི་ལྟར་གཏན་ནས་མེད་ཅེས་བཀག་ནས། རྟེན་འབྲེལ་གྱི་ཡུལ་སྒྱུ་མ་ཙམ་དང་སྣང་ཙམ་འཛིན་པའི་བློ་གཉིས་འགགས་པ་མ་ཡིན་པས། དགག་པ་གཉིས་ཀྱང་ཚང་ལ། དེ་བས་ཀུན་རྫོབ་སྒྲུབ་མི་དགོས་དེ་ལ་དགག་བྱ་མེད། དཔལ་ལྡན་ཟླ་བས། དངོས་པོ་ཞེན་པ་བཀག་ནས་ནི། །རང་ལ་སྒྲུབ་ཏུ་ཅུང་ཟད་མེད། །ཅེས་སོ། །རིགས་ངོ་ཞེན་པ་ཡུལ་བཅས་བཀག་པའི་རྗེས་སུ་བསྒྲུབ་བྱ་སྒྲུབ་ཏུ་མེད་ཀྱང་སྣང་བ་ཆད་དུ་མ་སོང་བ་ནི་ལྟ་བ་མ་ཡིན་དགག་འདི་འཕགས་པའི་དགོངས་པ་སྟེ། ཀ་བ་ཀ་བའི་ངོ་བོས་སྟོང་བཞིན་སྣང་བ་བབ་ཀྱིས་འབྱུང་། ཡུམ་ལས་གཟུགས་གཟུགས་ཀྱིས་སྟོང་ཞེས་སོགས་གསུངས། དེས་ན་ཉན་ཐོས་རྣམས་ཀྱིས་གཟུགས་བཤིག་ཅིང་བཅོམ་པ་ན་རྟག་པས་སྟོང་པའི་མི་རྟག་པ་དང་། རགས་པས་སྟོང་པས་རྡུལ་ཕྲན་དུ་བསིལ་བ་ཙམ་ལ་སྟོང་པར་གདགས་པ་ཙམ་སྟེ། དཔྱད་མ་དཔྱད་གང་ལྟར་ཡང་རང་བཞིན་མེད་པའི་སྟོང་པ་ཉིད་དོ། །ལྔ་པ་ནི། སྣང་བ་ཉིད་སོགས།༤ སྣང་བ་ཉིད་ནི་སྣ་ཚོགས་ཀྱང་གང་ལའང་དངོས་པོ་མེད་དེ། དཔེར་ན་རྐྱེན་ཚོགས་པའི་སྨིག་རྒྱུ་ནི་ཐོག་མར་སྣང་བ་ཉིད་ནས་བར་དང་ཐ་མར་གང་ཡང་དངོས་པོ་མེད་ཅིང་། སྟོང་གཟུགས་ཀྱི་སྣང་བ་ཙམ་ཡིན་པ་བཞིན། དངོས་པོ་ཇི་ལྟར་སྣང་ཡང་ངོ་བོ་ཉིད་ཀྱིས་མེད་པས་ན། དེ་ལ་ཡོད་པ་དང་མེད་པ་ཉིད་དུ་བཞོམ་ཞིང་ངག་ནས་བརྗོད་དུའང་མེད་དོ། །འཕགས་པ་ཀླུ་སྒྲུབ་ཀྱིས། སྨིག་རྒྱུ་ལ་ནི་འདི་ཆུ་ཞེས། །བསམ་སྟེ་དེར་ནི་སོང་བ་ལས། །གལ་ཏེ་ཆུ་དེ་མེད་དོ་ཞེས། །འཛིན་པ་དེ་ནི་བླུན་པོ་ཉིད། །དེ་བཞིན་སྨིག་རྒྱུ་ལྟ་བུ་ཡི། །འཇིག་རྟེན་ཡོད་ཅེས་མེད་པ་ཞེས། །འཛིན་པ་དེ་ནི་རྨོངས་པ་ཡིན། །ཞེས་དཔེ་འདི་མེད་པ་ལ་ཟློག་པ་མེད་ཅེས་པ་བདེན་པར་འཛིན་པ་འགོག་བྱེད་དོ། །དྲུག་པ་ནི། སྣང་ཡང་སོགས།༡༡ ད་ལྟའི་དངོས་པོ་སྣང་བ་འདི་རྣམས་རང་བཞིན་མེད་པར་རྒྱུ་མཚན་ཅིས་མངོན་ཞེ་ན། འདི་རྣམས་ཐ་སྙད་ཙམ་དུ་ཡོད་མེད་མ་ཡིན་པར། ཡོད་ཅེས་པ་རང་བཞིན་གྱིས་ཡོད་པ་ཡིན་ན་མེད་པར་མི་འགྱུར་ལ། མེད་ཅེས་པའང་རང་བཞིན་གྱིས་གྲུབ་ན་ཡོད་པར་ནམ་ཡང་མི་འགྱུར་རོ། །ཡོད་མེད་གཉིས་མ་གཏོགས་པར་དབུས་ཞེས་མི་འགྲུབ་པས། དེ་ལྟར་གསུམ་དུ་དཔྱད་ན་སྟོང་པ་ཉིད་ལས་ཅི་ཡང་མི་དམིགས་ཏེ་རིགས་པས་དཔྱད་མི་བཟོད་པའི་ཕྱིར། དེ་ཡང་ཡོད་པར་གྲགས་པ་འཁོར་བ་དང་མྱང་འདས་ཞི་བའི་ཆོས་གཉིས་ཡིན་ལ། ཐ་སྙད་འཁོར་བའི་རང་བཞིན་ནི་ཡུལ་སེམས་གཟུང་འཛིན་རྣམ་པ་གཉིས་ཡིན་ཞིང་། དང་པོ་ཡུལ་གྱི་རང་བཞིན་སྟོང་པ་ཉིད་དུ་གཏན་ལ་དབབ་པ་ལ་འདི་ལྟར་བརྟག་པར་བྱ་སྟེ། བཞི་བརྒྱ་པ་ལས། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདེན་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་པ་ལྟར། ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་འདིའི་རང་བཞིན་ནི། གནག་རྫི་རྒན་པོ་ཡན་ཆད་ལ་སྣང་བ་འདི་ལྟར་དུ་ཡེ་ནས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཚུར་མཐོང་ལ་སྣང་བ་འདི་ལྟར་དུ་ཡེ་ནས་ཡོད་ཅིང་བདེན་པར་གྲུབ་ན། དེ་ལྟར་ན་འཁོར་བའི་རྒྱུ་ཉོན་མོངས་པ་སྤང་ཞིང་ཞི་བ་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་ཏུ་མེད་ཅིང་། སེམས་ཅན་ཀུན་གྱིས་བདེན་པ་མཐོང་ཟིན་པས་འབྲས་བུ་བྱང་ཆུབ་ཐོབ་སྟེ། སྐྱེ་རྒ་ན་འཆི་ལ་སོགས་པ་འཁོར་བའི་སྡུག་བསྔལ་འདི་མེད་པར་རིགས་ཀྱང་དེ་ནི་མ་ཡིན་ནོ། །བྱིས་པའི་བློས་དམིགས་པ་དེ་བདེན་ན་བྱིས་པ་འཕགས་པར་འགྱུར་བ་དང་། འཕགས་པས་གཟིགས་པ་རྫུན་པར་འགྱུར་ཞིང་བྱིས་པ་ཉིད་དུ་ཐལ་བ་སོགས་ཀྱི་སྐྱོན་ཡོད་དོ། །དེས་ན་ཆོས་རྣམས་སེམས་ཅན་གྱི་དུས་ན་ངན་པར་གྱུར་པ་དང་། སངས་རྒྱས་བྱོན་ནས་བཟང་པོར་སོང་བ་མེད་དེ། གློ་བུར་གྱི་འཁྲུལ་པ་ཟད་པ་ཙམ་མོ། །མདོ་ལས། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱོན་ཡང་རུང་མ་བྱོན་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པའོ། །ཞེས་སོགས་མང་ངོ་། །བདུན་པ་ནི། འདི་བཞིན་སོགས།༢ གོང་ན་བཤད་པ་བཞིན་དུ་དངོས་པོ་རྣམས་ཡེ་ནས་མེད་པར་ཅིས་མངོན་ན། འདི་ལྟར་ཕྱིའི་དངོས་པོར་རགས་པར་སྣང་བ་རྣམས་རྡུལ་དུ་བཤིག །རྡུལ་ཡང་ཆ་ཤས་སུ་བསྒོས་ནས་བཤིག་ན་མཐར་ཅི་ཡང་མེད་ལ། དེ་བས་ན་ཡུལ་དུ་སྣང་བའི་དངོས་པོ་འདི་རྣམས་ནང་གི་སེམས་ཡིན་ཏེ། རྨི་ལམ་ན་ཡིད་ཀྱི་ཤེས་པ་ཉིད་གཉིད་ཀྱི་རྐྱེན་ལས་ཡུལ་དུ་སྣང་བ་བཞིན་ནོ། །བརྒྱད་པ་ནི། དངོས་འདི་སོགས། དངོས་པོ་འདི་རྣམས་སེམས་ཉིད་ཡིན་པར་རྟགས་ཅིས་མངོན་ན། གལ་ཏེ་སེམས་མིན་པའི་གཞན་ལོགས་སུ་དངོས་པོ་ཞིག་ཡོད་ན། གཞི་ཆུ་གཅིག་ལ་ལྷ་དང་ཡི་དྭགས་སོགས་སེམས་ཅན་རྣམས་ཀྱིས། རིན་པོ་ཆེའམ་བདུད་རྩི་དང་རྣག་ཁྲག་དང་ཉ་ལ་སོགས་པ་རྣམས་ཀྱི་ཁྱིམ་དང་ཁ་ཅིག་ལ་བཏུང་བ་ལ་སོགས་པ་མི་འདྲ་བ་མཐོང་མི་རིགས་ཀྱང་། རང་རང་གི་ལས་ཀྱིས་བགོས་པའི་སེམས་དེ་ལྟར་སྣང་བ་ཡིན་ལ་གཞི་ཆུ་ཙམ་ནི་མཐུན་པར་སྣང་ཡང་དག་མ་དག་གཉིས་སུ་འགྱུར་བ་ནི་རང་རང་གི་ལས་ཀྱི་བགོ་སྐལ་ཡིན་ལ། དེ་དག་ཕྱི་ན་བདེན་པར་གྲུབ་ན་གཅིག་ལ་སྣང་བ་དེ་ཀུན་ལ་སྣང་དགོས་པའི་སྐྱོན་འབབ་བོ། །དེ་བཞིན་དུ་མི་དང་དུད་འགྲོ་ཕལ་ལ་མེས་རེག་ན་ཚིག་པར་སྣང་བ་ལ། དུད་འགྲོའི་རིགས་ལས་རི་དྭགས་མེའི་གཙང་སྦྲ་ཅན་ཞེས་བྱ་བས་མེས་ཁྲུས་བྱེད་ཅིང་ཆུས་བྱ་བ་བྱེད་ཀྱང་། མི་འཚིག་ཅིང་མདོག་རྒྱས་པ་དང་། དེ་བཞིན་དུ་མེ་བྱི་དང་ཆུ་བྱི་ཞེས་བྱ་བ་དང་། མེ་དང་མཉམ་དུ་སྐྱེ་ཞིང་འཆི་བའི་སྲོག་ཆགས་དུ་མ་ཡོད་པར་གྲགས་སོ། །འདིས་ནི་རྫས་སུ་མ་གྲུབ་ན་དོན་བྱེད་མི་ནུས་པ་དང་། ཉོན་མོངས་པ་ལ་སྤང་བྱའི་རྫས་ཡོད་པར་འདོད་པ་རྣམས་ཁེགས་ཏེ། རྫས་སུ་མེད་ཀྱང་བཏགས་པ་ཙམ་གྱིས་དོན་བྱེད་ནུས་པར་སྣང་བ་ནི་དེ་ལྟ་བུའོ། །དགུ་པ་ནི། དངོས་པོ་སོགས།༣ དེ་བཞིན་དུ་ས་སོགས་དངོས་པོ་འདི་རྣམས་ལ་སྔར་མ་སྦྱངས་པའི་རྣལ་འབྱོར་པ་རྣམས་ཀྱིས། བསམ་གཏན་དང་གཟུགས་མེད་ཀྱི་སེམས་གང་རུང་ལ་བརྟེན་ནས་ས་སོགས་འབྱུང་བ་བཞི་དང་། འབྱུང་འགྱུར་སྔོ་སེར་དཀར་དམར་ཏེ་ཁ་དོག་བཞི་ལ་དམིགས་རྟེན་བྱས་ནས། ཏིང་ངེ་འཛིན་གྱིས་ཕྱིའི་ས་སོགས་ཐམས་ཅད་ལ་ཟད་ཟད་དེ་ཁྱབ་པར་སྤྲུལ་ནས་བསྒོམས་པས་གྲུབ་ཚེ། བརྒྱད་པོའི་བྱེད་ལས་ས་ལ་ཆུའི་བྱ་བ་དང་ཆུ་ལ་སའི་བྱ་བ་དང་། ས་མེད་པ་ལ་ས་དང་ཆུ་མེད་པ་ལ་ཆུ་སྤྲུལ་པ་སོགས་མཐའ་ཡས་སོ། །སྔོན་སྦྱངས་པས་ནི་དགེ་སློང་ལེགས་འོང་གིས་ཨུཏྤལ་སྔོན་པོ་མཐོང་བ་ཙམ་གྱིས་ཟད་པར་སྔོན་པོའི་ཏིང་ངེ་འཛིན་གྲུབ་པ་བཞིན་ནོ། །འདོད་ཆགས་ཀྱི་གཉེན་པོ་ཀེང་རུས་སྒོམ་པའི་ཚེ་དཔྲལ་བའི་རུས་པ་མཐེ་བོང་ཙམ་ནས་ལུས་རིལ་པོ་དང་། དེ་ནས་རིམ་པར་རྒྱ་མཚོའི་བར་དུ་ཀེང་རུས་སྐྱ་ཁྲ་ལེར་བསྒོམས་པས་རེག་མཐོང་གི་མཚན་མ་གྲུབ་སྟེ་ཀུན་བརྟགས་པའི་གཟུགས་མངོན་པར་མཐོང་ལ། སྣང་བ་སེམས་མིན་ན་ཏིང་འཛིན་དེ་དག་བསྒོམ་ཀྱང་དེ་བཞིན་དུ་མཐོང་མི་རིགས་ཀྱང་མཐོང་ངོ་། །བཅུ་པ་ནི། སེམས་ཉིད་སོགས།༣ སེམས་རང་ཉིད་ཡུལ་འདིར་ཇི་ལྟར་སྣང་ཞེ་ན། ཆོས་ཀྱི་གྲགས་པས། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པ་ལྟར། སེམས་ཀྱི་རང་བཞིན་ནམ་ངོ་བོ་ནི་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ་རྣམ་ཤེས་ཀྱི་བཞོན་པའི་ལས་ཀྱི་རླུང་གི་རྐྱེན་གྱིས། སེམས་ཉིད་དེའི་མཚན་མ་གློ་བུར་གྱི་དྲི་མ་རྣམ་པར་རྟོག་པ་རྣམས་ནི་སྤྲིན་བཞིན་དུ་ཡུལ་ལ་མཆེད་ནས་སྣང་བ་ཡིན་ནོ། །མདོ་ལས། ཆོས་ཐམས་ཅད་སྟོང་པ་ཡིན་ཏེ་སྟོང་པ་ཉིད་ཀྱི་མཚན་ཉིད་སེམས་ཡིན་ཞིང་། ཆོས་ཐམས་ཅད་རྣམ་པར་དབེན་པ་དང་རྣམ་པར་དབེན་པའི་མཚན་ཉིད་ཀྱང་སེམས་ཡིན་ནོ། །ཞེས་གསུངས་པས་ཆོས་ཐམས་ཅད་ཀྱི་ངོ་བོ་སྤྲོས་པས་དབེན་ཀྱང་གློ་བུར་གྱི་མཚན་མ་གཟུང་འཛིན་གཉིས་སུ་སྣང་ཡང་། རྣམ་པར་རྟོག་པ་གཅིག་གི་ཁོངས་སུ་འདུའོ། །གཉིས་པ་དེའི་གདམས་པ་གཏན་ཚིགས་ལ་གསུམ། ཀུན་བརྟག་འཁྲུལ་བ་སྣ་ཚོགས་སྣང་བ་དང་། གཞན་དབང་འཁྲུལ་བར་བརྟགས་ནས་སྣང་བ་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །དང་པོ་ནི། རང་བཞིན་སོགས།༧ འདི་ལྟར་སེམས་ཀྱི་རང་བཞིན་ཡོངས་གྲུབ་ནི་རྒྱ་མཚོ་བཞིན་དུ་མི་འགྱུར་ཡང་། བག་ཆགས་ཀྱི་ནུས་པས་ཀུན་བརྟག་དང་གཞན་དབང་གི་མཚན་ཉིད་ཅིར་ཡང་རྟོགས་པས་དཀྲུགས་པ་ཡིན། དེ་ཡང་རང་གིས་རང་སྒྲིབ་པ་རྒྱ་མཚོའི་རླབས་ཀྱིས་རྒྱ་མཚོ་རང་རྙོག་པ་བཞིན་ནོ། །མེད་པ་ལ་ཀུན་ཏུ་སྣང་བ་སེམས་ཀྱི་རྣམ་པར་རྟོག་པ་གོམས་པའི་བག་ཆགས་མཐུ་བརྟས་པ་ཡིན་ཏེ། སེམས་དང་བག་ཆགས་གཉིས་གཅིག་མིན་ཞིང་ངོ་བོ་ཐ་དད་མིན་ཏེ། རིམ་པ་ལྟར་སྤང་དུ་མི་རུང་ཞིང་སྤང་མི་དགོས་པའི་ཕྱིར། དེས་ན་རྣམ་རྟོག་བག་ཆགས་གོམས་པ་ལས་དོན་ལ་གཉིས་མེད་པར་སྣོད་བཅུད་གཉིས་སུ་སྣང་བ་དེ་ནི། དཔེར་ན་མིག་གི་སྐྱོན་རབ་རིབ་དེ་ཉིད་ནི་མེད་པ་གསལ་སྣང་སྐྲ་ཤད་དང་ཟླ་བ་གཉིས་སུ་སྣང་བ་བཞིན་ནོ། །རིག་པའི་དབང་ཕྱུག་གིས། འདོད་འཇིགས་མྱ་ངན་གྱིས་བསླད་དང་། །རྐུན་པོ་རྨི་སོགས་ཀྱིས་བསླད་པས། །མདུན་ན་གནས་པ་ཇི་བཞིན་ནི། །ཡང་དག་མིན་པའང་མཐོང་བར་འགྱུར། །ཞེས་གསུངས་པ་བཞིན། ཐལ་འགྱུར་བའི་ལུགས་ལ་བུམ་པ་རྐྱེན་གྱིས་གཞན་དབང་དེ་ལ་བདེན་པར་སྣང་བ་ཀུན་བརྟག །བུམ་པ་རང་བཞིན་གྱིས་སྟོང་པ་ཆོས་ཉིད་ཡོངས་གྲུབ་ཅེས་བྱ། ནང་རྣམ་པར་ཤེས་པ་ལའང་དེ་ལྟར་སྦྱར། སེམས་ཙམ་ལྟར་ན། བུམ་སོགས་ཤེས་པ་ལས་ཕྱི་རོལ་དོན་དུ་སྣང་བ་ཀུན་བརྟག །བུམ་སོགས་ཀྱི་རྣམ་པ་རགས་པར་སྣང་བ་གཞན་དབང་། རགས་པར་སྣང་བ་འདི་བེམ་པོའི་དོན་དུ་འཇོག །གཞན་དབང་ལ་ཀུན་བརྟག་བདག་གཉིས་ཀྱིས་སྟོང་པ་ཡོངས་གྲུབ་དང་། དེ་ཡང་ཀུན་བརྟག་བཏགས་པར་ཡོད་དངོས་པོ་མེད། གཞན་དབང་རྫས་སུ་ཡོད་དོན་བྱེད་ནུས། ཡོངས་གྲུབ་དོན་དམ་པ་ཡོད་དེ་རྣམ་པར་མི་རྟོག་པའི་ཡུལ་ཡིན་པོའི་ཕྱིར་རོ། །དེ་ལ་མཚན་ཉིད་གསུམ། ངོ་བོ་ཉིད་གསུམ། དེ་ཁོ་ན་ཉིད་གསུམ་ཞེས་བརྗོད། གཉིས་པ་ནི། དེ་བས་སོགས།༢༡ དེ་བས་ན་ཡུལ་སྣང་འདི་དག་རྒྱུ་རྐྱེན་གྱིས་གཞན་དབང་སེམས་ཉིད་ཡིན། དེ་ལ་དམིགས་ནས་རྣམ་པར་ཤེས་པ་རྣམས་འབྱུང་བའི་ཕྱིར། ཡུལ་སེམས་གཉིས་ཀྱང་ཕན་ཚུན་རྟེན་འབྲེལ་སྒྱུ་མ་བཞིན་ལས། སེམས་ཙམ་ལྟར་གཞན་དབང་བདེན་པར་མི་འདོད། འཕགས་པ་ཀླུས། ནང་དང་ཕྱི་ཡི་སྐྱེ་མཆེད་ལ། །རྟེན་ནས་རྣམ་པར་ཤེས་པ་འབྱུང་། །དེ་ལྟ་བས་ན་རྣམ་ཤེས་མེད། །སྨིག་རྒྱུ་སྒྱུ་མ་བཞིན་དུ་སྟོང་། །ཞེས་སོ། །དེ་ལྟར་ཡུལ་འདི་སེམས་ཉིད་ཡིན་པ་ལ་ཡིན་པར་མ་ཤེས་པས། དེ་ལས་འཁྲུལ་ནས་སེམས་ལས་གཞན་དུ་མཚན་མར་བཟུང་བ་ནི། ཐ་གུ་སྦྲུལ་དུ་མཐོང་ནས་སྦྲུལ་གྱི་དངོས་པོར་ལྟ་བ་བཞིན་ཏེ། ཐ་གུ་གཞན་དབང་གི་དཔེ་དང་སྦྲུལ་ཀུན་བརྟག་གི་དཔེ་དང་། ཐ་གུ་ལ་སྦྲུལ་ཡེ་ནས་མེད་པ་ཡོངས་གྲུབ་བོ། །ཀུན་བརྟག་གི་མཚན་ཉིད་དེ་དངོས་སུ་གང་ཡིན་ཞེ་ན། འདུས་བྱས་སྣ་ཚོགས་པའི་དངོས་པོ་རྣམས་སོ་སོར་ཤེས་ངོར་མངོན་སུམ་དུ་ཡོད་པ་ལྟར་སྣང་བའི། སངས་རྒྱས་དང་སེམས་ཅན་དང་བདག་གཞན་དང་བཟང་ངན་རྒྱུ་འབྲས་སྐྱེ་འཇིག་གནས་གསུམ་དང་། རྩི་ཤིང་ནགས་ཚལ་ཡུལ་འཁོར་ཁང་ཁྱིམ་ལ་སོགས་ཏེ། མདོར་ན་སེམས་ཅན་ཀུན་ལ་མངོན་སུམ་དུ་གྱུར་པའི་རྣམ་ཤེས་དྲུག་གི་ཡུལ་ནི་ཐམས་ཅད་ཡིན། དེ་ནི་མེད་པ་ལ་ཡོད་པར་བཏགས་པ་ཙམ་ཡིན་གྱི་སེམས་ལས་གཞན་དུ་བདེན་པར་གྲུབ་པ་གཏན་ནས་མེད་དོ། །འོ་ན་སངས་རྒྱས་ཀྱིས་མངོན་པ་ལ་སོགས་པ་ལས་གསུངས་སོ་ཞེ་ན། དེ་ནི་དགོས་པའི་དབང་གིས་འཇིག་རྟེན་ཐ་སྙད་ཀྱི་དོན་ཏེ། སྟོང་ཉིད་བདུན་ཅུ་པ་ལས། གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་དང་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་སྙད་དབང་གིས། །གསུང་གི་ཡང་དག་དབང་གིས་མིན། །ཞེས་གསུངས་དེ་ལ་གནས་པའམ་ཞེས་གནས་པ་དང་པོར་བརྗོད་དོན། རྒྱུ་འབྲས་དངོས་པོ་རྣམས་ད་ལྟའི་ཆོས་ཡིན་ལ་དེ་ནི་དབུ་སེམས་ཀྱི་རྩོད་གཞི་གཙོ་བོ་ཡིན། སེམས་ཅན་གྱི་དངོས་པོ་ལ་རྟག་བདེན་དུ་འཛིན་པའི་བློ་ལྷན་སྐྱེས་དེ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་འཁོར་རྩ་མ་རིག་པ་ཉོན་མོངས་པ་ཀུན་གྱི་གཙོ་བོ་ཡིན་ཞིང་། དེ་ལས་དགེ་སྡིག་གི་འདུ་བྱེད་དང་དེ་སྲེད་ལེན་གྱིས་གསོས་བཏབ་པ་ལས་འབྲས་དུས་ཀྱི་རྣམ་ཤེས་སོགས་བཅུ་གཉིས་འབྱུང་བདག་འཛིན་མ་རིག་པ་དང་བློའི་འཛིན་སྟངས་དངོས་སུ་འགལ་བའི་ཤེས་རབ་དང་། ཆོས་ཀུན་བདེན་མེད་དུ་རྟོགས་པ་རིང་དུ་གོམས་པ་ལས་གཞན་གྱིས་ཟློག་མི་ནུས་པས། མ་རིག་པའི་མུན་པ་ལ་སྣང་བའི་ཀུན་བརྟག་འཁོར་བའི་ཆོས་རྣམས་རང་བཞིན་མེད་པ་ཉིད་དུ་གཏན་ལ་ཕབ་པ་ཡིན་ནོ། །ཀུན་བརྟགས་གཏན་ནས་མེད་ན་གཞན་དབང་ཡང་མེད་དེས་ན་ཡོངས་གྲུབ་ཀྱང་མེད་པས་མཚན་ཉིད་གསུམ་ཆར་ལ་སྐུར་བ་བཏབ་པར་འགྱུར་ཞེས་གསུངས་ན། ཡུལ་སྣང་འདི་སེམས་གཉིས་སུ་སྣང་བ་ཡིན་དེ་ལ་དངོས་པོ་མེད་པས་ཀུན་བརྟག་ཡིན་ཞེས་ཡུལ་ལ་ཞེན་པ་བཀག །དེ་ནས་སེམས་བདེན་མེད་དུ་བཤད་པས་ཡུལ་ཅན་ལ་ཞེན་པ་འགོག་པ་ཡིན་ལ། གཉིས་སུ་མེད་ཀྱང་ཐ་སྙད་དུ་ཕན་ཚུན་དམིགས་པ་དང་དམིགས་རྐྱེན་དུ་བཞག་པ་གོང་དུ་བཤད། དེ་ལྟར་བརྟགས་ན་བྱ་བ་དང་བྱེད་པོ་མེད་ཀྱང་ཤེས་པ་རང་ཉིད་དེ་ལ་རྨི་ལམ་ལྟར་སྤྱོད་པར་བྱེད་དོ། །དེ་བས་ན་བྱིས་པ་མཚན་མར་འཛིན་པའི་བློ་ཅན་རྣམས་ནི། འཇིག་རྟེན་འདི་ན་དངོས་པོ་མེད་པའི་ཆོས་ལ་སྤྱོད་པ་དེ་ནི་དཔེར་ན། རྒྱང་རིང་པོ་ནས་སྨིག་རྒྱུ་མཐོང་བ་དེ་ལ་ཆུར་འཛིན་པ་དང་། མིག་སྐྱོན་ཅན་ལ་སྐྲ་ཤད་དང་ཟླ་བ་གཉིས་པ་ལ་ཟླ་བའི་དངོས་པོར་འཛིན་པ་དང་། རྨི་ལམ་གྱི་ཡུལ་ན་ཤེས་པ་ལས་གཞན་པའི་ཡུལ་མེད་ཀྱང་ཡོད་པར་བཟུང་ནས་རང་ཉིད་དེ་ལ་སྤྱོད་པ་བཞིན་ནོ། །ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད། །ཅེས་དང་། མདོ་སྡེ་རྒྱན་ལས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་སོ། །དེ་བས་ན་ཀུན་བརྟག་དངོས་མེད་ལ་དངོས་པོའི་མཚན་མར་བཟུང་ནས་དོན་བྱེད་པར་རློམ་པ་ནི་སོ་སོ་སྐྱེ་བོ་རང་ཁའི་ཡུལ་ཏེ། སྨིག་རྒྱུ་ལ་ཆུར་བཟུང་ནས་དོན་བྱེད་པར་རློམ་པ་དང་འདྲ་བའི་ཕྱིར། རང་བཞིན་མེད་ཀྱང་སེམས་ཀྱི་ཡུལ་དུ་མེད་བཞིན་ཐ་སྙད་དུ་སྣང་བ་དག་ལ་བསྟེན་པ་རྒྱུ་འབྲས་ཀྱི་བྱ་བྱེད་འཇོག་ནུས་པ་འཇིག་རྟེན་རྣལ་འབྱོར་པ་རྣམས་ཀྱི་ཡུལ་ཡིན་ཏེ། རྨི་ལམ་ལ་དངོས་མེད་ཀྱང་དོན་བྱེད་པར་སྣང་ལ་ཆོས་ཐམས་ཅད་རྨི་ལམ་ལྟར་རྟོགས་པ་ལ་དངོས་པོ་མེད་ཀྱང་དོན་བྱེད་པར་སྣང་བ་མི་འགལ་བའི་ཕྱིར། ཏིང་འཛིན་རྒྱལ་པོ་ལས། སྲིད་གསུམ་རྨི་ལམ་དང་འདྲ་སྙིང་པོ་མེད། །མྱུར་དུ་འཇིག་ཅིང་མི་རྟག་སྒྱུ་མ་བཞིན། །འོང་བ་མེད་ཅིང་འདི་ནས་འགྲོ་བའང་མེད། །རྒྱུན་རྣམས་རྟག་ཏུ་སྟོང་ཞིང་མཚན་མ་མེད། །ཅེས་དང་། དབུ་མ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བརྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་སོ། །གསུམ་པ་ཡོངས་གྲུབ་ལ་བཞི། ཆོས་ཉིད་ལ་མཐོང་དུ་མེད་པ། །སྣོད་བཅུད་སྟོང་པར་བསྟན་པ། །མཇུག་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པར་བསྟན་པ། དེའི་གདམས་པ་གཏན་ཚིགས་དང་བཅས་པའོ། །དང་པོ་ནི། གཉིད་སད་སོགས།༣ དཔེར་ན་གཉིད་སད་པ་ན་རྨི་ལམ་གྱི་ཡུལ་དབང་ཤེས་གསུམ་མེད་པ་བཞིན། ཕྱི་ནང་གི་དངོས་པོར་སྣང་བའི་ཡུལ་དབང་ཤེས་པ་འདི་ཡང་། མ་རིག་པའི་གཉིད་སད་དེ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་མཐོང་ནས་མེད་དེ། འཇུག་པ་ལས། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་ཆར་ཡོད། །སད་པར་གྱུར་ན་གསུམ་ཆར་མེད་པ་ལྟར། གཏི་མུག་གཉིད་སད་ལས་ཀྱང་དེ་བཞིན་ནོ། །ཞེས་སོ། །འཕགས་པའི་མཉམ་བཞག་ན་གཟུང་འཛིན་མེད་ཅིང་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་གཟུང་འཛིན་གཉིས་སྣང་ཡོད་ཀྱང་འཛིན་པ་མེད་དེ་མཁས་པའི་མདུན་ན་མགལ་མེ་བསྐོར་བ་བཞིན་ནོ། །གཉིས་པ་ལ་གཉིས། འཁོར་བ་མ་གྲུབ་པ། མྱང་འདས་མ་གྲུབ་པའོ། །དང་པོ་ལ་ལྔ་སྟེ། ཡུལ་མ་གྲུབ་པ། སེམས་མ་གྲུབ་པ། སྐད་ཅིག་མའི་རིགས་པ། ལྟོས་པའི་རིགས་པ། རྟེན་འབྲེལ་གྱི་རིགས་པས་མ་གྲུབ་པར་བསྟན་པའོ། །དང་པོ་ནི། དེ་བས་ཡུལ་སོགས།༣ དེ་བས་ན་ད་ལྟའི་ཡུལ་སྣང་རྣམས་འདི་ལྟར་དུ་མེད་དེ། རང་གི་རྣམ་པར་རྟོག་པས་མེད་པ་ལ་ཡོད་པར་བརྟགས་པ་ཡིན། ཡང་ན་སངས་རྒྱས་ལ་ཡུལ་སྣང་འདི་ལྟར་ཡོད་དམ་སྙམ་ན་མེད་དེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཀྱིས་འདུས་བྱས་སྐད་ཅིག་མ་འདི་དག་མ་གཟིགས་པའི་ཕྱིར་ཡང་ཡུལ་མེད་དོ། །རྩ་ཤེས་ལས། འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་གཉིད་ཀྱིས་མཐོང་བ་ཡིན། །ཞེས་པས་སངས་རྒྱས་ལ་གཏི་མུག་མི་མངའོ། །སངས་རྒྱས་ལ་ཇི་སྙེད་མཁྱེན་པ་མི་མངའ་འམ་ཞེ་ན་མངའ་མེད། རང་སྣང་གི་ལྡོག་པ་དེ་མཁྱེན་ནོ། །འོ་ན་ངའི་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་གྱི་ཁམས་ལ་ལ་དག་ལ་ལ་མ་དག་པ་གཟིགས་ཞེས་པ་ཅི། སེམས་ཅན་གཞན་གྱི་སྣང་བའོ། །དེའི་དཔེ་མདོ་ལས་འབྱུང་ངོ་། །གཉིས་པ་ནི། རྣམ་རྟོག་སོགས།༣ ཡུལ་མ་ཟད་པར་རྣམ་རྟོག་བདག་ཏུ་འཛིན་པ་དང་བཅས་པ་ཡི་རྟོག་པའི་སེམས་ཀྱང་ཡོད་ནའང་སོ་སོར་རྟོག་པའི་ཡེ་ཤེས་རབ་ཀྱིས་དཔྱད་དེ་སྔོ་སེར་སོགས་ཁ་དོག་དང་གྲུ་བཞི་སོགས་དབྱིབས་དང་ནི། ཕོ་མོ་ལ་སོགས་པའི་དངོས་པོར་མ་གྲུབ་པས་སྣང་རུང་མ་དམིགས་པས་ཁེགས་སོ། །གསུམ་པ་ནི། ཡང་ན་སོགས།༡ ཡང་ན་སེམས་ནི་སྐད་ཅིག་མ་དུ་མ་ཡིན་པས་དེ་ལ་རང་བཞིན་གཅིག་ཏུ་གྲུབ་པ་མེད་ལ། རྒྱུན་ཡོད་པས་སྙམ་ན་སྐད་ཅིག་སྔ་ཕྱི་མིན་པའི་རྒྱུན་མི་རྙེད། ཡུམ་ལས། རབ་འབྱོར་སེམས་ཀྱི་རྒྱུན་ཞེས་བྱ་བ་ནི་དེ་རྒྱུན་མེད་པར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཏེ། ཞེས་སོ། །བཞི་པ་ནི། ཡང་ན་ལྟོས་པའི་རིག་པས་དཔྱད་ན་ཡུལ་མེད་པས་ན་ཡུལ་ཅན་སེམས་མེད་དེ་དེ་གཉིས་ཕན་ཚུན་ལྟོས་འཇོག་ཡིན་པའི་ཕྱིར། ལྔ་པ་ནི། ཡང་ན་རྟེན་འབྲེལ་སོགས།༣ ཡང་ན་རྟེན་འབྲེལ་གྱི་རིགས་པས་དཔྱད་ན་སེམས་ནི་བདག་རྐྱེན་དབང་པོ་དང་དམིགས་རྐྱེན་གཟུགས་སོགས་ལས་སྐྱེ་བས་རྟེན་འབྲེལ་ཡིན་པའི་ཕྱིར་རང་གི་ངོ་བོས་སྐྱེ་བ་མེད་དོ། །ཡང་ན་སེམས་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་མ་གཟིགས་པ་དཀོན་བརྩེགས་ལས་བཤད་པས་ཁེགས་སོ། །དེ་བས་ན་རླུང་སེམས་ཙམ་ལས་གྲུབ་པའི་ཁམས་གསུམ་འཁོར་བའི་འདི་ངོ་བོ་ཉིད་ནས་སྟོང་ཞིང་བདག་གཉིས་སུ་གྲུབ་པ་མེད་དོ། །གཉིས་པ་མྱང་འདས་མ་གྲུབ་པ་ནི། འཁོར་བ་སོགས།༦ དེ་ལྟར་འཁོར་བ་རང་བཞིན་གྱིས་མེད་པས་དེ་སྤངས་པའི་མྱ་ངན་ལས་འདས་པའང་རང་བཞིན་གྱིས་མེད་དེ། འཁོར་འདས་ཡེ་ནས་འཆིང་གྲོལ་མེད་པ་ལ་འཆིང་གྲོལ་དུ་བཏགས་པ་ནི། མདོ་ལས། མྱ་ངན་འདས་མེད་མྱང་འདས་སུ། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །མཁའ་ལ་མདུད་པ་བོར་བ་ནི། །ནམ་མཁའ་ཉིད་ཀྱིས་བཀྲོལ་བ་ཡིན། །ཞེས་གསུངས་པའི་ཕྱིར། མྱ་ངན་ལས་འདས་པའི་མཐར་ཐུག་སངས་རྒྱས་ཉག་གཅིག་ཡིན་ལ། སངས་རྒྱས་དེ་ཡི་ཆོས་ཀྱི་སྐུ་ནི་ཆོས་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་དབྱེར་མེད་པའི་ཡེ་ཤེས་ཡིན་ཞིང་། དེ་ཉིད་ལའང་རང་རྒྱུད་དུ་བཞག་པའི་དངོས་པོ་མེད་པར་འཇིག་རྟེན་པའི་ངོས་ནས་བཞག་པའི་ཐ་སྙད་ཙམ་མོ། །གདུལ་བྱ་ལ་སྣང་བའི་གཟུགས་སྐུ་རྣམ་པ་གཉིས་ནི་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་ལས་བྱུང་བའི་གཟུགས་བརྙན་ཙམ་ཡིན་ཏེ། མདོ་ལས། དེ་བཞིན་གཤེགས་པ་ཟག་པ་མེད་པ་ཡི། །དགེ་བའི་ཆོས་ཀྱི་གཟུགས་བརྙན་ལྟ་བུ་ཡིན། །དེ་བཞིན་ཉིད་དང་བདེ་གཤེགས་བྱང་ཆུབ་མེད། །འཇིག་རྟེན་ཐམས་ཅད་ཀྱིས་ནི་གཟུགས་བརྙན་མཐོང་། །ཞེས་སོ། །ཡེ་ཤེས་ལའང་རང་བཞིན་མེད་པས་དེའི་གཟུགས་བརྙན་ཡིན་ཕྱིར་དངོས་པོ་མེད་པའམ། ཡང་ན་ཆུ་ཟླའི་གཟུགས་བརྙན་ལྟ་བུ་ཡིན་པའི་ཕྱིར་དངོས་པོ་མེད་པས་ན། ཡང་དག་པར་ནི་སངས་རྒྱས་མེད་ཅིང་མིང་བཏགས་པ་ཙམ་སྟེ་མིང་ཡང་དངོས་པོ་མེད་དོ། །རྩ་ཤེས་ལས། གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཟད་པ་མེད་ལ་སྤྲོ་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ་། །ཞེས་སོ། །བཞི་པ་དེའི་གདམས་པ་གཏན་ཚིགས་ལ་བཞི་སྟེ། དང་པོ་སྣང་སྟོང་དབྱེར་མེད་ཀྱང་ལྟ་བས་ཐག་བཅད་པ། བར་དུ་བསམ་བརྗོད་ཀྱི་མཐའ་དང་བྲལ་བར་འཇོག་པ། ཐ་མ་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བ། དེ་ཉིད་ཐོས་བསམ་གྱིས་རྟོགས་པའི་ཐབས་བསྟན་པའོ། །དང་པོ་ནི། མདོར་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་ལ། རང་བཞིན་ནམ་ངོ་བོ་དང་བདག་དང་བདེན་པར་གྲུབ་པ་སོགས་མིང་གི་རྣམ་གྲངས་ཏེ། བཞི་བརྒྱ་པའི་འགྲེལ་བར། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལུས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པའོ། །ཞེས་པ་ལྟར་བདག་མེད་ཀྱི་གནས་ལུགས་ལ་གཞལ་ན་སྒྱུ་མའི་སྤྲོས་པ་ཙམ་དུའང་ཁས་བླང་དུ་མེད་པའི་ཕྱིར། ཐ་སྙད་ལ་ཅིར་སྣང་ཅི་སྲིད་ཐམས་ཅད་སྣང་བཞིན་དུ་གནས་ཚོད་ལ་ཆོས་ཉིད་སྟོང་པ་ཉིད་ལས་མ་འདས་ལ། ཆོས་ཉིད་དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། བདག་མེད་ལ་དྲིས་པའི་མདོར། དངོས་པོ་མེད་ཅིང་དམིགས་སུ་མེད། །ཐམས་ཅད་སྟོང་པ་གནས་མེད་པ། །སྤྲོས་པ་རྣམས་ལས་ཡན་ལག་འདས། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །ཞེས་གསུངས་པ་ནི་དོམ་དམ་བདེན་པ་མཐར་ཐུག་པའི་མཚན་ཉིད་དོ། །དེ་ཡང་བྱང་ཆུབ་པར་བྱ་བ་དང་བྱེད་པ་མི་དམིགས་པའི་ཕྱིར་སངས་རྒྱས་བྱང་ཆུབ་ཐ་སྙད་ཙམ་སྟེ་དངོས་པོ་མེད་ཅིང་། ཡོད་མེད་གཉིས་ནི་ཕན་ཚུན་ལྟོས་པའི་དབང་གིས་བཞག་པའི་ཆོས་ཡིན་ལ་རང་གི་མཚན་ཉིད་ཀྱིས་མ་གྲུབ་ལ། ཡོད་པ་མ་གྲུབ་པས་ན་དེ་ལ་ལྟོས་ནས་མེད་པའང་གྲུབ་པ་མེད་དེ། དེ་གཉིས་ཕན་ཚུན་མེད་ན་མི་འབྱུང་གི་རྒྱུ་ཡིན་པས་དོན་ལ་གཉིས་ཀ་མེད་ལ། དེ་བས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་མི་སྲིད་དོ། །དེ་བཞིན་དུ་ཆོས་ཅན་ཀ་བུམ་སོགས་ཀྱི་རང་མཚན་ལ་དཔྱད་ནས་ཅི་ཡང་མེད་པ་ཆོས་ཉིད་སྟོང་པ་དེའང་མེད་དེ། རྩ་ཤེས་ལས། གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། །གཟུགས་ཀྱི་སྐྱེ་བ་མེད་དོ་སྙམ་དུ་དཔྱད་ན་ཤེར་ཕྱིན་ལ་སྤྱོད་ཀྱི། གཟུགས་ཀྱི་སྐྱེ་བ་མེད་པ་ཡོད་དོ་སྙམ་ན་ཤེར་ཕྱིན་ལ་མི་དཔྱོད་དོ། །གསུངས། འདི་ལྟར་སོ་སྐྱེས་ཀྱི་གཅིག་ཏུ་བྲལ་གྱི་རིགས་པ་དང་འཕགས་པའི་མཉམ་བཞག་གི་རིག་ངོར་སྐྱེ་བ་འགོག་པ་ཡིན་གྱི་སྐྱེ་མེད་སྒྲུབ་པ་མ་ཡིན་ནོ། །སྟོང་ཉིད་ལ་དངོས་པོར་ཞེན་པ་ནི་གསོར་མི་རུང་བའི་ལྟ་བ་སྟེ། འཕགས་པ་ཀླུས། ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཡང་ཁྱོད་ཀྱིས་སྤོང་བ་ཡིན། །ཞེས་སོ། །དེས་ན་ཡོད་མེད་ཀྱི་མཐའ་གཉིས་མ་གྲུབ་ཅིང་མེད་པའི་ཕྱིར་དེ་གཉིས་ལ་ལྟོས་པའི་དབུས་ཀྱང་མི་འགྲུབ་ལ། རྩ་ཤེས་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་པས། ཆོས་ཉིད་ཟབ་མོ་དེ་ཡིད་ལ་བསམ་ཞིང་ངག་གིས་བརྗོད་དུ་མེད་པ་ལ། མཐའ་ཐམས་ཅད་དང་བྲལ་བའི་དབུ་མའོ་སྙམ་དུ། དབུས་སུ་གནས་པར་བརྟགས་ན་མཐའ་གཉིས་འཇོག་བྱེད་ཀྱི་གཞི་ཡོད་པར་བཟུང་བས་དེ་ལ་ལྟོས་པའི་མཐའ་ཡང་མི་ཁེགས་པའི་སྐྱོན་དུ་འགྱུར་རོ། །འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། རྟག་དང་མི་རྟག་འདི་ཡང་མཐའ་ཡིན་ཏེ། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་མི་བྱའོ། །ཞེས་སོ། །དེ་ཕྱིར་ཆོས་རྣམས་ཀུན་གྱི་རང་བཞིན་ནི་དཔེར་ན་ནམ་མཁའ་ལ་ཁ་དོག་སྣ་ཚོགས་པའི་ལྷོ་སྤྲིན་ཇི་ལྟར་སྣང་ཡང་སྣང་བཞིན་སྟོང་པས་དངོས་པོ་ཅི་ཡང་མེད་པ་བཞིན་དུ། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་སྔོན་དུ་སོང་བའི་ལག་རྗེས་ལས་བྱུང་བའི་ཆོས་ཀུན་ཇི་ལྟར་སྣང་ཡང་། དེ་ལ་དགག་པ་དང་སྒྲུབ་པའི་རྟོག་པ་གང་ཡང་མི་དགོས་ཏེ་དངོས་མེད་དུ་དཔྱད་ཟིན་ཅིང་། སྣང་སྟོང་ཟུང་འཇུག་ཡིན་པས་སྣང་བ་ཉིད་ནས་དངོས་པོར་དམིགས་པ་མེད་དེ། ཡོད་མེད་དབུས་དང་གསུམ་དུ་མ་གྲུབ་པ་བཤད་མ་ཐག་པའི་ཕྱིར་རོ། །མདོ་ལས། གང་ཞིག་དངོས་རྣམས་དངོས་མེད་ཤེས་པ་དེ། །ནམ་ཡང་དངོས་པོ་ཀུན་ལ་ཆགས་མི་འགྱུར། །གང་ཞིག་ནམ་ཡང་དངོས་ཀུན་ཆགས་མེད་པ། །དེ་ནི་ཏིང་འཛིན་མཚན་མ་མེད་ལ་རེག །ཅེས་དང་། ལྷའི་བུས་ཞུས་པ་ལས། སྨྲས་པ། འཇམ་དཔལ་བྱང་ཆེན་བརྗོད་ངེས་པ་གང་མཉམ་པར་བཞག་པར་འགྱུར་བའི་རྣམ་གྲངས་ཡོད་དམ། ལྷའི་བུ་ཡོད་དེ། བྱང་ཆེན་གང་ལ་ལ་རྨི་ལམ་དུ་ཡང་དོན་དམ་པར་རྫས་དང་དངོས་པོ་དང་ངོ་བོའི་སེམས་མི་སྐྱེ་བ་དེ་ནི་མི་དམིགས་པའི་ཚུལ་གྱིས་ཤིན་ཏུ་མཉམ་པར་བཞག་པར་འགྱུར་རོ། །ཞེས་གསུངས། དངོས་པོ་ལ་མངོན་པར་ཞེན་པ་ནི་བརྗེད་པ་མེད་པར་མཉམ་པར་བཞག་ཀྱང་རྣམ་པར་གཡེང་བ་དང་འདྲའོ། །སྐབས་འདིར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཡིན་པས་དེ་གྲུབ་པའི་མཚན་ཉིད་ལ་རིགས་པ་བཞི་སྟེ། རང་དང་སྤྱིའི་མཚན་ཉིད་ཅན་ཆོས་རྣམས་ཀྱི་རང་བཞིན་ཏེ། མེ་ཁོ་ན་ཚ་ཆུ་ཁོ་ན་གཤེར་གྱི་གཞན་ནི་མ་ཡིན་ནོ་ཞེས་པ་ལྟ་བུ་ནི་ཆོས་ཉིད་ཀྱི་རིགས་པ་སྟེ་ངོ་བོ་ཉིད་ཀྱི་སྒོ་ནས་གྲུབ་པ། ཆོས་ཐམས་ཅད་རྒྱུ་ལ་མ་ལྟོས་པ་ཡིན་པས་ཐམས་ཅད་འབྲས་བུའི་དོན་དུ་འབྱུང་ཞིང་རྟག་པ་མེད་ཅིང་མི་རྟག་པ་ཡང་རྒྱུ་ལ་ལྟོས་པ་ཡིན་ཞེས་པ་ལྟ་བུ་ལྟོས་པའི་རིགས་པ་སྟེ་རྒྱུའི་སྒོ་ནས་སྒྲུབ་པའོ། །རྒྱུ་དང་འབྲས་བུའི་རིགས་པ་ནི་འབྲས་བུ་ཁྱད་པར་ཅན་སྐྱེ་བར་ངེས་པ་སྟེ། མིག་ཁོ་ནས་མིག་གི་རྣམ་པར་ཤེས་པ་སྐྱེད་ཀྱི་གཞན་ནི་མ་ཡིན་ནོ་ཞེས་པ་ལྟ་བུ་འབྲས་བུའི་སྒོ་ནས་སྒྲུབ་པ་སྟེ་བྱ་བ་བྱེད་པའི་རིགས་པ་དང་གཅིག་བཤད་ཚུལ་མི་འདྲ་བ་ཡོད། མཚན་ཉིད་གསུམ་པའི་གཏན་ཚིགས་ཀྱིས་བསྒྲུབ་བྱའི་དོན་སྒྲུབ་པར་བྱེད་པ་ནི་འཐད་པས་སྒྲུབ་པའི་རིགས་པའོ། །འདི་ནི་ཤེས་པར་བྱེད་པའི་ཡུལ་ཅན་དང་། རྒྱུ་དང་འབྲས་བུའི་དེ་གཉིས་ནི་སྐྱེད་པའི་ཡུལ་ཅན་ནོ། །འདི་རྣམས་ཀྱི་སེལ་བ་བཞི་ནི། ངོ་བོ་ཉིད་ལ་ཐེ་ཚོམ་ཟ་བ་དང་། བྱེད་པ་ལ་ཐེ་ཚོམ་ཟ་བ་དང་། མངོན་པར་འགྲུབ་པ་ལ་ཐེ་ཚོམ་ཟ་བ་དང་། རིགས་པ་ལ་ཐེ་ཚོམ་ཟ་བའོ། །དེ་ལ་ཆོས་ཉིད་ཀྱི་རིགས་པ་ལ་སྐྱོན་མེད་པ་མེ་ཤེལ་ལ་ཚ་བ་ཡོད་པ་ལྟ་བུ་སོགས་ཅི་རིགས་སྦྱར་རོ། །བསམ་གྱིས་མི་ཁྱབ་པའི་གནས་ལ་ནི་འཐད་པས་སྒྲུབ་མི་ནུས་པས་ལུང་གིས་སོ། །རིགས་པ་བཞིས་ཆོས་ཐམས་ཅད་ཀླན་ཀ་དང་ལན་དུ་བཅས་པས་སྟོན་པར་ནུས་པའི་ཕྱིར་རིགས་པའི་སྤོབས་པ་ཞེས་བྱའོ། །གཉིས་པ་ནི། ཅི་ཡང་སོགས།༡༠ དེ་ལྟར་གཏན་ཚིགས་དུ་མས་དཔྱད་ཚེ་འདིའོ་ཞེས་བློ་ཡུལ་ན་ཅི་ཡང་མེད་པ་དེའི་ཚེ་དངོས་དང་དངོས་མེད་ཀྱི་རྣམ་པ་ཅི་ཡང་བསམ་དུ་མེད་ཅིང་། མིག་དང་རྣ་བས་མཐོང་ཐོས་ལ་སོགས་པའི་ཐ་སྙད་རྣམས་དང་བྲལ་བ་དང་སེམས་དང་སེམས་བྱུང་གི་ཤེས་པ་ཀུན་གྱི་ཡུལ་ལས་འདས་ཏེ། དེ་ལ་རྣམ་པར་ཤེས་པའི་གནས་མེད་ཅིང་དོན་དམ་བློ་ཡི་སྤྱོད་ཡུལ་མིན་ཞེས་པའི་དོན་ནོ། །དེ་ལ་མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པའི་ཚད་མ་གཞན་གྱི་ཡུལ་དུ་བྱས་ནས་གཞལ་དུ་མེད་དེ། ཐ་སྙད་དུ་མི་རྟོག་པའི་ཡེ་ཤེས་དང་རོ་གཅིག་ཏུ་གྱུར་པའི་ཕྱིར། ཕར་ཕྱིན་སྡུད་པ་ལས། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ནམ་མཁའ་གང་ལའང་ཅུང་ཟད་མི་གནས་དེ་དང་འདྲ། །ཞེས་སོ། །དེ་བས་ན་གླང་པོ་རྩལ་གྱི་མདོ་ལས། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཞེས་སོགས་གསུངས་པས། ཀུན་མཁྱེན་རྒྱལ་བས་ཀྱང་དངོས་པོའི་ཆོས་གཅིག་ཀྱང་མ་གཟིགས་པའི་ཕྱིར་དང་། དཀོན་མཆོག་སྤྲིན་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟོད་ནས་ཞི་ཞིང་མ་སྐྱེས་པའི། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱེད་ཀྱིས་བསྟན། །ཞེས་པས་ཆོས་ཐམས་ཅད་དེ་བཞིན་ཉིད་ཁོ་ན་ལས་བརྩམ་སྟེ་བསྟན་པས། སྒྲ་རྟོག་གི་མཚན་ཉིད་ཅན་གྱི་ཚིག་གཅིག་ཙམ་གྱི་ཆོས་ཀྱང་བཤད་པ་མེད་དེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོར། བཅོམ་ལྡན་འདས་སངས་རྒྱས་ནས་མྱ་ངན་ལས་འདས་ཀྱི་བར་དུ་ལྕེ་རྐན་གྱི་རྩོལ་བ་ལས་བྱུང་བའི་ཐ་ན་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །ཞེས་པ་ནི་དེ་བཞིན་གཤེགས་པ་ལ་དབུགས་དབྱུང་རྔུབས་དང་སློང་བྱེད་ཀྱི་རྟོག་པ་མི་མངའ་ཞིང་སངས་རྒྱས་ཀྱི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །འོ་ན་སྡེ་སྣོད་གསུམ་བཤད་པས་སོ་ཤེ་ན། དེ་ནི་གདུལ་བྱའི་རྟོགས་པའི་དབང་གིས་སོ་སོའི་མོས་པ་ལྟར་སྡེ་སྣོད་གསུམ་པོ་དེ་བཞིན་ཉིད་ཀྱི་ངང་ལས་བྲག་ཆ་བཞིན་དུ་བཤད་པར་སྣང་ངོ་། །དེས་ན་གདུལ་བྱ་འདུལ་བྱེད་དམ་ཆོས་དང་ཆོས་ཉིད་འདུས་བྱས་འདུས་མ་བྱས་སོགས་རང་བཞིན་གྱིས་སོ་སོར་ཡོད་ན་ཅི་ཡང་ཡིན་དུ་རུང་བའི་ཕྱིར། བསམ་པའི་ཡུལ་དུའང་འགྱུར་ན་དེ་ལྟ་བུ་མིན་ཏེ་བསམ་བརྗོད་ལས་འདས་པ་ཡིན་ཏེ་བློ་ནི་ཀུན་རྫོབ་ཡིན་པར་བརྗོད། ཅེས་གསུངས་པས། བསམ་བརྗོད་ཀྱི་ཡུལ་དུ་གྱུར་པ་ནི་ཀུན་རྫོབ་བརྟགས་པ་ཙམ་སྟེ་དོན་ལ་གཉིས་སྣང་འཁྲུལ་བ་ཡིན་ནོ། །དེ་ལྟར་དཔྱད་འཇོག་སྤེལ་མ་ཅི་རིགས་པ་སྔོན་དུ་བཏང་ནས་སྒོམ་པ་ལ་འཇུག་ན་ལེགས་ཏེ། གཞན་དུ་ན་དངོས་པོའི་མཚན་ཉིད་གཏན་ལ་མ་ཕེབས་པས་དེ་སྒོམ་པ་ལ་འཇུག་པར་ཡང་མི་འགྱུར་ལ། ཞུགས་ཀྱང་ཐེ་ཚོམ་ཟ་བར་ཡང་འགྱུར་ཞིང་སྒྲིབ་པ་སྤོང་བའི་གཉེན་པོར་མི་འགྱུར་བ་མུ་སྟེགས་ལྷག་སྤྱོད་ཀྱི་ཏིང་ངེ་འཛིན་བསྒོམ་པ་དང་འདྲ་བར་གསུངས། གཏན་ལ་ཕབ་ནས་བསྒོམ་ན་ཐོག་མར་སྒོམ་པ་ལ་འཇུག་ཅིང་། ཞུགས་ནས་ཐེ་ཚོམ་མི་ཟ་ཞིང་སྒྲིབ་པའི་གཉེན་པོར་འགྱུར་བས་མྱ་ངན་ལས་འདས་པའི་རྒྱུར་འགྱུར་རོ། །ཏིང་རྒྱལ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་གལ་ཏེ་སྒོམ་པ་ནི། དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། རྒྱུ་གཞན་གང་ཡིན་དེས་ནི་ཞི་མི་འགྱུར། །ཞེས་སོ། །གསུམ་པ་ནི། དེ་བས་ཆོས་ཀུན་སོགས། དེ་བས་ན་ཆོས་ཀུན་ནི་སྤྲོས་པ་མེད་པ་ནམ་མཁའི་མཚན་ཉིད་ཡིན་ཏེ། ནམ་མཁའ་ནི་མིང་ཙམ་ལས་མཚན་མ་ཅི་ཡང་མེད་པ་དེ་ལྟར་ན། ཆོས་ཐམས་ཅད་ནི་ད་ལྟར་དཔྱད་མཐས་སྟོང་པ་ཙམ་མིན་པར་ཡེ་ནས་སྟོང་པ་ཉིད་ཡིན་པའི་ཕྱིར། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས། འཇིག་རྟེན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །དེ་དག་དེ་ཡི་འགྲོ་རིག་ནས། །འཇིག་རྟེན་ཆོས་ཀྱིས་མི་གོས་སོ། །ཞེས་སོ། །ཡང་དག་པའི་གནས་ལུགས་དེ་ལ་གཞལ་ན་ཉོན་མོངས་པ་སྤང་དུ་མེད་ཅིང་བྱང་ཆུབ་སྒྲུབ་ཏུ་མེད་དེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་འདི་ཡང་ནམ་ཡང་མི་དམིགས་སོ། །ཆོས་ཀུན་ནམ་མཁའ་འདྲ་བར་རབ་ཤེས་པ། །དེ་ལྟར་སུས་ཤེས་དེ་ནི་རྒྱལ་པོར་འགྱུར། །ཞེས་སོ། །དེ་ལྟར་ན་བྱང་ཆུབ་ཐོབ་པ་དང་མི་ཐོབ་པའི་རེ་དོགས་ཏེ་ཕུང་པོ་སྤངས་ནས་བྱང་ཆུབ་ཐོབ་བྱའམ་བླང་བྱར་སེམས་པ་མེད་དེ། ཐམས་ཅད་རང་བཞིན་གྱིས་དབེན་ཞིང་སྟོང་པའི་ཕྱིར། ཏིང་རྒྱལ་ལས། ཕུང་པོ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །བྱང་ཆུབ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །གང་སྤྱོད་དེ་ཡང་རང་བཞིན་སྟོང་པ་སྟེ། །ཡེ་ཤེས་ལྡན་གྱིས་ཤེས་རབ་བྱིས་པས་མིན། །ཞེས་སོ། །མཉམ་པ་ཉིད་ཀྱི་དོན་མ་མཐོང་བས་རེ་དོགས་སྤང་བླང་གི་མཐར་ལྷུང་བ་བདུད་ལས་ཏེ། དྲི་མ་མེད་པར་གྲགས་པའི་མདོ་ལས། རྣམ་པར་གྲོལ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་པས་གྲོལ་བ་མ་ཡིན་ནམ། སྨྲས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤངས་པས་རྣམ་པར་གྲོལ་ལོ་ཞེས་ཟེར་བ་ནི་ང་རྒྱལ་བ་རྣམས་ཀྱི་སྟེ། གང་ང་མེད་པ་རྣམས་ཀྱིས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རང་བཞིན་ཉིད་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་གསུངས། ཡང་དེ་ལས། འདི་ལྟར་འཕགས་པ་དགྲ་བཅོམ་པ་རྣམས་ནི་བདག་གིས་ཉོན་མོངས་པ་ཐམས་ཅད་སྤངས་སོ་སྙམ་པའི་རློམ་སེམས་ཡོད་ནའང་དགྲ་བཅོམ་པར་མི་འགྱུར་རོ། །ཞེས་དང་། རྡོ་རྗེ་གཅོད་པ་ལས། འཕགས་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་བདག་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་ལགས་ཀྱང་དགྲ་བཅོམ་པའོ་སྙམ་དུ་མི་སེམས་ལགས་སོ། །ཞེས་གསུངས་པས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ལམ་གྱི་དངོས་གཞི་འདུས་མ་བྱས་པ་ཡིན་པས་དེ་ལ་སྤང་བླང་གི་རློམ་སེམས་མེད་དོ། །རྣམ་པར་ཐར་པ་གསུམ་དང་ལམ་དང་གཉེན་པོ་ཡང་མེད་དེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དབེན་པའི་མཚན་ཉིད་ཅན་ཏེ་དངོས་པོར་ལྟ་བའི་གཉེན་པོ་དང་། དེ་བཞིན་དུ་མཚན་མ་མེད་པའི་ཏིང་ངེ་འཛིན་ནི་ཞི་བའི་མཚན་ཉིད་ཅན་ཏེ་མཚན་མར་ལྟ་བའི་གཉེན་པོ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་སྨོན་པ་ལ་ཆགས་པའི་གཉེན་པོ་སྟེ་སྡུག་བསྔལ་སེལ་བའི་མཚན་ཉིད་ཅན་ནོ། །དེ་ལྟར་སྒོམ་པར་འདོད་པ་ཡང་མཉམ་པ་ཉིད་ཀྱི་དོན་མ་མཐོང་བས་བླང་དོར་གྱིས་བཅིངས་པའོ། །འོ་ན་རྣལ་འབྱོར་པའི་རྣམ་ཐར་གང་ཞེ་ན། ངེས་དོན་གྱི་མདོ་ལས་གསུངས་པ་ལྟར། སྤང་གཉེན་དབྱེར་མེད་པར་རྟོགས་པ་ནི་ཐབས་ལ་མཁས་པའི་རྣམ་པར་ཐར་བའོ། །སྤང་བྱ་ལ་རྫས་ཀྱི་མཚན་མ་མེད་པར་རྟོགས་པ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་བའོ། །ཆོས་གང་ཡང་རང་གི་ངོ་བོས་གྲུབ་པ་མེད་པར་རྟོགས་པ་ནི་མངོན་པར་འདུས་མ་བྱས་པའི་རྣམ་པར་ཐར་བའོ། །ཞེས་རྣམ་གྲངས་པའི་དོན་དམ་དེ་ཙམ་མོ། །དོན་དམ་པའི་བདེན་པ་ཉིད་ཀྱང་དངོས་པོ་མེད་དེ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་གསུངས་པའི་ཕྱིར། དབུ་མ་སྣང་བ་དང་རྒྱན་ལས་གསུངས་པའི་དོན་དམ་རྣམ་གྲངས་བ་སྐྱེ་བ་མེད་འགག་པ་མེད་ལ་སོགས་པ་མེད་དེ་སྤྲོས་པ་ཀུན་ལས་འདས་པའི་ཕྱིར། དེའི་ཕྱིར་སྟོང་པ་ཉིད་བསྒོམ་ཞེས་བྱ་བའང་ཚིག་བླ་དྭགས་ཏེ་ཐ་སྙད་ཙམ་ཡིན་གྱི་བྱིས་པ་འཛུབ་མོས་ཟླ་བ་བཞིན་བརྟགས་སོགས་གང་གིས་ཀྱང་མཚོན་དུ་མེད་པའི་ཕྱིར། རྟོགས་མེད་ཚུལ་གྱིས་རྟོགས་པས་ན། །སྟོང་ཉིད་མཐོང་བའི་ཐ་སྙད་བཏགས། །ཞེས་པ་ལྟར་རོ། །བསྒོམ་པར་བྱ་བའི་ཡུལ་མེད་ཅིང་སྒོམ་བྱེད་ཀྱི་སེམས་ཀྱང་མེད་དེ་གཟུང་འཛིན་གྱི་སྤྲོས་པ་ཞི་བའི་ཕྱིར། བསྒོམ་རྒྱུ་མེད་དེ་དམིགས་གཏད་མེད་པའི་ཕྱིར། མི་བསྒོམ་པར་བཞག་ནས་ཡོད་པའང་མེད་དེ་ངོ་བོ་གཞན་དུ་མི་འགྱུར་བའི་ཕྱིར། རྣམ་སྣང་ཆོས་བདུན་གྱིས་ལུས་སེམས་འཆོས་པ་སོགས་དང་སྒྲིབ་པའི་སྐྱོན་དང་ཤིན་སྦྱང་སོགས་ཀྱི་ཡོན་ཏན་ཡང་མི་དམིགས་པའི་ཕྱིར་ན། དམིགས་བྱ་དམིགས་བྱེད་ཐམས་ཅད་མི་དམིགས་པ་ནམ་མཁའི་རང་བཞིན་ནོ། །ཉེ་བ་འཁོར་གྱིས་ཞུས་པ་ལས། གང་དག་རང་བཞིན་མེད་ཆོས་འདི་ཤེས་པ། །དཔའ་བོ་དེ་དག་འཇིག་རྟེན་མྱ་ངན་འདའ། །འདོད་པའི་ཡོན་ཏན་སྤྱད་ཀྱང་ཆགས་མེད་ཅིང་། །ཆགས་པ་རྣམས་སྤངས་སེམས་ཅན་འདུལ་བར་བྱེད། །ཅེས་སོ། །དོན་དམ་དཔྱོད་པས་སྟོང་ཉིད་གཏན་ལ་འབེབས་པ་ནི་དོན་དམ་པའི་ངོ་བོ་ལ་དཔྱད་བྱ་ཙམ་མེད་ཀྱང་གློ་བུར་སྒྲོ་བཏགས་བསལ་བ་ཡིན་ལ། གཤིས་ན་སྤྲོས་པ་མེད་པར་ངེས་པ་དང་སྒྲོ་བཏགས་སེལ་བ་དུས་མཉམ་མོ། །དེས་ན་སྟོང་པ་ཉིད་དེ་མ་མཐོང་བའི་ཚུལ་གྱིས་མཐོང་བའི་ཐ་སྙད་བུམ་མེད་ཀྱི་ཕྱོགས་སུ་བུམ་པ་མ་མཐོང་བར་བུམ་པ་མེད་པ་མཐོང་ངོ་ཞེས་པ་ལྟ་བུའོ། །མདོ་སྡུད་པ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་སོ། །སྟོང་པ་ཉིད་ཁོ་ན་བསྒོམ་ན་ཕར་ཕྱིན་དྲུག་དགོས་སམ་སྙམ་ན། རྗེས་ཐོབ་སྤྱོད་པ་དང་འབྲེལ་བ་གོང་དུ་བཤད་ལ། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དུ་མཁྱེན་གསུམ་གྱི་རྣམ་པ་ཡོངས་རྫོགས་ཚང་བ་ཤེར་ཕྱིན་ལས་གསུངས་པ་དང་། རྡོ་རྗེ་ཏིང་ངེ་འཛིན་གྱི་མདོ་ལས། སེམས་སྟོང་པ་ཉིད་དུ་མི་གཡོ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་སོ། །ཞེས་དང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས། མི་འཛིན་པ་ནི་སྦྱིན་པ་ཡིན་པ་སོགས་རྒྱ་ཆེར་གསུངས་སོ། །བཞི་པ་ནི། དོན་དམ་སོགས།༩ ཇི་སྐད་བཤད་པའི་དོན་དམ་པ་དེ་ཇི་བཞིན་རྟོགས་པར་འདོད་པའི་རྣལ་འབྱོར་པས། དང་པོ་ལུང་དང་རྟོགས་པའི་ཆོས་རྣམས་མཉན་པ་དང་བསམ་པ་དང་སྒོམ་པ་གསུམ་གྱི་སྒོ་ནས་རྟོགས་པར་བྱ་ལ། དེ་གསུམ་གྱི་ཡུལ་ཡང་དང་པོ་ཐོས་པ་ནི་གཙོ་བོར་མིང་ལ་དམིགས་པ་དང་། བསམ་པ་ནི་སྒྲ་དོན་འབྲེལ་བ་སྟེ་མིང་དོན་གཉིས་ཀ་དང་། སྒོམ་པའི་ཡུལ་ནི་དོན་ཉིད་ཡིན་ཏེ་ཐོས་བསམ་གྱི་ཤེས་རབ་ནི་དོན་སྤྱིར་སོ་སོར་རྟོག་པའི་རྣམ་པར་རྟོག་པ་མཚན་འཛིན་དང་། སྒོམ་པ་ནི་རང་མཚན་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པས་སོ། །དེས་ན་བསམ་པ་དང་སྒོམ་པ་རྣམ་པ་གཉིས་ཀྱི་བསྒོམ་པ་དང་། ཡང་དག་པའི་ལུང་དང་བླ་མ་དམ་པ་རྟོགས་གོམས་ཅན་གྱི་མན་ངག་ལ་བརྟེན་ནས་དཔྱད་སྒོམ་བྱེད་ཅིང་། གཅིག་ཏུ་བྲལ་སོགས་ཀྱི་རིགས་པས་ཀྱང་དཔྱད་ནས་སྒོམ་པ་སྟེ། ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་འགྱུར་ཏེ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་གྱིས། །རིགས་པ་བརྒྱ་དག་གིས་ནི་གཟུད་པར་མཛད། །ཅེས་སོ། །ཆོས་ཀུན་སྟོང་ཉིད་ཡིན་པའི་གཏན་ཚིགས་ནི་གོང་དུ་སོ་སོར་ཕྱེས་ཤིང་བསྟན་པ་དང་། ད་དུང་དེ་བཞིན་དུ་དངོས་པོ་ཀུན་གཞིག་ཅིང་ཡང་དང་ཡང་དུ་དོན་སྤྱིའི་ཚུལ་གྱིས་དཔྱད་ན། ནམ་ཞིག་ཚིག་ཙམ་ལ་བསྟེན་པ་མ་ཡིན་པར་བློ་ཤེས་རབ་ཀྱིས་མངོན་སུམ་དུ་གོ་བར་འགྱུར་རོ། །འཇུག་པ་ལས། སོ་སོ་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་དེ་གྲོལ་བར་འགྱུར། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་པ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་བཞེད། །ཅེས་གསུངས། འདིར་ཚོགས་ལམ་ན་ལུང་མང་པོ་ལ་ཐོས་བསམ་གྱིས་དམིགས་པ་ཚོལ་བས་དམིགས་པ་རྣམ་བྱང་ཟེར་གོ་བ་ཤུགས་ཆེ། དམིགས་དོན་དེ་ཐོས་སོགས་གསུམ་གྱི་ཤེས་རབ་ལ་བསྟེན་པ་ལམ་ཐམས་ཅད་ཀྱིས་རྟོགས་བྱ་ཆོས་ཉིད་ཡོངས་གྲུབ་བདག་མེད་གཉིས་ལ་གོ་མྱོང་ཅི་རིགས་ཐོན་པ་ནི་རང་བཞིན་རྣམ་བྱང་སྟེ་སྒོམ་བྱུང་གི་ཤེས་རབ་ཤུགས་ཆེ། མོས་སྤྱོད་འདིར་ནི་སྟོང་ཉིད་ཀྱི་དོན་སྤྱི་རྟོགས་པས་ཡིད་ལ་བྱེད། དེ་ལ་དོན་སྤྱིའི་ཚུལ་དུ་རྟོགས་ཞེས་ཟེར། དེ་ལ་རང་རིག་མངོན་སུམ་ཡིན་པར་ཁ་ཅིག་བཞེད་པ་དེ་ལེགས། ཁ་ཅིག་མོས་སྤྱོད་དུ་སྟོང་ཉིད་ཡིན་འགྱུར་གྱི་མྱོང་བ་ཙམ་ཡིན་པས་རྟོག་མེད་དུ་བཞག་ན་ལྷག་མཐོང་མེད་པར་འགྱུར་རོ་ཞེ་ན། གཟུང་འཛིན་གྱི་སྣང་བ་གཟུགས་བརྙན་དང་སྒྱུ་མ་ལྟ་བུ་འདི་ལས་སྟོང་ཉིད་གཞན་ན་མེད་པས་དེ་རང་རིག་མངོན་སུམ་གྱིས་མྱོང་བ་ཁས་ལེན་ན། རེ་འགའ་དེའི་ངང་དུ་རྟོག་མེད་དུ་བཞག་ན་སྐྱོན་མེད་ལ། སྤང་བྱར་ཞེན་པའི་གཉེན་པོ་བསྟན་པ་དེ་ལ་ཞེན་པ་གཏོང་མི་ཐུབ་པ་དེ་འདྲའི་ལམ་དེ་འདིར་མི་འདོད་དོ། །སྦྱོར་ལམ་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་འབྲས་ཀྱི་གཟུང་རྟོག་ཀྱང་མ་གྲུབ་པའི་གསལ་སྣང་དང་། གང་ཟག་གི་བདག་རྫས་སུ་གྲུབ་པ་མེད་པ་དང་བཏགས་པའི་འཛིན་རྟོག་ཀྱང་རང་བཞིན་མ་གྲུབ་པའི་གཟུང་འཛིན་གཉིས་མེད་ཀྱི་ཤེས་རབ་སྟེ་ཤེས་སྒྲིབ་དགག་རྟོག་བཞིའོ། །དེ་དག་སྒྲ་དོན་འབྲེལ་བའི་རྟོག་པ་ལས་དངོས་མ་ཡིན་པར་དོན་སྤྱི་གསལ་བའི་སྣང་བ་ཟླ་བ་གཉིས་པ་དང་ལྷའི་གསལ་སྣང་ལྟར་ཡིན་པར་གསུངས། སྣང་ངོའི་ངེས་པ་དེ་དབྱིབས་དང་ཁ་དོག་གིས་ཟླ་བ་དཔོག་པ་ལྟར་སྟོང་ཉིད་དངོས་མིན་ཡང་གཉིས་སྣང་ཇེ་ཕྲར་གྱུར་པའི་ངེས་པ་ལྷག་པར་གྱུར་པ་སྟེ་ཆུ་སྣོད་ཀྱི་ཟླ་བ་ལྟར་དེ་ནི་སྟོང་ཉིད་དངོས་དང་འདྲ་ཞེས་ཀྱང་བཤད། དེ་ནས་གཉིས་སྣང་ནུབ་ནས་མཐོང་ལམ་དུ་སྟོང་ཉིད་མངོན་སུམ་མཐོང་ནས་དེ་ལ་གནས། སྒོམ་ལམ་དུ་མཐོང་རྟོགས་ཀྱི་རྒྱུན་དེ་རྒྱུད་ལ་ལྡན་པའི་ཚུལ་གྱིས་གོམས་པར་བྱེད་ལ། དེ་དག་གི་སྐབས་སུ་བྱང་ཕྱོགས་དང་ཕར་ཕྱིན་དྲུག་སོགས་ལམ་གྱི་ཡན་ལག་མང་བས་ལམ་དེ་གཉིས་ལ་ལམ་རྣམ་བྱང་གསུངས། མི་སློབ་པའི་ས་ནི་སྒྲིབ་གཉིས་དག་པས་དྲི་མེད་རྣམ་བྱང་སྟེ་འདིར་འཕྲོས་དོན་ནོ། །གསུམ་པ་མཐོང་བའི་ལམ་ལ་གཉིས། མཐོང་ལམ་དངོས་དང་། དེ་སྐྱེ་བའི་རྟགས་བསྟན་པའོ། །དང་པོ་ལ་གཉིས། ཆོས་ཐམས་ཅད་རང་རིག་ཙམ་དུ་མཐོང་བ་དང་། རང་རིག་དེ་ཅི་ལ་ཡང་མི་གནས་པར་བསྟན་པའོ། །དང་པོ་ནི། གོ་བའི་ཚེ་སོགས།༨ དེ་ལྟར་མོས་སྤྱོད་དུ་དཔྱོད་སྒོམ་དང་འཇོག་སྒོམ་རིང་དུ་བྱས་པའི་གོ་བ་མངོན་དུ་གྱུར་པའི་ཚེ་རིག་པ་འདི་ལྟར་སྐྱེ་སྟེ། མཐོང་ལམ་མཉམ་བཞག་ནི་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་རྟོགས་པ་ཡིན་པས། དོན་གྱི་འོད་གསལ་ཆོས་ཉིད་སྤྲོས་བྲལ་དེ་དང་གཉིས་སུ་མེད་པ་རིག་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་སྤང་ཁམས་གསུམ་གྱི་རྟོག་པ་ལས་གྲོལ་ཞིང་སྙིང་རྗེའི་རླན་དང་ལྡན་པ། རྟོག་མེད་རྣལ་འབྱོར་མངོན་སུམ་ཞེས་ཀྱང་བྱ། སྒྲ་རྟོག་གི་ཡུལ་མ་ཡིན་ཞིང་གཉིས་སྣང་ནུབ་པས། ཡུལ་ཡུལ་ཅན་སོགས་ཀྱི་དགག་བྱའི་སྤྲོས་པ་ཅི་ཡང་ཡོད་པ་མིན་པས་ཆོས་ཉིད་གཅིག་ཏུ་ཟད་ལ། འཇུག་ཤེས་རྟེན་བཅས་ཀྱི་སྒོ་ལྔ་འགག་པར་བཤད་ཀྱང་འོན་ལོང་ལྟ་བུ་མ་ཡིན་ཞིང་དེ་ལ་ཐ་སྙད་བཏགས་པ་རྣམས་གཟུགས་བརྙན་བཞིན་དུ་སྣང་ལ། སེམས་ཅན་རྣམས་ཀྱི་མངོན་སུམ་གྱི་ཡུལ་དུ་སྣང་བར་གྱུར་པའི་སངས་རྒྱས་དང་སེམས་ཅན་ལ་སོགས་པའི་མཚན་མ་རྣམས་རྨི་ལམ་གྱི་ཡུལ་སྣང་བཞིན་དུ་རྣམ་པར་རྟོག་པ་ཙམ་ཡིན་པས། ཕྱི་ནང་ཀུན་ལ་རང་བཞིན་མེད་པར་ཤེས་པ་ནི་དཔེར་ན་སྒྱུ་མ་ངོ་ཤེས་པས་དངོས་པོ་ཅི་ཡང་མཐོང་བ་མེད་ཅིང་རེ་དོགས་དང་དགག་སྒྲུབ་མེད་པ་བཞིན་ནོ། །ཞིབ་ཏུ་དཔྱད་ན་ཁྱད་པར་ཅན་གྱི་རྣལ་འབྱོར་པ་ལ་ཡུལ་སྣང་མི་འགག་ཅིང་ཐ་སྙད་ཙམ་སྣང་ཡང་ཡོད་མེད་སོགས་ཀྱི་དངོས་པོ་ཅི་ཡང་མི་མཐོང་ཞིང་རིག་པ་ཡེ་ཤེས་ཀྱི་གསལ་སྣང་འགག་མེད་དུ་སྐྱེ་ལ། རིག་པ་དེ་ཡང་སོ་སོ་རང་རིག་པའི་ཡེ་ཤེས་ཙམ་དུ་ཟད་དོ། །འདི་ལ་མཉམ་བཞག་སྣང་མེད་དང་རྗེས་ཐོབ་སྣང་བཅས་ལྟར་ན་མཉམ་བཞག་ཏུ་སྒོ་ལྔའང་འགག་ནས་ཀུན་རྫོབ་ཀྱང་མི་སྣང་བར་ཆོས་ཉིད་འབའ་ཞིག་ཏུ་འདོད་དེ། འགོག་པའི་སྙོམ་འཇུག་བཞིན་ནོ། །འདིར་གཟུང་འཛིན་གྱི་རྟོགས་པ་སོགས་དགག་བྱའི་སྣང་བ་མེད་པས་སྣང་མེད་དང་སྒོ་ལྔ་རྟོག་མེད་ལ་ཡུལ་སྣང་འཆར་བ་སྣང་བཅས་ཏེ་མཉམ་བཞག་གཅིག་གི་རང་ལྡོག་ནས་ཕྱེ་བ་ཡིན་ཏེ། ཡོད་མེད་སོགས་རྣམ་རྟོག་མཚན་མ་ཀུན་དབྱིངས་སུ་ནུབ་པའི་ཆོས་ཉིད་རིག་པ་རོ་གཅིག་ཏུ་མཉམ་པར་བཞག་ཚེ། ཕུ་བཏབ་ནས་ཡལ་འགྲོ་བའི་གཟུགས་བརྙན་ཙམ་གྱི་སྣང་བ་ལ་འགལ་བ་མེད་དེ། ཡུལ་ཡུལ་ཅན་གཉིས་ཀ་སྟོང་གསལ་རོ་མཉམ་པའི་ཕྱིར། ཇི་སྐད་དུ། རྒྱུ་དང་འབྲས་བུའི་ཆོས་རྣམས་ནི། །དམ་པ་ཉིད་དུ་ཡོད་མིན་ཞིང་། །རང་བཞིན་གསལ་བ་ཉིད་ཀྱི་ཕྱིར། །མེད་པ་ཉིད་ཀྱང་མ་ཡིན་ནོ། །ཞེས་སོ། །དེ་ལྟར་ན་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་གཉིས་ཀྱང་ཡོད་པ་མི་འགལ་ལོ། །གཉིས་པ་ནི། དེ་ཚེ་དངོས་སོགས།༧ དབྱིངས་རིག་མངོན་དུ་གྱུར་པ་དེའི་ཚེ་ཕྱི་ནང་གི་དངོས་པོ་ཀུན་ཅི་ཡང་གྲུབ་པ་མིན་པར་མཐོང་ལ། ཅི་ཡང་མིན་པ་དེ་ལའང་འདིའོ་ཞེས་བསམ་པའི་ཡུལ་མེད་དེ། རྣམ་ཤེས་ལ་ཡུལ་ཡོད་ཡེ་ཤེས་ལ་ཡུལ་མེད་ཅེས་གསུངས། རིག་པའི་ཡེ་ཤེས་ཉིད་ཡུལ་ཆོས་ཀྱི་དབྱིངས་དང་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་ཏུ་སོང་བའི་ཕྱིར། ཡུལ་མེད་པ་དེ་བས་ན་སྒྲ་རྟོག་གམ་བསམ་བརྗོད་ཀྱང་མི་འཇུག་ཀྱང་གཉིས་ཀྱི་ཚུལ་དུ་མཐོང་བའི་སྣང་བ་མེད་ལ། རི་བོང་ལ་རྭ་གཏན་ནས་མེད་པས་དེ་བརྗོད་ཚེ་རཱའི་སྒྲ་དང་དོན་གཉིས་ཀ་མེད་པ་བཞིན་དུ་བརྗོད་པར་བྱ་བ་མེད་པས་རྗོད་བྱེད་མིང་བཏགས་པ་ཙམ་དུ་ཡང་མི་མཐོང་བས། སེམས་ལ་ཐ་དད་དུ་མྱོང་བའམ་རིག་རྒྱུའི་དངོས་པོ་རྡུལ་ཙམ་མེད་པར་འགྱུར་རོ། །རྩ་ཤེས་ལས། བརྗོད་པར་བྱ་བ་ལྡོག་པ་སྟེ། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་སོ། །བློ་རིག་ཤེས་གསུམ་དོན་གཅིག་པས་རིག་པ་ཡེ་ཤེས་ལ་སེམས་ཞེས་རྗོད། སེམས་ཀྱང་དངོས་པོ་མེད་པ་ནམ་མཁའ་བཞིན་མཐོང་བས་ནམ་མཁའ་ཀུན་ལ་ཁྱབ་ཀྱང་གང་ལའང་མི་གནས་པ་བཞིན་དུ། རིག་པའི་ཡེ་ཤེས་སྟོང་གསལ་འདུས་མ་བྱས་པ་ཆོས་ཀྱི་དབྱིངས་ལ་ཁྱབ་ཀྱང་དངོས་པོ་ཅི་ལ་ཡང་མི་གནས་སོ། །ཏིང་འཛིན་རྒྱལ་པོ་ལས། སེམས་ནི་དམིགས་མེད་བསམ་དུ་ཡོད་མ་ཡིན། །རང་བཞིན་དག་ཅིང་ངོ་བོ་ཉིད་ཀྱིས་སྟོང་། །ཡེ་ནས་བདག་མེད་ཆོས་ཉིད་ཟབ་མོ་སྟེ། །ནམ་མཁའ་བཞིན་དུ་ཟབ་ཞི་སྤྲོས་དང་བྲལ། །ཞེས་སོ། །འོ་ན་ཇི་སྙེད་པའི་ཡེ་ཤེས་ཀྱང་དེ་ལྟར་ཁྱབ་བམ་སྙམ་ན་ལམ་པ་དང་སངས་རྒྱས་ཀྱི་ཁྱད་པར་ཡོད་དོ། །ཤོ་ལོ་ཀ་སྔ་མ་གཉིས་ཀས་ཐེག་ཆེན་སེམས་ཙམ་ལྟར་ཆོས་ཐམས་ཅད་རང་རིག་ཙམ་དུ་མཐོང་བ་དང་། ཕྱི་མ་རྣམས་ཀྱིས་དབུ་མ་ལྟར་སེམས་ཀྱང་རང་བཞིན་མེད་པར་མཐོང་བས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོའོ། །འཕགས་པ་ཀླུས། ནང་དང་ཕྱི་ཡི་སྐྱེ་མཆེད་ལ། །བརྟེན་ནས་རྣམ་པར་ཤེས་པ་འབྱུང་། །དེ་ལྟ་བས་ན་རྣམ་ཤེས་མེད། །སྨིག་རྒྱུ་སྒྱུ་མ་བཞིན་དུ་སྟོང་། །ཞེས་སོ། །གཉིས་པ་མཐོང་ལམ་གྱི་རྟགས་ལ་གསུམ། མཉམ་ཉིད་མཐོང་ན་ཆོས་སྐུ་མཐོང་བ། རྣལ་འབྱོར་པ་དང་སངས་རྒྱས་ཀྱི་དགོངས་པའི་ཁྱད་པར། ཁྱད་པར་ཡོད་པའི་རྟོག་པ་སྤང་དགོས་པའོ། །དང་པོ་ནི། དེ་ཚོ་སོགས།༨ ཆོས་ཀུན་ཆོས་ཀྱི་དབྱིངས་དང་མཉམ་པར་རྟོགས་པ་དེའི་ཚེ་ཆོས་ཀུན་ལ་བླང་དོར་དུ་བྱ་བ་མི་མཐོང་བའི་རྟོགས་པ་སྐྱེ་སྟེ། གང་ལྟར་ན་འཕགས་པ་སངས་རྒྱས་དང་སེམས་ཅན་བདག་དང་གཞན་དང་བཟང་ངན་དང་དགེ་སྡིག །བདེ་སྡུག་གཙང་སྨེ་སྤང་བླང་ལ་སོགས་པ་གཉིས་པར་སྣང་བ་ཀུན་དོན་ལ་གཉིས་སུ་མེད་པར་རྟོགས་པས། དེ་དག་ངོ་བོ་སོ་སོར་ཡོད་པར་མི་མཐོང་ཞིང་ཐ་དད་པའི་འདུ་ཤེས་ཀྱང་མི་འཇུག་གོ། །བདེན་གཉིས་དབྱེར་མེད་བཞིན་ནོ། །དེའི་ཕྱིར་གཉིས་ཆོས་ཐམས་ཅད་གཉིས་མེད་མཉམ་པར་མཐོང་ཞིང་གཉིས་འཛིན་གྱི་རྟོག་པ་མི་འཇུག་པ་དེ་ལྟར་རྟོགས་ན་ཆོས་ཀྱི་སྐུ་མཐོང་བ་ཡིན་ཏེ། བདེ་བར་གཤེགས་པ་རྣམས་ཀྱི་ངོ་བོ་ཡེ་ཤེས་འདུས་མ་བྱས་པ་ཆོས་ཀྱི་སྐུ་སྟེ་དབྱིངས་དང་རོ་གཅིག་པའི་ཕྱིར་རོ། །ཇི་སྐད་དུ། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། །ཞེས་སོ། །འཁོར་འདས་ཐམས་ཅད་ཆོས་དབྱིངས་ཙམ་ལས་ཁྱད་པར་མེད་དེ། འཁྲུལ་སྣང་ཐམས་ཅད་རང་བཞིན་མེད་པར་ཤེས་པ་ལས་གཞན་ན་ཆོས་སྐུ་བྱ་བ་མེད་པའི་ཕྱིར། འདི་འདྲ་གསང་སྔགས་ཀྱི་སྐབས་སམ་སྙམ་ན། ངེས་དོན་གྱི་མདོ་རྣམས་སུ་ཆོས་ཐམས་ཅད་ལ་ངོ་བོ་མེད་པ་རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་། ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པར་གསུངས། དེའི་དོན་རྟོགས་ན་བདག་དང་སངས་རྒྱས་ཁྱད་པར་མེད་པའི་བློ་འབྱུང་བ་ནི་ཤེས་རབ་ཁྱད་པར་ཅན་ཡིན། ནམ་མཁའ་ལ་སྒྱུ་མའི་སྤྲུལ་པ་སྣང་བ་དང་ནམ་མཁའ་ལ་ཁྱད་པར་མེད་པ་གཞན་ཕུང་ལྔ་སྒྱུ་མ་ཙམ་དུ་སྣང་བའང་དེ་བཞིན་གཤེགས་པ་ཉིད་ཡིན་པར་ཤེས་ན་ལམ་གྱི་མཆོག་སྟེ་གཟུགས་སྐུ་གཉིས་ཀྱང་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་དང་། ཁྱད་པར་ཡོད་པར་མཐོང་ན་ཐེག་པ་ཆེན་པོའི་ལམ་མིན་པར་གསུངས། དྲི་མ་ཡོད་པས་ཤེ་ན། དེ་གཤིས་ན་མེད་པ་གློ་བུར་བ་ཡིན་ལ་སྤང་བྱའི་རྫས་མེད་ཅིང་གཞི་མ་གྲུབ་པ་སྨིག་རྒྱུའི་ཆུ་དང་སྐྲ་ཤད་བཞིན་བྲི་གང་མེད་པ་ཟད་མེད་སྐྱེ་མེད་དུ་འདོད་པ་ཡིན་ནོ། །སྡོང་པོ་བཀོད་པ་ལས། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་དེ། །དེ་དག་དེ་བཞིན་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་སོ། །ཉོན་མོངས་པ་ལ་སྤང་བྱའི་རྫས་མེད་ཅིང་འཁོར་བ་རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་ལྟ་ན། སེམས་ཅན་རྣམས་གང་གིས་བཅིངས་ཏེ་འཁོར་བར་འཁྱམས་ཞེ་ན། བརྟགས་ན་འཆིང་བྱེད་མེད་ཀྱང་འཆིང་བ་ལྟར་སྣང་བ་ནི་རྨི་ལམ་གྱི་སྡུག་བསྔལ་བཞིན་དང་། ཐག་པ་ལ་སྦྲུལ་དུ་སྣང་ནས་འཇིགས་པ་དང་དུག་ཁོང་དུ་མ་སོང་ཡང་དོགས་པའི་འདུ་ཤེས་ཀྱིས་དུག་ལངས་པ་དང་། སྒྱུ་མ་ལ་སྒྱུ་མར་མ་ཤེས་པས་གནོད་པའི་དཔེ་ཡོད་པས་ཡུལ་ལ་དངོས་པོ་མེད་ཀྱང་ཡོད་པར་སྣང་ནས་གནོད་པ་ཡིན་ནོ། །གཉིས་པ་ནི། འཕགས་པ་སོགས།༤ རྣལ་འབྱོར་པ་དང་སངས་རྒྱས་གཉིས་ཆོས་དབྱིངས་ལ་ཁྱད་མེད་ཀྱང་། དགོངས་པ་མངོན་དུ་གྱུར་པ་ལ་ཁྱད་པར་ཡོད་དམ་ཞེ་ན་ཡོད་དོ། །འཕགས་པ་སངས་རྒྱས་དང་ལམ་པའི་རྣལ་འབྱོར་པའི་རྟོགས་པའི་ཁྱད་པར་ནི། རྣལ་འབྱོར་པ་རྣམས་ལ་ནི་ཡུན་ཇི་སྲིད་དུ་མཉམ་པར་བཞག་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་དེས་རྟོགས་པ་མངོན་དུ་གྱུར་ནས་རྗེས་ཐོབ་ཏུ་ལྡང་བ་ཡིན་ལ། སངས་རྒྱས་དང་འཕགས་པ་དགྲ་བཅོམ་པ་རྣམས་ཀྱི་རྟོགས་པ་ནི་ལྷུན་གྱིས་གྲུབ་སྟེ། དེའང་རྫོགས་པའི་སངས་རྒྱས་ནི་དགོངས་པ་ནམ་མཁའ་ལྟ་བུའི་ངང་དུ་འཇུག་ལྡང་མེད་པར་བཞུགས་པའོ། །གསུམ་པ་ནི། སངས་རྒྱས་སོགས།༦ དེ་ལྟར་སངས་རྒྱས་དང་སེམས་ཅན་གཉིས་རང་བཞིན་གཅིག་མོད་ཀྱང་རྣམ་པར་རྟོག་པ་ཡོད་མེད་ཀྱི་དབང་གིས་ཁྱད་ཞུགས་པས། འདུས་བྱས་ཀྱི་ཆོས་ལ་དངོས་པོར་དམིགས་པ་ལྟ་ཞོག །ཐ་ན་ཆོས་ཉིད་ཀྱི་ངང་ལ་ཡོད་མེད་མཚན་མར་དམིགས་ཀྱང་རུང་རང་སའི་སྒྲིབ་པ་ཡིན་ལ། ཇི་སྐད་དུ་མདོ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སོ། །བཟང་རྟོག་ངན་རྟོག་གང་ཡང་ཐམས་ཅད་འཁོར་བའི་འཆིང་བ་ཡིན་པར་བལྟ་སྟེ། སྡུད་པར། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་དང་། ཀཱ་མ་ཤི་ལའི་སྣང་བའི་ཕྲེང་བ་ལས། དམ་པའི་དོན་གྱི་རྟོག་པ་ལའང་། །མཁས་པས་དེར་ནི་གནས་མི་བྱ། །དགེ་བའམ་མི་དགེ་བ་ཡི་ཡང་། །རྟོག་ལ་བྱེ་བྲག་ཅི་ཞིག་ཡོད། །རྟེན་གྱི་དབྱེ་བ་ལ་བརྟེན་པའི། །མེ་བསྲེག་ཉིད་དུ་བྱེ་བྲག་མེད། །ཙནྡན་གྱི་ནི་མེ་ཡིས་ཀྱང་། །རེག་པ་ཙམ་གྱིས་བསྲེག་པ་ཉིད། །རྣམ་པར་རྟོག་པ་ཆུང་ངུ་ཡང་། །ཐམས་ཅད་དུ་ནི་སྤང་བར་བྱ། །ཞེས་གསུངས། དང་པོ་དཔྱད་པའི་དུས་རང་བཞིན་མེད་དོ་སྙམ་པ་ལ་མི་བྱ་སྟེ་རང་བཞིན་མེད་པ་ལ་ཡོད་པར་ལྟ་བ་དང་། ཆོས་ཉིད་མངོན་དུ་གྱུར་པ་ལ་རྟོག་གེའི་དཔྱོད་པར་བྱེད་པ་ལྟ་བུ་ལ་བྱའོ། །ཚད་མ་ཀུན་བཏུས་ལས། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། །ཐུབ་པའི་བསྟན་ལས་ཆེས་བསྲིང་ཉམས་པར་བྱས་པ་ཡིན། །ཞེས་སོ། །ངེས་ཤེས་ཀྱི་ཡུལ་ལ་འཛིན་སྟངས་ཀྱིས་བཅིངས་པ་རང་སའི་སྒྲིབ་པ་ཡིན་པར་བཤད་དོ། །དེ་བས་ན་རྣམ་པར་མི་རྟོག་པ་བསམ་བརྗོད་ལས་འདས་པ་རང་རིག་འོད་གསལ་ཆོས་སྐུ་ཉག་གཅིག་ཏུ་བས་ཏེ་ཟད་པས། རྣམ་རྟོག་སྤང་ཞིང་མི་རྟོག་པའི་ཡེ་ཤེས་རང་རིག་ཉིད་འཐོབ་པར་བྱ་བའི་ཕྱིར་འབད་པར་བྱའོ། །རིག་པ་སྟོང་གསལ་འཛིན་མེད་དུ་བཞག་པས་རེ་དོགས་དང་གེགས་ཐམས་ཅད་སེལ་ཏེ། ས་ར་ཧས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །ཞེས་སོ། །བཞི་པ་སྒོམ་པའི་ལམ་ལ་གསུམ། སྒོམ་ལམ་བཤད་པར་དམ་བཅའ་བ་དང་། མཉམ་པར་འཇོག་ལུགས་དང་། རྗེས་ཐོབ་བསྟན་པའོ། །དང་པོ་ནི། ལྟ་བ་རྟོགས་པ་དེའི་རྒྱུན་སྒོམ་ཚེ་འདི་ལྟར་རྣམ་རྟོག་ཐམས་ཅད་སྤང་ཞིང་ཞི་ལྷག་ཟུང་འབྲེལ་གྱི་ངང་ལ་རྩེ་གཅིག་ཏུ་བཞག་པར་བྱའོ། །གཉིས་པ་ལ་དྲུག །ཆོས་ཉིད་བསམ་དུ་མེད་པར་བཞག་པ་དང་། ལུས་སེམས་ཁོང་ཀློད་དེ་རྟོག་མེད་བཏང་སྙོམས་ལ་བརྩོན་པ་དང་། རྟོག་པ་ཕྲ་རགས་བྱུང་ན་ཐབས་དང་ཤེས་རབ་ཀྱིས་དགག་སྒྲུབ་མེད་པར་འཇོག་པ་དང་། དྲན་ཤེས་རྒྱུན་གྱིས་གློ་བུར་ཡུལ་ལ་ཞེན་རྟོག་བྱུང་ན་བརྟགས་ནས་ནང་དུ་འཇོག་པ་དང་། དེ་ལྟར་གོམས་པའི་ཉམས་གསུམ་འབྱུང་བ་དང་། ཉམས་སྐྱེས་ན་རྟགས་འབྱུང་བའོ། །དང་པོ་ནི། སྲིད་དང་སོགས།༣ འདི་ལྟར་སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པའི་ཆོས་སུ་སྣང་བ་འདི་རྣམས་ནི་ཡོད་མེད་ལ་སོགས་པ་གང་དུའང་མ་གྲུབ་པ་གཏན་ལ་ཕབ་ཟིན་པའི་ཕྱིར། ཡུལ་ཅི་ཡང་ཡོད་པ་མིན་པས་ཡུལ་ཅན་ཅི་ཡང་བསམ་དུ་མེད་པའི་ངང་ལ་རང་བབ་ཏུ་འཇོག་པ་སྟེ། དོན་འདི་གང་ཡིན་ནམ་མཁའ་དག་ལ་བལྟ་བར་གྱིས། ཞེས་པ་ལྟར་རོ། །དཔལ་ལྡན་ཟླ་བས་དབུ་མ་ཤེས་རབ་ལ་འཇུག་པར། ཡེ་ནས་སྐྱེ་མེད་ངང་ཉིད་ལས། །དགག་བྱ་མེད་ལ་བསྒྲུབ་བྱ་མེད། །མྱ་ངན་འདས་དང་མ་འདས་པ། །སྐྱེ་མེད་ངང་དུ་ཁྱད་པར་མེད། །ཅེས་པའི་དོན་ལ་རྟོག་པ་མེད་པའི་བློ་རང་ཞིར་འཇོག་པར་གསུངས། ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་བསྒོམ་པ་ནི་ནམ་མཁའ་བསྒོམ་པ་ལགས་སོ། །ཞེས་སོ། །གཉིས་པ་ནི། བསམ་དུ་སོགས།༦ གཉིས་ཆོས་ཐམས་ཅད་གཉིས་མེད་དུ་ཤེས་ནས་སྤང་བླང་གི་རྩོལ་བ་ངང་གིས་ཞི་བ་ལ་དྲན་པ་ཉེ་བར་འཇོག་པ་ཙམ་ལ་སྒོམ་ཞེས་ཐ་སྙད་འདོགས་དགོས་པ་དེའི་ཚེ། ཡིད་ཀྱིས་བསམ་དུ་མེད་པས་ཡུལ་ཅི་ལ་ཡང་མི་བསམ་ཞིང་གཟུང་འཛིན་གྱི་འཆིང་བ་ལྷོད་དགོས་པ་སྟེ། སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གང་ཡང་མ་རྟོག་ཅིར་ཡང་མ་སེམས་ཤིག །བཅས་བཅོས་མ་བྱེད་རང་བབ་ལྷུག་པར་ཞོག །མ་བཅོས་པ་དེ་སྐྱེ་མེད་རིན་ཆེན་མཛོད། །དུས་གསུམ་རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་ཡིན། །ཞེས་གསུངས་པ་ལྟར། སེམས་འཇོག་ཐབས་མང་པོའི་འབད་རྩོལ་དང་། བསམ་གཏན་སེམས་འཛིན་གྱི་བྱེད་པ་ལྟར་གཏད་པ་ལ་འཛིན་པའི་དམིགས་པ་ཀུན་སྤངས་ནས། ཅི་ཡང་མི་བསམ་མོ་སྙམ་པ་དང་རྣམ་པར་མི་རྟོག་པ་ཙམ་ལའང་མི་རྟོག་གོ་སྙམ་དུ་མི་གནས་པར། ཧ་ཅང་བསྡོམས་ཆེས་པའི་ལུས་སེམས་ཁོང་ཀློད་དེ་བསྒྲིམ་ལྷོད་རན་པ་གྱི་ན་ཙམ་དུ། རྐྱེན་གྱིས་མི་གཡོ་ཞིང་ངོ་བོ་སྟོང་ལ་གདངས་གསལ་བའི་ངང་ལ་རང་བབ་ཏུ་བཞག་པ་སྟེ། སྔོན་གྲོ་བཞིན་སྐྱེས་ཀྱིས་སྒོམ་བསླབ་པ་ལྟར་གྲིམ་ལྷོད་གཉིས་ཀའི་ཆ་ཡོད་པར་བྱས་ཏེ། ཡུལ་སྣང་སྒྱུ་མ་ལྟ་བུ་ལ་སྤང་བླང་དང་རེ་དོགས་སོགས་འདུ་བྱེད་ཀྱི་རྟོག་པ་མེད་པར་བཏང་སྙོམས་ཆེན་པོའི་གནས་ལ་ཡུན་རིང་དུ་བརྩོན་འགྲུས་བྱའོ། །སློབ་དཔོན་དཔའ་བོས། རྒྱུན་མི་འཆད་པའི་རྣལ་འབྱོར་གྱིས། །བསམ་གཏན་བསྒྲུབ་ལ་བརྩོན་པར་བྱ། །ཡང་དང་ཡང་དུ་ངལ་བསོས་ན། །གཙུབ་པས་མེ་འབྱིན་མི་འགྱུར་ལྟར། །རྣལ་འབྱོར་ཚུལ་ལའང་དེ་བཞིན་ཏེ། །ཁྱད་པར་མ་ཐོབ་བཏང་མི་བྱ། །ཞེས་གསུངས་པ་ལྟར། གཙུབ་ཤིང་གཙུབ་པ་ལྟར་དུམ་རེ་དུམ་རེ་བསྒོམ་ནས་བཞག་པའི་སྔ་ཕྱི་ཐམས་ཅད་བསྡོམས་པས་ནི་འབྲས་བུ་མི་འབྱུང་བའི་དོན་ནོ། །གསུམ་པ་ནི། འཕྲལ་དུ་སོགས། བག་ཆགས་ཀྱི་འཁྲུལ་སྣང་དང་འདུ་བྱེད་ཀྱི་རྟོག་པ་གང་ཤར་གྱི་ངོ་བོ་ཆོས་ཉིད་ཡིན་པར་ཤེས་ན་སྤང་བྱ་མེད་ཅིང་། འབྲས་བུ་ཚོགས་དྲུག་གི་ཡུལ་ལ་རྣམ་རྟོག་བྱུང་ཚེ་ངོས་ཟིན་ན་རང་བྱུང་ཡིན་པས་རང་ཞིར་འགྲོ་ཞིང་རང་ཤར་རང་གྲོལ་དུ་བཞག་གོ། །དེ་ཡང་དམན་ལམ་ལྟར་སྤང་བྱར་བཟུང་ནས་མི་དགག་བྱང་སེམས་ལྟར་རྐྱེན་རྩོལ་གྱིས་བཅོས་བསྒྱུར་མི་བྱེད། ཕལ་པ་ལྟར་རྗེས་སུ་མི་འབྲང་བར་རང་གི་ངང་གིས་གསལ་བར་བཞག་གོ། །དེ་དག་གི་ཚེ་འོག་འགྱུའི་རྣམ་པར་རྟོག་པ་ཤིན་ཏུ་ཕྲ་བའང་མི་མངོན་པར་རྒྱུ་བ་རྐུན་བུ་ལྟར་ངོ་ཤེས་པར་བྱ། བར་བར་དུ་སེམས་སེམས་བྱུང་ལྷན་ཅིག་ཡིན་པ་མདོ་ལས་ཀྱང་གསུངས་པས་སེམས་ཀྱིས་སེམས་ཀྱང་ཅི་བྱེད་བརྟགས་ལ་འཇོག །སེམས་འཐུམ་སྟེ་བྱིང་ན་སྡུག་བསྔལ་ལ་སྐྱོ་ཞིང་སྐུ་གཟུགས་སོགས་ཡིད་བྱེད་ཀྱིས་སེམས་གཟེང་བསྟོད་ཅིང་གསེང་བར་བྱ། ཡུལ་ལ་རྣམ་པར་འཕྲོ་བའི་རྒོད་པ་བྱུང་ན་འཁོར་བ་ལས་ཡིད་འབྱུང་སྟེ་མྱང་འདས་ལ་སྤྲོ་བ་སྐྱེད་པས་སེམས་ནང་དུ་འདུའོ། །ཡང་ན་རྒོད་པའི་གཉེན་པོ་བཏང་སྙོམས་ཀྱིས་མགོ་གནོན་པར་བྱའོ། །དེ་ལྟར་སྒོམ་ཚེ་ཡུལ་སྣང་འདི་ལྡོག་གམ་སྙམ་ན་བཤད་མ་ཐག་པ་ལྟར་མི་ལྡོག་ཀྱང་སྣང་བ་མི་འགོག་པ་ནི་ཐབས་ཡིན་ཏེ། སྣང་ཙམ་ལས་མེད་པར་ཤེས་པ་ནི་བསོད་ནམས་ཀྱི་ཚོགས་སུ་འགྱུར་ཞིང་དེས་འཆིང་བར་ཡང་མི་ནུས་ཏེ་དེ་ལ་ཞེན་པས་འཆིང་བ་ཡིན་ལ། སྣང་བ་མ་ལོག་ཀྱང་དངོས་པོ་དང་མཁྱེན་རྟོག་ལྡོག་དགོས་པས་སྣང་བ་ལ་བདེན་པར་མི་འཛིན་ཅིང་ཞེན་ནས་མི་གནས་པ་ནི་ཤེས་རབ་ཡིན་ནོ། །དཔྱད་པའི་ཚེ་ལྟ་བས་སྣང་བའི་ཐོག་ཏུ་སྤྲོས་པ་བཅད་པ་ཡིན་གྱི་སྣང་བ་དགག་པ་མིན་ཏེ་གཟུགས་མེད་ཁམས་དང་འདྲ་བའི་ཕྱིར། ཇི་སྐད་དུ། བླུན་པོ་གང་གིས་འཆིང་འགྱུར་བ། །མཁས་པ་དེ་ཡིས་ཡོངས་སུ་གྲོལ། །ཞེས་སོ། །གནས་ལུགས་མ་གོམས་བར་དུ་མཚན་མས་སེམས་ཀྱང་སྦྱངས་ཞེས་པ་དགེ་བའི་མཚན་མས་སེམས་སྦྱངས་པ་ཡིན་འདྲ་བས། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ལུས་དང་ངག་རྣམས་དང་ནི་ཡིད་བསྡོམས་ཤིང་། །རྣམ་པར་དག་པའི་ལས་ལམ་བཅུ་ལ་སློབ། །བྱམས་པས་སེམས་ཅན་ཀུན་ལ་ཡང་དག་བལྟ། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྦྱོང་ཡིན། །སྙིང་རྗེ་ལྡན་པས་གཞན་གྱི་བྱ་བར་བརྩོན། །དགའ་དང་ལྡན་པས་ཆོས་ལ་ཕ་རོལ་སྦྱོར། །བཏང་སྙོམས་ལྡན་པས་ཆོས་མཆོག་འཚེ་བ་མེད། །འདི་ནི་ཐམས་ཅད་མཁྱེན་པའི་སེམས་སྤྱོད་ཡིན། །ཞེས་སོགས་མང་དུ་གསུངས་པ་ལྟར། མཚན་མའི་སེམས་སྦྱངས་ལྟར་ནི་སྐབས་སུ་སྦྱངས་བཞིན་པའོ། །གཙོ་ཆེར་ཆོས་ཉིད་ཀྱི་དོན་ཁོ་ན་ལ་བསམ་ཞིང་གཏོང་འཛིན་ཀྱང་བྱས་ཡང་ན་སེམས་ཀྱིས་སེམས་ཉིད་ཀྱི་ངོ་བོ་ལ་བལྟ་བར་བྱ། ཡང་ན་སྒོ་ལྔའི་ཡུལ་གྱི་གཟུགས་སོགས་སྣང་ལ་རང་བཞིན་མེད་པར་སྟོང་པ་ཉིད་དུ་ནི་བསམ་ཞིང་གསལ་ལ་མཚན་མའི་རྟོག་པ་མེད་པར་བཞག་གོ། །བཞི་པ་ནི། དྲན་དང་སོགས།༣ ནང་དུ་ཡང་དག་པར་འཇོག་ཚེ་རྒྱུན་མི་བརྗེད་པའི་དྲན་པ་དང་ཤེས་བཞིན་ནི་ཤེས་རབ་དང་འདྲ་ཞིང་། སྔར་བཤད་པ་ལྟར་བྱིང་ན་བྱིང་ངོ་ཞེས་ཤེས་རྒོད་ན་རྒོད་ངོ་ཞེས་སོགས་བྱ་ར་བས་བསྲུང་ཞིང་བསྐྱངས་ལ། གལ་ཏེ་བརྗེད་ངས་ལྟ་བུས་བྱིང་རྒོད་ཀྱི་སྐྱོན་བྱུང་ན་བརྩོན་འགྲུས་དང་སེམས་པ་སོགས་ཐབས་སྣ་ཚོགས་ཀྱིས་རྩོལ་བས་ཡང་ནས་ཡང་དུ་མཉམ་པར་བཞག་གོ། །ལས་དང་པོ་པ་ཡིན་ན་སེམས་བྱུང་དྲན་པ་འདི་གལ་ཆེ་སྟེ། གནས་ལུགས་དྲན་པས་ཟིན་པ་དང་རྣམ་རྟོག་མ་རིག་པ་འགགས་པ་དུས་མཉམ་ཡིན་པའི་ཕྱིར། སྤྱོད་འཇུག་བརྩོན་ལེར། ཡུངས་མར་བཀང་བའི་སྣོད་བསྐུར་ལ། །རལ་གྲི་ཐོགས་པས་དྲུང་བསྡད་དེ། །བོ་ན་གསོད་བསྡིགས་འཇིགས་པ་ལྟར། །བརྟུལ་ཞུགས་ཅན་གྱིས་དེ་བཞིན་བསྒྲིམ། །ཞེས་གསུངས་པ་ལྟར་བྱ། མཐར་དྲན་རྟོག་ཡེ་ཤེས་སུ་སོང་དབྱིངས་རིག་འོད་གསལ་དུ་འདྲེས་ནས་ཉིན་མཚན་གྱི་ཆ་མེད་ཚེ་འདུ་བྱེད་ཀྱི་དྲན་པ་མེད་དེ། ཡུམ་ལས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པའི་ནམ་མཁའ་ལྟ་བུའོ། །ཞེས་སོ། །ཡང་གློ་བུར་དུ་ཚོགས་དྲུག་གི་ཡུལ་ལ་དངོས་པོར་ཞེན་པའི་རྟོག་པ་བྱུང་ན་ཡུལ་དེ་བློས་གཞིག་ཅིང་བརྟགས་ནས་དངོས་མེད་དུ་བྱས་ན། འཁྲུལ་སྣང་སྟོང་ནས་སེམས་ཏིང་ངེ་འཛིན་དུ་ཞི་བར་འགྱུར་རོ། །ཞེས་འགྲེལ་ཀྱང་རུང་ངམ་སྙམ་མོ། །ལྔ་པ་ནི། དེ་ལྟར་སོགས།༤ དེ་ལྟར་རྒྱུན་བསྲིང་ནས་བསྒོམ་ན་སེམས་ཉམས་རྣམ་པ་གསུམ་ཡང་འབྱུང་སྟེ། དང་པོ་གཡོ་བའི་ཉམས་རི་གཟར་གྱི་འབབ་ཆུ་དྲག་པོ་ཆུ་ལེན་གྱིས་འགོག་དཀའ་བ་དང་འདྲ་བ། སེམས་ཀྱི་ངོ་བོ་འགག་ཅིང་རྣམ་པར་རྟོག་པ་བཟློག་དཀའ་བ་སྟེ་སེམས་གནས་པའི་མགོ་རྩོམ་པ་ཡིན་གསུངས། གཉིས་པ་ཅུང་ཟད་གོམས་པའི་ཉམས་ཤིན་ཏུ་དལ་བར་འབབ་པའི་ཆུ་ཀླུང་དུ་རྡེའུ་ཕྲ་མོ་མཐོང་བ་བཞིན། རྣམ་རྟོག་ཕྲ་མོ་མཐོང་བའི་ཤེས་པ་གསལ་ཞིང་དྭངས་པར་འགྱུར། གསུམ་པ་བརྟན་པའི་ཉམས་མཚན་རྟོག་གིས་མི་གཡོ་ཞིང་རབ་ཏུ་གསལ་བ་རྒྱ་མཚོ་རླབས་དང་བྲལ་བའི་གཏིང་དང་འདྲའོ། །དེ་ནས་བཏང་སྙོམས་གསུམ་ཡང་རིམ་གྱིས་འབྱུང་། ཞེས་པ་འདི་སྤྱིར་བཏང་སྙོམས་ནི་སེམས་མཉམ་པར་འདུག་པ་སྟེ། དགག་སྒྲུབ་ཕྱོགས་ཀྱི་ཆ་གཉིས་བཏང་ནས་སེམས་རྣལ་དུ་འདུག་པ་ལ་བྱ། ཁྱད་པར་སེམས་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བར་ལྷུན་གྲུབ་ཏུ་འབྱུང་བའི་ཉོན་མོངས་པས་སྐབས་མི་འབྱེད་པའི་ལས་ཅན་གྱི་བཏང་སྙོམས་ཏེ། དེ་ལ་དབྱེ་ན། འདུ་བྱེད་བཏང་སྙོམས་ཚོར་བ་བཏང་སྙོམས། ཚད་མེད་བཏང་སྙོམས་དང་གསུམ་ལ་འགྲེལ་ནའང་ཆོག་གམ་སྙམ་སྟེ། ཆོས་ཐམས་ཅད་གཉིས་མེད་མཉམ་པར་བལྟས་ཏེ་བཏང་སྙོམས་ཆེན་པོར་འཇོག་པས་སོ། །འོན་ཀྱང་རྩ་བར་རིམ་གྱིས་འབྱུང་ཞེས་པའི་ཚིག་ཟུར་ལས་བཏང་སྙོམས་ཆུང་འབྲིང་ཆེ་གསུམ་ཡིན་པར་འདྲ་ཞིང་། རྩ་བའི་མཚན་རྙིང་ལ་འབད་རྩོལ་གྱིས་བྱིང་རྒོད་མགོ་ནོན་པས་སེམས་མི་གཡོ་བ་དང་རྣལ་དུ་ཕེབ་པ་དང་བྱིང་རྒོད་མེད་པར་ལྷུན་གྲུབ་ཏུ་གནས་པ་གསུམ་ལ་བཤད་པར་སྣང་ངོ་། །འདིར་དབུས་མཐའ་ལས་བཤད་པའི་ཏིང་ངེ་འཛིན་གྱི་སྦྱོར་བའི་སྒྲིབ་པ་ལེ་ལོ་དང་གདམས་ངག་བརྗེད་པ་གཉིས། དངོས་གཞིའི་སྒྲིབ་པ་བྱིང་རྒོད་དང་། བསམ་གཏན་གྱི་སྒྲིབ་པ་བྱིང་རྒོད་སོགས་བྱུང་བ་ན་སོ་སོའི་གཉེན་པོའི་ཚུལ་བཞིན་དུ་འདུ་བྱེད་དགོས་པ་ལ་དེ་ལྟར་འདུ་མི་བྱེད་པ་དང་། བྱིང་རྒོད་ཞི་ཡང་ད་དུང་འདུ་བྱེད་ཆེ་ན་དེས་གཡོ་བའི་སེམས་མི་བསྟན་པ་སྟེ་དེ་གཉིས་ནི་ཏིང་ངེ་འཛིན་གོང་འཕེལ་དུ་འགྲོ་བའི་སྒྲིབ་པ་ཡིན་ནོ། །དེས་ན་ལེ་ལོ་དང་གདམས་ངག་བརྗེད་པ་དང་བྱིང་རྒོད་དང་འདུ་མི་བྱེད་པ་དང་འདུ་བྱེད་དེ་སྒྲིབ་པ་ལྔའོ། །དེ་ལ་དད་འདུན་རྩོལ་བ་ཤིན་སྦྱངས་བཞིས་ལེ་ལོ་སྤོང་བ་དང་། དེ་བཞིན་དུ་དྲན་པ་ཤེས་བཞིན་སེམས་པ་བཏང་སྙོམས་བཞི་ལས་དྲན་པས་གདམས་ངག་གི་དམིགས་རྣམས་མི་བརྗེད་པར་འཛིན་པ་དང་། ཤེས་བཞིན་གྱིས་བྱིང་རྒོད་བྱུང་བ་རྟོགས་པ་དང་སེམས་པ་ནི་ཡུལ་གྱི་རྣམ་པ་ནང་དུ་སེམས་པ་ཡིན་པས་བྱིང་རྒོད་ཀྱིི་ཉེས་པ་དེ་སྤང་བའི་གཉེན་པོ་མངོན་པར་འདུ་བྱེད་པ་དང་། བཏང་སྙོམས་ཀྱིས་བྱིང་རྒོད་ཞི་ཚེ་སེམས་རྣལ་དུ་འདུག་པ་སྟེ། སེམས་མཉམ་པར་བཞག་པའི་ཚེ་རྩོལ་ན་གཡེང་བར་འགྱུར་ལ། བྱིང་བའི་ཚེ་རྩོལ་ན་ལྷག་མཐོང་མེད་པས་ལོང་བ་ལྟ་བུར་འགྱུར་རོ། །འདི་རྣམས་གལ་ཆེ་བར་འདུག་པས་བྲིས་སོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤང་གཉེན་ལ་འབད་ནས་གོམས་པ་དེའི་ཚེ་ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་སྟེ་དབང་ཤེས་འཁོར་གྱི་བདེ་བ་དང་ཡིད་ཤེས་འཁོར་གྱི་བདེ་བ་ཐོབ་སྟེ། ལུས་སེམས་ཀྱི་གནས་ངན་ལེན་ཐམས་ཅད་འཇོམས་པར་བྱེད་ཅིང་བདེ་བ་ཆེན་པོ་འདྲེན་པར་བྱེད་དོ། །དྲན་ཉེ་ལས། སེམས་དང་དབང་པོ་རབ་ཞི་བ། །རྣལ་འབྱོར་སྙིང་ལ་དགའ་བ་གང་། །དེ་ནི་བརྒྱ་བྱིན་སྟོང་སྙེད་ཀྱིས། །ཤིན་ཏུ་དགའ་བར་མི་འགྱུར་རོ། །ཞེས་སོ། །དྲུག་པ་ནི། སྟོང་ཉིད་སོགས།༡༠ དེ་ལྟར་སྟོང་པ་ཉིད་ལ་ཡུན་རིང་དུ་གོམས་ཚེ་ཤེས་ཉམས་འཕེལ་འགྲིབ་ཅན་དང་དུས་མིན་གློ་བུར་དུ་འབྱུང་བ་བར་ཆད་བདུད་ཀྱི་རྟགས་མ་ཡིན་པར། ངེས་པའི་རྟགས་ཀྱང་འདི་ལྟར་འབྱུང་སྟེ་དངོས་པོ་ཀུན་ལ་མཚན་མར་འཛིན་ཅིང་སོ་སོར་འབྱེད་པར་བྱེད་པའི་ལོག་རྟོག་གི་འདུ་ཤེས་ཆུང་ཞིང་ཞི་བར་གྱུར་ནས། ཆགས་སྡང་དང་ལ་སོགས་པའི་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་ཇེ་ཆུང་ངུ་འགྱུར་ཞིང་། དགེ་སྡིག་དང་བདག་གཞན་འཁོར་འདས་སོགས་ཀྱི་གཉིས་སྣང་ཐམས་ཅད་ཇེ་མཉམ་ཇེ་མཉམ་དུ་རྟོགས་པ་དང་། གནས་ཚུལ་ལ་མཉམ་ཡང་དེ་ལྟར་མ་རྟོགས་པའི་སྣང་ཚུལ་གློ་བུར་གྱི་དྲི་མ་ཅན་རྣམས་ལ་སྙིང་རྗེ་དང་ཕན་འདོགས་པའི་སེམས་ཇེ་འཕེལ་ཇེ་འཕེལ་དུ་འགྱུར་བ་དང་། མཐོང་སྣང་གི་ཡུལ་རྣམས་ནི་སེམས་རྣམ་པར་རྟོག་པའི་བག་ཆགས་ཙམ་ཡིན་པས། སེམས་ཀྱི་རྟོག་པ་ཇེ་ཕྲར་སོང་བ་དང་མཐོང་སྣང་འཁྲུལ་བའི་དངོས་པོ་རྣམས་མེད་པར་འགྱུར་ལ། མངོན་ཤེས་ལྔ་དང་སྤྱན་ལྔ་ལ་སོགས་པ་ལམ་རྟགས་ཀྱི་ཡོན་ཏན་རྣམས་ཀྱང་མཐུན་པའི་རྒྱུ་ལས་རིམ་གྱིས་འབྱུང་ངོ་། །རྣམ་འགྲེལ་ལས། རྗེས་སུ་འགྲོ་དང་ལྡོག་པ་ལས། །གང་ཞིག་གང་གི་རྗེས་འགྲོ་མཐོང་། །ཕན་ཚུན་རང་གཞན་དེ་རྒྱུ་ཅན། །དེ་ཕྱིར་མི་མཐུན་ལས་མི་འབྱུང་། །ཞེས་དང་། དེ་ལྟར་རྒྱུ་དང་འབྲས་བུ་དག །ཕན་ཚུན་རང་གཞན་ངེས་པ་ཉིད། །ཅེས་སོ། །མི་བསླུ་བའི་ཡོན་ཏན་མ་བྱུང་བར་དུ་གོང་དུ་བཤད་པའི་རྟགས་དང་ཅི་མཐུན་བྱ་དགོས་ཀྱི། ཏིང་ངེ་འཛིན་དང་མངོན་ཤེས་སོགས་གློ་བུར་དུ་འབྱུང་བ་མ་ངེས་པ་ཡོད་པའི་ཕྱིར། དཀོན་བརྩེགས་ལས་མང་དུ་འབྱུང་། འཕགས་པ་ཀླུས། དེ་ལྟར་སྟོང་པ་ཉིད་འདི་ནི། །རྣལ་འབྱོར་པ་ཡིས་བསྒོམ་བྱས་ནས། །གཞན་གྱི་དོན་ལ་ཆགས་པའི་བློ། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །ཅེས་སོ། །གསུམ་པ་རྗེས་ཐོབ་ལ་གསུམ། ཐུན་མོང་གི་དགེ་བ་ཅི་འགྲུབ་བྱེད་པ། བདག་བསྟོད་གཞན་སྨོད་ཀྱི་བདུད་ལས་སྤོང་བ། །དེ་ལྟར་བྱས་པས་ཚོགས་གཉིས་རྫོགས་པར་བསྟན་པའོ། །དང་པོ་ནི། མཉམ་པར་བཞག་སོགས།༡༠ དེ་ལྟར་སྟོང་པ་ཉིད་ལ་སེམས་མཉམ་པར་བཞག་པ་ནི་འཛིན་པའི་རྟོག་པ་དང་གཟུང་བའི་མཚན་མ་ཞི་བ་དང་། བློ་དང་བློས་བཞག་གི་སྤྲོས་པ་ཐམས་ཅད་རྣམ་པར་བཅད་པའི་ཤུགས་ལས་བདེན་པ་མཐོང་ཞེས་ཐ་སྙད་བཏགས་ཀྱི་ཡོངས་གཅོད་ཀྱིས་འགྲུབ་པ་མིན་ཏེ། མཐོང་ཞེས་པ་ནི་ཆོས་གང་ཡང་མ་མཐོང་བའི་ཚིག་བླ་དྭགས་ཏེ། དྲི་མ་མེད་པར་གྲགས་པའི་མདོ་ལས། བདེན་པ་མཐོང་བ་རྣམས་ཀྱིས་བདེན་པ་ཉིད་མཐོང་བ་མེད་ན་རྫུན་པ་ལྟ་ག་ལ་མཐོང་། ཞེས་དང་། ཡུམ་ལས། དོན་འདི་གང་ཡིན་ནམ་མཁའ་དག་ལ་བལྟ་བར་གྱིས། ཞེས་སོ། །དེས་ན་མཐོང་བྱ་མཐོང་བྱེད་མེད་པ་ནམ་མཁའ་ལྟ་བུའི་ངང་ནས་རྗེས་ཐོབ་ཏུ་ལངས་ཚེ་སྤྱོད་པ་འདི་ལྟར་སྤྱད་དེ། ཆོས་ཅན་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་རྟོགས་མོད་ཀྱང་དཔེར་ན་རྨི་ལམ་ཉིད་ནའང་རྒྱུ་འབྲས་མི་བསླུ་བ་ལྟར་སྣང་བ་བཞིན། འཁྲུལ་རྟོག་མ་ཟད་བར་དུ་ལས་དང་ལས་ཀྱི་འབྲས་བུ་མྱོང་བ་ཡོད་པས་དགེ་སྡིག་གི་ལས་ལ་རྟག་ཏུ་སྤང་བླང་བྱ། སྡིག་པ་བྱས་པ་རྣམས་དང་པོ་སྟོབས་བཞིས་བཤགས་པར་བྱ་སྟེ། དེ་ལ་སྟོབས་བཞི་ནི། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པའི་ལས་བྱས་ཤིང་བསགས་པ་ཐམས་ཅད་དག་པར་འགྱུར་ཏེ། བཞི་གང་ཞེ་ན། རྣམ་པར་སུན་འབྱིན་པ་དང་། བྱང་ཆུབ་ཀྱི་སེམས་ལ་བསྟེན་པ་དང་། གཉེན་པོ་བསྒོམ་པ་དང་། ཉེས་པ་བཟློག་པའོ། །ཞེས་སོ། །ལས་རྣམ་འབྱེད་ལས། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་རྣམ་པར་སྨོད་པས་བསྲབ་པར་འགྱུར། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པ་ཡིས། །དེ་དག་ཤིན་ཏུ་རྩད་ནས་བཏོན་པ་བཞིན། །ཞེས་སོ། །དེའི་རྗེས་སུ་བཤགས་བྱ་བཤགས་བྱེད་མི་དམིགས་པ་སེམས་ཉིད་འཁོར་གསུམ་དག་པའི་ངང་དུ་བཞག་ནས་སྦྱངས། སྤང་གཉེན་ལ་སོགས་པའི་རེ་དོགས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་གདེང་དུ་གྱུར་ན་སྡིག་དང་བསོད་ནམས་ལས་འདས་པ་ཐར་བ་ཡིན་པས་རྟགས་དང་སྦྱར་ནས་མཐུན་པར་བྱུང་ན། དགོས་པའི་དབང་མ་གཏོགས་སྤྲོས་པ་དོར་བར་བྱ་སྟེ་ཆུ་ལ་བརྒལ་ཚེ་གཟིངས་དགོས་ཀྱི་བརྒལ་ནས་སྐམ་ལ་ཕྱིན་ཚེ་གཟིངས་དགོས་པ་མེད་དོ། །གང་ལྟར་ཡང་འཁོར་འདས་ཀྱི་ཆོས་དངོས་པོར་སྣང་བ་ཀུན་སྒྱུ་མ་དང་འདྲ་བས་སྒྱུ་མའི་སྤྲུལ་པ་བཞིན་དུ་དབྱེར་མེད་པར་བལྟ་སྟེ། བརྒྱད་སྟོང་དང་ལྷའི་བུས་ཞུས་པ་རྣམས་སུ་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་གཉིས་སུ་མེད་གཉིས་སུ་བྱར་མེད་སོགས་གསུངས། དེའང་སེམས་ཅན་ལ་ལས་ཀྱི་སྒྱུ་མ། རྣལ་འབྱོར་པ་ལ་ཉམས་ཀྱི་སྒྱུ་མ། སངས་རྒྱས་ལ་དག་པའི་སྒྱུ་མ་ཞེས་གཉིས་མེད་རྣམ་རྒྱལ་ལས་བཤད། སྒྱུ་མ་མཁན་བཟང་པོས་ཞུས་པ་ལས། ལས་ཀྱིས་སྤྲུལ་པའི་སྒྱུ་མ་ནི། །འགྲོ་དྲུག་སེམས་ཅན་ཐམས་ཅད་དོ། །རྐྱེན་གྱིས་སྤྲུལ་པའི་སྒྱུ་མ་ནི། །མེ་ལོང་གཟུགས་བརྙན་ལ་སོགས་སོ། །ཆོས་ཀྱིས་སྤྲུལ་པའི་སྒྱུ་མ་ནི། །ང་ཡི་འཁོར་གྱི་དགེ་སློང་ངོ་། །ང་ནི་ཡང་དག་རྫོགས་སངས་རྒྱས། །ཡེ་ཤེས་སྤྲུལ་པའི་སྒྱུ་མའོ། །ཞེས་སོ། །སྒྱུ་མ་དང་སྤྲུལ་པ་ལ་དངོས་པོ་མེད་པས་དོན་བྱེད་ནུས་སམ་སྙམ་ན། སྒྱུ་མའི་དམག་ངོ་མ་ཤེས་པས་མགྲོན་པོ་མང་པོ་ལ་གནོད་པ་དང་། དཀོན་བརྩེགས་ལས། སྤྲུལ་པའི་དགེ་སློང་གཉིས་ཀྱིས་དགེ་སློང་དམིགས་ལྟ་ཅན་ལྔ་བརྒྱ་བཏུལ་བ་སོགས་མང་དུ་ཡོད། ཏིང་རྒྱལ་ལས། གང་ཚེ་བདེར་གཤེགས་གཏམ་རྣམས་སྟོན་པ་ན། །མགོན་པོ་སྲང་བཞུད་མི་ལ་ཐུགས་བརྩེའི་ཕྱིར། །རྒྱལ་བས་དེར་ནི་སྤྲུལ་པ་རྣམས་སྤྲུལ་ཏེ། །དེ་དག་ལ་ཡང་སངས་རྒྱས་ཆོས་བཟང་སྟོན། །ཞེས་སོ། །དེའི་ཕྱིར་དགེ་སྦྱོར་ཐམས་ཅད་བྱེད་པར་སྣང་ཡང་བདེན་པར་མི་དམིགས་བཞིན་དུ་སྤྱད། སྡུད་པ་ལས། ཤིང་མཁན་བཟོ་བོ་མཁས་པས་སྐྱེས་པ་བུད་མེད་དང་། །འདྲ་བའི་བཟོ་བྱས་དེ་ཡང་བྱ་བ་ཐམས་ཅད་བྱེད། །དེ་བཞིན་ཤེས་རབ་སྤྱོད་མཁས་བྱང་ཆུབ་སེམས་དཔའ་ཡང་། །རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད། །ཅེས་སོ། །སླེབ་སར་མ་ཕྱིན་བར་དུ་ལམ་མཁན་དགོས་པ་བཞིན། རྟག་ཏུ་དྲན་ཤེས་བཞིན་དང་མི་འབྲལ་བར་སྒོམ་གྱི་གདེང་ཅི་ཟིན་བྱ་སྟེ། ལམ་ལ་སྐྱེད་ཐོན་དགོས་པའི་ཕྱིར་དང་། སྤྱོད་པས་ལ་དོར་དགོས་པས་འདུས་བྱས་ཀྱི་དགེ་བ་དམན་པར་བལྟས་ནས་མི་དགག་པར་ནུས་ཚད་བྱ། སྐབས་སུ་ཉོན་མོངས་པ་སྐྱེས་ན་སྨིག་རྒྱུ་བཞིན་དུ་བཅོས་མེད་དུ་འཇོག་གམ་གཉེན་པོ་སྟོང་ཉིད་བསྒོམ་པའི་ངང་དུ་ཞི་བར་བྱ། གང་པོས་ཞུས་པ་ལས། སྟོང་ལ་འདོད་ཆགས་བྲལ་བ་མེད། །སྟོང་ལ་ཀུན་ནས་ཉོན་མོངས་མེད། །རྟག་ཏུ་སྟོང་དབེན་བསྒོམ་པས་ན། །སྒྲིབ་པ་རྣམས་ནི་སྤོང་བར་བྱེད། །ཅེས་སོ། །དགོན་པར་འདུག་མི་སྤྲོ་བར་སྐྱོན་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་བསམས་ནས་སྡོད་ཚུགས་པར་བྱ། དུས་གསུམ་གྱི་འཕགས་པ་རྣམས་མངོན་སུམ་དུ་བཞུགས་པར་བསམ་ལ། བཟང་སྤྱོད་ལས་བྱུང་བ་ལྟ་བུའི་ཡན་ལག་བདུན་པ་རྩེ་གཅིག་པའི་སེམས་ཀྱིས་བྱ། དེས་མཚོན་ནས་དུས་གསུམ་གྱི་དགེ་རྩ་ཅི་བྱས་ཐམས་ཅད་གཞན་དོན་དུ་བྱང་ཆུབ་ཆེན་པོར་བསྔོ་བས་རྒྱས་འདེབས་པར་བྱའོ། །དཔལ་ལྡན་ཟླ་གྲགས་ཀྱིས། རྟོག་མེད་བློ་ནི་རང་ཞིར་བཞག །ངོས་བཟུང་མེད་ཅིང་ཡེང་བ་མེད། །མཚན་མ་མེད་ཅིང་གསལ་བར་བསྒོམ། །ལངས་ལ་དངོས་པོར་སྣང་བ་ཀུན། །སྒྱུ་མ་ཙམ་དུ་ཤེས་བྱས་ནས། །སྡོམ་པ་རྣམ་གསུམ་འབད་པས་བསྲུང་། །ཡན་ལག་བདུན་པ་ལ་སོགས་བྱ། །སྙིང་རྗེ་ཕན་སེམས་ཆེ་བར་བྱ། །ཡུལ་ལ་ཆགས་པ་སྤང་བྱ་ཞིང་། །མགྲོན་པོའི་ཚུལ་གྱིས་གནས་པར་བྱ། །ཞེས་སོགས་གསུངས་སོ། །གཉིས་པ་ནི། སེམས་ཅན་སོགས།༡༢ ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་ཅན་རྣམས་ལ་སྙིང་རྗེ་དང་ཕན་འདོད་ཀྱི་སེམས་བསྐྱེད་པར་བྱ་སྟེ། འཕགས་པ་ཀླུས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ཡང་དེ་འདྲའོ། །ཞེས་སོ། །བྱམས་པའི་ལུས་ཀྱི་ལས་ཁྲོ་གཉེར་དང་ངོ་འཛུམ་གནག་པ་སྤངས་ལ་རྟག་ཏུ་འཛུམ་པའི་བཞིན་དུ་བྱ། ཟླ་བ་སྒྲོན་མེའི་མདོར། ཟླ་རྒྱས་བཞིན་འཛུམ་དུལ་བ་དང་། །རྒན་རབས་དང་ནི་གསར་བུ་ལའང་། །རྟག་ཏུ་གསང་པོར་སྨྲ་བ་དང་། །དེས་ཤིང་ང་རྒྱལ་མེད་པར་བྱ། །ཞེས་སོ། །སྒོ་གསུམ་ཞི་ཞིང་དུལ་བ་དང་ཀུན་ལ་དྲང་པོའམ་གསང་པོར་ཞེས་རྒྱབ་དང་གཡས་གཡོན་མིན་པར་མདུན་ནས་ལེགས་པར་སྨྲ་བ་དང་། ཧ་ཅང་བྲེལ་བ་བསྐྱུང་བར་བྱ་བ་དང་། བདག་ལ་མི་བསྟོད་ཅིང་རང་སྐྱོན་ལ་བལྟ་བར་བྱ་ཞིང་གཞན་ལ་མི་སྨོད་པར་ཡོན་ཏན་ཅན་དུ་བལྟ་ཞིང་བསྔགས་པར་བྱ། སྡུད་པ་ལས། བདག་སྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བཟུང་ཞིང་བློ་ཆུང་རིག་པར་བྱ། །ཞེས་སོ། །རང་ལ་སྙན་གྲགས་བྱུང་བ་བདུད་ཀྱི་ལས་ཡིན་ཞིང་སེམས་གཡེང་བར་འགྱུར་བས། མ་ལེགས་སོ་སྙམ་སྟེ་མི་དགའ་བར་བྱའོ། །མི་ཆོས་བླ་མ་བདེན་པ་མངོན་ཤེས་སོགས་གོང་མའི་ཡོན་ཏན་ཐོབ་ཀྱང་གཞན་ལ་མི་བསྒྲགས་པ་ཡིན་ན། མི་མ་ཡིན་པའི་གཟུགས་མཐོང་སྒྲ་ཐོས་ལ་སོགས་པ་དོན་མེད་པ་དེ་མི་བསྒྲགས་པ་སྨོས་ཅི་དགོས་ཏེ། མ་མཐོང་བཞིན་དུ་མཐོང་ཞེས་སྨྲ་བ་ནི་མི་ཆོས་བླ་མའི་རྫུན་དུ་འགྱུར་ཞིང་། མཐོང་ནའང་དེ་འདྲ་འཇིག་རྟེན་ཕལ་པ་ལའང་ཡོད་པས་དེ་ལམ་གྱི་ཡོན་ཏན་དུ་རློམ་ནས་གཞན་ལ་སྨྲས་ན་མངོན་པའི་ང་རྒྱལ་དང་། གཞན་གྱིས་ཁྱད་པར་ཅན་དུ་མོས་ནས་རྙེད་བཀུར་འདུ་བས་ལམ་ལས་ཉམས་པར་འགྱུར་རོ། །གཞན་ཡང་དཔུང་བཟང་དང་བཤེས་སྤྲིང་སོགས་ལས་བཤད་པའི་སྙན་ཅིང་གྲགས་པ་ལ་རེ་ཞིང་དགའ་བ་དང་། མི་སྙན་པ་མ་གྲགས་པ་ལ་དོགས་ཤིང་མི་དགའ་བ་དང་། དེ་བཞིན་དུ་སྦྱར་ཏེ་ངོར་བསྟོད་པ་དང་ལྐོག་ཏུ་སྨད་པ་དང་ནད་མེད་པ་སོགས་ཀྱི་བདེ་བ་དང་དེ་ལས་བཟློག་པའི་སྡུག་བསྔལ་བ་དང་། ལོངས་སྤྱོད་ཀྱི་རྙེད་པ་དང་དེ་མ་རྙེད་པ་དེ་རྣམས་ལ་དགའ་མི་དགའ་རེ་དོགས་བྱེད་པས་གཡེང་བ་ནི་འཇིག་རྟེན་ཕལ་པ་རྣམས་དང་མཐུན་པའི་ཆོས་ཡིན་ལ། དེ་བརྒྱད་པོར་འཇིག་རྟེན་ལས་འདས་པའི་ཆོས་ཐོབ་པར་འདོད་པ་རྣམས་ཀྱིས་སྙིང་པོ་མེད་པ་བྲག་ཆ་དང་རྨི་ལམ་འདྲ་བར་མགོ་མཉམ་པར་བྱའོ། །མདོ་ལས། བཅོས་མིན་སྙན་པར་གྲགས་པའི་ཡོན་ཏན་གྱིས། །འགྲོ་བ་མགུ་བར་ནུས་པའི་མཐུ་ལྡན་ན། །ཡོན་ཏན་བཅོས་མའི་བཀུར་སྟི་ཐོབ་པ་རྣམས། །མི་བཟད་ཕྲག་དོག་མེ་ནི་འབར་བར་འགྱུར། །ཞེས་དང་། འོད་སྲུང་གིས་ཞུས་པ་ལས། ལྟ་གྱུར་འཆིང་དང་རྙེད་དང་བཀུར་སྟི་དང་། །གྲགས་པའི་འཆིང་བ་རབ་ཏུ་བྱུང་བ་ཡི། །འཆིང་བ་དམ་ཞེས་འཕགས་པ་རྣམས་ཀྱིས་གསུངས། །དེ་དག་རྟག་ཏུ་རབ་ཏུ་བྱུང་བས་སྤང་། །ཞེས་སོ། །སེམས་ཅན་རྣམས་ནི་ལས་དང་ཉོན་མོངས་པའི་སྐྱོན་གྱི་རང་བཞིན་ཡིན་པས་བྱིས་པས་བྱིས་པ་གཞན་གྱི་སྐྱོན་ལ་མི་བརྟག་གོ། །ཞེས་པ་འདྲ་སྟེ་འཕགས་པས་གཞན་སྐྱོན་མི་བརྟག་པས་སོ། །དཀོན་བརྩེགས་ལས། བདག་གིས་སྐྱོན་རྣམས་འཆབ་བྱེད་ཅིང་། །གཞན་གྱི་ཉེས་ལ་རྟོགས་པར་བྱེད། །འདི་གཉིས་དུག་གི་མེ་དང་འདྲ། །མཁས་པ་རྣམས་ཀྱིས་རྨ་འདི་སྤོངས། །ཞེས་དང་། ཡང་ན་བཅོམ་ལྡན་འདས་ཀྱིས་ང་དང་ང་འདྲ་བ་མ་གཏོགས་གང་ཟག་གིས་གང་ཟག་གི་ཚོད་བཟུང་བར་མི་བྱ་ཞེས་གསུངས་ཤིང་། མདོག་ངན་གླེན་ནམ་ཡང་ན་རྙེད་མེད་དམ། །བརྙས་ཤིང་སྨད་པར་བྱ་བ་ཡིན་ན་ཡང་། །མི་ཡི་ཁམས་དང་སྤྱོད་པ་ཤེས་དཀའ་བས། །དེ་ལ་གྱ་ཚོམ་སྐྱོན་ནི་གདགས་མི་བྱ། །ཞེས་དང་། ངེས་པ་དང་མ་ངེས་པར་འགྲོ་བའི་མདོར། །གང་གི་འཁྲུལ་བ་ཅི་མཐོང་ཡང་། །དེ་དག་ལ་ནི་ཉེས་མི་བརྗོད། །ཅི་འདྲ་བ་ཡི་ལས་བྱས་ན། །འབྲས་བུ་དེ་འདྲ་འཐོབ་པར་འགྱུར། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པ་ལས། ཐེག་པ་ཆེན་པོ་ལ་བར་དུ་གཅོད་པའི་ཆོས་བཞི་གསུངས་ཏེ་བདག་གི་ཡོན་ཏན་ལ་བསྟོད་པ་དང་། གཞན་གྱི་ཡོན་ཏན་ལ་ལོགས་པར་བརྗོད་པ་དང་། ངའོ་སྙམ་པའི་ང་རྒྱལ་འབར་བ་དང་། ཁྲོ་བ་བརྟན་པའོ། །ཞེས་སོ། །གསུམ་པ་ནི། དེ་ལྟར་སོགས།༥ དེ་ལྟར་མཉམ་བཞག་ཏུ་ལྟ་བ་སྟོང་པ་ཉིད་ལ་ཡུན་རིང་དུ་གོམས་པ་དང་རྗེས་ཐོབ་ཏུ་དགེ་བའི་སྤྱོད་པ་དང་འབྲེལ་བར་བྱས་ན། དམིགས་བཅས་བསོད་ནམས་དང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་ཆེན་པོ་གཉིས་ཀྱང་རིམ་གྱིས་རྫོགས་པར་འགྱུར་ཞིང་། སྤང་བྱ་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་ཀྱང་རིམ་གྱིས་འབྱུང་བར་འགྱུར་ཏེ། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་ལགས་སོ། །བསོད་ནམས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་ལགས་སོ། །ཞེས་བསོད་ནམས་ཀྱི་ཚོགས་ལམ་གཟུགས་སྐུ་གཉིས་འབྱུང་བས་འགྲོ་བའི་ཉེར་འཚོ་བྱེད་པའོ། །དེ་བཞིན་དུ་ཐོག་མེད་ནས་གོམས་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་ལྷན་ཅིག་སྐྱེས་པའི་བདག་འཛིན་མ་རིག་པ་སྒོམ་ལམ་མ་གཏོགས་གཞོམ་དཀའ་བ་རྣམས། དཔེར་ན་སོས་ཀའི་དུས་སུ་ཆབ་རོམ་འཐུག་པོ་རྣམས་ཉི་མ་རིམ་པར་ཤར་བས་ཞུ་བ་བཞིན། སྤང་བྱ་ཡང་དེ་ཞི་ཇེ་ཕྲར་གྱུར་ཏེ་རྣམ་པར་མི་རྟོག་པའི་དབྱིངས་སུ་ཞི་བར་འགྱུར་རོ། །ལྔ་པ་མཐར་ཕྱིན་མི་སློབ་པའི་ལམ་ལ་གཉིས། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཆོས་སྐུ་དང་། སྙིང་རྗེ་དང་སྨོན་ལམ་གྱི་འཕེན་པའི་གཞན་དོན་གཟུགས་སྐུ་སྟོན་པའོ། །དང་པོ་ནི། མི་རྟོག་སོགས།༥ གཟུང་འཛིན་གཉིས་སུ་རྣམ་པར་མི་རྟོག་ཅིང་དབྱིངས་དང་ཡེ་ཤེས་དབྱེར་མེད་ལྷུན་གྱིས་གྲུབ་པ་དག་པ་གཉིས་དང་ལྡན་པ་ནི་ཆོས་ཀྱི་སྐུ་སྟེ་སངས་རྒྱས་ཡིན་ལ། དེའི་ཚེ་སྒྲིབ་གཉིས་བག་ཆགས་དང་བཅས་པ་དབྱིངས་སུ་དག་པས་མཐོང་སྣང་འཁྲུལ་པའི་ཡུལ་དང་། ཁམས་གསུམ་གྱི་སེམས་སེམས་བྱུང་ཐམས་ཅད་རྣམ་པར་དག་པའི་ཚུལ་གྱིས་བྲལ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནམ་མཁའི་སྤྱོད་ཡུལ་ཆོས་ཉིད་འདུས་མ་བྱས་པ་རང་རིག་རང་ལ་ལྷུན་གྲུབ་ཏུ་གནས་སོ། །རྣམ་མཁྱེན་འདུས་མ་བྱས་མི་འཐད་སྙམ་ན། །ལང་ཀར་གཤེགས་པ་ལས། རྣམ་པར་ཤེས་པ་ནི་སྐྱེ་ཞིང་འཇིག་པ་ཡུལ་ལ་ཐོགས་པ་ཡོད་མེད་སོགས་མཐར་ལྷུང་བ་དང་། ཡེ་ཤེས་ནི་མི་སྐྱེ་མི་འགག་སོགས་དེ་ལས་ལྡོག་པ་རྣམས་ཡིན་པར་གསུངས་པ་དང་། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་དང་། དཀོན་མཆོག་གི་ཟ་མ་ཏོག་ལས་ཀྱང་གསུངས་ཤིང་རིགས་པས་ཀྱང་གྲུབ་པས་རྣམ་མཁྱེན་འདུས་མ་བྱས་སོ། །དེ་ལས་རྟོག་འཛིན་མེད་པར་ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་ངང་གིས་མཁྱེན་ལ། མཐུ་དང་རྫུ་འཕྲུལ་གྱིས་མཚོན་པའི་ཡོན་ཏན་གྱི་སྡེ་ཚན་ཉེར་གཅིག་སོགས་བསམ་གྱིས་མི་ཁྱབ་པ་མངའ་འོ། །གཉིས་པ་ནི། དེ་ཐོབ་སོགས།༥ དེ་ལྟར་ཀུན་ཏུ་འོད་ཀྱི་ས་ལ་བཞུགས་པའི་སངས་རྒྱས་ཆོས་སྐུ་དེ་ཐོབ་ནས་ནི། གདོད་མའི་གནས་ལུགས་ཀྱི་དབྱིངས་ཉིད་སྤྲོས་པ་ཐམས་ཅད་ལས་འདས་པས་སྤྲུལ་པ་སྤྲོ་བ་སོགས་མེད་ཀྱང་སྔོན་སྤྱོད་པ་ལམ་གྱི་དུས་ནས། སྨོན་ལམ་མང་པོ་བཏབ་པའི་མཐུ་དང་ཐུགས་རྗེ་ཆེན་པོས་གཟིགས་པ་རྒྱུན་མི་ཆད་པ་ཡི་དབང་གིས། འགྲོ་བའི་དོན་དུ་ས་དང་པོ་ནས་བཅུ་པའི་བར་ལ་སྤྲུལ་སྐུ་ལ་ལོངས་སྐུ་བཏགས་པའི་ལོངས་སྐུ་ཐུན་མོང་དང་། ས་བཅུ་ཁོ་ནར་སྣང་བའི་ལོངས་སྐུ་ཐུན་མོང་མ་ཡིན་པ་དང་། གླིང་བཞི་བྱེ་བ་ཕྲག་བརྒྱ་རྣམས་སུ་འགྲོ་འདུལ་སྤྲུལ་པའི་སྐུ་སྣ་ཚོགས་པ་སྟེ་གཟུགས་སྐུ་གཉིས་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་རང་ཤུགས་ཀྱིས་འབྱུང་ངོ་། །དེ་ནས་གདུལ་བྱ་སེམས་ཅན་སོ་སོའི་མོས་པ་དང་བསམ་པ་བཞིན་དུ་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་བ་བསམ་གྱིས་མི་ཁྱབ་པས། རྣམ་པར་མི་རྟོག་བཞིན་དུ་ཐེག་པ་སྣ་ཚོགས་ཀྱི་ཆོས་སྟོན་པར་བྱེད་ཅིང་། དུས་འཁོར་བ་ཇི་སྲིད་མ་སྟོང་བར་དུ་གཞན་དོན་ཁོ་ན་ལ་སྤྱོད་ནས་བཞུགས་པའོ། །རྒྱུད་བླ་མ་ལས། ཇི་ལྟར་ནོར་བུ་རིན་ཆེན་རྟོག་མེད་འདོད་པར་ནོར། །འབད་པ་མེད་པར་གཞན་པ་དག་ལ་རབ་སྟེར་ལྟར། དེ་བཞིན་དུ་ཐུབ་པ་འབད་མེད་ཇི་ལྟར་འོས་པར་ནི། །གཞན་གྱི་དོན་དུ་སྲིད་པ་ཇི་སྲིད་རྟག་ཏུ་བཞུགས། །ཞེས་སོ། །དེ་ལྟར་སྐུ་དང་གསུང་གི་རོལ་པ་རྣམས་གདུལ་བྱའི་མོས་པ་ཁོ་ནས་བསྡུས་པར་མི་བསམ་སྟེ། དེ་ལྟར་ན་ལམ་ལ་མ་ཞུགས་པ་ཡན་ཆད་ལ་རང་རྒྱུད་ཀྱིས་མོས་པས་བསྡུས་པའི་སངས་རྒྱས་ཀྱི་གཟུགས་སྐུ་སྣང་དུ་ཡོད་པ་སོགས་ཐལ་བར་འགྱུར་བས། དེས་ན་སངས་རྒྱས་ཀྱི་ཐུགས་རྗེ་དང་འགྲོ་སེམས་དག་པ་གཉིས་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། འགྲོ་སེམས་ལ་སྐུ་གསུང་གི་རྣམ་པར་ཤར་བ་ནི་བུམ་པའི་རྣམ་ལྡན་གྱི་ཤེས་པ་བཞིན་ནོ། །གཟུགས་སྐུ་ཟག་མེད་ཀྱི་དགེ་བའི་གཟུགས་བརྙན་ཡིན་ཡང་ངོ་བོ་ཆོས་སྐུ་ལས་མ་འདས་པས། ཡེ་ཤེས་དང་ཡོན་ཏན་མཐའ་དག་མངའ་ཞིང་ཆོས་སྐུ་ལའང་གཟུགས་སྐུའི་ཡོན་ཏན་ཐམས་ཅད་རང་རྒྱུད་ཅན་མ་ཡིན་པར། ཆུ་ལ་རླན་དང་མེ་ལ་ཚ་བ་བཞིན་ལྡན་པ་ནི་སེམས་ཅན་གྱི་ཁམས་ལ་ཇི་སྐད་བཤད་པ་བཞིན་ཏེ། འོན་ཀྱང་ངོ་བོ་སྤྲོས་པ་དང་བྲལ་ཞིང་དག་པ་གཉིས་དང་ལྡན་པའོ། །ཕྱོགས་མཐུན་གྱི་དཔེ་ནོར་བུ་ལ་སོགས་པ་སྟེ་གཞན་དུ་ན་སྨོན་ལམ་དང་ཐུགས་རྗེས་འཕེན་རྒྱུས་དབེན་པའི་བེམ་སྟོང་བཞིན་ནོ། །སྔར་རྩ་བའི་ས་བཅད་གསུམ་པ་མཇུག་གདམས་པའི་དོན་ལ་གཉིས། སོ་སྐྱེ་ལ་གདམས་པ། ཆོས་ཉན་བཤད་བྱེད་པ་གཞན་ལ་གདམས་པའོ། །དང་པོ་ལ་བཅུ་གཅིག་སྟེ། བྱང་ཆུབ་རང་གཞན་ཀུན་གྱི་ཐུན་མོང་ཡིན་པས་སྒྲུབ་པར་གདམས་པ། སྟོན་པའི་བསྟན་པ་དཔེས་ཀུན་གྱིས་རྟོགས་རུང་བ་དང་། མི་རྟག་པའི་སྐྱོ་བས་ཆོས་ལ་བསྐུལ་བ་དང་། དལ་འབྱོར་རྙེད་དཀའ་བསམ་ནས་ཆོས་ལ་བསྐུལ་བ་དང་། འབྲས་བུ་སྡུག་བསྔལ་ཤེས་ཀྱང་རྒྱུ་སྡིག་པ་བྱེད་པ་ལ་སྙིང་རྗེ་བ་དང་། སློབ་དཔོན་ཉིད་ཀྱང་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ནས་གཞན་ལ་གདམས་པ་དང་། བྱིས་པ་རྣམས་བདག་འཛིན་གྱི་ཁར་མི་བཟུང་བར་ཐར་བ་ལ་བྲོད་པ་སྐྱེད་པ་དང་། གང་ཟག་ཆོས་མཛད་བྱེ་བྲག་ལ་གདམས་པ་དང་། དགེ་སྡིག་ཕན་གནོད་ཆེ་བ་དཔེས་བསྟན་པ་དང་། ཐར་པ་རང་ལ་རག་ལུས་པ་དང་། ཡུན་གྱིས་དོན་མེད་པར་རྒས་པ་ལ་སྙིང་རྗེ་བའོ། །དང་པོ་ནི། དེ་ཕྱིར་སོགས།༥ དེ་ཕྱིར་རམ་དེ་ནས་སློབ་དཔོན་བདག་ཀྱང་རི་ཁྲོད་དགོན་པར་མཆི་བ་ལགས་ན། བདེན་པ་བཞིའི་སྒོ་ནས་ཐར་པ་བྱང་ཆུབ་ཆེན་པོ་བསྒྲུབ་པའི་ཚུལ་ཡན་ལག་པའི་དོན་དེ་དག་ཀྱང་ནི་གོང་དུ་བཤད་པ་དེ་བཞིན་དུ་ཐར་འདོད་རྣམས་ཀྱིས་དགོངས་པར་མཛོད་ལ། དམ་པའི་ཆོས་ཚུལ་བཞིན་བསྒྲུབ་པར་བྱ་བ་ལ་བརྩོན་འགྲུས་ཀྱིས་འབད་པར་རིགས་ཏེ། ཁམས་གསུམ་འཁོར་བའི་སྡུག་བསྔལ་དེ་དང་ནི་འབྲས་བུ་བྱང་ཆུབ་ཀྱི་གོ་འཕང་ནི་ཁ་ཅིག་ཙམ་མ་ཡིན་པར་འོ་སྐོལ་སྐྱེ་བོ་ཀུན་གྱི་ཐུན་མོང་ལགས་པའི་ཕྱིར་རོ། །གཉིས་པ་ནི། སྟོན་པའི་སོགས།༡༡ བདག་ཅག་གི་སྟོན་པའི་བསྟན་པ་རིན་པོ་ཆེ་ནི་གདུགས་ཏེ་ཉི་མ་བཞིན་དུ་རིས་མེད་པའི་འགྲོ་བ་ཀུན་ལ་སྙོམས་པར་བཞུགས་ཀྱང་། ཁ་བྱང་དུ་བལྟས་པའི་ཕུགས་པར་ཉི་མ་མི་འཆར་བ་དང་འདྲ་བའི་སྐྱེ་བོ་ལོག་སྲེད་ཅན་གྱིས་མི་རྟོགས་པས་སྟོན་པ་དང་དེའི་བསྟན་པ་ལ་ཡིད་ཆེས་ཀྱི་དད་པའི་སྒོ་ནས་དམ་པའི་ཆོས་སྒྲུབ་པ་ལ་འབད་དགོས་ཞེས་གདམས་སོ། །སླད་ནས་ཆོས་མཛད་རྣམས་ལ་ཞུ་བར་བྱ་བ་ནི་འདི་ལྟར་ཏེ། དོ་ཅིག་གམ་ད་ལོ་ཞེས་མཆིས་པས་སང་ཕོད་ཅེས་པའང་ངེས་པར་མཆིས་པ་འཇིག་རྟེན་ན་ཡོངས་སུ་གྲགས་པ་བཞིན་དུ། ཚེ་འདི་མཆིས་པས་ཚེ་སླད་མའང་ངེས་པར་མཆིས་པ་ཡིན་ལ། གློ་བུར་གྱི་ཚེ་ལ་ངེས་པ་མེད་པས་སང་ཕོད་ཀྱི་ལོ་དང་སྐུ་ཚེ་སླད་མ་གཉིས་གང་སྔར་འོང་བ་སུ་ལའང་གཏོལ་མེད་པ་ཡིན་ན། སང་ཕོད་དོན་དུ་ད་ལོ་ནས་སོ་ནམ་ལ་འབད་པ་བཞིན་དུ་ཚེ་སླད་མའི་དོན་དུ་ད་ལྟ་ནས་ཆོས་ལ་ཅིའི་ཕྱིར་འབད་པར་མི་མཛད་དེ་འབད་པར་རིགས་སོ། །ཅིའི་ཕྱིར་ཞེ་ན་མི་རྟག་པ་སྲིན་པོ་ལྟ་བུའི་སོ་བར་དུ་བཟུང་བཞིན་པ་དེ་མ་ཚོར་རམ་སྟེ་ཚོར་ན། མྱུར་དུ་འཆི་བ་ལས་མི་ཐར་ངེས་པས་འཕྲལ་དང་ཡུན་གྱི་བདེ་བའི་རྒྱུ་བསོད་ནམས་མྱུར་དུ་མཛོད་ཅིག །སྐྱེས་རབས་ལས། ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོག་པ་མེད་པར་རབ་ཏུ་དགའ་བཞིན་སྤྱོད། །འགྲོ་བ་འདི་ལྟ་བུར་ནི་འཁོད་པ་ལ། །སྐྱེ་བོ་འཇིགས་པ་མེད་པ་ངོ་མཚར་ཆེ། །ཞེས་སོ། །གསུམ་པ་ནི། ངེས་པར་སོགས།༧ དམ་པའི་ཆོས་སྒྲུབ་པ་ལ་བརྩོན་འགྲུས་དགོས་དེའི་མི་མཐུན་ཕྱོགས་ལེ་ལོ་དང་དེའི་གཉེན་པོ་མི་རྟག་པར་བསམ་པ་ལས་ལྷག་མེད་པས། ངེས་པར་འཆི་བ་དང་ནམ་འཆི་ཆ་མེད་ལ་བསམ་སྟེ་ཆོས་མེད་དུ་སྐད་ཅིག་ཀྱང་མི་འདུག་པར་དགེ་བའི་ལས་ཀྱི་བསགས་པ་རྣམས་ཉིན་རེ་ཞིང་བགྲང་ལ། འགྲུབ་པ་ལ་ཡི་རངས་སྟེ་བསྔོ་བར་བྱ་སླན་ཆད་ཀྱང་མུ་མཐུད་ནས་བསྒྲུབ་པར་བྱ། སྔོན་བྲམ་ཟེ་སྒྲ་མཁན་བྱ་བས་དགེ་སྡིག་གཉིས་རྡེའུ་དཀར་ནག་གིས་བགྲངས་ནས་བརྩོན་པའི་དཔེ་ལྟར་རོ། །དེ་ལྟར་ཚོད་ཡོད་དང་ལོང་ཡོད་མི་བྱ་བར་མ་འབད་ན་ཚེ་འདི་ནི་རྟག་མི་ཐུབ་པ་རྩ་རྩེའི་ཟིལ་བ་དང་འདྲ་སྟེ་མེད་ལ་ཁད་དང་། ཁའི་དབུགས་ཀྱི་རྒྱུ་བ་འདི་ནི་ན་བུན་དང་འདྲ་སྟེ་ཡུན་མེད་པ་ཡལ་ལ་ཁད་དང་། འབྱུང་འདུས་ཀྱི་ལུས་འདི་ཡང་གསོག་ཅིང་ཡ་མ་བརླ་སྒྱུ་མའི་སྐྱེས་བུ་དང་འདྲ་སྟེ་དངོས་པོའི་སྣང་བ་མེད་པ་ཡུད་ཙམ་ནས་འཇིག་ལ་ཁད་པ་དང་། སེམས་དངོས་མེད་འདི་ནི་གློག་དང་འདྲ་སྟེ་མེད་སྣང་སྐད་ཅིག་མའི་རང་བཞིན་ནོ། །བུ་སྨད་སོགས་ཉེ་བཞི་གཞོན་ལུས་མཛེས་ཤིང་གོས་རྒྱན་ལོངས་སྤྱོད་ཕུན་སུམ་ཚོགས་པ་རྣམས་ནི། སྙིང་ལ་སྡུག་ཅིང་འབྲལ་དུ་ཕོངས་པ་ཡིན་ཀྱང་མི་རྟག་པའི་ཆོས་ཅན་བྱིས་པ་འདྲིད་པའི་འཇའ་ཚོན་དང་འདྲའོ། །ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པ་ལས། ལོ་སྟོང་བྱེ་བར་སུ་ཞིག་འཚོ་འགྱུར་བ། །དེས་ཀྱང་ཆགས་པ་ཡོངས་སུ་སྤང་བྱ་ན། །སུ་ཞིག་ལོ་བརྒྱ་ཐུབ་པར་མི་འགྱུར་བ། །དེ་ཕྱིར་དགའ་བ་མི་རྙེད་སྨོས་ཅི་དགོས། །ཞེས་སོ། །བཞི་པ་ནི། ཕུང་པོ་སོགས།༨ གཡར་པོའི་ཆ་སྤྱད་ནི་བདག་པོས་ནམ་འཁྱེར་མ་ངེས་པ་ལྟར་ཕུང་པོ་འདི་ཡང་གཡར་པོ་དང་འདྲ་བར་དགོངས་མཛོད་ལ། དམ་པའི་ཆོས་སྒྲུབ་པ་ལ་མྱུར་དུ་མ་འབད་ན་དལ་འབྱོར་གྱི་མི་ལུས་ལན་ཅིག་ཐོབ་པ་ཉིད་ཀྱང་ཆུད་ཟ་བར་འགྱུར་ཞིང་། སྔོན་གྱི་དགེ་འབྲས་དེ་སྟོང་ཟད་དུ་སོང་ན་སླད་ནས་ནི་རྒྱུ་མེད་པར་འབྲས་བུ་མི་ལུས་འདི་འདྲ་བའང་མི་འཐོབ་ན། བླ་མེད་བྱང་ཆུབ་ཆེན་པོའི་འབྲས་བུ་ནི་ལྟ་ག་ལ་ཐོབ་སྟེ་མི་ཐོབ་བོ། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་གསུངས་པ་ལྟར། སྡིག་པའི་དབང་གིས་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་བྱུང་བའི་ཚེ། ཚེ་འདིར་བཙན་ཕྱུག་སྙན་སྒྲགས་སོགས་ཀྱི་བདེ་བ་དེ་ནི་དྲན་པའི་ཡུལ་ཙམ་དུའང་མེད་པས་ཅི་ཞིག་ཕན་ཏེ་མི་ཕན་པ་ནི། དཔེར་ན་སྔར་ཟས་ཟོས་པས་ལྟོ་འགྲང་བ་དེས་ད་ལྟར་བཀྲེས་པ་ལ་མི་ཕན་པ་བཞིན་ནོ། །སློབ་མ་ལ་སྤྲིང་ཡིག་ཏུ། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་བྱས་ཤིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབ་འགྱུར་བ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་དང་། ཁྱད་པར་དུ་ཐེག་པ་ཆེན་པོའི་ལམ་གྱིས་མི་ལུས་དོན་ལྡན་དུ་བྱ་དགོས་པ་ནི། དབུ་མའི་སྙིང་པོ་ལས། དམ་ཆོས་སྒྲོན་མ་དང་བཅས་ཤིང་། །མི་ཁོམ་བརྒྱད་སྤངས་དལ་བ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །ཞེས་སོ། །ལྔ་པ་ནི། དམྱལ་བའི་སོགས།༢ འདི་ན་དམྱལ་བའི་སྡུག་བསྔལ་མཐོང་ཞིང་ཐོས་པས་ཤེས་ཀྱང་མི་འཇིགས་པར་མ་ཟད། མི་རྟག་ཅིང་སྙིང་པོ་མེད་པའི་ལུས་ལ་ཆགས་ནས་དེའི་དོན་དུ་སྲོག་གཅོད་པ་ལ་སོགས་པའི་སྡིག་པ་ཁོ་ན་ལ་སྤྱོད་པ་དག་ནི། གཞན་སུ་ཡང་མ་ཡིན་པར་བྱིས་པས་བླུན་པོ་རང་གིས་རང་བརླག་པ་ཁོ་ནར་ཟད་དེ་ཀྱེ་མའོ། །ཞེས་རུས་པའི་གཏིང་ནས་སྙིང་རེ་རྗེའོ། །དྲན་པ་ཉེར་བཞག་ལས། བྱིས་པ་སྡུག་བསྔལ་གྱིས་དུབ་ཅིང་། །སྡུག་བསྔལ་རྒྱུ་མ་འཇུག་པར་བྱེད། །ཅེས་དང་། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །ཅེས་སོ། །དྲུག་པ་ནི། འཁོར་བའི་སོགས།༩ ཁམས་གསུམ་འཁོར་བ་གཅོང་རོང་ཉམ་ང་བ་ལྟ་བུ་སྡུག་བསྔལ་གྱི་གནས་འདི་ནི་རྨོངས་པ་བདག་གིས་བརྟགས་ཀྱང་ཡིད་འབྱུང་བའི་གནས་འདི་ལྟར་གདའ་སྟེ། སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་རྟག་ཏུ་གཟིར་བས་ཉམ་རེ་ཐག་པ་ནི། ངན་སོང་གསུམ་གྱི་སྡུག་བསྔལ་ནི་སྐྱི་རེ་གཡའ་སྟེ་ཐོས་པ་ཙམ་ཡང་མི་བཟོད་པ་དང་། ཁྱད་པར་དུ་ཡང་ཚ་གྲང་དམྱལ་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་ནི་ཤིན་ཏུ་ཡ་རེ་ཆ་ཞེས་པ་ཡ་ང་བ་དང་། མི་ལ་སྐྱེ་རྒ་ན་འཆི་བཞི་དང་དགྲ་སྡང་བ་དང་འཕྲད་གཉེན་བྱམས་པ་དང་བྲལ་འདོད་པའི་ཐོག་ཏུ་མི་ཁེལ་མི་འདོད་པ་ཐོག་ཏུ་འབབ་པ་དང་བརྒྱད། སྡུག་བསྔལ་གྱི་སྡུག་བསྔལ་དང་འགྱུར་བའི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་བཅུ་གཅིག་གོ། །ངན་སོང་གི་སྡུག་བསྔལ་དེར་འདུའོ། །སྡུག་བསྔལ་དེ་རྣམས་ཀྱང་ཐོག་མཐའ་མེད་པར་འཁོར་བ་ཡུན་རེ་རིང་བས་ཞིབ་ཏུ་བསམ་ན་སྙིང་གིས་བཟོད་པར་དཀའ་འོ། །དྲན་པ་ཉེར་བཞག་ལས། མེལ་ཚེ་བྱེད་ལ་མཚན་ཡང་རིང་། །ངལ་བ་དག་ལ་དཔག་ཚད་རིང་། །དམ་ཆོས་རྣམ་པར་མི་ཤེས་པའི། །བྱིས་པ་རྣམས་ལ་འཁོར་བ་རིང་། །ཞེས་གསུངས་སོ། །དེའི་ཕྱིར་སློབ་དཔོན་བདག་ཀྱང་བདག་རང་ལ་སྙིང་རྗེ་བ་ཡིན་ན། ཁྱེད་ཆོས་མཛད་རྣམས་ཀྱིས་འཁོར་བའི་སྡུག་བསྔལ་དེ་ལ་མ་གཟིགས་སམ། གཟིགས་ན་ཅིའི་ཕྱིར་ཁྱེད་ཅག་སེམས་བདེ་བར་འདུག་སྟེ་སྐད་ཅིག་ཀྱང་བག་མེད་དུ་འདུག་མི་རིགས་སོ། །སློབ་དཔོན་ས་འཚོ་སྦྱིན་གྱིས། སྐྱེ་དང་འཆི་དང་སྡུག་བསྔལ་མཐར་ནི་མ་བྱས་པར། །སྲིད་པའི་རྒྱ་མཚོ་དག་ཏུ་བྱིང་འགྱུར་བག་མེད་མ་བྱེད་ཅིག །མཐར་བྱེད་དག་གིས་སྲོག་ཀྱང་འཕྲོག་པར་བྱེད་པ་གང་འདི་ནི། །རྒྱུན་མི་འཆད་པར་འགྲོ་ལ་སྟྭ་རེའི་སོ་དག་བརྡར་བར་བྱེད། །ཅེས་སོ། །བདུན་པ་ནི། དེ་བས་སོགས།༦ རྒྱུ་མཚན་དེ་བས་ན་བྱིས་པའི་སྐྱེ་བོ་དག་རྣམ་པར་རྟོག་པ་བདག་འཛིན་གྱི་ཁ་མ་འཛིན་ཞེས་དེའི་དབང་དུ་མ་གཏོང་ངམ་བདག་འཛིན་གཙོ་བོ་མ་བྱེད་པར། བུ་དང་ཆུང་མ་གཉེན་བཤེས་ལ་སོགས་པ་དང་ལུས་དང་ལོངས་སྤྱོད་ཀུན་ལ་ད་ལྟ་ནས་ཡིད་མ་ཆགས་ཏེ། འདི་དག་དང་ཡུན་དུ་འགྲོགས་པའི་དབང་མེད་མི་རྟག་པ་མྱུར་དུ་འབྲལ་བའི་སྡུག་བསྔལ་གྱི་རྒྱུ་ཡིན་པར་བསམ་ཞིང་། གཙོ་ཆེར་ཚེ་ཕྱི་མའི་སྡུག་བསྔལ་ལ་འཇིགས་པ་སྐྱེད་ཅིང་བདེ་བའི་ཕུལ་ཞི་བ་མྱ་ངན་ལས་འདས་པའི་བདེ་བ་ལ་འདོད་པ་བསྐྱེད་ལ། སྡིག་པ་མི་དགེ་བ་སྤང་ཞིང་དགེ་བའི་སྤྱོད་པ་ལ་ཚུལ་བཞིན་དུ་ཞུགས་པར་མཛོད་ཅིག །དྲན་པ་ཉེར་བཞག་ལས། གང་ཞིག་དགེ་ལ་ཉེར་བསྟན་པའི། །མི་ནི་ཤིན་ཏུ་བཀྲ་ཤིས་འགྱུར། །གང་ཞིག་སྡིག་ལ་ཉེར་བསྟེན་པ། །དེ་ནི་ཤིན་ཏུ་བཀྲ་མི་ཤིས། །ཐོག་མ་བར་དང་མཐར་ངན་པ། །དམ་པས་དེ་ནི་རྣམ་པར་སྨད། །ཅེས་སོ། །བརྒྱད་པ་ནི། ཆོས་བཞིན་སོགས།༣ ཚེ་བློས་བཏང་བ་འཁོར་བའི་སྡུག་བསྔལ་ལ་འཇིགས་པ་འགྲོ་ལ་བུ་ལྟར་སེམས་པ་སོགས་ཀྱི་ཆོས་ཚུལ་བཞིན་སྒྲུབ་པ་མེད་ན། ཆོས་པའི་མིང་དེ་དོན་ཅི་ཞིག་ཡོད་པ་ལ་བཏགས་ཏེ་ཆོས་པའི་གཟུགས་བརྙན་ཙམ་ལས་དོན་འབྲས་མེད་དོ། །དེ་བཞིན་དུ་ཆོས་འདུལ་བ་ལས་བཤད་པའི་ཚུལ་ཁྲིམས་ཀྱི་སྡོམ་པ་རྣམ་པར་དག་པ་མེད་ན་དགེ་སློང་ཞེས་དོན་ཅི་ཞིག་ལ་ཟེར། དགེ་སློང་ལ་མིང་གི་དགེ་སློང་ཁས་འཆེ་བའི་དགེ་སློང་སློང་བའི་ངང་ཚུལ་ཅན་གྱི་དགེ་སློང་ཞེས་བྱ་བ་ལ་སོགས་པ་ཙམ་ལས་དགེ་སློང་དུ་བྱེད་པའི་དོན་མེད་ལ། སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་ལས་མི་འདའ་བའི་སྟེང་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་བསྲུང་བ་མེད་ན་སྔགས་པ་ཞེས་ཅི་འདྲ་བ་ལ་ཟེར་གདགས་གཞི་མེད་དོ། །བཙུན་པ་ཚུལ་ཁྲིམས་མེད་པའི་སྤྱང་པོ་དང་སྔགས་པ་དམ་ཚིག་མེད་པའི་གླེན་པ་དེ་འདྲས་བསྟན་པ་འཇིག་པར་གསུངས། དགུ་པ་ནི། སྡིག་ནི་སོགས།༤ སྡིག་པ་ནི་ཇི་ལྟར་ཆུང་ཡང་འདིས་ཅི་གནོད་སྙམ་དུ་བརྙས་པར་མི་བྱ་ཞིང་སྤང་ཞིང་བཤགས་དགོས་ཀྱི། དུག་གསུམ་གྱིས་བསྐྱེད་པའི་ལས་ཡིན་ན་སྡིག་པ་ཡིན་དགོས་དེ་ཡིན་ན་རྣམ་སྨིན་མྱོང་དགོས། དཔེར་ན་ཤིག་བསད་པ་ཙམ་ཡང་ཀུན་སློང་ཉོན་མོངས་སྔ་མ་གཉིས་མེད་ཀྱང་གཏི་མུག་གི་ལས་ཡིན་ནོ། །སྦྲུལ་ཆུང་ངུས་ཟིན་ཀྱང་དུག་ལངས་ན་སྦྲུལ་ཆེན་པོས་ལྟ་ཅི་སྨོས་སོ། །དེ་བཞིན་དུ་ཆུ་ཐིགས་ཆུང་ངུས་ཀྱང་རིམ་པར་བསགས་ན་སྣོད་ཆེན་པོ་གང་བ་བཞིན་དུ། དགེ་བ་ཆུང་ཡང་འདིས་ཅི་ཕན་ཞེས་ཁྱད་དུ་མི་གསོད་པར་དང་དུ་བླང་ཞིང་སྤྱད་ན་རྡུལ་ཕྲན་དུ་མ་བསགས་པས་སྣོད་ཀྱི་འཇིག་རྟེན་གྲུབ་པ་བཞིན་དུ་དགེ་བ་ཆེན་པོ་འགྲུབ་པའོ། །འདུལ་བ་ལས། དགེ་བ་ཆུང་ཡང་བརྙས་མི་བྱ། །དེ་ནི་བདག་ལ་མི་ཕན་མིན། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་གང་བར་འགྱུར་བ་བཞིན། །དམ་པ་མཆོག་གི་བསོད་ནམས་ནི། །ཉུང་ངུ་ཉུང་ངུ་བསགས་ནས་རྫོགས། །ཞེས་སོ། །བཅུ་པ་ནི། ཐར་བ་སོགས།༤ ཐར་འདོད་རྣམས་ཀྱིས་ཐར་པ་སྒྲུབ་པ་ནི་བདག་རང་ལ་རག་ལས་ཀྱི་འདི་ལ་ནི། གཞན་གྱིས་གྲོགས་བགྱི་བར་བྱས་ནས་འགྲུབ་པ་ནི་ཅི་ཡང་མ་མཆིས་ཏེ། གལ་ཏེ་གཞན་གྱིས་གྲོགས་བགྱིས་ནས་འགྲུབ་པ་ཞིག་མཆིས་ན། ཐུགས་རྗེ་ཆེན་པོ་མངའ་བའི་འཕགས་པ་སངས་རྒྱས་རྣམས་ཀྱིས་འགྲོ་བ་ཀུན་དུས་གཅིག་ལ་སྒྲོལ་བར་རིགས་ཀྱང་དེ་ནི་མ་ཡིན་ནོ། །ཚོམ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་ཡོངས་མི་སེལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །སྙིང་རྗེས་བདེན་པའི་བསྟན་པ་འགྲོ་ལ་བཤད། །ཅེས་དང་། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་སོ། །བཅུ་གཅིག་པ་ནི། དེ་ཕྱིར་སོགས།༩ ཐར་པ་རང་གིས་སྒྲུབ་དགོས་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ལམ་གྱི་རྩ་བ་འགྲོ་བ་མཐའ་ཡས་པ་ལ་དམིགས་ནས་སྙིང་རྗེ་དང་ཕན་སེམས་བསྐྱེད། ལམ་གྱི་དངོས་གཞི་ཀུན་ཉོན་འཁོར་བའི་ཆོས་དང་རྣམ་བྱང་མྱང་འདས་ཀྱི་ཆོས་ལ་གཟུང་བྱ་བདེན་པར་ཞེན་པ་དང་། བདག་གང་ཟག་རྫས་སུ་གྲུབ་པ་དང་བདེན་པར་གྲུབ་པ་ཡོད་པར་འཛིན་གྱི་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་ལ་སོགས་པའི་ཀུན་རྟོག་ཐམས་ཅད་ཐར་བའི་དགྲ་གཅིག་པུ་དེ་ཡི་གཉེན་པོ་ཟབ་མོ་སྟོང་པ་ཉིད་སྔར་བཤད་པ་ལྟར་བསྒོམ་པར་བྱ། ཐབས་དང་ཤེས་རབ་དེ་གཉིས་ཀས་ཟིན་པའི་དགེ་རྩ་ཆེ་ཆུང་ཅི་མཛད་ཐམས་ཅད་ཉན་རང་གི་སར་མ་ཡིན་པར་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་དུ་བསྔོ་བ་སྟེ། དེ་ལྟར་དམ་པ་གསུམ་གྱིས་ཟིན་པའི་དགེ་རྩ་སྤྱད་ན་འཕྲལ་དང་ཡུན་དུ་བདེ་བའི་རྒྱུར་འགྱུར་ལ། ཡུན་དུ་བདེ་བའི་རྒྱུ་ཆོས་ཟབ་མོའི་དོན་དེ་ལྟར་མ་རྟོགས་ན་རྒས་ནས་སྐྲ་དཀར་པོ་སྐྱེས་ཤིང་གདོང་ལ་གཉེར་མའི་ཚོགས་འདུས་ཀྱང་། ཆོས་སྒྲུབ་མི་ནུས་པའི་བྱིས་པ་ཤེད་མ་ཕྱེད་པར་ཁྱེའུ་དང་འདྲ་སྟེ་དེ་གཉིས་ཀ་ཆོས་མ་བསྒྲུབ་པ་ནི་འདྲ་ཞིང་ན་ཚོད་ནི་མི་འདྲ་བའི་རྒྱུ་མཚན། གཞོན་པའི་དུས་སུ་ནུས་ཀྱང་མ་བསྒྲུབ་རྒས་པའི་དུས་སུ་མོས་ཀྱང་མི་འགྲུབ་པའི་གནས་སྐབས་དེ་ལྟ་བུར་གྱུར་པས་ན། དོན་དེ་ལ་མཁས་པས་བལྟས་ན་ཁྲེལ་ཞིང་སྙིང་རེ་ཡང་རྗེའོ། །དེ་བས་ན་དམ་པའི་ཆོས་བཀའ་སྡེ་སྣོད་ཀྱི་གཞུང་ལས་བྱུང་བ་བཞིན་དུ་སྤྱད་པར་བྱའོ། །བུ་མོ་བདུན་གྱི་རྟོགས་བརྗོད་ལས། རྨི་ལམ་མིག་འཕྲུལ་ཆུ་ཟླ་ལྟ་བུ་རང་བཞིན་གྱིས། །གཡོ་བར་རྟོགས་ལ་ཇི་སྲིད་སྲོག་འདི་ལྷག་མ་དང་། །བཅས་ཤིང་ལུས་གཞོན་གྱུར་ཚེ་ཆགས་དང་ཉེར་བྲལ་བྱོས། །གཤིན་རྗེ་ཆུ་སྲིན་རྒ་བའི་ཁར་ནི་ཚུད་གྱུར་ཅིང་། །སྐྲ་དཀར་ཚོགས་ཀྱི་གཉེར་མས་སྤྱི་ནས་བཟུང་ནས་ནི། །སྲོག་མཐར་གྱུར་པའི་གནོད་པའི་ཚེར་མས་གནད་ཕིག་པ། །མཆི་མས་མིག་ཁེངས་གྱུར་ཚེ་དགེ་བ་ཇི་ལྟར་བྱ། །ཞེས་སོ། །འདིར་མི་རྟག་པ་དྲན་པ་ཡང་ཡང་གསུངས་པ་ནི། །ཆོས་མི་བསྒྲུབ་པ་ནི་ལེ་ལོའི་དབང་གིས་ཡིན་ལ་སྒྲུབ་པ་ནི་བརྩོན་འགྲུས་ལ་རག་ལས་པས། མི་རྟག་པ་དྲན་པ་ལེ་ལོའི་གཉེན་པོ་དང་བརྩོན་འགྲུས་ཀྱི་རྒྱུ་བྱེད་པ་ཡིན་པའི་ཕྱིར་རོ། །མདོ་ལས། བྲམ་ཟེ་ལ་སྦྱིན་པ་ཆེན་པོ་ཇི་ལྟར་བཏང་བ་བས། ཕྱི་རོལ་པའི་འདོད་པའི་ཆགས་བྲལ་བརྒྱ་ལ་སྦྱིན་པའི་བསོད་ནམས་ཆེས་མང་བར་བཤད་དེ། ཇི་སྐད་དུ། ཞིང་གི་སྐྱོན་ནི་རྩྭ་ཡིན་ལྟར། །སྐྱེ་རྒུ་རྣམས་ལ་འདོད་ཆགས་སྐྱོན། །དེ་བཞིན་ཆགས་པ་བྲལ་རྣམས་ལ། །ཕུལ་ན་བསོད་ནམས་ཆེན་པོ་འབྱུང་། །ཞེས་པས་སོ། །དེ་བས་ནི་རྒྱུན་ཞུགས་པ་དང་དེ་བས་འབྲས་གནས་སོགས་ནས་བསྒྲེས་ཏེ་དགྲ་བཅོམ་པ་ལ་ཕུལ་ན་བསོད་ནམས་ཆེས་མང་བ་དང་། དེ་བས་གཙུག་ལག་ཁང་སོགས་བྱེད་པ་དང་། དེ་བས་སྐྱབས་སུ་འགྲོ་བ་སོགས་དང་དེ་བས་མི་རྟག་པ་སྒོམ་པ་ཆེས་བསོད་ནམས་མང་བར་གསུངས་ན། དེ་བས་སྟོང་པ་ཉིད་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་ལྟ་ཅི་སྨོས། ཨཱརྱ་དེ་བས། སྦྱིན་པ་དམན་པ་ལ་གསུངས་ཤིང་། །འབྲིང་ལ་ཚུལ་ཁྲིམས་གསུངས་པ་སྟེ། །མཆོག་ལ་ཞི་བ་གསུངས་གྱུར་པ། །དེས་ན་རྟག་ཏུ་མཆོག་གོམས་བྱ། །ཞེས་གསུངས་པ་ལྟར་བྱའོ། །འདུལ་བ་ལས། ཆུ་སྙིང་མྱུར་པོས་སྡོང་པོ་ཁྱེར་བའི་དཔེས་ལམ་ལ་གེགས་མེད་པར་བསླབ་ན་རིམ་པར་རྣམ་མཁྱེན་གྱི་རྒྱ་མཚོར་འགྲོ་བ་ནི། བསྟན་པ་དམ་པའི་ཆོས་ཀྱི་ཆུ་བོ་ལ་ཞུགས་ཏེ། མི་རྟག་པ་དང་བརྩོན་འགྲུས་ཀྱི་རླུང་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་རླན་དང་བཅས་པ་བསྟན་པའི་ཆུ་སྙིང་འདུལ་ཁྲིམས་ལ་བརྟེན་ནས། སྡོང་པོ་དེ་སྐམ་ལ་མི་གནས་པ་ལྟར་མངོན་མཐོ་ལ་མི་སྨོན། ཆུ་གཏིང་དུ་མི་ལྷུང་བ་ལྟར་ངན་སོང་དུ་མི་འགྲོ། མིས་མ་བཟུང་བ་ལྟར་མི་དང་མི་འདྲེ། མི་མ་ཡིན་པས་མ་བཟུང་བ་ལྟར་ལྷ་དང་མི་འདྲེ། ཚུ་རོལ་དུ་མི་ལྟུང་བ་ལྟར་ནང་དབང་པོ་བསྡམས་ཤིང་ཕུང་པོ་ལ་མི་ཆགས། ཕ་རོལ་དུ་མི་ལྷུང་བ་ལྟར་ཕྱི་ཚོགས་དྲུག་ལ་མི་ཆགས། སྡོང་པོ་ནང་མི་འདྲུལ་བ་ལྟར་ཚུལ་ཁྲིམས་མི་ཉམས་པ་སྟེ། ཐར་པ་བསྒྲུབ་པར་བྱ་བ་ནི་དེ་ལྟ་བུ་དགོས་པར་གསུངས་སོ། །གཉིས་པ་ཆོས་ཉན་བཤད་བྱེད་པ་ལ་གདམས་པ་དགུ། ཐོས་པ་དགོས་ཀྱང་ཚིག་རྗེས་མི་འབྲང་བ་དང་། སྒྲུབ་པ་གཙོ་བོར་བསྟན་པ་དང་། སྟོང་ཉིད་བསྒོམ་ན་འབྲས་བུ་ཐོབ་པ་དང་། ཐོས་པ་གཉེན་པོར་མ་སོང་ཉོན་མོངས་པའི་གྲོགས་སུ་སོང་བ་དང་། དོན་ལ་དཔྱད་ན་སྙིང་པོ་མཐོང་བའི་དཔེ་དང་། རང་བློས་གང་ལྕོགས་སྒྲུབ་པ་དང་། ཐབས་ཤེས་མི་ལྡན་ཐེག་ཆེན་རློམ་པའི་དཔེ། ཐེག་ཆེན་མ་མོས་ཀྱང་སྐུར་འདེབས་སྤངས་ནས་གང་མོས་ལྟར་བྱེད་པ་དང་། གསང་སྔགས་ཁེ་ཉེན་ཆེ་བར་བསྟན་པའོ། །དང་པོ་ནི། སླད་མའི་སོགས།༥ སླད་མའི་དུས་ཆོས་ཉན་བཤད་མཛད་པ་རྣམས་ལ་ཞུ་བ་ནི་འདི་ལྟར། དམ་པའི་ཆོས་ཀྱི་གཞུང་ལས་ནི་བདག་ཅག་གི་སྐྱོན་ཡོན་ཐམས་ཅད་བཤད་པས་ཆོས་ཀྱིས་བདག་བཤད་ན། བདག་ཅག་གིས་ཆོས་མ་བཤད་པས་སྐྱོན་ཡོན་བླང་དོར་སོགས་ཅི་ཡང་མི་མཐོང་བའི་ཕྱིར། ད་ནི་བསྒྲུབ་བྱའི་དོན་རྟོགས་པར་བྱ་བའི་ཕྱིར་དང་པོ་ལུང་གི་ཆོས་མཉན་ཡང་དགོས་པས་སྐྱེས་བུ་དམ་པའི་ཞལ་ནས་གསུང་རབ་ཟབ་མོ་ཚུལ་བཞིན་དུ་ཐོས་པར་བྱའོ། །ཕར་ཕྱིན་བསྡུས་པ་ལས། ཐོས་མེད་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས། །དེ་མེད་དེས་ཀོ་ཅི་ཞིག་བསམ་པར་བྱ། །དེ་བས་ཐོས་ལ་བརྩོན་བྱ་དེའི་རྒྱུ་ལས། །བསམ་ཞིང་བསྒོམས་པས་ཤེས་རབ་ཡངས་པ་འབྱུང་། །ཞེས་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཐོས་པ་མང་པོ་ལ་མངོན་པར་མི་བརྩོན་པ་ནི་བདུད་སྡིག་ཅན་གྱི་བྱིན་གྱིས་བརླབས་པ་ཉིད་ཡིན་ནོ་ཞེས་བྱང་སེམས་སོ་ཐར་ལས་གསུངས། ལྷག་བསམ་བསྐུལ་བ་ལས། བྱང་སེམས་གང་དག་སྦྱོར་བ་མེད་ཅིང་བསམ་གཏན་མེད་ལ་སྤོང་བ་མེད་ཅིང་། འདོན་པ་མེད་པ་དང་མང་དུ་ཐོས་པ་མེད་པ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །ཞེས་སོ། །ཆོས་འཆད་པའི་སྣོད་ཀྱང་བཞི་བརྒྱ་པར། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། །ཅེས་དང་། སྐྱེ་བོ་གང་གང་ལ་དགའ་བ། །དེ་ནི་དེ་ཡིས་སྔར་བཤད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་སོ། །ཆོས་འཆད་པ་པོས་ཀྱང་ཚུལ་བཞིན་དུ་བཤད་དགོས་ཚུལ་མང་ཡང་། དཀོན་བརྩེགས་ལས། དག་ཅིང་ཟང་ཟིང་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་སྦྱིན་བྱེད་རྒྱལ་བས་རབ་ཏུ་བསྔགས། །ཞེས་སོ། །ཕན་ཡོན་མཐའ་ཡས་ཀྱང་དབང་ལུང་ལ་ཐོས་བསམ་བྱས་པས་མིག་ལྡན་གྱི་གཟུགས་མཐོང་བ་ལྟར་སྤང་བླང་ལ་མི་རྨོངས་ཤིང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་གསུམ་གྱིས་རྣམ་པར་གྲོལ་བ་ཐོབ་བོ། །མདོ་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་རྣམ་པར་གྲོལ་བ་ཐོབ། །ཅེས་སོ། །དེས་ན་དང་པོ་ཆོས་འཆད་ཉན་ཉམས་སུ་མྱོང་བ་ཅི་རིགས་པས་དོན་ལ་ངེས་པ་རྙེད་ནས། ཚིག་མང་པོ་ལ་བསླབ་མི་དགོས་ཏེ་ཚིག་གི་ཚོགས་ནི་མི་ཟད་པའི་ཕྱིར་ཉན་པ་ཁོ་ནས་ཤེས་བྱ་མཐར་ཕྱིན་པ་མེད་པས་ཐོས་པ་ལ་འབད་པ་ཙམ་གྱིས་ཚེ་འདའ་བར་འགྱུར་རོ། །གཉིས་པ་ནི། ཆོས་ཀྱང་སོགས།༦ ཆོས་ཀྱི་བརྡ་དང་ཐ་སྙད་མང་པོ་ཤེས་པ་དེས་ཀྱང་མི་ཆོག་པར་དོན་ཉམས་སུ་བླངས་ནས་སྒྲུབ་པ་གཅེས་ཏེ། དཔེར་ན་གཞན་ལས་ཐོས་པས་ལམ་གྱི་རྒྱུས་ཤེས་ཀྱང་དེར་ཆེད་དུ་མི་འགྲོ་ན་དེ་ཤེས་པས་ཅི་ཕན་ཏེ་དོན་ཐོག་ཏུ་མི་སླེབ་པའི་དེ་བཞིན་ནོ། །མཉན་བཤད་དགོས་པ་ནི་དོན་སྒྲུབ་པའི་ཐབས་བཙལ་བའི་ཕྱིར་ཡིན་ལ། དོན་མི་བསྒྲུབ་ན་ཉན་བཤད་ཙམ་ནི་སྒྲུབ་པ་ལ་ལྟོས་ན་དོན་ཆུང་ངུ་ལ་ཚིག་རེ་ཆད་དེ་ངལ་བ་ཙམ་མོ། །དཔེར་ན་བྲོ་མཁན་དང་སྒྲུང་མཁན་དག་གིས་བྲོ་སྒྲུང་འཆད་པ་བཞིན་དུ་ཐོས་པ་ཁོ་ན་ལྷུར་ལེན་པ་དེ་ནི་མི་ནག་ཆོས་ཀྱི་ལོ་རྒྱུས་མཁན་དང་འདྲ་བར་འགྱུར་རོ། །སྤྱིར་ཐོས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལུང་གི་བསྟན་པའི་གསོས་སུ་ཆེ་ཡང་། དེ་ཙམ་ལས་དོན་ཉམས་སུ་ལེན་པ་མེད་ན་སྒྲུབ་པའི་བསྟན་པ་ཉམས་པར་འགྱུར་བ་ལ་དགོངས་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་བསྟན་པའི་ཕྱོགས་གང་ཉམས་ན་དེ་ཉིད་མཆོག་ཏུ་བསྔགས་ཏེ་ཅིག་ཤོས་སྨད་པར་མཛད་དོ། །དཔེར་ན་སྦྱིན་པ་གཙིགས་སུ་བཟུང་ནས་ཚུལ་ཁྲིམས་གལ་ཆུང་བྱེད་པ་ལ་ཚུལ་ཁྲིམས་མཆོག་ཏུ་བསྔགས་ཏེ་ཅིག་ཤོས་སྨད་པར་མཛད་པ་ལྟ་བུའོ། །ཀུན་རྫོབ་ཚིག་གི་དོན་མང་པོ་ལ་ངལ་བ་ཁོ་ནས་ཉོན་མོངས་པ་སྤོང་མི་ནུས་ཏེ། ཟླ་བའི་སྙིང་པོའི་མདོ་ལས། དཔེར་ན་མེ་སྟག་གང་གིས་ཀྱང་ཀྱང་། །རྒྱ་མཚོ་ཆེན་པོ་སྐེམ་མི་ནུས། །དེ་བཞིན་ཀུན་རྫོབ་བདེན་པས་ཀྱང་། །རང་གི་ཉོན་མོངས་སྐེམ་མི་ནུས། །སེམས་ཅན་གཞན་ལྟ་སྨོས་ཅི་དགོས། །ཞེས་སོ། །གསུམ་པ་ནི། སྒྲུབ་ཐབས་སོགས།༥ སྒྲུབ་ཐབས་ཐམས་ཅད་ཀྱི་སྙིང་པོ་མཆོག་ནི་སྟོང་པ་ཉིད་སྒོམ་པ་ཡིན་ལ། སྟོང་པ་ཉིད་བསྒོམས་པས་གོ་འཕང་མཆོག་ཐོབ་པར་མཐོང་ན། ཐོས་པ་མང་པོའི་ཚིག་ལ་མཁས་པ་ནི་ནེ་ཙོ་མི་སྐད་ཤེས་པས་གཞན་གྱི་ངག་རྗེས་ཟློས་མཁས་པ་དང་འདྲའོ། །ཐོས་པ་ཉུང་ངུ་ལ་བསྟེན་ནས་བསྒྲུབས་པས་ན་འཕགས་པ་ལམ་ཕྲན་བརྟན་ལྟ་བུ་ཡིན་པས་འབྲས་བུ་བདེ་བླག་ཏུ་ཐོབ་བོ། །འདིའི་སྔོན་བྱུང་ནི་གནས་བརྟེན་ལམ་ཆུང་བ་དེས་དང་པོ་བྲམ་ཟེའི་ཆོས་ཀློག་པ་ལ་སིད་རྗོད་ཚེ་དྷཾ་བརྗོད། ༀ་བྷཱུ་རྗོད་ཚེའང་དེ་བཞིན་དུ་གྱུར་པས་དེ་དག་གིས་བསྐྲད་དོ། །ཕྱིས་ལམ་ཆེན་པས་རབ་ཏུ་བྱུང་ལ། ལུས་ངག་ཡིད་ཀྱིས་སྡིག་པ་མི་བྱ་ཞིང་། །འཇིག་རྟེན་ཀུན་ལ་ཡོངས་འཛིན་འདོད་བྲལ་བ། །དྲན་དང་ལྡན་ཞིང་ཤེས་བཞིན་ཅན་གྱིས་ནི། །གནོད་ལྡན་སྡུག་བསྒྲལ་གང་ཡིན་བསྟེན་མི་བྱ། །ཞེས་གསུངས་པ་དེ་ཟླ་བ་གསུམ་དུ་མ་ལོབ་པར་རྫིའུ་ལ་སོགས་པས་ཀྱང་ཤེས་ནས་དེ་དག་གིས་དེ་ལ་བསྟན་ཏོ། །ཕྱིས་སྟོན་པས་དེ་ལ་དགེ་འདུན་གྱི་མཆིལ་ལྷྭམ་ཕྱི་བ་དང་ཕྱག་དར་བྱེད་བཅུག་པ་མཛད་པས་སྒྲིབ་པ་སྦྱངས་ནས་དགྲ་བཅོམ་ཐོབ། དེའི་ཚེ་དགེ་སློང་མ་རྣམས་ཀྱི་སྟོན་པར་བསྐོ་བ་རིས་སུ་བབས་པ་ན་འཕགས་པ་ལམ་ཆུང་བ་བྱོན་ཏེ། སྔར་གྱི་ཚིགས་བཅད་དེ་ཞག་བདུན་གྱི་བར་དུ་ཚིག་དང་ཡི་གེ་གཞན་གྱིས་ཕྱེས་ནས་བསྟན་པས། ཚིགས་བཅད་ཕྱེད་ཀྱི་དོན་ ཁྲོལ་བ་དང་འཁོར་ཁྲི་ཉིས་སྟོང་གིས་བདེན་པ་མཐོང་ཞིང་། འབྲས་བུ ་བཞི་ལ་བཀོད་དེ་སོ་སོའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྟོན་པས་དེ་གདམས་ངག་ཕྲན་བུས་འབྲས་བུ་ཆེན་པོ་ལ་བཞག་པའང་སྔོན་སྟོན་པ་ཉིད་ཚོང་དཔོན་གྱི་སྐྱེ་བ་བཞེས་ཚེ། ལམ་པ་དེ་ཚོང་བའི་བུ་དབུལ་པོར་གྱུར་པ་ལ་བྱི་བའི་རོའི་ཐབས་བསྟན་པས་དེས་ཕྱི་རོལ་དེར་ཚོང་པ་ཞིག་གི་བྱི་ལ་བཏགས་པ་ལ་བྱིན་པ་དེས་སྲན་མ་སྤར་གང་ཁུག །དེ་ཤིང་ཐུ་བ་རྣམས་ངལ་བསོ་བཅུག་ནས་བྱིན་དེ་དག་གིས་དེ་ལ་ཤིང་ཤར་རེ་བྱིན་པས་ཁུར་དུ་ལོངས་པ་བཙོང་བའི་མཐར་དབྱིག་ཚོང་བ འི་སོང་ཚེ་དེད་དཔོན་བྱི་དབྱིག་པའོ། །སྔོན་རྒྱལ་བ་འོད་སྲུང་གི་དུས་དགེ་སློང་སྡེ་སྣོད་གསུམ་པར་གྱུར་པ་ན་ཆོས་ལ་སེར་སྣ་བྱས་ཏེ་ཚིག་གཅིག་ཀྱང་མ་བསྟན་པས་རྟུལ་པོར་གྱུར། ཡང་ཕག་ཚོང་བར་གྱུར་ཚེ་ཕག་མང་པོ་བསྲེག་ནས་གྲུར་བཅུག་དེ་སྐལ་བས་གྲུ་རྡིབ་ནས་ཆུས་ཁྱེར། ཆུའི་ཕར་འགྲམ་ན་རང་སངས་རྒྱས་ཤིག་བཞུགས་པས་བླངས་ནས་བྱེ་མ་ལ་སྦུབ་སྟེ་བཞག །ཡར་སོས་ཚེ་བལྟས་པའི་མི་རྗེས་རིག་ནས་སོང་པས་རང་སངས་རྒྱས་དེ་མཇལ། དེ་ལ་ལོ་མ་དང་སོ་ཤིང་འབྲས་བུ་སོགས་ཕུལ། དེས་ལྷུང་བཟེད་ཀྱི་ལྷག་མ་བྱིན། དེ་བསམ་གཏན་བྱེད་པ་ལ་བལྟས་ཏེ་ཁོ་རང་ཡང་མཐའ་གཅིག་ཏུ་སོང་ནས། མཉམ་བཞག་བྱས་པས་ཆོས་ཉིད་ཀྱིས་འདུ་ཤེས་མེད་པའི་སྙོམས་འཇུག་གྲུབ་ནས་དེར་བསྐལ་པ་གྲངས་མེད་དུ་སྐྱེས་པ་དེ་དང་། ཆོས་ལ་སེར་སྣ་བྱས་པ་དང་ཕག་བཙོང་བའི་སྒྲིབ་པས་ཤེས་པ་བུལ་བའོ། །དེ་སྔོན་ཐོས་པའི་རྒྱུའི་སྟོབས་ཅན་དང་འཕྲལ་རྐྱེན་སངས་རྒྱས་ཀྱི་མཐུ་ཡིན་ཡང་། དེ་འདྲ་མིན་པར་དབང་པོ་རྣོན་པོ་ཡོངས་འཛིན་དམ་པའི་གདམས་ངག་གིས་སྒྲུབ་པ་ལ་བརྩོན་ན་ཐོས་པ་ཆུང་ཡང་འབྲས་བུ་ཐོབ་པ་སྲིད་དོ། འདུལ་བ་ལས། གདམས་ངག་མེད་པར་བསམ་གཏན་བྱེད་ན་འགལ་ཚབ་ཅན་དུ་འགྱུར་རོ། །ཞེས་གསུངས་པ་ཡང་ལམ་པའི་སྔོན་བྱུང་ལྟ་བུའོ། །ཐོས་དོན་མ་བསྒྲུབ་ན་གསུང་རབ་རྒྱ་མཚོ་ལྟ་བུ་ཐུགས་སུ་ཆུད་པ་འཕགས་པ་ཀུན་དགའ་བོས་ཀྱང་རེ་ཞིག་འབྲས་བུ་མ་ཐོབ་པ་བཞིན་ནོ། །འདི་ཡང་སྟོན་པའི་ཉེ་གནས་ཞབས་འབྲིང་བ་ཡིན་པས་བསྒྲུབ་ལོང་མེད་པ་ལ་ཕྱིས་བཀའ་བསྡུ་བའི་ཚེ་འོད་སྲུངས་ཆེན་པོའི་བཀས་སྤྱོ་བས་བྲེ་ཛའི་ཡུལ་དུ་བྱོན། བྲི་ཛའི་བུ་རྣམས་རབ་ཏུ་བྱུང་བ་དགྲ་བཅོམ་ཐོབ་པས་སློབ་དཔོན་ཉིད་སློབ་པ་ལམ་ཞུགས་ཡིན་པར་ཤེས་ནས་བསྐུལ་ཏེ་དགྲ་བཅོམ་ཐོབ་པར་མཛད་དོ། །འདིའང་དཔེར་འོས་ཏེ་མ་བསྒྲུབ་ན་འཕགས་པ་ཀུན་དགའ་བོ་ལྟ་བུས་ཀྱང་འབྲས་བུ་མི་ཐོབ་པའི་ཕྱིར་རོ། །བཞི་པ་ནི། ཤེས་ཙམ་སོགས།༡༥ གཞན་ཡང་ཤེས་བྱ་ཅི་ཙམ་ཤེས་ཀྱང་རང་རྒྱུད་ལ་ཕན་པ་མེད་ན་སྒྲུབ་པའི་བར་ཆད་དུ་འགྱུར་བ་གསུང་རབ་ཀྱི་གཞུང་ལས་འདི་སྐད་འབྱུང་སྟེ། གལ་ཏེ་མང་དུ་ཐོས་པ་དེས་རྒྱགས་ཤིང་ཞེས་ངར་འཛིན་ལ་བསྟེན་ནས་ཐོས་པ་མང་པོའི་ཡོན་ཏན་དེས་རང་གི་སེམས་ཁེངས་པ་དང་། ཐོས་པས་རྒྱགས་ཤིང་སྟེ་རྒྱགས་པར་མ་ཟད་ང་རྒྱལ་ཏེ་གཞན་བརྙས་ཤིང་ཚར་གཅོད་ཅིང་ཐོས་པས་ཉེས་ལྟུང་འདག་གོ་སྙམ་ནས་ཚུལ་ཁྲིམས་མི་བསྲུང་ན། དགེ་སྦྱོང་གི་ཆོས་དང་མི་ལྡན་པ་སོགས་ཀྱིས་ཚུལ་ཁྲིམས་འཆལ་བའི་དབང་གིས་ངན་འགྲོ་དེར་འགྲོ་སྟེ། དེའི་ཚེ་ཐོས་པ་མང་པོས་དེ་ལ་སྐྱོབ་པར་བྱེད་མི་ནུས་ཏེ། ཆོས་ལ་བསྟེན་པའི་ང་རྒྱལ་དང་ཁྲོ་བའི་ལས་ཚན་ཆེ་བས་སོ། །རྩ་ཚིག་མདོ་ལྟར་ལ། ལྷག་བསམ་བསྐུལ་བ་ལས། ཐོས་པས་རྒྱགས་ནས་གུས་པར་མི་འགྱུར་ཏེ། །རྣམ་པར་འགྱེད་པའི་སྨྲ་བ་རྣམས་ལ་ཆགས། །བརྗེད་པར་འགྱུར་ཞིང་ཤེས་བཞིན་མེད་པར་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། །ཞེས་དང་། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། ཆོས་ཀྱི་རང་བཞིན་ཡོངས་སུ་མི་ཤེས་ན། །ཚིག་གི་དམ་པས་བྱང་ཆུབ་འཚང་མི་རྒྱ། །ཞེས་སོ། །དེས་ན་དཀོན་བརྩེགས་ལས། ཚུལ་ཁྲིམས་ལྡན་དང་མང་དུ་ཐོས་གྱིས་ལ། །དམ་པའི་དོན་གྱི་མུ་གཅིག་ཤེས་པར་མཛོད། །ཅེས་གསུངས་ལ་ལྟར་བྱའོ། །གཞན་ཡང་ཆོས་ཤེས་པས་ང་རྒྱལ་དང་དྲེགས་པའི་དབང་གིས་དམྱལ་བར་སྐྱེས་ནས་ཕྲ་མེན་བྱ་དང་དྲེགས་པ་བརྒྱད་དུ་སྐྱེ་སྟེ། གང་ཞེ་ན་ཨ་བ་གླང་མགོ། ཡཀྴ་ཕག་མགོ། གདུག་པ་སྦྲུལ་མགོ། གཏུམ་པ་དོམ་མགོ། རུས་རིགས་དམིགས་བུའི་མགོ། གཟུགས་ངན་སྦལ་བའི་མགོ། འཕྱར་བྱེད་བྱའི་མགོ། འཁྲེན་བྱེད་ཁྱིའི་མགོ་ཅན་ཏེ་བརྒྱད་དོ། །དེ་དག་རང་རང་གི་ངོ་བོའི་སྒོ་ནས་མིང་བཏགས་པ་ལ་རུས་རིགས་ཅེས་པ་སྲོག་ཆགས་ཀྱི་རིགས་ལས་རུས་རིགས་དམིགས་བུ་ཡིན་པའམ་ཡང་ན་སྨིག་བུ་ཞེས་པའང་ཡོད་ཅིང་མིང་གཞན་བྱེ་མའི་མྱུ་གུ་དང་བྱེ་ཁྱུག་ཀྱང་ཟེར། ཆུ་ཆེན་གྱི་འགྲམ་བྱེ་མའི་ནང་གནས་བཅས་ནས་འདུག་པས་སྦལ་ཆུང་མཇུག་མ་རིང་པོ་མྱུར་མགྱོགས་ཅན་ཞིག་ཡོད་པར་བཤད། མདོ་ལས། མང་དུ་ཐོས་པའི་གང་ཟག་ནི་རིའམ་རྒྱ་མཚོ་ལྟར་ང་རྒྱལ་ཆེའོ། །དེ་ལྟར་ང་རྒྱལ་ཆེ་བ་ནི་ངན་སོང་དུ་བསྐལ་པ་གྲངས་མེད་པར་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ལས་ཐར་ན་ཡང་འདབ་ཆགས་བྱ་ཞིག་ཏུ་སྐྱེ་བར་འགྱུར་བ་ལ་སོགས་པ་མང་དུ་གསུངས། བདག་ཅག་སྟོན་པ་འདི་ཉིད་སྔོན་བསྐལ་པ་དཔག་མེད་ཀྱི་དུས་སུ་དགེ་སློང་ཆོས་ཞེས་བྱ་བ་མཁས་པ་ང་རྒྱལ་ཅན་དུ་གྱུར་ཚེ། དགེ་སློང་ཡོན་ཏན་ཅན་ཞིག་ལ་འདིས་ཆོས་མི་ཤེས་ཀྱི་ཞེས་སོགས་ཀྱིས་སྐུར་བ་བཏབ་པས་བསྐལ་པ་དུ་མར་ལྕེ་ལ་ཞིང་རྨོ་བའི་དམྱལ་བར་སྐྱེས། ཚེ་རབས་དུ་མར་དུད་འགྲོ་ལྕེ་མེད་པ་སོགས་དང་། མི་ལྕེ་མེད་པ་ལྐུགས་པ་སོགས་སུ་སྐྱེས་བྱང་ཆུབ་ཀྱི་སེམས་བརྗེད། སངས་རྒྱས་པའི་ཚེ་བདུད་ཀྱི་བར་ཆད་དང་རྩྭ་མིས་སྐུར་བ་འདེབས་པའང་དེའི་ལྷག་མ་ཡིན་གསུངས། དེ་བཞིན་དུ་སྔོན་ཝཱ་རཱ་ཎ་སཱིར་ནགས་སུ་མ་ཧེ་ལྔ་བརྒྱའི་ཁྱུ་དཔོན་གཏུམ་པོ་མ་རུང་བ་ཞིག །སྟོན་པའི་ཐོག་ཏུ་རྔ་མ་གདེངས་ཏེ་བརྒྱུག་པ་སྟོན་པས་བཏུལ་ནས་ལྷར་སྐྱེས། དེ་ཡང་སྔོན་སངས་རྒྱས་འོད་སྲུང་དུས་སུ་དགེ་སློང་སྡེ་སྣོད་འཛིན་པ་མཁས་པས་སྙེམས་ཏེ་རྩོད་པས་གཞན་ཚར་བཅད་དེ་ནགས་ཀྱི་མ་ཧེ་འདྲ་བ་ཁྱེད་ཅི་ཤེས་ཞེས་སྨྲས་པ་དང་། ལྔ་བརྒྱ་པོ་ཡང་དེ་དུས་དེའི་འཁོར་ལྔ་བརྒྱའོ། །ཐོས་པས་རྒྱགས་ནས་ཚུལ་ཁྲིམས་ཉམས་ན་དེ་ལྟ་བུ་དང་། ཐོས་པ་ཤེས་པས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་ལྡན་པ་ཡང་ཀླུའི་འཁོར་དུ་སྐྱེ་བ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་གསུངས། བྱང་ཆུབ་ཀྱི་སེམས་བརྗེད་པ་ལའང་ང་རྒྱལ་དང་རྒྱགས་པ་འདི་ངན་ཏེ། སྔོན་སངས་རྒྱས་འཁོར་བ་འཇིག་གི་དུས་སུ་བྲམ་ཟེ་ནོར་བཟང་ཞེས་བྱང་ཆུབ་སེམས་དཔའ་མཁས་པ་ང་རྒྱལ་གྱིས་རྩོད་པ་ལ་དགའ་བ་ཞིག་བྱང་ཆུབ་ཀྱི་སེམས་ཚེ་རབས་མང་པོར་བརྗེད་ཀྱང་སྔོན་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ནམ་ཡང་ངན་སོང་དུ་མ་སྐྱེས་གསུངས། གཞན་ཡང་ཆོས་ཤེས་ནས་མ་བསྒྲུབ་ན་ཐེག་པ་ཆེན་པོའི་མདོ་རྣམས་ལས་འདི་ལྟར་གསུངས་ཏེ། སྡོང་བཀོད་ལས། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ཀླུང་གིས།་།སྟོབས་མེད་ནན་གྱིས་ཁྱེར་བ་དག །སྐོམ་ནས་ཤི་བར་གྱུར་པ་བཞིན། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་མཉེན་པ་མཁས་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །རང་ཉིད་དེ་ན་འཆི་བ་ལྟར། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་འོན་པ་རོལ་མོ་མཁན། །གཞན་དག་དེ་ཡིས་དགའ་བྱེད་ཀྱང་། །རང་ཉིད་ཀྱིས་ནི་མི་ཐོས་ལྟར། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །ཞེས་སོ། །དེ་བཞིན་དུ་སྐྱེ་བོ་སྐོམ་གྱིས་གདུང་བས་ཆུ་མཐོང་བ་དང་ཐོས་པས་སྐོམ་མི་སེལ་བ་ལྟར། ཆོས་ཉམས་སུ་མ་བླངས་ན་ཐོས་པ་ཙམ་གྱིས་ལས་ཉོན་གྱིས་གདུང་བ་མི་སེལ་བར་གསུངས། གཙུག་ཏོར་ཆེན་པོའི་མདོ་ལས། མཐའ་ཡས་འཛིན་པར་ཡིད་གཞུངས་ཀྱང་། །ལྡོག་པར་བསམ་པས་མཐའ་མར་ལྷུང་། །རྗེས་སུ་འཁོར་བ་མ་ཡིན་ནམ། །ཞེས་སོ། །སྐྱེ་བོ་གང་ཞིག་གཞན་ལ་སྦྱིན་པ་ཆེན་པོ་བཏང་ནས་བདག་ཉིད་ལྟོག་གྲིར་ཤི་བ་ལྟར་གཞན་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་བཏང་ནས་རང་ཉིད་ཐ་མལ་དུ་འཆི་བ་དང་། མི་བཀྲེས་པས་ཉེན་པ་ཞིག་གཞན་གྱི་ཁ་ཟས་གཡོས་མཁན་དུ་གྱུར་ཀྱང་རང་ལ་མི་ཕན་པ་ལྟར། གཞན་ལ་གདམས་ངག་གིས་བླང་དོར་ལེགས་པར་བསྟན་ནས་ཚིམ་པར་བྱས་ཏེ་རང་རྒྱུད་ཕོངས་ཤིང་དབུལ་བ་དང་། ནད་པ་རྣམས་ཀྱིས་སྨན་གཏོང་མི་ནུས་ཤིང་མི་ཤེས་པས་ཕན་ཚུན་སློབ་པ་བཞིན། རང་ཉིད་ཆོས་ཀྱི་སྨན་མ་བཏུང་བས་ལས་ཉོན་གྱི་ནད་ལས་མ་གྲོལ་བཞིན། འགྲོ་བ་ལས་ཉོན་གྱི་ནད་པ་གཞན་ལས་དམ་པའི་ཆོས་ཀྱི་སྨན་བསྟན་པས་གྲོལ་ཐབས་བཤད་པ་སྟེ། མཛེ་ནད་ཅན་གྱིས་མཛེ་ནད་ཅན་ལ་བྱ་ཁྱུང་གི་རིག་སྔགས་སྟོན་པའི་དཔེ་ལྟར་རོ། །ཏིང་འཛིན་རྒྱལ་པོ་ལས། ང་ཡིས་རབ་ཏུ་བཟང་བའི་ཆོས་བཤད་ལ། །ཁྱོད་ཀྱིས་ཐོས་ནས་ཚུལ་བཞིན་མ་བསྒྲུབ་ན། །ནད་པ་སྨན་གྱི་རྐྱལ་བ་ཐོགས་ན་ཡང་། །རང་གི་ནད་ནི་གསོ་བར་མི་ནུས་བཞིན། །ཞེས་དང་། དཀོན་བརྩེགས་ལས། མ་རྒལ་བས་ནི་བསྒྲལ་མི་ནུས། །མ་གྲོལ་བས་ནི་སྒྲོལ་མི་ནུས། །ལོང་བས་ལམ་ཡང་སྟོན་མི་ནུས། །གྲོལ་བས་སྒྲོལ་བར་བྱེད་པ་ནུས། །མིག་ལྡན་ལོང་ལ་ལམ་སྟོན་ནུས། །ཞེས་སོ། །གླ་མི་ཁོལ་པོ་རྣམ་གཞན་གྱི་ནོར་བགྲངས་ཤིང་དེ་ལ་ཕན་པ་སྒྲུབ་པ་ཙམ་ལས་རང་ལ་ཅི་ཡང་མི་བདོག་པ་ལྟར། རང་ལ་སྤང་རྟོགས་ཀྱི་ཡོན་ཏན་སྣ་གཅིག་མེད་པར་གཞན་ལ་སྒྲུབ་ཐབས་ཀྱི་རྣམ་གྲངས་དུ་སློབ་པ་དང་། གཞན་ཡང་འདི་སྐད་དུ། རང་གི་ཉམས་སུ་མི་ལེན་པའི། །དམ་ཆོས་ཟབ་རྒྱས་ཀུན་བཙལ་ཡང་། །ཡུག་ས་མོ་ཡི་མདའ་གཞུ་བཞིན། །འཚོ་རྫི་དཀའ་ལ་ཡས་མི་ནུས། །ཞེས་སོ། །གཞན་ཡང་ཟང་ཟིང་སོགས་ཀྱི་ཁེ་དང་གྲགས་པའི་ཕྱིར་གཞན་ལ་ཆོས་འཆད་པ་ནི་རིན་པོ་ཆེ་རྙེད་ཀྱང་དེས་དོན་མི་བསྒྲུབ་པར་སློང་མོ་བྱེད་པའི་སྤྲང་པོ་དང་འདྲ་ཞེས་གསུངས། འདིར་དམ་པའི་ཆོས་རིན་པོ་ཆེ་གང་ཞིག་རྙེད་ན་འཕྲལ་ཕུག་གི་དབུལ་བ་སེལ་བ་ཉིད་ཚེ་འདིའི་ཁེ་གྲགས་ཙམ་གྱི་ཆེད་དུ་བཙོང་བའི་དོན་ཏེ། སྔོན་རྒྱལ་པོ་ཀྲི་ཀྲིའི་བུ་མོ་གསེར་ཕྲེང་ཅན་གྱི་རྨི་ལམ་ལྟར་རོ། །དེས་ན་བསམ་སྦྱོར་དག་པས་ཆོས་འཆད་ཉན་བྱེད་ཚུལ་འོད་སྲུང་གི་ལེའུ་ལས། ཆོས་སྨྲ་བ་ལ་གུས་དང་བཅས་པ་ཡིན། །ཟང་ཟིང་མེད་ཅིང་རྙེད་དང་བཀུར་སྟི་ལ། །རེ་བ་མེད་ཅིང་ཚིག་བཅད་མི་སེམས་པར། །ཇི་ལྟར་ཐོས་པས་ཆོས་རྣམས་གཞན་ལ་སྟོན། །ཞེས་དང་། ཆོས་སྦྱིན་ཉོན་མོངས་མེད་སེམས་ཀྱིས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་སོ། །ལྔ་པ་ནི། དེ་ཕྱིར་དོན་ལ་སོགས།༡༡ རྒྱུ་མཚན་དེའི་ཕྱིར་ཐོས་པའི་སྙིང་པོ་དོན་ལ་སྤྱོད་པར་བྱེད་ཅིང་ཚིག་ལ་སྤྱོད་པའི་ཕྱིར་མིན་ལ། ཚིག་གི་དོན་སྟོན་བྱེད་ཡིན་གྱི་དོན་དངོས་ནི་མིན་ཞིང་དོན་དངོས་ནི་འདི་ཡིན་ཏེ། དོན་ནི་གསེར་དང་འདྲ་ལ་ཚིག་ནི་གསེར་འཚོལ་བྱེད་ཀྱི་སྒྲོན་མེ་དང་འདྲ་བས་གསེར་རྙེད་ནས་ནི་སྒྲོན་མེ་དེས་ཅི་ཞིག་བྱ། གསེར་ལྟ་བུའི་དོན་ལ་དཔྱད་ཅིང་བསམ་ནས་ཉམས་སུ་མྱོང་བར་བྱས་ན་གནས་ལུགས་དོན་སྤྱི་མྱོང་བ་ནས། མཐར་རང་རིག་མངོན་སུམ་སྐྱེས་ནས་དོན་དངོས་མྱོང་བར་འགྱུར་རོ། །ལྷག་བསམ་བསྐུལ་བ་ལས། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤོང་སྟེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་སོ། །དེ་ལ་ཤུན་པ་ལྟ་བུ་ནི་ཚིག་རྗེས་འབྲང་བའི་གོ་བ་དང་རོ་མྱོང་བ་ལྟ་བུ་ནི་སེམས་བསྐྱེད་སོགས་མཚན་ཉིད་པའོ། །གཙུག་ཏོར་ཆེན་པོའི་མདོ་ལས། རྡུལ་སྙེད་ཀྱི་བསྐལ་བར་དམ་པའི་ཆོས་ཀྱི་མདོ་སྡེ་ཀློག་ཅིང་ཁ་ཏོན་བྱེད་པ་བས། ཉིན་གཅིག་གམ་མཚན་གཅིག་ཟག་པ་མེད་པའི་ཤེས་རབ་བསྒོམ་ན་བསོད་ནམས་དཔག་ཏུ་མེད་པར་ཆེའོ། །དེ་ཅིའི་ཞེ་ན་སྐྱེ་ཤི་ལས་རིང་དུ་གྱུར་པའི་ཕྱིར་རོ། །ཞེས་སོ། །ཚིག་གི་ཉན་བཤད་བསྐལ་བའི་བར་དུ་བྱས་ཀྱང་དེ་ལས་ནི་སེམས་བྱུང་གི་ཤེས་རབ་ཙམ་ལས་རང་རིག་པའི་ཡེ་ཤེས་མྱོང་བ་ནི་མེད་དེ། རྟོག་དཔྱོད་ཀྱི་གྲུབ་མཐའ་ཆོས་ཉིད་དུ་ཞི་བའི་དགོས་པ་ལ་མ་རེག་བར་དུ། རྟོག་གེའི་རིགས་པ་རྣོན་པོ་ཅན་དུ་མས་ཁེ་རྔམ་ཕྱེད་པ་ནི་གང་ཟག་ཕལ་ལ་ཆགས་སྡང་སོགས་ཉོན་མོངས་འཕེལ་བའི་གྲོགས་སུ་འགྱུར་ཏེ། གུ་རུ་སངས་རྒྱས་གཉིས་པས། ཆོས་བཤད་ཕལ་གྱིས་དུག་ལྔ་སྤེལ། །སྒོམ་ཆེན་བཤད་པའི་སྒྲ་ལ་གཡེང་། །བཤད་གྲྭ་སྐྱེ་བོའི་གཤག་འདྲིས་དུས། །སྙིང་པོའི་བསྟན་པ་རླུང་ལ་སྐུར། །ཞེས་གསུངས། དེས་ན་འཕགས་པ་ལྷའི་གཞུང་ལས་འབྱུང་བ་ལྟར་བྱ་སྟེ། ཅུང་ཟད་མཐོང་ན་བཟང་འགྲོ་སྟེ། །ཡང་དག་མཐོང་ན་གནས་མཆོག་ལ། །དེ་ཕྱིར་ནང་བདག་བསམ་པ་ལ། །མཁས་རྣམས་རྟག་ཏུ་དགའ་བ་བསྐྱེད། །ཅེས་སོ། །དེའི་ཕྱིར་ནང་དོན་སྙིང་པོ་ལ་མཁས་ན་མཁས་པ་དངོས་གནས་ཡིན་ལ། དོན་སྒྲུབ་པ་མེད་པར་ཚིག་མང་པོ་ལ་མཁས་ན་མཁས་པ་མིན་ཏེ། ཤེར་ཕྱིན་ལས། ཆོས་ཀྱི་དབྱིངས་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཡང་ཤེས་པ་ཡིན་ནོ་གསུངས་པས། དོན་ལ་མཁས་པ་ནི་ཐོས་པའི་མཆོག་ཡིན་ཞིང་། སྒྲ་ཕྱིར་འབྲང་ན་རྣམ་པར་མི་རྟོག་པའི་བར་ཆད་དུ་འགྱུར་བར་གསུངས་སོ། །དེའི་ཕྱིར་ཕྱི་དང་ནང་གིས་བསྡུས་པའི་དངོས་པོ་རྣམས་ལན་ཅིག་མ་ཡིན་པར་ཡང་ཡང་གཞིག་ཅིང་དཔྱོད་དང་། དཔྱད་སྟོབས་ཀྱིས་དྲང་བའི་གནས་ལུགས་ལ་ངེས་པ་ཕུ་ཐག་ཆོད་པ་མི་སྐྱེ་མི་སྲིད་ལ། འོན་ཀྱང་ཁ་ཕྱིར་བལྟས་ཀྱི་ཐོས་པའི་ཚིག་གི་གོ་ཡུལ་དཔེ་ཐོག་ཏུ་འཆེལ་བ་མིན་པར་ནང་བློ་གཏིང་རང་རིག་པའི་རྣལ་འབྱོར་དང་རོ་གཅིག་འབྱུང་བའོ། །དེའི་ཚེ་ཤེས་བྱ་ཕྱིའི་གནས་ལུགས་དཔེ་སོགས་ཀྱིས་དོན་སྤྱི་ངོ་སྤྲོད་པ་ལྟར་མ་ཡིན་པར། མན་ངག་པས་ནང་རང་རིག་མངོན་སུམ་དུ་ངོ་སྤྲད་པས་ཚེགས་མེད་པར་དབྱིངས་རིག་ལྷུན་གྲུབ་ཏུ་འབྱུང་བ་ལྟར་རོ། །དཀོན་མཆོག་བརྩེགས་པར་ལྷའི་བུས་ཞུས་པ་ལས། བདེར་གཤེགས་བསྟན་ལ་དད་པ་རྙེད་གྱུར་པའི། །མཁས་པ་རྣམས་ཀྱིས་རིག་པའི་རྣལ་འབྱོར་སྤྱོད། །སྒྲ་ལ་འཆེལ་ཞིང་འདུག་པར་མ་བྱེད་པར། །ཆོས་ཐོབ་གྱུར་ནས་རྟག་ཏུ་ནན་ཏན་གྱིས། །ཞེས་སོ། །དེ་ལྟར་ལུང་དང་རིགས་པ་དུ་མས་གཏན་ལ་ཕབ་པའི་དོན་མྱུར་དུ་རྟོགས་པ་ལ་བླ་མའི་མན་ངག་ལ་བསྟེན་དགོས་པ་མདོ་རྒྱུད་ཡོངས་ལ་གྲགས་པ་དང་། དོ་ཧ་མཛོད་ལས། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུང་སེལ་བདུད་རྩི་ངོམས་པར་མི་འཐུང་བས། །དེ་ནི་བསྟན་བཅོས་དོན་མེད་མྱ་ངན་གྱི། །ཐང་ལ་སྐོམ་པས་གདུང་སྟེ་ཤི་བར་ཟད། །ཅེས་སོ། །འདིར་རང་རིག་ཅེས་བྱ་བ་བེམ་པོ་མིན་པའི་དོན་དང་རྣལ་འབྱོར་པ་རང་ལ་མངོན་སུམ་གྱུར་པས་སོ། །འདི་ཚད་མ་གཞན་གྱིས་སྒྲུབ་ཏུའང་མེད་ཅིང་ཚད་མ་གཞན་གྱིས་གནོད་པའང་མེད་པར་འདོད། ཀུན་གཞིའི་རྣམ་ཤེས་གསལ་རིག་དང་གཅིག་གམ་སྙམ་ན། གཅིག་ཀྱང་ཆོག་སྟེ་གློ་བུར་གྱི་དྲི་མ་དང་བཅས་པའི་ཀུན་གཞི་དང་། ངོ་བོ་རྣམ་པར་དག་པ་ཆོས་སྐུ་ཞེས་ལྡོག་པས་ཕྱེའོ། །འོན་ཀྱང་རྣམ་རིག་པའི་རང་རིག་ལ་གྲུབ་མཐའི་བློ་སྐྱོན་ཡོད་འདིར་རང་བཞིན་མེད་པར་འདོད་པའི་ཁྱད་པར་རོ། །སེམས་དང་སེམས་ཉིད་གཉིས་ལས་འདི་ནི་སེམས་ཉིད་དེ་རྣམ་པར་མི་རྟོག་ཅིང་རང་ངོ་མི་རྨོངས་པ་དང་སེམས་ནི་ཡུལ་ལ་རྟོག་ཅིང་རྨོངས་པའོ། །རང་རིག་ཡུལ་ལ་མི་འཕྲོ་ཞིང་དོན་གྱི་རྣམ་པ་མྱོང་བ་རང་རིག་ལ་ཐུག་ཀྱང་རང་རིག་དོན་གྱིས་བསླང་པ་མེད་དོ། །ཟླ་བས་ཀྱང་། སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་ནི། །ཞེས་གསུངས་པ་བཞིན་ནོ། །སྣང་བ་ཡུལ་དང་རིག་པ་ཡུལ་ཅན་དེ་གཉིས་རང་བཞིན་མེད་པར་མཉམ་པ་སྟེ། སྣང་རིག་སྟོང་གསུམ་དབྱེར་མེད་པ་བདེན་གཉིས་ཟུང་འཇུག་ཆེན་པོ་མདོ་རྒྱུད་ཀུན་གྱི་དགོངས་པ་ཉག་གཅིག་གོ། །དྲུག་པ་ནི། ཁ་ཅིག་སོགས།༡༠ གང་ཟག་རྨོངས་པ་ཁ་ཅིག་བསྟན་པ་ལྔ་བརྒྱ་ཐ་མ་རྟགས་ཙམ་གྱི་དུས་དེང་སང་སྒྲུབ་པའི་དུས་ཀྱང་མིན་ལ། སྙིགས་དུས་ཀྱི་གང་ཟག་བློ་དམན་པས་ཟབ་མོའི་དོན་མི་རྟོགས་ཟེར་བས་རང་གི་རྒྱུད་ལ་དཔགས་ནས་རྒྱལ་བའི་བཀའ་དང་གང་ཟག་ལ་ཆབས་གཅིག་སྐུར་བ་འདེབས་པ་ཡོད་པ་ཡིན་ཡང་། ལས་དང་སྨོན་ལམ་གྱི་སྐལ་བ་དང་ལྡན་ན་གང་ཟག་བཟང་ངན་མེད་པར་བསྒྲུབས་ན་རྟོགས་པར་སྣང་སྟེ། ཤེར་ཕྱིན་སུམ་བརྒྱ་པར། རབ་འབྱོར་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ཤེས་རབ་དང་ལྡན་པ་དག་འབྱུང་སྟེ། ཞེས་སོ། །བདག་ཅག་གི་སྟོན་པ་ཉིད་སྔོན་དྲང་སྲོང་མཆོག་ཅེས་བྱ་བས་ཁྲག་གིས་སྣག་ཚ་བྱས་པགས་པས་ཤོག་གུ་བྱས་ནས་ཆོས་བཙལ་ཞིང་། མུན་བསྐལ་ཞིག་ལ་སངས་རྒྱས་མང་པོ་སྤྱན་དྲངས་ཏེ་ཆོས་ཞུས་ཏེ་གཞན་ལའང་བསྟན་པ་དེས་ན། ཆོས་ལ་སྙིང་ནས་དོན་གཉེར་གྱི་མོས་འདུན་ཡོད་པ་ལ་ནི་སངས་རྒྱས་མྱ་ངན་ལས་མི་འདའ་ཞིང་ཆོས་ཀྱང་མི་ནུབ་ཅེས་བྱ། བསམ་པ་ཕུན་སུམ་ཚོགས་ཤིང་དད་པ་ཡོད་ན་མུན་བསྐལ་དུ་སྐྱེས་ཀྱང་སངས་རྒྱས་ཀྱི་ཞལ་སྟོན། ཆོས་ཀྱི་གཏེར་དང་རི་སུལ་དང་ཤིང་གི་ནང་དུ་བཅུག་པ་དག་ཀྱང་ཡོད་དེ། ཆོས་ཀྱི་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་ངོ་ཞེས་མདོ་ལས་བཤད། དཔེར་ན་གཏེར་ཆོས་འདི་ལྟ་བུའོ། །དུས་ཀྱི་ཐ་མ་ལ་དགེ་བ་སྒྲུབ་པ་ཕན་ཡོན་ལྷག་པར་ཆེ་ཞིང་། འོག་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་བདུན་ཅུ་རྩ་གཉིས་འདས་པ་ན། སངས་རྒྱས་འོད་ཟེར་གྱི་རྒྱལ་པོའི་ཞིང་ཁམས་སྣང་ལྡན་དུ་བསྐལ་པ་བཅུར་བསམ་གཏན་བསྒོམ་པ་བས་མི་མཇེད་ཀྱི་ཞིང་འདིར་སྔ་དྲོ་གཅིག་ལ་བྱམས་པ་སོགས་བསྒོམ་པ་བསོད་ནམས་ཆེ་བ་མདོ་ལས། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས། ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་དག་པར་བསྐལ་པ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་སྤྱད་པ་བས། སུ་དག་བྱམས་པའི་སེམས་ཀྱིས་ཤིན་ཏུ་འདིར། །སྐད་ཅིག་སྤྱོད་ན་འདི་ནི་ཁྱད་པར་འཕགས། །ཞེས་སོགས་གསུངས། གཞན་ཡང་འདི་ལྟར་བསླབ་པར་བྱ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་བཞིར་དྲིལ་ཏེ་ཞིབ་ཏུ་ཕྱེས་ནས་བསྒྲུབ་ན་དཔག་ཏུ་མེད་ཀྱང་། ཉན་ཐོས་ལྷག་བཅས་ཀྱི་ཕུང་པོ་སྡུག་བསྔལ་ཡིན་ཡང་ཀུན་འབྱུང་མིན་ལ། གཞན་སོ་སོའི་སྐྱེ་བོའི་ཕུང་པོ་ལྔ་པོ་ཉིད་སྡུག་བསྔལ་དང་ཀུན་འབྱུང་གཉིས་ཀ་ཡིན་པས། ཕུང་པོ་ལ་བདག་ཅེས་བཏགས་པ་དེ་མིང་ཙམ་ལས་དངོས་པོ་མེད་པས་དེ་ལ་བདག་གོ་ངའོ་སྙམ་དུ་བདེན་པར་མི་འཛིན་པར་རང་བཞིན་མེད་པར་གོམས་ན་གང་ཟག་གི་བདག་མེད་དང་། ཕུང་པོ་ལྔ་པོ་དེ་མི་རྟག་པ་དང་སྡུག་བསྔལ་བ་དང་ལུས་མི་གཙང་བ་དང་ངོ་བོ་མེད་པ་རང་བཞིན་གྱིས་སྟོང་པ་གཟུགས་བརྙན་གྱི་རྣམ་པ་ཁོ་ན་ཡིད་ལ་བྱས་པར་གོམས་ན། ཆོས་ཀྱི་བདག་མེད་པ་སྟེ་བདག་མེད་དེ་རྟོགས་པའི་ཤེས་རབ་གཉིས་ནི་ལམ་གྱི་བདེན་པ་ཡིན་ཞིང་དེས་ཕུང་པོ་ལ་བདག་གཉིས་སུ་བདེན་པར་མི་ཞེན་ལ། དེས་ན་ཕུང་པོ་ལ་ཞེན་ཅིང་ཆགས་པའི་ཉོན་མོངས་པ་སྤངས་དེས་ཀུན་ནས་བསླང་བའི་ལས་ཀྱང་འདུ་མི་བྱེད་པས་འགོག་པ་ལ་འཇུག་པར་འགྱུར་རོ། །དེ་ལ་སྙིང་རྗེ་དང་སེམས་བསྐྱེད་ཀྱིས་ཟིན་ན་ཚོགས་གཉིས་ཡོངས་སུ་རྫོགས་པར་འགྱུར་བ་དེས་ན་མང་དུ་སྤྲོས་པས་ཞུམ་ན་དེ་ཙམ་གྱིས་ཆོག་གོ། །དཔེར་ན་ཉན་ཐོས་ཆོས་སྲུང་སྡེ་བ་ཁ་ཅིག་བདེན་པ་མངོན་རྟོགས་གཅིག་ཏུ་འདོད་དེ་སྡུག་བསྔལ་ཤེས་པ་ཁོ་ནས་འཕགས་པའི་བདེན་པ་བཞི་རྟོགས་པས་སོ། །ཞེས་རྣམ་པ་སོ་སོར་མི་ཕྱེ་བར་སྡུག་བསྔལ་ལ་བདག་མེད་པར་ཤེས་ན་ཐམས་ཅད་བདག་མེད་པར་ཤེས་པའམ། བཞི་པོ་ལ་བདག་མེད་པའི་རྣམ་པ་གཅིག་པོ་བསྒོམ་ན་བཞི་པོ་མཐོང་བའི་དོན་ནོ། །བཀའ་སྡེ་སྣོད་གསུམ་པོ་བཤད་ནས་ཚུལ་བཞིན་མཉན་པར་བྱས་ཀྱང་ལས་དང་སྐལ་བ་མེད་ན་ཐ་སྙད་ཁོ་ན་འཆད་ཉན་བགྱིས་པ་ལས་སྟོང་ཉིད་ཀྱི་དོན་མི་རྟོགས་སོ། །སྐལ་ལྡན་ཤེས་རབ་ཆེན་པོ་ཁ་ཅིག་ཚིགས་སུ་བཅད་པ་རེས་ཀྱང་དོན་རྟོགས་པ་ཡོད། ཁ་ཅིག་སངས་རྒྱས་དངོས་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་མ་ཐོས་པའམ་ཐོས་ཀྱང་སྒྲུབ་པ་མེད་པས་མ་རྟོགས་པ་ཡོད་པས་སོ། །གཞན་ཡང་དམ་པའི་ཆོས་ཀྱི་ཐེག་པ་གསུམ་ནས་དགུ་ལ་སོགས་པ་ཡང་གདུལ་བྱ་གང་ཟག་བྱེ་བྲག་མི་འདྲ་བ་ཁམས་དང་མོས་པ་དང་སྙིང་རྗེ་དང་ཤེས་རབ་ཆེ་ཆུང་གི་དབང་གསུམ་ལ་ལྟོས་ནས་གསུངས་པ་ལས། ཀུན་ལ་གཅིག་གིས་ཆོག་པ་མིན་ཞིང་གཅིག་ལ་ཐམས་ཅད་དགོས་པའང་མིན་པས། སྒྲུབ་པ་པོས་ཀྱང་རང་གི་ཉམས་ཚོད་དང་སྦྱར་ལ་ཁམས་ཀྱིས་གང་ཅི་ཙམ་ལྕོགས་པ་ལ་འཇུག་པར་བྱ་སྟེ། ཁམས་དང་འཚམས་པས་བསྒྲུབ་སླ་ཞིང་འགྲུབ་པའི་ཕྱིར་རོ། །གདུལ་བྱའི་རྒྱུད་རིམ་པར་སྨིན་པ་ལ་བྱིས་པ་ཟས་ཀྱིས་གསོ་བ་དང་ནོར་བུ་སྦྱོང་བའི་དཔེ་མདོ་ལས་མང་དུ་འབྱུང་ངོ་། །དེ་ལྟར་མིན་པར་རང་གིས་མི་ལྕོགས་བཞིན་དུ་གོང་མའི་ཆོས་ལ་རེ་ནས་གོང་མ་ཁས་བླངས་པས་ནི་མཐར་དེ་སྤོང་བར་འགྱུར་བས། ཐང་སྟོང་སྡིག་པ་རང་གིས་བླངས་པས་དམྱལ་བར་སྐྱེ་ཞེས་མདོ་སྡེའི་གཞུང་ལས་འབྱུང་ངོ་། །འདིར་ཆོས་སྟོན་པ་པོས་ཀྱང་སྣོད་ཡིན་མིན་མངོན་ཤེས་ཀྱི་བརྟགས་ནས་སྟོན་དགོས་ཀྱི། གཞན་དུ་ན་ཐེག་ཆེན་གྱི་སྣོད་ལྡན་ལ་ཐེག་དམན་སྟོན་པ་དང་། ཐེག་དམན་རིགས་ལ་ཐེག་ཆེན་སྟོན་པ་སོགས་ནི་ཆོས་སྤང་བླང་དུ་འགྱུར་ཞིང་བྱང་སེམས་ལས་དང་པོ་པ་ལ་རྩ་ལྟུང་བརྒྱད་ལས་སྣོད་མིན་ལ་ཟབ་མོ་བསྟན་པའི་ཕམ་པ་དང་། གཞན་ཡང་སོ་ཐར་སྤོང་བ་དང་ཐེག་ཆེན་ལས་བཟློག་པའི་ཕམ་པ་དང་བྱང་ཆུབ་སེམས་དཔའི་འཁྲུལ་བ་ཡིན་པར་འོད་སྲུང་གིས་ཞུས་པ་ལས་གསུངས་སོ། །འོ་ན་མངོན་ཤེས་མེད་པས་ཇི་ལྟར་བྱ་སྙམ་ན་ཐབས་དུ་མས་ཡུན་རིང་དུ་བརྟགས་ནས་ཤེས་ན་ཆོག་མོད་ཀྱང་ལས་དང་པོ་ལ་མངོན་ཤེས་མེད་ཅིང་རང་རྒྱུད་མ་སྨིན་པས་གཞན་དོན་ཇི་བཞིན་མི་འགྲུབ་པས། དང་པོ་རང་རྒྱུད་སྦྱོང་ཞིང་མངོན་ཤེས་བསྒྲུབ་ནས་གཞན་དོན་བྱ་བ་དོན་ལ་གནས་ཤིང་དཀོན་བརྩེགས་ཀྱི་ལུང་སྔར་དྲངས་པ་ལྟར་རོ། །འདུལ་བ་ལས། འཕགས་པ་ཉེ་སྡེས་འཁོར་འཇོག་པར་བརྩམ་པ་ལ་བཅོམ་ལྡན་འདས་ཀྱི་ཉེ་སྡེས་ཐོག་མ་ཉིད་ནས་འཁོར་བསྡུ་བར་སེམས་སོ་ཞེས་གསུངས་ནས་བཀག་པར་མཛད་དོ། །ཤེར་ཕྱིན་ལས། སེམས་གཡེང་པས་ནི་བདག་གི་དོན་ཡང་འགྲུབ་པར་མི་འགྱུར་ན་གཞན་གྱི་དོན་ལྟ་ཅི་སྨོས། དེའི་ཕྱིར་སེམས་གཡེང་བའི་གོ་སྐབས་ནི་འགའ་ཙམ་ཡང་དབྱེ་བར་མི་བྱའོ། །ཞེས་སོགས་གསུངས་པ་ནི་དང་པོ་མངོན་ཤེས་ལ་སོགས་པ་བསྒྲུབ་དགོས་པའི་དོན་ནོ། །དེས་ན་བྱང་ཆུབ་སེམས་འགྲེལ་ལས། གཞན་དོན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གསུངས་པ་ལྟར་བྱའོ། །བདུན་པ་ནི། ཐེག་པའི་རང་བཞིན་སོགས།༦ ཐེག་པའི་རང་བཞིན་ནི་ཤེས་རབ་དང་ཐབས་སྙིང་རྗེ་ཁོ་ན་ཡིན་པར་བལྟ་སྟེ། དེ་ཡང་བདག་དང་སངས་རྒྱས་གཉིས་གནས་སྣང་ཀུན་ཏུ་དབྱེར་མེད་པར་རྟོགས་པ་ཤེས་རབ་ཡིན་ལ། སེམས་ཅན་ཀུན་ལ་བུ་གཅིག་པ་ལ་མས་ཇི་ལྟར་བྱ་བ་བཞིན་དུ་བྱམས་པ་དང་སྙིང་རྗེ་བ་ནི་ཐབས་ཡིན་ལ། ཐབས་དང་ཤེས་རབ་དེ་གཉིས་ཆེ་ཆུང་གི་དབང་གིས་ཐེག་པའི་ཁྱད་པར་མཐོ་དམན་དུ་བསྟན་པ་ཡིན་ནོ། །ཉན་རང་ལའང་ཐབས་དང་ཤེས་རབ་ཡོད་ཀྱང་ཆེ་ཆུང་གི་ཁྱད་པར་ལས་དམན་པ་ལ་དགག་སྒྲ་སྦྱར་ནས་མདོ་སྡུད་པར། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང་། ཞེས་སོ། །བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡང་ཤེས་རབ་ཆེ་བས་ཡིན་གྱི་ཤེས་རབ་དམན་པ་ལ་ཐབས་མང་པོ་མེད་ཅིང་ཐབས་ཀྱིས་འཆིང་བ་ཉིད་དུ་འགྱུར་རོ། །དཀོན་བརྩེགས་ལས། འོད་སྲུང་ཤེས་རབ་དང་ལྡན་པ་རྣམས་ནི་ཐབས་ཀྱིས་རྣམ་པར་གྲོལ་ལོ། །ཤེས་རབ་དང་མི་ལྡན་པ་རྣམས་ནི་རབས་ཀྱིས་ཡོངས་སུ་འཆིང་ངོ་། །ཞེས་དང་། དོ་ཧ་མཛོད་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཡོད་དམ་ཅི། །གང་དག་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདས་མི་གནས། །ཞེས་སོ། །དེའི་ཕྱིར་གང་ཟག་གང་ཞིག་ཐབས་ཤེས་ཁྱད་པར་ཅན་དེ་གཉིས་དང་མི་ལྡན་ཞིང་ཐེག་ཆེན་གྱི་མདོ་སྡེ་ཟབ་མོ་བཀླག་པའི་ཕན་ཡོན་མཐོང་བས་གྲོལ་བར་སེམས་ཏེ། སེམས་བསྐྱེད་བཅོས་མ་རེ་ཐོབ་ཀྱང་དེའི་བསླབ་བྱ་རྣམས་ཇི་བཞིན་སྒྲུབ་པར་མི་ནུས་པར་བདག་ནི་ཐེག་པ་ཆེན་པོའི་ཞེས་ཁས་འཆེ་བ་ནི། དཔེར་ན་ལོང་བ་སྤྲང་པོ་ཞིག་གིས་ང་ཉིད་རྒྱལ་པོ་ཡིན་ནོ་ཞེས་ཟེར་བ་བཞིན་དུ་རྫུན་ཁོ་ན་ཉིད་དུ་ཟད་དེ། ས་སྙིང་འཁོར་ལོ་བཅུ་པ་ལས། ཚུལ་ཁྲིམས་ཉམས་པ་སྡིག་ལ་དགའ་བ་ཅན། །ཐེག་པ་ཆེན་པོའི་ཡོན་ཏན་མཆོག་ཐོས་ནས། །ཁེ་དང་གྲགས་ཕྱིར་ཐེག་ཆེན་ཁས་ཆེ་བ། །བོང་བུ་སེང་གེའི་པགས་པ་གྱོན་པ་བཞིན། །ཞེས་སོ། །དེས་ན་བརྟག་དཔྱད་མེད་པར་ཆོས་བསྟན་ན་གདུལ་བའི་རྒྱུད་ཆུད་ཟོས་སུ་འགྱུར་ཉེན་ཆེ་བས་རྒྱུད་ཚོད་དང་འཚམ་པའི་སྒོ་ནས་བསྟན་པར་བྱ་སྟེ། དེ་ལས། མཁས་པ་ཆོས་ཀྱི་སྦྱིན་པ་སྤྱོད་པ་དག །སྣོད་བཞིན་ཐེག་པ་གསུམ་གྱི་ཆོས་སྟོན་ཏོ། །ཐེག་པ་གཞན་དག་དེ་ལ་སྟོན་མི་བྱེད། །ཐོས་ནས་དེ་ལ་འཕྱ་ཞིང་སྐུར་མི་འགྱུར། །དབང་པོ་སྣོད་བཞིན་དམ་པའི་ཆོས་སྟོན་གྱི། །དབང་པོ་སྣོད་མིན་དག་ལ་མ་ཡིན་ནོ། །སོ་སོར་ཇི་ལྟར་ཅི་ལ་མོས་པ་བཞིན། །དེ་དང་དེ་ཡི་ཆོས་སྟོན་མགུ་བར་བྱེད། །ཅེས་སོ། །ཨཱརྱ་དེ་བས་ཀྱང་དེ་ལྟར་གསུངས་པ་གོང་དུ་སོང་། བརྒྱད་པ་ནི། དེ་བས་སོགས།༢ རང་གི་རྒྱུད་དང་འཚམ་པ་ལ་འཇུག་དགོས་པ་རྒྱུ་མཚན་དེ་བས་ན་རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ་རྣམས་ལ། གང་ཟག་ཀྱང་འོག་མ་རྣམས་ཀྱིས་གོང་མ་སྒྲུབ་མི་ནུས་བཞིན་དུ་དེ་ཁས་བླངས་པ་ལས། འོག་མ་སོ་སོ་རང་རང་གི་གཞུང་བཞིན་དུ་ཤིན་ཏུ་འབད་པར་རིགས་སོ། །གོང་མ་ཁས་ལེན་མི་ནུས་པ་རྣམས་ཀྱིས་ཀྱང་གོང་མའི་ཆོས་ལ་རྒྱབ་ཀྱིས་མི་ཕྱོགས་པར་ཐེག་པ་ཆེན་པོ་ནི་ཤིན་ཏུ་ཟབ་ཆེས་པས་རང་གི་བློར་མ་ཤོང་བའོ་སྙམ་ནས་མོས་འདུན་དང་། ནམ་ཞིག་འདི་ལྟ་བུ་སྒྲུབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་དང་སེམས་བསྐྱེད་བྱ་དགོས་ཀྱི། འདི་ནི་མི་རིགས་པའོ་ཞེས་ཟེར་ན་ལྟ་ཅི་སྨོས། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་བསྟན་པའོ་ཞེས་ཟེར་བ་དང་། འདི་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པའོ་ཟེར་ན་ཆོས་སྤོང་བ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས་ལ་ལ་ནི་ངན་པར་འདུ་ཤེས་ན་ཆོས་སྤོང་བ་དང་། ཆོས་སྤང་བ་དེས་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ཞེས་རྣམ་པར་འཐག་པ་བསྡུས་པའི་མདོ་ལས་གསུངས། ཆོས་སྤོང་བའི་ལས་སྒྲིབ་ནི་ཤིན་ཏུ་ཕྲ་བ་གོང་དུའང་ཅུང་ཟད་བཤད་དེ། ཟླ་བ་སྒྲོན་མེའི་མདོ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །གང་གིས་གངྒཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་སོ། །མདོ་ལས། ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྐུར་བ་དག་ནི་མི་གདབ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་གསུངས་པ་ལ་བསམ་པར་བྱའོ། །དགུ་པ་ནི། གསང་སྔགས་སོགས།༤ གསང་སྔགས་རྡོ་རྗེའི་ཐེག་པ་ནི་ཟབ་པ་ལས་ཀྱང་ཆེས་ཟབ་པའི་ཆོས་ཡིན་ཞིང་། གང་ཟག་ཀྱང་དབང་པོ་རབ་མཆོག་ཏུ་གྱུར་པ་རྣམས་ཀྱིས་བསྒྲུབ་བྱ་ཡིན་ལ། དེ་ལ་ཞུགས་པའི་སྐྱེས་བུ་དེ་ཡང་ནི་ཐུན་མོང་མ་ཡིན་པའི་ཁེ་ཉེན་གཉིས་དང་ལྡན་པ་སྟེ། སྒྲུབ་པ་མེད་ཅིང་དམ་ཚིག་ཉམས་ན་ཤིན་ཏུ་ཐར་དཀའ་བའི་རྡོ་རྗེའི་དམྱལ་བ་ཆེན་པོ་ཉིད་དུ་མཚམས་མེད་པར་འགྲོ་བ་དང་། སྒྲུབ་ཅིང་དམ་ཚིག་བསྲུང་ན་སངས་རྒྱས་རྡོ་རྗེ་འཆང་གི་ས་རུ་ཐེ་ཚོམ་མེད་པར་སྐྱེ་སྟེ། དེ་གཉིས་ལས་སྐྱེས་གཞན་གསུམ་པ་ནི་མེད་ཅེས་བཤད་དོ། །དེའི་ཕྱིར་རྒྱུད་ལས་བཤད་པའི་ལྟ་བ་དང་སྤྱོད་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་དང་ཕྱི་ནང་གསང་བའི་དམ་ཚིག་དང་ལྡན་ཅིང་། སྒྲུབ་སྡེ་སོ་སོའི་གཞུང་ལས་བཤད་པ་བཞིན་དེ་ལ་ཤིན་ཏུ་བརྩོན་པར་བྱས་པས་ནི་ཚེ་འདིའམ། འཆི་ཁ་བར་དོ་གང་རུང་དུ་གེགས་མེད་པར་སངས་རྒྱས་རྡོ་རྗེ་འཆང་གི་སར་འགྲོ་བ་རྒྱུད་སྡེ་མཐའ་དག་ལས་གསུངས། དམ་ཚིག་མ་ཉམས་ན་སྒྲུབ་པ་མེད་ཀྱང་སྐྱེ་བ་བཅུ་དྲུག་ལས་མི་འགྱང་བར་གསུངས་སོ། །རྒྱུད་ལས། ལྟ་བ་མི་ལྡན་སྤྱོད་པ་དང་། །སྤྱོད་པ་མི་ལྡན་ལྟ་བ་གཉིས། །འདི་ནི་གསང་སྔགས་དམ་སྲི་སྟེ། །མནར་མེད་སེམས་ཅན་དམྱལ་བར་སྐྱེ། །ཞེས་དང་། དམ་ཚིག་དག་དང་མི་ལྡན་ན། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་ཏེ། །རྒྱུ་མེད་འབྲས་བུ་འདོད་པ་བཞིན། །ཚེ་ཡི་དུས་བྱས་དམྱལ་བར་འགྲོ། །ཞེས་གསུངས་པས། དབང་མཚན་ཉིད་པ་ཐོབ་པ་སྔོན་དུ་སོང་ནས་ལྟ་སྤྱོད་དམ་ཚིག་དང་ལྡན་པས་སྒྲུབ་པ་ནི་ལམ་འདིའི་གནད་མ་འཆུགས་པའོ། །དེ་གསུམ་དང་མི་ལྡན་ཅིང་བསྒྲུབ་པ་ལ་གཡེལ་ཞིང་སྔགས་ཙམ་ལ་འཆེལ་ནས་སྤྱོད་པ་འདོད་ཕྱོགས་ཙམ་བག་མེད་དུ་སྤྱོད་ན་ངེས་པར་དམྱལ་བར་སྐྱེ་སྟེ། ཁྲག་འཐུང་མངོན་འབྱུང་ལས། རྣལ་འབྱོར་མི་ལྡན་རྣལ་འབྱོར་ཚུལ། །ཕྱག་རྒྱ་ལ་ནི་བསྒྲོད་པ་དང་། །ཡེ་ཤེས་མི་ལྡན་ཡེ་ཤེས་ཚུལ། །ཐེ་ཚོམ་མེད་པར་དམྱལ་བར་འགྲོ། །ཞེས་སོ། །གསང་བ་འདུས་པ་ལས། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་ཡོན་རྣམ་ལྔ་བསྟེན། །བུ་མོ་ཨུཏྤལ་མཐིང་ཁའི་མདོག །རྙེད་ནས་འདོད་པས་རབ་ཏུ་མཆོད། །ཅེས་གསུངས་པ་དེ་ཡང་ལྟ་བ་བདག་མེད་གཉིས་དང་འཁོར་འདས་མཉམ་ཉིད། ཐབས་ཁྱད་པར་ཅན་སྙིང་རྗེ་ཆེན་པོ་ལ་སོགས་པས་མ་ཟིན་ན་ངན་སོང་ལོག་པར་ལྟུང་བའི་རྒྱུ་ཡིན་ཞེས་འགྲོ་མགོན་བསོད་ནམས་རྩེ་མོས་རྒྱུད་སྡེ་སྤྱིའི་རྣམ་བཤད་ལས་གསུངས། དེ་བས་ན་གསང་སྔགས་སྤྱོད་པ་རྣམས་ཀྱིས་སྡར་མའི་པང་དུ་སྦྲུལ་འོང་བ་བཞིན་དུ་ཉམས་པའི་ཉེས་དམིགས་དང་བསྲུངས་བའི་ཕན་ཡོན་ལ་བསམས་ནས་འབད་པར་རིགས་ཏེ། མངོན་འབྱུང་རྒྱུད་ལས། ཧེ་རུ་ཀ་དཔལ་བཟུང་བྱས་ན། །སྙིགས་མའི་དུས་སུ་འགྲུབ་པར་འགྱུར། །ཞེས་དང་། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། གཞན་ཡང་ཕྱི་མའི་དུས་ཀྱི་ཚེ། །དུས་མཐར་དངོས་གྲུབ་མི་ཐོབ་སྟེ། །ཆོས་འདི་དེ་ལྟར་ཤེས་ནས་ནི། །བསམ་པ་ཐ་མས་རྫོགས་བྱེད་ཡིན། །ཞེས་གསུངས་པས། ད་ལྟར་གསང་སྔགས་སྒྲུབ་པའི་དུས་དང་འགྲུབ་པའི་དུས་ཡིན་པར་གསུངས་པའི་ཕྱིར་སྔགས་ལ་ཞུགས་ནས་ཚུལ་བཞིན་བསྒྲུབ་པར་བྱ་རིགས་སོ། །སྔར་རྩ་བའི་ས་བཅད་གསུམ་པ་ཐ་མ་སློབ་དཔོན་ཉིད་ཁེངས་སྐྱུང་ཞིང་དགེ་རྩ་བསྔོ་བ་ལ་གསུམ། དངོས་དང་། ནོངས་པ་བཤགས་པ་དང་། དགེ་རྩ་བསྔོ་བའོ། །དང་པོ་ནི། བདེར་གཤེགས་སོགས། དེ་ལྟར་བདག་གིས་ཆོས་འཆད་ཉན་བྱེད་པ་སྤྱི་ལ་བསྐུལ་བ་ལགས་པས་མཚང་ལ་རྒོལ་བ་ལྟ་བུའི་བརྗོད་པ་ཅུང་ཟད་ཐལ་དྲག་ན་ཡང་། འདི་ལྟར་བདག་སེམས་པ་འཇིག་རྟེན་སེམས་པ་སེམས་ཅན་གྱི་ལས་འབྲས་སེམས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་སེམས་པ་སྟེ། བསམ་གྱིས་མི་ཁྱབ་པའི་གནས་དེ་ལྟ་བུ་ལས། བདེ་བར་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་བསམ་ལས་འདས་པ་ཟབ་མོའི་དོན་ལ་སྤྱོད་པ་རྣམས་དང་། གང་ཟག་གི་གནས་སྣང་ཡང་ཤེས་པར་དཀའ་བས་ཐབས་ལ་མཁས་པའི་མཛད་སྤྱོད་ངེས་པ་དང་མ་ངེས་པར་སྣང་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ་པ་དང་འདྲ་བའི་ཕྱིར། དེ་ལྟ་བུ་ལ་རྨོངས་པ་བདག་གིས་བསྐུལ་བ་མིན་ཞིང་བསྐུལ་བར་མི་འོས་ཀྱང་། བདག་རང་དང་འདྲ་བའི་རྨོངས་པ་འགའ་ལ་ཕན་སྲིད་སྙམ་ནས་ཆོས་འདི་བགྱིས་པའོ། །གཉིས་པ་ནི། གཞུང་འདི་བགྱིས་པ་ལ་འགལ་འཁྲུལ་གྱི་ནོངས་པར་གྱུར་པ་ཅི་མཆིས་པ་རྣམས། འཕགས་པ་མཆོག་རྣམས་དང་རྣམ་དཔྱོད་དང་ལྡན་པའི་མཁས་པའི་དབང་པོ་རྣམས་ལ་སྙིང་ནས་བཟོད་པར་གསོལ་ལོ། །གསུམ་པ་ནི། བདག་གི་ལྷག་བསམ་དག་པས་བརྩམས་པའི་དགེ་རྩ་འདིས་ནི་འགྲོ་བ་ཀུན་གྱི་དོན་གཞུང་ལས་ཇི་སྐད་བཤད་པ་བཞིན་དུ་བསྒྲུབ་ནས། རིང་པོར་མི་ཐོགས་པར་ཞི་བདེ་ཐར་པ་མཆོག་གི་གོ་འཕང་ཐོབ་པར་ཤོག་ཅིག་ཅེས་སོ། །མཛད་བྱང་ནི། ཐེག་པ་ཆེན་པོའི་རྣལ་འབྱོར་ལ་འཇུག་པའི་ཐབས་བྱེ་བྲག་ཏུ་ཕྱེ་བ་སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་མཛད་པའོ། །འདིར་སྨྲས་པ། རྒྱལ་བསྟན་དབང་ཆེན་གསེར་གྱི་བྱེ་སྙེད་ལས། །བདེན་པ་རྣམ་བཞི་རིན་ཆེན་ལྷུན་པོ་གང་། །སྐལ་བཟང་མིག་སྟོང་ལྡན་པའི་འབབ་སྟེགས་ཏེ། །གྲོང་ཁྱེར་གསུམ་གྱི་དགའ་ཚལ་མཆོག་ཏུ་འཁྲུངས། །རྣམ་བཤད་སྣང་བརྙན་སྒྱུ་མའི་དོ་ཤལ་ལ། །བདེན་གསུང་ལུང་གི་ཟུར་བརྒྱན་མཛེས་འབར་བ། །རིགས་དང་ལང་ཚོ་པདྨ་ཕྱེས་འདྲ་བའི། །མིག་གི་ལོངས་སྤྱོད་མཛའ་བར་འགྱུར་ལགས་གྲངས། །ཡུན་རིང་འཕྲད་པར་དཀའ་བ་དམ་ཆོས་མཛོད། །རྒྱས་མཛད་དམ་པའི་བྱ་བ་རྣམ་གསུམ་གྱི། །རྒྱལ་རྔ་དུས་མཐར་བསྒྲགས་པས་འོག་མིན་གྱི། །ལྷ་རྣམས་དགྱེས་པའི་མེ་ཏོག་ཆ ར་དུ་འབེབ། །དེ་ཚེ་ནམ་མཁའི་གོས་ཀྱིས་སྡིག་ཏོའི་བཞིན། །སྒྲིབ་གྱིན་སྙིང་ལ་མི་མཐུན་རྟོག་པ་ཡི། །མྱ་ངན་གྱིས་གཟིར་རང་དགའི་ནགས་ཚལ་དུ། །གོམ་འགྲོས་འཁྱོལ་ལ་ཕྱོགས་པར་མི་འགྱུར་རམ། །དབྱར་རྔའི་གདངས་ལ་སྡོད་པའི་མགྲིན་སྔོན་རྣམས། །ཆར་སྤྲིན་ལྷུང་ལྷུང་འཁྲིགས་ཚེ་གར་གྱིས་རྩེ། །དེ་བཞིན་རྣམ་དཔྱོད་ལྡན་རྣམས་ཅིག་ཆར་དུ། །ཆོས་ལ་དགའ་བའི་འཛུམ་རིས་ཅིས་མི་ངོམ། །རིགས་ལམ་ཟླ་འོད་ཡུན་དུ་དཔྱད་པའི་མཐར། །ཤེས་རབ་གྲོགས་ཀྱིས་བསྒྱུར་བའི་དོན་གཅིག་ཉིད། །ངེས་པར་གཟིགས་ལ་རྒྱལ་རྣམས་མགྲིན་གཅིག་ཏུ། །བསྔགས་པར་མཛད་ན་གཞན་གྱིས་ཅི་ཞིག་སྨོས། །འཕགས་མཆོག་མི་ཡི་ཟོལ་དུ་བྱོན་པ་ཡིས། །དབང་པོའི་གཞུ་ལ་ངལ་སྟེགས་མི་འཆའ་བར། །སྨོན་ལམ་དུས་སུ་སྨིན་པའི་རྣམ་ཐར་གྱིས། །བྱ་བ་མཆོག་ལ་བརྩོན་པའི་ངོ་མཚར་རྨད། །སྲིད་ན་གྲགས་པའི་ལྷ་ཆེན་འབུམ་ཕྲག་གིས། །ཆོས་དུང་ལན་ཅིག་སྒྲོགས་པའི་ཆར་མི་ཉེ། །ཆོས་སྤྱོད་ཀུན་འདུས་ཀུན་དགའ་ར་བ་གང་། །ཡ་རབས་ཀུན་གྱིས་འཇུག་ངོགས་ལགས་པར་འཚལ། །དེ་ཕྱིར་སྐྱེ་འགྲོའི་ཕན་བདེ་ཇི་སྙེད་པ། །ཐུབ་བསྟན་ཡིད་བཞིན་ནོར་མཆོག་ལས་བྱུང་བ། །འདི་གཅིག་བསྟན་འཛིན་ཡོངས་ཀྱི་ཐུགས་མཐུན་པས། །སྲོག་ལས་གཅེས་པར་འཛིན་པ་དེ་གང་ཞིག །དམ་པ་དུ་མའི་ཞལ་གྱི་བདུད་རྩིའི་རྒྱུན། །རང་བློས་ངོམས་པར་མྱོང་བའི་ཟེགས་མ་རྣམས། །གང་ལ་དམིགས་པ་བསྟན་པའི་གསོས་སྨན་དུ། །ལྷག་བསམ་དག་པའི་ཡིག་གཟུགས་སྤེལ་བ་འདིས། །རྣམ་དཀར་དགེ་བ་ཆུ་ཐིགས་ཙམ་སྲིད་ན། །བཟང་སྤྱོད་རྒྱ་མཚོའི་དཔལ་དང་ལྷན་ཅིག་ཏུ། །སྨོན་པའི་བྱེ་བྲག་རྡུལ་གྱི་གྲངས་སྙེད་ཀྱིས། །འབྱུང་པོའི་རྟེན་མ་བཞིན་དུ་ཁྱབ་པར་གྱུར། །རྡོ་རྗེ་འཆང་དངོས་དུས་ཀྱི་འགྲོ་ཁམས་དང་། །རྗེས་མཐུན་སྤྲུལ་པའི་རོལ་མཛད་བསྟན་འགྲོའི་གཉེན། །བཤད་སྒྲུབ་རྒྱལ་མཚན་མཐོན་པོ་སྒྲེང་བཞིན་དུ། །འགྱུར་མེད་མཁའ་དང་མཉམ་པར་བཞུགས་གྱུར་ཅིག །རྒྱུད་གཙང་འདུལ་བའི་ཀུན་སྤྱོད་ངུར་སྨྲིག་འཆང་། །ཚུལ་མིན་རྟོག་པ་ཞི་བའི་ལེགས་བཤད་ལ། །ཉིན་མཚན་རབ་དགའི་སྣང་བ་འགོག་མེད་དུ། །ཉམས་སུ་བཞེས་པའི་འདུས་སྡེ་འཕེལ་བར་གྱུར། །ཆོས་ཚུལ་རྒྱང་གྲགས་འབར་བའི་རོལ་མོ་ཡིས། །འགལ་ཟླ་འབྱུང་པོའི་ཚོགས་ཀྱི་མགོ་འཕང་དང་། །བགེགས་ངན་གཉིས་འཐུང་དྲེགས་པའི་སྤོབས་པ་བཅས། །རང་ཚུགས་འཛིན་པ་མེད་པར་ཞིག་གྱུར་ཅིག །བཀྲ་ཤིས་ངོ་མཚར་བྱེ་བ་འབྱུང་བའི་དཔལ། །དཔལ་ལྡན་ཐོས་བསམ་སྒོམ་པ་དགེ་བའི་མཆོག༦ །མཆོག་གསུམ་བསྔགས་པའི་དགེ་ལེགས་ཇི་སྙེད་གང་། །གང་ཡང་ཕྱོགས་དུས་ཀུན་ཏུ་ཤིས་གྱུར་ཅིག །ཅེས་འདི་ནི།༣ གངས་རིའི་ཁྲོད་ཀྱི་རྡོ་རྗེ་འཆང་གཉིས་པའི་ཡང་སྲིད་རིན་པོ་ཆེ། དཔལ་ལྡན་རྫོང་གསར་གྱི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་གང་གི་ཞལ་སྔ་ནས་གཞུང་འདི་ལ་འགྲེལ་བ་བྲི་དགོས་ཞེས། རྟེན་གསུམ་གྱིས་མཚོན་པའི་གནང་སྐྱེས་གྱ་ནོམ་པ་བཅས་པས་བསྐུལ་བར་མཛད་ཀྱང་། ངོས་ཉིད་ནི་ན་ཚོད་ཤིན་ཏུ་སྨིན་ཐོག་འབྱུང་འཁྲུགས་མེ་ལྟར་འབར་དབང་པོ་རབ་ཏུ་འཐིབ་ཀྱང་། སྐྱེས་མཆོག་དེའི་བཀའ་ཅིས་ཀྱང་ལྡོག་མ་སྤོབས་པར། སྐྱབས་མགོན་དགེ་དབོན་རིན་པོ་ཆེ་སོགས་དམ་པ་དུ་མའི་ཞལ་གྱི་བདུད་རྩི་ཐོབ་པ་ཐུབ་བསྟན་བསོད་ནམས་ཆོས་འགྲུབ་བམ་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཞེས་འབོད་པས། ལོ་གྲངས་བདུན་ཅུ་དོན་གསུམ་དུས་སུ་ཡིད་ལ་གང་ཤར་སྤྱི་བརྟོལ་གྱིས་བྲིས་པ། འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་དམ་པ་ཡོངས་ལ་སྙིང་ནས་བཤགས་སོ། ༈ །ༀ་སྭ་སྟི། མཁས་པ་ཆེན་པོ་ཨ་རོ་ཡི། །བསྟན་བཅོས་ཐེག་ཆེན་ཚུལ་འཇུག་གི། །འགྲེལ་པ་མཁས་པ་ཆོས་འགྲུབ་གསུང་། །སྤར་དུ་བསྐྲུན་པའི་དགེ་ཚོགས་ཀྱིས། །རྒྱལ་བསྟན་དར་ཞིང་རྒྱས་པ་དང་། །བདག་གཞན་སྐྱེ་བ་ཐམས་ཅད་དུ། །ཐེག་མཆོག་ལམ་དང་མི་འབྲལ་ཞིང་། །སྤངས་རྟོགས་རྒྱ་མཚོར་བྱང་ཆུབ་ཤོག །ཅེས་པའང་འགྲེལ་བ་བསྐུལ་བ་པོ་རང་ཉིད་ཀྱིས་སྤར་དུ་བསྐྲུན་པའི་སྨོན་ཚིག་ཏུ་སྦྱར་བའོ། །མངྒ་ལཾ། ཤུབྷཾ།། །།