Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་བརྒྱ་ཉེར་གསུམ་པ།

4 occurrences of འཆར་སེམས་
[Clear Hits]


  
  
 
སྔ་འགྱུར་ཐེག་པ་རིམ་དགུའི་རྣམ་གཞག་མདོར་བསྡུས་སུ་བརྗོད་པ་རིན་པོ་ཆེའི་ཐེམ་སྐས། ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ།
 


4 occurrences of འཆར་སེམས་
[Clear Hits]

 
previousསྔ་འགྱུར་ཐེག་པ་རིམ་དགུའི་རྣམ་གཞག་མདོར་བསྡུས་སུ་བརྗོད་པ་རིན་པོ་ཆེའི་ཐེམ་སྐས། ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ།next

སྔ་འགྱུར་ཐེག་པ་རིམ་དགུའི་རྣམ་གཞག་མདོར་བསྡུས་སུ་བརྗོད་པ་རིན་པོ་ཆེའི་ཐེམ་སྐས། ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ།

ར ཏྣ སྱ སོ པཱ ནཾ ནཱ མ ཨི ཏི ཧཱ བ ཀཾ ཡཱ ན ན པྣོ ཿ བི ནི ཀྵི པ སཾ ཀྵེ པ ས མ སྟྲཱ བྷི མཱ པ བི ཧ ར ཏི སྨ།
སྔ་འགྱུར་ཐེག་པ་རིམ་དགུའི་རྣམ་གཞག་མདོར་བསྡུས་སུ་བརྗོད་པ་རིན་པོ་ཆེའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། བསོད་ནམས་གསེར་གྱི་ཤིང་རྟས་མངོན་མཐོ་གདོང་བཞི་པ་དང་ཤིས་བརྗོད་ཉན། །གྲུབ་པའི་མཆོག་གྱུར་རིག་པ་འཛིན་དང་དྲང་སྲོང་ཚོགས་ཀྱིས་བཏུད་གྱུར་ཅིང་། །སྟོབས་མཆོག་མཐུ་ཡིས་བདུད་སྡེའི་ཀླད་འགེམ་ཐེག་མཆོག་སེང་གེའི་སྒྲ་དབྱངས་ཀྱིས། །ས་གསུམ་ཁྱབ་མཛད་ཀུན་མཁྱེན་མཆོག་དང་དེས་བསྟན་དེར་འཛིན་ཡོངས་ལ་འདུད། །ཁྱད་པར་གངས་ཁྲོད་སྙིགས་ལྔའི་མུན་རུམ་ཐུབ་བསྟན་པད་མའི་གཉེན་དྲངས་ནས། །བཤད་སྒྲུབ་འདབ་སྟོང་ཐོག་མར་བཞད་མཛད་མཁན་སློབ་ཆོས་རྒྱལ་ལོ་པཎ་ཚོགས། །དེ་དག་བཀའ་དྲིན་གཟུགས་སུ་གྲུབ་ན་ནམ་མཁའི་ར་བར་ཤོང་སྲིད་དམ། །དེ་ཚུལ་ཤེས་ནས་བྱས་པ་གཟོ་རྣམས་སྲིད་པ་གསུམ་ན་བསྔགས་འོས་ཉིད། །དོན་གྱི་དགོངས་པ་རྒྱལ་དང་མཉམ་མོད་བཀའ་དྲིན་རྒྱལ་ལས་ཆོས་འཕགས་པར། །ཐུབ་པ་མཆོག་གིས་མདོ་རྒྱུད་ཀུན་ནས་རྗེས་བསྔགས་དམ་པའི་མགོན་རྣམས་ལ། །ལུས་སྲོག་བྱེ་བ་ཕུལ་ཡང་བཀའ་དྲིན་ཤས་ཙམ་རྗེས་སུ་འཚོབ་ནུས་ཅི། །དེ་སླད་བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོར་འབྲལ་མེད་བསྙེན་བྱས་ན། །འགྲོ་ཀུན་སྙིང་པོའི་རང་བཞིན་གཅིག་ཕྱིར་མཐར་ཐུག་ཐེག་པ་གཅིག་ཉིད་ཀྱང་། །གནས་སྐབས་གདུལ་བྱའི་བློ་རིམ་དང་མཚམས་འཇུག་སྒོའི་ཚུལ་འདི་རྒྱལ་བས་བསྟན། །དེ་སླད་བསམ་འདས་ཐེག་སྒོ་ཇི་སྙེད་མདོར་བསྡུས་རྣམ་དགུར་དབྱེ་བའི་ཚུལ། །སྔ་འགྱུར་རིག་འཛིན་བརྒྱུད་པའི་ཞལ་ལུང་མདོ་ཙམ་འདིར་ནི་བརྗོད་པར་བྱ། །དེ་ལ་འདིར་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་ངེས་དོན་དྲང་ཐད་དུ་སྟོན་པའི་དབང་དུ་བྱས་ན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་ཡེ་ཐོག་གདོད་མའི་གྲོལ་སར་མངོན་པར་བྱང་ཆུབ་སྟེ། མ་རིག་གཟུང་འཛིན་གྱི་འཁྲུལ་བས་བསླད་པའི་དབང་གིས་མེད་སྣང་སྲིད་པའི་བཙོན་རར་ཤིན་ཏུ་ཉམ་ཐག་པའི་འགྲོ་བ་རྣམས་ཐོག་མར་ལམ་སྟོན་པ་པོར་བྱུང་བའི་ཕྱིར། མཐའ་ཡས་པའི་གདུལ་བྱ་རྣམས་ཀྱི་སོ་སོའི་མོས་པ་དང་སྐལ་པའི་ཁྱད་པར་དང་རྗེས་སུ་འཚམས་པའི་གང་ལ་གང་འདུལ་གྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྒྲོན་མ་རྣམ་པར་བཀོད་པར་མཛད་པ་ཡིན་ཏེ། ཐེག་པ་ཐུན་མོང་པའི་སྡེ་སྣོད་ཀྱི་ལུང་དམ་པའི་ཆོས་པད་མ་དཀར་པོ་ལས་ཀྱང་། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ན། །བྱང་ཆུབ་མཆོག་རབ་དེ་ནི་ངས་ཐོབ་སྟེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །བྱང་ཆུབ་སེམས་དཔའ་མང་འདི་ཡང་དག་གཟུང་། །སངས་རྒྱས་ཡེ་ཤེས་ལ་ནི་དེ་དག་དགོད། །སེམས་ཅན་བྱེ་བ་ཁྲག་ཁྲིག་མཐའ་ཡས་པ། །བསྐལ་པ་བྱེ་བ་མང་པོར་སྨིན་པར་བྱས། །མྱ་ངན་འདས་པའི་ས་ཡང་བསྟན་བྱས་ཏེ། །སེམས་ཅན་རྣམ་པར་འདུལ་ཕྱིར་ཐབས་བརྗོད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱ་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མཛད་པ་མང་སྟོན་མཛད། །ཅེས་དང་། འཕགས་པ་ཕལ་མོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོར་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་ཀུན་ཏུ་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཞེས་དང་། ཡང་དག་སངས་རྒྱས་སྐུ་གཅིག་སྟེ། །འདྲེན་པ་ཐམས་ཅད་དོན་གཅིག་ཀྱང་། །ཚད་མེད་གཞན་དང་གཞན་དག་ཏུ། །ཕྱོགས་བཅུ་ཀུན་ནས་རབ་ཏུ་སྣང་། །ཞེས་གསུངས། ཐུན་མོང་མ་ཡིན་པ་གསང་བ་ཡིད་བཞིན་རིན་པོ་ཆེ་བཀོད་པའི་རྒྱུད་ལས། ཀུན་གྱི་སྔོན་རོལ་སངས་རྒྱས་པ། །རྡོ་རྗེ་འཛིན་རྒྱལ་གསང་བ་ཆེ། །བསམ་ཡས་ཞིང་དུ་རྣམ་པར་རོལ། །གྲངས་མེད་སྔ་ཕྱི་དུས་ཀུན་ཏུ། །ཞི་དང་ཁྲོ་ཚུལ་དཔག་མེད་ཅིང་། །རྔོན་དང་སྨད་འཚོང་ལ་སོགས་གཟུགས། །སྣ་ཚོགས་ཚུལ་གྱིས་དོན་མཛད་ཀྱང་། །ད་དུང་བསྐལ་པ་བཟང་པོ་འདིར། །འདྲེན་པ་སྟོང་དུ་སྒྱུར་མཛད་ཅིང་། །དེ་བཞིན་སྣ་ཚོགས་ཚུལ་འཆང་བས། །མ་ལུས་འགྲོ་བའི་དོན་མཛད་དོ། །ཞེས་དང་། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཀུན་བཟང་ལོངས་སྤྱོད་རྫོགས་པ་ལས། །འདུལ་བའི་སྤྲུལ་པ་གྲངས་མེད་ཅིང་། །ཁྱད་པར་མི་མཇེད་འཇིག་རྟེན་དུ། །སྟོང་རྩ་གཉིས་ཀྱི་སྐུར་སྣང་ངོ་། །ཞེས་གསུངས། འདུལ་བྱེད་ཀྱི་ཆོས་སམ་ཐེག་པའི་སྒོ་ཡང་གདུལ་བྱ་རང་རང་གི་སྐལ་བ་དང་འཚམས་པར་མཐའ་ཡས་པར་སྟོན་པར་མཛད་པ་སྟེ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །འདུལ་བའི་དོན་རྣམས་སོ་སོར་སྟོན། །ཐེག་པ་མ ཐོ་དམན་ཐམས་ཅད་དང་། །ཕྱིན་ཅི་ལོག་རྣམས་བསམ་ཡས་སུ། །ཞི་ཁྲོའི་ཚུལ་ཅན་ཐམས་ཅད་ལ། །སོ་སོར་མཐུན་བྱས་ཀུན་ཏུ་སྣང་། །ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། །ཐེག་པ་རྣམ་པ་སྣ་ཚོགས་ཀྱིས། །འགྲོ་བའི་དོན་ལ་རྟོག་པའོ། །ཞེས་དང་། མདོ་སྡེ་ལངྐར་གཤེགས་པ་ལས། །སེམས་ཅན་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དེ། །འདི་ཞེས་དམིགས་སུ་ཡོད་མ་ཡིན། །ཞེས་གསུངས་ཤིང་། དེ་དག་དུས་ནམ་གྱི་ཚེ་ཚུལ་ཇི་ལྟ་བུས་གསུངས་པའང་། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བརྡལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམ་སྐོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་དང་འཕགས་པ་ཏིང་འཛིན་རྒྱལ་པོ་ལས། འཇིག་རྟེན་ཕན་པ་ཁྱོད་ཀྱི་གསུང་གཅིག་ལ། །མོས་པ་ཐ་དད་བཞིན་དུ་སྒྲ་འབྱུང་སྟེ། །རྒྱལ་བས་བདག་ལ་སྟོན་སྙམ་སོ་སོར་སེམས། །གང་གི་སླད་དུ་ཁྱོད་ཀྱིས་འཛུམ་མཛད་སྟོན། །ཞེས་དང་། དགོངས་པ་ལུང་སྟོན་ལས། རྟོག་པ་མེད་ཅིང་འཁྲུལ་མེད་པ། །ཡིད་འོང་རྡོ་རྗེའི་གསུང་གཅིག་ལ། །གདུལ་བྱའི་བསམ་པའི་དབང་གིས་ན། །བྱེ་བྲག་མང་པོ་འབྱུང་བ་ཡིན། །ཞེས་གསུངས། དེས་ན་གདུལ་བྱའི་ཞིང་དང་། འདུལ་བྱེད་ཀྱི་སྟོན་པ་དང་། གདུལ་བའི་ཐབས་དང་། གང་གིས་འདུལ་བ་བསྟན་པ་དམ་པའི་ཆོས་སྡེ་སྣོད་དང་ཐེག་པའི་རྣམ་གྲངས་སོགས་ཚུར་མཐོང་གི་བློས་གཞལ་བྱའི་ཡུལ་ལས་འདས་ནའང་། རེ་ཞིག་ད་ལྟའི་འཇིག་རྟེན་གྱི་ཁམས་འདིའི་གདུལ་བྱ་རབ་འབྲིང་ཐ་མའི་བློ་ཅན་རྣམས་ལ་ཇི་ལྟར་སྣང་བའི་ཚུལ། སྔ་འགྱུར་རིག་འཛིན་བརྒྱུད་པའི་ཞལ་ལུང་ཇི་ལྟ་བར་ཐེག་པ་རིམ་པ་དགུའི་རྣམ་བཞག་མདོ་ཙམ་བྲི་བ་ལ་གསུམ། ཐེག་པའི་རང་བཞིན་སྤྱིར་བསྟན་པ། །བྱེ་བྲག་སོ་སོའི་རྣམ་དབྱེ་རྒྱས་པར་བཤད་པ། རྗེས་སུ་ལུང་གིས་མཐའ་བསྡུ་བའོ། །དང་པོ་ལའང་གསུམ་སྟེ། ཐེག་པའི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བསྡུའི་ཁྱད་པར་སྤྱིར་བསྟན་པའོ། །དང་པོ་ནི། གནས་སྐབས་དང་མཐར་ཐུག་ཏུ་ངན་སོང་ངམ་འཁོར་བ་ལས་འཕགས་ཏེ་མངོན་མཐོའམ་ངེས་ལེགས་མྱང་འདས་ཀྱི་ཕྱོགས་སུ་འགྲོ་བའི་ལམ་བདེན་གྱིས་བསྡུས་པའི་ཆོས་སོ། །གཉིས་པ་ནི། ཡ་ན་ཞེས་པའི་སྒྲ་ལས་ཐེག་པ་སྟེ། དེའང་བགྲོད་བྱའི་ཤུལ་ཉིད་ཀྱི་ཕྱིར་ལམ་དང་། ཁུར་ཁྱེར་བ་པོ་ཉིད་ཀྱི་ཕྱིར་ཤིང་རྟ་ལ་སོགས་པའི་གཞོན་པ་ལ་འཇུག་ལ། འདིར་དེ་དང་འདྲ་བའི་སྒོ་ནས་དགེ་བཅུའི་ལམ་སོགས་ལའང་འཇུག་སྟེ། ལམ་གོང་ནས་གོང་དུ་བགྲོད་པར་བྱེད་པའི་ཕྱིར་རོ། །འདིར་ལམ་ལ་གཙོ་བོར་བརྗོད་མོད། འདིས་འདེགས་པ་ལམ་གྱི་ཐེག་པ་དང་། འདིར་འདེགས་འབྲས་བུའི་ཐེག་པ་ཞེས་རྣམ་གྲངས་གཉིས་སུའང་གསུངས་སོ། །དེའང་བསྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་འདའ། །ཞེས་སོ། །གསུམ་པ་ནི། སྤྱིར་ཐེག་པའི་རྣམ་གྲངས་འདི་ཁོ་ནར་ངེས་ཞེས་ཕྱོགས་གཅིག་ཏུ་ཆད་པ་མེད་དེ། འགྲོ་བའི་ཉོན་མོངས་པའི་གཉེན་པོར་སངས་རྒྱས་ཀྱི་ཐུགས་རྗེས་གང་ལ་གང་འདུལ་དུ་བསྟན་པའི་ཕྱིར་གོང་དུ་དྲངས་པའི་ལུང་རྣམས་ཀྱིས་གསལ་པོར་བསྟན་པ་བཞིན་ལ། དེ་ཡང་རེ་ཞིག་བསྡུ་ན་འབྲས་བུ་ལ་དགོངས་ཏེ་ཐེག་པ་གཅིག་ཏུ་གསུང་པ་ནི། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་ཐེག་པ་གསུམ་དུ་མེད། །དེ་དག་དྲང་བའི་ཐབས་སུ་བསྟན་པ་ཡིན། །ཞེས་དང་། སྤྱི་མདོ་ལས། གསང་བའི་སྙིང་པོར་ངེས་པ་ནི། །ཐེག་པའི་སྒོ་ཡང་གཅིག་ལས་མེད། །ཅེས་སོ། །ཡང་རྒྱུ་འབྲས་ཀྱི་ཐེག་པར་མོས་པའི་གདུལ་བྱ་ལ་དགོངས་ནས་གཉིས་གསུངས་ཏེ། ཀུན་བྱེད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་དང་། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། །རྒྱུ་ལས་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་སོ། །ཡང་དམན་པ་དང་རྒྱ་ཆེན་པོ་ལ་མོས་པའི་གདུལ་བྱ་ལ་དགོངས་ནས་ཀྱང་གཉིས་སུ་གསུངས་ཏེ། ཡེ་སྒྲོན་ལས། ཆེ་ཆུང་རིམ་པ་བློ་ཡོད་ཕྱིར། །ཐེག་པའི་གྲངས་ཀྱང་དེ་བཞིན་ཏེ། །བསྡུ་ན་ཆེ་ཆུང་རྣམ་གཉིས་སོ། །ཞེས་དང་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ཐེག་པ་ནི་གཉིས་ཏེ་ཆུང་ངུ་དང་ཆེན་པོའོ། །ཞེས་སོ། །ཡང་ཆུང་འབྲིང་གི་བྱེ་བས་ཉན་རང་ཐེག་ཆེན་ཏེ་གསུམ་དུ་གསུངས་ཏེ། ཡུམ་སྙིང་པོ་མཆོག་ལས། རབ་འབྱོར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། ཞེས་སོ། །ཕྱི་ནང་གི་རིམ་པས་ཀྱང་གསུམ་དུ་བཤད་དེ། གསང་བ་ཐིག་ལེ་ནོར་བུའི་རྒྱུད་ལས། ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་རབ་ཏུ་གཟུང་། །ཞེས་དང་། སྤྱི་མདོ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཞེས་སོ། །མཚན་ཉིད་ཀྱི་ཐེག་པ་གསུམ་འབྲས་བུ་དང་བཞིར་ཡང་བཤད་དེ། འཇམ་དཔལ་སྒྱུ་དྲ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། བམ་བརྒྱད་ལས། ཐེག་པའི་སྒོ་ནི་གསུམ་དུ་གསུངས། །གསང་ཉིད་ཐེག་པ་བསྡུས་རང་བཞི། །ཞེས་སོ། །ཡང་ངེས་ལེགས་ཀྱི་ཐེག་པ་གསུམ་མངོན་མཐོའི་གཉིས་དང་བཅས་ལྔར་ཡང་གསུངས་ཏེ། ལང་གཤེགས་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། ། དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་པར་བཤད་དོ། །ཞེས་དང་། ངེས་ལེགས་གསུམ་གྱི་སྟེང་དུ་བླ་ན་མེད་ཀྱི་ཐེག་པ་བསྣན་ཅིང་མངོའི་མཐོའི་ཐེག་པ་གཅིག་ཏུ་བསྡུས་ནས་ལྔར་ཡང་བཤད་དེ། གསང་སྙིང་ལས། ཐེག་པ་བཞི་ཡི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །ཡང་རྒྱུ་འབྲས་ཀྱི་གོང་འོག་དབྱེ་བས་དྲུག་ཏུ་བཤད་དེ། ཀུན་བྱེད་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །ཅེས་སོ། །བདུན་དུའང་བཤད་དེ། དཀྱིལ་འཁོར་བསྡུས་པ་ལས། ལྷ་དང་མི་དང་ཉན་ཐོས་དང་། །རང་སངས་རྒྱས་དང་བྱང་ཆུབ་སེམས། །གསང་བ་ཕྱི་དང་ནང་གཉིས་ཏེ། །དེ་ལྟར་ཐེག་པ་བདུན་དུ་བཤད། །ཅེས་སོ། །བརྒྱད་དུའང་གསུངས་ཏེ། ནམ་མཁའ་ཆེ་ལས། དེ་ལྟར་ཐེག་བརྒྱད་ལས་འདས་པའི། །ཞེས་སོ། །དགུར་ཡང་གསུངས་ཏེ། ཀུན་བྱེད་ལས། བྱུང་ནི་ཐེག་པ་དགུ་རུ་བྱུང་། །ཞེས་སོ། །ཡང་སོར་བཞག་ལྷ་མའི་ཐེག་པ་གཉིས། ཕྱི་རོལ་པའི་སྡེ་ལྔ། ནང་པའི་རིམ་དགུ། འོད་གསལ་རྡོ་རྗེ་ཐེག་པ་དང་བཅུ་དྲུག་ཏུ་བཤད་དེ། སྙིང་པོ་ཉི་མ་སྣང་བྱེད་ཀྱི་རྒྱུད་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། །ཞེས་སོ། །ཡང་བསམ་གྱིས་མི་ཁྱབ་པར་ཡང་གསུངས་ཏེ། སྤྱི་མདོ་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། །དེ་དག་ཀྱང་གདུལ་བྱའི་བློ་རིམ་ལ་སྣང་བ་ཙམ་ལས་གནས་ལུགས་ཡང་དག་པའི་དོན་ལ་གང་དུའང་དམིགས་སུ་མེད་དེ། ལང་གཤེགས་ལས། ཐེག་པ་རྣམ་པ་མང་བཤད་པ། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དེ། །ཐེག་པ་གཅིག་ཏུའང་ངས་བསྟན་ཏོ། །ཞེས་དང་། སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་གསུངས། དེ་ལ་ཁ་ཅིག་ན་རེ། དེ་མི་འཐད་དེ། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་པས་ཐེག་པ་བཞི་པ་དང་། །གྲུབ་མཐའ་ལྔ་པ་མེད་པར་གསུངས་པས་ཐེག་པ་ནི་གསུམ་ཁོ་ནར་ངེས་པའི་ཕྱིར་ཟེར། འོ་ན་མཚན་བརྗོད་དང་། རྡོ་རྗེ་སྙིང་འགྲེལ་ཉིད་ལས་ཀྱང་། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུ་གནས། །ཞེས་བཞིར་ཕྱེ་བའང་མི་འཐད་པར་ཐལ། གསུམ་ཁོ་ནར་ངེས་པའི་ཕྱིར། ཁོ་ན་རེ། གསུམ་དུ་ཕྱེ་བ་ནི་ཉན་རང་སངས་རྒྱས་ཀྱི་ཐེག་པ་གསུམ་ཡིན་ལ། དེའི་ཕྱི་མ་ལ་རྒྱུ་འབྲས་གཉིས་སུ་ཕྱེ་ནས་བཞིར་གསུངས་པའི་ཕྱིར། དབྱེ་བསྡུའི་ཁྱད་པར་ཙམ་སྟེ་སྐྱོན་མེད་དོ་ཞེ་ན། དེ་འདྲ་རིམ་དགུ་ལའང་མཚུངས་ཏེ། ཕྱི་ནང་གི་རྒྱུད་སྡེ་དྲུག་པོ་འབྲས་ཐེག་ཏུ་འདུ་ལ། དེའང་སངས་རྒྱས་ཀྱི་ཐེག་པའི་ནང་དུ་འདུ་བས་འདིར་ཡང་དབྱེ་བསྡུའི་ཁྱད་པར་རོ། །གལ་ཏེ་ལྷ་མའི་ཐེག་པ་མ་འདུས་སོ་ཞེ་ན། སྐྱོན་མེད་དེ། ལྷ་མའི་ཐེག་པ་ནི་མངོན་མཐོའི་ཐེག་པ་ཡིན་ལ། རྡོ་རྗེ་སྙིང་འགྲེལ་ལས། གསུམ་དུ་བསྡུས་པ་ནི་རྣམ་གྲོལ་གྱི་ཐེག་པ་ལ་དགོངས་པའི་ཕྱིར་རོ། །དེ་བས་ན་ཁྱེད་ཅག་ཐེག་པ་གསུམ་ཁོ་ནར་ཞེན་པ་ནི། ལང་གཤེགས་ཀྱི་མདོར་ཐེག་པ་བསམ་གྱིས་མི་ཁྱབ་པར་གསུངས་པ་སོགས་ཀྱི་དོན་ལ་རྨོངས་པར་ཟད་དོ། །དེས་ན་གནས་སྐབས་སུ་ཐེག་པ་དུ་མའི་རྣམ་བཞག་མཛད་པའང་དེ་དང་དེའི་གནས་སྐབས་དང་གཙོ་ཆེ་ཆུང་གི་དབང་གིས་གདུལ་བྱ་དྲང་བའི་ཐབས་སུ་བསྟན་ནས་དེ་རྣམས་རང་རང་གི་འབྲས་བུ་རྗེས་མཐུན་རེ་ཐོབ་ཏུ་ཟིན་ཀྱང་། ད་དུང་དེའི་གོང་དུ་སངས་རྒྱས་རྣམས་ཀྱིས་བགྲོད་པ་གཅིག་པའི་ལམ་རྡོ་རྗེ་ཐེག་པ་མཆོག་ཏུ་བསྟན་དུ་ཡོད་པ་ལ་དགོངས་པ་སྟེ་གཞན་རྣམས་དེ་ཉིད་ལ་དཀྲི་བའི་ལམ་སྟེགས་ཙམ་དུ་བསྟན་ཅིང་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བགྲོད་བྱའི་ལམ་རྣམས་སྐས་ཀྱི་གདང་བུ་ལྟར་གནས་ཏེ། ཀླུ་སྒྲུབ་ཀྱིས། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་བསྟན། །ཞེས་དང་། མདོ་པད་མ་དཀར་པོ་ལས། དྲང་སྲོང་རྣམས་ཀྱིས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱིས་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་ལས་གཉིས་སུ་ཡོད་མ་ཡིན། །བསྟི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་དང་། ལང་གཤེགས་ལས། སྲིད་པའི་ལམ་གྱིས་དུབ་པ་རྣམས། །ངལ་གསོའི་དོན་དེ་དེ་ཉིད་མིན། །ཞེས་བཤད་པ་བཞིན་ནོ། །དེའི་ཕྱིར་རང་ལུགས་འདིར་ཉན་རང་བྱང་སེམས་སྔགས་ཀྱི་ཐེག་པ་སྟེ་བཞིར་གྲངས་ངེས་པའི་ཕྱི་མ་ལ་རྒྱུད་སྡེ་འོག་མ་གསུམ་དང་། བླ་མེད་ལ་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་དབྱེ་བར་མཛད་ནས། དེ་ཐེག་པའི་རིམ་པ་བཞག་པ་ལ་འགལ་བར་འདུ་བའི་ཆ་ཤས་ཙམ་ཡང་གནས་པའི་སྐབས་མེད་དེ། སངས་རྒྱས་ཀྱི་སས་བསྡུས་པའི་ཆོས་ཐམས་ཅད་ལ་སྤྱིར་ཐེག་པ་གཅིག་གི་སྒྲ་སྦྱར་བའམ། བྱེ་བྲག་ཇི་སྙེད་པ་ལ་ཐེག་པ་སོ་སོའི་སྒྲ་སྦྱར་ཀྱང་རུང་སྟེ་ཐམས་ཅད་མཁྱེན་པའི་བར་དུ་བགྲོད་བྱེད་ཀྱི་ལམ་ཡིན་པས་སོ། །དེའང་དང་པོ་ཕྱི་མཚན་ཉིད་ཀྱི་ཐེག་པ་གསུམ་པོས་རིམ་བཞིན་དགྲ་བཅོམ་པ་དང་། ནེ་ཙོའམ་བསེ་རུ་ལྟ་བུའི་རང་སངས་རྒྱས་དང་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་མཐར་འདེགས་པས་ན་ཐེགས་པ་དང་། གཉིས་པ་ཕྱི་བརྒྱུད་ཀྱི་ཐེག་པ་གསུམ་པོས་རིམ་བཞིན་རིགས་གསུམ་རྡོ་རྗེ་འཛིན་པའི་ས་དང་། རིགས་བཞི་མཁའ་ལ་སྤྱོད་པའི་ས་དང་། རིགས་ལྔ་སྟུག་པོ་བཀོད་པའི་སར་འདེགས་པར་བྱེད་པས་ན་ཐེག་པ་དང་། གསུམ་པ་ནང་པ་ཐབས་ཀྱི་རྒྱུད་རྣམ་པ་གསུམ་གྱིས་རིམ་པ་བཞིན་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ས་དང་། བདེ་བ་ཆེན་པོའི་ས་དང་ཡེ་ཤེས་བླ་མའི་སར་འདེགས་པར་བྱེད་པས་ན་ཐེག་པའི་སྒྲ་བཤད་བཞག་ལ། འདི་ལ་དགོངས་ནས་ལང་གཤེགས་སུ། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་གསུངས། དེས་ན་སེམས་ཀྱི་རྣམ་པར་རྟོག་པ་ཇི་སྙེད་པ་དང་རྗེས་སུ་འཚམས་པར་ཐེག་པའི་སྒོ་ཡང་དེ་སྙེད་དུ་ཡོད་པར་གསུངས་པའི་ཕྱིར་སྐབས་འདིར་དབང་པོ་འབྲིང་དང་རྣོན་པོ་དག་ལའང་དབྱེ་བ་གསུམ་གསུམ་དུ་ཕྱེ་བ་གདུལ་བྱའི་བློ་ཚོད་ལ་དགོངས་ནས་སྔགས་ཀྱི་ཐེག་པ་གོང་འོག་རྣམས་དེ་དང་མཚུངས་པར་བསྟན་ནས་རང་རང་གི་གཞུང་ལམ་དུ་ལྟ་སྒོམ་སྤྱོད་འབྲས་ཚར་རེ་ཚང་བར་ལམ་སོ་སོ་རང་རྐྱ་ཐུབ་པའི་དོན་ཙམ་དུ་བཤད་ནས་མཐར་ཕྱིན་བློ་ཟད་ཆོས་ཟད་འཕགས་པའི་ལམ་བདེན་སྒྲ་ཇི་བཞིན་པའི་མཐར་ཐུག་པར་བཞག་པ་ཡིན་ཏེ། དེ་ཡང་གང་ཞིག་སྐྱེ་བ་གཞན་དུ་གོས་པའི་བག་ཆགས་ཀྱི་སྟོབས་ཀྱིས་ནགས་ཚལ་དང་དབེན་པ་ལ་དགའ་ཞིང་ཁྲུས་དང་མཎྜལ་བྲི་བ་དང་མཆོད་པ་དང་སྦྱིན་སྲེག་དང་དཀའ་ཐུབ་དང་བཟླས་བརྗོད་ལ་སོགས་པའི་བྱ་བ་མེད་པར་ཡིད་མཉམ་པ་འཇོག་མི་ནུས་པ། དེ་ཁོ་ན་ཉིད་བསྒོམ་པའི་ནུས་པ་ཆུང་བ། མཚན་མ་ཅན་གྱི་སྤྱོད་པ་ལ་དགའ་བ་དག་ལ་ཕྱིའི་སྤྱོད་པ་དེ་དག་ཤས་ཆེར་སྟོན་པ་བྱ་བའི་རྒྱུད་ལེགས་གྲུབ་སོགས་གསུངས་པ་དང་། གང་ཞིག་བྱ་བའི་ཁྱད་པར་ལའང་མོས། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལ་སྦྱོར་བའི་ནང་གི་བདག་ཉིད་ཅན་གྱི་ཚུལ་ཡང་མི་འདོར་བར་སྤྲོ་བ་དག་ལ་བྱ་བ་དང་རྣལ་འབྱོར་གྱི་ཆ་གཉིས་ཀ་དང་ལྡན་པ་གཉིས་ཀའི་རྒྱུད་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་གསུངས་ཏེ། དེ་ཉིད་ནི་གསང་སྔགས་དང་རྗེས་སུ་མཐུན་པའི་སྤྱོད་པ་ཤེས་རབ་དང་ཐབས་གཙོ་བོར་གྱུར་པ་རྒྱ་ཆེར་སྟོན་པས་སྔོན་གྱི་མཁས་པ་དག་གིས་སྤྱོད་པའི་རྒྱུད་ཅེས་བཤད་དོ། །ཡང་གང་ཞིག་དེ་ཁོ་ན་ཉིད་ལ་མངོན་པར་དགའ་བའི་སེམས་དང་ལྡན་པ། རྣལ་འབྱོར་ལ་ལྷག་པར་མོས་པ་ཕྱིའི་བྱ་བ་ལ་མི་དགའ་བར་ཏིང་ངེ་འཛིན་གྱིས་རྒྱུད་དག་པར་བྱེད་པ་རྣམས་ལ་བྱ་བའི་ཡན་ལག་ཉུང་ཞིང་། རྣལ་འབྱོར་གྱི་ཡན་ལག་གཙོ་བོར་སྟོན་པ་རྣལ་འབྱོར་གྱི་རྒྱུད་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་པ་གང་ཞིག་དབང་པོ་རྣོ་བ། དེ་ཁོ་ན་ཉིད་སྒོམ་པ་ལ་རབ་ཏུ་འདུན་པ། སྔོན་གོམས་པའི་སྟོབས་ཀྱིས་བྱ་བ་དང་དངོས་པོ་ཐམས་ཅད་ལ་ཐ་དད་པའི་འདུ་ཤེས་མི་འཇུག་པ། ཐེག་པ་ཆེན་པོ་ལ་སེམས་རྣམ་པར་སྦྱངས་བ་ཤེས་རབ་དང་གཉིས་སུ་མེད་པའི་སྤྱོད་པ་ལ་མངོན་པར་དད་པའི་བདག་ཉིད་ཆེན་པོ་རྣམས་ལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གཙོ་བོར་མཛད་དེ་གཉིས་སུ་མེད་པའི་ཚུལ་གྱིས་འཇུག་ཅིང་སྤྲོས་པ་མེད་པ་དང་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟོན་པ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པ་དང་གསང་བ་སྙིང་པོ་ལ་སོགས་པ་གསུངས་པ་དང་། ཡང་སྤྲོས་པ་ལས་འདས་པའི་རྣལ་འབྱོར་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་བདག་ཉིད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་རྟོགས་ནས་ནང་གི་རྣལ་འབྱོར་ཟབ་མོ་ལ་མངོན་པར་དགའ་བ་དག་ལ་མདོ་དགོངས་པ་འདུས་པ་སོགས་ཨ་ནུ་ཡོ་གའི་རྒྱུད་སྡེ་རྣམས་གསུངས་སོ། །ཡང་གང་ཟག་དབང་པོ་རབ་རྟོགས་པ་དང་གྲོལ་བ་དུས་མཉམ་པར་གྱུར་པའི་རིགས་ཅན་དག་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་རང་བྱུང་གི་ཡེ་ཤེས་ཆེན་པོར་ཡེ་ནས་སངས་རྒྱས་པས་བྱ་རྩོལ་གྱི་སྤྲོས་པ་ལས་འདས་པའི་ཐེག་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རྒྱུད་རྣམས་གསུངས་ཏེ། དེ་ཡང་འོག་མ་འོག་མ་རྣམས་ཀྱི་ལམ་དང་འབྲས་བུའི་ཚུལ་ཐམས་ཅད་གོང་མ་གོང་མར་འདུ་ཞིང་། བླ་མེད་ལའང་བསྐྱེད་རྫོགས་གཉིས་པོ་ལམ་གང་ཞིག་སྒྲུབ་ཚུལ་བློས་བྱས་ལས་མ་འདས་པས་བསྒྲུབ་བྱ་འདུས་བྱས་སུ་འགྱུར་བས་ཡེ་ཤེས་མཐོང་བ་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། རྫོགས་པ་ཆེན་པོ་ནི་བློས་བྱས་ཆོས་ཀྱིས་རིག་པའི་སྐབས་མེད་པས་ཆོས་ཉིད་ཀྱི་བདེན་པ་གནས་ལུགས་རྟོགས་པའི་སྟོབས་ཀྱིས་ཐོབ་པ་འཕགས་རྒྱུད་ཀྱིས་བསྡུས་པའི་ལམ་བདེན་ཟག་པ་མེད་པའི་ཡེ་ཤེས་ཏེ་ལམ་འོག་མས་མངོན་དུ་བྱ་རྒྱུ་རྣམ་གྲངས་མང་པོས་བསྟན་པའི་ཆོས་ཉིད་མ་ནོར་བར་མངོན་སུམ་དུ་མཐོང་བར་འགྱུར་བའི་ཕྱིར་ཐེག་པ་མ་ལུས་པ་ཐེག་པ་ཆེན་པོ་བླ་ན་མེད་པ་འདིར་འདུ་བ་ཡིན་ལ་དེའི་ཕྱིར་འདི་ལ་ཡེ་ཤེས་ཀྱི་ཐེག་པ་ཞེས་བཤད་པའང་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། ཡེ་ཤེས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ལ་རབ་ཏུ་གཞོལ་བའི་སེམས་ཀྱི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཞེས་དང་། དམ་ཆོས་པད་དཀར་ལས། ང་ཡིས་བསྟན་པའི་ཐེག་པ་དགུ་པོ་ཡང་། །སེམས་ཅན་རྣམས་ཀྱིས་མཐུ་དང་མོས་པར་བཤད། །འདི་ལྟར་ཐབས་ཀྱིས་མཆོག་གི་ཡེ་ཤེས་ལ། །རབ་ཏུ་གཟུད་པའི་ཕྱིར་ན་ངས་བཤད་དོ། །ཞེས་དང་། གཞན་ཡང་ལྷའི་བུ་རབ་སྩལ་སེམས་ཀྱིས་ཞུས་པའི་མདོ་ལས། ཐེག་པ་ཆེན་པོའི་ཐེག་པ་འདི། །སངས་རྒྱས་ཐེག་པ་བསམ་མི་ཁྱབ། །སེམས་ཅན་གྱི་ནི་གོ་སྐབས་འབྱེད། །ཐེག་པ་ཆེན་པོ་བླ་ན་མེད། །ཐེག་པ་ཇི་སྙེད་ཅི་ཡོད་པ། །འདི་ནི་དེ་ཡི་མཆོག་ཏུ་དགོངས། །དེ་ཕྱིར་ཐེག་པ་ཆེན་པོ་ལས། །ཐེག་པ་ཐམས་ཅད་རབ་ཏུ་དབྱེ། །ཞེས་དང་། འཕགས་པ་རྟོགས་ཆེན་ཕྱག་རྒྱས་ལས་ཀྱང་། ཐེག་པ་ནི་གཅིག་ཁོ་ནར་བས་ཏེ། གཉིས་དང་གསུམ་དུ་མ་མཆིས་སོ། །ཞེས་དང་། དེའི་འགྲེལ་བར། དེ་ཡང་གདུལ་བྱར་ཐེག་པ་གསུམ་གྱིས་འདུལ་བ་ལ་ཉན་ཐོས་དང་། རང་རྒྱལ་དང་། ཐེག་པ་ཆེན་པོ་བསྟན་ཏོ། །ཡང་དག་པར་ཐེག་པ་གཅིག་སྟེ་འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་དང་། ཡུམ་བར་མ་ལས། རབ་འབྱོར་ཐེག་པ་ནི་གཅིག་ཁོ་ན་སྟེ། བླ་ན་མེད་པ་སངས་རྒྱས་ཀྱི་ཐེག་པའོ། །ཞེས་དང་། ལང་དཀར་གཤེགས་ལས། ཐེག་པ་གཅིག་ལས་གཉིས་པ་ཡོད་མ་ཡིན། །གསུམ་པ་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྣ་ཚོགས་འགྲོ་བ་འདུལ་བར་མཛད་མ་གཏོགས། །ཞེས་པ་ལ་སོགས་སྐབས་འགར་ཐེག་པ་གཅིག་ཏུ་གསུངས་པ་དང་། ཁ་ཅིག་ཏུ་གཉིས་དང་གསུམ་དང་ལྔ་སོགས་དང་། གྲངས་མེད་པར་ཡང་གསུངས་པ་དང་། གནས་ལུགས་མ་འཁྲུལ་བ་མཐོང་བའི་གང་ཟག་ལ་དགོངས་ནས་ཐེག་པ་མེད་པར་གསུངས་པ་སོགས་གོང་དུ་དྲངས་པའི་ལང་དཀར་གཤེགས་པའི་ལུང་སོགས་ཀྱིས་གསལ་བ་བཞིན་དགོས་པའི་དབང་གིས་དེ་ལྟ་བུར་བསྟན་པ་རྣམས་ལ་མཐའ་གཅིག་ཏུ་འདི་ཙམ་ཞིག་ཡིན་ལ། འདི་ཙམ་ཞིག་མིན་ནོ་ཞེས་རྣམ་བཞག་འགྲིགས་འགྲིགས་ལྟར་སྨྲ་བ་ཡང་ཡང་དག་པའི་གནས་ལ་བློ་གྲོས་ཀྱི་འཇུག་པ་མ་ཕྱོགས་པའི་རྟགས་སུ་ཤེས་པར་བྱ་ཞིང་། ཡང་རྫོགས་པ་ཆེན་པོའི་ལུགས་ཀྱིས་ཐེག་བརྒྱད་གོལ་སར་བཤད་པ་ལ། ཁ་ཅིག་གིས། ཆོས་ཟབ་ཁྱད་དུ་གསོད་པ་ཡི། ཆོས་ལོག་འདི་ལ་བརྟག་པར་འོས། ཞེས་ཁ་ཟེར་བའང་གྱི་ན་སྟེ། རྫོགས་ཆེན་གྱི་ལུགས་ཀྱིས། ཨ་ནུ་མན་ཆད་གོལ་སྒྲིབ་ཀྱི་ཐེག་པ་ཡིན་པས། འདིར་རང་གི་ལྷ་བ་མཆོག་ཏུ་རྟོགས་པའི་སླད་དུ། དེ་དག་གི་ཚུལ་ངོས་བཟུང་བ་ཙམ་ཡིན་ལ། ནམ་ཡང་ཁྱད་དུ་གསོད་པར་མི་འདོད། རྫོགས་པ་ཆེན་པོའི་བྱིན་རླབས་ལས་ཤར་བའི་རྩལ་བསྟན་པའི་སྒོ་སྣ་ཚོགས་པ་ཡིན་ཏེ་རོལ་པའམ་རྒྱན་ལྟ་བུ་ཡིན་ནོ། །དེ་ཡང་ཨ་ཏིའི་ལུགས་ཀྱི་རྒྱུའི་ཐེག་པ་ཡང་སྔགས་སུ་འདུས། སྔགས་ཀྱང་ཡོ་ག་རྣམ་པ་བཞིར་འདུས། ཡོ་ག་འོག་མ་གསུམ་ཡང་ཨ་ཏི་ཡོ་ག་ལ་འདུས། ཨ་ཏི་ནི་ཐིག་ལེ་ཉག་གཅིག་བྱ་རྩོལ་དང་བྲལ་བའི་ངང་དུ་ཡེ་ནས་གནས་ཏེ། ནམ་མཁའ་ཆེ་ལས། རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ཅིང་། །རྒྱ་མཚོའི་ངང་དུ་རོལ་གཅིག་གནས་པ་ལྟར། །ཆོས་རྣམས་རྫོགས་པ་ཆེན་པོར་འདུས་གསལ་ཞིང་། །མ་བཅོས་ལྷུན་གྱིས་གྲུབ་པའི་ངང་དུ་གནས། ། ཅེས་གསུངས་ཤིང་། ཐེག་པ་དེ་ཀུན་ཀྱང་སངས་རྒྱས་ཀྱི་ཐུགས་རྗེ་དང་། གདུལ་བྱའི་ལས་འཕྲོ་འཛོམ་པ་ན། དགོས་ཆེད་གཉིས་ཀྱི་དབང་གིས་འབྱུང་སྟེ། དགོས་པ་གང་ལ་དགོས་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལམ་ལྔ་དང་ས་བཅུའི་སྒོ་ནས། ཉོན་མོངས་པ་སྤང་བ་དང་སྦྱོང་བའི་རྩོལ་བ་བྱས་ནས། དུས་བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པ་ནས་སངས་རྒྱས་ཐོབ་འདོད་རྣམས་ལ་དགོས། ཆེད་ནི་ཨ་ཏིའི་གྲུབ་མཐའ་ས་ལམ་སྦྱང་བགྲོད་པ་མི་གོ་བ་རྣམས་ཀྱི་ཆེད་དུ་བྱུང་། ཡང་དགོས་ནི། གསང་སྔགས་ཕྱི་ནང་གི་སྒོར་ཞུགས་པ་རྣམས་ལ་དགོས། ཆེད་ནི་བསྙེན་སྒྲུབ་བཞིས་དངོས་གྲུབ་སྒྲུབ་ཏུ་མེད་དེ་ཡེ་གྲོལ་ཆེན་པོའི་དོན་རྟོགས་པའི་ཆེད་དུ་བྱུང་། དེ་ཡང་། ས་དང་ལམ་ལ་སྤང་ཞིང་སྦྱང་བ་དང་། །བསྙེན་སྒྲུབ་རྣམ་བཞིས་རྩོལ་ཞིང་སྒྲུབ་པ་དང་། །ཕྱི་ནང་སྒོ་ཕུག་བྱེད་པའི་ཚི་ཆད་པས། །མ་བརྩལ་ལྷུན་གྱིས་གྲུབ་པའི་ངང་དུ་གནས། །ཞེས་གསུངས། དེ་ལ་ཨ་ནུ་མན་ཆད་ཀྱི་གོལ་སྒྲིལ་ནི་སེམས་ཀྱི་རྩལ་ཅིར་ཡང་ཤར་བས་ཏེ། སེམས་སྐྱེ་བ་མེད་པ་ལས་རྩལ་འགག་མེད་དུ་ཤར་བས་རང་སྣང་སྟོང་པ་ཡིན་པར་མ་ཤེས་པས། ད་ལྟའི་སྣང་བ་འདི་ཐམས་ཅད་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གྲུབ། བདེ་སྡུག་ཐམས་ཅད་སྔོན་གྱི་ལས་ལས་བྱུང་བར་ལྟ་བས་འཇིག་རྟེན་ལྷ་མིའི་ཐེག་པར་གོལ་ལོ། །འོ་ན་རྫོགས་ཆེན་པས་ལྟ་བ་དེ་སྤོང་ངམ་ཞེ་ན། ཆེད་དུ་མི་སྤོང་སྟེ་སེམས་ཀྱི་རྩལ་མ་འགག་པ་སོ་སོ་སྐྱེ་བོ་ལྷ་མའི་ཐེག་པ་ལྟར་ཤར་ཡང་། དེ་ལྟར་མ་གྲུབ་སྟེ། དེ་ལ་སྣང་བ་དང་ལས་རང་རྒྱུད་པ་མེད་དེ་གཉིས་མེད་རང་གྲོལ་བའོ། །དེ་ཡང་ནམ་མཁའ་ཆེ་ལས། ཅི་སྟེ་ལས་ཀྱིས་དབང་གྱུར་ན། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཞེས་ལས་ཀྱི་ངོ་བོ་མེད་པར་གསུངས་སོ། །དེ་བཞིན་དུ། སེམས་སྟོང་པ་དེའི་རྩལ་མ་འགག་པས་མུ་སྟེགས་རྟག་ཆད་ལྟར་ཤར། ཉན་ཐོས་པའི་གང་ཟག་གི་བདག་མེད། རང་རྒྱལ་གྱི་བདག་མེད་ཕྱེད་དང་གཉིས། སེམས་ཙམ་པའི་ཐམས་ཅད་སེམས་སུ་ལྟ་བ། དབུ་མ་པའི་མཐའ་བྲལ། ཀྲྀ་ཡཱ་པ་ཀུན་རྫོབ་ལྷའི་དཀྱིལ་འཁོར་དོན་དམ་དག་པ་མཐའ་བཞི་དང་བྲལ་བ། ཨུ་བའི་ལྟ་སྤྱོད་ཟུང་འབྲེལ། ཡོ་གའི་དོན་དམ་མཐའ་བྲལ་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷའི་དཀྱིལ་འཁོར། མ་ཧཱ་ཡོ་གའི་བདེན་གཉིས་དབྱེར་མེད། ཨ་ནུའི་དབྱིངས་དང་ཡེ་ཤེས་ཏེ། སེམས་ཀྱི་རྩལ་མ་འགག་པས་ཐེག་པ་དེ་དག་གི་ལྟ་བ་ལྟར་ཤར་བ་ཡིན་ཀྱང་། ལྟ་བ་དེ་དང་དེ་དག་ཏུ་བལྟ་བའི་མཐའ་དང་བྲལ་ཏེ། མཐའ་བྲལ་ཐིག་ལེ་ཉག་གཅིག་དེའི་ངང་ལས་མ་གཡོས་བཞིན་དུ། རྩལ་འགག་པ་མེད་པ་རང་བྱུང་གི་ཡེ་ཤེས་དེ་ཐེག་པ་འོག་མ་དེ་རྣམས་ཀྱི་ལྟ་སྤྱོད་ལྟར་ཤར་བ་ཡིན་པས། མི་འགོགས། མི་སྤོང་། མི་སྒྲུབ་པའི་དོན་ཡིན་ནོ། །དེ་ཡང་རྫོགས་པ་ཆེན་པོའི་དོན་རྟོགས་ན་ཐེག་པ་ལ་མཐོ་དམན་མེད་པས་མཉམ་པ་ཉིད་དུ་རང་གྲོལ་བ་ཞེས་བྱའོ། །ཞེས་མཁས་མཆོག་སོག་བཟློག་པས་གསུངས་ཤིང་ཞིབ་པར་མཁས་མཆོག་འདི་ཉིད་དང་། ཐམས་ཅད་མཁྱེན་པ་ཀཿཐོག་པ་ཚེ་དབང་མཆོག་གྲུབ་སོགས་ཀྱི་གསུངས་ལས་ཤེས་པར་བྱའོ། །གཉིས་པ་བྱེ་བྲག་སོ་སོའི་རྣམ་བཞག་རྒྱས་པར་བཤད་པ་ལ་གཉིས་ཏེ། རྫོགས་པ་ཆེན་པོའི་རྒྱུད་རིག་པ་རང་ཤར་ལས། ཀྱེ་ཧོ་གསང་བདག་རྡོ་རྗེ་འཛིན། །ང་ཡི་ཐེག་པ་བསམ་ཡས་ཀྱང་། །བཤད་ལུགས་རྣམ་པ་གཉིས་སུ་འདུ། །འཁོར་བ་དང་ནི་མྱ་ངན་འདས། །ཞེས་དང་། མདོ་བཅུ་ལས། གཉིས་ནི་རྣམ་པའི་བྱེ་བྲག་སྟེ། །ཐེག་པ་རྣམ་པ་གཉིས་སུ་བསྟན། །འཇིག་རྟེན་པ་ཡི་ཐེག་པ་དང་། །མྱ་ངན་འདས་པའི་ཐེག་པའོ། །ཞེས་དང་། སྒྱུ་འཕྲུལ་རྒྱས་པ་ལས། འཇིག་རྟེན་འདས་དང་འཇིག་རྟེན་པའི། །མཐའ་ཡས་དཀྱིལ་འཁོར་མ་ལུས་ཀུན། །ཞེས་གསུངས་པས། འཇིག་རྟེན་པའི་ཐེག་པ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་དངོས་བཤད་པའོ། །འདི་གཉིས་ཀྱི་ཁྱད་པར་ནི། རྒྱལ་བའི་ཡུམ་ལས། སྦྱིན་པ་ནི་འཇིག་རྟེན་པ་ལའང་ཡོད། འཇིག་རྟེན་ལས་འདས་པ་ལའང་ཡོད་དོ། །དེའང་འཇིག་རྟེན་པའི་སྦྱིན་པ་གང་ཞེ་ན། གང་སྦྱིན་པ་བྱིན་པས་འཇིག་རྟེན་ལས་མི་གཡོ་མི་འཕག །མི་འདའ་ན་འཇིག་རྟེན་པའི་སྦྱིན་པ་ཞེས་བྱའོ། །གང་སྦྱིན་པ་བྱིན་པས་འཇིག་རྟེན་ལས་གཡོ་འཕགས། འདའ་ན་འཇིག་རྟེན་ལས་འདས་པའི་སྦྱིན་པ་ཞེས་བྱའོ། །ཞེས་སོགས་གསུངས་པ་ལྟར། ཐབས་གང་གིས་མཐར་ཕྱིན་པར་བསྒྲུབས་པས་འབྲས་བུ་འཇིག་རྟེན་ལས་འཕགས་ནུས་མི་ནུས་ཀྱི་ཁྱད་པར་རོ། །དེ་ལ་ཐོག་མར་འཇིག་རྟེན་པའི་ཐེག་པ་ལའང་། སོར་བཞག་ལྷ་མའི་ཐེག་པ་དང་། འཕྲོས་དོན་མ་རྟོགས་ལོག་རྟོགས་ཀྱི་ལྟ་བ་བཤད་པ་གཉིས་ལས། དང་པོ་ནི་སྤྱིར་ལང་གཤེགས་སོགས་ལས་ལྷ་ཡི་ཐེག་པ་དང་ཚངས་པའི་ཐེག་པ་ཞེས་གཉིས་སུ་གསུངས་ཀྱང་། འདིར་ནི་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བའི་སྙིང་པོ་ལས། ལྷ་དང་མི་ཐེག་ཡི་པ་དང་། །ཞེས་གཅིག་ཏུ་བསྡུས་ཏེ་གསུངས་པ་བཞིན་དུ། དེ་གཉིས་མཉམ་པོར་འཆད་པ་ལ། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་སྒྱུ་འཕྲུལ་ལམ་གྱི་རིམ་པ་ལས། གཞི་ཡི་ཐེག་པ་དང་པོར་ཞོག །ཅེས་གསུངས་པས། འདི་ལ་ངེས་འབྱུང་གཞི་ཡི་ཐེག་པ་ཞེས་ཀྱང་བྱ་སྟེ་ཐེག་པ་ཐམས་ཅད་ཀྱི་གཞིའམ་ཕྱི་མི་ལྟ་བུར་གྱུར་པ་སྟེ། ཡང་དག་པའི་ལྟ་བས་མ་ཟིན་པ་དང་དངོས་གཞི་དགེ་བཅུའི་ལས་ལ་མི་སྤྱོད་པའི་ཐེག་པ་ནི་གང་ཡང་མེད་པའི་ཕྱིར་ཏེ། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། གང་ལ་མཐོ་རིས་ཐེག་པ་ཡོད་མིན། །དེ་ལ་ཉན་ཐོས་ཐེག་པ་མེད་དེ། །གང་ལ་ཉན་ཐོས་ཐེག་པ་ཡོད་མིན། །དེ་ལ་རང་རྒྱལ་ཐེག་པ་མེད་དེ། །གང་ལ་རང་རྒྱལ་ཐེག་པ་ཡོད་མིན། །དེ་ལ་ཐེག་པ་ཆེན་པོ་མེད་དེ། །ཞེས་དང་། དགྱེས་རྡོར་ལས། དགེ་བ་བཅུ་ལས་བརྩམ་ནས་ནི། །དེ་ཡི་ཆོས་ནི་རབ་ཏུ་དབྱེ། །ཞེས་དང་། འཕགས་པ་ཀླུས་རིན་ཆེན་ཕྲེང་བ་ལས། དང་པོ་མངོན་པར་མཐོའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པའོ། །ཞེས་གསུངས། དེ་ལ་གསུམ། ངོ་བོ། ངེས་ཚིག །དབྱེ་བའོ། །དེ་ལྟར་ཡང་བདེ་གཤེགས་འདུས་པའི་རྒྱུད་ཀྱི་སྤྱི་ཆིངས་ཆེན་མོའི་ལེའུ་དང་པོར། རེ་རེའང་ངོ་བོ་ངེས་ཚིག་དང་། དབྱེ་བ་ཞེས་གསུངས་པའི་ཕྱིར། དེ་ལས་དང་པོ་ངོ་བོ་ནི་སྤྱིར་འདོད་ཁམས་ཀྱི་ལྷ་དང་མི་ཡི་བདེ་བ་ཙམ་དང་བྱེ་བྲག་ཁམས་གོང་མའི་བདེ་བ་མཐར་ཐུག་པའི་བར་དུ་འགོད་པའི་ཐབས་གང་ཞིག་འཁོར་བ་ལས་འཕགས་པར་མི་ནུས་པའོ། །གཉིས་པ་ངེས་ཚིག་ནི། མ་ནུ་ཤ་ཡཱ་ཞེས་པའི་སྒྲ་ལས་མིའི་ཐེག་པ་དང་། དེ་བ་ཡཱ་ན་ལས་ལྷའི་ཐེག་པ་ཞེས་འབྱུང་སྟེ། དེ་ལ་སྒྲ་ཡངས་པའི་དབང་དུ་བྱས་ན། སྤྱིར་ལྷ་མི་དང་བྱེ་བྲག་ཁམས་གོང་མ་གཉིས་ཀྱིས་ས་བསྡུས་པ་ཐམས་ཅད་ལ་ཚངས་པའི་སྒྲ་འཇུག་པར་འཕགས་པ་རྣམ་གྲོལ་སྡེས་བཤད་པ་ལྟར་དེ་དང་དེ་ཡི་བདེ་འབྲས་ཙམ་ལ་སྦྱོར་ཞིང་འགོད་ནུས་པའི་ཕྱིར་ཐེག་པའོ། །གསུམ་པ་དབྱེ་བ་ལ། འཇུག་སྒོ། ལྟ་བ། ཚུལ་ཁྲིམས། སྒོམ་པ། སྤྱོད་པ། འབྲས་བུ་དང་དྲུག་སྟེ། ལུང་སྔ་མའི་འཕྲོས་ལས། སོ་སོའི་འདོད་པ་ཡི། འཇུག་སྒོ་ལྟ་བ་ཚུལ་ཁྲིམས་དང་། །སྒོམ་པ་ཕྲིན་ལས་འབྲས་བུ་རྣམས། །རིམ་པ་བཞིན་དུ་ཤེས་བྱ་སྟེ། །ཞེས་གསུངས་ཏེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེ་ལས་དང་པོ་འཇུག་སྒོ་ནི། སྤྱིར་ངན་སོང་གསུམ་སྡུག་བསྔལ་གྱི་རང་བཞིན་ཅན་དུ་མཐོང་ནས། དེར་སྐྱེ་བའི་རྒྱུ་མི་དགེ་བའི་ལས་སྤོང་བའི་སྒོ་ནས་འཇུག་ཅིང་བྱེ་བྲག་ཏུ་ཁམས་གོང་མ་རྣམས་སུ་ནི་འདོད་ཁམས་སོགས་ས་འོག་མའི་སྐྱོན་དང་གོང་མའི་ཡོན་ཏན་རྣམས་མཐོང་བའི་སྒོ་ནས། ས་འོག་མའི་སྐྱོན་ནམ་སྒྲིབ་པ་རྣམས་འཇིག་རྟེན་པའི་ལམ་གྱིས་མགོ་མནོན་གྱི་ཚུལ་གྱིས་སྤོང་བའི་སྒོ་ནས་རིམ་གྱིས་འཇུག་པར་བྱེད་དེ། ཧེ་རུ་ཀ་གལ་པོ་ཆེ་ལས། ལྷའི་ཐེག་པས་མི་དགེ་སྤང་། །ཞེས་སོ། །དེ་ལ་མི་དགེ་བ་བཅུ་ནི། སློབ་དཔོན་རྟ་དབྱངས་ཀྱིས། བཅུ་པོ་དེ་དག་གང་ཞེ་ན། །ལུས་ཀྱི་དབྱེ་བ་རྣམ་པ་གསུམ། །ངག་གི་དབྱེ་བ་རྣམ་པ་བཞི། །ཡིད་ཀྱི་རབ་ཏུ་དབྱེ་བ་གསུམ། །མི་དགེ་བཅུ་རུ་དེ་དག་འདོད། །དེ་རྣམས་རབ་ཏུ་བཤད་པར་བྱ། །དེ་ལ་རེ་ཞིག་ལུས་ཀྱི་ནི། །སྲོག་གཅོད་མ་བྱིན་ལེན་ལོག་གཡེམ། །ངག་གི་རྫུན་ཚིག་ཕྲ་མ་དང་། །ཚིག་རྩུབ་དང་ནི་འཁྱལ་བ་རྣམས། །ཡིད་ཀྱི་ལོག་ལྟ་བརྣབ་སེམས་གནོད། །དེ་ལ་སྲོག་གཅོད་གང་ཞེ་ན། །སྲོག་དང་ལྡན་པར་གྱུར་པ་ལ། །སྲོག་དང་ལྡན་པར་འདུ་ཤེས་དང་། །གསོད་སེམས་ཉེ་བར་གནས་པ་དང་། །རིམ་པ་བཞིན་དུ་བྱས་ལྡན་དང་། །སྲོག་ནི་གཅོད་པར་གྱུར་པ་སྟེ། །ཡན་ལག་ལྔ་པོ་དེ་དག་དང་། །ལྡན་པ་སྲོག་གཅོད་ཡིན་པར་བཤད། །མ་བྱིན་ལེན་པ་གང་ཞེ་ན། །གཞན་དག་གི་ནི་ཡིན་པ་དང་། །གཞན་གྱིས་བདག་གིར་བྱས་པ་དང་། །གཞན་གྱིས་ཡིན་པར་འདུ་ཤེས་དང་། །རྐུ་སེམས་ཉེ་བར་གནས་པ་དད། །རིམ་པ་བཞིན་དུ་བྱས་ལྡན་དང་། །གནས་ནས་སྤགས་པར་གྱུར་པ་སྟེ། །ཡན་ལག་དྲུག་པོ་དེ་དག་དང་། །ལྡན་པ་མ་བྱིན་ལེན་པར་བཤད། །དེ་ལ་ལོག་གཡེམ་གང་ཞེ་ན། །ལོག་པར་གཡེམ་པ་རྣམ་བཞི་སྟེ། །ཡུལ་མིན་པ་དང་དུས་མིན་དང་། །ཡན་ལག་མ་ཡིན་བསྒྲོད་མིན་ཡིན། །དེ་ལའང་ཡུལ་མིན་བྱ་བ་ནི། །དམ་ཆོས་མཆོད་རྟེན་སྐུ་གཟུགས་དང་། །བྱང་ཆུབ་སེམས་དཔའི་གཞུགས་གནས་སོགས། །མཁན་པོ་དང་ནི་སློབ་དཔོན་དང་། །ཕ་མ་དྲུང་ན་གནས་པ་ནི། །ཡུལ་མིན་དེ་རུ་མི་བྱའོ། །དེ་ལ་དུས་མིན་བྱ་བ་ནི། །ཟླ་མཚན་འཛག་དང་སྦྲུམ་མ་དང་། །བུ་ཆུང་དང་བཅས་མི་མོ་དང་། །སྡུག་བསྔལ་ཡིད་མི་བདེ་སོགས་དང་། །ཡན་ལག་བརྒྱད་གནས་དུས་མིན་ཡིན། །ཡན་ལག་མིན་པ་གང་ཞེ་ན། །ཁ་དང་བཤང་ལམ་བྱིན་པ་དང་། །བརླ་བསྡམ་ལག་པར་བསྐྱོད་པ་ཡིན། །བསྒྲོད་པར་བྱ་མིན་ཞེས་བྱ་ནི། །གཞན་བཟུང་ཆོས་ཀྱི་རྒྱལ་མཚན་ལྡན། །རིགས་ཀྱིས་བསྲུང་དང་རྒྱལ་མོར་གནས། །གཞན་གྱིས་བླངས་དང་སྨད་འཚོང་དང་། །ཉེ་དུ་དག་དང་འབྲེལ་བ་ནི། །དེ་དག་བགྲོད་བྱ་མིན་པ་ཡིན། །རྣམ་པ་དེ་དག་རྣམས་ལ་ནི། །རང་གི་ཆུང་མ་བརྟེན་པ་དང་། །འདོད་ལོག་སྤྱོད་པར་འགྱུར་བ་ཡིན། །བརྫུན་དུ་སྨྲ་བ་གང་ཞེ་ན། །དངོས་པོ་གནས་པར་འགྱུར་བ་དང་། །དངོས་པོ་ལས་ནི་ཉམས་གྱུར་དང་། །འདུ་ཤེས་གཞན་དུ་བསྒྱུར་བ་དང་། །བརྫུན་དུ་སྨྲ་བར་གྱུར་པ་དང་། །རིམ་པ་བཞིན་དུ་བྱས་ལྡན་དང་། །ཡན་ལག་ལྔ་པོ་དེ་དག་དང་། །ལྡན་པ་བརྫུན་དུ་སྨྲ་བ་འགྱུར། །དེ་ལ་ཕྲ་མ་གང་ཞེ་ན། །གཞག་དག་དབྱེ་ཕྱིར་ཕྲ་མ་ཡིན། །དེ་ལ་ཚིག་རྩུབ་གང་ཞེ་ན། །གཞན་གྱི་གནད་དུ་བསྣུན་བྱེད་པའི། །ཡིད་དུ་མི་འོང་ཚིག་སྨྲ་ཡིན། །དེ་ལ་ཁྱབ་པ་གང་ཞེ་ན། །འདོད་པས་ཉེ་བར་བླང་བ་དང་། །ཆགས་ལ་ཡིས་ནི་ཉེར་བསྐྱེད་ནས། །འབྲེལ་མེད་སྨྲ་བ་འཁྱལ་པ་ཡིན། །དེ་ལ་བརྣབ་སེམས་གང་ཞེ་ན། །གཞན་གྱི་ནོར་དང་ལོངས་སྤྱོད་ལ། །མཆོག་ཏུ་མངོན་པར་ཆགས་པ་ཡིན། །གནོད་སེམས་ཞེས་བྱ་གང་ཞེ་ན། །སེམས་ཅན་རྣམས་ལ་སྡང་པ་ཡིན། །བརྡེག་དང་འཆིང་དང་གསོད་པ་སྟེ། །དེ་དག་སེམས་ཅན་ལ་བྱེད་པའོ། །ལོག་ལྟ་ཞེས་བྱ་གང་ཞེ་ན། །སྦྱིན་མེད་མཆོད་སྦྱིན་ཡོད་མིན་དང་། །འཇིག་རྟེན་ཕ་རོལ་ཡོད་མིན་ཞིང་། །དགེ་སྦྱོར་བྲམ་ཟེ་ལྷ་རྣམས་མེད། །རྫོགས་སངས་རྒྱས་དང་དགྲ་བཅོམ་དང་། །རང་སངས་རྒྱས་དང་ལེགས་སྤྱོད་དང་། །ཉེས་པ་སྤྱོད་པ་ཡོད་མིན་ཞེས། །བྱ་བ་ལོག་པར་ལྟ་བ་ཡིན། །འཕགས་པ་དྲན་པ་ཉེར་བཞག་དང་། །ཐེག་པ་ཆེན་པོའི་མདོ་རྣམས་ལས། །བཅོམ་ལྡན་འདས་ཀྱི་རྒྱས་གསུངས་པ། །འདི་ནི་མདོ་རུ་བསྡུས་པ་ཡིན། །མི་དགེ་ལས་ཀྱི་ལམ་བཅུ་ནི། །དམྱལ་བ་ཆེན་པོའི་རྒྱུ་རུ་བཤད། །ཅེས་གསུངས། དེ་དག་རྩ་བའི་ཉོན་མོངས་པ་གང་གིས་རྫོགས་པར་བྱེད་ན། ཆོས་མངོན་པའི་ཚིག་ལེའུ་བྱས་པ་ལས། གསོད་དང་གནོད་སེམས་ཚིག་རྩུབ་དག །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་མཐར་ཕྱིན་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་གསུངས། དེའི་རྣམ་སྨིན་འབྲས་བུ་ནི་ངན་སོང་གསུམ་སྟེ། མདོ་ལས། སྲོག་གཅོད་པས་ནི་སེམས་ཅན་དམྱལ་བར་འཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་འཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་འཁྲིད་དེ། ཞེས་སོགས་ཐམས་ཅད་ལ་སྦྱར་ཏེ་གསུངས་སོ། །རྒྱུ་མཐུན་ལ་གཉིས་ཀྱི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི། ལས་བརྒྱ་པ་ལས། དེ་མི་དགེ་བ་ཀུན་ཏུ་སྤྱོད་པ་ལ་གོམས་ཤིང་འདྲིས་པར་བྱས་པས། ཕྱིར་ཡང་མི་དགེ་བ་ལ་བརྟེན། མི་དགེ་བ་ལ་སྤྱོད། མི་དགེ་བའི་རྗེས་སུ་འཇུག་པ་ཉིད་དུ་སྐྱེ་སྟེ། ཞེས་གསུངས་པ་ལྟར། མི་དགེ་བ་གང་ལ་གོམས་པ་དེ་ལ་ཚེ་རབས་ཀུན་ཏུ་རང་བཞིན་གྱིས་སྤྲོ་བའོ། །མྱོང་བ་རྒྱུ་མཐུན་ནི། རིན་ཆེན་ཕྲེང་བ་ལས། གསོད་པ་ཡིས་ནི་ཚེ་འཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང་། །བརྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱེད་ལས་དགྲ་ཟླར་བཅས། །རྫུན་དུ་སྨྲ་བའི་སྐུར་པ་སྟེ། །ཕྲ་མ་ཡི་ནི་བཤེས་དང་དབྱེ། །རྩུབ་མོ་ཉིད་ཀྱི་མི་སྙན་ཐོས། །མ་འབྲེལ་བ་ཡི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པ་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཞེས་འབྱུང་བ་ལྟར་རོ། །བདག་པོའི་འབྲས་བུ་ནི། ཕྱི་རོལ་ཡུལ་ལ་སྨིན་ཏེ། དེ་ཉིད་ལས། ཕྱི་རོལ་གཟི་ཆུང་གནོད་པ་མང་། །རྡུལ་འཁྲིགས་དྲི་མ་མཐོ་དམན་ཅན། །ཚྭ་སྒོ་ཅན་དང་ལོག་པ་དང་། །འབྲས་བུ་ཕྲ་ཁ་ཆུང་ངམ་མེད། །ཅེས་གསུངས་པ་ལྟར་རོ། །ཞར་བྱུང་དགེ་སྡིག་གི་འབྲས་བུ་རྣམས་སྨིན་པའི་སྔ་ཕྱི་ཡང་། མཛོད་འགྲེལ་ལས། ལས་ནི་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་ལས་གང་སྟོབས་ཆེ་བ་དང་། དེ་མཉམ་ན་འཆི་ཁའི་དགེ་སྡིག་གི་སེམས་གང་གསལ་བ་དང་། དེ་མཉམ་ན་གོམས་ཤས་གང་ཆེ་དང་། དེ་ཡང་མཉམ་ན་སྔར་བྱས་པ་དེའི་འབྲས་བུ་སྔོན་དུ་སྨིན་པར་གསུངས་སོ། །གཉིས་པ་ལྟ་བ་ནི། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་བ་འཇིག་རྟེན་ཕ་རོལ་ཡོད་པ་དང་། ལས་རྒྱུ་འབྲས་ལ་མི་བསླུ་བར་ཡིད་ཆེས་པ་སྟེ། ཆེད་དུ་བརྗོད་པའི་ཚོམ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་ཤིང་། དེ་ལྟ་བུའི་ལྟ་བའམ་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་ནི་ལས་འབྲས་མེད་པར་ལྟ་བ་སོགས་ལོག་པར་ལྟ་བ་རྣམས་ཀྱི་གཉེན་པོ་ཡིན་པས་ཤིན་ཏུ་གལ་ཆེ་ཞིང་། དེ་ལས་ལྡོག་སྟེ་ལོག་པར་ལྟ་བས་སྲོག་གཅོད་སྤངས་བ་སོགས་དགེ་བའི་ལས་གཞན་ལ་སྦྱར་ཀྱང་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་དུ་སྨིན་པར་གསུངས་ཏེ། བཤེས་སྤྲིང་ལས། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་སོ། །གསུམ་པ་ཚུལ་ཁྲིམས་ནི། ཡང་དག་པའི་ལྟ་བ་དེ་ཉིད་ཀྱིས་ཟིན་པའི་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སྡོམ་པའི་ངོ་བོ་གྱུར་པ་དང་། བྱེ་བྲག་བསྙེན་གནས་ཡན་ལག་བརྒྱད་པའི་དུས་ཁྲིམས་ཏེ། སྔ་མ་ལས། འཚེ་དང་ཆོམ་རྐུན་འཁྲིགས་པ་བརྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང་། །མལ་སྟན་མཐོ་ལ་དགའ་དང་གླུ་དག་དང་། །གལ་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང་། །དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་པ་སྩོལ་བར་བགྱི། །ཞེས་དང་། སློབ་དཔོན་རྟ་དབྱངས་ཀྱིས། དགེ་བཅུའི་ལས་ཀྱི་ལམ་བསྟེན་པས། །དམྱལ་ལ་སོགས་པར་ལྟུང་མ་ཡིན། །ཞེས་གསུངས། དེས་ན་བླང་དོར་གྱི་གནས་མ་འཛོལ་བའི་ཚུལ་ཁྲིམས་ལ་གནས་པ་གལ་ཆེ་སྟེ། དབུ་མ་རྩ་བ་ལས། ཚུལ་ཁྲིམས་ཀྱིས་ནི་བདེ་འགྲོ་ཐོབ། །ཅེས་དང་། འཇུག་པ་ལས། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་པས་སོ། །བཞི་པ་བསྒོམ་པ་ནི། སྤྱིར་རང་རང་གི་འབྲས་བུ་འབྱིན་ནུས་ཀྱི་བར་དུ་གོམས་པར་བྱེད་པ་ཡིན་ལ། བྱེ་བྲག་ཁམས་གོང་གཉིས་སུ་སྐྱེ་བ་ལ། རང་རང་གིས་འོག་མ་ལ་ཆགས་པ་བྲལ་བྱེད་ཀྱི་ལམ་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་འཇུག་བཞི་བསྒོམ་པ་སྟེ། ཇི་ལྟར་བསྒོམ་པའི་ཚུལ་ནི། བསམ་གཏན་དང་པོ་ལ་ཉེར་བསྡོགས་དང་དངོས་གཞི་གཉིས་ལས། དང་པོ་བསམ་གཏན་རང་སའི་འབྲས་བུ་ཐོབ་བྱེད་དངོས་གཞི་ལ་སྙོམས་པར་འཇུག་ནུས་པའི་ཐབས་སུ་ཐོག་མར་རྒྱུ་བསྒྲུབ་པ་ཉེར་བསྡོགས་སེམས་ཞི་བར་གནས་པའི་ཐབས་དགུས་ཏིང་ངེ་འཛིན་སྒྲུབ་པར་གསུངས་ཏེ། དེ་ལ་ནང་ཉིད་དུ་སེམས་འཇོག་པ་ཞེས་པ། སེམས་ཕྱི་རོལ་དུ་གཡེང་བ་མིན་པར་གསེར་ལྟར་དྭངས་པའི་སྐུར་སྣང་བ་སོགས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་དམིགས་པ་ལ་ཡིད་གཏད་དེ་འཇོག་པ་དང་། རྒྱུན་དུ་འཇོག་པ་ཞེས་པ་དམིགས་པ་ལ་སེམས་འཇོག་པ་ཙམ་དུ་མ་ཟད་རྒྱུན་བསྲིང་སྟེ། སྐད་ཅིག་མ་སྔ་ཕྱི་བར་མ་ཆད་པར་འཇོག་པ་དང་། བསླན་ཏེ་འཇོག་པ་ཞེས་པ་བརྗེད་དེ་དམིགས་པ་ལས་སེམས་གཞན་དུ་འཕྲོ་ནའང་དེ་མ་ཐག་ཏུ་སླར་ནང་དུ་བཀུག་ནས་དམིགས་པ་ལ་བསླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་ཞེས་པ་སེམས་ཕྱིར་འཕྲོས་པ་དེ་རིང་དུ་མི་འཇོག་པར་ཉེ་བར་ནང་དུ་དམིགས་པ་ལ་འཇོག་པ་དང་། འདུལ་བར་བྱེད་པ་ཞེས་པ་བརྣབ་སེམས་ལ་སོགས་པའི་ཉོན་མོངས་པས་སེམས་རྒྱུད་རབ་ཏུ་མ་ཞི་བ་ལས་དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་ཞེས་པ་རྣམ་པར་རྟོག་པའི་རྦ་རླབས་ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་ཞེས་པ་རྣམ་པར་རྟོག་པ་ཕྲ་མོ་ཙམ་ཡང་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་བྱེད་པ་ཞེས་པ་རྩོལ་ཆུང་ངུས་སེམས་དང་དམིགས་པ་ཐ་དད་མེད་པར་རྩེ་གཅིག་ཏུ་བྱེད་པ་དང་། མཉམ་པར་འཇོག་པ་ཞེས་པ་བྱིང་སྒོད་བསལ་ནས་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པའི་ངང་དུ་མཉམ་པར་འཇོག་པ་དང་དགུས་ཏིང་ངེ་འཛིན་གྲུབ་པ་ན་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་འདྲེན་པས་ཁྱབ་ཅིང་། ཤིན་སྦྱང་དང་ལྡན་པའི་ཏིང་ངེ་འཛིན་སྐྱེས་པ་ནི་འཇིག་རྟེན་པའི་ཞི་གནས་མཚན་ཉིད་པར་འཇོག་ལ། དེ་དང་མི་ལྡན་པ་ནི་ཞི་གནས་རྗེས་མཐུན་པའམ། མོས་པས་སྤྱོད་པའི་ས་ཞེས་བྱའོ། །དེ་ལྟ་བུའི་ཞི་གནས་མཚན་ཉིད་པ་གྲུབ་ནས། ཡིད་བྱེད་བདུན་གྱིས་འཇིག་རྟེན་པའི་ལྷག་མཐོང་སྒྲུབ་སྟེ། མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་ཞེས་འདོད་ས་པའི་སེམས་ནི་རགས་དང་མ་ཞི་བ་སོགས་སྐྱོན་ཅན་དང་བསམ་གཏན་དང་པོ་ནི་ཞི་བ་དང་བདེ་བ་སོགས་ཡོན་ཏན་ཅན་དུ་ཐོས་བསམ་འདྲེས་མའི་སྒོ་ནས་རྩིང་པོར་རྟོག་ཅིང་ཞིབ་མོར་དཔྱོད་པ་དང་། མོས་པ་ལས་བྱུང་བ་ཡིད་ལ་བྱེད་པ་ཞེས་པ་དེ་ཉིད་སྒོམ་བྱུང་གི་ངོ་བོར་སྐྱེས་པ་དང་། དབེན་པ་ལས་སྐྱེས་པའི་ཡིད་ལ་བྱེད་པ་ཞེས་པ་འདོད་ཉོན་མངོན་གྱུར་པ་ཆེན་པོ་གསུམ་གྱིས་དབེན་པ་དང་། དགའ་བསྡུད་པ་ཡིད་ལ་བྱེད་པ་ཞེས་པ་འདོད་ཉོན་མངོན་གྱུར་པ་འབྲིང་པོ་གསུམ་སྤངས་པ་དང་། དཔྱོད་པ་ཡིད་ལ་བྱེད་པ་ཞེས་པ་འདོད་ཉོན་ཕྲ་མོ་གསུམ་གྱིས་ཀྱང་རྒྱུད་ལ་གོས་མ་གོས་རྟོག་ཅིང་དཔྱོད་པ་དང་། སྦྱོར་བའི་མཐའ་ཡིད་ལ་བྱེད་པ་ཞེས་པ་དེ་ལྟར་དཔྱོད་པ་ལས་འདོད་ཉོན་ཕྲ་ཞིང་ཕྲ་བ་ཡང་གཉེན་པོའི་སྟོབས་ཀྱིས་སྤངས་པ་སྟེ། དེ་ལྟར་ཡིད་ལ་བྱེད་པ་དྲུག་གིས་སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ཞེས་འཇིག་རྟེན་པའི་ལྷག་མཐོང་མཐར་ཐུག་འགྲུབ་སྟེ། དེ་ཡང་འདོད་ཉོན་ཆེ་འབྲིང་དྲུག་སྤངས་པའི་བར་ནི་བསམ་གཏན་གྱི་ཉེར་བསྡོགས་དང་། ཆུང་ངུ་གསུམ་སྤངས་པའི་ཚེ་ན་བསམ་གཏན་དངོས་གཞིའི་སེམས་ཐོབ་པའོ། །དེ་དག་ནི་འོག་སའི་ཏིང་འཛིན་སྐྱོན་ཅན་རགས་པར་ལྟ་ཞིང་ས་གོང་མ་སྐྱོན་མེད་ཞི་བར་ལྟ་བ་ཞི་རགས་རྣམ་པ་ཅན་ཉན་རང་དང་འཇིག་རྟེན་པའི་ཐུན་མོང་པའི་ལམ་གྱིས་མངོན་རྟོགས་སོ། །གཉིས་པ་དངོས་གཞི་ནི། རྟོག་དཔྱོད་གཉིས་གཉེན་པོའི་ཡན་ལག་ཏེ་འདི་གཉིས་ཀྱིས་འདོད་ཁམས་པའི་སེམས་འདོད་འདུན་གནོད་སེམས་རྣམ་འཚེ་སོགས་སྤང་བར་བྱེད་དོ། །དགའ་བ་དེ་གཉིས་ཕན་ཡོན་གྱི་ཡན་ལག །སེམས་རྩེ་གཅིག་པ་གནས་ཀྱི་ཡན་ལག་སྟེ། དེ་ལ་བརྟེན་ནས་ཕན་ཡོན་འབྱུང་བས་སོ། །དེ་ལྟར་ཡན་ལག་ལྔ་དང་ལྡན་པ་ནི་བསམ་གཏན་དང་པོའི་མཚན་ཉིད་དོ། །དེ་ལ་རྟོག་དཔྱོད་གཉིས་ཀ་དང་ལྡན་པ་དངོས་གཞི་ཙམ་པོ་བ། རྟོག་པ་མེད་ཅིང་དཔྱོད་པ་དང་བཅས་པ་དངོས་གཞི་ཁྱད་པར་ཅན་ནོ། །གསམ་གཏན་གཉིས་པ་ལ། ཉེར་བསྡོགས་ནི། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་གཞིར་བཞག་དེ་ཉིད་སྐྱོན་ཅན་དང་བསམ་གཏན་གཉིས་པ་སྐྱོན་མེད་ཡོན་ཏན་ཅན་དུ་མཚན་ཉིད་རབ་ཏུ་རིག་པའི་ཡིད་བྱེད་སོགས་ཡིད་བྱེད་བདུན་གྱིས་དངོས་གཞིའི་སེམས་ཐོབ་པར་བྱེད་པ་སྟེ། དེས་མཚོན་ནས་སྲིད་རྩེའི་བར་དུ་ཞི་རགས་རྣམ་ཅན་དུ་བལྟས་ཏེ་ཡིད་བྱེད་བདུན་གྱིས་སྒྲུབ་ཚུལ་དེ་ལྟར་ཤེས་པར་བྱ་དགོས་སོ། །དེ་ལ་ཡིད་བྱེད་དང་པོ་གཉིས་རང་ལམ་དེའི་སྦྱོར་ལམ་དང་། རབ་དབེན་དགའ་སྡུད་སྦྱོར་མཐའ་གསུམ་གྱི་ཉོན་མོངས་པ་ཆེ་འབྲིང་ཆུང་ངུའི་གཉེན་པོ་བྱེད་པས་བར་ཆད་མེད་ལམ་དང་། དཔྱོད་ལ་ཁྱད་པར་གྱིའམ། སྦྱོར་འབྲས་ཡིད་བྱེད་རྣམ་གྲོལ་གྱི་ལམ་མོ། །བསམ་གཏན་གཉིས་པའི་དངོས་གཞི་ལ་ཡན་ལག་བཞི་སྟེ། ནང་རབ་ཏུ་དྭངས་བ་ནི་རྟོག་དཔྱོད་སྤོང་བའི་གཉེན་པོའི་ཡན་ལག་སྟེ། འོག་མའི་སྐྱོན་ལས་ངེས་པར་འབྱུང་བའི་རང་ས་ལ་རབ་ཏུ་དད་པའོ། །ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བདེ་གཉིས་ནི་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་ནི་གནས་ཀྱི་ཡན་ལག་གོ། །བསམ་གཏན་གསུམ་པའི་དངོས་གཞི་ལ་ཡན་ལག་ལྔ་སྟེ། འདུ་བྱེད་བཏང་སྙོམས་དང་སྒོམ་པ་མི་བརྗེད་པའི་དྲན་པ་དང་། དྲན་བཞིན་དུ་གནས་པའི་ཤེས་བཞིན་གསུམ་ནི་འོག་མའི་དགའ་བ་སྤོང་བའི་གཉེན་པའི་ཡན་ལག །ལུས་ཚོར་དང་ཤིན་སྦྱང་ལས་བྱུང་བའི་བདེ་བ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་གོ། །བསམ་གཏན་བཞི་པའི་དངོས་གཞི་ལ་ཡན་ལག་བཞི་སྟེ། ས་འོག་མའི་སྐྱོན་བརྒྱད་དང་བྲལ་བའི་དྲན་པ་ཡོངས་སུ་དག་པ་དང་། འདུ་བྱེད་བཏང་སྙོམས་ཡོངས་སུ་དག་པ་གཉིས་ནི་བསམ་གཏན་གསུམ་པའི་བདེ་བ་སྤོང་བའི་གཉེན་པོའི་ཡན་ལག །ཚོར་བ་བཏང་སྙོམས་པ་ནི་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་ཡོངས་སུ་དག་པ་བརྟེན་གྱི་ཡན་ལག་གོ། །སྐྱོན་བརྒྱད་ནི་བསམ་གཏན་དང་པོ་ལ་ཡོད་པའི་རྟོག་དཔྱོད་གཉིས། གསུམ་པ་མན་ཆད་ན་ཡོད་པའི་དབུགས་འབྱིན་རྔུབ་གཉིས་འདོད་པ་ན་ཡོད་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་གཉིས། གཉིས་པ་མན་ཆད་དུ་ཡོད་པའི་ཡིད་བདེ། གསུམ་པའི་བདེ་བ་སྟེ་དེ་བརྒྱད་དང་བྲལ་བའི་ཕྱིར་རླུང་མེད་པའི་མར་མེ་ལྟར་གཡོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །གང་སྨོས་སེམས་གནས་དགུ་པ་འདོད་སེམས་རྩེ་གཅིག་པ་དང་། བསམ་གཏན་དང་པོ་ལ་ཙམ་ཁྱད་གཉིས་སུ་ཕྱེ་བའི་དྲུག་པོ་གང་ལ་བརྟེན་ཀྱང་ཟག་མེད་འཇིག་རྟེན་ལས་འདས་པའི་ལམ་གྱི་དངོས་གཞི་སྒྲུབ་ནུས་པས་བསམ་གཏན་ས་དྲུག་ཞེས་ཀྱང་བཤད་དོ། །གཟུགས་མེད་ཀྱི་སྙོམས་འཇུག་བཞི་ནི། བསམ་གཏན་བཞི་པའི་འདུ་ཤེས་ལའང་ཡིད་འབྱུང་བའི་མཚན་ཉིད་ཅན་ཏེ། བྱེ་བྲག་ཏུ་གཟུགས་ཀྱི་འདུ་ཤེས་མེད་པར་ནམ་མཁའ་ཙམ་མཐའ་ཡས་སོ་ཞེས། དེ་ཙམ་ལ་སྙོམས་པར་འཇུག་པ་གོམས་པ་ཡོངས་སུ་རྫོགས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག །དེ་བཞིན་དུ། ནམ་མཁའ་ཙམ་གྱི་འདུ་ཤེས་དེ་ཡང་བཀག་ནས་རྣམ་ཤེས་ཙམ་དུ་འདུ་ཤེས་པ་རྣམ་ཤེས་མཐའ་ཡས། དེ་ཡང་བཀག་སྟེ་ཅི་ཡང་མེད་པའི་འདུ་ཤེས་ལ་གནས་པ་ཅི་ཡང་མེད་པ། དེ་ཡང་བཀག་སྟེ་ཡོད་མིན་མེད་མིན་ཙམ་དུ་གནས་པ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྙོམས་འཇུག་གམ་སྲིད་རྩེའི་སྙོམ་འཇུག་སྟེ་དེ་བཞིའོ། །དེ་ལྟར་བསམ་གཟུགས་བརྒྱད་པོ་དེ་ཟག་མེད་འཇིག་རྟེན་ལས་འདས་པའི་ཤེས་རབ་ལྷག་མཐོང་དང་མ་འབྲེལ་ན་ཟག་བཅས་འཇིག་རྟེན་པའི་ལམ་སྟེ། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་ཀྱང་བྱ་ལ། བསམ་གཏན་བཞིའི་དངོས་གཞི་རྣམས་ལ་བརྟེན་ནས། བྱམས་སོགས་ཚད་མེད་བཞི་དང་། འཇིག་རྟེན་པའི་མངོན་ཤེས་ལྷའི་མིག་དང་ལྷའི་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་སྔོན་གནས་རྗེས་སུ་དྲན་པ་དང་འཆི་འཕོ་སྐྱེ་བ་ཤེས་པ་སྟེ། ལྔ་ནི་ཁམས་གོང་མའི་ཡོན་ཏན་གྱི་ཁྱད་པར་རབ་ཏུ་གྲགས་པ་ཡིན་ལ། ཐེག་པ་ལ་ཞུགས་པ་རྣམས་ཀྱང་ཐོག་མར་ཏིང་ངེ་འཛིན་དེ་དག་དང་ཡོན་ཏན་དེ་དག་བསྐྱེད་ནས། སླར་གོང་མའི་ཁྱད་པར་བསྒྲུབ་དགོས་པས་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཀུན་གྱི་གཞིར་གྱུར་པ་དང་། ཁྱད་པར་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་ཟག་མེད་འཕགས་པའི་ལམ་སྒྲུབ་ན་གཟུགས་མེད་ལྟ་བུ་ཧ་ཅང་ཞི་གནས་ཤས་ཆེ་བས་མི་གསལ་བ་ཡང་མིན་ལ། གསུམ་པ་སོགས་འོག་ས་ལྟར་གཡོ་བ་ཕྲ་མོའི་སྐྱོན་ཀྱང་མེད་པས་རབ་ཀྱི་མཐའ་ཞེས་བྱ་སྟེ་མཆོག་ཏུ་གྱུར་པ་དང་། དེར་མ་ཟད་སྲིད་རྩེའི་དངོས་གཞིའི་སེམས་ལ་བརྟེན་ནས་ཀྱང་འཕགས་པ་རྣམས་འདུ་ཤེས་དང་ཚོར་བ་འགོག་པ་འགོག་པའི་སྙོམས་འཇུག་ཐོབ་པ་སོགས་ཀྱིས། ཕྱི་རོལ་གྱི་དྲང་སྲོང་དང་མུ་སྟེགས་བྱེད། ནང་པའི་ཐེག་དམན་ཉན་ཐོས་དང་རང་རྒྱལ་གྱིས་ཀྱང་དོན་དུ་གཉེར་བྱ་དང་བསྒྲུབ་བྱ་ཡིན་ལ། རྒྱལ་བའི་བསྟན་པ་ལ་རིམ་པར་འཇུག་པ་རྣམས་ཀྱི་སྔོན་འགྲོའི་ཆོས་ཀྱང་ཡིན་པས་ཤེས་ནས་གོམ་པའི་སྦྱོར་བ་ལ་བསླབ་པར་བྱ་བ་ཡིན་ནོ། །ལྔ་པ་སྤྱོད་པ་ནི། ཟག་པ་དང་བཅས་པའི་དགེ་བཅུའི་ལས་ལམ་དང་འཁོར་བཅས་ལ་སྤྱོད་པ་སྟེ། དེ་ནི་མི་དགེ་བ་ཅུ་སྤངས་པའི་ཆ་ནས་བཏགས་ཏེ། རིན་ཆེན་ཕྲེང་བ་ལས། མི་གསོད་པ་དང་རྐུ་སྤོང་དང་། །གཞན་གྱི་ཆུང་མ་སྤོང་བ་དང་། །ལོག་དང་ཕྲ་མ་རྩུབ་ཉིད་དང་། །མ་འབྲེལ་སྨྲ་བ་ཡང་དག་སྡོམ། །ཆགས་དང་གནོད་སེམས་མེད་པ་པ། །ཉིད་ཀྱི་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། །ཞེས་གསུངས། གཞན་ཡང་ལུས་ཀྱི་ཕྱག་བསྐོར་ངག་གི་ཁ་ཏོན་ཡིད་ཀྱི་ཕན་སེམས་སོགས་སྒོ་གསུམ་དགེ་ལ་ཅི་ནུས་སུ་སྦྱོར་བ་དང་། དམ་པའི་རྒྱན་ལས། བསྐུར་བར་འོས་པ་ལེགས་ཁུར་ཞིང་། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱས་པ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱིས་མཛོད་སྤྱོད་ཡིན། །ཞེས་པའི་ཡ་རབས་དང་མཐུན་པའི་སྤྱོད་པ་གསུམ་དང་། འབྱེད་པའི་ལེ་ཆུང་ལས། དཀོན་མཆོག་གསུམ་ལ་དད་པ་སྐྱོ་ངལ་མེད་པར་བྱེད་པ་དང་། དོན་དམ་བར་དམ་པའི་ཆོས་བརྩལ་བ་དང་། གཙུག་ལག་བཟང་པོ་ལ་མཁས་པར་སློབ་པ་དང་། ཅི་ལའང་རན་ཅིང་ཚོད་ཟིན་པར་བྱ་བ་དང་། མ་བཅོལ་བའི་ལས་ལ་གཏོགས་འདོད་མི་བྱེད་པ་དང་། མིག་མཐོ་སར་བལྟ་ཞིང་གོང་མ་རྣམས་ཀྱི་རྗེས་སྙེག་པ་དང་། དུས་གསུམ་གྱི་ཕ་མ་ལ་དྲིན་ལན་བསླན་པ་དང་། ཕུ་ནུ་དང་ཕ་མཚན་ནང་དུ་ཤོངས་ཡོངས་ཆེ་བ་དང་། རིམ་པས་རྒན་པ་ལ་བསྐུར་སྟི་བྱ་བ་དང་། ཁྱིམ་མཚེས་ལ་བྱམས་པར་བྱ་བ་དང་། གཉན་གྲོགས་ཀྱི་དགེ་བཤེས་ལ་དཀའ་ལས་ཀྱིས་ཕན་འདོགས་པ་དང་། སྲིད་ཀྱིས་འབྲེལ་བའི་ཉེ་རིང་ལ་ཆབ་གང་མཐར་དབྱུང་བ་དང་། རིག་བྱེད་བཟོ་ལ་མཁས་པས་ཕན་པ་དང་། ལྟོས་པའི་མི་དྲིན་གྱིས་སྐྱབས་འོག་ཏུ་གཞུགས་པ་དང་། ངན་བྱེད་ཀྱི་གྲོས་བཀག་ནས་རྒྱལ་ཁམས་བདེ་ཡངས་ཀྱི་གྲོས་གཞི་འདིང་བ་དང་། ལས་མཐའ་ཆོས་ལ་གཏད་དེ་ཕྱི་མར་བུ་སྨད་ཀྱི་ཞེས་པས་ཕ་མ་སོགས་ཁྱིམ་གཟའ་ཚོང་ཚང་མ་ཟེར་བ་ཡིན་འདུག །མཆན། བུ་སྨད་ཀྱིས་བྱང་ཆུབ་ཀྱི་གཞི་ཐོབ་པར་བྱའོ། །ཞེས་བཤད་པ་ལྟར་མི་ཆོས་གཙང་མ་བཅུ་དྲུག་ལ་བསླབ་པ་དང་། བྱེ་བྲག་ཏུ་ཚངས་རིས་སོགས་སུ་སྐྱེ་བ་ལ་བྱམས་སྙིང་རྗེ་དག འ་བ་བཏང་སྙོམས་ཏེ་ཚངས་པའི་གནས་པ་བཞི་ལ་སྤྱོད་པ་དང་། ཡི་གེ་འདྲི་མཆོད་སོགས་ཆོས་སྤྱོད་བཅུ་བསླབ་པར་ཡང་ཧེ་རུ་ཀ་གལ་པོ་ལས་གསུངས་སོ། །དྲུག་པ་འབྲས་བུ་ནི། སྤྱིར་བསམ་གཟུགས་ཀྱི་ཏིང་ངེ་འཛིན་དང་མ་འབྲེལ་བའི་ཟག་བཅས་ཀྱི་དགེ་བའི་ལས་སྟོབས་ཆེ་ཆུང་གིས། གླིང་བཞིའི་མི་དང་། འདོད་ལྷ་རིགས་དྲུག་སྟེ་མཐོ་རིས་ཀྱི་གནས་བཅུར་སྐྱེ་སྟེ། རྒྱས་པ་ལ། དགེ་བཅུ་སྤྱོད་ཅིང་མི་དགེ་སྤོངས་བྱེད་པ། །འདོད་ཁམས་ལྷ་དང་མི་རུ་སྐྱེ་བའི་རྒྱུ། །ཞེས་དང་། ལམ་རིམ་ལས། དགེ་བཅུ་དག་ལ་གཙོར་ལེན་ཅིང་། །དགེ་དང་མི་དགེ་མི་ཉམས་པས། །ལྷ་དང་མི་ཡི་སྐྱེ་གནས་ཏེ། །མཉམ་ཉིད་མ་རྟོགས་འདོད་ཁམས་ཁོར། །ཞེས་སོ། །དེའང་འདིས་འདོད་པའི་བདེ་བ་མཐར་ཐུག་པ་མིའི་འཁོར་ལོས་བསྒྱུར་རྒྱལ་དང་། ལྷའི་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོའི་བར་བགྲོད་པའི་ཕྱིར། ལང་གཤེགས་སུ་བགྲོད་བྱའི་གཙོ་བོའི་སྒྲས་སྨོས་ཏེ་ལྷའི་ཐེག་པ་ཞེས་གསུངས། བྱེ་བྲག་ཏུ་གཟུགས་གཟུགས་མེད་ཀྱི་སྙོམས་འཇུག་ལ་གོམས་པ་ལས་ནི་འབྲས་བུ་སྐྱེ་བའི་བསམ་གཏན་ཞེས་རང་སའི་འབྲས་བུ་སྐྱེད་པ་སྟེ། དེ་ཡང་བསམ་གཏན་བཞི་ལས། བསམ་གཏན་དང་པོའི་སྙོམས་འཇུག་ཆུང་ངུར་གོམས་པས་ཚངས་རིས། འབྲིང་དུ་གོམས་པས་ཚངས་པ་འདུན་ན་འདོན། ཆེར་གོམས་པས་ཚངས་ཆེན་ཏེ་བསམ་གཏན་དང་པོའི་གནས་རིས་གསུམ་དང་། དེ་བཞིན་དུ་བསམ་གཏན་གཉིས་པའི་སྙོམས་འཇུག་ཆུང་འབྲིང་ཆེར་གོམས་པ་གསུམ་གྱིས། འོད་ཆུང་། ཚད་མེད་འོད། འོད་གསལ་ཏེ་གསུམ་དང་། གསུམ་པས། དགེ་ཆུང་། ཚད་མེད་དགེ། དགེ་རྒྱས་ཏེ་གསུམ་དང་། བཞི་པས་སྤྲིན་མེད་འོད། བསོད་ནམས་སྐྱེས། འབྲས་བུ་ཆེ་སྟེ་སོ་སྐྱེའི་གནས་བཅུ་གཉིས་སུ་སྐྱེས་པ་ཡིན་ལ། བསམ་གཏན་བཞི་པ་དང་ཟག་མེད་འཕགས་པའི་ཤེས་རབ་སྤེལ་ཏེ་བསྒོམས་པ་ཆུང་འབྲིང་ཆེ་བ་ཤིན་ཏུ་ཆེ་བ་ཆེས་ཤིན་ཏུ་ཆེ་བ་ལྔ་བསྒོམས། མི་ཆེ་བ། མི་གདུང་བ། ཤིན་ཏུ་མཐོང་བ། གྱ་ནོམས་སྣང་བ། འོག་མིན་ཏེ་གནས་གཙང་ལྔར་སྐྱེ་བར་འཛིན་ཏེ། འདི་ལྔ་ལ་སྤྱིར་གང་ཟག་འཕགས་པ་ལ། སོ་སྐྱེ་མེད་པ་དང་ཟག་བཅས་འཇིག་རྟེན་པའི་ལམ་ཁོ་ནས་བགྲོད་མི་ནུས་པས་གཙང་མའི་གནས་རིས་ཞེས་བཤད་པ་ཡིན་ལ། བྱེ་བྲག་ཡིད་བཞིན་མཛོད་སོགས་ལས། སེམས་ཅན་རྣམས་ཐོག་མར་འཁྲུལ་བའི་ཚེ་ཀུན་གཞི་ལུང་མ་བསྟན་ལས་རང་ངོ་མ་ཤེས་པའི་དབང་གིས་འཛིན་རྟོག་ཇེ་རགས་སུ་གྱུར་པས་གོང་མ་ལས་འོོག་མ་རིམ་གྱིས་མཆེད་པའི་ཕྱིར་འདིར་ཡང་སོ་སྐྱེའི་གང་ཟག་ཡོད་པར་བཞེད་དོ། །གང་ལྟར་ཡང་བྱིས་པ་རྣམས་གཟུགས་ལ་ཆགས་བྲལ་མ་ཐོབ་ཅིང་བསམ་གཏན་གྱི་རོ་ལ་ཆགས་པས་འཁོར་ཏེ། ལམ་རིམ་ལས། ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པས་སོ་སོར་བདག་འཛིན་ཅིང་། །གཟུགས་རྣམས་ཀུན་ལ་བདག་ཏུ་རྟོག །འདི་ནི་ཚངས་གནས་རིམ་པར་སྐྱེ། །ཞེས་སོ། །གཟུགས་མེད་བཞི་ནི། ལྷག་མཐོང་གི་ཤེས་རབ་ཀྱི་དབེན་པས་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ། མི་བཞི་དང་ལྡན་པའི་ཏིང་ངེ་འཛིན་ལ་བདག་ཏུ་བཟུང་བས་གཟུགས་མེད་ཀྱི་ལྷར་སྐྱེ་སྟེ། དེ་ལས། མཉམ་དང་གཟུགས་མེད་མ་རྟོགས་ནས། །མིང་བཞི་མེད་པར་མ་ཤེས་ཏེ། །སྐྱེ་མཆེད་བཞི་ལ་གནས་གྱུར་ན། །སྲིད་པའི་རྩེ་མོའི་ས་རུ་སྐྱེ། །ཞེས་གསུངས་དེ་ཡང་གཟུགས་མེད་ཁམས་ལ་གཟུགས་རགས་པས་ཕྱེ་བའི་གནས་གཞན་ཐ་དད་པ་མེད་ཀྱང་མཆོག་དམན་དང་ཚེ་རིང་ཐུང་དང་གོང་འོག་ལ་སོགས་པའི་སྒོ་ནས་ཐ་དད་དུ་ཡོད་ལ། ཕལ་ཆེན་དང་དུས་འཁོར་རྫོགས་ཆེན་སོགས་ནས་གནས་སོགས་ཀྱང་ཐ་དད་དུ་བཤད་ཅིང་། གང་ལྟར་གོང་ནས་གོང་དུ་ཏིང་ངེ་འཛིན་རྒྱ་ཆེ་ཞིང་ཇེ་བརྟན་དུ་གྱུར་པ་དང་། ཚེ་རིང་བ་སོགས་ཀྱི་སྒོ་ནས་མངོན་མཐོའི་བདེ་འབྲས་ཁྱད་པར་དུ་འཕགས་པ་ཡིན་ཞིང་། འདི་གཉིས་ལ་ལང་གཤེགས་ལས་ཚངས་པའི་ཐེག་པ་ཞེས་ཀྱང་གསུངས་སོ། །གཉིས་པ་ནི། སྙིང་པོའི་རྒྱུད་ལས། མ་རྟོགས་པ་དང་ལོག་པར་རྟོགས། །ཞེས་གསུངས་ཏེ། འདི་ལ་སྔོན་གྱི་སློབ་དཔོན་རྣམས་དགོངས་པ་མི་མཐུན་པ་འགའ་ཞིག་སྣང་མོད། འདིར་བི་མ་ལའི་འགྲེལ་ཆུང་དང་། གུ་རུ་རིན་པོ་ཆེས་མཛད་པའི་མན་ངག་ལྟ་ཕྲེང་གི་དགོངས་པ་ལྟར་ན། མ་རྟོགས་པ་ལ་ཕྱལ་བ་དང་། རྒྱང་འཕེན་གཉིས། ལོག་པར་རྟོག་པ་ལ། མུར་ཐུག་པ་དང་། མུ་སྟེགས་པའོ། །དེ་ལས་སྔ་མ་གཉིས་ནི་སོ་སོའི་སྐྱེ་བོ་གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་གོ། །དེ་ལ་འཇིག་རྟེན་ཕྱལ་བ་ནི། རྟེན་འབྱུང་རྒྱུ་འབྲས་ཀྱི་ཆོས་ཡོད་མེད་གང་དུའང་མི་དཔྱོད་ཅིང་སྤོང་ལེན་མི་བྱེད་པའི་ཕྱིར་ཕྱལ་བ་ཞེས་བྱ་སྟེ། སྤར་ཁབ་ལས། ཅིར་ཡང་མ་རྟོགས་པ་ནི་འཇིག་རྟེན་ཕྱལ་བ་སྟེ། ཞེས་གསུངས་པས། ལས་རྒྱུ་འབྲས་ཡེ་མ་རྟོགས་པའི་ཀུན་ཏུ་རྨོངས་པ་སྟེ། ལྟ་ཕྲེང་ལས། ཕྱལ་བ་ནི་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་ཡོད་མེད་དུ་མ་རྟོགས་ཏེ་ཀུན་ཏུ་རྨོངས་པའོ། །ཞེས་གསུངས། རྒྱང་འཕེན་པ་ནི། ཚེ་ཕྱི་མ་རྒྱང་དུ་བོར་ཏེ་ཚེ་འདིའི་བཙན་ཕྱུག་དང་མཐུ་སྟོབས་སོགས་འཇིག་རྟེན་པའི་གསང་ཚིག་མོ་རྩིས་སོགས་ལ་བརྟེན་ནས་བསྒྲུབ་པའི་ཕྱིར་རྒྱང་འཕེན་པ་ཞེས་བྱ་སྟེ། ཚེ་སྔ་ཕྱི་ཡོད་མེད་དུ་མ་རྟོགས་ཤིང་ཚེ་གཅིག་གི་ཕན་བདེ་བག་ཙམ་སྒྲུབ་པའི་བློ་ཅན་ཡིན་ནོ། །དེ་ལྟར་ཡང་ལྟ་ཕྲེང་ལས། རྒྱང་འཕེན་པ་ནི་ཚེ་སྔ་ཕྱི་ཡོད་མེད་དུ་མ་རྟོགས་ཤིང་ཚེ་གཅིག་གི་བཙན་ཕྱུག་དང་མཐུ་སྟོབས་སྒྲུབ་པ་སྟེ། འཇིག་རྟེན་པའི་གསང་ཚིག་ལ་བརྟེན་པའོ། །ཞེས་གསུངས། ཕྱི་མ་གཉིས་ནི་རྟེན་གྱིས་གང་ཟག་གང་ཞིག་ལོག་པའི་གྲུབ་མཐས་བློ་བསྒྱུར་བ་སྟེ། དེ་ལ་ཆད་ལྟ་མུར་ཐུག་པ་ནི། ཆོས་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པས་འཁྲུལ་གཞི་བྱས་ནས། ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པར་བལྟ་བ་སྟེ། ཚེ་གཅིག་གི་ཆོས་ཐམས་ཅད་རྒྱུ་མེད་གློ་བུར་དུ་སྐྱེ་ལ་མཐའ་ཆད་པར་བལྟ་བས་ཆད་པའི་མུ་ཐུག་པ་སྟེ། སྔ་མ་ལས། མུར་ཐུག་པ་ནི། ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་མེད་པ་སྟེ། ཚེ་གཅིག་ལ་སྐྱེས་པའི་ཆོས་ཐམས་ཅད་གློ་བུར་དུ་སྐྱེས་ལ་མཐའ་ཡང་ཆད་པར་བལྟ་བའོ། །ཞེས་གསུངས། རྟག་ལྟ་མུ་སྟེགས་པ་ནི། ཆོས་ཉིད་འགྱུར་བ་མེད་པས་འཁྲུལ་གཞི་བྱས་ནས་ཆོས་ཐམས་ཅད་ལ་བདག་ཡོད་པར་བལྟ་བ་སྟེ། བདག་རྟག་པ་གཅིག་པུ་བ་ཕུང་པོ་ལྔའི་རྒྱུན་ལ་ཟ་བ་པོ་དང་། བྱེད་པ་པོའི་བདག་ཉིད་ཅན་ཞིག་དོན་དམ་པར་ཡོད་པར་འདོད་པ་སྟེ། དེ་ཡང་རང་ཉིད་སྐྱེད་བྱེད་ཀྱི་རྒྱུ་མེད་པ་ལ་འབྲས་བུ་རྟག་པ་བདག་དང་གཙོ་བོ་སོགས་ཡོད་པར་བལྟ་བ་དང་། སྣོད་བཅུད་ཐམས་ཅད་ཕྱའམ་དབང་ཕྱུག་ལ་སོགས་པ་རྒྱུ་མིན་པ་གཞན་གྱིས་བསྐྱེད་པར་འདོད་པ་དང་། ཕྱུགས་གསོད་པའི་མཆོད་སྦྱིན་སོགས་ཀྱིས་མཐོ་རིས་ཐོབ་པར་འདོད་པ་སོགས་རྒྱུ་འབྲས་ལོག་པར་འཛིན་པ་དང་། རྒྱུ་བྱེད་པ་པོ་རྟག་གཅིག་རང་དབང་བར་ཡོད་པ་ལ། དེས་བསྐྱེད་པའི་འབྲས་བུ་མི་རྟག་པའི་ཕྱིར་གཏན་དུ་བའི་ངོ་བོར་མེད་པར་ལྟ་བ་སོགས་ཏེ། འདི་དག་ནི་སྲིད་རྩ་གཅོད་པའི་ལམ་ཡང་དག་དང་མ་འབྲེལ་བར་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པའི་ལྟ་བ་ངན་པ་སྟེ། སྔ་མ་ལས། མུ་སྟེགས་པ་ནི་ཆོས་ཐམས་ཅད་ལ་ཀུན་ཏུ་བརྟག་པས་བདག་རྟག་པ་ཞིག་ཡོད་པར་ལྟ་བ་སྟེ། དེ་ཡང་རྒྱུ་མེད་ལ་འབྲས་བུ་ཡོད་པར་ལྟ་བ་དང་། རྒྱུ་འབྲས་ལོག་པར་ལྟ་བ་དང་། རྒྱུ་ཡོད་པ་ལ་འབྲས་བུ་མེད་པར་ལྟ་བ་སྟེ། འདི་དག་ནི་མ་རིག་པའི་ལྟ་བའོ། །ཞེས་གསུངས། དེ་ལ་མ་རྟོགས་པ་གཉིས་ནི་གྲུབ་མཐའི་ལྟ་བ་མ་ཡིན་མོད་ཀྱི། འོན་ཀྱང་སེམས་ཀྱི་གནས་ཚུལ་བསྡུ་བའི་ཕྱིར། དེའི་ཟླ་ལ་བཤད་དོ། །ལོག་པར་རྟོག་པའི་ལྟ་བ་གཉིས་ནི་གྲུབ་མཐས་བློ་བསྒྱུར་བའི་ལྟ་བ་ཡིན་ཀྱང་ཆོས་ཉིད་མཐའ་དང་བྲལ་བ་ལ་སྒྲོ་སྐུར་གྱི་མཐའ་ལ་ཞེན་པས་ལོག་པར་བསྒྱུར་བའི་ཕྱིར། འཁོར་བ་ལས་སྒྲོལ་བའི་ཐབས་མ་ཡིན་ཏེ། གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ནས་ཐ་ཆད་པ་མུར་ཐུག་པར་མ་ཟད་མུ་སྟེགས་པའང་བདག་འདོད་པས་འཁོར་བའི་རྩ་བ་བདག་འཛིན་གྱིས་བཅིངས་པའི་ཕྱིར་དེ་ལྟར་ཡང་། རྣམ་འགྲེལ་ལས། ཇི་སྲིད་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་སོ། །དེ་ལས་དབྱེ་ན། འཇིག་ཚོགས་སུམ་བརྒྱ་དང་དྲུག་ཅུར་གསུངས་ཏེ། རིག་པ་རང་ཤར་ལས། ལོག་པའི་ཐེག་པ་འདི་ལྟ་སྟེ། །འཇིགས་ཚོགས་སུམ་བརྒྱ་དྲུག་ཅུར་འདོད། །སུམ་བརྒྱ་དབྱིངས་ལ་བཤད་པའོ། །དྲུག་བཅུའི་ལྟ་བ་འདི་ལྟ་སྟེ། །གྲངས་ཅན་ལོག་པར་སྨྲ་བ་དང་། །བྱེ་བྲག་རང་གི་རྒྱུ་སྨྲ་དང་། །ཀུ་མཱ་ར་ལ་ཆེན་པོ་དང་། །རྣ་མ་ཕུག་པའི་གཞུང་འཛིན་དང་། །གསང་བ་མེ་ལྔ་བརྟེན་པ་དང་། །མེ་རས་ཏིལ་མར་ལུས་བསྲེག་དང་། །མདུང་རྩེའི་དཀའ་ཐུབ་ལོག་སྤྱོད་དང་། །མཆོང་དང་འཚོག་པའི་དཀའ་ཐུབ་དང་། །ཤ་ཀོར་ལུས་ལ་བྱས་ཐོག་དང་། །ཁྱི་ཡི་ཆ་བྱད་སྤྱོད་པ་དང་། །དེ་བཞིན་མངོན་ཤེས་ཕྲ་མོའི་ས། །སངས་རྒྱས་བྱིན་རླབས་སྤྱིར་སྣང་བ། །ལོག་པའི་དཀའ་ཐུབ་སྤྱོད་པའོ། །རྣམ་པའི་ལྟ་བ་འདི་ལྟ་སྟེ། །བྱེད་པ་རྒྱུ་རུ་སྨྲ་བ་དང་། །བྱེད་པ་ལམ་དུ་འཁྱེར་བ་དང་། །རྟག་པ་དོན་མཚོན་ཆེན་པོ་དང་། །ཐེར་ཟུག་འགྱུར་མེད་སྨྲ་བ་དང་། །གནས་སྐབས་རྟག་པར་སྨྲ་བ་དང་། །རྒྱུ་ལ་རྟག་པར་སྨྲ་བ་དང་། །འབྲས་བུ་རྟག་པར་སྨྲ་བ་དང་། །རྟག་པ་ཉིད་ལ་ལམ་ལྟོས་དང་། །སྤྱོད་པ་རྟག་པར་འདོད་པ་དང་། །དོན་ལ་རྟག་མེད་ཆད་ལྟ་དང་། །དེ་བཞིན་རྟག་པའི་རྣམ་པའོ། །ཚང་མེད་ངན་སྔགས་གཙོར་བྱེད་དང་། །མོ་དང་པྲ་ལ་གཙོར་བྱེད་དང་། རྫུ་འཕྲུལ་ཕྲ་མོ་གཙོར་བྱེད་དང་། །རྩོད་པ་ལྷུ་རུ་ལེན་པ་དང་། །དཀའ་ཐུབ་སྤྱོད་པ་དག་དང་ནི། །འཇིག་རྟེན་འདི་ལ་ཞེན་པ་དང་། །རང་གི་བྱ་བ་འཛིན་པ་དང་། །ལྭ་བ་ཅན་དུ་འགྱུར་བ་དང་། །མི་འཕམ་རས་གོས་དག་དང་ནི། །ཕྱག་མཚན་གཙོ་བོར་བྱེད་པའོ། །བྱ་བ་ལྟོས་པར་སྨྲ་བ་དང་། །རིགས་པས་ཕ་རོལ་སུན་འབྱིན་དང་། །རྒྱུ་མེད་ཆད་པར་སྨྲ་བ་དང་། །ཕྱམ་ཆད་སྟོང་པར་སྨྲ་བ་དང་། །རྒྱུ་ཆད་འབྲས་བུ་ཆད་ལྟ་དང་། །ལམ་ཆད་ཡེ་ཤེས་ཆད་ལྟ་དང་། །ཆད་པ་ཐེར་ཟུག་ཆེན་པོ་དང་། །ལམ་ཆད་འབྲས་བུ་གཏན་ཆད་དང་། །ལོག་པའི་སེམས་ཀྱི་ཆད་ལྟ་དང་། །ཆད་པ་སྟོང་པ་ཆེན་པོའོ། །རིག་བྱེད་གསང་བར་སྨྲ་བ་དང་། །ཆ་མཐུན་གོལ་བའི་མུ་སྟེགས་དང་། །མངོན་སྣང་སེམས་ཀྱི་མུ་སྟེགས་དང་། །འཁྲུལ་སྣང་འཛིན་པའི་མུ་སྟེགས་དང་། །ཞེ་སྡང་སྐྱེད་པའི་མུ་སྟེགས་དང་། །བྱ་བྱེད་སེམས་ཀྱི་མུ་སྟེགས་དང་། །འཛིན་པ་དོན་མེད་མུ་སྟེགས་དང་། །ཁ་ཚིག་གོལ་བའི་མུ་སྟེགས་དང་། །རྟག་པ་དོན་མེད་མུ་སྟེགས་དང་། །ཀ་ནི་དང་ནི་སེར་སྣ་དང་། །དྷ་སི་ར་དང་ཀ་བྷི་ཤ། །སིན་དྷ་ར་དང་དྷ་སིང་དང་། །ཀ་ཧི་དང་ནི་སང་གྷ་དང་། །ཤང་ཀ་རི་དང་དྷ་ཤ་ཀའོ། །ཞེས་པས། འབྱུང་བ་དང་ཤེས་པའི་དབྱིངས་ལས་འཁྲུལ་ནས་སོ་སོར་རྟོག་པས་གྲུབ་མཐའ་རེ་བཟུང་བ་དབྱིངས་ཀྱི་ལྟ་ལོག་སུམ་བརྒྱ་སྟེ། དེའང་། རྒྱལ་དཔོག་པ་ལ་སོགས་པའི་སྟོན་པ་བརྒྱས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་གསུམ་ལ་ལོག་པའི་འཛིན་སྟངས་སུ་བྱེད་པས་སུམ་བརྒྱར་བཤད་པ་དང་། དེ་དག་གི་གྱེས་མདོ། གྲངས་ཅན་པ་དང་། བྱེ་བྲག་པ་ལ་སོགས་དྲུག་ཅུ་སྟེ། དེ་ཐམས་ཅད་བསྡུ་ན་མུར་ལྟ་དང་། མུར་ཐུག་དང་། རྒྱང་འཕེན་དང་། ཕྱལ་བ་བཞིར་འདུ་ཞིང་། དེ་ཡང་བསྡུ་ན། བྱེ་བྲག་པ་ལ་སོགས་དྲུག་ཅུ་སྟེ། དེ་ཐམས་ཅད་བསྡུ་ན་མུར་ལྟ་དང་། མུར་ཐུག་དང་། རྒྱང་འཕེན་དང་། ཕྱལ་བ་བཞིར་འདུ་ཞིང་། དེ་ཡང་བསྡུ་ན། རྟག་ཆད་གཉིས་སུ་འདུ་བར་གསུངས་ཏེ། འདི་དག་གི་རྣམ་བཞག་ཞིབ་པར་ཐེག་མཆོག་རིན་ཆེན་པོ་ཆེའི་མཛོད་དང་། ཆོས་རྗེ་ཀཿཐོག་པ་ཆེན་པོས་མཛད་པའི་ཐེག་པ་སྤྱི་ཆིང་རྩ་འགྲེལ་སོགས་སུ་གསལ་བས་འདིར་ཡི་གེས་འཇིགས་ཏེ་མ་བྲིས་ལ། བསྡུ་ན་རྟག་ཆད་གཉིས་ལས། རྟག་ལྟ་བས་ནི་བདག་གམ་ཚངས་པ་དབང་ཕྱུག་སོགས་ཀྱི་ངོ་བོ་རྟག་ཅིང་ཐམས་ཅད་དེས་བྱེད་པར་འདོད་པ་དང་། ཆད་ལྟ་བས་འབྱུང་བ་བཞི་ལས་ད་ལྟའི་ཕུང་པོ་འདི་གློ་བུར་དུ་སྐྱེ་ཞིང་ཤི་ནས་རྒྱུན་ཆད་པའི་ཕྱིར། སེམས་ཅན་འཁོར་བར་ཡང་ནས་ཡང་དུ་འཁོར་བ་ནི་མེད་པར་འདོད་དོ། །དེ་གཉིས་ཀས་ཀྱང་བདག་ཡོད་པར་སྨྲ་བ་སྟེ་བདག་མེད་མི་འདོད་དོ། །དེ་ལ་རིགས་པས་བརྟགས་ན། གང་ཟག་གི་བདག་ནི་ཕུང་པོ་དང་གཅིག་ཐ་དད་གང་དུའང་མ་གྲུབ་པས་ཁེགས་ལ། ཚངས་དབང་ཁྱབ་འཇུག་སོགས་རྟག་པའི་སྐྱེས་བུ་འཇིག་རྟེན་ཐམས་ཅད་སྐྱེད་པའི་དོན་བྱེད་པ་དེ་ལྟ་བུ་མེད་དེ། རྟག་པ་ལ་དོན་བྱེད་པས་སྟོང་པ་དང་དོན་བྱེད་པ་ལ་མི་རྟག་པས་ཁྱབ་པ་དང་། གཞན་ཐམས་ཅད་མི་རྟག་ལ་དེ་གཅིག་པུ་རྟག་པའི་བསྒྲུབ་བྱེད་མེད་དེ། དངོས་པོར་ཡོད་པ་ལ་རྒྱུ་ལས་མ་སྐྱེས་པའི་ཡེ་ཡོད་མི་སྲིད་པའི་ཕྱིར་རོ། །ཆད་པར་སྨྲ་བའང་མི་རིགས་ཏེ། ཆོས་གང་ཡང་རྒྱུ་མེད་པར་འབྱུང་བ་མི་སྲིད་དོ། །གལ་ཏེ་འབྱུང་ན་དེ་རྟག་ཏུ་ཡོད་པའམ་མེད་པར་ཐལ་བ་དང་། རྟེན་ཅིང་འབྲེལ་འབྱུང་གི་ཆོས་ལ་རྒྱུ་ཚང་བཞིན་དུ་འབྲས་བུ་རྒྱུན་ཆད་པ་མི་སྲིད་པས། སེམས་ཅན་སྐྱེ་བའི་སེམས་ཀྱི་རྒྱུ་སྔ་མའི་སེམས་ཡིན་པ་དང་། འཆི་དུས་ཀྱི་སེམས་ལས་སྲིད་པ་ཕྱི་མའི་སེམས་འབྱུང་བ་ལ་རིགས་པས་གནོད་པ་མེད་ཅིང་སྒྲུབ་བྱེད་ཡོད་པ་དང་། དེ་ལྟར་མིན་ན་ད་ལྟར་སྣང་བའི་དངོས་པོ་འདི་ཀུན་ཀྱང་རྒྱུ་འབྲས་སུ་མི་རྟེན་པས་ཐམས་ཅད་ཡོད་པའམ་མེད་པར་ཐལ་བ་སོགས་ཉེས་པ་མང་པོ་ཡོད་པས་ཁེགས་སོ། །དེ་ལྟར་ཡང་ལམ་རིམ་ལས། རྟག་ཆད་གཉིས་ལ་གང་གི་བློ་ཞེན་པ། །དོན་གྱི་སྙིང་པོ་འདི་ལས་གོལ་བར་གསུངས། །ཞེས་སོ། །འདི་དག་ཞར་བྱུང་དུ་སྨོས་པའི་དགོས་པའང་། རང་ཤར་ལས། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལོག་པའི་ལམ་དུ་ཞུགས་ཀྱིས་དོགས་པའི་ཕྱིར་ངས་འཇིགས་ཚོགས་ཀྱི་ལྟ་བ་མང་པོ་བསྡུས་ཏེ་བསྟན་པའོ། །ཞེས་དང་། ཧེ་རུ་ཀ་གལ་པོ་ཆེ་ལས། མུ་སྟེགས་ཐེག་པར་རབ་ངེས་ན། །མི་སྤྱོད་སྤང་ཕྱིར་ཁྱོད་ལ་བཤད། །ཅེས་དང་། ལམ་རིམ་ལས། ཆ་ཡོད་དུག་ལ་མི་རེག་བཞིན། །གང་གིས་ཤེས་ནས་དེར་མི་གནས། །ཞེས་གསུངས་པ་ལྟར། ལམ་ལོག་པ་ངོ་ཤེས་ནས་དེར་མི་འཇུག་པ་སོགས་ཀྱི་དགོས་པ་དུ་མ་ཡོད་དེ། ཞིབ་པར་སྙིང་པོའི་སྤྱི་དོན་གསང་བདག་ཞལ་ལུང་སོགས་ལས་ཤེས་པར་བྱའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པའི་ངོ་བོ་ནི། ཆོས་ཀྱི་རྣམ་གྲངས་གང་ཞིག་འཁོར་བ་ལས་ངེས་པར་འབྱིན་པའི་ཐབས་དམ་པར་གྱུར་པ་སྟེ། རིན་ཆེན་ཕྲེང་བ་ལས། མི་ཡི་ཆོས་ལུགས་ལེགས་སྤྱོད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་དུ་འདུག །ཅེས་པ་ལྟར། མངོན་མཐོའི་སྐས་ལ་འཛེགས་པ་ལས་བགྲོད་བྱའི་གནས་དམ་པ་ཡིན་པས་ངེས་ལེགས་སམ་རྣམ་པར་གྲོལ་བའི་ཐེག་པ་ཞེས་བྱའོ། །དེ་ཕྱི་རོལ་པ་ལས་འཕགས་པའི་ཚུལ་ཡང་། དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་ནས། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་སྡུག་བསྔལ་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང་། མྱ་ངན་ལས་པ་ཞི་བ་སྟེ། ལྟ་བ་ཀ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའམ། དེའི་ཁོངས་སུ་གཏོགས་ཤིང་། ལྷག་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྟེ་ཡང་དག་པའི་བསླབ་པ་གསུམ་ལ་སློབས་པས་འབྲས་བུ་སྲིད་རྩེ་ལ་བརྒལ་ནུས་པས་འཕགས་ཏེ། ཕྱི་རོལ་པའི་ལམ་ལ་དེ་དག་མེད་པའི་ཕྱིར་རོ། །དེ་ལྟར་ཡང་སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་དང་། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་དང་། འདུལ་བ་འོད་ལྡན་ལས། བསླབ་པ་གསུམ་ནི་རབ་སྟོན་ཅིང་། །ཕྱག་རྒྱ་གསུམ་ཕྱག་རྒྱ་གསུམ་ནི། འདུས་བྱས་མི་རྟག་པ། མྱང་འདས་ཞི་བདེ། ཆོས་བདག་མེད་པའོ། །མཆན། དང་ཡང་དག་ལྡན། །ཐོག་མ་བར་དང་མཐའ་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་དང་། སློབ་དཔོན་དཔའ་བོས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་ཡོང་འབྱུང་སྲིད་པ་སྒྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འགྲོ་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་བརྩལ་བཞིན་དུ། །སྲིད་པ་དག་ནི་ལྡོག་པར་བགྱིད། །ཅེས་གསུངས། དེ་ལྟ་བུའི་རྣམ་གྲོལ་གྱི་ཐེག་པ་དེ་ལ་གོང་དུ་སྨོས་པ་བཞིན་དབྱེ་བསྡུའི་ཁྱད་པར་ཚད་མེད་ཀྱང་། འདིར་ནི་གསང་ཆེན་སྔ་འགྱུར་བའི་རང་སྐད་དུ། སྤྱི་མདོ་དགོངས་པ་འདུས་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་ཀ་ཐུབ་རིགས། །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པའི་རེ་རེ་ལའང་གསུམ་གསུམ་དུ་དབྱེ་བས་དགུར་འགྱུར་ཏེ། རང་ཤར་ལས། ཉན་ཐོས་དང་ནི་རང་རྒྱལ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲྀ་ཡཱ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཞེས་གསུངས། དེ་ལྟར་བསྟན་པའི་དགོས་པའང་། ཨ་ཏི་བཀོད་པ་ཆེན་པོ་ལས། ཆུང་བའི་བློ་དང་ཆེན་པོ་དང་། །དེ་བཞིན་འབྲིང་པོའི་བློ་ཅན་ལ། །རིམ་པ་གསུམ་གྱི་ཚུལ་དུ་བསྟན། །ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོགས་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཛུད་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་དང་། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་གསུངས་པ་ལྟར་གདུལ་བྱ་དབང་པོ་ཐ་མ་དང་། འབྲིང་དང་། རབ་རྣམས་རེ་རེ་ལའང་གསུམ་གསུམ་དུ་ཡོད་པས་དེ་དག་གཞུག་པའི་དོན་དུ་བསྟན་པ་ཡིན་ལ། ཉོན་མོངས་པ་སོ་སོར་འདུལ་བའི་དབང་དུ་བྱས་ན། དེ་ཐམས་ཅད་ཀྱང་སྡེ་སྣོད་བཞིར་འདུ་སྟེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུང་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུང་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །མདོར་ན་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པར་ཟད། །ཅེས་གསུངས་པ་དང་། གསང་སྙིང་ལས་ཀྱང་། ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་དེ་སྙེད་བསྟན་པར་གསུངས་སོ། །དེ་ལྟ་བུའི་རྣམ་གྲོལ་གྱི་ཐེག་པ་དགུ་པོ་དེ་ཡང་ཆོས་ཐ་དད་པ་རིམ་པ་དགུ་ཡོད་པ་ནི་མ་ཡིན་ཏེ། ཉན་རང་གི་ཐེག་པས་དངོས་སུ་ལམ་དང་འབྲས་བུ་ཐར་པའི་ཆ་ཤས་ཙམ་ལས་རྣམ་གྲོལ་གྱི་ལམ་རྫོགས་པར་མ་བསྟན་ཅིང་། རང་འབྲས་མཐར་ཕྱིན་ནས་ཀྱང་ཐེག་ཆེན་ལ་འཇུག་དགོས་པས་རང་རྐྱ་མ་ཐུབ་པའི་ཕྱིར་ཐེག་ཆེན་དུ་འདུལ། ཐེག་ཆེན་ཕ་རོལ་དུ་ཕྱིན་པ་དང་སྔགས་ཕྱི་རྒྱུད་གསུམ་དུ་མཐར་ཐུག་གི་འབྲས་བུའི་རྣམ་བཞག་བསྟན་ནའང་། དེར་བགྲོད་བྱེད་ཀྱི་ལམ་རྫོགས་པར་མ་བསྟན་ཅིང་། སྔགས་བླ་མེད་དུ་ཚང་ལ། བླ་མེད་ཀྱི་ཐེག་པས་ནི་ཡོངས་རྫོགས་བསྟན་པས་འཕགས་པར་མ་ཟད། ཡོ་ག་མན་ཆད་ཀྱི་རྒྱུ་དང་འབྲས་བུའི་ཐེག་པའི་ལམ་དང་། འབྲས་བུའི་རྣམ་པ་ཐམས་ཅད་སྔགས་བླ་མེད་དུ་ཚང་ལ་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་དེ་དག་ལ་མེད་ཅིང་། དེ་དང་དེའི་དོད་ཐུབ་ཀྱང་བཞག་ཏུ་མེད་པའི་དོན་གྱིས་ནང་པ་བསྐྱེད་རྫོགས་གསུམ་གྱི་ནང་དུ་ཐམས་ཅད་འདུ་བ་ཡིན་ཞིང་དེའི་སྔ་མ་གཉིས་ཀྱི་ལམ་མཐར་ཐུག་པའི་འབྲས་བུའི་གཏུགས་དབང་བཞི་པའི་ཡེ་ཤེས་ནི་རང་བཞིན་རྫོགས་པ་ཆེན་པོ་ཡིན་པས་ཐམས་ཅད་དེར་འདུ་བ་ཡིན་ཏེ། འཇམ་དཔལ་ཞལ་ལུང་ལས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཞེས་པའི་འགྲེལ་བར་རིམ་པ་གཉིས་པའི་གཉིས་པ་སྟེ། མཚན་མེད་ཀྱི་རྫོགས་རིམ་མཐར་ཐུག་ལ་རྫོགས་པ་ཆེན་པོ་ཞེས་བཤད་པའི་ཕྱིར་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་ཀུན་བྱེད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཞེས་གསུངས། དེ་ཡང་ཉན་རང་འཕགས་པ་རྣམས་ཐེགས་ཆེན་ལ་གསར་དུ་ཞུགས་པའི་ཚེ་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས་ཞུགས་དགོས་ཏེ། འདུན་ལྡན་གྱི་སེམས་བསྐྱེད་ནས་བཟུང་ལམ་ལ་རིམ་གྱིས་སློབ་དགོས་པ་དང་སྔར་ཆོས་བདག་མེད་པ་རྫོགས་པར་མ་རྟོགས་པའི་དབང་གིས་ཤེས་སྒྲིབ་ཕྲ་རགས་ཐམས་ཅད་རྫོགས་པར་གདོད་སྤོང་དགོས་པའི་ཕྱིར་དང་། དེར་མ་ཟད། ཀླུ་བྱང་གི་ལས་མཐའ་རྣམ་འབྱེད་ལས། མགོ་དང་རྐང་ལག་སོགས་བྱིན་ཀྱང་། སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །ཞེས་གསུངས་པ་བཞིན་མཐར་འབྲས་ལ་དངོས་སུ་སྦྱོར་བ་ལ་སྣང་གསུམ་མམ། འཕོ་བའི་སྒྲིབ་པ་མ་ལུས་པ་སྤོང་དགོས་ན། དེ་སྤང་བྱེད་ལམ་མདོ་སོགས་ན་མ་བཤད་པའི་ཕྱིར་རོ། །དེ་ཡང་བྱང་ཆུབ་སེམས་དཔའ་ཐོག་མ་ནས་གསང་སྔགས་བླ་མེད་ཀྱི་ཟབ་གནད་ལ་ཞུགས་པ་རྣམས་སྨོས་མ་དགོས། དེ་ལས་གཞན་མདོ་ལམ་གྱི་ཉན་རང་བྱང་སེམས་དང་། སྔགས་ཀྱི་རྒྱུད་སྡེ་འོག་མ་གསུམ་གྱི་སྒོར་ཞུགས་ཏེ། རང་ལམ་མཐར་ཕྱིན་པར་ལོབས་པའི་རང་འབྲས་ཉན་རང་གི་དགྲ་བཅོམ་དང་། བྱང་སེམས་དང་རྒྱུད་སྡེ་འོག་མ་གསུམ་གྱིས་ས་བཅུའི་བྱང་སེམས་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོའི་གོ་འཕང་ཙམ་ཞིག་ཐོབ་ནུས་ཀྱང་། དེ་ཐམས་ཅད་མཐར་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་ལ་བརྟེན་ནས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་དགོས་ཤིང་། དེར་མ་ཟད་བླ་མེད་ལ་ཞུགས་པའི་བསྐྱེད་རིམ་གྱི་ལམ་མཐར་ཕྱིན་པ་ཞིག་ཀྱང་རྫོགས་རིམ་ལ་མ་ཞུགས་པར་འཚང་རྒྱ་བའི་ཐབས་མེད་དེ། བླ་མེད་བྱང་ཆུབ་ཀྱི་གོ་འཕང་མཐར་ཐུག་ཐོབ་པ་ལ་འཁོར་བར་འཆིང་བྱེད་ཀྱི་ཀུན་རྟོག་ཕྲ་བ་སྤངས་པ་ཙམ་དུ་མ་ཟད་དཀར་དམར་རླུང་སེམས་འགྱུར་བཅས་ཀྱི་ཆ་སྣང་གསུམ་མམ་འཕོ་བའི་སྒྲིབ་པའང་མ་ལུས་པར་སྤང་དགོས་ནའང་། དེ་སྤོང་བྱེད་ཀྱི་གཉེན་པོ་དབང་བཞི་པའི་ལམ་རིག་སྟོང་ཟུང་འཇུག་འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་ཡིན་པས། དེ་ཕར་ཕྱིན་ཐེག་པར་མ་ཟད་སྔགས་ཕྱི་རྒྱུད་གསུམ་ལས་ཀྱང་མ་གསུངས་པའི་ཕྱིར། དེས་ན་ཕར་ཕྱིན་པ་དང་། སྔགས་ཀྱི་རྒྱུད་པ་རྣམས་ཀྱང་མཐར་སྔགས་བླ་མེད་དུ་ཞུགས་དགོས་ཤིང་། དེ་དག་ལམ་དང་འབྲས་བུ་གང་ནས་ཞུགས་ཀྱང་རང་རང་གི་མུ་ཚོད་མཐུན་པའི་ས་ནས་ཞུགས་པས་ཆོག་པར་བཞེད་དོ། །མདོར་ན། དོན་དམ་བསྙེན་པ་ལས། ཉན་ཐོས་ཐེག་པ་ཉིད་ནི་ཐེག་པ་མ་ཡིན་ཏེ། །རང་རྒྱལ་འདི་ལྟར་རྒྱལ་བའི་ས་ནི་མིན་པར་གསུངས། །དཔལ་ལྡན་རྡོ་རྗེ་ཐེག་པ་རྒྱལ་བའི་ཐེག་པ་ཉིད། །དེ་ཡང་གཉིས་ལས་ཐེག་པ་བར་དང་ཐ་མར་བྱེད། །དེ་ཕྱིར་བླ་ན་མེད་པའི་ཐེག་པ་བོར་ནས་ནི། །འདོད་པའི་བླ་མེད་བྱང་ཆུབ་ཐོབ་པར་མི་འགྱུར་རོ། །ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ལག་ན་རྡོ་རྗེ། ངས་སེམས་ཅན་རྣམས་ཀྱི་བློའི་ཁྱད་པར་དང་རིགས་ཀྱི་བྱེ་བྲག་གིས་ཐེག་པའི་ཁྱད་པར་རྣམས་བསྟན་ཏེ་ལ་ལ་ཕྱི་རོལ་པའི་ཚུལ་ལོ། །ལ་ལ་ཉན་ཐོས་ཀྱི་ཐེག་པའོ། །ལ་ལ་རང་སངས་རྒྱས་ཀྱི་ཐེག་པ་དང་། གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། རིག་པ་འཛིན་པའི་རྒྱུད་དཔག་ཏུ་མེད་པ་བསྟན་ཀྱང་། ཐིག་ལེ་ཆེན་པོ་ཡི་གེ་མེད་པར་བརྡའ་དང་བྲལ་བས་གཉིས་སུ་མེད་པར་སངས་རྒྱས་པར་རིག་པར་བྱའོ། །ཞེས་དང་། ཨིནྡྲ་བྷུ་ཏིའི་དབང་འཁོར་ལོའི་མན་ངག་ལས། རང་བཞིན་གྱིས་ནི་འོད་གསལ་ཞིང་། །རྫོགས་པ་ཆེན་པོའི་མཐར་ཐུག་པ། །མན་ངག་ཀུན་གྱི་མཆོག་གི་མཆོག །དེ་སྒྲུབ་ཐབས་སུ་གསུངས་པར་ཟད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་ཐེག་པ་རིམ་དགུ་པོ་དེ་ཡང་བསྡུ་ན། ལྟ་ཕྲེང་ལས། འཇིག་རྟེན་ལས་འདས་པ་ལའང་གཉིས་ཏེ། མཚན་ཉིད་ཀྱི་ཐེག་པ་དང་། རྡོ་རྗེ་ཐེག་པའོ། །ཞེས་གསུངས་པས་རྒྱུ་འབྲས་གཉིས་སུ་འདུ་ཞིང་། དེ་ལས་དབྱེ་ན། ཐལ་འགྱུར་ལས། འདས་པ་རྒྱུ་དང་འབྲས་བུ་ལས། །རྒྱུ་ལ་གསུམ་དང་འབྲས་ལ་གཉིས། །གཉེན་པོ་ལས་ཕྱེ་དྲུག་ཏུ་འགྱུར། །འདི་དག་དབང་པོའི་རིམ་པས་སོ། །ཞེས་གསུངས་པ་ལྟར་འཆད་པར་བྱ་བ་ལ་གཉིས། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་བཤད་པའོ། །དང་པོ་ནི། སོ་སོའི་ལམ་དེས་མཐར་ཐུག་གི་རང་འབྲས་དེ་མཚན་པར་བྱེད་པས་མཚན་ཉིད་དང་། དེ་ལ་སྦྱོར་བའི་རྒྱུ་ཡིན་པས་རྒྱུའི་ཐེག་པའམ། ཡང་ན་ཀུན་འབྱུང་ལས་དང་ཉོན་མོངས་པའི་ལམ་ནས་ཐར་བར་འདྲེན་པར་བྱེད་པས་ན་ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་བྱ་སྟེ། གང་ཟག་དགུ་ལས་དབང་པོ་ཐ་མ་གསུམ་གྱི་དོན་དུ་དགོངས་ཏེ་གསུངས་པའོ། །དེ་ལ་དབྱེ་ན་གསུམ། ཉན་ཐོས། རང་རྒྱལ། བྱང་ཆུབ་སེམས་དཔའི་ཐེག་པའོ། །དེའི་དང་པོ་ཉན་ཐོས་ཀྱི་ཐེག་པ་ནི་གང་ཟག་ཐ་མའི་ཐ་མ་ལ་དགོངས་ནས་གསུངས་ཏེ། རྒྱུད་ལས། ཉན་ཐོས་ཀྱི་ཐེག་པ་དང་། ཞེས་གསུངས་པས། འདི་ལ་གསུམ། ངོ་བོ། ངེས་ཚིག །དབྱེ་བའོ། །ངོ་བོ་ནི། འཁོར་བ་ལས་རང་ཉིད་གཅིག་པུ་ཐར་འདོད་ཀྱི་བློས་གང་ཟག་གི་བདག་མེད་ཙམ་རྟོགས་པའི་ཐབས་སུ་གྱུར་པ། ངེས་ཚིག་ནི། ཤྲ་བ་ཀ་ཞེས་པའི་སྒྲ་ཉན་པ་དང་ཐོས་པ་གཉིས་ཀ་ལ་འཇུག་པས་ཉན་ཐོས་ཞེས་བྱ་བ། རྣམ་པ་གཅིག་ཏུ། གཞན་བསྟེན་ཐོས་གྲོགས་ཞེས། སྲིད་པ་ཐ་མ་པའི་དུས་སུའང་སློབ་དཔོན་གཞན་ལ་བསྟེན་ཞིང་དེ་ལས་ཐོས་པ་དག་ཡུལ་གཞན་ལ་སྒྲོག་པས་ཐོས་སྒྲོག་གམ་ཉན་ཐོས་ཞེས་བྱའོ། །དབྱེ་བ་ལ་སྔར་ལྟར་དྲུག་ལས། འཇུག་སྒོ་ནི། འཁོར་བའི་སྡུག་བསྔལ་མཐའ་དག་ལ་ཡིད་འབྱུང་བའི་སྒོ་ནས། རང་ཉིད་ཞི་བདེ་དོན་གཉེར་གྱི་བསམ་པས་འཕགས་པའི་བདེན་པ་བཞི་ལ་རྒྱུ་འབྲས་སྤང་བླང་གི་སྒོ་ནས་འཇུག་སྟེ། རང་ཤར་ལས། འཇུག་པའི་སྒོ་ནས་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོ་ཡིན། །ཞེས་གསུངས། དེ་ལ་བདེན་པ་བཞི་ནི། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་གྱི་བདེན་པ་བཞིའོ། །དེ་བཤད་པ་ལ་བདེན་བཞིའི་ངོ་བོ་ནི། སྐྱེ་བ་སྔ་མའི་ལས་ཉོན་གྱིས་བསྐྱེད་པའི་ཉེར་ལེན་གྱི་ཕུང་པོའི་རྒྱུན་རྣམས་སྡུག་བསྔལ་གྱི་བདེན་པའི་ངོ་བོ། དེ་བཞིན་དུ་འབྱུང་འགྱུར་ཉེར་ལེན་གྱི་ཕུང་པོའི་རྒྱུན་གྱུར་པའི་ལས་ཉོན་རྣམས་ཀུན་འབྱུང་གི་བདེན་པའི། གཉེན་པོ་ལམ་གྱིས་སྤང་བྱ་ཀུན་འབྱུང་བཅོམ་པའི་སྤངས་བ་ནི་འགོག་བདེན་གྱི། ཀུན་འབྱུང་སྤོང་བར་ནུས་ཤིང་འགོག་པ་ཐོབ་པར་ནུས་པའི་འཕགས་པའི་ཡེ་ཤེས་ནི་ལམ་བདེན་གྱི་ངོ་བོའོ། །བདེན་བཞིའི་ངེས་ཚིག་ནི། ཐུན་མོང་དུ་རང་རང་གི་ངོ་བོ་རྣམ་པ་བཞི་བཞིར་བདེན་ཞིང་མི་བསླུ་བར་གནས་པས་དེ་རྣམས་ཀྱི་རང་བཞིན་ཇི་ལྟ་བར་མཐོང་ན་ཕྱིན་ཅི་མ་ལོག་པའི་བློ་སྐྱེ་བས་ན་འཕགས་པའི་བདེན་པ་ཞེས་བྱ་ལ། བྱེ་བྲག་ཏུ་མཛོད་འགྲེལ་ལས། གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །ཀུན་འབྱུང་བའི་ཚུལ་གྱིས་ཀུན་འབྱུང་བའོ། །ཕུང་པོ་ཞིག་པའི་ཕྱིར་འགོག་པའོ། །བགྲོད་པའི་དོན་གྱིས་ལམ་མོ། །ཞེས་སོ། །དེ་ཡང་བདེན་བཞི་རང་གི་མཚན་ཉིད་ཇི་ལྟར་གནས་པ་དེ་འཕགས་པ་རྣམས་ཁོ་ནས་མཁྱེན་པས་ན་འཕགས་པའི་བདེན་པར་བཞག་ལ། སོ་སྐྱེ་རྣམས་སྡུག་བསྔལ་ཀུན་འབྱུང་སོགས་རང་ལ་ཡོད་ཀྱང་དེ་དག་གི་མཚན་ཉིད་ཇི་ལྟ་བ་བཞིན་མི་ཤེས་པས་ཕྱིན་ཅི་ལོག་ཏུ་འཛིན་པས་ན་དེ་དག་གི་བདེན་པར་མ་བཞག་གོ། །དབྱེ་ན་བཞི་ལས། སྡུག་བསྔལ་ནི་འབྲས་བུའི་ཕུང་པོ་སྟེ། སེམས་ཅན་སྐྱེ་བ་དང་། སྐྱེ་བའི་གནས་གཉིས་སོ། །སྐྱེ་བ་ནི་འགྲོ་བ་རིགས་དྲུག་པོ་གཅིག་ནས་གཅིག་ཏུ་འཁོར་བའོ། །གནས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་རྣམས་སོ། །དེ་ན་སྡུག་བསྔལ་གྱི་རྣམ་གྲངས་ནི་སྐྱེ་བ་ལ་སོགས་པ་མང་པོ་དག་གོ། །ཀུན་འབྱུང་ནི། སྡུག་བསྔལ་གྱི་རྒྱུའི་ཆ་སྟེ། ལས་དང་ཉོན་མོངས་པ་གཉིས་སོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །ལས་ནི། སེམས་པ་དང་། བསམ་པ་གཉིས་སམ། དགེ་མི་དགེ་མི་གཡོ་བའི་ལས་གསུམ་མོ། །འགོག་པ་ནི། སྡུག་བསྔལ་རྒྱུ་དང་བཅས་པ་གཏན་ནས་ཞི་བ་སྟེ། ལྷག་བཅས་ལྷག་མེད་དང་། སོ་སོར་བརྟགས་པ་དང་། བརྟགས་མིན་གྱི་འགོག་པའོ། །ལམ་ནི་སྡུག་བསྔལ་ཤེས། ཀུན་འབྱུང་སྤང་འགོག་པ་མངོན་དུ་བྱེད། ལམ་རྒྱུད་ལ་བརྟེན་པའི་ཚུལ་གྱིས། ཚོགས་སྦྱོར་མཐོང་བསྒོམ་མི་སློབ་པའི་ལམ་སྟེ་ལྔའོ། །མཚན་ཉིད་ནི། བསྡུ་བ་ལས། བསྟན་པ་དང་མི་མཐུན་པ་མེད་པའི་མཚན་ཉིད་ཀྱི་དོན་ཅན། ཞེས་གསུངས་ཏེ། ཀུན་འབྱུང་གིས་བསྐྱེད་པའི་འབྲས་བུ་ཟག་པ་དང་བཅས་པའི་ཕུང་པོ་བསྟན་པ་དང་མཐུན་པ་སྡུག་བསྔལ་བདེན་པའི་མཚན་ཉིད། དེ་བཞིན་དུ། སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་སྐྱེད་བྱེད་བསྟན་པ་དང་མཐུན་པ་ཀུན་འབྱུང་གི། དེ་བཞིན་ཉིད་གློ་བུར་གྱི་དྲི་མས་དག་པ་བསྟན་པ་དང་མཐུན་པ་འགོག་བདེན་གྱི། ཐར་པར་བགྲོད་པའི་འཇུག་ངོགས་བསྟན་པ་དང་མཐུན་པ་ལམ་བདེན་གྱི་མཚན་ཉིད་དེ། འདིར་བསྟན་པ་དང་མཐུན་པ་ནི་བདེན་བཞིའི་མཚན་ཉིད་འདི་ལྟར་ཡིན་ནོ་ཞེས་སངས་རྒྱས་ཀྱིས་བསྟན་པའི་དོན་ཇི་ལྟ་བ་བཞིན་ཡུལ་བདེན་བཞི་རང་རང་གི་ངོས་ནས་མི་མཐུན་པ་མེད་པས་ན་ཡུལ་གྱི་ངོས་ནས་བདེན་པ་དང་། བདེན་བཞིའི་མཚན་ཉིད་ཇི་ལྟར་བསྟན་པ་དེ་ལྟར་ཤེས་ན་ཤེས་པའི་བློ་དེ་ཡང་མ་ནོར་བ་ཡིན་པས་ཡུལ་ཅན་གྱི་ངོས་ནས་ཀྱང་དེ་སྐད་དུ་བྱའོ། །གྲངས་ངེས་ནི། བདེན་པ་བཞིར་བྱས་པ་ལ་ཤེས་བྱའི་ཆོས་ཐམས་ཅད་སྤང་བླང་དུ་བྱ་བའི་ཆ་ནས་འཁོར་འདས་གཉིས་སུ་ངེས་ཤིང་། དེ་རེ་རེར་རྒྱུ་འབྲས་ཕྲུགས་རེར་ཡོད་པས་ཉིས་ཕྲུགས་སུ་ངེས་ཏེ། སྤང་བྱ་འཁོར་བ་ལའང་འབྲས་བུ་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་གཉིས། བླང་བྱ་མྱང་འདས་ལའང་འབྲས་བུ་འགོག་པ་དང་རྒྱུ་ལམ་བདེན་གཉིས་སུ་ངེས་པས་བདེན་པ་བཞིར་གྲངས་ངེས་པའོ། །གོ་རིམ་ནི། ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་དང་མཐུན་པར་ཡུལ་བདེན་པ་བཞི་བསྟན་པ་ཡིན་ཏེ། མཛོད་ལས་བདེན་པ་ཇི་ལྟར་མངོན་རྟོགས་རིམ། །ཞེས་སོ། །དེ་ཡང་འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ནི་ནད་དང་འདྲ་བར་ཤེས་པར་བྱ་བ་དང་། དེའི་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་ནི་ནད་ཀྱི་རྒྱུ་དང་འདྲ་བས་སྤང་བར་བྱ་བ་དང་། སྡུག་བསྔལ་མཐའ་དག་ལས་གྲོལ་བའི་འགོག་པ་ནི་ནད་མེད་པའི་བདེ་བ་དང་འདྲ་བར་ཐོབ་པར་བྱ་བ་དང་། དེའི་ཐབས་སུ་ལམ་ཟག་མེད་སྒོམ་པ་ནི་སྨན་བཟང་པོ་དང་འདྲ་བར་བརྟེན་པར་བྱ་བ་རྟོགས་པའི་ཕྱིར་ཏེ། རྒྱུད་བླ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བརྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བརྟེན་པར་བྱ། །ཞེས་གསུངས་པ་ལྟར་རོ། །ལྟ་བ་ནི། གཟུང་ཡུལ་དངོས་པོར་རགས་སྣང་འདི་གཉེན་པོ་དང་བློས་གཞིག་ཅིང་གཞོམ་དུ་རུང་བའི་ཕྱིར་དང་། འཛིན་པའི་སེམས་ཀྱི་རྒྱུན་དུས་གསུམ་གྱི་ཆས་གཞིག་ཏུ་རུང་བའི་ཕྱིར། གཟུང་འཛིན་རགས་པ་འདི་ཀུན་རྫོབ་ཏུ་སྣང་ཙམ་ལས་རང་བཞིན་མེད་པས་དེ་ལ་གང་ཟག་གི་བདག་ཕུང་པོ་དང་གཅིག་ཐ་དད་གང་དུའང་གྲུབ་པ་མེད་པར་རྟོགས་ཀྱང་། གཟུང་ཡུལ་དངོས་པོ་རགས་སྣང་རྩོམ་པའི་གཞི་རྡུལ་ཕྲ་རབ་འདི་གཉེན་པོ་དང་བློས་གཞོམ་དུ་མེད་པ་དང་། འཛིན་སེམས་སྐད་གཅིག་མ་དུས་ཀྱི་ཆ་དང་བྲལ་བས་གཟུང་འཛིན་ཕྲ་བ་དོན་དམ་དུ་འདོད་པའི་ཕྱིར་ཆོས་ཀྱི་བདག་མེད་མ་རྟོགས་ཏེ། རྒྱན་སྡུག་པོ་བཀོད་པའི་མདོ་ལས། ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང་། །ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་འགྱུར། །ཞེས་དང་། རྫོགས་པ་ཆེན་པོ་བཤད་རྒྱུད་ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། ཉན་ཐོས་གཡག་རྔ་ནེའུ་སེང་དང་། །གོང་བུ་ཆ་ཤས་མེད་པར་བལྟ། །གཟུང་འཛིན་ཆོས་ཀྱི་བདག་ཏུ་མཐོང་། །ཞེས་དང་། མན་ངག་ལྟ་བའི་ཕྲེང་བ་ལས། ཆོས་ཐམས་ཅད་ལ་མུ་སྟེགས་པ་ལ་སོགས་པས་སྒྲོ་སྐུར་བས་ཀུན་ཏུ་བརྟག་པ། ཡེ་མེད་པའི་ལྟ་བ་དང་། རྟག་པ་ལ་སོགས་པ་ཡོད་པར་བལྟ་བ་ནི། ཐག་པ་ལ་སྦྲུལ་དུ་མཐོང་བ་བཞིན་དུ་མེད་དེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་། རྣམ་པར་ཤེས་པ་ནི་དོན་དམ་པ་ཡོད་པར་བལྟ་བ། ཞེས་གསུངས། སྐབས་འདིར་གོང་དུ་སྨོས་པ་ལྟར་བེམ་ཤེས་གཉིས་རྡུལ་དང་སྐད་ཅིག་མའི་ཆོས་སུ་མཐོང་བས་ཆོས་བདག་གཟུང་འཛིན་རགས་པ་ཉིད་མེད་པར་རྟོགས་པ་དེས། ཕྱི་རོལ་བས་ཀུན་ཏུ་བརྟག་པ་དང་། ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་གང་ཟག་གི་བདག་དེ། ཐག་པ་ལ་སྦྲུལ་དུ་འཕྲུལ་པ་བཞིན་ཕྱིན་ཅི་ལོག་ཏུ་བློ་ཞེན་པ་ཙམ་ལས་རང་བཞིན་གྱིས་གྲུབ་པ་མེད་པའི་སྟོང་པ་ཉིད་དེ་ཁོང་ཆུད་པས་སྲིད་རྩ་གཅོད་པ་ཡིན་པས་ན། ཆོས་དང་གང་ཟག་གི་བདག་མེད་གཉིས་པོ་སྟོང་གཞི་ཆོས་ཅན་གྱི་དབྱེ་བ་ཙམ་ལས་སྟོང་ཚུལ་ལ་ཁྱད་པར་ཅི་ཡང་མེད་དེ་གཉིས་ཀ་བརྟེན་ནས་བརྟགས་པའི་སྟོང་ཉིད་ཙམ་གྱི་ངོ་བོར་གཅིག་པའི་ཕྱིར། ཆོས་ཀྱི་བདག་མེད་སྤྱི་དང་། གང་ཟག་གི་བདག་མེད་དེའི་བྱེ་བྲག་ཡིན་པ་ཙམ་དུ་དགོངས་ནས། ཉན་ཐོས་མ་ངེས་པའི་རིགས་ཅན་ཐེག་ཆེན་ལ་དྲངས་པའི་ཆེད་དང་སྟོང་ཉིད་ཞི་སྒོ་གཅིག་པུར་སྟོན་པའི་ཕྱིར་དབུ་མའི་གཞུང་ཁ་ཅིག་ཏུ་ཉན་རང་ལ་ཆོས་བདག་མེད་རྟོགས་པ་ཡོད་པར་གསུངས་པ་དང་། ཡང་འོད་སྲུང་གི་ཞུས་པའི་མདོ་ལས་ཡུང་འབྲུ་སྲིན་ཟོས་ཀྱི་ནང་གི་ནམ་མཁའ་ལྟར་ཉན་རང་གི་སྟོང་ཉིད་རྟོགས་པ་རྒྱ་ཆུང་བར་གསུངས་པ་བཞིན་དམན་པ་ལ་དགག་སྒྲ་སྦྱར་ཏེ། གོང་དུ་བསྟན་པའི་མདོ་རྒྱུད་མན་ངག་དང་བཅས་དང་། གཞན་ཡང་ལང་ཀར་གཤེགས་པའི་མདོ་སོགས་དང་། དཔལ་ལྡན་ཟླ་བས་དབུ་མ་འཇུག་པའི་རང་འགྲེལ་རང་བཞེད་དངོས་འཆད་པའི་སྐབས་སུའང་། དེ་ལ་གང་ཟག་གི་བདག་མེད་པར་ནི་རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བསྟན་ལ། བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་ནི་གཉིས་ཀ་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་ལ་རྐྱེན་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟར་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་སྒོམ་པ་མེད་དེ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པར་སྒོམ་པ་ནི་ཡོད་པར་རྣམ་པར་བཞག་གོ། །ཞེས་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོག་པར་དངོས་སུ་གསལ་པོར་གསུངས་ཡིན་ལ། ཁྱད་པར་གསང་ཆེན་སྔ་འགྱུར་གྱི་གྲུབ་མཐའ་འཛིན་པ་རྣམས་ནི། རྫོགས་པ་ཆེན་པོའི་བཤད་རྒྱུད་ལས། ཐེག་པ་སོ་སོའི་ལྟ་བའི་ཤན་འབྱེད་སྐབས་སུ། ཀྱཻ་སེམས་དཔའ་ཆེན་པོ་གཟུང་འཛིན་གཉིས་སུ་སྨྲ་ན་ཉན་ཐོས་ལྟ་བར་བཤད། འཛིན་པ་ཡོད་ལ་གཟུང་བ་མེད་ན་རང་རྒྱལ་ལྟ་བར་བཤད། སེམས་དང་རྣམ་པར་སྨྲ་བ་དང་། དོན་དམ་དང་ཀུན་རྫོབ་ཏུ་སྨྲ་ན་བྱང་ཆུབ་སེམས་དཔའི་ལྟ་བར་བཤད། ཅེས་དང་། འཕགས་ཆོས་ངོས་བཟུང་བའི་སྐབས་སུ། མ་རྟོགས་ལོག་པར་རྟོག་ལས་ཉན་ཐོས་ཁྱད་འཕགས་པ། གང་ཟག་བདག་མེད་རྟོགས་པས་ལྟ་བས་ཁྱད་པར་འཕགས། ཞེས་དང་། ཉན་ཐོས་དག་ལས་རང་རྒྱལ་འཕགས་པ་ཡང་། །གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཁམས་དག་ལ། །ཕྱོགས་གཅིག་བདག་མེད་ལྟ་བས་ལྟ་བ་ཁྱད་པར་འཕགས། ཞེས་དང་། རང་རྒྱལ་དག་ལས་བྱང་སེམས་འཕགས་པ་ཡང་། །བདག་མེད་རྣམ་གཉིས་རྟོགས་པས་ལྟ་བ་ཁྱད་པར་འཕགས། ཞེས་སོ་སོར་གསལ་བར་བསྟན་པ་བཞིན། ཀུན་མཁྱེན་བླ་མས་སྙན་བརྒྱུད་ཟབ་དོན་གནད་ཀྱི་མེ་ལོང་དུ། ཉན་ཐོས་ཀྱི་ཐེག་པའི་ངོ་བོ་གང་ཟག་གི་བདག་མེད་རྟོགས་ནས་ལམ་བསྒོམ་པ། རང་སངས་རྒྱས་ཀྱི་ཐེག་པའི་ངོ་བོ་གང་ཟག་དང་ཆོས་ཀྱི་བདག་ཕྱེད་བཟུང་བ་རང་བཞིན་མེད་པར་རྟོགས་ནས་རྟེན་འབྲེལ་གྱི་ལམ་བསྒོམ་པ། བྱང་ཆུབ་སེམས་དཔའི་ཐེག་པའི་ངོ་བོ་བདག་མེད་གཉིས་རྟོགས་ནས་ལམ་བསྒོམ་པ། ཞེས་གསུང་པ་ལྟར་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་གསུམ་གྱི་ལྟ་བའི་ཁྱད་པར་འདི་ལྟར་བཞེད་པ་འབའ་ཞིག་གོ། །དེས་ན་དེ་གཉིས་ཀ་དོན་གྱི་གནད་གཅིག་པར་ཤེས་དགོས་ཏེ། དེ་ལས་གཞན་དུ་གྱུར་ན་ཐེག་པ་ཆེ་ཆུང་དབང་པོ་རྣོ་རྟུལ་སོགས་གསུངས་རབ་ཀྱི་རྨང་འཁྲུགས་པར་འགྱུར་བའི་ཕྱིར་ཞིབ་པར་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་ཞལ་སྔ་ནས་སྩལ་བའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་དང་། ཤེར་ཌཱཀྐི་ཆེན་མོ་ཡན་ལག་དང་བཅས་པ་ལས་རྟོགས་པར་བྱའོ། །དབྱེ་ན་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི་ལྟ་རིམ་སྣང་བ་བཅུ་བདུན་པ་ལས། ཆོས་རྩམ་བལྟ་བའི་ཉན་ཐོས་པ། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བྱེད་མཐུན། །ཞེས་པས། བྱེ་སྨྲ་ནི། རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་ནི་གཡག་རྔ་དང་ནེ་སེང་ལྟར་ཚོགས་པ་གཅིག་ཏུ་སྣང་ཡང་། དོན་དམ་པར་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པ་ཆ་ལྡན་སིལ་བར་འདོད་ཅིང་། མདོ་སྡེ་བ་ནི། རྡུལ་ཕྲ་རབ་འབྱར་ཡང་མ་འབྱར་བར་ཡང་མེད་པ་འབྲུའི་ཕུང་པོ་ལྟ་བུར་འདོད་དེ། ཕྱི་མ་འདིས་རྡུལ་ཕྲན་ལས་གོང་བུ་བརྩམ་པ་དེའང་ཆ་མེད་དུ་རྟོགས་པས་བྱེ་སྨྲ་ལས་འཕགས་ཏེ་དོན་གྱིས་བལྟར་མེད་པའི་ཕྱིར་རྡུལ་ཕྲན་ཁས་མ་བླང་བ་དང་འདྲའོ། །མདོར་ན་ཆོས་བདག་འཛིན་དོན་དམ་དུ་བལྟ་ཞིང་འཁོར་འདས་བདེན་བཞིའི་རྒྱུ་འབྲས་ལ་བླང་དོར་དུ་འཛིན་པ་ཉན་ཐོས་པ་སྟེ། སྒྱུ་འཕྲུལ་ལམ་རིམ་ལས། གཉིས་མེད་མ་རྟོགས་ཐམས་ཅད་ལ། །བདེན་བཞིའི་དངོས་པོར་ཡོད་བལྟ་ཞིང་། །སྤོང་དང་མི་སྤང་བྱེད་གྱུར་ན། །འདི་ནི་ཉན་ཐོས་ས་པ་ཡིན། །ཞེས་གསུངས་སོ། །ཚུལ་ཁྲིམས་ནི། མཛོད་ལས། སོ་སོར་ཐར་པ་ཞེས་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་ནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་ཚུལ་ཆེ་དང་དགེ་སློང་ཉིད། །ཅེས་གསུངས་པ་ལྟར་གྱི། སོ་ཐར་རིགས་བརྒྱད་པོ་གང་རུང་ངམ། ཁྱད་པར་སངས་རྒྱས་ཀྱི་རྗེས་སུ་མཐུན་པར་བསླབ་དགོས་པའི་ཕྱིར། མཆོག་དགེ་སློང་གི་སྡོམ་པ་ལ་བརྟེན་པར་བྱ་སྟེ། དེ་དག་གི་སྲུང་མཚམས་ཞིབ་པར་སྡོམ་གསུམ་འགྲེལ་ཆེན་སོགས་ལས་ཤེས་པར་བྱ་ལ། མདོར་བསྡུས་ཞེ་ཆེན་མ་ཧཱ་པཎྜི་ཏ་འཇམ་མགོན་བསྟན་འཛིན་འཕེལ་རྒྱས་ཀྱིས་མཛད་པའི་ཐེག་དགུའི་རྣམ་བཤད་ལས། སོ་ཐར་རིགས་བརྒྱད་གང་རུང་བའི། །སྡོམ་པ་ལེགས་བསྲུང་ཚུལ་ཁྲིམས་ཏེ། །བསྙེན་གནས་དགེ་བསྙེན་ཕ་མ་དང་། །དགེ་ཚུལ་ཕ་མ་དགེ་སློང་མ། །དགེ་སློང་ཕ་མ་སོ་ཐར་བརྒྱད། །སྡོམ་པ་གསོད་རྐུ་རྫུན་སྨྲ་བ། །འདོད་ལོག་རྩ་བཞི་སྤྱིའི་སྤང་བྱ། །ཆང་དང་མལ་ཆེ་མཐོ་གར་ཕྲེང་། །ཕྱི་དྲོའི་ཁ་ཟས་བསྙེན་གནས་ཁྲིམས། །རྩ་སྟེང་ཆང་བསྣན་དགེ་བསྙེན་སྡོམ། །བསྙེན་གནས་སྡོམ་སྟེང་གར་ཕྲེང་དབྱེ། །གསེར་དངུལ་སྤངས་པ་དགེ་ཚུལ་བསྲུང་། །དེ་སྟེང་གཅིག་འགྲོ་ཆུ་སྐྱལ་བ། །སྐྱེས་རེག་ལྷན་འདུས་སྨྱན་བྱས་པ། །ཉེས་འཆབ་རྩ་དྲུག་གསེར་ཟུང་དང་། །འདོམས་སྤུ་འདྲེགས་དང་ས་རྐོ་བ། །རྩ་སྔོན་སོགས་གཅོད་བྱིན་ལེན་མེད། །གསོག་འཇོག་བྱས་ཟ་རྗེས་མཐུན་དྲུག །དགེ་སློབ་ཁྲིམས་ཡིན་ཕ་མ་བཞི། །ལྷག་མ་བཅུ་གསུམ་སྤང་ལྟུང་གྲངས། །སུམ་ཅུ་ལྟུང་བྱེད་བཅུ་ཕྲག་དགུ། །སོར་བཤགས་བཞི་དང་ཉེས་བྱས་པ། །བརྒྱ་དང་བཅུ་གཉིས་དགེ་སློང་ཁྲིམས། །ཞེས་གསུངས་པ་བཞིན་ནོ། །བསྒོམ་པ་ནི། མཛོད་ལས། ཚུར་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ནི་རབ་ཏུ་སྦྱོར། །ཞེས་པས་གཞི་སོ་ཐར་རིས་བདུན་གང་ཡང་རུང་བའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་དགེ་བའི་བཤེས་གཉེན་ལས་ཉན་ཐོས་ཀྱི་སྡེ་སྣོད་རྣམས་ཚུལ་བཞིན་ཐོས། ཐོས་དོན་བསམ། བསམ་དོན་བསྒོམ་པ་སྟེ། དེའང་དང་པོར་རང་རྒྱུད་ཀྱི་ཉོན་མོངས་པ་ལ་བརྟག་སྟེ་དེའི་གཉེན་པོར་འདོད་ཆགས་ལ་མི་སྡུག་པ། ཞེ་སྡང་ལ་བྱམས་སྙིང་། གཏི་མུག་ལ་རྟེན་འགྲེལ། རྣམ་རྟོག་གམ་ཕྲག་དོག་ལ་དབུགས་བགྲང་བ། ང་རྒྱལ་ལ་ཁམས་ཀྱི་རབ་དབྱེ་རྣམས་བསྒོམས་པས་ཞི་གནས་ཀྱི་སེམས་ལས་སུ་རུང་བར་བྱས་རྗེས། ལྷག་མཐོང་ནི། །བདེན་བཞི་རེ་རེ་ལའང་བཞི་བཞིར་ཕྱེ་བའི་བདེན་ཆུང་བཅུ་དྲུག་བསྒོམས་པ་སྟེ། དེ་ལ་སྡུག་བདེན་གྱི་བཞི་ནི། རགས་པ་རྒྱུན་དང་ཕྲ་བ་སྐད་ཅིག་གིས་སྐྱེ་འཇིག་བྱེ་བས་མི་རྟག་པ་དང་། སྡུག་བསྔལ་གསུམ་གྱི་རང་བཞིན་ཅན་ཡིན་པས་སྡུག་བསྔལ་བ་དང་། ལྔ་ཕུང་ལ་བདག་གིར་བྱེད་པོ་གཞན་མེད་པས་སྟོང་པ་དང་། ལྔ་ཕུང་ལ་བདག་གི་མཚན་ཉིད་མེད་པས། བདག་མེད་པ་དང་བཞི་སྟེ། རྫོགས་པ་ཆེན་པོ་ལམ་གྱི་ཀློང་ལས། རྐྱེན་གྱིས་སྐྱེ་ཞེང་རང་དབང་མེད་མི་རྟག །གསུམ་མམ་བརྒྱད་ཀྱིས་གནོད་པས་སྡུག་བསྔལ་ལོ། །བདག་གི་ལྟ་བའི་མི་མཐུན་ཕྱོགས་སྟོང་པ། །ལྔ་ཕུང་བདག་ཏུ་བལྟར་མེད་སྟོང་པ་ཉིད། །ཅེས་གསུངས། འདི་བཞི་བསྒོམས་པས། རྟག་པ་དང་། བདེ་བ་དང་། བདག་གིར་དང་། བདག་ཏུ་ལྟ་བ་རྣམས་ཀྱི་གཉེན་པོ་བྱེད་དོ། །ཀུན་འབྱུང་གི་བཞི་ནི་སྡུག་བསྔལ་ཐམས་ཅད་བསྐྱེད་པའི་ས་བོན་ལྟ་བུར་གྱུར་པས་རྒྱུ་དང་། སྲིད་པའི་སྡུག་བསྔལ་ཀུན་འབྱུང་བས་ཀུན་འབྱུང་དང་། བག་ཆགས་ཀྱི་དབང་གིས་མཚམས་སྦྱོར་བས་རྐྱེན་དང་། རྒྱུ་རྐྱེན་འབྲེལ་བའི་དབང་གིས་སྡུག་བསྔལ་འཕྲལ་དུ་བསྐྱེད་པས་རབ་བསྐྱེ་བཞི་སྟེ། སྔ་མ་ལས། དེ་རྒྱུ་ལས་ཉོན་ཕུང་པོའི་ས་བོན་ལྷ། །དེ་ལ་རྒྱུད་དྲུག་ཁམས་གསུམ་འབྱུང་བའོ། །བག་ཆགས་བརྟས་ཕྱིར་རྣམས་པར་སྨིན་བྱེད་རྐྱེན། །རྒྱུ་རྐྱེན་འབྲེལ་ནས་ཁམས་གསུམ་རབ་ཏུ་སྐྱེ། །ཞེས་གསུངས། འདི་བཞིས། རྒྱུ་མེད་པ་དང་། རྒྱུ་གཅིག་པུ་དང་། རྒྱུ་འགྱུར་བ་དང་། བློས་གཡོ་བ་སྔོན་དུ་བཏང་བའི་ལོག་ལྟའི་གཉེན་པོ་བྱེད་དོ། །འགོག་བདེན་གྱི་བཞི་ནི། རྒྱུ་ས་བོན་སྤངས་པས་འབྲས་བུ་སྲིད་པ་གཏན་དུ་མི་འབྱུང་བས་འགོག་པ། སྡུག་བསྔལ་མེད་པས་ཞི་བ། ཟག་མེད་ཀྱི་བདེ་བ་དང་ལྡན་པས་གྱ་ནམ་པ། གཏན་དུ་སྲིད་པ་ལས་ཐར་བས་ངེས་པར་འབྱུང་བ་བཞི་སྟེ། དེ་ཉིད་ལས། རྒྱུ་རྐྱེན་འབྲལ་བས་ཕུང་ཁམས་འཇིག་ཕྱིར་འགོག །སྡུག་བསྔལ་མེད་པས་གསུམ་མི་འབྱུང་ཞི་བ། །ཕྱིས་ཀྱང་ཁམས་གསུམ་སྡུག་བསྔལ་བྲལ་གྱ་ནོམ། །བདེ་བར་ཕྱིན་ཏེ་སྐྱོན་ལས་ངེས་པར་འབྱུང་། །ཞེས་གསུངས། འདི་བཞིས་ནི། ཐར་པ་མེད་དོ། །སྡུག་བསྔལ་ལ་ཐར་པ་ཡིན་ནོ། །བསམ་གཏན་གྱི་བདེ་བ་ནི་གྱ་ནོམ་པའོ། །ཐར་པ་ནི་གཏན་དུ་བ་མ་ཡིན་ནོ་སྙམ་པའི་ལོག་ལྟ་ལས་ངེས་པར་འབྱུང་བར་བྱེད་དོ། །ལམ་གྱི་བཞི་ནི། འཕགས་པའི་སར་བགྲོད་པར་བྱེད་པས་ལམ་དང་། ཐག་བཅས་ལས་ཉོན་གྱི་གཉེན་པོ་བྱེད་པས་རིགས་པ་དང་། ཡང་དག་པའི་གནས་ལ་སེམས་ཕྱིན་ཅི་མ་ལོག་པར་སྒྲུབ་པས་སྒྲུབ་པ་དང་། སྲིད་པ་ལས་གཏན་དུ་ངེས་པར་འབྱིན་པས་ངེས་འབྱིན་བཞི་སྟེ། སྔ་མ་ལས། འཕགས་པའི་སར་བཞུགས་མྱ་ངན་འདས་གྲོལ་ལམ། །འཁྲུལ་པའི་གཉེན་པོར་ཚད་མར་གྱུར་ཕྱིར་རིགས། །ཕྱིན་ཅི་ལོག་སྤང་ཡང་དག་ཐོབ་ཕྱིར་བསྒྲུ། །འཁོར་བར་མི་སྐྱེ་འདུས་པར་ངེས་པར་འབྱིན། །ཅེས་གསུངས། འདི་བཞིས་ལམ་མེད་དོ། །ལམ་འདི་ངན་ནོ། །གཞན་ཡང་ལམ་འདི་ཡིན་ནོ། །ལམ་འདི་ཡང་ལྡོག་གོ་སྙམ་པའི་ལོག་རྟོག་གི་གཉེན་པོ་བྱེད་པ་ཡིན་ནོ། །དེ་ལྟར་བདེན་ཆུང་བཅུ་དྲུག་པོ་དང་། ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་བཞི་སོགས་རང་ལམ་གྱི་བྱང་ཕྱོགས་སོ་བདུན་པོ་བསྒོམ་པར་བྱེད་དོ། །དེའི་སྒོམ་ཚུལ་ཡང་དམིགས་པ་དང་། ཡིད་བྱེད་དང་། འཐོབ་པ་གསུམ་གྱི་སྒོ་ནས་ཐེག་ཆེན་ལས་དམན་ཏེ། དེའང་དྲན་པ་ཉེར་བཞག་ལ་མཚོན་ན། དམིགས་པ་གཙོ་བོར་རང་རྒྱུད་ཀྱིས་བསྡུས་པའི་ལུས་ཚོར་སེམས་ཆོས་ཙམ་ལ་དམིགས་པ་དང་། ཡིད་བྱེད་ཀྱང་མི་རྟག་སྡུག་བསྔལ་བདག་མེད་སོགས་བདེན་རྣམ་བཅུ་དྲུག་པོ་འབའ་ཞིག་སྟེ། གཙོ་བོས་གང་ཟག་གི་བདག་མེད་རྟོག་པའི་སྒོ་ཙམ་དང་། འཐོབ་པའང་རང་གི་ལུས་སོགས་ཟག་བཅས་དམན་པ་དེ་དང་བྲལ་བའི་ཐར་པ་ཐོབ་པར་འདོད་པ་ཡིན་ལ། དེ་བཞིན་དུ་འབྲས་བུ་དེ་རྩམ་འཐོབ་པ་སྟེ་ཉི་ཚེ་བས་བསྡུས་པ་སྟེ། མདོར་ན་སྲིད་ཞི་མཉམ་ཉིད་རྟོགས་པའི་ཤེར་ཕྱིན་ནི་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་སངས་རྒྱས་ཀྱི་རྒྱུ་མཐུན་མིན་ཡིན་ན། དེ་ཉན་རང་ལ་མེད་པའི་ཕྱིར་གནས་སྐབས་ཀྱི་ལམ་སྒོམ་པ་དང་མཐར་འབྲས་གཉིས་ཀ་ཐེག་ཆེན་ལས་གཞན་དུ་གྱུར་པ་ཡིན་ཏེ། ཞིབ་པར་བདེན་རྣམ་བཅུ་དྲུག་དང་བྱང་ཕྱོགས་ཀྱི་སྒོམ་རིམ་ནི་མཛོད་རྩ་འགྲེལ་དང་ཀུན་མཁྱེན་བླ་མའི་གྲུབ་མཐའ་མཛོད་སོགས་ལས་ཤེས་པར་བྱའོ། །དེ་ལྟར་བསྒོམས་པའི་གཞི་དེ་ལས་ཁམས་གསུམ་གྱི་ཉོན་མོངས་པ་མཐོང་བས་སྤང་བ་སོགས། སྤོང་ཚུལ་ཡེ་ཤེས་བཅུ་དྲུག་གིས་རིམ་པར་སྤོང་སྟེ། དེ་ལ་མཐོང་སྤང་ནི། མཛོད་ལས་བརྒྱད་ཅུ་རྩ་བརྒྱད་དུ་གསུངས་ཀྱང་འདིར་ཀུ་བཏུས་ལྟར་ན། ཆགས་༡ཁྲོ་༢ང་རྒྱལ་༣རྨོངས་༤ཐེ་ཚོམ།༥ །འཇིག་༦མཐར་༧ལོག་༨ལྟ་ལྟ་མཆོག་༩འཛིན། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་པ། །ལྟ་མིན་ལྔ་དང་ལྟ་བ་ལྔ། །མཐོང་སྤང་རྩ་བ་བཅུ་ཡིན་ནོ། །དེ་དག་བདེན་པ་བཞི་པོ་ལ། །འཇིག་མཐར་ལོག་རྨོངས་ཐེ་ཚོམ་དངོས། །ཁོང་ཁྲོ་དབང་གིས་ལོག་པར་འཇུག །ལྷག་མ་རྣམས་ནི་བརྒྱུད་ནས་འཇུག །འདོད་པའི་ཁམས་ན་བཅུ་ཀ་སྟེ། །གཟུགས་དང་གཟུགས་མེད་ཁོང་ཁྲོ་མིན། །དེ་ལྟར་བརྒྱ་དང་བཅུ་ག ཉིས་སོ། །ཞེས་པས་མཐོང་སྤང་རྩ་བ་བཅུ་པོ་བདེན་པ་བཞི་ལ་ལོག་པར་ཞུགས་ཚུལ་གྱི་སྒོ་ནས་བརྒྱ་བཅུ་གཉིས་ཏེ། འདོད་ཁམས་ན་བདེན་པ་བཞི་པོ་རེ་རེ་ལ་ལོག་པ་བཅུ་རེ་འཇུག་པས་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་གཞན་དགུ་པོ་ཞུགས་པས་སུམ་ཅུ་རྩ་དྲུག་པ་ཚན་གཉིས་ཏེ་བདུན་ཅུ་རྩ་གཉིས་བཅས། ཐམས་ཅད་བསྡོམས་པས་ཁམས་གསུམ་ན་མཐོང་བས་སྤང་བར་བྱ་བ་ཀུན་བརྟགས་ཀྱི་ཆ་བརྒྱ་དང་བཅུ་གཉིས་སོ། །སྒོམ་སྤང་ཡང་མཛོད་ལས། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་བཞི་ལ་ཁམས་གསུམ་གྱི་དབྱེ་བས་བཅུར་བཞེད་པ་སོགས་ཡོད་ཀྱང་། འདིར་ཀུན་བཏུས་ལྟར་ན། འདོད་ཆགས་༡ཁོང་ཁྲོ་༢ང་རྒྱལ་རྨོངས།༤ །འཇིག་༥ལྟ་མཐར་༦ལྟ་སྒོམ་སྤང་དྲུག །འདོད་པར་དྲུག་ཡོད་གཟུགས་གཟུགས་མེད། །ཁོང་ཁྲོ་མ་གཏོགས་ལྔ་རེ་ཡོད། །དེ་ལ་ས་དང་ཆེ་འབྲིང་གིས། །ཕྱེ་བས་བཞི་བརྒྱ་བཅུ་བཞིའོ། །ཞེས་པས་སྒོམ་སྤང་རྩ་བ་དྲུག་པོ་དེ་ལ་ཁམས་དང་། ས་དང་རྣམ་པའི་སྒོ་ནས་རྒྱས་པར་དབྱེ་ན། འདོད་པར་སྒོམ་སྤང་ཆུང་འབྲིང་ཆེན་པོ་གསུམ་ལ་ནང་གསེས་གསུམ་དུ་དབྱེ་བའི་སྐོར་དགུ་རེ་རེ་ལ་སྒོམ་སྤང་རྩ་བ་དྲུག་རེ་ཡོད་པས་ལྔ་བཅུ་ང་བཞི། དེ་བཞིན་དུ་བསམ་༤གཟུགས་༤ཀྱིས་བརྒྱད་པོ་རེ་རེར་ཡང་སྐོར་དགུར་ཕྱེས་ནས། དེ་རྣམས་སུ་ཁོང་ཁྲོ་མ་གཏོགས་ལྔ་རེ་བརྩིས་པས་སུམ་བརྒྱ་དྲུག་ཅུ། དེ་གཉིས་ཀ་བསྡོམ་པས་ཁམས་གསུམ་ན་སྒོམ་པས་སྤང་བར་བྱ་བ་ལྷན་སྐྱེས་ཀྱི་ཆ་བཞི་བརྒྱ་དང་བཅུ་བཞིའོ། །དེ་དག་སྤོང་ཚུལ་ནི་མཐོང་སྤང་ཀུན་བརྟགས་ཡིན་པས་བདེན་བཞིའི་རང་བཞིན་མཐོང་བ་ཙམ་གྱིས་སྤངས་ལ། སྒོམ་སྤང་རྣམས་ལྷན་སྐྱེས་ཡིན་པས་བདེན་པ་མཐོང་ཙམ་གྱིས་སྤང་མི་ནུས་པས་མཐོང་ཟིན་སྒོམ་པར་བྱེད་པའི་སྒོ་ནས་རིམ་གྱིས་སྤོང་དགོས། སྤོང་ཚུལ་དངོས་ལ་ཐེག་པ་གོང་འོག་གི་བཞེད་པ་མི་འདྲ་བ་འགའ་ཞིག་ཡོད་པ་ལས་ཐེག་དམན་ལྟར་ན་མཐོང་སྤང་སྐབས་ངོ་བོའི་སྒོ་ནས་སྐད་ཅིག་མ་བཅུ་དྲུག་ཡོད་པ་ལས། བཅུ་དྲུག་པ་ལམ་རྗེས་ཤེས་སྒོམ་ལམ་དང་། གཞན་བཅོ་ལྔ་པོ་མཐོང་བའི་ལམ་སྟེ། དཔེར་ན་སྡུག་བདེན་མཐོང་བའི་ལམ་སྐད་ཅིག་བཞིའི་དང་པོ་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་སུ་འདོད་ཁམས་ཀྱི་སྡུག་བསྔལ་མཐོང་སྤང་བཅུ་སྤོང་། ཆོས་ཤེས་ཀྱི་སྐབས་སུ་གཉེན་པོའི་ཡེ་ཤེས་སྐྱེ། རྗེས་བཟོད་ཀྱི་སྐབས་སུ་གཟུགས་དང་གཟུགས་མེད་ཀྱི་སྡུག་བསྔལ་མཐོང་སྤང་བཅོ་བརྒྱད་སྤོང་། རྗེས་ཤེས་ཀྱི་སྐབས་སུ་གཉེན་པོའི་ཡེ་ཤེས་སྐྱེ། དེ་ལྟར་བདེན་པ་གཞན་གསུམ་ལའང་སྦྱར་ཏེ་ཉི་ཤུ་རྩ་བརྒྱད་པ་ཚན་བཞི་སྤངས་པས་མཐོང་སྤོང་བརྒྱ་དང་བཅུ་གཉིས་པོ་སྤངས་ཏེ་སྐད་ཅིག་བཅུ་དྲུག་པོ་འདི་ལ་ཐེག་དམན་པ་རང་ལའང་ཉན་ཐོས་སྡེབ་རྣམས་བཞེད་པ་མི་འདྲ་བ་དུ་མ་ཡོད་པར་གསུངས། སྒོམ་སྤང་ནི། ཐེག་ཆེན་པ་རྣམས་ཀྱིས་འདས་ལམ་ཁོ་ན་ལས། འཇིག་རྟེན་པའི་ལམ་གྱིས་སྤང་བྱ་རྣམས་གནས་སྐབས་མགོ་གནོན་ཙམ་ལས་རྩ་བ་དྲུང་ནས་འབྱིན་མི་ནུས་པར་བཞེད་པ་དོན་ལ་དེ་ལྟར་གནས་ཀྱང་ཐེག་དམན་པ་རྣམས་ཀྱིས་ནི་མཐོང་སྤང་འདས་ལམ་ཁོ་ནས་སྤོང་དགོས་ཀྱང་། སྒོམ་སྤང་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་སྤོང་ནུས་པས་མཐོང་སྤང་གི་སྔོན་དུ་ཡང་འདོད་པའི་སྒོམ་སྤོང་སྤོང་བ་སྲིད་པས་དེ་འདྲ་དེ་ལ་ལམ་ཐོད་རྒལ་བ་ཞེས་ཟེར་ཞིང་ཕྱིར་འོང་ཞུགས་པ་དང་ཕྱིར་མི་འོང་ཞུགས་པ་གཉིས་ཀ་ཡོད་པར་བཞེད། སྤང་ཚུལ་གཉེན་པོའི་ཡེ་ཤེས་ཆུང་རིམ་ནས་སྐྱེས་པས་སྤང་བྱ་ཆེ་རིམ་ནས་རིམ་གྱིས་སྤོང་བར་འདོད་དེ་འོག་ཏུ་འཆད་དོ། །སྤྱོད་པ་ནི། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ཏེ། རང་དོན་གཙོ་བོར་སྤྱོད་པ་སྟེ། ཀླུ་སྒྲུབ་ཀྱིས་མཛད་པའི་གཡུ་ཐང་ལས། སྤྱོད་པ་རང་དོན་འབའ་ཞིག་སྤྱོད། །ཅེས་གསུངས། སྦྱངས་ཡོན་བཅུ་གཉིས་ནི། ཐེག་དགུ་ལས། བསོད་སྙོམས་སྟན་གཅིག་ཕྱིས་མི་ལེན། །ཕྱག་དར་ཁྲོད་འཕྱིང་ཆོས་གོས་གསུམ། །དགོན་པར་བླ་གམ་མེད་པ་དང་། །ཤིང་དྲུང་དུར་ཁྲོད་ཅིག་པུ་བ། །གཞི་ཇི་བཞིན་ཏེ་སྦྱངས་ཡོན་སྤྱོད། །ཅེས་གསུངས་པ་བཞིན་ནོ། །འབྲས་བུ་ནི། དེ་ལྟར་བསྒོམས་པས། འབྲས་བུ་ཐོབ་པའི་ལམ་གྱི་རྒྱུན་ལ་ཞུགས་པ་རྒྱུན་ཞུགས་དང་། འདོད་པར་སྐྱེ་བ་ལན་གཅིག་ལེན་པ་ལན་གཅིག་ཕྱིར་འོང་བ་དང་། ད་ཕྱིན་འདོད་པའི་ཁམས་འདིར་སྐྱེ་བ་མི་ལེན་པ་ཕྱིར་མི་འོང་བ་སྟེ། གནས་སྐབས་ཀྱི་འབྲས་བུ་དང་། མཐར་ཐུག་ཟད་པ་ཤེས་པ་དེར་མི་སྐྱེ་བ་ཤེས་པའི་ཡེ་ཤེས་གཉིས་དང་ལྡན་པའི་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པ་ཐོབ་ཅིང་། འབྲས་བུ་བཞི་པོ་དེ་རེ་རེ་ལ་ཞུགས་གནས་གཉིས་གཉིས་སུ་ཕྱེ་བས་བརྒྱད་དེ་དེ་དག་གི་ས་མཚམས་ནི་མངོན་པ་འོག་མ་ལྟར་ན་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ་དང་། གོང་མ་ལྟར་ན། སྦྱོར་ལམ་པ་དང་། མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ་གཉིས་ཀ་རྒྱུན་དུ་ཞུགས་པ་ཞུགས་པ། སྐད་ཅིག་མ་བཅུ་དྲུག་པ་ལམ་རྗེས་སུ་ཤེས་པ་ཐོབ་ནས་རྒྱུན་དུ་ཞུགས་པ་འབྲས་གནས་དེས་འདོད་པའི་སྒོམ་སྤང་གཅིག་ནས་ལྔའི་བར་སྤངས་བ་ཕྱིར་འོང་ཞུགས་པ། འདོད་པའི་སྒོམ་སྤང་དྲུག་པ་སྤངས་ན་ཕྱིར་འོང་འབྲས་གནས། འདོད་པའི་སྒོམ་སྤང་བདུན་པ་དང་བརྒྱད་པ་གང་རུང་སྤངས་དགུ་པ་མ་སྤང་ན་ཕྱིར་མི་འོང་ཞུགས་པ། འདོད་པའི་སྒོམ་སྤང་ཐམས་ཅད་རྫོགས་པར་སྤངས་པ་ཕྱིར་མི་འོང་འབྲས་གནས་སོ། །དེས་ཁམས་གོང་མའི་སྒོམ་སྤང་སྤོང་བ་ལ་ཞུགས་པ་ནས་བཟུང་། སྲིད་རྩེའི་སྒོམ་སྤང་བརྒྱད་པ་སྤངས་བའི་བར་འདི་དགྲ་བཅོམ་པ་ལ་ཞུགས་པ། ཁམས་གསུམ་ཀའི་སྒྲིབ་པ་ལྷག་ལུས་མེད་པར་སྤངས་བ་ནི་དགྲ་བཅོམ་པ་གནས་སོ། །དགྲ་བཅོམ་པ་དེ་ལའང་། ཤེས་རབ་ཀྱི་ཆ་ལས་ཉོན་མོངས་པའི་སྒྲིབ་པ་ཙམ་ལས་རྣམ་པར་གྲོལ་ཡང་རྣམ་ཐར་བརྒྱད་ལ་སྙོམས་པར་འཇུག་མི་ནུས་པས་མངོན་ཤེས་དང་རྫུ་འཕྲུལ་དང་མི་ལྡན་པ་དགྲ་བཅོམ་རྒྱན་མེད་དང་། སྙོམས་འཇུག་གི་སྒྲིབ་པ་ལས་ཀྱང་གྲོལ་བས་བསམ་གཟུགས་སོགས་སྙོམས་འཇུག་དགུ་ཀ་ལ་སྙོམས་པར་འཇུག་ནུས་ཤིང་མངོན་ཤེས་རྫུ་འཕྲུལ་སོགས་དང་ལྡན་པ་རྒྱན་ཅན་ཏེ་གཉིས་དང་། ཡང་ཉོན་མོངས་པ་ཐམས་ཅད་སྤངས་ཀྱང་སྔར་གྱི་རྣམ་སྨིན་ཉེར་ལེན་གྱི་ཕུང་པོ་རྣམས་མ་དོར་བས་སྡུག་བདེན་གྱི་ལྷག་མ་ཅུང་ཟད་ལུས་པ་ལྷག་བཅས་དང་། བུད་ཤིང་ཟད་པའི་མེ་བཞིན་དུ་མྱ་ངན་ལས་འདས་དུས་ལུས་མེད་ལ། སེམས་འགག་པའི་ཡེ་ཤེས་འགོག་པའི་དབྱིངས་སུ་ཞུགས་པ་ལྷག་མེད་ཀྱི་དབྱེ་བ་གཉིས་ཀྱང་ཡོད་དོ། །དེ་ལྟར་དབྱེ་གཞི་ལ་ལྟོས་ནས་སྐྱེས་བུ་ཟུང་བཞི་དང་། དབྱེ་ཆོས་ལ་ལྟོས་ནས་གང་ཟག་ཡ་བརྒྱད་ཅེས་བྱའོ། །དེ་དག་དམན་ལམ་ས་བརྒྱད་དང་སྦྱར་ན། སྦྱོར་ལམ་དུ་ཉན་ཐོས་ཀྱི་རིགས་ངེས་པ་ཐོབ་པ་ནི་རིགས་ཀྱི་ས། རྒྱུན་ཞུགས་ཞུགས་པ་ནི་བརྒྱད་པའི་ས་སྟེ་དགྲ་བཅོམ་འབྲས་གནས་ནས་མར་ལུག་ལྡོག་ཏུ་བགྲངས་པས་བརྒྱད་པ་ཡིན་པས་སོ། །རྒྱུན་ཞུགས་འབྲས་གནས་ནི་མཐོང་བའི་ས་སྟེ་བདེན་བཞིའི་དོན་དང་པོར་མཐོང་བས་སོ། །ཕྱིར་འང་འབྲས་གནས་ནི་སྲབ་པའི་ས་སྟེ་འདོད་ཉོན་ཆུང་ངུ་གསུམ་མ་གཏོགས་སྤངས་པས་འདོད་པའི་འདོད་ཆགས་སྲབ་པས་སོ། །ཕྱིར་མི་འོང་འབྲས་གནས་ནི་འདོད་ཆགས་དང་བྲལ་བའི་ས་སྟེ་འདོད་ཉོན་དགུ་པ་སྤངས་པས་འདོད་པའི་འདོད་ཆགས་དང་བྲལ་བས་སོ། །དགྲ་བཅོམ་པ་ནི་བྱས་པ་རྟོགས་པའི་ས་སྟེ་རང་དོན་གྱི་བྱ་བ་ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་བརྙེས་པས་སོ། །ཟད་དང་མི་སྐྱེ་ཤེས་པ་ནི། ཁམས་གསུམ་གྱི་ཉོན་མོངས་པ་སྔར་ཡོད་རྣམས་ཟད་པ་དང་། ཕྱིན་ཆད་མི་སྐྱེ་བར་ཤེས་པའོ། །ཕྱིར་འོང་ཞུགས་པ། ཕྱིར་མི་འོང་ཞུགས་པ། དགྲ་བཅོམ་པ་ཞུགས་པ་གསུམ་ནི་ཉན་ཐོས་ཀྱི་ས་ཞེས་དང་། དེ་ཡི་སྟེང་དུ་རང་རྒྱལ་གྱི་ཞུགས་གནས་བཀའ་བརྒྱད་ཀ་གཅིག་ཏུ་བརྩིས་ཏེ་རང་སངས་རྒྱས་ཀྱི་ས་ཞེས་བྱ་སྟེ་དེ་ལྟར་བརྒྱད་དོ། །དེ་དག་ཀྱང་སྒྱུ་འཕྲུལ་རྒྱས་པ་ལས། བདེན་བཞིའི་དོན་རྟོགས་རབ་ཏུ་སྤོང་བ་ཡིས། །ཡེ་ཤེས་བཅུ་དྲུག་ཆ་སྦྱང་རབ་ཞི་བ། །རྒྱུན་ཞུགས་ལ་སོགས་རིམ་པས་སྦྱངས་ནས་ནི། །ཉོན་མོངས་དགྲ་རྣམས་ཞི་བའི་ས་རུ་འགྲོ། །ཞེས་གསུངས་སོ། ༈ །གཉིས་པ་གང་ཟག་ཐ་མའི་འབྲིང་གི་དོན་དུ་དགོངས་ནས་བསྟན་པ་རང་རྒྱལ་གྱི་ཐེག་པ་ནི། སྙིང་པོའི་རྒྱུད་ལས། རང་བྱང་ཆུབ་ཀྱི་ཐེག་པ་དང་ཞེས་གསུངས་ཏེ། འདི་ལ་གསུམ། ངོ་བོ། ངེས་ཚིག་དབྱེ་བའོ། །དང་པོ་ངོ་བོ་ནི། སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མའི་ཚེ་བྱང་ཆུབ་མངོན་དུ་བྱེད་པའི་ཐབས་བདག་མེད་ཕྱེད་དང་གཉིས་རྟོགས་ཀྱི་སྒོ་ནས་རྟེན་འབྲེལ་གྱི་ལམ་བསྒོམ་པའོ། །གཉིས་པ་ངེས་ཚིག་ནི། པྲ་ཏྱེ་ཀ་བུདྡྷའི་སྒྲ་ལས། རང་གི་བྱང་ཆུབ་རང་གི་རྟོགས་པར་བྱེད་པའི་ཕྱིར་རམ། སོ་སོའམ་རང་གཅིག་པུ་བྱང་ཆུབ་སྒྲུབ་པས་རང་རྒྱལ་ལོ། །གསུམ་པ་དབྱེ་བ་ལ་སྔར་ལྟར་དྲུག་ལས། འཇུག་སྒོ་ནི། རང་ཤར་ལས། འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་སོ། །ཞེས་པས། རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཇུག །དེའང་རྟེན་འབྲེལ་ནི། ཧེ་རུ་ཀ་གལ་པོ་ལས། རང་རྒྱལ་ཆོས་ལ་བློ་སྦྱོང་ཕྱིར། །ཕྱི་དང་ནང་གི་རྟེན་འབྲེལ་ཆོས། །ཞེས་པས་ཕྱི་ནང་གི་རྟེན་འབྲེལ་བཅུ་གཉིས་ཏེ། དེ་ལ་ཕྱི་ཡི་རྟེན་འབྲེལ་ནི། ས་བོན་ལས་མྱུ་གུ། དེ་ལས་རིམ་པར་སྡོང་བུ། ཡལ་ག །ལོ་མ། མེ་ཏོག །འབྲས་བུའི་བར་རྒྱུ་དང་འབྲེལ་བ་དྲུག་དང་། སས་རྟེན་བྱས། ཆུས་བསྡུད། མེས་སྨིན། རླུང་གིས་བསྐྱེད། ནམ་མཁས་གོ་ཕྱེ། དུས་ཀྱི་མི་རྟག་པར་བསྒྱུར་ནས་འབྲས་བུ་རྣམས་སྐྱེད་པར་བྱེད་པས་རྐྱེན་དང་འབྲེལ་བ་དྲུག་སྟེ། དེ་ལྟར་བཅུ་གཉིས་སོ། །ནང་གི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། མ་རིག་པ་ལས་རྒ་ཤིའི་བར་ཏེ། སོ་སོའི་ངོ་བོ། མ་རིག་པ་ནི་སྤྱིར་མི་ཤེས་པ་ཙམ་ཡིན་ཡང་། སྐབས་འདིར་སྐྱེ་བ་འདི་འགྲུབ་པའི་ཚེ་སྔ་མའི་ཉོན་མོངས་པ་རྣམས་ཚེ་འདི་ལ་ལྟོས་ནས་མ་རིག་པར་བཞག་གོ། །འདུ་བྱེད་ཀྱི་སྤྱིར་རྒྱུས་འབྲས་བུ་བསྐྱེད་པ་ཙམ་ཡིན་ཡང་། འདིར་ཚེ་འདི་གྲུབ་པའི་སྔོན་རོལ་གྱི་ལས་སོ། །རྣམ་ཤེས་ནི་སྤྱིར་ཡུལ་གྱི་དོན་ཙམ་རིག་པ་ཡིན་ཡང་། འདིར་མའི་མངལ་དུ་དང་པོར་འཇུག་པའི་ཕུང་པོ་ལྔའོ། །དེ་བཞིན་དུ་མིང་གཟུགས་ནི་སྤྱི་མིང་བཞིའི་ཕུང་པོ་དང་གཟུགས། འདིར་མངལ་དུ་ཞུགས་ནས་ཁ་མིག་མ་དོད་ཚུན་ཆད་ཀྱི་ཕུང་པོ་ལྔ། སྐྱེ་མཆེད་དྲུག་ནི་སྤྱིར་མིག་ལ་སོགས་པ་ཙམ། འདིར་ཁ་མིག་དོང་ནས་བཟུང་སྟེ་དྲི་རོ་རེག་བྱ་འཛིན་མི་ནུས་པ་ཚུན་ཆད། རེག་པ་ནི་སྤྱིར་ཡུལ་དབང་ཤེས་པ་གསུམ་འདུས་པ་ཙམ། འདིར་བདེ་སྡུག་གི་རྒྱུ་ཡུལ་འཛིན་ཅིང་བདེ་སྡུག་དངོས་མ་བསྐྱེས་པ་ཚུན་ཆད་དེ། འདི་དུས་ཐུང་ངོ་། །ཚོར་བ་ནི་སྤྱིར་ཉམས་སུ་མྱོང་བ་ཙམ། འདིར་མངལ་དུ་བདེ་སྡུག་རགས་པ་མྱོང་བ་ནས་བཟུང་སྟེ་འཁྲིག་པ་སྤྱོད་མི་ནུས་པའི་བར་ཚུན་གྱི་བདེ་སྡུག །སྲེད་པ་ནི་སྤྱིར་ཆགས་པ་ཙམ། འདིར་འཁྲིགས་པ་སྤྱོད་ནུས་པ་ནས་བཟུང་སྟེ་ནོར་རྫས་སམ་བུད་མེད་དམ་སྐྱེས་པ་བཙལ་བའི་འདུན་པ་མེད་པ་ཚུན་ཆད་དེ་དུས་ཐུང་ངོ་། །ལེན་པ་ནི་སྤྱིར་འདུན་པ་དང་འདོད་ཆགས་ཙམ། འདིར་སྲེད་ཡུལ་ཚོལ་ཅིང་མ་བརྙེད་པའི་བར། སྲིད་པ་ནི་སྤྱིར་ལས་ཐམས་ཅད། འདིར་ཡུལ་དེ་རྙེད་ནས་སྤྱད་པས་ཚེ་ཕྱི་མ་འགྲུབ་པའི་ལས་བསོག་པ་སྟེ་འཆི་ཀ་མ་ཚུན་ཆད་དོ། །སྐྱེ་བ་ནི་སྤྱིར་རྒྱུ་ལས་སྐྱེ་བ་ཐམས་ཅད། འདིར་ལས་དེའི་ནུས་པས་ཚེ་ཕྱི་མར་མངལ་དུ་ཞུགས་མ་ཐག་པ། རྒ་ཤི་སྤྱིར་འགག་པར་ཕྱོགས་པ་དང་འགག་པ་ཐམས་ཅད་ཡིན་ཡང་འདིར་མངལ་དེར་ཞུགས་ནས་ཕྱི་མའི་མིང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་སྟེ་བཞི་པོ་རྫོགས་པའི་བར་ཐམས་ཅད་དོ། །དེའི་སྲིད་པ་ནས་རྟེན་འབྲེལ་གཞན་གྱི་མགོ་འཛུགས་པ་ཡིན་ནོ། །དེ་ལྟར་ཡང་མཛོད་ལས། མ་རིག་ལ་སོགས་སྔོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱིའོ། །རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲོགས་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པའི་ཆགས་ཅན་གྱིའོ། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་རྒྱུག་པའོ། །དེ་སྲིད་འབྲས་བུ་འབྱུང་འགྱུར་བའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤིའོ། །སྔོན་དང་ཕྱི་མ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་སོ། །བཅུ་གཉིས་པོ་དེ་དག་ལས་དང་ཉོན་མོངས་པ་དང་སྡུག་བསྔལ་གསུམ་དུ་འདུས་ཏེ། མ་རིག་པ། སྲེད་པ། ལེན་པ་གསུམ་ནི་ཉོན་མོངས་པའོ། །འདུ་བྱེད་དང་སྲིད་པ་གཉིས་ནི་ལས་སོ། །རྣམ་ཤེས་ལ་སོགས་ལྷག་མ་བདུན་ནི་སྡུག་བསྔལ་ཏེ། ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །ཞེས་གསུངས། དེ་རྣམས་སྐྱེ་བ་འགྲུབ་པའི་རྒྱུ་འབྲས་ཀྱི་དབང་དུ་བཞག་ན། གོང་བཤད་ལས་ཉོན་ལྔ་དང་རྒྱུ་དུས་ཀྱི་རྣམ་ཤེས་ནི་རྒྱུ་ཡིན་ལ། མིང་གཟུགས་སོགས་སྡུག་བསྔལ་དྲུག་འབྲས་དུས་ཀྱི་རྣམ་ཤེས་དང་བདུན་ནི་འབྲས་བུའོ། །ཡང་ན་རྣམ་ཤེས་རྒྱུར་བགྲངས་ན་རྒྱུ་དྲུག་འབྲས་དྲུག་ཅེས་ཀྱང་ཟེར་རོ། །ཚེ་དུ་ལ་རྫོགས་ན། མི་ཚེ་གསུམ་ལ་རྫོགས་ཏེ་མཛོད་ལས། སྲིད་པའི་འཁོར་ལོ་ཐོག་མ་མེད། །དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཀྱང་རྫོགས་ལྡན་ལ། །ཞེས་པས། སྔོན་གྱི་མཐའ་མ་རིག་འདུ་བྱེད་གཉིས། །ཕྱི་མའི་མཐར་སྐྱེ་བ་རྒ་ཤི་གཉིས། །བར་དུ་རྣམ་ཤེས་ལ་སོགས་པའི་ལྷག་མ་བརྒྱད་དོ། །དེ་ལྟར་ཕྱི་ནང་གི་རྟེན་འབྲེལ་དེ་རྣམས་ཇི་ལྟར་འཁོར་ན། ཕྱི་ཡི་རྟེན་འབྲེལ་རྣམས་ནི་མང་ཉུང་གི་ཚུལ་དང་། ནང་གི་རྟེན་འབྲེལ་ལུས་མེད་རྣམས་ལ་བག་ཆགས། ལུས་ཅན་རྣམས་ལ་དངོས་སུ་འཁོར་རོ། །དེའི་སྒོ་ནས་ཇི་ལྟར་འཇུག་ན། སྤྱིར་རང་རྒྱལ་གྱི་རིགས་ང་རྒྱལ་དང་སྐྱོ་ཤས་ཆེ་ཞིང་གཞན་དོན་སྙིང་རྗེ་ཆུང་བ་སྟེ་དེ་ལས་དབང་པོ་རྣོན་པོ་རང་གཅིག་པུར་གནས་པ་ལ་དགའ་བ་བསེ་རུ་ལྟ་བུ་ནི་ཚོགས་ལམ་གྱི་ཚོགས་བསྐལ་བ་བརྒྱ་དང་། མང་པོའི་ཚོགས་ལ་དགའ་བ་དབང་འབྲིང་ཚོགས་སྤྱོད་ཆེ་བ་བཟོད་འབྲིང་མན་ཆད་ཀྱིས་བསྡུས་པའི་ཚོགས་མི་ཚེ་བརྒྱ་དང་། དབང་བརྟུལ་ཚོགས་སྦྱོར་ཆུང་བ་མཐོང་ལམ་སྐད་ཅིག་མ་བཅོ་ལྔ་མན་ཆད་ཀྱིས་བསྡུས་པའི་ཚོགས་མི་ཚེ་བཅུ་གསུམ་དུ་བསགས་པ་སྟེ། ཕྱི་མ་འདི་གཉིས་ལ་དབྱེ་ན། ཉན་ཐོས་སྔོན་དུ་མ་སོང་བ་དང་། སོང་བའི་ཚོགས་སྤྱོད་གཉིས། དེའི་ཕྱི་མ་ལ་ཉན་ཐོས་སོ་སྐྱེ་ཙམ་དང་འཕགས་པ་སྔོན་སོང་གཉིས། འཕགས་པའང་རྒྱུན་ཞུགས་ཙམ་དང་། ཕྱིར་འོང་ཙམ་སྔོན་སོང་གཉིས་ཡོད་ཅིང་། དེ་དག་རང་རྒྱལ་གྱི་ལམ་དུ་ཞུགས་ཚེ་དངོས་སྨྲ་བ་རྣམས་ཀྱིས་སྔར་བགྲོད་ཟིན་གྱི་ལམ་གྱི་ལྷག་མ་ནས་འཇུག་པར་བཤད་ཀྱང་། དབུ་མ་པའི་ལུགས་ལ་རང་རྒྱལ་གྱི་ཚོགས་ལམ་ནས་འཇུག་དགོས་ཏེ་གཟུག་བ་ཆོས་ཀྱི་བདག་མེད་རྟོགས་པ་མཐར་ཐུག་པ་ལ་དེ་རྟོགས་ཟིན་རྒྱུན་དུ་སྒོམ་པའི་ལམ་སྔོན་དུ་འགྲོ་དགོས་པའི་ཕྱིར་བཞེད། གང་ལྟར་ཡང་གསུམ་ཀས་རྟེན་དེ་ལ་བྱང་ཆུབ་ཐོབ་པའི་སྐལ་བ་མེད་པར་ཤེས་ནས་སྨོན་ལམ་འགྲུབ་པར་བྱ་བའི་དོན་དུ་ཉན་ཐོས་ཀྱི་སྡེ་སྣོད་ལ་ཐོས་བསམ་བྱས་པའི་སྒོ་ནས་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་འབྲེལ་དང་། གནས་གནས་མིན་དང་། བདེན་པ་སྟེ། གནས་དྲུག་ལ་མཁས་པར་བྱས་ཏེ། སངས་རྒྱས་མི་བཞུགས་ཤིང་ཉན་ཐོས་ཀྱང་མེད་པའི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །སྐྱེས་ནས་ཀྱང་རྟེན་དེ་ལས་ལམ་གྱི་རྟོགས་པ་རང་བྱུང་དུ་རྒྱུད་ལ་སྐྱེ་བར་གྱུར་ཅིག །གདུལ་བྱ་ལ་ལུས་ཀྱི་བརྡས་ཆོས་སྟོན་ཅིང་སྒྲའི་སྒོ་ནས་སྟོན་པར་མ་གྱུར་ཅིག །ཅེས་སྨོན་ལམ་གསུམ་བཏབ་པས་སངས་རྒྱས་དང་ཉན་ཐོས་ཀྱིས་ཡོངས་སུ་མ་བཟུང་བའི་འཇིག་རྟེན་དུ་སྐྱེ་བ་ལེན་ཏེ། དབུ་མ་རྩ་བ་ལས། སངས་རྒྱས་རྣམས་ནི་མ་བྱོན་ཅིང་། །ཉན་ཐོས་རྣམས་ནི་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་སོ། །རྟེན་དེ་ལ་མཁན་སློབ་མེད་པར་རང་བྱུང་གི་དགེ་སློང་དུ་གྱུར་ནས། དུར་ཁྲོད་དུ་བོར་བའི་རུས་པ་མཐོང་བ་སོགས་ཀྱི་རྐྱེན་གྱིས་འཁོར་བ་ལས་ཡིད་འབྱུང་ཞིང་ཕྱི་ནང་གི་རྟེན་འབྲེལ་གྱི་དོན་རྟོགས་པའི་སྒོ་ནས་འཇུག་པའོ། །ལྟ་བ་ནི། གང་ཟག་གི་བདག་མེད་རྟོགས་པ་ཉན་ཐོས་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་བདག་གི་ཕྱེད་བཟུང་ཆ་རྡུལ་ཕྲ་རབ་ཆ་བཅས་དང་ཆ་མེད་གཉིས་ཀ་རང་བཞིན་མེད་པར་རྟོགས་ཀྱང་། ད་དུང་འཛིན་སེམས་སྐད་ཅིག་མ་དོན་དམ་དུ་ལྟ་ཞིང་། འཁོར་འདས་རྟེན་འབྲེལ་རྒྱུ་འབྲས་སུ་འདོད་པས་ན། བདག་མེད་ཕྱེད་དང་གཉིས་རྟོགས་པ་ཞེས་བྱ་སྟེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། འཛིན་པ་མི་སྤོང་ཕྱིར་དང་ནི། རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་དང་། ལྟ་རིམ་ལས། དེ་བཞིན་རང་རྒྱལ་ཐེག་པ་ཡང་། །ཕྱི་རོལ་བཅུ་གཉིས་སྒྱུ་མ་ཙམ། །རྡུལ་ཀྱང་ཕྱོགས་ཆས་མ་གྲུབ་འཕགས། །ཤེས་པ་སྐད་ཅིག་རྫས་སུ་མཐུན། །ཞེས་དང་། ལམ་རིམ་ལས། ལས་དང་ཉོན་མོངས་ཐམས་ཅད་ལ། །མཉམ་པ་ཉིད་དུ་མི་ཤེས་ཤིང་། །རྟེན་འབྲེལ་རྒྱུ་འབྲས་ཡོད་འཛིན་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཞེས་གསུངས། ཚུལ་ཁྲིམས་ནི་ཉན་ཐོས་དང་འདྲ་སྟེ། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། ཉན་ཐོས་རང་རྒྱལ་བསྲུང་མཚམས་ནི། །ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་ཡིན། །ཞེས་སོ། །སྒོམ་པ་ནི། ས་སྡེ་ལས་ཉན་ཐོས་ལྟར་སྒོམ་པར་གསུངས་ཀྱང་། མངོན་རྟོགས་རྒྱན་སོགས་ལས། ཁྱད་པར་ཡོད་པར་བཞེད་པ་ལྟར། །བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་སྟེང་དུ། རྟེན་འབྲེལ་ལུགས་འབྱུང་བཀག་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་སྒོམ་པར་བྱེད་པའོ། །དེ་ཡང་དུར་ཁྲོད་ཀྱི་རུས་པ་ལ་བལྟས་ཏེ། འདི་ཤི་བ་ལས་བྱུང་ཞིང་། དེ་ཡང་སྐྱེ་བ་ལས་བྱུང་བ་སོགས་མ་རིག་པའི་བར་དུ་ཤེས་ཤིང་མ་རིག་པ་དེ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤང་བར་རིག་ནས་ལམ་རང་རྒྱུད་ལ་བརྟེན་པར་བྱེད་དེ། འདི་ལྟར་རྒ་ཤི་སྡུག་བསྔལ་གྱི་ངོ་བོ་ཡིན་པས། དེ་སྐྱེ་བ་ལས་བྱུང་བ་སོགས་འབྱུང་རིམ་ལ་བསམས་པས་སྡུག་བསྔལ་བདེན་པ་རྟོགས་པ་དང་། སྐྱེ་བ་འགགས་པས་རྒ་ཤི་འགགས་པ་སོགས་འགགས་རིམ་ལ་བསམ་པས་འགོག་པའི་བདེན་པ་ལ་འཇུག །མ་རིག་པ་ཀུན་འབྱུང་གི་རྩ་བ་ཡིན་པས། དེ་ལས་འདུ་བྱེད་སོགས་འབྱུང་བའི་རིམ་པ་ལ་བསམ་ནས་ཀུན་འབྱུང་གི་བདེན་པ་རྟོགས། མ་རིག་པ་འགགས་པས་འདུ་བྱེད་འགགས་པ་སོགས་འགགས་རིམ་ལ་བསམ་ནས་ཀུན་འབྱུང་གི་གཉེན་པོ་བདག་མེད་བསྒོམ་པ་སོགས་ལམ་བདེན་གྱི་རང་བཞིན་ཤེས་པ་ཡིན་པས། ཚུལ་དེ་ལྟ་བུའི་སྒོ་ནས་སྒོམ་པར་བྱེད་དོ། །སྤྱོད་པ་ནི། གདུལ་བྱ་ལ་ངག་གི་མི་གསུངས་བར་ལུས་ཀྱི་བརྡས་ཆོས་སྟོན་པར་བྱེད་དེ། དེའང་གདུལ་བྱ་དགེ་བ་བཅུ་དང་། བདེན་པ་བཞི་དང་། རྟེན་འབྲེལ་བཅུ་གཉིས་དོན་དུ་གཉེར་བ་ལ་བརྡ་གཅིག་བསྟན་པས་སོ་སོར་གོ་བར་འགྱུར་ཏེ། མངོན་རྟོགས་རྒྱན་ལས། གང་གང་དོན་གྱི་གང་གང་ལ། །ཇི་ལྟར་ཇི་ལྟར་ཉན་འདོད་པ། །དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་། །ཞེས་དང་། གཡུ་ཐང་ལས། སྤྱོད་པ་ཡུལ་གྱི་རྫུ་འཕྲུལ་གྱིས། །གཞན་དོན་ཤས་འགའ་སྤྱོད་པའོ། །ཞེས་སོ། །འབྲས་བུ་ནི། དབང་རྣོན་བསེ་རུ་ལྟ་བུ་གཅིག་པུར་བཞུགས་པ་ནི་བསམ་གཏན་བཞི་པ་རབ་ཀྱི་མཐའ་ལ་བརྟེན་ཏེ། ལམ་ལྔ་སྟན་ཐོག་གཅིག་ཏུ་རྫོགས་ནས། ཡིད་བཞིན་བདེ་བ་མཆོག་གི་ས། ཟད་པ་དང་མི་སྐྱེ་ཤེས་པས་དགྲ་བཅོམ་མངོན་དུ་མཛད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐར་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་གསུངས། འདིའི་ལུགས་ཀྱི་སྐྱེ་མཐའི་བྱང་ཆུབ་སེམས་དཔའ་གང་ཟག་ཚོགས་ལམ་པར་འདོད་དོ། །དབང་བརྟུལ་ནེ་ཙོ་ལྟ་བུ་ཁྱུས་བཞུགས་པ་ཚོགས་སྦྱོར་ཚོགས་སྤྱོད་ཆེ་ཆུང་གཉིས་ནི། རིམ་པར་ལམ་བཞི་དང་གསུམ་སྟན་ཐོག་གཅིག་ཏུ་མངོན་དུ་མཛད་པ་ཡིན་ནོ། །དེ་ཡང་བྱང་ས་སོགས་ལས་ཉན་རང་སྤངས་རྟོགས་ཁྱད་དུ་བཞེད་ཀྱང་། འདི་མངོན་རྟོགས་རྒྱན་གྱི་དགོངས་པ་ལྟར་ཁྱད་ཡོད་པར་འཐད་དེ། ཉན་ཐོས་དགྲ་བཅོམ་པས་གང་ཟག་གི་བདག་མེད་རྟོགས་པ་མཐར་ཐུག་ཅིང་། རང་རྒྱལ་དགྲ་བཅོམ་པས་བཟུང་བ་ཆོས་ཀྱི་བདག་མེད་རྟགས་པ་མཐར་ཐུག་པའི་ཁྱད་པར་ཡོད་པའི་ཕྱིར་ཞེས་ཀུན་མཁྱེན་སྨིན་གླིང་ཡབ་སྲས་བཞེད་དོ། །དེ་དག་ཀྱང་། རྒྱས་པ་ལས། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ་ཤེས་ཤིང་། དངོས་པོའི་གཟུགས་ལ་ཐོག་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་ས་བགྲོད་ཡིད་བཞིན་བདེ་བ་མཆོག །ཞེས་གསུངས་སོ། ༈ །གསུམ་པ། གང་ཟག་དབང་པོ་ཐ་མའི་རབ་ཀྱི་ངོ་སྐལ་དུ་གསུངས་པ་བྱང་ཆུབ་སེམས་པའི་ཐེག་པ་ནི། དམན་པ་ཉན་རང་གི་ལམ་ལས་ཆེན་པོ་བདུན་གྱིས་ཁྱད་པར་དུ་འཕགས་པས་ཐེག་པ་ཆེན་པོ་ཞེས་བྱ་སྟེ། ཆེན་པོ་བདུན་ནི། དམིགས་པ་ཆེན་པོ་ཆོས་ཉིད་ནམ་མཁའ་དང་འདྲ་བ་ལ་དམིགས་པ། སྒྲུབ་པ་ཆེན་པོ་རང་གཞན་གཉིས་ཀའི་དོན་སྒྲུབ་པ། ཡེ་ཤེས་ཆེན་པོ་བདག་གཉིས་ཀས་སྟོང་པའི་ཆོས་ཉིད་སྙིང་རྗེ་དང་ཟུང་དུ་འཇུག་པའི་ཡེ་ཤེས། བརྩོན་འགྲུས་ཆེན་པོ་སྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་ལ་བརྩོན་པ། ཐབས་ལ་མཁས་པ་ཆེན་པོ་སྲིད་ཞིའི་མཐའ་ལ་མི་གནས་པ། གྲུབ་པ་ཆེན་པོ་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ། ཕྲིན་ལས་ཆེན་པོ་འཁོར་བ་ཇི་སྲིད་པར་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བ་རྣམས་སོ། །དེ་ལྟར་ཡང་། མགོན་པོ་བྱམས་པས་དམིགས་པ་ཆེན་པོ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དང་ནི། །ཡེ་ཤེས་བརྩོན་འགྲུས་བརྩམ་པ་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཞེས་གསུངས། ཐེག་པ་འདི་གཉིས་ཀྱི་ཁྱད་པར་ཡང་། སློབ་དཔོན་ཨ་རོས། ཐེག་པའི་ཁྱད་པར་ཤེས་རབ་སྙིང་རྗེ་ཁོ་ན་སྟེ། འདི་དག་ཆེ་ཆུང་དབང་གིས་ཐེག་པའི་ཁྱད་པར་བསྟན། ཞེས་གསུངས་པས། ཤེས་རབ་ཆེན་པོས་བདག་མེད་གཉིས་རྣལ་མར་རྟོགས་ནུས་པ་ཐེག་ཆེན་དང་མི་ནུས་པ་ཐེག་དམན། སྙིང་རྗེ་ཆེན་པོས་གཞན་དོན་འབའ་ཞིག་སྤྱོད་ནུས་པ་ཐེག་ཆེན་དང་། དེ་ལྟར་མི་ནུས་པ་དམན་པའོ། །དེ་ལྟར་ཡང་། ཡེ་ཤེས་རྣམ་པར་བཀོད་པའི་རྒྱུད་ལས། ཐུགས་རྗེས་སེམས་ཅན་ལ་དམིགས་ཤིང་། །ཤེས་རབ་ཆོས་ཀྱི་དབྱིངས་སུ་ཁྱབ། །ཐེག་པ་ཆེན་པོ་ཞེས་བཤད་དེ། །གཞན་དག་དེ་ལས་བཟློག་པའོ། །ཞེས་དང་། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྷུང་། །ཞེས་སོ། །དེ་ལྟ་བུའི་ཐེག་ཆེན་དེ་ལའང་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ཡོད་པའི་སྔ་མ་སྟེ། རྒྱུད་ལས། བྱང་ཆུབ་སེམས་དཔའི་ཐེག་པ་དང་། །ཞེས་གསུངས་ཏེ། དེ་ལ་ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི་ཆོས་ཐམས་ཅད་བདག་མེད་པར་རྟོགས་ཤིང་། སྙིང་རྗེ་ཆེན་པོས་གཞན་དོན་བརླབས་པོ་ཆེ་སྤྱོད་པའི་ཐབས་དམ་པ་གྱུར་པའོ། །ངེས་ཚིག་ནི། བོ་དྷི་ས་ཏྭའི་སྒྲ་ལས། སེམས་སྟོབས་ཆེན་པོས་བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ་དཔའ་མི་ཞུམ་ཞིང་བརྩོན་པའི་གོ་ཆ་མི་འདོད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དབྱེ་བ་ལ་སྔར་ལྟར་དྲུག་ལས། འཇུག་སྒོ་ནི། བདེན་པ་གཉིས་ཀྱི་སྒོ་ནས་ཏེ། རང་ཤར་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཇུག་པའི་སྒོ་ནི་བདེན་པ་གཉིས། །ཞེས་སོ། །དེ་ཡང་དབུ་མ་པའི་གཞུང་ལྟར་ན། མ་བརྟགས་མ་དཔྱད་པའི་སྣང་བ་འདི་རྣམས་སྣང་ཡང་། ངོ་བོ་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་བློས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ནས། དགེ་མི་དགེའི་འཇུག་ལྡོག་གི་ཚུལ་གྱིས་ཀུན་རྫོབ་བདེན་པར་འཇུག་ལ། དོན་དམ་པར་གཤིས་ཀྱི་གནས་ལུགས་སྤྲོས་བྲལ་དུ་ཤེས་པར་བྱས་ཏེ་ཟུང་འཇུག་གི་སྒོ་ནས་འཇུག་གོ། །དེ་ལ་སྤྱིར་བདེན་པ་གཉིས་ཀྱི་རྣམ་བཞག་ཙམ་ནི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་ཁས་ལེན་ཏེ། དེའང་ཉན་ཐོས་བྱེ་བྲག་སྨྲ་བས། རགས་པའི་དངོས་པོ་དང་ཤེས་པའི་རྒྱུན་ནི་ཀུན་རྫོབ་ཡིན་ལ། ཤེས་པའི་སྐད་ཅིག་ཆ་མེད་དང་། དངོས་པོའི་རྡུལ་ཕྲན་ཆ་མེད་དོན་དམ་དུ་འདོད་དོ། །མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །གསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་སོ། །མདོ་སྡེ་པས་དོན་དམ་པར་དོན་བྱེད་ནུས་པ་བུམ་པའམ་ཀ་བ་ལྟ་བུ་དོན་དམ་དང་། དོན་དམ་པར་དོན་བྱེད་མི་ནུས་པ་ནམ་མཁའ་དང་བུམ་སྤྱི་ལྟ་བུ་ཀུན་རྫོབ་སྟེ། རང་མཚན་དང་སྤྱི་མཚན་དུ་འདོད་དེ། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་འདོད། །ཅེས་སོ། །སེམས་ཙམ་པས་གཟུང་འཛིན་གཉིས་སུ་སྣང་བའི་ཡུལ་དང་ཡུལ་ཅན་ནི་ཀུན་རྫོབ། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་ཙམ་ནི་དོན་དམ་དུ་འདོད་དེ། ཡེ་ཤེས་སྙིང་པོ་ཀུན་བཏུས་ལས། ཆ་ཤས་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་ཡང་ཡོད་པ་མིན། །སོ་སོར་སྣང་བའང་དམིགས་མེད་ལ། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡིས། །ཕ་རོལ་ཕྱིན་རྣམ་དེ་སྐད་བསྒྲགས། །ཞེས་སོ། །དབུ་མ་རང་རྒྱུད་པ་རྣམས་ཀྱིས། སྣ་བ་ཀུན་རྫོབ་ཏུ་གྲུབ་པ་སྒྱུ་མའི་རྟ་གླང་བཞིན་དང་། དོན་དམ་པར་ཅིའང་མ་གྲུབ་པ་ནམ་མཁའ་ལྟ་བུར་འདོད་དེ། འཁྲུལ་འཇོམས་ལས། དམིགས་བཅས་ཀུན་རྫོབ་དོན་དམ་དུ། །དམིགས་བྱ་དམིགས་བྱེད་ཀུན་ལས་གྲོལ། །ཞེས་སོ། །ཐལ་འགྱུར་པས་བློས་སྨྲ་བསམ་བརྗོད་པར་བརྟགས་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། འཇིག་རྟེན་ན་གྲགས་པའི་རྗེས་སུ་བརྗོད་ཅིང་། གཤིས་སྤྲོས་བྲལ་བསམ་བརྗོད་ཐམས་ཅད་ལས་འདས་པ་དོན་དམ་བདེན་པ་ཞེས་བྱ་སྟེ། རྣམ་པར་བཞག་བྱ་འཇོག་བྱེད། ངོ་བོ་རྟོགས་བྱ་རྟོགས་བྱེད་ལས་འདས་པས་རྟོགས་པར་བཞག་ཏུ་མེད་ཀྱང་དོན་དམ་དང་མཐུན་པའི་བློ་སྐྱེས་པ་ལ། དེ་སྐད་དུ་བཏགས་ཏེ། སློབ་དཔོན་ཟླ་བ་གྲགས་པས། སྟོང་པ་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ་ནི་སྟོང་པ་ཉིད་རྟོགས་སོ་ཞེས་བརྗོད་ཀྱི། སྟོང་པ་ཉིད་ནི་རྟོགས་པ་མ་ཡིན་ནོ། །ཞེས་གསུངས་པ་སོགས་ཀྱིས་མཚོན་ཞིབ་པར་ཁོ་བོའི་བླ་མ་ཀུན་མཁྱེན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་སྩལ་བའི་བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་སོགས་ལས་རྟོགས་པར་བྱ་དགོས་ལ། འདིར་ནི་རང་ལུགས་རྒྱུད་ཀྱི་དགོངས་པ་ཀུན་མཁྱེན་དྷརྨ་ཤྲཱིས་འདི་ལྟར་གསུངས་ཏེ། བདེན་པ་གཉིས་ནི། ཧེ་རུ་ཀ་གལ་པོ་ཆེ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་སུ་ཡང་དག་འདུས། །ཞེས་སོ། །དེ་ཡང་དབྱེ་གཞི་ཤེས་བྱ་ཙམ་ལ། སྣང་ལུགས་ཀུན་རྫོབ་དང་གནས་ལུགས་དོན་དམ་པའི་བདེན་པ་གཉིས་སུ་དབྱེ་སྟེ། དེ་ལས། ཤེས་བྱ་ཙམ་གྱི་སྣང་བ་ལ། །བདེན་པ་གཉིས་ཀྱི་གཞི་ཡང་གྲུབ། །ཅེས་གསུངས་པའི་ཕྱིར། དེ་ལས་ཀུན་རྫོབ་ནི། བློའི་ཡུལ་དུ་གྱུར་པོའི་ཆོས་ཅན་མཚན་མ་ཅན་ཏེ། དེ་ལས། བསླུ་ཞིང་བློ་ཡི་ཡུལ་གྱུར་པ། །ཀུན་རྫོབ་སྤྱི་ཡི་མཚན་ཉིད་དོ། །ཞེས་སོ། །དབྱེ་ན། སྣང་ལ་དོན་བྱེད་ནུས་པ་མི་ལ་མིར་སྣང་བ་ལྟ་བུ་ཡང་དག་ཀུན་རྫོབ། སྣང་ལ་དོན་བྱེད་མི་ནུས་པ་ཐོ་ཡོར་ལ་མིར་སྣང་བ་ལྟར་བུ་ལོག་པའི་ཀུན་རྫོབ་སྟེ། དེ་ལས། ཀུན་རྫོབ་དབྱེ་བ་ཡང་དག་དང་། །ལོག་པའི་ཀུན་རྫོབ་ཅེས་བྱའོ། །སོ་སོའི་མཚན་ཉིད་རབ་བཤད་ན། །སྣང་ལ་དོན་བྱེད་མི་ནུས་ལོག །ཡང་དག་སྣང་ལ་དོན་བྱེད་ནུས། །ཞེས་དང་། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་སོ། །དོན་དམ་བདེན་པ་ནི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟེ། གལ་པོ་ཆེ་ལས། དོན་དམ་པ་ཡི་མཚན་ཉིད་ནི། །སྤྲོས་པ་ཐམས་ཅད་བྲལ་བ་ཡིན། །ཞེས་དང་། ཛེ་ཏ་རིའི་བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པ་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་དུ་ཡང་མེད། །མཐའ་བཞི་དག་ལས་རེས་གྲོལ་བ། །ཞེས་སོ། །དབྱེ་ན། སྤྲོས་པ་ཕྱོགས་རེ་དང་བྲལ་བ་རྣམ་གྲངས་པའི་དོན་དམ་དང་། སྤྲོས་པ་མཐའ་དག་དང་བྲལ་བ་རྣམ་གྲངས་མ་ཡིན་པའི་དོན་དམ་སྟེ། གལ་པོ་ཆེ་ལས། དབྱེ་བ་རྣམ་གྲངས་དོན་དམ་དང་། །རྣམ་གྲངས་མ་ཡིན་མཐའ་བརྒྱད་བྲལ། །ཞེས་སོ། །དེ་ལྟར་བདེན་པ་གཉིས་པོ་དེ་གཅིག་གམ་ཐ་དད་ཅེ་ན། ཐ་སྙད་དུ་ཆུ་དང་ཆུ་ཟླ་ལྟར་རང་བཞིན་གཅིག་ལ་ལྡོག་པ་ཐ་དད་དེ། བྱང་ཆུབ་སེམས་འགྲེལ་ལས། བུ་རམ་རང་བཞིན་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་དང་། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གནས། །ཞེས་སོ། །དོན་དམ་པར་གཅིག་ཐ་དད་གང་དུའང་བརྗོད་དུ་མེད་དེ། བྱམས་པས་ཞུས་པ་ལས། འདུ་བྱེད་མཚན་མ་ལས་བརྗོད་དུ་མེད་པའི་དབྱིངས་དེ་ཉིད་ཀྱང་མ་ཡིན་ལ་གཞན་ཡང་མ་ཡིན་ནོ། །ཞེས་པས་སོ་གསུངས། ཀུན་མཁྱེན་ཆེན་པོས་ནི། རྒྱུད་རང་ཤར་གྱི་ལུང་གི་དགོངས་པ་འདི་བཞིན་དུ་འགྲེལ་བར་མཛོད་དེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་རང་བཞིན་དུ་འདུས་ལ། དེ་ཡང་ཆོས་མཚན་མར་སྣང་བ་བློའི་ཡུལ་དུ་སྣང་རུང་རྣམས་ནི་ཀུན་རྫོབ་བདེན་པ་སྟེ། དབྱེ་ན་ལོག་པ་དང་ཡང་དག་པའི་ཀུན་རྫོབ་གཉིས་ལས། དང་པོ་ནི། སྣང་སྲིད་སྣོད་བཅུད་བློས་བཀོད་པའི་ཆོས་སོ་ཅོག་དང་བཅས་པ་ཐམས་ཅད་ལོག་པའི་ཀུན་རྫོབ་ཡིན་ཏེ། ཡུལ་འཁྲུལ་སྣང་བློ་རྫུན་པའི་ངོ་བོ་ལ་སྣང་བའི་ཕྱིར་རོ། །དེ་ཡང་མ་བརྟག་པར་སྣང་བ་འདི་དག་བློ་འཁྲུལ་ངོ་ན་མཐུན་པར་སྣང་བ། དོན་བྱེད་ནུས་པ། བརྟགས་ན་ངོ་བོ་ཉིད་ཀྱིས་དབེན་པ། སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་ཏེ། མེད་པ་གསལ་སྣང་ཙམ་དུ་ཤར་བ་ནི། རྩ་ཤེས་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་སོ། །ཡང་དག་ཀུན་རྫོབ་ནི། འཁྲུལ་བར་སྣང་ཡང་བདེ་འགྲོ་དང་ཐར་པའི་རྒྱུ་བྱེད་ལ། དགེ་བ་བཅུའི་ལས་རྣམ་པར་དཀར་བ། སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་དང་། ཚོགས་སྦྱོར་མཐོང་སྒོམ་བཞིའི་སེམས་ཀྱི་ཏིང་ངེ་འཛིན་ཡེ་ཤེས་ཀྱི་རྒྱུར་རུང་བློའི་སྤྱོད་ཡུལ་ལམ་བདེན་གྱིས་བསྡུས་པ་རྣམས་ཏེ། རྒྱུད་བླ་མའི་མིའི་འགྲེལ་བར། ལམ་བདེན་ཐམས་ཅད་ནི་འདུས་བྱས། འདུས་བྱས་ཐམས་ཅད་ནི་ཀུན་རྫོབ་སྟེ། ཞེས་སོ། །ཆོས་ཉིད་རང་བཞིན་དུ་གནས་པ་སྟོང་པ་ཉིད་ཀྱི་ངོ་བོ་དང་རྗེས་སུ་འཇལ་བའི་ཤེས་རབ་སྤྲོས་པ་ཞི་བའི་རྣམ་པ་དང་བཅས་པ་ནི་དོན་དམ་བདེན་པ་སྟེ། དབྱེ་ན་རྣམ་གྲངས་པ་མཚན་མ་ཚིག་གི་དོན་དམ་དང་། རྣམ་གྲངས་མ་ཡིན་པ་ཡང་དག་གཤིས་ཀྱི་དོན་དམ་གཉིས་ལས། དང་པོ་ནི། རིགས་པས་ཕྱེ་ཞིང་གཤིགས་ན་གང་དུའང་མ་གྲུབ་པའི་ཆོས་ཉིད་དུ་ཐམས་ཅད་ཡེ་ནས་གནས་པར་རྟོགས་པའི་ཤེས་རབ་གཤིས་དང་མཐུན་པར་སྐྱེ་བ་སྟེ། བདེན་གཉིས་ལ། སྐྱེ་སོགས་བཀག་པ་དོན་དམ་དང་། །མཐུན་པའི་ཕྱིར་ཡང་འདོད་པ་ཡིན། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལས། །དོན་དམ་ཞེས་པའི་བརྡའ་མཛད་དོ། །ཞེས་སོ། །གཉིས་པ་ནི། ཆོས་རྣམས་གདོད་མ་ཉིད་ནས་ཡོད་མོད་ཀྱི་སྤྲོས་པ་ལས་འདས་པའི་དབྱིངས་རང་བཞིན་གྱིས་དག་པ་སྟེ། རྩ་ཤེས་ལས། གཞན་ལས་ཤེས་མིན་ཞི་བ་དང་། །རྣམ་རྟོག་མེད་དོན་ཐ་དད་མེད། །སྤྲོས་པ་རྣམས་ཀྱི་མ་སྤྲོས་པ། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་སོ་གསུངས། སྤྱིར་ཡང་བདེན་གཉིས་དབྱེ་བའི་སྐབས་འདིར་གཞུང་ཆེན་པོ་རྣམས་སུ། སྣང་བ་ཀུན་རྫོབ་དང་། སྟོང་པ་དོན་དམ་དུ་བཞག་པའི་ཚུལ་གཅིག་དང་། གང་གནས་སྣང་མཐུན་པའི་ཡུལ་ཡུལ་ཅན་གཉིས་ཀ་དོན་དམ་དང་། མི་མཐུན་པའི་ཡུལ་ཡུལ་ཅན་ལ་ཀུན་རྫོབ་ཏུ་བཞག་པ་སྟེ་འཇོག་ཚུལ་མི་འདྲ་བ་གཉིས་སུ་གནས་པས། དེ་གཉིས་སྐབས་དོན་གང་ཡིན་མ་འདྲེས་པར། སོ་སོར་ཤན་ཕྱེད་དགོས་པ་ནི་གནད་གལ་པོ་ཆེ་སྟེ་འཕྲོས་དོན་ནོ། །ལྟ་བ་ནི། བདག་མེད་པ་གཉིས་ཀ་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །དེ་ལ་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ། དོན་དམ་པར་སྤྲོས་པ་ཐམས་ཅད་ཞི་བའི་ཚུལ་དུ་རྟོགས་པས་བདེན་གཉིས་ཀྱི་གནས་ལུགས་རྟོགས་པ་སྟེ། ལྟ་ཕྲེང་ལས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་དོན་དམ་པར་ན་རང་བཞིན་མེད་པ་ཡིན་ལ། ཀུན་རྫོབ་ཏུ་ནི་སྒྱུ་མ་ཙམ་དུ་སོ་སོའི་མཚན་ཉིད་མ་འདྲེས་པར་ཡོད་དོ། །ཞེས་དང་། ལམ་རིམ་ལས། མཉམ་པའི་དོན་ཉིད་མ་ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་པ། །ཆོས་དང་གང་ཟག་བདག་མེད་ན། །འདི་ནི་བྱང་ཆུབ་ས་པ་ཡིན། །ཞེས་གསུངས། སྐབས་འདིར་ཀུན་མཁྱེན་ཆེན་པོའི་ཐེག་མཆོག་མཛོད་དུ་འདིར་ལྟར་གསུངས་ཏེ། ཐེག་ཆེན་དབུ་སེམས་གཉིས་ཀྱི། སེམས་ཙམ་པ་ལའང་དཀར་དམར་སྣ་ཚོགས་སུ་སྣང་བ་ཤེས་པ་དང་བཅས་པ་འདི་ཐམས་ཅད་རང་གི་སེམས་ཀྱི་རྣམ་པར་བདེན་པར་འདོད་པ་སེམས་ཙམ་རྣམ་བདེན་པ་དང་ཤེས་པ་ནི་རྣམ་པར་བརྫུན་པ་འདོད་པ་སེམས་ཙམ་རྣམ་བརྫུན་པ་གཉིས་ལས། དང་པོ་ནི་དོན་དུ་སྣང་བ་རང་གི་ཤེས་པའི་རྣམ་པ་ཕྱིར་ཤར་བ་ཙམ་སྟེ། རྫིང་འགྲམ་གྱི་ནོར་བུའི་ཤིང་གི་ཡལ་ག་ལ་བཏགས་པའི་ནོར་བུ་ཀེ་ཀེ་རུའི་གཟུགས་བརྙན་ཆུ་ནང་དུ་ཤར་བ་ན་ནོར་བུའི་རྣམ་པ་ཕྱི་རོལ་དུ་ཤར་བ་བཞིན་ནོ། །ཞེས་འདོད་དོ། །འདི་ལ་དབྱེ་ན། རྣམ་པའི་གྲངས་དེ་སྙེད་ལ་ཤེས་པའི་གྲངས་ཀྱང་དེ་སྙེད་དུ་འདོད་པ་དང་། རྣམ་པ་དང་ཤེས་པ་སྒོ་ང་བཀས་པ་ལྟར་འདོད་པ་དང་། རྣམ་པ་དང་ཤེས་པ་སྣ་ཚོགས་གཉིས་མེད་དུ་འདོད་པ་གསུམ་ལས། དང་པོ་ནི། སྒྲ་ཐོས་པའི་དུས་ན་སྒྲ་འཛིན་གྱི་ཤེས་པ་གཅིག་པུ་སྐྱེ་ཡི། གཟུགས་ལ་སོགས་པའི་འཛིན་པའི་ཤེས་པ་མི་སྐྱེ་བ་ལྟར། ཡུལ་གང་ལ་འཇུག་པ་དེའི་ཤེས་པ་སྐྱེའི་གཞན་མི་སྐྱེ་བས། རྣམ་པའི་གྲངས་ཇི་སྙེད་པའི་ཤེས་པ་འདོད་པའོ། །གཉིས་པ་ནི། ཕྱི་རོལ་སྣ་ཚོགས་སུ་སྣང་བའང་ཤེས་པ་ལས་བྱུང་ལ། དེ་འཛིན་པའི་ཤེས་པའང་སེམས་ལས་བྱུང་བས་སྒོ་ང་བཀས་པ་ལྟར་རྣམ་པ་དང་ཤེས་པ་ཡུལ་ཡུལ་ཅན་སེམས་གཅིག་ལས་ཤར་བ་སྟེ། ད་ལྟ་ཡུལ་འཛིན་པ་ན་ཕྱི་རྣམ་པའི་ཤེས་པ་གཅིག་ལ། ནང་འཛིན་བྱེད་ཀྱི་ཤེས་པ་གཅིག་ཤར་བ་ཡང་། ཐོག་མ་མེད་པའི་བག་ཆགས་ཀྱིས་དེ་ལྟར་གཉིས་སྣང་ཡང་རང་རིག་པ་གཅིག་པུ་ལས་གཞན་དུ་གྲུབ་པ་མེད་པ་སྒོ་ང་བཀས་པ་ལྟ་བུའོ། །འོ་ན་ཕྱི་རྣམ་པའི་ཤེས་པ་གཅིག་ལ་དེའི་ཚེ་འཛིན་པའི་ཤེས་པ་གཅིག་བྱུང་དུས་རྟོག་གཉིས་ཅིག་ཆར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རྣམ་པའི་ཤེས་པ་དེ་རྟོག་མེད་ཡིན་པའི་ཕྱིར་རོ། །ཞེས་འདོད་དོ། །གསུམ་པ་ནི། ཕྱི་ཡུལ་གྱི་རྣམ་པ་སྣ་ཚོགས་སུ་སྣང་ཡང་། ནང་འཛིན་བྱེད་ཀྱི་ཤེས་པ་གཅིག་གིས་ཤེས་ཏེ། མཁར་གྱི་ནང་ན་སྤྲེའུ་གཅིག་འཇུག་པ་མྱུར་བས། གློ་སྐར་བཞིར་སྐེ་རིབ་རིབ་བྱུང་ནས་བལྟ་བ་ལྟར། སྒོ་ལྔ་ལ་ཤེས་པ་གཅིག་གིས་ཞུགས་ནས་ཡུལ་རིག་པའོ། །རིག་དུས་ནའང་རྣམ་པ་དང་ཤེས་པ་གཉིས་ཀ་སེམས་གཅིག་གི་རང་བཞིན་དུ་ཐ་མི་དད་དེ། རྨི་ལམ་གྱི་སྣང་བ་དང་འཛིན་བྱེད་རང་དུ་སྣང་བ་གཉིས་ཀ་ཡང་གཉིད་གཅིག་གི་ཤེས་པར་ཐ་མི་དད་པ་བཞིན་ནོ། །ཞེས་འདོད་དོ། །གཉིས་པ་རྣམ་བརྫུན་པ་ནི། ཕྱི་དོན་གྱི་རྣམ་པར་ཤེས་པ་ལ་འཁྲུལ་བར་སྣང་བའི་བག་ཆགས་རྫུན་པ་ཡིན་གྱི་ཤེས་པར་བདེན་པ་མ་ཡིན་ལ། དེ་འཇལ་བྱེད་ཀྱི་ཤེས་པ་ཡང་རྫུན་པས་གཞལ་གྱི། མྱོང་བ་བདེན་པས་གཞལ་བ་ནི་མེད་དེ། ཡུལ་ཤེས་གཉིས་ཀ་ཡང་འཁྲུལ་སྣང་རྫུན་པའི་རང་བཞིན་ཙམ་དུ་འདོད་དོ། །འདི་ལ་དབྱེ་ན་དྲི་བཅས་རྫུན་པར་འདོད་པ་དང་། དྲི་མེད་དག་པ་བར་འདོད་པ་གཉིས་ལས། དང་པོ་ནི། ད་ལྟའི་རྣམ་པ་སྣ་ཚོགས་སུ་སྣང་བ་དང་། དེ་འཇལ་བའི་ཤེས་པ་གཉིས་ཀ་བློའི་དྲི་མ་ཉིད་སྣང་བ་ཙམ་ལས། དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ཁམས་ཀྱི་ཡོན་ཏན་དང་བཅས་པ་ཙམ་ཞིག་ཡོད་ཀྱི། རྣམ་ཤེས་སུ་གྲུབ་པ་ནི་ཅི་ཡང་མེད་དོ། །སངས་རྒྱས་ཀྱི་ཆོས་སྐུ་ལྷག་མ་མེད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཉིད་དེ། དྲི་མ་མེད་པའི་དེ་བཞིན་ཉིད་ཡིན་ལ། ལྷག་བཅས་ཀྱི་གནས་སྐབས་ན་བག་ལ་ཉལ་གྱི་དྲི་མ་ཅུང་ཟད་ཡོད་པས་འཁྲུལ་པར་སྣང་བ་གཟིགས་པ་དང་། རོ་རྒྱབ་སྙུང་བ་ལ་སོགས་པ་ཡོད་དོ་ཞེས་པ་དང་། ད་ལྟའི་སེམས་ལ་ཉོན་མོངས་པ་དང་། ཡེ་ཤེས་འདྲེས་པར་གནས་པའི་དྲི་མ་ཉོན་མོངས་པའི་ཆ་རྫུན་པ་བསལ་བས། ལྷག་མ་མེད་པའི་ཡེ་ཤེས་དག་པ་མངོན་དུ་བྱེད་པའོ་ཞེས་འདོད་དོ། །དག་པ་བ་ནི་རྣམ་པ་དང་རྣམ་ཤེས་རྫུན་པ་ཙམ་དུའང་གྲུབ་པ་མེད་དེ། མངོན་པར་ཆགས་པ་དག་གིས་ན་ཆུང་ཡིད་ལ་བྱེད་པ་གོམས་པ་ལས། ཇི་ཞིག་ན་བསམ་མ་དགོས་པར། དེའི་བྱད་བཞིན་གྱི་སྣང་བ་མེད་པ་གསར་སྣང་དུ་ཤར་བ་བཞིན་ནོ། །དེས་ན་ཡུལ་གྱི་རྣམ་པ་དཀར་དམར་སྣ་ཚོགས་སུ་སྣང་བ་དང་། འཇལ་བྱེད་ཀྱི་བློ་གཉིས་ཀ་མེད་བཞི་ན་སྣང་བ་གཟུགས་བརྙན་ལྟ་བུ་སྟེ། དེའི་དོན་ཉམས་སུ་མྱོང་བའི་སོ་སོ་རང་རིག་པའི་ཡེ་ཤེས་ཙམ་ཞིག་ཡོད་དོ་ཞེས་འདོད་དོ། །གཉིས་པ་དབུ་མ་པ་ལ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ལས། དང་པོ་ནི། འདི་ལྟར་སྣ་ཚོགས་སུ་སྣང་བའི་རྣམ་པ་དང་འཇལ་བྱེད་མེད་པ་གསལ་སྣང་ཙམ་དུ་མ་ཟད་དོན་དམ་པར་སོ་སོ་རང་གི་རིག་པའི་ཡེ་ཤེས་དེ་ཡང་རང་བཞིན་གྱིས་ངོ་བོ་ཉིད་མེད་པའོ་ཞེས་འདོད་དོ། །འདི་ལ་དབྱེ་ན་སྒྱུ་མ་དོན་དམ་དུ་འདོད་པ་དང་། རབ་ཏུ་མི་གནས་པ་གཉིས་ལས། དང་པོ་ནི། ཡུལ་ཡུལ་ཅན་གྲུབ་པ་མེད་ལ། མ་གྲུབ་པ་རིག་པའི་ཡེ་ཤེས་སྨྲ་བརྗོད་མེད་རྩམ་ཞིག་དོན་དམ་པར་སྒྱུ་མའི་ཚུལ་དུ་ཡོད་པས། བསྒོམ་པའི་ཡོན་ཏན་ས་ལམ། མཐར་ཕྱིན་པའི་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུ་ཐོབ་ནས་ཆོས་ཀྱི་སྐུའི་ངང་ནས་སྒྱུ་མ་ལྟ་བུས་དོན་མཛད་པ་ཡིན་ཏེ། ཡུལ་བར་མ་ལས། ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་བས་ཆོས་ལྷག་པའི་ཆོས་ཤིག་ཡོད་ན། དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་སོ། །ཆོས་ཐམས་ཅད་ནི་ཡུལ་ཤེས་སྣ་ཚོགས་པ་ཐམས་ཅད་དོ། །མྱ་ངན་ལས་འདས་པ་ནི་གཟུགས་སྐུ་བརྙེས་ནས་དོན་མཛད་པའོ། །དེ་བས་ལྷག་པའི་ཆོས་ནི་སོ་སོ་རང་རིག་པའི་དེ་བཞིན་ཉིད་དང་ཆོས་སྐུ་དམ་པའོ། །ཞེས་འདོད་དོ། །འདི་ལ་སྒྱུ་མ་རིགས་གྲུབ་ཏུ་འདོད་པ་དང་། སྒྱུ་མ་ལྟར་སྣང་དུ་འདོད་པ་དང་། སྒྱུ་མ་ཙམ་པོར་འདོད་པ་ལ་སོགས་པ་རྣམས་གྲངས་རབ་ཏུ་མང་སྟེ། རང་རྒྱུད་འོག་མ་པ་ཞེས་གྲགས་པ་ཡིན་ནོ། །གཉིས་པ་ནི། དོན་དམ་པར་སྒྱུ་མ་ཙམ་དུའང་མི་གནས་ཏེ། ཡུལ་དང་རྣམ་པ་མེད་པས་དེ་མེད་པར་མྱོང་བའི་སོ་སོ་རང་རིག་ཀྱང་མེད་པ་ནི། མོ་གཤམ་གྱི་བུ་མེད་པས་དེ་འཇལ་བྱེད་ཀྱི་ཤེས་པ་མེད་པ་བཞིན་ནོ། །ཀུན་རྫོབ་ལ་བདེན་པར་གྲུབ་པར་མེད་པས་དོན་དམ་ལ་གང་ཡང་མི་གནས་ཏེ། རྨི་ལམ་སད་པའི་དུས་ན་རྟ་གླང་གི་སྣང་བ་འགགས་ཀྱང་། དང་པོ་ནས་མེད་པས་དོན་ལ་འགག་རྒྱུར་མ་གྲུབ་པ་བཞིན་ནོ། །ཡུམ་བར་མ་ལས། དོན་དམ་པར་ནི་འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད། སྟོང་པ་ཉིད་ཀྱང་མེད་དེ། ཚིག་གི་བླ་དྭགས་ཙམ་དུ་བས་ལགས་སོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་འདོད་དོ། །འདི་ལ་ཀུན་རྫོབ་རབ་ཏུ་མི་གནས་པ་དང་། རྒྱུ་མཚན་མི་གནས་པ་དང་། ལྡོག་ཆ་མི་གནས་པ་དང་། ལྡོག་བྱེད་མི་གནས་པ་དང་། གཅིག་མི་གནས་པ་དང་། དུ་མ་མི་གནས་པ་དང་། གཅིག་དང་དུ་མ་དང་བྲལ་བ་མི་གནས་པ་དང་། སྣང་ཙམ་རབ་ཏུ་མི་གནས་ལ་སོགས་པ་རྣམ་གྲངས་དཔག་ཏུ་མེད་པ་ཡོད་དེ། དབུ་མ་རང་རྒྱུད་གོང་མ་པ་ཞེས་གྲགས་སོ། །དབུ་མ་ཐལ་འགྱུར་བ་ནི། དེ་ལྟར་དོན་དམ་པར་མ་གྲུབ་པ་དང་། ཀུན་རྫོབ་ཏུ་སྣང་ཙམ་སྒྱུ་མར་གྲུབ་པ་སོགས་ཐམས་ཅད་བཀག་ནས། ཡོད་མེད་ཀྱི་མཐའ་ལས་འདས་པའི་རང་བཞིན་ཁས་ལེན་ཐམས་ཅད་དང་བྲལ་བར་འདོད་དེ། འཕགས་པ་ཏིང་འཛིན་རྒྱལ་པོ་ལས། རྟག་དང་མི་རྟག་འདི་ཡང་མཐའ་ཡིན་ཏེ། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པ་དབུས་ལའང་གནས་པར་མི་བྱེད་དོ། །ཞེས་པ་དང་། དཀོན་མཆོག་ཏ་ལའི་མདོ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པས་ན། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་དང་། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཅེས་པ་དང་། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ། །དེ་ཕྱིར་དགག་པར་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་སོ། །དེ་ཡང་བློས་བཀོད་པའི་གྲུབ་མཐའ་གང་ཡང་མེད་དེ་སྤྲོས་པ་ཞི་བའི་ཕྱིར་ཞེས་འདོད་ཅིང་། སྣ་ཚོགས་སུ་སྣང་ཙམ་འཇིག་རྟེན་པས་ཇི་ལྟར་འཇོག་པ་ལྟར་བརྡའ་ཤེས་པའི་ཡན་ལག་ཏུ་བཞག་ཀྱང་དེ་ཡང་ཁས་ལེན་པ་མེད་པས། ཆོས་སུ་སྣང་བ་བདེན་རྫུན་ལས་འདས་པས་ཡོད་མེད་ཀྱི་མཐའ་དང་ད་ལྟའི་དུས་ནས་བྲལ་བར་འདོད་དོ། །འདི་ནི་སངས་རྒྱས་པ་རྣམས་ཀྱི་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱི་རྩེ་མོ་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་སྐབས་འདིར་ཤེས་པར་བྱ་བ། རྒྱལ་གསུང་འཁོར་ལོ་བར་ཐའི་བཀའ་དང་དགོངས་འགྲེལ་ཆེན་པོ་རྣམས་དོན་གྱི་ཟབ་དགོངས་འགལ་མེད་གཅིག་ཏུ་འབབ་ཀྱང་། གནས་སྐབས་དགོས་པའི་དབང་གིས་ཞལ་བཞེས་ཀྱི་ཁྱད་པར་ཅུང་ཟད་ཙམ་རེ་ལ་བརྟེན་ནས། དེ་དག་གི་གོ་བ་ལེན་ཚུལ་དང་རང་རང་གི་འདོད་ཞེན་སྦྱར་བའི་གྲུབ་མཐའི་དགག་སྒྲུབ་ཀྱི་སྤྲོས་པ་དུ་མ་འཕགས་བོད་གཉིས་ཀ་ན་འབྱུང་མོད། དོན་ལ་དེ་གཉིས་གནད་ཀྱིས་མི་འགལ་བར་ཤེས་དགོས་ཏེ། འཁོར་ལོ་བར་པའི་དངོས་བསྟན་དབུ་མ་རིགས་ཚོགས་དང་དཔལ་ལྡན་ཟླ་བའི་གཞུངས་རྣམས་ཀྱི་རྗེས་སུ་འབྲང་ནས། སྙིང་པོའི་རང་བཞིན་དྲང་དོན་སྟོང་ཉིད་ཙམ་དུ་བཞེད་པ་རྣམས་ཀྱི་དགོངས་པ་ནི། ཆོས་དབྱིངས་ངོ་བོ་སྟོང་ཕྱོགས་ལ་དགོངས་ཤིང་། སྙིང་པོའི་ཡོན་ཏན་རྣམས་ད་ལྟ་སོ་སྐྱེའི་རྒྱུད་ལ་མངོན་གྱུར་དུ་མེད་པས། ཚོགས་གཉིས་གོམས་པའི་རྒྱུ་ལས་ཕྱིས་གསར་དུ་སྒྲུབ་པ་ལྟར་སྣང་བའི་ཕྱིར་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་ལྟར་སྔ་ཕྱིར་ཁས་ལེན་པ་མཚན་ཉིད་ཐེག་པ་སྤྱིའི་དབང་དུ་མཛད་དེ་སྣང་ཚུལ་ཀུན་རྫོབ་དབང་བཙན་དུ་མཛད་པ་ཡིན་ལ། འཁོར་ལོ་ཐ་མའི་མདོ་དང་དབུ་མ་ཆོས་དབྱིངས་བསྟོད་པ་རྒྱུད་བླ་སོགས་བྱམས་གཞུང་ཕྱི་མ་རྣམས་ཀྱི་རྗེས་སུ་འབྲང་ནས། སྙིང་པོའི་རང་བཞིན་སྒྲ་ཇི་བཞིན་པར་ཁས་ལེན་པ་རྣམས་ཀྱིས་ནི། འོད་གསལ་བའི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་གདོད་མ་ནས་བྲི་གང་བསལ་བཞག་དང་བྲལ་བར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་ཀྱི་ཚུལ་དུ་གནས་པའི་ཕྱིར། ཟག་པ་མེད་པའི་ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱང་ཉི་མཁའ་བཞིན་ཡེ་ནས་འབྲལ་མི་སྲིད་པའི་སེམས་ཀྱི་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་པས། རྐྱེན་གྱིས་ཐེག་པ་ཆེན་པོའི་རིགས་སད་ནས་ལམ་གོམས་པའི་སྟོབས་ཀྱིས། མེད་སྣང་གློ་བུར་གྱི་སྒྲིབ་པའི་དྲི་མ་དག་སྟོབས་ཀྱིས་ལམ་དང་འབྲས་བུའི་ཡོན་ཏན་གྱི་ཚོགས་རྣམས་མངོན་གྱུར་ལྟ་བུར་སྣང་ནའང་། བྲལ་རྒྱུ་བྲལ་འབྲས་ཙམ་ལས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པར་མི་བཞེད་དེ། རྗེ་བཙུན་གྱིས། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་གྱིས་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དེས་ཆོས་ཉིད་འགྱུར་བ་མེད་པ་དང་། གནས་ལུགས་དོན་དམ་བདེན་པ་དང་། རང་བྱུང་གི་ཡེ་ཤེས་འདུས་མ་བྱས་སོགས་སྒོ་དུ་མ་ནས་སེམས་འགྲེལ་སྐོར་གསུམ་སོགས་འབྲས་བུ་གསང་སྔགས་དང་སྒོ་མཐུན་པར་མདོ་སྔགས་མཚམས་སྦྱོར་གྱི་ཚུལ་གྱིས་མཐར་ཐུག་ཐེག་གཅིག་ཏུ་སྒྲུབ་པར་མཛད་པ་ནི་གནས་ཚུལ་དོན་དམ་དང་མཐུན་པ་ཡིན་ལ། རང་ལུགས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ནི། དེ་གཉིས་གནད་ཀྱིས་མི་འགལ་བ་ལ་དགོངས་ནས་མདོ་ཕྱོགས་ཀྱི་གྲུབ་མཐའ་འཇོག་པའི་སྐབས་འདིར་འཁོར་ལོ་བར་པའི་དངོས་བསྟན་དབུ་མ་ཐལ་འགྱུར་བ་ཉིད་གྲུབ་མཐའི་རྩེ་མོར་ཞལ་གྱིས་བཞེས་པ་ནི། གཞི་ཀ་དག་གི་གནས་ལུགས་དང་མཐུན་ཞིང་དངོས་སྨྲ་བ་རྣམས་ཀྱི་ལོག་རྟོག་གི་བསྒོལ་བ་འཇོམས་པ་ལ་ཆེས་སྟོབས་དང་ལྡན་པ་ཡིན་ཞིང་། སྔགས་མཐུན་མིན་སྤྱི་དང་ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་གཞིའི་གནས་ལུགས་གཏན་ལ་འབེབས་པའི་སྐབས་རྣམས་སུ། འཁོར་ལོ་ཐ་མའི་མདོ་དང་ཁྱད་པར་རྒྱུད་བླ་མ་སོགས་ཀྱི་ལུང་རྣམས་དྲངས་ནས་ངེས་དོན་གྱིས་མདོ་རྒྱུད་ཟབ་མོ་རྣམས་དགོངས་པའི་གསང་མཛོད་གཅིག་པར་ཡིད་བཞིན་མཛོད་ཀྱི་ལེའུ་བཅོ་བརྒྱད་པ་རྩ་འགྲེལ་དང་། གྲུབ་མཐའ་མཛོད་སོགས་མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ། ཡང་ཏིག་རྣམ་གསུམ་གྱིས་མཚོན་གསུང་རབ་མཐའ་དག་ནས་གསལ་པོར་བསྟན་མཛད་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་ལུགས་འོད་གསལ་མཐར་ཐུག་གི་དགོངས་པ་དང་གནད་གཅིག་པའི་ཕྱིར་དེ་ཉིད་ངེས་དོན་མཐར་ཐུག་ཏུ་ལུང་རིགས་ཚད་མ་གསུམ་གྱིས་ཡང་དང་ཡང་དུ་སྒྲུབ་པར་མཛད་པ་བཞིན། ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ་སྐུ་མཆེད་གཙོས་གསང་ཆེན་སྔ་འགྱུར་གྱི་བསྟན་པའི་ཤིང་རྟ་བ་ཆེན་པོ་རྣམས་ཀྱིས་ངེས་དོན་སེང་གེའི་སྒྲ་ཆེན་པོ་སྒྲོག་པར་མཛད་པ་ཡིན་ལ། དེའི་ཚུལ་མདོ་ཙམ་ནི་གཞན་དུ་བཤད་ཟིན་ལ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་དཔལ་སྤྲུལ་རིན་པོ་ཆེས་ཀྱང་སྙིང་ཐིག་གི་རྒྱུད་དོན་རྣམ་པར་དབྱེ་བའི་འཕྱོང་མུན་ཁང་སྒྲོན་མེ་སོགས་ལས་གསལ་བར་བསྟན་པས་ཀྱང་ཤེས་པར་ནུས་ལ། དོན་ལ་ཆོས་དབྱིངས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཆེན་པོའི་དགོང་པའི་གཏིང་ཕྱིན་ན་དགགས་སྒྲུབ་ཀྱི་སྤྲོས་པའི་འཛིན་སྟངས་ཐམས་ཅད་མཐའ་བྲལ་དབུ་མ་ཆེན་པོའི་ཀློང་དུ་ཞི་ནས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་འགྱུར་བས། དེ་ལྟར་གོ་ཞིང་ལེགས་པར་ཁོང་དུ་ཆུད་ན་དབུ་ཕྱག་རྫོགས་གསུམ་སོགས་གང་ལྟར་བཤད་ཀྱང་དོན་གྱི་དགོངས་པ་གཅིག་ཏུ་འབབས་པས། ལྟ་སྒོམ་གྲུབ་མཐའི་འགགས་རྣམས་རང་སར་གྲོལ་ནས་དགོངས་པའི་གསང་མཛོད་ཡེ་ཤེས་ཀྱི་ཀློང་དུ་འགྲེ་བར་འགྱུར་བ་ནི་གལ་ཆེ་འཕྲོས་དོན་དུ་སྨོས་པ་ཡིན་ནོ། །ཚུལ་ཁྲིམས་ནི། སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་སྟེ། དེ་ལས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། དབུ་མ་ལུགས་ལ་སེམས་བསྐྱེད་ལེན་པའི་རྟེན་དུ་སོ་ཐར་གྱི་སྡོམ་ལྡན་དགོས་པ་མ་ངེས་ཀྱང་བྱང་སར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ་ཐར་རིག་བདུན་ལ་བཤད་པ་ལྟར་དེ་དག་གཞིར་བཞག་གི་སྟེང་དུ། བྱང་ཆུབ་ལ་དམིགས་པའི་སྨོན་སེམས་དང་། དེའི་ཆེད་དུ་ཚོགས་དང་བྱ་བ་ལ་སྦྱོར་བའི་འཇུག་སེམས་ཏེ། དབུ་སེམས་གང་རུང་གི་ཆོ་གས་བླང་ལ་དེའི་བསླབ་བྱ་ལ་བསླབ་བྱའོ། །དེ་ཡང་སོ་ཐར་གྱི་དབང་དུ་བྱས་ན་དུས་ཁྲིམས་བསྙེན་གནས་ཡན་ལག་བརྒྱད་པ་དང་། གཏན་ཁྲིམས་སོ་སོར་ཐར་པ་རིག་བདུན་ཏེ། དེ་རྣམས་ཀྱང་བསམ་པ་ཚེ་འདིས་རྒྱལ་པོའི་ཆད་པ་དང་དཔྱ་ཁྲལ་སོགས་ལ་འཇིགས་ནས་དེ་ལས་སྐྱོབ་པའི་ཆེད་དུ་བླང་བ་འཇིགས་སྐྱོབས། ཕྱི་མར་ལྷ་མིའི་གོ་འཕང་དང་། ཚེ་འདིར་ཟས་གོས་སོགས་ཀྱི་བདེ་སྐྱིད་ལ་དམིགས་ནས་བླང་བ་ལེགས་སྨོན་ཏེ། འདི་གཉིས་མངོན་མཐོ་ཙམ་ལས་ངེས་ལེགས་ཐར་པའི་རྒྱུར་མི་འགྱུར་ཞིང་འཁོར་བའི་སྡུག་བསྔལ་མཐའ་དག་ལས་རང་ཉིད་གཅིག་པུ་ཐར་འདོད་ཀྱིས་བླང་བ་ངེས་འབྱུང་གི་ཚུལ་ཁྲིམས་ཏེ་ཐེག་དམན་གྱི་སོ་ཐར་མཚན་ཉིད་པ་དང་། དེ་ལ་བྱང་ཆུབ་སེམས་ཀྱིས་ཟིན་པ་ན་ཐེག་ཆེན་སོ་ཐར་དུ་འགྱུར་ལ། དེ་ཡང་དང་པོར་བླང་བའི་དུས་འཇིགས་སྐྱོབས་དང་ལེགས་སྨོན་གྱི་ཚུལ་ཁྲིམས་ཡིན་ཡང་། ཕྱིས་ངེས་འབྱུང་ནམ་སྐྱེས་པ་ན་ངེས་འབྱུང་དང་། བྱང་སེམས་ནམ་སྐྱེས་པ་ན་ཐེག་པ་ཆེན་པོའི་སོ་ཐར་དུ་འགྲོ་བ་ཡིན་པས་གནད་འདི་ཤེས་པ་གལ་ཆེ་གསུངས། བྱང་སེམས་རང་གི་དབང་དུ་བྱས་ན། དབུ་མ་ལུགས་དང་། སེམས་ཙམ་གྱི་བསླབ་བྱ་གཉིས་ལས། དང་པོ་ནི། རྣམ་ངེས་ལས། དཀོན་མཆོག་དཀོར་འཕྲོག་༡དང་ནི་ཆོས་སྤོང་༢ལས། །ཚུལ་ལྡན་ཚུལ་འཆལ་ཁྲིམས་གཅོད་བསླབ་འབེབས་༣སོགས། །མཚམས་མེད་ལས་བྱེད་ལོག་༥ལྟ་ལྔ་རྒྱལ་པོ། །གྲོང་ལྗོངས་གྲོང་ཁྱེར་གྲོང་བརྡལ་ཡུལ་འཁོར་རྣམས། །འཇོམས་པར་བྱེད་པའང་བློན་པོར་ངེས་པ་ལྔ། །མ་སྦྱངས་སྟོང་ཉིད་བརྗོད་སྔས་ཉན་ཐོས་སྨོན།༡ །རྫོགས་བྱང་ཕྱིར་ལྡོག་ཐེག་དམན་སེམས་བསྐྱེད་༢དང་། །སོ་ཐར་སྤངས་ནས་ཐེག་ཆེན་སློབ་པ་དང་། །ཉན་ཐོས་ཐེག་པས་ཆགས་སོགས་མི་ཟློག་པས། །དེ་བཟློག་དེ་ཡི་འབྲས་བུ་མེད་པར་བྱས།༤ །ཕྲག་དོག་དབང་གིས་བདག་བསྟོད་གཞན་སྨོད་༥དང་། །རྙེད་དང་བསྐུར་སྟིའི་ཆེད་དུ་བདག་འཚོངས་༦དང་། །དགེ་སློང་ཆད་པ་གཅོད་འཇུག་སུག་འབུལ་༧དང་། །སྤོང་བའི་ལོངས་སྤྱོད་ཁ་ཏོན་པ་ལ་བྱིན། །ཞི་གནས་འདོར་བཅུག་ཕལ་ལ་འབྱུང་ངེས་བརྒྱད། །དེ་དེར་འབྱུང་ཉེས་བཞག་གིས་ཀུན་ལ་ཀུན། །མིང་དུ་བཅོ་བརྒྱད་རྫས་སུ་བཅུ་བཞི་སྟེ། །སྨོན་འཇུག་སེམས་བཏང་དེ་རྣམས་རྩ་ལྟུང་ཡིན། །ཞེས་རྩ་ལྟུང་ཉི་ཤུ་དང་། གཉིས་པ་ནི། ཐོགས་མེད་ལུགས་ཀྱི་སྨོན་པའི་བསླབ་བྱ་ལ། །སེམས་ཅན་བློས་མི་བཏང་༡དང་ཕན་ཡོན་༢ དྲན། །ཚོགས་བསགས་༣བྱང་སེམས་སྦྱང་ལ་༤བརྩོན་པ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་སྨོན་པའི་ཡིན། །མཆོད་འོས་བསླུ་༡དང་འགྱོད་མེད་འགྱོད་པ་བསྐྱེད།༢ །དམ་པར་བསྐུར་འདེབས་༣འགྲོ་ལ་གཡོ་སྒྱུ་སྤྱོད། །ནག་པོའི་ཆོས་བཞི་སྤོང་ཞིང་ལྡོག་པ་ནི། །དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱད། །རྙེད་བསྐུར་ལྷག་ཞེན་བདག་བསྟོད་གཞན་སྨོད་༡དང་། །སེ་སྣས་ཟང་ཟིང་ནར་དང་ཆོས་མི་སྟེར།༢ །ཁྲོ་བས་གཞན་འཚེ་ཤད་སྦྱང་གིས་མི་ལྡོག །གཡོམ་ལས་ཆོས་ལྟར་བཅོས་མས་སྟོན་བྱ་བཞི། །རྩ་ལྟུང་བཞི་སྟེ་འཇུག་པའི་བསླབ་བྱའོ། །ཞེས་གསུངས་པ་ལྟར་སྨོན་པའི་བསླབ་བྱ་སེམས་ཅན་བློས་མི་བཏང་བ་སོགས་བཞི། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཐབས་དཀར་ནག་ཆོས་བརྒྱད་ལ་བླང་དོར་བྱ་ཞིང་། འཇུག་པའི་བསླབ་བྱ་རྩ་ལྟུང་བཞི་སོགས་དྲན་ཤེས་བཞིན་བག་ཡོད་དང་ལྡན་པའི་སྒོ་ནས་བསྲུང་བའོ། །དགེ་བ་ཆོས་བསྡུད་ཀྱི་ཚུལ་ཁྲིམས་ནི། ཚོགས་གཉིས་དང་འབྲེལ་བའི་ཕར་ཕྱིན་དྲུག་སོགས་དགེ་བའི་ཆོས་རྒྱ་མཚོ་ལྟ་བུ་སྒྲུབ་ཅིང་། དེའི་མི་མཐུན་ཕྱོགས་སྤང་བ་ལ་བསླབ་པར་བྱ་བའོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བསམ་པ་དགེ་བའི་རྩ་བ་ཆེ་ཆུང་ཅི་སྒྲུབ་ཀྱང་གཞན་དོན་ལ་དམིགས་པ་དང་། སྦྱོར་བ་བསྡུ་དངོས་བཞིའི་སྒོ་ནས་སེམས་ཅན་གྱི་དོན་སྒྲུབ་ཅིང་། གཞན་དོན་ཡལ་བར་དོར་བའི་བློ་སྤང་བའོ། །བསྡུ་དངོས་བཞི་ནི། པད་མ་སྤུང་པ་ལས། སྦྱིན་༡ པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་༢གིས་བསྲུ། །དོན་༣མཐུན་པ་ཡིས་བག་ཕབ་སྟེ། །དོན་སྤྱོད་༤གྲོས་ཆེན་གདབ་པར་བྱ། །ཞེས་སོ། །བསྒོམ་པ་ནི། སྤྱིར་སློབ་མས་བཞིའི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་ཞིང་། བྱེ་བྲག་ཏུ་ཐོག་མ་ནས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་འཁོར་ལོ་ཐ་མ་ངེས་དོན་གྱི་མདོ་སྡེའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཁོང་དུ་ཆུད་པར་བྱས་པ། རིགས་ཅན་དེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་བསྒོམ་པར་བྱེད་པའོ། །དེ་ལ་ཁོ་བོའི་བླ་མ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་འདི་ལྟར་བཞེད་དེ། ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་བཞག་པ་བཞི་སྟེ། དྲན་པ་ནི་ལུས་ལ་སོགས་པ་རང་དང་སྤྱིའི་མཚན་ཉིད་ཚུལ་བཞིན་དུ་ཤེས་པ་དང་། ཉེ་བར་བཞག་པ་ནི་དེའི་ངང་དུ་རྩེ་གཅིག་གིས་མཉམ་པར་བཞག་པ་སྟེ། འདི་ལ་དངོས་པོ་ཡོངས་སུ་རྟོགས་པའི་ལམ་ཞེས་ཀྱང་བྱའོ། །ཇི་ལྟར་བསྒོམ་པའི་ཚུལ་ལ་ལུས་དྲན་པ་ཉེར་བཞག་ནི། མཉམ་བཞག་ཏུ་ཕྱི་ནང་གི་ལུས་རང་བཞིན་གྱིས་མ་གྲུབ་པ་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་ཏུ་དུར་ཁྲོད་ཀྱི་གཟུགས་རྙིང་པ་ལྟར་མི་གཙང་བ་དང་། བདེན་མེད་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་དུ་གཏན་ལ་ཕབ་ནས་བསྒོམ་པའོ། །ཚོར་བ་ངན་པ་ཉེར་བཞག་ནི། མཉམ་བཞག་ཏུ་ཕྱི་ནང་གི་ཚོར་བ་བདེ་སྡུག་བར་མའི་རྣམ་པར་ཤར་བ་ཐམས་ཅད་གདོད་ནས་མ་སྐྱེས་པ་དང་། རྗེས་ཐོབ་ཏུ་ཚོར་བ་སྡུག་བསྔལ་བ་ནི་སྡུག་བསྔལ་དང་། བདེ་བ་ལྟར་སྣང་བ་ནི་འགྱུར་བ་དང་། བཏང་སྙོམས་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ན་ལས་མ་འདས་པར་ཤེས་ཤིང་སྙིང་པོ་མེད་པར་གཏན་ལ་ཕབ་ནས་སྒོམ་པའོ། །སེམས་དྲན་པ་ཉེར་བཞག་ནི། མཉམ་བཞག་ཏུ་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་སྟོང་པ་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དང་། རྗེས་ཐོབ་ཏུ་ཅིར་ཡང་མ་འགགས་ཤིང་གང་དུའང་མི་གནས་པར་གཏན་ལ་ཕབ་ནས་བསྒོམ་པའོ། །ཆོས་དྲན་པ་ཉེར་བཞག་ནི། མཉམ་བཞག་ཏུ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་མཉམ་པ་ཉིད་དང་། རྗེས་ཐོབ་ཏུ་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བ་སྒྱུ་མ་ལྟ་བུར་གཏན་ལ་ཕབས་ནས་བསྒོམ་པའོ། །དེ་ལྟར་བསྒོམ་པའི་དགོས་པ་ནི། འཕགས་པའི་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་ཏེ། ལུས་དྲན་པ་ཉེ་བར་བཞག་པ་ལས་ནི་སྡུག་བསྔལ་ཤེས་པ་ལ་འཇུག་སྟེ། ལུས་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རབ་ཏུ་ཕྱེ་བར་རྟོགས་པའི་ཕྱིར། ཚོར་བ་དྲན་པ་ཉེ་བར་བཞག་པ་ལས་ནི། ཀུན་འབྱུང་སྤོང་བ་ལ་འཇུག་སྟེ། ཀུན་འབྱུང་གི་གཙོ་བོ་སྲེད་པ་ནི་ཚོར་བ་གསུམ་གྱི་རྒྱུ་ཅན་དུ་རྟོགས་པའི་ཕྱིར། སེམས་དྲན་པ་ཉེ་བར་བཞག་པ་ལས་ནི། འགོག་པ་མངོན་དུ་བྱ་བ་ལ་འཇུག་སྟེ། དེ་ལས་བདག་དང་བྲལ་བའི་རྣམ་པར་ཤེས་པ་སྐད་ཅིག་གིས་འཇིག་པར་རྟོགས་པས་མྱ་ངན་ལས་འདས་པའི་ཚེ་བདག་ཆད་ཀྱིས་དོག་པའི་སྐྲག་པ་མེད་པའི་ཕྱིར། ཆོས་དྲན་པ་ཉེ་བར་བཞག་པ་ལས་ནི། ལམ་གྱི་བདེན་པས་བསྒོམ་པ་ལ་འཇུག་སྟེ། ཉོན་མོངས་པའི་ཆོས་རྣམས་སྤང་བྱ་དང་རྣམ་པར་བྱང་བའི་ཆོས་རྣམས་བླང་བྱར་རྟོགས་པའི་ཕྱིར་རོ། །ཚོགས་ལམ་འབྲིང་དུ་ཡང་དག་པར་སྤོང་བ་བཞི་སྟེ། བརྩོན་འགྲུས་ཀྱིས་དགེ་བ་བསྐྱེད་ཅིང་མི་དགེ་བའི་ཆོས་རྣམས་སྤོང་བས་ན་ཡང་དག་པར་སྤོང་བ་སྟེ་རྩོལ་བ་ལས་བྱུང་བའི་ལམ་ཞེས་བྱའོ། །བསྒོམ་ཚུལ་ནི། མི་དགེ་བའི་ཆོས་སྔར་མ་སྐྱེས་༡པ་རྣམས་མི་བསྐྱེད་ཅིང་། སྐྱེས་པ་རྣམས་ཡང་དག་པར་༢སྤོང་བ་དང་། དགེ་བའི་ཆོས་སྔར་མ་སྐྱེས་༣པ་རྣམས་བསྐྱེད་ཅིང་། སྐྱེས་པ་རྣམས་གོང་ནས་༤གོང་དུ་ཡང་དག་སྤེལ་བ་སྟེ། རེ་རེ་ལའང་། འདུན་པ་བསྐྱེད་པ་དང་། འབད་པ་དང་། བརྩོན་འགྲུས་རྩོམ་པ་དང་། སེམས་རབ་ཏུ་འཛིན་པ་དང་། རབ་ཏུ་འཇོག་པའི་ཚུལ་གྱིས་བསྒོམ་པའོ། །དེ་ལ་འདུན་པ་བསྐྱེད་པ་ནི། དང་པོར་བླང་དོར་ལ་ཡིད་ཆེས་པའི་ཚུལ་གྱིས་སོ། །འབད་པ་ནི་སེམས་དེ་ལས་གཞན་དུ་མི་ཡེང་བའི་ཚུལ་གྱིས་སོ། །བརྩོན་འགྲུས་རྩོམ་པ་ནི། བྱིང་སྒོད་ལ་སོགས་པ་ཞི་བར་བྱ་བའི་དོན་དུའོ། །སེམས་རབ་ཏུ་འཛིན་པ་ནི་བྱིང་རྨུགས་སུ་གྱུར་ན་རྒྱལ་བའི་སྐུ་དང་ཡོན་ཏན་ལ་སོགས་སེམས་སྤྲོ་བར་གྱུར་པའི་གནས་ལ་དམིགས་ནས་སེམས་རབ་ཏུ་འཛིན་པའོ། །སེམས་རབ་ཏུ་འཇོག་པ་ནི་འཕྲོ་རྒོད་དུ་གྱུར་ན་འཁོར་བའི་སྡུག་བསྔལ་སོགས་སྐྱོ་བར་འགྱུར་བའི་ཡུལ་དམིགས་ལ་ནས་སེམས་རབ་ཏུ་འཇོག་པའོ། །ཚོགས་ལམ་ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། སྤྱན་དང་མངོན་ཤེས་རྫུ་འཕྲུལ་ལ་སོགས་པ་བསྒྲུབ་པའི་རྒྱུ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་འཛིན་ལས་སུ་རུང་བར་གོམས་པར་བྱེད་པས་ན་རྫུ་འཕྲུལ་གྱི་རྐང་པ་སྟེ། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ཞེས་བྱའོ། །བསྒོམ་ཚུལ་ནི། ཉེས་པ་ལྔའི་གཉེན་པོར་སྤོང་པའི་འདུ་བྱེད་བརྒྱད་ལྡན་པའི་ཏིང་ངེ་འཛིན་སྒོམ་པར་བྱེད་པ་སྟེ། ཉེས་པ་ལྔ་ནི། དབུས་མཐར། ལེ་ལོ་༡དང་ནི་གདམས་ངག་རྣམས། །བརྗེད་༢དང་བྱིང་དང་རྒོད་པ་༣དང་། །འདུ་མི་བྱེད་༤དང་འདུ་བྱེད་དེ།༥ །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་སོ། །གཉེན་པོ་བརྒྱད་ནི། ལེ་ལོའི་གཉེན་པོ་བཞི་སྟེ། དངོས་རྩོལ་བ་༡གནས་འདུན་པ།༢ རྒྱུ་དད་པ།༣ འབྲས་བུ་ནི་ཤིན་སྦྱང་༤ངོ་། །གདམས་ངག་བརྗེད་པའི་གཉེན་པོ་དྲན་པ།༥ བྱིང་རྒོད་ཀྱི་གཉེན་པོར་ཤེས་བཞིན།༦ གཉེན་པོ་མངོན་པར་འདུ་མི་བྱེད་པའི་གཉེན་པོར་མངོན་པར་འདུ་བྱེད་པ།༧ བྱིང་རྒོད་ཞི་ནས་ཀྱང་མངོན་པར་འདུ་མི་བྱེད་པའི་གཉེན་པོར་འདུ་བྱེད་བཏང་སྙོམས་རྣམས་སོ། །དེ་ལ་དབྱེ་ན། བསམ་གཏན་གྱི་འབྲས་བུ་ལ་མངོན་པར་དད་ཅིང་གུས་པའི་འདུན་པས་ཏིང་ངེ་འཛིན་ལ་སྦྱོར་བས་སེམས་ལས་སུ་རུང་བ་ཐོབ་པ་འདུན་༡པའི་རྫུ་འཕྲུལ་གྱི་རྐང་༡པ། དེ་བཞིན་དུ་རྒྱུན་དུ་སྦྱོར་བའི་བརྩོན་འགྲུས་ཀྱི་སེམས་ལས་སུ་རུང་བ་ཐོབ་པ་བརྩོན་འགྲུས་ཀྱི། སྔོན་དུ་ཏིང་ངེ་འཛིན་ལ་སེམས་པའི་བག་ཆགས་དང་ལྡན་པས་སེམས་ལས་སུ་རུང་བ་ཐོབ་པའི་སེམས་ཀྱི་དགེ་བའི་བཤེས་གཉེན་ལས་ཐོས་པའི་དམིགས་པ་རྣམས་བསམ་བྱུང་གི་ཤེས་རབ་ཀྱིས་རྣམ་པར་འབྱེད་པ་ལ་བསླབ་པས་སེམས་ལས་སུ་རུང་བ་ཐོས་པ་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ་བཞིའོ། །སྦྱོར་ལམ་གྱི་དྲོད་དང་རྩེ་མོ་དབང་པོ་ལྔ་བསྒོམ་སྟེ། འདི་ལྔས་བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པས་དབང་པོ་ཞེས་བྱ། སྒོམ་ཚུལ་ནི། བདེན་བཞིའི་མི་རྟག་པ་ལ་སོགས་པའམ། ཆོས་ཐམས་ཅད་བདེན་པ་གཉིས་སུ་ཤེས་པའི་དོན་ལ་དམིགས་ཏེ། དད་༡པའི་དབང་པོས་བདེན་པའི་རྣམ་པ་ལ་ཡིད་ཆེས་པ་དང་། བརྩོན་འགྲུས་ཀྱིས་བདེན་པ་རྟོགས་ཕྱིར་སྤྲོ་བ་༢དང་། དྲན་༣པས་དམིགས་པ་མི་བརྗེད་པ་དང་། ཏིང་༤ངེ་འཛིན་གྱིས་དམིགས་པ་ལ་རྩེ་གཅིག་ཏུ་སྦྱོར་བ་དང་། ཤེས་རབ་ཀྱིས་བདེན་པ་རྣམས་ཀྱི་རང་བཞིན་ཤེས་པའི་ཚུལ་གྱིས་བསྒོམ་པའོ། །བཟོད་པ་དང་ཆོས་མཆོག་ཏུ་སྟོབས་ལྔ་སྟེ། དད་པའི་དབང་པོ་སོགས་ཀྱི་རྒྱུན་གོམས་པས་རང་རང་གི་མི་མཐུན་པའི་ཕྱོགས། མ་དད། ལེ་ལོ། བརྗེད་ངས། རྣམ་གཡེང་། ཤེས་རབ་འཆལ་བ་རྣམས་ཀྱིས་ཅུང་ཟད་ཙམ་ཡང་བར་དུ་གཅོད་པར་མི་ནུས་པའི་ཕྱིར། དད་པའི་སྟོབས་སོགས་ལྔ་སྟེ། བསྒོམ་ཚུལ་ནི་སྔ་མ་དང་འདྲའོ། །མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན་ཏེ། མཐོང་བའི་ལམ་བྱང་ཆུབ་ཟག་པ་མེད་པའི་ཡན་ལག་ཏུ་འགྱུར་བས་ན་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ། ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི། གཙོ་བོ་ཡང་ཡིན་ལ། ཡན་ལག་ཀྱང་ཡིན་ཞིང་གཞན་དྲུག་པོ་ནི་དེའི་གྲོགས་སུ་གྱུར་པས་ན་ཡན་ལག་སྟེ་བདུན་ནོ། །དེ་ལ་དྲན་༡པ་ནི་དམིགས་པ་མི་བརྗེད་པ་སྟེ། ཤེས་རབ་ཀྱི་གནས་ཡིན་པས་གནས་ཀྱི་ཡན་ལག་གོ། །ཆོས་རབ་ཏུ་རྣམ་༢ པར་འབྱེད་པ་ནི། ཐེག་པ་ཆེན་པོའི་བདེན་པ་བཞི་ལ་དམིགས་པའི་ཆོས་བཟོད་ཆོས་ཤེས་རྗེས་བཟོད་རྗེས་ཤེས་འཁོར་དང་བཅས་པའི་མཚན་ཉིད་སོ་སོར་འབྱེད་པའི་ཤེས་རབ་གང་ཡིན་པ་སྟེ། རང་བཞིན་གྱི་ཡན་ལག་གོ། །བརྩོན་འགྲུས་ནི་དེའི་རང་བཞིན་ལ་སྤྲོ་བས་ཞུགས་པ་ལ་བརྟེན་ནས་སོ་སོ་སྐྱེ་བོའི་གནས་ནས་ངེས་པར་འབྱུང་ཞིང་དེ་ལས་འདའ་བར་བྱེད་པའི་ཕྱིར་ངེས་པར་འབྱུང་བའི་ཡན་ལག་གོ། །དགའ་བ་༤ནི། ས་དང་པོ་མཐོང་བའི་དགའ་བ་དེས་ལུས་སེམས་ལ་ཕན་འདོགས་ཤིང་ཚིམ་པར་བྱེད་པ་སྟེ་ཕན་འདོགས་ཀྱི་ཡན་ལག་གོ། །ཤིན་ཏུ་༥སྦྱང་བ་ནི། ལུས་སེམས་ལས་སུ་རུང་བ་སྟེ། གང་འདོད་དུ་བཀོལ་དུ་བཏུབ་པས་ཉོན་མོངས་པ་མེད་པའི་གཞིའོ། །ཏིང་ངེ་༦འཛིན་ནི། དམིགས་པ་ལ་སེམས་རྩེ་གཅིག་པ་ལས་གཞན་དུ་མ་འགྱུར་བའི་ཕྱིར། ཉོན་མོངས་པ་མེད་པའི་གནས་སོ། །བཏང་སྙོམས་ནི་སེམས་དང་སེམས་བྱུང་གི་རྙོགས་མ་བྱིང་རྒོད་ཀྱི་སྐྱོན་དང་བཅས་པ་རང་སར་ཞི་བ་སྟེ། ཉོན་མོངས་མེད་པའི་ངོ་བོ་ཉིད་དོ། །དེ་ལྟར་འདི་གསུམ་ལ་ཉོན་མོངས་མེད་པའི་ཡན་ལག་ཞེས་བྱའོ། །བསྒོམ་ལམ་ས་དགུར་འཕགས་ལམ་ཡན་ལག་བརྒྱད་བསྒོམ་སྟེ། འཕགས་པ་རྣམས་ཀྱིས་བགྲོད་པར་བྱ་བའི་འཇུག་ངོགས་སུ་གྱུར་པའི་ལམ་ལ་འཕགས་པའི་ལམ་གྱི་ཡན་ལག་ཅེས་བྱ་སྟེ། དེ་ལ་ཡང་དག་པའི་ལྟ་བ་༡ནི། ས་གཉིས་པ་ཡན་ཆད་ཀྱི་ཟག་མེད་ཀྱི་ཤེས་རབ་སྟེ། དེས་ས་དང་པོ་སོགས་སུ་ཆོས་ཀྱི་དབྱིངས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འདི་ལྟར་མཐོང་ངོ་སྙམ་དུ་གཅོད་པས་ན་ཡོངས་སུ་གཅོད་པའི་ཡན་ལག་གོ། །ཡང་དག་པའི་རྟོག་པ་ནི། ཆོས་རྣམས་ནི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་བརྟག་པ་སྟེ་གཞན་ལ་གོ་བར་བྱེད་པའི་ཡན་ལག །ཡང་དག་པའི་ངག་གི་རང་༣གིས་ཇི་ལྟར་རྟོགས་པ་དེ་བཞིན་དུ་གཞན་ལ་འཆད་པར་བྱེད་པས་ཇི་ལྟར་དྲིས་པ་དེ་བཞིན་དུ་ལུང་སྟོན་པས་ན་ལྟ་བ་རྣམ་པར་དག་པ་དང་། ཡང་དག་པའི་ལས་ཀྱི་མཐའ་༤ནི། སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་ཅུང་ཟད་ཀྱང་མི་བྱེད་པས་སྤྱོད་པ་ཕུན་སུམ་ཚོགས་པའི་ཕྱིར་ཚུལ་ཁྲིམས་རྣམ་པར་དག་པ་དང་། ཡང་དག་པའི་འཚོ་བ་ནི་ལོག་འཚོ་སྤངས་ཏེ་དེ་བཞིན་གཤེགས་པས་ཇི་ལྟར་གནང་བ་བཞིན་དུ་ལོངས་སྤྱོད་པས་འཚོ་བ་རྣམ་དག་ཏུ་ཡིད་ཆེས་པས་ན། འདི་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་གོ། །ཡང་དག་པའི་རྩོལ་བ་༦ནི། སྒོམ་ལམ་གྱིས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བའི་ཆེད་དུ་བརྩོན་འགྲུས་རྩོམ་པ། ཡང་དག་པའི་དྲན་པ་༤ནི། ཉེ་བའི་ཉོན་མོངས་པ་བྱིང་རྒོད་ཀྱི་གཉེན་པོའི་དམིགས་པ་མི་བརྗེད་པ། ཡང་དག་པའི་ཏིང་ངེ་འཛིན་ནི། བསམ་གཏན་བཞི་པའི་ས་ལ་བརྟེན་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྒྱ་ཆེན་པོ་སྒྲུབ་པ་སྟེ། འདི་གསུམ་ནི་མི་མཐུན་པའི་གཉེན་པོའི་ཡན་ལག་གོ། །དེ་ལྟར་སློབ་ལམ་དུ་བྱང་ཕྱོགས་སོ་བདུན་ལ་གོམས་པ་ལ་བརྟེན་ནས་མཐར་ཕྱིན་མི་སློབ་པའི་ལམ་ལ་སྦྱོར་བར་བྱེད་པ་ཡིན་ནོ། །བྱེ་བྲག་ཏུ་ལམ་སྒོམ་པའི་ཐོག་མར་དེ་བཞིན་གཤེགས་པའི་སྙིང་པོའམ་རང་བཞིན་གནས་པའི་རིགས་ཉིད་རང་ལ་ཡོད་པར་ཤེས་དགོས་ཀྱི་དེ་མ་ཤེས་ན་སངས་རྒྱས་སྒྲུབ་འདོད་ཀྱི་བློ་མི་སྐྱེ་སྟེ། དཔེར་ན་འོག་ན་གསེར་ཡོད་པར་མ་ངེས་ན་གསེར་བརྐོ་འདོད་ཀྱི་བློ་མི་སྐྱེ་བ་བཞིན་ཏེ། དཔལ་མགོན་འཕགས་པ་ཀླུས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཅེས་གསུངས་དེ་ལ་མཐར་ཐུག་ཆོས་སྐུའི་ཡོན་ཏན་ནམ་མཁའ་དང་མཉམ་པ་དེ། སྔོན་ཐ་མལ་འཆིང་བ་ཀུན་ལྡན་དུ་གྱུར་པའི་གང་ཟག་གི་རྒྱུད་ལས་ཕྱིས་མངོན་དུ་གྱུར་པ་ཡོད་པའི་ཕྱིར་དང་རིགས་མེད་ན་བརྩོན་ཀྱང་དེ་ལྟར་མི་འཐད་པའི་ཕྱིར་དང་། ཆོས་སྐུའི་ཡོན་ཏན་དེ་རང་བཞིན་འདུས་མ་བྱས་རྟག་པའི་ངོ་བོ་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་གསུམ་གྱིས་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་ལྟོས་པའི་རིགས་པས་གྲུབ་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་ལུགས་སྟོང་ཆེན་གདོད་མའི་འོད་གསལ་ཆེན་པོར་དབྱེར་མེད་རོ་གཅིག་པའི་ཕྱིར། འཁྲུལ་བ་གློ་བུར་བས་སྤྲུལ་པའི་སེམས་ཅན་རྣམས་ཀྱང་གནས་ལུགས་དོན་དམ་པའི་ཆོས་ཉིད་ལས་མ་གཡོས་པར་ཆོས་ཉིད་ཀྱི་རིགས་པས་གྲུབ་པ་དང་། དྲི་མ་གློ་བུར་པ་སྤང་རུང་དང་། ཡོན་ཏན་ཡེ་ལྡན་གྱི་ཆོས་སྐུ་ཀུན་ལ་ཁྱད་མེད་དུ་ཡོད་པའི་ཕྱིར། རིགས་ཡོད་པར་གྲུབ་ལ། དེ་ཡོད་ན་ལུས་ཅན་དེ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བྱ་བ་བྱེད་པའི་རིགས་པས་གྲུབ་པ་སོགས་རྣམ་དག་རིགས་པའི་སྒོ་དང་། ངེས་དོན་ཕྱིར་མི་ལྡོག་པའི་མདོ་སྡེ་ཟབ་མོ་རྣམས་དང་། རྗེ་བཙུན་བྱམས་པས་མཛད་པའི་རྒྱུད་བླ་མ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་སོགས་ཡིད་ཆེས་པའི་ལུང་དང་། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་གསར་རྒྱུད་ཐུན་མོང་མ་ཡིན་པ་རྣམས་ཀྱི་མན་ངག་སྟེ། ཚད་མ་གསུམ་ལ་བརྟེན་ནས་ཡིད་ཆེས་པ་གལ་ཆེ་ཞིང་དོན་གྱི་གནད་འདི་ལ་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་དགོངས་པ་གཅིག་ཏུ་འབབ་ནའང་། གནས་སྐབས་ཀྱི་གྲུབ་མཐའི་ཁས་ལེན་ཕྲ་མོ་ཙམ་ལ་བརྟེན་ནས། གངས་ཅན་གྱི་ཁྲོད་དུ་དགོངས་པ་ལེན་ཚུལ་ཐ་དད་པའི་དབང་གིས་དགག་སྒྲུབ་ཀྱི་ཆུ་གཏེར་རྣམ་པར་འཁྲུགས་མོད། དོན་དུ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཟབ་མོ་དེ་ཉིད་གདུལ་བྱ་ཡོངས་སུ་མ་སྨིན་པ་རྣམས་ཀྱིས་ཐོག་མ་ནས་ཐོས་ན་སྐྲག་པར་འགྱུར་བའི་ཕྱིར། རྒྱལ་བས་འཁོར་ལོ་དང་པོར་དངོས་སུ་མ་བསྟན་ཅིང་། བར་བར་བདག་ཏུ་ལྟ་བའི་གཉེན་པོར་ངོ་བོ་སྟོང་ཕྱོགས་ཀྱི་སྒོ་ནས་རྣམ་ཐར་སུམ་ལྡན་དུ་གསུངས་པ་དང་། འཁོར་ལོ་ཐ་མར་ཡོངས་སུ་སྦྱོངས་བར་བྱས་པའི་བྱང་སེམས་སྐལ་པ་ཆེན་པོ་རྣམས་ཀྱི་ངོར་རང་བཞིན་སྐུ་དང་ཡེ་ཤེས་སོགས་སྣང་ཕྱོགས་ཀྱི་ཆ་ནས་ངེས་དོན་དྲང་ཐད་དུ་སྟོན་པར་མཛད་པ་ནི། རིགས་ཁམས་ནོར་བུ་སྦྱང་བའི་དཔེ་སོགས་ཀྱིས་གསལ་བར་བསྟན་པ་བཞིན་ལ། མཐར་ཐུག་ཐུན་མོང་མ་ཡིན་པའི་གནད་གསང་རྣམས་ནི་གསང་རྒྱུད་སྤྱི་དང་། ཁྱད་པར་དུས་ཀྱི་འཁོར་ལོ་ལས་གསལ་བར་བསྟན་ཞིང་མཐར་ཐུག་པ་ནི་རང་བཞིན་རྫོགས་པ་ཆེན་པོར་གཏན་ལ་ཕབ་པ་ཡིན་ཏེ། དེ་དག་གི་རྣམ་བཞག་རྒྱས་པ་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུངས་ཀྱི་གསང་མཛོད་རྣམས་དང་། ཁོ་བོའི་བླ་མ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཞལ་སྔ་ནས་རྩལ་བའི་བདེ་གཤེགས་སྙིང་པོའི་སྟོང་ཐུན་སེང་གེའི་ང་རོ་དང་གཉུག་མ་འོད་གསལ་གྱི་དོན་ལ་དཔྱད་པ་སོགས་ལས་རྟོགས་པར་བྱ་བ་ལས་འདིར་ཡི་གེས་འཇིགས་ནས་མ་སྤྲོས་ལ། དོན་གྱི་གནད་ནི། ཀུན་མཁྱེན་ཆེན་པོས། ཐར་པ་དགེ་བའི་རྟེན་ནི་རིགས་ཡིན་ལ། །དེ་ཡང་སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མེད་ཁམས་ཏེ་རང་བཞིན་གནས་པའི་རིགས། །དེ་ཡི་སྣང་ཆ་སྐུ་གཉིས་དཔེ་རྣམས་དགུ། །སྙིང་པོའི་རང་བཞིན་ཡེ་ནས་གནས་པ་ནི། རྒྱས་འགྱུར་རིགས་ཞེས་བདེ་བར་གཤེགས་པས་གསུངས། རྩ་བ་རིག་པའི་ཡེ་ཤེས་འོད་གསལ་བ། ངོ་བོ་དུག་གསུམ་མེད་པའི་དགེ་བ་ཡིན། ཞེས་པའི་འགྲེལ་བར། དེའང་རང་བཞིན་གྱིས་དག་ཅིང་ངོ་བོ་ཉིད་དྲི་མ་མེད་པའི་སེམས་ཉིད་སངས་རྒྱས་ཀྱི་ཡེ་ཤེས་དམ་པ་ཡེ་ནས་གནས་པའི་སེམས་ཀྱི་རང་བཞིན་འོད་གསལ་བའི་སྣང་ཆ་ནས་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པ་དཔེ་དགུས་བསྟན་ཅིང་སྟོང་ཆ་ལ་ཆོས་སྐུའི་ཡོན་ཏན་ནམ་མཁའ་ལྟ་བུའི་དཔེ་མདོ་རྒྱུད་ཐམས་ཅད་ནས་བཤད་ལ། དེ་གཉིས་དབྱེར་མི་ཕྱེད་པ་ནི་ཐོག་མ་མེད་པའི་ཆེས་ཁམས་དགེ་བ་སྟེ། འགྱུར་བ་མེད་པས་རང་བཞིན་པའི་རིགས་དང་། དྲི་མ་སྦྱངས་ནས་ཡོན་རྒྱས་པར་མངོན་པས་རྒྱས་འགྱུར་གྱི་རིགས་ཞེས་བཏགས་ཀྱང་། རྩ་བ་རིག་པའི་ཡེ་ཤེས་འོད་གསལ་བ་ཉིད་དོ། །ཞེས་གསུངས་པ་ལྟར། རིགས་གཉིས་སུ་བཤད་པའང་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་ལས་དོན་ལ་ནི་རང་གི་ སེམས་ཉིད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་གཤིས་ཅིར་ཡང་མ་གྲུབ་ལ་གདངས་འགག་མེད་དུ་འཆར next hit་བའི་གཉུག་མའི་ཤེས་པ་དྭངས་གསལ་རྗེན་པ་འདི་ཉིད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ས་བོན་ནམ་བདེ་གཤེགས་སྙིང་པོ་ཡིན་ཏེ། ཀླུས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ལྟ་བུའི་རིགས་ཅན་དེས་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བདག་མེད་པ་གཉིས་ཀྱི་དོན་ཚུལ་བཞིན་དུ་གཏན་ལ་ཕབས་ཏེ་དེ་ཉིད་ཇི་ལྟར་བསྒོམ་པའི་ཚུལ་ནི། རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོས་འདི་ལྟར་གསུངས་ཏེ། བྱང་སེམས་སྨོན་ལམ་གྱི་བཀའ་འགྲེལ་ལས། སྤྱིར་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པའི་དོན་རྣམས་བླང་དོར་གྱི་སྒོ་ནས་རྩེ་གཅིག་ཏུ་ཉམས་སུ་ལེན་པ་དང་། ཁྱད་པར་བདག་མེད་ཀྱི་དོན་གཏན་ལ་ཕབས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྒོམ་པ་ལ་འཇུག་པར་བྱའོ། །འདི་ལ་གཉིས་གང་ཟང་གི་བདག་མེད་བསྒོམ་ཚུལ་དང་། ཆོས་ཀྱི་བདག་མེད་བསྒོམ་ཚུལ་ལོ། །དང་པོ་ནི། གང་ཟག་གི་བདག་ཅེས་པ་ཕུང་པོ་ལ་སོགས་པ་ལ་དམིགས་ནས་ང་དང་ང་ཡི་བར་འཛིན་པའི་སེམས་ཏེ། དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བདེན་པར་ཞེན་ཅིང་མུ་སྟེགས་པ་རྣམས་ཀྱིས་རྟག་གཅིག་རང་དབང་ཅན་དུ་འདོད་པས་ཉོན་མོངས་པ་དང་ལས་སྣ་ཚོགས་པ་བསྐྱེད་ནས་འཁོར་བར་འཁྱམས་པའི་ཕྱིར། དེ་མེད་པར་སྒྲུབ་པ་ནི། གལ་ཏེ་དེ་ལྟ་བུའི་བདག་དེ་རང་བཞིན་གྱིས་གྲུབ་ན། ཕུང་པོ་ལས་གཅིག་ཏུ་གྲུབ་པའམ་ཐ་དད་དུ་གྲུབ། གཅིག་ཏུ་གྲུབ་ན་ཕུང་སོགས་སྐྱེ་འཇིག་བྱེད་པ་བཞིན་དུ་བདག་ཀྱང་སྐྱེ་འཇིག་བྱེད་པར་འགྱུར་ལ། ཐ་དད་དུ་གྲུབ་ན་ཕུང་པོ་ལས་གཞན་པའི་བདག་མི་རྙེད་པའི་ཕྱིར་དང་། དེ་བཞིན་དུ་བདག་དེ་ཡོད་ན་ལུས་དང་། མིང་དང་། སེམས་གང་རུང་ཡིན་དགོས་ལ། ལུས་ནི་བདག་མ་ཡིན་ཏེ། འབྱུང་བཞི་འདུས་པ་ལས་བྱུང་བའི་ཕྱིར་དང་། མིང་ནི་བདག་མ་ཡིན་ཏེ། གློ་བུར་དུ་བཏགས་པའི་ཕྱིར། སེམས་ཀྱང་བདག་མ་ཡིན་ཏེ། དུས་གསུམ་གྱི་ངོ་བོར་མ་གྲུབ་པའི་ཕྱིར་རོ། །ཞེས་པ་ལ་སོགས་པའི་རིགས་པའི་ཚུལ་དུ་མས་གང་ཟག་གི་བདག་མེད་གཏན་ལ་ཕབ་སྟེ། འདི་ཙམ་ནི་ཉན་ཐོས་བྱེ་མདོ་གཉིས་ཀྱི་ལྟ་བའི་དངོས་གཞི་ཡིན་ནོ། །གཉིས་པ་ལ། ཆོས་ནི་ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་ཏེ་བདག་ནི་དེ་ལ་དངོས་པོ་དང་མཚན་མར་ཞེན་པའོ། །དེ་མེད་པར་སྒྲུབ་པ་ལའང་གཉིས་ཏེ། གཟུང་བ་རང་བཞིན་མེད་པར་སྒྲུབ་པ་དང་། འཛིན་པ་རང་བཞིན་མེད་པར་སྒྲུབ་པའོ། །དང་པོ་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ལ་ཐེག་དམན་དང་ཐེག་ཆེན་གཉིས་ལས། ཐེག་དམན་ལ་ཉན་ཐོས་བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ་གཉིས། ཐེག་ཆེན་ལ་སེམས་ཙམ་པ་དང་། དབུ་མ་པ་གཉིས་སོ། །དེ་ལ་ཐོག་མར་ཉན་ཐོས་བྱེ་བྲག་ཏུ་སྨྲ་བས། ཤེས་བྱ་ཐམས་ཅད་གཞི་ལྔར་གཏན་ལ་ཕབ་སྟེ། སྣང་བ་གཟུགས་དང་གཙོ་བོ་སེམས། །དེ་འཁོར་སེམས་ལས་བྱུང་བ་དང་། །ལྡན་མིན་འདུ་བྱེད་འདུས་མ་བྱས། །ཞེས་སོ། །གཞི་དེ་དག་ཐམས་ཅད་བདེན་གྲུབ་ཏུ་བཞེད་དེ། རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཅན་གྱི་ཕྱི་དོན་རགས་པ་དང་། ཤེས་པའི་རྒྱུན་གྱི་དངོས་པོ་རྣམས་བཏགས་ཡོད་ཀུན་རྫོབ་ཀྱི་ཕུང་པོ་དང་། གཟུང་བ་རྡུལ་ཕྲན་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་རྫས་ཡོད་དོན་དམ་པར་འདོད་པའི་ཕྱིར། ཆོས་ཀྱི་བདག་གཟུང་འཛིན་གཉིས་ཀ་གཏན་ནས་མ་སྤངས་ལ། མདོ་སྡེ་བས། རིག་མིན་གཟུགས་མ་རྟོགས་སེམས་སེམས་བྱུང་གསུམ་བདེན་པར་འདོད་ནའང་། རིག་མིན་གྱི་གཟུགས་ནི་གཞིག་ཅིང་གཞོམ་དུ་མི་རུང་བ་དང་། ལྡན་མིན་འདུ་བྱེད་ནི་གཟུགས་སེམས་དང་སེམས་བྱུང་གི་གནས་སྐབས་ལ་བཏགས་པ་ཙམ་ལས་རྫས་གཞན་དུ་མེད་པ་དང་། འདུས་མ་བྱས་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་ཕྱིར། དེ་རྣམས་རྫས་སུ་མི་འདོད་པས་ཆོས་ཁམས་ཕྱོགས་གཅིག་བདག་མེད་དུ་རྟོགས་པས་ཁྱད་པར་འཕགས་པ་ཡིན་ནོ། །གང་ལྟར་ཡང་དེ་དག་གི་བཏགས་པའི་གཟུང་བ་ཕྱི་རོལ་གྱི་དོན་རྡུལ་ཕྲན་ཆ་མེད་དུ་འདོད་པ་དགག་པ་ནི། དེ་གཅིག་ཏུ་ཡོད་དམ་དུ་མར་ཡོད། གཅིག་ཏུ་ཡོད་ན་ཕྱོགས་ཆའི་དབྱེ་བ་ཡོད་དམ་མེད། ཡོད་ན་ཕྱོགས་བཞི་སྟེང་འོག་སྟེ་ཆ་དྲུག་ཏུ་སོང་བས་རྡུལ་ཕྲན་ཆ་མེད་ཀྱི་དམ་བཅའ་ཉམས་ལ། མེད་ན་དངོས་པོ་ཐམས་ཅད་རྡུལ་ཕྲན་གཅིག་ཏུ་འགྱུར་བས་རགས་པ་རྩོམ་མི་ནུས་པའི་ཕྱིར་རོ། །དུ་མ་ཡོད་དོ་ཞེ་ན། རྩོམ་གཞིའི་རྡུལ་ཕྲན་གཅིག་མ་གྲུབ་པས། དེས་རྩོམ་པའི་དུ་མའང་མི་འགྲུབ་བོ། །འོ་ན་གཟུགས་སོགས་མངོན་སུམ་གྱི་སྣང་བ་འདི་རྣམས་ཅི་སྙམ་ན། དེ་ནི་སེམས་འཁྲུལ་བའི་དབང་གིས་བྱུང་བ་རྨི་ལམ་གྱི་སྣང་ཆ་བཞིན་ཏེ་དོན་ལ་བདེན་པར་མ་གྲུབ་པའི་ཚུལ། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པའི་ཕྱིར་དང་། རིགས་པའང་དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་འཛིན་པ་རང་བཞིན་མེད་པར་སྒྲུབ་པ་ལ། སྤྱིར་སེམས་ཙམ་པ་རྣམས་ཀྱིས་ཆོས་ཐམས་ཅད་ཡུལ་ཀུན་བརྟག་དང་། ཡུལ་ཅན་གཞན་དབང་དང་། གཉིས་སུ་མེད་པའི་ཆོས་ཉིད་ཡོངས་གྲུབ་སྟེ་མཚན་ཉིད་གསུམ་དུ་གཏན་ལ་ཕབས་ནས་སྔ་མ་གཉིས་ཀུན་རྫོབ་དང་། ཕྱི་མ་དོན་དམ་པའི་བདེན་པར་འདོད། བྱེ་བྲག་ཏུ་རྣམ་བདེན་པས། སྔར་སྨོས་པ་ལྟར་ཕྱི་དོན་བདེན་པར་མ་གྲུབ་ཀྱང་། དོན་སྣང་གི་སེམས་བདེན་གྲུབ་ཏུ་འདོད་པ་དགག་པའི་ཚུལ་ནི། གཟུང་བའི་ཡུལ་མ་གྲུབ་ན། དེར་འཛིན་གྱི་ཤེས་པའང་བདེན་པར་མ་གྲུབ་སྟེ། རྨི་ལམ་གྱི་སྣང་བ་དང་། དེ་མྱོང་མཁན་གྱི་ཤེས་པ་གཉིས་ཀ་སད་ནས་ཅིར་ཡང་མ་གྲུབ་པ་བཞིན་ནོ། །ཞེས་པ་ལ་སོགས་པས་ལེགས་པར་དཔྱད་དེ་བདེན་མེད་དུ་གཏན་ལ་ཕབ་ནས། རྣམ་རྫུན་པ་རྣམས་ཀྱིས། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཤེས་པ་རང་རིག་རང་གསལ་ཙམ་བདེན་པར་འདོད་དོ། །དེ་ཡང་མི་འཐད་དེ། དེ་ལྟ་བུའི་གཉིས་སྟོང་གི་ཤེས་པ་དེ་ཡོད་ན་གཅིག་ཏུ་ཡོད་དམ་དུ་མ་ཡོད། གཅིག་ཏུ་ཡོད་ན་དུས་གསུམ་གྱི་ཆ་ཤས་ཡོད་དམ་མེད། ཡོད་ན་གཅིག་ཏུ་མི་འཐད་དེ་དུ་མར་འགྱུར་ལ། མེད་ན་དངོས་མེད་དུ་འགྱུར་བའི་ཕྱིར་དང་། དུ་མར་ཡོད་དོ་ཞེ་ན། རྩོམ་གཞི་གཅིག་མ་གྲུབ་པས། དེས་རྩོམ་པའི་དུ་མའང་མ་གྲུབ་ལ། གཅིག་དང་དུ་མ་གང་རུང་དུ་མེད་ན་མེད་པས་ཁྱབ་པའི་ཕྱིར་རོ། །གཞན་ཡང་འདས་པའི་སེམས་ནི་ཞིག་པས་དངོས་པོར་མི་རུང་། མ་འོངས་པའི་སེམས་ནི་མ་བསྐྱེས་པས་དངོས་པོར་མི་རུང་། ད་ལྟ་བའི་སེམས་ནི་ཁ་དོག་དང་དབྱིབས་སུ་མ་གྲུབ། གཅིག་དང་དུ་མ་ལས་འདས། ལུས་ཀྱི་ཕྱི་ནང་གང་དུའང་མི་གནས། བཙལ་ན་གང་ཡང་མི་རྙེད་པའི་ཕྱིར། བདེན་པར་མ་གྲུབ་སྟེ། མདོར་ན་སྐྱེ་འགག་གནས་གསུམ་དང་བྲལ་བ་ནམ་མཁའ་ལྟ་བུའོ། །ཞེས་ལེགས་པར་དཔྱད་པས་རྟག་པའི་མཐའ་ལས་གྲོལ་བ་ན། ཆད་མཐའ་གསལ་བ་ནི། འོ་ན་སེམས་མེད་པ་ཉིད་གནས་ལུགས་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། སེམས་དེ་སྔར་དངོས་པོར་ཡོད་ལ། ཕྱིས་མེད་པར་གྱུར་ན་དངོས་མེད་དུ་རུང་མོད་ཀྱང་གདོད་ནས་ཡོད་མ་མྱོང་བའི་ཕྱིར། དེ་བཀག་པའི་མེད་པའང་མ་གྲུབ་ལ། ཡོད་མེད་གཉིས་ཀ་ལས་འདས་པས་མཐའ་གཉིས་ཀ་མ་གྲུབ། དེ་མ་གྲུབ་པས་གཉིས་ཀ་བཀག་པའི་གཉིས་མིན་དུའང་མི་འགྲུབ་པའི་ཕྱིར། གདོད་ནས་སེམས་ཀྱི་ཆོས་ཉིད་མཐའ་བཞིའི་སྤྲོས་པ་དང་བྲལ་བར་རྟོགས་པ་ནི། དབུ་མ་རང་རྒྱུད་པ་རྣམས་ཀྱི་བཞེད་པ་སྟེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་སོ། །མཐར་ཐུག་སྤྲོས་བྲལ་དུ་འཛིན་པའང་གནས་ལུགས་སུ་འདོད་པ་མ་ཡིན་ཏེ། དགག་བྱ་མཐའ་བཞི་སོ་སོ་ནས་གྲུབ་པ་མེད་པས། དེ་བཀག་པའི་མཐའ་བྲལ་ཞེས་བྱ་བ་ཞིག་ཀྱང་དོན་ལ་གྲུབ་པ་མེད་པའི་ཕྱིར། ཁས་ལེན་ཐམས་ཅད་དང་བྲལ་བ་ནི། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་རྩེ་མོར་གྱུར་པ་དབུ་མ་ཐལ་འགྱུར་པའི་དགོངས་པར་གནས་པའི་ཚུལ། འཕགས་པ་ཀླུས། ང་ལ་མཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཅེས་དང་། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པར། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཅེས་སོ། །དེ་ལྟར་ལུང་རིགས་ཀྱིས་དཔྱད་པའི་མཐར་བརྗོད་བྲལ་དུ་གཏན་ལ་དབབ་པ་དང་། སྒོམ་པས་ཉམས་སུ་མྱོང་བས་བརྗོད་བྲལ་དུ་གཏན་ལ་ཕེབས་པ་གཉིས་མཐར་གྱི་རོ་གཅིག་ཏུ་གྱུར་ནས་བློས་བྱས་གཟུང་འཛིན་གྱི་སྤྲོས་པ་ལས་གྲོལ་བ་ན་ལྟ་བའི་དཔྱད་པ་རྫོགས་པའི་ཚུལ། ཀུན་མཁྱེན་པྲཛྙ་ར སྨིས། སེམས་དང་གང་ཤར་སེམས་ཉིད་རང་ལུས་སོགས། ཕྱི་ནང་ཀུན་ཏུ་རྣམ་པར་བཙལ་བ་ན། །བཙལ་བས་མ་རྙེད་ཡུལ་ཅན་ཤེས་རབ་སོགས། །གནས་སྐབས་ཤིག་ཏུ་ལྟ་བར་འདོད་ན་ཡང་། །བློས་བྱས་གཟུང་འཛིན་སྤྲོས་པ་ཀུན་བྲལ་བའི། །གཉུག་མའི་ཡེ་ཤེས་རང་ངོ་འཕྲོད་པ་ཡི། ཤེས་པ་གསལ་དྭངས་རྟོག་མེད་ཡེ་ཤེས་དེ། །སྒྲུབ་བརྒྱུད་ཀུན་གྱི་ལྟ་བའི་གཙོ་བོ་ཡིན། །ཞེས་གསུངས་པ་ལྟར་རོ། །མདོར་ན་བློས་བརྟགས་ཤིང་དཔྱད་པས་དམིགས་པའི་ཡུལ་དུ་སྣང་བ་ནི་ཀུན་རྫོབ་བདེན་པ་སྟེ། དེ་རྣམས་ཐ་སྙད་ཙམ་དུ་ཡང་རང་གི་རྒྱུ་ལ་བརྟེན་ནས་འབྲས་བུར་འབྲེལ་བར་འབྱུང་བའི་ཚུལ་རྫིང་བུར་ཤར་བའི་ཟླ་བའི་གཟུགས་བརྙན་ནམ་སྒྱུ་མ་མཁན་གྱིས་སྤྲུལ་པའི་རྟ་དང་གླང་པོ་ལྟར་ཤེས་ཤིང་། དེ་ལྟར་སྣང་དུས་ཉིད་ནས་དོན་དམ་པར་མཚན་མར་གྲུབ་པ་རྡུལ་ཙམ་ཡང་མ་དམིགས་པའི་སྤྲོས་བྲལ་སྟོང་ཉིད་ནམ་མཁའི་དབྱིངས་ལྟ་བུར་རྟོགས་པ་ལ་བརྟེན་ནས་སྣང་བ་དེ་ཉིད་བདེན་པས་སྟོང་པ་ལ། སྟོང་པའི་དུས་ཉིད་ནས་སྣང་བ་མི་འགགས་པ་ཟུང་དུ་འཇུག་པའི་ཚུལ་གྱིས་འཁོར་འདས་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞི་དབུ་མ་བདེན་གཉིས་ཟུང་འཇུག་ཏུ་རྟོགས་པས་རྟག་ཆད་ཀྱི་དྲ་བ་མཐའ་དག་ཅིག་ཅར་དུ་འཇིག་པར་བྱེད་པ་ནི། རིགས་པའི་རྒྱལ་པའི་རྟེན་འབྲེལ་གྱི་རིགས་པ་སྟེ། སློབ་དཔོན་ཀླུས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ལགས་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། ཀུན་རྫོབ་དང་ནི་དོན་དམ་དག །སོ་སོར་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པ་ཞེས་བཤད་དོ། །ཅེས་དང་། ཡུམ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་གསུངས་པ་རྣམས་ལ་ངེས་ཤེས་མཆོག་ཏུ་བསྐྱེད་ནས་ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་དང་། སྒོམ་པས་ཉམས་སུ་ལེན་པས་ཅི་ནུས་སུ་འབད་པས། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་སྐྱེ་བས་ཅི་བྱེད་གཞན་དོན་དུ་འགྱུར་བའི་ཐབས་ལ་མཁས་པའང་ངང་གིས་འབྱུང་བས་ན་གནས་ལུགས་ཀྱི་དོན་ལ་ཇི་ཙམ་ངེས་ཤེས་དང་། མྱོང་བ་སྐྱེས་པ་དུ་ཙམ་དུ་སྙིང་རྗེ་སྐྱེ་ལ། དེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟུང་འབྲེལ་དུ་རྫོགས་པ་ནི་ཐེག་པ་ཆེན་པོའི་ལམ་མ་ནོར་བ་ཡིན་ཏེ། སློབ་དཔོན་ཞི་བ་ལྷས། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན། །སྤྱོད་པས་བསོད་ནམས་དག་པར་འགྱུར། །ཞེས་སོ། །དེ་ལྟ་བུའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉམས་སུ་ལེན་པའི་ཚུལ་ནི། སྒོམ་བྱའི་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་ནས། དབེན་པའི་གནས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། བསོད་ནམས་ཀྱི་ཚོགས་བསགས་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། གཟུང་འཛིན་གྱི་མཚན་མ་འབྱུང་བའི་གཞི་གང་ཟག་དང་ཆོས་ཀྱི་བདག་གཉིས་པོ་དཔྱད་པའི་ཡུལ་དུ་བྱས་ནས། ཡུལ་ཅན་དོན་དམ་དཔྱོད་པའི་རིག་ཤེས་ཚད་མས་སྔར་སྨོས་པ་ལྟར་དཔྱད་པའི་མཐར་བརྗོད་བྲལ་དུ་གཏན་ལ་ཕེབས་པ་ན། དེའི་ངང་དུ་མཚན་འཛིན་གྱི་རྣམ་པར་རྟོག་པ་གཞན་སྤངས་ཏེ་ཡུལ་ཡུལ་ཅན་རོ་གཅིག་པའི་གསལ་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་བཞག་པ་ནི། དོན་དམ་སྤྲོས་བྲལ་མཁའ་ལྟར་རྟོགས་པའི་ཤེས་རབ་སྟེ། ཀུན་མཁྱེན་པྲཛྙཱ་རསྨིས། སྦྱོར་བའི་དུས་སུ་མཚན་མར་འབྱུང་བའི་གཞི། །དེ་ཉིད་དཔྱད་པའི་རྟེན་དུ་ངེས་བྱས་ནས། །མཐའ་བཞི་རྣམ་གྲོལ་དངོས་གཞིའི་དུས་སུ་ནི། །གསལ་སྟོང་འཛིན་མེད་སྔོན་རབ་མཁས་པའི་ལུགས། །ཞེས་དང་། དཔྱད་དང་འཇོག་པའི་སྒོམ་ཚུལ་ཅི་ཡང་རུང་། །རང་གི་མཚན་ཉིད་རང་བཞིན་འོད་གསལ་བ། །གསལ་དང་ཤར་ལ་སྒོམ་མེད་མ་ཡེངས་པ། །སྒྲུབ་བརྒྱུད་ཀུན་གྱི་སྒོམ་པའི་གཙོ་བོ་ཡིན། །ཞེས་སོ། །དེ་ལྟར་མཉམ་པར་བཞག་པ་ཉིད་ཞི་ལྷག་ཟུང་འཇུག་ཀྱང་ཡིན་ཏེ། རིགས་པས་དཔྱད་ནས་བརྗོད་བྲལ་དུ་གཏན་ལ་ཕབས་པ་ནི་ལྷག་མཐོང་། དེའི་ངང་དུ་གསལ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་འཇོག་པ་ནི་ཞི་གནས། དེ་གཉིས་ཀྱང་ངོ་བོ་དབྱེར་མེད་པ་ཟུང་འཇུག་ཏུ་ཤེས་པར་བྱའོ། །ཐུན་ལས་ལྡང་བ་དང་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཐུན་མཚམས་ཀུན་ཏུ། གང་ཤར་གྱི་སྣང་བ་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་འབྱུང་བ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཤེས་པས་ཆད་མཐའ་ལས་གྲོལ། དེ་ཡང་རྟེན་འབྲེལ་ཡིན་པའི་རྟགས་ཀྱིས་དོན་དམ་པར་རང་བཞིན་མ་གྲུབ་པར་སོང་བས་རྟག་མཐའ་ལས་གྲོལ། སྣང་སྟོང་གཉིས་གདོད་མ་ནས་ཟུང་དུ་འཇུག་པས་བརྗོད་བྲལ་ལ་ངེས་ཤེས་མཆོག་ཏུ་འདྲོང་བ་ནི་ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་པའི་ཤེས་རབ་སྟེ། ཀུན་མཁྱེན་བླ་མས། མཉམ་བཞག་དུས་ཀྱི་ཉམས་ལེན་དེ་ལྟར་ནའང་། །རྗེས་ཐོབ་དུས་སུ་གང་ཤར་སྣང་ཆ་ཀུན། །རྨི་ལམ་སྒྱུ་མའི་དྲན་འདུན་དྲག་པོ་ཡིས། །ལེགས་པར་སྒོམ་ན་སྣང་སྟོང་དབྱེར་མེད་འཆར། །ཞེས་གསུངས་དེའི་ངང་ནས་སྣང་ཆ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་གནས་ལུགས་མ་རྟོགས་པའི་འགྲོ་བ་རྣམས་བསྒྲལ་འདོད་ཀྱི་བསམ་པས། ཐབས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ལ་འབད་ཅིང་། སྟོང་ཆ་དོན་དམ་གྱི་བདེན་པས་དེ་ཐམས་ཅད་ཀྱང་འཁོར་གསུམ་གྱི་བདེན་འཛིན་ལས་གྲོལ་བ་ནི་ལམ་དབུ་མ་ཐབས་ཤེས་ཟུང་འཇུག་གི་དོན་མ་ནོར་བ་དང་། ཁྱད་པར་གཞན་དོན་སྒྲུབ་ཚུལ་ལ་མཁས་པའི་ཤེས་རབ་ཞེས་ཤེས་རབ་རྣམ་པ་གསུམ་དུ་བཞག་གོ། །ལམ་དབུ་མ་དེས་ཚོགས་ལམ་ནས་བརྩམས་ཏེ་ལམ་ལྔ་རིམ་པར་བགྲོད་པའི་འབྲས་བུ་རང་དོན་དུ་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་ལས་མ་གཡོས་བཞིན་དུ། གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ཀྱིས་འཁོར་བ་ཇི་སྲིད་ཀྱི་བར་དུ་སྨོན་ལམ་དང་སྙིང་རྗེའི་རྟེན་འབྲེལ་གྱིས་ཡིད་བཞིན་གྱི་ནོར་བུ་ལྟར་ཕན་བདེའི་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ནི་འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་གི་ཚུལ་ཏེ། སློབ་དཔོན་ཀླུས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོ། །ཞེས་གསུངས་པ་རྣམས་དོན་ཆེ་བར་སེམས་ནས་ཡིག་ཚོགས་ལ་མ་འཛེམས་པར་ཞིབ་པར་བྲིས་པའོ། །སྤྱོད་པ་ནི། རྗེས་ཐོབ་ཀྱི་དུས་སུ་བདག་པས་གཞན་གཅེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའོ། །དེའང་སྤྱོད་པའི་རང་བཞིན་ཕ་རོལ་དུ་ཕྱིན་པ་དྲུག་གམ་བཅུ་སྟེ། དྲུག་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བོ། །བཅུ་ནི་ཐབས། སྟོབས། སྨོན་ལམ། ཡེ་ཤེས་བཞི་བསྣན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ནང་དུ་འདུའོ། །དེ་ལ་ངོ་བོ་ནི། སྦྱིན་པ་རང་ནོར་ཡོང་གཏོང་བ། །ཚུལ་ཁྲིམས་གཞན་ཕན་བྱ་བའོ། །བཟོད་པ་ཁྲོ་བ་སྤངས་བ་སྟེ། །བརྩོན་འགྲུས་དགེ་ལ་སྤྲོ་བ་ཉིད། །བསམ་གཏན་རྩེ་གཅིག་ཉོན་མོངས་མེད། །ཤེས་རབ་བདེན་དོན་གཏན་ལ་འབེབས། །ཞེས་རིན་ཆེན་ཕྲེང་བ་ལས་གསུངས། མཚན་ཉིད་ནི། བྱང་སེམས་ཀྱི་སྒྲུབ་པའི་བསླབ་བྱ་གང་ཞིག་ཁྱད་ཆོས་བཞི་ལྡན་གྱི་སྦྱིན་སོགས་ཕར་ཕྱིན་ལ་སློབ་པར་འདོད་པའི་སེམས་པ་མཚུངས་ལྡན་དང་བཅས་པ་སྟེ། ཁྱད་ཆོས་བཞི་ནི། མདོ་རྒྱན་ལས། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམས་གསུམ། །ཞེས་སོ། །སྒྲ་དོན་པ་རཱ་མི་ཏ་ཞེས་པ་ཕ་རོལ་དུ་ཕྱིན་པ་སྟེ། འཇིག་རྟེན་དང་ཉན་རང་གི་དགེ་བ་ཀུན་ལས་ཕུལ་དུ་བྱུང་བའི་ཕ་རོལ་དུ་འགྲོ་བས་སོ། །བྱེ་བྲག་སོ་སོའི་སྒྲ་དོན་ནི། དེ་ཉིད་ལས། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱང་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་སོ། །དབྱེ་ན་སྦྱིན་པ་ལ། ཟང་ཟིང་། ཆོས་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྟེ་གསུམ། ཚུལ་ཁྲིམས་ལ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་གསུམ་བཟོད་པ་ལ་གནོད་བྱེད་ལ་ཇི་མི་སྙམས་པ། སྡུག་བསྔལ་དང་ལེན། ཆོས་ལ་ངེས་རྟོག་གི་བཟོད་པ་སྟེ་གསུམ། བརྩོན་འགྲུས། བསམ་པ་གོ་ཆ། སྦྱོར་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་གསུམ། བསམ་གཏན་ལ། བྱིས་པ་ཉེར་སྤྱོད། དོན་རབ་འབྱེད་པ། དེ་བཞིན་གཤེགས་དགའི་བསམ་གཏན་གསུམ་དང་། ཤེས་རབ་ལ། ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་མམ། ཀུན་རྫོབ། དོན་དམ། གཞན་དོན་ཤེས་པའི་ཤེས་རབ་གསུམ་མོ། །ཡང་ན་མངོན་རྟོགས་རྒྱན་ལས། དེ་དག་སོ་སོར་སྦྱིན་ལ་སོགས། །རྣམ་པ་དྲུག་ཏུ་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་མཚན་དྲུག་ཐིས་ཇི་བཞིན་བཤད། །ཅེས་པས་སྦྱིན་སོགས་རེ་རེ་ལའང་སྦྱིན་པའི་སྦྱིན་པ་སོགས་དྲུག་དྲུག་ཏུ་དབྱེ་བའོ། །གྲང་ངེས་ངེས་ནི། བསླབ་པ་གསུམ་གྱི་དབང་གིས་ཏེ། །མདོ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་རྟོགས། །ཞེས་སོ། །དེ་ཡང་ཚོགས་གཉིས་སུ་བསྡུ་ན། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱིས། །ཚོགས་མིན་ཤེས་རབ་ཡེ་ཤེས་ཏེ། །གསུམ་ནི་གཉིས་ཆར་ལ་ཡང་གཏོགས། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་སོ། །གོ་རིམ་ནི། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པས་བསྟན་པ་ཡིན། །ཞེས་སོ། །བསྒྲུབ་ཚུལ་ནི། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་སོ། །ཕན་ཡོན་ནི། རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞིར་ནི་ཤེས་པར་བྱ། །ཞེས་སོ། །འབྲས་བུ་ལ། གནས་སྐབས་ཀྱི་འབྲས་བུ། རིན་ཆེན་ཕྲེང་བ་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་དང་། མཐར་ཐུག་གི་འབྲས་བུ། གཟུགས་ཀྱི་སྐུ་ནི་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་ལྟར་ཏེ། རྒྱས་པར་གཞན་དུ་ཤེས་པར་བྱ་སྟེ། འདིར་མ་སྤྲོས་སོ། །འབྲས་བུ་ནི། ས་བཅུ་དང་ལམ་ལྔ་རིམ་གྱིས་བགྲོད་ནས། མི་སློབ་པའི་ལམ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ། རང་དོན་ཆོས་སྐུར་གྲོལ་ཏེ། གཞན་དོན་གཟུགས་སྐུ་གཉིས་ལ་བརྟེན་ནས་སེམས་ཅན་གྱི་དོན་འཁོར་བ་མ་སྟོང་གི་བར་དུ་མཛད་པ་སྟེ། དེ་ལ་ས་བཅུ་ནི། སྤྱིར་ས་ཡིས་མཚན་ཉིད། རྟོགས་པའི་ཡོན་ཏན་གྱི་རྟེན་དུ་གྱུར་པ། སྒྲ་དོན་བྷུ་མི་ཞེས་པའི་སྒྲ་ལས་གོང་མའི་ཡོན་ཏན་གྱི་རྟེན་དུ་འགྱུར་ཞིང་། ས་དེ་ཉིད་ཀྱི་ཡོན་ཏན་གྱི་གཞི་ཡིན་པས་ས་ཞེས་བྱ། དབྱེ་ན། སྤྱིར་ཐེག་པ་ཆེ་ཆུང་གི་དབྱེ་བ་དང་། ཐེག་ཆེན་ལའང་སྐྱེ་འཕགས་ཀྱི་ས་གཉིས་ལས། འདིར་ཐེག་ཆེན་འཕགས་པའི་ས། དེ་ལ་སློབ་པ་དང་མི་སློབ་པའི་ས་གཉིས་ལས་དང་པོ་རབ་ཏུ་དགའ་བ་སོགས་བཅུ་སྟེ། དེ་དག་གི་མཚན་ཉིད་དང་སྒྲ་དོན་ཟུང་དུ་འབྲེལ་བར་བཤད་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་སེ་སྣའི་རྒྱུ་འབྲས་སྤོང་བས་དང་པོའི་མཚན་ཉིད། དེའི་ཚེ་སྔོན་མ་མཐོང་བའི་ཆོས་ཉིད་མཐོང་བས་བྱང་ཆུབ་ཏུ་ཉེ་བ་དང་། སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་མཐོང་བས་རབ་ཏུ་དགའ་བ་ཁྱད་པར་ཅན་སྐྱེ་བའི་བའི་ཕྱིར། རབ་ཏུ་དགའ་བ་ཅེས་བྱའོ། །དེ་བཞིན་དུ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་ནས་འཆལ་ཚུལ་གྱི་རྒྱུ་འབྲས་སྤངས་བ་ས་གཉིས་པ། དེའི་ཚེ་རྨི་ལམ་ཙམ་དུའང་འཆལ་ཚུལ་གྱི་དྲི་མ་མེད་པས་དྲི་མེད་པ། བཟོད་པའི་ཕར་ཕྱིན་ཡོངས་སུ་རྫོགས་ནས་ཁོང་ཁྲོའི་རྒྱུ་འབྲས་སྤང་བ་ས་གསུམ་པ། དེའི་ཚེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པས་ན་འོད་བྱེད་པ། བརྩོན་འགྲུས་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་ནས་ལེ་ལོའི་རྒྱུ་འབྲས་སྤོང་བ་ས་བཞི་པ། དེའི་ཚེ་ཉོན་མོངས་པའི་བུད་ཤིང་མ་ལུས་པ་བསྲེག་ནུས་པའི་བྱང་ཆུབ་ཕྱོགས་ཆོས་ཀྱི་འོད་འཕྲོ་བས་འོད་འཕྲོ་བ། བསམ་གཏན་གྱི་ཕར་ཕྱིན་ཡོངས་སུ་རྫོགས་ནས་རྣམ་པར་གཡེང་བའི་རྒྱུ་འབྲས་སྤང་བ་ས་ལྔ་པ། དེ་ཚེ་སེམས་ཅན་གྱི་དོན་ཀྱང་རྒྱུན་མི་འཆད་ཅིང་། རང་གི་ངོ་བོ་རྣམ་པར་མི་རྟོགས་པའི་ཡེ་ཤེས་ལས་ཀྱང་ཉམས་པ་མེད་པ་སྟེ། འདི་གཉིས་ཟུང་འབྲལ་དུ་སྤྱོད་པ་དེ་ཤིན་ཏུ་དཀའ་བའི་ཕྱིར། སྦྱངས་དཀའ་བ། ཤེས་རབ་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་ནས་ཤེས་འཆལ་གྱི་རྒྱུ་འབྲས་སྤོང་བ་ས་དྲུག་པ། དེའི་ཚེ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་མངོན་སུམ་དུ་མཐོང་བས་མངོན་དུ་གྱུར་པ། ཐབས་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་ནས་ཐབས་ལ་མི་མཁས་པའི་རྒྱུ་འབྲས་སྤོང་བ་ས་བདུན་པ། དེའི་ཚེ་བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་དང་འདབ་འབྲེལ་བས་ཉེ་ཞིང་འཁོར་འདས་ཀྱི་མཐའ་ལས་རིང་དུ་སོང་བས་ན་རིང་དུ་སོང་བ། སྟོབས་ཀྱི་ཕར་ཕྱིན་རྫོགས་ནས་སྟོབས་ལ་སྒྲིབ་པའི་རྒྱུ་འབྲས་སྤོང་བ་ས་བརྒྱད་པ། དེའི་ཚེ་མཉམ་རྗེས་ཀུན་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མཚན་མའི་འདུ་ཤེས་དང་མཚན་མ་མེད་པའི་འདུ་ཤེས་ཀྱི་ཆོས་ལས་འདས་ཤིང་རྩོལ་བས་མི་སྤྱོད་པས་མི་གཡོ་བ། སྨོན་ལམ་གྱི་ཕར་ཕྱིན་རྫོགས་ནས་སྨོན་པའི་དོན་མི་འགྲུབ་པའི་རྒྱུ་འབྲས་སྤོང་བ་ས་དགུ་པ། དེའི་ཚེ་སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་འབྱོར་བའི་བློ་གྲོས་ཕུན་སུམ་ཚོགས་པ་དང་ལྡན་པས་ལེགས་པའི་བློ་གྲོས། ཡེ་ཤེས་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་ནས་ཤེས་བྱའི་སྒྲིབ་པའི་རྒྱུ་འབྲས་ཡོངས་སུ་སྤོང་བ་ས་བཅུ་པའི་མཚན་ཉིད། དེའི་ཚེ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྤྲིན་ལས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གདུལ་བྱ་སོ་སོའི་སྐལ་པ་དང་མཚམས་པར་ཆོས་ཀྱི་ཆར་འབེབས་པར་ནུས་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །དེ་ལའང་ནང་གསེས་སུ་ས་དང་པོ་ནས་བདུན་པའི་བར་ལ་མ་དག་ས་བདུན་ཞེས་བྱ་སྟེ། མཉམ་རྗེས་ཐ་དད་དུ་འཛིན་པའི་དྲི་མ་དང་བཅས་པའི་ཕྱིར། ས་བརྒྱད་པ་ནས་ས་བཅུ་པའི་བར་ལ་དག་པ་ས་གསུམ་ཞེས་བྱ་སྟེ། ཐ་དད་དུ་འཛིན་པའི་དྲི་མ་ལས་འདས་པའི་ཕྱིར་རོ། །ལམ་ལྔ་ནི། ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔ་སྟེ། དང་པོ་ཚོགས་ལམ་ནི། བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ལས་དང་པོ་པའི་མཁྱེན་པ་དེ་ཚོགས་ལམ་གྱི་མཚན་ཉིད། སྒྲ་དོན་སམ་བྷ་ར་མཱརྒ་ཞེས་པས། གཙོ་བོར་ཐོས་བསམ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་རྟེན་ཏེ་གོམས་པར་བྱེད་པས་ཚོགས་ལམ་ཞེས་བྱ་ཞིང་། ཐར་པ་ཆ་མཐུན་གྱི་ལམ་དང་། ལས་དང་པོ་པའི་མངོན་རྟོགས་རྣམ་དོན་གཅིག་གོ། །དབྱེ་ན་ཆུང་འབྲིང་ཆེ་གསུམ་སྟེ། དང་པོ་ནི། སྦྱོར་ལམ་དུ་འཇུག་པའི་དུས་མ་ངེས་པའོ། །གཉིས་པ་ནི། ཚེ་ཕྱི་མ་ཕན་ཆད་དུ་སྦྱོར་ལམ་ལ་འཇུག་པའི་དུས་ངེས་པའོ། །གསུམ་པ་ནི། ཚེ་དེ་ཉིད་དུ་སྦྱོར་ལམ་གྱི་དྲོད་སྐྱེ་བར་ངེས་པའོ། །འདི་མཐར་ཕྱིན་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་ཞིང་གདམས་ངག་ཉན་པ་སོགས་ལ་དབང་བ་ཡིན་ནོ། །གཉིས་པ་སྦྱོར་ལམ་ནི་ཚོགས་ལམ་གྱི་རྗེས་ལས་བྱུང་བའི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དེ་སྦྱོར་དེ་ཡང་སྦྱོར་ལམ་ཡིན་མིན་གྱི་ཚད་དཔེ་ཡི་ཡེ་ཤེས་རྒྱུད་ལ་སྐྱེས་མ་སྐྱེས་ཀྱིས་འཛིན་པར་གསུངས། མཆན། ལམ་གྱི་མཚན་ཉིད། སྒྲ་དོན་པྲ་ཡོ་ག་མཱརྒ་ཞེས་པས་ངེས་པར་འབྱེད་པའི་མཐོང་ལམ་ལ་དངོས་སུ་སྦྱོར་བར་བྱེད་པས་སྦྱོར་ལམ་སྟེ་ངེས་འབྱེད་ཆ་མཐུན་ནམ་ངེས་འབྱེད་ཡན་ལག་མངོན་རྟོགས་རྣམས་དོན་གཅིག །དབྱེ་ན་ཆུང་འབྲིང་ཆེ་གསུམ་ལས། དང་པོ་ནི་དྲོད་དང་རྩེ་མོ་གཉིས་ཏེ། མཐོང་ལམ་སྐྱེ་བའི་དུས་མ་ངེས་པའོ། །གཉིས་པ་ནི་བཟོད་པ་སྟེ། ཚེ་ཕྱི་མ་ལ་མཐོང་ལམ་སྐྱེ་བར་ངེས་པའོ། །གསུམ་པ་ནི། ཆོས་མཆོག་ཆེན་པོ་སྟེ། ཚེ་དེ་ཉིད་ལ་མཐོང་ལམ་སྐྱེ་བར་ངེས་པའོ། །དེ་ཡང་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལྟ་བུའི་སྔ་ལྟས་སུ་གྱུར་བས་དྲོད། དགེ་བའི་རྩ་བ་གཡོ་བ་རྣམས་ཀྱི་རྩེ་མོར་གྱུར་པས་རྩེ་མོ། སྟོང་པ་ཉིད་ལ་མི་སྐྲག་པས་བཟོད་པ། འཇིག་རྟེན་པའི་ཆོས་ཀྱི་ནང་ནས་མཆོག་ཏུ་གྱུར་པས་ཆོས་མཆོག་སྟེ། དེ་སོ་སོར་དྲོད་སྣང་བ་ཐོབ་པའི་ཏིང་ངེ་འཛིན། རྩེ་མོར་གྱུར་སྣང་བ་མཆེད་པའི་ཏིང་ངེ་འཛིན། བཟོད་པ་དེ་ཁོ་ན་ཉིད་ལ་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན། ཆོས་ཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱ་ཞིང་། དེ་རེ་རེ་ལའང་ནང་གསེས་སུ་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བས་ངེས་འབྱེད་ཆ་མཐུན་བཅུ་གཉིས་སུ་བཞེད་པ་དང་། གཞན་ཡང་ཀུན་ཉོན་དང་རྣམ་བྱང་གི་གཟུང་བ་རང་བཞིན་མེད་པར་རྟོགས་པ་དྲོད་དང་རྩེ་མོ། གང་ཟག་རྫས་ཡོད་དང་བཏགས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པར་རྟོགས་པ་བཟོད་དང་ཆོས་མཆོག་ཞེས་ཀྱང་གསུངས་སོ། །འདི་དག་གི་ཡོན་ཏན། རྩེ་མོ་ཐོབ་པས་དགེ་བའི་རྩ་བ་རྒྱུན་མི་འཆད། བཟོད་པ་ཐོབ་ནས་ངན་སོང་དུ་མི་ལྟུང་བ་སོགས་དང་། ཚོགས་ལམ་ཆེན་པོ་ལས་ཁྱད་པར་དུ་འཕགས་ཚུལ་ནི་མཐོང་ལམ་ལ་ཉེ་བ་དང་། ཡེ་ཤེས་ཀྱི་དྲོད་བརྟན་པས་གྱུར་པ་སོགས་ཀྱིས་ཕྱེ་བར་གསུངས་སོ། །གསུམ་པ་མཐོང་ལ་ལམ་ནི། བདག་མེད་མངོན་སུམ་དུ་གསལ་དུ་རྟོགས་པའི་མཁྱེན་པ་དེ་མཐོང་ལམ་གྱི་མཚན་ཉིད། སྒྲ་དོན་དཪྴན་མཱརྒ་ཞེས་པས། སྔར་མ་མཐོང་བའི་ཆོས་ཀྱིས་དབྱིངས་དང་པོར་མཐོང་བས་མཐོང་ལམ་སྟེ། བདེན་པ་མངོན་པར་རྟོགས་པ་དང་ངེས་འབྱེད་རྣམས་དོན་གཅིག་གོ། །དབྱེ་ན་ངོ་བོའི་སྒོ་ནས་སྐད་གཅིག་མ་བཅུ་དྲུག་སྟེ། བདེན་པ་བཞི་སོ་སོར། ཆོས་བཟོད་ཆོས་ཤེས། རྗེས་བཟོད། རྗེས་ཤེས་ཏེ། བཞི་བཞིར་དབྱེ་བའོ། །དེ་ལ་ཆོས་ཤེས་པའི་བཟོད་པ་ནི། ལམ་རྣམས་ལ་དམིགས་ནས་སོ་སོའི་མཐོང་སྤོང་གི་སྒྲིབ་པ་སྤང་བའོ། །ཆོས་ཤེས་པ་ནི། སྒྲིབ་པ་སྤངས་ནས་ཀྱང་རྣམ་པར་གྲོལ་བ་ཉམས་སུ་མྱོང་བའོ། །རྗེས་སུ་ཤེས་པའི་བཟོད་པ་ནི། སྐད་ཅིག་མ་དང་པོ་གཉིས་འཕགས་པའི་ཆོས་ཀྱི་རྒྱུར་རྟོགས་པའོ། །རྗེས་སུ་ཤེས་པ་ནི། དེ་ཉིད་རང་རིག་ཚུལ་གྱིས་ངེས་པར་འཛིན་ཅིང་མྱོང་བར་བྱེད་པའོ། །འདི་ལ་ཉན་ཐོས་བྱེ་སྨྲ་བས་སྐད་ཅིག་བཅུ་དྲུག་ཏུ་རིམ་ཅན་སྐྱེ་བར་འདོད་པ་སོགས་དང་། ཐེག་ཆེན་ཐུན་མོང་པ་འགའ་ཞིག་ཀྱང་བཅུ་དྲུག་ནས་གཅིག་གི་བར་ཅི་རིགས་སུ་སྐྱེ་བར་འདོད་ལ། ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། མདོ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་གསུངས་པས། དོན་དམ་པར་མཐོང་ལམ་སྐྱེ་བར་མི་བཞེད་ཅིང་། ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ལ་དགོངས་ནས་མཐོང་ལམ་སྐྱེ་བའི་རྣམ་བཞག་བྱེད་དོ། །སྤང་བྱའི་ངེས་ནས་དབྱེ་ན། ཉོན་སྒྲིབ་ཀུན་བརྟག་དང་། ཤེས་སྒྲིབ་གཟུང་འཛིན་རགས་པ་རྣམས་མཐོང་སྤང་སྟེ། ཞིབ་པར་གོང་སྨོས་བརྒྱ་དང་བཅུ་གཉིས་སོ། །དེ་རྣམས་སྤོང་བའི་གཉེན་པོ། ཆོས་བཟོད་བཞི་ནི། བར་ཆད་མེད་པའི་ལམ་དངོས་དང་། ཆོས་ཤེས་བཞི་ནི། རྟེན་གཉེན་པོ་རྣམ་པར་གྲོལ་བའི་ལམ། རྗེས་བཟོད་བཞི་དང་རྗེས་ཤེས་བཞི་ནི་ཐག་བསྲིང་བའི་གཉེན་པོའི་ཁྱད་པར་གྱི་ལམ་སྟེ་རྩ་འདོན་གྱི་ཚུལ་དུ་སྤོང་བར་བྱེད་དོ། །རྟེན་གྱི་ངོས་ནས་དབྱེ་ན། བྱང་ཆུབ་ཀྱི་ཡན་ལག་བདུན། སའི་དབང་དུ་བྱས་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོག་མར་བྱས་པ་དེའི་ཚེ་རང་གི་ངོ་སྐལ་གྱི་སྤོང་བྱ་སྤོང་བ་དང་། བདག་མེད་གཉིས་མངོན་དུ་རྟོགས་པས་བྱང་ཆུབ་ལ་ཉེ་བ་དང་། གཞན་དོན་འགྲུབ་པར་མཐོང་བའི་རབ་ཏུ་དགའ་བ་རྒྱ་ཆེན་པོ་སྔོན་ཆད་མ་མྱོང་བ་ཐོབ་པས་ས་དང་པོ་རབ་ཏུ་དགའ་བ་སྟེ། སྤང་བའི་ཁྱད་པར་མཐོང་སྤང་བརྒྱ་དང་བཅུ་གཉིས་སྤངས། རྟོགས་པའི་ཁྱད་པར་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་རྟོགས། ཡོན་ཏན་གྱི་ཁྱད་པར་བརྒྱ་ཕྲག་བཅུ་གཉིས་ལ་དབང་འབྱོར་ཏེ། བརྒྱ་ཕྲག་བཅུ་གཉིས་ནི། དུས་སྐད་ཅིག་མ་གཅིག་ལ་སངས་རྒྱས་བརྒྱའི་ཞལ་ལྟ་བ་དང་། སངས་རྒྱས་བརྒྱས་བྱིན་གྱིས་བརླབས་པར་ཤེས་པ་དང་། སྤྲུལ་པ་བརྒྱ་འགྱེད་པ་དང་། དུས་སྐད་ཅིག་ལ་སྐལ་པ་བརྒྱར་སྟོན་པ་དང་། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་དང་། ཏིང་ངེ་འཛིན་བརྒྱ་ལ་དུས་སྐད་ཅིག་མར་སྙོམ་པར་འཇུག་ཅིང་ལྡང་བ་དང་། སེམས་ཅན་བརྒྱ་སྨིན་པར་བྱེད་པ་དང་། ཞིང་ཁམས་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱ་འོད་ཀྱིས་གསལ་བར་བྱེད་པ་དང་། ཆོས་ཀྱི་སྒོ་མོ་བརྒྱ་འབྱེད་པ་དང་། རང་གིས་ལུས་བརྒྱར་སྟོན་པ་དང་། ལུས་རེ་རེ་ལ་ཡང་འཁོར་ཕུན་སུམ་ཚོགས་པ་བརྒྱས་བསྐོར་བར་སྟོན་པའོ། །སྐྱེ་བ་འཛིན་པའི་ཁྱད་པར་འཛམ་བུ་གླིང་གི་རྒྱལ་པོའི་སྐྱེ་བ་འཛིན་པར་ནུས་པའོ། །གཞན་ཡང་མདོ་ལས། ཆོས་མཐོང་བ། ཆོས་ཐོབ་པ། ཆོས་རིག་པ། ཆོས་རྟོགས་པ། སོམ་ཉི་ལས་བརྒལ་བ། ཐེ་ཚོམ་ལས་བརྒལ་བ། གཞན་གྱི་དྲིང་མི་འཇོག་པ། སྟོན་པའི་བསྟན་པ་ལས་གཞན་གྱིས་མི་བཀྲི་བ་ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ་སོགས་ཡོན་ཏན་གྱི་ཁྱད་པར་མང་དུ་གསུངས་སོ། །བཞི་པ་བསྒོམ་ལམ་ནི། བདག་མེད་མངོན་སུམ་དུ་རྟོགས་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་མཁྱེན་པ་དེ་སྒོམ་ལམ་གྱི་མཚན་ཉིད། སྒྲ་དོན་བྷ་ག་ཝན་མཱརྒ་ཞེས་པས་མཐོང་བའི་དོན་སྒོམ་པར་བྱེད་པས་སྒོམ་ལམ་སྟེ། རྣམ་དག་ངེས་འབྱིན་གྱི་ལམ་དང་དོན་གཅིག་གོ། །དབྱེ་ན། སྤང་བྱའི་ངོས་ནས་ཉོན་སྒྲིབ་ལྷན་སྐྱེས་དང་། ཤེས་སྒྲིབ་གཟུང་འཛིན་གྱི་རྟོག་པ་ཕྲ་བ་རྣམས་སྒོམ་སྤང་སྟེ་ཞིབ་པར་གོང་སྨོས་བཞི་བརྒྱ་དང་བཅུ་བཞིའོ། །དེའི་གཉེན་པོར་སྒོམ་ལམ་ཆུང་འབྲིང་ཆེ་གསུམ། དེ་རེ་རེ་ལའང་ཆུང་ངུའི་ཆུང་དུ་སོགས་སུ་དབྱེ་བས་དགེ་སྟེ་ས་གཉིས་པ་ནས་བཅུ་པའི་བར་རོ། །སྤང་ཚུལ། སྦྱོར་བས་མགོ་མནན། བར་ཆད་མེད་པས་དངོས་སུ་སྤངས་ཏེ། ལམ་འདི་གཉིས་ནི་སྤོང་བའི་གཉེན་པོའོ། །རྣམ་གྲོལ་གྱི་ལམ་ནི་རྟེན་གྱི་གཉེན་པོའོ། །ཁྱད་པར་གྱི་ལམ་ནི་ཐག་བསྲིང་གི་གཉེན་པོའོ། །དེ་ཡང་ཐེག་ཆེན་སྒོམ་ལམ་ཆུང་ངུའི་ཆུང་ངུའི་གནས་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །སའི་དབང་དུ་བྱས་ན་གཉིས་པ་དྲི་མ་མེད་པ། སྤངས་པའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤང་ཆེན་པོའི་ཆེན་པོ་ཞེ་དྲུག་སྤངས་པ། རྟོགས་པའི་ཁྱད་པར་ཆོས་ཉིད་མཆོག་གི་དོན་དུ་རྟོགས། ཡོན་ཏན་གྱི་ཁྱད་པར་སྟོང་ཕྲག་བཅུ་གཉིས་ཐོབ། སྐྱེ་བ་འཛིན་པའི་ཁྱད་པར་གླིང་བཞི་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྐྱེ་བ་འཛིན་ནུས་སོ། །དེ་བཞིན་དུ། སྒོམ་ལམ་ཆུང་ངུའི་འབྲིང་པོའི་སྐབས་ཀྱི་ཡེ་ཤེས་གང་ཞིག །ས་གསུམ་པ་འོད་བྱེད་པ། ཁམས་གསུམ་གྱི་སྒོམ་སྤོང་ཆེན་པོའི་འབྲིང་པོ་ཞེ་དྲུག་སྤང་། ཆོས་ཉིད་རྒྱུ་མཐུན་པའི་དོན་གྱི་མཆོག་ཏུ་རྟོགས། དེའི་དོན་སྔར་ཐོས་པ་བྱས་པ་དེ་ཆོས་ཉིད་ཀྱིས་རྟོགས་པའི་རྒྱུ་མཐུན་པའི་དོན་དུ་རྟོགས་ནས་སྟོང་གསུམ་མེ་འོབ་ཀྱིས་གང་བའང་འབོག་ནས་ཆོས་འཚོལ་བའོ། །ཡོན་ཏན་འབུམ་ཕྲག་བཅུ་གཉིས་ཐོབ། ལྷའི་དབང་པོ་བརྒྱ་བྱིན་གྱི་སྐྱེ་བ་འཛིན་ནུས་སོ། །སྒོམ་ལམ་ཆུང་ངུའི་ཆེན་པོའི་སྐབས་ཀྱི་ཡེ་ཤེས་གང་ཞིག་ས་བཞི་པ་འོད་འཕྲོ་བ། ཁམས་གསུམ་གྱི་སྒོམ་སྤོང་ཆེན་པོའི་ཆུང་ངུ་ཞེ་དྲུག་སྤངས་ཆོས་ཉིད་ཡོངས་སུ་འཛིན་པ་མེད་པའི་དོན་རྟོགས་པ་སྟེ། དེའི་ཚེ་བདག་ཏུ་འཛིན་པ་མེད་པས་ཆོས་དབྱིངས་ལ་བདག་གིར་འཛིན་པ་མེད་པར་རྟོགས་པའོ། །ཡོན་ཏན་བྱེ་བ་ཕྲག་བཅུ་གཉིས་ཐོབ། འཐབ་བྲལ་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་ནུས་སོ། །སྒོམ་ལམ་འབྲིང་པོའི་ཆུང་ངུའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ས་ལྔ་པ་སྦྱངས་དཀའ་བ། ཁམས་གསུམ་གྱི་སྒོམ་སྤང་འབྲིང་པོའི་ཆེན་པོ་ཞེ་དྲུག་སྤངས། ཆོས་ཉིད་རྣམ་པར་དག་པའི་དོན་དུ་རྟོགས། ཡོན་ཏན་བྱེ་བ་སྟོང་ཕྲག་བཅུ་གཉིས་ཐོབ། དགའ་ལྡན་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་ནུས་སོ། །སྒོམ་ལམ་འབྲིང་པོའི་འབྲིང་གི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ས་དྲུག་པ་མངོན་དུ་གྱུར་པ། ཁམས་གསུམ་ཀའི་སྒོམ་སྤང་འབྲིང་པོའི་འབྲིང་པོ་ཞེ་དྲུག་སྤངས། ཆོས་ཉིད་རྣམ་པར་དག་པའི་དོན་དུ་རྟོགས། །ཡོན་ཏན་བྱེ་བ་འབུམ་ཕྲག་བཅུ་གཉིས་ཐོབ། །འཕྲུལ་དགའི་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་ནུས་སོ། །སྒོམ་ལམ་འབྲིང་པོའི་ཆེན་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ས་བདུན་པའི་རིང་དུ་སོང་བ། ཁམས་གསུམ་གྱི་སྒོམ་སྤང་འབྲིང་པོའི་ཆུང་ངུ་ཞེ་དྲུག་སྤངས། ཆོས་ཉིད་ཐ་དད་མེད་པའི་དོན་དུ་རྟོགས་ཏེ། སངས་རྒྱས་ཀྱི་ཆོས་མདོ་དང་རྒྱས་པ་དུ་མར་གསུངས་ཀྱང་། དོན་ཆོས་ཀྱི་དབྱིངས་ལ་ཐ་དད་མེད་པར་རྟོགས་པའོ། །ཡོན་ཏན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས་ཐོབ། གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོའི་སྐྱེ་བ་འཛིན་ནུས་སོ། །སྒོམ་ལམ་ཆེན་པོའི་ཆུང་ངུའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ས་བརྒྱད་པ་མི་གཡོ་བ། ཁམས་གསུམ་གྱི་སྒོམ་སྤང་ཆུང་ངུའི་ཆེན་པོ་ཞེ་དྲུག་སྤངས། ཆོས་ཉིད་བྲི་གང་མེད་པ་དང་རྣམ་པར་མི་རྟོག་པ་དང་ཞིང་དག་པ་ལ་དབང་བའི་གནས་སུ་རྟོགས། ཡོན་ཏན་སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་དང་མཉམ་པར་ཐོབ། སྟོང་གི་བདག་པོ་ཚངས་པའི་སྐྱེ་བ་འཛིན་ནུས་སོ། །སྒོམ་ལམ་ཆེན་པོའི་འབྲིང་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ས་དགུ་པ་ལེགས་པའི་བློ་གྲོས། ཁམས་གསུམ་གྱི་སྒོམ་སྤང་ཆུང་ངུའི་འབྲིང་པོ་ཞེ་དྲུག་སྤངས། ཆོས་ཉིད་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ལ་དབང་བའི་གནས་སུ་རྟོགས། ཡོན་ཏན་སྟོང་ཆེན་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པར་ཐོབ། སྟོང་གཉིས་ཀྱི་བདག་པོ་ཚངས་པ་ཆེན་པོའི་སྐྱེ་བ་འཛིན་ནུས་སོ། །ངོ་བོ་ཐེག་ཆེན་སྒོམ་ལམ་ཆེན་པོའི་ཆེན་པོའི་སྐབས་ཀྱི་ཡེ་ཤེས་ཁྱད་པར་ཅན་གང་ཞིག །ས་བཅུ་པ་ཆོས་ཀྱི་སྤྲིན་ཏེ། སྤང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤང་ཆུང་ངུའི་ཆུང་ངུ་ཞེ་དྲུག་སྤངས། རྟོགས་པའི་ཁྱད་པར་ཆོས་ཉིད་ཕྲིན་ལས་ལ་དབང་བའི་གནས་སུ་རྟོགས། ཡོན་ཏན་གྱི་ཁྱད་པར་སངས་རྒྱས་ཀྱི་ཞིང་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་གྱི་གྲངས་དང་མཉམ་པ་ཐོབ། སྐྱེ་བ་འཛིན་པའི་ཁྱད་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ལྷའི་བུ་དབང་ཕྱུག་ཆེན་པོའི་སྐྱེ་བ་འཛིན་ནུས་སོ། །དེའང་དེ་དག་གི་རྒྱལ་པོར་སྐྱེ་བ་འཛིན་པའི་ནུས་པ་ཡོད་ཀྱི་སྐྱེ་བ་འཛིན་པས་མ་ཁྱབ་ལ། དེ་དག་གི་རྒྱལ་པོ་ཡིན་ཚད་ཀྱང་བྱང་ཆུབ་སེམས་དཔའི་ས་དེ་དག་ལ་གནས་པས་མ་ཁྱབ་སྟེ། ཁ་ཅིག་སོ་སོའི་སྐྱེ་བོ་བསོད་ནམས་རླབས་ཆེན་བསགས་པ་ཡིན་ལ། ཁ་ཅིག་ཏུ་དེ་བཞིན་གཤེགས་པའི་སྤྲུལ་པ་དེར་སྣང་བས་སེམས་ཅན་གྱི་དོན་མཛད་ཚུལ་གསུངས་པའི་ཕྱིར་རོ། །གཞན་ཡང་དག་ས་གསུམ་པོ་འདིར་དབང་བཞི་ཐོབ་སྟེ། ས་བརྒྱད་པ་ལ་ཉོན་ཡིད་གནས་གྱུར་པས་རྣམ་པར་མི་རྟོག་པ་དང་། སྒོ་ལྔ་གནས་གྱུར་པས་ཞིང་དག་པ་ལ་དབང་། ས་དགུ་པ་རྣམ་པར་རྟོག་པ་ཡིད་ཤེས་གནས་གྱུར་པས་ཡེ་ཤེས་བསམ་མི་ཁྱབ་པ་ལ་དབང་འབྱོར། ས་བཅུ་པར་ཡིད་ཤེས་ཀྱི་འཆར་གཞི་ཀུན་གཞིའི་ཤེས་པ་གནས་གྱུར་པས་ཕྲིན་ལས་ཕུན་སུམ་ཚོགས་པ་ལ་དབང་འབྱོར་ཏེ། གཞན་དོན་དུ་མཛད་པ་བཅུ་གཉིས་སོགས་སྟོན་པར་ནུས་པ་སངས་རྒྱས་དང་ཚུལ་མཚུངས་པའི་ཕྱིར། འོན་ཀྱང་རང་ངོར་སྤངས་རྟོགས་ཀྱི་ངེས་ནས་མཉམ་པ་མ་ཡིན་ཏེ། ས་གཞི་དང་རྡུལ་ཕྲན་གྱི་དཔེས་རྒྱུད་བླ་མ་སོགས་ནས་གསུངས་ཏེ། རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུས་གཞོམ་བྱ་ཕྲ་མོ་ཡོད་པའི་ཕྱིར་རོ། །འདིས་གཞལ་ན་མདོ་སྔགས་ཀྱི་སངས་རྒྱས་དང་དངོས་བརྟགས་ཀྱི་ཁྱད་པར་སོགས་ཀྱང་ཤེས་པར་ནུས་སོ། །དེ་ལྟ་བུའི་ཡོན་ཏན་ཡང་ཁམས་ཀྱི་སྟེང་གི་སྒྲིབ་པ་བྲལ་སྟོབས་ཀྱིས་གསར་དུ་མཐོང་ཡང་། སྔོན་མེད་པ་ཕྱིས་གསར་དུ་སྐྱེས་པ་ནི་མ་ཡིན་ཏེ་ཡོན་ཏན་དེ་ལྟ་བུ་དང་གཞན་ཡང་ཚད་མེད་པ་ཉིད་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པས་སོ་སོར་ཁམས་གསར་དུ་མཐོང་བ་ཇེ་དག་ཏུ་སོང་བས་སྣང་བའི་ཕྱིར་ཞེས་ཀུན་མཁྱེན་ཆེན་པོས་གྲུབ་མཐའ་མཛོད་དུ་གསུངས་སོ། །ལྔ་པ་མི་སློབ་པའི་ལམ་ནི། རང་གི་རྟོགས་པ་མཐར་ཐུག་པ་དེ་མི་སློབ་པའི་ལམ་གྱི་མཚན་ཉིད་སྒྲ་དོན། ནིཥྠ་མཱརྒ་ཞེས་པའི་སྒྲ་ལས། སྤང་བྱ་སྤོང་བ་དང་། ཤེས་བྱ་ཤེས་པ་མཐར་ཕྱིན་པར་བྱེད་པས་ན་མཐར་ཕྱིན་པའམ་མི་སློབ་པའི་ལམ་ཞེས་བྱ། དབྱེ་ན། གནས་སྐབས་ཀྱི་མི་སློབ་པ་དང་། མཐར་ཐུག་གི་མི་སློབ་པ་གཉིས། དང་པོ་ནི། ཉན་རང་གཉིས་ཀྱི་མི་སློབ་པ་སྟེ། དེ་ནི་གོང་དུ་འགྲོ་བ་དང་བཅས་པའི་ཕྱིར། ལམ་མཚན་ཉིད་པ་དང་འབྲས་བུ་བཏགས་པའོ། །གཉིས་པ་ནི། ཐེག་པ་ཆེན་པོའི་མི་སློབ་པའི་ས་སྟེ། དེ་ལས་གོང་དུ་སྤངས་རྟོགས་ཀྱི་ཁྱབ་པར་གཞན་ཐོབ་ཏུ་མེད་པའི་ཕྱིར་ལམ་བཏགས་པ་བ་དང་། འབྲས་བུ་མཚན་ཉིད་པ་ཡིན་ནོ། །དེའི་ངོ་བོ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་ཉོན་མོངས་པ་བག་ཆགས་དང་བཅས་པ་གཏན་ནས་སྤངས་ཤིང་ཟད་པ་དང་མི་སྐྱེ་ཤེས་པའི་ཡེ་ཤེས་མཐར་ཐུག་པ་ཐོབ་པ་སྟེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་རང་བཞིན་མཐར་ཕྱིན་པ་སྟེ་སངས་རྒྱས་ཀྱི་ས་ཡི་མཚན་ཉིད། མིང་ནི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཞེས་བྱའོ། །འདི་ལ་དབྱེ་ན་རྟེན་སྐུ་གསུམ། བརྟེན་པ་ཡེ་ཤེས་བཞི། ཡོན་ཏན་དང་ཕྲིན་ལས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ལ་དབང་འབྱོར་བ་སྟེ། དང་པོ་རྟེན་སྐུ་ལའང་དབྱེ་ན་གཉིས་ཏེ། རང་དོན་མཐར་ཕྱིན་ཆོས་སྐུ་དང་། གཞན་དོན་མཐར་ཕྱིན་གཟུགས་ཀྱི་སྐུའོ། །དང་པོ་ནི། དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཡེ་ཤེས་དང་། ལམ་གློ་བུར་གྱི་སྒྲིབ་གཉིས་དག་པའི་ཡེ་ཤེས་གཉིས་དབྱེར་མེད་པར་རང་བཞིན་གྱིས་ཟུང་དུ་འཇུག་ཅིང་དྲི་མ་ཐམས་ཅད་དང་བྲལ་བའི་དག་པ་གཉིས་ལྡན་གྱི་ཡེ་ཤེས་ནམ་མཁའ་ལྟ་བུ་མངོན་དུ་གྱུར་པ་སྟེ། སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་འགོག་ལམ་བདེན་པ་རྣམས་དང་དོན་གཅིག་གོ། །གཉིས་པ་ལ་གཉིས། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །དང་པོ་ནི། དེ་ལྟ་བུའི་ཆོས་སྐུའི་ཡེ་ཤེས་ལས་མ་གཡོས་བཞིན་དུ། གནས་༡ངེས་པ་འོག་མིན་སྟུག་པོ་བཀོད་པར། སྟོན་པ་༢ངེས་པ་མཚན་དང་དཔེ་བྱད་ཀྱི་དཔལ་དུ་འབར་བའི་ལོངས་སྤྱོད་རྫོགས་སྐུ་རྣམ་པར་སྣང་མཛད་ཆེན་པོས། འཁོར་༣ངེས་པ་དག་པའི་གདུལ་བྱ་ས་བཅུའི་སེམས་དཔའ་འབའ་ཞིག་ལ། ཆོས་༤ངེས་པ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ། དུས་༥ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོ་བསྐོར་བར་མཛད་པའི་ཕྱིར་ངེས་པ་ལྔ་དང་ལྡན་པའོ། །གཉིས་པ་སྤྲུལ་བའི་སྐུ་ནི། ངོ་བོ་གང་དུ་བཤད་མ་ཐག་པའི་ལོངས་སྐུའི་བདག་རྐྱེན་ལས་བྱུང་བ། དུས་རྒྱུན་མི་འཆད་པ་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ། ཡུལ་ནམ་མཁའི་མཐའ་དང་མཉམ་པའི་གདུལ་བྱ་གང་དུ་གནས་པ་ན་ཚུལ་གང་ལ་གང་མཚམས་པའི་ཕན་བདེའི་མཛད་པ་བླ་ན་མེད་པས། ཕྲིན་ལས་སེམས་ཅན་གྱི་དོན་འབའ་ཞིག་ལྷུན་གྱིས་གྲུབ་པར་མཛད་པ་སྟེ། དེ་ལའང་དབྱེ་ན། སྐྱེ་བ་སྤྲུལ་པའི་སྐུ་དགའ་ལྡན་ན་བཞུགས་པ་ལྟ་བུ། མཆོག་གི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ལྟ་བུ། བཟོའི་སྤྲུལ་སྐུ་དྲི་ཟའི་རྒྱལ་པོ་རབ་དགའ་གདུལ་བའི་དོན་དུ་པི་ཝཾ་ལེན་པ་སོགས་དུ་མ་སྟེ། མདོར་ན་ཆོས་ཀྱི་སྐུ་རྣམ་པར་མི་རྟོག་པ་ནམ་མཁའ་ལྟ་བུའི་ངང་ནས། ལོངས་སྤྱོད་རྫོགས་པའི་སྐུ་ཟླ་བ་ལྟ་བུ་ལས། སྤྲུལ་པའི་སྐུ་ཆུ་ཟླ་ལྟར་ཅིར་ཡང་འཆར་བས་གདུལ་བྱའི་འདོད་པ་རྫོགས་པར་མཛད་པ་སྟེ་ངོ་བོའམ་དེ་བྱུང་གིས་འབྲེལ་བའོ། །དེ་ལས་གཙོ་བོར་སྔགས་ཀྱི་སྡེ་སྣོད་རྣམས་སུ་སྐུ་བཞིར་གསུངས་པ་ནི། སྐུ་གསུམ་པོ་རྣམ་པ་ཐ་དད་ཀྱང་། རང་བཞིན་དབྱེར་མི་ཕྱེད་པ་ཟུང་དུ་འཇུག་པ་ལ་ངོ་བོ་ཉིད་སྐུའི་ཐ་སྙད་མཛད་ཅིང་། མངོན་རྟོགས་རྒྱན་ལས། འདིར་བཤད་པའི་ཆོས་སྐུ་ལ་ངོ་བོ་ཉིད་སྐུའི་ཐ་སྙད་མཛད་དེ་གཟུགས་སྐུ་གཉིས་ཀྱི་ངོ་བོར་གྱུར་པ་ལ་དགོངས་སོ། །གཉིས་པ་རྟེན་པ་ཡེ་ཤེས་ལའང་གཉིས་ཏེ། མཚན་ཉིད་ནི། ཆོས་གང་ལ་སྒྲིབ་བྱེད་ཀྱི་དྲི་མ་དང་བྲལ་ནས་རང་གི་གནས་ལུགས་མངོན་སུམ་དུ་གྱུར་པ་ཡེ་ཤེས་ཀྱི་མཚན་ཉིད། དབྱེ་ན། མདོ་ལས་གསུངས་པའི་ཡེ་ཤེས་བཞི་དང་། སྔགས་ལས་ཐམས་ཅད་ཀྱི་ཁྱབ་བྱེད་ཆོས་ཀྱི་དབྱིངས་ལའང་ཡེ་ཤེས་ཀྱི་སྒྲས་སྨོས་པས་ལྔའོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀུན་གཞི་ཉིད་དབྱིངས་སུ་ནུབ་པ་ཆོས་ཀྱི་དབྱིངས་དང་ཡེ་ཤེས་ཀྱི་ངོ་བོ། མཚན་ཉིད་ནི། དབྱིངས་རང་བཞིན་རྣམ་པར་དག་པ་ལ་སྤང་བྱ་གློ་བུར་གྱི་དྲི་མ་ཕྲ་མོའང་དག་པའོ། །ཆོས་ཅན་གསལ་བའི་ཆ་ཀུན་གཞིའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ། མཚན་ཉིད་ནི། ངོ་བོ་ང་དང་ང་ཡིར་འཛིན་༡པ་མེད་པ། ཡུལ་ཡོངས་༢སུ་རིས་མ་ཆད་པ། དུས་༣རྟག་ཏུ་རྒྱུན་མི་ཆད་པ། ཆོས་ཅན་༤ཤེས་བྱ་ཀུན་ལ་མ་རྨོངས་པ། ཡུལ་གྱི་རྣམ་པ་མེད་པས་ཡུལ་ལ་མངོན་དུ་མི་ཕྱོགས་པ་སྟེ་ཆོས་ལྔ་དང་ལྡན་པ་གང་ཞིག །ཡེ་ཤེས་གཞན་ཐམས་ཅད་ཀྱི་འཆར་གཞིར་གྱུར་པའོ། །ཡིད་ཀྱི་རྣམ་ཤེས་འདི་སྐུ་གསུམ་ལ་བཞག་པའི་མདོའི་རྗེས་སུ་འབྲང་བ་སྟེ། གཞན་དུ་ཡིད་ཤེས་གནས་གྱུར་པ་སོར་རྟོག་དང་། ཉོན་ཡིད་གནས་འགྱུར་པ་མཉམ་ཉིད་ཡེ་ཤེས་སུའང་བཤད་དོ་གསུངས། མཆན། དབྱིངས་སུ་ནུབ་པ་མཉམ་པ་ཉིད་ཀྱི་ངོ་བོ། མཚན་ཉིད་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་ཤིང་། བྱམས་པ་དང་སྙིང་རྗེ་ཆེན་པོ་མཚུངས་པར་ལྡན་ལས་སེམས་ཅན་གྱི་མོས་པ་དང་མཚམས་པར་སངས་རྒྱས་ཀྱི་སྐུར་སྟོན་པའོ། །ཉོན་མོངས་པ་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་ངོ་བོ། མཚན་ཉིད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་མཁྱེན་ཅིང་གཟུངས་དང་ཏིང་ངེ་འཛིན་གྱི་འབྱུང་གནས་སུ་གྱུར་པས་བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་ཟག་མེད་ཀྱི་ཆོས་སྟོན་ཅིང་ཐེ་ཚོམ་གྱི་དྲ་བ་གཅོད་པའོ། །སྒོ་ལྔའི་རྣམ་ཤེས་དབྱིངས་སུ་ནུབ་པ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ། མཚན་ཉིད་ནི། འཇིག་རྟེན་གྱི་ཁམས་ཀུན་ཏུ་སྤྲུལ་པ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་བསམ་གྱི་མི་ཁྱབ་པར་སྒྲུབ་པར་མཛད་པའོ། །གསུམ་པ་ཡོན་ཏན་དང་ཕྲིན་ལས་བཤད་པ་ལ་གཉིས་ཏེ། དང་པོ་ཡོན་ཏན་ནི། རང་དོན་དོན་དམ་པ་ཆོས་ཀྱི་སྐུའམ་དོན་གྱི་སྐུ་ཞེས་བྱ་བ། སྟོབས་བཅུ། མི་འཇིགས་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དེ་སྤང་བྱའི་ཉོན་མོངས་པ་དང་བྲལ་བའི་འབྲས་བུ་སུམ་ཅུ་རྩ་གཉིས་དང་ལྡན་པ་དང་། གཞན་དོན་ཀུན་རྫོབ་ཀྱི་སྐུའམ། བརྡའ་ཡི་སྐུ་ཞེས་བྱ་བ་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་ལྟ་བུའི་རྣམ་པར་སྨིན་པའི་འབྲས་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ་སྟེ། རྣམ་པ་གཉིས་པོ་བསྡོམས་པ་སྐུ་གཉིས་ལ་མངའ་བའི་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་ཞེས་བྱ་སྟེ། རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་དང་། གཞན་ཡང་། ཟག་པ་མེད་པའི་ཕུང་པོ་ལྔ། སྤྱན་ལྔ། མངོན་པར་ཤེས་པ་དྲུག །སོ་ས ོ་ཡང་དག་པར་རིག་པ་བཞི། གཟུངས་ཀྱི་སྒོ་བཞི། ཟད་པར་བཅུ། ཟིལ་གནོན་བརྒྱད། ཐུགས་རྗེ་ཆེན་པོ། ཉོན་མོངས་མེད་པ། སྨོན་ནས་མཁྱེན་པ། དབང་བཅུ་ལ་སོགས་ཡོན་ཏན་གྱི་རྣམ་གྲངས་མཐའ་ཡས་པ་མངའ་བ་ཡིན་ཏེ། འདི་དག་ཀྱང་སྔོན་སློབ་ལམ་དུ་ཚོགས་གཉིས་རྒྱ་མཚོ་ལྟ་བུ་གོམས་པའི་ལྷན་ཅིག་བྱེད་རྐྱེན་གྱིས་དབྱིངས་ཀྱི་སྒྲིབ་བྱེད་མཐའ་དག་དང་བྲལ་བའི་སྟོབས་ལས་སྣང་བ་སྟེ། ངོ་བོ་ནི་རང་བྱུང་ཟག་པ་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་ནོ། །གཉིས་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ནི། དེ་ལྟར་ཡོན་ཏན་མཐའ་ཡས་པ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་ཕྲིན་ལས་དུས་འཁོར་བ་ཇི་སྲིད་ཀྱི་བར་དུ་མཛད་པ་རྒྱུན་མི་འཆད་པས་རྟག་པ་དང་། ཡུལ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་སྙོམས་པར་འཇུག་པས་ཁྱབ་པ་དང་། ངོ་བོ་གནས་སྐབས་མངོན་མཐོའི་ལམ་ལ་འགོད་པའི་ཕྱིར་ཕན་པ་དང་། མཐར་ཐུག་ངེས་པར་ལེགས་པ་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་བདེ་བ་སྟེ། དོན་རྣམ་པ་གཉིས་པོ་འབད་རྩོལ་མེད་པར་འབྱུང་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ལ་དབང་འབྱོར་བའི་ཚུལ། རྟག་ཅིང་ཁྱབ་ལ་ལྷུན་གྲུབ་པའི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་སོ། །ཡོན་ཏན་སོགས་འདི་དག་གི་རྣམ་བཞག་རྒྱས་པ་ནི་རྗེ་བླ་མས་མཛད་པའི་བྱང་སེམས་སྨོན་ལམ་གྱི་དཀའ་འགྲེལ་སོགས་ལས་ཤེས་པར་བྱ་དགོས་ཤིང་། མདོ་ཙམ་ནི་དཀོན་མཆོག་གསུམ་གྱི་རྣམ་བཞག་ཏུ་སྨོས་ཟིན་པས་འདིར་མ་བྲིས་སོ། །དེ་དག་ཀྱང་། རྒྱས་པ་ལས། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་འབྱོར་པས། །སངས་རྒྱས་པར་བགྲོད་གོ་འཕང་ཐོབ་པའི་ལམ། །བདེན་པ་གཉིས་ཀྱིས་རབ་ཏུ་འཐོབ་པར་འགྱུར། །ཞེས་སོ། །དེ་ལྟར་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་པོའི་ལྟ་བ་དང་། ཏིང་ངེ་འཛིན་དང་། སྤོང་ཚད་གསུམ་གྱི་ཁྱད་པར་མདོར་བསྡུ་ན། དཔལ་རོང་ཟོམ་པ་ཆེན་པོས་མཛད་པའི་ལྟ་བའི་བརྗེད་བྱང་ལས། ཉན་ཐོས་ཀྱི་ལྟ་བ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའོ། །ཏིང་ངེ་འཛིན་དམིགས་པ་དང་བཅས་པའི་ས་ལ་གནས་པའོ། །སྤོང་ཚད་ནི་སྲིད་པ་ཀུན་ཏུ་སྦྱོར་བ་སྤང་བའོ། །རང་སངས་རྒྱས་ཀྱི་ལྟ་བ་ནི། ཆོས་ལ་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཆོས་ཐམས་ཅད་བདག་མེད་པར་རྟོགས་པའོ། །ཏིང་ངེ་འཛིན་ཚིག་གི་དོན་མེད་པར་རྟོགས་ཏེ་བརྗོད་དུ་མེད་པའི་ཚུལ་གནས་པས། གཟུང་བའི་རྟོགས་པ་ཉམས་པར་བྱས་ཏེ་འོན་ཀྱང་བརྗོད་དུ་མེད་དོ་སྙམས་པའི་འདུ་ཤེས་འཇུག་པས་འཛིན་པའི་རྟོག་པ་ནི་མ་སྤངས་སོ། །སྤོང་ཚད་ནི་གང་ཅི་ཡང་རུང་སྟེ། ཀུན་འབྱུང་བའི་ཆོས་དེ་དག་ཐམས་ཅད་འགོག་པའི་ཆོས་སུ་ཤེས་སོ། །ཐེག་པ་ཆེན་པོ་སྤྱིའི་ལྟ་བ་ནི། ཆོས་དང་གང་ཟག་གཉིས་ལས་བདག་མེད་པར་རྟོགས་པའོ། །ཏིང་ངེ་འཛིན་ནི་བཟུང་བ་དང་འཛིན་པའི་རྟོག་པ་ཐམས་ཅད་ལས་འདས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལ་གནས་སོ། །སྤོང་ཚད་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཡོངས་སུ་སྤོང་སྟེ། རྣམ་པ་ཐམས་ཅད་མཆོག་གི་ཡེ་ཤེས་ཐོབ་པའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེས་ཀུན་འབྱུང་འདྲེན་པའི་ཐེག་པ་ཉན་རང་བྱང་སེམས་གསུམ་གྱི་ཐེག་པ་མདོ་ཙམ་བཤད་ཟིན་ཏོ། ༈ །གཉིས་པ་འབྲས་བུ་སྔགས་ཀྱི་ཐེག་པ་ནི། མཐར་ཐུག་འབྲས་བུའི་དཀྱིལ་འཁོར་ཉིད། ལྟ་སྤྱོད་ཁྱད་པར་ཅན་གྱི་སྒོ་ནས་ད་ལྟ་ནས་ཅི་རིགས་པར་ལམ་དུ་བྱེད་པའི་ཐབས་ལ་བརྟེན་ནས་སངས་རྒྱས་ཉིད་མྱུར་དུ་འགྲུབ་པར་བྱེད་པ་སྟེ། དེ་ཉིད་རྒྱུའི་ཐེག་པ་ལས་ཁྱད་པར་དུ་འཕགས་པའི་ཚུལ་ཡང་། མཚན་ཉིད་ཀྱི་ཐེག་པ་རྒྱུ་ལ་འབད་པ་ཆེར་བྱས་ནས་ཚོགས་ཆེན་པོས་སྒྲུབ་དགོས་པ་ལས། སྔགས་ནི་རྒྱུ་ལ་ལྟོས་ནས་འབྲས་བུ་སྨིན་ཟིན་པས་འབད་རྩོལ་ཆུང་ངུས་སངས་རྒྱས་ཐོབ་པས་འཕགས་པ་དང་། རྒྱུ་ནས་ལམ་ལྔ་ས་བཅུ་དཀའ་བ་ཆེན་པོས་བསྐལ་པ་གྲངས་མེད་མང་པོ་ན་སངས་རྒྱ་ལ། སྔགས་ནི་རབ་ཚེ་གཅིག །འབྲིང་བར་དོ། ཐ་མས་ཀྱང་སྐྱེ་བ་བརྒྱུད་ནས་སངས་རྒྱ་བས་དུས་མྱུར་བས་ཀྱང་འཕགས་པ་དང་། རྒྱུས་ས་དང་པོ་བདེན་པ་མཐོང་བ་ལའང་ཚོགས་དཔག་མེད་སོགས་དགོས་ལ། སྔགས་ཀྱི་དཀྱིལ་འཁོར་ཚོགས་མཆོད་ལ་སོགས་པ་ཕྲ་མས་འགྲུབ་པས་ཀྱང་འཕགས་པ་དང་། རྒྱུས་ལམ་ཐད་དྲང་དུ་སྟོན་པར་མི་བྱེད་དེ། དྲང་དོན་དང་ངེས་དོན། དགོངས་པ་དང་ལྡེམ་དགོངས་སོགས་སུ་བསྟན་ནས་རྣམ་པར་འཇོག་ལ། སྔགས་ནི་ལམ་ཅིག་ཅར་ཐད་དྲང་དུ་བསྟན་པས་ཉེ་ཞི་ངང་བར་ཆད་མེད་པའི་ཕྱིར་འཕགས་པ་དང་། གཞན་ཡང་རྒྱུའི་ཐེག་པ་བས་སྔགས་ཀྱི་ཐེག་པ་འདོད་པའི་དོན་སྒྲུབ་པ་ལ། ཐབས་མང་བ་དང་དཀའ་བ་མེད་པ་དང་། མ་རྨོངས་པ་དང་། དབང་པོ་རྣོན་པོས་མྱུར་དུ་འགྲུབ་པའི་ཚུལ་གྱིས་འཕགས་ཏེ། ཚུལ་གསུམ་པའི་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོས་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས། ཅིའི་ཕྱིར་འབྲས་བུའི་ཐེག་པ་དང་རྡོ་རྗེ་ཐེག་པ་ཞེས་བྱ་སྙམ་ན། ཧེ་རུ་ཀ་གལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་རྒྱུ་རུ་གསུངས། །འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། །རྒྱུ་དང་འབྲས་བུ་གང་ཡིན་པའི། །ཕྱོགས་ཀྱང་རབ་ཏུ་ཤེས་རབ་བྱ། །ཞེས་པས་མཚན་ཉིད་ཐེག་པར་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་ཙམ་དུ་ཤེས་པ་དེ། རྐྱེན་ཚོགས་གཉིས་ཀྱིས་གོང་དུ་འཕེལ་བས་སངས་རྒྱས་ཐོབ་པར་འདོད་པའི་ཕྱིར་དང་། མྱང་འདས་ཀྱི་རྒྱུ་རྣམ་བྱང་གི་ཆོས་ལམ་དུ་བྱེད་པའི་ཕྱིར། རྒྱུའི་ཐེག་པ་ཞེས་བྱ་སྟེ། རྒྱུ་འབྲས་སྔ་ཕྱིར་ཁས་ལེན་པའི་ཕྱིར་རོ། །སྔགས་ཀྱི་ཐེག་པས་སེམས་ཉིད་འབྲས་བུའི་ངོ་བོ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་ཡེ་ནས་རང་ལ་གནས་པས་ཐོབ་བྱ་ད་ལྟ་ཉིད་ནས་རང་ལ་ཡོད་པ་ནི་གཞི། དེ་ཤེས་འཇུག་གི་བྱེད་པས་གནས་སྐབས་གློ་བུར་གྱི་དྲི་མ་བསལ་ཏེ། ངོ་ཤེས་པར་བྱེད་པའི་ཆ་ནས་ལམ། གཞི་དེ་ཉིད་མངོན་དུ་གྱུར་པའི་ཆ་ནས་འབྲས་བུར་བཞག་པས། དོན་ལ་རྒྱུ་འབྲས་སྔ་ཕྱི་མེད་པའི་ཕྱིར། འབྲས་བུའི་ཐེག་པ་དང་རྡོ་རྗེ་ཐེག་པ་ཞེས་བྱ་སྟེ། གསང་སྙིང་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཞིག །ཅེས་དང་། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་དང་། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་རང་དུ་བྱུང་། །ཞེས་གསུངས། གཞན་ཡང་། ཡེ་ཤེས་གྲུབ་པ་ལས། རྒྱུ་ཡི་ཐེག་པ་ཆེན་པོ་ལས། །སྐུ་གསུང་ཐུགས་ཀྱི་ལམ་རྣམས་ཀྱི། །གསང་བ་ཆེ་ལས་གསང་བ་མཆོག །རབ་ཏུ་འཕགས་པར་རིག་པར་བྱ། །ཞེས་པ་ལྟར། མཚན་ཉིད་དུ་སྐུ་གསུང་ཐུགས་སྒྱུ་མ་དང་བྲག་ཆ་རྨི་ལམ་བཞིན་དུ་རང་བཞིན་མེད་པར་རྒྱས་འདེབས་པ་ཙམ་དང་། རང་གི་སྒོ་གསུམ་ཐ་མལ་པས་ཕྱག་བསྐོར་ཁ་ཏོན་སོགས་དགེ་ལ་བརྩོན་པ་དང་རྣམ་རྟོག་བཀག་པའི་ཞི་ལྷག་སྒྲུབ་པ་ཙམ་ལ། སྔགས་སུ་སྣང་གྲགས་རིག་གསུམ་དཀྱིལ་འ ཁོར་གསུམ་དང་སྒོ་གསུམ་རྡོ་རྗེ་གསུམ་དུ་ལེགས་པར་རྟོགས་པས་ཅིར་སྣང་ཅིར་སྤྱོད་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ལས་ནམ་ཡང་འདའ་བ་མེད་པས་ཏེ། མདོར་ན། སྔགས་ཕྱི་པས་ལྷའི་སྐུ་གསུང་ཐུགས་སུ་བལྟས་ཏེ་བསྒོམ་པ་དང་། ནང་པ་ལྟར་ན་ཆོས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་རྟོགས་ནས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་བྱེད་དང་། རྡོ་རྗེ་ཐེག་པའི་ངེས་ཚིག་གྲུབ་སྟེ། བང་མཛོད་འཕྲུལ་གྱི་ལྡེ་མིག་ལས། འབྲས་བུ་རྡོ་རྗེ་ཐེག་པ་ནི། །ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས། །འབྲས་བུ་དེ་ཉིད་ལམ་དུ་ཁྱེར། །རང་གི་ལུས་ངག་ཡིད་གསུམ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྦྱོར། །དེ་རིགས་རྡོ་རྗེ་ཐེག་པར་བཏགས། །ཞེས་གསུངས་དེ་ལྟ་བུའི་ཐེག་པ་དེ་ལ་གསང་བ་སྒྱུ་འཕྲུལ་ལས་བླ་ན་མེད་པའི་ཐེག་པ་ཞེས་ཀྱང་གསུངས་ཏེ། རྒྱས་པ་ལས། མཉམ་ཉིད་དོན་རྟོགས་རང་རིག་རྒྱལ་པོ་ནི། །རྒྱ་མཚོ་ཆེན་པོར་ཆུ་ཀླུང་ཀུན་འབབ་ལྟར། །བླ་མེད་དོན་རྟོགས་ཐབས་ཆེན་འདི་དག་ཏུ། །རྣམ་ཐར་ཐེག་པ་བསམ་ཡས་མ་ལུས་འདུས། །ཞེས་གསུངས། དེ་ལ་དབྱེ་ན། རང་ཤར་ལས། རྡོ་རྗེ་ཐེག་པ་རྣམ་པ་གཉིས། །ཕྱི་པ་ཐུབ་པ་རྒྱུད་དང་ནི། །ནང་པ་ཐབས་ཀྱི་རྒྱུད་དུ་གསུངས། །ཞེས་པས། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པའམ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་རྒྱུད་དམ་དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟེ་གཉིས་སོ། །དེ་གཉིས་ཀྱི་ཁྱད་པར་ལ་བཞེད་པ་མི་འདྲ་བ་འགའ་ཞིག་མཐོང་མོད་གཙོ་བོ་གསང་བདག་དངོས་བྱོན་རྗེ་སྒྲོ་ཕུག་པ་ཆེན་པོས་ནི་འདི་ལྟར་བཞེད་དེ། ལྟ་བའི་ཁྱད་པར། སེམས་ཉིད་བདག་ཉིད་ཆེན་པོར་རྟོགས་པ་ནང་པ་དང་མ་རྟོགས་པ་ཕྱི་པ། དངོས་གྲུབ་ལེན་ཚུལ་གྱི་ཁྱད་པར། ཡེ་ཤེས་ཀྱི་ལྷ་ལ་རེ་ཞིང་བཀའ་ལ་སྡོད་པས་དངོས་གྲུབ་ཞུ་བ་ཕྱི་པ་དང་། བདག་ཉིད་ཆེན་པོར་རྟོགས་པས་སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར་དངོས་གྲུབ་རང་ལ་ཡོད་པར་མཐོང་བ་ནང་པ། དབང་གི་ཁྱད་པར། མཆོག་དབང་གོང་མ་གསུམ་ལ་བསྐུར་ཐོབ་མི་ནུས་ན་ཕྱི་པ། དེ་གསུམ་ལ་གཙོ་བོར་འཛིན་པ་ནང་པ། སྤྱོད་པའི་ཁྱད་པར། འཁོར་བའི་ཆོས་ཉི་ཤུ་ལ་ཐབས་ཀྱིས་ཟིན་ནས་སྤྱོད་ནུས་པ་ནང་པ། མི་ནུས་པ་ཕྱི་པ། འབྲས་བུའི་ཁྱད་པར། མི་ཚེ་བདུན་དང་ལྔ་དང་གསུམ་སོགས་ནས་སྦྱོར་ནུས་པ་ཕྱི་པ། ཚེ་འདི་ལ་སྦྱོར་ནུས་པ་ནང་པའོ་གསུངས། རྗེ་སྒྲོལ་གཡུང་གཉིས་ནི། ལྟ་སྤྱོད་ཏིང་འཛིན་གསུམ་དབྱེར་མེད་དུ་འདོད་པ་སྔགས་ནང་པ། མི་འདོད་པ་ཕྱི་པ། འདི་དང་མཚན་ཉིད་གཉིས་ཀུན་རྫོབ་ལམ་དུ་བྱེད་ནུས་མི་ནུས་ཀྱིས་འབྱེད་པར་བཞེད། ཀུན་མཁྱེན་ཆེན་པོས་ནི། སྨིན་བྱེད་དབང་གི་ཁྱད་པར་རྒྱུད་སྡེ་གོང་དུའང་དབང་བཞི་ཚང་བར་མི་སྟོན་ཞིང་། ཁྱད་པར་རིགས་པའི་དབང་ཙམ་ལས་མི་སྟོན་པ་ཕྱི་པ། དབང་བཞི་རྫོགས་པར་བསྐུར་བ་ནང་པ། གྲོལ་བྱེད་ཀྱི་ལམ་སས་རྟོགས་པ་ལྟ་བའི་ཁྱད་པར། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་གསུམ་དུ་ཤེས་པས་དག་མཉམ་བླང་དོར་མེད་པར་རྟོགས་པའི་དབྱིངས་གཞིར་བྱེད་ན་ནང་པ་མི་བྱེད་ན་ཕྱི་པ། སྒོམ་པའི་ལྷའི་ཁྱད་པར། ལྷ་ཅི་ཙམ་ཡོད་ཀྱང་ཞལ་སྦྱོར་མེད་ན་ཕྱི་པ། ཡོད་ན་ནང་པ། གནས་ཀྱི་ཁྱད་པར། རྒྱལ་པོའི་ཁང་བཟང་དང་། རི་རབ་ཀྱི་སྟེང་ལ་སོགས་པའི་གནས་གཙང་མར་མོས་པ་བྱེད་ན་ཕྱི་པ། དུར་ཁྲོད་དམ་ཨོ་རྒྱན་ལ་སོགས་པར་མོས་པ་བྱེད་ན་ནང་པ། སྤྱོད་པའི་ཁྱད་པར། ཁྲུས་དང་གཙང་སྦྲ་ལ་སོགས་པ་གཙོ་བོར་བྱེད་ན་ཕྱི་པ། གཙང་སྦྲ་མི་བྱེད་ཅིང་བཟའ་བཏུང་ཅི་དགའ་ལ་སྤྱོད་ནུས་ན་ནང་པ། སྣོད་ཀྱི་ཁྱད་པར། རིན་པོ་ཆེ་ལ་སོགས་པ་གཙང་མར་མོས་པ་ཕྱི་པ། ཀ་པཱ་ལ་གཙོ་བོར་བྱེད་པ་ནང་པ། རྫས་ཀྱི་ཁྱད་པར། དཀར་གསུམ་མངར་གསུམ་སོགས་གཙང་མིའི་ཟས་ལ་སྤྱོད་པ་ཕྱི་པ། ཤ་ལྔ་བདུད་རྩི་ལྔ་དངོས་སམ་བདུད་རྩི་རིལ་བུ་ཙམ་གྱིས་བྱིན་གྱིས་བརླབས་ཏེ་མོས་པ་བྱེད་པ་ནང་པར་བཞེད་དོ། མདོར་ན་བསྒྲུབ་བྱའི་ལྷ་དང་བདག་གཉིས་བཟང་ངན་ཐ་དད་མེད་པར་མཉམ་པའི་ཚུལ་གྱིས་སྒྲུབ་པ་སྔགས་ནང་པ་དང་། ཀུན་རྫོབ་ཏུ་བཟང་ངན་ནམ་ཐ་དད་པའི་རྣམ་པར་བདག་གི་རྒྱུད་ལྷའི་བྱིན་གྱིས་རློབ་པའི་ཚུལ་གྱིས་སྒྲུབ་པ་སྔགས་ཕྱི་པའི་ཁྱད་པར་རོ་གསུངས། དེ་ལས་དང་པོ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ནི། བླང་དོར་དང་སྤང་གཉེན་ཐམས་ཅད་ཕྱི་མཚན་ཉིད་རྒྱུའི་ཐེག་པ་དང་ཚུལ་མཐུན་པས་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པའམ། ཕྱིའི་དཀའ་ཐུབ་དང་གཙང་སྦྲ་སོགས་བྲལ་ཟེ་རིག་བྱེད་པ་ལྟར་བརྟེན་པས་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཞེས་བྱ་སྟེ། གང་ཟག་དབང་པོ་འབྲིང་གསུམ་ལ་དགོངས་ཏེ་གསུངས་པའོ། །དེ་ལ་དབྱེ་ན། རང་ཤར་ལས། ཕྱི་པ་རྒྱུད་ལ་རྣམ་གསུམ་སྟེ། །ཀྲི་ཡ་ཨུ་པ་ཡོ་གའོ། །ཞེས་པས། བྱ་བའི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། རྣལ་འབྱོར་རྒྱུད་ཀྱི་ཐེག་པའོ། །དང་པོ། གང་ཟག་དབང་པོ་འབྲིང་གི་ཐ་མའི་ངོ་སྐལ་དུ་གསུངས་པའི་བྱ་བའི་རྒྱུད་དེ་ལའང་། ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི། དོན་དམ་པར་མཐའ་བཞི་དང་བྲལ་བའི་དག་པར་རྟོགས་པས་ཀུན་རྫོབ་ཏུ་དངོས་གྲུབ་གཞན་ལ་རེ་ཞིང་རྩོལ་བའི་ཐབས་སུ་གྱུར་པ་སྟེ། ལམ་རིམ་ལས། གཉིས་མེད་མཉམ་པར་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །རེས་བསྒོམ་བྱ་བ་ལས་ཀྱི་ས། །ཞེས་སོ། །ངེས་ཚིག་ནི། ཀྲྀ་ཡཱའི་སྒྲ་བྱ་བ་སྟེ། ཕྱིའི་བྱ་བ་གཙོ་བོར་སྟོན་པའི་ཕྱིར་ཏེ། བསམ་གཏན་ཕྱི་མའི་འགྲེལ་བ་ལས། རྒྱུད་འདི་ནི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་ཅེས་བྱའོ། །ཞེས་གསུངས། དབྱེ་བ་ལ་སྤྱིར་དཔུང་བཟང་འགྲེལ་བར་སྤྱོད་པའི་སྒོ་བཞིར་གསུངས་ཏེ། འཇུག་པའི་སྤྱོད་པ་དབང་གིས་སྣོད་རུང་དུ་བྱེད་པ། སྦྱོར་བའི་སྤྱོད་པ་རིག་གསུམ་གང་གི་ལྷ་བསྙེན་པ། སྒྲུབ་པའི་སྤྱོད་པ་མཚན་མ་མཐོང་ནས་རྫས་དང་སྔགས་གཡོག་འཛོམ་པས་བརྩོན་འགྲུས་བར་མ་ཆད་པར་བཟླས་བརྗོད་བྱེད་པ། གྲུབ་པའི་མཐའ་འབྲས་བུའི་སྤྱོད་པ། དེ་ལྟར་སྒྲུབས་པས་རྫས་ལུས་ལོངས་སྤྱོད་རྣམས་འདོད་པའི་ལྷ་དང་སྐལ་བ་མཉམ་པའི་རིག་འཛིན་ནམ་མཁའ་སྤྱོད་འགྲུབ་ནས། རྟེན་དེ་ལ་བརྟེན་ནས་སྔགས་ཀྱི་ཕྱིན་དྲུག་གི་སྤྱོད་པ་སྤྱད་པས་མཐར་ཐུག་གི་འབྲས་བུ་རྒྱུད་སྡེ་འདིར་བཤད་པའི་སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅན་གྱི་བྱང་ཆུབ་རིགས་གསུམ་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པར་འདོད་པ་རྣམས་ཡིན་ཡང་། འདིར་གང་སྨོས་ལྟར་འཆད་པ་ལ་དྲུག་ལས། ཐོག་མའི་འཇུག་སྒོ། སྨིན་བྱེད་ནི། ཆུ་དང་ཅོད་པན་གྱི་དབང་འཁོར་དང་བཅས་པ་བསྐུར་བས་སློབ་མ་སྣོད་རུང་དུ་བྱེད་པ་སྟེ། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་སོ། །དེ་ཡང་རིགས་གསུམ་གང་རུང་གི་དཀྱིལ་འཁོར་དུ་ཞུགས་ནས། གཟུངས་དང་དབང་སྔགས་བཟླ་བཞིན་པའི་བུམ་པའི་ཆུ་ཡི་དབང་གིས་ཆོས་སྐུ་དང་། རིག་གང་ཡིན་གྱི་དམ་ཚིག་ཕྱག་རྒྱ་སྤྱི་བོར་བཞག་རིན་པོ་ཆེའི་དར་དཔྱང་བཅིང་ཅོད་པཎ་གྱི་དབང་གིས་གཟུགས་སྐུའི་ནུས་པ་བཞག་པ་ཡིན་པས་དེ་གཉིས་རྩ་བའི་སྨིན་བྱེད་དངོས་དང་། དེའི་འཁོར་དུ་རིགས་སྔགས་ཀྱི་དངོས་གྲུབ་སྒྲུབ་པ་མེ་ཏོག་གང་ཕོག་གི་ལྷ་ཡི་བཟླས་ལུང་སྦྱིན་པ་རྡོ་རྗེ་སློབ་མའི་དབང་། བར་ཆད་ཞི་ཞིང་བགེགས་གཞོམ་པ་ཁྲུས་བྱ་བ་བསྲུང་བའི་དབང་། འབྱོར་པ་རྒྱས་པར་བྱེད་པ་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་རྣམས་སོ། །བྱ་བའི་འཇུག་སྒོ་ནི། ཁྲུས་དང་གཙང་སྦྲ་དང་དག་པ་གསུམ་གྱི་སྒོ་ནས་འཇུག་སྟེ། རང་ཤར་ལས། འཇུག་པའི་སྒོ་ནི་དག་པ་གསུམ། ཁྲུས་དང་གཙང་སྦྲས་འཇུག་པའོ། །ཞེས་སོ། །དེ་ཡང་དག་པ་གསུམ་ནི། དེ་ལས་དག་པ་རྣམ་གསུམ་གང་ཞེ་ན། ལྷ་དང་དཀྱིལ་འཁོར་དག་པ་དང་། རྫས་དང་ལོངས་སྤྱོད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །ཞེས་གསུངས་ཏེ། བདག་དང་ལྷ་ཡི་དེ་ཁོ་ན་ཉིད་བསྒོམ་པ་ལྷ་དང་དཀྱིལ་འཁོར་དག་པ། ཤ་ཆང་སྒོག་བཙོང་སྤང་ཞིང་ཁྲུས་དང་གཙང་སྦྲ་ལ་གནས་པ་སོགས་རྫས་དང་ཡོ་བྱད་དག་པ། བཟླས་བརྗོད་དང་བསམ་གཏན་གྱི་དེ་ཁོ་ན་ཉིད་སྔགས་དང་ཏིང་འཛིན་དག་པ་སྟེ་ཞིབ་པར་འོག་ཏུ་འཆད་དོ། །ཁྲུས་དང་གཙང་སྦྲ་ནི། ཕྱིའི་ཁྲུས་ཡན་ལག་ལྔ་ཁྲུས། ནང་གི་ཁྲུས་རྩ་ལྟུང་དག་པར་བྱེད་པ། གསང་བའི་ཁྲུས་མཚན་རྟོག་དག་པར་བྱེད་པ་སྟེ་ཁྲུས་གསུམ་དང་། ཕྱིས་གོས་རས་གསར་པ་གྱོན་པ། ནང་གི་གོས་སྡོམ་པ་བསྲུང་བ། གསང་བའི་གོས་ལྷ་བསྒོམ་པ་སྟེ་གོས་གསུམ་བརྗེ་བ་རྣམས་སོ། །ལྟ་བ་ནི། ལྟ་རིམ་ལས། ཀྲི་ཡ་དོན་དམ་ཆོས་ཉིད་བལྟ། །ཀུན་རྫོབ་རང་རིག་ཡོན་ཏན་ལྷ། །རིགས་གསུམ་དཀྱིལ་འཁོར་སྣང་བ་ལ། །སྐྱེ་བོ་འཁྲུལ་བ་མེད་པར་འདོད། །ཅེས་པས་བདེན་པ་གཉིས་ཏེ། དོན་དོན་བདེན་པ་ནི། སེམས་ཉིད་དག་པས་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་གི་མཐའ་བཞི་དང་བྲལ་བར་འདོད་དེ། ལ་ཤན་ལས། རང་སེམས་མཐའ་བཞི་ཡོངས་བྲལ་བ། །རིག་ཕྱིར་ཡེ་ཤེས་གཞན་ལས་མིན། །ཞེས་སོ། །ཀུན་རྫོབ་ལ་ཡང་ལོག་གཉིས་ལས། ལོག་པའི་ཀུན་རྫོབ་ནི། དབུ་མ་པ་མན་ཆད་ཀྱིས་ཡང་དག་དང་ལོག་པར་བརྟགས་པའི་ཀུན་རྫོབ་ཐམས་ཅད་ཡིན་ལ། ཡང་དག་པའི་ཀུན་རྫོབ་ནི། ཆོས་ཉིད་དེ་ལྟར་རྟོགས་པའི་ཡོན་ཏན་རིགས་གསུམ་སྟེ། ཀུན་རྫོབ་སྣང་བའི་དངོས་པོ་མཐོ་བ་རྣམས་སྤྱན་རས་གཟིགས་འཇམ་པ་ཐམས་ཅད་འཇམ་དཔལ། རྩུབ་པ་ཐམས་ཅད་ཕྱག་རྡོར་ཏེ། རིགས་དྲུག་གི་ཕྱེད་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་སྣང་བར་འདོད་དེ། ལུང་སྔ་མའི་འཕྲོས་ལས། སྐྱོན་བསླང་སྣང་བའི་ཡེ་ཤེས་ཀྱིས། །སྣང་བའི་དངོས་པོ་མཐོ་འཇམ་རྩུབ། །དྲུག་ཕྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་བ་རྣམ་པར་དག་ཅེས་བྱ། །ཞེས་སོ། །དེ་ཡང་ཀུན་རྫོབ་ཏུ་ཡོངས་སུ་དག་པའི་ལྷ་དང་ཡེ་ཤེས་པ་ཉིད་སྒྲུབ་ན། དངོས་གྲུབ་ངེས་པར་སྩོལ་བའི་མཐུ་དང་ལྡན་པ་རྗེ་བོ་ལྟ་བུ་དང་། རང་ཉིད་ལྷ་དེ་མཉེས་པར་བསྒྲུབས་པའི་སྒོ་ནས་དངོས་གྲུབ་ནོད་པ་པོ་ཁོལ་པོ་ལྟ་བུར་ལྟ་ཞིང་། དོན་དམ་པར་མཐའ་བཞི་དང་བྲལ་བའི་ཆོས་ཉིད་ལ་བཟང་ངན་མེད་པ་དང་། ཆོས་ཅན་ཐ་སྙད་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་ལྷ་སྔགས་ཕྱག་རྒྱས་རང་ལ་རྒྱས་བཏབ་སྟེ་སྒྲུབ་ན་ཇི་ལྟར་དམིགས་པའི་འབུ་བསླུ་མེད་དུ་ཐོབ་པའི་ངེས་ཤེས་ཁྱད་པར་ཅན་ནི་འདིའི་ལྟ་བ་སྟེ། དེ་ལ་མཆོག་དམན་དུ་བལྟ་བ་ཙམ་ཞིག་འདི་པའི་ཁྱད་ཆོས་མིན་ཡང་། རྗེ་བོས་ཁོལ་པོ་ལ་མཆོག་སྦྱིན་ནུས་པ་ལྟར། ལྷ་དང་སྔགས་ལ་བརྟེན་ནས་བདག་གི་རྒྱུད་ལ་དངོས་གྲུབ་གཉིས་གདོན་མི་ཟ་བར་གྲུབ་པའི་ངེས་ཤེས་ཏེ། དེའི་དོན་ཡང་དངོས་གྲུབ་སྩལ་ནུས་པར་ཤེས་པ་ཙམ་མིན་པར་རང་མཐའ་ཐུག་ལྷ་དེ་དང་ངོ་བོ་དབྱེར་མེད་པའི་འགྲུབ་པའི་ཚུལ་ལ་ཡིད་ཆེས་པ་ནི་ལྟ་བའི་གནད་དེ། དཔལ་རང་ཟོམ་པ་ཆེན་པོས་ཀྱང་གསང་སྔགས་པས་དོན་དམ་པ་སྐྱེ་འགགས་མེད་པར་འདོད་པ་ནི་དབུ་མ་དང་མཐུན་ནོ། །ཀུན་རྫོབ་ཏུ་ཕུང་ཁམས་སྐྱེ་མཆེད་སྒྱུ་མ་ཙམ་དུ་ལྟ་བའང་མཐུན་ནོ། །བྱེ་བྲག་ཏུ་སྒྱུ་མའི་མཚན་ཉིད་དེ་དག་ཀྱང་ཡོངས་སུ་དག་པའི་ལྷའི་མཚན་ཉིད་དུ་ལྟ་བ་དང་། བདེན་པ་གཉིས་ཀྱང་དབྱེར་མེད་པར་ལྟ་བས་བྱེ་བྲག་ཏུ་བྱས་པའོ། །དེ་ལས་བྱེ་བྲག་ཏུ་བྱ་རྒྱུད་ཀྱི་ལྷར་བལྟ་བ་ཡང་ཆོས་ཉིད་དག་པའི་སྒོ་ནས་ལྷར་བལྟ་བ་ཞེས་གྲགས་ཏེ་དེ་ཡང་བདེན་གཉིས་དབྱེར་མེད་དུ་ལྟ་བའི་མཐུས་གྲུབ་སྟེ། ཆོས་ཉིད་སངས་རྒྱས་ཡིན་ན་ཆོས་ཅན་སངས་རྒྱས་མ་ཡིན་པ་མི་རུང་སྟེ། ཆོས་ཅན་གྱི་ངོ་བོ་ཆོས་ཉིད་ཡིན་པའི་ཕྱིར། གཉིས་ཀ་སངས་རྒྱས་པ་ཡིན་ཏེ། བདག་དང་སངས་རྒྱས་དབྱེར་མེད་རྟོགས་ཤིང་ཅི་ལ་ཡང་མི་གནས་ཅི་ཡང་མི་ལེན་པའི་ཤེས་རབ་དང་ཏིང་ངེ་འ ཛིན་ནི་སངས་རྒྱས་ཀྱི་ལམ་ཡིན་པར་ངེས་དོན་གྱི་མདོ་སྡེ་ལས་ཀྱང་འབྱུང་སྟེ། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིནམཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་ནི། །དེ་དག་བདེ་བར་གཤེགས་པར་འགྱུར། །གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟ་བུ་ཡིན་ནོ། །དེ་བས་ན་ཡོངས་སུ་དག་པའི་ལྷའི་རང་བཞིན་ཡིན་པ་ལ། དེ་བཞིན་དུ་བསྒོམས་ཤིང་བསྟེན་པས་དེ་ཉིད་འགྲུབ་པར་འགྱུར་རོ། །བདག་དང་གཞན་གྱི་དོན་སྤྱོད་པར་ནུས་སོ། །ཞེས་གསུངས་ཤིང་ཀཿཐོག་པའི་ཐེག་སྤྱིའི་འགྲེལ་བར། དངོས་པོར་སྣང་བ་འདི་རྣམས་ཀྱང་། རིགས་གསུམ་མགོན་པོའི་སྐུ་མ་ཡིན་ཀྱང་། ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་སེམས་དག་པར་བྱས་ན་མཁར་ཆུ་ལས་ལུགས་སྐུ་སྣང་བ་བཞིན་འཁྲུལ་བ་དག་པ་ཉིད་འབྲས་བུའི་ངོ་བོར་ཡེ་ནས་གནས་པར་འདོད་པའོ། །ཞེས་མཁར་ཆུ་ལུགས་སྐུ་མ་ཡིན་ཡང་མཁར་ཆུ་ལས་གཞན་པའི་སྐུ་མི་འབྱུང་བ་དཔེར་མཛད་ནས་གསུངས་ཏེ། མདོར་ན་རང་སེམས་དག་པ་མཐའ་བཞིར་རྟོགས་པའི་ཀུན་རྫོབ་ཡོངས་སུ་དག་པ་ལྷའི་མཚན་ཉིད་དུ་ལྟ་བ་མ་གཏོགས་མ་དག་པའི་དངོས་པོ་ཉིད་ཀྱི་རང་བཞིན་ཡེ་ནས་དག་པ་ལྷ་ཡིན་པར་མི་བལྟའོ། །ཚུལ་ཁྲིམས་ནི། ཡང་འབྱེད་འཕྲུལ་ལྡེ་ལས། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །སྔགས་དང་ཕྱག་རྒྱ་མི་སྤང་ཞིང་། །རྡོ་རྗེ་དྲིལ་བུ་སྤང་མི་བྱ། །ལྷ་དང་བླ་མ་དེ་བཞིན་ནོ། །དེ་ནི་ཡན་ལག་དམ་ཚིག་ཡིན། །རྩ་བའི་དམ་ཚིག་ལྔ་པོ་ནི། །ཁྲི་ལ་ཉལ་བར་མི་བྱ་ཞིང་། །ཤ་མི་ཟ་ཞིང་ཆང་མི་བཏུང་། །སྒོག་པ་ལ་ཕུད་བཟའ་མི་བྱ། །ཞེས་ཡན་ལག་གི་དམ་ཚིག་དྲུག་དང་རྩ་བའི་ལྔ་སྡེ་བཅུ་གཅིག་ཏུ་གསུངས་པ་དང་། གསང་བ་སྤྱི་རྒྱུད་ལས། དེ་རིང་ཕྱིན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །གསང་སྔགས་རིག་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །ཞེས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་ལ་སློབ་པ། གསང་སྔགས་ཏེ་ལྷ་ཕོ་དང་རིག་སྔགས་ཏེ་ལྷ་མོའི་ཚོགས་ཀྱིས་བསྡུས་པའི་བྱ་རྒྱུད་ཀྱི་ལྷ་ལ་དད་པ་སྟེ་རྩ་བའི་དམ་ཚིག་གསུམ་དང་། རྟག་པར་ཕྱག་རྒྱ་ཆེན་པོ་ལ་སོགས་ཀྱིས་བསྟན་དོན་བྱེ་བྲག་གི་དམ་ཚིག་བཅུ་གསུམ་ནི། རང་གི་ལྷ་ལ་ལྷ་གཞན་ལས་གུས་པ་བྱ་བ། བྱ་རྒྱུད་ཀྱི་སྒོར་ཞུགས་པའི་དམ་ཚིག་ཅན་ལ་གུས་པ། བསྟན་སྒོར་ཞུགས་པའི་གྲོགས་མཛའ་བོ་རྣམས་ལ་གུས་པ། རང་ལ་དབང་དང་མན་ངག་སྦྱིན་པའི་བླ་མ་ལ་གུས་པ། ལས་མ་གྲུབ་པ་སོགས་ཀྱིས་ལྷ་ལ་ཁྲོ་བས་སྡང་བར་མི་བྱ། ཚེས་བརྒྱད་སོགས་དུས་མཚམས་སུ་རང་གི་ལྷ་མཆོད་པ། ཕྱི་རོལ་པ་སོགས་སྟོན་པ་གཞན་གྱི་གཞུང་མི་མཆོད་པ། གློ་བུར་གྱི་མགྲོན་མཆོད་པ། སེམས་ཅན་ལ་བྱམས་པ་མི་གཏོང་བ། གཞན་དོན་ལ་བརྩོན་པ་མི་འདོར་བ། བཟླས་བརྗོད་ལ་ཚུལ་བཞིན་དུ་བརྩོན་པ། དམ་ཚིག་གསུམ་བཀོད་སོགས་ལས་བསྟན་པའི་དམ་ཚིག་གཞན་ཡང་ཅི་ནུས་སུ་བསྲུང་བ། དབང་བསྐུར་མ་ཐོབ་པའམ་ཐོབ་ཀྱང་ཉམས་པའི་དམ་ཚིག་མེད་པ་ལ་སྔགས་དང་ཕྱག་རྒྱ་མི་སྦྱིན་ཞིང་རྒྱུད་དང་མན་ངག་སྦ་བར་བྱ་བ་རྣམས་སོ། །དེ་ལྟར་རྩ་བའི་དམ་ཚིག་གསུམ་དང་བྱེ་བྲག་གི་དམ་ཚིག་བཅུ་གསུམ་དུ་དབྱེ་བའི་ཚུལ་འདི་ནི་སྙིང་པོའི་སྤྱི་དོན་གསང་བདག་ཞལ་ལུང་དུ་གསུངས་པ་བཞིན་རིགས་གསུམ་སྤྱིའི་དཀྱིལ་ཆོག་གི་སྡོམ་བཟུང་ལྟར་བཀོད་པ་ཡིན་ལ། གཞན་དུ་སྡོམ་གསུམ་འབྲེལ་ཆེན་དུ་རྩ་ལྟུང་བཅུ་བཞིར་གྲངས་ངེས་མཛད་པ་དང་། རྡོར་བྲག་ཞབས་དྲུང་པད་ཕྲིན་གྱིས་མདོ་དབང་དུ་རྣམ་གྲངས་བཅུ་གསུམ་དུ་བསྡུ་བར་མཛད་དེ་དོན་གྱི་གནད་ལ་གཅིག་གོ། །སྒོམ་པ་ལ་མཚན་བཅས་མཚན་མེད་གཉིས་ལས་དང་པོ་མཚན་བཅས་ནི། བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་དབང་ནོད་ལ་དམ་ཚིག་དང་ལྡན་པའི་སྒྲུབ་བོ་དེས་ལྷ་དང་སྔགས་ལ་སེམས་པ་འབའ་ཞིག་མ་གཏོགས་པའི་བསམས་པ་གཞན་སྤངས་ནས་ལྷ་ཡི་སྐུ་དང་སྔགས་ཀྱི་ཚུལ་ལ་དམིགས་པ་ལས་སུ་རུང་བའི་སྒོ་ནས་སྒོམ་པ་ཡིན་ལ། ཚུལ་ཇི་ལྟར་ན། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བདག་གི་ལྷ་དང་བདག་གི་གཟུགས་ཐ་མི་དད་པར་བྱས་པས་མཚན་མ་མ་བྱུང་གི་བར་དུ་བཟླས་བརྗོད་བྱའོ། །ཞེས་དང་། ཞི་བའི་བློ་གྲོས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྤྱོད་པ་གསང་སྔགས་ཀྱི་སྒོར་སྤྱོད་ལ། བདག་ཉིད་རང་གི་ལྷའི་གཟུགས་སུ་བྱས་ལ་ཐེ་ཚོམ་མེད་པའི་ཡིད་ཀྱིས། ང་རྒྱལ་བསྐྱེད་ཅིང་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། རྒྱལ་ཡང་རུང་། རྟག་ཏུ་དུས་ཐམས་ཅད་དུ། བསྐྱོད་ཀྱང་མི་གཡོ་བ་དེའི་ཚེ། ཞེས་སོགས་དང་། འཇམ་དཔལ་གང་གི་ཚེ་རང་གི་གཟུགས་ཡོངས་སུ་སྤངས་ཏེ། ལྷའི་ང་རྒྱལ་ལ་ཐེ་ཚོམ་མེད་པ་ཐོབ་པ་དེའི་ཚེ་གསང་སྔགས་ཀྱི་ཆོས་ཉིད་དེས་ཆོས་ཉིད་སྟན་ཏེ། ཞེས་སོགས་མཚན་བཅས་ཀྱི་རྣལ་འབྱོར་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས། སེམས་ཅན་ཀུན་གྱི་བདག་ཆེ་ནི། །བདག་ཉིད་ལ་ཡང་གནས་སོ་ཞེས། །བྱིན་གྱིས་བརླབས་ནས་སེམས་དཔའ་བདག །ཡིན་ཞེས་ང་རྒྱལ་བསྒོམ་པར་བྱ། །ཞེས་དང་། རང་སེམས་སོ་སོར་བརྟག་པ་ནི། །སངས་རྒྱས་བྱང་ཆུབ་དེ་ཉིད་ཡིན། །ཞེས་དང་། འཇིག་རྟེན་གསུམ་པོ་དེ་ཉིད་དོ། །ཞེས་དང་། འབྱུང་བ་ཆེ་རྣམས་དེ་ཉིད་དོ། །ཞེས་དང་། དེ་ཉིད་ཕྱག་ན་རྡོ་རྗེ་ཡིན། །ཞེས་དང་། སངས་རྒྱས་རིགས་ཀྱང་དེ་ཉིད་དེ། ཞེས་རྡོ་རྗེ་པད་མ་ནོར་བུའི་རིགས་ཀྱང་དེ་ཉིད་ཡིན་པར་གསུངས། སེམས་དཔར་བྱིན་བརླབས་སྦྱོར་བ་ཡི། །རྡོ་རྗེ་སེམས་དཔའ་ཡང་འགྱུར་རོ། །བཅོམ་ལྡན་རྡོ་རྗེ་དེ་ཉིད་ནི། །བསྒོམ་པས་སེམས་དཔའ་ཉིད་དུ་འགྱུར། །ཞེས་དང་། ཡང་རྣམ་པ་ཐམས་ཅད་དུ་རྟག་པར་བདག་གི་ལུས་དང་ལྷའི་གཟུགས་སུ། བདག་གི་ངག་དང་ལྷའི་ངག་ཏུ། བདག་གི་ཡིད་དང་ལྷའི་ཡིད་དུ་མཐོང་བ་དེའི་ཚེ་མཉམ་པར་བཞག་པ་ཡིན་ནོ། །ཞེས་གསུངས་པས་མཚོན། བྱ་སྤྱོད་ཀྱི་རྒྱུད་རྣམས་སུ། བདག་ཉིད་ལྷར་སྒོམ་པ་མཚན་བཅས་ཀྱི་རྣལ་འབྱོར་མང་དུ་གསུངས་པས་བྱ་རྒྱུད་ཁྱད་པར་ཅན་གྱི་ལམ་སྒོམ་པ་ལ། བདག་ཉིད་ལྷར་བསྒོམས་ཞིང་ང་རྒྱལ་བྱེད་པ་མེད་དུ་མི་རུང་བ་ཡིན་ནོ། །སྤྱིར་བྱ་རྒྱུད་ལ་ཙམ་པོ་པ་དང་ཁྱད་པར་ཅན་གཉིས་ལས། དང་པོ་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་ངས་བཤད་དོ། །ཞེས་གསུངས་པ་ལྟར་ཐུན་མོང་མདོ་སྡེའི་གཟུངས་རྣམས་དང་ཚུལ་འདྲ་བར་གསུངས་པ་དང་། རྟོག་པ་ཕྲ་མོའི་སྔགས་ཕལ་ཆེ ར་ལ་རང་ལྷར་མི་བསྒོམས་པར་ལྷ་ཡེ་ཤེས་པ་མདུན་དུ་སྤྱན་དྲངས་ལ་མཆོད་ཅིང་བཟླས་པ་བྱེད་པ་དང་། རས་བྲིས་ལ་རྟེན་བྱས་ཏེ་སྒྲུབ་པ་སོགས་ཀྱི་ཚུལ་གསུངས་པ་ཡོད་ལ། དེ་དག་གི་ཆོ་ག་པཎ་གྲུབ་རྣམས་ཀྱིས་གསང་སྔགས་མདོ་སྡེའི་ཚུལ་དུ་བཀྲལ་བའང་ཡོད་ཅིང་། དེ་དག་བྱ་རྒྱུད་དུ་གཏོགས་པར་ཡང་བཞེད་དོ། །ཡང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལ། བྱ་རྒྱུད་ལ་ཡེ་ཤེས་སེམས་དཔའི་བདེ་བ་མེད་པ་དང་། བདག་ཉིད་ལྷའི་སྙེམས་པ་མེད་པ་ཞེས་གསུངས་པ་ནི། འདི་ལས་རྣལ་འབྱོར་རྒྱུད་བཞིན་དུ་རང་ལྷ་དང་ཐ་མི་དད་དུ་བྱས་ཏེ་རང་ལ་ཡེ་ཤེས་བཞུགས་པར་མ་བསྟན་ཅིང་། མདུན་བསྐྱེད་གཙོ་བོར་བྱས་པའི་ཕྱིར། རྣལ་འབྱོར་རྒྱུད་ལྟར་ལྷའི་སྙེམས་པ་མི་བྱ་བའི་དོན་ཡིན་གྱི། བདག་ཉིད་ལྷར་བསྒོམ་པ་གཏན་མེད་པའི་དོན་མ་ཡིན་ཏེ། བྱ་རྒྱུད་པས་ཀུན་རྫོབ་ཏུ་བདག་དང་ལྷ་ལ་བཟང་ངན་དུ་ལྟ་བའི་ཕྱིར་བདག་ཉིད་ལྷའི་ང་རྒྱལ་གྱི་གསལ་སྣང་བསྐྱེད་ཅིང་ལྷ་དངོས་ཡིན་པའི་འདུ་ཤེས་རྒྱུད་སྡེ་གོང་མ་ལྟར་མི་ནུས་པའི་དོན་ཏོ། །དེ་ལྟར་ན་བདག་གི་སྒོ་གསུམ་དང་ལྷའི་གསང་གསུམ་དབྱེར་མེད་དུ་སྣང་བའི་ཚེ་སྔགས་འགྲུབ་པར་གསུངས་པའི་ལུང་རང་གིས་དྲངས་པ་དང་འགལ་ལོ་སྙམས་ན། ཀུན་རྫོབ་ཏུ་ལྷ་དངོས་ཀྱི་རང་བཞིན་མིན་ཡང་ཡིན་པའི་ང་རྒྱལ་སྒོམ་ནས་གསལ་སྣང་བྱུང་ནས། ལྷའི་གསང་གསུམ་གྱི་དངོས་གྲུབ་ཐོབ་པ་མི་འགལ་ཏེ། དེང་སང་གི་སྔགས་གསར་མ་པ་ཕལ་མོ་ཆེས། སྔགས་བླ་མེད་ཀྱི་བསྐྱེད་རིམ་འཆད་པའི་ཚེ། རང་གདོད་ནས་ལྷའི་རང་བཞིན་དུ་རྣམ་པར་དག་པ་མིན་ཡང་ལྷ་ཡིན་པར་བསྒོམས་པ་གོ་ཆོད་པར་ཁས་ལེན་པ་ཡིན་ན། བྱ་རྒྱུད་ལའང་དེ་ལྟ་བུ་འོང་བ་ཅི་ལ་འགལ། གཞན་ཡང་རང་ཉིད་ལྷའི་རྣམ་པར་སྒོམ་པ་དང་མ་བྲལ་བའི་སྒོ་ནས་བལྟས་པས་བདེ་བ་ལམ་དུ་བྱེད་པ་དང་། གཞན་ལ་དབང་བསྐུར་བ་དང་། ཕྱོགས་བཅིངས་པ་སོགས་ཀྱི་ལས་ཕལ་མོ་ཆེ་དང་། རིག་འཛིན་གྱི་འཁོར་ལོས་བསྒྱུར་བ་སོགས་དངོས་གྲུབ་ཆེན་པོ་དང་མངག་གཞུག་པ་སྒྲུབ་པ་སོགས་དངོས་གྲུབ་སྣ་ཚོགས་བསྒྲུབ་པ་ཡིན་གྱི། ཐ་མལ་རང་ག་མའི་བློ་མ་བོར་བས་དེ་ལྟར་བྱས་ཀྱང་དོན་ཆུང་བར་ཟད་དོ། །གལ་ཏེ་རང་ཐ་མལ་པ་ལྷ་མིན་པའི་གནད་ཀྱིས་ལྷར་སྒོམ་མི་རུང་ན། བུམ་ཆུ་སོགས་དང་། བྲིས་སྐུ་དཀྱིལ་འཁོར་སོགས་ལྷར་བསྐྱེད་མི་རུང་བར་མཚུངས་ཏེ། དེ་དག་ཀྱང་ལྷ་དངོས་མིན་པའི་ཕྱིར་རོ། །མདུན་གྱི་ལྷ་བསྒོམས་པ་དེ་ཡང་རང་སེམས་ཀྱིས་བརྟག་སྟེ་བྱས་མོད། དེ་ལ་གསར་སྣང་གྲུབ་རྒྱུ་ཡོད་ན་རང་སེམས་དང་རང་ལུས་ལྷར་གསལ་ཀྱང་གསལ་སྣང་གྲུབ་པ་ཡོད་པར་མཚུངས་སོ། །མདུན་གྱི་ལྷའི་རྣམ་པ་དེ་ཡང་རང་སེམས་ཀྱི་གསལ་ཆ་ཙམ་གྱི་རྣམ་པ་སྣང་བ་ཡིན་ནའང་། དེ་བདག་དང་རྒྱུད་ཐ་དད་པའི་ལྷ་ཡེ་ཤེས་པ་དངོས་སུ་ཞེན་ཅིང་། རང་དངོས་གྲུབ་ནོད་པ་པོའི་ཚུལ་གྱིས་མཆོག་དམན་གྱི་འདུ་ཤེས་ཤས་ཆེ་བའི་གདུལ་བྱ་དག་གི་ངོར། རེ་ཞིག་མདུན་བསྐྱེད་གཙོ་བོར་བྱེད་པའི་བྱ་རྒྱུད་རྣམས་བསྟན་པ་ཡིན་ཀྱང་། རྣམ་པ་ཀུན་ཏུ་ཐ་མལ་པ་དང་ལྷ་ཡེ་ཤེས་པ་འདྲེ་མི་རུང་བར་བཟུང་ན། ཐ་མལ་པའི་སྣང་བ་གང་ཡང་ལྷར་བསྒོམ་མི་རུང་བའི་གཉིས་སྣང་དམ་པོ་དེས་དངོས་གྲུབ་འབྱུང་བ་ལ་གེགས་བྱེད་པ་ཡིན་ཅིང་། བྱ་རྒྱུད་པ་ལའང་ནམ་ཞིག་ལྷ་དང་རང་གཉིས་སུ་མེད་པའི་ངེས་པ་སྐྱེས་པའི་ཚེ་བློ་ན་འཕར་ཏེ། རྒྱུད་སྡེ་གོང་མའི་དགོངས་དོན་ལ་འཇུག་པ་ཡིན་ནོ། །དེས་ན་སྔགས་བླ་མེད་ནས་ཇི་ལྟར་གསུངས་པའི་དགོངས་དོན་ཉམས་སུ་མ་ལོན་པར་དུ་འབྲས་བུ་མཐར་ཐུག་འཐོབ་པ་མིན་ཡང་། གནས་སྐབས་སུ་གདུལ་བྱའི་བློ་དང་མཐུན་པར་འཇུག་པའི་མདོ་དང་རྒྱུད་འོག་མ་རྣམས་ཀྱི་ལམ་ལ་ཞུགས་པའང་རིམ་གྱིས་མཐར་འབྲས་འཐོབ་པ་ཡོད་མོད་ཀྱི་ལམ་ལ་ཉེ་རིང་གི་ཁྱད་པར་གོང་ནས་གོང་དུ་འཕགས་པ་དང་ལྟ་བ་ཤེས་རབ་དང་ལམ་སྒོམ་པའི་ཐབས་གཉིས་ཀས་འཕགས་པ་ཡིན་པའི་ཕྱིར་རོ། །རྣམ་སྣང་དང་འཇམ་དཔལ་སོགས་ལྷའི་ངོ་བོ་ལ་རྒྱུད་གོང་འོག་གི་ཁྱད་པར་གྱི་མཆོག་དམན་མེད་པས་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོ་སོགས་ཀྱི་རྒྱུད་སྡེ་འོག་མ་ལའང་གོང་མ་སྐྱོར་རུང་བར་བཞེད་ལ། ས་སྐྱ་པ་དག་གིས་བྱ་རྒྱུད་གཅིག་ལ་རྒྱུད་སྡེ་བཞི་ཀར་བཀྲལ་རུང་བར་བཞེད། འོན་ཀྱང་གདུལ་བྱའི་བསམ་པ་དང་མཐུན་པར་ཐ་མལ་པའི་དངོས་ཞེན་ཆེ་ཆུང་དང་བསྟུན་ཏེ། གཙང་སྦྲ་དགོས་མི་དགོས། བདག་ཉིད་ལྷའི་སྙེམས་པ་དོན་མཐུན་ལམ་དུ་བྱེད་ནུས་མི་ནུས་སོགས་ཀྱི་རྒྱུད་སྡེ་བཞིའི་ཆོ་གའི་སྒྲུབ་ཚུལ་ཐ་དད་དུ་ཕྱེ་བ་བཞིན་དུ། རྒྱུད་གང་ནས་དེ་ལྟར་དངོས་སུ་བསྟན་ལ་དེ་དང་དེའི་རྒྱུད་ཀྱི་རྣམ་བཞག་བྱེད་དགོས་པ་ཡིན་ནོ། །དེ་ལྟར་རིགས་པས་དཔྱད་ན་བྱ་རྒྱུད་ཡིན་ན་བདག་བསྐྱེད་མེད་པའི་ངེས་པ་མི་འགྲུབ་ལ། བདག་སྐྱེད་ཡོད་ན་འཐད་པ་དུ་མ་ཡང་ཡོད་མོད་མང་དུ་མ་སྨོས་སོ། །ལུང་གི་དབང་དུ་བྱས་ན་ཡང་བྱ་རྒྱུད་ལ་བདག་བསྐྱེད་མི་བཞེད་པ་དེ་དག་གིས་བྱ་རྒྱུད་དངོས་གནས་པར་ཞལ་གྱིས་བཞེས་པའི་ལག་ན་རྡོ་རྗེ་དབང་བསྐུར་བ་སོགས་ཀྱི་ལུང་སྔར་དྲངས་པ་དང་བྱ་རྒྱུད་ཀྱི་སྤྱི་རྒྱུད་བཞིར་བཞེད་པའི་ནང་མཚན་བསམ་གཏན་ཕྱི་མ་ལས། གཞི་གཉིས་གསུངས་པའི་གཞི་གཅིག་ནི་རང་ཉིད་ལྷར་སྒོམ་པ་ཡིན་པ་སོགས་དང་། བྱ་རྒྱུད་འབའ་ཞིག་ཏུ་འདོད་པའི་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས། བདག་ཉིད་ཕྱག་རྡོར་དུ་བསྐྱེད་པར་གསུངས་པ་སོགས་དེ་འདྲ་འགའ་ཡོད་པ་དང་གལ་ཏེ་བདག་ལྷར་བསྒོམ་པ་གསུངས་པ་མེད་ཀྱང་། དེ་ཙམ་གྱིས་བྱ་རྒྱུད་ཡིན་ངེས་སུ་མི་འགྲུབ་སྟེ། བླ་མེད་རྒྱུད་ཀྱི་སྔགས་ཁོལ་ཕྱུང་དང་། རྟོག་པའི་རྒྱུད་འགའ་ཞིག་ལ་སོགས་པ་བཞིན་ནོ། །གཞན་ཡང་བྱ་རྒྱུད་ལུགས་ཀྱི་ཆུ་ཅོད་པཎ་གྱི་དབང་བསྐུར་བ་དང་། གཙང་སྦྲ་དང་ཁྲུས་སོགས་ཀྱང་བྱ་རྒྱུད་དུ་གཏོགས་ཚད་ལ་དེ་དག་གི་གསལ་ཁ་མ་བྱུང་ཡང་བྱ་རྒྱུད་ཡིན་པར་འདོད་དགོས་པ་བཞིན། བདག་བསྐྱེད་མ་བསྟན་པས་བདག་བསྐྱེད་སྒོམ་མི་རུང་ན་དབང་སོགས་ལའང་མཚུངས་པར་ཁས་ལེན་དགོས་སོ། །བདག་བསྐྱེད་དངོས་སུ་མ་བསྟན་པའི་རྒྱུད་ཕལ་ཆེ་ན། མདུན་བསྐྱེད་ཀྱང་དངོས་སུ་མ་བསྟན་པ་ཡོད་པས་དེ་དག་ཀྱང་བྱ་རྒྱུད་མིན་པར་ཡང་འགྱུར་བའི་ཕྱིར་དང་། རྣལ་འབྱོར་གྱི་རྒྱུད་དང་བླ་མེད་ཀྱི་རྒྱུད་ཡིན་པ་འགའ་ལའང་སྔགས་དང་ཆོ་ག་སོགས་བསྟན་གྱི་བདག་བསྐྱེད་སོགས་ལྷའི་མངོན་རྟོགས་མེད་པའང་ཡོད་པ་ཡིན་ནོ། །སྔགས་བཟླ་རྒྱུ་ཡོད་པ་ཙམ་གྱིས་རྒྱུད་སྡེའི་ཁོངས་སུ་གཏོགས་ངེས་པའང་མིན་ཏེ། དཔེར་ན་ཆུ་ཅོད་པཎ་གྱི་དབང་ནོད་པ་སོགས་སྔོན་དུ་འགྲོ་བ་དང་། མདུན་བསྐྱེད་སོགས་མི་དགོས་པར། དད་པས་བཟླ་རུང་བ་འདུལ་བ་དང་མདོ་ལས་བྱུང་བའི་སྔགས་དང་དྲང་སྲང་སོགས་བདེན་ཚིག་གྲུབ་པ་དང་། ལྷ་མཐུ་བོ་ཆེ་སོགས་ཀྱིས་བྱིན་གྱིས་བརླབས་པས་ནད་ཞི་བ་དང་མིག་འཕྲུལ་སྟོན་པ་སོགས་ཀྱི་སྔགས་མཐའ་ཡས་པ་ཡོད་པ་བཞིན་ནོ། །དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དཀྱིལ་འཁོར་གང་རུང་དུ་ལྷ་སོགས་ཀྱི་རིག་སྔགས་ཕལ་མོ་ཆེ་རྒྱུད་དང་དཀྱིལ་འཁོར་དེ་ལ་བརྟེན་པའི་རིགས་སྔགས་ཀྱི་འཁོར་ཡིན་པས་དེའི་རིགས་སུ་གཏོགས་ལ། དེ་ལྟར་མིན་པ་རྣམས་ནི། དཔུང་བཟང་ལས། གཞན་ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱམས། །ཞེས་གསུངས་པ་ལྟ་བུའོ། །དེས་ན་རྒྱུད་ཀྱི་ཚིག་རིས་ལ་བདག་བསྐྱེད་ཡོད་མེད་ཙམ་ཞིག་གིས་བྱ་རྒྱུད་ཡིན་མིན་དཔྱད་དཀའ་བས་སྔགས་ཕལ་མོ་ཆེ་དང་། བླ་མེད་ཀྱི་རྫོགས་རིམ་སོགས་ཕལ་ཆེ་བ་རྒྱུད་དེར་དངོས་སུ་གསལ་བར་བསྟན་པ་མེད་ཀྱང་། དེ་དག་གི་བཤད་རྒྱུད་རྒྱས་པ་སོགས་དང་། རྒྱུད་གཞན་ན་གསལ་བ་དང་། རྒྱུད་ཀྱི་བཀའ་བསྡུ་བ་པོ་གསང་བདག་དང་མཁའ་འགྲོ་མ་སོགས་ཀྱི་མན་ངག་ལ་བརྟེན་ཏེ་བཀྲལ་བའི་ལུང་ཟབ་མོ་ཤིན་ཏུ་མང་བའི་ཕྱིར་ན། ལམ་འདིའི་ཤིང་རྟ་ཆེན་པོའི་དངོས་གྲུབ་བརྙེས་ཤིང་མཁས་པའི་དཔའ་བོ་འཛམ་གླིང་ན་ཡོངས་སུ་གྲགས་པ། སློབ་དཔོན་སངས་རྒྱས་གསང་བ་སོགས་ཀྱི་རྗེས་སུ་འབྲང་བ་ནི་ཤིན་ཏུ་རིག་པ་དང་ལྡན་ཞིང་དངོས་གྲུབ་ཀྱི་ལམ་པོ་ཆེ་ཡིན་པ་ཉིད་དུ་ཤེས་པར་བྱའོ། །ཞེས་ཀུན་མཁྱེན་བླ་མ་འཇལ་དཔལ་རྗེས་པས་གསུངས་སོ། །དེ་ལྟར་ངེས་པར་བྱས་ནས་སྒོམ་པ་དངོས་ལ་འཇུག་པ་ལ། སྤྱིར་དེ་ཁོ་ན་ཉིད་བཞིར་གསུངས་ཏེ། དེ་ལ་བདག་གི་དེ་ཁོ་ན་ཉིད་ནི་གཞི་གནས་ལུགས་ལྟ་བས་གཏན་ལ་འབེབས་པ་སྟེ། ཞིབ་པར་གོང་དུ་སོང་ལ། དེ་ཡང་སློབ་དཔོན་སངས་རྒྱས་གསང་བས། བདག་གི་དེ་ཁོ་ན་ཉིད་ནི་རིག་པས་དཔྱད་པའི་སྟོང་པ་ཙམ་ལ་མི་བྱ་ཡི། བདག་གི་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ་ཐོབ་ན་སངས་རྒྱས་སུ་འགྱུར་བས་དེ་འཛིན་ཞེས་གསུངས་ཏེ། མདོར་ན་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཆོས་ལས་འདས་ཏེ་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བཞུགས་ཚུལ་གཏན་ལ་ཕེབས་ན། བདག་གི་དེ་ཁོ་ན་ཉིད་ཀྱང་དེ་ཡིན་ལ། དོན་དམ་པའི་ལྷ་ཡང་དེར་ཚུལ་གཅིག་སྟེ་ཆོས་ཐམས་ཅད་ཀྱི་གནས་ལུགས་དང་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱའོ། །ལྷའི་དེ་ཁོ་ན་ཉིད་ནི། རྣམ་འཇོམས་ཀྱི་རྒྱུད་རྒྱས་པའི་ཚིགས་དྲངས་ཏེ་སངས་རྒྱས་གསང་བས། དང་པོ་ཁྲུས་བྱས་རྣལ་འབྱོར་པས། རྡོ་རྗེའི་གདན་ལ་འདུག་ནས་ནི། མཆོད་དང་གསོལ་བས་ལྷ་དྲུག་སྒོམ། སྟོང་པ་ཡི་གེ་སྒྲ་གཟུགས་དང་། ཕྱག་རྒྱ་མཚན་མ་དྲུག་ཡིན་ནོ། །ཞེས་པས་བདག་གི་དེ་ཁོ་ན་ཉིད་མཐའ་བཞི་དང་བྲལ་བར་བསྒོམས་པ་སྟོང་པའི་ལྷ། དེ་ཉིད་ཀུན་རྫོབ་ཟླ་དཀྱིལ་གྱི་རྣམ་པར་སྒོམ་པ་ཡི་གེའི་ལྷ། དེའི་སྟེང་དུ་བཟླ་བྱའི་སྔགས་གཟུགས་རང་སྒྲ་སྒྲོགས་པ་སྒྲའི་ལྷ། སྔགས་དེ་ཉིད་ཟླ་དཀྱིལ་ལ་འདྲེས་ནས་སླར་ཡང་སྔགས་ཕྲེང་བཀོད་པ་ལས་འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་ཟླ་བ་སྔགས་ཕྲེང་དང་བཅས་པ་ཡོངས་སུ་གྱུར་པ་ལས་རིགས་གསུམ་གྱི་ལྷ་དེ་དང་དེའི་གཟུགས་སུ་བསྒོམས་པ་གཟུགས་ཀྱི་ལྷ། དེ་ལ་རིགས་གང་ཡིན་དེ་དང་དེའི་དམ་རྒྱས་རྒྱས་འདེབས་པ་ཕྱག་རྒྱའི་ལྷ། དུས་ཀུན་ཏུ་ཏིང་ངེ་འཛིན་གྱི་ལྷའི་འདུ་ཤེས་དང་མི་འབྲལ་བ་མཚན་མའི་ལྷ་སྟེ། ལྷ་མ་བསྒོམ་པའི་རྣལ་འབྱོར་དྲུག་སོགས་འོག་ཏུ་གལ་པོའི་དགོངས་པ་བཤད་པ་དང་དོན་གཅིག་གོ། །བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ལ་ཐུན་མོང་དང་ཁྱད་པར་གཉིས་ཀྱི། ཐུན་མོང་པ་འོག་ཏུ་འཆད་པར་འགྱུར་ལ། ཁྱད་པར་བ་ནི། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་གསོས་ཤིག །ཅེས་པས། སྒྲ་ནི་སྔགས་ཀྱི་ཡི་གེའི་ཕྲེང་བའི་སྒྲའོ། །སེམས་ནི་བྱང་ཆུབ་ཀྱི་སེམས་རྣམ་པར་རྟོག་པ་དང་བྲལ་བ་ཤིན་ཏུ་རྣམ་དག་དྲི་མེད་བརྟན་ཞིང་མི་གཡོ་བ་ཟབ་ཅིང་ཕྲ་བ་མེ་ལོང་ལྟ་བུ་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་སྣང་བའོ། །གཞི་ལ་གཞོལ་ནི་མདུན་དུ་བཞུགས་པ་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པ་རྩེ་གཅིག་ཏུ་གཞོལ་བའོ། །གསང་སྔགས་མི་འགྱུར་ཞེས་པ་ནི་གཞི་བཞི་པོ་གསལ་ཞིང་བརྟན་པར་གྱུར་པ་ལ་བྱའོ། །གཞི་ལ་གནས་ཞེས་པའི་གཞི་ཕྱི་མ་ནི་བདག་གི་གཞི་སྡེ་བདག་ལྷར་གསལ་བ་ལ་དམིགས་པ་རྩེ་གཅིག་ཏུ་གནས་པའོ། །དེ་ལྟར་ཡན་ལག་བཞི་པོ་མ་ཉམས་པའི་ཏིང་ངེ་འཛིན་དང་ལྡན་པའི་སྒོ་ནས་གསང་སྔགས་བཟླ་བར་བྱ་བ་སྟེ། དེ་ཡང་མིག་སོགས་དབང་པོ་དང་བ་སྤུའི་མཐར་ཐུག་པར་རྒྱུ་བའི་རླུང་ཐམས་ཅད་ལུས་ཀྱི་ནང་དུ་སླར་སྡུད་པ་ཡིས་བཀུག་ནས། སྲོག་ཅེས་པ་རླུང་དང་རྩོལ་བ་ཞེས་པ་ཡིད་ཀྱི་དྲན་པ་འགྱུ་བ་སྟེ། དེ་གཉིས་ཀ་བསྡོམ་ནས་བཟླ་བར་གསུངས་ཏེ་མདོར་ན། གཞི་བདག་མདུན་ལྷར་བསམས་པ། སེམས་ཐུགས་ཀར་ཟླ་དཀྱིལ་བསམ་པ། སྒྲ་དེའི་སྟེང་སྔགས་ཀྱི་སྒྲ་གདངས་བསམ་པ། སྲོག་རྩོལ་བསྡམས་ནས་མདུན་གྱི་ལྷ་བཟླ་བ་སྔགས་དང་བཅས་ལ་དམིགས་ནས་བཟླ་བ། སྲོག་དབྱུང་བའི་ཚེ་རང་གི་ལྷ་བཟླ་བ་སྔགས་ཕྲེང་ལ་དམིགས་པ། སྔགས་བཟླ་བའང་སྐྱོན་དང་བྲལ་བར་མ་ཉམས་པར་བཟླ་ཞིང་། དེས་སྐྱོན་མི་རྟོག་པའི་ངང་ལ་ངལ་གསོ་བ་རྣམས་སོ། །བསམ་གཏན་གྱི་དེ་ཁོ་ན་ཉིད་ནི། དེ་ཉིད་ལས། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐས་ཐར་བ་སྟེར་བར་བྱེད། །འདི་དག་དེ་ཉིད་གསུམ་པོ་ཡིན། །ཞེས་པས། དེ་ཉིད་གསུམ་གྱི་དང་པོ་གསང་སྔགས་མེར་གནས་ནི། རང་ཉིད་དང་མདུན་གྱི་ལྷའི་ཐུགས་ཀར་རྣམ་པར་མི་རྟོག་པའི་གཟུགས་ཅན་ཐོག་རེག་དང་བྲལ་བར་དྭངས་ཞིང་འོད་གསལ་ལ་དྲི་མ་མེད་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན། མི་གནོད་ཅིང་ཟུག་རྔུ་མེད་ལ་ཡིད་དུ་འོང་བའི་རང་བཞིན་ཅན། རབ་ཏུ་ཞི་བའི་མེ་ལྕེ་འོད་རབ་ཏུ་བཟང་བར་བསམ་པ་ཡིན། མེ་ལྕེ་དེའི་ནང་ན་གནས་པ། དེ་ཉིད་གཉིས་པ་སྒྲར་གནས་ཞེས་པ་ནི། སྔགས་ཀྱི་ཡི་གེའི་ཕྲེང་བ་བརྒྱུད་མར་གནས་པའི་སྒྲ་གདངས་གསལ་ཞིང་ཟུར་ཕྱིན་པ་དྲིལ་བུའི་སྒྲ་ལྟ་བུར་བར་མ་ཆད་དུ་ཡིད་ངོར་སྣང་བ་ལ་སེམས་རྩེ་གཅིག་ཏུ་གནས་པ་ལ་གསལ་སྣང་བརྟན་པ་ནི་གསང་སྔགས་མི་འགྱུར་བའི་གཞི་ཞེས་གསུངས་ཏེ། ངག་གི་བཟླས་བརྗོད་མེད་པར་ལྷའི་ངོ་བོ་སྔགས་ཀྱི་སྒྲ་ཡིད་ལ་ཞེན་པར་བསམ་པའོ། །དེ་ཉིད་གསུམ་པ་སྒྲ་མཐའ་ནི། སྒྲ་སྣང་ཡལ་ཞིང་མི་དམིགས་པ་སྟེ། ཡལ་བའི་གནས་ནི་མཐའ་དང་བྲལ་བ་ཆོས་ཀྱི་དབྱིངས་སོ། །ཇི་ལྟར་སྒྲར་སྣང་ཡལ་བར་གཏོང་ན། སྒྲར་སྣང་གི་གནས་ཡིག་འབྲུའི་གཟུགས་ཀྱི་རྣམ་པར་སྣང་བ་དང་། སྒྲ་མངོན་དུ་བྱེད་པ་ཡི་བཟླས་དང་ཤུབ་བཟླས་ཀྱང་བཏང་། རང་བཞིན་སྒྲར་སྣང་བ་དེ་ཡང་ཡལ་ཏེ་མི་དམིགས་པ། ཞི་བ་གདོད་ནས་མ་སྐྱེས་པའི་དོན་ལ་བསམ་གཏན་བྱེད་པ་སྟེ། རྩོལ་བ་དང་བཅས་པ་ཐམས་ཅད་སྤངས་བ་ཡིན་ནོ། །དེ་ཡང་དང་པོ་ནི་ལས་ཐམས་ཅད་སྒྲུབ་པའི་གཞི་དང་། གཉིས་པ་ནི་ཞི་གནས་སྐྱེ་བའི་རྟེན་དང་། གསུམ་པ་ནི་ལྷག་མཐོང་གི་ཡེ་ཤེས་འཆར་བའི་ཉེར་ལེན་དུ་གསུངས་པ་སྟེ་ཞིབ་པར་ཀུན་མཁྱེན་བླ་མ་འཇལ་དཔལ་དགྱེས་པས་སྩལ་བའི་བསམ་གཏན་ཕྱི་མའི་རྒྱུད་དོན་རྣམ་བཤད་སོགས་ལས་ཤེས་པར་བྱ་ལ། འདིར་ནི་སྙིང་པོའི་སྤྱི་དོན་ལས་གསུངས་པ་ལྟར་ན། ཧེ་རུ་ཀ་གལ་པོ་ལས། ཆོས་ཉིད་སྒྲ་དང་ཡིག་གཟུགས་ཐུགས། །ཡེ་ཤེས་ཡོངས་རྫོགས་སྐུར་སྒྲུབ་སྒོམ། །ཞེས་པས་ཀྲི་ཡཱ་དོན་གྱི་ལྷ་དྲུག་གི་སྒོ་ནས་དམ་ཚིག་པ་བསྐྱེད་པ་སྟེ། དེ་ཡང་དང་པོ་སྟོང་པ འི་ལྷ་ནི་བདག་དང་ལྷའི་དེ་ཁོ་ན་ཉིད་རྣམ་པར་མི་རྟོག་པ་ཆོས་ཀྱི་དབྱིངས་སུ་དབྱེར་མེད་པའི་ངེས་ཤེས་སམ་ང་རྒྱལ་དུ་བྱ་བ་སྣང་བ་མེད་པའི་ཏིང་ངེ་འཛིན་ནོ། །དེའི་ངང་ལས་ལྷ་གང་ཡིན་གྱི་སྔགས་ཀྱི་ཡི་གེའི་སྒྲ་གདངས་ཙམ་ནམ་མཁའ་ལས་གྲགས་པར་བསམ་པ་སྒྲའི་ལྷའོ། །གདངས་དེ་ལས་སྔགས་ཀྱི་ཡི་གེའི་གཟུགས་ཀྱི་རྣམ་པར་ནམ་མཁའ་ལ་སྣང་བ་ཡི་གེའི་ལྷའོ། །དེ་ནས་གཟུགས་ཀྱི་ལྷ་སྐུ་མངོན་དུ་རྫོགས་པའི་ཕྱིར་བདག་གི་དེ་ཁོ་ན་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་འགྱུར་བའི་སྟེང་དུ་ལྷའི་ངོ་བོ་སྔགས་ཀྱི་ཡི་གེ་ནམ་མཁར་གནས་པ་དེ་དག་འདུས་ཏེ་དག་པའི་དངུལ་ཆུ་གསེར་གྱི་ཕྱེ་མར་ཞེན་པ་ལྟར་འདྲེས་པ་ལས། བདག་དང་ལྷ་གཉིས་སུ་མེད་པ་གཅིག་ཏུ་གྱུར་པའི་རང་བཞིན་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ནས་ལྷག་པའི་ལྷ་ཡི་གཟུགས་གང་ཡིན་པ་གསལ་ཞིང་དེ་ཉིད་དུ་ང་རྒྱལ་བྱ་བ་གཟུགས་ཀྱི་ལྷའོ།༤ །དེ་ནས་མཚོག་མ་དང་སྤྱི་གཙུག་སོགས་སུ་ལྷ་གང་ཡིན་པའི་རིགས་ཀྱིས་ཕྱག་རྒྱས་བཏབ་པས་བརྟེན་ཞིང་བྱིན་གྱིས་བརླབས་པ་ནི་ཕྱག་རྒྱའི་༥ལྷའོ། །དེ་ནས་དེ་ལྟ་བུའི་ལྷ་དེའི་སྐུ་དང་ཡན་ལག་གི་ཆ་ཤས་རེ་རེ་ནས་ཀྱང་གསལ་བཏབ་ལ། དེའི་མཚན་མ་ལ་སེམས་གཟུང་ཞིང་འདི་དང་འདི་ལྟ་བུ་ཞེས་བརྟག་ཅིང་རྒྱུན་དུ་ཞེན་པ་ནི་མཚན་མའི་༦ལྷའོ། །དེ་ལྟར་རང་དམ་ཚིག་པར་གསལ་བའི་མདུན་དུ་ཡང་དག་པའི་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཞིང་ཁམས་ཕོ་བྲང་གདན་དང་བཅས་པ་གསལ་བཏབ་པའི་ནང་དུ་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ལ་མཆོད་བསྟོད་རྒྱུན་བཤགས་སོགས་བྱས་རྗེས། བོ་དྷི་ཙི་རྒྱལ་བའི་རིགས། པད་མའི་སྙིང་པོ་པད་མའི་རིགས་རུ་རཀྴ་རྡོ་རྗེའི་རིགས་སོགས་ལྷ་སོ་སོར་བསྔགས་པའམ། དུང་སོགས་ལས་བྱེ་བྲག་པར་བསྔགས་པའི་བགྲང་ཕྲེང་ཆོ་ག་བཞིན་དུ་བྱིན་གྱིས་བརླབས་པ་ཞི་བལ་མཐེབ་མཛུབ་སོགས་ལས་སོ་སོར་གསུངས་པའམ། མཐུན་མོང་དུ་མཐེབ་སྲིན་གྱིས་བཟུང་ནས། རིགས་སོ་སོའི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བཟླ་བྱའི་སྔགས་སྒྲ་གདངས་དང་བཅས་པ་བཀོད་ནས་གསང་སྔགས་ཀྱི་ལྷ་རྣམས་མངོན་སུམ་འདྲ་བར་བལྟས་པ་ཡང་དང་ཡང་དུ་བསམ་པའི་དྲན་པ་རྒྱུན་མི་ཆད་པས་ཡུལ་ལ་ཕྱིན་ཅི་ལོག་གི་ངན་རྟོག་གསལ་བའི་སེམས་རྩེ་གཅིག་པ་བསྒྲུབས་ཏེ་རིགས་སྔགས་བཟླ་བ་སོགས་བྱས་ལ་སྒྲུབ་བྱའི་ལྷ་དང་རང་ཉིད་རྗེ་ཁོལ་གྱི་ཚུལ་དུ་བལྟས་ཏེ་དངོས་གྲུབ་བླང་སྟེ། རང་ཤར་ལས། ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་ལྟ། །ཞེས་དང་། རིགས་ཐམས་ཅད་པའི་དངོས་གྲུབ་ལེན་པའི་རྒྱུད་ལས། རྗེ་དཔོན་རྒྱལ་པོའི་ཚུལ་བལྟས་ལ། །རང་ཉིད་དྲན་གྱི་འདུ་ཤེས་ཀྱིས། །སྔགས་སྒྲུབ་དངོས་གྲུབ་སྙིང་པོ་ནི། །བླ་ན་མེད་པའི་མཆོག་ཏུ་བླངས། །ཞེས་སོ། །གཉིས་པ་མཚན་མེད་ནི། མཚན་བཅས་ལྷ་དང་ཡིག་འབྲུ་ལ་སོགས་པར་བསྒོམ་པའི་སྣང་བ་དེའང་མི་དམིགས་པ་དག་པ་མཐའ་བཞི་དང་བྲལ་བའི་ངང་དུ་འཇོག་པས་བདེན་གཉིས་རེས་འཇོག་ཏུ་བསྒོམ་པ་སྟེ། ལ་ཤན་ལས། སྣང་སྟོང་རིམ་གྱིས་བརྟན་པར་བྱེད། །ཅེས་སོ། །སྤྱོད་པ་ནི། བྱ་བ་དྲུག་སྟེ། འཇུག་པའི་དུས་ནི། དཔུང་བཟང་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐརྨ་རྒྱལ་རྣམས་ལ། །གཟའ་སྐར་ཤིས་པས་བླང་པར་བྱ། །བྱང་ཆུབ་སྤྱོད་པ་ཆེ་འཕེལ་འགྱུར། །ཞེས་སོ། །ཟས་༣ནི། དཀར་གསུམ་མངར་གསུམ་བཟའ་བ་དང་། །ཆང་ཤ་སྒོག་བཙོང་བསྲུང་བའོ། །གོས་༢ནི་རས་ཁ་ཚར་མ་ཉམ་པ་གྱོན་པའོ། །གཙང་༤སྦྲ་ནི། ལུས་དང་ངག་གི་གཙང་སྦྲ་དང་། །གསུམ་པ་ཡིད་ཀྱི་གཙང་སྦྲ་དང་། །བཞི་པ་བདེན་པར་སྨྲ་བ་དང་། །ལྔ་པ་ཕྱི་ཡི་གཙང་སྦྲར་བཞེད། །ཅེས་པའི་གཙང་སྦྲ་ལྔའམ། ཡང་ན་ཁྲུས་ཀྱི་བྱ་བ་བཞི་སྟེ། ཉོན་མོངས་མངོན་གྱུར་རགས་པའི་བག་ཆགས་ལྟ་བ་༡རྟོགས་པས་འདག །བག་ལ་ཉལ་གྱི་བག་ཆགས་ཏིང་ངེ་འཛིན་༢བསྒོམ་པས་འདག །སྤྱོད་ལམ་མ་ཉམས་པའི་དྲི་མ་ལྷའི་དཀྱིལ་འཁོར་བསྡུ་ཞིང་ཡེ་ཤེས་པ་གཤེགས་པས་འདག །ཐ་མལ་བའི་དྲི་མ་སྔགས་ཀྱི་བཏབ་པའི་ཆུས་འདག་པའོ། །དམིགས་རྟེན་ནི་མཚན་ཉིད་དང་ལྡན་པའི་བྲིས་སྐུ་སོགས་ཡི་དམ་ལྷའི་སྐུ་གཟུགས་གཙང་སྦྲས་བཞེངས་པའོ། །བཟླས་བརྗོད་སྔགས་ཀྱི་བྱ་བ། དེ་ཉིད་འདུས་པ་ལས། གསང་བ་གསུམ་ལྡན་སྐྱོན་བཅུ་སྤངས་ཏེ་བླངས། །མཚམས་མེད་ལྔ་དང་མི་དགེ་བཅུ་སྤྱོད་དང་། །སྡིག་པ་གང་བྱས་བཟླས་བརྗོད་བྱས་པས་འབྱངས། །ཞེས་ལྷ་དང་བདག་དང་འཕྲོ་འདུའི་དེ་ཉིད་གསུམ་དང་ལྡན་པའི་སྒོ་ནས་སྔགས་ཀྱི་སྐྱོན་བཅུ་སྤངས་ལ་ཇི་ལྟར་དབང་གི་དུས་སུ་དམ་བཅས་པའི་གྲངས་བཞིན་དུ་བཟླ་བར་གསུངས་པ་དང་། དཔུང་བཟང་ལས། བཟླས་བརྗོད་བྱེད་ཚེ་མི་ཉུལ་མི་དལ་ཞིང་། །སྒྲུ་ཆེར་མི་དབྱུང་ཧ་ཅང་ཆུང་བའང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེང་བཞིན་མིན། །ཞེས་དང་། གུག་སྐྱེད་ཀླད་ཀོར་ཚེག་ཚང་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས། །ཞེས་གསུངས་པ་རྣམས་ཏེ། གལ་པོ་ལས། གཟའ་སྐར་དུས་ཚིགས་ཟས་གོས་གཙང་། །བརྟུལ་ཞུགས་དཀའ་ཐུབ་སྤྱད་པ་སྤྱོད། །ཅེས་དང་། ལྟ་ཕྲེང་ལས། སྐུའི་གཟུགས་བརྙན་དང་། ཐུགས་མཚན་དང་། བཟླས་བརྗོད་དང་ཞེས་སོགས་གསུངས་སོ། །འབྲས་བུ་ནི། བྱ་རྒྱུད་རང་ལམ་གྱིས་ཚོགས་ལམ་ཆེན་པོའི་བར་བགྲོད་ནས་སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་སྟེ་གནས་སྐབས་སུ་འདོད་པའི་ལྷ་དང་སྐལ་པ་མཉམ་པའི་རིག་འཛིན་ནམ་མཁའ་སྤྱོད་གྲུབ་ནས། རྟེན་དེ་ལ་བརྟེན་ནས་སྔགས་ཀྱི་ཕྱིན་དྲུག་གི་དཔྱོད་སྤྱད་པས་མཐར་ཐུག་གི་འབྲས་བུ། མི་ཚེ་བདུན་ན་སྐུ་རིགས་རྣམ་པར་སྣང་མཛད། གསུངས་རིགས་སྣང་བ་མཐའ་ཡས། ཐུགས་རིགས་རྡོ་རྗེ་མི་བསྐྱོད་པ་སྟེ། རིགས་གསུམ་རྡོ་རྗེ་འཛིན་པའི་ས་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་ཐོབ་པར་འདོད་དེ། གལ་པོ་ལས། མི་ཚེ་བདུན་ན་སངས་རྒྱས་པ། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། །ཞེས་གསུངས། འདིའི་མི་ཚེ་བདུན་ནི། རིག་འཛིན་གྲུབ་ནས་རིང་པོར་འཚོ་བའི་དབང་དུ་བྱས་པ་སྟེ། བྱ་རྒྱུད་རང་ལམ་གྱིས་སྐལ་ཆེན་བརྒྱད་ནས་འབྲས་བུ་ལ་སྦྱོར་བར་བཤད་པ་དང་མི་འགལ་བར་ཤེས་པར་བྱའོ། །དེ་ཡང་སྤྱིར་སྔགས་རྒྱུད་ཕྱི་ནང་ཀུན་ནས་རིག་འཛིན་གྱི་རྣམ་བཞག་མང་དུ་གསུངས་ཀྱང་བསྡུ་ན་འཇིག་རྟེན་ལས་འདས་པ་དང་མ་འདས་པ་གཉིས་ལས། སྔ་མ་ནི་མཐོང་ལམ་ནས་གཟུང་མི་སློབ་པའི་བར་གྱི་བསྡུས་པ་མཆོག་གི་གྲུབ་པ་སྟེ། རྙིང་ལུགས་ཀྱི་རིག་འཛིན་བཞི་ལྟ་བུ་ཡིན་ལ། འདིར་བསྟན་པ་ནི་ཕྱི་མའི་ཁོངས་སུ་གཏོགས་པ་སྟེ། དེ་ལའང་ཐུན་མོང་གི་དངོས་གྲུབ་པ་བརྒྱད་ཀྱི་ནང་མཚན་རལ་གྲི་དང་རིལ་བུ་ལ་སོགས་པའི་རྫས་ལ་བརྟེན་ནས་གྲུབ་པ་དེས་ལུས་དེ་ཉིད་ཀྱིས་ལྷ་དང་མིའི་གནས་སུ་ཐོག་མེད་དུ་རྒྱུ་ཞིང་ནམ་མཁའ་ལ་འགྲོ་བ་དང་། རིག་སྔགས་ཀྱིས་སེམས་ཅན་ལ་ཕན་འདོགས་ཤིང་ཚར་གཅོད་པ་སོགས་ནུས་པ་ནི་རྫས་ལ་བརྟེན་པའི་རིག་འཛིན་ཞེས་ཐུན་མོང་གི་གྲུབ་པ་ཆུང་ངུ་དང་། འབྲིང་པོ་འདོད་པའི་རིག་འཛིན་ཞེས། ཚོགས་ལམ་ཆེན་པོ་དེས་དྲོད་ཐོབ་པ་ན་སྤྱོད་པ་སྤྱད་དེ་སྒྲུབ་པས། ལུས་འདོད་ཁམས་ཀྱི་ལྷ་དང་སྐལ་བ་མཉམ་པ། རིག་སྔགས་དང་དངོས་གྲུབ་སྣ་ཚོགས་བྱེད་པ་ཚེ་ལ་དབང་བར་འགྱུར་རོ། །འདི་ནི་ལུས་ཀྱི་རིག་པ་འཛིན་པ་ཞེས་ལུས་ཕྲ་ཡང་སོགས་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། དེ་ལ་གཟུགས་ཕྲ་བ་ནི་རྩི་ཤིང་ནགས་ཚལ་ལ་སོགས་པ་སྣོད་ཀྱི་ཆོས་ཇི་སྙེད་སྤྲུལ་ཞིང་བསྡུ་པར་བྱེད་པས་ཕྲ་བ་དང་། སེམས་ཅན་སྣ་ཚོགས་པ་སྤྲུལ་བསྡུ་བྱེད་པས་ཡང་པ་དང་། གཉིས་ཀ་སྤྲུལ་བསྡུ་བྱེད་པས་ཡང་དག་པར་ཐོབ་པའམ་བདག་པོར་གྱུར་པ་དང་ཡིད་ཀྱིས་བསམ་པ་ཙམ་གྱིས་གར་ཡང་ཕྱིན་པ་དང་། འབྱུང་པོ་ཀུན་གྱི་མཆོད་པའི་འོས་སུ་རབ་ཏུ་གསལ་བ་དང་། ཇི་ཙམ་འདོད་པ་ཐམས་ཅད་འབྱུང་བས་འདོད་དགུར་སྒྱུར་བ་དང་། གང་ཐོབ་པར་འདོད་པ་དེ་ཐོབ་ནུས་པས་དགའ་མགུར་གནས་པ་སྟེ་དེ་ཉིད་བརྟེན་པ་དང་། ཚར་གཅོད་རྗེས་འཛིན་གྱི་དབང་ཡོད་པ་ནི་དབང་དུ་གྱུར་པའོ། །ཡང་ན། ཕྲ་བ་ནི་འཇའ་ལུས་སུ་གྱུར་པ་དང་། ཡང་པ་ནི་རྡུལ་རགས་པའི་ཁམས་མེད་པས་ཐོགས་བཅས་ཀྱི་ལུས་མིན་པས་འབྱུང་བ་ལྔ་ལ་ཅི་དགར་སྤྱོད་པ་སྟེ། གཞན་རྣམས་འདྲའོ། །དེ་ལྟར་འཇིག་རྟེན་གྱི་དབང་ཕྱུག་ཡོན་ཏན་བརྒྱད་དང་ལྡན་པས་འདོད་ཁམས་འོག་མ་འདིར། མིའི་ནང་དུ་འོང་ཡང་ཡལ་པས་མཐོང་བ་མེད་ལ། སྤྲུལ་པ་སྣ་ཚོགས་ཀྱིས་དོན་མཛད་པར་གསུངས། ཆེན་པོ་གཟུགས་ཀྱི་རིག་འཛིན་ཞེས་ལུས་ཚངས་རིས་ནས་འོག་མིན་གྱི་བར་གྱི་གཟུགས་ཁམས་ཀྱི་ལྷ་དང་སྐལ་པ་མཉམ་ཞིང་དབང་ཕྱུག་གི་ཡོན་ཏན་ཤིན་ཏུ་ཕྲ་བས་གོང་དུ་བཤད་པ་ལས་ཁྱད་པར་འཕགས་པ་ཅན་དུ་གྱུར་ཏེ། དེའི་ལུས་འདོད་ཁམས་སུ་མི་འབྱུང་ཡང་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་སྟེ། དེ་ལྟར་ཐུན་མོང་གི་དངོས་གྲུབ་ལ་འདུན་པའི་སྤྱོད་པ་དེས་འཕྲུལ་དུ་མཆོག་གི་དངོས་གྲུབ་ཐོབ་པ་མིན་ཀྱང་ཚེ་ལ་དབང་ཐོབ་་པ་ཡིན་པས་རིམ་གྱི་ལུས་བརྟེན་དེ་ལ་བརྟེན་ནས་ལམ་གོང་མར་སྦྱོར་བར་བྱེད་པའོ། །མཁའ་སྤྱོད་ཡང་སྤྱིར་སྔགས་ཀྱི་རིག་པ་བཟུང་བ་དང་། སྐྱེ་བདུན་གྱི་ཤ་ཟོས་པ་དང་། ལས་སྟོབས་ཀྱི་སྐྱེ་བས་ལུས་ནམ་མཁའ་ལ་འགྲོ་བ་ཙམ་ལའང་འཇུག་པ་ཡིན་ཞིང་། བྱེ་བྲག་བསྐྱེད་རིམ་སོགས་ལ་བརྟེན་པའི་དངོས་གྲུབ་མཆོག་དང་། ཆེན་པོ་སོགས་དང་འབྲེལ་བའི་མཁའ་སྤྱོད་ཅེས་པ་དེ་ལའང་གཉིས་ཀྱི། མཁའ་སྤྱོད་ཆེན་པོ་ནི། ཕྲ་མོའི་གཟུགས་དང་རེག་ཡང་བ། ཁྱབ་དང་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་དང་བརྟན་པ་ཉིད། །དབང་ལྡན་འདོད་དགུར་སྒྱུར་མཐའ་ཅན། །ཞེས་པའི་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། འདིའི་ཡོན་ཏན་བརྒྱད་ནི་གང་སྨོས་འཇིག་རྟེན་པའི་དབང་ཕྱུག་བརྒྱད་དང་མིང་ཐ་དད་པ་ཙམ་ལས་དོན་ལ་གཅིག་པ་ཉིད་དོ། །འདི་ནི་བསྐྱེད་རིམ་གྱི་འབྲས་བུ་མཐར་ཕྱིན། རྫོགས་རིམ་གྱི་རྟོགས་པ་མངོན་དུ་གྱུར་པས་རང་སྣང་རྣམ་པར་དག་པའི་ཞིང་དུ་ལམ་གྱི་རྟོགས་པའི་འཕྲོ་སྦྱང་བ་ཡིན་ནོ། །མཁའ་སྤྱོད་ཆུང་ངུ་ལ་རྣམ་གྲངས་ཤིན་ཏུ་མང་ཡང་རིགས་བསྡུ་ན་གཟུགས་ཁམས་བཅུ་བདུན། འདོད་ལྷ་རིགས་དྲུག །མི་ཡུལ་གྱི་ནམ་མཁའ་སྤྱོད་པ་ཕྱོགས་གཅིག་ཏུ་ངེས་པ་མེད་པ་རྣམས་སོ། །དེ་ལ་མི་ཡུལ་གྱི་མཁའ་སྤྱོད་ནི། མིའི་ནང་དུ་གནས་ཀྱང་ཡང་དག་པའི་གང་ཟག་རེ་རེ་ཙམ་གྱིས་མཐོང་བ་དང་འཕྲད་པ་སྲིད་ཀྱི། གཞན་ཕལ་པ་རྣམས་ཀྱིས་མཐོང་བར་མི་ནུས་སོ། །ལྷ་ཡུལ་གྱི་མཁའ་སྤྱོད་ནི་འདོད་གཟུགས་གང་དང་གང་དུ་སྤྱོད་ནུས་པ་དེར་དེ་དང་དེའི་ལོངས་སྤྱོད་ལ་སྤྱོད་ཅིང་། དེ་དང་དེའི་ཚེ་ཚད་དང་མཉམ་པའམ་ལྷག་པར་སྤྱོད་པའོ། །དེ་དག་ལའང་ལུས་མ་སྤང་བ་དང་། སྤངས་ནས་མཁའ་སྤྱོད་དུ་སོང་བ་གཉིས་ཡོད་ཅིང་། ལུས་མ་སྤང་བ་ལའང་ལམ་བསྒོམ་པའི་སྟོབས་ཀྱིས་མཁའ་སྤྱོད་ཐོབ་པ་དང་། གནོད་སྦྱིན་མོ་དང་གྲུབ་པ་སྟེ་རིག་འཛིན་ལ་སོགས་པ་བསྒྲུབས་པའི་སྟོབས་ཀྱིས་བགྲོད་པའི་མཁའ་སྤྱོད་དུ་ཁྲིད་པ་གཉིས་ལས་ཕྱི་མ་ནི་འཕྲལ་སྣང་སྣང་ཙམ་སྟེ་མཐོ་དམན་གང་དུ་སྤྱོད་ཅིང་ཡུན་ཇི་ཙམ་སྤྱོད་ཀྱང་ཕུགས་ཀྱི་བཙན་ས་ཟིན་པ་མེད་དོ། །ལམ་ཟབ་མོ་བསྒོམས་པའི་སྟོབས་ཀྱི་བགྲོད་པའི་མཁའ་སྤྱོད་ནི། ལུས་སྤངས་མ་སྤང་གང་ཡིན་ཡང་རུང་སྟེ། ལུས་འཇའ་ལུས་འོད་ཀྱི་རང་བཞིན་དུ་དྭངས་ཤིང་། ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ལ་ལོངས་སྤྱོད་པའི་ཕྱིར་ས་ལམ་གྱི་དམ་པ་གང་དུ་འཕེལ་ཞིང་བགྲོད་པས་བཙན་ས་ཟིན་པའི་མཁའ་སྤྱོད་ཅེས་བྱའོ། །དེས་ན་ལུས་འོད་དུ་དྭངས་བ་དང་མི་སྣང་བ་ཙམ་ནི་སྤྱིར་བཅུད་ལེན་སོགས་རྫས་ལ་བརྟེན་ནས་ཀྱང་བསྒྲུབ་ནུས་ལ། བསྐྱེད་རིམ་མཐར་ཕྱིན་པ་སོགས་ཀྱི་རྒྱུ་ལས་བྱུང་བའང་རགས་ལུས་དྭངས་མར་གྱུར་པ་ཙམ་ཡིན་པས་འདི་ལ་སྔགས་ཀྱི་སྐུ་ཞེས་བརྗོད་རུང་གི་འདི་ཉིད་རྫོགས་རིམ་ཟབ་མོའི་ཐབས་ཀྱིས་མ་ཟིན་ན་རྫོགས་རིམ་གྱི་སྐུ་ཙམ་ཡང་མ་ཡིན་ན་མཐར་ལམ་རྫོགས་ཆེན་གྱི་འཇའ་ལུས་སོགས་སུ་ལྟ་ཅི་སྨོས་ཏེ། ཁ་ཅིག་འདི་ལ་འཁྲུལ་ནས། འཕགས་སྐོར་གྱི་སྒྱུ་ལུས་སྒྲུབ་ཚུལ་ཤེས་ན་རྙིང་མའི་འཇའ་ལུས་ཟེར་བ་བྱེ་མའི་འཆང་བུ་ལྟར་འཇིག་ཟེར་བ་ནི་རང་མཚངས་ངོམས་པ་སྟེ། སྔགས་ཀྱི་རྒྱུད་ཀྱི་སྐབས་འདིར་ནི་སྔགས་ཀྱི་ལྷན་ཅིག་བྱས་རྐྱེན་བྱས་པའི་མཐུས། རགས་ལུས་འདི་ཉིད་དྭངས་མར་གནས་གྱུར་པ་ཡིན་ཏེ། དཔེར་ན་གསེར་འགྱུར་གྱི་རྩིས་ལྕགས་ཉིད་གསེར་དུ་བསྒྱུར་བའམ། བཅུད་ལེན་གྱི་མཐུས་རྒས་ལུས་གཞོན་ནུར་བསྒྱུར་བ་ལྟ་བུ་ཡིན་ལ། དེར་མ་ཟད་གསང་འདུས་ཀྱི་རིམ་ལྔའི་ཕྲ་བའི་རླུང་སེམས་ལས་སྒྱུ་མའི་སྐུ་གྲུབ་ཚུལ་དེ་ཡང་། རྣམ་ཤེས་དང་ཡེ་ཤེས་ལས་རླུང་དང་ཡེ་རླུང་བྱེད་པ་འདྲེས་པ་ལས་སྒྲུབ་པ་ཡིན་པས། འདི་ཡང་མ་དག་པ་དག་པ་དང་སློབ་པ་མི་སློབ་པའི་ཟུང་འཇུག་གི་སྐུར་རིམ་བཞིན་གནས་འགྱུར་དགོས་པ་ཡིན་ལ། རྫོགས་ཆེན་གྱི་སྣང་བཞི་མཐར་ཕྱིན་ཚེ། གདོས་བཅས་རགས་པའི་ལུས་འདི་འོད་དུ་ཡལ་ཏེ། རིག་པའི་ཡེ་ཤེས་འོད་གསལ་ཤིན་ཏུ་རྣམ་དག་གི་སྐུ་མི་སློབ་པའི་ཟུང་འཇུག་ཉིད་མངོན་དུ་བྱེད་པ་ཡིན་ནོ། །དེས་ན་འདི་དག་གི་ཁྱད་པར་ཕྱེད་པའང་གལ་ཆེ་བས་ཞལ་བྱུང་དུ་སྨོས་པ་སྟེ་ཞིབ་པར་གཞན་དུ་གསལ་ལོ། ༈ །གཉིས་པ་གང་ཟག་འབྲིང་གི་འབྲིང་ལ་དགོངས་ཏེ་གསུངས་པ་ཨུ་པ་ཡ་ཡི་ཐེག་པ་ནི། ངོ་བོ་ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི། ལྟ་སྒོམ་ཡོ་ག་དང་། སྤྱོད་པ་བྱ་བ་ལྟར་སྤྱོད་པས་དངོས་གྲུབ་བསྒྲུབ་པའི་ཐབས་སུ་གྱུར་པ་སྟེ། ལྟ་ཕྲེང་ལས། གཉིས་ཀ་ལ་བརྟེན་པས་གྲུབ་པའོ། །ཞེས་སོ། །ངེས་ཚིག་ནི། ཨུ་པ་ཡིའི་སྒྲ་ལས། ཕྱི་ལུས་ངག་གི་བྱ་བ་དང་ནང་རྣལ་འབྱོར་གཉིས་ཀ་ཆ་མཉམ་དུ་སྤྱོད་པའི་ཕྱིར་གཉིས་ཀའི་རྒྱུད་ཅེས་བྱ་སྟེ། རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་ག་ལྟ་བ་ལ། །སྤྱོད་པ་ཀྲྀ་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་སོ། །དབྱེ་བ་ལ་དྲུག་ལས། འཇུག་སྒོའི་དབང་ནི་དཀྱིལ་འཁོར་དུ་བཅུག་ནས་ཆུ་དང་ཅོད་པཎ་གྱི་སྟེང་དུ་སྤྱོད་རྒྱུད་ཀྱི་དགོངས་དབང་། རྡོ་རྗེ་དྲིལ་བུ། མིང་དབང་རྣམས་དང་། མེ་ལོང་ཐུར་མ་ཆོས་འཆད་ཀྱི་རྗེས་གནང་སོགས་ཏེ། ཡེ་ཤེས་ཐིག་ལེ་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་དུ་རབ་ཏུ་གསལ། །ཞེས་སོ། །དེ་ཡང་རྣམ་སྣང་མངོན་བྱང་ལ་དཔེར་མཚོན་ན། བུམ་དབང་དང་པོས་ངན་སོང་གི་དྲི་མ་སྦྱོང་། གཉིས་པས་འཁོར་བའི་ས་བོན་བཀྲུ། གསུམ་པས་ས་དང་པོ་ནས་བཅུ་པའི་བར་གྱི་ཚོགས་གཉིས་ཀྱི་ས་བོན་བཀྲུན། བཞི་པས་རྒྱལ་ཚབ་ཀྱི་ས་བོན་བཞག །དབུ་རྒྱན་གྱིས་སྐུ་མཚན་དཔེ། དྲིལ་བུས་གསུང་ཚངས་དབྱངས། རྡོ་རྗེས་ཐུགས་ཇི་ལྟ་ཇི་སྙེད། མིང་དབང་གིས་མཚན་ཁམས་གསུམ་ཁྱབ་པའི་ས་བོན་བཞིག་ཅིང་། མིག་ཐུར་མེ་ལོང་ཆོས་བཤད་རྗེས་གནང་སོགས་ཀྱིས་གཞན་དོན་ཕྲིན་ལས་རྗེས་སུ་གནང་བ་སྟེ། རིགས་དབང་ལྔ་རྒྱུད་སྡེ་གོང་མ་དང་མིང་འདྲ་ཡང་དོན་ཐ་དད་པ་ཡིན་ནོ། །བྱ་བའི་འཇུག་སྒོ་དང་ཚུལ་ཁྲིམས་དང་། སྤྱོད་པ་རྣམས་བྱ་རྒྱུད་དང་། ལྟ་བ་དང་། སྒོམ་པ་ཡོ་ག་དང་ཤས་ཆེར་མཐུན་པ་སྟེ། གཡུ་ཐང་ལས། གཉིས་ཀའི་རྒྱུད་ཀྱི་འདོད་པ་ནི། །སྤྱོད་པ་བྱ་བའི་རྗེས་མཐུན་ཡང་། །ལྟ་བ་རྣལ་འབྱོར་རྗེས་མཐུན་ཕྱིར། །རིག་དང་ལྟ་བས་ཁྱད་པར་འཕགས། །ཞེས་དང་། ལྟ་རིམ་ལས། གཉིས་ཀའི་རྒྱུད་ཀྱི་འདོད་པ་ནི། །ལྟ་སྤྱོད་གང་འོག་རྗེས་སུ་མཐུན། །ཞེས་སོ། །འོན་ཀྱང་ལྟ་བ་ཆོས་ཀྱི་དབྱིངས་མཐའ་ཐམས་ཅད་དང་བྲལ་བ་དང་གཉིས་སུ་མེད་པ་རིག་པའི་ཡེ་ཤེས་ཀྱི་བྱིན་རླབས་རྣམ་སྣང་སོགས་རིགས་བཞིར་ལྟ་བ་དང་། སྒོམ་པའི་ལྷ་ལ། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལ་གཞི་གྱུར་ཉིད། །ཤིན་ཏུ་བསྡོམས་པའི་ཡིད་ལས་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེ་ཡི་གེ་དང་། ཕྱག་རྒྱ་དང་། གཟུགས་ཀྱི་ལྷ་གསུམ་དུ་གསུངས་ཤིང་དེ་རེ་རེ་ལའང་གཉིས་གཉིས་ཏེ། ཡི་གེ་ལ་བྱང་ཆུབ་སེམས་ཀྱི་ལྷ་དང་སྒྲའི་ལྷ་གཉིས། ཕྱག་རྒྱ་ལ་འཁོར་ལོ་སོགས་གཟུགས་དབྱིབས་སུ་བྱས་པ་དང་ཆོས་འབྱུང་སྔོ་སྐྱས་མཚོན་པའི་སྟོང་པ་ཉིད་གཟུགས་དབྱིབས་མེད་པ་གཉིས། གཟུགས་ལ་ཡོངས་སུ་དག་པ་མཚན་མའི་སྤྲོས་པ་མཐའ་དག་ཉེ་བར་ཞི་བར་རྟོགས་པའི་ངོ་བོ་ཉིད་བདེ་གཤེགས་སྙིིང་པོ་སོ་སོ་རང་རིག་གིས་མངོན་སུམ་མཐོང་བ་དང་། མ་དག་པ་རྣམ་པར་རྟོག་པས་ཁ་དོག་ཞལ་ཕྱག་སོགས་གཟུགས་སུ་སྒོམ་པ་སྟེ། མདོར་ན་ཡི་གེ་ཕྱག་རྒྱ་སྐུ་གཟུགས་གསུམ་པོ་སྒྲ་དང་མཚན་མ་དང་གཟུགས་སུ་སྣང་བ་ནི་མཚན་བཅས་ཀྱི་ཕྱོགས་དང་། བྱང་ཆུབ་སེམས་ཀྱི་ཡི་གེ་སྟེ་སྒྲ་མེད་པ་དང་། མཚན་མའི་གཟུགས་མེད་པའི་ཕྱག་རྒྱ། ཡོངས་སུ་དག་པའི་ལྷ་མཚན་མ་མེད་པ་མི་རྟོག་པའི་ངོ་བོ་གསུམ་ནི་མཚན་མེད་ཡིན་པས་ཟུང་འཇུག་ཏུ་བསྟན་ནོ། །དེ་ལྟར་ཤེས་པར་བྱས་ནས་མཚན་བཅས་ཀྱི་རྣལ་འབྱོར་ལ། བདག་དང་གནས་དང་རྣལ་འབྱོར་སྲུང་བ་གསུམ་སྔོན་དུ་འགྲོ་བས་ཡི་གེ་དང་པོ་དོན་དམ་བྱང་ཆུབ་སེམས་སྟོང་པ་ཉིད་ཀྱི་ངང་ལས་ཀུན་རྫོབ་ཏུ་དེའི་སྣང་ཆ་ཟླ་བའི་དཀྱིལ་འཁོར་དུ་སྒོམ་པ། ཡི་གེ་གཉིས་པ་དེའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་གྲགས་པར་བསམ་པ། གཞི་དང་པོ་དེ་ཐམས་ཅད་ཡོངས་སུ་དག་པའི་རང་བཞིན་བདག་ཉིད་ལྷར་བསྒོམ་ལ་སྔགས་རྒྱ་སོགས་ཀྱིས་བྱིན་གྱིས་བརློབས་པ། གཞི་གཉིས་པ་མེ་ལོང་ལ་གཟུགས་བརྙན་གྱི་ཚུལ་དུ་དེ་ལས་ཤར་བའི་གཟུགས་བརྙན་མདུན་དུ་བསྒོམ་ལ། དེའི་ཐུགས་ཀར་ཟླ་བ་ལ་སྔགས་བལྟས་ཏེ་སྲོག་བསྡམ་ཞིང་རྩེ་གཅིག་པའི་སྦྱོར་བས་གསལ་སྣང་ཐོབ་ཀྱི་བར་དུ་སློབ་ཅིང་ཡིད་བཟླས་བྱེད་པ་སོགས་དང་། མཚན་མེད་ཀྱི་རྣལ་འབྱོར་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་ལ་མཐའ་བཞིས་དཔྱད་པས་སྐྱེ་མེད་དུ་རྟོགས་པ་འཇུག་པའི་སེམས། དེ་ཉིད་རྣམ་པར་མི་རྟོག་པའི་ངོ་བོར་མངོན་སུམ་དུ་རྟོགས་པ་གནས་པའི་སེམས། དེ་ལྟར་མ་རྟོགས་ཏེ་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྗེས་སུ་འཇུག་པ་ལྡང་བའི་སེམས་ཏེ། ངོ་བོ་བྱང་ཆུབ་ཀྱི་སེམས་དེ་ཉིད་རྣམ་པ་འཇུག་གནས་ལྡང་བའི་སེམས་གསུམ་དང་སྦྱར་ཏེ། རྣལ་འབྱོར་དུ་བྱ་བ་སོགས་དང་། ཚུལ་ཁྲིམས་ཡང་ཐུན་མོང་པ་མི་དགེ་བཅུའི་སྟེང་དུ་ཐུན་མིན་དམ་པའི་ཆོས་སྤོང་བ། བྱང་ཆུབ་ཀྱི་སེམས་སྤོང་བ། སེར་སྣས་ཆོས་ནོར་མི་སྦྱིན་པ། སེམས་ཅན་ལ་གནོད་པ་སྟེ། བཞི་བསྣན་པས། རྩ་ལྟུང་བཅུ་བཞི་གསུངས་པས་མཚོན། ཁྱད་པར་ཅུང་ཟད་སྣང་ངོ་། །འབྲས་བུ་ནི། ཕྱི་ནང་གི་རྫས་ལ་བརྟེན་ནས་གནས་སྐབས་སུ་རལ་གྲི་ལ་སོགས་པའི་རིག་འཛིན་གྲུབ་ཅིང་རྟེན་དེ་ལ་བརྟེན་ནས་སྔགས་ཀྱི་སྤྱོད་པ་སྤྱད་པས་མི་ཚེ་ལྔ་ན། རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་དེ། རིགས་བཞི་ནི། སྔར་གྱི་རིགས་གསུམ་གྱི་སྟེང་དུ་རིན་པོ་ཆེའི་རིགས་བསྣན་ནས་ལས་ཀྱི་རིགས་རིན་པོ་ཆེའི་རིགས་ལ་བསྡུས་པ་སྟེ། འགྲོ་བའི་བསམ་པ་རྫོགས་པར་བྱེད་པའི་སྒོ་ནས་རིན་པོ་ཆེའི་རིགས་ཡིན་ལ། ལས་སུ་བྱ་བའི་སྒོ་ནས་ལས་ཀྱི་རིགས་ཡིན་པའི་ཕྱིར་ལས་དང་བྱེད་པ་པོ་གཉིས་གཅིག་ཏུ་བསྡུད་པའི་ཚུལ་ལོ། །དེའང་གལ་པོ་ལས། རིགས་བཞི་རྡོ་རྗེ་འཆང་སར་གནས། །ཞེས་དང་ཀུན་བྱེད་ལས། གཉིས་སུ་མེད་ལ་མི་ཚེ་ལྔས་སྒྲིབ་གྲོལ། །ཞེས་སོ། །འདིའི་མི་ཚེའང་གང་སྨོས་བཞིན་ཏེ། གཞན་དུ་དབང་བརྟུལ་རིང་མཐའ་སྐལ་བ་བརྒྱད་དང་། རྣོན་པོ་སྐལ་ཆེན་གསུམ་སོགས་གསུངས་པ་དང་མི་འགལ་ལོ། ༈ །གསུམ་པ་དབང་པོ་འབྲིང་གི་རབ་ལ་དགོངས་པ་ཡོ་གའི་ཐེག་པ་ལ་གསུམ། ངོ་བོ། ངེས་ཚིག །དབྱེ་བའོ། །ངོ་བོ་ནི། དོན་དམ་མཚན་མ་མེད་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱི་བྱིན་བརླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བརྟགས་ཏེ་རྟོག་པ་བཟང་ངན་བླང་དོར་གྱི་རྩོལ་བས་འབྲས་བུ་བསྒྲུབ་པར་འདོད་པ་སྟེ། ལམ་རིམ་ལས། ལྷུན་གྲུབ་མཉམ་པས་མ་མཐོང་བས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །བྱིན་རླབས་རྡོ་རྗེ་དབྱིངས་སྤྲུལ་པ། །བླང་དོར་འབྱེད་པ་རྣལ་འབྱོར་ས། །ཞེས་སོ། །ངེས་ཚིག་ནི། ཡོ་གའི་སྒྲ་ལས་ནང་གི་རྣལ་འབྱོར་གཙོ་བོར་བྱེད་པའམ། སྟོན་པས་ན་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་སྟེ། ལྟ་ཕྲེང་ལས། རྣལ་འབྱོར་གཙོ་བོར་བྱས་པས་འགྲུབ་པའོ། །ཞེས་སོ། །དབྱེ་བ་ལ་དྲུག་ལས། འཇུག་སྒོའི་དབང་ནི། རིག་པའི་དབང་ལྔའི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་དབང་དྲུག་བསྐུར་ཏེ། ཡེ་ཤེས་ཐིག་ལེ་ལས། ཕྱིར་མི་ལྡོག་པ་བུམ་པའི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་སོ། །དེ་ལ་རིག་དབང་ངམ་སློབ་མའི་དབང་ལྔ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་དམ་ཚིག་དང་སྡོམ་པ་བཟུང་། ཡེ་ཤེས་པ་དབབ་ཅིང་མེ་ཏོག་དོར་བས་རང་གི་ལྷ་ངེས་པར་བྱས་ནས། ལས་བུམ་གྱི་ཁྲུས་སྔོན་དུ་འགྲོ་བས་ལྷ་བུམ་རྣམས་ཀྱི་དབང་དང་། རིགས་སོ་སོའི་ཅོད་པཎ་དང་། དེའི་རྡོ་རྗེ་དང་། དེས་ཡུ་བ་བྱས་པའི་དྲིལ་བུ་དང་། རང་རིགས་ཀྱི་མིང་གདགས་པས་དབང་བསྐུར་བ་སྟེ་དེ་ལྔའོ། །སློབ་དཔོན་གྱི་དབང་དྲུག་ནི། ཕྱིར་མི་ལྡོག་པའི་དབང་དམ་ཚིག་གསུམ་གཟུང་བ། གསང་བའི་དབང་། རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེང་བསྟོད་རྣམས་ཏེ། བསྡམ་པས་དབང་བསྐུར་བཅུ་གཅིག་གོ། །འདིར་གསང་བའི་དབང་ཡང་བླ་མེད་དང་མི་མཚུངས་ཏེ། དཀྱིལ་འཁོར་དུ་གསང་བའི་འཇུག་པ་ཞུགས་ཤིང་མཐོང་བ་ལ་དཀྱིལ་འཁོར་དང་། ལྷའི་དེ་ཁོ་ན་ཉིད་དང་། དཀྱིལ་འཁོར་གྱི་དེ་ཉིད་བཅུ་དང་ལས་ཀྱི་རིམ་པར་བསྟན་པར་བྱ་བ་ལ་གསང་དབང་དུ་བཏགས་པ་དང་། རྣལ་འབྱོར་རྒྱུད་ཁ་ཅིག་ཏུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་གསུང་པའང་སྔགས་སྦྱིན་ནས་ཕྱག་རྒྱ་བཞི་ལ་སློབ་ཏུ་ཞུགས་པ་ལ་དེར་བཏགས་པས་མིང་ཙམ་ཁོ་ནར་ཟད་དོ། །བྱ་བའི་འཇུག་སྒོ་ནི། མཚན་བཅས་དང་མཚན་མེད་ཀྱི་ཏིང་ངེ་འཛིན་གྱི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པ། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཞེས་སོ་ལྟ་བ་ནི། བདེན་པ་གཉིས་ཏེ། དོན་དམ་བདེན་པ་ནི། ཆོས་ཐམས་ཅད་སྤྲོས་པའི་མཚན་མ་དང་བྲལ་བའི་རང་བཞིན་འོད་གསལ་བའི་སྟོང་པ་ཉིད་དེ། སཾ་ག྄་ཧ་ལས། ཆོས་རྣམས་རང་བཞིན་འོད་གསལ་བས། །ངོ་བོ་ཉིད་ཀྱིས་གདོད་ནས་དག །ཅེས་སོ། །ཀུན་རྫོབ་ལ་གཉིས་ཀྱི་ལོག་པའི་ཀུན་རྫོབ་སྔར་དང་འདྲ། ཡང་དག་ཀུན་རྫོབ་ནི། ཅིར་སྣང་ཐམས་ཅད་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱི་བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྣང་བའི་ཕྱིར། སྐྱེ་བོས་སྣང་བ་རང་རྒྱུད་དུ་བརྟགས་པ་འདི་མེད་པར་འདོད་དོ། །དེ་ལྟར་ཡང་། གལ་པོ་ལས། ཡོ་གའི་ཐེག་པར་གནས་འདོད་པས། །འོག་མིན་རྡོ་རྗེ་དབྱིངས་སུ་ལྟ། །ཞེས་དང་ལྟ་རིམ་ལས། ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་རླབས་ལྷར་སྣང་བ། །དེ་ཕྱིར་སྐྱེ་བོ་ལྷར་སྣང་འཁྲུལ། །ཞེས་དང་། གཡུ་ཐང་ལས། རང་གི་དངོས་མཐོང་མཚན་མ་གཉིས། །དབྱེར་མེད་དབྱིངས་དང་ཡེ་ཤེས་ལས། །བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་ལྷ། །ཤར་ལྟར་གྲོལ་བའི་ཚུལ་དུ་ལྟ། །ཞེས་སོ། །དེ་ཡང་དོན་དམ་མཉམ་པ་ཉིད་ལ་བྱ་རྒྱུད་པ་ལས་ངེས་པ་ཇེ་བཟང་དུ་སོང་བའི་གནད་ཀྱི་བདག་དང་ལྷ་ཡང་མཉམ་པ་སྤུན་གྲོགས་ཀྱི་ཚུལ་ཏེ། རྟེན་འབྲེལ་གྱི་སྣང་ཆ་མ་འགག་པས་ཇི་ལྟར་དམིགས་པ་བཞིན་དུ་གནས་སྐབས་དང་མཐར་ཐུག་གི་དོན་ལྷ་ལ་བརྟེན་ནས་གྲུབ་པ་དང་། བདེན་གཉིས་ཟབ་མོའི་ཚུལ་ལ་ཡིད་ཆེས་ཀྱི་ལྟ་བ་དང་ལྡན་པ་སྟེ། འདིར་བཤད་པ་ནི་སྤྱོད་རྒྱུད་དང་ཐུན་མོང་པ་ཡོ་ག་ཙམ་པོ་པའི་ལུགས་ཡིན་ལ། ཡོ་ག་ཁྱད་པར་བའི་དབང་དུ་བྱས་ན། མཉམ་ཉིད་ཀྱི་ལྟ་བ་བཤད་མ་ཐག་པ་ལས་ཀྱང་ཁྱད་པར་དུ་འཕགས་པའི་དབང་གིས་བདག་དང་ལྷ་དོན་ལ་མཉམ་པར་མཐོང་བའི་ངེས་ཤེས་ཀྱིས་ཀུན་རྫོབ་ཏུ་ཡང་ཆུ་ལ་ཆུ་བཞག་པ་བཞིན་མཉམ་པར་བྱས་ཏེ་བསྒོམས་ན། ཆོས་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་ཡིན་པས་ཏིང་ངེ་འཛིན་གྱིས་དབང་བསྒྱུར་ན་ཅི་ལྟར་དམིགས་པའི་ལྷར་མངོན་དུ་གྲུབ་པའི་ཕྱིར། ལྷའི་སྐུ་གསུང་ཐུགས་ཕྲིན་ལས་ཀྱི་བདག་ཉིད་ཕྱག་རྒྱ་བཞི་ཡི་ངོ་བོར་འབད་པས་བསྒྲུབ་པས་དེ་ཡི་ངོ་བོར་འགྲུབ་པའི་ངེས་པ་ཁྱད་པར་ཅན་གྱི་ལྟ་བ་སྟེ་སྔ་མ་ནི་སྒྱུ་འཕྲུལ་ཟུར་ལུགས་པ་རྣམས་བཞེད་ལ། ཕྱི་མ་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་བཞེད་དོ། །ཚུལ་ཁྲིམས་ནི། རྩེ་མོར་གསུངས་པའི་རིགས་ལྔ་སྤྱིའི་དམ་ཚིག །བྱང་ཆུབ་ཀྱི་སེམས་དང་པོར་བསྐྱེད་ཅིང་། དེའི་རྗེས་སུ་ཚུལ་ཁྲིམས་གསུམ་གྱི་བསླབ་པ་ལ་ནན་ཏན་དུ་བྱ་དང་། བྱེ་བྲག་གི་དམ་ཚིག །སྣང་མཛད་ཀྱི་དམ་ཚིག་གསུམ། མི་བསྐྱོད་རིན་འབྱུང་གཉིས་ལ་བཞི་བཞི། མཐའ་ཡས་ཀྱི་གཅིག །དོན་གྲུབ་ཀྱི་གཉིས་ཏེ་བཅུ་བཞིར་གསུངས་པ་དང་། ཡང་འབྱེད་འཕྲུལ་ལྡེར། སྔར་སྨོས་པའི་བྱ་རྒྱུད་ཀྱི་དམ་ཚིག་གཅིག་པོའི་སྟེང་དུ། ལུང་གཅིག་གི་ཆུ་ལ་མི་བཏུང་བ་དང་། ཉམས་དང་ཁ་མི་བསྲེ་བ་གཉིས་བསྣན་པས་བཅུ་གསུམ་དུ་བཤད་དེ། དེ་དག་ཞིབ་པར་ཐེག་དགུ་ལས། ཚུལ་ཁྲིམས་རིགས་ལྔ་སྤྱིའི་དམ་ཚིག །བྱང་ཆུབ་སེམས་མཆོག་དང་པོར་བསྐྱེད། །དེ་རྗེས་ཚུལ་ཁྲིམས་གསུམ་ལ་བསླབ། །བྱེ་བྲག་སྣང་མཛད་དམ་ཚིག་གསུམ། །སེམས་བསྐྱེད་ཚུལ་ཁྲིམས་སྐྱབས་འགྲོའོ། །མི་བསྐྱོད་རྡོ་དྲིལ་ཕྱག་རྒྱ་དང་། །སློབ་བཟུང་བཞི་རིན་ཆེན་ལ། །ནོར་ཆོས་མི་འཇིགས་བྱམས་སྦྱིན་བཞི། །པད་མར་ཐེག་པ་ཀུན་འཛིན་གཅིག །ལས་རིགས་ཀུན་འཛིན་མཆོད་བརྩོན་གཉིས། །གཞན་ཡང་བྱ་རྒྱུད་དམ་ཚིག་ལ། །ལུང་གཅིག་ཆུ་ལ་མི་བཏུང་ཞིང་། །ཉམས་དང་ཁ་མི་བསྲེ་བ་དང་། །ཡི་དམ་ལྷ་དང་སློབ་དཔོན་མཆེད། །རང་སེམས་མ་ཁྲེལ་སོགས་ཀྱང་བཤད། །ཅེས་པ་ལྟར་རོ། །སྒོམ་པ་ལ་མཚན་བཅས་མཚན་མེད་གཉིས་ལས། དང་པོ་འཇུག་ཏུ་རུང་བའི་གང་ཟག་ཐེག་ཆེན་གྱི་འཇུག་སྒོ་སྨོན་འཇུག་གི་བྱང་ཆུབ་ཀྱི་སེམས་གཉིས་ཚུལ་བཞིན་དུ་བསྐྱེད་པ། རྒྱུད་ལ་ཡིད་ཆེས་པས་ཐེ་ཚོམ་དང་ཡིད་གཉིས་མེད་པ། དམ་ཚིག་རྣམས་གཞུང་བཞིན་དུ་བསྲུང་ནུས་པས་བཀའ་བཞིན་དུ་སྒྲུབ་པ། ལམ་དང་ལམ་གྱི་སྟོན་པ་ལྷ་དང་བླ་མ་སོགས་ལ་དད་པ་དང་ལྡན་པ་སྟེ། ཡོན་ཏན་བཞི་དང་ལྡན་པ་དེས། ཐོབ་བྱའི་འབྲས་བུ་སྒྲིབ་པ་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་མཐར་ཐུག་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ལོངས་སྐུ་ཆེན་པོ་སྐུ་བཞིའི་བདག་ཉིད་ཅན་དེ་ལ་དམིགས་ནས། དེ་ཐོབ་བྱེད་ཉེར་ལེན་གྱི་རྒྱུ་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ། རང་བཞིན་གྱིས་འོད་གསལ་ཞིང་སོ་སོ་རང་གིས་རིག་པའི་མཚན་ཉིད་ཅན། ལྷ་དང་སྔགས་དང་ཕྱག་རྒྱ་ཐམས་ཅད་འབྱུང་བའི་གཞིར་གྱུར་པ། རང་སེམས་གདོད་མ་ནས་རྣམ་པར་དག་པའི་དེ་ཁོ་ན་ཉིད་རྒྱུའི་རྒྱུད་ཅེས་བྱ་བ་དེ་ཉིད་ཡིན་ལ། རྒྱུ་དེ་ལས་འབྲས་བུ་མངོན་དུ་བྱ་བའི་ཐབས་སུ་ཕྱག་རྒྱ་བཞི་དང་འབྲེལ་བར་ལྷའི་རྣལ་འབྱོར་བསྒོམ་པ་འཁོར་དང་བཅས་པ་སྟེ། མངོན་བྱང་ལྔ་དང་ཆོ་འཕྲུལ་བཞིའི་སྒོ་ནས་ལྷ་དང་ལྷ་མོའི་རྣལ་འབྱོར་ཕྱག་རྒྱ་བཞི་ལྡན་དུ་སྒོམ་པ་སྟེ། ལྟ་ཕྲེང་ལས། ཕྱི་ཡོ་བྱད་ལ་གཙོ་བོར་མི་འཛིན་པར་དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང་། དེ་དང་འདྲ་བའི་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་གྱིས་འཕགས་པའི་གཟུགས་ཀྱི་སྐུ་ཕྱག་རྒྱ་བཞི་དང་ལྡན་པར་བསྒོམ་པའི་རྣལ་འབྱོར་གཙོ་བོར་བྱས་པས་འགྲུབ་པའོ། །ཞེས་སོ། །དེ་ལ་མངོན་བྱང་ལྔ་ནི། སྲིད་པ་བསྐྱེད་པའི་རིམ་པ་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་བསྟུན་ནས་སྒོམ་པ་རྒྱུད་སྡེ་འོག་མ་གསུམ་གྱི་ལུགས་མ་ཡིན་ཀྱང་ཡར་བལྟས་རྣམ་བྱང་གི་འདྲ་འབག་དང་བསྟུན་ནས་སྲིད་པ་ཐ་མའི་བྱང་སེམས་འཚང་རྒྱ་བའི་ཚུལ་ལྟར་སྒྲུབ་ལ། སྐྱབས་སེམས་སོགས་སྔོན་དུ་སོང་ནས་སྟོང་པའི་ངང་ལས། ཞིང་དང་གནས་ཕུན་སུམ་ཚོགས་པ་སྒྲུབ་པའི་རྒྱུད་གདན་པད་མ་ལས་མངོན་པར་བྱང་ཆུབ་པ། ཆོས་ཕུན་ཚོགས་འབྱུང་བའི་རྒྱུ་གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ། དུས་ཕུན་ཚོགས་རྟག་པ་བསམ་གྱིས་མི་ཁྱབ་པར་གནས་པའི་རྒྱུ་ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ། འཁོར་དང་སྟོན་པ་ཕུན་སུམ་ཚོགས་པའི་རྒྱུ་སྐུ་ཡོངས་རྫོགས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་ལ་མངོན་པར་བྱང་ཆུབ་པ། སྐུ་ཡི་ངོ་བོའམ་ཡེ་ཤེས་ཕུན་སུམ་ཚོགས་པའི་རྒྱུ་ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་སྟེ་མངོན་བྱང་ལྔའི་ཚུལ་གྱིས་བསྐྱེད་ཅིང་། སྐུ་ཡི་རྣམ་པ་ཕྱག་རྒྱ་ཆེན་པོ། གསུང་གི་རྣམ་པ་ཆོས་ཀྱི་ཕྱག་རྒྱ། ཐུགས་ཀྱི་རྣམ་པ་དམ་ཚིག་གི་ཕྱག་རྒྱ། འོད་ཟེར་འཕྲོ་འདུ་ལ་སོགས་པས་ལས་སྒྲུབ་པ་ལས་ཀྱི་ཕྱག་རྒྱ་དང་བཞིས་རང་གི་སྒོ་གསུམ་བྱེད་ལས་དང་བཅས་པ་ལྷའི་སྐུ་གསུང་ཐུགས་ཕྲིན་ལས་ཀྱི་ངོ་བོར་རྒྱས་བཏབ་སྟེ་སྒོམ་པའི་རིམ་པ་ལའང་དབང་རྣོན་རྣམས་སྨོས་མ་ཐག་པ་ལྟར་སྔོན་བྱུང་སྟོན་པ་སངས་རྒྱས་ནས་དཀྱིལ་འཁོར་སྤྲུལ་བཤད་དང་འཕྲིན་ལས་མངོན་པར་འདུ་མཛད་ཚུལ་ལྔར་རྗེས་སུ་འཇུག་པ་ལ། གཙོ་བསྐྱེད་དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག་རྫོགས་པར་བསྐྱེད་པ། ལས་རྒྱལ་མཆོག་ཡེ་ཤེས་གཞུག་པ་སོགས་ལས་རིམ་གཞན་ཏེ་ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་ཉམས་སུ་ལེན་པ་དང་། དབང་བརྟུལ་རྣམས་བདག་ཉིད་རང་རིགས་ཀྱི་ལྷ་དམ་ཚིག་པར་སྒོམ་པ་རྣལ་འབྱོར། དེ་ལ་ཡེ་ཤེས་པ་བཅུག་སྟེ་རོ་གཅིག་ཏུ་བྱ་བ་རྗེས་སུ་རྣལ་འབྱོར། བརྟན་གཡོ་ཐམས་ཅད་རང་རིགས་ཀྱི་ལྷའི་རྣལ་འབྱོར་དུ་བྱ་བ་ཐམས་ཅད་རྣལ་འབྱོར། དེ་གསུམ་སྔོན་དུ་སོང་བ་ལས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་ཤིན་ཏུ་རྣལ་འབྱོར་ཏེ་རྣལ་འབྱོར་བཞི་ལ་བརྟེན་ནས་ཉམས་སུ་ལེན་པ་སྟེ། དེ་གཉིས་གང་ལྟར་རུང་གཙོ་བོར་ཏིང་ངེ་འཛིན་ལ་བརྟེན་ནས་འདས་པའི་དངོས་གྲུབ་དང་། བཟླས་བརྗོད་ལ་བརྟེན་ནས་དངོས་གྲུབ་གཉིས་ཀ་སྒྲུབ་པའི་ཚུལ་སོགས་ཞིབ་པར་གཞན་དུ་ཤེས་ལ། འདིར་ཟུར་ལུགས་སྙིང་པོའི་སྤྱི་དོན་ལྟར་ན། ཧེ་རུ་ཀ་གལ་པོ་ལས། མི་རྟོག་ཟླ་བ་གསུང་རྡོ་རྗེ། །སྤྲོ་བསྡུས་བསྒོམ་པའི་སྐུ་རུ་གསལ། །ཏིང་འཛིན་བྱིན་རློབ་དབང་བསྐུར་མཆོད། །མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི། །བསྒོམ་ཞིང་མཆོད་པ་བྱ་བ་ཡང་། །བསོད་ནམས་ལྡན་ཕྱིར་བྱ་བ་ཡིན། །ཞེས་གསུངས་པ་བཞིན། མངོན་བྱང་ལྔ་ནི། སྟོང་པ་ཉིད་དང་། ཟླ་གདན་དང་། གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་སྟེ། དེའི་དོན་ཡང་གལ་པོའི་མཆན་འགྲེལ་ལས། སྒོམ་པ་ནི་མངོན་བྱང་ལྔ་ཆོ་འཕྲུལ་བཞི་བསྒོམ་པའོ། །དང་པོ་རྣམ་པར་མི་རྟོག་པར་སྒོམ་པ་ནི་གཟུགས་སྐུ་ལ་མངོན་པར་བྱང་ཆུབ་པའོ། །ཟླ་བ་ཚེས་གཅིག་པ་ལྟ་བུའི་རང་སེམས་རིག་པ་མངོན་པར་བྱང་ཆུབ་པ་དང་། ཟླ་བ་ཉ་བ་ལྟ་བུ་སེམས་བསྐྱེད་མངོན་པར་བྱང་ཆུབ་པ་གཉིས་ནི་ཟླ་བ་ལ་མངོན་པར་བྱང་ཆུབ་པའོ། །ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་སྒོམ་པ་ནི་ཆོས་སྐུ་ལ་མངོན་པར་བྱང་ཆུབ་པའོ། །འོད་ཟེར་སྤྲོ་བསྡུས་སྒྲིབ་སྦྱོང་དངོས་སྒྲུབ་བསྐུལ་བ་ནི་བརྟན་པར་བྱ་བའི་མངོན་བྱང་ངོ་། །དེ་ལྟར་སྐུར་གྱུར་པ་ནི་ཕྱག་རྒྱ་ལ་མངོན་པར་བྱང་ཆུབ་པའོ། །ཞེས་དང་། གུ་རུ་རིན་པོ་ཆེས་མཛད་པའི་དགོངས་འདུས་རྩ་རྒྱུད་པད་སྡང་བརྩེགས་པའི་འགྲེལ་པ་ལས། མངོན་པར་བྱང་ཆུབ་པ་ལྔ་ཡི་སྒོ་ནས་འཇུག་པ་སྟེ། དེ་ཡང་རྩ་བ་གཞི་ཤེས་ཀྱི་ངོ་བོ་སྟོང་པ་ཉིད་ལས་བྱང་ཆུབ་པ་དང་། དེའི་ངང་ལས་ཉི་ཟླ་ལ་སོགས་པ་གསལ་བ་ནི་གདན་ཉི་ཟླ་ལས་བྱང་ཆུབ་པ་དང་། གདན་གྱི་སྟེང་དུ་ལྷ་ཡི་ས་བོན་གསལ་བ་ནི་གསུང་ཡིག་འབྲུ་ལས་བྱང་ཆུབ་པ་དང་། ས་བོན་ཡོངས་སུ་གྱུར་པ་ལས་རྡོ་རྗེའམ་པདྨ་སོགས་སྒོམ་པ་ནི་ཐུགས་ཕྱག་མཚན་ལས་བྱང་ཆུབ་པ་དང་། ཕྱག་མཚན་དེ་ཉིད་སྤྲོ་བསྡུ་ལས་བྱུང་བའི་ལྷ་རང་གི་ངོ་བོ་ཞལ་ཕྱག་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཡོངས་རྫོགས་སུ་གསལ་བ་གཟུགས་སྣང་ལས་བྱང་ཆུབ་པའོ། །ཞེས་གསུང་པ་བཞིན་ནོ། །ཆོ་འཕྲུལ་བཞི་ནི། ཏིང་ངེ་འཛིན་དང་། བྱིན་གྱི་རློབ་པ་དང་། དབང་བསྐུར་བ་དང་། མཆོད་པའི་ཆོ་འཕྲུལ་ལོ། །དེ་ལ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ནི། དབུས་སུ་རྣམ་སྣང་། ཤར་དུ་མི་བསྐྱོད་པ། ལྷོར་རིན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ་རྣམས་ལ་རང་རང་གི་རིགས་ཀྱི་སེམས་དཔའ་བཞི་བཞིས་བསྐོར་བ་སྟེ་གཙོ་འཁོར་ཡོངས་རྫོགས་བསྒོམ་པའོ། །བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ནི། བསྒོམ་པའི་ལྷ་དེ་དག་རང་རང་གི་རིགས་ཀྱི་བྱིན་ཅན་དུ་བྱིན་གྱིས་བརླབ་པའོ། །དབང་བསྐུར་བའི་ཆོ་འཕྲུལ་ནི། རང་རིགས་ཀྱི་དབང་གང་ཡིན་གྱིས་སྐུ་དང་ཡེ་ཤེས་དང་ཡེ་ཤེས་དང་གཟུང་དང་ཏིང་ངེ་འཛིན་དང་ལྡན་པར་དབང་བསྐུར་བའོ། །མཆོད་པའི་ཆོ་འཕྲུལ་ནི། དེ་དག་ལ་ཕྱག་དང་མཆོད་པ་བསྟོད་པ་བྱ་བ་རྣམས་སོ། །ཕྱག་རྒྱ་བཞི་ནི། ལུས་ངག་ཡིད་དང་བྱ་བ་བཞི་ལ་རིམ་པར་སྐུ་ཕྱག་མཚན། གསུང་ཆོས་རྒྱ། ཐུགས་དམ་རྒྱ། ཕྲིན་ལས་ལས་རྒྱ་རྣམས་ཀྱི་རྒྱས་བཏབ་ནས་བསྒོམ་པའི་ཕྱིར་ཕྱག་རྒྱ་སྟེ། ཀུན་གཞིའི་རྣམ་པར་ཤེས་པའི་འཁྲུལ་བ་གློ་བུར་བ་གསལ་ནས། རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་དེ་མངོན་དུ་བྱ་བ་ལ་སྐུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར། ཉོན་ཡིད་ཀྱི་གློ་བུར་འཁྲུལ་བ་བསལ་ནས་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་མངོན་དུ་བྱ་བ་ལ་ཐུགས་དམ་ཚིག་གི་ཕྱག་རྒྱའི་རྣལ་འབྱོར། ཡིད་ཀྱི་ཤེས་པའི་གློ་བུར་གྱི་འཁྲུལ་པ་བསལ་ནས་རང་བཞིན་སོ་སོར་རྟོགས་པའི་ཡེ་ཤེས་དེ་མངོན་དུ་བྱ་བ་གསུང་ཆོས་ཀྱི་ཕྱག་རྒྱའི་རྣལ་འབྱོར། སྒོ་ལྔའི་རྣམ་ཤེས་འཁྲུལ་པ་བསལ་ནས་རང་བཞིན་བྱ་བ་གྲུབ་པའི་ཡེ་ཤེས་དེ་མངོན་དུ་བྱ་བ་ཕྲིན་ལས་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་དེ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་སྟེ། མདོར་ན་འཁྲུལ་བ་སྦྱོང་བྱེད་ཀྱི་ཐབས་ཕྱག་རྒྱ་བཞི་དང་འབྲེལ་བའི་ལྷའི་རྣལ་འབྱོར་སྒོམ་པ་འཁོར་དང་བཅས་པ་སྟེ། དེ་ཡང་དམ་ཚིག་པ་བསྐྱེད་ལ། ཡེ་ཤེས་པ་སྤྱན་དྲངས་ནས་སྤུན་ནམ་གྲོགས་ཀྱི་ཚུལ་དུ་བཟང་ངན་མེད་པར་བལྟས་ཏེ། མཆོད་བསྟོད་བཟླས་པ་སོགས་བྱའོ། །དེ་ལྟར་ཡང་རང་ཤར་ལས། ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་ནམ་གྲོགས་པོའི་ཚུལ་དུ་འབོད། །ཅེས་སོ། །འདི་ནི་ཡོ་ག་ཙམ་པོ་པའི་ལུགས་ཡིན་ལ། ཡོ་ག་ཁྱད་པར་བའི་དབང་དུ་བྱས་ན་བདག་ཉིད་ལྷ་ཡི་རྣལ་འབྱོར་དུ་བསྒོམས་པ་ལ་ཡེ་ཤེས་པ་དགུག་བསྟིམ་གཉིས་མེད་དུ་བྱས་རྗེས་བཟླས་པ་སོགས་བྱས་ཏེ། སྐབས་དེར་དངོས་གྲུབ་ནོད་པར་བྱ་བ་དང་། མཐར་གཤེགས་སུ་གསོལ་བ་ཡིན་ནོ། །གཉིས་པ་མཚན་མེད་ནི། དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དང་དེའི་བྱིན་རླབས་ལྟར་སྣང་ཡེ་ཤེས་ཀྱི་སྣང་ཆ་གཉིས་སུ་མེད་པའི་ངང་ལ་མཉམ་པར་འཇོག་པ་སྟེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་དབྱིངས་དང་། བླ་མེད་དངོས་གྲུབ་དམ་པ་བླང་། ཞེས་གསུངས་པ་བཞིན་ནོ། །སྤྱོད་པ་ནི། གཙང་སྦྲ་སོགས་ཕྱིའི་ཀུན་སྤྱོད་ཀྱི་གྲོགས་དང་ལྡན་པའི་སྒོ་ནས་གཙོ་བོར་ལྷའི་རྣལ་འབྱོར་ལ་གནས་པས་རང་གཞན་གྱི་དོན་སྤྱོད་པ་སྟེ། རྩེ་མོ་ལས། ལྷ་ཡི་ཏིང་འཛིན་ལ་གནས་ཏེ། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པ་མཆོག །ཅེས་སོ། །འབྲས་བུ་ནི། འཇིག་རྟེན་པའི་དངོས་གྲུབ་མཁའ་སྤྱོད་ཀྱི་རིག་འཛིན་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་མི་ཚེ་གསུམ་ན་སྔར་གྱི་རིགས་བཞིའི་སྟེང་དུ་ལས་རིགས་བསྣན་པས་རིགས་ལྔ་སྟུག་པོ་བཀོད་པའི་ས་ལ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་དུ་འཚང་རྒྱ་བར་འདོད་དེ། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་དང་། ཐུགས་ཀྱི་སྒོ་ལྕགས་ལས། གཟུང་འཛིན་བག་ཆགས་ལྔ་བྱང་ནས། །ཡེ་ཤེས་ལྔ་ཡི་རྩལ་དག་གིས། །སྟུག་པོ་བཀོད་པའི་ས་ནོན་ནས། །རིགས་ལྔ་འདུས་པའི་འབྲས་བུ་ཐོབ། །སྐྱེ་མེད་ཆོས་སྐུ་དག་པ་ནི། །སྐྱེ་མེད་སྒོ་ནས་འགྲོ་དོན་མཛད། །ཕྱག་རྒྱ་རིགས་ལྔ་ལོངས་སྤྱོད་རྫོགས། །བྱང་ཆུབ་སེམས་པའི་འགྲོ་དོན་རྫོགས། །སྤྲུལ་པ་བྱེ་བ་ས་ཡ་ཡིས། །རིགས་དྲུག་ངོ་བོ་ཅིར་ཡང་སྟོན། །ཞེས་སོ། །དེ་ཡང་སྤྱིར་ཡང་ཡོ་གའི་རྒྱུད་གཞུང་གཞན་རྣམས་ནས་དབང་པོ་རྣོ་བརྟུལ་གྱི་ཁྱད་པར་གྱིས་ལམ་བགྲོད་པའི་ཡུན་ལ་མི་ཚེ་མང་ཉུང་གི་ཁྱད་པར་འགའ་ཞིག་གསུངས་ཀྱང་དོན་ལ་སྔ་མ་རྣམས་ལ་ལྟོས་ནས་དུས་ཤིན་ཏུ་མྱུར་བར་བགྲོད་པ་ཡིན་ལ། དེའང་དབང་པོ་རྣོ་བརྟུལ་གང་ཡིན་ཀྱང་ས་བཅུ་པར་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ་ནས་བསམ་གཏན་བཞི་པའི་རབ་མཐའི་ཏིང་ངེ་འཛིན་སྒྲུབ། དེ་ཐོབ་པའི་རྟེན་དེ་ལ་ཡིད་ཀྱི་རང་བཞིན་གྱི་ལུས་ཅན། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ། བྱ་བ་ཐམས་ཅད་བཞེད་པ་ཙམ་ལ་རགས་ལས་པར་འགྲུབ་པས་བྱང་སེམས་དོན་ཐམས་ཅད་གྲུབ་པ་ཞེས་བྱའོ། །དོན་གྲུབ་ཀྱི་རྟེན་དེས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་བྱང་ཆུབ་ཀྱི་སྙིང་པོར་བཞུགས་ཏེ། བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མངོན་དུ་བྱས་པའི་མཐུ་ལས་མི་གཡོ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག །དེའི་ཚེ་ན་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཏིང་ངེ་འཛིན་ལས་བསླངས་ཏེ། མངོན་པར་བྱང་ཆུབ་པ་ལྔའི་གདམས་ངག་བསྟན། དེས་དེ་བསྒོམས་པས་ཡེ་ཤེས་ལྔའི་ངོ་བོར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སངས་རྒྱས་དེ་ཡང་སྐུ་གསུམ་གྱི་མཚན་ཉིད་ཅན་ཏེ། ཡེ་ཤེས་བཞི་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་རོ་གཅིག་པ་ཆོས་སྐུ། འོག་མིན་ཆེན་པོར་ངེས་པ་ལྔ་ལྡན་གྱི་སྐུར་སྣང་བ་ལོངས་སྐུ་ཆེན་པོ། རི་རབ་ཀྱི་རྩེ་ལ་སོགས་པར་འཁོར་ལོས་བསྒྱུར་བའི་ཆ་བྱད་ཀྱིས་དཀྱིལ་འཁོར་སྤྲུལ་བཤད་མཛད་པ་སོགས་ལོངས་སྐུ་ཆུང་ངུ་། དགའ་ལྡན་གྱི་གནས་ན་གནས་པར་སྟོན་པ་ལ་སོགས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་སྤྲུལ་པའི་སྐུའོ། །དེ་ལྟར་ཤིན་ཏུ་འགོར་ཡང་བསྐལ་པ་ཆུང་ངུ་གཅིག་ལ་མཐར་ཐུག་གི་སངས་རྒྱས་འགྲུབ་པ་ཡིན་ནོ། །ཞེས་བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་ལས་གསུངས་སོ། །དེས་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཀྲྀ་ཡཱ་ཨུ་པ་ཡོ་ག་གསུམ་གྱི་ཐེག་པ་མདོ་ཙམ་བཤད་ཟིན་ཏོ། ༈ །གཉིས་པ་ནང་བ་ཐབས་ཀྱི་རྒྱུད་དམ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ནི། སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་སྣང་བས་དངོས་གྲུབ་གཞན་ནས་མི་འཚོལ་བར་རང་བྱུང་གི་ཡེ་ཤེས་སུ་རྟོགས་པས་སྔགས་ནང་པའམ། སྣོད་བཅུད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་བདེན་གཉིས་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བར་གཏན་ལ་ཕབ་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་དབང་བསྒྱུར་བའི་ཐབས་ལ་མཁས་པས་ན་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཞེས་གསུངས་ཏེ་གང་ཟག་དབང་པོ་རབ་གསུམ་གྱི་ངོ་སྐལ་དུ་གསུངས་པ་ཡིན་ནོ། །དེ་ཡང་འདི་ལྟར་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། དེར་མ་ཟད་སྔགས་ཕྱི་པ་དང་བཅས་པ་ནི་རིང་བའི་ལམ་ཡིན་ལ། སྔགས་བླ་མེད་ནི་ཉེ་ལམ་དང་འབྲས་བུའི་ཐེག་པ་མཚན་ཉིད་པ་ཡིན་ཞིང་འདི་ལས་གང་དུ་གྱུར་པའི་ཐེག་པ་མེད་དེ། ཐེག་པ་གཞན་རྣམས་གདུལ་བྱའི་བསམ་པ་ལ་བལྟོས་ནས་དྲང་བའི་ཐབས་སུ་བསྟན་ལ། འདིར་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཟིགས་པ་ཇི་ལྟ་བ་བཞིན་དུ་ངེས་པའི་དོན་མཐར་ཐུག་པ་བསྟན་པ་ཡིན་པའི་ཕྱིར་རོ། །དེས་ན་ཐེག་པ་འོག་མ་ཀུན་ལས་བླ་ན་མེད་པའི་ཐེག་པ་འདི་ཉིད་ཐབས་དང་ཤེས་རབ་ཀྱི་སྒོ་ནས་ཆེར་འཕགས་པའི་ཚུལ་དེ་དག་འདིའི་མཚན་གྱི་རྣམ་གྲངས་ལྔས་བསྟན་པའི་དོན་བཞིན་དུ་ཤེས་པར་བྱ་སྟེ། གང་ཞེ་ན། གསང་སྔགས་ཀྱི་ཐེག་པ་དང་། ཐབས་ཀྱི་ཐེག་པ་དང་། རྡོ་རྗེའི་ཐེག་པ་དང་། འབྲས་བུའི་ཐེག་པ་དང་། མི་མཉམ་པ་དང་མཉམ་པའི་ཐེག་པ་ཞེས་མིང་ལྔས་བསྟན་ཏོ། །དེ་ལ་གསང་བ་ཞེས་པ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཟབ་མོ་གང་ཞིག་ཡེ་ནས་ཆོས་ཀུན་གྱི་རང་བཞིན་དུ་གནས་ཀྱང་འཁྲུལ་བའི་བློ་ཅན་རྣམས་ལ་ཡེ་གསང་ཐབས་ཀྱིས་ཆོད་པའི་གབ་པ་དང་། ཐེག་པ་འོག་མ་རྣམས་སུ་གདུལ་བྱ་དམན་པ་ལ་དེ་ཉིད་ཇི་བཞིན་པར་མ་གསུངས་པས་སྦས་པའི་གསང་བ་ཉིད་དུ་མཛད་པ་དེའི་དབང་གིས་གདུལ་བྱ་ཐུན་མོང་པའི་སྤྱོད་ཡུལ་དུ་མ་གྱུར་པ་ཡིན་ལ། སྔགས་ཞེས་པ་དེ་ལྟ་བུའི་གསང་བ་གསུམ་གྱི་དཀྱིལ་འཁོར་དེ་ཉིད་སྒྲུབ་པར་བྱེད་པ་ལ་གབ་སྦས་མེད་པར་ཡེ་ཇི་བཞིན་པའི་དོན་བསྟན་པས། ཤེས་རབ་མ་རྨོངས་པ་དང་སྒྲུབ་བྱེད་ཀྱི་ཐབས་མཆོག་ཏུ་གྱུར་པ་ཡོད་པའི་ཕྱིར། སྔགས་བླ་མེད་ཀྱི་ལམ་འདིས་ནི་ཡིད་ཤེས་བདེ་མྱུར་དུ་སྐྱོབ་པའི་ཕྱིར་ལམ་གཞན་ཀུན་ལས་ཁྱད པར་དུ་འཕགས་པའི་ཕྱིར་དེ་སྐད་ཅེས་གསུངས་སོ། །ཐབས་ཀྱི་ཐེག་པ་ཞེས་པ་ནི་ཐབས་ཆེ་བ་དང་། ཐབས་སླ་བ་དང་། ཐབས་མོང་བ་དང་། ཐབས་མྱུར་བ་བཞི་དང་ལྡན་པ་སྟེ། དེ་ཡང་ལམ་འདིའི་གནད་དང་ལྡན་ན་ཀུན་བྱང་གི་ཆོས་ཀུན་སྤང་བླང་མེད་པར་སྤྱོད་ཀྱང་སྒྲིབ་པར་མི་འགྱུར་བར་མ་ཟད་ཚོགས་ཆེན་པོ་རྫོགས་པར་འགྱུར་བའི་ཕྱིར་ཐབས་ཆེ་བ་ཞེས་བྱ་སྟེ། ལམ་གཞན་ན་དེ་ལྟ་བུའི་ཐབས་མེད་དོ། །དེ་བཞིན་དུ་དཀའ་ཐུབ་དང་སྡོམ་པ་དྲག་པོས་གཟིར་མི་དགོས་པར་འདོད་པའི་ཡོན་ཏན་ལྔ་ལ་ཇི་བདེ་བར་སྤྱོད་བཞིན་དུ་དེ་ཉིད་ཀྱིས་གྲོལ་བ་ཉིད་དུ་བྱེད་པའི་ཕྱིར། ཐབས་སླ་བ་ཞེས་བྱའོ། །སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཆགས་སྡང་སོགས་པའི་ཉོན་མོངས་པ་མཐའ་ཡས་པ་རྣམས་གཉན་པོ་གཞན་གྱིས་བཀག་མི་དགོས་པར་ཉོན་མོངས་པ་དེ་ཉིད་ཀྱི་སྒོ་ནས་གྲོལ་བ་སྟེར་བའི་ཐབས་དུ་མ་ཡོད་པའི་ཕྱིར་ཐབས་མང་བའོ། །ཐབས་མྱུར་བ་ནི་རྒྱུ་མཚན་བཞིའི་སྒོ་ནས་ཏེ། གང་ཞེ་ན། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་བར་ཆགས་མ་ལུས་པ་མྱུར་དུ་ལྡོག་པར་བྱེད་པ་ནི། འདི་ལྟར་སྣང་བ་ལྷར་ཤེས་ཏེ་ཆོས་ཀུན་སྤང་བླང་མེད་པར་སྤྱོད་པས་གཟུང་འཛིན་གྱི་རྟོག་པ་རང་སར་ལྡོག་པའི་ཕྱིར་དང་། རྣམ་པར་སྨིན་པ་ལས་ལྡོག་པ་ནི། ལྟ་སྤྱོད་ཕུལ་དུ་བྱུང་བའི་སྒོ་ནས་རྣམ་སྨིན་གྱི་ལུས་འདི་མ་བོར་བར་སངས་རྒྱས་ཀྱི་ས་ལ་སྦྱོར་ནུས་པའི་ཕྱིར་དང་། བསོད་ནམས་ཆེན་པོ་སྐྱེད་པ་ནི། སྣང་བ་ལྷ་ཡི་དཀྱིལ་འཁོར་དུ་ལྟ་ཞིང་མཉམ་པ་བཞིའི་དག་པ་དང་མ་བྲལ་བས། ཇི་ལྟར་སྤྱོད་ཀྱང་ཚོགས་ཆེན་རྫོགས་པར་འགྱུར་བའི་ཕྱིར་དང་། ཆོས་རང་བཞིན་མེད་པ་ལ་ངང་གིས་འཇུག་པ་ནི། ཆོས་ཉིད་ཅིར་ཡང་མ་ཡིན་པའི་གནད་ཀྱིས་ཅིར་ཡང་འཆར་དུ་རུང་བས་ནི་ཏིང་ངེ་འཛིན་གྱིས་ཇི་ལྟར་དམིགས་པ་བཞིན་དུ་འགྲུབ་པས་ཅི་ཡང་མིན་པའི་ཆོས་ཉིད་མངོན་དུ་རིག་པར་འགྱུར་བའི་ཕྱིར་དེ་ལྟ་རྒྱུ་མཚན་བཞིའོ། །རྡོ་རྗེའི་ཐེག་པ་ཞེས་པའི་དོན་ནི། མཚན་ཉིད་པ་ལྟར་ཀུན་རྫོབ་སྒྱུ་མའི་ཆོས་ལ་བླང་དོར་དུ་སྤྱོད་པ་མ་ཡིན་གྱི། ཀུན་རྫོབ་དོན་དམ་དབྱེར་མེད་པར་སྤྱོད་ཅིང་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་གཞིན་དུ་སྦྱོར་བས་ཡེ་ནས་བླང་དོར་མེད་པར་སངས་རྒྱས་པའི་བདག་ཉིད། རྡོ་རྗེ་ལྟ་བུ་དབྱེར་མི་ཕྱེད་པའི་དོན་དང་ལྡན་པའི་ཐེག་པ་ལ་རྡོ་རྗེའི་ཐེག་པ་ཞེས་བརྗོད་པ་ཡིན་ནོ། །འབྲས་བུའི་ཐེག་པ་ནི། ཐེག་པ་གཞན་ནས་རང་གི་ལམ་དེ་ཉིད་ཉམས་སུ་བླང་བའི་མཐུས་སྐྱེ་བ་གཞན་ན་འབྲས་བུ་ཆོས་སྐུ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་བདག་ཉིད་ཅན་དུ་གྲགས་པ་དེ་གདོད་ཐོབ་བྱར་འདོད་ལ། འདིར་གཞི་ཉིད་ནས་འབྲས་བུའི་ངོ་བོར་གནས་ཤིང་འབྲས་བུ་དེ་ཉིད་ད་ལྟ་ནས་ལམ་དུ་བྱེད་པའི་ཕྱིར། དེ་སྐད་དུ་བརྗོད་པའོ། །མི་མཉམ་པ་དང་མཉམ་པའི་ཐེག་པ་གང་ཞེ་ན། གང་ཡང་མི་མཉམ་པ་ནི། མཐར་ཐུག་འབྲས་བུའི་སྐུ་བརྙེས་པ་དུས་གསུམ་གྱི་སངས་རྒྱས་རྣམས་ཏེ། གསང་སྔགས་འཛིན་པ་ནི། དེ་དག་གི་དགོངས་སྤྱོད་དང་མཉམ་པའི་དེ་སྐད་ཅེས་བྱའོ། །དེ་ལྟར་ཁྱད་པར་འཕགས་པ་དེ་ཡི་ཕྱིར་ན་ཡེ་ཤེས་འཆར་ལུགས་གསུམ་སྟེ། རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་གྱི་ཡེ་ཤེས་འཆར་ལུགས་ནི་ཡེ་ཤེས་ཆེན་པོ་རྒྱབ་ནས་འཆར་བ་ཞེས་བྱ་སྟེ། ཇི་ལྟར་ཆུ་རྙོགས་པ་དྭངས་བ་ལ་གཟུགས་བརྙན་འཆར་བ་ལྟར་རྣམ་པར་མི་རྟོག་པ་ལ་ཡུན་རིང་དུ་གནས་པར་བྱས་པས་རིམ་གྱིས་ཉོན་མོངས་པའི་རྣམ་རྟོག་སྙིགས་མ་དྭངས་ནས་ས་བཅུའི་མཐར་ཀུན་ཏུ་འོད་ཀྱི་ས་ལ་སངས་རྒྱས་ནས་ཐམས་ཅད་མཁྱེན་པར་འདོད་པ་ནི། ཡེ་ཤེས་དེ་ལྟ་བུ་བསྐལ་པ་གྲངས་མེད་གསུམ་སོགས་ནས་ཕྱིས་འབྱུང་བར་འདོད་པས་ཡེ་ཤེས་རྒྱབ་ནས་འཆར་བ་ཞེས་བྱའོ། །སྔགས་ཕྱི་རྒྱུད་སྡེ་གསུམ་ནི། ཡེ་ཤེས་ཆེན་པོ་མདུན་ནས་འཆར་བ་ཞེས་བྱ་བ་སྟེ། ད་ལྟ་ཉིད་དུ་འོག་མིན་ན་བཞུགས་པའི་རྒྱལ་བ་རིགས་གསུམ་མམ་རིགས་ལྔ་འཁོར་བཅས་སྤྱན་དྲངས་ཏེ། མདུན་མཁའ་སོགས་སུ་ཞུགས་པ་ལ་ཕྱག་འཚལ་ཞིང་མཆོད་པ་ཕུལ་ལ་དངོས་གྲུབ་ནོད་པར་བྱས་པས་ལྷ་དེས་དངོས་གྲུབ་སྟེར་བར་ལྟ་ཞིང་། བདག་དང་ལྷ་དང་རྫས་ཀྱི་རྟེན་འབྲེལ་ཟབ་མོའི་ཐབས་ཀྱིས་བསྒྲུབས་པས། མི་ཚེ་བདུན་དང་བཅུ་དྲུག་ལ་སོགས་པས་མཐར་ཐུག་གི་འབྲས་བུ་འགྲུབ་པར་འདོད་པ་དེ་དག་གི་ལམ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་འབྲས་བུ་ཐོབ་པ་ལ་མྱུར་བའི་ཕྱིར། ཡེ་ཤེས་མདུན་ནས་འཆར་བ་ཞེས་བྱའོ། །སྔགས་ནང་བ་ཐབས་ཀྱི་ཐེག་པ་གསུམ་ནི། ཡེ་ཤེས་ཆེན་པོ་ཁོང་ནས་འཆར་བ་ཞེས་བྱ་སྟེ། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་བདག་ཉིད་ཆེན་པོའི་ངང་ལས་མ་འདས་པས་ན། རང་གི་སེམས་ཉིད་བདེ་བ་ཆེན་པོའི་དེ་ཉིད་ལ་གནས་བཞིན་དུ་སངས་རྒྱས་གཞན་དུ་འཚོལ་མི་དགོས་པར་ཚེ་འདི་ཉིད་ལ་མངོན་དུ་ཆར་བས་ན། ཡེ་ཤེས་ཁོང་ནས་འཆར་བ་ཞེས་བྱའོ། །ཞེས་ཀུན་མཁྱེན་བླ་མ་འཇམ་དཔལ་རྗེས་པས་གསུངས་སོ། །དེ་ལྟ་བུའི་ཁྱད་པར་དུ་འཕགས་པའི་ནང་པ་ཐབས་ཀྱི་ཐེག་པ་དེ་ལ་དབྱེ་ན། རང་ཤར་ལས། ནང་པ་ལ་ནི་གསུམ་དུ་འདོད། །མ་ཧཱ་ཨ་ནུ་ཨ་ཏིའོ། །ཞེས་པས། རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་གའོ། །དེ་གསུམ་གྱི་ཁྱད་པར་ལ་བཞེད་པ་མི་འདྲ་བ་མང་ཡང་གཙོ་བོར། གསང་བདག་ཟུར་ཆུང་པས། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཆོ་འཕྲུལ་དུ་རྟོགས་པ་མ་ཧཱ་ཡོ་ག །ཆོས་ཐམས་ཅད་སེམས་ཉིད་དབྱིངས་ཡེ་གཉིས་སུ་མེད་པའི་རྩལ་དུ་རྟོགས་པ་ཨ་ནུ། ཆོས་ཐམས་ཅད་སེམས་ཉིད་ཡེ་ནས་སྐྱེ་འགགས་མེད་པའི་རང་བྱུང་གི་ཡེ་ཤེས་རང་སྣང་བར་རྟོགས་པ་ཨ་ཏི་སྟེ་ལྟ་བའི་སྒོ་ནས་ཕྱེ་བར་བཞེད། ཀུན་མཁྱེན་ཆེན་པོས་ནི། གདུལ་བྱ་ཞེ་སྡང་ཤས་ཆེ་ཞིང་རྟོག་པ་མང་བའི་དོན་དུ་སྣང་བ་ཐམས་ཅད་ཀྱི་རང་བཞིན་ཕ་རྒྱུད་མ་ཧཱ་ཡོ་ག །འདོད་ཆགས་ཤས་ཆེ་ཞིང་སེམས་གནས་པ་ལ་དགའ་བའི་དོན་དུ་སྟོང་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་ཤེས་རབ་མ་ཡི་རྒྱུད་ཨ་ནུ། གཏི་མུག་ཤས་ཆེ་ཞིང་བྱ་རྩོལ་སློད་པ་ཅན་གྱི་དོན་དུ་གཉིས་སུ་མེད་པའི་རང་བཞིན་ཨ་ཏི་ཡོ་ག་བསྟན་ཏེ། བཀོད་པ་ཆེན་པོ་ལས། སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོབ་པ་ཆེ། །ཞེས་གསུངས་པའི་ཕྱིར་གསུངས་ཤིང་། སེམས་ཉིད་ངལ་གསོ་ལས་ཀྱང་། མ་ཧཱས་རླུང་དང་བསྐྱེད་རིམ་ཐབས་གཙོ་ལ། །ཨ་ནུས་ཁམས་དང་རྫོགས་རིམ་ཤེས་རབ་གཙོ། །ཨ་ཏིའི་ཐམས་ཅད་གཉིས་མེད་ཡེ་ཤེས་གཙོ། །ཞེས་གསུངས། དེ་ལས་དང་པོ་གང་ཟག་རབ་ཀྱི་ཐ་མ་ཞེ་སྡང་ཆེ་བ་དང་རྟོག་པ་མང་བ་ལ་དགོངས་ནས་གསུངས་པ་མ་ཧཱ་ཡོ་གའི་ཐེག་པ་ནི། རྒྱུད་སེང་གེ་རྩལ་རྫོགས་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །ཞེས་གསུངས་པས་རྒྱུད་ཐམས་ཅད་ཀྱི་འཕྲོ་གཞིའམ་རྩ་བ་ལྟ་བུར་གྱུར་པ་སྟེ། དེ་ལ། ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི། ཐབས་བསྐྱེད་པའི་རིམ་པ་གཙོ་བོར་བསྟན་པའི་སྒོ་ནས། ལྷག་པ་བདེན་པ་དབྱེར་མེད་ཀྱི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །ངེས་ཚིག་ནི། མ་ཧཱ་ཡོ་གའི་སྒྲ་ལས་རྣལ་འབྱོར་ཆེན་པོ་སྟེ། གཉིས་མེད་ཀྱི་དོན་ལ་བློ་འབྱོར་བས་ཡོ་ག་ཕྱི་པ་ལས་ཆེས་འཕགས་པའི་ཕྱིར་རོ། །དབྱེ་ན་དྲུག་ལས་འཇུག་སྒོའི་དབང་ནི། ཐུན་མོང་པ་བུམ་དབང་གི་སྟེང་དུ་ཐུན་མིན་མཆོག་དབང་གོང་མ་གསུམ་བསྣན་པས་དབང་བཞི་བསྐུར་བ་སྟེ་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་སོ། །དེ་ལ་རྒྱུད་སྡེའི་ཁྱད་པར་གྱི་དབྱེ་བསྡུ་མང་ཡང་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་གསང་བ་རྒྱུ་འཕྲུལ་ལྟར་ན། རྒྱུད་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །ཞེས་པས་དད་པ་ཅན་ལ་དབུ་རྒྱན་ཅོད་པཎ་སོགས་ཕྱི་ཕན་པའི་དབང་བཅུ། བརྩོན་འགྲུས་ཅན་ལ་གསུམ་གྱི། བདག་དོན་ནུས་པ་ལ་ཉན་སྒོམ། གཞན་དོན་ནུས་པ་ལ་འཆད་འཕྲིན། གཉིས་ཀའི་དོན་ནུས་པ་ལ་རྡོ་རྗེ་སློབ་དཔོན་བཀའ་རབ་འབྱམས་ཀྱི་དབང་སྟེ་ནུས་དབང་ལྔ། སྤྱོད་རིག་མཉམ་པའི་བརྟུལ་ཞུགས་ཅན་གསུམ་ལ་ཟབ་མོའི་དབང་གསུམ་སྟེ། དེ་ལྟར་བུམ་དབང་ལ་ཕན་ནུས་གཉིས་སུ་ཕྱེ་བས་ལྔར་འགྱུར་ཏེ། རྡོ་རྗེ་ལམ་རིམ་ལས། དབྱེ་བ་རྣམ་པ་ལྔ་རུ་འགྱུར། །བདག་ཕན་ནུས་པ་གཉིས་ཀའི་ལས། །ཞེས་སོ། །སྒྲུབ་སྡེ་ཐམས་ཅད་ཀྱི་སྤྱི་བཀའ་བདེ་འདུས་ལྟར་ན། མདོ་བྱང་ཊི་ཀ་ལས། ཕྱི་དབང་ནང་དབང་གསང་དབང་དང་། །ཐེག་པ་ལྟ་བ་སྤྱི་འབྱམས་དབང་། །རིམ་གྱིས་དབང་ནི་རྫོགས་པར་བསྐུར། །ཞེས་པ་ལྟར། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དབང་བཞི་ལས། གདུལ་བྱ་ཞེ་སྡང་ཅན་སྒྲོལ་བ་ལམ་དུ་ཁྱེར་བའི་ཕྱིར་བུམ་པ་སོགས་ཕྱི་ནང་གི་རྫས་བརྒྱ་རྩ་བརྒྱད་ལ་བརྟེན་ནས་ཕྱི་དབང་བསྐུར་བ། ང་རྒྱལ་ཅན་ལྷ་ལམ་དུ་ཁྱེར་བའི་ཕྱིར་ནང་དབང་ལུས་ལ་བརྟེན་ནས་བསྐུར་བ། འདོད་ཆགས་ཅན་སྦྱོར་བ་ལམ་དུ་ཁྱེར་བའི་ཕྱིར་གསང་དབང་ཡུམ་ལ་བརྟེན་ནས་བསྐུར་བ། གཏི་མུག་ཅན་རྣམ་རྟོག་ལམ་དུ་ཁྱེར་བའི་ཕྱིར་དེ་ཁོ་ན་ཉིད་ཀྱི་དབང་སེམས་ལ་བརྟེན་ནས་བསྐུར་བ་དང་བཞིའོ། །སྒྲུབ་སྡེའི་དགོས་བཀའ་ཡང་ཕུར་སོགས་ལ་ཐུན་མོང་བ་བླ་མེད་སྤྱི་བཀའ་ལྟར་དབང་བཞི་བསྐུར་བ་དང་། ཟབ་ཁྱད་སྒྲུབ་དབང་གི་ལུགས་སུ་བསྐུར་བ་སོགས་མང་ཡང་སྤྱི་ལྡོག་ནས་བླ་མེད་ཀྱི་དབང་ཐམས་ཅད་དབང་བཞིར་འདུ་བ་ཡིན་ནོ། །བྱ་བའི་འཇུག་སྒོ་ནི་ཤེས་རབ་སྟོང་པ་ཆེན་པོའི་རྣལ་འབྱོར་དང་། ཐབས་སྙིང་རྗེ་སྒྱུ་མ། ཕྱག་རྒྱ་ཕྲ་རགས་ཏེ་ཏིང་ངེ་འཛིན་གསུམ་གྱི་སྒོ་ནས་འཇུག་སྟེ། བསྐྱེད་རིམ་གཙོ་བོར་བསྟན་པའི་ལམ་ཡིན་པའི་ཕྱིར། རང་ཤར་ལས། འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །ཞེས་དང་། ཡ་འབྱེད་འཕྲུལ་སྡེ་ལས། མ་ཧཱ་ཡོ་གའི་འཇུག་སྒོ་ནི། །ཏིང་འཛིན་རྣམ་གསུམ་སྒོ་ནས་འཇུག །ཅེས་སོ། །ལྟ་བ་ནི། ལམ་རིམ་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །བླ་མེད་ཐེག་པ་ལས་འཕགས་པ། །དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམ་པ་ཡིས། དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོག །ཞེས་པས་སྤྲོས་པའི་མཐའ་དང་བྲལ་བའི་ཆ་ནས་དབུ་མ་དང་། ཆོས་ཅན་ཐམས་ཅད་སེམས་ཀྱི་རང་རྩལ་ཙམ་དུ་འདུ་བའི་ཆ་ནས་སེམས་ཙམ་པ་དང་ཕྱོགས་མཚུངས་ཀྱང་སྔགས་ཀྱི་ལྟ་བ་ནི། དེ་ལས་ཁྱད་པར་དུ་གྱུར་པ་སྟེ། དེ་ཡང་ཡེ་གདོད་མ་ནས་དབྱིངས། ཡེ་ཤེས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ། དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ལྷག་པ་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣང་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་འཁོར་འདས་བཟང་ངན་མེད་པར་མཉམ་པ་ཉིད་དུ་རྫོགས་པ་ནི་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་གཉིས་ཀྱང་སྣང་སྟོང་ཕྱོགས་རེ་བ་མ་ཡིན་ཏེ། གསེར་དང་གསེར་གྱི་སེར་པོའམ་གཡུ་དང་གཡུ་ཡི་ཁ་དོག་བཞིན་དུ་ངོ་བོ་དབྱེར་མི་ཕྱེད་པ་མཉམ་པ་ཉིད་དུ་སྣང་བའི་ཕྱིར། ཐ་སྙད་དུ་དབྱེར་མེད་ཅེས་བརྗོད་ནའང་། དེར་འཛིན་པའི་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་ཕྱིར་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་སྟེ། རྣམ་བཀོད་ལས། ལྷག་པའི་མཉམ་ཉིད་དབྱེར་མེད་དོན། །མིང་གྲངས་ཅིར་ཡང་བསྟན་མོད་ཀྱང་། །དོན་དུ་སྨྲ་བསམ་བརྗོད་ལས་འདས། །ཞེས་དང་། ལམ་རིམ་ལས། དེ་མིན་ཞེན་པ་སྒྲོལ་ཕྱིར་ལས། །ཐ་སྙད་གཉིས་པ་བསམ་བརྗོད་ལས། །ཞེས་སོ། །འདིར་ལྷག་པའི་སྒྲས་སྨོས་པ་ནི་ཐེག་པ་འོག་མ་ལས་དཔག་པའི་དོན་ཏེ། དེ་ཡང་རྒྱུད་ལས། བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་པས་གཞི་འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཡེ་ནས་གནས་པ་ལ། དེ་ཉིད་སངས་རྒྱས་ཀྱི་ངོ་བོ་ཡིན་པའི་ཆ་ནས་བདེ་གཤེགས་སྙིང་པོ་དང་། སྟོང་ཆས་ཆོས་སྐུའི་ཡོན་ཏན་དང་སྣང་ཆས་གཟུགས་སྐུའི་ཡོན་ཏན་འཆར་རུང་དུ་གནས་པས་རང་བཞིན་གནས་རིགས་དང་། འཁོར་འདས་གཉིས་ཀྱི་འབྱུང་གཞི་ཡིན་པས་ཀུན་གཞིའི་ཡེ་ཤེས་དང་། ཀྲྀ་ཡཱའི་བདག་གི་དེ་ཁོ་ན་ཉིད་དང་། ཨུ་པ་དང་ཡོ་གས་དོན་དམ་མཚན་མ་མེད་པའི་བྱིན་རླབས་ཀྱིས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་ལྟ་བ་དང་། མ་ཧཱ་ཡོ་གའི་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་དང་། ཨ་ནུ་ཡོ་གའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། ཨ་ཏི་ཡོ་གའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སོགས་པའི་ཐ་སྙད་གང་ལ་འཇུག་པ་གཞི་རྒྱུད་ཀྱི་གནས་ལུགས་དེ་ཉིད་རྟོགས་བྱའི་ལྟ་བས་གཏན་ལ་འབེབས་པར་བྱེད་པ་ལ་རྟོག་གེ་དང་རིགས་པ་ལྟར་སྣང་གིས་གཏན་ལ་མི་ཕེབ་སྟེ། ཀུན་ཁྱབ་ཚད་མ་གསུམ་གྱིས་གཏན་ལ་ཕབ་ཅིང་རང་རིག་མངོན་སུམ་གྱིས་རྟོགས་དགོས་པའི་ཕྱིར་རོ། །གཏན་ལ་ཕེབས་བྱེད་ཀྱི་གཏན་ཚིག་ཀྱང་། རྟོགས་པ་བཞིའི། དག་པ་གསུམ་གྱི། མཉམ་པ་བཞིའི། བདག་ཉིད་ཆེན་པོའི་གཏན་ཚིག་དང་བཞི་ལས་དང་པོ་ནི། སྙིང་པོའི་རྒྱུད་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་ཆེན་པོར་ཆེ། །ཞེས་པས་འཁོར་འདས་གཉིས་སུ་སྣང་ཞིང་ཞེན་པའི་གཉིས་འཛིན་གྱི་བློ་དེ་ཉིད་གཉིས་མེད་ཡེ་ཤེས་སུ་གཏན་ལ་འབེབས་པའི་ཆེད་དུ་གཉིས་འཛིན་གྱི་ཞེན་པ་དེ་གཞལ་བྱར་བྱས་ནས་འཇལ་བྱེད་རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་རང་བཞིན་སྐྱེ་མེད་དུ་གཏན་ལ་ཕབ། དེ་བཞིན་དུ་སྔ་མ་སྔ་མས་གཏན་ལ་ཕེབ་པའི་གྲུབ་མཐའི་ཞེན་ཆ་དེ་གཏན་ཚིགས་ཕྱི་མ་ཕྱི་མའི་གཞལ་བྱར་བྱས་ནས། ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ཀྱིས་རོལ་པ་འགག་མེད་དུ་གཏན་ལ་ཕབ། བྱིན་གྱིས་བརླབས་ཀྱི་གཏན་ཚིགས་ཀྱིས་ངོ་བོ་དབྱེར་མེད་དུ་གཏན་ལ་ཕབ། མངོན་སུམ་པའི་གཏན་ཚིགས་ཀྱིས་མཚན་ཉིད་བློ་བྲལ་དུ་གཏན་ལ་འབེབས་པ་ཡིན་ཏེ། འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་སོ་ཅོག་ཆོས་ཅན། རང་བྱུང་གི་ཡེ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་རྒྱུ་གཅིག་པ་ཡིན་ཏེ། རྟོགས་མ་རྟོགས་ཀྱི་བྱེད་པས་འཁོར་འདས་གཉིས་སུ་སྣང་བ་ཙམ་ལས། གཉིས་སུ་མ་གྲུབ་པའི་ཕྱིར། སེམས་ཉིད་སྐྱེ་མེད་ཀྱི་གདངས་ཆོས་ཅན། རོལ་པ་འགག་མེད་ལྷ་ཡི་སྐུ་གསུང་ཐུགས་སུ་རང་སྣང་བ་ཡིན་ཏེ། མཚོན་དུ་མེད་པའི་ཡི་གེ་ཨ་ཉིད་མཚོན་བྱེད་ཡི་གེ་དུ་མར་མ་འགག་པར་སྣང་བས་མཚོན་ནས་རྟོགས་པའི་ཕྱིར། རང་བཞིན་སྐྱེ་མེད་དང་རོལ་པ་འགག་མེད་གཉིས་ཆོས་ཅན། དེ་དང་དེ་དངོས་སུ་རྟོགས་པའི་མཐུ་ལས། དེ་གཉིས་ལྡོག་པ་སོ་སོར་སྣང་ཡང་ངོ་བོ་དབྱེར་མེད་དུ་རྟོགས་པའི་བྱིན་བརླབས་ཤུགས་ལ་འབྱུང་བ་ཡིན་ཏེ། ལྷག་པ་དོན་དམ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པས་དེའི་སྣང་ལྡོག་ཀུན་རྫོབ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བའི་ཕྱིར། བདེན་པ་དབྱེར་མེད་ཆོས་ཅན། བློའི་སྤྱོད་ཡུལ་ལས་འདས་པ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་སོ་སོ་རང་རིག་པའི་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་བསམ་བརྗོད་བྲལ་བར་རྟོགས་པའི་ཕྱིར་རོ། །གཉིས་པ་ནི། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། ཞེས་པས། དག་པ་གསུམ་གྱི་གཏན་ཚིགས་ཀྱིས་ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དག་པ་ཆེན་པོར་གཏན་ལ་འབེབས་ཏེ། སྣོད་བཅུད་རྒྱུད་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཅན། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་པ་ཡིན་ཏེ། སྣོད་འབྱུང་བ་ཡུམ་ལྔ། བཅུད་ཕུང་ལྔ་ཡབ་ལྔ། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔ་དག་པའི་ཕྱིར། གང་ཡེ་ནས་དག་པའི་རང་བཞིན་ལ་སྒྲིབ་པ་མཐའ་དག་གིས་གོས་མ་མྱོང་བས་ཁྱབ་ཅིང་དེ་ཉིད་སྐུ་དང་ཡེ་ཤེས་ཀྱི་ངོ་བོ་སངས་རྒྱས་པས་ཁྱབ་སྟེ། ཆོས་ཀྱི་སྐུ་བཞིན་ནོ། །གསུམ་པ་ནི། མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱི། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། །ཞེས་པས་མཉམ་པ་བཞིའི་གཏན་ཚིགས་ཀྱིས་ཀུན་རྫོབ་དང་དོན་དམ་གྱིས་བསྡུས་པའི་ཆོས་ཐམས་ཅད་མཉམ་པ་ཆེན་པོར་གཏན་ལ་འབེབ་པར་བྱེད་དེ། ཤེས་བྱ་ཆོས་ཅན། ཡེ་ནས་སངས་རྒྱས་པ་ཡིན་ཏེ། མཉམ་པ་བཞིས་འཁོར་འདས་གཉིས་སུ་མེད་པར་རྟོགས་པའི་ཕྱིར། དེ་ལ་གཉིས་ལས། ཐུན་མོང་གི་མཉམ་གཉིས་ནི། མྱུ་གུ་བདག་ལས་མི་སྐྱེ་བ་ལྟ་བུ་སྤྲོས་པ་ཕྱོགས་རེ་ཙམ་ཆོད་པ་རྣམ་གྲངས་པའི་དོན་དམ་དང་། མཐའ་བཞིའི་སྤྲོས་པ་དང་བྲལ་བ་རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ཆོས་ཅན། མཉམ་པ་ཡིན་ཏེ། སྤྲོས་པ་བཀག་པའི་སྟོང་ཉིད་ཙམ་དུ་མཉམ་པའི་ཕྱིར། ཆུ་ཟླ་ལྟ་བུ་དོན་བྱེད་མི་ནུས་པ་ལོག་པའི་ཀུན་རྫོབ་དང་མཁའ་ཟླ་ལྟ་བུ་དོན་བྱེད་ནུས་པ་ཡང་དག་པའི་ཀུན་རྫོབ་གཉིས་ཆོས་ཅན། མཉམ་པ་ཡིན་ཏེ། བདེན་པས་སྟོང་པ་ཙམ་དུ་མཉམ་པའི་ཕྱིར། ཐུན་མོང་མ་ཡིན་པའི་ལྷག་པའི་མཉམ་གཉིས་ནི། རྣམ་གྲངས་ལ་ཆོས་རྣམས་རང་རང་གི་ངོ་བོས་སྟོང་པ་མེད་དགག་དང་། རྣམ་གྲངས་མིན་པ་སེམས་ཉིད་ཅི་ཡང་མ་ཡིན་པའི་དབྱིངས་ཡེ་ཟུང་འཇུག་མ་ཡིན་དགག་གི་སྟོང་ཉིད་གཉིས་ཆོས་ཅན། མཉམ་པ་ཡིན་ཏེ། ལྷག་པའི་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའི་ཕྱིར། མ་དག་པ་ལས་སྣང་ལོག་པའི་ཀུན་རྫོབ་དང་། ཡང་དག་པ་ལྷར་སྣང་བ་ཡང་དག་པའི་ཀུན་རྫོབ་གཉིས་ཆོས་ཅན། མཉམ་པ་ཡིན་ཏེ། ལྷག་པའི་ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་མཉམ་པའི་ཕྱིར། བཞི་པ་ནི། རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་པས་བདག་ཉིད་ཆེན་པོའི་གཏན་ཚིགས་ཀྱིས་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་གི་བདག་ཉིད་དུ་ཡེ་ནས་གཏན་ལ་འབེབས་ཏེ། འཁོར་འདས་གཉིས་ཆོས་ཅན། སྣང་ལུགས་ནས་དུ་མར་སྣང་ཡང་ཡིན་ལུགས་ནས་གཞལ་ན་དེ་ལྟར་མ་ཡིན་ཏེ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་ཆེན་པོ་གཅིག་ཉིད་དུ་ཡེ་ནས་གནས་པའི་ཕྱིར་རོ། །དེ་ལྟར་གཏན་ལ་ཕབ་པས་རྟོགས་བྱའི་ལྟ་བ་རང་བཞིན་རྒྱུ་རྒྱུད་གནས་ལུགས་ཀྱི་དོན་དེ་བཞིན་ཉིད་དེ་རང་རིག་མངོན་སུམ་གྱིས་ཡུལ་མེད་རང་གསལ་དུ་རྗེན་པར་རྟོགས་པ་ནི། འདིའི་གྲུབ་པའི་མཐའོ། །དེ་ལྟར་འདིར་བཤད་པ་ནི་བཀའ་སྡེ་ཟུར་པའི་དགོངས་པ་ཀུན་མཁྱེན་སྨིན་གླིང་པ་ཡབ་སྲས་ཀྱི་བཞེད་པ་ལྟར་ཡིན་ལ། སྨྲ་བའི་སེང་ཆེན་རོང་ཀློང་རྣམ་གཉིས་ཀྱི་བཞེད་པ་ཆོས་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་དུ་སྒྲུབ་པའི་ཚུལ་གྱི་རིགས་པའི་སྒོ་གཞན་རྣམས་ནི་འདིར་མ་སྨོས་ཏེ། ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་མཛད་པའི་སྙིང་པོའི་སྤྱི་དོན་སོགས་ལས་ཤེས་པར་བྱ་སྟེ། མདོར་ན་ཆོས་ཉིད་ལྟ་བའི་ལྟ་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཆེན་པོར་གཏན་ལ་དབབ། ཆོས་ཅན་ལྟ་བའི་ལྟ་བས་སྣང་སྤྱོད་ཀྱི་ཆོས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དག་པ་ཆེན་པོར་གཏན་ལ་དབབ། རང་རིག་ལྟ་བའི་ལྟ་བས་དེ་གཉིས་དབྱེར་མེད་མཚན་ཉིད་བསམ་བརྗོད་དང་བྲལ་བ་མངོན་སུམ་རང་ཐོག་ཏུ་གཏན་ལ་ཕབས་ནས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ཤེས་པར་བྱ་བ་ནི་རྡོ་རྗེ་རྩེ་མོའི་གྲུབ་མཐའི་གནད་གསང་བླ་ན་མེད་པའོ། །གཞན་ཡང་ཁ་ཅིག་གིས། གསང་སྔགས་ཀྱི་གྲུབ་མཐའ་ནི་ལྟ་བ་དབུ་མ་ལས་ཐབས་ཁྱད་པར་དུ་འཕགས་པ་ཙམ་དུ་འདོད་པ་ནི་མི་རིགས་ཏེ། དབུ་མ་དང་སྔགས་གཉིས་དོན་དམ་སྤྲོས་བྲལ་དང་། ཀུན་རྫོབ་སྒྱུ་མ་ཙམ་དུ་མཉམ་པར་ལྟ་བ་མཐུན་ནའང་། དེ་ཙམ་གྱི་སྔགས་ཀྱི་ལྟ་བ་གཏན་ལ་མི་ཕེབས་ཏེ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ནི་བདེན་པ་དབྱེར་མེད་སྣོད་བཅུད་དག་མཉམ་ཆེན་པོར་གཏན་ལ་འབེབས་དགོས་པའི་ཕྱིར། དེ་ཡང་ཆོས་ཉིད་ལྟ་བའི་ངོས་ནས་ཆོས་ཐམས་ཅད་སྤྲོས་བྲལ་དམིགས་བསམ་བརྗོད་འདས་ཆེན་པོར་གཏན་ལ་འབེབས་པའི་ཆ་ནས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་མེད་ཀྱང་། ཆོས་ཅན་ཀུན་རྫོབ་ལྟ་བའི་ངོས་ནས་ཕུང་ཁམས་སྐྱེ་མཆེད་དག་པ་ལྷ་ཡི་འཁོར་ལོར་མདོ་ནས་བཤད་པ་མེད་ཅིང་སྔགས་བླ་མེད་ནས་བསྟན་པས་ཁྱད་པར་དུ་བྱེད་པ་སྟེ། དེ་ལྟར་ཀུན་རྫོབ་ཀྱི་ངོས་ནས་སྔགས་ཀྱི་ལྟ་བ་མདོ་ལས་འཕགས་པའི་རྒྱུ་མཚན་གྱིས། དེ་ཉིད་ཀྱི་སྣང་གཞི་སྟོང་ཉིད་ཀྱང་སྤྲོས་བྲལ་ཡིན་པ་ཙམ་དུ་འདྲ་ཡང་། འདིར་དོན་དམ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་འདོད་པས་ཁྱད་པར་ཤིན་ཏུ་ཆེའོ། །གལ་ཏེ་ཁྱེད་ཅག་གི་རྒྱུ་རྒྱུད་དེ་རིག་པ་འགྱུར་མེད་ལ་དེ་བཞིན་ཉིད་དུ་བྱེད་པར་འདུག་པས། དེ་འདྲ་དེ་འཁོར་ལོ་ཐ་མའི་ངེས་དོན་གྱི་མདོ་ཟབ་མོ་རྣམས་དང་། དེའི་དགོངས་འགྲེལ་རྒྱུད་བླ་མ་སོགས་ལས་ཀྱང་འབྱུང་བས་རྟོགས་བྱའི་ཡུལ་ལ་ཁྱད་མེད་དམ་ཞེ་ན། རིག་པ་འགྱུར་མེད་ལ་རྒྱུ་རྒྱུད་བྱེད་པ་འཁོར་ལོ་ཐ་མ་ནས་གསུངས་པ་དང་འདྲ་བ་བདེན་མོད་ཀྱི། ད་དུང་དེས་སྔགས་ཀྱི་ཐུན་མོང་མིན་པའི་ལྟ་བ་གཏན་ལ་ཕེབས་པར་མི་འགྱུར་ཏེ། དེ་བཞིན་ཉིད་དེ་བླ་ན་མེད་པའི་རྒྱུད་འདི་རྒྱུད་དུ་འཇོག་པའི་ཚེ་ན་ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་པ་ནི་སྔགས་ཀྱི་ཁྱད་ཆོས་སུ་དེ་བཞིན་གཤེགས་པ་སྲས་བཅས་བཞེད་པའི་ཕྱིར་ཏེ། རྡོ་རྗེ་མེ་ལོང་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །མི་ཤིག་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་དང་། དུས་འཁོར་ལས། དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། ཞེས་གསུངས། དེ་ཡང་གཉིས་སྣང་འཁོར་བའི་ཆོས་འདི་རྣམས་ཐག་ཁྲའི་སྦྲུལ་ལྟར་མེད་སྣང་གློ་བུར་བ་དང་། དེའི་སྣང་གཞི་གནས་ལུགས་དེ་བཞིན་ཉིད་ཡིན་པའི་གནད་ཀྱིས། རྟོག་ཚོགས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དག་པར་གསུངས་པ་ཡང་། ཕུང་སོགས་སྣང་གཞི་དེ་བཞིན་ཉིད་ཀྱི་རྩལ་གཉུག་མ་སྟེ། ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་རྩ་དང་། ཡེ་ཤེས་ཀྱི་རླུང་དང་། ཡེ་ཤེས་ཀྱི་ཁམས་ཞེས་སམ། ཡང་ན་ས་ཆུ་གཉིས། མེ་རླུང་གཉིས་མཁའ་སེམས་གཉིས་ཟུང་དུ་འཇུག་པ་རྣམས་རིིམ་པར་ཡེ་ནས་སྐུ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གཞན་གྱིས་མ་བརྩལ་བར་ལྷུན་གྱིས་གྲུབ་པ་དང་། ཁམས་ལྔའི་དྭངས་མ་ཡེ་ཇི་བཞིན་རིགས་ལྔ་དང་། ཡེ་ཤེས་ཀྱི་ཁམས་རིགས་དྲུག་པའི་བདག་ཉིད་དུ་དག་པས་ལྷའི་བདག་ཉིད་དུ་བཞུགས་པ་གང་ཡིན་པ་སྟེ། ལམ་རིམ་རིམ་དུ། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཞི་རྫོགས་ཕྱག་རྒྱ་མ་འདྲེས་གསལ། ། ཅིར་ཡང་འགྱུར་ཞིང་ཅིར་ཡང་འགྲུབ། ཅེས་སོ། །ཞེས་རྒྱལ་སྲས་རིན་པོ་ཆེ་པདྨ་འགྱུར་མེད་རྒྱ་མཚོས་གསུངས་སོ། །དེས་ན་བླ་མེད་ཀྱི་རྒྱུད་རྣམས་སུ་སྒོ་གསུམ་རགས་ཕྲ་ཤིན་ཏུ་ཕྲ་བའི་སྒོ་གསུམ་དུ་ཕྱེ་བའི་ཤིན་ཏུ་ཕྲ་བའི་སྒོ་གསུམ་དང་མི་ཤིག་པའི་ཐིག་ལེ་སོགས་དོན་གཅིག་སྟེ། དེ་ནི་ཁམས་དྲུག་གི་དྭངས་མ་དབྱེར་མེད་ཅིང་འབྲལ་མི་ཤེས་པ་འོད་གསལ་གཉུག་མའི་སེམས་དང་རོ་གཅིག་པ་སྟེ། ཤིན་ཏུ་ཕྲ་བའི་རླུང་དེ་ལ་ཡེ་ཤེས་ལྔའི་ཆ་འཛིན་པ་འོད་ལྔའི་གཏིང་མདངས་ཅན་དུ་ཡོད་པ་ཕྲ་རགས་ཀྱི་རླུང་སེམས་ཐམས་ཅད་གང་ལས་མཆེད་ཅིང་གང་དུ་སྡུད་པའི་གཞི་སྟེ། དེ་ལ་རྩོལ་བ་བཅས་རླུང་གི་རྣལ་འབྱོར་དང་རྩོལ་མེད་རྫོགས་ཆེན་གྱི་རྣལ་འབྱོར་གང་རུང་གི་གནད་དུ་བསྣུན་པས་སྒྲིབ་བྲལ་དུ་གྱུར་པ་ན་ལམ་དུས་སུ་སྒྱུ་ལུས་དང་སྟོང་གཟུགས་ཀྱི་ལྷ་སྐུ་འཆར་ཞིང་འབྲས་དུས་སུ་རང་སྣང་ལོངས་སྐུ་ཆེན་པོ་དང་གཞན་སྣང་ཕྱེད་སྤྲུལ་སོགས་འཆར་གཞི་བྱེད་པ་སྟེ། དེས་ན་ཤིན་ཏུ་ཕྲ་བའི་སྒོ་གསུམ་ནི་སྦྱང་གཞི་དང་། ཕྲ་བའི་ཡིད་ལུས་རླུང་སེམས་ཙམ་དང་རགས་པའི་སྒོ་གསུམ་ནི་སྦྱང་བྱ་ཡིན་པས་གནད་འདི་གོ་ན་འཁོར་ལོ་ཐ་མའི་མདོའི་དགོངས་དོན་རྒྱུད་བླ་སོགས་ནས་གསུངས་པ་འགལ་མེད་དོན་གཅིག་ཏུ་འབབ་པའང་ཡིན་ནོ། །ཚུལ་ཁྲིམས་ནི། གསངས་སྔགས་ཕྱི་འགྱུར་བ་རྣམས་བསྲུང་བྱའི་དམ་ཚིག །བླ་མ་ལ་སྨོད་པ། བདེ་གཤེགས་བཀའ་འདས། མཆེད་ལ་འཁུ་བ། བྱམས་པ་གཏོང་པ། སྨོན་སེམས་གཏོང་བ། གྲུབ་མཐའ་སྨོད་པ། གསང་བ་སྒྲོགས་པ། ཕུང་པོ་ལ་བརྙས་པ། རང་བཞིན་དག་པའི་ཆོས་ལ་སོམ་ཉི་ཟ་བ། ཞིང་བཅུ་མི་སྒྲོལ་བ། དོན་དམ་ལ་རྟོག་དཔྱོད་ཀྱིས་འཇལ་བ། དད་ལྡན་གྱི་སེམས་སུན་འབྱིན་པ། སྐབས་སུ་བབས་པའི་དམ་ཚིག་གི་རྫས་མི་བརྟེན་པ། ཤེས་རབ་མ་ལ་སྨོད་པ་སྟེ་རྩ་ལྟུང་བཅུ་བཞི། མ་སྨིན་པའི་རིགས་མ་བརྟེན་པ། ཚོགས་འཁོར་གྱི་དུས་སུ་ཀྱལ་ཀའི་རྩོད་པ། མཚན་ཉིད་མེད་པའི་ཡུལ་ལས་བདུད་རྩི་ལེན་པ། སྣོད་ལྡན་ལ་གསང་སྔགས་མི་སྟོན་པ། དད་ལྡན་ལ་ཆོས་མི་སྟོན་པ། ཉན་ཐོས་ནང་དུ་ཞག་བདུན་བསྡད་པ། ང་རྒྱལ་གྱི་སྔགས་པར་རློམ་པ། སྣོད་མིན་ལ་ཆོས་བཤད་པ་སྟེ་ཡན་ལག་གི་ལྟུང་བ་བརྒྱད་རྣམས་དང་། སྤྱོད་བྱའི་དམ་ཚིག་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཤེས་ནས་སྤྱོད་པ་གཉིས་སུ་བཞེད། སྔ་འགྱུར་རང་སྐད་དུ། རྣལ་འབྱོར་ཆེན་པོའི་དམ་ཚིག་ཉི་ཤུ་རྩ་བརྒྱད་གསུངས་ཏེ། ཡང་འབྱེད་འཕྲུལ་ལྡེ་ལས། རྣལ་འབྱོར་ཆེན་པོའི་བསྲུང་མཚམས་ནི། རྩ་བའི་དམ་ཚིག་གསུམ་པོ་དང་། །ཡན་ལག་ཉི་ཤུ་རྩ་ལྔ་བསྲུང་། །ཞེས་གསུངས་ཏེ། བླ་མ་དང་མཆེད་ལ་གུས་པ་སྐུ། སྔགས་དང་ཕྱག་རྒྱ་ལ་བརྩོན་པ་གསུང་། བླ་མེད་བྱང་ཆུབ་ཀྱི་སེམས་མི་སྤོངས་ཤིང་གསང་བ་བསྲུང་བ་ཐུགས་ཀྱི་དམ་ཚིག་སྟེ་རྩ་བ་གསུམ། ཏ་ན་ག་ན་མ་བྱིན་ལེན་དང་རྫུན་ཚིག་བརླང་སྟེ་ཐབས་ཀྱིས་ཟིན་པའི་སྒོ་ནས་སྤྱད་བྱ་ལྔ། ཆགས་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ། ཡེ་ཤེས་ལྔའི་རང་བཞིན་ཡིན་པས་མི་སྤོང་བ་ལྔ། དྲི་ཆེན་དྲི་ཆུ་བྱང་སེམས་དཀར་དམར་མམ་ས་སྟེ། གྲུབ་གྲུབ་བཞི་ནི། ཆོས་ཉིད་ངོ་བོས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ། ནུས་པའི་མཐུས་གྲུབ་པ། བྱིན་གྱིས་བརླབས་ཀྱིས་གྲུབ་པའོ། །ཡིན་པ་གསུམ་ནི། ནད་ལྔ་སེལ་བའི་སྨན་ཡིན་པ། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་དམ་རྫས་ཡིན་པ། རིགས་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ཡིན་པ་རྣམས་སོ། །མཆན། པ་བཞི་དང་ཡིན་པ་གསུམ་གྱི་དབང་གིས་དང་དུ་བླང་བྱ་ལྔ། ཕུང་པོ་འབྱུང་བ་ཡུམ་དབང་པོ་ཁ་དོག་རྣམས་ལྷར་ཤེས་པས་བྱ་ལྔ། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་ཆེན་དང་། པད་མ་དང་། ལས་ཀྱི་རིགས་ལྔ་ཕུང་པོ་སྒྲུབ་པ་སྒྲུབ་བྱ་ལྔ་སྟེ། ཡན་ལག་གི་དམ་ཚིག་ཉེར་ལྔའོ། །ཁྱད་པར་གསང་བ་སྒྱུ་འཕྲུལ་གྱི་ལུགས་ལྟར་ན། བླ་མེད་མི་སྤོང་བླ་མ་བསྐུར། སྔགས་ཕྱག་རྒྱ་རྒྱུན་མི་གཅོད། ཡང་དག་ལམ་དུ་ཞུགས་ལ་བྱམས། གསང་བའི་དོན་ཕྱིར་སྨྲ་མི་བྱ། ཞེས་རྩ་བའི་དམ་ཚིག་ལྔ་དང་། དུག་ལྔ་མི་སྤོང་བ་དང་། བདུད་རྩི་ལྔ་པོ་མི་འདོར་བ་སྟེ། ཡན་ལག་གི་དམ་ཚིག་བཅུ་བཅས་བཅོ་ལྔ། དེ་དག་ལས་ཀྱང་སྤྲོས་ན་སུམ་བརྒྱ་དྲུག་ཅུ་ལ་སོགས་པའོ། །སྒོམ་པ་ལ་གཉིས། སྒྲུབ་སྡེ་གཙོ་བོར་བྱས་པ་དང་། རྒྱུད་སྡེ་གཙོ་བོར་བྱས་པའི་ལུགས་གཉིས། དང་པོ། འཇམ་དཔལ་སྐུ་འཁོར་ལོ་བཞིའི་དགོངས་པ་ལ་བརྟེན་ནས་སྒྲུབ་པ། པདྨ་གསུང་རྟ་སྐད་ཐེངས་གསུམ་གྱི་དགོངས་པ་ལ་བརྟེན་ནས་སྒྲུབ་པ། ཡང་དག་ཐུགས་རུ་ལུ་འབྲུ་བརྒྱད་ཀྱི་དགོངས་པ་ལ་བརྟེན་ནས་སྒྲུབ་པ། ཆེ་མཆོག་ཡོན་ཏན་བདུད་རྩི་རྣམ་དག་གི་དགོངས་པ་ལ་བརྟེན་ནས་སྒྲུབ་པ། ཕུར་པ་ཕྲིན་ལས་ཐལ་འབྱིན་རྣམ་པ་བཞིའི་དགོངས་པ་ལ་བརྟེན་ནས་སྒྲུབ་པ་སྟེ། ཡེ་ཤེས་ལྷ་ཡི་སྒྲུབ་ལུགས་ལྔ་དང་། མོ་མོ་རྦོད་གཏོང་རྩ་རླུང་ཐིག་ལེའི་དགོངས་པ་ལ་བརྟེན་ནས་སྒྲུབ་པ། འཇིག་རྟེན་མཆོད་བསྟོད་བརྟེན་གསུམ་གྱི་དགོངས་པ་ལ་བརྟེན་ནས་སྒྲུབ་པ། དམོད་པ་དྲག་སྔགས་འབོད་རྦད་བསད་གསུམ་གྱི་དགོངས་པ་ལ་བརྟེན་ནས་སྒྲུབ་པ་སྟེ། ཐུན་མོང་གི་སྒྲུབ་ལུགས་གསུམ་བཅས་བརྒྱད་དང་། བླ་མ་རིག་འཛིན་བསྙེན་སྒྲུབ་རྣམ་པ་བཞིའི་དགོངས་པ་ལ་བརྟེན་ནས་སྒྲུབ་པའི་ཚུལ་ཏེ། དེ་རྣམས་ནི་ཞིབ་པར་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་མཛད་པའི་བཀའ་བརྒྱད་རྣམས་བཤད་ཆེན་མོ་ལས་ཤེས་པར་བྱའོ། །གཉིས་པ་ནི། སྤྱིར་མ་ཧཱ་ཡོ་ག་ལའང་ཕ་མ་གཉིས་མེད་ཀྱི་རྒྱུད་གསུམ་གྱི་དབྱེ་བས། གསང་འདུས་ལ་སོགས་པ་ཕ་རྒྱུད་དུ་བསྐྱེད་རིམ་ཐབས་ཀྱི་ཆ་དང་། དེའི་རྫོགས་རིམ་ཀྱང་རླུང་གཙོ་བོར་བྱེད་པས། གསལ་སྟང་རྣམ་པར་མི་རྟོགས་པའི་ཚུལ་གྱིས་ཉམས་ལེན་པར་འདོད། བདེ་དགྱེས་ཡང་དག་སོགས་མ་རྒྱུད་རྣམས་སུ་བསྐྱེད་རིམ་གྱིས་སྤྲོས་པ་ཤས་ཆུང་ཞིང་། ཤེས་རབ་རྫོགས་པའི་རིམ་པ་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པའི་བདེ་སྟོང་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད། སྒྱུ་འཕྲུལ་དྲྭ་བ་སོགས་མ་ནིང་གི་རྒྱུད་རྣམས་སུ་བསྐྱེད་རྫོགས་ཟུང་དུ་འཇུག་ཅིང་། དེའང་རྫོགས་རིམ་རྩ་ཐིག་རླུང་གསུམ་ལས་སྐྱེས་པའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་དང་། ཁྱད་པར་འོད་གསལ་ཡེ་ཤེས་ཆེན་པོ་ལ་གཙོ་བོར་བྱེད་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་དོ། །སྐབས་འདིར་གསང་བ་སྒྱུ་འཕྲུལ་གྱི་ལུགས་ཉིད་མདོ་ཙམ་བཤད་ན། བཤད་རྒྱུད་རྒྱ་མཚོ་ལས། གྲོལ་ལམ་ཐབས་སུ་རྣམ་པར་བསྟན། །ཞེས་པས་སྤྱིར་ཐབས་གྲོལ་གྱི་ལམ་གཉིས་གསུངས་ཤིང་། དེ་ཡང་རིམ་གསུམ་ལས། མཚན་མ་སྒོམ་པའི་རིམ་པ་དང་། དེ་བཞིན་ཉིད་ནི་སྒོམ་པ་ཡི། །བྱེ་བྲག་རྣམ་པ་གཉིས་སུ་གསུངས། །ཞེས་པས་ཉམས་ལེན་ལ་མཚན་བཅས་དང་། མཚན་མེད་གཉིས་ལས། དང་པོ་ལ་བསྐྱེད་རྫོགས་གཉིས་ཀྱི། དང་པོ་བསྐྱེད་རིམ་ནི། གྲོལ་ལམ་སྟེ། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པའི་མཉམ་སྦྱོར་གྱིས། །རང་བྱུང་ཀུན་བཟང་ལྷུན་གྱིས་གྲུབ། །ཅེས་པས། གཙོ་བོར་ཤེས་རབ་རྣམ་པ་གསུམ་གྱི་སྒོ་ནས་རང་རྒྱུད་ཀྱི་འཆིང་བ་ཆོས་ཉིད་དུ་གྲོལ་བར་བྱེད་པ་སྟེ། རིན་པོ་ཆེ་ཀོ་སྟུ་བྷ་དང་ལྷན་ཅིག་བཞག་པའི་རྡོའི་ཁམས་རིམ་གྱིས་གསེར་དུ་འགྱུར་བ་བཞིན་ཏེ་ཐབས་ལམ་ལ་ལྟོས་ནས་རིང་བའི་ལམ་དུ་བཞག་སྟེ། དབྱེ་ན་ལམ་རིམ་ལས། རིང་བའང་རིམ་དང་ཅིག་ཆར་བ། །ཞེས་པས་དབང་པོ་ཡང་རབ་ཨིནྡྲ་བྷུ་ཏི་ལྟ་བུ་དབང་དུས་སུ་གྲོལ་བ་ཁ་ཅིག་དབྱེར་མེད་ཆིག་ཆོད་དུ་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ཡོད་དེ། ཅིག་ཅར་བ་ཞེས་བྱ་ཞིང་། ཡང་རིམ་གྱིས་རྟོགས་གོམས་མཐར་ཕྱིན་པར་བྱེད་པ་ནི་རིམ་གྱིས་པ་སྟེ། དེའི་ལམ་ནི་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་པས། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་སྟེ་གསུམ་ལས། དང་པོ་ནི་གོང་དུ་སྨོས་ཟིན་ལ། གཉིས་པ་རྐྱེན་འཇུག་པའི་མཚན་ཉིད་ནི། ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་དཀྱིལ་འཁོར་རིམ་གྱིས་བསྐྱེད་པ་གཙོ་བོར་བྱེད་པའི་སྒོ་ནས་ལྷ་རྟོགས་དབྱེར་མེད་དུ་བསྒོམས་པའི་ཉམས་ལེན། དེ་ལའང་མོས་སྒོམ་དང་། ངེས་རྫོགས་གཉིས་ལས། དང་པོ་ནི། ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་ཀྱང་དོན་སྤྱིའི་རྣམ་པ་ཙམ་དེ་མོས་པ་ལམ་བྱེད་ཀྱིས་སྒོམ་པ་ནུབ་གཅིག་ལ་ཆོ་གའི་ཡན་ལག་ཚང་བར་ཉམས་སུ་ལེན་པ་ལྟ་བུ་སྟེ། འདི་ལྟར་སྒོམ་པའི་ཚེ་ཡང་། ཏིང་ངེ་འཛིན་གསུམ་གྱིས་བསྐྱེད་རིམ་གྱི་ཁོག་ཕུབ་པ། ཇི་ལྟར་བསྐྱེད་པའི་ངོ་བོར་དག་རྫོགས་སྨིན་གསུམ་ཚང་བ། དེ་ལྟར་བསྐྱེད་པ་དེའང་སྲོག་སྡོམ་གཟེར་བཞིའི་རྒྱས་ཐེབ་པ་ཞིག་ནི་བསྐྱེད་རིམ་གྱི་གནད་ཡིན་པས་ཅིས་ཀྱང་གལ་ཆེའོ། །འདི་ལ་བསྙེན་སྒྲུབ་བཞིའི་ཐ་སྙད་སྦྱོར་ན། ཕུར་པ་གསང་རྒྱུད་ལས། ཏིང་འཛིན་གསུམ་བསྐྱེད་བསྙེན་པ་ཡིན། །བདག་ཉིད་ལྷར་བསྐྱེད་ཉེ་བསྙེན་ཏེ། །ཡུམ་བསྐྱེད་སྒྲུབ་པར་ཤེས་པར་བྱ། །གཞན་རྣམས་སྒྲུབ་པ་ཆེན་པོ་ཡིན། །ཞེས་གསུངས་པས། ཏིང་འཛིན་གསུམ་བསྒོམས་པ་ཡན་ཆད་བསྙེན་པ། རང་ལྷ་གཙོ་བོར་བསྒོམས་པ་ཉེ་བསྙེན། ཡུམ་བསྒོམས་ཏེ་མཁའ་གསང་བརླབས་པ་དང་འཁོར་གྱི་ལྷ་ཚང་བར་བསྒོམས་པ་བསྒྲུབ་པ། དབང་བསྐུར་རྒྱས་གདབས་སོགས་ཆོ་གའི་ཡན་ལག་གཞན་རྣམས་སྒྲུབ་པ་ཆེན་པོའོ། །གཉིས་པ་ནི། རིམ་པ་གཉིས་པོའི་ཏིང་ངེ་འཛིན་ཉམས་ལྔ་མཐར་ཕྱིན་གྱི་བར་དུ་སློབ་པ་སྟེ། བི་མའི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་བ་ལས། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་གསུངས་པས། དང་པོ་གཡོ་བའི་ཉམས་ནི། དཔེ་རི་གཟར་གྱི་འབབ་ཆུ་ལྟར་སེམས་སྐད་ཅིག་ཀྱང་མི་གནས་པར་རྣམ་རྟོག་སྔ་མ་བས་མང་དུ་སོང་བ་ལྟ་བུ་སྟེ་རྣམ་རྟོག་ངོས་ཟིན་པའི་ཉམས་སོ། །གཉིས་པ་ཐོབ་པའི་ཉམས་ནི། དཔེར་རོང་ཁུང་དོགས་པའི་འབབ་ཆུ་ལྟར་རྣམ་རྟོག་འཕྲོ་འདུ་ཞི་ནས་ཡུད་ཙམ་རེ་རྟོག་མེད་དུ་ཞི་མལ་ལེ་གནས་པ་ཞིག་འབྱུང་སྟེ་རྣམ་རྟོག་ངལ་སོས་པའི་ཉམས་སོ། །གསུམ་པ་གོམས་པའི་ཉམས་ནི། དཔེ་གཡོ་འགུལ་མང་པོ་བྱེད་མི་ནུས་པའི་རྒན་པོའི་སྤྱོད་པ་ལྟར། ཕལ་ཆེར་རྟོག་མེད་དུ་གནས་པ་ལས་རེས་འགའ་རྟོག་པ་བན་བུན་ཙམ་རེ་འབྱུང་བ་རྣམ་རྟོག་ཐང་ཆད་པའི་ཉམས་སོ། །བཞི་པ་བརྟན་པའི་ཉམས་ནི། དཔེར་མཚོ་ཆུང་བ་སེར་བུས་བསྐྱོད་པ་ལྟར། ཕལ་ཆེར་རྟོག་མེད་རྒྱ་འབྱམས་སུ་གནས་པ་ལས་རྐྱེན་གྲག་པོ་རེས་ཅུང་ཟད་གཡོ་བ་འབྱུང་སྟེ་རྣམ་རྟོག་གིས་བསྐྱོད་དུ་མེད་པའི་ཉམས་སོ། །ལྔ་པ་མཐར་ཕྱིན་པའི་ཉམས་ནི། དཔེ་རྒྱ་མཚོ་རླབས་དང་བྲལ་བའམ་རི་བོ་ཆེན་པོ་ལྟར་གནས་པ་རྐྱེན་གང་གིས་ཀྱང་གནོད་མི་ནུས་པར་མ་ཟད་སླར་ལ་བོགས་འབྱིན་ཞིང་བཏང་འགྲོ་བཞག་སྡོད་རང་དབང་དུ་འབྱོར་བས་མཐར་ཕྱིན་རང་དབང་འབྱོར་བའི་ཉམས་ཞེས་བྱའོ། །དེ་ལྟ་བུའི་ཚུལ་གྱིས་བསྒོམ་བྱ་དངོས་ལ། སྤྱིར་བསྐྱེད་རིམ་ནི། སྤང་བྱ་འཁོར་བའི་ཆོས་སྣ་ཚོགས་པར་སྣང་བ་འདི་དག་སྲིད་པར་སྐྱེ་བར་བླང་བ་ལ་བརྟེན་ནས་འཆར་བས་འཁོར་བའི་ཆོས་ཀྱི་གཙོ་བོར་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བ་དང་བསྟུན་ནས། བསྐྱེད་རིམ་སྒོམ་ཚུལ་བཞི་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་གཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་བཅས་སྤྲོས་པ་མེད་པ་དང་། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པས་སྒོང་སྐྱེས་སྦྱོང་བྱེད་ནི། དབང་བརྟུལ་སྤྲོས་པ་ཅན་གྱི་དབང་དུ་བྱས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་བདེ་ཆེན་བྱང་ཆུབ་སེམས་ཀྱི་ངོ་བོར་ཞུ་བའི་འོད་ཀྱི་ཐིག་ལེ་ལས་ཞུ་པ་གླུས་བསྐུལ་གྱིས་སླར་བཞེངས་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་བདག་སྲས་གཞན་སྲས་ཀྱི་ཆོ་ག་དང་། ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་རང་ལྷའི་ཕྱག་མཚན་ས་བོན་དང་བཅས་པ་ཞུ་ཞིང་འདྲེས་པ་ལས་སྤྲོ་བསྡུས་ལྷར་བསྐྱེད་པ་མངོན་བྱང་ལྔའི་ཆོ་ག་ལྟ་བུ་དང་། མངལ་སྐྱེས་སྦྱོང་བྱེད་དབང་པོ་དང་སྤྲོས་པ་འབྲིང་གི་ངོར། འཆི་སྲིད་བར་དོ་དང་བཅས་པ་དང་། དྲི་ཟའི་སེམས་ཁུ་ཁྲག་གི་དབུས་སུ་ཞུགས་པ་དང་། དེ་ལས་ལུས་གྲུབ་པ་དང་། བཙས་ནས་དབང་པོ་ཡུལ་ལ་སད་པ་བཞི་རིམ་པར་སྦྱོང་བྱེད། སྟོང་པ་ཉིད་དང་། ས་བོན་བསྡུ་བ་དང་། སྐུ་ཡོངས་སུ་རྫོགས་པ་དང་། གནས་གསུམ་སོགས་ལ་ཡི་གེ་འགོད་པ་སྟེ་རྡོ་རྗེའི་ཆོ་ག་བཞི་བསྐྱེད་དང་། ས་བོན་ཕྱག་མཚན་སྐུ་ཡོངས་རྫོགས་ཏེ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དེ། དེ་ལྟར་སྒོང་སྐྱེས་དང་མངལ་སྐྱེས་སྦྱོང་བའི་སྒོམ་ཚུལ་གཉིས་པོ་འདི་མ་ཧཱ་ཡོ་གའི་བསྐྱེད་ཡུལ་ཡིན་ལ། དྲོད་གཤེར་སྦྱོང་བྱེད་སྤྲོས་མེད་ཨ་ནུའི་ལུགས་དང་། བརྫུས་སྐྱེས་སྦྱོང་བྱེད་ཤིན་ཏུ་སྤྲོས་མེད་ཨ་ཏིའི་བསྐྱེད་ཚུལ་གཉིས་ནི་འོག་ཏུ་རང་རང་གི་སྐབས་སུ་འཆད་པར་འགྱུར་ལ། འདི་བཞི་ཡང་རིམ་པར་ལས་དང་པོ་པ་དང་། ཅུང་ཟད་བརྟན་པ་དང་། བརྟན་པ་ཆེན་པོ་ཐོབ་པ་དང་ཤིན་ཏུ་བརྟན་པའི་གནས་སྐབས་ན་རང་རང་གི་བློ་ཚད་དང་མཐུན་པར་སྒོམ་པར་བྱ་བ་ཡིན་ནོ། །དེ་ཐམས་ཅད་ཀྱང་ཐ་མལ་གྱི་སྣང་ཞེན་སྦྱོང་བའི་ཕྱིར་སྒོམ་པ་ཡིན་པས། ཐ་མལ་གྱི་སྣང་བ་སྦྱོང་བྱེད་རྣམ་པ་གསལ་བ། བདག་ཏུ་ཞེན་པ་སྦྱོང་བྱེད་ང་རྒྱལ་བརྟན་པ། དངོས་པོར་ཞེན་པ་སྦྱོང་བྱེད་རྣམ་དག་དྲན་པ་གསུམ་དང་མ་བྲལ་བའི་དང་། མར་འཁོར་བའི་གནས་སྐབས་ན་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པ་ཡར་སངས་རྒྱས་ཀྱི་སྐབས་ན་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པ་དབྱེར་མེད་དུ་ལྟོ་སྦྱར་ནས་སྲོག་གཟེར་བུས་བསྡམས་པ་ལྟ་བུའི་གནད་དྲིལ་བ། སྐུ་བསྐྱེད་པ་ལྷ་ཡི་གཟེར། གཟུང་བཟླས་པ་སྔགས་ཀྱི་གཟེར། ཐུགས་དགོངས་པ་མི་འགྱུར་བའི་གཟེར། བྱ་བྱེད་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ཏེ་སྲོག་སྡོམ་གྱི་གཟེར་བཞིའི་ལྟ་སྒོམ་སྤྱོད་འབྲས་མཐར་དབྱུང་བ་ཅིས་ཀྱང་གལ་ཆེའོ། །དེ་ལྟར་ཤེས་པར་བྱས་ནས། འདིར་ནི་ལམ་རིམ་ལས། སྲིད་པའི་རིམ་པར་སྨིན་ཚུལ་གྱིས། །འཇུག་པའི་ཡན་ལག་ལྔ་རུ་བཞག །གང་དག་དངོས་ཀུན་རང་རིག་ཕྱིར། །ཤི་བ་དོན་དམ་བདེན་པ་སྟེ། །སྐྱེ་བ་བར་མ་ཀུན་རྫོབ་ཡིན། །སྐྱེ་བའི་རིམ་གསུམ་གཉིས་མེད་དོན། །ཞེས་པས། འཆི་བར་སྐྱེ་གསུམ་གྱི་སྲིད་པ་ཅིག་ཅར་དུ་སྦྱོང་བའི་ལམ་རྫོགས་པར་སྟོན་པ་ལ། འཆི་བ་འོད་གསལ་དང་རྗེས་སུ་མཐུན་པའི་སྟོང་པ་ཆེན་པོ། བར་དོ་དང་རྗེས་སུ་མཐུན་པའི་ལམ་སྙིང་རྗེ་སྒྱུ་མ། སྐྱེ་བའི་རིམ་པ་གསུམ་དང་རྗེས་སུ་མཐུན་པའི་ལམ་ཕྱག་རྒྱ་གཅིག་པ། ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་ཚོགས་སྒྲུབ་སྟེ་ཟག་བཅས་ཚོགས་སྦྱོར་གྱི་ལམ་ལྔའོ། །དེ་ལའང་རགས་པ་བསྐྱེད་རིམ་དང་། ཕྲ་བ་རྫོགས་རིམ་གྱི་སྦྱོང་ཚུལ་གཉིས་ལས། དང་པོ་ནི་ལུས་ཅན་རྣམས་འཆི་འཕོ་བའི་ཚེ་ཕྱི་ནང་གི་ཐིམ་རིམ་རྣམས་རྫོགས་པའི་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་འཆར་ལ། དེ་ཉིད་ལམ་དུ་ཁྱེར་བའི་ཕྱིར། སྣང་གྲགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་སྐུ་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་དང་འོད་གསལ་དེ་ཉིད་ངོས་མ་ཟིན་པར་བར་དོའི་ཡིད་ལུས་སྒྱུ་མ་ལྟ་བུའི་གནས་སྐབས་ཀྱི་བག་ཆགས་སྦྱོང་བྱེད་དམིགས་པ་མེད་པའི་ཀུན་སྣང་གི་ཏིང་ངེ་འཛིན་གྱི་ངོ་བོ་སྙིང་རྗེ་ཆེན་པོ་མཁའ་ཁྱབ་ཏུ་བསྒོམ་ཞིང་། གཞི་དེ་ལས་བར་དོ་མ་གྲོལ་བར་མའི་མངལ་དུ་སྐྱེ་བ་བཟུང་བ་ནས་བཙས་པའི་བར་གྱི་བར་ཆགས་སྦྱོང་བྱེད་ཕྱག་རྒྱ་གཅིག་པ་ཕྲ་རགས་གཉིས་ཏེ། གང་དུ་སྐྱེ་བར་འགྱུར་བའི་གནས་ལ་སྲེད་པ་སྐྱེས་པའི་རྐྱེན་གྱིས་དེར་འཇུག་མ་རག་གི་བར་སྲིད་ཀྱི་གནས་སྐབས་སྦྱོང་བྱེད་ཕྲ་བ་རྒྱུའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིག་འབྲུ། ས་ལེ། སང་ངེ་། ལྷག་གེ། ལྷང་ངེ་བ་སྟེ་གསལ་བའི་ཚད་བཞི་དང་། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་སྒྱུར་དུ་བཏུབ་པ་སྟེ་བརྟན་པའི་ཚད་བཞི་བཅས་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ལ་བསླབ་པ་དང་། དེ་ཉིད་ཕ་མའི་ཁུ་རྡུལ་གྱི་བར་དུ་ཞུགས་ནས་ཕྱི་རོལ་གྱི་དབང་པོའི་ཡུལ་ལ་སད་ཀྱི་བར་གྱི་གནས་སྐབས་སྦྱོང་བྱེད་རགས་པ་ལྷ་སྐུ་ལ་བསླབ་པ་མངོན་བྱང་བཞི་དང་། ཆོ་ག་གསུམ་སོགས་ཀྱིས་བསྐྱེད་པ་སྐྱེ་གནས་རིགས་བཞིའི་ཚུལ་དང་མཐུན་པ་ལ་བསླབ་པ་དང་། བཙས་ནས་ནར་སོན་པའི་བར་གྱི་བག་ཆགས་སྦྱོང་བྱེད་ཕྱག་རྒྱ་སྤྲོས་བཅས་ལ་བསླབ་པ་ལའང་བཞི་སྟེ། ལམ་རིམ་ལས། འཁོར་ལོ་ཚོམ་བུ་གྲངས་ཞལ་ཕྱག །ཅེས་བཤད་པ་ལྟར་དཀྱིལ་འཁོར་སྤྲོ་བ། ཚོམ་བུ་སྤྲོ་བ། གྲངས་སྤྲོ་བ། ཞལ་ཕྱག་སྤྲོ་བ་སྟེ་བཞི་ལས། རིམ་བཞིན་ཞི་བ་དང་། ཁྲོ་བོའི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་པ་དང་། ཚོམ་བུ་གཅིག་གསུམ་ལྔ་པ་དང་། གྲངས་ལའང་། ཞི་བ་ལ་སྟོང་དང་ཉི་ཁྲི་བཞི་སྟོང་དང་། བསམ་ཡས་ལྷུན་གྲུབ་རྣམས་དང་། ཁྲོ་བོ་ལའང་། སྟོང་བཞི་རྒྱ་ལྔ་བཅུ་དང་། བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ལྔ་བཅུ་དང་། བསམ་ཡས་ལྷུན་གྲུབ་ལ་བསླབ་པ་རྣམས་དང་། ཞལ་ཕྱག་ཡང་རྒྱས་འབྲིང་བསྡུས་གསུམ་གྱི་ཚུལ་ལོ། །ནར་སོན་ནས་རྒན་པོའི་བར་གྱི་བག་ཆགས་སྦྱོང་བྱེད་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ལ། གང་དུ་སྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད། གང་གིས་སྒྲུབ་པའི་སྟོན་པ་དང་འཁོར། ཇི་ལྟར་སྒྲུབ་པའི་ཐབས་ཏེ་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་ཞིང་། སྒྲུབ་པའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིའི་གཞུང་བསྲངས་ཏེ། ལམ་རིམ་ལས། ཟླ་གཅིག་ཕྱེད་ཞལ་ཉེ་བསྙེན་དང་། །ལྷ་གསལ་འཕྲོ་འདུས་སྣོད་དུ་རུང་། །བཅོ་ལྔ་མ་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་སྒྲུབ་བཟླས་བྱ་སྒྲུབ་ཆེན་པོ། །ཞེས་པས་ཆ་རྐྱེན་རྣམས་ཚོགས་ནས་སྒྲུབ་པ་ལ་འཇུག་མ་ཐག་པ་ནི་བསྙེན་པ། ཞུགས་ནས་ཟླ་བ་ཕྱེད་ཡན་ཆད་ནི་ཉེ་བསྙེན་ཏེ། འདི་གཉིས་སུ་འོད་དཀར་པོའི་འཕྲོ་འདུ་བསྣོལ་མས་རྒྱུད་དག་པར་བྱེད་པ་དང་། ཐ་མའི་ཞག་གཅིག་མ་གཏོགས་པའི་ཕྱེད་མན་ཆད་ནི་སྒྲུབ་པ་སྟེ་འོད་དམར་པོའི་འཕྲོ་འདུས་ཀྱིས་དངོས་སྒྲུབ་བསྡུ་བ་དང་། ནུབ་ཐ་མར་འོད་ཟེར་མཐིང་ག་ཚུར་བསྡུ་བ་སོགས་ཀྱི་སྲོད་ནམ་གུང་ཐོ་རེངས་གསུམ་གྱི་དུས་གནད་དང་བསྟུན་ཏེ་ལྷ་དང་གཟས་པོ་དང་གཟུངས་མ་གསུམ་ལས་དངོས་གྲུབ་ལེན་པ་ནི་སྒྲུབ་པ་ཆེན་པོ་སྟེ། འདི་ནི་ཟླ་བ་གཅིག་ལ་དཔེར་མཚོན་པའོ། །དེ་ལྟར་སྒྲུབ་པའི་འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན་པ་ནི། ལམ་རིམ་ལས། ཞག་ནི་སུམ་བཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཅེས་གསུངས་པས་ཟླ་བ་དྲུག་སྤོག་ཆོག་དང་བཅས་པ་སོགས་ཀྱིས་དབང་པོའི་ཁྱད་པར་དང་མཐུན་པར་འདོད་གཟུགས་ཀྱི་རིག་འཛིན་གྲུབ་ནས་རིམ་གྱིས་ལམ་གོང་མ་ལ་སྦྱོར་བར་བྱེད་དོ། །དེ་ལྟར་ཟག་བཅས་ཀྱི་ལམ་ལྔ་པོ་དེས་མར་འཁོར་བ་དང་རྣམ་པ་མཐུན་པས་དེའི་བག་ཆགས་སྦྱོང་ཞིང་དག །ཡར་སངས་རྒྱས་སྐུ་གསུམ་དང་དེའི་མཛད་སྤྱོད་ཀྱི་རིགས་ཀྱི་ནུས་པ་གསོས་ཐེབ་པས་འབྲས་བུ་རྫོགས་པར་བྱེད། བར་དུ་ལམ་འོག་མས་གོང་མ་སྒོམ་རུང་གི་གཞི་བཏིང་བས་སྨིན་བྱེད་དུ་འགྲོ་བའི་ཐབས་སོ། །གཉིས་པ་ཕྲ་བ་རྫོགས་རིམ་གྱི་སྤྱོད་ཚུལ་ཡང་། དེ་དང་རྣམ་པ་མཐུན་པས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་རིག་པ་མ་བཅོས་པའི་ངང་དུ་སོ་མར་འཇོག་པ་རིག་པ་སྤྱི་བླུགས་དང་སྔར་ཐོས་བསམ་གྱི་ལྟ་བ་དྲན་པར་བྱས་ནས་དེའི་ངང་དུ་འཇོག་པ་མཐོང་བའི་རྗེས་ལ་འཇོག་པ་སྟེ། འཇོག་ཐབས་གཉིས་གང་རུང་གི་དོན་དམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ཉིན་མོའི་རྣལ་འབྱོར་དང་། མཚན་མོ་གཉིད་འཐུག་གི་འོད་གསལ་འཛིན་པའི་མན་ངག་གཉིས་སྦྲེལ་ཏེ། ཉིན་མཚན་ཁ་སྦྱོར་དུ་ཉམས་སུ་ལེན་པའི་སྒོ་ནས་ཉམས་ལྔ་མཐར་ཕྱིན་པ་བསླབ་པ་སྟོང་པ་ཆེན་པོ། སྟོང་ཆེན་འོད་གསལ་དེའི་ངང་དུ་སེམས་འགགས་པས། དུ་བ་སྨིག་རྒྱུ་མེ་ཁྱེར། མར་མེ་སོགས་སྟོང་གཟུགས་ཀྱི་སྣང་བ་ཤར་བ་ན་ཉིན་གྱི་རྣལ་འབྱོར་སད་པའི་སྣང་བ་དེ་དང་། མཚན་མོ་རྨི་ལམ་གྱི་སྣང་བ་ཐམས་ཅད་སྒྱུ་མ་ཆུ་ཟླ་ལྟར་མཐོང་བ་ལས་དམིགས་མེད་བདེ་ཆེན་གྱི་སྙིང་རྗེ་མ་འགགས་པར་ཤར་བ་ལ་གོམས་པར་བྱེད་པ་སྙིང་རྗེ་སྒྱུ་མ། སྣང་བ་རིས་མེད་ལས་སྙིང་རྗེ་ཆེན་པོའི་འཕེན་པ་དང་ཏིང་ངེ་འཛིན་གྱི་རྐྱེན་གྱིས་ཆུ་དྭངས་པ་ལ་གཟུགས་བརྙན་ཤར་བ་ལྟར་ཞུ་བ་དེ་དང་མཚུངས་ལྡན་དུ་བྱུང་བའི་ལྷ་སྐུ་ཕྱག་རྒྱ་གཅིག་པས་གང་ཤར་གྱིས་སྣང་བ་ཐམས་ཅད་ལ་རྒྱས་ཐེབ་པ་ཕྱག་རྒྱ་གཅིག་པ། སྔར་གྱི་ལྷ་སྣང་དེ་ལས་ཆེས་ཆེར་འཕེལ་བས་སྣང་བ་ཐམས་ཅད་ཟུང་འཇུག་གི་ལྷ་གཙོ་འཁོར་དང་ཚོམ་བུའི་རྣམ་པར་མངོན་སུམ་དུ་སྤྲོས་ཏེ་མ་འདྲེས་ཡོངས་རྫོགས་སུ་འཆར་བ་ལ་གོམས་པ་ཕྱག་རྒྱ་སྤྲོས་བཅས། ཚོམ་བུ་གཅིག་གསུམ་ལྔ་པ་གང་རུང་གི་སྒོ་ནས་སྤྲོས་བཅས་བསྐྱེད་རིམ་དང་ཕྱོགས་མཐུན་དུ་སྒྲུབ་པའམ། སྤྲོས་མེད་རྣལ་འབྱོར་ཕོ་མོ་གཙོ་བོ་ཡབ་ཡུམ་ཙམ་ཚོགས་པ་ལ་བརྟེན་པའམ། ཤིན་ཏུ་སྤྲོས་མེད་ནི་ཡབ་མི་འགྱུར་བའི་བདེ་ཆེན་ཉིད་ཡུམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཁ་སྦྱོར་གྱིས་སྒྲུབ་པ་ཚོམ་བུ་ཚོགས་སྒྲུབ་སྟེ། གང་ལྟར་ཡང་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབྱེ་བས་ཟླ་བ་དྲུག་གམ་ལོ་གཅིག་དང་ཟླ་བ་གཉིས། ལོ་གཅིག་ཟླ་བ་བཞི་རྣམས་ཀྱིས་ཟག་མེད་ལ་དངོས་སུ་སྦྱོར་བ་བྱེད་དོ། །གསུམ་པ་ལམ་གྱུར་གྱི་འབྲས་བུ་རིག་འཛིན་ནི། དེ་ལྟར་བསྒོམས་པས་ཟག་པ་མེད་པའི་ལམ་མཐོང་སྒོམ་མཐར་ལམ་གསུམ་གྱིས་བསྡུས་པའི་རིག་འཛིན་བཞི་མངོན་དུ་བྱེད་པ་སྟེ། མཐོང་ལམ་ལ་བློའི་ནུས་སྟོབས་ཆེ་ཆུང་གིས་རྣམ་སྨིན་གྱི་ལུས་དྭངས་མའི་ལུས་སུ་མ་གྱུར་པ་རྣམ་སྨིན་རིག་འཛིན་དང་། དྭངས་མའི་ལུས་སུ་གྱུར་པ་ལམ་མཆོག་ཡོངས་རྫོགས་ཚེ་དབང་རིག་འཛིན་གཉིས་ཏེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་གསུངས། དེ་ལ་རྣམ་སྨིན་ནི། ལུས་རྣམ་སྨིན་ཤ་ཁྲག་གི་ཕུང་པོ་དང་མ་བྲལ་བ། ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་པ། ཇི་ལྟར་འདོད་པ་བཞིན་ལུས་རྒྱ་དང་བྲལ་མ་ཐག་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་ངེས་པ་སྟེ། ཆོས་གསུམ་དང་ལྡན་པའོ། །སྤྱོད་པ་ནི། བདག་དོན་དུ་བཀོད་པ་དཀྱིལ་འཁོར་གྱི་བྱ་བས་ཚོགས་གཉིས་རྫོགས་པར་བྱེད་ཅིང་། ཕྲིན་ལས་བཞིའི་སྒོ་ནས་གཞན་དོན་རྫོགས་པར་བྱེད། ཟག་མེད་ལྷའི་སྤྱན་རྣམ་པར་དག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་གླིང་བཞི་པའི་འཇིག་རྟེན་ཙམ་དུ་སྐུའི་དོན་མཛད་ཅིང་སྤྲུལ་གཟུགས་སྟོན་ཚུལ་ཚེ་དབང་དང་ཆ་འདྲ་བས་དོན་མཛད་དོ། །ཚེ་དབང་ནི། སེམས་འོད་གསལ་གྱི་ལྷ་སྐུར་སྨིན་ཅིང་ཕྲ་ཡང་ལ་སོགས་པའི་འཇའ་ལུས་ཀྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་རྡོ་རྗེའི་ལུས་ཅན་ཏེ། སྤྱིར་ཚེ་དབང་ལ་སྨན་གྱི་བཅུད་ལེན་ལ་བརྟེན་པའི་དང་། ཐིག་ལེ་དབབ་བཟུང་སོགས་ལ་བརྟེན་པའི་དང་། སྒྲོལ་མ་རླུང་ལ་བརྟེན་པའི་དང་། ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་དང་བཞི་ལས་འདི་ནི་ཕྱི་མ་སྟེ། ཟག་མེད་མཐོང་ལམ་གྱི་ཡེ་ཤེས་ཇི་ལྟ་བ་བཞིན་མངོན་སུམ་དུ་མཐོང་བའི་ཕྱིར། སྤྱོད་པ་ནི། བདག་དོན་དུ་ཀུན་འགྲོའི་དྲི་མ་སྦྱང་ཞིང་། གཞན་དོན་དུ་ཆོ་འཕྲུལ་བཞི་དང་། ཕྲིན་ལས་བཞི་སོགས་ཀྱི་དོན་མཛད། ཆ་ལུགས་མི་དང་འདོད་ལྷའི་གཙོ་བོའི་ཆ་བྱད་དུ་ཡང་སྟོན་མོད་ལྷ་མི་གཞན་ལས་ཁྱད་པར་དུ་འཕགས་པའོ། །མངོན་ཤེས་ཀྱི་ཡུལ་དོན་ཡང་། དབང་ཤེས་ཉི་ཤུ་རྩ་ལྔས་གླིང་བཞི་བྱེ་བ་ཕྲག་བརྒྱར་དུས་གཅིག་ཏུ་དོན་མཛད། ས་ལྷག་མ་དགུ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱིས་བསྡུས་ཏེ། འདི་ལ་བཤད་ཚུལ་གཉིས་ཏེ། ལམ་རིམ་ལས། ཡེ་ཤེས་སྐུ་ཡི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལས་གོལ། །ཞེས་པས་སྔར་རང་ཉིད་ཀྱིས་གང་བསྒོམས་ཀྱི་ལྷག་པའི་ལྷ་རིགས་ལྔ་གང་ཡིན་གྱི་ཆ་ལུགས་འཛིན་པར་གསུངས་པ་དང་། ཡང་ན། རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲིའི་རིག་འཛིན་འགྱུར། །ཞེས་པས་ས་གཉིས་པ་ནས་ལྔ་པའི་བར་རྡོ་རྗེའི་རིག་འཛིན་ཞེས་བྱ་སྟེ། རྟོགས་པའི་ཡེ་ཤེས་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་འཇོམས་པའི་ཕྱིར། ས་དྲུག་པ་ཤེར་ཕྱིན་ལ་གཙོ་བོར་སྤྱོད་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དང་། ས་བདུན་པའང་ཐབས་ལ་མཁས་པ་འཁོར་ལོ་ལྟར་གྱུར་པས་དེ་གཉིས་ལ་འཁོར་ལོའི་རིག་འཛིན། ས་བརྒྱད་པར་མི་རྟོག་ཡེ་ཤེས་ལ་དབང་བསྒྱུར་བས་རིན་པོ་ཆེའི་རིག་འཛིན། ས་དགུ་པར་ཆགས་པ་མེད་པས་ཞིང་སྦྱོང་ཞིང་འགྲོ་དོན་མཛད་པས་པདྨའི་རིག་འཛིན། ས་བཅུ་པ་ཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་དཔག་མེད་མཛད་པའི་ཕྱིར་རལ་གྲིའི་རིག་འཛིན་ཞེས་བྱའོ། །ཆ་བྱད་ཟུང་འཇུག་གི་ལྷ་སྐུ་མཚན་དཔེ་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་བདག་དོན་དུ་ལྷན་ཅིག་གནས་པའི་སྒྲིབ་པ་སྦྱོང་ཞིང་། གཞན་དོན་དུ་རྔོན་པ་དང་སྨད་འཚོང་མ་ལ་སོགས་པ་གང་འདུལ་གྱི་སྤྲུལ་གཟུགས་སུ་སྟོན་པར་བྱེད་ཅིང་། མངོན་ཤེས་ཀྱི་ཡུལ་དོན་ཀྱང་། དབང་ཤེས་ཉི་ཤུ་རྩ་ལྔའི་ཡོན་ཏན་ཚེ་དབང་དང་འདྲ་ནའང་། འདིར་གསལ་བརྟན་གྱི་ཁྱད་པར་དུ་བྱས་ཤིང་། ལོངས་སྐུའི་ཞིང་དང་མཉམ་པའི་འགྲོ་དོན་མཛད་དོ། །དེ་ལྟར་ས་གཉིས་པ་ནས་བཅུ་པའི་རྣམ་གྲོལ་ལམ་ཚུན་ཆད་ཕྱག་ཆེན་དུ་བསྡུས་ཤིང་། ས་བཅུའི་ཁྱད་པར་ལམ་མམ་མཐར་ལམ་ནི་ལྷུན་གྲུབ་རིག་འཛིན་ཏེ། ཡན་ལག་བདུན་དང་ལྡན་པའི་ཡེ་ཤེས་གོང་མའི་གཞིར་གྱུར་པའོ། །ཆ་ལུགས་ནི། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་པ་སྟེ། དྲུག་པའི་རྒྱལ་ཚབ་མཛད་པ་པོ་གསང་བའི་བདག་པོ་བཞིན་ནོ། །སྤྱོད་ཚུལ་ནི། བདག་དོན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་ནང་གི་མངོན་བྱང་གིས་ཤེས་སྒྲིབ་ཕྲ་བ་སྣང་གསུམ་གྱི་དྲི་མ་སྦྱོང་ཞིང་། གཞན་དོན་རྗེས་ཐོབ་ལ་སངས་རྒྱས་དང་ཆ་འདྲ་བར་འགྲོ་བའི་དོན་མཛད། སྤྲུལ་གཟུགས་ཀྱང་མཛད་པ་བཅུ་གཉིས་སོགས་མཆོག་གི་སྤྲུལ་སྐུ་དང་ཕྱོགས་མཐུན་དུ་སྟོན། མངོན་ཤེས་ཀྱི་ཡུལ་དོན་ཇི་སྙེད་མཁྱེན་པའི་ཡུལ་རྒྱལ་བ་ཉིད་དང་ཤས་ཆེར་འདྲ་བའི་ཕྱིར། ནམ་མཁས་ཁྱབ་ཚད་ཀྱི་དོན་ཡང་ཅི་རིགས་པར་མཛད་པའོ། །དེ་ཡང་རྒྱུའི་ཐེག་པའི་འཕགས་པ་རྣམས་དང་། རྣལ་འབྱོར་ཆེན་པོ་འདི་ཉིད་ཀྱི་རིག་པ་འཛིན་པ་རྣམས་མུ་ཚོད་མཚུངས་ཀྱང་དགོངས་པ་ཁྱད་པར་ཆེ་སྟེ། རྒྱུའི་ཐེག་པའི་ས་དང་པོ་དང་རྣམ་སྨིན་རིག་འཛིན་གཉིས་དགོངས་པ་མཉམ་ལ། རྒྱུའི་ས་བརྒྱད་པ་དང་ཚེ་དབང་། བཅུ་པ་དང་ཕྱག་ཆེན། མི་སློབ་པའི་ས་ཀུན་ཏུ་འོད་དང་ལྷུན་གྲུབ་རིག་འཛིན་གཉིས་དགོངས་པ་མཉམ་པའི་ཕྱིར་ཏེ། ལམ་ཆུང་ལས། དེ་ཡང་དང་པོ་དང་པོ་དང་། །སྐལ་མཉམ་གཉིས་པའི་རིག་མཆོག་དེ། །བརྒྱད་པའི་སེམས་དཔར་སྐལ་པ་མཉམ། །གསུམ་པ་བཅུ་དང་སྐལ་མཉམ་མོད། །དགོངས་སྤྱོད་རྒྱ་མཚོས་ཁྱད་པར་འཕགས། །ཞེས་གསུངས་ཏེ་ལམ་རང་གི་ངོ་བོ་ཐབས་ཤེས་གཉིས་ཆར་ནས་འོག་མ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །འདི་ནི་བཀའ་སྡེ་ཟུར་པའི་བཞེད་པ་སྟེ། ཀུན་མཁྱེན་བླ་མས་ནི་ལམ་ལྔ་ཀ་རིག་འཛིན་བཞིས་བསྡུས་པར་བཞེད་དོ། །གཉིས་པ་རྫོགས་རིམ་ནི་ཐབས་ཀྱི་ལམ་སྟེ། རྒྱུད་ལས། ངོ་མཚར་ངན་འགྲོ་ཐར་བའི་ཐབས། །ཞེས་པས། གཙོ་བོར་ཐབས་ཀྱི་ཁྱད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་རྨད་དུ་བྱུང་བའི་སྒོ་ནས་འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པས་དུག་གསུམ་མ་སྤངས་ཐོག་རྫིས་ཀྱི་སྤྱོད་པའི་བརྟུལ་ཞུགས་གང་ཞིག །ལྟ་བའི་གདེང་དང་ལྡན་པས་སྤྱད་ན་མི་འཆིང་བར་མ་ཟད་གྲོལ་བའི་འབྲས་བུ་མྱུར་དུ་ཐོབ་ལ། དེ་ལྟར་མ་ཡིན་པ་ཞིག་གིས་སྤྱད་ན་གྲོལ་བ་མི་ཐོབ་པ་མ་ཟད་ངན་སོང་དུ་ལྟུང་བའི་ཉེན་ཆེན་པོ་དང་ལྡན་པས་མཀྵི་གའི་སྦྱོར་བ་བཞིན་ཁེ་ཉེན་ཆེ་ཞིང་། དེ་ལྟ་བུའི་ཐབས་ལམ་དེ་ལའང་དབྱེ་ན། རིམ་གསུམ་ལས་གདམས་ངག་སྟེང་དང་འོག་གི་སྒོ། ཞེས་པས་སྟེང་སྒོ་དང་འོག་སྒོ་གཉིས་སུ་ཡོད་པ་ལས། དང་པོ་དེ་ལའང་ཐུན་ཁྱད་གཉིས་ཀྱི། ཐུན་མོང་པ་རང་ལུས་ཀྱི་དབུས་སུ་རྩ་རོ་རྐྱང་དབུ་གསུམ་སྲོག་ཤིང་གི་ཚུལ་དུ་གནས་པ་ལ། དེ་ལས་གྱེས་པའི་རྩ་འཁོར་སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་རེ་བཞི། དེའི་འོག་ཏུ་སྦར་བྱ་མེའི་འཁོར་ལོ་གྲུ་གསུམ་རཾ་གྱིས་མཚན་པ། དེའི་འོག་ཏུ་སྦར་བྱེད་རླུང་གི་གཞུའི་དབྱིབས་ཅན་ཡཾ་གྱི་མཚན་པ་སྟེ་འཁོར་ལོ་དྲུག་ལ་བརྟེན་ནས་སྲོག་རྩོལ་གྱི་རྐྱེན་གྱི་ཨ་ཧཾ་འབར་འཛག་གི་སྦྱོར་བས་སྤྱི་བོ་སོགས་རིམ་བཞིན་འཁོར་ལོ་བཞིར་བདེ་བའི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་རིམ་གྱིས་པ་སྟེ། རྒྱ་མཚོ་ལས། འཁོར་ལོ་གསུམ་གཉིས་སྲོག་ཤིང་གསུམ། །མེ་རླུང་འགྲོ་བས་ནམ་མཁའི་བ། །བཞོ་བས་སྟེང་དུ་རྣམ་པར་གྲགས། །ཞེས་པས་བསྟན་ཁྱད་པར་བ་ནི་སྙིང་པོའི་རྒྱུད་ལེའུ་བཅུ་གསུམ་པ་ལས་གསུངས་པ་ལྟར་སྙིང་གའི་འཁོར་ལོ་དྭངས་མ་ལྔ་འདུས་ལ་བརྟེན་པའི་ཡེ་ཤེས་སྙིང་པོ་ཐིག་ལེ་ཝྃ་གྱི་དབྱིབས་ཅན་ལ་གནད་དུ་བསྣུན་པ་ཀུན་ཏུ་བཟང་པོའི་མན་ངག་ལྟེ་བའི་འཁོར་ལོ་དབྱིངས་ཀྱི་ཡུམ་ལྔའི་ཐིག་ལེ་ཨ་ཐུང་གི་རྣམ་པ་ལ་གནད་དུ་བསྣུན་པ་ཀུན་ཏུ་བཟང་མོའི་མན་ངག །མགྲིན་པའི་འཁོར་ལོ་མཁའ་འགྲོ་མ་རྔམ་མའི་ཐིག་ལེ་ཨཾ་གི་རྣམ་པ་ལ་གནད་དུ་བསྣུན་པ་སྦྱོར་བ་དག་པའི་མན་ངག །སྤྱི་བོའི་འཁོར་ལོ་ཀུན་ཏུ་བཟང་པོ་ཟླ་བའི་ཐིག་ལེ་ཧཾ་གི་རྣམ་པ་ལ་གནད་དུ་བསྣུན་པ་ཁྱབ་བརྡལ་ཆེན་པོའི་མན་ངག་སྟེ། དེ་ཡང་། སྙིང་གའི་འཁོར་ལོ་བསྒོམས་པ་ལས་བྱུང་བའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་ཆོས་སྐུ། ལྟེ་འཁོར་བསྒོམས་པའི་ཡེ་ཤེས་རྟོག་ཚོགས་ཞེ་གཉིས་ལྟར་དག་པ་སྤྲུལ་སྐུ། མགྲིན་པའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་ནི་ལོངས་སྐུ། སྤྱི་བོའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་ནི་བདེ་བ་ཆེན་པོའི་སྐུ་སྟེ། དེའང་དྭངས་མ་རྣམས་འཁོར་ལོ་བཞིའི་ལྟེ་བའི་དྭངས་མ་གཡོ་བྱེད་དང་བྲལ་བའི་འོད་གསལ་ལ་ཚུལ་ཐིམ་པས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོའི་གཅིག་དང་དུ་མ་མེད་པའི་ཆོས་ཉིད་མཆོག་ཏུ་མི་འགྱུར་བའི་འོད་གསལ་འཆར་བར་བྱེད་པ་སྟེང་སྒོ་འཇུ་འདུལ་གྱི་མན་ངག་གོ། །དེ་ལྟར་བཤད་པའི་རྩ་འཁོར་སོགས་ནི་རྣལ་འབྱོར་པ་ལ་ཉེ་བར་མཁོ་བ་ཙམ་ཞིག་བསྟན་པ་སྟེ། གཞན་དུ་རགས་ལུས་ལ་གནས་པའི་རྩ་ཕྲན་གྱེས་པ་བ་སྤུའི་གྲངས་སྙེད་ཡོད་པ་གསུངས་ཤིང་། དེ་རྣམས་ཀྱི་ཆོས་ཉིད་དོན་དམ་ཡེ་ཤེས་ཀྱི་རྩ་ནི་རང་རིག་པའི་རྣམ་པར་ཤར་བའི་ཕྱིར་ཐ་མལ་གྱི་རྩ་ཐམས་ཅད་ལ་ཁྱབ་བྱེད་དུ་བཞུགས་པས་ཡེ་ཤེས་ཀྱི་དབུ་མ་ཆེན་པོ་ཞེས་ཀྱང་གྲགས་ཏེ། ཡེ་ཤེས་ཀྱི་རྩ་དེ་རྣམ་པ་ཐམས་ཅད་པ་ཡིན་པས་ཀུན་རྫོབ་ཀྱི་རྩ་ཡང་དེའི་རྗེས་སུ་འགྲོ་བའི་ཕྱིར། རྣལ་འབྱོར་པའི་སེམས་ཀྱི་རྣམ་པ་གར་གཏད་དེ་དང་འདྲ་བར་ཐ་མལ་པའི་རྩ་རྣམས་ཀྱིས་ཀྱང་བྱ་བ་བྱེད་པས། གཞན་རྒྱུད་སྡེ་ཐ་དད་ལས་གསུངས་པའི་རྩའི་རྣམ་བཞག་མི་འདྲ་བ་རྣམས་ཀྱང་མི་འགལ་བའི་གནད་ཤེས་པར་བྱའོ། །དེ་བཞིན་དུ་རླུང་གི་རྣམ་བཞག་མི་འདྲ་བ་རྣམས་ཀྱང་། ཡེ་ཤེས་ཀྱི་རླུང་རྣམ་པ་ཐམས་ཅད་པ་ཡིན་པས། དེའི་རྗེས་སུ་འགྲོ་བའི་ཕྱིར་གནད་གཅིག་ཏུ་འདུ་ཞིང་ཐིག་ལེ་ཐམས་ཅད་ཀྱི་རྩ་བ་ཆོས་ཉིད་མི་ཤིག་པའི་ཐིག་ལེ་ནི་རྣམ་པ་ཐམས་ཅད་པ་ཡིན་པས། ཐིག་ལེའི་རྣལ་འབྱོར་ཇི་སྙེད་པ་ཀུན་ཀྱང་དངོས་བརྒྱུད་གང་རུང་གི་སྒོ་ནས་ཡང་དག་པའི་ལམ་དུ་འགྲོ་བ་ཡིན་ནོ། །གཉིས་པ་ནི། མཁའ་གསང་གཉིས་ལ་བརྟེན་ནས་དབབ་བཟུང་ལྡོག་ཁྱབ་ཀྱི་སྦྱོར་བས་སྐད་ཅིག་ལ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་བསྐྱེད་པ་ཐབས་ལམ་ཅིག་ཅར་བ་སྟེ། དེའང་སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་ནི། དང་པོ་མཚན་ཉིད་དང་ལྡན་པའི་ཡུམ་བརྩལ་བ་རྩ་བརྟགས་པ་སློང་བ་འདོད་པའི་བསྟན་བཅོས་ཀྱིས་བདེ་བ་རྒྱས་པ་སོགས་ནི་བསྙེན་པའི་ཡན་ལག །ཕན་ཚུན་བརྡའ་བཞིས་བསྐུལ་ཏེ་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་ཕྱག་རྒྱ་བཞིས་གཉིས་མེད་དུ་རོལ་བ་ཉེ་བསྙེན་གྱི་ཡན་ལག །དེ་ལྟར་སྙོམས་པར་ཞུགས་ནས་རྗེས་ཆགས་ཀྱི་རླུང་བསྐྱེད་པས་དམར་ཆ་འབར་བ་དེས་དཀར་ཆ་ཞུ་བ་ཡས་འབབ་ཀྱི་འགྲོས་ཀྱི་ཕྱིན་པ་ལས་འཁོར་ལོ་བཞིར་དགའ་བཞིའི་རིམ་པས་རྡོ་རྗེ་ནོར་བུའི་རྩེར་འཛག་མེད་དུ་བཟུང་བས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་སྒྲུབ་པའི་ཡན་ལག །ཉི་ཟླ་རྡོ་རྗེའི་ལྕེས་བླངས་ཏེ་བཟློག་པའི་སྦྱོར་བས་གྱེན་དུ་དྲངས་ཏེ་འཁོར་ལོ་བཞིའི་གནས་སོ་སོར་མས་བརྟེན་གྱི་དགའ་བཞི་ཉམས་སུ་མྱོང་མཐར་བྱང་སེམས་རྩ་གནས་ཐམས་ཅད་དུ་དགྲམ་པའི་སྦྱོར་བས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་ནི། སྒྲུབ་པ་ཆེན་པོའི་ཡན་ལག་སྟེ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་གོ། །གཉིས་པ་མཚན་མེད་ནི། ཆོས་ཉིད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་སྟེ། ལུས་རི་རྒྱལ་ལྟར་མི་གཡོ། ངག་ལྐུགས་པ་ལྟར་མི་བརྗོད། སེམས་ནམ་མཁའ་ལྟར་མི་རྟོག་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་འཇོག་པས། གང་ཡིད་ལ་མི་བྱེད་པའི་སྟོང་པ་ནི་ཀུན་ཏུ་བཟང་མོ་ཆོས་ཉིད་དོན་གྱི་ཡེ་ཤེས་ཡིན་ལ། རང་གསལ་རིག་པ་གསལ་དྭངས་ཕྱེད་པའི་སྣང་ཆ་ནི་ཀུན་ཏུ་བཟང་པོ་ཆོས་སྐུ་གཞི་ཡེ་ཤེས་ཏེ། དེ་གཉིས་དབྱེར་མེད་པ་རིག་པ་ཕྱི་ནང་བར་མེད་དུ་ཕྱམ་གདལ་བ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀུན་བཟང་ཡབ་ཡུམ་ཟུང་འཇུག་གཉུག་མའི་སེམས་རྫོགས་པ་ཆེན་པོ་ཞེས་བྱའོ། །སྤྱོད་པ་ནི། ཐབས་ལ་མཁས་པའི་གདེང་གིས་ཟིན་པས་འཁོར་བའི་ཆོས་ཅི་ལའང་མ་ཆགས་པར་སྤྱོད་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི། ཏ་ན་དང་ནི་ག་ཎ་དང་། དམ་རྫས་བདུད་རྩི་ལྔ་པོ་ལ། །ཐབས་ཆེན་ལྟ་བའི་སྤྱོད་པ་སྤྱད། །ཅེས་གསུངས། དེ་ལ་དབྱེ་ན། སྤྱིར་ལུས་ངག་ཡིད་གསུམ་ཡོངས་སུ་དག་པར་བྱ་བ་ཡིན་ལ། དེ་ཡང་དུས་ཚོད་དང་འབྲེལ་བར་བསླབ་སྟེ། ལས་དང་པོ་པའི་དུས་སུ་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་པས་དགེ་སྦྱོང་གཞོན་ནུའི་སྤྱོད་པ་ལྟར་བག་དང་ལྡན་པས་གཟབ་པ་ལྷུར་ལེན་པ་སྟེ། རྡོ་རྗེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུ་ནི། །ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་སོ། །དེའང་མཉམ་གཞག་གི་རྟོགས་པ་བག་ལྡན་དུ་བསྲིང་ཞིང་ཐུན་མཚམས་སུ་རྗེས་ཐོབ་ཀྱི་བྱ་བ་ཆོས་སྤྱོད་བཅུ་ལ་སོགས་པ་སྒྲུབ་པའོ། །ཏིང་ངེ་འཛིན་ལ་བརྟན་པ་ཅུང་ཟད་ཐོབ་ནས་མཉམ་རྗེས་བསྲེ་བར་ནུས་པ་ན་རྟོག་པ་རྐྱེན་ཐུབ་ཏུ་བྱེད་པ་སྨྱོན་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། བརྟན་པ་ཆེར་ཐོབ་ནས་རྟོགས་པ་ལ་བྲི་གང་མེད་པ་ན་གཞན་ཕན་ཁོ་ན་ལ་བསླབ་པ་རྒྱལ་པོ་ས་འཛིན་གྱི་སྤྱོད་པ་ལྟ་བུ་སྟེ་སྤྱོད་ཚུལ་གསུམ་མོ། །བྱེ་བྲག་ཏུ་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་སུ་བཤད་ཅིང་། ཕྱི་མ་ལའང་། དང་པོ་ལྟ་བ་གཏན་འབེབས་པའི་དུས་སུ་དང་བརྩོན་གྱི་སྤྱོད་པ། སྟོང་ཆེན་གྱི་དུས་སུ་ཤེས་རབ་དང་མཐུན་པ། སྙིང་རྗེ་སྒྱུ་མའི་སྐབས་སུ་ཐབས་དང་མཐུན་པ་དང་། ཕྱག་རྒྱ་གཅིག་པའི་སྐབས་སུ་ཕྱོགས་ཅིག་པ་དང་། ཕྱག་རྒྱ་སྤྲོས་བཅས་ཀྱི་སྐབས་སུ་སྤྲོས་པ་དང་བཅས་པ་དང་། ཚོགས་སྒྲུབ་ཀྱི་སྐབས་སུ་ཚོགས་ཀྱི་སྤྱོད་པ་དང་། ཟག་མེད་ལ་བསླབ་པའི་རིག་འཛིན་བཞིའི་སྐབས་སུ་རྫུ་འཕྲུལ་གྱི་སྤྱོད་པ་སྟེ་རིམ་གྱིས་པའི་སྤྱོད་པ་བདུན་དང་། བླང་དོར་མེད་པ་རྨད་དུ་བྱུང་བ་ཅིག་ཅར་བའི་སྤྱོད་པ་དང་བརྒྱད་དོ། །འབྲས་བུ་ནི། ཚེ་འདིའམ་བར་དོར་སྐུ་ལྔ་ལྷུན་གྱིས་གྲུབ་པའི་བདག་ཉིད་མངོན་དུ་བྱེད་པ་སྟེ། གསང་འདུས་ལས། འདི་ནི་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོ་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་ནི་སྤང་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་གསུངས། དེ་ཡང་རྒྱུ་རྒྱུད་བདེ་གཤེགས་སྙིང་པོ་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཨེ་ཝཾ་ཟུང་འཇུག་ལྷན་སྐྱེས་བདེ་བ་ཆེན་པོ་གདོད་མ་ནས་རང་ཆས་སུ་བཞུགས་པ་དང་དེ་ལས་ཤར་བའི་སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་ཡེ་ནས་གནས་པའི་སྦྱང་གཞི་དང་། མེད་སྣང་གློ་བུར་གྱི་དྲི་མ་སྤྱི་དང་ཁྱད་པར་འཕོ་སྒྲིབ་ཕྲ་བ་དང་བཅས་པ་ནི་སྦྱང་བྱ། རིམ་གཉིས་ཀྱི་བསྡུས་པའི་ལམ་རྣམས་ནི་སྦྱོང་བྱེད། དེ་ལྟར་ལམ་གྱིས་དྲི་མ་མཐའ་དག་སྦྱངས་པ་ལས་གཞི་ལ་ཇི་ལྟར་ཡོད་པའི་ཡོན་ཏན་རྣམས་མངོན་གྱུར་མཐར་ཐུག་པ་ནི་སྦྱངས་འབྲས་ཏེ། ཁོག་གཞུང་ལས། གྲུབ་པ་མཐར་ཕྱིན་འབྲས་བུར་བཟོད། །ཅེས་གསུངས། དེ་ལ་དབྱེ་ན། དེ་ཉིད་ལས། འབྲས་བུའི་ངོ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྣམ་པ་ལྔ། །དེ་ཡང་སྐབས་ཀྱི་ལྔ་ལྔ་སྟེ། །ཞེས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་རེ་རེ་ལའང་ལྔ་ལྔར་ཕྱེ་བས་འབྲས་ཆོས་ཉི་ཤུ་རྩ་ལྔར་འགྱུར་ཏེ། དེ་ལ་སྐུ་ལྔ་ནི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། མངོན་བྱང་གི་སྐུ། རྡོ་རྗེའི་སྐུ་དང་ལྔའོ། །གསུང་ལྔ་ནི། ཆོས་སྐུ་བརྗོད་མེད་དོན་གྱི་གསུང་། །ལོངས་སྐུ་དགོངས་པ་བརྡའ་ཡི་གསུངས། །སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་། །མངོན་བྱང་རིག་པ་བྱིན་རླབས་ཀྱི་གསུང་། དབྱེར་མེད་རྡོ་རྗེའི་གསུང་དང་ལྔའོ། །ཐུགས་ལྔ་ནི། ཆོས་སྐུའི་ཐུགས་ཆོས་དབྱིངས་ཡེ་ཤེས། ལོངས་སྐུའི་ཐུགས་མཉམ་ཉིད་ཡེ་ཤེས། སྤྲུལ་སྐུའི་ཐུགས་བྱ་གྲུབ་ཡེ་ཤེས། མངོན་བྱང་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས། རྡོ་རྗེའི་ཐུགས་སོ་སོར་རྟོག་པའི་ཡེ་ཤེས་དང་ལྔའོ། །ཡོན་ཏན་ལྔ་ནི། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་དང་བྲལ་བའི་གཞལ་ཡས་ཁང་། གསལ་ཞིང་དག་པའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་དགུར་སྤྱོད་པའི་ལོངས་སྤྱོད་ལྔའོ། །ཕྲིན་ལས་ལྔ་ནི་ཞི་བ། རྒྱས་པ། དབང་། དྲག་པོ། ལྷུན་གྱིས་གྲུབ་པ་སྟེ་ལྔའོ། །དེ་དག་ཀྱང་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་དང་གསུམ་དུ་འདུ་སྟེ། རྟེན་སྐུ་ནི། གསུམ་མམ་ལྔ་སྟེ། དབྱིངས་རྣམ་དག་གི་ཐོག་ཏུ་རིག་པའི་ཡེ་ཤེས་སྒྲིབ་པ་མེད་པར་གྲོལ་བས་ཟུང་འཇུག་སྐུ་གསུམ་ཡེ་རྫོགས་མཚན་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་བདག་ཉིད་དུ་བཞུགས་པ་ཆོས་སྐུ། དེ་ལས་མ་གཡོས་བཞིན་དུ་ས་བཅུ་རྒྱུན་མཐའ་ལ་བཞུགས་པའི་བྱང་སེམས་རྣམས་ལ་མཚན་དཔེའི་རྣམ་པར་སྣང་བའི་གཟུགས་བརྙན་ལོངས་སྐུ། སོ་སྐྱེ་རྣམས་ལ་སོ་སོའི་མོས་པ་དང་མཐུན་པར་མཆོག་གི་སྤྲུལ་སྐུ་དང་། བཟོ་དང་སྐྱེ་བ་སོགས་གང་ལ་གང་མཚམས་པར་སངས་རྒྱས་ཀྱི་གཟུགས་བརྙན་ཅི་རིགས་སུ་སྣང་བ་སྤྲུལ་སྐུ་སྟེ་གསུམ་མམ། ཡང་ན། དེའི་སྟེང་དུ་སྐུ་གསུམ་སྣང་ཆ་མ་འདྲེས་པར་སྣང་བའི་ལྡོག་ཆ་ནས་མངོན་བྱང་དང་སྐུ་གསུམ་ངོ་བོ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་གཉིས་པོ་བརྣན་པས་སྐུ་ལྔའོ། །བརྟེན་པ་ཡེ་ཤེས་ནི། དེའི་ཚེ་ཚོགས་བརྒྱད་གནས་སུ་དག་པའི་ཡེ་ཤེས་ལྔ་སྟེ། ཀུན་གཞི་འབྱེད་པ་མེད་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་ཅིར་ཡང་མི་དམིགས་པས་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་པ་ཆོས་དབྱིངས་ཡེ་ཤེས། ཀུན་གཞིའི་རྣམ་ཤེས་གསལ་ལ་མི་རྟོག་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་མེ་ལོང་ངོས་གཉིས་པ་ལྟར་རང་གཞན་གྱི་ཆོས་རྣམས་གསལ་ལ་སྤུ་རིས་འབྱེད་པར་མི་མཛད་པ་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་ཡིད་ཀྱིས་ཕྱི་ནང་གི་ཆོས་རྣམས་ལ་བླང་དོར་བྱེད་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་འཁོར་འདས་བཟང་ངན་མེད་པར་མཉམ་ཉིད་དུ་གཟིགས་པས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པ་མཉམ་ཉིད་ཡེ་ཤེས། རྣམ་ཤེས་དྲུག་འགག་མ་ཐག་པའི་ཡིད་ཀྱིས་དཔྱད་པ་མེད་པར་རྟོགས་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་ཆོས་ཅན་མ་ལུས་པ་མངོན་སུམ་དུ་མ་འདྲེས་པར་ཡོངས་སུ་ས་ལེར་གཟིགས་པ་སོ་སོར་རྟོག་པའི་ཡེ་ཤེས། སྒོ་ལྔའི་རྣམ་ཤེས་ཀྱི་བྱ་བ་ཐམས་ཅད་སྒྲུབ་པའི་ཆ་ནས་དེ་ཉིད་གནས་སུ་དག་པ་འགྲོ་བའི་དོན་མཛད་པ་ལ་ཐོག་པ་མེད་པའི་ཕྲིན་ལས་འཇུག་པ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་ལྔའོ། །དེ་དག་ཀྱང་ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཕྱི་མ་བཞི་པོ་ཇི་སྙེད་པའི་ཡེ་ཤེས་སུ་འདུ་བས་ན་ཡེ་ཤེས་གཉིས་སོ། །མཛད་པ་ཕྲིན་ལས་ནི། དེ་ལྟར་ཉོན་ཤེས་ཀྱིས་བསྡུས་པའི་མེད་སྣང་གློ་བུར་གྱི་སྒྲིབ་གཉིས་བག་ཆགས་སྣང་གསུམ་གྱི་དྲི་མ་དང་བཅས་པ་མཐའ་དག་སྤངས་ཤིང་། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱའི་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པའི་སྒོ་ནས་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ཞིང་། དེའི་མཐུ་ལས་གདུལ་བྱ་སོ་སོའི་སྐལ་བ་དང་མཚམས་པར་ཞི་སོགས་གང་ལ་གང་གིས་ཇི་ལྟར་འདུལ་བའི་ཕྲིན་ལས་ཀྱི་སྒོ་མཐའ་ཡས་པ་དུས་ལས་ཡོལ་བ་མེད་ལ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་ནི་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་རྒྱ་ཆེ་ཞིང་རྒྱུན་མི་འཆད་པར་འབྱུང་བ་སྟེ་ཞིབ་པར་གཞན་དུ་ཤེས་པར་བྱ་ལ། ཞར་བྱུང་དུ་མདོ་སྔགས་གཉིས་ཀྱི་སངས་རྒྱས་ཁྱད་པར་ཡོད་མེད་དཔྱད་ན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སོགས་ནི་མཐར་ཐུག་རིགས་གཅིག་དང་ཐེག་པ་གཅིག་ཏུ་གྲུབ་པའི་ཕྱིར་དེ་གཉིས་ལ་ཁྱད་པར་མི་བཞེད་ལ། རྒྱལ་བ་གཡུང་སྟོན་པ་ནི་རྒྱུ་འབྲས་ཐེག་པའི་ཁྱད་པར་དང་བློ་གྲོས་རྣམ་འབྱེད་ཀྱི་ཆེད་དུ་དེ་གཉིས་ལ་ཁྱད་པར་འདི་ལྟར་མཛད་དེ་ཆོས་སྐུ་ལ། ངོ་བོའི། མཚན་ཉིད། བྱིན་རླབས་ཀྱི་ཁྱད་པར་དང་གསུམ་ལས། དང་པོ་ནི། མཚན་ཉིད་ཐེག་པའི་ཆོས་སྐུ་སྤྲོས་པ་དང་བྲལ་བའི་སྟོང་ཉིད་ནམ་མཁའ་ལྟ་བུ་ཡིན་ལ། སྔགས་ཀྱི་ཆོས་སྐུ་ནི་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་སྣང་སྟོང་ཟུང་དུ་འཇུག་པའོ། །གཉིས་པ་ནི། མཚན་ཉིད་ཐེག་པའི་ཆོས་སྐུ་སྟོང་པའི་མཐར་ལྷུང་ལ། སྔགས་ཀྱི་ཆོས་སྐུ་ནི་སྣང་སྟོང་གཉིས་སུ་མེད་པས་རྟག་ཆད་ཀྱི་མཐར་མ་ལྷུང་བའོ། །གསུམ་པ་ནི། མཚན་ཉིད་ཀྱི་ཆོས་སྐུ་ལས་བྱིན་རླབས་གཟུགས་སྐུ་གཉིས་ལས་མི་འཆར་ལ། སྔགས་ཀྱི་ཆོས་སྐུ་ནི་དབྱིངས་དང་ཡེ་ཤེས་སྣང་སྟོང་ཟུང་དུ་འཇུག་པའི་བྱིན་རླབས་ལས་སྐུ་ལྔ་ལ་སོགས་པ་ཅི་རིགས་པར་འཆར་རོ། །གཟུགས་སྐུ་གཉིས་ཀྱི་ཁྱད་པར་ཡང་འདི་ལྟར་ཡོད་དེ་རྒྱུ་མཚན་ཉིད་ཀྱི་གཟུགས་སྐུ་གཉིས་རྒྱུ་རྐྱེན་གྱིས་བསྐྱེད་པར་འདོད་ལ། སྔགས་ཀྱི་གཟུགས་སྐུ་ནི་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པའོ། །རྒྱུའི་གཟུགས་སྐུ་སྐྱེ་འཇིགས་ཅན་ཡིན་ལ། སྔགས་ཀྱི་གཟུགས་སྐུ་སྐྱེ་འཇིགས་དང་བྲལ་བའོ། །བྱེ་བྲག་ཏུ་ལོངས་སྐུའི་ཁྱད་པར་ལའང་གཉིས་ཏེ། ལོངས་སུ་སྤྱོད་བྱའི་ཁྱད་པར། མཚན་ཉིད་ཐེག་པའི་ལོངས་སྐུས་དཀར་ཕྱོགས་ལ་ལོངས་སྤྱོད་པ་ལས་ནག་པོའི་ཕྱོགས་ལ་མི་སྤྱོད། སྔགས་ཀྱི་ལོངས་སྐུ་ནི། གཉིས་ཀ་ལ་ལོངས་སྤྱོད། སྦྱོང་བྱེད་ཐབས་ཀྱི་ཁྱད་པར་ཡང་། མཚན་ཉིད་ཐེག་པར་ནག་པོའི་ཕྱོགས་ལ་ལོངས་སྤྱོད་པའི་ཐབས་མེད། སྔགས་ལ་དཀར་ནག་གཉིས་ཀར་ལོངས་སྤྱོད་པའི་ཐབས་ཡོད་པའི་ཕྱིར་རོ། །སྤྲུལ་སྐུ་ལའང་ཁྱད་པར་གཉིས་ལས། གདུལ་བྱ་ཡུལ་གྱི་ཁྱད་པར་ནི། མཚན་ཉིད་ཐེག་པའི་སྤྲུལ་སྐུས་དཀར་ཕྱོགས་ཀྱི་གདུལ་བྱ་འདུལ་བ་ལས་ནག་ཕྱོགས་ཀྱི་གདུལ་བྱ་མི་འདུལ། སྔགས་ཀྱི་སྤྲུལ་སྐུའི་གདུལ་བྱ་ལ་ཕྱོགས་རིས་མེད་པའོ། །འདུལ་བྱེད་ཐབས་ཀྱི་ཁྱད་པར་ཡང་། རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུ་ལ་ནག་ཕྱོགས་འདུལ་བའི་ཐབས་མེད། སྔགས་ཀྱི་སྤྲུལ་སྐུ་ནི། གདུལ་བྱ་དཀར་ནག་གི་ཕྱོགས་གཉིས་ཀ་འདུལ་བའི་ཐབས་དང་ལྡན་པ་རྣམས་སུ་བཞེད། གཞན་ཡང་ཆོས་སྐུ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པ་དང་། ལོངས་སྐུ་ངེས་པ་ལྔ་ལྡན་ཀྱང་ཞི་བ་དང་སྟོན་འཁོར་ཐམས་ཅད་རང་སྣང་བཞིའི་འོད་གསལ་ཆེན་པོར་ལྷུན་གྱིས་གྲུབ་པའི་སྣང་ཆ་ལས་གཞན་སྣང་གི་བསྡུས་པ་མིན་པ་དང་། སྤྲུལ་སྐུ་ཡང་འདུལ་བ་རྣམ་པ་བཞིའི་སྒོ་ནས་ཕྲིན་ལས་རྣམ་པ་བཞི་རབ་འབྱམས་ཅི་ཡང་རུང་བ་ལ་མངའ་དབང་བསྒྱུར་ནས་གདུལ་བྱའི་དོན་མཛད་པ་ལ་དབང་འབྱོར་བ་སོགས་ཁྱར་པར་གཞན་ཡང་ཡོད་པར་ཕྱིས་ཀྱི་མཁས་ཆེན་དག་བཞེད་དོ། །དེར་མ་ཟད་ཀུན་མཁྱེན་དྷརྨ་ཤྲཱིས། དབུ་མའི་ལམ་གྱིས་ཐོབ་པའི་ས་དང་པོས་མཐོང་ལམ་གྱི་གོ་ཆོད་མོད། འོན་ཀྱང་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ཡིན་པས། སྔགས་བླ་མེད་ཀྱི་རྫོགས་རིམ་གྱིས་ཐོབ་པའི་མཐོང་ལམ་དང་ཁྱད་ཆེ་སྟེ། འདི་ལ་ས་དང་པོ་ན་ཁ་སྦྱོར་ཡན་ལག་བདུན་ལྡན་རྗེས་མཐུན་པ་ཞིག་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ། ༈ །གཉིས་པ་གང་ཟག་དབང་པོ་རབ་ཀྱི་འབྲིང་། འདོད་ཆགས་ཤས་ཆེ་བ་དང་སེམས་གནས་པ་ལ་དགའ་བ་ལ་དགོངས་ནས་གསུངས་པ་ལུང་ཨ་ནུ་ཡོ་གའི་ཐེག་པ་ནི། རྒྱུད་ལས། ལུང་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །ཞེས་གསུངས་པས་རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་གཉིས་མཚམས་སྦྱོར་བར་བྱེད་པས་ལམ་ལྟ་བུར་གྱུར་པ་སྟེ། དེ་ལ། ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི། ཤེས་རབ་རྫོགས་པའི་རིམ་པ་ལ་གཙོ་བོར་བརྟེན་པའི་སྒོ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། །ངེས་ཚིག་ནི། ཨ་ནུ་ཡོ་ག་སྟེ་ཤེས་རབ་རྗེས་ཆགས་ཀྱི་ལམ་གཙོ་བོར་སྟོན་པའི་ཕྱིར་རྗེས་སུ་རྣལ་འབྱོར་རོ། །དབྱེ་བ་ལ་དྲུག་ལས། དབང་གི་འཇུག་སྒོ་ནི། ཨ་ནུའི་དཀྱིལ་འཁོར་དུ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག །སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ། གསང་དབང་རྫོགས་པའི་ཆུ་བོ་གཉིས་བཅས་ཕྱི་ནང་སྒྲུབ་གསང་བཞིས་བསྡུས་པའི་དབང་ཆོག་སུམ་ཅུ་རྩ་དྲུག་སྟེ། ཀུན་འདུས་ལས། ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་གསུངས། དེ་ལའང་རྒྱུད་དང་མན་ངག་ལྟར་བསྐུར་ཚུལ་གཉིས་ཏེ། རང་བཞིན་གྱི་སྣོད་དུ་གྱུར་པ་ཟབ་མོའི་དོན་ལ་མོས་པའི་སློབ་མ་ཁྱད་པར་ཅན་ལ་མདོ་རྩ་བའི་དཀྱིལ་འཁོར་དུ་རྒྱུད་ཀྱི་དངོས་བསྟན་ལྟར་ཆུ་བོ་བཞི་རྫོགས་ཀྱི་དབང་སུམ་ཅུ་རྩ་དྲུག་བསྐུར་བ་དང་། སྦྱངས་པས་སྣོད་དུ་གྱུར་པ་རྒྱ་ཆེ་བ་ལ་མོས་པའི་སློབ་མ་ཐུན་མོང་པ་ལ་མདོ་ཡོངས་རྫོགས་ཀྱི་ལུགས་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་ནས་བདེ་བ་གསལ་མཛད་ཀྱི་ལས་ཐོ་ལྟར་ཐེག་པ་ཐམས་ཅད་འདུས་པའི་མདོ་དབང་རྩ་བ་སོ་དྲུག་ལས་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་བ་གཉིས་ལས། ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ་ཡབ་སྲས་སོགས་ཀྱི་ཕྱག་བཞེས་སུ་རྒྱུད་དང་མན་ངག་གི་ལུགས་གཉིས་འདོར་ལེན་གྱི་གནད་ཀྱིས་གཅིག་ཏུ་དྲིལ་ནས་བསྐུར་བ་མཛད་ཅིང་། དེ་ལྟར་མཛད་པས་གནས་སྐབས་སུ་བྱ་སླ་ཞིང་། བརྒྱུད་ནས་ལུགས་གཉིས་གཅིག་གིས་གཅིག་མི་ནུབ་པར་ཆབས་གཅིག་ཏུ་འཕེལ་བའི་དགོས་པ་ཁྱད་པར་ཅན་ཡོད་དོ། །ལུགས་དེ་གཉིས་ཀས་ཡོ་ག་བཞི་རྫོགས་དང་། ཐེག་དགུའི་དབང་རྫོགས་པ་ལ་འདྲ་བ་ཡིན་ཏེ། དབང་དོན་རྣམ་འབྱེད་ལས། བཅུ་ཡིས་བྱང་ཆུབ་རིགས་ཅན་འགྱུར། །བཅུ་གཅིག་གསང་བ་ནང་པ་འགྱུར། །བཅུ་གསུམ་བླ་མ་ཆེན་པོར་གྲགས། །གཉིས་ཀྱིས་ཐེག་དགུའི་དབང་རྫོགས་པའོ། །ཞེས་གསུངས་ལ་དེས་ན་མདོ་ཡོངས་རྫོགས་ཀྱི་ལུགས་དེ་ཡང་ཐེག་བརྒྱད་དགོས་ཀྱི་ཆོ་ག་སོ་སོ་ནས་བཏུས་ཏེ་སྤྱིའི་ཆོ་གར་བྱས་པ་ནི་མ་ཡིན་གྱི། འདིར་མདོ་རང་ལུགས་ཀྱི་ས་དང་པོ་འགྱུར་བ་མ་ངེས་པ་ནས་ས་བཅུ་པ་རྫོགས་པ་ཅི་ཆིབ་ཀྱི་བར་ནོན་པར་བྱ་བའི་ཆེད་དུ་ལྷ་མི་ནས་བརྩམས་ཏེ་ཨ་ནུ་རང་ལུགས་ཀྱི་རྫོགས་རིམ་མཐར་ཐུག་པ་ཨ་ཏིའི་བར་ལ་བྱ་སྤྱོད་སོ་སོར་བགྲང་བས་དབང་རིམ་བཅུ་བྱུང་བ་དེ་ཉིད་བྱ་སྤྱོད་གཅིག་ཏུ་བསྡུས་ནས་ཐེག་དགུ་དང་ཚུལ་འདྲ་བས་ཐེག་དགུའི་དབང་ཞེས་གྲགས་ཤིང་དེ་ལྟ་བུའི་ལམ་སྟེགས་ཀྱི་ཐེག་པ་རྣམས་སོ་སོའི་ལམ་དང་འདྲ་རུང་དུ་བྱུང་ཀྱང་། དོན་ལ་སྔགས་ཀྱི་ཐབས་མཁས་ཀྱིས་ཟིན་པས་ཐེག་པ་རང་རང་གི་སྤངས་ཐོབ་དང་རིགས་འདྲའི་ཡོན་ཏན་དེ་དང་དེ་སྐྱེ་བའི་མྱུར་ལམ་དུའང་འགྲོ་བ་ཡིན་ཞེས་གསུངས་སོ། །བྱ་བའི་འཇུག་སྒོ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཨ་ནུ་དབྱེར་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །ཞེས་སོ། །ཇི་ལྟར་འཇུག་ཅེ་ན། མ་བསྐྱེད་རྫོགས་པའི་ཚུལ་གྱིས་ཏེ། །ཐུགས་ཀྱི་སྒོ་ལྕགས་ལས། སྐྱེ་མེད་དབྱིངས་ཉིད་ཡེ་ཤེས་ཏེ། །ཡེ་ཤེས་རིག་པ་དབྱིངས་ཉིད་ཚུལ། །གཉིས་མེད་རོལ་པ་བདེ་བ་ཆེ། །རིམ་པར་འཇུག་པ་མ་ཡིན་ཏེ། །སྣང་སྲིད་ཕྱག་རྒྱ་ཐམས་ཅད་ལ། །ཆུ་ལ་ཉ་ལྡང་ཇི་བཞིན་དུ། །ཐུགས་ཕྲད་སྣང་སྲིད་ཕྱག་རྒྱ་ཆེ། །ཞེས་སོ། །ལྟ་བ་ནི། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་མཚན་ཉིད་ཅན་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་གདོད་མ་ནས་སངས་རྒྱས་པ་ཉིད་དེ། དེ་ལ་དཀྱིལ་འཁོར་གསུམ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་ཀྱི་རྩལ་སྣང་དུ་འདུ་ཞིང་། སེམས་དེ་ཉིད་སྐྱེ་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབྱིངས་སམ་རང་བཞིན་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ནི། ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཞེས་བྱ་སྟེ། སྤྱི་མདོ་ལས། སེམས་ལས་བྱུང་བ་སྟོང་ཉིད་པས། དེ་ལས་བྱུང་བ་ཐམས་ཅད་སྟོང་། ཞེས་སོ། །སྐྱེ་མེད་དེ་ཉིད་ཐམས་ཅད་དུ་མ་འགག་པར་རང་སྣང་རིས་མེད་ཀུན་ཁྱབ་ཏུ་ཤར་བ་ནི་ཡེ་ཤེས་ཀུན་ཏུ་བཟང་པོའི་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། དེ་ལས། བརྟགས་ན་མ་མཐོང་ཅིར་ཡང་སྣང་བ་ཉིད། །ཅེས་སོ། །དེ་གཉིས་ཀྱང་ངོ་བོ་ཐ་མི་དད་པར་ཟུང་འཇུག་ཏུ་གནས་པ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་སྟེ། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། སྔ་མ་ལས། གསང་སྔགས་ཞེས་བྱ་བ་ནི། སྣང་བ་དང་མི་སྣང་བ་གཉིས་སུ་མེད་པ། གཉིས་ཀྱི་ངོ་བོ་ལས་གྲོལ་བ། དབུ་མར་མི་དམིགས་པ་གང་ཡིན་པ་དེ་ཁོ་ན་ཉིད་དོ། །ཞེས་སོ། །དེའི་ཕྱིར། ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པའི་རང་བཞིན་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་བལྟ་བ་སྟེ། དེ་ལས། ཐམས་ཅད་དེ་ཉིད་རོ་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགགས་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་སྒྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་དང་། གཡུ་ཐང་ལས། སྣང་སྲིད་བཟང་མོའི་མཁའ་ཀློང་ལས། །མ་བསྐྱེད་དཀྱིལ་འཁོར་ཀུན་བཟང་ཤར། །ཤར་བ་ཉིད་ན་ཤར་བ་མེད། །ཡབ་ཡུམ་སྲས་བཅས་བདེ་ཆེན་མོ། །ལྷུན་རྫོགས། ཞེས་སོ། །དེའང་ཀུན་ཏུ་བཟང་པོའི་རོལ་པ་མ་འགགས་པའི་རྩལ་ལྷ་སྐུར་འཆར་བ་འདོད་དེ། ཀུན་འདུས་ལས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསལང་བ་བཀོད་པའི་དཀྱིལ་འཁོར་འདི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིར་འཁོར་དུ། །མ་སྐྱེས་རྫོགས་པའི་ཚུལ་དུ་འདོད། །ཅེས་སོ། །ཚུལ་ཁྲིམས་ནི། དོན་བསྡུས་ལས། གཞི་འཛིན་པ་ནི་དམ་ཚིག་སྟེ། །སྒོ་གསུམ་སྡོམ་པར་གནས་པའི་དོན། །རྩ་བ་ཡན་ལག་ལ་སོགས་པའི། །བསྲུང་དང་སྒྲུབ་པ་དེ་ཉིད་དོ། །ཞེས་པས་སྒོ་གསུམ་གྱིས་རྩ་བ་དང་ཡན་ལག་ལ་སོགས་པའི་དམ་ཚིག་བསྲུང་ཞིང་བསྒྲུབ་པར་བྱ་བ་རྣམས་ཏེ། དེའང་དབྱེ་ན། གལ་མདོ་ངེས་པའི་དམ་ཚིག་བཞི། ཐུན་མོང་གི་ཉི་ཤུ་རྩ་བརྒྱད། ལྷག་པའི་བཞི། བརྟུལ་ཞུགས་ཀྱི་ཉེར་གསུམ། སྒྲུབ་པའི་ཉི་ཤུ། སྤྱོད་ལམ་རྒྱུན་གྱི་བཞི། བདུད་ལྔ་སྤང་བ། དགྲ་གཞི་གཞོམ་པ། ལྟ་བའི་དམ་ཚིག་སྟེ་རྣམ་གྲངས་དགུ་སྤྱི་མདོའི་ལེའུ་རེ་དྲུག་པར་གསུངས་ཏེ། དེ་ལ་དང་པོ་གལ་མདོ་ངེས་པའི་གཞི་ནི། ལུས་༡དང་ངག་༢དང་ཡིད་༣དང་སྤྱོད་༤ཡུལ་ཡོངས་སུ་དག་པ་སྟེ་བདེ་བར་གཤེགས་པའི་ཐུགས་དང་སེམས་ཅན་གྱི་ཡིད་ཀྱིས་མ་ཁྲེལ་བར་བྱའོ། །གཉིས་པ་ཐུན་མོང་ཉེར་བརྒྱད་ནི། རྩ་བ་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གསུམ། ཡན་ལག་སྤྱད་བྱ་ལྔ། དང་བླང་ལྔ། མི་འདོར་བ་ལྔ། ཤེས་བྱ་ལྔ། བསྒྲུབ་བྱ་ལྔ་སྟེ། གོང་བཤད་རྣལ་འབྱོར་ཆེན་པོའི་དམ་ཚིག་ཉེར་བརྒྱད་དང་མཐུན་ནོ། །གསུམ་པ་ལྷག་པའི་བཞི་ནི། དོན་དམ་པར་དམ་ཚིག་གི་ངོ་བོ་ལ་འདའ་ཉམས་དང་བྲལ་བས་བསྲུང་མཚམས་མེད་པ་༡དང་། རྣམ་པ་གཟུང་འཛིན་ལས་འདས་པས་ཕྱལ་༢བ་སྟེ་ཕྱལ་ལེར་ཁྱབ་པ་དང་། དེ་དག་སེམས་ཉིད་གཅིག་༣པའི་དབྱིངས་སུ་འདུས་པ་དང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་ལས་མ་གཡོས་ན་སྡོམ་པ་དམ་ཚིག་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པ་སྟེ་གནས་ལུགས་རྟོགས་པ་རབ་ཀྱི་དམ་ཚིག་གོ། །བཞི་པ་བརྟུལ་ཞུགས་ཉེར་གསུམ་ནི། ཝ་དང་ཅང་ཤེས་གྱི་ལིང་སོགས་ཀྱི་དཔེས་བསྟན་པའི་དོན་གནུབས་ཆེན་སོགས་ཀྱིས་བཀྲལ་བ་ལྟར་ན། ཝ་གལ་ལ་ཟིན་ན་སྲོག་ལ་མི་ལྟ་བར་ལག་པ་བཅད་ནས་འགྲོ་བ་ལྟར། རྣལ་འབྱོར་པས་སྲོག་ལ་བབས་ཀྱང་དམ་ཚིག་བསྲུང་བ་སྟེ། མི་མཐུན་ཕྱོགས་བརྟུལ་ཞིང་དམ་ཚིག་གི་སྟོབས་ལ་ཞུགས་པའི་ཐབས་སོ། །ཅང་༢ཤེས་རྟས་ཐམས་ཅད་ཤེས་ཤིང་མྱུར་མགྱོགས་ཀྱིས་ས་ཐམས་ཅད་ཡུད་ཙམ་གྱིས་བསྐོར་བ་ལྟར། ཤེས་རབ་ཀྱིས་ཤེས་བྱ་སྤྱི་དང་རང་གི་མཚན་ཉིད་ཐམས་ཅད་ལ་ཐོགས་པ་མེད་པའི་བརྟུལ་ཞུགས་སོ། །གྱི་ལིང་རྩལ་༣ཆེ་བས་ཅིར་ཡང་འགྱུར་བ་ལྟར་ལུས་གུས་པས་གར་དང་ཕྱག་རྒྱ་འཁྲུལ་འཁོར་ལ་བརྩོན་པ་ལེ་ལོ་གཞོམ་པའི་བརྟུལ་ཞུགས་སོ། །གླང་༤ཆེན་ཆང་གི་མྱོས་པས་དགྲ་ཟིན་མི་འབྱེད་པར་གང་སྣང་གཞོམ་པ་ལྟར། འཁོར་འདས་དབྱེར་མེད་དུ་ཤེས་པས་ལྟ་སྤྱོད་ཀྱི་དགྲ་བཞི་བཅོམ་པའི་སྤྱོད་པའོ། །སྟག་༥དཔའ་བརྟུལ་ཟ་བྱེད་ཀྱི་སེམས་གཏུམ་རྔམ་འཁྲུགས་པ་ལྟར། གནས་ལུགས་རྟོགས་པའི་ཏིང་ངེ་འཛིན་དཔའ་བོའི་བརྟུལ་ཞུགས་སྟོབས་དང་ལྡན་ཅིང་། སྤྱོད་པའི་བརྟུལ་ཞུགས་ཀྱིས་ཞིང་བཅུ་སྒྲོལ་བ་ཟ་བྱེད་གཏུམ་རྔམ་འཁྲུགས་པའི་ཚུལ་གདུལ་བྱ་དང་མཐུན་པ་སྟེ་རུ་ཏྲ་བསྒྲལ་ནས་གནས་སྤར་བ་ལྟ་བུའི་སྤྱོད་པའོ། །ཁྱུང་ཆེན་༦ནམ་མཁར་ལྡིང་བས་གནམ་འཕང་རྩོལ་མེད་དུ་གཅོད་ཅིང་མ་བལྟས་པར་ཐམས་ཅད་གསལ་བ་ལྟར། ལྟ་བས་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་རྟོགས་པས་རྩོལ་བ་མེད་པའི་སྤྱོད་པའོ། །དོམ་གྱིས་གང་༧ལ་དམིགས་པ་ཐེ་ཚོམ་མེད་པར་འཇིག་ཅིང་འབྲལ་བར་བྱེད་པ་ལྟར། རྣལ་འབྱོར་ལྟ་སྤྱོད་ཀྱི་གདིངས་དང་ལྡན་པས་ཐེ་ཚོམ་མེད་པར་མངོན་སྤྱོད་ཀྱི་ལས་ལ་སྦྱོར་བའི་བརྟུལ་ཞུགས་སོ། །རྒྱ་མཚོའི་༨གཏིང་གི་གསེར་འགྱུར་བ་མང་པ་ལྟར། ཟབ་དོན་གསང་ཐུབ་ཅིང་ཉམས་སུ་ལེན་པ་ལ་བློ་མི་ལྡོག་པར་བརྟན་པའི་བརྟུལ་ཞུགས་སོ། །ལྐུག་པ་གཏི་མུག་ཅན་གྱིས་བླང་དོར་མི་འབྱེད་པ་ལྟར། འཁོར་འདས་སོགས་རིས་སུ་མི་འབྱེད་པའི་མཉམ་བཞག་གིས་བདག་མེད་རྟོགས་པའི་ཤེས་རབ་མཐར་ཕྱིན་པའི་བརྟུལ་ཞུགས་སོ། །རི་རབ་༡༠མི་གཡོ་བ་ལྟར། བླ་མ་དང་གྲོགས་ལ་དད་གུས་མི་འགྱུར་བ་དང་ཏིང་ངེ་འཛིན་བྱིང་རྒོད་ཀྱིས་མི་གཡོ་བའི་གཉེན་པོ་བརྟེན་པའི་ཐབས་ཀྱི་བརྟུལ་ཞུགས་སོ། །ནམ་མཁའ་༡༡ཡངས་ལ་རྒྱ་ཆེ་བས་སྤང་ལེན་མེད་པར་ཅིའང་ཤང་བ་ལྟར། རྣལ་འབྱོར་པ་མཆེད་ཀྱི་ནང་དུ་ཤོང་ཡངས་ཆེ་བ་དང་བདག་ཉིད་ཆེན་པོའི་ལྟ་སྤྱོད་འདིའི་ནང་དུ་འཁོར་འདས་དང་ཐེག་པ་གང་ཡང་མ་ཤོང་བ་མེད་པར་སྤྱོད་པའི་བརྟུལ་ཞུགས་སོ། ། ཐོག་༡༢གང་ལ་བབ་ཀྱང་འཇོམས་པ་ལྟར། རྣལ་འབྱོར་པ་དྲག་པོའི་ཏིང་ངེ་འཛིན་གྱིས་དགྲ་བགེགས་གང་ཡང་ཐོགས་མེད་དུ་འཇོམས་པའི་བརྟུལ་ཞུགས་སོ། །ལག་ན་རྡོ་རྗེས་ལོག་ལྟ་ཅན་ཐམས་ཅད་འཇོམས་པ་ལྟར། རྣལ་འབྱོར་པས་ཁྲོ་བོ་བསྒོམས་ནས་བར་དུ་གཅོད་པ་ཐེ་ཚོམ་མེད་པར་འཇོམས་པའི་བརྟུལ་ཞུགས་སོ། །བྱ་རོག་གི་དགྲ་དང་གཟན་གཉིས་དུས་གཅིག་ཏུ་མིག་གིས་བསྲུང་བ་ལྟར། ཕྱི་ནང་གི་དམ་ཚིག་འདི་དག་རྒྱུན་དུ་སྤང་ལེན་དུས་གཅིག་ཏུ་བརྩོན་པའི་ཐབས་ཀྱི་བརྟུལ་ཞུགས་སོ། །གླང་༡༥ཆེན་ཆུ་རབ་བདེ་བ་དང་མི་བདེ་བ་ལ་ལྟོས་པ་མེད་པར་འཇུག་པ་ལྟར། བདག་ཉིད་ཆེན་པོའི་ལྟ་སྤྱོད་གདིང་དང་ལྡན་པས་སྤང་བླང་གཉིས་མེད་དུ་སྤྱོད་པའམ། གདུལ་བྱ་མི་འདམ་པར་ཕྲིན་ལས་བཞིའི་ལས་མཛད་པའི་བརྟུལ་ཞུགས་སོ། །སེང་གེ་གྲོགས་༡༦མེད་གཅིག་པུར་སྡོད་པ་ལྟར། ལྟ་སྤྱོད་མི་མཐུན་པའི་གྲོགས་སྤངས་ནས་གཅིག་པུར་དགོན་པར་གནས་པས་ལྟ་སྒོམ་སྐྱོད་པའི་བརྟུལ་ཞུགས་སོ། །ངང་པ་༡༧ཕོ་མོ་མི་འབྲལ་བར་འགྲོགས་པ་ལྟར། སེམས་ཅན་ལ་སྙིང་བརྩེ་བས་ཐར་པའི་བདེ་བ་ལ་འགོད་པའི་ཐབས་དང་མི་འབྲལ་བར་འགྲོགས་པའི་བརྟུལ་ཞུགས་སོ། །སྒྱུ་༡༨མ་མཁན་གྱིས་བྱས་པའི་གཟུགས་བརྙན་ལྟར། ཕུང་ཁམས་སྐྱེ་མཆེད་རྒྱལ་བའི་དཀྱིལ་འཁོར་སྒྱུ་མ་ལྟ་བུར་ཡིན་པར་ཤེས་ནས་དེ་ལྟར་སྒོམ་ཞིང་བསྟན་པ་ནི་ཐབས་མཁས་ཀྱིས་འདྲིད་པའི་བརྟུལ་ཞུགས་སོ། །ཕག་༡༩གིས་གཙང་དམེ་མེད་པར་ཐམས་ཅད་བཟའ་བ་ལྟར། དམ་རྫས་ལྔ་བླང་དོར་མེད་པར་མཉམ་པ་ཉིད་དུ་སྤྱོད་པའི་བརྟུལ་ཞུགས་སོ། །ཅེ་སྤྱང་༢༠ཐོགས་པ་མེད་པར་གསོད་ལ་དགའ་བ་ལྟར། ལྟ་སྤྱོད་གོམས་པའི་ཐུགས་རྗེས་ལོག་ལྟ་ཅན་རྟོགས་པས་བསྒྲལ་ཞིང་རྣམ་ཤེས་ཟག་མེད་ལ་བཀོད་པས་ཚོགས་གཉིས་རྫོགས་པའི་ཐབས་ཀྱི་བརྟུལ་ཞུགས་སོ། །གློག་༢༡གིས་ཐམས་ཅད་དུས་གཅིག་མྱུར་དུ་གསལ་བ་ལྟར། ལམ་ཉམས་སུ་བླང་བས་རང་དོན་མྱུར་དུ་འགྲུབ་པར་བརྩོན་པའི་བརྟུལ་ཞུགས་སོ། །བྱ་༢༢རྒོད་ཚུལ་ཁྲིམས་སྲོག་གཅོད་ལ་འཛེམ་པ་ལྟར། བརླངས་སྤྱོད་ཀྱི་བརྟུལ་ཞུགས་ཐེག་པ་གཞན་ལ་མི་འཚོམས་པ་ལྟར་སྣང་ཡང་འདིར་བདག་ཉིད་ཆེན་པོའི་ཚུལ་དུ་སྤྱོད་ན་དམ་ཚིག་སྦྱོང་ཞིང་ཉེས་པ་དག་པའི་བརྟུལ་ཞུགས་སོ། །རྒྱལ་༢༣པོ་བག་དང་ལྡན་པས་རྒྱལ་ས་གནོན་ཅིང་རང་ལས་འཁོར་གཅེས་པར་སྐྱོང་བ་ལྟར། དབྱིངས་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོར་རྟོགས་གོམས་ཀྱི་ཐབས་ལ་འབད་པའི་རྣལ་འབྱོར་པས་བརྟུལ་ཞུགས་ཀྱི་རྒྱལ་ས་གནོན་ཅིང་ཆོས་ཐམས་ཅད་རང་ལས་མི་གཞན་པར་རྟོགས་པས་འགྲོ་བ་སྐྱོང་ཞིང་ཉེས་པ་རང་སར་དག་པའི་བརྟུལ་ཞུགས་སོ། །དེ་རྣམས་ཀྱང་བདག་དོན་དང་གཞན་དོན་དང་གཉིས་ཀའི་དོན་བློ་རབ་ཅིག་ཆར་བས་ཉམས་སུ་ལེན་བྱར་གསུངས་སོ། །ལྔ་པ་སྒྲུབ་པའི་ཉི་ཤུ་ནི། མི་ཤིག་པ་ནི་སེང་གེ་སྟེ། གཅན་གཟན་རྒྱལ་པོའི་ཁྲི་མི་གཞིག །ཅེས་སོགས་ཀྱིས་བསྟན་པའི་དོན། བདེ་འདུས་ཞི་རྒྱུད་ལས། གཅན་གཟན་རྒྱལ་པོའི་ཁྲི་མི་གཞིག །ཅེས་སོགས་བརྡ་ཡིས་བསྟན་པ་དང་གནད་གཅིག་སྟེ། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་༡བསྡོ། བླ་མའི་ཡུམ་༢ལ་མི་སྤྱད། དད་ཅན་༣གྱི་ཚོགས་མི་བཅག །དཀོན་མཆོག་༤དང་བླ་མའི་དཀོར་ལ་མི་འབག་ཅིང་ཆང་མྱོས་པར་མི་འཐུང་། མཆེད་ཀྱི་ཡུམ་༥ལ་མི་སྤྱད། མཚན་དང་༦མི་ལྡན་པའི་གཟུང་མ་མི་བརྟེན། མཚན་ཉིད་དང་མི་ལྡན་༧པའི་དམ་རྫས་མི་བརྟེན། མཁས་པའི་ཡོན་ཏན་༨ལ་མི་སྨོད། སྣོད་མིན་ལ་༩གསང་ཆོས་མི་སྟོན། མཚན་ལྡན་གྱི་གཟུངས་༡༠མ་དང་སྣོད་ལྡན་གྱི་སློབ་མ་མི་སྤང་། དོན་བདེ་སྟོང་དང་རྟགས་༡༡ཡབ་ཡུམ་མི་འབྲལ། མཆེད་ལྕམ་ལ་ཀྱལ་༡༢ཁ་ཙམ་དུའང་ནང་འཐབ་མི་བྱེད། གཞན་གྱིས་༡༣སྤྱད་པའི་ལྷག་མི་སྤྱོད། བླ་མའི་གདན་༡༤ས་མི་རློམ། རང་གཞན་གྱིས་སྒྲུབ་༡༥པའི་མཚམས་མི་འབྲལ། ཏིང་ངེ་འཛིན་བྱིང་རྒོད་ཀྱི་དབང་༡༦དུ་མི་གཏོང་། བཟླས་པ་༡༧དང་ཆོ་ག་མི་ཚིག་གིས་བར་མི་གཅོད། དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་༡༨ཞིང་བརྡའ་མི་བརྗེད་པར་བྱ་བ། རྣལ་འབྱོར་པའི་དཀྱིལ་འཁོར་མི་དཀྲུག་༡༩ཅིང་སྐྱེ་བོའི་མཐུ་བཟློག་མི་བྱེད་པ། སློབ་དཔོན་གཙུག་ཏུ་འཁུར་བ་༢༠ལས་ཉམས་པར་མི་བྱ་བ་རྣམས་སོ། །དྲུག་པ་སྤྱོད་ལམ་རྒྱུན་གྱི་བཞི་ནི། རྡོ་རྗེ་གོར་ཕུར་ཊྭཾ་ཆེན་སོགས་ཀྱིས་བསྟན་པའི་དོན། བསམ་གཏན་གྱི་སྲོག་གཅོད་པ་གཉིས་སྤང་༡བ་དང་། མྱོས་འགྱུར་གྱི་ཆང་སྤང་༢བ། གསང་སྔགས་བརྡའ་༣སྐད་ཀྱིས་སྒྲུབ། ལེ་ལོའི་བདུད་༤གཞོམ་པའོ། །བདུན་པ་བདུད་ལྔ་སྤང་བ་ནི། རྣལ་འབྱོར་སྤྱོད་པ་ལ་རྒྱུན་གྱི་བར་དུ་གཅོད་པའི་བདུད་རྣམ་པར་རྟོག་༡པ། ལེ་༢ལོ། འདུ་༣འཛི། ཚིག་རྩུབ། ཁྲོ་གཏུམ་རྣམས་༥སྤང་བའོ། །བརྒྱད་པ་དགྲ་བཞི་གཞོམ་པ་ནི། ལྟ་སྒོམ་སྤྱོད་གསུམ་བཅོས་མ་རང་གར་༡ཤོར་བའི་དགྲ། ལྟ་བ་དམན་ལ་༢སྤྱོད་པ་རྩིང་བ་འཆལ་བའི་དགྲ། རྩ་བ་ཡན་ལག་གི་དམ་ཚིག་ཉམས་པ་ལྟུང་བའི་དགྲ། ཚོད་ཡོད་ལེ་ལོས་༤འབྲས་བུ་འཕྲོག་པའི་དགྲ་སྟེ་བཞི་པོ་དེ་གཞོམ་པའོ། །དགུ་པ་ལྟ་བའི་དམ་ཚིག་ནི། སྣོད་རྣམ་པར་དག་པ་འོག་མིན་གྱི་ཞིང་། འདོད་ཡོན་རྣམ་པར་དག་པ་མཆོད་པའི་ཡོ་བྱད། འཁོར་བ་རྣམ་པར་དག་པ་ལྷའི་དཀྱིལ་འཁོར། ཉོན་མོངས་རྣམ་པར་དག་པ་ཡེ་ཤེས་ཆེན་པོར་རྟོགས་པའོ། །དེ་དག་ཀྱང་བསྡུ་ན་བསྲུང་མཚམས་མེད་པར་ཆོས་ཉིད་ཅིག་ཆར་བའི་དམ་ཚིག་དང་། བསྲུང་མཚམས་ཡོད་པ་སྙིང་རྗེའི་དམ་ཚིག་རིམ་གྱིས་པའི་སྡོམ་པ་གཉིས་སུ་འདུ་སྟེ། སྤྱི་མདོ་ལས། བསྲུང་བྱ་བསྲུང་དུ་མེད་པ་ནི། །ཆོས་ཉིད་དམ་ཚིག་དམ་པ་ཡིན། །ཞེས་དང་། དམ་ཚིག་འདི་ནི་རྨད་པོ་ཆེ། །ཀུན་གྱི་ཐུན་མོང་མ་ཡིན་ཕྱིར། །མོས་པ་ཆུང་ངུ་ཐམས་ཅད་ལ། །བསྲུང་བའི་མཚམས་དག་བཟུང་བར་བྱས། །ཞེས་སོ། །སྒོམ་པ་ནི། སྤྱིར་རྟོགས་བྱ་གཞི་དང་རྟོགས་བྱེད་ཀྱི་ལམ་གཉིས་ཀ་རྣལ་འབྱོར་གསུམ་དུ་བསྡུ་ནས་བཤད་དེ། སྤྱི་མདོ་དགོངས་འདུས་ལས། གྲོགས་པོ་དག །དེ་བས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པ་གང་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ནི། རྣལ་འབྱོར་གསུམ་གྱིས་ཡོངས་སུ་འབྲེལ་བ་སྟེ། གསུམ་གང་ཞེ་ན། བྱ་བའི་རྣལ་འབྱོར་དང་། བྱ་བ་བྱེད་པའི་རྣལ་འབྱོར་དང་། བྱ་བ་མེད་པའི་རྣལ་འབྱོར་རོ། །ཞེས་པ་དང་། ཡང་རྒྱུ་ཡི་རྣལ་འབྱོར་དང་། རྐྱེན་གྱི་རྣལ་འབྱོར་དང་འབྲས་བུའི་རྣལ་འབྱོར་གསུམ་དུ་རྩ་རྒྱུད་ཐུན་འདུས་རིག་པར་གསུངས་ཤིང་། རྩ་བཤད་ཀྱི་རྒྱུད་དེ་གཉིས་ཀྱི་དགོངས་དོན་གཅིག་ཏུ་བསྡུས་ནས་བསྟན་པ་ནི། དོན་བསྡུས་ལས། ཀུན་བཟང་ཐུགས་རྗེས་འགྲོ་དོན་དུ། །ཐེག་པ་གསུམ་སྣང་འདུལ་མཛད་པའི། །དོན་དམ་ངེས་པའི་ཐེག་པ་ལས། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བ་རྒྱུ་དང་བྱེད་པ་རྐྱེན། །བྱ་བྲལ་འབྲས་བུའི་རྣལ་འབྱོར་དག །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཅེས་གསུངས་པས། བྱ་བ་རྒྱུའི་རྣལ་འབྱོར། བྱེད་པ་རྐྱེན་གྱི་རྣལ་འབྱོར། བྱ་བ་འབྲས་བུའི་རྣལ་འབྱོར་ཏེ་གསུམ་ལས། དང་པོ་ནི། ཆོས་ཐམས་ཅད་ཀྱི་གཤིས་ལུགས་དཀྱིལ་འཁོར་རྣམ་པ་གསུམ་གྱི་རང་བཞིན་དུ་མ་འདྲེས་ཡོངས་སུ་རྫོགས་པར་གནས་པ་ཉིད་ཡིན་ཏེ། དེ་ཉིད་ལས། ཕྱི་ནང་བྱེ་བྲག་ཇི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་ངང་དུ་ཡེ་གནས་པས། །ཤེས་པར་བྱ་བ་རྒྱུད་དོན་ཡིན། །ཞེས་སོ། །གཉིས་པ་ནི། ལམ་གྱི་རྩོལ་བ་དང་བཅས་པའི་བྱེད་པས་སྲིད་པ་ལས་བརྒལ་ཏེ། ཞི་བ་གནས་སྐབས་ཀྱི་འབྲས་བུ་ལ་འཇུག་པར་བྱེད་པས་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་སྟེ། སྔ་མ་ལས། རྩོལ་བཅས་སྤྱོད་པས་འདྲེན་འཇུག་པའི། །ཐེག་པ་དེ་ནི་བྱ་བྱེད་རྐྱེན། །ཞེས་སོ། །གསུམ་པ་ནི། སེམས་ཀྱི་ཆོས་ཉིད་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པས་འབྲས་བུ་གཞན་ནས་བརྩལ་བའི་རྩོལ་སྒྲུབ་ཀྱི་རེ་དོགས་དང་བྲལ་བ་སྔགས་ཕྱི་ནང་གི་ཐེག་པ་སྟེ། དེ་ཉིད་ལས། གཞན་དུ་འབྲས་བུ་རེ་རྩོལ་མེད། །བསྒྲུབ་བྱ་ཉིད་ལ་ལམ་གནས་པས། །ཐབས་ཆེན་ཐེག་འདི་བྱ་བྲལ་ལོ། །ཞེས་སོ། །དེ་ལྟར་རྐྱེན་འབྲས་ཀྱི་རྣལ་འབྱོར་ཕྱི་མ་གཉིས་པོ་དེ་ལ་ཐུན་མོང་སྤྱི་ཡི་ལམ་ཞེས་བྱ་ཞིང་། དེ་ལས་རྣལ་འབྱོར་ཆེན་པོ་མ་ཧཱ་ཡོ་ག་ཕྱིན་གྱི་སྒོམ་རིམ་ཐུན་མོང་པ་ནི་སྔར་སྨོས་པ་བཞིན་ལ། ཐུན་མིན་མདོ་རང་ལུགས་ཀྱི་མན་ངག་དང་སྒོམ་སྐོར་ནི་མདོ་དབང་ཆེན་མོ་སོགས་ལས་ཤེས་པར་བྱ་དགོས་ལ། འདིར་ཨ་ནུའི་རང་ལམ་ཁྱད་པར་བའི་དབང་དུ་བྱས་ཏེ། སྔ་མ་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས་ཐབས་ཀྱིས་ངེས་པའི་ལམ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ལམ་གཉིས་སུ་མེད་པ་ལས། དང་པོ་ཐབས་ལམ་ནི། སྦྱང་གཞི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་ལུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོའི་རང་མདངས། ཤིན་ཏུ་ཕྲ་བའི་སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་གཞི་རང་བྱུང་རྡོ་རྗེའི་ལུས་ལ་གནས་པའི་རྩ་རླུང་བྱང་སེམས་ཀྱི་དཀྱིལ་འཁོར་ཆེན་པོར། སྦྱང་བྱ་སྣང་གསུམ་འཕོ་བའི་བག་ཆགས་རྐྱེན་གྱུར་གཟུང་འཛིན་ཀུན་རྟོག་གི་གཡོ་བ་ཐ་མལ་སྣང་ཞེན་གྱི་སྒྲིབ་པར་རགས་ཕྲ་རྣམས། སྦྱོང་བྱེད་ཕྱི་སྤྲོས་རྩོལ་གྱི་ལམ་ལ་མི་ལྟོས་པར་ནང་རང་ལུས་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་གང་ཞིག །ཞུ་བདེའི་ལམ་ལ་བརྟེན་ནས་རགས་པའི་འགྱུར་བ་ཐམས་ཅད་ཐོག་མར་གང་ལས་བྱུང་བ་འགྱུར་མེད་ཡེ་ཤེས་ཀྱི་དབུ་མའི་དབྱིངས་སུ་བསྟིམ་པ་ལས། དཔེ་དང་དོན་གྱི་ཡེ་ཤེས་བཙན་ཐབས་སུ་འདྲེན་པར་བྱེད་པའི་བདེ་བ་ཆེན་པོའི་མན་ངག་སྟེ། དེ་ཡང་སྟེང་སྒོ་འཁོར་ལོ་བཞིའམ་མེ་རླུང་གཉིས་བསྣན་པའི་འཁོར་ལོ་དྲུག་བསྒོམ་པའི་རྣལ་འབྱོར་གྱིས་ལྷན་སྐྱེས་ཡེ་ཤེས་རིམ་གྱིས་འདྲེན་པར་བྱེད་པ་དང་། འོག་སྒོ་ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་ལ་བརྟེན་ནས་མཁའ་གསང་སྙོམས་འཇུག་གི་ཐབས་ལ་བརྟེན་ནས་འབར་འཛག་གི་སྦྱོར་བས་ཐིག་ལེ་འཛག་མེད་དུ་བཅིང་ནས་ཡས་བབ་དང་མས་བརྟན་གྱི་དགའ་བས་དྲངས་པའི་འཕོ་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཅིག་ཅར་དུ་འདྲེན་པའི་ཐབས་གཉིས་ཏེ། དེ་ལས་རོལ་པའི་ཀ་ར་ལ་སོགས་པ། མན་ངག་ཐབས་ཀྱིས་དེར་འཇུག་དང་། ཞེས་སོ། །གཉིས་པ་གྲོལ་ལམ་ནི། དེ་ཉིད་ལས། ཐོས་བསམ་སྒོམ་པའི་ཚུལ་འགྲོ་བའི། །དེར་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་ཡི་གེ་ཡིད། །ཅེས་པས། དང་པོ་རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བ་གཏན་ལ་ཕབ་པ་ནི། ལམ་གྱི་སྔོན་དུ་འགྲོས་དགོས་ཏེ། དེའང་ཆོས་ཅན་ཤེས་བྱའི་དོན་ལ་ཤེས་བྱེད་རིག་པའི་གཏན་ཚིགས་རྣམས་ཀྱིས་སོ་སོར་བརྟགས་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་ཇི་བཞིན་པ་དཀྱིལ་འཁོར་གསུམ་གྱི་རང་བཞིན་དབྱེར་མེད་སྨ་བསམ་བརྗོད་བྲལ་དུ་གཏན་ལ་ཕེབས་པ་ནི། འདི་ཉིད་ཀྱི་གྲུབ་མཐའ་སྟེ་གོང་དུ་སྨོས་ཟིན་ལ། འདིར་དོན་བཀོད་པ་དང་། རྟགས་ཀྱི་རོལ་པ་གཉིས་ལས། དང་པོ་ནི། སྤྲོས་མེད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་སྟེ། བསྒོམ་བྱ་ཆོས་ཉིད་ཇི་བཞིན་པའི་ངང་ལ་སྒོམ་བྱེད་ཀྱི་བློ་ཡང་དེ་བཞིན་དུ་མ་བཅོས་པར་འཇོག་པ་སྟེ། སྤྱི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ན། །བརྗོད་པ་མེད་པའི་ངང་ཉིད་ལས། །མ་ཡེངས་རྒྱུན་དུ་དྲན་པའོ། །ཞེས་གསུངས་ཏེ། །འདི་ལ་དོན་གྱི་རྗེས་སུ་འཇུག་པ་ཞེས་བྱའོ། །གཉིས་པ་ནི། སྤྲོས་བཅས་ལྷ་ཡི་ཏིང་ངེ་འཛིན་བསྒོམ་པ་སྟེ། ས་བོན་ནམ་རྟེན་དང་བརྟེན་པ་སོ་སོའི་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཆུ་ལ་ཉ་ལྡང་བ་ལྟར། སྣོད་བཅུད་ཐམས་ཅད་ལྷའི་གཞལ་ཡས་ཁང་དང་དཀྱིལ་འཁོར་གྱི་འཁོར་ལོར་གསལ་ལ་མ་འདྲེས་པ་ཅིག་ཅར་དུ་བསྒོམ་པ་གཙོ་བོར་བྱེད་པའི་ཉམས་ལེན་ཏེ། བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་ནས། །མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། །ཞེས་གསུངས་ཏེ། འདི་ལ་ཡི་གེའི་རྗེས་སུ་འཇུག་པ་ཞེས་བྱའོ། །དེ་དག་གི་ངེས་རྫོགས་བསྒོམ་པའི་དབང་དུ་བྱས་ན་ཟག་བཅས་དང་། ཟག་མེད་གཉིས་ལས། དང་པོ་ནི། འདུན་པ་སེམས་པའི་རྣལ་འབྱོར་དང་། རིགས་ཆེན་འབྱེད་པའི་རྣལ་འབྱོར་གཉིས་ཏེ། དེ་ཡང་བློ་སྟོབས་ཆེ་བ་རྣམས་རྟོག་གོམས་ཆིག་ཆོད་དུ་བྱེད་པས་མཐར་ཕྱིན་པས་ན། ས་ལམ་རིམ་བགྲོད་ཀྱི་རྩོལ་བ་དང་བྲལ་ཡང་བློ་འབྲིང་ཐ་གཉིས་ཀྱིས་ནི། ས་བཅུ་པའི་སློབ་ལམ་བཞི་རིམ་གྱིས་སམ་ཐོད་རྒལ་གང་རུང་གིས་བགྲོད་ནས་མི་སློབ་པའི་ལམ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་དགོས་པ་ཡིན་པས། ཆོས་ཉིད་སྙིང་པོ་ཇི་བཞིན་པའི་རྗེས་སུ་འཇུག་པའི་རང་སའི་ལམ་ན་འཕར་བའི་རིམ་པ་ལྟར་བསྒོམ་པས། དང་པོ་འགྱུར་བ་མ་ངེས་པའི་ས་དང་། གཉིས་པ་བརྟེན་པ་གཞིའི་ས་གཉིས་ནི་ཚོགས་ལམ་འདུན་པ་སེམས་དཔའི་རྣལ་འབྱོར་གྱིས་བསྡུས་ཏེ། འདིས་རྐྱེན་འགྱུར་ལས་ཀྱི་བག་ཆགས་རགས་ཕྲ་གཉིས་དག་ནས་མོས་སྤྱོད་ཀྱི་ལྷ་སྐུ་གྲུབ། ཐུན་མོང་གི་དངོས་གྲུབ་སྤྱན་དང་མངོན་ཤེས་སོགས་གྲུབ་པས་སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་བ་སོགས་ཚོགས་ལམ་གྱི་ཡོན་ཏན་རྣམས་འཆར་རོ། །གསུམ་པ་གལ་ཆེན་སྦྱོང་བ་དང་། བཞི་པ་བསླབ་པ་རྒྱུན་གྱི་ས་ལྔ་པ་བསོད་ནམས་རྟེན་གྱི་ས་གསུམ་ནི་སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་ཏེ། འདིར་མངོན་དུ་རྒྱུའི་བག་ཆགས་རགས་འབྲིང་ཕྲ་བ་གསུམ་དག་ནས་རླུང་སེམས་ཙམ་གྱི་ལྷ་སྐུ་འགྲུབ་ཅིང་ཉིན་སྣང་དང་མཚན་སྣང་གི་བར་མཚམས་མེད་པར་ཐམས་ཅད་སྒྱུ་མ་ལྟར་བུར་རྟོགས་པ་སོགས་སྦྱོར་ལམ་གྱི་ཡོན་ཏན་རྣམས་འཆར་རོ། །གཉིས་པ་ནི། དབུགས་ཆེན་འབྱིན་པ་དང་ལུང་ཆེན་ཐོབ་པ་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་གསུམ་སྟེ། དེ་ཡང་སྦྱོར་ལམ་གྱི་རྟེན་དེ་ལ་ཚོགས་ཀྱི་སྤྱོད་པའི་ཉེར་རྒྱུ་ལ་བརྟེན་ནས། ཁུ་རྡུལ་རླུང་ཡིད་ཀྱི་འགྱུ་བ་དེ་རགས་པ་བཅོམས་ཏེ། འཇིགས་པ་ལྔ་དང་བྲལ་ཞིང་ཟག་པ་ཐམས་ཅད་ཟད་ནས། དྲུག་པ་བརྟེན་པ་ཁྱད་པར་དུ་འགྲོ་བའི་ས་ནི། མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཏེ། འདིའི་ཀུན་འགྲོའི་སྒྲིབ་པ་དག་ཅིང་ཆོས་ཉིད་རང་མཚན་པ་མངོན་སུམ་དུ་མཐོང་བའི་སྟོབས་ཀྱིས་བདེ་སྟོང་འོད་གསལ་གྱི་ལྷ་སྐུ་འགྲུབ་ཅིང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ལ་དབང་ཐོབ། ལོངས་སྐུ་རིགས་ལྔའི་ཞིང་བགྲོད་ནས་ཆོས་ཉན་པ་སོགས་མཐོང་ལམ་གྱི་ཡོན་ཏན་ཐམས་ཅད་འཆར་རོ། །དེ་ནས་མཐོང་ལམ་འོད་གསལ་ལས་ལོངས་པའི་རྗེས་ལ། བདུན་པ་དམིགས་པ་འབྲས་བུ་སྐྱེ་བའི་ས་ནི་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་ཏེ། འདིས་ལྷན་ཅིག་གནས་པའི་སྒྲིབ་པ་དག་ནས་ཆོས་ཉིད་རྟོགས་པའི་ཡེ་ཤེས་དང་དག་པ་ལྷ་སྐུའི་སྣང་བ་རྒྱུན་མི་འཆད་པ་སྤོབ་པའི་ཟུང་འཇུག་གི་སྐུ་འགྲུབ། དེ་ནས་བརྒྱད་པ་གནས་པ་མི་འགྱུར་བ་དང་། དགུ་པ་གདལ་བ་ཆོས་ཉིད་ཀྱི་ས་དང་། བཅུ་པ་རྫོགས་པ་སྤྱིར་ཆུབ་ཀྱི་ས་གསུམ་པོ་མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་བསྡུས་ཏེ། འདིས་བག་ཉལ་རགས་འབྲིང་ཕྲ་གསུམ་གྱི་སྒྲིབ་པ་རིམ་པར་དག་ཅིང་། དེ་ལྟར་སྒོམ་མཐར་གྱི་ལམ་བཞི་པོ་དེ། ཐུན་མོང་བ་ལྟར་ན་སྒོམ་ལམ་ས་དགུས་བསྡུས་པས་ན། དེ་རྣམས་སུ་སྔར་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་སྟོང་དུ་འགྱུར་བ་ན། ཞིང་ཁམས་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་མཉམ་པའི་བར་དུ་རིམ་པར་འཕེལ་ཞིང་། ཆོ་འཕྲུལ་བཞི་དང་། དབང་བཅུ་ལ་སོགས་པའི་ཡོན་འཆར་རོ། །དེའི་མཐར་མི་སློབ་པའི་ལམ་རྒྱུན་མཐའི་བར་ཆད་མེད་ལམ་ལ་བརྟེན་ནས་འདོད་ཆགས་ཆེན་པོའི་ལམ་གྱིས་འབྲས་བུའི་དབང་བསྐུར་བས་དགའ་བཞིའི་ལུགས་འབྱུང་དང་ལུགས་ལྡོག་གི་མཐར་སྣང་གསུམ་འཕོ་བའི་བག་ཆགས་ཕྲ་བ་རྟེན་ཁུ་རྡུལ་རླུང་གསུམ་གྱི་རྒྱུ་བ་ཤིན་ཏུ་ཕྲ་བའང་རྒྱུན་ཆད་པས། བརྟེན་པ་ཤེས་སྒྲིབ་ཕྲ་བའང་དག་སྟེ། འབྲས་ཆོས་ཉེར་ལྔ་དབྱེར་མེད་ལྷུན་གྱིས་གྲུབ་པའི་བདེ་བ་ཆེན་པོའི་སྐུ་མི་སློབ་པའི་ཟུང་འཇུག་ལ་མངོན་དུ་སྦྱོར་བར་བྱེད་པ་སྟེ། དེ་ལྟར་ས་བཅུ་པོ་རེ་རེ་དང་སྦྱར་བའི་གནས་སྐབས་བཅུར། རང་སའི་ལམ་ན་འཕར་བའི་རིམ་པ་ལྟར་བསྒོམ་པས། རྐྱེན་འབྱུང་ལས་ཀྱི་བག་ཆགས་རགས་ཕྲ་སོགས་གོང་སྨོས་རང་སའི་སྒྲིབ་པ་བཅུ་པོ་རིམ་པར་དག་ནས་གོང་མ་གོང་མ་ལ་སྦྱོར་བའི་ཚུལ་འདི་ནི། གཡོ་བ་བྱང་ཆུབ་སེམས་སོགས་སེམས་བཅུ་པོ། དཔེ་སྐར་མ་ཕྲ་མོ་ལྟ་བུ་ལ་སོགས་པ་བཅུ་དང་སྦྱར་ནས་བགྲོད་པར་རྩ་རྒྱུད་ཀུན་འདུས་ཀྱི་ལེའུ་གཉིས་པ་སོགས་མདོའི་རྩ་བཤད་ཀྱི་རྒྱུད་དང་མན་ངག་ལས་རྒྱས་པར་གསུངས་ཞེས་ཀུན་མཁྱེན་དྷརྨ་ཤྲཱིའི་བཞེད་དོ། །དེ་ལས་སྒྲིབ་པ་བཅུ་སྤོང་ཚུལ་གང་དུ་གསལ་ལ། སེམས་བཅུ་དང་དཔེ་བཅུ་སྦྱར་ཚུལ་ནི། རྣལ་འབྱོར་ཆེན་པོའི་ས་ཞེས་ཐུན་མིན་གྱི་ལམ་སྟེ། སྐྱེ་བའི་ས་དང་རྒྱུའི་ས་གང་ནས་གསང་སྔགས་སུ་སེམས་སྐྱེས་ཀྱང་འདིར་གཞི་ལས་དང་པོར་འགྱུར་ཏེ། རྣལ་འབྱོར་ལྔའི་ཚོགས་ལམ་འདུན་སེམས་ཀྱི་སྐབས་སུ། འགྱུར་བ་མ་ངེས་པའི་སར། ཐོགས་མར་སྔགས་ཀྱི་བདེན་གཉིས་སྤྱིའི་མཚན་ཉིད་ཙམ་ཤེས་པའི་སེམས་གཡོ་བ་གཡོ་བའི་སེམས། དཔེ་མུན་པའི་སྤྲིན་རུམ་ནས་སྐྲར་ཟེར་ཕྲ་མོར་བྱུང་བ་དང་འདྲ། བློ་མུན་པ་ལྟ་བུ་ལས་བྱང་ཆུབ་ཀྱི་སེམས་རྒྱུ་རྐྱེན་གྱིས་དེ་ཙམ་སྐྱེས་པའོ། །བརྟེན་པ་གཞིའི་སར། རྒྱུ་ངེས་གསང་སྔགས་ཀྱི་འབྲས་བུའི་དོན་ལ་སློབ་ཅིང་རྟོགས་པར་སྨོན་པ་སྨོན་པའི་སེམས། དཔེ་སྐརྨ་འབྲིང་པོ་ཙམ་སྟེ་ད་དུང་སྔགས་ཀྱི་དེ་ཁོ་ན་ཉིད་ལ་ཞུགས་པ་ནི་མིན་ཏེ་མོས་པ་ཙམ་མོ། །གཉིས་པ་སྦྱོར་ལམ་རིགས་ཆེན་འབྱེད་པའི་སྐབས་སུ་གལ་ཆེན་སྦྱོང་བའི་སར། དེ་གཉིས་ཀྱི་རྒྱུས་སྔགས་ལ་ཞུགས་ནས་བསླབ་པའི་མཐའ་བཅུ་ལ་སློབ་པའི་ཚེ། འོག་མར་མེད་པའི་ལྷག་པའི་སེམས་སྨོན་པ་ལས་གྱེན་དུ་ལྡང་བ་ལྡང་བའི་སེམས། དཔེ་མཚན་མོའི་སྐར་ཆེན་ལྟ་བུ། བསླབ་པ་རྒྱུན་གྱི་སར། རྒྱུ་དེས་སྔགས་ཀྱི་དོན་རྟོགས་པ་ལ་སྦྱོར་བ་སྦྱོར་བའི་སེམས། དཔེ་འགལ་མེའི་འཁོར་ལོ་མྱུར་ལ་རྒྱུན་མི་ཆད་པའམ་ཟླ་བ་ཚེས་གཅིག་པ་ལྟ་བུ། བསོད་ནམས་རྟེན་གྱི་སར། དེས་མཉམ་ཉིད་ཀྱི་དོན་ལ་ཤེས་རབ་ཀྱིས་རྩལ་སྦྱང་སྟེ་མཐོང་ལམ་ལ་འཇུག་པ་གཉིས་མེད་དོན་ལ་འཇུག་པའི་སེམས། དཔེ་སྒྲོན་མེའམ་ཟླ་བ་ཚེས་གཉིས་པ་ལྟ་བུའོ། །གསུམ་པ་མཐོང་ལམ་དབུགས་ཆེན་འབྱིན་པའི་སྐབས་སུ་བརྟེན་པར་ཁྱད་པར་གྱི་སར། སྔར་གྱི་རྒྱུ་དེས་ཆོས་ཉིད་ཀྱི་རོ་མྱོང་ཞིང་བདེན་པ་མཐོང་བ འི་ཚེ་སྔར་མེད་ཀྱི་དགའ་བ་སྐྱེ་བ་ཤིན་ཏུ་དགའ་བའི་སེམས། དཔེ་བུམ་ནང་གི་མར་མེའམ་ཟླ་བ་ཚེས་གསུམ་པ་ལྟ་བུའོ། །བཞི་པ། བསྒོམ་ལམ་ལུང་ཆེན་ཐོབ་པའི་སྐབས་སུ། དམིགས་པ་འབྲས་བུ་སྐྱེ་བའི་སར། རྟོགས་ཟིན་སྒོམ་ལམ་ཆོས་ཉིད་ལ་འཇུག་པའི་ཚེ། ལྟ་བའི་གདེང་དེ་ལས་མི་འགྱུར་བ་མི་འགྱུར་ལྷག་པའི་སེམས། དཔེ་ཚེས་བཞི་པའི་ཟླ་བ་ལྟ་བུའོ། །ལྔ་པ་ཐར་ལམ་རྩལ་ཆེན་རྫོགས་པའི་སྐབས་སུ། གནས་པ་མི་འགྱུར་བའི་སར། ལམ་མཐར་ཕྱིན་ཏེ་ཆོས་ཐམས་ཅད་བདག་ཉིད་ཆེན་པོ་རིག་པའི་ཆོ་འཕྲུལ་དུ་རྟོགས་པ་ཅི་སྣང་རང་བྱུང་ཡེ་ཤེས་སུ་གསལ་བའི་སེམས། དཔེ་ཚེས་ལྔ་པའི་ཟླ་བ་ལྟ་བུ། གདལ་བ་ཆོས་ཉིད་ཀྱི་སར། ཤིན་ཏུ་གོམས་པ་གདེངས་སུ་གྱུར་པས་རང་རིག་པ་མཐའ་དང་བྲལ་བའི་དོན་ཉིད་དང་དབྱེར་མེད་པར་འབད་མེད་དུ་གནས་པའི་སེམས། དཔེ་ཤིན་ཏུ་གསལ་བའི་སྒྲོན་མེ་ངམ་ཟླ་བ་ཚེས་བརྒྱད་པ་ལྟ་བུ། རྫོགས་པ་སྤྱིར་ཆིབས་ཀྱི་པར་རྒྱུ་དེས་སྒོམ་མི་དགོས་པར་ཏིང་འཛིན་ལས་སུ་རུང་བའི་ཚེ་དབྱིངས་ཡེ་དབྱེར་མེད་མ་འདྲེས་ཡོངས་རྫོགས་སུ་རྟོགས་པ་དེ་ལས་སྐྱེད་བྱར་དུ་མེད་པས་རྫོགས་པའི་སེམས་དཔེ་ཚེས་བཅུ་དྲུག་གི་ཟླ་བ་ལྟ་བུ་གསལ་ཞིང་རྫོགས་པའོ། །དེས་ན་འགྲོ་བའི་སེམས་ཡེ་ནས་ཆོས་སྐུར་ཡོད་ཀྱང་། བཏགས་པའི་སྒྲིབ་པས་བསྒྲིབས་ནས་མཐོང་བ་དེ་སེམས་བཅུས་བསྐྱེད་པས་འབྲས་བུ་གྲུབ་ཅིང་དེ་ལྟར་མཐར་ཕྱིན་པ་ཡིན་ཞེས་གནུབས་ཆེན་གསུངས་སོ། །དེ་ལྟར་བཤད་པའི་རྣལ་འབྱོར་ལྔ་དང་། ས་བཅུ་པ་དེ་རྣམས་ཀྱི་ངེས་ཚིག་ནི། མདོ་རྩ་བཤད་ཀྱི་རྒྱུད་དང་མན་ངག་གི་ལས་གསལ་བར་བསྟན་པ་མ་མཐོང་ཡང་། སྤྱི་ཙམ་ལ་དཔག་ན་རྣལ་འབྱོར་ལྔའི་དང་པོ་ནི། ཚོགས་ལམ་གྱི་དུས་སུ་འོད་གསལ་དང་ལྷ་སྐུ་གཉིས་འདྲེན་པས་དྲངས་པའི་མོས་པ་ཙམ་གྱིས་ཡུལ་དུ་བྱེད་པས་འདུན་པ་སེམས་པའི་དང་། གཉིས་པ་ནི་སྦྱོར་ལམ་ཐོབ་པའི་ཚེ་ཟག་པ་ཡོད་ཀྱང་ལྡོག་པ་མེད་པས་རིགས་ངེས་པའི་ཕྱིར་རིགས་ཆེན་འབྱེད་པ་དང་། གསུམ་པ་ནི་མཐོང་ལམ་དུ་འཇིགས་པ་ལྔ་དང་བྲལ་བ་སོགས་དང་། ཆོས་ཉིད་མངོན་སུམ་མཐོང་བས་འཇིག་རྟེན་གྱི་ཆོས་ལས་འདས་པས་དབུགས་ཆེན་འབྱིན་པའི་དང་། བཞི་པ་ནི་སྒོམ་ལམ་དུ་དུས་དང་གནས་སོགས་ངེས་པ་ཅན་གྱི་སྒོ་ནས་ལུང་བསྟན་ཆེན་པོ་ཐོབ་པས་ལུང་ཆེན་ཐོབ་པའི་དང་། ལྔ་པ་ནི་མཐར་ལམ་དུ་སློབ་པའི་ཟུང་འཇུག་གི་ཡོན་ཏན་གྱི་རྩལ་མཐར་ཐུག་པ་རྫོགས་པའི་ཕྱིར་རྩལ་ཆེན་རྫོགས་པའི་རྣལ་འབྱོར་རོ། །ས་ཡང་རྣམ་པ་བཅུ་ལས། དང་པོ་ཚོགས་ལམ་དུ། ཟག་ལྡོག་གཉིས་ཀ་ཡོད་པས་འགྱུར་བ་མ་ངེས་པ་དང་། རྣལ་འབྱོར་དང་པོ་འདིའི་སྐབས་ཀྱི་མངོན་རྟོགས་རྣམས་བརྟེན་པ་སྦྱོར་ལམ་སོགས་བསྐྱེད་པའི་རྟེན་ཡིན་པས་གཉིས་པ་ལ་བརྟེན་པ་གཞི་ཡིས་ཞེས་བྱ་ཞིང་། སྦྱོར་ལམ་སྐབས། མཐོང་ལམ་དོན་གྱི་འོད་གསལ་ལ་བསྒྲིབ་པའི་མངོན་གྱུར་གྱི་བག་ཆགས་ཐམས་ཅད་སྦྱོང་བས་གསུམ་པ་ལ་གལ་ཆེན་སྦྱོང་བའི་ས་དང་། ཉིན་མཚན་མེད་པར་སྒྱུ་མ་ལྟ་བུའི་ཚུལ་གྱིས་ཟུང་འཇུག་གི་རྒྱུ་ལ་བསླབས་པས་བཞི་པ་ལ་བསླབ་པ་རྒྱུན་གྱི་ས་དང་། ཉེ་རྒྱུའི་སྤྱོད་པའི་བསོད་ནམས་ལ་བརྟེན་ནས་ཟག་མེད་ཀྱི་ཡེ་ཤེས་ལ་སྦྱོར་བས་ལྔ་པ་ལ་བསོད་ནམས་རྟེན་གྱི་ས་ཞེས་བྱའོ། །མཐོང་ལམ་དུ་དོན་གྱི་འོད་གསལ་ལ་མངོན་དུ་མཐོང་བས་དེ་ལ་བརྟེན་ནས་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བས་དྲུག་པ་ལ་བརྟེན་པས་ཁྱད་པར་དུ་འགྲོ་བའི་ས་ཞེས་བྱ། སྒོམ་དུ་སློབ་པའི་ཟུང་འཇུག་གི་དོན་ལ་དམིགས་ཤིང་གོམས་པས་འབྲས་བུ་མི་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་པས་བདུན་པ་ལ་དམིགས་པས་འབྲས་བུ་སྐྱེ་བའི་ས་ཞེས་བྱ། མཐར་ལམ་དུ་དབྱིངས་ཡེ་དབྱེར་མེད་ཀྱི་དགོངས་པ་ལ་རྟག་ཏུ་གནས་ཤིང་འཕོ་འགྱུར་མེད་པས་བརྒྱད་པ་ལ་གནས་མི་འགྱུར་བའི་ས་དང་། ཆོས་ཉིད་དོན་གྱི་འོད་གསལ་དང་ཆོས་ཅན་ལྷ་སྐུའི་སྣང་བ་གཉིས་འདུ་འབྲལ་མེད་པའི་ཆོས་ཉིད་ཀྱི་ཕྱག་རྒྱས་སྣང་སྤྱོད་ཐམས་ཅད་ལ་ཁྱབ་པར་བརྡལ་བས་དགུ་པ་ལ་བརྡལ་བ་ཆོས་ཉིད་ཀྱི་ས་དང་། རྩལ་སྣང་གཟུགས་སྐུའི་བཀོད་པའི་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་སུ་འུབ་ཆུབ་པར་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པས་རྫོགས་པ་སྤྱིར་ཆུབ་ཀྱི་ས་ཞེས་བྱའོ། །ས་འདི་རྣམས་ཕལ་ཆེར་ལམ་ངེས་པ་ཞེས་པའི་སྒྲ་སྦྱོར་བ་ལྟར་ན། འདི་དག་སློབ་པའི་ས་ཡིན་པས་རང་རང་གི་གནས་སྐབས་ཀྱི་སྒྲིབ་པ་དག་ཅིང་ས་གོང་མའི་ཡོན་ཏན་ལ་སྦྱོར་དུ་ཡོད་པས་རང་རང་གི་སྐབས་སུ་བཞག་པའི་ངེས་ཚིག་དེ་ཉིད་ས་དང་ལྡན་པའི་གང་ཟག་དེ་ལ་རྣམ་པ་ཀུན་ཏུ་མ་ངེས་སོ། །ཡང་ས་ཕྱི་མ་ལ་མི་སློབ་པའི་སར་བཤད་པ་ལྟར་ནའང་དགྲ་བཅོམ་ཞུགས་པའི་ས་བཞིན་བཏགས་པ་བ་ཡིན་གྱི་དངོས་ནི་མིན་ནོ་ཞེས་བདག་གི་མཁན་པོ་རྗེ་དཔོན་མཁས་པ་ཆེན་པོ་གུ་ཎས་གསུངས་སོ། །མདོར་ན་ཀུན་རྫོབ་བྱང་སེམས་དང་འབྲེལ་བའི་གདམས་པ་སྟེང་སྒོ་རླུང་དང་འཇུ་འདུལ་གྱི་མན་ངག་དང་། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་གཉིས་ལ་བརྟེན་ནས་འཛག་མེད་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་ལ་བསླབ་པ་དང་། དོན་དམ་བྱང་ཆུབ་སེམས་དང་འབྲེལ་བའི་གདམས་པ། རྟེན་ཅན་སྙིང་གའི་མི་ཤིགས་པའི་ཐེག་ལེ་ལ་རླུང་previous hit སེམས་ཀྱི་དྭངས་མ་ཐམས་ཅད་ཐིམ་སྟེ་དབྱིངས་རིག་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་འཆར next hit་བས་ཁམས་གསུམ་བདེ་བ་ཆེན་པོར་གྲོལ་བར་བྱེད་པའི་མན་ངག་དང་། རྟེན་མེད་མི་གཡོ་གསུམ་ལྡན་གྱི་གནད་ཀྱིས་རྣམ་པར་མི་རྟོག་པའི་ངང་ལ་བསལ་བཞག་མེད་པར་བསྐྱང་བས་ཡུལ་ཆོས་ཉིད་དོན་གྱི་ཡེ་ཤེས་དང་། ཡུལ་ཅན་ཆོས་སྐུ་གཞིའི་ཡེ་ཤེས་དབྱེར་མེད་པའི་རིག་པ་དབྱིངས་ཡེ་ཟུང་འཇུག་ཏུ་རྟོགས་པས། དཀྱིལ་འཁོར་གསུམ་མ་འདྲེས་ཡོངས་རྫོགས་གཏན་ལ་འབེབས་པར་བྱའོ། །སྤྱོད་པ་ནི་སྤྱིར་མཉམ་པ་ཉིད་ལ་གཙོ་བོར་སྤྱོད་པ་སྟེ། བང་མཛོད་འཕྲུལ་ལྡེེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། དབྱིངས་དང་ཡེ་ཤེས་ལོངས་སྤྱོད་རྫོགས་ཞེས་སོ། །བྱེ་བྲག་ཏུ་དབྱེ་ན། བྱིན་གྱིས་རློབ་དང་། དབང་བསྒྱུར་བ་དང་། ཐབས་ཀྱི་སྤྱོད་པ་གསུམ་སྟེ། སྤྱི་མདོ་ལས། བྱིན་གྱིས་རླབས་ཀྱི་སྤྱོད་པ་དང་། །དབང་བསྒྱུར་ཐབས་ཀྱི་སྤྱོད་པ་སྟེ། །དཔེར་ན་ནམ་མཁའ་རྒྱལ་པོའམ། །ཇི་ལྟར་མེ་དཔུང་ཆུ་བོ་འདྲ། །ཞེས་པས་དབྱིངས་ཡེ་གཉིས་མེད་རྟོགས་པའི་བྱིན་རླབས་ཀྱི་སྤྱོད་པ་ནམ་མཁའ་ལྟ་བུ། དུག་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་དབང་བསྒྱུར་བའི་སྤྱོད་པ་རྒྱལ་པོའམ་མེ་དཔུང་གིས་ཤིང་བསྲེགས་པ་ལྟ་བུ། འཁོར་འདས་གཉིས་མེད་དུ་རྟོགས་པའི་ཐབས་ཀྱི་སྤྱོད་པ་རྒྱུན་མི་འཆད་པ་ཆུ་བོ་ལྟ་བུ་རྣམས་སོ། །འབྲས་བུ་ནི། ཚེ་གཅིག་གིས་མོ་སློབ་པའི་ཟུང་འཇུག་འབྲས་ཆོས་ཉེར་ལྔ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་བདེ་བ་ཆེན་པོའི་སྐུ་མངོན་དུ་མཛད་ནས་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་གདུལ་བྱའི་དོན་མཛད་པ་སྟེ། ཐིག་ལེ་མཆོག་གི་རྒྱུད་ལས། འོད་གསལ་བ་ཡི་སེམས་ཉིད་ནི། །དབྱིངས་དང་ཡེ་ཤེས་དབྱེར་མེད་པར། །བདེ་བ་ཆེ་དེ་སུས་བསྒོམས་པ། །འབྲས་བུ་ཚེ་འདིར་མངོན་འཚང་རྒྱ། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པ་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་གསུངས། འབྲས་ཆོས་ཉེར་ལྔ་སོགས་ནི་གོང་དུ་སྨོས་པ་ལྟར་ལ། དེ་ཡང་གཞི་ལ་ཡོན་ཏན་ལྷུན་གྲུབ་ཏུ་བཞུགས་པ་ཉིད་མངོན་དུ་གྱུར་པ་ཙམ་སྟེ། སྤྱི་མདོ་ལས། གཞན་ལས་མ་བྱུང་རང་བྱུང་བ། །ཞེས་དང་། ལུང་བསྟན་མ་ལས། ཐ་མ་ཡིད་བཞིན་ནོར་བུ་ལྟར། །མ་བསགས་ཟད་འཕེལ་མེད་པའི་སྐུ། །གདུལ་བྱའི་དོན་སྣང་དངོས་གཞི་མེད། །ལྷུན་གྲུབ་ཡོན་ཏན་རང་སྣང་བའོ། །ཞེས་གསུངས་སོ། ༈ །གསུམ་པ་གང་ཟག་གཏི་མུག་ཅན་ནམ་དབང་པོ་རབ་ཀྱི་རབ་བྱ་རྩོལ་མེད་པར་འཇུག་པ་ལ་དགོངས་ནས་གསུངས་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི། རྒྱུད་ལས། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་རྣམས་ཀྱི་འབྲས་བུ་ལྟ་བུའོ། །ཞེས་གསུངས་པས་མ་ཧཱ་དང་ཨ་ནུ་གཉིས་ཀའི་མཐར་ཐུག་གི་འབྲས་བུའི་སྐྱེལ་སོ་སྟེ། དབྱིངས་རང་བཞིན་གྱིས་དག་པའི་སེམས་ཉིད་འོག་གསལ་བ་ལྷུན་གྲུབ་རང་གནས་ཆེན་པོར་བཞུགས་པའི་རང་བྱུང་གི་ཡེ་ཤེས་བཅོས་བསྒྱུར་སྤང་ལེན་དང་བྲལ་བར་ལམ་དུ་ཁྱེར་བས་ཐེག་པ་འོག་མ་རྣམས་ལས་ཁྱད་པར་དུ་འཕགས་ཏེ། ཐེག་པ་འོག་མ་རྣམས་བཅོས་སླད་ཀྱི་རྩོལ་སྒྲུབ་ཀྱིས་བླང་དོར་བྱས་པས་རེ་དོགས་ཀྱི་སྒྲིབ་པས་རང་བྱུང་གི་ཡེ་ཤེས་བསྒྲིབས་ཏེ། རྣལ་མའི་དོན་ལ་རེག་པའི་སྐབས་མེད་པ་ཉིད། ཀུན་བྱེད་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། འདིར་ནི་རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོ་ཉིད་ཡེ་ནས་སངས་རྒྱས་པའི་ཆེ་བའི་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པས་སྐུ་གསུམ་རང་ཆས་སུ་ཚང་བའི་ཕྱིར་ལོག་ནས་བཙལ་མི་དགོས་པས། འདི་ཉིད་མ་བཅོས་ཇི་བཞིན་པའི་ངང་ནས་མ་གཡོས་པས་འགྲུབ་པར་བསྟན་ཏེ། དེ་ཉིད་ལས། ཀྱེ། སེམས་དཔའ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ། །རྡུལ་ཙམ་སུས་ཀྱང་བཅོས་སུ་མེད། །དེ་ན་སངས་རྒྱས་སེམས་ལས་མེད། །ལོངས་སྤྱོད་རྫོགས་སྐུ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ལས་ལོངས་སྤྱོད་སྐུ། །སེམས་ལས་བྱུང་བའི་གཟུགས་རྣམས་ལ། །ལོངས་སྤྱོད་རྫོགས་ལས་སྐུ་གཞན་མེད། །སྤྲུལ་པའི་སྐུ་ནི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་སྤྲུལ་པ་ལས། །འགྲོ་བའི་དོན་མཛོད་གཞན་ན་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དེ། །སྔ་རབ་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་དེ། །མ་བཅོས་ཇི་བཞིན་རྟོགས་གྱུར་པས། །ད་ལྟར་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་སེམས་བྱང་ཆུབ་སེམས་ཉིད་འདི། །སྔ་མ་བཅོས་པར་ལུང་མ་བསྟན། །ད་ལྟར་ཏིང་འཛིན་སེམས་མོ་འཆོས། །མ་བཅོས་ལམ་དུ་ཞུགས་ནས་བྱོན། །ཞེས་གསུངས། དེའི་ཕྱིར་སེམས་ཉིད་གཡོ་བ་མེད་པའི་ཆོས་སྐུ་བྱང་ཆུབ་ཀྱི་སེམས་ནི་བྱ་རྩོལ་ལས་འདས་པ་རྫོགས་པ་ཆེན་པོའི་རང་བཞིན་ཏེ། ཀུན་བྱེད་ལས། སེམས་ནི་ཇི་བཞིན་པ་ཡི་དངོས་པོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་འགྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་བསྒྲུབས་ཤིག །བརྩལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་བསྒྲུབས་ཟིན་པས་ད་སྒྲུབ་མ་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །ཅེས་གསུངས་ཤིང་། དེར་མ་ཟད་རྫོགས་ཆེན་སྡེ་གསུམ་གྱི་ནང་ནས་ཀྱང་། འོད་གསལ་རྡོ་རྗེ་སྙིང་པོ་གསང་བ་མན་ངག་གི་སྡེ་སྙིང་ཐིག་གི་སྐོར་རྣམས་ནི་རང་བྱུང་གི་ཡེ་ཤེས་སྐད་ཅིག་གིས་ནང་དུ་འཆར་བའི་རྟགས་རང་བཞིན་གྱི་སྣང་བ་ཡེ་ཤེས་ལྔ་ལ་དབང་པོས་བལྟར་ཡོད་པས། ཚིག་དང་ཡི་གེ་དང་རྟོག་དཔྱོད་དང་མི་རྟོག་པའི་ཏིང་ངེ་འཛིན་བློས་བྱས་ཀྱི་སྒོམ་པ་ཀུན་ལས་ཁྱད་པར་དུ་འཕགས་ཏེ་ནོར་ས་དང་འཛོལ་ས་མེད་ཅིང་། བརྩོན་འགྲུས་བསྐྱེད་ན་དབང་པོ་རྣོ་རྟུལ་མེད་པས་རྩོལ་མེད་ཡེ་ཤེས་ཀྱི་རང་སྣང་མངོན་དུ་བྱས་ཏེ། སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ཞིང་ལ་ཚེ་འདིར་དངོས་སུ་སྦྱོར་བས་སེམས་ཀློང་སོགས་ལས་ཀྱང་ཆེས་འཕགས་ཏེ། གསང་བ་སྒྲའི་རྒྱུད་ལས། དངོས་གྲུབ་མཆོག་རྣམས་མཐར་ཐུག་པ། །འབད་ཅིང་རྩོལ་བས་མ་ཡིན་པར། །གང་སུ་འཕྲད་པས་གྲོལ་བར་ངེས། །དེས་ན་རྫོགས་ཆེན་བྱ་བ་བྲལ། །གཞན་འབད་པ་ལས་བྱུང་བ་མིན། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། ཐ་ན་དབང་བསྐུར་བ་དང་ངོ་སྤྲད་པ་ཙམ་ཡང་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། རང་བཞིན་སྤྲུལ་བར་དབུགས་འབྱིན་ལ། ཅུང་ཟད་ཉམས་སུ་བླང་ནས་འདས་ཀྱང་བར་དོར་གྲོལ་བའི་རྟགས་ཚད་མངོན་སུམ་དུ་སྣང་བ་དང་། ཚིག་རྒྱུད་ཀྱི་གླེགས་བམ་བྲིས་ཏེ་བཅང་པ་ཙམ་ལའང་གཞན་ལས་ཕན་ཡོན་ཆེ་བར་བསྔགས་པ་སོགས་འཕགས་ཆོས་བསམ་གྱིས་མི་ཁྱབ་སྟེ། ཞིབ་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུང་རབ་རྣམས་དང་། ཀུན་གཟིགས་ཞེ་ཆེན་མ་ཧཱ་པཎྜི་ཏས་མཛད་པའི་ཐིག་ལེ་ཀུན་གསལ་ཆེན་མོའི་རྒྱུད་ཀྱི་རྒྱབ་ཆོས་སོགས་ལས་ཤེས་པར་བྱའོ། །དེ་ལ་ངོ་བོ། ངེས་ཚིག །དབྱེ་བ་གསུམ་ལས། ངོ་བོ་ནི། ཡེ་སངས་རྒྱས་པའི་དོན་རང་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས་སྤང་བླང་རེ་དོགས་དང་བྲལ་བའི་རང་བཞིན་ཅན་ནོ། །ངེས་ཚིག་ནི། ཨ་ཏི་ཡོ་ག་སྟེ། བསྐྱེད་རྫོགས་གཉིས་ཀའི་རྫོགས་རིམ་མཐར་ཐུག་པ་ཡིན་པའི་ཕྱིར་དང་། ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པས་ཤིན་ཏུ་རྣལ་འབྱོར་རོ། །དབྱེ་བ་ལ་དྲུག་ལས། འཇུག་སྒོའི་དབང་ནི། རིག་པའི་རྩལ་དབང་སྟེ། དེ་ཡང་དབང་གསུམ་པའི་དཔེ་ཡི་ཡེ་ཤེས་ལ་ལྟོས་མི་དགོས་པར་ཐོག་མ་ནས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འཇུག་ཏུ་རུང་བའི་སྐལ་ལྡན་ལ་རྫོགས་པ་ཆེན་པོའི་རིག་པའི་རྩལ་དབང་བསྐུར་བ་སྟེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་ཁོག་དོན་ལས། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་སྟེ། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པཎ་འཆང་། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་མན་ངག་གི་སྡེ་ལྟར་ན། རྫོགས་པ་རང་བྱུང་ལས། སྤྲོས་བཅས་སྤྲོས་པ་མེད་པ་དང་། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་བ་ལྡན་ལ་སྨིན་པར་བྱ། །ཞེས་པའི་དབང་བཞིས་རིམ་པ་ལྟར། ལུས་ངག་ཡིད་དང་ཤེས་བྱ་ལ་རྨོངས་པའི་སྒྲིབ་པ་སྦྱོང་། སྐུ་གསུང་ཐུགས་དང་རང་བྱུང་འོད་གསལ་བའི་ནུས་པ་འཇུག །བསྐྱེད་རིམ་དང་། གཏུམ་མོ་སྒོམ་པ་བདེ་སྟོང་ཟུང་འཇུག་སྒོམ་ཞིང་ཀ་དག་གི་ཡེ་ཤེས་རྟོགས་པ་དང་། མངོན་སུམ་ལྷུན་གྲུབ་ཀྱི་དོན་ཉམས་སུ་ལེན་པ་བཞི་ལ་དབང་བ་ཡིན་ནོ། །འདི་ནི་དབང་གོང་མ་ཉིད་ལ་དབང་བཞིར་ཕྱེ་བ་ཡིན་པས། བླ་མེད་ཐུན་མོང་བའི་དབང་བཞི་དང་གྲངས་འདྲ་ཡང་དོན་མི་འདྲ་བ་ཤེས་དགོས་ཤིང་། དེར་མ་ཟད་བླ་མེད་ཐུང་མོང་བའི་དབང་བཞི་པའི་སྔགས་སྡོམས་རྒྱུན་ལྡན་ཞིག་གིས་འདི་ཉིད་ཐོབ་ན་སྡོམ་པ་སྔར་མེད་གསར་ཐོབ་ཀྱང་འདོད་དགོས་ཏེ། བླ་མེད་ཀྱི་ཆོ་ག་གཞན་རྣམས་རྒྱས་བསྡུས་དང་རྣམ་གྲངས་མི་འདྲ་བ་ཙམ་ལས་ཕན་ཚུན་གཅིག་གི་དོད་གཅིག་གིས་ཐུབ་པས་མཚུངས་པའི་ཕྱིར། དེ་དག་སོ་སོ་ལས་ཐོབ་པའི་སྡོམ་པ་རྣམས་ཀྱང་ངོ་བོ་གཅིག་ཏུ་འགྱུར་མོད། ཞུ་བདེ་ལྷན་སྐྱེས་ཀུན་རྫོབ་པ་དཔེའི་ཡེ་ཤེས་ཙམ་ལ་ངོ་སྤྲད་པའི་བཞི་པ་བརྟགས་པ་བ་དེས་དོན་དམ་ལྷན་སྐྱེས་ཟུང་འཇུག་གི་ཡེ་ཤེས་ལ་འཇུག་པའི་ཐབས་བཞི་པ་མཚན་ཉིད་པ་འདིའི་དོད་མི་ཐུབ་པས་མཚུངས་པ་མ་ཡིན་པའི་ཕྱིར་གསུངས། བྱ་བའི་འཇུག་སྒོ་ནི། ཅི་ཡང་འཇུག་ཏུ་མེད་པའི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཆོས་ལ་བྱ་རྒྱུ་མེད་པའི་ཕྱིར། །རྩོལ་བ་མེད་པའི་སྒོ་ནས་འཇུག །ཅེས་སོ། །ལྟ་བ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་ཆེན་པོ་ཆོས་སྐུ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངོ་བོར་བྱ་རྩོལ་མེད་པར་ཡེ་ནས་སངས་རྒྱས་པར་འདོད་དེ། ནམ་མཁའ་ཆེ་ལས། རང་བྱུང་ཡེ་ཤེས་རྩོལ་མེད་ལ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་གསུངས། དེ་ལ་དབྱེ་ན། ཨ་ཏི་བཀོད་པ་ཆེན་པོ་ལས། །ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། དང་པོ། ཆོས་ཐམས་ཅད་སེམས་ཉིད་ལས་གུད་ན་མེད་པས་སྤང་བྱའི་མཐའ་ལས་གྲོལ་བ་སེམས་སྡེ་བས་ནི། ངོ་བོ་སྣ་ཚོགས་སུ་སྣང་ཡང་སེམས་ཉིད་གཅིག་གི་རོལ་པ་ལས་མ་འདས་པས་སྣ་ཚོགས་སུ་སྣང་བ་སེམས་ཀྱི་སྣང་བ་ཡིན་ལ། དོན་ལ་མ་གྲུབ་ཅིང་གཉིས་སུ་མེད་པས་སེམས་ཀྱི་ངོ་བོ་འོད་གསལ་བ་རང་བྱུང་གི་ཡེ་ཤེས་སུ་འདོད་དོ། །དབྱེ་ན་བདུན་ལས། དང་པོ་འབྲས་བུ་སེམས་ཀྱི་བྱུང་སར་འདོད་པས་ནི། འབྲས་བུ་གདོད་མའི་དབྱིངས་ལ་འགྱུར་བ་མེད་པས་སེམས་ཉིད་ལ་འཕོ་འགྱུར་མེད་པའི་ངང་ལས། གྲོལ་གཞིའི་ལྷུན་གྲུབ་ཀྱི་སྣང་ཆ་ལས་འཁོར་བ་ལྟར་ཤར་ཀྱང་ངང་ལས་མ་གཡོས་པས་མ་དག་རང་མཚན་གྱིས་སྟོང་ལ། སྣང་བའི་ཆ་ནས་དབྱིངས་ལས་བྱུང་ཞིང་དབྱིངས་ལ་གནས། དབྱིངས་སུ་ཐིམ་པ་ནམ་མཁའི་ཆོ་འཕྲུལ་བཞིན་ཡེ་གྲོལ་རང་བཞག་འབད་རྩོལ་གཉེན་པོ་མེད་པར་ལ་བཟླ་བའོ། །གཉིས་པ་གོལ་སྒྲིབ་ལ་བཟླ་བ་ནི། ཨ་ནུ་མན་ཆད་ཀྱི་རིམ་པ་བརྒྱད་པོ་རྣམས་ནི་བློས་བཏགས་པས་གཞི་ལས་གོལ་བ་ཡིན་ལ། འདིར་ནི་རང་བྱུང་གི་ཡེ་ཤེས་བློ་དང་བྲལ་བས་རྒྱུ་རྐྱེན་ལས་འདས་པར་ལ་བཟླ་བས་ཆོས་ཉིད་ཡེ་སྟོང་ཆེན་པོ་དྲན་བསམ་ཕྱོགས་འཛིན་དང་བྲལ་བས། སྣང་སྲིད་སྣོད་བཅུད་མ་དག་པ་ལྟར་སྣང་ཡང་། གང་ལས་ཀྱང་མ་བྱུང་གང་དུའང་མི་གནས། གར་ཡང་མི་འགྲོ་བས། འཁྲུལ་ཞེན་མིང་མེད་ཁམས་གསུམ་གཞི་གྲོལ་སྤང་གཉེན་གཞི་མེད་ཕྱམ་གཅིག་ཏུ་ལ་བཟླ་བར་འདོད། གསུམ་པ་གཏན་ཚིགས་ཁུངས་རྡིབ་པ་ནི། གཞི་སེམས་ཉིད་ལ་ངོས་བཟུང་མེད་པས་ལས་དང་བག་ཆགས་ཀྱི་རྟེན་མེད། གསོག་བྱེད་ཀྱི་སེམས་མ་གྲུབ་པས་ལས་དང་བག་ཆགས་ཀྱི་བྱེད་མཁན་སྟོང་། བསགས་པའི་ལས་ཀྱང་བརྟགས་ན་མ་གྲུབ་པས་རྣམ་སྨིན་དང་འབྲས་བུས་སྟོང་། དེས་ན་འཁོར་བ་མིང་མེད་དུ་གྲོལ་ལ། སེམས་ཉིད་སྐྱེ་མེད་རང་བྱུང་གི་ཡེ་ཤེས་ལས་རོལ་པ་འགག་མེད་ཕྱོགས་ཡན་དུ་ཤར་བས་སྤང་བླང་དགག་སྒྲུབ་མེད་པར་ཡིད་ཆེས་ཏེ། ཆོས་ཉིད་ཡེ་སྟོང་རང་སངས། མཐའ་གྲོལ་ཆེན་པོའི་གཏན་ཚིག་ཁོང་ནས་ཤར་བས་འཁོར་འདས་ཕྱོགས་འཛིན་ལས་གྲོལ་བའོ། །བཞི་པ་རྒྱ་ཆད་ཕྱོགས་ལྷུང་མེད་པར་འདོད་པ་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་འཁོར་འདས་ཀུན་ལ་ཁྱབ་ཀྱང་། སྣང་བ་དངོས་པོར་རྒྱ་མ་ཆད། སྟོང་པ་དངོས་མེད་དུ་རྒྱ་མ་ཆད། གཉིས་ཀ་མ་ཡིནཔས་ཟུང་འཇུག་གི་ཕྱོགས་སུ་མ་ལྷུངས། ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ། རྩལ་མ་འགགས་པས་ཆད་མཐའ་ལས་གྲོལ་བས་བྱ་བྲལ་བདེ་སྡུག་ལས་འདས་པའི་ཆོས་ཉིད་དོ། །ལྔ་པ་ཕྱོགས་འཛིན་གྲུབ་མཐའ་ལས་འདས་པ་ནི། སེམས་ཀྱི་ངོ་བོ་གང་དུའང་མི་གནས་ཤིང་གང་དུའང་མ་གྲུབ་པར་ཅིར་ཡང་སྣང་ལ་ཅིར་ཡང་མ་འགག་པར་འཆར་བས་ཤར་ཡང་མི་དགག་མི་འཛིན་མི་རྟོག་པའོ། །དྲུག་པ་བློ་བྲལ་ཕྱོགས་འཛིན་ལས་འདས་པས་ནི། རང་བྱུང་གི་ཡེ་ཤེས་བློ་དང་བྲལ་བས་ཇི་ལྟར་སྣང་ཡང་བདེན་རྫུན་གང་དུའང་མ་གྲུབ་པས་ཡོད་མེད་མཐའ་གྲོལ་ཆེན་པོའི་རོལ་པའོ། །བདུན་པ་སེམས་ཀྱི་ཕྱོགས་ཡན་དུ་སྨྲ་བ་ནི། འདི་ལྟར་སྣང་བ་ཐམས་ཅད་སེམས་ཀྱི་རོལ་བ་ཡིན་པས་སྣ་ཚོགས་སུ་སྣང་ཡང་སེམས་ཉིད་ངོ་བོ་མེད་པས་སྣང་བ་སྣ་ཚོགས་ཀྱང་ངོ་བོ་མེད་པའི་ཕྱིར་སྣང་བརྟགས་ཀྱི་ཆོས་མ་གྲུབ་ཅིང་། གང་ཤར་སེམས་ཀྱི་རྣམ་པ་འཛིན་བྱེད་དང་། སྣང་བ་གཟུང་བར་བྱ་བ་གཉིས་ཀའང་སྣང་བ་ཐ་དད་དུ་སྣང་ཡང་། ཡིན་གང་ཡང་མ་ཡིན་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་དབྱེར་མེད་པས་སྣང་བ་སེམས་ཀྱི་རོལ་པར་འདོད་པ་སྟེ། རང་རྩལ་ལྷུན་གྲུབ་ཀྱི་གདངས་ལས་འཁོར་འདས་གཉིས་སུ་ཤར་ཡང་ཤར་མཁན་ལ་ངོ་བོ་མེད་པས་ཤར་སར་རང་གྲོལ་དུ་འགྲོ་བ་འདིའི་ཁྱད་པར་གྱི་ཆོས་སོ། །གཉིས་པ་ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་དུ་འུབ་ཆུབ་པས་གཉེན་པོའི་མཐའ་ལས་གྲོལ་བ་བྱ་བྲལ་ཀློང་གི་སྡེས་ནི། རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་ཡངས་བར་ཆོས་ཅན་ཇི་ལྟར་སྣང་བ་ཐམས་ཅད་རང་སྣང་བཀོད་པའི་རྒྱན་ཙམ་ལས་འཆིང་གྲོལ་དང་། ཤར་བྱ་ཤར་བྱེད་དུ་མ་གྲུབ་པས། སེམས་སྡེ་ལྟར་རྩལ་དང་རོལ་པར་སྣང་བར་མི་བཞེད་ཅིང་། ལྟོས་གྲུབ་དང་ཡོད་མེད་དང་། ཡིན་མིན་དང་། དག་མ་དག་གང་དུའང་མི་དཔྱོད་པར་ཡེ་གྲོལ་ཕྱོགས་འབྱམས་ཆེན་པོར་གཏན་ལ་འབེབས་པའོ། །དེ་ལ་བྱེ་བྲག་ཏུ་དབྱེ་ན་བཞི་སྟེ། དང་པོ་ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བ་ནི། རང་བྱུང་གཉུག་མའི་ཡེ་ཤེས་དེ་ཉིད་འགྱུར་མེད་རྒྱུ་དང་རྐྱེན་ལས་འདས་པའི་རང་བཞིན་ཕྱོགས་ཆར་མེད་པས་ཆོས་ཅན་དང་ཆོས་ཉིད་གཉིས་ཀར་མི་ལྟོས་པར་འདོད་པའོ། །གཉིས་པ་ཀློང་ཁྲ་བོ་སྣ་ཚོགས་སུ་སྨྲ་བ་ནི། རང་བྱུང་གི་ཡེ་ཤེས་དེ་ཉིད་ཀྱི་རོལ་པར་སྣང་བ་རྣམས། ཡིན་སྣ་ཚོགས་རང་ཤར་དུ་སྣང་བ་ཆོས་ཉིད་ཀྱི་རྒྱུན་དང་རོལ་པ་ལ། མིན་ཕྱོགས་མེད་ཀུན་ཁྱབ་ཏུ་ཤར་བ་རོལ་པ་དགག་སྒྲུབ་ལས་འདས་པར་འདོད། གསུམ་པ་ཀློང་དཀར་པོ་སེམས་སུ་སྨྲ་བ་ནི། རང་བྱུང་རིག་པའི་ངང་ལས་ཕྱི་སྣང་བ་དང་། ནང་རིག་པར་ཤར་པ་ཐམས་ཅད་སེམས་ཀྱི་རོལ་པ་སྟེ། སྣང་བ་དང་རྐྱེན་རང་སར་གྲོལ་བས་བྱར་མེད་ཀ་ནས་དག་སྟེ། གནས་ལུགས་ལ་བསྒྲུབ་ཏུ་མེད་པར་འདོད་པའོ། །བཞི་པ་ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟློ་བ་ནི། རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་སྣང་བའི་ཆོས་ཐམས་ཅད་པར་སེམས་ཀྱིས་ཤེས་ལ། མི་སྣང་བར་གནས་ལུགས་ཀྱིས་ཤེས་པར་འདོད་པའོ། །དེ་དག་ལ་ནང་གསེས་ཀྱི་དབྱེ་བ་ཞིབ་ཏུ་བྱེད་ན་བཅུ་གཉིས་ཡོད་ཀྱང་། དེ་དག་བསྡུ་ན་རོལ་བ། རྒྱན། ཆོས་ཉིད་བྱ་བྲལ་གྱི་ཀློང་བཞིར་འདུས་པ་ལས། རོལ་པའི་ཀློང་ནི། སེམས་ཀྱི་རོལ་བ་འགགས་མེད་དུ་ཤར་བའི་ངག་ནས་འཕོ་འགྱུར་མེད་པས་ཅི་ཡང་ཡིན་ལ། དངོས་མེད་ཀྱི་རོལ་པ་མཐར་འཛིན་དུ་མ་གྲུབ་པས་གང་ཡང་མིན་ལ། ཕྱོགས་ཡན་ནམ་མཁའ་དང་འདྲ་བའི་དགོངས་པའོ། །རྒྱན་གྱི་ཀློང་ནི། སྣང་བ་སེམས། སེམས་ཉིད་རང་བྱུང་། རང་བྱུང་བཅོས་བསླད་མེད་པའི་རྒྱན་དུ་ཡེ་ཤར་ཏེ། སྐྱེ་མེད་ཀྱི་ངག་ལས་འགག་མེད་དུ་ཤར་བས་སྣང་སེམས་མི་དགག་མི་སྒྲུབ་རང་འགྲོས་རང་བཞག་རང་གསལ་ཆེན་པོའི་དགོངས་པའོ། །ཆོས་ཉིད་ཀྱི་ཀློང་ནི། སྐྱེ་འགག་དང་བྲལ་བའི་ཆོས་ཉིད་ཀྱི་རང་ལས་རོལ་པའམ་རྩལ་སྣ་ཚོགས་སུ་སྣང་ཡང་། འབྱུང་བཞིའི་འཕོ་འགྱུར་ནམ་མཁའི་དབྱིངས་ལས་མ་གཡོས་པ་བཞིན་དུ། ཆོས་ཉིད་ཡེ་སྟོང་ཡེ་གྲོལ་ཡེ་བཞག་ཆེན་པོའི་ངང་དུ་སྤང་བླང་རེ་དོགས་དང་བྲལ་བར་ཕྱམ་གདལའོ། །བྱ་བ་དང་བྲལ་བའི་ཀློང་ནི། ཆོས་གང་ལའང་ཆེད་དུ་འབད་རྩོལ་གྱི་བླང་དོར་མི་དགོས་ཏེ། མ་བྱས་ཡེ་ཟིན། མ་གྲོལ་ཡེ་གྲོལ། མ་སྦྱངས་ཡེ་དག །མ་བསྒྲུབས་ཡེ་གྲུབ་ཏུ་འདུས་པ། ནམ་མཁའ་ལྟར་འཕོ་འགྱུར་བཅོས་སླད་མེད་པར་འདོད་པའོ། །གསུམ་པ་དོན་རང་གི་མཚན་ཉིད་ཡིན་ལུགས་ལྟར་གཏན་ལ་འབེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བས་སྔ་མ་གཉིས་ལས་ཀྱང་ཁྱད་པར་དུ་འཕགས་པ་མན་ངག་གི་སྡེ་པ་ནི། གདོད་མ་ཉིད་ནས་གྲོལ་ཞིང་ཀ་ནས་དག་པའི་ཆོས་ཉིད་ལ་ཉི་ཚེ་བའི་བལྟ་བྱའི་ཡུལ་དང་། ལྟ་བྱེད་ཀྱི་ཤེས་པ་གཉིས་སུ་མ་ཆད་པས་འཁྲུལ་མ་འཁྲུལ་དང་། རྟོགས་མ་རྟོགས་སུ་སྒྲུབ་པའི་ལྟོས་གཞི་དང་། ལྟོས་སའི་ཆོས་ལས་ལོག་པས། རང་གི་ངོ་བོ་སྤྲོས་བྲལ་གྱི་ཆ་ནས་ཤེས་བྱ་ཤེས་བྱེད་ཀྱི་ཡུལ་ཡུལ་ཅན་གཉིས་ཀ་ཡང་དག་པ་མ་ཡིན་པར་མཉམ་ཞིང་། ཐ་སྙད་ཙམ་དུ་བཏགས་པ་ལས། དེར་འཛིན་གྱི་བསམ་བརྗོད་ལས་ཡང་དག་པར་འདས་པ་ན། བློ་དང་ཡིད་དཔྱོད་ལས་འདས་པའི་དོན་གནད་ཐོག་ཏུ་འབེབས་པ་མེ་བཙའ་ལྟ་བུ་སྟེ། དེ་ལ་དབྱེ་ན་གསུམ། དང་པོ་ཁ་འཐོར་ནི་ངོ་བོ་བློ་འདས་རང་བྱུང་གི་ཡེ་ཤེས་གནད་ལ་བརྟེན་ནས་སྐད་ཅིག་ལ་འཆར་བར་བྱེད་པའོ། །གཉིས་པ་ཁ་གཏམ་ནི། ངོ་བོ་བློ་བྲལ་མ་འཁྲུལ་བ། རང་བཞིན་རྣམ་རྟོག་གི་ཁུང་རྡིབ་པ། མཚན་ཉིད་གཉིས་མེད་ངོས་བཟུང་དང་བྲལ་བའོ། །གསུམ་པ་རྒྱུད་རང་གཞུང་དུ་བསྟན་པ་ནི། ངོ་བོ་ཀ་ཐམས་ཅད་ཀྱི་བྱུང་སར་གྱུར་པ། རང་བཞིན་འཁོར་འདས་དང་བྲལ་བས་སྤང་བླང་བྱ་རྩོལ་མེད་པ། ཆོས་ཉིད་སྒྲ་ཚིག་ཏུ་མི་གནས་པས་སྟོང་ཉིད་རྩོད་གཞི་དང་བྲལ་བའོ། །དེ་དག་ལའང་ནང་གསེས་ཀྱི་དབྱེ་བ་མང་ཡང་གཙོ་བོར་ཕྱི་མའི་བྱེ་བྲག་བསྙན་རྒྱུད་དང་བཤད་རྒྱུད་དུ་གྲགས་པ་ལ་སྐོར་བཞི་སྟེ། ལུས་དང་འདྲ་བ་ཕྱི་སྐོར། མིག་དང་འདྲ་བ་ནང་སྐོར། སྙིང་དང་འདྲ་བ་གསང་སྐོར། ཐམས་ཅད་རྫོགས་པ་དང་འདྲ་བ་ཡང་གསང་བླ་ན་མེད་པའི་སྐོར་ཏེ་བཞིའོ། །དང་པོ་ཕྱི་སྐོར་གྱི་ངོ་བོ་ལ་ཉོན་མོངས་མ་གྲུབ་པས་དུག་ལྔ་ལམ་དུ་ཁྱེར། རང་བཞིན་ལ་རྩོལ་སྒྲུབ་མེད་པས་ཅིར་སྣང་ཆོས་ཉིད་དུ་ཤར། མཚན་ཉིད་ལ་ཕྱོགས་ཆ་མེད་པས་སྟོང་སྣང་གང་དུའང་ཕྱེ་བ་མེད་པའོ། །ནང་སྐོར་གྱི་ངོ་བོ་གཟུགས་ཅན་ལས་འདས་པས་མཚན་མ་མེད་པའི་ཆོས་ཉིད། རང་བཞིན་འགྲོ་འོང་མེད་པས་རྟག་པ་རྒྱུན་གྱི་ཡེ་ཤེས། མཚན་ཉིད་འཁོར་འདས་གཉིས་ཀ་ལ་ཟུག་པས་རྩ་བ་ལྟ་བུ། རང་ངོ་ཐ་དད་དུ་འདྲིལ་བས་སྡོང་བུ་ལྟ་བུ། རྩལ་སྣང་ཅིར་ཡང་རྒྱས་པས་ཡལ་ག །གསལ་ཆ་མི་འགག་པས་མེ་ཏོག །སྣ་ཚོགས་གཅིག་ཏུ་སྨིན་པས་འབྲས་བུ་ལྟ་བུའོ། །གསང་སྐོར་གྱི་ངོ་སྤྲད་པ་དང་རྟོགས་པ་དུས་མཉམ་པས་ཤེས་རབ་གསུམ་ལ་མ་ལྟོས། རང་བཞིན་དབུགས་ཆད་པ་དང་གྲོལ་བ་དུས་མཉམ་པས་གོམ་སྟོབས་ལ་མ་ལྟོས། མཚན་ཉིད་སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་དུས་མཉམ་པས་རྒྱུ་ཚོགས་གཉིས་ལ་མི་ལྟོས་པའོ། །ཡང་གསང་བླ་ན་མེད་པ་ནི། ངོ་བོ་ཤེས་བྱ་མ་ཡིན་པས་ཤེས་བྱེད་ལ་མི་ལྟོས། རང་བཞིན་མངོན་སུམ་མཐོང་བས་ཆོས་ཉིད་ཡིད་དཔྱོད་དུ་མི་གནས། མཚན་ཉིད་སྣང་བ་བཞིས་འབྲས་བུ་ཕྱི་དུས་ལ་རེ་མི་འཆའ་བར་ཚེ་འདི་ཉིད་ཀྱིས་གདོད་མའི་གཞི་དབྱིངས་སུ་སྦྱོར་བའོ། །འདི་དག་གི་དོན་ཞིབ་པར་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པའི་གསང་མཛོད་རྣམས་ལས་རྟོགས་པར་བྱའོ། །ཚུལ་ཁྲིམས་ལ་གཉིས་ཀྱི་སྲུང་དུ་ཡོད་པ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་རེ་རེ་ལའང་དགུ་དགུར་ཕྱེ་བའི་ཉེར་བདུན་ཏེ། དམ་ཚིག་རྣམ་བཀོད་ལས། སྐུ་དང་གསུང་དང་ཐུགས་དག་ལས། །རེ་རེ་ལའང་དགུ་དགུ་སྟེ། །འཇུག་དང་ལས་ཀྱི་རྣམ་པས་ཤེས། །ཞེས་པས། ཕྱི་ལུས་ཀྱི། མ་བྱིན་ལེན། མི་ཚང་སྤྱོད། སྲོག་གཅོད་སྤང་བ་གསུམ། ནང་ཕ་མ་རྡོ་རྗེ་སྤུན་སྲིང་དང་རང་ལུས་ལ་སྨོད་པ། ཆོས་དང་གང་ཟག་ལ་སྨོད་པ། རང་ལུས་ལ་རྡེག་འཚོག་དང་དཀའ་ཐུབ་ཀྱིས་བརྙས་ཤིང་གདུང་བ་སྤོང་བ་གསུམ། གསང་བ་རྡོ་རྗེ་སྤུན་སྲིང་གི་ལུས་ལ་རྡེག་པར་གཟས་ཤིང་རྒྱན་ལ་སྨོད་པ། རྡོ་རྗེ་མཆེད་ལྕམ་ལ་བརྡེག་པ་དང་བླ་མའི་ཡུམ་ལ་གཙེས་པ། བླ་མའི་གྲིབ་མར་འགོངས་པ་དང་སྤྱན་སྔར་ལུས་ངག་གི་བག་མེད་སྤོང་བ་གསུམ་སྟེ་སྐུ་ཡི་དམ་ཚིག་དགུ། ཕྱི་རྫུན་ཕྲ་མ་ཚིག་རྩུབ་སྤོང་བ་གསུམ། ནང་ཆོས་ཀྱི་ཚིག་སྨྲ་བ། དོན་ཡིད་ལ་བསམ་པ། གནས་ལུགས་སྒོམ་པར་བྱེད་པ་རྣམས་ལ་གཤེ་སྐུར་འདེབས་པ་སྤོང་བ་གསུམ། གསང་བ་རྡོ་རྗེ་སྤུན་སྲིང་གི་ཚིག །བླ་མའི་ཕྱག་རྒྱ་དང་ཉེ་འཁོར་གྱི་ཚིག །བླ་མའི་གསུང་རྣམས་ལ་བརྙས་ཤིང་གཅོག་པར་སྤོང་བ་གསུམ་བཅས་གསུང་གི་དགུ། ཕྱི་གནོད་སེམས་རྣབ་སེམས་ལོག་ལྟ་སྤོང་བ་གསུམ། ནང་སྤྱོད་པ་ལོག་པ་བག་མེད། སྒོམ་པ་ལོག་པ་བྱིང་རྒོད་དང་གོལ་སྒྲིབ། ལྟ་བ་ལོག་པ་རྟག་ཆད་མཐར་འཛིན་རྣམས་སྤོང་བ་གསུམ། གསང་བ་ཉིན་ཞག་གི་ཐུན་རེ་རེ་བཞིན་ལྟ་སྒོམ་སྤྱོད་གསུམ་ཡིད་ལ་མ་བྱས་པ། ཡི་དམ་གྱི་ལྷ་ཡིད་ལ་མ་བྱས་པ། བླ་མའི་རྣལ་འབྱོར་དང་མཆེད་ལྕམ་ལ་བརྩེ་གདུང་ཡིད་ལ་མ་བྱས་པ་གསུམ་སྤོང་བ་བཅས་ཐུགས་ཀྱི་དམ་ཚིག་དགུ་སྟེ་ཉི་ཤུ་རྩ་བདུན་ནོ། །བསྲུང་དུ་མེད་པ་ནི། ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། ང་ཡི་དམ་ཚིག་གསང་བ་ནི། །རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་བྱ་བསྲུང་བྱེད་གཉིས་མེད་པས། །ཉམས་དང་མི་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་པའི་དམ་ཚིག་གྲངས། །ང་ཡིས་བསྲུང་བ་མེད་ཅེས་བྱ། །འོག་མའི་དམ་ཚིག་ལས་གྲོལ་ཞིང་། །རང་གི་སྒོ་བསྲུང་ཡངས་པས་ན། །ཕྱལ་བ་ཞེས་སུ་གྲགས་པ་ཡིན། །བསྲུང་དུ་མེད་པའི་དམ་ཚིག་ལ། །འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ཤེས་གཅིག་པུ་བས། །གཅིག་པུ་ཞེས་སུ་བཏགས་པ་ཡིན། །རང་རིག་ཡེ་ཤེས་གཅིག་པུ་ལ། །བྱ་རྩོལ་མེད་པ་ཡེ་བསྲུང་བས། །ལྷུན་གྲུབ་ཅེས་སུ་བཏགས་པ་ཡིན། །ཞེས་པ་ལྟར་ཀ་དག་གི་དམ་ཚིག་མེད་པ་དང་ཕྱལ་བ། ལྷུན་གྲུབ་ཀྱི་དམ་ཚིག་གཅིག་པུ་དང་ལྷུན་གྲུབ་སྟེ། དམ་ཚིག་གི་སྤྱི་སྡོམ་ཆེན་པོ་བཞི་ལ་སོགས་པ་ལས། མི་འདའ་བར་བྱ་བ་སྟེ། ཡང་འབྱེད་འཕྲུལ་ལྡེ་ལས། ཨ་ཏི་ཡོ་གའི་དམ་ཚིག་ནི། །མེད་པ་དང་ནི་ཕྱལ་བ་དང་། །གཅིག་པུ་དང་ནི་ལྷུན་གྱིས་གྲུབ། །དེ་ཡི་དོན་ལས་འདའ་མི་བྱ། །ཞེས་སོ། །སྒོམ་པ་ནི། བསྟན་བཅོས་ཆེན་པོ་ཤེས་བྱ་ཀུན་ཁྱབ་ལས། སྒོམ་པ་སེམས་བདེ་རིག་སྟོང་ཆོས་ཀྱི་སྐུར། །ཀློང་སྡེ་ཆོས་ཉིད་བྱ་རྩོལ་མེད་པའི་ངང་། །མན་ངག་ཡེ་གྲོལ་སྤང་བླང་བྲལ་བར་འཛེག །ཅེས་གསུངས་པ་ལྟར་རྫོགས་ཆེན་སྡེ་གསུམ་ལས། དང་པོ་སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཆོས་ཀྱི་སྐུར་གཏན་ལ་ཕབ་ནས་རིག་སྟོང་ཆོས་སྐུའི་ངང་དུ་བསལ་བཞག་མེད་པར་སྐྱོང་བ་སེམས་སྡེ་བས་ནི། ཆོས་སུ་ཇི་ལྟར་སྣང་བ་ལ་ཆོས་ཉིད་ཀྱི་ཕྱག་རྒྱས་ཕར་རྒྱས་མི་འདེབས་པར་ཆོས་ཅན་ཇི་ལྟར་སྣང་བ་འདི་ཀུན་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་རྫོགས་པས་རྩལ་ལམ་རོལ་པ་ཙམ་དུ་སྣང་རིག་ངོས་བཟུང་དང་བྲལ་བའི་དབྱིངས་སུ་སྐྱོལ་བར་བྱེད་པ་སྟེ། སྣང་བ་ཐམས་ཅད་སེམས་ཀྱི་རང་རྩལ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡིན་པ་ལ་ཡིན་པར་ཤེས་ནས། དེའི་ངོ་བོར་བཟོ་བཅོས་རྩིས་གདབ་མེད་པར་རྣལ་མ་གཞི་ཐོག་ཏུ་འཇོག་པས་འཁྲུལ་པའི་སྣང་བ་མ་སྤང་རང་ཐོག་ཏུ་གྲོལ། བསྒོམ་བྱའི་ཡུལ་སྟོང་པར་རྟོགས་པས་སྒོམ་མ་མྱོང་། འཁྲུལ་པའི་ཕུག་རྡེབ་པས་དོན་དང་འབྲལ་མ་མྱོང་བའི་ཕྱིར་རང་སྣང་རིས་མེད་རིག་སྟོང་ཆོས་སྐུའི་ངང་དུ་བཞག་བྱ་འཇོག་བྱེད་དང་བྲལ་བ་ལྷུན་གྲུབ་མཉམ་པ་ཆེན་པོའི་ངང་དུ་འཇོག་པའོ། །དེ་ལྟར་ཡང་། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་དང་། དྲན་བསམ་ཡིད་ལ་འགྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངག་ལས་མ་ཡེངས་པས། །གང་ལྟར་བསམ་ཀྱང་སྒོམ་པ་ཡིན་ཤེས་ན། །མ་བསྒོམ་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཅེས་གསུངས། གཉིས་པ་རང་བྱུང་གི་ཡེ་ཤེས་དང་དེ་ལས་ཤར་བའི་ཆོས་ཐམས་ཅད་ཡེ་གྲོལ་རང་དག་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ནས་འགྲོ་ས་གཞན་མེད་པར་གཏན་ལ་ཕབ་ནས་ཆོས་དམིགས་མེད་བྱ་རྩོལ་དང་བྲལ་བའི་ངང་དུ་སྐྱོང་བ་ཀློང་སྡེ་བས་ནི། ད་ལྟའི་དུས་སུ་སྨིན་གྲོལ་གྱི་རྒྱུན་བཞུགས་རྡོ་རྗེ་ཟམ་པ་ལྟར་ན། ལྟ་བ་མ་ནོར་བ། སྒོམ་པ་མ་བཅོས་པ། སྤྱོད་པ་བསམ་ལས་འདས་པ། འབྲས་བུ་བློ་དང་བྲལ་བ་བཞིར་གནད་དུ་འདུ་ཞིང་། དེ་ཡང་གནད་བཞི་དང་ལྡན་པའི་ཚུལ་བཞིས་དབང་བཞིའི་དོན་ལམ་དུ་བྱེད་པ་སྟེ། དབང་པོ་རང་ཡན་གསལ་བའི་གནད། སྒྲོན་མ་མི་འགུལ་སྟོང་པའི་གནད། ཐུང་སེར་གྱེན་འཐེན་བདེ་བའི་གནད། སྨྲ་བྱེད་མ་རེག་དབྱེར་མེད་པའི་གནད་བཞིས། ཡེ་ཤེས་ཀྱི་ཚུལ། དབྱིངས་ཀྱི་ཚུལ། བདེ་བའི་ཚུལ། ཆོས་ཉིད་ཀྱི་ཚུལ་ཏེ་རྡོ་རྗེའི་ཚིག་རྐང་གིས་བསྟན་པའི་བརྡའ་བཞིའམ་ཚུལ་བཞི་གནང་དང་འབྲེལ་བར་གཟིར་ཏེ། དབང་བཞིའི་ཡེ་ཤེས་དང་པོས་གསལ་བ་བུམ་དབང་། གཉིས་པས་སྟོང་པ་གསང་དབང་། གསུམ་པས་བདེ་བ་ཤར་དབང་། བཞི་པས་ཆོས་ཉིད་བཞི་བའི་དོན་དམ་དུ་བྱེད་པ་སྟེ། རྒྱུད་ལས། མ་ནོར་བ་ཡི་ཆོས་ཉིད་ལ། །མ་བཅོས་གནས་ཤིང་མ་བྱས་གསལ། །མ་འགགས་པ་ཉིད་ཡེ་ཤེས་ཀློང་། །དེ་བཞིན་ཉིད་ཀྱི་གནས་འདི་ལ། །ཡེངས་དང་མ་ཡེངས་མེད་པ་དང་། །གཡོ་དང་མི་གཡོ་མེད་པའི་ཕྱིར། །རྒྱལ་བའི་དགོངས་པ་འདི་ལས་མེད། །ཞེས་གསུངས། འཇོག་ཐབས་ཀྱི་གནད་མདོར་བསྡུ་ན། བྱས་གྲོལ། བཞག་གྲོལ། གཅེས་གྲོལ་གསུམ་དུ་འདུ་ཞིང་དེ་དག་གི་དོན་ཡང་དམིགས་གཏན་ལ་བྲལ་བའི་གནད་ཟབ་མོས་ཆོས་ཉིད་བྱ་རྩོལ་མེད་པའི་ངང་དུ་འཇོག་པ་ལ་འདུའོ། །གསུམ་པ་ཡེ་གྲོལ་སྤང་བླང་བྲལ་བའི་ཆོས་ཉིད་ཀྱི་ངང་དུ་འཇོག་པ་མན་ངག་གི་སྡེ་ལ་ཕྱི་ནང་གསང་བ་ཡང་གསང་བཞི་ལས། འདིར་ཡང་གསང་བླ་མེད་ཀྱི་དབང་དུ་བྱས་ན། ཡེ་གྲོལ་སྤང་བླང་བྲལ་བ་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་སྟོང་འཛིན་དང་བྲལ་བའི་ངང་དུ་སྐྱེལ་བའི་གནད་ཀྱིས། འཁོར་འདས་གང་དུའང་མ་ཕྱེ་བའི་རིག་པ་ཆོས་ཉིད་ཀྱི་ཡུལ་ལ་མངོན་སུམ་དུ་ཤར་ནས། རང་རིག་ལུ་གུ་རྒྱུད་ཀྱི་སྐུར་སྨིན་པས་གནད་ཐོག་ཏུ་གྲོལ་བར་བྱེད་པ་གནད་ལ་ཐེབ་པ་མེ་བཙལ་ལྟ་བུ་སྟེ། དེ་ལའང་སེམས་གཞི་མེད་རྩ་བྲལ་ཀ་དག་ཏུ་གཏན་ལ་ཕབ་ནས། སྣང་སེམས་ཐམས་ཅད་ཡེ་གྲོལ་སོར་བཞག་ཆེན་པོ་ཁྲེགས་ཆོད་ཀྱི་ཉམས་ལེན་དང་། ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་དེ་བཞིན་གཤེགས་པའི་གསང་མཛོད་སྒོ་ཕྱེ་ནས། རང་གནས་ཀྱི་ཡེ་ཤེས་འོད་གསལ་ལྷུན་གྲུབ་ཀྱི་དཀྱིལ་འཁོར་དུ་ཞལ་ལྟ་བ་ཐོད་རྒལ་གྱི་ཉམས་ལེན་དང་གཉིས་ཡོད་དེ། མུ་ཏིག་ཕྲེང་བ་ལས། ཉམས་བླང་ཁྲེགས་གཅོད་ཐོད་རྒལ་ལོ། །ཞེས་གསུངས་དེ་ལས་དང་པོ་ཁྲེགས་ཆོད་ཀྱི་ཉམས་ལེན་ནི། རང་བྱུང་གཞིར་གནས་ཀྱི་རིག་པ་བྱང་ཆུབ་ཀྱི་སེམས་རང་གི་ངོ་བོ་ཡེ་གདོད་མ་ནས་འཁོར་བའི་ཆོས་གང་གིས་ཀྱང་མ་གོས་པས་སྲིད་པའི་ཉེར་ལེན་གྱི་རྒྱུ་ཟད་པས་ཡེ་གྲོལ། གཉེན་པོ་གང་གིས་ཀྱང་མ་བཅོས་པར་གང་ཤར་ཐམས་ཅད་སྦྲུལ་མདུད་རང་ཞིག་པ་བཞིན་འགྲོལ་བྱེད་གཞན་ལ་མ་ལྟོས་པས་རང་གྲོལ། ཚོགས་བརྒྱད་ཀྱི་ཤེས་པ་ཐམས་ཅད་ཀྱང་ཡུལ་ཡུལ་ཅན་གཉིས་སུ་མེད་པ་སྐད་ཅིག་ཉིད་ལ་ཐོག་བབ་ཆེན་པོར་རང་བཞིན་གྱིས་གྲོལ་བས་གཅེར་གྲོལ། དུས་གསུམ་དང་ཤེས་བྱ་གང་དུའང་མི་གནས་པས་མཐའ་གྲོལ་ཏེ། དེ་ལྟར་གྲོལ་ལུགས་ཆེན་པོ་བཞིའི་ངང་དུ་གནས་པ་ནི་ལམ་འདི་ཉིད་ཀྱི་ཁྱད་པར་གྱི་ཆོས་སུ་ངེས་པ་རྙེད་ནས། ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ཡེ་གདོད་མའི་ཀ་དག་གི་གནས་ལུགས་ཇི་ལྟ་བ་དེ་ད་ལྟ་མངོན་སུམ་རང་ཐོག་ཏུ་ངོ་ཤེས་པས་ངོ་རང་ཐོག་ཏུ་འཕྲོད། ཡུལ་གྱི་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་མ་ཞུགས་པའི་རིག་པ་དེ་ཉིད་ཇི་ལྟར་འདུག་ཀྱང་ཆོས་སྐུ་རང་བྱུང་གི་ཡེ་ཤེས་ལས་མ་འདས་པས་ཐག་གཅིག་ཐོག་ཏུ་ཆོད། ཅི་སྣང་ཅི་ཤར་ཐམས་ཅད་དང་པོ་ཆོས་ཉིད་ཀྱི་རྩལ་དུ་བྱུང་ད་ལྟ་ཆོས་ཉིད་ཀྱི་ངང་ལ་གནས། མཐར་ཆོས་ཉིད་ཀྱི་ངང་དུ་ཐིམས་པས་གདེང་གྲོལ་ཐོག་ཏུ་བཅའ། དེ་དག་གི་བོགས་འདོན་དུ་ཕྱི་ནང་གསང་བའི་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་པ་སོགས་ལ་རྣལ་འབྱོར་དུ་བྱ་བ་སྟེ། མདོར་ན་རི་བོ་ཅོག་བཞག་གི་ལྟ་བས་རང་བྱུང་གི་ཡེ་ཤེས་རིག་སྟོང་ཆོས་སྐུའི་ངོ་བོར་ཐག་བཅད། རྒྱ་མཚོ་ཅོག་བཞག་གི་སྒོམ་པས་རང་གྲོལ་སོར་བཞག་སྣང་སེམས་ཆིག་ཆོད་དུ་གྲོལ་བ་དུ་མ་རོལ་མཉམ་ཆེན་པོར་འགག་བསྡམ། སྣང་བ་ཅོག་བཞག་གི་སྤྱོད་པས་སྐྱེས་གྲོལ་ཐུགས་ཕྲད་རིས་མེད་དུ་སྦྱང་བས་བོག་དབྱུང་། རིག་པ་ཅོག་བཞག་གི་འབྲས་བུས་རང་རྫོགས་ལྷུན་གྲུབ་ཆེན་པོ་ལ་རེ་དོགས་ཀྱི་འཕྲང་མི་བཅའ་བ་དང་བཞིར་འདུའོ། །དེ་ལྟར་ཡང་། ཁྱུང་ཆེན་ལས། ལྷུན་གྱིས་གནས་པས་བཞག་པ་ཡིན། ཞེས་དང་། སློབ་དཔོན་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་གནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགག་མེད་པ་ནམ་མཁའ་འདྲ། །ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ནས། །དེ་ཉིད་མ་བཙལ་བཞག་ན་སྒོམ་པ་ཡིན། །ཞེ་ཨ་ཏི་ཟབ་དོན་སྙིང་པོར་གསུངས་སོ། །དེ་ལྟར་བསྒོམས་པས་ཉམས་ཀྱི་སྐྱེ་རིམ་ཡང་བཞི་སྟེ། མཉམ་དང་མི་གཡོ་མཉམ་ཉིད་ལྷུན་གྱིས་གྲུབ། །ཅེས་པས། དང་པོ་གནས་པའི་ཉམས་ཤེས་པ་ཡུལ་ཕྱིར་མི་འགྲོ་བ་རྩེ་གཅིག་ཐུན་ཐུབ་པ། གཉིས་པ་མི་གཡོ་བའི་ཉམས་ཏིང་ངེ་འཛིན་ལ་བྱིང་རྒོད་ལ་སོགས་པའི་རྐྱེན་དང་བྲལ་བ། གསུམ་པ་མཉམ་པ་ཉིད་ཀྱི་ཉམས་འཁོར་འདས་རོ་མཉམ་པའི་མཉམ་བཞག་ནམ་མཁའ་ལྟ་བུ་དང་རྗེས་ཤེས་སུ་སྒྱུ་མ་ལྟ་བུ་ཁོང་དུ་ཆུད་པས་འཇིགས་བྲལ་གྱི་གདེང་ཐོབ་པ། བཞི་པ་ལྷུན་གྱི་གྲུབ་པའི་ཉམས་ཏིང་ངེ་འཛིན་ཐུན་མཚམས་ལས་འདས་ཤིང་བློ་ཟད་ཆོས་ཟད་དུ་སོང་བའོ། །གཉིས་པ་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ནི། ཐོག་མར་སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བཞིའི་སྒྲ་དོན་ལ་བསླབ་པ། རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ། སེམས་ཀྱི་སྣ་ཁྲིད་པར་བྱེད་པ་སྒོ་གསུམ་གྱི་སྔོན་འགྲོ་རྣམས་ལེགས་པར་འབྱོངས་ནས། དངོས་གཞི་ལ། རིག་པ་མི་གནས་པ་གནས་པར་བྱ་བའི་གདམས་ངག་གི་ཤེས་པ་བག་བཙལ་བས། རིག་པ་མ་ཟིན་པ་ཟིན་པར་བྱ་བའི་གདམས་ངག་གི་གནད་རྣམས་པ་གསུམ་ལ་མཁས་པར་བྱ་བ། རིག་པ་མི་བརྟན་པ་བརྟན་པ་བརྟན་པར་བྱ་བའི་གདམས་ངག་གིས་ཡུལ་དང་ཤེས་པ་བསྲེ་བ། རིག་པ་མ་སྐྱེས་པ་སྐྱེས་པར་བྱ་བའི་གདམས་ངག་གིས་སྣང་བའི་ཚད་བཟུང་བ། རིག་པ་མ་ཤེས་པ་ཤེས་པར་བྱ་བའི་གདམས་ངག་གིས་དྲོད་ཚད་གཏན་ལ་དབབ་པ། རིག་པ་མ་གྲོལ་བ་གྲོལ་བར་བྱ་བའི་གདམས་ངག་གིས་སྐུ་གསུམ་གྱི་ས་ལ་གོམས་པར་བྱ་བ་སྟེ་གནད་ཆེན་པོ་དྲུག་གི་སྒྲོམ་དུ་གཞུག་པའམ། ཡང་ན། བཅའ་བ་ལུས་ཀྱི་གནད་གསུམ། འཁྲིད་པ་དབྱིངས་ཀྱི་གནད་གསུམ། སྣང་བ་ཡུལ་གྱི་གནད་གསུམ་སྟེ་གནད་གསུམ་མམ་དགུ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་ཕབ་སྟེ་ཉམས་སུ་བླང་བས་སྣང་བཞི་རིམ་གྱིས་འཆར་ཏེ། ཤེས་རབ་རང་བྱུང་གི་སྒྲོན་མ་སྤྲོས་བྲལ་གཉུག་མའི་ཡེ་ཤེས་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་རིག་སྟོང་ཟང་ཐལ་དུ་རྟོགས་པ་དེའི་དབྱིངས་ནས་འོད་གསལ་གྱི་སྣང་བ་དཔག་ཏུ་མེད་པ་འཆར་བའི་སྐབས་སུ། རྒྱང་ཞགས་ཆུའི་སྒྲོན་མ་འོད་རྩ་དར་དཀར་གྱི་རྐུད་པ་ལྟ་བུས་རིག་གདངས་འཆར་བའི་སྒོ་ཕྱེས། དག་པ་དབྱིངས་ཀྱི་སྒྲོན་མ་འོད་ལྔ་འཇའ་ཚོན་གྱི་སྣང་བས་ཞིང་ཁམས་དང་གཞལ་ཡས་ཀྱི་རྒྱན་བཀྲམ་ནས། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཁྱིམ་ཟླུམ་པོའི་རྣམ་པ་ལས་ཞི་ཁྲོའི་དཀྱིལ་འཁོར་དུ་འཆར་བ་སྟེ། དེ་ཡང་དང་པོ་ཆོས་ཉིད་མངོན་སུམ་གྱི་སྐབས་སུ་རྒྱུ་ཡིས་མ་བསྐྱེད་པའི་འོད་ལྔ་འཇའ་ཚོན་གྱི་སྣང་བ་དབྱིངས་སུ་ཤར་ནས་ཞིང་ཁམས་ཀྱི་སྒོ་ཕྱེ། དེ་ལས་ཆེར་མཆེད་དེ་ཐིག་ལེ་སྐུ་རུ་སྨིན་དུ་ཉེ་བ་ཉམས་གང་འཕེལ་སྤྲུལ་སྐུ། རྐྱེན་གྱིས་མ་བསྐྱེད་པའི་སྣང་ཉམས་རིགས་ལྔའི་ཚོམ་བུའི་སྐུ་རུ་སྨིན་པ་རིག་པ་ཚད་ཕེབས་ལོངས་སྐུ། དེ་ནས་སྣང་བ་ཐམས་ཅད་ཐིག་ལེ་གཅིག་གི་དཀྱིལ་འཁོར་དུ་དག་ནས་བློས་བཏག་པའི་ཆོས་སོ་ཅོག་ཐམས་ཅད་ཟད་ཅིང་ཆོས་ཉིད་དུ་འཛིན་པ་ཙམ་ཡང་ཟད་པས་ཆོས་སྐུའི་སྣང་བ་མཐོང་སྟེ། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་མཐོང་བ་ཡིས། །ཡིད་དཔྱོད་འཛིན་པའི་མཐའ་ལས་འདས། །ཉམས་སྣང་གང་དུ་འཕེལ་བ་ཡིས། །འཁྲུལ་པའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་འཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད། །ཅེས་གསུངས། རྗེས་མཐའ་རྟེན་གྱི་མན་ངག་མི་འགུལ་བ་གསུམ་ལ་གཞི་བཅའ། སྡོད་པ་གསུམ་གྱི་ཚད་བཟུང་། ཐོབ་པ་གསུམ་གྱིས་གཟེར་གདབ་གདེང་བཞིའི་གྲོལ་ཚད་བསྟན་པ་དང་བཞིས་མཐར་དབྱུང་བ་སྟེ། དེ་དག་གི་གནད་ཟབ་མོ་རྣམས་ནི་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་སོགས་གསང་བ་སྙིང་ཐིག་གི་གཞུང་ཁྲིད་རྣམས་ལས་ཤེས་པར་བྱ་དགོས་ལ། འདིར་མངོན་སུམ་འོད་གསལ་ལ་ལྟ་བའི་རིག་པ་སྐད་ཅིག་དེ་ཉིད་ལ་ཁམས་གསུམ་པའི་སེམས་སེམས་བྱུང་ཀུན་གཞི་དང་བཅས་པ་ལྡོག་ཚུལ། ཡེ་ཤེས་ཀྱི་ངོ་བོ་ལ་དགོངས་པའི་ཚང་ཚུལ། འོག་མ་སྙིང་པོ་གོང་མར་འདུ་ཚུལ་གསུམ་བརྩི་ན། དང་པོ་མངོན་སུམ་ལ་བལྟས་པས་ནང་ཀུན་རྟོག་གི་འཕྲོ་འདུ་མེད་པས་འདོད་པའི་སེམས་ལོག །གསལ་བའི་ངང་ལ་གསལ་བར་འཇོག་བྱེད་ཀྱི་གཉེན་པོ་མེད་པས་གཟུགས་ཀྱི་སེམས་ལོག །རྟོག་མེད་རྩེ་ཅིག་ལ་ཆོས་ཉིད་དུ་ཞེན་པའི་བློ་མེད་པས་གཟུགས་མེད་ཀྱི་སེམས་ལོག །དྭངས་ལ་རིག་པའི་ཕྱིར་ཀུན་གཞི་ལས་ལོག །རང་བྱུང་གི་ཡེ་ཤེས་སུ་ཐག་ཆོད་པས་ཀུན་གཞིའི་རྣམ་ཤེས་ལས་ལོག །སྣང་བ་འོད་གསལ་གྱི་ཡུལ་ལས་ཐ་མལ་གྱི་རྫས་སུ་སྣང་བ་མེད་པས་སྒོ་ལྔའི་རྣམ་ཤེས་ལས་ལོག །དེའི་ཚེ་དཔྱོད་བྱེད་ཀྱི་རྟོག་པ་དང་ཆགས་སྡང་གི་ཀུན་རྟོག་མེད་པས་ཡིད་ཤེས་དང་ཉོན་ཡིད་ལས་ལྡོག་སྟེ། མདོར་ན་ཁམས་གསུམ་གྱི་སེམས་དང་སེམས་བྱུང་ཐམས་ཅད་ལས་རྣམ་པར་གྲོལ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཞི་བ་ཉིད་ལས་གཞན་མ་ཡིན་པས་མཐར་ཐུག་པ་སྟེ། དེའི་ཕྱིར་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། ཞི་བའི་བློ་གྲོས། དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་འདི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ། ཏིང་ངེ་འཛིན་གྱི་གནད་ཀྱང་མི་འདོར་ལ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་པའི་ཕྱིར་རོ། །གང་དག་སྔགས་ཀྱི་གྲུབ་མཐའ་རྒྱུད་སྡེ་འོག་མ་རྣམས་སུ་རོ་རྐྱང་གི་རླུང་དབུ་མར་ཚུད་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འདོད་པ་གང་ཞིག་ཀུན་གཞིའི་ཚོགས་བརྒྱད་ལས་མ་ལོག་སྟེ། ཚོར་བ་བདེ་བ་ནི་ཡིད་དང་ཉོན་ཡིད་ཀྱིས་རྗེས་སུ་བསྐྱེད་ཅིང་། དྭངས་མ་ཕྱེད་པའི་སེམས་རྟོག་མེད་ཀུན་གཞི། ཅུང་ཟད་གསལ་དྭངས་ཙམ་ཀུན་གཞིའི་རྣམ་ཤེས། གཟུགས་སོགས་ཡུལ་ལྔ་རགས་པ་དང་དབང་ཤེས་སོ་སོ་ལ་སྣང་བ་སྒོ་ལྔའི་རྣམ་ཤེས་ལས་མ་འདས་པས། དེ་དག་མ་ལོག་ན་འཁོར་བ་ལས་མི་གྲོལ་ཏེ། འཁོར་བའི་སེམས་ལས་མ་གྲོལ་བའི་ཕྱིར་རོ། །ཡང་དེ་དག་རྩ་རླུང་ཐིག་ལེ་རོ་གཅིག་ཏུ་འདྲེས་པའི་དགའ་བ་རྣལ་མའི་དོན་དུ་འདོད་པས། རླུང་དང་ཁམས་རྣམས་རོ་རྐྱང་ནས་དབུ་མར་འཇུག་ཅིང་རྩ་མདུད་རེ་གྲོལ་སྟོབས་ཀྱིས་ཡོན་ཏན་རེ་འཆར་བར་འདོད་པས་གེགས་མང་ལ། འགྲོ་དྲུག་གི་རྩ་འདབ་ཏུ་རླུང་previous hit སེམས་ཞུགས་པས་མ་དག་པའི་འཁྲུལ་སྣང་མང་པོ་འཆར next hit་བའི་ཕྱིར་གོལ་མ་གོལ་གྱི་གནད་ཀྱང་དེ་ཡིན་ལ། འདིར་ནི་ལས་རླུང་རྣམས་རང་ཞིར་འཇོག་པ་ལས་དབུ་མར་འཇུག་པ་སོགས་ཀྱི་རྩོལ་བ་མེད་ལ་རྩ་འདབ་སོ་སོའི་རླུང་རང་དག་ལ་སོང་དུས། འོད་རྩའི་ཡེ་ཤེས་ཀྱི་རླུང་རང་ས་ན་རང་གསལ་བས་དག་པ་ཡེ་ཤེས་ཀྱི་སྣང་བ་སྐུ་དང་ཞིང་ཁམས་དང་འོད་ཀྱི་རང་བཞིན་ལས་མ་དག་པའི་འཁྲུལ་སྣང་འཆར་བའི་སྐབས་མེད་ཅིང་། དབུ་མའི་འོད་རྩ་རྣམས་འཕེལ་བས་རྩ་མདུད་ཀྱི་རྣམ་པ་རྣམས་རིམ་གྱིས་འོད་དུ་ཡལ་བའི་ཡོན་ཏན་ལས་སའི་མངོན་རྟོགས་རྣམས་རང་སྣང་དུ་འཆར་རོ། །དེ་ཡང་རྩ་མདུད་དང་པོ་གཉིས་འོད་དུ་གྲོལ་བས། ཕྱིར་སྣང་འོད་ཀྱི་ནང་དུ་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་འཆར་བ་དང་དེ་དག་ཏུ་འོད་ཟེར་འབྱེད་པ་དང་། རང་སྣང་དུ་འདུས་པས་བགྲོད་པ་དང་། ལུས་འགུལ་བས་ཞིང་བརྒྱ་གཡོ་བ་དང་། ནང་དུ་ཆོས་ཉིད་མི་རྟོག་པའི་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་བ་སོགས་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་འབྱུང་ཞིང་། དེས་མཚོན་ཏེ་དབུ་མའི་འདུད་པ་གཉིས་གཉིས་གྲོལ་བ་ལས་ས་གོང་མ་གོང་མའི་ཡོན་ཏན་རྣམས་རྩོལ་བ་མེད་པར་སྣང་བའི་ཕྱིར་འོག་མ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་ཤིང་མྱུར་བའི་ལམ་ཡིན་ནོ། །འདི་ལ་ཁ་ཅིག་འདི་སྙམས་དུ། དུས་འཁོར་གྱི་སྟོང་གཟུགས་སོགས་སྒོམ་པ་ལས་བྱུང་བས་མཆོག་ལ། རྫོགས་ཆེན་ཐོད་རྒལ་བསྒོམ་པ་ལའང་འཆར་བས་དམན་སྙམ་པ་དང་། དུས་འཁོར་གྱི་བདེ་སྟོང་ཟུང་འཇུག་བསྒོམ་པས་སྐྱེ་ལ། རྫོགས་ཆེན་རིག་པ་བསྒོམ་མི་དགོས་པར་ངོ་སྤྲད་པས་དམན་ནོ་སྙམ་པ་གྱི་ན་སྟེ། དུས་འཁོར་དང་རྫོགས་ཆེན་གཉིས་ཀ་ཆོས་ཉིད་ལམ་དུ་བྱེད་པར་འདྲ་ཡང་། ཆོས་ཉིད་ནི་གསར་དུ་བསྒོམས་པས་བྱས་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་བཅོས་མ་གློ་བུར་བར་གྱུར་པས་དམན་ནོ། །ཆོས་ཉིད་གསར་བྱུང་མ་ཡིན་ན་ཡེ་ནས་ཡོད་པ་ཉིད་ངོ་སྤྲད་པ་དང་། བསྟན་ཏེ་ལམ་དུ་བྱས་པས་གྲོལ་བ་ལ་རྫོགས་ཆེན་གྱི་ལམ་མཆོག་ཏུ་གྲུབ་པ་ཡིན་ནོ། །དེ་ལ་རྫོགས་ཆེན་གྱི་རིག་པའང་ངོ་མ་སྤྲད་ན་མི་རྟོགས་ལ། མ་རྟོགས་ན་དེ་ཉིད་བསྒོམ་མི་ཤེས། བསྒོམ་མ་ཤེས་ཤིང་མ་བསྒོམ་ན་མི་གྲོལ་བས་བསྒོམ་པས་གྲོལ་བ་གཉིས་ཀ་འདྲ་ཡང་། རྫོགས་ཆེན་ཁྲེགས་ཐོད་གཉིས་བསྒོམ་དགོས་པས་རྩོལ་བའི་ལམ་དུ་མི་འགྲོ་སྟེ། རྩོལ་བའི་ལམ་གྱིས་ཡེ་ཤེས་གཟོད་ཚོལ་བ་མིན་པར། རྩོལ་མེད་དུ་ཡེ་ཤེས་ལ་འཇུག་པའི་ཆ་ནས་རྩོལ་མེད་ཅེས་བརྗོད་པའི་ཕྱིར་རོ། །དེས་ན་ཐོད་རྒལ་མི་སྣང་བ་འདི་རྩོལ་མེད་དུ་ཡོད་ཀྱང་ལམ་དུ་མ་བྱས་ན་མི་རྟོགས་ལ། བྱས་ན་འོད་གསལ་གྱི་རྟགས་སྣང་དེ་ཉིད་ཀྱི་མཐུས་གདོས་བཅས་ཀྱི་ཕུང་པོ་དབྱིངས་སུ་འགགས་ནས་དོན་གྱི་ལྷན་སྐྱེས་བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་པར་བྱེད་པས་ན། རླུང་ཉི་ཁྲི་ཆིག་སྟོང་སོགས་མ་དག་པའི་རྩ་རླུང་ཐིག་ལེར་རགས་ལུས་ཀྱི་སྟེང་དུ་འགག་པ་གཙོ་བོར་མི་བྱེད་པར་མ་དག་པའི་རྩ་རླུང་ཐམས་ཅད་རང་འགགས་སུ་སོང་ནས་དོན་དམ་ཡེ་ཤེས་ཀྱི་སྐུ་འགྲུབ་པ་དེ་ལས་ལྷག་པ་གཞན་གསར་རྙིང་གི་རྒྱུད་དང་མན་ངག་གང་ལའང་ཅུང་ཟད་མེད་པས་གསང་སྔགས་ཀྱི་རྒྱུད་སྡེ་ཀུན་གྱི་རྫོགས་རིམ་ཐམས་ཅད་དུས་འཁོར་གྱི་རྫོགས་རིམ་གྱི་གནད་ལ་ཐུག་ཅིང་། དེའི་མཐའ་ཡང་རྫོགས་པ་ཆེན་པོ་ཉིད་ལ་ཐུག་ནས་མཐར་ཕྱིན་པར་བྱེད་པས་ན་ཀུན་གྱི་བླ་མར་གྱུར་པ་སྟེ། འདི་དག་གི་རྣམ་བཞག་རྒྱས་པ་ནི་གཉུག་སེམས་འོད་གསལ་གྱི་དོན་ལ་དཔྱོད་པའི་སྐབས་སོགས་ལས་ཤེས་པར་བྱའོ། །གཉིས་པ་ཡེ་ཤེས་ཀྱི་ངོ་བོ་ལ་དགོངས་པའི་ཚང་ཚུལ་ནི། དེ་ལྟར་གནད་ལས་མཐོང་བའི་མངོན་སུམ་ལ་ལྟ་བའི་སྐད་ཅིག་ལ། དྭངས་མ་མི་གཡོ་བ་སྤྲོ་བསྡུ་དང་བྲལ་བའི་ཡེ་ཤེས་ནང་དུ་ཤར་བ་ནི་ཁྲེགས་ཆོད་ཆོས་སྐུ་རང་ཐོག་ཏུ་འཕེབས་པ་ཡིན་ལ། ཕྱི་སྣང་འོད་གསལ་དུ་སྣང་བའི་ཐབས་ནི། ཐོད་རྒལ་ལྷུན་གྲུབ་ཏུ་ཤར་བའི་གཟུགས་སྐུ་ལམ་དུ་བྱེད་པས། ཕྱིར་སྣང་བསྐྱེད་རིམ་ཐབས་སུ་ཤར་བའི་གནད་ལས། ནང་གསལ་སྐྱེ་མེད་སྤྲོས་ཀུན་ཞི་བའི་རྫོགས་རིམ་མུ་མཐའ་དང་བྲལ་བའི་ཤེས་རབ་མངོན་དུ་གྱུར་པས། ཐབས་ཤེས་དང་། བསྐྱེད་རྫོགས། སྐུ་གཉིས་དང་། སྣང་སྟོང་དང་། ཚོགས་གཉིས་རྣམས་ཁྲེགས་ཆོད་དང་ཐོད་རྒལ་སྒོམ་པའི་སྐད་ཅིག་ལ་རྫོགས་པའོ། །དེའི་ཚེ་སྐུ་ལྔ་ཡེ་ཤེས་དང་བཅས་པའང་ཚང་སྟེ། རྩེ་གཅིག་སྤྲོས་པ་དང་བྲལ་བས་ཆོས་སྐུ། རང་གསལ་འཛིན་པ་མེད་པས་ལོངས་སྐུ། སྣ་ཚོགས་ཡུལ་ལ་ཤར་བས་སྤྲུལ་སྐུ། ཚོགས་བརྒྱད་རྣམ་ཤེས་ལོག་པས་བྱང་ཆུབ་ཀྱི་སྐུ། དབྱིངས་ལ་འཕོ་འགྱུར་མེད་པས་རྡོ་རྗེའི་སྐུའོ། །ཡེ་ཤེས་ལྔ་ལ། དམིགས་བསམ་སྤྲོས་པ་དང་བྲལ་བ་ཆོས་དབྱིངས་ཡེ་ཤེས། གསལ་ལ་འགྲིབ་པ་མེད་པ་མེ་ལོང་ཡེ་ཤེས། རོ་མཉམ་ངང་ལ་གནས་པ་མཉམ་ཉིད་ཡེ་ཤེས། སྣང་བ་འོད་ལྔ་མ་འདྲེས་པ་ཀུན་རྟོག་ཡེ་ཤེས། གཟུང་འཛིན་གཉིས་སྣང་གྲོལ་བས་བྱ་གྲུབ་ཡེ་ཤེས་སོ། །ཡེ་ཤེས་དེ་དག་མཁའ་འགྲོ་ལྔའི་རང་བཞིན་དུའང་གནས་ཤིང་། སངས་རྒྱས་ཀྱི་དགོངས་པ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་སྐད་ཅིག་ལ་ཚང་བར་གསུངས་པ་དང་། གཞན་ཡང་རིག་པ་རང་ཤར་ལས། ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ། །བདེན་པ་མཐོང་བའི་གང་ཟག་གཅིག་ལ་ས་རྣམས་རྫོགས་ནས་ཡོད་དེ། དེའང་ངོ་སྤྲོད་པ་བསྟན་པའི་གང་ཟག་དེ། དང་པོ་བདེན་པ་མཐོང་བའི་དུས་ན་དེ་ལ་དགའ་བ་སྐྱེས་པ་ནི་ས་དང་པོ་རབ་ཏུ་དགའ་བའོ། །ཞེས་པ་ནས། ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤེས་ནས་དེའི་གོང་ན་གཞན་མེད་པ་ནི་བཅུ་དྲུག་ཡེ་ཤེས་བླ་མའི་ས་ཐོབ་པའོ། །ཞེས་པའི་བར་གྱིས་གསུངས་པ་བཞིན། མངོན་སུམ་ལམ་གྱི་བདེན་པ་མཐོང་བ་སོགས་ས་དང་པོ་རབ་ཏུ་དགའ་བ་ནས་ཀུན་འོད་བར་བཅུ་གཅིག་དང་། ཁྱད་པར་གྱི་ས་བཅུ་གཉིས་མ་ཆགས་པདྨ་ཅན་ནས་བཅུ་དྲུག་ཡེ་ཤེས་བླ་མའི་ས་ཡི་བར་དུ་སྦྱོར་བར་མཛད་དོ། །གསུམ་པ་འོག་མའི་སྙིང་པོ་གོང་མར་འདུ་ཚུལ་ནི། འོད་གསལ་གྱི་སྐད་ཅིག་ལ་གནས་པ་དེའི་ཚེ། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པ་མེད་པས་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ལྟ་བའི་དགོངས་པ་འདུས་སོ། །ལུས་ངག་ཡིད་གསུམ་ཉོན་མོངས་པའི་དྲི་མ་མེད་པས་གཙང་སྦྲ་སྤྱོད་པ་ཀྲཱྀ་ཡ་ཨུ་པ་ཡོ་ག་གསུམ་གྱི་ཡེ་ཤེས་དྲི་མེད་གསུམ་འདུས་སོ། །སྣང་བ་རིག་པ་གཉིས་མེད་གསུམ་ཟུང་དུ་ཆུད་དེ་རྟོགས་པ་ཏིང་ངེ་འཛིན་ཁྱད་པར་ཅན་མངོན་དུ་གྱུར་པས་མ་ཧཱ་ཨ་ནུ་ཨ་ཏི་གསུམ་གྱི་དགོངས་པ་འདུས་སོ། །དེ་བཞིན་དུ་གཟུངས་དང་ཏིང་ངེ་འཛིན་དང་ས་ལམ་རྣམས་ཀྱང་རིག་པའི་ཡེ་ཤེས་དྲི་མ་མེད་པ་ལ་གནས་པའི་ཆས་བཞག་པས་དེ་དག་ཀྱང་འདུ་སྟེ། ཐེག་པ་འོག་མར་ཉམས་སུ་ལེན་པའི་ཏིང་ངེ་འཛིན་དང་རྟོགས་པའི་ཡོན་ཏན་གྱི་ཆོས་རྣམས་ཀྱང་འདིར་འདུས་ལ། སྐྱོན་གྱི་ཆ་རྣམས་མེད་པས་མ་འདྲེས་ཡོངས་རྫོགས་ཀྱི་ཐེག་པ་ཞེས་བྱའོ། །ཞེས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གསུངས་སོ། །སྤྱོད་པ་ནི། ཅིར་སྣང་ཆོས་ཉིད་ཀྱི་རོལ་པར་ཤར་བས་བླང་དོར་མེད་པར་སྤྱོད་པ་སྟེ། ནམ་མཁའ་ཆེ་ལས། བྱ་བ་མེད་པས་ལས་རྣམས་ཟིན། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། ཨ་ཏི་ཡོ་གའི་སྤྱོད་པ་ནི། ལྟ་སྒོམ་སྲོག་དང་ལྡན་པ་ཡིས། །ཤུགས་ལས་བྱུང་བའི་སྤྱོད་པ་ནི། །ཇི་ལྟར་སྙན་པའི་སྤྱོད་པ་བཞིན། །གང་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་སོ། །དེ་ལའང་དབྱེ་ན། ཉི་ཟླ་ཁ་སྦྱོར་ལས། རྣལ་འབྱོར་དོན་ལ་སུས་སྦྱོར་བ། །སྤྱོད་པ་འདི་རྣམས་གོམས་པར་བྱ། །བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་རྣམས་ཀུན་གྱི་རོ་མྱོང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་བའི་རྐྱེན་གྱུར་ཡུལ་རྣམས་སྤང་། །ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ངག་རྣམས་རྣམ་པར་སྤངས། །ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། །གསང་བའི་སྔགས་ཀྱི་ཐེ་ཚོམ་གཅད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤངས། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤང་དུར་ཁྲོད་རྒྱུ། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་སྨེ་བའི་རྟོག་པ་སྤངས། །སྡོམ་དོམ་ཡང་སྣང་། བུ་ལྟ་བུའི་སྤྱོད་པ་ཡིས། །དྲན་བསམ་ཐོག་བབ་ཉིད་དུ་སྤྱོད། །གཅད་ཀྱང་སྣང་། བུ་ཆུང་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་སྤྱོད་པ་རྒྱུན་རིང་སྤངས། །ངང་མོ་རྫ་བོ་ཡང་སྣང་། ལྟ་བུའི་སྤྱོད་པ་ཡིས། །འཇིག་རྟེན་མཐུན་པའི་ཚིག་གིས་དྲངས། །གླང་ཆེན་ལྟ་བུའི་སྤྱོད་པ་ཡིས། །འཁོར་བའི་གཡུལ་རྣམས་གཏིང་ནས་བཟློག །རི་སྐེད་རི་དྭགས་ཀྱང་སྣང་། ལྟ་བུའི་སྤྱོད་པ་ཡིས། །བུ་དང་དགྲ་ཡི་འདུ་ཤེས་སྤངས། །རྒྱ་མོ་ལྟ་བུའི་སྤྱོད་པ་ཡིས། །འདོད་པ་ཆོག་ཤེས་དུས་ཚོད་གཅད། །དྲེའུ་ལྟ་བུའི་སྤྱོད་པ་ཡིས། །འཁོར་བའི་ས་བོན་སྤེལ་མི་བྱ། །བྲམ་ཟེ་ལྟ་བུའི་སྤྱོད་པ་ཡིས། །གཞན་གྱི་ལོངས་སྤྱོད་ཟས་རྣམས་སྤངས། །དཔའ་བོ་ལྟ་བུའི་སྤྱོད་པ་ཡིས། །འཁོར་འདས་རྣམས་ཀྱི་རུ་ཤན་དབྱེ། །ཆུ་མིག་ལྟ་བུའི་སྤྱོད་པ་ཡིས། །དྲན་པའི་རྟེན་ཉིད་རང་སར་བཞག །ནམ་མཁའ་མདུང་བསྐོར་སྤྱོད་པ་ཡིས། །དངོས་པོ་རྣམས་ལ་ཟང་ཐལ་སྤྱད། །བར་སྣང་རླུང་འདྲའི་སྤྱོད་པ་ཡིས། །གཟུང་དང་འཛིན་པའི་རྟོག་པ་སྤངས། །བྱ་ཁྱུང་ལྟ་བུའི་སྤྱོད་པ་ཡིས། །གཡང་ས་རྣམས་ནི་རླབས་ཀྱིས་གཅོད། །རི་བོ་ལྟ་བུའི་སྤྱོད་པ་ཡིས། །འགྱུར་མེད་རང་དག་སྟེང་དུ་སྤྱོད། །ཐོག་ཆེན་ལྟ་བུའི་སྤྱོད་པ་ཡིས། །སྣང་བ་ཕྱིར་མི་ལྡོག་པར་སྤྱོད། །ཅེས་ཉི་ཤུ་རྩ་གཅིག་ཏུ་གསུངས་ཤིང་། དེ་དག་ཀྱང་བསྡུ་ན། ཐོག་མར་སྒོ་ཀུན་ནས་བསྡུད་པ་བུང་བ་ཚང་འཚོལ་བ་ལྟ་བུས་ཤེས་རབ་གསུམ་གྱིས་ཕྱི་ནང་གསང་བའི་སྒྲོ་འདོགས་བཅད། དེའི་གྲོགས་སུ་ཐེ་ཚོམ་མེད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུས་རང་ཉིད་གང་ལ་ཡིད་ཆེས་པའི་གདམས་པ་དེ་ཉམས་སུ་ལེན། དེའི་གྲོགས་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་རི་དྭགས་ལྟ་བུས་རྟག་ཏུ་དབེན་པ་བརྟེན། དེའི་གྲོགས་ལྐུག་པ་ལྟ་བུས་སྨྲ་བ་བཅད་དེ་སུ་དང་ཡང་གཏམ་མི་སྨྲ། དེ་ལྟར་བྱས་པས་དྲན་པ་རེངས་པས་སྨྱོན་པ་ལྟ་བུའི་སྤྱོད་པ་དང་། གཙང་སྨེ་མེད་པ་ཁྱི་ཕག་ལྟ་བུའི་སྤྱོད་པ་ཤུགས་ཀྱིས་འབྱུང་ལ། དེ་དྲུག་རྫོགས་པ་ལས་ཟིལ་གྱིས་མི་གནོན་པས་སེང་གེ་ལྟ་བུའི་སྤྱོད་པ་འབྱུང་སྟེ་རྣལ་འབྱོར་པ་དེ་སུ་ལའང་འཇིགས་པ་དང་བག་ཚ་བ་མེད་པར་འབྱུང་བཞིའི་གནོད་པ་སོགས་ཀྱིས་མི་བརྫི་ཞིང་སྣང་བ་ལ་དབང་བསྒྱུར་བས་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་ཞེས་བྱ་སྟེ་མཐར་ཕྱིན་པའོ། །འབྲས་བུ་ནི། ཡང་འབྱེད་ལས། རྫོགས་ཆེན་ཨ་ཏིའི་འབྲས་བུ་ནི། །གདོད་ནས་སྙིང་པོ་བྱང་ཆུབ་ཏུ། །ཐོབ་མེད་འབྲས་བུ་རང་ལ་སྨིན། །ཞེས་གསུངས་ཏེ། ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ཉིད་ནས་གནས་པ་མཐར་ཕྱིན་པ་སྟེ། གདེང་བཞི་ཚད་དུ་ཕྱིན་པས་འཁོར་བ་མྱང་འདས་སུ་གྲོལ་བའོ། །གདེང་བཞི་ནི། རིན་པོ་ཆེ་སྤུང་པར། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུངས། །ཞེས་པས། ངན་སོང་གསུམ་གྱི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་རང་ངོ་གདོད་ནས་འཁྲུལ་མི་ཤེས་པའི་ཐོག་ཏུ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་པས་ངན་སོང་ལ་བག་མི་ཚ་བའི་གདེང་། རིག་པ་གཞི་ཐོག་ཏུ་ཕེབ་པ་ལ་འཁོར་བའི་མིང་ཙམ་དུའང་མ་གྲུབ་པས་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདེང་། ཆོས་ཉིད་ཀྱི་གཤིས་ལ་འདི་ལྟར་གྲོལ་ནས་འདི་ཙམ་དུ་བདེའོ་སྙམ་པའི་མྱང་འདས་རང་མཚན་པ་མེད་པས་ཐོབ་བྱ་ལ་རེ་བ་མེད་པའི་གདེང་། རྒྱལ་བའི་ཁམས་ལ་ཡོན་ཏན་ཚད་མེད་པར་ཐོབ་ཀྱང་རང་ངོ་རིག་པ་ལས་ཐ་དད་པའི་སངས་རྒྱས་སྤུའི་རྩེ་མོ་ཙམ་དུའང་མེད་པ་གཤིས་ཐོག་ཏུ་ཕེབས་པས་དགའ་བྲོད་མཉམ་པ་ཉིད་དུ་དག་པའི་གདེང་སྟེ། དེ་ལྟར་གདེང་རྣམ་པ་བཞིའི་ཚད་དུ་སྐྱོལ་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དམ་པར་འཇུག་པར་ནི། རྡོ་རྗེ་སེམས་དཔའི་སྙིང་གི་མེ་ལོང་གི་རྒྱུད་ལས། མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་། སྒྲ་དང་། གདུང་དང་། སྐུ་དང་། ས་གཡོ་བ་ལ་སོགས་པར་འབྱུང་ངོ་། །ཞེས་གསུངས་པའི་སྔ་མ་ལྕེ་བཙུན་ཆེན་པོ་སོགས་དང་། ཕྱི་མ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ལྟ་བུ་ཡིན་པར་རིག་འཛིན་འཇིགས་མེད་གླིང་པས་གསུངས་སོ། །དེ་ཡང་ཀ་དག་ཁྲེགས་ཆོད་ཀྱི་ཉམས་ལེན་མཐར་ཕྱིན་པས་ལུས་རྡུལ་ཕྲན་དུ་དེང་བ་ནམ་མཁའ་དང་མཁའ་འགྲོ་ལྟ་བུའི་འཆི་ལུགས་གཉིས་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་མཐར་ཕྱིན་ནས་དྭངས་མ་འོད་ཕུང་དུ་དེང་པ་རིག་འཛིན་དང་མེ་ཕུང་ལྟ་བུའི་འཆི་ལུགས་གཉིས་ཏེ་བཞིར་གསུངས་ཤིང་། དེ་ལས་སྔ་མ་གཉིས་ནི། ལུས་རྡུལ་ཕྲན་དང་སེམས་ཆོས་ཉིད་དུ་དེངས་ནས་ཀ་དག་གི་སར་སྐད་ཅིག་ལ་གྲོལ་བ་སྤང་མི་ཕམ་མགོན་པོ་བདུན་བརྒྱུད་ལྟ་བུ་སྟེ། འདིའི་ལུགས་ལ་འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་མི་ནུས་པར་གསུངས་ཤིང་། ཕྱི་མ་གཉིས་ཀྱི་དབང་དུ་བྱས་ན་སྣང་བ་བཞིའི་ལམ་རྫོགས་ནས། ལུས་དེས་གཞན་དོན་འགྲུབ་པར་གཟིགས་ན་སྲིད་པ་ཇི་སྲིད་བཞུགས་པར་དགོངས་པ་དེ་སྲིད་དུ་སྐུ་དེ་ཉིད་ཆུའི་ཟླ་བ་ལྟར། སྣང་གཟུགས་ཡོད་ཀྱང་རེག་གཟུགས་མེད་པར་བཞུགས་ནས་སེམས་ཅན་གྱི་དོན་མཛད་པ་འཕོ་བ་ཆེན་པོའི་སྐུར་བཞེངས་པ་ནི། སློབ་དཔོན་ཆེན་པོ་བི་མ་ལ་དང་པདྨ་ལྟ་བུ་རྫུ་འཕྲུལ་དང་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་སྐད་ཅིག་གཅིག་ལ་སྟོན་པའོ། །ལུས་དེས་གཞན་དོན་རྒྱ་ཆེན་མི་འགྲུབ་པར་གཟིགས་ན་འོད་གསལ་དུ་གྲོལ་བའི་ངང་དེ་ཉིད་དབྱིངས་གདོད་མའི་སར་སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པས། ཆོས་སྐུའི་ཞིང་ན་ཀུན་ཏུ་བཟང་པོར་བཞུགས་བཞིན་དུ་དེའི་ངང་ལས་ལོངས་སྐུའི་ཞིང་ཁམས་སྟུག་པོ་བཀོད་པ་རང་སྣང་ལོངས་སྤྱོད་རྫོགས་པར་བཞེངས་པའི་བྱིན་རླབས་ལས། དག་པའི་ཞིང་དུ་རིགས་ལྔར་སྣང་བས་ས་ལ་གནས་པའི་སེམས་དཔའ་རྣམས་ཀྱི་དོན་མཛོད་ཅིང་། འགྲོ་བ་དྲུག་གི་གནས་སུ་རང་རང་གི་སྟོན་པར་སྣང་ནས་དོན་མཛད་པ་མཆོག་གི་སྤྲུལ་པ་དང་། བཟོ་དང་སྐྱེ་བ་སྤྲུལ་པ་ལ་སོགས་པ་སྲིད་པ་ཇི་སྲིད་པར་འཕྲིན་ལས་རྒྱུན་མི་འཆད་པར་སོ་སོའི་སྣང་བ་བཞིན་དུ་འབྱུང་བ་སྟེ། ཞིབ་པར་དབང་པོ་རབ་འབྲིང་ཐ་གསུམ་གྱི་གྲོལ་ལུགས་དང་། མཐར་ཐུག་འབྲས་བུའི་གྲོལ་ས། སྐུ་དང་ཡེ་ཤེས་ཀྱི་རྣམ་བཞག་སོགས་རྒྱས་པར་ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུང་རབ་རྣམས་ལས་ཤེས་པར་བྱ་བ་ཁོ་ན་སྟེ། མདོར་ན་སྔགས་ཕྱི་རྒྱུད་རྣམས་ལས་སྔགས་གྲུབ་པའི་མཐུས་འདོད་གཟུགས་ཀྱི་ལྷ་དང་སྐལ་བ་མཉམ་པའི་ལུས་སུ་གྱུར་ནས་མཁའ་སྤྱོད་ཀྱི་རིག་འཛིན་གྲུབ་པ་སོགས་དང་། གསང་འདུས་རིམ་ལྔ་སོགས་སུ་ཕྲ་བའི་རླུང་སེམས་སྒྱུ་མའི་སྐུ་བསྒྲུབ་ཚུལ་དང་། འོད་གསལ་ཐོད་རྒལ་གྱིི་སྣང་བཞི་མཐར་ཕྱིན་ནས། གདོས་བཅས་རགས་པའི་ལུས་འདི་ཡང་འོད་དུ་ཡལ་ཏེ། རིག་པའི་ཡེ་ཤེས་འོད་གསལ་ཤིན་ཏུ་རྣམ་དག་གི་ངང་ལས་རང་ཤར་བའི་ཟུང་འཇུག་གི་ལྷ་སྐུ་ནམ་མཁའ་དང་མཉམ་པར་འགྲུབ་པ་ལ་རྙིང་མ་པས་འཇའ་ལུས་འོད་སྐུ་ཞེས་བཏགས་པ་འདི་གསུམ་ལ་རགས་ཕྲ་དང་། མ་དག་དང་། དག་པ་དང་། ཤིན་ཏུ་རྣམ་པར་དག་པའི་ཁྱད་པར་གནམ་ས་ལྟར་ཡོད་པ་ནི་མདོ་ཙམ་གོང་དུ་སྨོས་ཟིན་ལ། ཞིབ་པར་གཉུག་སེམས་འོད་གསལ་ལ་དབྱེ་བའི་སྐོར་སོགས་ལས་ཀྱང་གསལ་བས་དེར་གཟིགས་པར་མཛོད་ཅིག །དེས་དབང་བསྒྱུར་ཐབས་ཀྱི་ཐེག་པ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་གྱི་ཐེག་པ་མདོ་ཙམ་བཤད་ཟིན་ཏོ། ༈ །རྩ་བའི་གསུམ་པ་ལུང་གིས་ཞབས་བསྡུ་བ་ནི། དེ་ལྟར་ཐེག་པ་རིམ་དགུའི་རྣམ་བཞག་ཆོས་ཀྱི་རྒྱལ་པོ་སྨིན་གླིང་པ་སྐུ་མཆེད་ཡབ་སྲས་ཀྱི་བཞེད་པ་རྩ་བར་བཟུང་། གཞན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། ཀུན་གཟིགས་ཀཿཐོག་པ་ཆེན་པོ་དང་ཞེ་ཆེན་པཎྜི་ཏ་མཐུ་སྟོབས་མཚན་ཅན་ཡབ་སྲས་དང་། རིགས་བདག་བཀའ་དྲིན་མཚུངས་མེད་འཇམ་མགོན་རྣམ་གསུམ་གྱི་གསུང་ལས་བཏུས་ཏེ་ཅུང་ཟད་བཤད་ཟིན་ནས། ད་ནི་དེའི་རྒྱབ་བརྟེན་དུ་རྫོགས་པ་ཆེན་པོ་རིག་པ་རང་ཤར་ཆེན་པོའི་རྒྱུད་དང་། བཤད་རྒྱུད་ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས་གསུངས་པའི་ལུང་རྣམས་ཀྱང་མདོར་བསྡུས་ཏེ་འབྲི་ན། དང་པོ་ལ་དགུ་ལས། ཉན་ཐོས་ནི། རྒྱུད་དེ་ཉིད་ལས། ཉན་ཐོས་ཐེག་པ་འདི་ལྟ་སྟེ། འཇུག་པའི་སྒོ་ནི་བདེན་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །དབྱེ་བ་རྣམ་པ་གཉིས་འདོད་དོ། །བྱེ་བྲག་པ་དང་མདོ་སྡེ་པའོ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་གསེང་ཚུལ་དུ་འདོད། །རང་གི་བློ་ཡི་ལྟས་གྱུར་ན། །རྡུལ་དང་རྡུལ་ཕྲན་དག་ཏུ་འདོད། །དེ་བཞིན་རྣམ་པར་གཞིག་ནས་ནི། །སྟོང་པ་ཉིད་དུ་བསྒོམ་པའོ། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་དོན་བྱས་པའི་རང་བཞིན་དང་། །ཐོས་པ་བསམས་པ་བསྒོམ་པ་གསུམ། །ཤེས་རབ་རྣམ་གསུམ་བསྒོམ་པ་ཡིས། །ས་བཅུའི་འབྲས་བུ་ཐོབ་པར་འདོད། །ཉན་ཐོས་སྤྱི་ཡི་རྣམ་པ་ནི། །བདེན་པ་རྣམ་པ་བཞི་སྒོམ་ཞིང་། །འབྲས་བུ་རྣམ་པ་བཞིར་འདོད་དོ། །དེ་ཡང་སྒོམ་ལུགས་འདི་ལྟ་སྟེ། །འགོག་པ་བསྒོམ་པར་འདོད་པ་ལ། །ཀུན་འབྱུང་སྤང་བར་འདོད་པའོ། །འགོག་པ་སྒོམ་ལུགས་འདི་ལྟ་སྟེ། །ཕྱི་ཡི་འབྱུང་བ་འདི་དག་ལ། །མི་ཆགས་གནས་སུ་ཞུགས་ནས་ནི། །དང་པོ་ཟས་ལ་གོམས་པར་བྱེད། །ཟས་ལ་གོམས་པར་གྱུར་པ་དང་། །བསམ་གཏན་ཏིང་འཛིན་སྒོམ་བྱེད་དེ། །བསམ་གཏན་མི་རྟོག་ཆིག་ཚུགས་སྒོམ། །རྒྱལ་བ་བྱམས་པའི་བསྟན་པ་ལ། །འབྲས་བུ་ཐོབ་པར་འདོད་པའོ། །ཀུན་འབྱུང་སྤོང་བ་འདི་ལྟ་སྟེ། །ཟས་ཀྱི་འདུ་ཤེས་བྲལ་བ་དང་། །ཀུན་འབྱུང་རྒྱུན་ཐག་ཆོད་པར་འདོད། །དེ་ཡང་ཞེ་སྡང་གཉེན་པོར་སྒོམ། །ཉོན་མོངས་ཐམས་ཅད་སྤང་བའོ། །ས་ལམ་སྒོམ་པ་འདི་ལྟ་སྟེ། །འདོད་ཆགས་གཉེན་པོར་སྒོམ་པ་དང་། །གཏི་མུག་གཉེན་པོ་སྒོམ་པ་དང་། །དེ་བཞིན་ལམ་གྱི་སྒོམ་པ་ནི། །སྡུག་བསྔལ་སྤང་བར་འདོད་པའོ། །ལམ་གྱི་སྒོམ་ལུགས་འདི་ལྟ་སྟེ། །འདོད་ཆགས་དག་གི་གཉེན་པོ་རུ། །རང་གི་དཔྲལ་བའི་དཀྱིལ་འཁོར་དུ། །ཀེང་རུས་དཀར་པོ་ཐེ་བང་ཙམ། །དཀར་པོ་འོད་ཆགས་བསྒོམས་པ་ལས། །དེ་ནས་སྐྱེ་ནས་མགོ་བོ་ཙམ། །དེ་ནས་ལུས་པོ་ཙམ་སྒོམ་སྟེ། །དེ་ནས་རང་གི་ཐོ་ཡུལ་ཙམ། །དེ་ནས་ཅིར་སྣང་ཐམས་ཅད་སྒོམ། །དེ་ལྟར་སྟོང་གསུམ་དཀར་པོ་སྟེ། །དེ་ལྟར་དཀར་པོ་གོམས་གྱུར་ནས། །འདོད་ཆགས་སྡུག་བསྔལ་སྤོང་བའོ། །གཏི་མུག་སྡུག་བསྔལ་སྤོང་བ་ནི། །རང་གི་སྤྱི་བོའི་གཙུག་ཏུ་ཡང་། །མེ་དམར་གསལ་ལ་གདངས་པ་ཅིག །བསྒོམས་པས་ཤེས་པ་གསལ་བ་དང་། །སེམས་ནི་སྟོང་པར་འདོད་པའོ། །དེས་ནི་གཏི་མུག་སྡུག་བསྔལ་སྤོངས། །དེ་ལྟར་རྣམ་བཞི་བསྒོམས་པ་ཡིས། །འབྲས་བུ་རྣམ་པ་བཞི་ཐོབ་བོ། །འབྲས་བུ་བཞི་པོ་གང་ཞེ་ན། །འགོག་པ་བསྒོམས་པའི་འབྲས་བུ་ནི། །རྒྱུན་དུ་ཞུགས་པ་ཐོབ་པ་སྟེ། །རབ་ཏུ་དགའ་བ་ཐོབ་པ་ནི། །དེ་བཞིན་ས་བདུན་མན་ཆད་དོ། །ཀུན་འབྱུང་བསྒོམས་པའི་རང་བཞིན་གྱིས། །ལན་ཅིག་ཕྱིར་མི་འོང་བ་ཐོབ། །ས་བརྒྱད་མན་ཆད་ཐོབ་པའོ། །ལམ་བསྒོམས་པ་ཡི་ཡོན་ཏན་གྱིས། །དགྲ་བཅོམ་འབྲས་བུ་ཐོབ་པ་སྟེ། །ས་བཅུ་མཐར་ཕྱིན་ཐོབ་པའོ། །ས་དང་ལམ་ལ་གནས་པའི་ཚེ། །ཉན་ཅིང་ཐོས་པར་བྱེད་པའོ། །ས་བདུན་མན་ཆད་སེམས་དཔའ་ནི། །རང་རང་དཔོན་ལ་ཉན་པའོ། །ས་བརྒྱད་ཡན་ཆད་སེམས་དཔའ་ནི། །སྤྲུལ་པའི་སྐུ་ལས་ཉན་པར་འདོད། །དེ་ཡང་དངོས་པོར་མཐོང་མེད་དོ། །བྱིན་གྱི་རླབས་ཀྱིས་ཐོས་པའོ། །ཞེས་སོ། །རང་རྒྱལ་ནི། དེ་ལས། ཨ་ཧོ་གསང་བའི་བདག་པོ་ཉན། །རང་རྒྱལ་མདོ་སྡེའི་ཐེག་པ་ནི། །འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་སོ། །རྟོགས་པའི་ལྟ་བ་གང་ཟག་བདག་མེད་ལ། །ཆོས་ཉིད་བདག་ཕྱེད་ཡོད་པར་བལྟ་བའོ། །བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང་། །སྒོམ་པའི་རིམ་པ་མི་རྟོག་ཆོས་ཉིད་བསྒོམ། །ཕྱི་དང་ནང་གི་རྟེན་འབྲེལ་རྣམས། །གོམས་ནས་སྟོབས་སུ་གྱུར་པ་དང་། །འབྲས་བུ་མཐར་ཕྱིན་ཚད་དུ་འདོད། །དེ་ཡང་དཔེ་མཚོན་འདི་ལྟ་སྟེ། །དཔེར་ན་དུར་ཁྲོད་རོ་བཞིན་ཏེ། །དུར་ཁྲོད་དག་ཏུ་སོང་ནས་ནི། །རོ་འདི་དང་པོ་གང་ནས་བྱུང་། །ད་ལྟ་འདི་ཡི་དངོས་པོ་ཅི། །སྙམ་དུ་དཔེ་ཡི་མཚོན་པར་བྱེད། །དེ་ཡང་མ་རིག་པ་ལས་བྱུང་། །མ་རིག་པ་ལས་འདུ་བྱེད་དོ། །འདུ་བྱེད་རྣམ་པར་ཤེས་པའོ། །རྣམ་པར་ཤེས་ལས་མིང་འབྱུང་ཞིང་། །མིང་ལས་གཟུགས་ཀྱི་རང་བཞིན་འབྱུང་། །གཟུགས་ལས་སྐྱེ་མཆེད་རྣམ་དྲུག་འབྱུང་། །སྐྱེ་མཆེད་དྲུག་ལས་རེག་པ་འབྱུང་། །རེག་ལས་ཚོར་བ་འབྱུང་བར་འགྱུར། །ཚོར་ལས་སྲིད་པ་འབྱུང་བར་འགྱུར། །སྲེད་པ་ལས་ནི་ལེན་པ་འབྱུང་། །ལེན་པ་ལས་ནི་སྲིད་པ་འབྱུང་། །སྲིད་པ་ལས་ནི་སྐྱེ་བ་འབྱུང་། །སྐྱེ་བ་ལས་ནི་རྒས་པ་འབྱུང་། །རྒས་པ་ལས་ནི་ན་བ་འབྱུང་། །ན་བ་ལས་ནི་ཤི་བ་འབྱུང་། །དེ་བཞིན་རྟེན་འབྲེལ་བཅུ་གཉིས་བསྒོམ། །དེ་ལྟར་བསྒོམ་པའི་ཡོན་ཏན་གྱིས། །ས་བཅུ་གཉིས་ཀྱི་འབྲས་བུ་ཐོབ། །མི་སྡུག་རྣམ་པ་བརྒྱད་བསྒོམ་སྟེ། །དུར་ཁྲོད་ཕྱོགས་སུ་ཕྱིན་ནས་ནི། །རང་གི་ལུས་ལ་འདི་ལྟར་རྟོག །དང་པོ་རྣམ་པར་སྔོ་བར་འདོད། །དེ་ནས་རྣམ་པ་དམར་བ་དང་། །རྣམ་པར་གནག་པ་དག་དང་ནི། །དེ་བཞིན་རྣམ་པ་བམ་པ་དང་། །དེ་བཞིན་རྣམ་པར་འབུ་ཞུགས་དང་། །རྣམ་པ་ཐོར་བ་དག་ཏུ་འདོད། །དེ་བཞིན་རྣམ་པར་དགར་བའོ། །དེ་བཞིན་འདོད་ཆགས་གཉེན་པོ་རུ། །མི་སྡུག་རྣམ་པ་བརྒྱད་བསྒོམ་པའོ། །ཉན་དང་ཐོས་པ་མེད་པ་སྟེ། །དེ་ཕྱིར་རང་རྒྱལ་ཐེག་པར་འདོད། །ཅེས་སོ། །བྱང་སེམས་ནི། དེ་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཇུག་པའི་སྒོ་ནི་བདེན་པ་གཉིས། །དོན་དམ་དང་ནི་ཀུན་རྫོབ་བོ། །བསྲུང་བའི་ཚུལ་ཁྲིམས་ཡན་ལག་ནི། །སྡོམ་པ་བརྒྱད་ཅུ་རྩ་ལྔའོ། །ལྟ་བ་སྟོང་ཉིད་ཡེ་ཤེས་སོ། །དོན་དམ་ཀུན་རྫོབ་འདི་ལྟ་སྟེ། །ཀུན་རྫོབ་རྣམ་པ་གཉིས་སུ་འདོད། །ལོག་པ་དང་ནི་ཡང་དག་གོ། །ལོག་པའི་ཀུན་རྫོབ་འདི་ལྟ་སྟེ། །བརྟགས་པར་སྣང་བ་ཐམས་ཅད་ཀུན། །མཐུན་པར་སྣང་ལ་དོན་བྱེད་ནུས། །བརྟགས་ན་ངོ་བོ་ཉིད་ཀྱིས་དབེན། །དོན་ནི་མེད་པ་ལྟར་སྣང་ངོ་། །དེ་ནི་ལོག་པའི་ཀུན་རྫོབ་བོ། །ཡང་དག་ཀུན་རྫོབ་འདི་ལྟ་སྟེ། །དགེ་བ་བཅུ་ཡི་ལས་རྣམས་དང་། །དཀར་པོར་གྱུར་པའི་བསམ་པ་དང་། །མོས་པའི་བསམ་པ་ཇི་སྙེད་པ། །ཡང་དག་ཀུན་རྫོབ་ཆེན་པོར་འདོད། །སྦྱིན་པ་ལ་སོགས་ཚུལ་ཁྲིམས་དང་། །དེ་བཞིན་ཏིང་འཛིན་ལ་སོགས་རྣམས། །ཡང་དག་ཀུན་རྫོབ་ཆེན་པོའོ། །དོན་དམ་ལ་ཡང་རྣམ་པ་གཉིས། །མཚན་མ་ཚིག་གི་དོན་དམ་དང་། །ཡང་དག་སེམས་ཀྱི་དོན་དམ་མོ། །མཚན་མ་ཚིག་གི་དོན་དམ་ནི། །ཐམས་ཅད་སུན་འབྱིན་རྩོད་པའོ། །དེ་ཡང་ཚད་མའི་རིགས་པ་ནི། །གང་དེ་ཉིད་ལ་དེ་ལྟར་སྣང་། །ཚིག་གི་སྟོང་པ་ཆེན་པོ་ལ། །དོན་ལ་སྟོང་ཞིང་མ་རྟོགས་པའོ། །མཚན་མ་ཚིག་གི་དོན་དམ་མོ། །ཡང་དག་སེམས་ཀྱི་དོན་དམ་ནི། །སྟོང་པ་ཅང་མེད་སྒོམ་པར་འདོད། །དཔེར་ན་ནམ་མཁའ་སྟོང་པ་བཞིན། །སྟོང་པའི་དོན་ཉིད་དེ་བཞིན་ཉིད། །སྟོང་ཉིད་ཕྱང་ཆད་མུ་མེད་དོ། །ཞེས་ནི་སྤྱོད་ཅིང་ཆགས་པའོ། །ལམ་ནི་འདི་ལྟར་འདོད་པའོ། །ས་ལ་སྦྱོར་བར་འདོད་པའོ། །དེ་ཡང་དྲོད་སྐྱེ་བཟོད་པ་དང་། །རྩེ་མོ་འཇིག་རྟེན་ཆོས་མཆོག་གོ། །དྲོད་ལ་རྣམ་པ་གསུམ་གྱིས་བསྟན། །ཕྱི་དང་ནང་དང་གཉིས་ཀའོ། །ཕྱི་ཡི་དྲོ་སྐྱེ་འདི་ལྟ་སྟེ། །གཉིས་པོ་དྲི་མ་མེད་པ་ལ། །དངོས་པོར་སྣང་བ་སྟོང་པར་སྐྱེ། །དེ་ནི་ཏིང་འཛིན་ཉམས་ལེན་ཏེ། །ས་གཉིས་དག་ལ་སྐྱེ་བར་གསུངས། །ནང་གི་དྲོད་ནི་དྲུག་པ་ལ། །སྟོང་པ་རིག་བྱེད་དག་ཏུ་རྟོགས། །གཉིས་ཀའི་དྲོད་ནི་འདི་ལྟར་ཏེ། །བདུན་པ་དག་ལས་སྐྱེ་བར་གསུངས། །བརྒྱད་པ་བཟོད་པ་ཐོབ་པ་སྟེ། །དགུ་པ་རྩེ་མོ་མཐར་ཕྱིན་ནོ། །བཅུ་པ་འཇིག་རྟེན་ཆོས་ཀྱི་མཆོག །དེ་བཞིན་ས་བཅུ་ཐོབ་པར་འདོད། །དེ་ནི་བྱང་ཆུབ་ཐེག་པ་སྟེ། །སྟོང་པའི་ཚིག་མེད་ཡི་གེ་མེད། །ཅང་མེད་སྟོང་པར་འདོད་པའོ། །ཞེས་སོ། །བྱ་བའི་རྒྱུད་ནི། དེས་ལས། ཀྲཱྀ་ཡིའི་ཐེག་པའི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་དག་པ་གསུམ། །ཁྲུས་དང་གཙང་སྦྲས་འཇུག་པའོ། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །ལུང་གཅིག་ཆུ་ལ་མི་བཏུང་ཞིང་། །མ་ཡེངས་ངང་ལ་སྤྱོད་པའོ། །བྱ་བ་དག་པ་རྣམ་གསུམ་བྱེད། །དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ལོངས་སྤྱོད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །རྟོགས་པའི་ལྟ་བ་འདི་ལྟ་སྟེ། །ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་ལྟ། །སྤང་བའི་རིམ་པ་འདི་ལྟ་སྟེ། །ཤ་དང་ཉ་དང་སྒོག་པ་དང་། །དེ་བཞིན་ཆང་ལ་སོགས་པ་སྤོང་། །ཏིང་ངེ་འཛིན་ལ་ཞེན་པའོ། །ཀྲཱྀ་ཡིའི་ཐེག་པ་དེ་བཞིན་ནོ། །ཞེས་སོ། །ཨུ་པ་ཡ་ནི། དེ་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲཱྀ་ཡར་སྤྱད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་སོ། །རྣལ་འབྱོར་གྱི་རྒྱུད་ནི། དེ་ལས། ཡོ་གའི་གྲུབ་མཐའ་འདི་ལྟར་སྟེ། །འཇུག་པའི་སྒོ་ནི་མངོན་པར་བྱང་ཆུབ་ལྔ། །རྟོགས་པའི་ལྟ་བ་ལྷ་དང་གྲོགས་པོའི་ཚུལ། །བསྲུང་བའི་དམ་ཚིག་མ་ཁྲོལ་རྣམ་གསུམ་བསྲུང་། །སྤྱོད་པ་དག་ནི་དགག་སྒྲུབ་མེད་པའོ། །བྱང་ཆུབ་ལྔ་པོ་འདི་ལྔ་སྟེ། །གདན་གྱི་སྒོ་ནས་བྱང་ཆུབ་དང་། །སྐུ་ཡི་སྒོ་ནས་བྱང་ཆུབ་དང་། །ཕྱག་མཚན་སྒོ་ནས་བྱང་ཆུབ་དང་། །བསྐྱེད་པའི་སྒོ་ནས་བྱང་ཆུབ་དང་། །ཡིག་འབྲུའི་སྒོ་ནས་བྱང་ཆུབ་བོ། །དེ་ལྟར་བྱང་ཆུབ་ལྔ་པོ་སྤྱོད། །མ་ཁྲེལ་གསུམ་པོ་གང་ཞེ་ན། །ཡི་དམ་ལྷ་ཡི་མ་ཁྲེལ་དང་། །སློབ་དཔོན་མཆེད་ཀྱིས་མ་ཁྲེལ་དང་། །རང་གི་སེམས་ཀྱི་མ་ཁྲེལ་བའོ། །ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་གྲོགས་པོའི་ཚུལ་དུ་འདོད། །ལྷ་ཡི་དཀྱིལ་འཁོར་བདག་དང་གཉིས་མེད་བསྒོམས། །ལྷ་ཡང་བདག་ལས་བྱུང་ཞིང་ཐིམ་པར་འདོད། །བདག་དང་ལྷ་ཡི་འཕྲོ་འདུ་འདོད་པའོ། །ཞེས་སོ། །རྒྱུད་མ་ཧཱ་ཡོ་ག་ནི། དེ་ལས། ཀྱེ་མ་གསང་བདག་ངེས་པར་གཟུང་། །མ་ཧཱའི་གྲུབ་མཐའ་འདི་ལྟར་ཏེ། །འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །རྟོགས་པའི་ལྟ་བ་ཅིར་སྣང་ལྷ་རུ་རྟོགས། །བསྲུང་བའི་དམ་ཚིག་རྩ་བ་སྐུ་གསུང་ཐུགས། །འབྲས་བུ་ཐབས་དང་ཤེས་རབ་འདུ་འབྲལ་མེད། །ཏིང་འཛིན་རྣམ་གསུམ་འདི་ལྟར་ཏེ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། །རྟོག་མེད་ས་ལེ་སེང་ངེའོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། །གསལ་ལ་མ་ཡེངས་ཚུལ་དུ་བསྒོམ། །དེ་བཞིན་རྒྱུ་ཡི་ཏིང་ངེ་འཛིན། །ཧཱུྃ་ལས་སེམས་དཔའ་སུམ་བརྩེགས་བསྒོམ། །བདག་ཉིད་དམ་ཚིག་སེམས་དཔའ་ལ། །ཕུན་སུམ་ཚོགས་པ་བཞི་དང་ལྡན། །ཏིང་འཛིན་ཡིག་འབྲུའི་སེམས་དཔའ་ལ། །གསལ་བ་རྣམ་པ་གསུམ་དང་ལྡན། །ཡེ་ཤེས་སེམས་དཔའ་རྣམ་གཉིས་ཏེ། །ཞི་བ་དང་ནི་ཁྲོ་བོའོ། །རྒྱུ་ཡི་ཏིང་འཛིན་འདི་ལྟ་སྟེ། །ཡཾ་དང་རཾ་དང་ཁཾ་དང་ནི། །ར་དང་སུཾ་དང་ཀཾ་དང་ནི། །པཾ་དང་ཨ་དང་མ་དང་ནི། །ཧཱུྃ་དང་ཕཊ་ལ་སོགས་པ་ཡི། །ཡིག་འབྲུའི་འོད་ཟེར་བསམ་མི་ཁྱབ། །རབ་ཏུ་སྤྲུལ་ནས་ང་རྒྱལ་ལྡན། །རྣམ་པའི་ལྷ་དང་སྟོང་པའོ། །དེ་ནི་ཏིང་འཛིན་གསུམ་དུ་འདོད། །དམ་ཚིག་རྣམ་གསུམ་འདི་ལྟ་སྟེ། །སྐུ་ཡི་སྒོ་ན་སྲོག་གཅོད་སྤང་བར་བྱ། །མ་བྱིན་ལེན་དང་མི་ཚང་སྤྱོད་པ་སྤང་། །གསུང་གི་སྒོ་ནས་རྫུན་དང་ཕྲ་མ་སྤང་། །ཚིག་རྩུབ་དང་ནི་དེ་བཞིན་ཀྱལ་བ་སྤང་། །ཐུགས་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་སྤང་། ། ལོག་པར་ལྟ་བ་རབ་ཏུ་སྤང་བར་བྱ། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་རྟོགས། །མ་ཧཱ་ཡོ་གའི་གྲུབ་མཐའ་དེ་བཞིན་འདོད། །ཅེས་སོ། །ལུང་ཨ་ནུ་ནི། དེ་ལས། ཀྱེ་མ་རྡོ་རྗེ་འཛིན་པ་ཉོན། །ལུང་ཆེན་ཨ་ནུའི་ཐེག་པ་ནི། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །འདུ་འབྲལ་མེད་པའི་རྡོ་རྗེར་འདོད། །འཇུག་པའི་སྒོ་ནི་ཅིག་ཆར་རིམ་གྱིས་སོ། །རྟོགས་པའི་ལྟ་བ་འདུ་འབྲལ་མེད་པའོ། །ཅིག་ཆར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་གྱིས་ཞུགས་ནས་ནི། །རྡོ་རྗེ་འཛིན་གྱི་ས་ལ་འབྲས་བུ་ཐོབ། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །གསང་སྔགས་དོན་སྟོན་རྟག་ཏུ་བཀུར་བར་བྱས། །གསང་སྔགས་སྟོན་པའི་སློབ་དཔོན་ལ། །ཅི་འབྱོར་བ་ཡིས་མཆོད་པ་འབུལ། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱབ་མེད་གཅིག་གི་ངོ་བོར་བསྟེན། །མདོར་བསྡུས་དབྱིངས་དང་ཡེ་ཤེས་སོ། །ལུང་ཆེན་ཨ་ནུའི་གྲུབ་མཐའོ། །ཞེས་སོ། །མན་ངག་རྫོགས་པ་ཆེན་པོ་ནི། །དེ་ཉིད་ལས། ཨེ་མ་གསང་བའི་བདག་པོ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་གཟུང་། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གཅིག་རྫོགས་གཉིས་རྫོགས་ཐམས་ཅད་རྫོགས། །གཅིག་བྱུང་གཉིས་བྱུང་ཐམས་ཅད་བྱུང་། །གཅིག་སྐྱེ་གཉིས་སྐྱེ་ཐམས་ཅད་སྐྱེ། །གཅིག་མེད་གཉིས་མེད་ཐམས་ཅད་མེད། །དེ་བཞིན་རྫོགས་ཆེན་ཨ་ཏི་ལ། །བྱས་པའི་ཆོས་ནི་ཀ་ནས་མེད། །བྱས་དང་བྱེད་པ་མེད་པའོ། །རྫོགས་པ་ཆེན་པོའི་དོན་ཉིད་ལ། །དམ་ཚིག་བསྲུང་དུ་མེད་པས་ཡེ་ནས་བསྲུང་དང་བྲལ། །མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུ་ཉིད། །གསང་བསྔགས་ཀུན་གྱི་དགོངས་པ་ཆེན་པོ་ཡིན། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །དཔེར་ན་གཅན་གཟན་སེང་གེ་བཞིན། །གསང་བ་ཨ་ཏི་ཡོ་ག་ནི། །རང་རིག་གཏན་ལ་འབེབས་ཤིང་ཐེག་དམན་ཟིན་གྱིས་གནོན། །རང་བྱུང་རང་ལ་ཐིམ་པས་སྐུ་གསུམ་དོན། །སྐྱེ་མེད་དབྱིངས་ལས་སྒོམ་མེད་ཆེན་པོ་ཡིན། །བསྒོམ་བྱ་བསྒོམ་བྱེད་གཉིས་དང་བྲལ། །འཛིན་པ་མེད་པའི་རང་གྲོལ་ནི། །དཔེར་ན་སྦྲུལ་གྱི་མདུད་པ་བཞིན། །རང་གྲོལ་རང་སངས་ཆེན་པོ་ཡིན། །དེ་བཞིན་མཚན་མའི་བསམ་པ་རྣམས། །རང་གྲོལ་རང་སངས་ཆེན་པོའི། །རྫོགས་ཆེན་ཨ་ཏིའི་ཐེག་པ་ལ། །རེ་དང་དོགས་པ་ག་ལ་ཡོད། །རེ་དོགས་ཡོད་ན་ལྷུང་བའི་རྒྱུ། །དེ་བཞིན་འཛིན་མེད་རང་གྲོལ་ལོ། །ཆོས་ཅན་མཚན་མར་སྣང་བ་ཡང་། །རང་ལས་བྱུང་ཞིང་རང་ལ་ཐིམ། །དེ་བཞིན་རྫོགས་ཆེན་ཨ་ཏི་ལ། །སྒྲུབ་མེད་བསྒྲུབ་དང་བྲལ་བའོ། །བྱས་མེད་བྱུང་བ་མེད་པའོ། །འགག་མེད་ཁྱབ་གདལ་འུབ་ཆུབ་བོ། །འགྱུར་མེད་ཀློང་ཡངས་ཆེན་པོའོ། །ཆོས་མེད་སངས་རྒྱས་ཆེན་པོའོ། །གནས་མེད་ཡེ་ཤེས་མེད་པའོ། །སེམས་མེད་ཡིད་མེད་སངས་རྒྱས་མེད། །ཅེས་སོ། །དེ་ལྟར་རིག་པ་རང་ཤར་ཆེན་པོའི་རྒྱུད་ཀྱི་ལུང་ཚིག་རྣམས་ཐེག་མཆོག་མཛོད་དུ་དྲངས་པ་ལྟར་བསྡུས་པ་ཡིན་ལ་ལུང་གི་དོན་འགྲེལ་ཡང་དེ་ཉིད་དུ་གསལ་ལོ། །གཉིས་པ་བཤད་རྒྱུད་ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ཀྱི་ལུང་སྦྱོར་ལ། ཐོག་མར་ཐེག་པའི་ངོ་བོ་དང་ངེས་ཚིག་སོགས་སྤྱིར་བསྟན་པ་ནི། བཤད་རྒྱུད་དེ་ཉིད་ལས། ཐེག་པའི་ངོ་བོ་ཤེས་རབ་སྙིང་རྗེ་ཡིན། །དེ་གཉིས་ཆེ་ཆུང་ཐེག་པ་མཐོ་དམན་སྣང་། །ཐེག་པའི་ངེས་ཚིག་འདེགས་དང་སྐྱོབ་པ་ཡིན། །དབྱེ་ན་མང་པོའང་བསྡུ་ན་གཉིས་ལས་མེད། །རྒྱུ་རྐྱེན་ལམ་ཁྱེར་མཚན་ཉིད་ཐེག་པ་དང་། །འབྲས་བུ་ལམ་ཁྱེར་གསང་སྔགས་ཐེག་པ་གཉིས། །རྐྱལ་པ་གྲུ་གཟིངས་མཚན་ཉིད་ཐེག་པའི་དཔེ། །ཟམ་པ་ས་གཞི་གསང་སྔགས་ཐེག་པའི་དཔེ། །ཞེས་སོ། །བྱེ་བྲག་སོ་སོའི་ངོ་བོ་ཡང་། །དེ་ལས། སྣང་བའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་སོ་སོའི་དཔེ་རུ་བཤད། །དང་པོ་དབྱེ་བ་རྒྱས་བསྡུས་གཉིས། །རྒྱས་པ་ལ་ཡང་རྣམ་པ་བཞི། །འགྲོ་དྲུག་ཞེན་པའི་སྣང་བ་དྲུག །རྒྱུ་འབྲས་བློ་ཡི་སྣང་བ་བཅུ། །རྟོགས་ལྡན་དོན་གྱི་སྣང་བ་གཅིག །དབྱེར་མེད་ཀུན་བཟང་སྣང་བའོ། །བསྡུས་པས་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་བའི་སྣང་བ་དང་། །དག་པ་འཇིག་རྟེན་སྣང་བ་དང་། །ཡང་དག་ཡེ་ཤེས་སྣང་བའོ། །དང་པོ་རྒྱས་པར་བཤད་བྱ་བ། །འགྲོ་དྲུག་ཞེན་པའི་སྣང་བ་དྲུག །ཤེས་བྱའི་དཀྱིལ་འཁོར་མ་འགག་པའི། །སྣང་བའི་དངོས་པོ་འདི་ཉིད་ལ། །དམྱལ་བ་ཚ་གྲངས་གཉིས་སུ་མཐོང་། །ཡི་དྭགས་གསུམ་ལ་སྣང་བ་གསུམ། །ཕྱི་ནང་སྤྱི་མཐུན་སྣང་བ་གསུམ། །ཕྱི་ནི་ཟས་ལ་རྣག་ཁྲག་དང་། །གོས་ལ་ཚེར་མ་ལྟ་བུའོ། །ཕྱི་ལ་ཟས་སྣང་སྲུང་མས་བསྲུངས། །ནང་ནི་སྲུང་མེད་ཟོས་པས་དུག །དེ་ནི་ཡི་དྭགས་གསུམ་ལ་སྣང་། །བྱོལ་སོང་གཉིས་ལ་སྣང་བ་གཉིས། །བྱིང་ན་གནས་པ་མུན་པ་སྟེ། །ཁ་ཐོར་རྣམས་ལ་གྱེན་ཐུར་དང་། །བཟའ་བཏུང་མ་འགགས་ཐད་ཀར་སྣང་། །མི་ལ་སྣང་བ་འདི་ཉིད་དེ། །ཡུལ་དང་ས་ཕྱོགས་ཁྱིམ་ལ་སོགས། །ལྷ་མ་ཡིན་ལ་གོ་མཚན་སྣང་། །ལྷ་ལ་རིན་ཆེན་བདུད་རྩི་སྣང་། །བློ་སྣང་ཞེན་པའི་བག་ཆགས་ཡིན། །རྒྱུ་འབྲས་བློ་ཡི་སྣང་བ་བཅུ། །མུ་སྟེགས་རྟག་པའི་སྣང་བ་ཡང་། །རྟག་པའི་དངོས་ལས་གཞན་མི་སྣང་། །མུ་སྟེགས་ཆད་པའི་སྣང་བ་ཡང་། །འདི་ཡོད་ཕྱི་མ་མེད་པ་སྟེ། །འདི་སྣང་གློ་བུར་བྱུང་བ་ལ། །ཞིག་པས་འབྱུང་ལྔའི་ངང་དུ་ཞི། །མེད་ཆར་སྣང་ལ་གཞན་མི་སྣང་། །ཉན་ཐོས་གཡག་རྔ་ནེའུ་སེང་དང་། །གོང་བུ་ཆ་ཤས་མེད་པར་བལྟ། །གཟུང་འཛིན་ཆོས་ཀྱི་བདག་ཏུ་མཐོང་། །རང་རྒྱལ་གོང་མཐུན་ཕྱོགས་གཅིག་སྟོང་། །ཕུང་པོ་ཁམས་ལ་བདག་མེད་སྟོང་། །མདོ་སྡེའི་དོན་དམ་སྟོང་པ་ཉིད། །ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་། །གསང་སྔགས་ཕྱི་ནང་གཉིས་པོ་དང་། །དོན་དམ་མདོ་སྡེ་མཐུན་པ་ལ། །ཀུན་རྫོབ་སྣང་བ་སོ་སོར་མཐོང་། །ཀྲཱྀ་ཡས་རིགས་གསུམ་རྗེ་འཁོར་མཐོང་། །ཨུ་པས་ལྷ་དང་དཔོན་གཡོག་མཐོང་། །ཡོ་གས་སྤུན་དང་གྲོགས་པོ་མཐོང་། །མ་ཧཱས་ཕུང་པོ་ལྷར་སྣང་མཐོང་། །ཨ་ནུས་དབྱིངས་དང་ཡེ་ཤེས་མཐོང་། །ཀུན་གྱི་རྒྱུ་འབྲས་མ་སྤངས་ཤིང་། །དངོས་པོར་མི་ལྡན་བློ་ལ་སྣང་། །རྒྱུ་འབྲས་བློ་ཡི་སྣང་བ་ཡིན། །རྟོགས་ལྡན་དོན་གྱི་སྣང་བ་ནི། །རྫོགས་ཆེན་རྟོགས་པའི་སྣང་བ་ཡིན། །ཐམས་ཅད་ཆོས་སྐུའི་ངོ་བོར་མཐོང་། །ཀུན་ཏུ་བཟང་པོའི་སྣང་བ་ནི། །གོང་མ་དང་མཚུངས་གཉིས་མེད་སྣང་། །ཐོག་མའི་གཞི་སྣང་འདུ་ཚུལ་ནི། །བསྡུས་པས་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་པའི་སྣང་བ་རིགས་དྲུག་ཡིན། །དག་པ་འཇིག་རྟེན་ས་བཅུའི་བྱང་སེམས་ཡིན། །ཡང་དག་ཡེ་ཤེས་གཞི་སྣང་གོང་དང་མཐུན། །སྣང་བའི་དབྱེ་བ་རྒྱས་བསྡུས་བསྟན་པའོ། །ཞེས་སོ། །ངེས་ཚིག་ཡང་། དེ་ཉིད་ལས། སོ་སོའི་མིང་གི་ངེས་ཚིག་ནི། །ངས་བསྟན་ཁྱོད་ཀྱིས་ལེགས་པར་ཟུང་། །སྟོན་པས་གསུངས་པའི་ཚིག་དོན་རྣམས། །རྣ་བས་ཉན་ཅིང་ཡིད་ཀྱིས་ཐོས། །རང་རིག་ཁོང་ནས་མི་འཆར་བར། །སྟོན་པའི་གསུང་ལ་རག་ལས་པས། །ཉན་ཐོས་མིང་གི་ངེས་ཚིག་ཡིན། །སྟོན་པས་གཞན་ལ་མི་ལྟོས་པར། །རང་གི་མཐུ་ཡིས་རང་སངས་རྒྱས། །རང་རྒྱལ་མིང་གི་ངེས་ཚིག་ཡིན། །སྤང་དང་ཡེ་ཤེས་ཐུགས་རྗེ་དང་། །ཕྲིན་ལས་ཕུན་སུམ་ཚོགས་པ་ནི། །དེ་དོན་གཞན་ལ་སྒྲོགས་བྱེད་པ། །བྱང་སེམས་མིང་གི་ངེས་ཚིག་ཡིན། །ཁྲུས་དང་གཙང་སྦྲ་གཙོར་བསྟན་པས། །ཀྲྀ་ཡཱ་ཞེས་སུ་བསྟན་པ་ཡིན། །སྤྱོད་པ་མས་འཛེགས་ལྟ་བ་ཡས། །ཨུ་པའི་མིང་གི་ངེས་ཚིག་ཡིན། །རིགས་བཞིའི་སངས་རྒྱས་སྐུ་རྣམས་ལ། །རང་གི་ལུས་ངག་ཡིད་གསུམ་སྦྱོར། །ཡོ་གའི་མིང་གི་ངེས་ཚིག་ཡིན། །ཏིང་འཛིན་གསུམ་དང་ཐབས་ཤེས་གཙོར་བསྟན་པའི། །དོན་ལ་འཇུག་པ་མ་ཧཱའི་ངེས་ཚིག་ཡིན། །མ་བསྐྱེད་རྫོགས་པའི་དོན་ལ་འཇུག་པའི་ཕྱིར། །རྫོགས་པ་ཨ་ནུའི་མིང་གི་ངེས་ཚིག་ཡིན། །སྣང་ཞིང་སྲིད་པས་བསྡུས་པའི་ཆོས་རྣམས་ཀུན། །ལྷུན་གྲུབ་ཆོས་སྐུར་ཡེ་ནས་རྫོགས་སངས་རྒྱས། །གནས་ལུགས་གཉིས་མེད་ཚུལ་གྱིས་འཇུག་པ་ནི། །རྣལ་འབྱོར་རྫོགས་ཆེན་མིང་གི་ངེས་ཚིག་ཡིན། །ཞེས་སོ། །དབྱེ་ན་ཆུང་འབྲིང་ཆེ་གསུམ་ལ་གསུམ་གསུམ་དུ་དབྱེ་བ་ཐེག་རིམ་དགུ་ལས། སྔ་མ་བརྒྱད་ལ། ལྡེམ་པོའི་ལྟ་བ་འདི་ལྟ་སྟེ། །ཉན་ཐོས་རང་རྒྱལ་སེམས་དཔའ་དང་། །ཀྲི་ཡོག་སྡེ་གསུམ་བསྐྱེད་རྫོགས་གཉིས། །བདེན་པར་ཕྱོགས་རེ་ངོས་བཟུང་ནས། །གཟའ་གཏད་བཅས་པའི་ལྟ་བ་བརྒྱད། །བློ་ཡུལ་གཉིས་ཀྱི་མུར་འཛིན་པས། །རང་རིག་ཡེ་ཤེས་ལ་མ་བཟློས། །དེ་བས་ཕྱིན་ཅི་ལོག་པ་ཡིན། །དོན་ལ་ཉམས་དང་གོལ་བའི་ཕྱིར། །ཞེ་འདོད་བློ་ཡི་ལྟ་བ་ཡིན། །ཞེས་སོགས་ལྟ་བ་བརྒྱད་དང་། དམིགས་གཏད་བཅས་པའི་སྒོམ་པ་བརྒྱད། །རྩོལ་བ་བློ་ཡི་ཡུལ་བཟུང་བས། །རྩོལ་བྲལ་བློ་ལས་གྲོལ་མ་རྟོགས། །དེ་བསྒོམས་མ་ཤེས་འདོད་པ་བསྒོམས། །ཞེས་སོགས་སྒོམ་པ་བརྒྱད་དང་། ཐེག་བརྒྱད་རང་གི་སྤྱོད་པ་བརྒྱད། །སྡུག་བསྔལ་རྩོལ་སྒྲུབ་བཅས་པས་སྤྱོད། །བླང་དོར་མེད་པ་མ་རྟོགས་པས། །ཐུན་མོང་མ་གྱུར་བླང་དོར་སྤྱོད། །ཅེས་སོགས་སྤྱོད་པ་བརྒྱད་དང་། ཐེག་པ་སོ་སོའི་འབྲས་བུ་ནི། །མངོན་དུ་གྱུར་པའི་འབྲས་བུའི་མཆོག །ཉན་ཐོས་དག་གི་འབྲས་བུ་ནི། །ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས། །འབྲས་བུ་ཟུང་བཞི་ཡ་བརྒྱད་སྨིན། །ཞེས་སོགས་འབྲས་བུ་བརྒྱད་བཅས་སོ་སོ་ཕྱེ་སྟེ། རྒྱས་པར་གསུངས་པ་དང་། ཕྱི་མ་ལ། བལྟར་མེད་ལྟ་བའི་དོན་བསྟན་པ། །ཨ་ཏིའི་ལྟ་བ་གཟབ་གཏད་བྲལ། །དངོས་མེད་ཡེ་ཤེས་ཟང་ཐལ་བས། །རང་རིག་ཡེ་ཤེས་ལྷུན་གྱིས་གྲུབ། །དེ་ལས་མ་གཏོགས་གཞན་མེད་པས། །སོ་སོ་རང་རིག་ཡེ་ཤེས་ལ། །ཅིར་སྣང་ཡེ་ཤེས་ཆེན་པོའི་གདངས། །ཡེ་ཉིད་བཅོམ་ལྡན་རྡོ་རྗེ་འཆང་། །ཞེས་སོགས་ཡང་དག་ངེས་པའི་ལྟ་བ་དང་། ངས་བསྟན་གཉིས་མེད་བདེ་ཆེན་ལ། །སྒོམ་དུ་ཡོད་མེད་ཐ་སྙད་རྣམ་པར་དག །ཤེས་རབ་སྟོབས་ཅན་རང་རིག་དོན་རྟོགས་པས། །གཉིས་མེད་བདེ་ཆེན་ངང་དུ་འདུ་འབྲལ་མེད། །མ་བཙལ་བཞག་པས་ངང་ལས་མ་གཡོས་གསལ། །རྒྱུན་ཆད་མེད་པས་ཆུ་བོ་གཱངྒ་བཞིན། །ཞེས་སོགས་དབང་པོ་རབ་འབྲིང་ཐ་གསུམ་གྱི་སྒོམ་ཐབས་དང་། བླང་དོར་མེད་པའི་སྤྱོད་པ་ནི། །སྤྱད་རྒྱུ་མེད་པ་སྤྱོད་པའི་མཆོག །ཆོས་ཉིད་དོན་གྱི་སྤྱོད་པ་ནི། །མཚན་མ་མེད་པས་ནམ་མཁའ་བཞིན། །ཆོས་ཅན་མཚན་མ་མི་ལྟ་བར། །རྣལ་འབྱོར་ཟག་མེད་ཤེས་རབ་ཀྱིས། །དངོས་མེད་ནམ་མཁའ་བཞིན་དུ་སྤྱོད། །ཞེས་སོགས་ཨ་ཏིའི་སྤྱོད་པ་དང་། འབྲས་བུ་ལྟ་བ་མངོན་དུ་གྱུར་པ་སྟེ། །དེ་ཡི་གནས་ལུགས་བསྟན་པ་ནི། །ཆོས་ཉིད་ཕྱི་ནང་མེད་པར་གསལ། །རིག་པ་ཕྱི་ནང་མེད་པར་ཁྱབ། །གཉིས་མེད་ཆོས་སྐུ་རྡོ་རྗེའི་ལུས། །རང་གསལ་འཛིན་མེད་ངང་དུ་གནས། །ཞེས་སོགས་ཡང་དག་དོན་གྱི་འབྲས་བུའི་བར། ལེའུ་དགུས་བསྟན་པ་རྒྱུད་རང་ལས་ཤེས་པར་བྱའོ། །ཐེག་པ་འོག་མ་རྣམས་ལས་གོང་མ་རྣམས་ཁྱད་དུ་འཕགས་ཚུལ་ཡང་། རྒྱུད་དེ་ཉིད་ལས། མ་རྟོགས་ལོག་པར་རྟོགས་ལས་ཉན་ཐོས་ཁྱད་པར་འཕགས། །དེ་ཡང་ཇི་ལྟར་འཕགས་ཞེ་ན། །གང་ཟག་བདག་མེད་རྟོགས་པས་ལྟ་བ་ཁྱད་པར་འཕགས། །དགེ་བཅུ་རང་དོན་ལ་སྤྱད་པས་སྤྱོད་པ་ཁྱད་པར་འཕགས། །བདེན་བཞིའི་སྒོ་ནས་བསྒྲུབས་པས་ཁྱད་པར་འཕགས། །ཟུང་བཞི་ཡ་བརྒྱད་ཐོབ་པས་འབྲས་བུ་ཁྱད་པར་འཕགས། །ཉན་ཐོས་དག་ལས་རང་རྒྱལ་འཕགས་པ་ཡང་། །གཟུགས་ཀྱི་ཕུང་པོ་ཆོས་ཀྱི་ཁམས་དག་ལ། །ཕྱོགས་གཅིག་བདག་མེད་རྟོགས་པས་ལྟ་བ་ཁྱད་པར་འཕགས། །དགེ་བཅུ་རྫུ་འཕྲུལ་སྤྱོད་པས་སྤྱོད་པ་ཁྱད་པར་འཕགས། །དགེ་བའི་བཤེས་གཉེན་མི་བརྟེན་པར། །གོམས་པའི་ཤུགས་ཀྱིས་སྒྲུབས་པས་སྒྲུབ་པ་ཁྱད་པར་འཕགས། །ནེ་ཙོ་བསེ་རུ་ལྟར་གནས་འབྲས་བུ་ཁྱད་པར་འཕགས། །རང་རྒྱལ་དག་ལས་བྱང་སེམས་འཕགས་པ་ཡང་། །བདག་མེད་རྣམ་གཉིས་རྟོགས་པས་ལྟ་བ་འཕགས། །ཚད་མེད་བསྡུ་བཞིའི་དོན་མཛད་སྤྱོད་པར་འཕགས། །ཕ་རོལ་ཕྱིན་བཅུ་བསྒྲུབ་པས་སྒྲུབ་པ་འཕགས། །ཀུན་ཏུ་འོད་ཀྱི་ས་གནོན་འབྲས་བུ་འཕགས། །བྱང་སེམས་དག་ལས་ཀྲི་ཡཱ་བཞིས་འཕགས་ཏེ། །དོན་དམ་སྐྱེ་བ་མེད་པ་རབ་རྟོགས་ཤིང་། །ཀུན་རྫོབ་བདག་དང་ཡེ་ཤེས་སེམས་པའི་ལྷ། །རྗེ་དང་བྲན་དུ་ལྟ་བས་ལྟ་བ་འཕགས། །དག་པ་རྣམ་གསུམ་སྤྱོད་པས་སྤྱོད་པ་འཕགས། །སྒོམ་རྒྱུད་བྱིན་རླབས་བསྒྲུབས་པས་སྒྲུབ་པ་འཕགས། །རིགས་གསུམ་འབྲས་བུ་གནོན་པས་འབྲས་བུ་ཁྱད་པར་འཕགས། །ཀྲྀ་ཡཱ་དག་ལས་ཨུ་པ་འཕགས་པ་ཡང་། །ལྷ་བདག་དཔོན་གཡོག་ལྟ་བས་ལྟ་བ་འཕགས། །མཚན་མ་ཡོད་མེད་སྤྱོད་པས་སྤྱོད་པ་འཕགས། །ཁོ་ན་ཉིད་བཞི་བསྒྲུབས་པས་སྒྲུབ་པ་འཕགས། །རིགས་བཞིའི་གོ་འཕང་ཐོབ་པས་འབྲས་བུ་འཕགས། །ཨུ་པ་དག་ལས་ཡོ་ག་འཕགས་པ་ཡང་། །ཀུན་རྫོབ་ལྷ་དང་གྲོགས་སུ་ལྟ་བས་ལྟ་བ་འཕགས། །ཕྲིན་ལས་རྣམ་བཞི་སྤྱོད་པས་སྤྱོད་པ་འཕགས། །ཕྱག་རྒྱ་རྣམ་བཞི་བསྒྲུབས་པས་སྒྲུབ་པ་འཕགས། །རིགས་བཞི་སངས་རྒྱས་འགྲུབ་པས་འབྲས་བུ་འཕགས། །ཡོ་ག་དག་ལས་མ་ཧཱ་བཞིས་འཕགས་ཏེ། །རང་ལུས་དཀྱིལ་འཁོར་ལྟ་བས་ལྟ་བ་འཕགས། །སྦྱོར་སྒྲོལ་གཉིས་མེད་སྤྱོད་པ་འཕགས། །ཐབས་ཤེས་གཉིས་མེད་བསྒྲུབས་པས་སྒྲུབ་པ་འཕགས། །སྟུག་པོ་བཀོད་པའི་ས་ཐོབ་འབྲས་བུ་འཕགས། །མ་ཧཱ་དག་ལས་ཨ་ནུ་བཞིས་འཕགས་ཏེ། །དབྱིངས་དང་ཡེ་ཤེས་རྟོགས་པས་ལྟ་བ་འཕགས། །དབྱིངས་དང་ཡེ་ཤེས་དག་ལས་སྤྱོད་པ་དང་། །ཡེ་ཤེས་དབྱིངས་ལ་སྤྱོད་པས་སྤྱོད་པ་འཕགས། །ཕུང་པོ་ལྔ་དང་འབྱུང་བ་རྣམ་པ་ལྔ། །རིགས་ལྔ་ཡབ་ཡུམ་བསྒྲུབས་པས་སྒྲུབ་པ་འཕགས། །པདྨ་ཅན་གྱི་ས་ཐོབ་འབྲས་བུ་འཕགས། །ཨ་ནུ་དག་ལས་ཨ་ཏི་བཞིས་འཕགས་ཏེ། །སྣང་སྲིད་ཆོས་སྐུར་སངས་རྒྱས་ལྟ་བ་འཕགས། །ཆོས་སྐུ་འགྲོ་དོན་སྤྱོད་པས་སྤྱོད་པ་འཕགས། །བྱ་རྩོལ་མེད་པར་བསྒྲུབས་པས་སྒྲུབ་པ་འཕགས། །བཅུ་དྲུག་འཁོར་ལོ་ཚོགས་ཆེན་ཡན་ཆད་ནས། །ཉི་ཤུ་རྩ་གཅིག་མན་ཆད་འབྲས་བུ་འཕགས། །ཞེས་སོ། །ཁྱད་པར་གྱི་ཆེ་བ་ཡང་། དེ་ཉིད་ལས། གནས་སྐབས་འགྱུར་བའི་ཆེ་བ་རྣམས། །ཐེག་པ་སོ་སོའི་ཆེ་བ་ཡིན། །མཐར་ཐུག་ཆེ་བ་རྣམ་པ་ལྔ། །ཡེ་ནས་འདུ་འབྲལ་མེད་པ་ཡིན། །ཕུན་སུམ་ཚོགས་པ་རྣམ་པ་ལྔས། །མངོན་པར་སངས་རྒྱས་ཆེ་བ་དང་། །བཞུགས་གནས་དབྱིངས་ཀྱི་མཚན་ཉིད་ལྔས། །ཆོས་དབྱིངས་སངས་རྒྱས་ཆེ་བ་དང་། །བདག་ཉིད་ཆེན་པོ་རང་རྫོགས་ལྔས། །བདག་ཉིད་སངས་རྒྱས་ཆེ་བ་དང་། །གཏན་ལ་འབེབས་པའི་ཐབས་ཆེན་ལྔས། །སངས་རྒྱས་ཡིན་པ་ཆེ་བ་དང་། །དྲི་མེད་རྣམ་དག་མངོན་འཕགས་པས། །ཐམས་ཅད་སངས་རྒྱས་ཆེ་བ་ལྔ། །མཐར་ཐུག་ཆེ་བ་རྣམ་ལྔ་ཡིན། །ཞེས་དེ་དག་གི་དོན་དཀྲོལ་ནས་རྒྱས་པར་གསུངས་པ་དང་། ཨ་ནུ་མན་ཆོད་ཡིད་དཔྱོད་དང་འདྲེས་པས་གོལ་སར་བསྟན་ནས། ཨ་ཏི་རང་བྱུང་གི་ཡེ་ཤེས་ལ་གོལ་སྒྲིབ་སོགས་མེད་པར་བསྟན་པ་ཡང་། རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ། །གོལ་དང་མ་གོལ་གཉིས་སུ་མེད། །གོལ་ས་རང་བཞིན་རྣམ་པར་དག །ཀུན་བྲལ་ཉག་གཅིག་ཅིར་མ་སྤངས། །ཨ་ཏིའི་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་ཡེ་ནས་གཉིས་མེད་པས། །གཉིས་སུ་སྣང་བའི་གོལ་སྒྲིབ་མེད། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །ཡེ་ནས་རང་བྱུང་ཡེ་ཤེས་པས། །རྒྱུ་རྐྱེན་འདུས་པའི་གོལ་སྒྲིབ་མེད། །རྫོགས་ཆེན་ལྟ་བ་བསྒོམ་པ་དང་། །སྤྱོད་པ་འབྲས་བུ་ལྷུན་གྲུབ་པས། །སྒོམ་སྒྲུབ་རེ་དོགས་རྩོལ་བ་ཡིན། །གོལ་ས་སྒྲིབ་པ་རྣམ་པར་དག །ང་ཡི་གོང་ན་གཞན་མེད་པས། །སྒྲིབ་མེད་གསལ་བའི་ཡེ་ཤེས་ཡིན། །ཐེག་བརྒྱད་འོག་མ་སྣང་བ་ཡང་། །ང་ཡི་ཐུགས་རྗེའི་མཛད་སྤྱོད་ཡིན། །དབྱེར་མེད་ཤེས་རབ་རང་ལ་གནས། །མ་འདྲེས་རྫོགས་པའི་ཡེ་ཤེས་པས། །ལྷུང་བའི་གོལ་ས་རྣམ་པར་དག །དབྱེར་མེད་ཤེས་རབ་རང་གསལ་ལ། །གོལ་སྒྲིབ་གཉིས་སུ་འབྱེད་མེད་གསལ། །ཞེས་དང་། མཚོན་ཚིག་སོགས་རྒྱས་པར་གསུངས་ཤིང་། གཞན་ཡང་རྫོགས་ཆེན་གྱི་རྒྱུད་རྣམས་དང་། མདོ་དགོངས་འདུས་སོགས་སྔ་འགྱུར་གྱི་རྒྱུད་གཞུང་རྣམས་དང་། དེ་དག་གི་གསལ་བྱེད། ཀཿདམ་པ་རིན་པོ་ཆེས་མཛད་པའི་ཐེག་དགུའི་སྤྱི་ཆིངས་དང་། དེའི་འགྲེལ་བ་མཁས་གྲུབ་ཡེ་ཤེས་རྒྱ་མཚོས་མཛད་པ་སོགས་མང་དུ་བཞུགས་པ་དེ་དག་འདིར་བསྡུ་མ་ལོང་བས་དེ་དང་དེར་གཟིགས་པར་མཛོད་ཅིག །སླར་སྨྲས་པ། བཀྲ་ཤིས་ཡོན་ཏན་བྱེ་བའི་དཔལ་གྱིས་མངོན་འཕགས་ཐུབ་དབང་ལྷ་ཡི་ལྷའི། །དཔལ་གྱི་མགུལ་ལས་ལེགས་འོང་ཟབ་དང་རྒྱ་ཆེའི་ཆོས་མཆོག་ནོར་བུའི་སྒྲོམ། །ཚང་ལ་མ་ནོར་སྔ་འགྱུར་རིག་འཛིན་བརྒྱུད་པའི་ཞལ་གྱི་ལུང་བཟང་པོ། །དེང་ཡང་མ་ཉམས་སྤྱོད་ཡོད་ཨེ་མ་སྔོན་གོམས་དགེ་བའི་དཔལ་ལས་སོ། །མཁྱེན་བརྩེའི་སྤྲིན་བཟང་ལས་ཐོན་འཕགས་ལམ་ཡན་ལག་བརྒྱད་ལྡན་བདུད་རྩའི་ཆར། །གནས་སྐབས་གདུལ་བྱའི་སྣོད་ཀྱི་དབྱེ་བས་དམན་འབྲིང་མཆོག་ཚུལ་ཅིར་སྣང་ཡང་། །མཐར་ཐུག་འོད་གསལ་སྙིང་པོའི་ཀློང་དུ་རོ་མཉམ་ཆུ་བྲན་རྒྱ་མཚོར་བཞིན། །མཐར་ཐུག་ཐེག་གཅིག་འབྲས་བུའི་ཚུལ་ལ་ངེས་དོན་མདོ་རྒྱུད་དགོངས་པ་མཐུན། །ལྷ་མིའི་ཐེག་པའི་ས་གཞི་ལ་བརྟེན་མཚན་ཉིད་སྡེ་གསུམ་གསེར་རིའི་སྐོར། །རྒྱུད་སྡེ་བཞི་ཡི་བང་རིམ་ལེགས་མཛེས་བསྐྱེད་རྫོགས་ཉི་ཟླའི་རྣ་ཆ་ཅན། །འོད་གསལ་རྡོ་རྗེ་སྙིང་པོའི་ལྷུན་པོ་སྲིད་ཞིའི་བླ་ན་མངོན་འཕགས་པ། །བརྒྱུད་གསུམ་བླ་མ་རིག་འཛིན་ལྷ་དབང་བྱེ་བས་ཉེ་བར་བརྟེན་བྱར་གྱུར། །དེ་སླད་བདག་བློ་དམན་ཡང་ཚུལ་འདིར་གཅིག་ཏུ་གུས་པས་ཉེར་ལེན་གྱིས། །ཟླ་བྲལ་མཁས་གྲུབ་དུ་མའི་གསུངས་ལས་ཅུང་ཟད་འདི་རུ་བསྡུ་བར་བྱས། །ལེགས་བཤད་གསར་དུ་སྤྲོ་བའི་ནུས་པ་བདག་ལྟའི་སྐལ་བར་གྱུར་མིན་ཡང་། །དམ་པའི་གསུངས་ལ་རང་བཟོས་བཅོས་ཤིང་བསླད་པའི་དྲི་མ་མེད་སྙམ་བགྱིད། །འོན་ཀྱང་སྐྱེས་ཐོབ་སྦྱོང་བརྩོན་དམན་དང་བརྗེད་ངས་བག་མེད་གྱུར་སོགས་ཀྱིས། །ནོངས་པར་གྱུར་ན་སྙིང་ནས་བཤགས་བགྱི་འཕགས་པ་རྣམས་ཀྱིས་ཚངས་པར་རྩོལ། །ལྷག་བསམ་མཐུ་དང་ཅུང་ཟད་ངལ་བ་བགྱིས་ལས་བསོད་ནམས་གང་ཐོབ་པ། །དེ་ཡང་བདག་གཞན་སྐྱེ་ཀུན་ཡང་དག་ལམ་གྱི་སྣང་བ་ཐོབ་ཕྱིར་བསྔོ། །རྨད་བྱུང་འཁོར་ལོ་བཞི་ཡི་བ་དན་ལེགས་མཛེས་དལ་འབྱོར་གྲུ་བོ་མཆོག །ཡང་དག་ལམ་གྱི་དེད་དཔོན་གྱིས་བསྐུལ་ཐེག་མཆོག་ནོར་བུའི་གླིང་བགྲོད་ནས། །ཟབ་དང་རྒྱ་ཆེའི་འབྱོར་བས་བརྒྱན་བྱས་གཞན་འཕན་ལྷག་བསམ་བརྩོན་པའི་མཐུས། །མ་ལུས་འགྲོ་ལ་ཆོས་མཆོག་འདོད་དགུའི་ཆར་ཆེན་རྟག་པར་འབེབས་བྱེད་ཤོག །སྲིད་ཞིའི་ཕུན་ཚོགས་ཀུན་གྱི་འབྱུང་གནས་རིས་བྲལ་ཐུབ་བསྟན་བ་དན་རྩེར། །གྲོལ་བ་དྲུག་ལྡན་སྔ་འགྱུར་བསྟན་མཆོག་དགོས་འབྱུང་ནོར་བུའི་ཏོག་འབར་བས། །བསྟན་ལ་འཚེ་བྱེད་ལྷ་མིན་ཀླ་ཀློ་གདུག་པའི་གཡུལ་ལས་རྣམ་རྒྱལ་ཞིང་། །ཆོས་ལྟར་བཅོས་པའི་མུན་སྤྲུལ་ཀུན་ཞི་བཀྲ་ཤིས་བདེ་ལེགས་འཕེལ་གྱུར་ཅིག །ཅེས་པའང་རང་ཉིད་ཀྱི་དྲན་པའི་གསོས་ཙམ་དུ་སྔར་བྲིས་པ་ལས་ཅུང་ཟད་རྒྱས་པར་ཕྱེས་ཏེ། གདོད་མའི་མགོན་པོ་དང་ཞབས་མི་གཉིས་པ་རྫོགས་ཆེན་རབ་འབྱམས་ལྔ་པའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་རིག་འཛིན་གྱི་བཙུན་པ་རྡོ་རྗེ་ཐུགས་མཆོག་རྩལ་ལམ་མིང་གཞན་འཇམ་དབྱངས་བློ་གྲོས་རྒྱ་མཚོར་འབོད་པས། རང་ལོ་ཞེ་དྲུག་པ་མེ་འབྲུག་ས་ག་ཟླ་བའི་ཚེས་བཅུ་ཉི་མ་མེ་བཞིའི་འགྲུ་སྦྱོར་གྱི་སྔ་ཆར། རང་གནས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དབེན་སྤྱི་ལ་བཀྲ་ཤིས་འཆི་མེད་འོད་སྣང་དུ་གྲུབ་པར་བགྱིས་པ་ལས། ཡི་གེ་གཉིས་པར་སྤེལ་བ་པོ་ནི་སྡོམ་བརྩོན་སྡེ་སྣོད་སྨྲ་བ་ཚུལ་ཁྲིམས་རྣམ་དག་གིས་མཛད་པ་སྟེ། འདིས་ཀྱང་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་ཐཱ་མངྒ་ལམ་བྷ་ཝ་ཏུ། །དགེའོ།། །།


previousསྔ་འགྱུར་ཐེག་པ་རིམ་དགུའི་རྣམ་གཞག་མདོར་བསྡུས་སུ་བརྗོད་པ་རིན་པོ་ཆེའི་ཐེམ་སྐས། ཞེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ།next