འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་དད་པའི་ཕྲེང་བ། རྡོ་བྲག་པདྨ་ཕྲིན་ལས།
ཨཱ ཤྩ ཪྻཾ ཤ དྲ མཱ ལ ནཱ མ སི ནྣ པ ད སུ ཏྲཱ བྷི ཥི ཉྩ གུ རུ པ རཾ པ ར སྱ བི མོ ཀྵ བི ཧ ར ཏི སྨ།
འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་དད་པའི་ཕྲེང་བ་ཞེས་བྱ་བ་བཞུགས།
༄༅། ན མ སྶ རྦ གུ ར བེ། ཨེ བ དྷ རྨ དྷ ཏྭ སཾ སྐྲྀ ཏཱ པ ཐ ཀྱ དྷ རྨ ཤཱ རི རཾ མ ཧཱ སུ ཁ། པྲ ཀྲྀ ཏྱ མཱ རུ དྷ ནིར བྷོ ཀྵིཐནྟརུདཔཉྩ བྷོ ག ཡ པྟ།
བླ་མ་རྣམས་ལ་ཕྱག་འཚལ་ལོ། །ངོ་བོ་ཆོས་དབྱིངས་འདུས་མ་བྱས་པ་མ་བཅོས་ཆོས་སྐུ་བདེ་བ་ཆེ། རང་བཞིན་མ་འགགས་ལྷུན་གྱིས་གྲུབ་པ་ལྔ་ལྡན་ཞི་ཁྲོ་ལོངས་སྤྱོད་རྫོགས།
ཀ རུ ཎ ནྟྲ བི ཛ གཱ རྠ ཀཱ ར བ ཏྶ མ ངྒུ ར ཧཱ ནི རྨ ན སྱ ཀཱ ཡ ཤཱ སྟྲ ཀྲྀ ངྒི བྷུ པྲ མེ དྷ བཛྲ ཏཱ ཏྲི བྷ ཀྟ ན མྱ ཏྱ།
ཐུགས་རྗེའི་ཐབས་ཀྱིས་འགྲོ་བའི་དོན་མཛད་དཔལ་ལྡན་བླ་མ་སྤྲུལ་པའི་སྐུར་སྟོན་མཛད་ཁྱབ་གདལ་བློ་མཆོག་རྡོ་རྗེར་གུས་པ་གསུམ་གྱིས་ཕྱག་བགྱིའོ། །
གྲངས་མེད་བསྐལ་པར་ཚོགས་གཉིས་ཕུལ་བྱུང་བས། །བྱང་ཆུབ་མངོན་མཛད་སྟོན་མཆོག་ཤཱཀྱའི་རྒྱལ། །ཆགས་བྲལ་དམ་ཆོས་ཚོགས་མཆོག་དགེ་འདུན་བཅས། །ཐར་པའི་ལམ་མཁན་མཆོག་དེ་གུས་པས་འདུད། །སྟོན་པ་མཆོག་དེས་གསང་ཆེན་ཐེག་པའི་ལམ། །སྟོན་ཕྱིར་ཉིད་ལས་མི་གཞན་རྒྱལ་བའི་དབང་། །ཁྱབ་བདག་པདྨ་ཀ་རར་རྣམ་སྤྲུལ་པ། །ཨུ་རྒྱན་རྡོ་རྗེ་འཆང་དེར་སྙིང་ནས་འདུད། །ཟབ་དོན་སྨིན་གྲོལ་དབང་བཞིའི་ཆུ་བོའི་རྒྱུན། །སྐལ་བཟང་གདུལ་བྱའི་ཞིང་སར་ལེགས་དྲངས་ཏེ། །སྐུ་བཞིའི་འབྲས་བུའི་དགའ་སྟོན་མཆོག་སྩོལ་བ། །རྒྱ་བོད་བརྒྱུད་པའི་བླ་མར་སྤྱི་བོས་བཏུད། །རྣམ་དག་ཐེག་པའི་རིམ་པ་བཅུ་གཅིག་གི །མ་ནོར་གྲུབ་པའི་གཞུང་ལུགས་ཆེར་ཞུགས་ཏེ། །ཡོངས་རྫོགས་རྒྱལ་བའི་བསྟན་པ་ཚུལ་གཅིག་ཏུ། །འཆད་མཁས་སྔ་འགྱུར་དྲི་མེད་ཚད་མའི་སྲོལ། །འདུས་པ་མདོ་དབང་རྒྱ་མཚོ་ཆེན་པོའི་ཆོས། །བཤད་དང་སྒྲུབ་པའི་ལམ་ལ་རབ་བརྟེན་ནས། །འོག་མིན་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་དུ། །གྲུབ་པའི་སར་བཞུགས་བཏུད་པའི་རྣམ་ཐར་བྲི། །དེ་ཡང་འདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་བཤད་པ་ལ་སྤྱི་དོན་གསུམ་གྱི། དང་པོ་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་གང་ལས་བྱུང་བའི་བརྒྱུད་པ་བཤད་པ་ལ་གཉིས་ཏེ། བླ་མ་བརྒྱུད་པའི་ཚུལ་བཤད་པ་དང་། བརྒྱུད་པའི་བླ་མ་དེ་རྣམས་ཀྱི་ལོ་རྒྱུས་རྟོགས་བརྗོད་རྣམ་ཐར་བཤད་པའོ། །དང་པོ་བླ་མ་བརྒྱུད་པའི་ཚུལ་བཤད་པ་ནི་གཞུང་ཉིད་དུ་བཤད་ཟིན་ལ། གཉིས་པ་རྟོགས་བརྗོད་རྣམ་ཐར་བཤད་པ་ལོགས་སུ་འཆད་པར་ཁས་བླང་པས་དེ་ཉིད་འདིར་བྲི་བར་བྱ་བའི་དེ་ལ་དང་པོ་སྟོན་པ་བྱོན་ཚུལ། བར་དུ་སྔ་འགྱུར་གྱི་བསྟན་པ་བྱུང་ཚུལ། མཐར་བསྟན་འཛིན་གྱི་བླ་མ་བརྒྱུད་པའི་ཚུལ་ཇི་ལྟར་བྱོན་པར་རྣམ་པར་ཐར་པར་དང་བཅས་པའོ། །དེ་ལས་དང་པོ་ཉིད་མདོ་ཙམ་སྨོས་ན། སྒྱུ་འཕྲུལ་རྩ་བའི་རྒྱུད་གསང་བའི་སྙིང་པོ་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས། ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི། རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ནོ། །ཞེས་གསུངས་པས། རིགས་ཐམས་ཅད་ཀྱི་བདག་པོ་དྲུག་པ་ཀུན་ཏུ་བཟང་པོའི་ཐུགས་སྤྲོས་བྲལ་ཡེ་ཤེས་ཀྱི་ཆ་ལས། ཐུགས་རྗེ་ཆེན་པོའི་བྱིན་བརླབས་གདུལ་བྱ་ལ་ཅིར་ཡང་འཆར་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་སྟོན་པ་དེ་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་མ་གཡོས་བཞིན་དུ་ཐོན་ཚུལ་བཤད་ནས། ཆོས་སྐུའི་ཞིང་ཁམས་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་དང་། ལོངས་སྐུའི་ཞིང་སྟོང་མཚམས་སྦྱོར་ཡོངས་སུ་འདས་པ་ལོངས་སྐུ་ཉག་གཅིག་གི་ཞིང་ཁམས། སྟོང་གསུམ་གྱི་སྟོང་ཆེན་པོ་སྤྲུལ་སྐུ་ཉག་ཅིག་གི་ཞིང་ཁམས་རྣམས་ལས། སྤྲུལ་སྐུའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རེ་རེར། སྤྲུལ་སྐུ་བཅོམ་ལྡན་འདས་རེ་རེར་སྣང་བའི་སྟོན་པ་ཕུན་སུམ་ཚོགས་པ་རེ་རེས། འདུལ་བ་རྣམ་པ་བཞིའི་གདུལ་བྱ་འདུལ་བ་ནི་བསྟན་པ་ཕུན་སུམ་ཚོགས་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་འགྲོ་བ་ལྔའི་དོན་མཛད་དེ་ཞེས་སྟོན་པར་བྱེད་པ་ལ། རྒྱུད་དེ་ཉིད་ལས། འཐོན་ནས་ཀྱང་ལས་ཀྱི་དབང་གི་སྣྲེལ་བཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་པ་བཞིས་འགྲོ་བ་ལྔའི་དོན་མཛད་དོ། །ཞེས་གསུང་བའི་ཕྱིར། དེ་ལྟར་མི་རྣམས་ཀྱི་ཐུབ་པ་ཤཱཀྱ་སེང་གེའི་འདི་ཉིད་ཐེག་པ་ཐུན་མོང་བ་རྣམས་ཀྱི་སྣང་ངོར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་ཅིང་། སྔ་འགྱུར་བའི་ལུགས་ལ་ཐེག་དམན་གྱི་ངོར་རྒྱལ་བུ་དོན་འགྲུབ་སེམས་ཅན་འཆིང་བ་ཀུན་ལྡན་ཞིག་ཡིན་པ་ལ། སེར་སྐྱའི་གྲོང་ཁྱེར་གྱི་སྒོར་སྐྱེ་བའི་ཚུལ་བསྟན་ནས་རྒྱལ་སྲིད་སྤངས་ཏེ་རབ་ཏུ་བྱུང་། ལོ་དྲུག་དཀའ་བ་སྤྱད་མཐར་ཉན་ཐོས་ཀྱི་ངོར་དགྲ་བཅོམ་པའི་འབྲས་བུ། རང་རྒྱལ་གྱི་ངོར་ཡིད་བཞིན་བདེ་བ་མཆོག་གི་འབྲས་བུ་བསེ་རུའམ་ནེ་ཙོ་ལྟ་བུ་ཐོབ་ལ། སྔགས་ཕྱི་རྒྱུད་རྣམས་ཀྱི་ངོར་ལྷའི་བུ་དམ་པ་ཏོག་དཀར་པོ་དེ་བྱང་སེམས་ས་མཐར་ཕྱིིན་པ་སྲིད་པ་ཐ་མ་པ་སྐྱེ་བ་གཅིག་གིས་ཐོགས་པ་ཅན་ཞིག་མིའི་རྒྱལ་བུ་དོན་འགྲུབ་ཏུ་སྐྱེ་བ་བཞེས་ནས། ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་ཞིང་། ཆུ་བོ་ནེ་རཉྫ་ནའི་འགྲམ་ན་དཀའ་ཐུབ་མཛད་པའི་ཚེ་སངས་རྒྱས་རྣམས་ཀྱི་བསྐུལ་བས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ་རྣམ་སྨིན་གྱི་ལུས་དེ་ཉིད་དུ་བཞག །ཡིད་ཀྱི་ལུས་འོག་མིན་དུ་བྱོན་ཏེ། དོན་དམ་བྱང་སེམས་བསྐྱེད་པས་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ནས། དཔལ་ཀུན་རིག་རྣམ་པར་སྣང་མཛད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སུམ་ཅུ་རྩ་གསུམ་གྱི་གནས་སུ་བབས་ཏེ་ལྷ་ཡུལ་གྱི་གདུལ་བྱ་རྣམས་སྨིན་པར་མཛད་རྗེས། མིའི་ཡུལ་གྱི་གདུལ་བྱའི་དོན་དུ་སླར་ཡང་དཀའ་ཐུབ་ཀྱི་ཁོགས་པར་ཞུགས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་པར་བཞེད་ཅིང་། དེའི་ཚུལ་རིགས་པའི་ཤེས་བྱེད་དུ། གསང་སྙིང་ལས། ཉན་ཐོས་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསེ་རུའི་ཚུལ། །གཞན་ཡང་ཐེག་མཆོག་རིམ་པ་བཞིན། །འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །ཞེས་སོགས་གསུངས། འོན་ཀྱང་མཐུན་སྣང་དུ་གྲགས་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལྟར་བཤད་ཀྱང་རུང་སྟེ། གཞན་ཡང་ཐེག་མཆོག་རིམ་པ་བཞིན། ཞེས་གསུངས་པའི་ཕྱིར། དེ་ལ་རང་ལུགས་སུ་མཛད་པ་བརྒྱད་དང་། སྤྱིར་མཛད་པ་བཅུ་གཉིས་སུ་བཤད་པའི། དང་པོ་ལྟར་ན། གསང་སྙིང་ལས། བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་བསྟན་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་སྟོན་པའི་ཐུབ་པས། ཞེས་གསུངས་མོད་ཀྱང་མཛད་པ་བཅུ་གཉིས་ཁོངས་སུ་དོན་གྱིས་མཛད་པ་བརྒྱད་ཀྱང་འདུ་བས་དེའི་ཕྱིར་ཕྱི་མ་ལྟར་མཛད་པ་བཅུ་གཉིས་སུ་འཆད་རིགས་ལ། དེ་ལྟར་མཛད་པ་བཅུ་གཉིས་ཀྱི་ཚུལ་དེ་ཉིད་ཇི་ལྟ་བུ་ཞེ་ན། རྒྱུད་བླ་མ་ལས། དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར་རོ། །དེ་ཡང་བདག་ཅག་གི་སྟོན་པ་འདི་གཟོད་མ་ནས་ཤེས་རབ་སྙིང་རྗེ་ཕུན་སུམ་ཚོགས་པའི་མཐུས་བསོད་ནམས་ཆ་མཐུན་གྱི་དགེ་བའི་རྩ་བ་རྒྱ་ཆེན་པོ་དུ་མ་བསགས་པ་ཞིག་ཡིན་ནའང་། རེ་ཞིག་ན་ལས་ཀྱི་རྒྱུ་བ་འགའ་ཞིག་གི་སེམས་ཅན་དམྱལ་བའི་གནས་སུ་ལྕགས་བསྲེགས་ཀྱི་ས་གཞིར་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་པའི་ཚེ། རང་གི་སྡུག་བསྔལ་ཉམས་སུ་མྱོང་བའི་མཐུན་གྲོགས་ལ་སྙིང་རྗེ་ཚད་མེད་པ་སྐྱེས་ཏེ་རང་གཞན་བརྗེ་ནུས་ཀྱི་ཚིག་སྨྲས་པ་དམྱལ་སྲུང་གཤིན་རྗེའི་སྐྱེས་བུས་མགོ་ལ་ལྕགས་ཀྱི་ཐོ་ལུམ་བསྣུན་པས་ཚེའི་དུས་བྱས་ཏེ་ལྷར་སྐྱེས་ནས་ལོ་མང་པོར་བདེ་བ་ཉམས་སུ་མྱོང་ཞིང་། ཤི་འཕོས་ནས་མིའི་ནང་དུ་རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་ཅེས་བྱ་བར་གྱུར་པའི་ཚེ། སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ་གདུགས་གཅིག །མཆིལ་ལྷམ་ཟུང་། རྫ་བུམ། མགྲོན་བུ་ལྔའི་མེ་ཏོག་རྣམས་གཏོར་ཏེ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །ཞེས་སོགས་བརྗོད་ཅིང་ཐུགས་བསྐྱེད་པ་དང་། མདོ་སྡེ་བསྐལ་བཟང་ལས། ང་ནི་སྔོན་ཚེ་དབུལ་པོར་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ལ། །འཇམ་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ། །ཞེས་གསུངས། དེ་ལྟར་བསྐལ་ཆེན་གྲངས་མེད་པ་གསུམ་གྱི་བར་རམ། བརྒྱད་སྟོང་འགྲེལ་ཆེན་ལས། གྲངས་མེད་སུམ་ཅུ་རྩ་གསུམ་དུ་བཤད་པའི་ལུགས་ཏེ་དེ་དག་གི་བར་དུ་ཚོགས་གཉིས་རྒྱ་ཆེན་པོ་བསགས་ཏེ། ས་བཅུའི་བྱང་ཆུབ་སེམས་དཔའ་ལྷའི་བུ་དམ་པ་ཏོག་དཀར་དུ་སྐྱེ་བ་བཞེས་ནས་དགའ་ལྡན་དུ་ལྷ་རྣམས་ལ་ཆོས་སྟོན་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ལྷའི་སིལ་སྙན་གྱི་སྒྲ་ལས། བསོད་རྣམས་རྒྱ་ཆེན་ཚོགས་མང་དྲན་རྟོགས་ཤིང་། །བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པའི། །མཚུངས་མེད་སྟོབས་མངའ་རྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད། །ཅེས་བསྐུལ་བས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་ཏེ་གཟིགས་པ་ལྔས་དགའ་ལྡན་ནས་འཕོ་བར་དགོངས་ཏེ། ལྷ་རྣམས་ཀྱིས་བཞུགས་པར་གསོལ་བ་ལ་མ་གནང་བར། ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་བསྟན་ཅིང་མགོན་པོ་མ་ཕམ་པའི་སྤྱི་བོར་རིན་པོ་ཆེའི་དབུ་རྒྱན་བཅིངས་ཤིང་རྒྱལ་ཚབ་ཏུ་དབང་བསྐུར་ནས། གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་པར་སྤྲུལ་ཏེ་དགའ་ལྡན་ནས་འཕོ་བའི་མཛད་པ་སྟེ་དང་པོའོ། །དེའི་ཚེ་སེར་སྐྱའི་གྲོང་ཁྱེར་དུ་ས་ག་ཟླ་ཚེས་བཅོ་ལྔར་ཡུམ་གསོ་སྦྱོང་ལ་གནས་པའི་ལྷུམས་སུ་ཞུགས་ཏེ། ཡུམ་གྱི་ལྷུམས་དེ་ཡང་རྒྱལ་སྲས་ཀྱི་ཉེ་བར་སྤྱད་པ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བར་བྱིན་གྱིས་བརླབས་ཏེ། ཡུམ་གྱི་མངལ་ནས་ཀྱང་ལྷ་རྣམས་ལ་ཆོས་སྟོན་པ་དང་། ཚངས་པས་ཕུལ་བའི་པདྨའི་ཟིལ་མངར་ལོངས་སྤྱོད་ཅིང་ཟླ་བ་བཅུ་ཟག་མེད་ཀྱི་བདེ་བ་ཉམས་སུ་མྱོང་ཞིང་སྐྱེ་རྒུ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་སྨིན་པར་གྱུར་པ་སོགས་ལྷུམས་སུ་ཞུགས་པའི་མཛད་པ་སྟེ་གཉིས་པའོ། །དེ་ནས་དབོ་ཟླ་བའི་ཚེས་བརྒྱད་དམ་བཅུ་རྒྱལ་ཕུར་འཛོམ་པའི་ཉིན། ལུམྦི་ནིའི་ཚལ་དུ་ཤིང་ལྗོན་པ་ཀླག་ཤའི་དྲུང་དུ་ཡུམ་གྱི་གློ་གཡས་པ་ནས་བལྟམས་མ་ཐག །ཚངས་པ་དང་བརྒྱ་བྱིན་གྱིས་ཀ་ཤི་ཀའི་རས་ཀྱི་སླེབ་མོས་བླངས་ཤིང་། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་བོ་གཉིས་ཀྱིས་ནམ་མཁའ་ནས་བསིལ་དྲོད་ཀྱི་ཆུས་སྐུ་ཁྲུས་གསོལ་བ་དང་། ལྷའི་བུ་བརྒྱ་སྟོང་མང་པོས་སྤོས་ཆུ་དང་མེ་ཏོག་སིལ་མ་གཏོར་ཞིང་། ས་ལ་བབས་མ་ཐག་ཏུ་པདྨ་ཆེན་པོ་ཞིག་གིས་ས་བརྟོལ་ཏེ་བྱུང་བའི་སྟེང་དུ་ཞབས་བཞག་ཅིང་། ཤར་ལྷོ་ནུབ་བྱང་འོག་དང་སྟེང་དྲུག་ཏུ་གོམ་པ་བདུན་བོར་ཞིང་དམ་བཅའ་བའི་ཚིག་དག་ཀྱང་གསུངས་སོ། །དེའི་ཚེ་དགེ་བའི་མཚན་མ་དག་ཀྱང་མངོན་པར་སྣང་བར་གྱུར་ཅིང་དོན་ཐམས་ཅད་གྲུབ་པས་མཚན་ཡང་གཞོན་ནུ་དོན་ཐམས་ཅད་གྲུབ་པར་ཞེས་བཏགས་པ་སྟེ་སྐུ་བལྟམས་པའི་མཛད་པ་སྟེ་གསུམ་པའོ། །དེ་ནས་མཚན་མཁན་རྣམས་ཀྱིས་ལྟས་བརྟག་ཅིང་ལུང་གཉིས་སུ་བསྟན་མོད་ཀྱི། གངས་རིའི་ངོས་ལ་གནས་པའི་དྲང་སྲོང་ནག་པོས་ངེས་པར་སངས་རྒྱས་ཁོ་ནར་ལུང་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བལྟམས་ནས་ཞག་བདུན་ནས་ཡུམ་འདས་ཀྱང་སྲུ་སྐྱེ་དགུའི་བདག་མོ་སོགས་མ་མ་སོ་གཉིས་ཀྱིས་བསྐྱེད་བསྲིངས་ཏེ་ཡར་སྐྱེས་པ་དང་། ཡིག་དཔོན་ཀུན་གྱི་བཤེས་གཉེན་ལས་ཡི་གེ་སློབ་པའི་ཚུལ་བསྟན་པ་དང་། སྲིད་གྲུབ་དཔང་དུ་བཞག་སྟེ་རྩིས་དང་གྲངས་ཀྱི་ཁྱད་པར་བསྟན་པ། བཙུན་མོ་བླངས་པའི་ཕྱིར་སྒྱུ་རྩལ་འགྲན་བར་མཛད་དེ་འཕོངས་དང་གྱད་ཀྱི་འཛིན་སྟངས་དང་། ཆུ་ལ་རྐྱལ་པ་དང་། གླང་པོ་ཆེ་འདུལ་བ་དང་། རྟ་རྩལ་དང་། ཤིང་རྟའི་ཐབས་ལ་སོགས་ཏེ་མདོར་ན་སྤོས་སྦྱོར་གྱི་བར་ལྷ་དང་མི་ཐམས་ཅད་ལས་བྱང་ཆུབ་སེམས་དཔའ་འབའ་ཞིག་ཁྱད་པར་དུ་གྱུར་པའི་ཚུལ་བསྟན་པ་ནི་བཟོའི་གནས་ལ་མཁས་པའི་མཛད་པ་སྟེ་བཞི་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དང་མཐུན་པར་སྟོན་པའི་ཕྱིར་ཤཱཀྱའི་བུ་མོ་ས་མཚོ་མ་དང་། གྲགས་འཛིན་མ་དང་། རི་དྭགས་སྐྱེས་མ་ལ་སོགས་པ་བཙུན་མོའི་འཁོར་བརྒྱད་ཁྲི་བཞི་སྟོང་དང་རོལ་པའི་ཚུལ་བསྟན་ཏེ། དེ་ཡང་རྒྱ་ཆེར་རོལ་པར་ཤཱཀྱ་ལག་ན་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མ་སོགས་བཙུན་མོ་བརྒྱད་ཁྲིར་གསུངས་ཤིང་མདོ་སྡེ་མངོན་པར་འབྱུང་བར། ཤཱཀྱ་དབྱིག་པ་ཅན་གྱི་བུ་མོ་གྲགས་འཛིན་མ། དུས་ལེགས་ཀྱི་བུ་མོ་ས་འཚོ་མ། དྲིལ་བུ་སྒྲའི་བུ་མོ་རི་དྭགས་སྐྱེས་གསུམ་ཡིན་པར་བཤད། བྱ་ས་བསྐལ་བཟང་ཆོས་རྗེས་ས་འཚོ་མ་དང་གྲགས་འཛིན་མ་གཉིས་གཅིག་པར་བཞེད་དོ། །དེ་ལྟར་བཙུན་མོའི་འཁོར་དེ་དག་ཀྱང་སྔོན་གྱི་སྨོན་ལམ་གྱི་མཐུས་བྱང་ཆུབ་ཏུ་སྨོན་པར་མཛད་པ་ནི་བཙུན་མོའི་འཁོར་གྱིས་རོལ་པའི་མཛད་པ་སྟེ་ལྔ་པའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཉིད་དུས་མཁྱེན་མདོའི་བསྟན་པ་ལ་དགའ་བའི་ལྷ་ཀླུ་ཁ་ཅིག །སྐྱེས་བུ་དམ་པ་འདི་ཉིད་ཡུན་རིང་པོར་ཁྱིམ་ན་གནས་ཏེ་བག་མེད་པར་གྱུར་ནས་སེམས་ཅན་གྱི་དོན་ལས་ཉམས་ཏེ་མངོན་པར་འབྱུང་བར་མི་འགྱུར་གྲང་སྙམ་ཞིང་བསྐུལ་བར་ཡང་བྱེད་ལ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་སིལ་སྙན་གྱི་སྒྲ་ལས་ཚིགས་སུ་བཅད་པ་དུ་མ་དག་ཀྱང་བྱུང་བ་འདི་ལྟ་སྟེ། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང་། །ཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང་། །འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲན་པ་བྱོས་ཞེས་སོགས་ཀྱིས་བསྐུལ་ཞིང་། གཞན་ཡང་གྲོང་ཁྱེར་གྱི་ཤར་སྒོར་མི་རྒན་པོ་ཉམ་ཐག་པ་དང་། ལྷོ་སྒོར་ནད་ཀྱིས་ཉེན་པ་དང་། ནུབ་སྒོར་ཤི་བའི་རོ་ཁྱོགས་ལ་བརྟེག་པ་མྱ་ངན་དང་བཅས་པ་དང་བྱང་སྒོར་ལྷས་སྤྲུལ་པའི་དགེ་སློང་ཞི་ཞིང་དུལ་བ་གཟིགས་པས་ཀྱང་རྐྱེན་བྱས་ཏེ། ཁྱིམ་ལ་སྐྱོ་ཞིང་ངེས་པར་འབྱུང་བའི་དུས་ལ་བབས་པར་གཟིགས་ཤིང་། འོན་ཀྱང་ཕས་མ་གནང་པར་རབ་ཏུ་བྱུང་ན་ཚུལ་དང་མི་མཐུན་ཞིང་། བྱས་པ་མི་གཟོ་བར་འགྱུར་རོ་སྙམ་ནས་ཡབ་ཟས་གཙང་མའི་གམ་དུ་བྱོན་ཏེ། ལྷ་གཅིག་བདག་ནི་མངོན་པར་འབྱུང་བའི་དུས་བབས་རིགས། གེགས་ཀྱང་མ་མཛད་མི་དགྱེས་པ་ཡང་མ་མཛད་ཅིག །རྒྱལ་པོ་གཉེན་བཅས་ཡུལ་འཁོར་བཅས་ཏེ་བཟོད་པར་མཛད། ཅེས་གསོལ་བས། རྒྱལ་པོས་དྲི་ལན་འགའ་ཞིག་མཛད་པའི་མཐར། ཕན་བྱེད་འགྲོ་བར་བྱེད་དང་རྗེས་སུ་ཡི་རང་ངོ་། །ཁྱོད་ཀྱི་བསམ་པ་རྣམས་ནི་ཡོངས་སུ་རྫོགས་གྱུར་ཅིག །ཅེས་གནང་བ་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སྲོད་ཀྱི་ཆ་ལ་གྲགས་འཛིན་མའི་མངལ་དུ་སྲས་བསྐྲུན་པའི་ཚུལ་བསྟན་ནས། ནམ་གྱི་གུང་ལ་ལྷ་རྣམས་ཀྱིས་གྲོགས་བྱས་ཏེ། གྲོང་ཁྱེར་བ་རྣམས་གཉིད་ཀྱིས་མྱོས་པར་བྱས་ཤིང་ཁང་བཟང་གི་སྟེང་ནས་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས། འདུན་པ་ལས་རྟ་བསྔགས་ལྡན་བླངས་ཏེ། བཀྲ་ཤིས་ཀྱི་ཆབ་སྒོ་ནས་མངོན་པར་བྱུང་ཞིང་ནམ་མཁའ་ལ་འཕགས་ཏེ་རྒྱལ་ཆེན་བཞིས་བཏེགས་ཏེ་ལྷ་རྣམས་ཀྱིས་མཆོད་པ་དང་བཅས་ཏེ་གྱད་ཀྱི་ཡུལ་འདས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་བྱོན་ནས་འདུན་པ་རྟ་རྒྱན་དང་བཅས་པས་ཕྱིར་ལོག །ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད། ལྷས་ཕུལ་བའི་ན་བཟའ་ངུར་སྨྲིག་མནབས་ཏེ་རང་བྱུང་གི་བསྙེན་པར་རྫོགས་པར་མཛད་པ་ནི་ངེས་པར་འབྱུང་བའི་མཛད་པ་སྟེ་དྲུག་པའོ། །དེ་ནས་བྲམ་ཟེ་རིགས་ལྡན་དང་། པདྨ་དང་། ནམ་གྲུའང་། བེ་ཅོན་གྱི་བུ་འོད་ལྡན་རྣམས་ཀྱི་མགྲོན་བདག་གིར་མཛད་ཅིང་ཡངས་པ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ལས་ཅི་ཡང་མེད་པའི་སེམས་དང་། མ་ག་རྡར་གཟུགས་ཅན་སྙིང་པོ་དང་ཐོག་མར་མཇལ་ཞིང་། རྒྱལ་པོའི་ཁབ་ཏུ་རིང་བྱེད་ཀྱི་བུ་ལྷག་སྤྱོད་ལས་སྲིད་རྩེའི་སེམས་དག་མངོན་དུ་མཛད་དེ་རྗེས་འཇུག་གི་གདུལ་བྱ་རྣམས་ཆོས་ཀྱི་ཕྱིར་དཀའ་བ་སྤྱོད་དགོས་པར་བསྟན་པ་དང་། དེ་ལྟ་བུའི་དཀའ་སྤྱད་ཀྱང་ཕྱི་རོལ་པ་དག་གིས་བརྟུལ་ཞུགས་ལྔ་སྤྱོད་པ་དང་། ལག་པ་ལ་ལྡག་པ་སོགས་དང་། དུ་བ་རྔུབ་པ་དང་། མེ་རྔུབ་པ་དང་། ཉི་མ་ལ་ལྟ་བ་སོགས་དང་ལག་པ་གཅིག་གཏོད་པ་དང་། རྐང་པ་གཅིག་བཙུགས་པ་ལ་སོགས་ཏེ་ལོག་པའི་དཀའ་ཐུབ་རྣམས་འགོག་པར་བྱ་བའི་ཕྱིར། ཀླུང་ནེ་རཉྫ་ནའི་འགྲམ་དུ་ལོ་དྲུག་གི་བར་དུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཏིལ་འབྲུ་གཅིག །རྒྱ་ཤུག་འབྲུ་གཅིག །འབྲས་འབྲུ་གཅིག་ལ་བརྟེན་ནས་དབུགས་རྒྱུ་བ་བཅད་དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་ཚུལ་བསྟན་པ་ནི་དཀའ་བ་ནི་དཀའ་བ་སྤྱད་པའི་མཛད་པ་སྟེ་བདུན་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལས་བཞེངས་ཏེ་དཀའ་ཐུབ་ཁོ་ནས་གྲོལ་བར་འཛིན་པ་རྣམས་སུན་དབྱུང་བའི་ཕྱིར། ཁ་ཟས་རགས་པ་གསོལ་ལོ་སྙམ་དུ་དགོངས་ཏེ། བྲན་མོ་གྲུབ་མ་ཤི་བའི་རོ་གོས་བླངས་པ་ལྷས་སྤྲུལ་པའི་རྫིང་བུར་བརྒྱ་བྱིན་གྱིས་ཕུལ་བའི་རྡོ་ལེབ་ཀྱི་སྟེང་དུ་བཀྲུས་ནས། ཤིང་སྒྲུབ་བྱེད་ཀྱི་དྲུང་དུ་ཕྱག་དར་ཁྲོད་པའི་ཆོས་གོས་དྲུབས་ཏེ། ལྷའི་བུ་འོད་དྲི་མ་མེད་པས་ལྷའི་གོས་ངུར་སྨྲིག་ཕུལ་བ་ཡང་བཞེས་ཏེ་སྤྱོད་ཡུལ་གྱི་གྲོང་དུ་ཞུགས་པ་ལ། ལྷས་སྦྲན་ཏེ་སྟེང་རྒྱས་ཀྱི་གྲོང་ན་དགའ་བྱེད་ཀྱི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པ་འབྲས་གསར་པ་དང་ལྷན་ཅིག་ཏུ་བཙོས་པའི་ནང་དུ། དཔལ་བེའུ་སོགས་བཀྲ་ཤིས་པའི་མཚན་མ་དག་ཀྱང་སྣང་བར་གྱུར་ལ། མཚན་མཁན་གྱིས་ཀྱང་ཟས་དེ་ཟོས་པའི་བྱང་ཆུབ་སེམས་དཔའ་བདུད་རྩི་ཐོབ་པར་ལུང་བསྟན་ཏོ། །དེ་ནས་ལེགས་སྐྱེས་མས་འོ་ཐུག་དེ་ཉིད་མེ་ཏོག་དང་སྤོས་ཆུས་གཏོར་ཞིང་སྦྲང་རྩི་དང་ལྡན་པར་བྱས་ཏེ་གསེར་གྱི་སྣོད་ཆེན་པོ་བཀང་སྟེ་བྱང་ཆུབ་སེམས་དཔའ་མགྲོན་དུ་བོས་པ་ལ་ཕུལ་ལོ། །བྱང་ཆུབ་སེམས་དཔའ་ཀྱང་ཀླུང་འབྲས་དུ་ཟས་ཀྱི་བྱ་བ་མཛད་པས་སྐུ་ལུས་མཚན་དཔེ་རབ་ཏུ་བརྟས་པར་གྱུར་ཏེ། བདུད་ལས་རྒྱལ་བའི་ཕྱིར་སེང་གེ་དང་། ངང་པ་དང་། གླང་པོ་དང་། དབང་པོའི་འགྲོས་ཀྱིས་བྱང་ཆུབ་ཤིང་དྲུང་དུ་གཤེགས་པའི་ལམ་མཁར། རྩྭ་འཚོང་བཀྲ་ཤིས་ལས་རྩ་སྔོ་ཞིང་འཇམ་པ་དག་ཚིགས་སུ་བཅད་པས་བླངས་ནས་བྱང་ཆུབ་ཀྱི་ཤིང་ལ་བསྐོར་བ་ལན་བདུན་མཛད་དེ། རྩྭ་རྣམས་ཀྱི་རྩེ་མོ་ནང་དང་རྩ་བ་ཕྱིར་བསྟན་ཤར་ཕྱོགས་སུ་བལྟས་ཏེ་སྐྱིལ་མོ་ཀྲུང་བཅས་ཏེ་དམ་བཅའ་བའི་ཚིགས་སུ་བཅད་པས་བརྗོད་དེ་བཞུགས་པ་ནི་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་སྟེ་བརྒྱད་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྗེས་འཇུག་རྣམས་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པ་སྣ་ཚོགས་འབྱུང་ཡང་དེ་དག་གིས་མི་ཚུགས་ཤིང་ལམ་མཐར་ཕྱིན་པ་བྱེད་དགོས་པའི་བརྡར་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་བཀྱེ་སྟེ། འོད་ཟེར་དེ་དག་ལས་ཚིགས་སུ་བཅད་པའི་སྒྲས་ཀྱང་བདུད་བསྐུལ་ཞིང་། བདུད་སྡིག་ཅན་གྱིས་ཀྱང་བདུད་དཔུང་བསམ་གྱིས་མི་ཁྱབ་པ་དག་བཤམས་ཏེ་མཚོན་ཆ་སྣ་ཚོགས་འཕངས་པ་ཐམས་ཅད་ཀྱང་མེ་ཏོག་གི་ཆར་དུ་གྱུར་ཅིང་། བསོད་ནམས་ཀྱི་ཚོགས་ལ་སྐུར་པ་བཏབ་པའི་ཚེ་ཕྱག་གཡས་པས་ས་ལ་བརྡབས་ཏེ་སའི་ལྷ་མོ་བསྟན་མས་དཔང་བྱས་སོ། །དེ་ལྟར་ཐབས་གང་གིས་ཀྱང་བར་དུ་གཅོད་མ་ནུས་པ་བདུད་ཀྱི་དཔུང་ཚོགས་བྱེར་ཞིང་རྣམ་པར་འཐོར་བར་གྱུར་པ་སྟེ་བདུད་སྡེ་བཅོམ་པའི་མཛད་པ་དགུ་པའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་ཏེ་དགུང་ལོ་སོ་ལྔ་པ་ས་གའི་ཚེས་བཅོ་ལྔའི་ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཁ་རྔ་བརྡུང་བའི་ཚོད། མཚན་མོའི་ཐུན་ཐ་མའི་དུས་སུ་བསམ་བཏན་བཞི་དང་རིག་པ་གསུམ་སྐྱེས། རྟེན་འབྲེལ་བཅུ་གཉིས་དང་བདེན་པ་བཞིའི་ཚུལ་ཁོང་དུ་ཆུད་ནས་མཐར་གྱི་གནས་པའི་སྙོམས་འཇུག་དགུ་མངོན་དུ་བྱས་ནས། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་ཚེ་ཟླ་བ་ཡང་གཟས་ཟིན་ཞིང་སྒྲ་གཅན་འཛིན་ཡང་བཙས་སོ། །དེ་ནས་ཤིང་ཏ་ལ་བདུན་སྲིད་དུ་འཕགས་ཏེ་ལམ་གྱི་རྒྱུན་ནི་ཆད་དོ། །ཞེས་སོགས་ཀྱི་ཆོས་ཆེད་དུ་བརྗོད་པ་གསུངས་ཤིང་། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་ཅིང་འཇིག་རྟེན་སྣང་བར་བྱས། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས། ཕྱོགས་བཅུའི་སངས་རྒྱས་ཀྱིས་ཆོས་ཀྱི་དགབ་པ་བསྐུར་ཞིང་དགབ་པ་དེ་དག་གིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིི་ཁམས་འདི་རིན་པོ་ཆེའི་གདུགས་གཅིག་གིས་ཁེབས་ཤིང་། དེ་དག་ལས་འོད་ཟེར་བྱུང་བས་ཕྱོགས་བཅུའི་འཇིག་རྟེན་མཐའ་དག་སྣང་བར་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་བཅས་པ་དག་གིས་མངོན་པར་བསྔགས་ཤིང་ལེགས་སོའི་སྒྲ་རྒྱ་ཆེར་བརྗོད་པར་གྱུར་པ་འདི་དག་ནི་བྱང་ཆུབ་པའི་མཛད་པ་སྟེ་བཅུ་པའོ། །དེ་ལྟར་སངས་རྒྱས་ནས་ཞག་བདུན་ཕྲག་དང་པོ་སྐྱིལ་མོ་ཀྲུང་མ་བཤིག་པ་དགའ་བའི་ཟས་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད་དོ། །གཉིས་པ་ལ་སྟོང་གསུམ་རྒྱང་རིང་དུ་འཆག་གོ། །གསུམ་པ་ལ་བྱང་ཆུབ་ཀྱི་ཤིང་ལ་སྤྱན་མི་འཛུམ་པར་གཟིགས་སོ། །བཞི་པ་ལ་ཤར་ནུབ་ཏུ་རྒྱང་མི་རིང་བར་འཆ ག་གོ། །དེའི་ཚེ་བདུད་སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་ཀྱང་གདུལ་བྱའི་དོན་མ་གྲུབ་གྱི་བར་དུ་མྱ་ངན་ལས་མི་འདའ་བར་ཞལ་གྱིས་བཞེས་ཤིང་། བདུད་ཀྱི་བུ་མོ་གསུམ་གྱི་གཡོ་སྒྱུ་བསྟན་པའང་རྒན་མོར་མཛད་དོ། །ལྔ་པ་ལ་ཡུལ་ངན་ཆེན་པོ་བྱུང་བའི་ཚེ་ཀླུ་བཏང་བཟུང་གི་གནས་ན་བཞུགས་སོ། །དྲུག་པ་ལ་ཤིང་ནྱ་གྲོ་རྡར་སྐྱོང་གི་དྲུང་དུ་བཞུད་དེ་ཀུན་ཏུ་རྒྱུ་རྣམས་ལ་ཚིགས་སུ་བཅད་པ་གསུངས་སོ། །བདུན་ཕྲག་བདུན་པ་ལ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ་བྱང་ཕྱོགས་པའི་ཚང་པ་ག་གོན་དང་བཟང་པོ་སྤུན་གྱིས་སྦྲང་རྩི་དང་། སྐྱོ་མ་དང་། བུར་ཤིང་བཤུས་པ་དག་ཕུལ་བ་ལ་རྒྱལ་ཆེན་བཞིས་རིན་པོ་ཆེའི་ལྷུང་བཟེད་ཕུལ་བ་མ་བཞེས་པ་རྡོའི་ལྷུང་བཟེད་ཕུལ་བ་ཐོག་མར་རྣམ་ཐོས་ཀྱི་བུ་དང་། དེ་ནས་གཞན་གསུམ་གྱི་ཡང་བཞེས་ཏེ་བཞིག་གཅིག་ཏུ་བྱིན་གྱིས་བརླབས་པ་དེར་གསོལ་ཏེ། གཞན་ཡང་ག་གོན་དང་བཟང་པོ་གཉིས་ཀྱིས་བ་སྟོང་གི་འོ་མའི་མར་གྱི་ཉིང་ཁུའི་སྤྲོས་མ་བཞམས་ཏེ་རིན་པོ་ཆེའི་གཞོང་པར་བླུགས་ཏེ་ཕུལ་བ་ཡང་གསོལ་ནས། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང་། ཞེས་ཀྱི་ཤིས་པ་བརྗོད་པའི་ཚིགས་བཅད་གསུངས་ཏེ་སྦྲང་རྩི་འབྱུང་བའི་རྒྱལ་པོར་ལུང་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐུགས་ལས་ཆུང་ངུར་བཞུགས་ཏེ། ཟབ་ཞི་རྡུལ་བྲལ་སོགས་ཀྱི་ཚིགས་སུ་བཅད་པ་གསུངས་ཤིང་འོད་བཀྱེ་བས་སྟོང་གསུམ་གྱི་བདག་པོ་ཚངས་པ་ཆེན་པོ་གཙུག་ཕུད་ཅན་གྱིས་ཤེས་ཏེ། ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ཀྱི་འཁོར་དང་བཅས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་བཏབ་པ་ནི། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབ་ནས་ནི། ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་འགྱེད་མཛད་དེ། ཡེ་ཤེས་ཟེར་གྱིས་མི་ཡི་པདྨ་ཁ་འབྱེད་པ། སྨྲ་བའི་ཉི་མ་ཇི་སླད་དེ་རིང་བཏང་སྙོམས་བཞུགས། ཞེས་སོགས་ཀྱི་བསྐུལ་བས་ཅང་མི་གསུངས་པས་གནང་ངོ་། །ཡང་ཐུགས་ལས་ཆུང་བ་ལ་གཞོལ་བ་དང་ཚངས་པས་ཤེས་ཏེ་བརྒྱ་བྱིན་སྦྲན་ནས་བརྒྱ་བྱིན་གྱིས་ཀྱང་གསོལ་བ་བཏབ་པ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་བྱུང་གསོལ། །ཞེས་གསོལ་བ་བཏབ་བོ། །ཡང་ཐུགས་ལས་ཆུང་ངུར་བརྒྱུད་པའི་ཚེ་མ་ག་རྡར་མེ་མི་འབར་བ་སོགས་མི་དགེ་བའི་ལྟས་བྱུང་བས་སླར་ཡང་ཚངས་པས་བསྐུལ་ཞིང་བཀའ་མཆིད་དུ་མར་གླེངས་ཏེ་ཞལ་གྱིས་བཞེས་ནས། ཐོག་མའི་གདུལ་བྱ་རིང་འཕུར་དང་ལྷག་སྤྱོད་རྗེས་སུ་དགོངས་པས། དེ་གཉིས་ཤི་བར་མཁྱེན་ནས། ལྔ་སྡེར་དགོངས་ཏེ་མ་ག་རྡ་ནས་གསལ་ལྡན་དུ་བྱོན་པའི་ལམ་དུ་འཚོ་བ་པ་དང་བཀའ་མཆིད་ཀྱང་གླེང་ཤིང་། གངྒཱའི་ནམ་མཁའ་ལ་གཤེགས་ཏེ་ཝ་ར་ཎཱ་སིར་བསོད་སྙོམས་བཞེས་ཏེ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་ནས་ལྔ་སྡེའི་ནང་ཁྲིམས་ཞིག་སྟེ་བཀུར་སྟིས་བསུས་སོ། །དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མངོན་པར་ཕྱོགས་པ་དེའི་ཚེ་ས་ཕྱོགས་དེར་རིན་པོ་ཆེ་སྣ་བདུན་གྱི་ཁྲི་སྟོང་བྱུང་བའི་གསུམ་ལ་བསྐོར་བ་མཛད་ཅིང་། བཞི་པ་ལ་བཞུགས་ཤིང་སྐུ་ལས་འོད་བྱུང་སྟེ་འཇིག་རྟེན་ཐམས་ཅད་སྣང་བར་མཛད་ཅིང་ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །དེའི་ཚེ་ལྷ་རྣམས་ཀྱིས་འཁོར་གྱིས་ཁྱམས་ཆེན་པོ་བརྒྱན་པ་ལ་སོགས་ཏེ་བཀོད་པ་སྣ་ཚོགས་བཤམས་ཤིང་གསོལ་བ་བཏབ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བས། ཆོས་ཀྱི་འཁོར་ལོ་ལྷའི་འཛམ་བུ་ཆུ་བོའི་གསེར་ལས་བྱས་ཤིང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་རྩིབས་སྟོང་ཡོད་པ། འོད་ཟེར་སྟོང་དང་ལྡན་པ་མེ་ཏོག་གི་ལྡ་ལྡི་གསེར་གྱི་དྲྭ་བ་དང་དྲིལ་གཡེར། སྤོས་ཀྱི་ལག་རིས། བུམ་པ། གཡུང་དྲུང་འཁྱིལ་བ་དང་བཅས་པ་ལྷའི་གོས་དང་། སྤོས་དང་། མེ་ཏོག་དང་། ཕྲེང་བས་བརྒྱན་ཅིང་ཤུག་པས་བྱུགས་པ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་བཞེས་ཏེ། སྔོན་ཡང་བསྐོར་བ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཕུལ་ཞིང་ཐལ་མོ་སྦྱར་ཏེ། ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྙད་དེ་གསོལ་བ་བཏབ་བོ། །དེ་ནས་དེ་བཞིན་གཤེགས་པས་ནམ་གྱི་ཆ་སྟོད་ལ་ཅང་མི་གསུངས་ཤིང་། གུང་ཐུན་ལ་ཡང་དག་པར་ཆགས་པའི་གཏམ་དང་། ནམ་གྱི་ཆ་སྨད་ལ་ལྔ་སྟེ་བཟང་པོ་བོས་ཏེ་བདེན་པ་བཞི་ལན་གསུམ་བཟླས་པ་རྣམ་པ་བཅུ་གཉིས་ཀྱི་འཁོར་ལོ་བསྐོར་བས་དང་པོས་ཀཎྜི་ནྱ་དང་ལྷ་མང་པོ་མཐོང་ལམ་སྐྱེས། གཉིས་པ་ལ་ཀཎྜི་ནྱ་དགྲ་བཅོམ་སྟེ་འཇིག་རྟེན་དུ་དཀོན་ཅོག་གསུམ་བྱུང་ལ། གཞན་བཞིར་མཐོང་ལམ་སྐྱེས་པར་གྱུར་ཏོ། །དེ་ནས་གསུམ་པས་ནི་ལྔ་སྡེ་ལྷག་མ་བཞིས་ཀྱང་དགྲ་བཅོམ་པའི་འབྲས་བུ་ཐོབ་ཅིང་། དེ་ལྟར་ལྔ་སྡེ་དང་ལྷའི་འདུས་པ་མཐའ་ཡས་པ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པར་འཁོར་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ། དགེ་སློང་མ་དང་། དགེ་བསྙེན་ཕ་མ་དང་། བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་རོ། །དེ་ནས་རི་མ་ལ་ཡ་ལ་སོགས་པར་འཁོར་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐ་མ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངེས་པ་དོན་གྱི་རྣམ་པས་བསྟན་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ལྟར་ཆོས་འཁོར་གསུམ་གྱི་དུས་ནི་མི་མཐུན་པ་འགའ་ཞིག་སྣང་བས་འདིར་མ་བྲིས་ལ། མདོར་ན་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ཡང་ཕྱོགས་གཅིག་ནས་མཚོན་པའི་དབང་གིས་བཞག་པ་ཡིན་ལ། གཞན་དུ་རྣམ་པ་ཐམས་ཅད་དུ་བསྐོར་བར་ཡང་ཤེས་པར་བྱ་དགོས་ཤིང་། གསང་བ་སྙིང་པོའི་ལུགས་ཀྱི་མཛད་པ་བརྒྱད་དུ་བྱེད་པའི་ཚེ་ཆོ་འཕྲུལ་ཆེན་པོ་བསྟན་པ་ཡང་ཆོས་འཁོར་དུ་བསྡུ་ཞིང་། འདི་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་འབྱུང་ངོ་། །དེ་བས་ན་འདི་དག་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་སྟེ་བཅུ་གཅིག་པའོ། །དེ་ལྟར་སྟོན་པ་སྐུ་དངོས་ཀྱི་མཛད་པ་རྣམས་རྫོགས་ཏེ་དགུང་ལོ་བརྒྱད་ཅུ་པའི་དུས་མདོ་མྱང་འདས་ལས་དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བའི་ཚེས་བཅོ་ལྔའི་གུང་ཐུན་དང་། ལུང་ཕྲན་ཚེགས་ཀྱི་རྒྱ་འགྲེལ་དུ་སྨིན་དྲུག་ཟླ་བ་དཀར་པོ་ཚེས་བརྒྱད་དང་། གཡུང་སྟོན་པ་དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉིན་སོགས་དང་། གཞན་ཡང་བཞེད་ཚུལ་མང་དུ་ཡོད་མོད་ཀྱིས་འདིར་དཔྱིད་ཟླ་ཐ་ཆུང་ས་གའི་བཅོ་ལྔ་ཉིད་གཅོ་བོར་བཟུང་བའི་ལུགས་སུ་བགྱིས་ཏེ། དུས་དེའི་ཚེ་གྲོང་ཁྱེར་རྩ་ཅན་གྱད་ཀྱི་ཡུལ་དང་ཉེ་བ་ཤིང་སཱ་ལ་ཟུང་ཞིག་གི་དྲུང་དུ་སེང་གེའི་ཁྲི་ལ་གློ་གཡས་པ་ཕབ་སྟེ་གདུལ་བྱ་རྟག་མཚན་ཅན་རྣམས་སྐྱོ་བར་བསྐུལ་བ་དང་། བདག་སོགས་སྐལ་མེད་ཀྱི་གདུལ་བྱ་རྣམས་ལ་ཐམས་ཅད་མཁྱེན་པའི་སྐུ་མངོན་དུ་མཐོང་བའི་སྐལ་བ་མེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །དེའི་ཚེ་མི་དགོས་པའི་མཚན་མ་དུ་མ་སྣང་ཞིང་། དེ་མ་ཐག་ཏུ་དགྲ་བཅོམ་པ་བརྒྱད་ཁྲི་ཡང་མྱ་ངན་ལས་འདས་པར་བཤད། དེའི་ཚེ་གནས་བརྟན་འོད་སྲུངས་ཆེན་པོ་རྒྱལ་པོའི་ཁབ་ཏུ་གནས་པས་སྟོན་པ་མྱ་ངན་ལས་འདས་པར་ཤེས་ནས་མྱ་ངན་བྱེད་ཅིང་འཁོར་དང་བཅས་པ་སྐུ་གདུང་གི་དྲུང་དུ་སོང་ནས་སྐུ་མ་ཉམས་པ་ལ་ཕྱག་བྱས་ཤིག །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱ་བ་བཞིན་དུ་པུར་སྦྱངས་ཤིང་སྐུ་གདུང་ཆ་བརྒྱད་དུ་དགོས་ཏེ་ལྷ་ཀླུ་མི་རྣམས་ཀྱི་མཆོད་པའི་རྟེན་དུ་སོ་སོར་སྦྱིན་པ་སོགས་མྱ་ངན་ལས་འདས་པའི་མཛད་པ་སྟེ་བཅུ་གཉིས་པའོ། །དེའི་རྗེས་སུ་བཀའི་བསྡུ་བ་རིམ་པ་གསུམ་དང་བསྟན་པའི་གཏད་རབས་སོགས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །དེ་ལྟར་སྟོན་པའི་མཛད་པ་མདོ་ཙམ་སྨོས་པ་ལ་དགོས་པ་ཡོད་དེ། སྡུད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་བསྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་གསུངས་པའི་ཕྱིར་ན་བདག་ཅག་རྣམས་དམ་པའི་ཆོས་ཉན་བཤད་བགྱིད་པ་འདི་དག་ཀྱང་སྟོན་པའི་ཐུགས་རྗེར་ཤེས་དགོས་པ་ཡིན་ལ། དེ་ལྟར་སྟོན་པའི་བསྔགས་པ་བརྗོད་པ་རྣམས་བཏང་སྙོམས་སུ་བཞག་སྟེ། རང་རང་གི་རིགས་མཐུན་རྣམས་ལ་བསྔགས་པར་བྱེད་པ་མི་འོས་ཏེ། བྱ་བ་སྐལ་བཟང་ཆོས་ཀྱི་རྒྱ་མཚོའི་མཛད་པ་འཁྲུལ་མེད་ལས། འདི་ན་ཕལ་ཆེར་བསྟན་ལ་ཞུགས་གྱུར་ཀྱང་། །སྟོན་པའི་བསྔགས་པ་རིན་ཆེན་ཕྲེང་དོད་ནས། །རང་རང་སློབ་དཔོན་རྣམས་ཀྱི་བསྔགས་པ་ཡི། །དབུ་བའི་ཕྲེང་བ་མགྲིན་པའི་རྒྱན་དུ་བྱེད། །ཅེས་གསུངས་པ་དོན་ལ་གསལ་བར་མཐོང་ཞིང་། མདོར་ན་སྟོན་པའི་རྗེས་སུ་ཞུགས་པ་རྣམས་སྟོན་པའི་མཛད་པ་བརྗོད་པར་མི་བྱེད་ན་བསྟན་པའི་བདག་པོ་མི་ཤེས་པའི་སྐྱོན་ཡོད་དེ། དེ་ཉིད་ལས། ཐུབ་དབང་མཛད་པ་ཡོན་ཏན་གཏམ་གྱི་ཚང་ཚིང་ཅན། །ཙནྡན་ལྗོན་པ་གསུང་ཞིམ་ངད་ལྡན་གྲིབ་མ་ཡི། །ཤིང་རྩ་བསིལ་བ་སྲིད་པའི་གདུང་སྐྱོབ་མི་བརྟེན་ན། །ཤེས་ལྡན་ཁྱོད་ནི་སུ་ཡི་བསྟན་ལ་ཞུགས་པ་ཡིན། །ཞེས་གསུངས་པ་ལ་ངེས་ཤེས་རྙེད་ཅིང་། རྒྱ་གར་གྱི་མཁས་མཆོག་དཔའ་བོས་ཀྱང་། གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་སྟོན་པར་འགྱུར། ཡིད་ལ་དད་པ་མེད་པ་རྣམ་ཀྱང་དད་པར་འགྱུར། ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། ཞེས་གསུངས་ལ། བཟང་པོ་སྤྱོད་པ་ལས། བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་གསུངས་པས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་ཅིང་བྱང་ཆུབ་མཆོག་ལ་མོས་པ་དང་། བསོད་ནམས་ཀྱིི་མཆོག་ཏུ་འགྱུར་བས་དེའི་ཕྱིར་ན་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྨོས་པའི་རྒྱུ་མཚན་དེ་ཡིན་ནོ། །དེ་ལྟར་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་ཉུང་ངུར་བརྗོད་ཟིན་ནས། སྟོན་པ་གཉིས་པའམ་སྟོན་པའི་རྒྱལ་ཚབ་རང་ཅག་སྔ་འགྱུར་བ་རྣམས་ཀྱི་སྟོན་མཆོག་མཚུངས་པ་མེད་པ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་པདྨ་འབྱུང་གནས་ཀྱི་སྐུ་ཆེ་བའི་ཡོན་ཏན་དག་ཀྱང་བརྗོད་རིགས་ལ། དེ་ལ་ཡང་ཐང་ཡིག་ལས། རྣམ་ཐར་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་དགུ །ཞེས་རྣམ་ཐར་གྱི་གྲངས་རགས་པ་ཙམ་དང་། གཞན་ཡང་བཀའ་གཏེར་གྱི་ལུགས་སོ་སོར་མང་བ་དང་། བོད་འདིར་ཡང་གསར་རྙིང་མཁས་གྲུབ་ཀྱི་བླ་མ་དམ་པ་རྣམས་ཀྱི་མཛད་པ་སོགས་མང་པོ་རྣམས་གུང་བསྒྲིགས་པར་མི་ནུས་པའི་རྒྱུ་མཚན། སངས་རྒྱས་ཀྱི་མཛད་པ་གདུལ་བྱའི་སྣང་ཚུལ་སྣ་ཚོགས་སུ་འཆར་ཞིང་སྟོན་པས་མི་མཐུན་ལ། དེ་དག་ཀྱང་འགལ་འདུར་བསམ་ན་མི་རིགས་པས་སོ་སོའི་སྣང་ངོར་བདེན་པའི་ཕྱིར། འདི་ཡང་སྤྱི་ལྟར་རགས་པ་ཙམ་ཞིག་ཉུང་ངུར་བསྡུས་ཏེ་བརྗོད་པར་བྱའོ། །དེ་ལ་དང་པོ་སྤྱིར་བཏང་གི་ས་བཅད་ཙམ་གྱི་དབང་དུ་བགྱིས་ན། བློན་པོ་བཀའ་ཐང་ལས། ཐོས་པས་བྱང་ཆུབ་རྣམ་ཐར་མདོར་བསྡ྄ུ་ན། །རྒྱལ་སྲས་མཛད་པ་བཅུ་གཅིག་འདི་ལྟ་སྟེ། །འགྲོ་འདུལ་དགོངས་མཛད་པདྨའི་ལྷུམས་ཞུགས་མཛད། །རང་བྱུང་བལྟམས་མཛད་རྒྱལ་སྲས་རོལ་རྩེད་མཛད། །རབ་ཏུ་བྱུང་མཛད་དཀའ་ཐུབ་སྣ་ཚོགས་མཛད། །བདུད་དཔུང་འཇོམས་མཛད་སངས་རྒྱས་བྱང་ཆུབ་མཛད། །ཆོས་འཁོར་བསྐོར་མཛད་བརྟུལ་ཞུགས་སྤྱོད་པ་མཛད། །བསྟན་པ་མཐར་རྒྱས་མི་ནུབ་གཏེར་སྦེད་མཛད། །ཅེས་གསུངས་པ་དང་སྦྱར་རིགས་ལ། དེ་ཡང་ཐང་ཡིག་ལས། དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་འབྱུང་། །ཕྱི་རྒྱུད་དག་པས་སྤྲུལ་སྐུའི་བསྟན་པ་འཛིན། །ནང་རྒྱུད་དག་པས་ལོངས་སྐུའི་བསྟན་པ་སྐྱོང་། །གསང་རྒྱུད་དག་པས་བསྐྱེད་རྫོགས་ངང་ལ་བཞུགས། །འགྲན་གྱི་དོ་མེད་སངས་རྒྱས་འདི་ཡིན་པས། །དུས་གསུམ་འཇིག་རྟེན་ཁམས་འདིར་མཚུངས་མེད་རྗེ། །རྒྱལ་བའི་བཀའ་ལས་རྩོད་མེད་སྤྲུལ་སྐུར་གྲགས། །ཞེས་གསུངས་པ་ལྟར། སྟོན་པ་སྐུ་གསུམ་གྱི་རྣམ་པར་ཐར་པ་ལས་གཞན་དུ་མེད་ལ། བྱེ་བྲག་ཏུ་གུ་རུ་ཉིད་རྒྱལ་བའི་ལུང་གིས་བསྟན་ཚུལ་ནི། མདོ་མྱང་འདས་དང་དབུས་འགྱུར་ཚལ་ལུང་བསྟན་པའི་མདོ་སོགས་ལས་གསུངས་ཚུལ་རྒྱས་པར་ཐང་ཡིག་སོགས་ལས་ཤེས་སོ། །རྩ་བའི་ས་བཅད་དང་པོ་འགྲོ་འདུལ་དགོངས་མཛད་ཅེས་པའི་འབྲུ་མནན་པའི་ཚེ། མྱང་མཛད་རྣམ་ཐར་གསོལ་འདེབས་ལས། འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་སུ། །ཨོ་རྒྱན་པདྨ་བྱེ་བ་ཕྲག་བརྒྱའི་སྐུ། །ཞེས་སོགས་ཀྱི་དོན་ལྟར་དང་། ཁྱད་པར་འཛམ་བུའི་གླིང་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་སྤེལ་ཞིང་། བྱེ་བྲག་རང་ཅག་ཁ་བ་ཅན་པ་རྣམས་ལ་དགོངས་པར་མཛད་པ་ནི་དང་པོའོ། །དེ་ཡང་བཀའ་མ་ཕུར་པའི་ཕྱོགས་ཀྱི་ཡིག་རྙིང་འགའ་ཞིག་དང་། གཏེར་སྟོན་པ་མཁལ་སྨུག་པོའི་གཏེར་མ་རྣམ་ཐར་རྩ་འགྲེལ་སོགས་ལས་མངལ་སྐྱེས་སུ་བཤད་ཀྱང་། འདིར་རྫུས་སྐྱེས་ལྟར་བཤད་ན་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཨིནྟྲ་བྷུ་ཏི་བར་པའི་སྲས་ཀྱི་སྐལ་བར་ལྷོ་ནུབ་འོ་མ་ཅན་གྱི་མཚོའམ་རྡ་ན་ཀོ་ཤའི་མཚོ་གླིང་རྒྱ་མཚོ་དྲི་མེད་མདངས་ལྡན་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་གཟིགས་སྟངས་རྣམ་པ་གསུམ་གྱིས་གཟིགས་པས་ཧྲཱི༔ཡིག་གི་རྣམ་པར་པདྨའི་ལྷུམས་སུ་ཞུགས་པ་ནི་མཛད་པ་གཉིས་པའོ། །དེ་ནས་ཐང་ཡིག་ལྟར་ན་འབྲུག་ལོ་སྟོན་ཟླ་ར་བའི་སྐར་མ་རྒྱལ་ལ་བལྟམས་པའི་ཚུལ་བསྟན་པ་ནི་མཛད་པ་གསུམ་པའོ། །རྒྱལ་པོ་ཨིནྟྲ་བྷུ་ཏིས་རྒྱ་མཚོར་ནོར་བུ་བླངས་ཏེ་ཕྱིར་བྱོན་པའི་ལམ་དུ་མཇལ་ཏེ་མཚོ་སྐྱེས་རྡོ་རྗེར་མཚན་གསོལ་ཞིང་སྤྱན་དྲངས་ནས་ཕོ་བྲང་དུ་བཀུར་སྟི་ཆེན་པོས་ཨོ་རྒྱན་གྱི་རྒྱལ་སྲིད་ལ་དབང་བསྐུར་ཞིང་ཡིད་བཞིན་གྱི་ནོར་བུ་ལ་གསོལ་བཏབ་སྟེ། སྐྱེ་རྒུ་རྣམས་ཀྱི་ཕོངས་པ་ཞི་བར་མཛད་ཅིང་པདྨ་རྒྱལ་པོར་གྲགས་སོ། །རྒྱལ་པོ་ཟླ་བ་གཞོན་ནུའི་སྲས་མོ་འོད་འཆང་མ་ལ་སོགས་བཙུན་མོའི་འཁོར་གྱིས་རོལ་བ་དང་། གཞན་ཡང་འཕོངས་སོགས་སྒྱུ་རྩལ་གྱི་ཆོ་འཕྲུལ་དུ་མ་ཡང་སྣང་བར་མཛད་ཅིང་འགྲོ་བ་མང་པོའི་དོན་རྒྱ་ཆེར་མཛད་པ་ནི་རོལ་རྩེད་ཀྱི་ཚུལ་ཏེ་མཛད་པ་བཞི་པའོ། །དེ་ཡང་རྡོ་རྗེ་སེམས་དཔའ་ལྷ་འཁོར་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བྱོན་ཏེ་ཚིགས་སུ་བཅད་པའི་སྒྲས་བསྐུལ་བ་དང་། ཕོ་བྲང་གི་རྩེ་ཧེ་རུ་ཀའི་གར་མཛད་དེ་ཁ་ཊྭཾ་ག་ཤོར་བ་ལྟར་མཛད་ནས་བདུད་བློན་མ་བུ་བཀུམ་པའི་རྐྱེན་གྱིས་རྒྱལ་ཁྲིམས་གཉན་པོས་དུར་ཁྲོད་བསིལ་བའི་ཚལ་དུ་སྤྱུགས་ཏེ་རྒྱལ་སྲིད་སྤངས་པའི་ཚུལ་བསྟན། ལྔ་ལྡན་གྱི་ཡུལ་བཀའ་སྐྱོང་བྲག་ཕུག་ཅེས་བྱ་བར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བསྒྲུབས་པས། ཞག་བདུན་ན་ཞི་བའི་ལྷ་ཚོགས་ཀྱི་ཞལ་གཟིགས་ཏེ་དངོས་གྲུབ་བསྙེན་པའི་ཚུལ་བསྟན། དེ་ནས་དུར་ཁྲོད་བསིལ་བའི་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའི་ཚེ་ཤནྟ་རཀྵི་ཏར་གྲགས་ཤིང་། ཡུལ་མི་རྣམས་ཀྱིས་གསོད་པར་བརྩམས་མ་ཟིན་པར་ཤོར་བས་བདུད་པོ་ཤོར་བ་གཞོན་ནུ་ཞེས་ཀྱང་བཏགས་སོ། །དེ་ནས་གསལ་ལྡན་གྱི་ཡུལ་གྱི་ཤཱཀྱ་སྲིད་སྒྲུབ་ལས་རྩིས་བསླབས་པའི་ཚུལ་དང་། པདྨ་ཅན་གྱི་ཡུལ་དུ་འཚོ་བྱེད་གཞོན་ནུའི་བུར་སྨན་དང་། རཱ་ག་ལའི་ཡུལ་དུ་ཨཱ་ཙརྻ་ཀུན་གྱི་བཤེས་གཉེན་ལས་སྒྲ་དང་ཡི་གེའི་རིགས། བཟོ་བོ་བི་ཤྭ་ཀརྨ་ལས་བཟོ་དང་། ཕྱི་ནང་གི་པཎྜི་ཏ་དུ་མ་ལས་ཚད་མ་སྟེ་རིགས་པའི་གནས་ཐམས་ཅད་ལ་སྦྱང་བའི་ཚུལ་བསྟན། བྲག་དམར་བྱ་སྐྱིབས་ཅན་དུ་གྲོགས་ཤཱཀྱ་མཻ་ཏྲི་དང་། ཤཱཀྱ་བཤེས་གཉེན་གཉིས་དང་ལྷན་གཅིག་པར་བྱོན་ཏེ། སློབ་དཔོན་ཆེན་པོ་པྲ་བྷ་ཧ་སྟི་ལས་རབ་ཏུ་བྱུང་བ་གསོལ་པས་མ་གནང་བར་ཀུན་དགའ་བོ་ལས་རབ་ཏུ་བྱུང་བར་ལུང་གནང་ཞིང་། རྣལ་འབྱོར་ཡོ་གའི་སྐོར་རྣམས་གསན། ཨ་སུ་རའི་བྲག་ཕུག་ཏུ་བྱོན་ཏེ་གནས་བརྟན་ཉི་མ་གུང་པ་དང་ལྡན་ཅིག་པར་ཀུན་དགའ་བོ་ལས་རབ་ཏུ་བྱུང་ཞིང་། ས་ལྷས་ཆོས་གོས་ངུར་སྨྲིག་ཕུལ་བ་སོགས་ཐང་ཡིག་ཏུ་བཤད། རྣམ་ཐར་གཞན་དུ་པྲ་བྷ་ཧ་སྟི་ལས་རབ་ཏུ་བྱུང་བར་ཡང་བཤད་ཅིང་གུ་རུ་ཤཱཀྱ་སེང་གེར་གྲགས་ཤིང་རབ་ཏུ་བྱུང་བ་སྟེ་མཛད་པ་ལྔ་པའོ། །མདོར་ན་ཀུན་དགའ་བོ་ལས་འདུལ་བ་མདོ་སྡེ་མངོན་པའི་སྐོར་མཐའ་དག་གསན་ནས་བོ་དྷའི་ཡུལ་དུར་ཁྲོད་སྐུ་ལ་རྫོགས་སུ་བཞུགས་ཏེ་ཉི་མ་འོད་ཟེར་དུ་གྲགས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་བྱོན་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་རྫོགས་པ་ཆེན་པོའི་རྒྱུད་མ་ལུས་པ་གསན། ཁ་ཆེའི་ཡུལ་གསང་ལམ་བསྣོལ་མའི་དུར་ཁྲོད་བདེ་ཆེན་བརྡལ་དུ་བྱོན་ནས་བློ་ལྡན་མཆོག་སྲེད་དུ་གྲགས། མཁའ་དབྱིངས་རྣམ་དག་གི་ཀློང་དུ་སྟོན་པ་རྡོ་རྗེ་སེམས་དཔའ་ལས་བསྐྱེད་པ་མ་ཧཱ་ཡོ་གའི་ཆོས་རྣམས་རྫོགས་པར་གསན། བལ་ཡུལ་ལྷུན་འགྲུབ་བརྩེགས་ཀྱི་དུར་ཁྲོད་དུ་བཞུགས་ཏེ་སེང་གེ་སྒྲ་སྒྲོག་ཏུ་གྲགས། བཀོད་པ་ལྷུན་འགྲུབ་ཀྱི་ཕོ་བྲང་དུ་སྐུ་བཞིའི་སྟོན་པ་ཀུན་ཏུ་འཆང་ལ་སྤྱི་ཏི་ཡོ་གའི་རྒྱུད་ལུང་རྣམས་གསན། ཟ་ཧོར་གྱི་ཡུལ་དུར་ཁྲོད་ལང་ཀ་བརྩེགས་སུ་བཞུགས་ཏེ་པདྨ་སམྦྷ་གྲགས། དགའ་རབ་རྡོ་རྗེ་ལས་རྫོགས་ཆེན་སྙིང་ཐིག་གི་རྒྱུད་སེམས་ཀློང་གི་སྐོར་རྣམས་གསན། ཨོ་རྒྱན་གྱི་ཡུལ་དུར་ཁྲོད་པདྨ་བརྩེགས་སུ་བཞུགས་ཤིང་རིགས་ལྡན་བདེ་བ་བཟང་སྐྱོང་ལས་ཨ་ནུ་ཡོ་གའི་རྒྱུད་དང་སྒྱུ་འཕྲུལ་སྡེ་བརྒྱད་སོགས་གསན། ལིའི་ཡུལ་ལོ་ཀ་བརྩེགས་པའི་དུར་ཁྲོད་དུ་བཞུགས་ཏེ། རྡོ་རྗེ་གྲོ་ལོད་དུ་གྲགས། བདེ་ཆེན་གསང་ལམ་བསྣོལ་མའི་དུར་ཁྲོད་དུ་དགེ་སློང་མ་ཀུན་དགའ་སྨོན་ལམ་ཞེས་ཡོངས་སུ་གྲགས་ལ། གཞན་དུ་གསང་བ་ཡེ་ཤེས་ཉི་ཟླ་དངོས་གྲུབ་ལས་ཀྱི་དབང་ཆེན་སོགས་དུ་མར་གྲགས་པའི་དྲུང་དུ་བྱོན་ཏེ། སྐུ་ལུས་ཧཱུྃ་ཡིག་ཏུ་བསྒྱུར་བ་ཞལ་དུ་མིད་ནས་གསང་བར་ཕྱུང་སྟེ་ནང་དབང་བསྐུར་ཞིང་སྣང་བ་མཐའ་ཡས་ཀྱི་སྐུ་ཕྱི་ཚེའི་རིག་འཛིན། སྤྱན་རས་གཟིགས་ཀྱི་སྐུ་ནང་ཕྱག་ཆེན་རིག་འཛིན། རྟ་མགྲིན་དབང་གི་སྐུ་གསང་བ་དྲེགས་ཅན་འདུལ་བའི་དབང་ཐོབ། བཀོད་པ་ལྷུན་གྲུབ་ཏུ་རྡོ་རྗེ་ཆོས་སམ་རྡོ་རྗེ་སྙིང་པོ་རིག་འཛིན་རྒྱལ་པོ་ཀུན་ཛ་ར་ལ་ཡོངས་འཛིན་དགེ་བའི་བཤེས་གཉེན་གྱི་དབང་ནས་བསྡུད་པའི་ཁྲོམ་དབང་བར་རྣམས་གསན་ཏེ། གསེར་གླིང་དབེན་སྐྱོང་གི་ཕུག་པར་རིག་འཛིན་ཤྲི་སེང་ཧ་ལས་དོན་གྱི་ངོ་སྤྲོད་གསན། སཱ་ལའི་ཡུལ་དུར་ཁྲོད་གསང་ཆེན་རོལ་པར་བཞུགས། གསང་མཚན་ཐོད་འཕྲེང་རྩལ་དུ་གྲགས། ལྷའི་བུ་ཚངས་པ་གདོང་བཞིར་སྤྲུལ་ནས་རྒྱ་ནག་རི་བོ་རྩེ་ལྔར་འཕགས་པ་འཇམ་དཔལ་གྱི་དྲུང་དུ་བྱོན་ཏེ། རྩིས་གཏེར་ནས་འབྱིན་པར་གསོལ་བ་བཏབ་ཅིང་གཏེར་ནས་ཕྱུང་སྟེ་རྩིས་སྒོ་བརྒྱད་ཁྲི་བཞི་སྟོང་གསན། བཤན་པའི་གྲོང་ཁྱེར་དུ་རིགས་ངན་གྱི་བུ་ཀ་ཏི ར་སྤྲུལ་ནས་གསོད་གཅོད་ཀྱི་སྒོ་ནས་འགྲོ་དོན་མཛད། དུར་ཁྲོད་ཕུང་ལུང་ནག་པོར་བྱོན་ཏེ་མུ་སྟེགས་ཁ་ལ་མེ་འབར་དང་ལྷན་ཅིག་པར་སྡེ་བརྒྱད་དམ་ལ་བཏགས་ཏེ་བསྟན་སྲུང་དྲག་སྔགས་ཀྱི་སྐོར་མང་པོ་མཛད། བྱ་རྒོད་ཕུང་པོའི་རིར་གདུལ་ཞིང་གཟིགས་ཤིང་འཁྲུངས་ཡུལ་རྡ་ན་ཀོ་ཤར་བྱོན་ནས་གསང་སྔགས་མཁའ་འགྲོའི་སྐད་ཀྱིས་གསུངས་ཤིང་མཁའ་འགྲོ་རྣམས་དབང་དུ་བསྡུས་ཟ་ཧོར་གྱི་ཡུལ་གདུལ་བྱར་མཁྱེན་ནས་མནྡྷ་ར་བ་ལ་རྗེས་སུ་དགོངས་ནས་ཕོ་བྲང་དུ་བྱོན་ནས་ཆོས་གསུངས་པ་ལ་ཟ་ཧོར་རྒྱལ་བློན་གྱིས་མཐོ་མཚམས་ཏེ་གསོན་བསྲེགས་བྱས་པ་རྫུ་འཕྲུལ་གྱིས་བཏུལ་ཞིང་དད་པར་བྱས་ཏེ་ས་བཀའ་འདུས་ཀྱི་ཆོས་འཁོར་བསྐོར་ནས་ཟ་ཧོར་གྱི་ཡུལ་ཁམས་ཆོས་ལ་བཀོད་ཅིང་རྒྱལ་པོ་གཙུག་ལག་འཛིན་གྱི་སྐྱེ་རྒྱུད་གསུངས། མན་དྷ་ར་བ་ལས་རྒྱར་ཁྲིད་དེ་མཱ་ར་ཏི་ཀར་བྱོན་ཏེ་ཟླ་བ་གསུམ་དུ་ཚེ་སྒྲུབ་པས་ཚེ་དཔག་མེད་མདུན་གྱི་ནམ་མཁར་བྱོན་ཏེ་ཡབ་ཡུམ་གཉིས་ཀྱི་སྤྱི་བོར་བུམ་པ་བཞག་ཅིང་དབང་བསྐུར་བས་ཚེའིི་རིག་འཛིན་གྲུབ་སྟེ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས། ཀོ་ཏ་ལའི་ཡུལ་གཡའ་རི་གངས་ཀྱི་བྲག་ཕུག་ཏུ་རྒྱལ་པོ་ནུ་ཤ་ཏུ་པའི་དོན་མཛད་ཅིང་མན་དྷེ་བཟང་མོ་རྗེས་སུ་བཟུང་། གྲོང་ཁྱེར་མེ་ཏོག་རྒྱས་པར་མུ་སྟེགས་ཀྱི་རྒྱལ་པོ་ཨ་ཤྭ་ཀར་བསོད་སྙོམས་མཛད་པ། རྒྱལ་པོས་ཏིལ་མར་གྱིས་ཟངས་བཀང་བའི་ནང་དུ་བཙོས་པ་པདྨའི་སྟེང་ན་བཞུགས་པའི་རྫུ་འཕྲུལ་གྱི་དད་པར་མཛད་ཅིང་རྒྱལ་པོར་སྡིག་སྦྱོང་གི་ཐབས་བསྟན། དགེ་སློང་དབང་པོའི་སྡེར་སྤྲུལ་ཏེ་བནྡེའི་ཡུལ་དང་སིངྒ་ལའི་ཡུལ་དུ་འགྲོ་དོན་མཛད། བྷང་ག་ལའི་རྒྱལ་པོ་ནོར་བུ་འོད་ལྡན་བཏུལ་ཏེ་རྒྱལ་སྲིད་སྐྱོངས། ཌོམྦྷི་ཧེ་རུ་ཀར་སྤྲུལ་ཏེ་སྐྱེ་བདུན་གྱི་ཤ་དྲང་། བིར་ཝ་པར་སྤྲུལ་ཏེ་ཆང་འཚོང་བི་ན་སའི་དོན་མཛད། ཨོ་རྒྱན་གྱི་ཡུལ་དུ་མན་དྷ་ར་བ་དང་ལྷན་ཅིག་བྱོན་པས་རྒྱལ་པོའི་ཆད་པས་གསོན་བསྲེགས་བྱས་པ་ལ། ཏིལ་མར་གྱིས་མཚོ་དབུས་པད་སྡོང་རྩར་ཡབ་ཡུམ་སྙོམས་འཇུག་གི་རོལ་པ་བསྟན་ནས་རྒྱལ་བློན་འཁོར་བཅས་དད་པར་གྱུར་ནས། བཀའ་འདུས་ཀྱི་བཤད་སྒྲུབ་སྒོ་ནས་རྒྱལ་བློན་བཙུན་མོ་འབངས་དང་བཅས་པའི་ཚོམ་བུ་ལྔ་བརྒྱ་ལྷག་མེད་ཀྱི་ས་ལ་བཀོད། ལྔ་ཐུབ་ཅན་གྱི་ཡུལ་དུ་བྱོན་ཏེ་བལ་འབངས་ཀ་ལ་སིངྔྷི་རྗེས་སུ་བཟུང་ཞིང་སློབ་དཔོན་ཧཱུྃ་ཀ་ར་ལ་བཀའ་འདུས་ཀྱི་རྒྱུད་ལྔ་གསུངས། ཁ་ཆེའི་ཡུལ་ཁམས་ཆོས་ལ་བཀོད་པ་སོགས་སེམས་ཅན་གྱི་དོན་དུ་བཀའ་ཐུབ་སྣ་ཚོགས་པའི་མཛད་པ་དྲུག་པའོ། །དེ་ནས་ཟངས་གླིང་གི་ཡུལ་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱ་དང་བགྲོ་གླེང་བྱས་པས་མུ་སྟེགས་རྣམས་ཀྱི་མ་ཐུབ་པར་མཐུའི་དུས་བཏབ་པ་ལ། མཁའ་འགྲོ་བདུད་འདུལ་མས་བསེ་སྒྲོམ་གཏད་ཅིང་མུ་སྟེགས་འདུལ་བར་བསྒོས་པས་མཁའ་འགྲོའི་ངན་སྔགས་ཞག་བདུན་གྱིས་མུ་སྟེགས་ཀྱི་སྟེང་དུ་ཐོག་ཕབ་སྟེ་ཕ་ཆེར་ཁ་དག་པར་གྱུར་ཅིང་། མི་ཤི་པ་རྣམས་ནང་པའི་བསྟན་པ་ལ་བཙུད། གཞན་ཡང་གསེར་གླིང་དུ་མུ་སྟེགས་ཀྱི་རྒྱལ་པོ་ནམ་མཁའི་ཤུགས་ཅན་རྫུ་འཕྲུལ་གྱིས་བཏུལ་བ་སོགས་བདུད་དཔུང་འཇོམས་པའི་མཛད་པ་བདུན་པའོ། །གཞན་ཡང་ཀ་མ་རུ་པ་དང་། ལི་ཡུལ་དང་། མ་རུ་རྩེ་དང་། འ་ཤ་དང་འབྲུ་ཤ་དང་། ཤམ་བྷ་དང་། ཞང་ཞུང་དང་། སྟག་གཟིག །གེ་སར། ཐོ་གར། སྲིན་ཡུལ། སྟུག་མ། ཀླུའི་ཡུལ་སོགས་ཐམས་ཅད་དུ་འགྲོ་དོན་གྲངས་མེད་པ་མཛད་ཅིང་གཙུག་ལག་ཁང་ཆེན་པོ་འབུམ་ཚོ་བརྒྱ་དང་ཕྲ་མོའི་བྱེ་བ་དགུ་ཁྲི་སྟོང་བཅུ་གསུམ་བཞེངས ། དེ་ནས་རི་བོ་ཏ་ལའི་རྩེར་དགོངས་པ་མཛད་ཅིང་རྡོ་རྗེ་གདན་དུ་མུ་སྟེགས་པ་འདུལ་ཕྱིར་བདེ་མཆོག་དུས་ཀྱི་སྙིང་པོར་སྤྲུལ་ཏེ་རྒྱལ་པོ་བཏུལ་ཞིང་བསྟན་པའི་སོ་ནམ་མཛད་ཅིང་རབ་ཏུ་གནས་པའི་མེ་ཏོག་གཏོར། གསུང་རབ་རྣམས་བྲིས་ཤིང་བསྟན་པ་སོར་བཙུད་དེ་ཐུབ་ཆེན་ཤཱཀྱ་སེང་གེའི་མཛད་པ་བསྐྱངས་ཤིང་བསྟན་པའི་རྒྱལ་མཚན་བཙུགས། ལི་ཁ་ར་ཤིང་འཕེལ་གྱི་གཙུག་ལག་ཁང་དུ་བྱོན་ཏེ་མདོ་སྔགས་ཀྱི་བསྟན་གཉིས་རྒྱས་པར་མཛད། ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲུབ་ཕྱིར་རྒྱ་བོད་ཀྱི་ས་མཚམས་སེང་གེ་གནམ་མཆོང་འདྲ་བའི་རི་ལ་བཞུགས་ཏེ་བསམ་གཏན་མཛད། བལ་ཡུལ་ཤིང་ཀུན་གྱི་གཙུག་ལག་ཁང་དུ་བམ་མོ་ཤཱཀྱ་དེ་ཝ་རྗེས་སུ་བཟུང་། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བྱོན་ནས་གཏེར་ཁ་བྱེ་བ་འབུམ་ཁྲི་སྦེད་པར་འགྲོས་ཤིང་། བར་ཆོད་རྣམ་བཞི་བཟློག་པའི་མགུར་གསུངས་ཏེ་བར་ཆོད་ཀྱི་གཡུལ་ལས་རྒྱལ་ཞིང་ཡང་ཕུར་ཟུང་འཇུག་གི་ལམ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲུབ་ཅིང་། སྐུའི་བཀོད་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་དེ། ཆོས་སྨྲ་རིན་ཆེན་བརྩེགས་དང་། པདྨ་འགྲོ་མགོན་རྩལ་དང་། པདྨ་དབང་ཕྱུག་མགོན་དང་། པདྨ་གྲུབ་པའི་བློ་གྲོས་དང་། པདྨ་ཆེ་མཆོག་རྩལ་དང་། པདྨ་མཁའ་འགྲོའི་དབང་ཕྱུག་དང་། མགོན་པོ་སྟོབས་ཀྱི་དབང་ཕྱུག་བིར་ཝ་པ་དང་། ནག་པོ་སྤྱོད་པ་དང་། ཁྱེའུ་ཆུང་མཁའ་ལྡིང་རྩལ་དང་། རྟོགས་པ་མཆོག་གི་དབང་ཕྱུག་ས་ར་ཧ་དང་། པདྨ་མངའ་བདག་རྩལ་དང་། པདྨ་ཀུན་ཏུ་རྒྱུ་དང་། པདྨ་ཆགས་མཆོག་རྩལ་དང་། པདྨ་འགྲོ་བའི་སྐྱབས་དང་། པདྨ་འཕྲིན་ལས་མགོན་དང་། པདྨ་དོན་ཡོན་ཞགས་པ་དང་། པདྨ་གཟི་བརྗིད་འོད་འཕྲོ་དང་། ཌཱོམྦྷི་ཧེ་རུ་ཀ་དང་། རིགས་ལྡན་པདྨ་དཀར་པོ་དང་། པདྨ་བཛྲ་དང་། པདྨ་ཐོད་ཕྲེང་རྩལ་ཏེ་ཚུལ་སྣ་ཚོགས་སུ་བསྟན་ནས་སེམས་ཅན་གྱི་དོན་མཛད་ཅིང་བལ་ཡུལ་ཚ་བ་ཚ་ཤོད་དུ་བྱོན་ཏེ་ཆུ་མིག་བྱང་ཆུབ་རིང་མོར་བསྒྲུབ་པར་མཛད་དུས་ས་བདག་མ་བཞི་དམ་ལ་བཏགས། ཀོ་ཤ་ཙན་དན་གླིང་དུ་བྱོན་ནས་ཕུ་ལ་ཧ་རིར་བཞུགས་སྐབས་གསང་བདག་གི་ལུང་བཞིན་རྒྱལ་པོའི་ཁབ་ཀྱི་ནུབ་ཕྱོགས་ཀྱི་དུར་ཁྲོད་ཀྱི་ལྷོ་ནུབ་མཚམས་ནས་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པའི་གཟུགས་ལས་ཕུར་པའི་ཆོས་སྡེ་རྣམས་བྱུང་ཞིང་། སླར་ཡང་རྒྱ་གར་རྡོ་རྗེ་གདན་དུ་རྒྱལ་པོ་ཉི་མ་སེང་གེའི་བླ་མཆོད་ལ་བྱོན་པ་སོགས་དེ་དག་ནི་སངས་རྒྱས་བྱང་ཆུབ་ཀྱི་མཛད་པ་བརྒྱད་པའོ། །དགུ་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི་སྔ་ཕྱི་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་མོད་ཀྱང་། མྱང་མཛད་རྣམ་ཐར་བསྟོད་པར། ན་ལན་རྡ་ཏུ་ཆོས་ཀྱི་འཁོར་ལོ་བསྐོར། ཞེས་ཀྱང་འབྱུང་ལ། གཞན་དུ་རྒྱ་བོད་ཐམས་ཅད་དང་། ཁྱད་པར་རྟེན་འབྲེལ་གྱི་ཆེ་བས་བོད་ཡུལ་དུ་ཆོས་འཁོར་བསྐོར་བའི་མཛད་པར་བསྡུས་ཀྱང་རུང་ངོ་། །བཅུ་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཚུལ་ཡང་། ཁབ་ནས་བྱུང་སྟེ་བསིལ་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ནས་བཟུང་དུར་ཁྲོད་ཆེན་པོ་བརྒྱད་སོགས་སུ་སྤྱོད་ཚུལ་དུ་མ་བསྟན་པ་དང་། ཉང་མཛད་རྣམ་ཐར་བསྟོད་པར། ཨོ་རྒྱན་མཁའ་འགྲོའི་གླིང་དུ་སྤྱོད་པ་མཛད། །ཆུ་བོ་གྱེན་ལྡོག་ཉི་ཟླ་གདོང་ལ་མནན། །རྫུ་འཕྲུལ་སྟག་ལ་ཆིབས་ཏེ་ནམ་མཁར་གཤེགས། །ཞེས་གསུངས་ཤིང་། བོད་ཡུལ་དུ་ལྷ་འདྲེ་བཏུལ་ཚུལ་ཡང་བརྟུལ་ཞུགས་ཀྱི་སྤྱོད་པར་འདུ་བ་ཡིན་པས་མཛད་པ་བཅུ་པར་བརྗོད་རིགས་ལ། དེ་ལྟ་བུའི་མཛད་པ་དགུ་དང་བཅུ་པ་གཉིས་གོང་འོག་ཐམས་ཅད་དུ་བསྟན་པར་འདོད་པ་ལ། འདི་ཡན་ཆོད་ཀྱིས་རྒྱ་གར་དུ་ལོ་གསུམ་སྟོང་དྲུག་བརྒྱ་བཞུགས་པའི་བར་ལ་དངོས་དང་། བརྒྱུད་པ་དང་། སྤྲུལ་པའི་ཚུལ་གྱིས་ཐུབ་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པས་ན་རྒྱན་དྲུག་མཆོག་གཉིས། གྲུབ་བརྒྱ་སོགས་ཀྱི་རྣམ་ཐར་གཅིག་ཏུ་བསྡུས་ཀྱང་འདི་ལ་འགྲན་པར་ནུས་པ་མ་ཡིན་ནོ། །དེ་ནས་བོད་དུ་ཇི་ལྟར་བྱོན་པའི་ཚུལ་ནི། མངའ་བདག་ཁྲི་སྲོང་ལྡེའུ་བཙུན་གྱིས་ཐོག་མར་བོད་དུ་མཁན་པོ་སྤྱན་འདྲེན་པའི་ཕོ་ཉ་སྦ་མི་ཛྙཱ་ན་ཤྭ་ར་དང་། གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་ལ་སོ་སོར་གཡོག་གསུམ་རེ་དང་བཅས་པར་གསེར་ཕྱེ་བྲེ་རེ་བསྐུར་ཞིང་། བཀའ་འཕྲིན་བསྐུར་བ་འདི་ལྟ་སྟེ། བསྟན་པ་རིན་ཆེན་མཆོག་ཏུ་གདུགས་ཁེགས་པ། །མཐའ་འཁོབ་མུན་པའི་གླིང་དུ་སྐར་ཙམ་མེད། །ས་སྟེང་གནས་པའི་རབ་རིབ་ཉིད་ཀྱིས་སོལ། །ལྷ་སྲིན་མ་བྱེད་འདྲེ་ཡི་གཟིགས་པས་འཁུམས། །ཞེས་སོགས་བསྐུར་བ་ལས། མཁན་པོ་དགྱེས་བཞིན་བྱོན་ཏེ་གསང་ཕུང་མངའ་བདག་དང་། མཇལ་ཞིང་རིམ་གྱིས་བསམ་ཡས་སུ་ཕྱག་ཕེབས་ཏེ། མེ་མོ་གླང་ལ་བསམ་ཡས་གཙུག་ལག་ཁང་གི་ས་རིས་བཅད། རྒྱལ་པོ་ཉིད་ཀྱིས་བརྐོས་པ་ཞག་གསུམ་ཐོན་ཏེ་རྒྱལ་པོས་གསོལ་ཞིང་མཁན་པོས་སྨོན་ལམ་མཛད། དེ་ནས་རྩིས་རྨང་བཙུགས་ཤིང་བརྩེགས་པས། ཨཱརྻ་པ་ལོའི་སེ་ཕུང་ལ་གནས་པའི་ཀླུས་སེ་ཕུང་གཅོད་པར་མ་བཟོད་པར་ལྷ་འདྲེ་ཐམས་ཅད་སྦྲན་ཏེ་ཉིན་མོ་བརྩིགས་པ་ཐམས་ཅད་ནུབ་མོ་བཤིག་གོ། །དེར་རྒྱལ་པོ་ཐུགས་ཆད་དེ་མཁན་པོ་ལ་ཞུས་པས། མཁན་ཆེན་དུས་གསུམ་མཁྱེན་པ་དེས་སྔོན་གྱིས་སྨོན་ལམ་བཏབ་ཚུལ་གྱི་ལོ་རྒྱུས་དང་བཅས་ཏེ་གྷུ་རུ་པདྨ་སྤྱན་དྲོངས་ཤིག་པར་ལུང་བསྟན་པ་ལྟར། མངའ་བདག་གི་རྦ་མི་ཁྲི་བཞེར། རྡོ་རྗེ་བདུད་འཇོམས། མཆིམས་ཤཱཀྱ་པྲ་བྷ། ཤུད་བུ་དཔལ་སེང་བཞི་ལ་གསེར་ཕྱེ་བྲེ་རེ་དང་གསེར་གྱི་པ་ཏྲ་རེ་བསྐུར་ཏེ་རྒྱ་གར་དུ་བརྫངས་པ་ལས། གྷུ་རུ་ཆེན་པོ་རྡོ་རྗེ་གདན་དུ་རྒྱལ་པོ་ཉི་མ་སེང་གེའི་མཆོད་གནས་སུ་བཞུགས་པའི་ཡོན་མཆོད་ཀྱི་དྲུང་དུ་བགྲོད་དེ་བཀའ་འཕྲིན་གསེར་དང་བཅས་ཕུལ་བ་ལ་བརྟེན་ནས། སྔོན་གྱི་སྨོན་ལམ་གྱི་མཐུ་དགག་ཏུ་མེད་པའི་ཚུལ་གྱིས་དགྱེས་བཞིན་དུ་ལམ་དུ་ཞུགས་ཏེ་བྱོན་ནས་སྤྱན་འདྲེན་པ་རྣམས་སྔོན་དུ་བཏང་ངོ་དེར་སློབ་དཔོན་ཆེན་པོས་བལ་ཡུལ་དུ་ཟླ་བ་གསུམ་བཞུགས་ཏེ་བལ་པོ་བྷ་སུ་དྷ་ར་རྗེས་སུ་བཟུང་། ཨེ་ཡི་གཙུག་ལག་ཁང་། ཨ་སུ་ར། ཡང་ལེ་ཤོད། ཤིང་ཀུན་རྣམས་ལ་གཏེར་སྦེད་ཅིང་བོད་དུ་བྱོན་པས་རྒྱ་བལ་གྱི་ལྟས་ལོག་ཅིང་པཎ་ཆེན་རྣམས་ཀྱི་རྨི་ལྟས་ལོག །མཁའ་འགྲོ་སྡེ་བཞིས་སེར་སྣའི་བཤོལ་བཏབ་པ་ལ། ལན་དུ་མགུར་གསུངས་ཤིང་བལ་མོ་ཤཱཀྱ་དེ་ཝར་མ་འོངས་ལུང་བསྟན་མཛད། བལ་ཡུལ་ཉི་མ་ཁུད་ཀྱི་མཚོ་ཁར་བོད་རྒྱལ་པོའི་སྐྱར་ཤོག་པ་ནམ་མཁའི་སྙིང་པོ་སོགས་བདུན་དང་མཇལ་ནས་སྔོན་དུ་བརྫངས། ཨོ་རྒྱན་ཆེན་པོས་ནམ་མཁའ་ལ་བྱོན་ཏེ་མང་ཡུལ་གུང་ཐང་དུ་བྱོན་པ་དང་མཇལ། གསེར་ཕྱེ་བྲེ་གང་ཕུལ་བ་མང་ཡུལ་དང་བལ་ཡུལ་ཕྱོགས་ལ་གཏོར་བ་ལ་འཕངས་སེམས་སྐྱེས་པ་མཁྱེན་ནས་གསེག་མ་གསེར་དུ་བསྒྱུར་བ་གནང་། མང་ཡུལ་སྟོན་ལ་ཁར་ཞང་ཞུང་དགྲ་ལྷ་ཛ་མུན་བཏུལ་ཏེ་རྡོ་རྗེ་གཡུ་བུན་མར་བཏགས། མཁར་ནག་ལ་ཁར་གནམ་སྨན་དཀར་མོ་བཏུལ་ཞིང་ཤ་མེད་རྡོ་རྗེ་གཡུ་སྒྲོན་དུ་བཏགས་འོ་ཡུག་བྲེ་མོ་ལ་ཁར་བརྟན་མ་བཅུ་གཉིས་ཀྱིས་ཐོག་ཕབ་པ་བཏུལ་ཞིང་བྱེ་ཚང་རྫོགས་དཀར་དུ་རྡོ་རྗེ་ལེགས་པ་འཁོར་བཅས་ཀྱིས་བསུས། ཤམ་བྷུ་ལུང་དུ་ཤམ་བུ་བཏུལ་ཞིང་སྐུ་གཉེན་ཐང་ལྷ་དམ་བཏགས་འཕན་ཡུལ་དུ་བྱང་སྨན་རྣམས་བཏུལ། གླང་སྒྲོམ་དུ་བླ་མེད་དོན་རྫོགས་ཀྱི་སྒྲུབ་པ་མཛད་ནས་ཕོ་བདུད་ཉེར་གཅིག་བཏུལ། ཁམས་ཀྱིས་བླ་བ་རྐང་གཅིག་ཏུ་ཐེའུ་རང་རྣམས་དམ་ལ་བཏགས་ཤིང་ཁམས་ཀྱི་སེང་གེ་བྲག་ཏུ་གཡའ་སྤང་སྐྱེས་གཅིག་དྲག་པོར་རིགས་ལྔར་ཁྲོས་ནས་བཏུལ། ཆུ་བོ་རི་དང་མཁའ་རི་མ་མོ་དང་བསེན་མོ་བཏུལ། གཙང་གི་བསིལ་མ་ལ་ཁར་སྨན་མོ་དང་ལྷ་སྨན་བཏུལ། གམ་པ་ཆུ་མིག་ཏུ་དགེ་བསྙེན་དང་། བྱེ་མ་རབ་ཁར་སྡེ་བརྒྱད་དང་། རོ་ཧོར་མ་ཡམས་དང་རོང་དོང་ལུང་ནག་ཏུ་སྲིན་པོ་དང་། མལ་གྲོ་ཀླུ་དང་། གཡུ་འཛིན་ཕུག་མོར་ཕོ་རྒྱུད་དང་། དུང་མདོག་བྲག་དམར་དུ་དྲི་ཟ་དང་། གངས་ཏེ་སེར་རྒྱུ་སྐར་ཉེར་བརྒྱད་དང་། སྟར་སྒོ་གངས་སུ་གཟའ་བརྒྱད་རྣམས་བཏུལ། བུ་ལེར་ལྷ་འདྲེས་ཚོགས་འཁོར་བཤམས་ཤིང་གློ་བོར་ལྡན་མ་སྤུན་དགུ་དང་། ཕོ་མ་གངས་ཇོ་དང་། གང་བ་བཟང་པོ་དང་། རྩེ་ལྷ་སྒང་དང་། སྐུ་ལ་མཁའ་རི་གངས་རྣམས་སུ་བྱོན་ཏེ་བཞི་བདག་རྣམས་བཏུལ། སླར་ཡང་རྒྱལ་པོའི་བསྐྱར་ཤོག་དང་མཇལ་ཞིང་སྟོད་ལུང་འགྲམ་བུ་ཚལ་དུ་འཛོམ་པའི་དུས་བཏབ་ནས་ཁ་ལ་བྲག་རིར་དགུན་ཐོག་ཙམ་བཞུགས་ཤིང་བཙན་རྣམས་བཏུལ། ཟུལ་ཕུག་ཏུ་བདུད་གཟའ་དམ་སྲི་བཏུལ། གཡའ་རི་གངས་སུ་དཔྱིད་བཞུགས་ཤིང་ཇ་རོང་འགོང་པོ་སོ་ཤ །དམ་སྲི་བཏུལ་བ་སོགས་མདོར་ན་དྲེགས་པ་ཅན་དེ་དག་གིས་རང་སྟོབས་ཀྱི་ཆོ་འཕྲུལ་ཅི་ནུས་བསྟན་པ་ཐམས་ཅད་ཕྱག་རྒྱ་གཉེན་པོས་ཟིལ་གྱིས་མནན་ཞིང་དམ་ལ་བཏགས་ཏེ་ཀུན་ཀྱང་སྲུང་མར་བཀའ་བགོས་ཤིང་གཏེར་བྱང་སོ་སོར་གཏད་དོ། །དེ་ནས་ལྷ་ས་བརྒྱུད་སྟོད་ལུང་མདོར་བློན་པོ་ལྷ་བཟང་ཀླུ་དཔལ་ཕེབས་བསུར་བྱོན་པ་དང་མཇལ་ཞིང་གཞོང་པ་ལྷ་ཆུར་གྲུབ་ཆུ་བཏོན། དེ་ནས་རིམ་བཞིན་བརྒྱུད་དེ་ཟུང་མཁར་ལོ་ཧི་ཏ་འགྲམ་གྱི་ཚལ་དུ་མངའ་བདག་རྒྱལ་པོ་བཙུན་མོ་འཁོར་བཅས་དང་། རྔ་ཤོན་ཀླུ་འབག་སེང་ཤོན་སོགས་བཀོད་པ་དུ་མས་བསུས་པའི་དུས་ཡོན་མཆོད་གཉིས་ཕྱག་ལ་མ་འདུམས་པའི་ཚེ། དུས་གསུམ་སངས་རྒྱས་མངའ་སྒོ་འགྲིམས། །ཞེས་སོགས་ང་ཆེ་ང་བཙན་གྱི་མགུར་གསུངས་ཤིང་། ཕྱག་སོར་ལས་རྫུ་འཕྲུལ་གྱིས་མེ་སྦར་ཏེ་རྒྱལ་པོའི་ན་བཟའ་བསྲེགས་པས་ཀུན་གྱིས་མ་བཟོད་པར་ཕྱག་བཙལ་ཞིང་། སྡིག་སྦྱོངས་སུ་རྡོ་རྗེའི་མཆོད་རྟེན་ལྔ་བཞེངས་ཤིང་མཆོད་རྟེན་རེ་ལ་གཏེར་ཁ་རེ་རེ་སྦས་སོ། །དེ་ནས་སྟོན་ཟླ་ར་བའི་ཚེས་གཅིག་ལ་བསམ་ཡས་སུ་ཕྱག་ཕེབས་ཏེ། མཁན་སློབ་རྒྱལ་པོ་ཞལ་འཛོམ་ཞིང་ས་གཞི་བྱིན་གྱིས་བརླབ་པར་བཀའ་བགྲོས་ཤིང་ས་གནད་ཀྱི་མེ་བཙའ་རྣམས་བསྡམ་དགོས་པར་གསུངས་ཏེ། གུ་རུ་ཉིད་མལ་གྲོར་བྱོན་ཏེ་ཀླུ་གཏེར་བཅུག་ཅིང་དེའི་ཁ་གནོན་དུ་གློ་བོ་གེ་དཀར་བཞེངས། ཧས་པོ་རིའི་རྩེ་མོར་བོད་ཀྱི་ལྷ་སྲིན་ཐམས་ཅད་སྐམ་རློན་ཆས་དང་རྫས་བསྡུས་ཏེ་སྣང་སྲིད་ཟིལ་གནོན་གྱི་མགུར་བཞེས་ཤིང་ནམ་མཁའ་ལ་འཕུར་ནས་རྡོ་རྗེའི་འགྲོས་མཛད་པའི་གྲིབ་མ་གར་བྱུང་དུ་རྩིག་རྨང་གི་རི་མོ་བྱས་པ་ལ་ལྷ་འདྲེ་མི་གསུམ་གྱིས་བརྩིགས་ཏེ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་བཞེངས། མཆིམས་ཕུར་ཀླུ་འདུལ་མཛད་ཅིང་མལ་གྲོར་བྱོན། མངའ་བདག་དང་ཀླུ་གཉིས་གྲོགས་སུ་སྦྲེལ། དེ་ལྟར་ལོ་ལྔ་ལ་གཙུག་ལག་ཁང་ལེགས་པར་འབྱོངས་ཤིང་ལྷ་འདྲེས་ཅོང་འདོགས་སུ་མ་བཅུག་པར་སློབ་དཔོན་གྱི་མཆིམས་ཕུར་ཡང་དག་གི་སྒྲུབ་པ་མཛད་དེ། རུ་ལུའི་དབྱངས་ཀྱིས་མི་མ་ཡིན་རྣམས་མགོ་བསྐོར་ཏེ་བཏགས། དཀོར་སྲུང་སུ་ལ་འཆོལ་བགྲོས་པའི་ཚེ། གྷུ་རུའི་ལུང་བཞིན་བྷ་ཏ་ཧོར་ཡུལ་གྱི་སྒོམ་གྲྭ་བཅོམ་པའི་ནོར་རྗེས་སུ་པེ་ཀར་འབྲངས་པ། པེ་ཀར་གླིང་དུ་ཕྱི་ནང་གསང་བའི་རྟེན་བརྩུགས་ཤིང་དམ་ལ་བཞག་སྟེ་སྲུང་མར་བསྐོས་པ། རྟའི་ལོ་མཇུག་དགུན་ཟླ་འབྲིང་པོ་རྒྱུ་སྐར་རྒྱལ་འཆར་བ་ལ་མཁན་སློབ་ཐུན་མོང་དུ་མེ་ཏོག་འཐོར་ཞིང་ཁྱད་པར་མཁན་ཆེན་བོ་དྷི་ས་ཏྭས་རབ་གནས་ལན་གསུམ་དུ་མཛད་དེ། སླར་ཡང་ལུག་ལོ་དགུན་ཟླ་ར་བའི་བཅོ་ལྔ་ཟླ་བ་གཟས་བསྒྲིབས་པའི་ཉིན་སློབ་དཔོན་ཆེན་པོ་པདྨས་རྡོ་རྗེ་དབྱིངས་ཀྱི་སྒྲུབ་པ་ཞག་བདུན་ཐོན་ནས་མངའ་བདག་རྒྱལ་པོ་ལ་དབང་བསྐུར་ཞིང་། རབ་ཏུ་གནས་པའི་མེ་ཏོག་འཐོར་བར་མཛད་པའི་ཚེ་ཐང་ཡིག་ལས་བཤད་པ་ལྟར་ངོ་མཚར་གྱི་ལྟས་དུ་མ་རབ་ཏུ་སྣང་བར་འགྱུར་རོ། །གཞན་ཡང་ལྷ་ས་དང་ཁྲ་འབྲུག་ལ་སོགས་པའིི་གཙུག་ལག་ཁང་རྙིང་པ་རྣམས་ལ་རབ་གནས་གསོ་བ་དང་བཅས་ཏེ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ལ་སློབ་དཔོན་ཆེན་པོ་པདྨས་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པ་མཛད་ཅེས་གྲགས་སོ། །དེ་ལྟར་གཙུག་ལག་ཁང་ལེགས་པར་གྲུབ་ནས་མཁན་སློབ་གཉིས་ཀྱིས་རྒྱལ་པོ་ལ་རྒྱ་གར་དུ་འབྱོན་པར་གསོལ་བས་མདོ་སྔགས་ཀྱི་བསྟན་པ་བོད་དུ་མ་དར་གྱི་བར་དུ་བཞུགས་པར་གསོལ་བ་བཏབ་པ་བཞིན་ཞལ་གྱིས་བཞེས་ཏེ་བོད་ཡུལ་དུ་ཆོས་ཁྲིམས་སྡོམས་ཤིག་པར་གསུང་པ་ལྟར་ཆོས་ཁྲིམས་དམ་པར་བཅས་སོ། །དེ་རྗེས་བོད་ཕྲུག་ཤེས་རབ་ཅན་ཁ་ཅིག་བསྡུས་ཏེ་མཁན་སློབ་གཉིས་ཀྱིས་སྒྲ་སློབ་པར་བརྩམས་ཀྱང་མ་ཤེས་པར་བརྟེན་སློབ་དཔོན་ཆེན་པོས་བཻ་རོ་དང་སྐ་ཅོག་ལུང་བསྟན་པ་ལྟར་བཀུག་སྟེ་སྒྲ་བསླབས་ཤིང་མཁས་པར་ཤེས་པ་དང་། སྒྲ་བསྒྱུར་གླིང་དུ་མཁན་སློབ་ལོ་ཙཱ་གསུམ་དང་བཅས་པར་རྒྱལ་པོས་གསེར་ཕྱེ་ཀོ་ཊོ་ར་གང་གི་མནྜལ་དང་བཅས་ཏེ་གསོལ་བ་བཏབ། གླང་གི་ལོ་མཇུག་ནས་སྟག་གི་ལོ་མགོའི་བར་དུ་སློབ་དཔོན་ཆེན་པོ་པདྨས་གསང་སྔགས་ཕྱི་པ་ཀྲི་ཡོག་སྡེ་གསུམ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ནས་གསུངས། གསང་སྔགས་ནང་པ་ཡོ་ག་རྣམ་གསུམ་ལོ་ཆེན་པ་བཻ་རོ་ཙ་ནས་བསྒྱུར་ཏེ་གསུངས། ཐུན་མོང་བ་མདོ་གཟུངས་འགའ་ཞིག་དང་ན་རག་དོང་སྤྲུགས་ཆ་ལག་དང་བཅས་པ་བསྒྱུར་ཞིང་། མངའ་བདག་གི་ཐུགས་དམ་ཡང་དོང་སྤྲུགས་ཁོ་ནར་མཛད་པས་དགུང་ལོ་བཅུ་གསུམ་གྱི་སྐུ་ཚེ་བསྲིངས་སོ། །གཞན་ཡང་བཀའ་འདུས་དང་རྡོར་དབྱིངས། བདེ་གཤེགས་འདུས་པ། སྒྱུ་འཕྲུལ་སྡེ་བརྒྱད་སོགས་ཀྱང་བསྒྱུར་རོ། །མཁན་པོ་བྷོ་དྷི་སཏྭ་དང་བནྡེ་ཡེ་ཤེས་སྡེས་འདུལ་བ་ལུང་སྡེ་བཞི་དང་ཤེར་ཕྱིན་སྐོར་དཀོན་བརྩེགས་ཕལ་ཆེན། ལང་གཤེགས། མྱང་འདས་ལ་སོགས་མདོ་དང་། མཁན་པོ་དང་སྐ་བ་དཔལ་བརྩེགས་ཀྱིས་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་སྡེ་འགའ་ཞིག་ཀྱང་བསྒྱུར་རོ། །སླར་ཡང་མངའ་བདག་ཐུགས་མ་ཚིམ་པར་སད་མི་མི་བདུན་སོགས་ལོ་ཙཱ་བ་བརྒྱ་ལ་སྒྲ་བསླབས་ཤིང་བཀུར་སྟི་དང་བཅས་ཏེ་རྒྱ་གར་བརྫངས་སོ་དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བཻ་རོ་དང་རྩང་ལེགས་གྲུབ་གཉིས་རྡོ་རྗེ་གདན་སོགས་རྒྱ་གར་གྱི་ཡུལ་ཐམས་ཅད་ཉུལ་ཞིང་དམ་པའི་ཆོས་དྲིས་པས། རྒྱ་གར་མཁས་པ་སྲ་ཝརྟ་ནས་བུདྡྷ་གུབྟའི་བར་གྱི་པཎྜི་ཏ་ཆེན་པོ་ཉེར་ལྔའི་ཞལ་མཇལ་ཞིང་གསུང་གི་བདུད་རྩི་ཐོབ། ལེགས་གྲུབ་སྔོན་ལ་ཡོངས་པས་ལམ་དུ་གུམ། བཻ་རོས་སླར་ཡང་མན་ངག་སེམས་སྡེའི་སྐོར་རྣམས་གསན་ཅིང་རྐང་མགྱོགས་ཀྱང་གྲུབ་སྟེ་གཅན་འཕྲང་པས་གླག་མ་རྙེད་པར་བོད་དུ་རྟོལ་ཏེ། མངའ་བདག་གིས་ཀྱང་དབུ་སྐྲ་ཐེམ་པར་བཀྲམ་ནས་སྤྱན་དྲངས་ཏེ་ཆིབས་དང་གསེར་དངུལ་གྱི་མཎྜལ། ཕྱག་དང་བཅས་ཏེ་གསོལ་བ་བཏབ་པ་ལྟར་རྒྱུད་ལུང་མན་ངག་གི་ཆོས་ཀྱི་བདུད་རྩིས་རྒྱལ་པོའི་ཐུགས་ཀྱི་བུམ་བཟང་གཏམས་པར་མཛད་དེ། འོན་ཀྱང་རྒྱ་གར་ནས་ཕྲ་མ་བྱུང་བར་བརྟེན་བློན་པོའི་ངོར་བཻ་རོར་བརྫུས་པའི་སྦྲང་བན་ཆུར་བསྐུར་ཞིང་། བཻ་རོ་ཉིད་བར་ཁང་གི་ཀ་བའི་འཆོལ་གྱིས་ཁོངས་སུ་སྦས་ཏེ་ཉིན་བར་མཚན་ཉིད་དང་མཚན་མོ་གསང་སྔགས་རྡོ་རྗེའི་ཐེག་པ་བསྒྱུར་རོ། །དེའི་ཚེ་བཙུན་མོ་དམར་རྒྱན་དང་བདུད་བློན་རྣམས་གྲོས་འཆམ་ཞིང་བཻ་རོ་ཡོད་པར་རིག་སྟེ་བཻ་རོ་ཙ་ན་རེ་ཞིག་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་ཤིང་། ཚ་བའི་རོང་དུ་རྒྱལ་པོ་མདོ་གཞེར་ནག་པོས་མཆོད་གནས་སུ་བསྐུར་ཏེ། རྒྱལ་མོ་གཡུ་སྒྲས་ལོ་ཙཱ་བྱས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་སོ། །དེ་ནས་རྒྱལ་པོས་ནམ་མཁའི་སྙིང་པོ་སོགས་དགེ་སློང་མི་ལྔ་རྒྱ་གར་དུ་བརྫངས་པ་སློབ་དཔོན་ཧཱུྃ་ཀ་ར་དང་མཇལ་ཏེ་ཡང་དག་གི་དབང་རྒྱུད་རྣམས་གསན་ཏེ་གྲུབ་པ་བརྙེས་ནས་བོད་དུ་བྱོན། རྗེ་ལ་དབང་བསྐུར་ཞིང་མན་ངག་བཤད་པ་ལ་བོན་བློན་གྱི་སྤྱུག་བྱུང་སྟེ་རེ་ཞིག་ལྷོ་བྲག་མཁར་ཆུར་གཤེགས་སོ། །དེ་རྗེས་བོན་ཆོས་གཉིས་ཀ་བསྒྱུར་བའི་ཚུལ་མཛད་ཅིང་མཆོད་རྟེན་དང་བོང་སོ་བརྩིགས། སྐ་ཅོག་རྨ་གསུམ་རྒྱ་གར་དུ་བརྗངས། བཻ་རོའི་ལུང་བཞིན་བི་མ་ལ་སྤྱན་དྲངས་ཏེ་བསྙེན་བཀུར་མཛད། གཞན་ཡང་པཎ་ཆེན་མང་དུ་སྤྱན་དྲངས་ཏེ་དམ་པའི་ཆོས་བསྒྱུར་ཞིང་བོན་ཡང་བསྒྱུར་བས་བོན་ཆོག་ལ་རྒྱ་གར་གྱི་པཎྜི་ཏ་རྣམས་ཐུགས་འཁངས་ཏེ་རྒྱ་གར་དུ་ལོག་པར་བརྩམས་པར་བརྟེན། ཆོས་བོན་གཉིས་རྩོད་ཅིང་འགྲན་པས་རྒྱལ་པོ་ཆོས་ལ་ཡིད་ཆེས་ཏེ་བོན་བསྣུབས་སོ། །དེ་ནས་བི་མ་ལ་སོགས་པཎ་ཆེན་རྣམས་ཀྱིས་ཆོས་གསུངས་ཤིང་། གཡུ་སྒྲ་སྙིང་པོས་མཚམས་སྦྱར་བ་ལ་བརྟེན་བཻ་རོ་ཡང་ཕྱིར་བྱོན། མཁན་སློབ། བི་མ་ལ། བཻ་རོ་ཙ་ན། ནམ་སྙིང་སོགས་ལོ་པཎ་བརྒྱ་རྩ་བརྒྱད་ཐམས་ཅད་འདུས་པ་ལ་མངའ་བདག་རྒྱལ་པོས་བཀུར་སྟི་རྒྱ་ཆེན་པོས་གསོལ་བ་བཏབ་ཅིང་མདོ་སྔགས་ཀྱི་དམ་པའི་ཆོས་མཐའ་དག་བསྒྱུར། མཁན་པོས་སོ་སོར་ཐར་པའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་ཕོག །སློབ་དཔོན་ཆེན་པོ་སོགས་པཎ་གྲུབ་རྣམས་ཀྱིས་དབང་རྒྱུད་མན་ངག་བསྟན་ཅིང་རིག་གནས་སོགས་ཀྱང་བསྒྱུར་ཅིང་གླེགས་བམ་ལ་བྲིས་ཏེ། པན་གྲུབ་རྣམས་ཀྱིས་ཆོ་ག་མི་འདྲ་བ་དུ་མའི་སྒོ་ནས་སྐུ་གསུམ་ཐུགས་རྟེན་ཐམས་ཅད་ལ་རབ་ཏུ་གནས་ཤིང་ཉན་བཤད་སྒོམ་སྒྲུབ་ཀྱིས་ཐུབ་བསྟན་གསལ་བར་མཛད་ཅིང་ཁྱད་པར་སློབ་དཔོན་ཆེན་པོས་རྗེ་འབངས་ཉེར་ལྔ། སྙིང་གི་བུ་དགུ། རྗེ་འབངས་གྲོགས་གསུམ་རྣམས་ལ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དབང་བསྐུར་ཞིང་རྟོགས་གྲོལ་དུས་གཅིག་ཏུ་གྱུར་པ་ནི་དགུ་པ་ཆོས་ཀྱི་འཁོར་བསྐོར་བ་དང་བཅུ་པ་བརྟུལ་ཞུགས་ཀྱི་མཛད་པའོ། །སྐབས་དེར་ནམ་མཁའི་སྙིང་པོ་དང་རྒྱལ་པོ་འཁོན་བྱུང་བ་ལ་རྫུ་འཕྲུལ་བསྟན་ནས་འདུམས་ཤིང་། བཤད་སྒྲུབ་ཀྱི་གྲྭ་དང་། དུས་སྟོན་མང་པོ་དང་། དགེ་རྒྱུན་བཙུགས། ལོ་པཎ་རྣམས་ལ་གཏང་རག་གི་ཆོས་སྟོན་རྒྱ་ཆེར་བཏེགས་ཏེ་རྒྱ་གར་ནས་ཆོས་མི་སྡོམ་པར་ཞུས་ཤིང་པན་ཆེན་རྣམས་རང་ཡུལ་དུ་བྱོན། མཁན་སློབ་གཉིས་བོད་དུ་བཞུགས་ཤིང་བི་མ་ལ་རྒྱ་ནག་ཏུ་བཞུད་དོ། །དེའི་ཚེ་སློབ་དཔོན་ཆེན་པོ་མཆིམས་ཕུར་དགོངས་པ་ལ་བཞུགས་དུས་མངའ་བདག་གི་སྲས་མོ་ལྷ་ལྕམ་པདྨ་གསལ་ཚེའི་དུས་བྱས་པ་ལ་སྐྱེ་རྒྱུད་ལུང་བསྟན་གསུངས་ཤིང་། དབུས་དང་ཕྱོགས་བཞི་ལ་སོགས་གཏེར་ཆེན་བརྒྱ་རྩ་བརྒྱད་དང་གཏེར་ཕྲན་བྱེ་བ་ས་ཡ་སྦས་ཏེ་གཏེར་སྟོན་དུས་རྟགས་དང་བཅས་པ་ལུང་བསྟན་ཏེ་གཏེར་སྟོན་རྣམས་ལ་ཞལ་གདམས་གསུངས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སོགས་གཙོ་བོར་གྱུར་པའི་སྒྲུབས་གནས་རྣམས་སུ་སྔ་ཕྱིར་ཞབས་ཀྱིས་བཅག་ཤིང་ལོ་ཟླར་བཞུགས་ཏེ་བྱིན་གྱིས་བརླབས་ནས་མ་འོངས་ལུང་བསྟན་མཛད། མངའ་བདག་ལྔ་བཅུ་རྩ་དགུ་འབྲུག་ལོར་ཟུང་མོ་མཁར་དུ་སྐུ་གཤེགས་ཤིང་མཁན་པོ་ཡང་བྱང་ཆུབ་གླིང་དུ་གཤེགས་སོ། །དེ་དག་ནི་བསྟན་པ་མཐར་རྒྱས་མི་ནུབ་གཏེར་སྦེད་ཀྱི་མཛད་པའི་རིམ་པ་སྟེ་བཅུ་གཅིག་པའོ། །དེའི་འཕྲོས་ཀྱང་བཤད་པར་བྱ་སྟེ། སླར་ཡང་རྒྱལ་སྲས་མུ་ཏིག་བཙན་པོའི་དོན་དུ་བཞུགས་ཤིང་ཞལ་གདམས་གསུངས་ཏེ་ཟབ་ཆོས་གནང་། ཁྲ་འབྲུག་ཏུ་བཀའ་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་སྒྲུབ་པ་མཛད་ཅིང་རྗེ་འབངས་རྣམས་ལ་དབང་བསྐུར། ལྷ་ལྕམ་མན་དྷ་ར་བས་སློབ་དཔོན་ལ་མཚན་དཔེའི་སྒོ་ནས་བསྟོད་ཅིང་། ཨོ་རྒྱན་སྐུ་ཚབ་ཀྱི་ཕན་ཡོན་ཞུས་ལན་གསུངས། རྒྱལ་སྲས་ལྷ་རྗེར་གཏེར་ཁ་གཏད་ཅིང་། སྐྱེ་རྒྱུད་གསུངས་ཏེ་སྐྱེ་བདུན་གྱི་ཕན་ཡོན་བསྟན། བཙན་ཐང་གཡུའི་ལྷ་ཁང་དུ་ངང་བྱུང་རྒྱལ་མོ་ལ་ཁྲིད་བཏབ་སྟེ་གྲོལ། ཤེལ་བྲག་ཏུ་སྐལ་ལྡན་བུད་མེད་གསུམ་ལ་ཞལ་གདམས་གསུངས་ཤིང་། པེ་ཀར་གྱི་ཆོ་འཕྲུལ་བཏུལ་ཏེ་དམ་ལ་བཏགས་ནས་སྒྲུབ་སྐོར་དང་བཅུན་གཟིར། གསུངས་ཤིང་གཙང་པོའི་འགྲམ་དུ་དྲང་སྲོང་སྨུག་འོད་འཕྲོ་དང་ཞུས་ལན་མཛད་དེ་དམ་ལ་བཞག་ཅིང་བཅོས་ཐབས་དང་ངན་སྔགས་མཛད། ཀླུ་རྣམས་ཀྱང་དམ་ལ་བཏགས་ཤིང་མནན་གཏད་ཀྱི་མན་ངག་གསུངས། བསམ་ཡས་དབུ་རྩེར་བྱོན་ནས་ལྷ་སྲས་ལ་བརྩེ་བའི་ཞལ་ཏ་གནང་། སྲིན་ཡུལ་དུ་བཞུད་པར་དགོངས་ཏེ་མང་ཡུལ་གུང་ཐང་དུ་སྔ་འགྲོས་བརྫངས། སྤྲེའུ་ལོ་སྤྲེའུ་ཟླའི་ཚེས་བཅུར་བསམ་ཡས་ནས་ཆིབས་བསྐྱོད་དེ་ཟུང་མཁར་རྡོ་མཆོད་ཐང་དུ་རྗེ་འབངས་ལ་དྲང་དོན་གྱི་ཆོས་དང་བླ་མའི་རྣལ་འབྱོར་གསུངས། ལྷ་སར་བྱོན་ཏེ་ཞལ་གདམས་གསུངས་ཤིང་གུང་ཐང་ལ་ཁར། རྗེ་འབངས། མཁན་སློབ། སྔགས་བཙུན། སྨན་རྩིས་མཁན། ཡོན་བདག་ཕོ་མོ་སོ་སོར་ཞལ་གདམས་དང་སྤྱིར་བསླབ་བྱ་གསུངས། ནམ་མཁའ་ནས་སྤྲིན་དམར་སེར་འཇའ་འོད་དུ་འཁྱིལ་བའི་གསེབ་ནས་རྟ་རྒྱལ་བ་ལ་ཧ་བྱུང་བ་ལ་ཆིབས་ཏེ་སླར་ཡང་རྗེ་འབངས་ལ་བརྩེ་བའི་མགུར་གསུངས། དཔའ་བོ་སྡེ་བཞིས་ཆིབས་སྣ་དྲངས་ཤིང་འཇའ་འོད་དུ་ཁྱིལ་ལེ་བཞུད་དོ། །དེ་ནས་རྗེ་འབངས་རྣམས་དད་གུས་ཀྱི་སྒོ་ནས་ཉི་ཟེར་ལ་བལྟས་པས་བྱ་རོག་དང་། ཕུག་རོན། བྱིའུ། སྦྲང་བུ་དང་སྲོ་མ་ཙམ་གྱི་བར་མཐོང་ཞིང་དེ་ནས་མིག་གིས་མ་མཐོང་བར། ལས་དག་པ་འགའ་ཞིག་གི་ཉམས་སྣང་དུ་སེང་ག་ལའི་གླིང་དང་སྲིན་པོའི་ཡུལ་བརྒྱུད་དེ། རྔ་ཡབ་དཔལ་རིར་སྲིན་པོའི་རྒྱལ་པོ་ཐོད་འཕྲེང་རྩལ་གྱི་སྐུར་བཞུགས་ནས་སྲིན་པོ་རྣམས་ལ་དམ་པའི་ཆོས་སྟོན་པ་མཐོང་བས་ཕྱི་ཕྱག་མང་དུ་བཙལ་ཏེ་རྗེ་འབངས་རྣམས་རང་གནས་སུ་བྱོན་ཏེ། སློབ་དཔོན་གྱིས་བསྟན་པའི་ཆོས་ལ་བཤད་སྒྲུབ་དང་ཐུབ་བསྟན་གུས་པས་མཆོད་པར་གྱུར་ཏོ། །དེ་ལྟར་གུ་རུ་ཆེན་པོ་བོད་དུ་བཞུགས་ཡུན་ཡང་ལུགས་སྣ་ཚོགས་སུ་འཆད་མོད་ཀྱང་འདིར་རྣམ་ཐར་ཡང་ཐང་ཡིག་ཁོ་ན་དང་མཐུན་པར་བཏུས་ཤིང་། བཞུགས་ཡུན་ཀྱང་བརྒྱ་དང་བཅུ་གཅིག་ཏུ་བཞུགས་པར་འཆད་ལ། དེ་བཞིན་དུ་རྣམ་ཐར་ཡང་བསྡུས་དོན་ཙམ་ལས་རྒྱས་པར་བྲི་མ་ནུས་པས་ཞིབ་པར་གཞན་དུ་བལྟ་བར་བྱའོ། །མདོར་ན་སློབ་དཔོན་ཆེན་པོ་འདི་ཉིད་ཀྱི་རྣམ་ཐར་རྒྱས་བསྡུས་ཇི་ལྟར་སྣང་ཡང་དེ་ཉིད་མོས་གུས་ཀྱི་གསོས་སུ་བྱས་ཏེ་གསོལ་བ་བཏབ་ན་བྱང་ཆུབ་ལ་རེག་པར་འགྱུར་བ་སྟེ། ཐང་ཡིག་ལས། གུ་རུའི་རྣམ་ཐར་རྒྱས་བསྡུས་གང་འཐད་པ། །མཐོང་ཐོས་མོས་གུས་ཚད་མེད་བྱ་བ་གཅེས། །འདི་ལ་དད་མོས་བསྟན་པའི་མཐར་རྒྱས་འཛིན། །བླ་མེད་བྱང་ཆུབ་སངས་རྒྱས་ཐེ་ཚོམ་མེད། །ཅེས་དང་། གསེར་དངུལ་སྣག་ཚས་པད་འབྱུང་རྣམ་ཐར་བྲིས། །སྐྱིད་སྡུག་གང་བྱུང་བདག་གཞན་འགྲོ་དོན་མཛད། །ཅེས་གསུངས་པ་ལྟར་ཡིན་ཅིང་། གཞན་ཡང་། གསོལ་བ་བཏབ་ན་བསླུ་བ་མེད་པར་ཐུགས་རྗེས་འཛིན་ངེས་པ་ཡང་ཡིན་ཏེ། དེ་ཉིད་ལས། གདུང་སེམས་ཅན་ལ་པད་འབྱུང་འཕགས་པ་མེད། །གསོལ་བ་འདེབས་ལ་པད་འབྱུང་སྒོ་ཉལ་ཡོད། །ཅེས་དང་། ངན་སོང་སྐྱེས་ཀྱང་ང་རང་སླུ་རུ་ཡོང་། །ང་ཡི་ཚེ་ལ་འདས་དྲངས་ཡོད་མ་ཡིན། །དད་ལྡན་མི་རེའི་མདུན་དུ་པད་འབྱུང་རེ། །ཞེས་དང་། ཐུགས་རྗེ་རྒྱུན་ཆད་མེད་དོ་གསོལ་བ་ཐོབ། །ཅེས་གསུངས་པ་སྙིང་ལ་བཅངས་ནས་བློ་གཏད་གཅིག་ཆོག་ཏུ་བྱས་ཏེ་གསོལ་བ་བཏབ་ན་འདི་ཕྱིའི་དོན་ཆེན་འགྲུབ་པར་གདོན་མི་ཟའོ། །དེ་དག་གིས་སྟོན་པའི་བྱུང་ཚུལ་མདོ་ཙམ་བཤད་ཟིན་ཏོ། །མང་ཐོས་ཙན་དན་ལྗོན་པའི་དགའ་ཚལ་ལས། ངོ་མཚར་གཏམ་གྱི་དྲི་བསུང་གསར་པ་དག །མོས་གུས་དྲི་བཞོན་བསིལ་བུས་ལེགས་བསྐྱོད་པ། །བློ་ལྡན་བསྐལ་བཟང་ཡིད་ལ་དགའ་སྟོན་སྟེར ། །ཐུབ་དབང་མཛད་པའི་ཉིན་བྱེད་འཁོར་ལོ་དང་། །པད་འབྱུང་རྒྱལ་བའི་རྣམ་ཐར་ཉ་རྒྱས་ཟླ། །ཤེས་བྱའི་ལྷ་ལམ་ཡངས་པོར་གསལ་བཀོད་པ། །བསྟན་འགྲོའི་རྨོངས་མུན་སེལ་བའི་དགའ་སྟོན་ཡིན། །ཐུབ་བསྟན་ལུང་རྟོགས་ཆོས་ཀྱི་སྟོན་པ་ལ། །དངོས་གཅིག་ཆུ་ཟླའི་གར་གྱི་ཚུལ་ཇི་ལྟར། །ཤར་ཡང་གཉིས་མེད་བློ་ཡི་རྩེ་གཅིག་ཏུ། །དད་པས་ཡོན་ཏན་བརྗོད་འདི་ཡི་རང་བྱོས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སྤྱི་དོན་གཉིས་པ་བར་དུ་སྔ་འགྱུར་གྱི་བསྟན་པ་བྱུང་ཚུལ་བཤད་པ་ནི། རྒྱས་པར་ཆོས་འབྱུང་རྣམས་ལ་བལྟ་བར་བྱ་ཞིང་། འདིར་མདོ་ཙམ་སྨོས་ན་སྔ་འགྱུར་རང་སྐད་ལ་གཞི་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ནས། སྟོན་འཁོར་དགོངས་པ་གཉིས་སུ་མེད་པ་ལྷུན་འགྲུབ་འོད་གསལ་རྫོགས་པ་ཆེན་པོའི་ངང་ལས་མ་གཡོས་བཞིན་དུ། རང་སྣང་ལོངས་སྤྱོད་རྫོགས་པའི་སྐུ་རང་ཤར་ཏེ་རིགས་ལྔ་ཞི་ཁྲོའི་དཀྱིལ་འཁོར་གྱི་ཚོམ་བུ་གྲངས་མེད་པ་སྣ་ཚོགས་སུ་འཆར་བ་ངེས་པ་ལྔ་ལྡན་གྱི་ཚུལ་དུ་བཞུགས་པའི་རྩལ་ལས་ཆུ་ཟླའི་ཚུལ་གྱིས་སྤྲུལ་པ་མངོན་པར་སྣང་བར་གྱུར་པ་ནི། རིགས་དྲུག་གི་གནས་སུ་ཐུབ་པ་དྲུག་གི་ཚུལ་གྱིས་འགྲོ་བ་འདྲེན་པའི་ཚུལ་སྟོན་ཅིང་། བྱིན་བརླབས་མཆོག་གི་སྤྲུལ་པ་གསུམ་དང་། ཡེ་ཤེས་དོན་དམ་པའི་སྤྲུལ་པ་བཅུ་གཉིས་སམ་སྟོན་པ་བཅུ་གཉིས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་ཚུལ་གྱིས་བྱོན་ཏེ། བསྟན་པ་བཅུ་གཉིས་སྐྱོང་བར་མཛད་པ་ནི་འདི་ལྟ་སྟེ། དང་པོ་ཡུལ་དགའ་ལྡན་བརྩེགས་ཀྱི་གནས་པདྨའི་ལྟེ་བ་ལ། སྟོན་པ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ། འཁོར་འོད་སྣང་གི་སངས་རྒྱས་སྟོང་རྩ་གཉིས། བསྟན་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་ཆོས། དུས་ཚེ་ལོ་དཔག་ཏུ་མེད་པའི་དུས་སུ་གསུངས་ཏེ། ལྷའི་བུ་དགའ་བྱེད་དབང་ཕྱུག་དང་། ཉི་མ་རབ་ཏུ་སྣང་བྱེད་གཉིས་ཀྱིས་བཀའ་བསྡུས་སོ། །གཉིས་པ་ནི། གནས་མི་མཇེད་འཇིག་རྟེན། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ། འཁོར་མཁའ་འགྲོ་འབུམ་ཕྲག་གཉིས། བསྟན་པ་སྐུ་ལྔའི་རྒྱུད་ཀྱི་ཆོས། དུས་ཚེ་ལོ་བྱེ་བ་གཅིག་ཐུབ་པའི་ཚེ་གསུངས་སོ། །གསུམ་པ་ནི། གནས་དྲོད་གཤེར་འདུས་པ་འོད་ཀྱི་སྤུངས་པར། སྟོན་པ་འཇིགས་པ་སྐྱོབ་པའི་ཡིད། འཁོར་བྱང་སེམས་འབུམ་ཕྲག་དྲུག །བསྟན་པ་འཁོར་བ་དོང་སྤྲུགས་རྨ་བྱ་མཇིང་བསྣོལ་འབྱུང་བཞི་ཟད་པའི་རྒྱུད་ཀྱི་ཆོས། དུས་ཚེ་ལོ་འབུམ་པའི་ཚེ་གསུངས་སོ། །བཞི་པ་ནི། གནས་ཆགས་འབྱུང་མངའ་རུ་སྣང་བར། སྟོན་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བ། འཁོར་གནོད་སྦྱིན་དང་བྲག་སྲིན་སྟོང་ཕྲག་གཅིག །བསྟན་པ་སེམས་སྡེ་རྩ་བའི་རྒྱུད་ལྔ་ཡན་ལག་གི་རྒྱུད་དྲུག་སྟེ་ཆོས། དུས་ཚེ་ལོ་བརྒྱད་ཁྲི་པའི་དུས་གསུངས་སོ། །ལྔ་པ་ནི། གནས་འཚོ་བྱེད་གཞོན་ནུའི་སྡུམ་རར། སྟོན་པ་དྲུག་པ་རྡོ་རྗེ་འཆང་། འཁོར་སངས་རྒྱས་རབ་བདུན། བསྟན་པ་ཕར་ཕྱིན་དྲུག་གི་ཆོས། དུས་ཚེ་ལོ་བདུན་ཁྲི་པའི་ཚེ་གསུངས་སོ། །དྲུག་པ་ནི། གནས་རི་རབ་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བ། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན། འཁོར་བྱང་སེམས་སྤྲིན་ཤུགས་ཅན་བདུན་དང་ཌཱཀྐི་ལྷ་ཀླུ་བསམ་ཡས། བསྟན་པ་རིག་པ་རང་ཤར་ཆེན་པོ་ལ་སོགས་མངོན་སུམ་འོད་གསལ་རྒྱུད་ཀྱི་ཆོས། དུས་ཚེ་ལོ་དྲུག་ཁྲི་པའི་ཚེ་གསུངས་སོ། །བདུན་པ་ནི། གནས་སྲིན་ཡུལ་རུ་ལུའི་སྒྲ་དང་ལྡན་པར། སྟོན་པ་དྲང་སྲོང་འཁྲོས་པའི་རྒྱལ་པོ། འཁོར་སྲིན་པོ་བྱེ་བ་གཅིག །བསྟན་པ་དག་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པའི་ཆོས། དུས་ཚེ་ལོ་ཁྲི་པའི་ཚེ་གསུངས་སོ། །བརྒྱད་པ་ནི། གནས་བྱ་རྒོད་སྤུངས་པ། སྟོན་པ་གསེར་འོད་དམ་པ། འཁོར་འཕགས་པའི་ཉན་ཐོས་གྲངས་མེད། བསྟན་པ་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པའི་ཆོས། དུས་ཚེ་ལོ་ལྔ་སྟོང་པར་གསུངས་སོ། །དགུ་པ་ནི། གནས་སོག་པོ་གཡུ་སྨིན་ཅན་གྱི་ཡུལ་བྱང་ཆུབ་ཀྱི་ཤིང་དྲུང་དུ། སྟོན་པ་བརྩེ་བས་རོལ་པའི་བློ་གྲོས། འཁོར་བྱང་སེམས་དཔག་ཡས། བསྟན་པ་ཆེས་ཕྲ་རྒྱུད་བདུན་ལ་སོགས་པའི་ཆོས། དུས་ཚེ་ལོ་སྟོང་གི་སྐབས་གསུངས་སོ། །བཅུ་པ་ནི། གནས་བྱ་རྒོད་ཕུང་པོར་སྟོན་པ་འོད་སྲུངས་བགྲེས་པོ། འཁོར་སྐར་མ་འོད་བཟང་ལ་སོགས་པ་བདུན། བསྟན་པ་མདོ་སྡེ་དང་ཀྲྀ་ཡོག་ཨ་ནུ་སོགས་ཁྲི་ཕྲག་བརྒྱད་ཀྱི་ཆོས། དུས་ཚེ་ལོ་ལྔ་བརྒྱ་པར་གསུངས་སོ། །བཅུ་གཅིག་པ་ནི། གནས་རྡོ་རྗེ་གདན་དུ། སྟོན་པ་མངོན་རྫོགས་རྒྱལ་པོ། འཁོར་རིགས་གསུམ་མགོན་པོ། བསྟན་པ་ངེས་པ་དོན་གྱི་ཐེག་པ་འབའ་ཞིག་གི་ཆོས། དུས་ཚེ་ལོ་སུམ་བརྒྱ་པར་གསུངས་སོ། །བཅུ་གཉིས་པ་ནི། གནས་ཝ་ར་ཎ་སི་ལ་སོགས་པར། སྟོན་པ་ཤཱཀྱ་ཐུབ་པ། བསྟན་པ་སྡེ་སྣོད་གསུམ་སོགས། འཁོར་ཉན་ཐོས་བྱང་སེམས་ལྷ་ཀླུ་ལ་སོགས་པར། དུས་ཚེ་ལོ་བརྒྱ་པར་གསུངས་སོ། །དེ་ལྟར་བསྟན་པ་བཅུ་གཉིས་ཀྱི་བདག་པོ་སྟོན་པ་བཅུ་གཉིས་བྱོན་ཚུལ། བཅུ་བདུན་རྒྱུད་ཀྱི་ནང་ཚན་རིག་པ་རང་ཤར་ཆེན་པོ་ལ་སོགས་པར་བཤད་པས་རྫོགས་ཆེན་སྙིང་ཐིག་ཁོ་ནར་གྲགས་པ་ཞིག་འདུག་མོད་ཀྱང་སྔ་འགྱུར་བཀའ་གཏེར་སྤྱིར་ཁུངས་དེ་དག་དང་ངེས་པར་འབྲེལ་དགོས་པ་ཞིག་སྣང་བས་འདིར་བྲིས་པ་ཡིན་ལ། འདི་དག་གྲུབ་མཐའ་སྤྱི་སྐད་དང་མ་མཐུན་ཡང་རང་གཞུང་རྒྱུད་ཁུངས་གཙང་མ་དང་འབྲེལ་ཞིང་ལུང་གི་ཟིན་པས་ཐེ་ཚོམ་མི་བྱ་ཞིང་། སྤྱི་དང་མི་མཐུན་པ་ཐམས་ཅད་འདོར་དགོས་ན་ཐེག་པ་མཐོ་དམན་དྲང་ངེས་ཀྱི་དགོངས་དོན་སྣ་ཚོགས་ཀྱང་མཐའ་གཅིག་ཏུ་ངེས་དགོས་པའི་སྐྱོན་ཡོད་པས་ལོག་པར་རྟོགས་པ་མི་བྱའོ། །དེ་ལྟར་དགོངས་རྒྱུད་སྤྲུལ་པ་བཅུ་གཉིས་ཀྱིས་འགྲོ་བའི་དོན་མཛད་ཅིང་བསྟན་པའི་ཁུངས་སྨོས་ནས། བརྡ་བརྒྱུད་དང་སྙན་བརྒྱུད་བླ་མའི་ཚུལ་རྣམས་འོག་ཏུ་སྟོན་པར་བྱེད་ལ། མདོར་བསྡུ་ན། རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། རྒྱུད་གསུམ་རིག་འཛིན་བླ་མའི་བསྟན་པ་མཐའ་དག་གི་ཤིང་རྟའི་སྲོལ་ཕྱེ་ནས་རྒྱ་བོད་ལ་སོགས་པར་བསྟན་པ་མཁའ་ཁྱབ་ཏུ་མཛད་ཅིང་ཁྱད་པར་བོད་ཡུལ་འདིར་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་རིང་ལ་སྔ་འགྱུར་ཆོས་ཀྱི་ཉི་མ་ཆེར་གདལ་བས་མཆོག་དམན་གྱི་འགྲོ་བ་ཐམས་ཅད་ཡང་དག་པའི་ས་ལ་འགོད་པར་མཛད་པའི་ཚུལ་ལ། འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང་བསྔགས་པར་མཛད་པའི་ཚུལ་ཇོ་བོའི་རྣམ་ཐར་གསལ་བ་ལྟར་དང་། ཁྱད་པར་ཨོ་རྒྱན་ཆེན་པོའི་དངོས་སློབ་ཡོངས་གྲགས་རྗེ་འབངས་ཉེར་ལྔ། སྙིང་གི་བུ་དགུ། རྗེ་འབངས་གྲོགས་གསུམ་སོགས་དང་། རོང་ཟོམ་གྱི་ཆོས་འབྱུང་ལས་ཡེར་པའི་གྲུབ་ཐོབ་འོད་ལུས་འགྲུབ་པ་བརྒྱད་ཅུ། ལྷ་ལུང་དཔལ་རྡོར་ལ་སོགས་པ་ཆུ་བོ་རིར་སྒོམ་ཆེན་བརྒྱ་རྩ་བརྒྱད་ཡོད་པའི་ལྷ་ལུང་དཔལ་རྡོར་རྒྱལ་པོ་གླང་དར་བཀུམས་པའི་རྐྱེན་གྱིས་འོད་ལུས་མ་གྲུབ་ཀྱང་བརྒྱ་དང་བདུན་འོད་ལུས་སུ་ཡལ་བར་གསུངས་ཤིང་། ཡེར་པ་ན་དེང་སང་ཡང་གྲུབ་བརྒྱའི་མཆོད་རྟེན་འདུག་པས་གྲུབ་ཆེན་དེ་རྣམས་ཀྱི་དྭངས་མ་འོད་སྐུར་ཡལ། སྙིགས་མ་སྐྲ་སེན་མོ་སོགས་ལུས་པར་རྫོགས་ཆེན་གྱི་རྒྱུད་ལས་བཤད་པས་དེ་དག་གི་མཆོད་རྟེན་ཡིན་པར་སེམས། ཡིག་ཚང་གཞན་ལས་མཆིམས་ཕུར་གྲུབ་ཆེན་ཉེར་ལྔ། འབྲོ་བཟའ་སོགས་རྣལ་འབྱོར་མ་བཅུ་དྲུག །ཆུ་བོ་རིར་དཔལ་གྱི་ཡེ་ཤེས་སོགས་གྲུབ་ཆེན་སོ་ལྔ། མྱང་ཏིང་འཛིན་བཟང་པོ་སོགས་ཡེ་པར་གྲུབ་ཆེན་བརྒྱ་དང་བདུན་ཏེ། དེ་རྣམས་ཀྱང་འོད་ལུས་གྲུབ་པར་གསུངས། གཞན་ཡང་སློབ་དཔོན་ཆེན་པོའི་དངོས་སློབ་འཁོན་ཀླུ་དབང་སྲུང་བ་དང་། རྡོ་རྗེ་རིན་ཆེན་དང་། ཨ་མེས་བྱང་ཆུབ་འདྲེ་འཁོལ་སོགས་གྲུབ་ཐོབ་བགྲངས་ཡས་པར་བྱོན་པས། དེ་རྣམས་ཐམས་ཅད་སྔ་འགྱུར་རྡོ་རྗེ་ཐེག་པ་ཁོ་ནས་གྲོལ་བ་ལས་གཞན་དུ་སྨྲར་མེད་པས་དེ་དག་གི་ཐུགས་རྒྱུད་ལ་བཞུགས་པའི་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ཁོ་ནས་ལས་གཞན་དུ་ཅི་ཡོད། དེ་ལྟར་གསང་སྔགས་རྡོ་རྗེ་ཐེག་པ་ཙམ་དུ་མ་ཟད་རྒྱུའི་ཆོས་སྡེ་སྣོད་གསུམ་གྱི་ཆོས་ཐམས་ཅད་ཀྱང་སྔ་འགྱུར་ཁོ་ན་ལ་ལྟོས་དགོས་པར་སྣང་བས། ཕྱིས་ཀྱི་འགྱུར་གསར་འགའ་ཞིག་དང་། སྐད་གསར་བཅད་ཀྱིས་གཏན་ལ་ཕབས་པ་ཙམ་ལས་གཞན་དུ་བཀའ་འགྱུར་རིན་པོ་ཆེའི་འགྱུར་བྱང་ཕལ་ཆེ་བར་ཞུས་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་འབྱུང་བ་ཡང་བཻ་རོ་ཡིན་པས་སྔ་འགྱུར་ཁོ་ན་ཡིན་པར་གསལ་ལ། གཞན་ཡང་དམ་པའི་ཆོས་འདུལ་བའི་བསྟན་པ་སྨད་འདུལ་དུ་གྲགས་པ་ཡང་སྔ་འགྱུར་ཁོ་ནའི་སྡོམ་རྒྱུན་ལས་ཅི་ཞིག །ཁྱད་པར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་ནི་གླང་དར་གྱི་དུས་ཀྱང་མ་བསྣུབས་པར་སོ་ཟུར་གནུབས་སོགས་ཀྱི་གྲུབ་ཆེན་རྣམས་ཀྱིས་བཤད་སྒྲུབ་མ་ཉམས་པར་གཟུང་ཞིང་དེང་སང་གི་བར་དུ་བཞུགས་པས་ན་དེའི་ཕྱིར་སྔ་འགྱུར་བསྟན་པའི་གཞུང་ལུགས་བཀའ་མ་ཉིད་དུ་ངེས་པར་བྱ་དགོས་ལ། དེ་ལྟར་བུའི་རིག་འཛིན་བརྒྱུད་པའི་རྣམ་ཐར་བསྟན་པའི་ཞར་ལས་བསྟན་པའི་བྱུང་ཚུལ་ཡང་ངེས་པར་འགྱུར་རོ། །ཐུབ་བསྟན་རྒྱ་མཚོའི་སྙིང་པོ་རྡོ་རྗེ་ཐེག །སྔ་འགྱུར་བཤད་སྒྲུབ་བསྟན་པ་རིན་པོ་ཆེའི། །བྱུང་ཚུལ་རང་གཞུང་གཙང་མའི་ལོ་རྒྱུས་ལྟར། །གསལ་བར་བྱས་འདི་ངོ་མཚར་རྨད་དུ་བྱུང་། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་གིས། །སྔོན་སྨོན་ཐུགས་བསྐྱེད་སྙིང་སྟོབས་བརྩོན་པ་ཡིས། །མཁན་སློབ་ལོ་པཎ་སྤྱན་དྲངས་དམ་ཆོས་བསྒྱུར། །འདི་འདྲའི་བཀའ་དྲིན་བསམ་པའི་ཡུལ་ལས་འདས། །དེ་ལྟར་རྣམ་དག་དྲི་མེད་བསྟན་པའི་སྲོལ། །སྔ་འགྱུར་གསང་ཆེན་སྙིང་མའི་རིང་ལུགས་འདིར། །འཇུག་པའི་སྐལ་བཟང་བསོད་ནམས་བྱེ་བས་བསྒྲུབས། །དེ་ཕྱིར་བརྩོན་པས་ལམ་ལ་འབད་པར་རིགས། །ཞེས་བྱ་བ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སྤྱི་དོན་གསུམ་པ་མཐར་བསྟན་འཛིན་གྱི་བླ་མ་བརྒྱུད་པའི་ཚུལ་ཇི་ལྟར་བྱོན་པ་རྣམ་པར་ཐར་པ་དང་བཅས་བཤད་པ་ལ་གཉིས་ཏེ། སྤྱིར་འདུས་པའི་མདོའི་དབང་དང་རྗེས་སུ་འབྲེལ་བའི་ཐེག་པའི་བབས་ཚུལ་དང་། བྱེ་བྲག་ཡོ་ག་གསུམ་གྱི་བརྒྱུད་ཚུལ་ལོ། །དང་པོ་ནི་དབང་ཆོག་གི་སྟོང་ཐུན་དུ་གསལ་བར་བྲིས་ཟིན་པས་འདིར་ཕྱི་མ་ལྟར་བྲི་བར་རིགས་ལ། དེ་ལ་ཡང་གཉིས་ཏེ། སྟོན་པ་སྐུ་གསུམ་ནས་རིམ་པར་བརྒྱུད་དེ་རྒྱ་གར་བའི་ལོ་རྒྱུས་དང་བོད་ཀྱི་ལོ་རྒྱུས་གཉིས་སོ། །དང་པོ་རྒྱ་གར་བ་ལ་གསུམ་སྟེ། མ་ཧཱ་ཡོ་གའི་བརྒྱུད་ཚུལ། ཨ་ནུ་ཡོ་གའི་བརྒྱུད་ཚུལ། ཨ་ཏི་ཡོ་གའི་བརྒྱུད་ཚུལ་ལོ། །དེ་ཡང་འདིར་ཨ་ནུ་ཉིད་གཙོ་ཆེ་ཡང་། རྒྱུད་ལུང་གཉིས་ལ་གཅིག་བརྟེན་གྱི་ཚུལ་དུ་བཤད་ནས། ཨ་ཏི་ཡོ་ག་ལྟ་བ་སྤྱི་འབྱམས་ཀྱི་དབང་བསྐུར་ཞིང་ལ་བཟླ་བའི་ཕྱིར་གསུམ་ག་ངེས་པར་དགོས་ཤིང་། དེ་ཡང་རྒྱ་མཚོ་ལས། རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུའོ། །ཞེས་གསུངས་པས། ཡོ་ག་གསུམ་གའི་བརྒྱུད་པ་ལ་དགོངས་བརྒྱུད་དང་། བརྡ་བརྒྱུད། སྙན་བརྒྱུད་གསུམ་གྱིས་བཤད་ཅིང་། དེ་ལྟར་བརྒྱུད་པ་གསུམ་གྱི་གོ་དོན་ནི་གང་ཟག་བརྒྱུད་པ་ལྟར་ཉན་བཤད་བྱ་མི་དགོས་ཤིང་། རིག་བརྒྱུད་ལྟར་བརྡ་ལ་ལྟོས་མི་དགོས་པར་གོང་མའི་དགོངས་པ་འོག་མ་ལ་བྱིན་རླབས་ཀྱིས་ཤར་བ་ནི་དགོངས་བརྒྱུད། གང་ཟག་ལྟར་ཉན་བཤད་བྱ་མི་དགོས་ཀྱང་བྱིན་རླབས་ཀྱིས་རྟོགས་པར་མི་ནུས་པས་དགོངས་པ་གཏད་ཅིང་བརྡ་སྟོན་པས་ན་རིག་བརྒྱུད། གོང་མ་གཉིས་ལྟར་རྟོགས་མ་ནུས་པ་རྣམས་ལ་ཐུགས་ལ་དགོངས་ཤིང་མགུར་དུ་བསྒྲིལ། ལྗགས་ལ་བཀྲམ། ཚེམས་བར་ནས་ཚངས་པའི་གསུང་བྱུང་སྟེ་བཤད་པས། ཉན་བྱེད་ཀྱིས་ལེགས་པར་ཉན་ཅིང་ཐོས་བསམ་གྱིས་རྟོགས་ཤིང་དཔྱད་པས་དོན་ངེས་པ་ནི་སྙན་བརྒྱུད་དོ། །དེ་ལྟ་བུའི་ཚུལ་རྣམས་འཆད་པར་བྱེད་པ། དེ་ལ་དང་པོ་སྤྱིར་ཡོ་ག་གསུམ་གྱི་དགོངས་བརྒྱུད་སྐུ་གསུམ་ནི། གསང་སྙིང་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །ཅེས་གསུངས་པས། ཐོག་མའི་མགོན་པོ་རྒྱལ་བ་ཆོས་སྐུ་ཀུན་ཏུ་བཟང་པོ་ཉིད་ཀྱིས། ས་བཅུའི་བྱང་སེམས་ཁོ་ནའི་གདུལ་བྱའི་ངོར་འཆད་པའི་སྐྱེས་བུ་རང་ལས་མི་གཞན་པའི་ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་རིགས་ལྔ་བྱིན་གྱིས་བརླབས་ཤིང་བརྒྱུད་པ་དང་། རིགས་ལྔས་རྒྱལ་སྲས་རིགས་གསུམ་མགོན་པོ་སོགས་སེམས་དཔའ་སེམས་མ་ལྷན་གཅིག་པའི་འཁོར་རྣམས་ལ་བསྟན། སྤྲུལ་པའི་སྐུ་ལ་ཡང་འདོད་ཚུལ་མང་ནའང་འདིར་རྩ་བརྒྱུད་ཁོ་ནའི་རྗེས་སུ་འབྲངས་ཏེ་གོང་དུ་རྒྱས་པར་བསྟན་ཟིན་ཏོ། །དེ་དག་ནི་དགོངས་བརྒྱུད་སྐུ་གསུམ་མོ། །གཉིས་པ་བརྡ་བརྒྱུད་དམ་རིག་འཛིན་རིག་པས་བརྒྱུད་ཚུལ་ནི། མདོ་དབང་ལུགས་མ་ཧཱ་ཡོ་ག་ཁོ་ནའི་བརྒྱུད་པར། རྡོར་སེམས་གསང་བདག་གཉིས་ལས་མི་དགོས་ཀྱང་། ཨ་ནུའི་ལུགས་ལ་བརྡ་བརྒྱུད་རིགས་ཅན་དྲ་མ་ལྔ་ཡང་ཡོད་པས་ལོ་རྒྱུས་འཆད་བདེ་བའི་ཕྱིར་འདིར་མ་ཧཱ་ཨ་ནུ་གཉིས་མི་འགལ་བར་ཅུང་ཟད་བཤད་པའི་དབང་དུ་བགྱིས་ན་གཉིས་ཏེ། མི་མ་ཡིན་པ་ལ་བརྒྱུད་པ་དང་། མི་དང་མི་མ་ཡིན་གཉིས་ཀ་ལས་བརྒྱུད་ཚུལ་ལོ། །དང་པོ་ནི། ཐུབ་དབང་དགོངས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་ཉེར་བརྒྱད་ནས་རྒྱལ་ཚབ་རིགས་གསུམ་མགོན་པོ་ལས་བརྒྱུད་པའི་ཚུལ་ཏེ། འཇམ་དཔལ་རྡོ་རྗེ་རྣོན་པོ་མཛེས་པའི་སྐུར་ལྡན་པས་ལྷ་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་ཆོས་བསྟན་ཏེ་ལྷ་གྲགས་ལྡན་མཆོག་སྐྱོང་ལ་གསུངས། དེས་རིན་ཅེན་འོད་འབར་ལ་བཤད། དེས་སྐྱེ་རྒུའི་བདག་པོ་ཚངས་པ་ལ་བཤད། དེས་ཚངས་པ་ཀུན་གྲོལ་ལ། དེས་ཚངས་པ་གཙུག་ཕུད་འཛིན་ལ། དེས་ལྷ་དབང་བརྒྱ་བྱིན་ལ། དེས་ལྷའི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ་བཤད་པས་ལྷ་རྣམས་ཀྱང་བྱང་ཆུབ་སེམས་དཔའི་རིག་འཛིན་ཅིང་རྒྱལ་བའི་གདུང་འཚོབ་པར་གྱུར་ཏེ། སྤྱན་རས་གཟིགས་བདུད་རྩི་སྨན་གྱི་སྐུ་དང་ལྡན་པ་ཀླུ་དུག་ཅན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་བསྟན་ཏེ་ཀླུ་རྒྱལ་མགྲིན་པ་ནག་པོ་ལ་གསུངས། དེས་ཀླུ་མོ་ཁ་འདུལ་མ་ལ། དེས་ཀླུ་མོ་འདུལ་ཚངས་མ་ལ། དེས་ཀླུ་ཡིད་འོང་དགའ་མ་ལ། དེས་ཀླུ་རྒྱལ་འཇོག་པོ་ལ། དེས་ཀླུ་ཚོམ་བུ་འབུམ་སྡེ་ལ་བཤད་པས་ཀླུ་རྣམས་ཀྱང་གོང་བཞིན་གྱུར་ཏོ། །ཕྱག་ན་རྡོ་རྗེ་འཇིགས་ཚུལ་བསྡིགས་པའི་སྐུ་གནོད་སྦྱིན་རྣམས་ཀྱི་ལུས་དང་བསམ་པ་དང་མཐུན་པར་བསྟན་ཏེ་གནོད་སྦྱིན་གྲགས་ལྡན་མཆོག་སྐྱོང་ལ་གསུངས། དེས་གནོད་སྦྱིན་ཀུན་ཏུ་བཟང་པོ་ལ། དེས་གནོད་སྦྱིན་ལག་ན་རྡོ་རྗེ་ལ། དེས་གནོད་སྦྱིན་སྐར་མདའ་གདོང་ལ། དེས་གནོད་སྦྱིན་ཚོམ་བུ་འབུམ་སྡེ་ལ་བཤད་པས་གནོད་སྦྱིན་རྣམས་ཀྱང་གོང་ལྟར་གྱུར་ཏོ། །གཉིས་པ་མི་དང་མི་མ་ཡིན་གཉིས་ཀ་ལས་བརྒྱུད་ཚུལ་ནི། གསང་བའི་བདག་པོས་རི་མ་ལ་ཡའི་རྩེ་མོར། ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་ལང་ཀ་མགྲིན་བཅུའམ་བློ་གྲོས་ཐབས་ལྡན། མི་ལས་སྐལ་ལྡན་ལི་ཙ་བྱི་དྲི་མེད་གྲགས་པ་སྟེ་དྲྭ་མ་ལྔ་དང་། གཞན་ཡང་ལྷ་ཀླུ་གནོད་སྦྱིན་མའི་རིག་འཛིན་དུ་མ་འདུས་པའི་འཁོར་ལ་གསུངས་ཤིང་བརྒྱུད་དོ། །འདི་དག་ནི་སྔ་འགྱུར་བཀའ་གཏེར་ཐུན་མོང་བའི་ལུགས་ཡིན་ཏེ། གུ་རུ་པདྨས། གྲགས་ལྡན་ཆོས་སྐྱོང་གནོད་སྦྱིན་སྐར་མདའ་གདོང་། །བློ་གྲོས་ཐབས་ལྡན་ཀླུ་རྒྱལ་འཇོག་པོ་དང་། །དྲི་མེད་གྲགས་པ་ལས་ཅན་རྒྱལ་པོ་ཛ། །ཞེས་སོགས་གསུངས་སོ། །གསུམ་པ་གང་ཟག་སྙན་ཁུང་བརྒྱུད་པ་ནི། མདོར་ན་གསང་བདག་གིས་འོག་མིན་དུ། སྟོན་པ་སྐུ་ལྔ་ཡོངས་རྫོགས་ལ་བྱིན་བརླབ་ཀྱིས་ཐོས་པ་དེ་ཐུགས་ལ་བསྡུས་པས་རྒྱུད་དོན་དབུ་ཞབས་སུ་གྲུབ་ལ། དྲྭ་མ་ལྔ་ལ་གསུངས་པའི་ཚེ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་ཚིག་དང་ཡི་གེར་བསྡུས་པས་གཞུང་ཚོགས་གླེགས་བམ་དུ་དེ་ནས་གྲུབ་པར་རིག་འཛིན་གོང་མ་རྣམས་བཞེད་དོ། །དེ་ལྟར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རི་མ་ལ་ཡའི་རྩེ་མོར་གསང་སྔགས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱིན་རླབས་ལས་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་བྱུང་བ་ཡིིན་ལ། དེ་ལྟར་རྨིས་པའི་གནས་ནི། མདོ་དགོངས་འདུས་ཀྱི་ལེའུ་ལྔ་པ་ལས། མི་ཡི་གནས་ཀྱི་འཇིག་རྟེན་ཁམས། །གླིང་བཞི་ས་ལས་འཛམ་གླིང་གི། །དྲག་ཤུལ་ཅན་ཞེས་བྱ་བའི་རི། །གནོད་སྦྱིན་འདུ་བའི་ས་ཡིན་ཏེ། །ཆོས་འཛིན་རིགས་ཀྱི་བསྒྲུབ་གནས་སུ། །ཞེས་གསུངས་པས་མིའི་གནས་འཛམ་བུའི་གླིང་ན་ཡོད་པར་གསུངས་ཤིང་། དེའི་བྱེ་བྲག་ཟ་ཧོར་དང་ཉེ་བའི་ས་ན་ཡོད་པར་གསུངས་ཏེ། མདོ་འགྲེལ་བདེ་མཆོག་རྡོ་རྗེས་མཛད་པ་ལས། ཟ་ཧོར་ཡུལ་གྱི་ཉེ་འཁོར་ན། །མཐུ་སྟོབས་ཞབས་བཅགས་མ་ལ་ཡ། །གནམ་ལྕགས་འབར་བའི་རྩེ་དག་ལ། །ཞེས་དང་། ཟ་ཧོར་གྱི་བྱེ་བྲག་ལང་ཀའི་ཡུལ་ན་ཡོད་པར་བཤད་དོ། །མདོའི་ལེའུ་ཉེར་གཉིས་པ་ལས། ལང་ཀའི་ཡུལ་གྱི་གྲོང་བདལ། མཚོ་ཀོ་ཁ་ཐང་དམར་གྱི་གླིང་། བྱན་ལག་ལྗོངས་ཀྱི་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ཞེས་བྱ་བ་ན་གསུངས་པའི་ཕྱིར། དེ་ལྟར་དྲག་ཤུལ་ཅན་གྱི་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེ་ཞེས་བྱ་བའི་རི་དེ་ཡང་དབྱིབས་ཟླུམ་ཞིང་དཔངས་མཐོ་བ། ལྷུན་སྡུག་པ། མཐའ་སྐོར་དང་ཆུ་ཞེང་དཔག་ཚད་མང་པོ་དང་ལྡན་པ། རྩེ་མོར་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་། འདབ་ན་གཅན་ཟན་གྱི་རྒྱལ་པོ་སྟག་གནས་པ། ལོགས་ལ་བྲག་སེང་གེ་དཀར་པོ་ཁྱི་ཚུགས་སུ་བྱས་པ་འདྲ་བ་ཡོད་པ། ཙན་དན་གྱི་ནགས་ཚལ་སྤྲིན་ལྟར་འཁྲིགས་ཤིང་བདུད་རྩིའི་ཆུ་རྒྱུན་མང་པོ་འབབ་པ། རྩ་བ་དང་། སྡོང་བུ་དང་། ཡལ་ག་དང་། ལོ་འབྲས་གཡུར་ཟ་བའི་ཤིང་གི་ཡལ་ག་ཕྱོགས་བཞིར་གྱེས་པ་དུས་བཞིའི་དགྲ་ལས་སྐྱོབ་པ་ལྟར་དུ་ཡོད་པ། ཤིང་དེའི་མེ་ཏོག་འབྲས་བུ་སྨན་དུ་གྱུར་པ་ཟོས་པས་ནད་སྣ་ཚོགས་སེལ་བ། རྩ་བ་ན་བདུད་རྩུའི་ཆུ་མིག་རང་བརྡོལ་དུ་ཡོད་པ། མདུན་དུ་མེ་ཏོག་གི་སྣམས་བུ་ཡོད་པ། རྩེ་མོར་བྱ་ཀ་ལན་ཏ་ཀའི་ཚང་བཅས་ནས་ཆོས་ཐམས་ཅད་ཐིག་ལེ་ཉག་གཅིག་ཏུ་སྒྲོག་པ་ཡོད་པ། རི་དེའི་ཤར་ཕྱོགས་སམ་ཤར་ལྷོར་ཏྲིང་ཤར་ཨ་སུ་རའི་བྲག་ཕུག་ཅེས་བྱ་བ། ཕུག་རིན་པོ་ཆེ་སྣ་བདུན་ཟུར་བརྒྱད་ཡོད་པ་ལ་ཉི་ཟླའི་རི་མོ་རང་བྱུང་བ། སྒོ་རིན་པོ་ཆེ་ཟླ་གམ་དུ་ཡོད་པ། ལོགས་ལ་ངོ་མཚར་གྱི་རི་མོ་རང་བྱུང་བ། མཁར་ཡང་ཐོག་རིམ་པ་གསུམ་དང་ལྡན་པ། སྐལ་བ་དང་ལྡན་པ་རྣམས་ཀྱིས་བགྲོད་པར་སླ་ཞིང་། སྐལ་མེད་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་སྟེ། གོང་གི་མདོ་འགྲེལ་ལས། རྩེ་ན་རྩལ་གྱི་རྒྱལ་པོ་གནས། །ངོས་ལ་བྲག་དཀར་ཁྱི་ཚུགས་པ། །སེང་གེ་གནམ་དུ་འཕྱོང་འདྲས་བརྒྱན། །རྩི་སྨན་རྩ་བརྒྱད་ཚང་བར་འཁྲུངས། །འདུ་བའི་ནད་ཀྱིས་ཡོང་མི་ཚུགས། །སྤྱི་བོར་ཀ་ལན་ཏ་ཀ་ནི། །མི་གཉིས་གཅིག་པུར་གནས་པའི་སྒྲ། །མཛོད་ལྡན་དེ་ཡི་ཚང་བཅས་ཤིང་། །སྐལ་ལྡན་རྣམས་ཀྱིས་བགྲོད་པར་སླ། །སྐལ་མེད་རྣམས་ཀྱིས་ཡོང་མི་ཐར། །ཞེས་དང་། གནས་དེ་ནི་དུས་བཞིའི་རྒྱལ་བ་རྣམས་ཀྱིས་གསང་སྔགས་བསྟན་པའི་གནས། བསྐལ་པ་འཇིག་པའི་ཚེ་ན་ཡང་མི་འགྱུར་བ་རྡོ་རྗེའི་གནས་སུ་བཤད་པ་ཡིན་ཏེ། མདོ་དགོངས་འདུས་ལེའུ་བཞི་པ་ལས། དྲག་ཤུལ་ཅན་ཞེས་བྱ་བའི་རི། །དགོན་པ་ཆེན་པོའི་གནས་དེ་ནི། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །ཐེག་ཆེན་གསང་བ་འབྱུང་བའི་གནས། །ཐོག་མ་ཐ་མའི་དུས་མེད་པར། །དམ་པ་རྣམས་ཀྱི་བསྔགས་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་གནས་དེ་ན། ཟ་ཧོར་གྱི་ཡུལ་ཨ་པར་ཏ་མུའི་རྒྱལ་པོ་ཨུ་ཏ་ཛྙཱ་ན་ཞེས་བྱ་བའི་སྲས་རྒྱལ་པོ་ཆེན་པོ་གསང་སྔགས་ཟབ་མོའི་རིགས་སུ་གྱུར་པ་སྐལ་བ་དང་ལྡན་ཅིང་གླེགས་བམ་མངོན་དུ་སྣང་ནུས་པའི་འགུགས་པའི་སྒྲ་ཛཿཞེས་བྱ་བའི་མཚན་ཅན་ཏེ། ཨ་སུ་ར་གསང་བའི་བྲག་ཕུག་དེའི་བར་ཁང་ན་གསང་སྔགས་ཕྱི་རྒྱུད་ལ་སྒྲུབ་པ་མཛད་ཅིང་བཞུགས་པ་ལ། དུས་ཆོ་འཕྲུལ་ཆེན་པོ་ཉའི་ནུབ་མོ་རྨི་ལྟས་བདུན་རྨིས་པའམ་ཡང་ན་ཞག་བདུན་དུ་རྨིས་པ་ཡང་བཤད་མོད། རྗེ་སྒྲོལ་ཕུག་པ་ཆེན་པོ་སོགས་ཞག་གཅིག་ལ་རྨིས་པར་བཞེད་དེ། མདང་སུམ་བདག་ལ་རྨི་ལམ་འདི་ལྟར་རྨིས། །ཞེས་གསུངས་པའི་ཕྱིར་གསུངས་ཤིང་། སྨན་ལུང་པ་མི་བསྐྱོད་རྡོ་རྗེ་ཡང་དེ་ལྟར་བཞེད་པས། དེ་ལྟར་རྨི་ལྟས་བདུན་ནི། འགྲེལ་པ་ཡེ་ཤེས་སྣང་བ་རྒྱན་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །ཆོས་ཀྱི་བགྲོ་བ་བྱས་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །ཀུན་གྱིས་དམ་པ་སྔགས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །རི་ཆེན་ཆར་དུ་བབས་པ་དང་། །སངས་རྒྱས་ས་ལ་ལུང་བསྟན་པའོ། །ཞེས་དང་། དགོངས་འདུས་ཀྱི་འགྲེལ་པ་ལུང་བསྟན་རྡོ་རྗེ་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །ཆོས་ཀྱི་བགྲོ་བ་མཛད་པ་དང་། །ཆོས་སྒྲ་ཆེན་པོ་སྒྲོགས་པ་དང་། །བདུད་རྩི་ཆར་དུ་བབས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །པུ་ཙ་རྒྱ་ཆེན་བྱས་པ་དང་། །ཞེས་གསུངས་པ་དང་། མདོ་དབང་གི་བསྐུར་ཚིག་ལས། རྒྱལ་བས་ལུང་བསྟན་སྐལ་ལྡན་རྒྱལ་པོ་ལ། །གསང་མཛོད་གཏེར་འཛིན་སྐུ་གསུང་ཐིམ་རྟགས་དང་། །ཆོས་ཀྱི་བགྲོ་མཛད་རིན་ཅེན་ཆར་འབབ་དང་། །ཀུན་གྱི་བསྔགས་ཤེས་གླེགས་བམ་བབས་པ་དང་། །མཆོད་ཅིང་སངས་རྒྱས་ས་ལ་ལུང་བསྟན་ཅིང་། །ཞེས་གསུངས་པ་རྣམས་ཁོག་གཅིག་པས། དེ་དག་རིམ་བཞིན་འཆད་པར་བྱེད་པ་ལ། རྨིས་ལྟས་དང་པོ་ནི་རི་བོ་མ་ལ་ཡའི་རྩེ་མོའི་ཕོ་བྲང་དུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མདུན་གྱི་ནམ་མཁའ་ལ་བྱོན་ཏེ། སྐུའི་གནས་ནས་འོད་ཟེར་སྔོན་པོ་འཕྲོས་ཏེ་གདུལ་བྱའི་རྟོག་སྒྲིབ་སྦྱངས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས་ནས་མི་སྣང་བར་བྱས། གསུང་བསྟན་པ་དང་ཐེག་པའི་སྒྲ་འབྲུག་སྟོང་ལྡིར་བ་བཞིན་བསྒྲགས་པས་གདུལ་བྱ་རྣམས་ཀྱིས་གོ་བར་མཛད། ཐུགས་ཀ་ན་རྡོ་རྗེ་འོད་འབར་བ་ཞིག་བྱུང་སྟེ་རྒྱལ་པོའི་ཐུགས་ཀར་ཐིམ། སྦྱི་བོའི་གཙུག་ནས་ཉི་མ་འོད་འབར་བ་བྱུང་སྟེ་རྒྱལ་པོའི་སྤྱི་གཙུག་ཏུ་ཐིམ། ཞབས་མཐིལ་ནས་ཟླ་བ་ཤར་ཏེ་རྒྱལ་པོའི་ཞབས་མཐིལ་དུ་ཐིམ། སྣང་སྲིད་ཀྱི་ཆོས་ཐམས་ཅད་རྒྱལ་པོའི་ལྟོ་བ་ནས་འཕྱོ་བ་རྨིས་སོ། །གཉིས་པ་ནི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཉི་ཟླ་པདྨ་སེང་ཁྲིར་བཞུགས་ནས་ཆོས་ཀྱི་བགྲོ་བ་མཛད་ཅིང་། གསེར་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕྱག་ཏུ་བསྣམས་ནས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བས་སྲིད་གསུམ་ཁ་ལོ་གྱེན་དུ་བསྒྱུར་བ་རྨིས་སོ། །གསུམ་པ་ནི། ནམ་མཁའི་ཁམས་ལས་སྤྲིན་གསེར་གྱི་མདོག་ཅན་འཁྲིགས་ཤིང་། ཆོ་འཕྲུལ་གྱི་འབྲུག་སྐད་དམ་པ་ཆོས་ཀྱི་སྒྲར་གོ་སླ་ཞིང་སྙན་པར་སྒྲོག །དྲིན་ཆེན་སྣ་ཚོགས་ཀྱི་ན་བུན་འཐིབས། བཻ་ཌཱུརྱའི་འོད་འབྱུང་ཞིང་སྣང་སྲིད་གསལ་བའི་གློག་འགྱུ། རིན་པོ་ཆེའི་ཆར་ཆེན་པོ་འབབ་པ་རྨིས་སོ། །བཞི་པ་ནི། འཇིག་རྟེན་གྱི་ཁམས་རཏྣ་འབར་བའི་སྒྲོན་མེས་མུན་པ་སེལ་ཞིང་། ནམ་མཁའ་ལས་སྤྲིན་གྱི་གསེབ་ནས་བདུད་རྩི་སྨན་གྱི་ཆུ་རྒྱུན་བབས་པས་ས་ཕྱོགས་ཐམས་ཅད་ཆག་ཆག་གདབ། འགྲོ་བའི་ཟུག་རྔུ་དང་གཅོང་སྙིང་སྦྱངས། ཀུན་ཀྱང་རྡོ་རྗེ་རྣལ་འབྱོར་ཞེས་བྱ་བ་གསང་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པ་རྨིས་སོ། །ལྔ་པ་ནི། ནམ་མཁའི་དབྱིངས་ཀྱི་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ལས་རིན་པོ་ཆེའི་སྒྲོམ་བུ་དཔལ་བེའུའི་དབྱིངས་ཕྱི་ནང་མེད་པར་གསལ་བའི་ནང་ན་གསེར་ཀྱི་གཞི་ལ་བཻ་ཌཱུརྱའི་ཞུན་མས་རྒྱ་རང་ནན་དུ་བྲིས་པའི་གླེགས་བམ་གྱི་ཆར་མང་པོ་སྐར་མདའ་ལྷུང་བ་བཞིན་བབ་པ་རྨིས་སོ། །དྲུག་པ་ནི། གླེགས་བམ་དེ་དག་ལ་སངས་རྒྱས་བྱང་སེམས་རིག་འཛིན་ལྷ་དང་བཅས་པ་གྲངས་མེད་པས། ལ་ལ་ནི་མཆོད་པ་འབུལ། དེ་བཞིན་དུ་བསྐོར་བ་དང་བསྟོད་པ་ཁ་དོན་བྱེད་པ་ལ་སོགས་པའི་ཡོན་ཏན་བརྗོད་པའི་སྒྲ་སྒྲོགས་པ་རྨིས་སོ། །བདུན་པ་ནི། ནམ་མཁའི་སྤྲིན་གསེབ་ནས་གཟུགས་སུ་མ་གྲུབ་པའི་ལུང་སྟོན་པའི་སྒྲ་འདི་ལྟར་བྱུང་སྟེ། ལས་དང་སྐལ་བར་རབ་ལྡན་ཞིང་། །རྒྱལ་བས་འབྱུང་བར་ལུང་བསྟན་པའི། །བསོད་ནམས་ཆེན་པོའི་དྲྭ་མ་ཁྱོད། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །ད་ལྟར་དུས་འདིར་མངོན་ཤར་གྱི། །འཁོར་བ་སྙིང་པོར་བྱ་བའི་ཕྱིར། །ང་ཡི་ཆོ་འཕྲུལ་བྱིན་རླབས་ཀྱིས། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་བསྟན་པར་བྱ། །ཞེས་དང་། གཞན་ཡང་། མ་ལ་ཡ་ཞེས་བྱ་བའི་རི། །དགོན་པ་ཆེན་པོའི་གནས་འདི་ནི། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱི། །གསང་བར་བྱ་བ་དམ་པ་ཞིག །ཡོད་ཀྱིས་དེ་ལ་ནན་ཏན་གྱིས། །དེ་ལ་སེམས་ཀྱི་མེ་ལོང་ལྟོས། །ཇི་བཞིན་རྣམ་པར་རྟོག་མ་ཐག །སངས་རྒྱས་ས་དང་སྐལ་བར་མཉམ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །འོད་ཀྱི་རྒྱལ་པོ་ཞེས་བྱ་བ། །རཏྣའི་རིགས་ཏེ་བདེ་བ་འགྲུབ། །རྡོ་རྗེ་གསང་ཆེན་གསང་བ་ཡིན། །དམ་པའི་མཛོད་གསུམ་གླེགས་བམ་དུ། །རྫོགས་པར་བྲིས་ལ་ཁྱོད་ལྟོས་ལ། །ལྷ་དང་མི་ཡི་རིག་འཛིན་ལ། །རིམ་པར་བརྒྱུད་དེ་གྲགས་པར་གྱིས། །ཞེས་སོགས་སྒྲོགས་པར་རྨིས་སོ། །རྨིས་ལྟས་ཤར་ཚུལ་འདི་ལ་ཡིག་རྙིང་རྣམས་མི་འདྲ་ཙམ་དང་། བདུན་པའི་ཚིག་བཅད་འདི་ཡང་འདྲ་མིན་སྣ་ཚོགས་སུ་སྣང་ཡང་། ཡིག་རྙིང་རྣམས་གུང་བསྒྲིགས་ཤིང་ཁྱད་པར་སྨན་ཊཱིཀ་ཏུ་རྒྱལ་པོ་ཛཿཉིད་ཀྱི་གསུང་ཚིགས་སུ་བཅད་པའི་དོན་ལྟར་མཛད་འདུག་པ་ཁུང་ཆེ་བར་འདུག་པས་འདིར་ཡང་དེ་ལྟར་བྲིས་སོ། །དེ་ནས་རྒྱལ་པོ་མནལ་སད་པའི་ཚེ་ཤིན་ཏུ་དགྱེས་ནས་མནལ་ལམ་གྱི་དོན་འཁོར་རྣམས་ལ་ཚིགས་སུ་བཅད་པའི་སྒོ་ནས་འདི་ལྟར་གསུངས་སོ། །མདང་སུམ་བདག་ལ་རྨི་ལམ་འདི་ལྟར་རྨིས། །རི་བོ་མ་ལ་གནམ་ལྕགས་ཡོད་རྩེ་ལ། །ཕྱག་ན་རྡོ་རྗེའི་ཕོ་བྲང་གནས་བཞུགས་ཏེ། །སྐུ་ལས་འོད་འཕྲོས་སྣང་སྲིད་བྱི་དོར་བྱས། །གསུང་གི་སྒྲ་ཡིས་སྣང་སྲིད་གཡོ་ཞིང་འགུལ། །ཐུགས་ལས་འོད་འཕྲོས་བདག་གི་སྙིང་ཀར་ཐིམ། །ཉི་ཟླ་སྤྱི་བོར་རྐང་པའི་མཐིལ་དུ་ནུབ། །བདག་གི་ལྟོ་ན་སྣང་སྲིད་འཕྱོ་བ་རྨིས། །དང་པོ་འདི་ནི་བག་ཆགས་སྦྱངས་བའི་ལྟས། །དེ་ནས་བདག་དང་སངས་རྒྱས་མང་པོ་རྣམས། །རྨད་བྱུང་གསང་བའི་དོན་ལ་བགྲོ་བ་མཛད། །ཉི་ཟླ་པདྨ་སེང་གེའི་ཁྲི་སྟེང་ནས། །ཆོས་ཀྱི་འཁོར་ལོ་འགྲོ་ལ་བསྐོར་བ་རྨིས། །གཉིས་པ་ཡིན་ཏེ་ཆོས་ལ་དབང་ཐོབ་ལྟས། །དེ་ནས་མཁའ་ལ་རིན་ཅེན་སྤྲིན་འཁྲིགས་ཏེ། །སྙན་པའི་འབྲུག་སྒྲ་གསལ་བའི་གློག་འགྱུས་ནས། །རིན་ཆེན་ཆོས་ཀྱི་ཆར་ཆེན་བབ་པ་རྨིས། །གསུམ་པ་ཡིན་ཏེ་འདི་ནི་དགེ་བའི་ལྟས། །འགྲོ་ལ་ཐུགས་རྗེས་ཆོས་ཀྱི་ཆར་འབེབས་རྟགས། །དེ་ནས་འཇིག་རྟེན་རིན་ཆེན་གང་བྱས་ཏེ། །ནོར་བུ་འོད་འབར་འགྲོ་བའི་མུན་བསལ་ནས། །བདུད་རྩི་སྨན་གྱི་ཆུ་རྒྱུན་བབ་པ་ཡིས། །འགྲོ་བའི་ནད་རྙིང་རྟག་ཏུ་སྦྱངས་བྱས་ཤིང་། །འགྲོ་ཀུན་རྣལ་འབྱོར་ཞེས་བྱར་གྲགས་པར་བྱས། །འགྲོ་ཀུན་རྡོ་རྗེའི་གྲལ་དུ་བཞག་པའི་རྟགས། །ཉི་མ་དཀྱིལ་འཁོར་འོད་ཟེར་འབར་ནང་ནས། །དཔལ་བེའུ་སྒྲོམ་བུའི་ནང་ནས་གླེགས་བམ་ནི། །གསེར་ལ་བཻ་ཌཱུརྱའི་ལེགས་བྲིས་པ། །མངོན་སུམ་སྣང་བར་རྨིས་ཏེ་ལྔ་པ་ཡིན། །ཆོས་ཀྱི་རྒྱལ་པོར་དབང་ནི་བསྐུར་བའི་རྟགས། །དྲུག་པའི་རྨི་ལམ་གླེགས་བམ་དེ་དག་ལ། །སངས་རྒྱས་བྱང་སེམས་རིག་འཛིན་མང་པོའི་ཚོགས། །ཡོན་ཏན་སྒྲ་སྒྲོགས་མཆོད་བསྟོད་བསྐོར་བྱེད་རྨིས། །རྨད་བྱུང་ཆེན་པོ་སྟོན་པའི་སྔ་ལྟས་ཡིན། །ཐ་མ་ནམ་མཁའི་དབྱིངས་ཀྱི་སྤྲིན་གསེབ་ནས། །ཆོ་འཕྲུལ་རང་སྒྲས་བདག་ལུང་སྟོན་པའི་ཚིག །རིམ་གྱིས་གསང་བ་དམ་པར་སྒྲ་སྒྲོགས་རྨིས། །གསང་བ་དམ་པ་རྒྱ་ཆེར་སྒྲོག་པའི་རྟགས། །ཞེས་གསུངས་ཏེ། ལྟས་འདི་དག་དང་སྦྱར་ན་བདག་སྐལ་བ་དང་ལྡན་པར་ངེས་སོ། །ཞེས་གསུངས་པས། འཁོར་རྣམས་ཀྱིས་ཀྱང་དེ་ལེགས་སོ། །ཨ་ཧོ་ཞེས་ངོ་མཚར་དུ་གསོལ་ཏེ། དེ་ལྟ་བུའི་རྨིས་ལྟས་བདུན་པོ་འདི་རྣམས་རྒྱལ་པོ་ཛཿརང་གི་གསུང་འདི་ག་བཙན་པར་སྣང་བས་ལོ་རྒྱུས་སྔ་མ་འགའ་ཞིག་ལ་སྣང་ལ་མ་ངེས་ཀྱི་འཁྲུལ་པ་ཡོད་པར་སེམས་སོ། །དེ་ནས་རྒྱལ་པོ་འཁོར་བཅས་སྐུ་མཁར་གྱི་ཡང་ཐོག་རི་མ་ལ་ཡའི་རྩེར་བྱོན་པས། རིན་པོ་ཆེ་སྨུག་པོ་ལས་གྲུབ་པའི་གསང་བདག་ཕྱག་ན་རྡོ་རྗེའི་སྐུ་ཞིག་འདུག་པ་དང་མཇལ་བས་ཐུགས་དགྱེས་ཏེ། ཕྱག་དང་བསྐོར་བ་མཆོད་པ་ཆེན་པོ་མཛད། ཞབས་སྤྱི་བོའི་གཙུག་ཏུ་བླངས་ཏེ་ཚིགས་སུ་བཅད་པ་བརྗོད་ཚུལ་ལ་མི་འདྲ་བ་འགའ་ཞིག་འདུག་ཀྱང་། འདིར་སྨན་ཊཱིཀ་གི་རྗེས་སུ་འབྲངས་ན། །བསྐལ་པ་གོང་ནས་བསྒྲུབས་པ་ཡི། །ལས་ཀྱི་མཇལ་བའི་ལྷ་མཆོག་ཁྱོད། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ་། །ཨེ་མ་ངོ་མཚར་མཆོག་གི་སྐུ། །འདྲེན་པའི་དཔལ་དང་མཆོག་ལགས་གྲགས། །མོས་པའི་ཡིད་ཀྱི་ལྷ་མཆོག་འཛིན། །ཞེས་གསུངས་ཏེ། ཡི་དམ་གྱི་ལྷར་བཟུང་ནས་ཟླ་བ་བདུན་དུ་བསྒྲུབ་པ་མཛད་དོ། །སྒྲུབ་པ་དེ་ཡང་སྒྲུབ་ཐབས་ཀྱི་གང་གི་རྗེས་སུ་འབྲངས་ཏེ་བསྒྲུབས་པར་མི་གསལ་ཡང་། སྐུ་དེ་ཉིད་ལ་མཆོད་པ་འབུལ་ཞིང་གསོལ་བ་བཏབས་པ་ཡིན་པར་སྨན་ཊཱིཀ་ཏུ་གསུངས་པ་འཐད་པར་སེམས། དེ་ལྟར་བསྒྲུབས་པས་མནལ་ལྟས་བཞིན་གླེགས་བམ་རྣམས་མངོན་སུམ་དུ་བབ་པར་གྱུར་ཏོ། །དེ་ནས་ངེས་དོན་དུ་རྒྱལ་པོས་གླེགས་བམ་དེ་རྣམས་ལ་བརྟགས་ན་རྟོགས་པ་འདུག་ཀྱང་། དྲང་དོན་གདུལ་བྱ་གཟུ་ལུམས་ཅན་དང་རས་ཆོད་ཅན་དག་དགག་པའི་ཕྱིར་གླེགས་བམ་དེ་རྣམས་ལ་བརྟགས་པས་ཚིག་འབྲུ་གཅིག་ཀྱང་བརྡ་མ་མཇལ་བའི་ཚུལ་མཛད་ནས། འཇིག་རྟེན་གྱི་ཁམས་ན་མཁྱེན་པ་སུ་ཆེ་དྲིས་པས། ཟ་ཧོར་གྱི་ཡུལ་ན་རྒྱལ་པོ་ཨུ་པ་རཱ་ཛ་མཁྱེན་རྒྱ་ཆེའོ་ཟེར་ཏེ། རྐང་མགྱོགས་པ་བརྫངས་ཏེ་བདག་ལ་ལྟས་མང་པོ་དག་སྣང་ཞིང་གླེགས་བམ་གྱི་ཆར་བབ་པར་གྱུར་པས་འདི་དག་གཟིགས་སུ་ཤོག་ཅིག་ཅེས་བཏང་བས། དེས་སྨྲས་པ། གླེགས་བམ་དེ་དག་ཤཱཀྱའི་བསྟན་པ་ཡིན་ན་ཁོ་བོས་རྟོགས་པ་ཡང་སྲིད་ཀྱིས། ལྷ་ཀླུ་ལ་སོགས་གཞན་གྱིས་བསྟན་པ་ཡིན་ན་མི་རྟོགས་པ་ཡང་སྲིད་པས་འདིར་སྤྱན་དྲོངས་ཤིག་གསུངས་པས། རྒྱལ་པོས་གླེགས་བམ་རྣམས་སྟག་སྒྲོ་དང་གཟིགས་སྒྲོར་བཅུག་ཨ་ཀ་རུ་དང་དུ་རུ་ཀ་སོགས་སྤོས་སྣ་ཚོགས་དང་། གདུགས་དང་རྒྱལ་མཚན་ལ་སོགས་པ་མཆོད་པ་སྣ་ཚོགས་དང་བཅས་ཏེ་རྒྱལ་པོ་ཨུ་པ་རཱ་ཛའི་གནས་སུ་སྤྱན་དྲངས་པ་ལ། ཁོང་གིས་བརྟགས་པས་ཚིག་གཅིག་ཀྱང་བརྡ་མ་མཇལ་ཏེ་ཚུར་བསྲིངས་ནས་འདི་སྐད་ཅེས་སྤྲིངས་སོ། །འདི་དག་ནི་བདག་གི་སྤྱོད་ཡུལ་དུ་མ་གྱུར་གྱི། སྔར་གྱི་ཚུལ་དང་རྟགས་དེ་དག་དང་སྦྱར་ན་རྒྱལ་པོ་ཉིད་ཀྱི་ཐུགས་དགོངས་ཀྱིས་དཔག་འཚལ་ལོ། །ཞེས་སོ། །སྐབས་འདིར་ཨ་ནུ་ཡོ་ག་མདོའི་དབང་དུ་བྱས་ན་རྒྱལ་པོ་ཉིད་ཀྱིས་རྟོགས་པར་བཞེད་དེ། རྒྱལ་པོ་རང་གིས་མཛད་པའི་སྤྱི་གཅོད་ལས། དེ་ཚེ་ཨིནྟྲ་བུདྡྷི་ངས། །ཐུགས་ཀྱི་སྒྲུབ་པ་མངོན་རྟོགས་ཏེ། །དེ་ཉིད་སྒོ་ནས་དེ་ཉིད་བསྒྲུབས། །སྨོན་པའི་ལྷ་དང་དེ་རུ་མཇལ། །འདོད་པའི་བསམ་པ་དེ་རུ་འགྲུབ། །དོན་དམ་བཅུད་ཀྱང་དེ་ནས་རྒྱས། །ཞེས་གསུངས་པའི་ཕྱིར། ཚིགས་བཅད་དང་མཐུན་པར་ལོ་རྒྱུས་ཀྱང་འདི་ལྟར་འབྱུང་སྟེ། རྒྱལ་པོ་ཐུགས་དགོངས་ལ་གླེགས་བམ་འདི་དག་ཀུན་གྱི་ཐུན་མོང་མ་ཡིན་པ་ཤིན་ཏུ་ཟབ་པ་གསང་བའི་དོན་ཞིག་ཡིན་པར་དགོངས་ནས། སངས་རྒྱས་ཀྱི་ཆོས་སྔར་ཐོས་པ་རྣམས་ལས་ཇི་ལྟར་བྱུང་བ་བཞིན་བསག་སྦྱངས་རྒྱ་ཆེར་མཛད་དེ་བརྟགས་པས། སྒྱུ་འཕྲུལ་དྲ་བ་རྡོ་རྗེ་སེམས་དཔའི་ཞལ་མཐོང་གི་ལེའུ་རྟོགས་ཏེ། དེ་ལྟར་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མངོན་སུམ་དུ་མཐོང་སྟེ། རིགས་ཀྱི་བུ་དངོས་གྲུབ་ཅི་འདོད་གསུངས་པ་ལ། གླེགས་བམ་འདི་རྣམས་ཀྱི་དོན་རྟོགས་པ་འཚལ་ལོ། །ཞེས་ཞུས་པས། རང་གི་ཕུང་པོ་སྦྱོངས་དང་། ཁྱོད་ཀྱི་སྟོན་པ་གསང་བའི་བདག་པོ་ཞེས་བྱ་བ་ཞིག་གིས་དོན་མ་ལུས་པར་སྟོན་པར་འགྱུར་རོ། །ཞེས་གསུངས་ནས་མི་སྣང་བར་གྱུར་པ་ལས་ཡིད་རབ་ཏུ་དགའ་སྟེ་བསྒྲུབས་པས། ནམ་ཞིག་ན་ས་གཡོས་ཏེ་ཕྱག་ན་རྡོ་རྗེའི་ཞལ་མངོན་སུམ་དུ་མཐོང་ངོ་། །དེའི་ཚེ་ཕྱག་ན་རྡོ་རྗེས་རྡོ་རྗེ་ནམ་མཁའ་ལ་སྤར་ཏེ། ཧཱུྃ་ཧཱུྃ་ཞེས་བརྗོད་ནས་བརྟུལ་ཞུགས་མཛད་དེ་འཁོར་བསྡུས་ཏེ་སྒྲིབ་པ་སྦྱངས་སྣོད་དུ་རུང་བར་བྱས་ནས་རྒྱལ་པོ་ཛཿལ་ཏནྟྲ་བཅོ་བརྒྱད་དུ་ཕྱེ་སྟེ་བཀའ་སྩལ་ཏོ། །ཞེས་འབྱུང་ངོ་། །མ་ཧཱ་ཡོ་ག་སྒྱུ་འཕྲུལ་པ་ལྟར་ན། ཨུ་པ་རཱ་ཛས་ཕྱིར་བསྐུལ་རྗེས་སླར་ཡང་རྒྱལ་པོ་རང་གིས་བརྟགས་ན་རྟོགས་པར་འདུག་ཀྱང་། མ་རྟོགས་པ་ལྟར་མཛད་དེ་འཇིག་རྟེན་ན་སུ་མཁས་དྲིས་པས། ཡབ་རཱ་ཛ་ལ་ག་ཐུང་དང་ཡུམ་ལྭ་བའི་སྐྲ་ཅན་གྱི་སྲས་རིན་ཆེན་མང་གི་སྤྲུལ་པ་དགེ་སློང་ཀུ་ཀུ་རཱ་ཛ་ཞེས་བྱ་བ་ཚེ་དབང་རིག་འཛིན་གྲུབ་པ་ཞིག་བཞུགས་པ་མཁས་ཟེར་ཏེ་སྤྱན་དྲངས་པས་མ་བྱོན་པར་སྔར་ལྟར་གྱིས་གསུངས་པ་ལྟར། གླེགས་བམ་རྣམས་བཀུར་སྟི་ཆེན་པོས་སྔར་བཞིན་སྤྱན་དྲངས་པ་དགེ་སློང་ཀུ་ཀུ་རཱ་ཛས་བརྟགས་པས། སྒྱུ་འཕྲུལ་དྲ་བ་ལེའུ་སྟོང་ཕྲག་བརྒྱ་པའི་རྒྱུད་བྱ་བ་དེའི་ནང་ནས་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབས་པའི་ལེའུའམ་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་རྟོགས་ཏེ། ཟླ་བ་བདུན་དུ་རྣམ་དག་མཆོད་རྟེན་གྱི་དྲུང་དུ་བསྒྲུབས་པས། ཏིང་ངེ་འཛིན་གྱི་ངོར་རྡོ་རྗེ་སེམས་དཔའ་འབྱོན་ཏེ། རིགས་ཀྱི་བུ་སིདྡྷི་ཅི་འདོད་གསུངས་པས། བསྟན་པ་དང་ཐེག་པ་མཐའ་དག་རྟོགས་པའི་དངོས་གྲུབ་ཞུ་ཞེས་ཞུས་པས། ཕྱག་ན་རྡོ་རྗེ་ལུང་སྟོན་པར་འགྱུར་གྱི་གསུངས་ཏེ་མི་སྣང་བར་གཤེགས། ཡང་ཟླ་བ་བདུན་བསྒྲུབས་པས་ཕྱག་ན་རྡོ་རྗེ་མངོན་སུམ་བྱོན་ནས་རྡོ་རྗེ་ལན་གསུམ་སྤར་ཏེ། སྤངས་ལེན་བརྟུལ་ཞུགས་སྤྱོད་པའི་དབང་དེ་དག །བསྐུར་ནས་སྡིག་པ་མེད། ཅེས་གསུངས་ནས། རྩོལ་བ་དང་བཅས་པ་མཚན་ཉིད་ཀྱི་ཐེག་པ་སྤངས་ནས། རྩོལ་བ་མེད་པ་གསང་སྔགས་ཀྱི་ཐེག་པ་ཉམས་སུ་ལེན་པ་ཁྱོད་ལ་དོན་གྱིས་བསྟན་པ་དང་ཐེག་པ་ཐམས་ཅད་རྫོགས་པར་དབང་བསྐུར་རོ། །ཚིག་གི་བསྟན་པ་དེ་དག་དགེ་བསྙེན་ལི་ཙ་བྱི་དྲི་མ་མེད་པ་ལ་ཞུས་ཤིག་ཅེས་ལུང་གནང་ངོ་། །ཀུ་ཀུ་རཱ་ཛས་གསང་བདག་གི་བཀའ་བཞིན་སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བརྒྱ་པའི་རྒྱུད་ལ་ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་ཕྱེ་ནས་རྒྱལ་པོ་ཛཿལ་གསུངས་ཤིང་། དེ་ལྟར་ཏནྟྲ་བཅོ་བརྒྱད་ནི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རེ་ལ་གསུམ་གསུམ་དང་། སྤྱི་རྒྱུད་གསུམ་ཡིན་ལ། འདྲེན་ཚུལ་མི་འདྲ་བ་ཅུང་ཟད་རེ་ཡོད་ཀྱང་འདིར་གཡུང་སོགས་ཀྱི་དགོངས་པ་ལྟར། སྐུའི་རྒྱུད་གསུམ་ནི་སངས་རྒྱས་མཉམ་སྦྱོར། གླང་ཆེན་རབ་འབོགས། གླང་ཆེན་ཆུར་ཞུགས། གསུང་གི་རྒྱུད་གསུམ་ནི་ཟླ་གསང་ཐིག་ལེ། གཅིག་ལས་འཕྲོས་པ། དུ་མ་འཕྲོས་པ། ཐུགས་ཀྱི་རྒྱུད་གསུམ་ནི་གསང་བ་འདུས་པ། རི་བོ་བརྩེགས་པ། རྩེ་གཅིག་འདུས་པ། ཡོན་ཏན་གྱི་རྒྱུད་གསུམ་ནི་དཔལ་མཆོག་དང་པོ། བདུད་རྩི་མཆོག་དང་པོ། ཡིད་བཞིན་ནོར་བུའི་རྒྱུད། འཕྲིན་ལས་ཀྱི་རྒྱུད་གསུམ་ནི་ཀརྨ་མ་ལེ། སྒྲོན་མ་འབར་བ། ཀཱི་ལ་ཡ་ཡིག་འབྲུ་བཅུ་གཉིས་ཀྱི་རྒྱུད་རྣམས། སྤྱི་རྒྱུད་གསུམ་ནི། སྤྱི་རྒྱུད་སྒྱུ་འཕྲུལ་དྲ་བའི་རྒྱུད། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པའི་རྒྱུད། རྡོ་རྗེ་ཐབས་ཀྱི་ཞགས་པའི་རྒྱུད་དང་བཅོ་བརྒྱད་པོ་ཡིན་ནོ། །ཨ་ནུའི་ལོ་རྒྱུས་དང་སྦྱར་ན་དགེ་སློང་ཀུ་ཀུ་རཱ་ཛ་གསང་མཚན་རྡོ་རྗེ་བདེ་མཆོག་རྩལ་དུ་གྲགས་ཤིང་། མངོན་ཤེས་ལྔ་དང་ལྡན་པ་དེ་ཚོམ་བུ་འབུམ་དང་བཅས་ཏེ་ཚོགས་སྒྲུབས་པས་རྡོ་རྗེ་འཆང་གི་ས་ལ་གཤེགས་པར་གསུངས་ཤིང་། ལམ་རྣམ་བཀོད་ལས། དེ་ནས་རྡོ་རྗེ་གདན་སྟེང་གི། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ཀྱིས། །ཕོ་བྲང་དམ་པ་རིན་པོ་ཆེ། །བཀྲ་ཤིས་དམ་པའི་ཁང་བུ་རུ། །ཀུ་ཀུ་རཱ་ཛ་ཨིནྟྲ་བྷོ་དྷི་དང་། །སིང་ཧ་ཨུ་པ་རཱ་ཛ་དང་། །སྲས་མོ་གོ་མ་སཱ་ལ་སོགས། །སྒྱུ་འཕྲུལ་དྲ་བའི་དབང་ཐོབ་ནས། །ཚོགས་ཀྱི་འཁོར་ལོ་མངོན་བསྒྲུབས་ཏེ། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་གསུངས་པའི་ཕྱིར་ཀུ་ཀུ་རཱ་ཛ་ནི་སློབ་དཔོན་ཉིད་ཨིནྟྲ་བྷོ་དྷི་དེ་ལ་སྔ་ཕྱི་གསུམ་དུ་བྱུང་བའི་དང་པོ་རྒྱལ་པོ་ཛཿའི་མཚན་གྱི་རྣམ་གྲངས། ཨོ་རྒྱན་རྒྱལ་པོ་སིང་ཧ་རཱ་ཛ། རྒྱལ་པོ་ཨུ་པ་རཱ་ཛ། སྲས་མོ་གོ་མ་དེ་ཝི་སོགས་ཚོགས་སྒྲུབས་པར་བསྟན་ནོ། །འདི་མན་ཆད་མ་ཧཱ་ཁོ་ན་ལྟར་བཤད་ན། དེ་ལྟར་རྒྱལ་པོ་ཛཿགསང་མཚན་རྡོ་རྗེ་ཉི་འོད་རྩལ་ལམ་དབང་ཕྱུག་འཇིགས་མེད་རྩལ་དུ་གྲགས་པ་ལ་དགེ་སློང་ཀུ་ཀུ་རཱ་ཛས་ཨ་སུ་རའི་བྲག་ཕུག་ཏུ་དབང་བསྐུར། ཡོན་དུ་རང་གི་རྒྱལ་སྲིད་དང་འདོད་པའི་ཡོན་ཏན་ལྔ་ཕུལ་ཞིང་། ཚོམ་བུ་ཁྲི་དང་བཅས་ནས་ཚོགས་བསྒྲུབས་ཏེ་རྡོ་རྗེ་འཆང་གི་ས་ལ་གཤེགས་སོ། །མདོ་དབང་ཁོ་ན་བཞིན་བཤད་པའི་དབང་དུ་བྱས་ནས། རྒྱལ་པོ་ཛཿས་རྒྱལ་པོ་ཤ་ཏྲ་པཱུ་ཏི་ལ་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་དབང་བསྐུར་ཞིང་གསུངས་ཏེ། འདིའི་མཚན་གྱི་རྣམ་གྲངས་སུ་ཡང་ཨིནྟྲ་བྷོ་དྷིར་གྲགས་ཤིང་། གསང་མཚན་ཛྙཱ་ན་དབང་ཐོབ་རྩལ་ལམ་རྡོ་རྗེ་གསལ་མཛེས་རྩལ་ཞེས་གྲགས། དབང་ཡོན་དུ་ལྷའི་ལོངས་སྤྱོད་བསམ་འཕེལ་ཕུལ། ཚོམ་བུ་ལྔ་སྟོང་དང་བཅས་ཚོགས་བསྒྲུབས་པས་ཕྱག་ཆེན་རིག་འཛིན་འགྲུབ་བོ། །དེས་ཨོ་རྒྱན་གྱི་རྒྱལ་པོ་སིང་ཧ་རཱ་ཛ་ལ་སིནྦྷུ་རྒྱ་མཚོའི་འགྲམ་དུ་དབང་བསྐུར་བའི་ཡོན་དུ་སྤོས་ཀྱི་གླང་པོ་ཆེ་ཕུལ་ཞིང་། གསང་མཚན་རྡོ་རྗེ་དྲག་པོ་རྩལ་ལམ་རྡོ་རྗེ་སྟོབས་མཆོག་རྩལ་དུ་གྲགས་པ་དེས། ཚོམ་བུ་སྟོང་དང་བཅས་ནས་ཚོགས་བསྒྲུབས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་ཨོ་རྒྱན་གྱི་རྒྱལ་པོ་ཨུ་པ་རཱ་ཛ་ལ་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་ཕུག་ཏུ་དབང་བསྐུར་བའི་ཡོན་དུ་རིན་པོ་ཆེའི་དབྱིག་ཕུལ་ཞིང་། གསང་མཚན་རྡོ་རྗེ་ཡང་དག་གྲུབ་པ་རྩལ་ལམ་བདེ་བ་མྱུ་གུ་རྩལ་དུ་གྲགས་ཤིང་། ཚོམ་བུ་ལྔ་བརྒྱ་དང་བཅས་ཏེ་ཚོགས་བསྒྲུབས་པས་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སྲས་མོ་གོ་མ་དེ་ཝི་ལ་རིན་ཆེན་གཡུ་སྡིངས་རྩལ་དུ་དབང་བསྐུར་ཞིང་ཡོན་དུ་གསེར་ཕྱེ་བྲེ་གང་ཕུལ། གསང་མཚན་རྡོ་རྗེ་ཟླ་མཛེས་རྩལ་ལམ་བདེ་བ་བཟོད་མེད་རྩལ་དུ་གྲགས་ཤིང་། ཚོམ་བུམ་ལྔ་བརྒྱ་དང་བཅས་ཏེ་ཚོགས་བསྒྲུབས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་མཻ་ཏྲི་ཀ་མཱ། ཨཱ་ཤཱི་ལར་དབུས་འགྱུར་ཚལ་དུ་དབང་བསྐུར་ཞིང་ཡོན་དུ་གསེར་གྱི་པ་ཏྲ་བརྒྱད་ཕུལ། གསང་མཚན་རྡོ་རྗེ་ཁྱུང་ཆེན་རྩལ་དུ་གྲགས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་ཨ་ཙརྱ་ཛི་ན་མི་ཏྲ་ལ་རྡོ་རྗེ་གདན་དུ་གསུངས་ཤིང་གསེར་ཕུལ་གང་ཕུལ། གསང་མཚན་རྡོ་རྗེ་ངེས་པར་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སློབ་དཔོན་རྡོ་རྗེ་བཞད་པའི་དྲི་མེད་ལ་ཨུ་ཏ་པ་ཏིའི་ཚལ་དུ་གསུངས་ཤིང་རིན་པོ་ཆེ་ཕུལ། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ་དུ་གྲགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དཔེ་སློབ་དཔོན་ཉིན་བྱེད་སེང་གེའམ་མི་འབྱེད་སེང་གེ་ལ་ག་འུ་རང་གི་ཤར་ཏ་པ་རའི་ཚལ་དུ་གསུངས་ཤིང་རིན་པོ་ཆེ་འཕུལ། གསང་མཚན་རྡོ་རྗེ་གསང་ཆེན་རྩལ་ལམ་རྡོ་རྗེ་རྩལ་ཆེན་རྩལ་དུ་གྲགས་ཤིང་ཚོམ་བུ་གསུམ་འཁོར་ལྔ་བརྒྱ་དང་བཅས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སློབ་དཔོན་བདེ་བ་གསལ་མཛད་ལ་གྲོང་ཁྱེར་དཔལ་ཡོན་དུ་གསུངས་ཤིང་མཉེས་མཆོད་འབུལ། གསང་མཚན་རྡོ་རྗེ་འགྱུར་མེད་རྩལ་དུ་གྲགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སློབ་དཔོན་ཤཱཀྱའི་བྷོ་དྷི་ལ་ཡུལ་མ་ག་རྡར་གསུངས་ཤིང་རྟ་དང་གླང་པོ་ཆེ་ཕུལ། གསང་མཚན་རྡོ་རྗེ་དངོས་གྲུབ་རྩལ་ལམ་གྲུབ་མཆོག་རྩལ་དུ་གྲགས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སློབ་དཔོན་སོ་ཀྱ་དེ་ཝ་ལ་བི་ཀ་མཱ་ལ་ཤཱི་ལར་གསུངས་ཤིང་མེ་ཏོག་ཕུལ། གསང་མཚན་རྡོ་རྗེ་དད་པ་རྩལ་དུ་གྲགས་ཚོམ་བུ་བཅུ་དང་བཅས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སློབ་དཔོན་སྒེག་པའི་རྡོ་རྗེ་ལ་དབུས་འགྱུར་ཚུལ་དུ་གསུངས་ཤིང་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཕུལ། གསང་མཚན་རྡོ་རྗེ་སྒེག་པ་རྩལ་ལམ། རྡོ་རྗེ་དྲིལ་བུ་རྩལ་ལམ། རྡོ་རྗེ་དྲག་པོ་རྩལ་དུ་གྲགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །སློབ་དཔོན་འདི་སྒྱུ་འཕྲུལ་གསང་སྙིང་གི་འབྲེལ་པ་པར་ཁབ་མཛད་པ་པོ་ཡིན་ཅིང་། སློབ་དཔོན་སངས་རྒྱས་གསང་བའི་བླ་མ་ཡིན་པར་བཤད། མཚན་གྱི་རྣམ་གྲངས་ནོར་བུ་གླིང་པ། དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་ཅན། དཔལ་སྣ་ཚོགས་པའི་གཟུགས་ཅན། སྒེག་པ་རྡོ་རྗེ་ལ་སོགས་པ་དུ་མ་དང་ལྡན་པ་འདི། གྲུབ་པའི་རྣམ་ཐར་ཆང་བུམ་ཡེ་ཤེས་སྒྱུ་མའི་ལྷར་བྱིན་གྱིས་བརླབས་ཏེ་གཞན་ལ་བསྟན་པའི་ལོ་རྒྱུས་འདི་ལྟར་འབྱུང་སྟེ། དེ་ཡང་སློབ་དཔོན་འདི་ཤཱི་ན་མནྡའི་གཙུག་ལག་ཁང་ན་ཚོགས་ཀྱི་དབུས་ན་བཞུགས་པའི་ཚེ་འདུལ་ཁྲིམས་ཤིན་ཏུ་དམ་པར་ཡོད་ཀྱང་དམ་རྫས་ཀྱི་ཕྱིར་ལྐོག་ཏུ་ཆང་ཚོང་མ་ལ་ཆང་ཉོ་ཞིང་བསྟེན་པས། སྐབས་ཤིག་ཏུ་དགེ་འདུན་རྣམས་ཀྱིས་ཚོར་ནས་འཕྱར་ཀ་བཏང་དུ་ཕྱིན་པས། སློབ་དཔོན་གྱི་ཞལ་ནས། ང་ལ་ཆང་གི་ཉེས་པས་ཆང་བུམ་ཁ་བཤིག་ནས་ལྟོས་གསུངས་པས། ཆང་བུམ་ཆོས་གོས་ཀྱིས་དྲིལ་ནས་འདུག་པ་ཁ་བཤིག་ནས་བལྟས་པས་ཞི་བ་སངས་རྒྱས་ཞེ་གཉིས་ཀྱི་དཀྱིལ་འཁོར་དུ་བཀྲ་ལམ་འདུག་པ་མཐོང་། ཡུན་རིང་དུ་བལྟས་པས་ཡེ་ཤེས་སྒྱུ་མའི་སྐུ་བརྟག་མི་བཟོད་གསུངས་ནས་ལྷ་རྣམས་ཐུགས་ཀར་བསྡུ་བར་མཛད་དོ། །དེ་ནས་གཞན་དུ་གཤེགས་ཏེ་ཆུ་བོ་གང་གཱ་ལ་མི་བྱིང་བ་སོགས་རྫུ་འཕྲུལ་དུ་མ་སྟོན་ཅིང་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པས། གསང་རྙིང་གི་འགྲེལ་པ་པར་བཀབ། སྤྱི་གཅོད། ཐུགས་ཐིག །སྒྲུབས་ཐབས་ལ་སོགས་བསྟན་བཅོས་དུ་མ་མཛད་པར་གྲགས་ཤིང་། ཁྲོ་ཕུ་ལུགས་འཇམ་དཀར་གྱི་ལོ་རྒྱུས་ལས། ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་སློབ་མ་འཚོལ་དུ་བྱོན་པས་མ་ག་རྡར་མ་ཧེ་རྫི་བོ་རྒས་འཁོགས་འཚོ་བ་དང་བྲལ་བ་ཞིག་སྣོད་ལྡན་དུ་གཟིགས་ནས་ཆོས་སྒོར་ཞུགས་ཤིག་གསུངས་པས། རྒས་ཤིང་ཡི་གེ་ཡང་མི་ཤེས་པས་ཚེ་ཕྱི་མ་རྗེས་སུ་བཟུང་བར་ཞུས་པས། སློབ་དཔོན་གྱིས་འཇམ་དཀར་གྱི་བསྒྲུབ་ཐབས་གསུངས་ཤིང་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་གསང་མཚན་སྒེག་པ་རྡོ་རྗེ་ཞེས་བཏགས་སོ། །དེ་ནཱ་ལེན་དྷར་རབ་ཏུ་བྱུང་བའི་མཚན་མངོན་པར་བྱང་ཆུབ་པའི་སྐལ་བ་ཅན་ཞེས་བཏགས། ནོར་བུའི་གླིང་དུ་སྐུ་འཁྲུངས་པས་ནོར་བུ་གླིང་པ་ཞེས་ཀྱང་གྲགས། དེ་ནས་སློབ་དཔོན་ལ་ཕྱག་བྱས་ཏེ། སློབ་དཔོན་གྱིས་བདག་རྗེས་སུ་བཟུང་བས་ཤིན་ཏུ་མཁས་པར་གྱུར་ཀྱང་། ད་བཤད་པ་བྱེད་མི་ཁོམ་སྒྲུབས་པ་བྱེད་ཞུས་པས། སློབ་དཔོན་གྱིས་ཁྱོད་རང་ལ་ཚེ་ལྷག་ལོ་བཅུ་ཡོད་པ་དང་། ང་ལ་ཡི་དམ་གྱིས་ལུང་བསྟན་ལོ་བཅུ་ཡོད་པ་ལས་གཉིས་སོང་བརྒྱད་ཡོད་ལ་སྦྱིན་གྱི། ལོ་བཅོ་བརྒྱད་ཀྱི་བར་དུ་འགྲོ་དོན་གྱིས། དེ་ནས་ཡི་དམ་ལ་གསོལ་བ་ཐོབ་དང་། ཚེ་ཉི་ཟླ་དང་མཉམ་པའང་སྲིད་གསུངས་ནས་སློབ་དཔོན་མཁའ་སྤྱོད་དུ་བཞུད་དོ། །དེ་ནས་པན་ཏྲི་ཏ་སྒེག་པའི་རྡོ་རྗེས་བཤད་སྒྲུབ་སྤེལ་མར་མཛད་ཅིང་། ནོར་བུ་གླིང་པ་ཆུང་བ་སོགས་རྗེས་སུ་བཟུང་བར་གྲགས་སོ། །དེས་ཆོས་བློན་དེ་ཝ་ལ་དབུས་འགྱུར་གྱི་ནགས་སུ་གསུངས། རྟ་དང་མ་ཧེ་ཕུལ། གསང་མཚན་རྡོ་རྗེ་ངེས་ཆེན་རྩལ་ལམ་རྡོ་རྗེ་ངེས་བྱེད་རྩལ་དུ་གྲགས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་མཁན་པོ་ཆོས་རྒྱལ་སྐྱོང་ལ་དབུས་འགྱུར་ཚལ་དུ་གསུངས་ཤིང་འདོད་པའི་ཡོན་ཏན་ཕུལ། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ་དུ་གྲགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་དབུས་འགྱུར་ཚལ་དུ་གསུངས་ཤིང་ཡོན་དུ་གསེར་སྲང་ལྔ་བཅུ་ཕུལ་ནས་དབང་ནོས་པའི་གསང་མཚན་རྡོ་རྗེ་ཡང་དབང་གཏེར་དུ་བཏགས་ཤིང་སློབ་དཔོན་འདིའི་རྣམ་ཐར་འོག་ཏུ་འཆད་དེ། ཡང་ཉེ་རྒྱུད་ལྟར་ན་སྲས་མོ་གོ་མ་དེ་ཝི་ནས་སློབ་དཔོན་སངས་རྒྱས་གསང་བ་རྡོ་རྗེ་བཅུད་མཆོག་རྫོགས་པ་རྩལ། དེས་སློབ་དཔོན་བི་མ་མི་ཏྲ་རྡོ་རྗེ་དབང་རྫོགས་རྩལ། དེས་སློབ་དཔོན་ཛྙ་ན་ཀུ་མཱ་ར་དྲི་མེད་ཟླ་ཤར་རྩལ། དེས་སློབ་དཔོན་སོག་པོ་རྡོ་རྗེ་བཞད་པ་རྩལ། དེས་སློབ་དཔོན་སངས་རྒྱས་ཡེ་ཤེས་ལ་གསུངས་ཞེས་གྲགས་སོ། །དེ་ལྟར་དགོངས་བརྒྱུད་སྐུ་གསུམ་ནི་ཡོ་ག་གསུམ་དང་། བརྡ་བརྒྱུད་རིག་རྒྱུད་མ་ཧཱ་ཨ་ནུ་ཐུན་མོང་དང་། སྙན་བརྒྱུད་མ་ཧཱ་ཡོ་ག་ལྟར་བཤད་ཟིན་ཏོ་སྒྱུ་འཕྲུལ་བ་ལྟར་ན་བརྒྱུད་ཚུལ་མི་འདྲ་བ་ཅུང་ཟད་དང་། བི་མ་ལས་སྒྱུ་འཕྲུལ་སྡེ་བརྒྱད་དུ་ཕྱེ་ནས་རྨ་རིན་ཆེན་མཆོག་ལ་བཤད་ཚུལ་སོགས་སྣང་བ་རྣམས་སྒྱུ་འཕྲུལ་ཁོ་ནའི་ཁོག་ཕུབ་སོ་སོའི་སྐབས་སུ་འབྱུང་བ་ལྟར་ཤེས་པར་བྱའོ། །འདིར་རྒྱ་གར་བའི་ལོ་རྒྱུས་ལ་གསུམ་དུ་ཡོད་པའི་གཉིས་པ་ཨ་ནུའི་བརྒྱུད་ཚུལ་ཉིད་བཤད་པ་ལ། གོང་ལྟར་རྒྱ་གར་བ་ལ་བརྒྱུད་པ་སུམ་ལྡན་དུ་འཆད་དགོས་པའི་དགོངས་བརྒྱུད་དང་རིག་བརྒྱུད་གཉིས་ཀྱི་རྒྱས་བཤད་གོང་དུ་ཐུན་མོང་དུ་བཤད་ཟིན་ཅིང་། འདིར་བསྡུ་ན། མཁའ་ཀློང་རྣམ་དག་དབྱིངས་སུ་ཀུན་ཏུ་བཟང་པོས་རིགས་ལྔའི་སངས་རྒྱས་ལ་ཐུགས་ཡེ་ཤེས་ལྔའི་དབང་བསྐུར་ཞིང་ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་བརླབས། ཞི་བ་རིགས་ལྔ་ཁྲག་འཐུང་རིགས་ལྔར་སྣང་བར་མཛད་དེ་རིགས་གསུམ་མགོན་པོ་དང་ཁྱད་པར་གསང་བའི་བདག་པོ་མཐུ་སྟོབས་ཀྱི་བདག་པོར་དབང་བསྐུར། སླར་ཡང་ཞི་བ་རིགས་ལྔར་གནས་བསྒྱུར་ཏེ་སུམ་ཅུ་རྩ་གསུམ་རྣམ་པར་རྒྱལ་བའི་ཁང་བཟང་དུ་ལྷའི་བུ་དམ་པ་ཏོག་དཀར་པོ་རིགས་དྲུག་གི་སེམས་ཅན་སྨིན་པར་བྱ་བའི་ཕྱིར་སྤྲུལ་སྐུ་ཐུབ་པ་དྲུག་ཏུ་བྱིན་གྱིས་བརླབས་སོ། དེ་དག་ནི་སྐུ་གསུམ་དགོངས་བརྒྱུད་ཀྱི་ཚུལ་ལོ། །དེ་ལྟར་རྒྱལ་བ་རིགས་གསུམ་མགོན་པོ་དང་། ཁྱད་པར་གསང་བདག་གིས་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསུངས་པའི་བརྡ་བརྒྱུད་དམ་རིག་འཛིན་རིག་པ་བརྒྱུད་ཚུལ་ནི་གོང་དུ་རྒྱས་པར་བཤད་ཟིན་ལ། དྲ་མ་ལྔས་གསང་བའི་བདག་པོར་ནོས་པའི་ཚེ་ལྷ་གྲགས་ལྡན་མཆོག་སྐྱོང་གིས་བདུད་རྩི་འཆི་མེད་ཕུལ། གསང་མཚན་བློ་གྲོས་འདུས་པ་རྩལ་ལམ་ཐིག་ལེ་ཆགས་མེད་རྩལ་དུ་བཏགས། ཀླུ་རྒྱལ་འཇོག་པོས་གཙུག་གི་ནོར་བུ་ཕུལ། གསང་མཚན་དབང་ཕྱུག་ལྷུན་འགྲུབ་རྩལ་དུ་བཏགས། གནོད་སྦྱིན་སྐར་མདའ་གདོང་གིས་གནོད་སྦྱིན་གསང་ཚིག་ཕུལ། གསང་མཚན་བློ་གྲོས་དད་པ་རྩལ་ལམ་རྡོ་རྗེ་གློག་འབྱིན་རྩལ་དུ་བཏགས། སྲིན་པོ་ལང་ཀ་མགྲིན་བཅུས་ལུས་ཀྱི་རྒྱན་ཕུལ། གསང་མཚན་བློ་གྲོས་ཐབས་ལྡན་རྩལ་དུ་བཏགས། ལི་ཙ་བྱི་དྲི་མེད་གྲགས་པས་མི་ཡི་རིན་པོ་ཆེ་རྣམ་ལྔ་ཕུལ། གསང་མཚན་བློ་གྲོས་རབ་ཞི་རྩལ་ལམ་དྲི་མེད་གྲགས་པ་རྩལ་དུ་བཏགས་སོ། །སྙན་བརྒྱུད་ནི། ཨ་ནུ་ཁོ་ན་ལྟར་ན་ལི་ཙ་བྱི་དྲི་མེད་གྲགས་པས་རྒྱལ་པོ་ཛཿཨ་སུ་རའི་བྲག་ཕུག་ཏུ་དབང་བསྐུར་ཞིང་ཡོན་དུ་ཨིནྟྲ་ནི་ལ་ཁྲུ་གང་པ་ཕུལ། གསང་མཚན་རྡོ་རྗེ་གསང་མཆོག་རྩལ་དུ་བཏགས་ཤིང་། དེའི་བྱིན་བརླབས་ཀྱིས་རྒྱལ་པོ་ཛཿལ་ལྟས་ཤར་ཚུལ་སོགས་གོང་དུ་རྒྱས་པར་བཤད་ཟིན་པ་ལྟར་རོ། །དེ་ཡང་ཨ་ནུ་ཁོ་ནའི་ལུགས་ལྟར་ན་རྒྱལ་པོ་ཛཿརང་གིས་གླེགས་བམ་གྱི་དོན་རྟོགས་པའི་ལུགས་སུ་བྱས་ཏེ་སློབ་དཔོན་ཨུ་པ་རཱ་ཛ་ལ་གསུངས་པར་འཆད་པས། རྒྱལ་པོ་ཛ་ལ་ཨུ་པ་རཱ་ཛས་གྲོང་ཁྱེར་དཔལ་ཡོན་ཅན་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཕུལ་ཏེ་ཞུས། གསང་མཚན་རྡོ་རྗེ་ཡང་དག་རྩལ་དུ་བཏགས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །ལོ་རྒྱུས་རྙིང་པ་དག་ལས་ཨུ་པ་རཱ་ཛས་པུ་ཏྲི་གསུམ་ལ་བཤད་དེ། པུ་ཏྲི་གསུམ་ནི་རྒྱལ་པོ་ཛའི་སྲས་ཏེ་ཤ་ཏྲ་པུ་ཏྲི། གུ་ཡ་པུ་ཏྲི། ནཱ་ག་པུ་ཏྲི་གསུམ་ཡིན་གསུངས། བརྒྱུད་ཚུལ་རང་ལ་ཨུ་པ་རཱ་ཛའི་རྗེས་སུ་ཨིནྟྲ་བྷུ་ཏི་ཡོད་པ། གོང་དུ་མ་ཧཱའི་སྐབས་སུ་བཤད་པ་ལྟར། ཤ་ཏྲ་པུ་ཏྲིའི་མཚན་གྱི་རྣམ་གྲངས་སུ་ཨིནྟྲ་བྷུ་ཏི་ཡང་བཤད་པས་མི་འགལ་བར་སེམས། དེ་ལྟར་ཤ་ཏྲ་པུ་ཏྲིའམ་ཨིནྟྲ་བྷུ་ཏི་ནི་ཡབ་རྒྱལ་པོ་ཛཿས་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་གསུངས་ཏེ་ཡོན་དུ་ལྷའི་རིན་པོ་ཆེ་བསམ་འཕེལ་ཕུལ། གསང་མཚན་རྡོ་རྗེ་ཟླ་མཛེས་རྩལ་དུ་བཏགས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སྐད་དོ། །བརྒྱུད་པ་དངོས་ལ་རྒྱལ་པོ་ཛཿའི་སྲས་ན་ཏྲ་པུ་ཏྲི་རམ་ཨིནྟྲ་བྷུ་ཏིས་ཀླུ་རྒྱལ་ནཱ་ག་པུ་ཏྲ་ལ་གསུངས་ཏེ། གསང་མཚན་ཐིག་ལེ་བསྐྱོད་མེད་རྩལ་དུ་གྲགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་རྒྱལ་པོ་ག་ཡ་པུ་ཏྲ་ལ་གསུངས་ཤིང་གསང་མཚན་རྡོ་རྗེ་གསལ་འཕྲོ་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་རྒྱལ་པོ་སིང་ཧ་པུ་ཏྲ་ལ་གསུངས་ཤིང་གསང་མཚན་རྡོ་རྗེ་འོད་ཟེར་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་ཀུ་ཀུ་རཱ་ཛ་ཕྱི་མ་ལ་ཕྱིའི་རྒྱ་མཚོའི་འགྲམ་དུ་གསུངས་ཤིང་དྲིལ་བུ་གཡེར་ཁ་སྟོང་ཕུལ་ཏེ། གསང་མཚན་རྡོ་རྗེ་བདེ་མཆོག་རྩལ་དུ་གྲགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་རོ་ལངས་བདེ་བའི་དངོས་གྲུབ་ལ་གླང་པོ་ཆེ་སྣའི་བྲག་ཕུག་ཏུ་གསུངས། རྩི་སྨན་སྣ་ཚོགས་ཕུལ་ཞིང་གསང་མཚན་རྡོ་རྗེ་བདེ་ཆེན་དངོས་གྲུབ་རྩལ་ལམ་བདུད་འདུལ་དྲག་པོ་རྩལ་དུ་གྲགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སློབ་དཔོན་རྡོ་རྗེ་བཞད་པ་ལ་ཨུ་ཏྲ་ས་རིའི་ཚལ་དུ་གསུངས་ཤིང་རིན་པོ་ཆེ་ཕུལ། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ་དུ་གྲགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་ཟ་ཧོར་གྱི་རྒྱལ་པོ་པྲ་ཧ་སྟི་ལ་ཆུ་བོ་སིན་དྷུའི་འགྲམ་དུ་གསུངས་ཤིང་རིན་པོ་ཆེ་ཀེ་ཀེ་རུ་ཕུལ། གསང་མཚན་རྡོ་རྗེ་དགའ་རབ་རྩལ་ལམ་ཐིག་ལེ་བདེ་བྱེད་རྩལ་དུ་གྲགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །སློབ་དཔོན་འདི་ནི་གུ་རུ་པདྨ་འབྱུང་གནས་ཀྱི་བླ་མ། བཀའ་མ་ལྟར་ན་རབ་ཏུ་བྱུང་བའི་མཁན་པོར་གྱུར་ཅིང་སྤྱི་ལྟར་ཡོ་ག་སོགས་གསན་ཡུལ་དེ་ཡིན་ནོ། །སློབ་དཔོན་པྲ་ཧ་སྟི་ལ་སློབ་མ་ཤཱཀྱ་གསུམ་སྟེ། ཤཀྱ་སེང་གེའམ་དྷ་ན་རཀྵི་ཏའམ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཞེས་དུས་གསུམ་མཁྱེན་པ་དེ་ཉིད་དང་། ཤཱཀྱ་མི་ཏྲ། ཤཱཀྱ་པྲ་བྷ་གསུམ་ལ་ཟ་ཧོར་རྒྱལ་པོའི་ཁབ་ཏུ་དབང་རྒྱུད་མན་ངག་དང་བཅས་པ་གསུངས། རང་རང་གི་ལོངས་སྤྱོད་དང་བདུད་རྩི་བསིལ་མཆོག་ཕུལ། གསང་མཚན་ཤཱཀྱ་སེང་གེ་ལ་རྡོ་རྗེ་ཐོད་འཕྲེང་རྩལ་ལམ་སེང་གེ་སྒྲ་སྒྲོགས་རྩལ་དུ་བཏགས་ཏེ་གསུམ་ག་རིག་འཛིན་གྱི་ས་ལ་གཤེགས་པར་གྲགས་ཤིང་། སློབ་དཔོན་ཆེན་པོའི་རྣམ་ཐར་མདོར་བསྡུས་པ་ནི་གོང་དུ་བསྟན་ཟིན་ཏོ། །སློབ་དཔོན་པདྨ་འབྱུང་གནས་སམ་དྷ་ན་རཀྵི་ཏས་ཨོ་རྒྱན་རྡོ་རྗེ་ཕུག་ཏུ་ཧཱུྃ་མཛད་རྡོ་རྗེ་ལ་གསུངས་ཤིང་རྫས་མཆོག་བཟང་པོ་ཕུལ། གསང་མཚན་རྡོ་རྗེ་ཉིད་འོད་རྩལ་དུ་གྲགས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་གུ་རུ་སྠི་ར་མ་ཏི་ལ་གའུ་རོང་གི་བྲག་ཕུག་ཏུ་གསུངས་ཤིང་རིན་པོ་ཆེ་གསེར་ཕུལ། གསང་མཚན་རྡོ་རྗེ་ཡང་དག་རྫོགས་པ་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་ཨཱ་ཙརྻ་བདེ་བ་གསལ་མཛད་ལ་གྲོང་ཁྱེར་དཔལ་ཡོན་ཅན་དུ་གསུངས་མཉེས་མཆོད་ཕུལ། གསང་མཚན་རྡོ་རྗེ་འགྱུར་མེད་རྩལ་ལམ་དབང་ཕྱུག་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་མདོ་མཁན་དྷ་རྨ་བྷོ་དྷིའམ་ཤཱཀྱ་བྷོ་དྷི་ལ་ཡུལ་མ་ག་དྷར་གསུངས་ཤིང་རྟ་དང་གླང་པོ་ཆེ་ཕུལ། གསང་མཚན་ཤེར་རབ་མཐར་ཕྱིན་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་རྒྱ་གར་མཁན་པོ་ཆོས་རྒྱལ་སྐྱོང་ལ་དཔལ་ཤྲཱི་ནཱ་ལན་དྷར་གསུངས་ཤིང་འདོད་པའི་ཡོན་ཏན་ལྔ་ཕུལ། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ་དུ་གྲགས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་བལ་བོ་བྷ་སུ་དྷ་ར། རྒྱ་གར་གཙུག་ལག་དཔལ་དགེ་བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས་རྣམས་ལ་རྒྱལ་པོའི་ཁབ་ཏུ་གསུངས་ཤིང་གསེར་སྲང་གི་དཀོར་ཆ་ཕུལ། བ་སུ་དྷ་རིའི་གསང་མཚན་རྡོ་རྗེ་ཐུགས་མཆོག་རྩལ་ལམ་རྡོ་རྗེ་བདུད་འདུལ་རྩལ། གཙུག་ལག་དཔལ་དགེའི་གསང་མཚན་རྡོ་རྗེ་གཙུག་ཏོར་རྩལ་བྲུ་ཤའི་མཁན་པོའི་གསང་མཚན་རྡོ་རྗེ་ཆོས་གྲུབ་རྩལ་ལམ་རྡོ་རྗེ་ལེགས་ཐོབ་རྩལ་དུ་བཏགས་ཏེ་གསུམ་གཡང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སངས་རྒྱས་ཡེ་ཤེས་ལ་གསུངས་ཏེ་འདིའི་རྣམ་ཐར་འོག་ཏུ་གསལ་ལོ། །དེས་ཨ་ནུ་ཡོ་གའི་བརྒྱུད་གསུམ་རྒྱ་གར་བའི་ལོ་རྒྱུས་བཤད་ཟིན་ཏོ། །གསུམ་པ་ཨ་ཏི་ཡོ་གའི་བརྒྱུད་གསུམ་རྒྱ་གར་གྱི་བླ་མའི་ལོ་རྒྱུས་ནི། ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོས་ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་བྱིན་གྱིས་བརླབས་ཏེ་གསུངས། ཡོན་དུ་རིག་པའི་མེ་ཏོག་ཕུལ་ལོ། །རྡོ་རྗེ་སེམས་དཔས་གསང་བདག་ཏུ་སྤྲུལ་ཏེ་བཀའ་བསྡུས་ཤིང་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་རང་གི་ངོ་བོས་བཤད། ཡོན་དུ་འདོད་པའི་ཡོན་ཏན་ལྔ་ཕུལ། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ་དུ་གྲགས་ཤིང་འདི་ཡན་ཆོད་རྒྱལ་བ་དགོངས་བརྒྱུད་དང་བརྡ་བརྒྱུད་དོ། །དེ་ལྟར་སྤྲུལ་སྐུ་དགའ་རབ་རྡོ་རྗེའི་རྣམ་ཐར་མདོ་ཙམ་བཤད་པའི་དབང་དུ་བགྱིས་ན། སྟོན་པ་འདས་ནས་ལོ་བརྒྱ་རྩ་བརྒྱད་ལོན་པའི་དུས་ཡབ་རྒྱལ་པོ་དྷ་ན་ཨ་ཤྭ་ཀའམ་ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བར་གྲགས་པ་དེའི་བུ་མོ་སྲིད་པ་གཡུང་དྲུང་མཚོ་ཞེས་བྱ་བ་དེ། དྷ་ན་ཀོ་ཤའི་གླིང་ཕུག་རིན་ཆེན་གཡུ་སྡིངས་ཚལ་དུ་རབ་ཏུ་བྱུང་བར་བཞེད་ནས་བྱོན་པའི་ནམ་ཕྱེད་ཙམ་ན་གསེར་བྱ་ངང་པ་གཤོག་པ་གཡུ་མཆུ་སྡེར་ལྕགས་ལས་བྱས་པ་ཞིག་བྱུང་ནས། གཡུང་དྲུང་མཚོའི་སྙིང་ཀར་མཆུ་ལན་གསུམ་བཙུགས་ནས་འདི་སྐད་དོ། །སྲིད་པ་གཡུང་དྲུང་མཚོ་ཁྱོད་ལ་དོ་ནུབ་མི་རིང་དཀར་པོ་ཞིག་བྱིན་གྱིས་བརླབ་ཏུ་འོང་གི་དེའི་ངག་མ་བཅག་ཟེར་ནས་ངང་པ་དེ་འཕུར་སྐད། དེ་ནི་རྡོ་རྗེ་སེམས་དཔའི་རྣམ་སྤྲུལ་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་གསུངས་སོ། །དེའི་ནུབ་རྨི་ལམ་དུ་མི་རིང་དཀར་པོ་ཞིག་གིས་ཆུ་བུམ་པ་གང་ལ་བྱིན་བ རླབས་བྱས་ནས་གཡུང་དྲུང་མཚོའི་སྤྱི་བོ་ནས་བླུག་པར་རྨིས་ཤིང་། མི་དེ་ཡང་རྡོ་རྗེ་སེམས་དཔའི་སྤྲུལ་པར་གྲགས། ནང་པར་སྒོར་ཕྱིན་རྩ་ན་བྱ་ངང་པ་དེ་དཔུང་པར་ཆགས་ནས་འདི་སྐད་དེ། སྲིད་པ་གཡུང་དྲུང་མཚོ་ཁྱོད་ལ་ལོ་དུས་ཟླ་བའི་ནང་དུ་ཁྱེའུ་ངོ་མཚར་ཅན་ཞིག་འཁྲུངས་པར་འདུག་གིས། དེ་ལ་གཙིགས་ལེགས་པར་གྱིས་ཤིག་ཟེར་རོ། །དེ་ནས་ཟླ་བ་དགུ་ངོ་བཅུ་ལོན་པ་དང་། གཡུང་དྲུང་མཚོའི་སྙིང་ཀར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཞིག་རང་འཁྲུངས་ཀྱིས་བྱོན་ནས་དེ་ཉིད་ལ་བལྟས་པ་ཙམ་གྱིས། གསེར་གྱི་རྡོ་རྗེ་རང་ཞིག་གི་ནང་ནས་ཁྱེའུ་མཚན་ཉིད་དང་ལྡན་པ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞལ་འདོན་དུ་མཛད་པ་ཞིག་འཁྲུངས། ཡབ་ལ་དེའི་ལོ་རྒྱུས་བསྙད་པས་ཡབ་ཀྱི་ཞལ་ནས། འདི་ནི་སྤྲུལ་པའི་སྐུ་དངོས་སུ་བྱོན་པ་ཡིན་གསུངས་ནས་ཤིན་ཏུ་མཉེས་ཏེ་མཚན་ཡང་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཞེས་གསོལ་ལོ། །དེ་ནས་དགའ་རབ་རྡོ་རྗེས་རྒྱལ་པོ་དྷ་ཧེ་ན་ཞེས་བྱ་བའི་བུ་མོ་རིན་ཆེན་གསལ་སྒྲོན་གྲོགས་སུ་ཁྲིད་ནས་ཟླ་གམ་འོད་འཕྲོ་སེང་གེ་ནགས་སྟེང་གི་ཚལ་དུ་སློབ་དཔོན་ཀ་ར་ལ་རྩལ་ཆེན་གྱི་དབང་ཞེས་བྱ་སྟེ་ཕར་ཕྱིན་མཛད་པ་ཉི་ཤུའི་དབང་ནོས། པདྨ་མེ་ཏོག་འཇའ་ཚོན་དུ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཙཎ་ཌི་ཀ་ལ་གཏན་ཚིགས་བགྲོ་གླེང་གི་དབང་ཞེས་བྱ་སྟེ་ཀྲྀ་ཡའི་དབང་ཆོག་ཉེར་དྲུག་ནོས། ལྷ་བྱ་སྐད་སྙན་ལྗོན་ཤིང་ཚལ་དུ་སློབ་དཔོན་ཆེན་པོ་ཀུ་མ་ཏི་ལ་ཡོ་ག་བཀྲ་ཤིས་དྲུག་ཅུ་རྩ་བཞིའི་དབང་ནོས། དེ་ལྟར་ཕྱི་དབང་བརྒྱ་རྩ་ནོས་ནས། སློབ་དཔོན་ཆེན་པོ་རབ་ཏུ་གསལ་བ་ལ། གདན་བཞི་ནི་ཞབས་དྲུང་དུ་འཁྲིགས་ཤིང་ཕྱོགས་བཞི་ནས་རྒྱན་རིན་པོ་ཆེ་རྣམ་ལྔ་འབར་བ། མི་ནོར་རྣམ་བཞི་ས་ལ་དོད་པ། མཛེས་སྡུག་གི་མེ་ཏོག་སྣ་ཚོགས་པ་ལས་སྐྱེས་པ། མཛེས་པའི་དར་བཀྲ་དཔག་བསམ་གྱི་ཤིང་ལས་འབྱུང་བ། འབྲུ་སྣ་དགུ་ལྗོན་ཤིང་གི་ཡལ་ག་ལས་ལྟུང་བ། དེ་ལྟར་འདོད་ཡོན་ལྔའི་ལོངས་སྤྱོད་མ་སྤངས་ཕུན་སུམ་ཚོགས་པས་མཛེས་པར་བྱས་ཤིང་། སློབ་དཔོན་དེས་ཀྱང་སྐུ་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་རྒྱུད་ཟླ་གསང་ཐིག་ལེ། ཐུགས་རྒྱུད་གསང་བ་འདུས་པ། ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། འཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེ། ཀྲྀ་ཡ་ཐམས་ཅད་ཀྱི་རྒྱལ་པོ་ཆ་གསུམ། མཚམས་ཐམས་ཅད་ཀྱི་རྒྱལ་པོ་སྲུང་བའི་འཁོར་ལོ། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ཡང་དག་དགུ་པ། རྫས་ཐམས་ཅད་ཀྱི་རྒྱལ་པོ་ལྷ་མོ་གནས་མཁར། མ་ཏྲ་མ་ཞལ་གཤིན་རྗེ་གསལ་ཤིང་། སྨན་ཐམས་ཅད་ཀྱི་རྒྱལ་པོ་བདུད་རྩི་བུམ་ཆུང་། ཞི་བ་ཐམས་ཅད་ཀྱི་རྒྱལ་པོ་རིན་ཆེན་དྲ་བ། ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོ་བསྐྱེད་རྫོགས་ཆེན་མོ། སྒོམ་པ་ཐམས་ཅད་ཀྱི་རྒྱལ་པོས་ཡ་མཚན་མི་གཡོ་བ། དབང་ཐམས་ཅད་ཀྱི་རྒྱལ་པོ་ནོར་བུའི་ཕྲེང་བ། གཞན་ཡང་བཤགས་པ་དང་། སྙིང་པོ་དང་། དཀྱིལ་འཁོར་བཀོད་པ་ལ་སོགས་བསྟན་བཅོས་ཀྱི་བཀའ་བབས་སོ། །བྱུ་རུ་དམར་པོ་ཆུ་མིག་དགུ་སྒྲིལ་གྱི་ཚལ་དུ་རོ་ལངས་བདེ་བ་དང་། རིན་ཆེན་གསལ་སྒྲོན་ལ་དབང་བཞི་རྫོགས་སུ་བསྐུར་ཏེ། དེ་ཡང་ཕྱི་ཡོ་བྱད་ཟང་ཟིང་རྫས་ཀྱི་དབང་རྫོགས་པར་བསྐུར། ནང་རིག་པ་ཏིང་ངེ་འཛིན་གྱིས་དབང་དང་ཡེ་ཤེས་ལྔའི་དབང་བསྐུར། གསང་བ་བྱང་ཆུབ་སེམས་ཀྱི་ཐུགས་ཀྱི་དབང་བཞི་བསྐུར་རོ། །དེ་ནས་རྟོག་ཚོགས་ལྷའི་དབང་བསྐུར་ནས་ཤེལ་གྱི་ཕྱག་ཤིང་རིན་ཆེན་ལྔས་བརྒྱན་པ་ཞིག་དབང་རྟགས་སུ་སྦྱིན་ནོ། །གྲོགས་མོ་ལ་སྣང་སྲིད་ཀྱི་མེ་ལོང་འཛམ་བུའི་གླིང་དུས་གཅིག་ཏུ་གསལ་བ་ཞིག་ཀྱང་དབང་རྟགས་སུ་སྦྱིན་ནོ། །དེ་ནས་རིན་ཆེན་གཡུ་སྡིགས་ཚལ་དུ་ཕྱིར་བྱོན་ཏེ་རྒྱ་གར་གྱི་ཕ་རོལ། ཨོ་རྒྱན་གྱི་ཚུ་རོལ་མ་ག་དྷའི་བྲག་ཕུག་ཏུ་ཨོ་རྒྱན་རྒྱལ་པོ་དྷརྨ་ཀ་ཡ་དང་། ཀླུའི་བུ་མོ་རྒྱ་མཚོ་གཉིས་ཀྱིས་ཨོ་རྒྱན་གྱི་ཡུལ་ནས་སློབ་མ་བསྡུས་ཏེ་ཚོམ་བུ་སྟོང་གི་དཀྱིལ་འཁོར་ཚོགས་བསྒྲུབས་པས། རིག་འཛིན་ཁྲི་ཕྲག་ཐམས་ཅད་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པ་འབའ་ཞིག་བྱུང་ངོ་སློབ་དཔོན་འདིའི་རྣམ་ཐར་གཏེར་མའི་ཕྱོགས་དང་སྙིང་ཐིག་གི་ལོ་རྒྱུས་སོགས་མི་འདྲ་བ་དུ་མ་ཡོད་ཀྱང་། འདི་ནི་སྙན་བརྒྱུད་ཟབ་མོ་ཁུངས་ཀྱི་གཏད་རྒྱ་མདོ་ལུགས་ཉིད་བཙན་པར་བྱས་ཏེ་བྲིས་སོ། །དེས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་ཨོ་རྒྱན་རིན་ཆེན་གཡུ་སྡིངས་གསུངས་ཏེ། ཡོན་དུ་རང་གི་མགོ་དང་སྙིང་ཕུལ་ནས་གསང་མཚན་རྡོ་རྗེ་གཞོན་ནུ་རྩལ་ཏེ་རིག་འཛིན་གྱི་གནས་སུ་གཤེགས་སོ། །སློབ་དཔོན་འདིའི་རྣམ་ཐར་བཀའ་མ་ཕྱོགས་ཀྱི་ཡིག་རྙིང་ཆེར་མ་རྙེད་སྙིང་ཐིག་དང་སྙན་བརྒྱུད་རྡོར་ཟམ་ལྟར་ཟུར་ཙམ་བཀོད་པ་ནི། རྡོ་རྗེ་གདན་གྱི་ནུབ་ཕྱོགས་རིམ་པ་གཉིས་པ་ཞེས་བྱ་བའི་གྲོང་ཁྱེར་དུ། ཡབ་བྲམ་ཟེ་ལེགས་ལྡན་སྟོན་པ་དང་ཡུམ་སྣང་བ་སྒྲོན་མ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་འཇམ་དཔལ་བཤེས་གཉེན་དུ་གསོལ། རིགས་པའི་གནས་ལྔ་ལ་མཁས་པར་སྦྱངས་པ་ཞིག་གོ། །དེ་ལ་འཕགས་པ་འཇམ་དཔལ་རྣོན་པོས་ལུང་བསྟན་པ། ཀྱེ་རིགས་ཀྱི་བུ་ཚེ་གཅིག་གིས་སངས་རྒྱས་ཐོབ་པར་འདོད་ན་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ཞིག །ཅེས་ཐོས་མ་ཐག་ཏུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་དང་མཇལ་ནས་དབང་ཁྲིད་རྫོགས་པར་མཛད་དེ་དགའ་རབ་རྡོ་རྗེ་འོད་ཕུང་གཤེགས་པ་ལ། འཇམ་དཔལ་བཤེས་གཉེན་གྱིས། ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་སོགས་སྨྲེ་སྔགས་ཕྱུངས་པས། རིན་པོ་ཆེའི་གའུ་སེན་གང་པ་ནས། ཚིག་གསུམ་གནད་དུ་བརྡེག་པའི་འདས་རྗེས་བབས་ནས་སློབ་དཔོན་གྱིས་སྙན་བརྒྱུད་དང་བཤད་བརྒྱུད་དུ་ཕྱེ། སྙན་བརྒྱུད་རྣམས་མཆན་དུ་བཏབ། བཤད་བརྒྱུད་ཀྱི་སྣོད་མ་རྙེད་པས་དཔེ་རྣམས་རྡོ་རྗེ་གདན་གྱི་བྱང་ཤར་དུ་ཕ་བོང་རྡོ་རྗེ་རྒྱ་གྲམ་ཅན་ལ་སྦས་ཏེ། དུར་ཁྲོད་སོ་སའི་གླིང་དུ་སྤྱོད་པ་ལ་གཤེགས་ཏེ་ཤྲཱི་སིངྷ་རྗེས་སུ་བཟུང་སྟེ་ནམ་མཁའ་ལ་འོད་སྐུར་གཤེགས་སྐད་དོ། །སྙན་བརྒྱུད་རྡོ་རྗེ་ཟམ་པ་ལྟ་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཐུགས་དགོངས་ལ་བསྐལ་པ་གྲངས་མེད་པར་བསགས་སྦྱངས་བྱས་པས་གྲོལ་བ་ལས། ཁྱད་པར་དུ་གྱུར་པ་ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས། ཚེ་གཅིག་གིས་སངས་རྒྱ་བའི་ཐབས་འདྲ་ཡོད་སྲིད་པ་གཞན་ལ་དྲིས་ཀྱང་ཐབས་མེད་པས། ནཱ་ལན་དྷའི་པཎྜི་ཏ་རྣམས་ལ་དྲིའོ་སྙམས་ཏེ་དྲིས་པས། མཚན་ཉིད་ཀྱི་པཎྜི་ཏ་རྣམས་ཅང་མི་གསུང་། གསང་སྔགས་ཀྱི་པཎྜི་ཏ་རྣམས་ཀྱི་ཞལ་ནས། ཆོས་ཉིད་ཀྱི་དོན་དེ་ལྟར་རྟོགས་པ་འདི་ན་མེད་དེ། འདི་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་ཕྱིའི་རྒྱ་མཚོའི་འགྲམ། མེ་ཏོག་ཨུ་དུམ་ཝ་ར་སྐྱེ་བའི་ས། རོ་མཆོག་བདེ་བའི་ཚལ། དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བྱ་བར། སྒྲུབ་གནས་གསེར་གྱི་བྲག་ཕུག་ཡུ་བ་ཅན་ཞེས་བྱ་བ་ན་སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བ་བཞུགས་ཏེ། དེ་ཡང་སེམས་དག་ལྷའི་བུ་ཞེས་བྱ་བ་སྣང་གཟུགས་སུ་གྲུབ་ལ། རེག་པའི་གཟུགས་སུ་མ་གྲུབ་པ་ཞིག་ཞལ་གཟིགས། ཆོས་ཉིད་ཀྱི་དོན་སྐད་ཅིག་གིས་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་ཁོང་ལ་ཡོད་ཀྱིས། ཞེས་གསུངས། སློབ་དཔོན་གྱིས་དེར་འགྲོ་བ་དཀའ་སླ་ཇི་ལྟར་ཡོད་དྲིས་པས། དཀའ་ཚེགས་ཤིན་ཏུ་ཆེ་ཞིང་ཟླ་བ་བཅུ་གསུམ་ལམ་དུ་འགྲོ་དགོས་ལ། ལམ་གྱི་འཇིགས་པ་གནོད་སྦྱིན་དང་མཁའ་འགྲོ་མ་རུང་པ་དང་གཅན་གཟན་གཏུམ་པོ་སྦྲུལ་གདུག་པ་ཅན་སོགས་ཡོད་ཅིང་། དེ་ལྟར་འཇིགས་པ་མེད་ན་ངེད་རྣམས་ཀྱང་འགྲོ་བར་རིགས། ཞེས་གསུངས་པས། སློབ་དཔོན་གྱི་ཐུགས་ལ་ལུས་ལ་བར་གཅོད་བྱུང་ཡང་། སེམས་སློབ་དཔོན་གྱི་དྲུང་དུ་རྟོལ་ཏེ་བྱིན་གྱིས་བརླབས་ཡོང་བས། དེ་ཕྱིར་ཐེ་ཚོམ་མེད་པར་འགྲོའོ་སྙམ་སྟེ་བྱོན་པས་ལུས་སེམས་ལ་བར་ཆད་མེད་པར་ཟླ་བ་བཅུ་གསུམ་གྱིས་ཕྱིན་ཏེ། དེར་རི་བྲག་གཅན་གཟན་མང་པོ་གནས་པ་ཞིག་ན། རབ་ཏུ་བྱུང་བའི་ཆ་བྱད་ཅན་ཤམ་ཐབས་ཐོད་དུ་བཅིངས་པ། མདའ་ལྔ་གཞུ་གཅིག་ཕྱག་ན་བསྣམས་པ་ཞིག་དང་མཇལ་ཏེ། འདི་སློབ་དཔོན་ཡིན་ངེས་གཞན་གྱིས་ས་འདིར་མི་ཚུགས་སྙམས་ནས། ཐེ་ཚོམ་མེད་པར་གསེར་གྱི་མཎྜལ་ཕུལ། ཕྱག་ལན་གསུམ་བཙལ། བསྐོར་བ་ལན་བདུན་བྱས་ནས་ཁྱེད་ཀྱི་རྟོགས་པ་བདག་ལ་བསྐྱེད་པར་ཞུ་འཚལ། ཞེས་ཞུས་པས་ཅི་ཡང་མི་གསུངས། དེ་ལྟར་ལན་གསུམ་ཞུས་པས་ཀྱང་ཅི་ཡང་མི་གསུངས་པར་གཤེགས་སོ། །དེར་གདམས་ངག་འདྲ་གནང་དུ་རེ་ནས་ཕྱི་ནས་ཕར་འབྲངས་ཏེ་ཕྱིན་པས། དུར་ཁྲོད་ཆེན་པོ་དེར་སླེབས་ཏེ་ཉིན་ལན་གསུམ་མཚན་གསུམ་དུ་མཎྜལ་ཡང་ཕུལ། ཕྱག་ཀྱང་བཙལ། བསྐོར་བ་ཡང་བྱས་ཏེ་ཟླ་ངོ་རེ་ལ་ཞུ་བའི་དོན་རེ་ཕུལ་ཡང་ཅང་མི་གསུང་ངོ་། །དེ་ལྟར་ཟླ་བ་རིལ་པོ་བཅུ་གསུམ་ལོན་པ་དང་། ད་ནི་བླ་མས་ཐུགས་ལ་མི་འདོགས་པར་འདུག་སྙམས་ཐུགས་མུག་ནས། ཀ་བ་ལི་ནས་སྤུ་གྲི་བཏོན་ཏེ་རང་གི་སྐེ་བཅད་ལ་ཤིའོ་སྙམ་ཙ་ན། སློབ་དཔོན་གྱིས་འཇམ་དཔལ་བཤེས་གཉེན་ཞེས་བོས་ནས། དྲུང་དུ་ཕྱིན་པ་དང་། ཁྱོད་ཅི་འདོད་པ་ཡིན་ཞེས་གསུངས། བདག་ནི་ཆོས་ཀྱི་དོན་སྐད་ཅིག་མར་རྟོགས་པར་ཚེ་གཅིག་གིས་འཚང་རྒྱ་བ་ཞིག་ཞུ་ཞུས་པས། ཁྱོད་ཀྱི་ད་དུང་མ་གོའམ་གསུངས་པ་ལ་བདག་གི་ནི་ད་དུང་མ་གོ་མ་རྟོགས་སོ། །ཞེས་ཞུས་པས། སློབ་དཔོན་དགའ་རབ་རྡོ་རྗེའི་ཞལ་ནས། ཨ་ཧ་ཧའི། ཞེས་པའི་བརྡ་བསྟན་ནོ། །ཞག་བདུན་དུ་འབྲུ་གསུམ་གྱི་རང་སྒྲ་རྒྱུན་མ་ཆད་པར་བྱུང་ངོ་། །འདི་ནི་སྐྱེ་འགག་གཉིས་མེད་ཀ་དག་གི་དོན་ཡིན་པར་སེམས། སླར་ཡང་སུརྱ་དྷ་ར་ཞེས་བྱ་བའི་བརྡ་བསྟན་ཏེ་ཉི་མའི་སྙིང་པོ་ལ་ལྟོས་ཞེས་པར་གོ་ནས་བལྟས་པས། ཉི་མའི་སྙིང་པོ་དུས་གསུམ་འདུ་འབྲལ་མེད་པ་སྐྱེ་འགག་གསལ་འགྲིབ་འཕོ་འགྱུར་མེད་པ། དེ་འདྲ་བ་གཅིག་ཏུ་དོན་རང་གི་མཚན་ཉིད་ཆོས་བཞི་ལྡན་དུ་རྟོགས་པ་ནི་ལྷུན་གྲུབ་ཀྱི་དོན། དེ་ལྟར་བརྡ་ལ་བརྟེན་ནས་དོན་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ་པའི་ཞར་ལ་ཐུན་མོང་གི་དངོས་གྲུབ་ཀྱང་འགྲུབ་སྟེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་བྱ་འཕུར་བ་བཞིན་དུ་ལྷོ་ཕྱོགས་གྱད་ཀྱི་ཡུལ། བྷཻ་ཏ་ལའི་གླིང་། ཤིང་དྲ་བ་གཙུག་དགུ་བཀོད་པའི་ཚལ། གནོད་སྦྱིན་འབྲོག་གནས་ཀྱི་ས། དཔལ་ཡོན་ཏན་ཐམས་ཅད་འབྱུང་བའི་གྲོང་ཁྱེར་དུ་གཤེགས་ཏེ་ཤྲཱི་སིངྷ་རྗེས་སུ་བཟུང་སྟེ་འོད་ཕུང་ཆེན་པོར་གྱུར། ལོ་རྒྱུས་འདི་དག་འདྲ་མིན་ཅུང་ཟད་འདུག་ཀྱང་དྲང་ངེས་ཀྱི་ཁྱད་པར་དུ་ཤེས་སོ། །དེས་རྒྱལ་པོ་དྷ་ན་ཏ་ལོ་དང་ཤིན་ཏུ་བསྟན་པ་གཉིས་ལ་ཡུལ་དྷ་ཧེ་ནའི་ཚལ་དུ་གསུངས་ཤིང་། ཡོན་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཕུལ། གསང་མཚན་རྡོ་རྗེ་དགའ་བྱེད་ཚལ་དུ་བཏགས་ཤིང་དགུང་ལོ་སྟོང་ཆིག་བརྒྱར་བཞུགས་ཏེ་རིག་འཛིན་གྱི་སར་གཤེགས་སོ། །དེས་སྲས་ཐུ་བོ་རཱ་ཛ་ཧ་སྟི་ལ་ཡུལ་ཙན་དན་གྱི་ནགས་སུ་གསུངས་ཤིང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཕུལ། གསང་མཚན་རྡོ་རྗེ་གསལ་བ་རྩལ་ཏེ་དགུང་ལོ་བརྒྱད་བརྒྱར་བཞུགས་ནས་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སྲས་མོ་ཝ་རཱ་ཎི་དང་རྒྱལ་པོ་གསེར་མཁར་ཅན་གཉིས་ལ་ཡུལ་ཨ་ནུ་ཏའི་ཚལ་དུ་གསུངས་ཤིང་ལུས་ཀྱི་རྒྱན་རྣམས་ཕུལ། གསང་མཚན་རྡོ་རྗེ་མཛེས་མ་རྩལ་ཏེ་དགུང་ལོ་དགུ་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་ཀླུའི་རྒྱལ་པོ་འཇོག་པོ་དང་ཀླུ་མོ་ཡཀྵ་ཁ་འདུལ་ལ་སིནྡྷུའི་འགྲམ་དུ་གསུངས་ཤིང་གཙུགས་ཤིང་གཙུག་གི་ནོར་བུ་ཕུལ། གསང་མཚན་རྡོ་རྗེ་རྫུ་འཕྲུལ་རྩལ་ཏེ་ལོ་སུམ་སྟོང་བཞུགས་ཤིང་རིག་འཛིན་གྱི་སར་གཤེགས་སོ། །དེས་སྲས་མོ་གནོད་སྦྱིན་མོ་བྱང་ཆུབ་དང་བྲམ་ཟེ་མོ་བློ་གྲོས་ལ་བརྡ་ཧེ་ནེའི་རྩར་གསུངས་ཤིང་བུ་དང་རྒྱལ་སྲིད་ཕུལ། གསང་མཚན་རྡོ་རྗེ་གཡུང་དྲུང་རྩལ་ཏེ་དགུང་ལོ་སུམ་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་གཟུང་མ་ཨ་ར་ལི་དང་རྒྱལ་པོ་གློག་འོད་ལ་ཡུལ་དྷ་ན་ཀོ་ཤའི་ཤར་ཕུག་ཏུ་གསུངས་ཤིང་རང་ལུས་ཕུལ། གསང་མཚན་རྡོ་རྗེ་དབྱིངས་མ་རྩལ་ཏེ་ལོ་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སློབ་དཔོན་ཨཀྵོ་བྷྱཿལ་གསུངས་ཤིང་། གསང་མཚན་རྡོ་རྗེ་དངོས་གྲུབ་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། སློབ་དཔོན་འདིའི་རྣམ་ཐར་ཞིབ་པར་མ་རྙེད་དོ། །དེས་ཁྱིའི་མཁན་པོ་སློབ་དཔོན་ཀུ་ཀུ་ར་ཛ་རྒྱལ་པོ་ཛ་ལ་དྷ་ཧེ་ནའི་འདུ་ཁང་དུ་གསུངས་ཤིང་གསེར་གྱི་དྲིལ་བུ་གཡེར་ཁ་སྟོང་ཕུལ། གསང་མཚན་རྡོ་རྗེ་དྲག་པོ་རྩལ་ཏེ་ལོ་དྲུག་སྟོང་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སྨད་འཚོང་མ་བུདྡྷ་ས་མ་ཡ་དང་བྲམ་ཟེ་མོ་ཉི་མ་ལ་དྷ་ཧེ་ནའི་གླིང་ཕུག་ཏུ་གསུངས་ཤིང་རིན་ཆེན་རྣམ་ལྔ་ཕུལ། གསང་མཚན་རྡོ་རྗེ་ཡང་དག་རྩལ་ཏེ་ལོ་ལྔ་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སྨད་འཚོང་མ་བྷུདྡྷ་ས་མ་ཏི་ལ་ཡུལ་ཨུ་ཏིའི་ཚལ་དུ་གསུངས་ཤིང་རྟ་དང་གླང་པོ་བདུན་ཕུལ། གསང་མཚན་རྡོ་རྗེ་ཉི་འོད་རྩལ་ཏེ་ལོ་དྲུག་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་ཨོ་རྒྱན་གྱི་མཁན་པོ་མ་ཧཱ་རཱ་ཛ་དང་རྒྱལ་པོ་ཐོར་ཅོག་ཅན་ལ་ཨོ་རྒྱན་གྱི་ཡུལ་རིན་ཆེན་གཡུ་སྡིངས་ཚལ་དུ་གསུངས་ཤིང་གསེར་སྲང་དྲུག་སྟོང་ཕུལ། གསང་མཚན་རྡོ་རྗེ་རྫུ་འཕྲུལ་རྩལ་ཏེ་ལོ་དྲུག་སྟོང་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སྲས་མོ་གོ་མ་དེ་ཝཱི་དང་བྲམ་ཟེ་མོ་གསལ་བའི་རྒྱན་ལ་ཡུལ་པདྨའི་མེ་ཏོག་ཚལ་དུ་གསུངས་ཤིང་རྟ་དང་གླང་པོ་ཕུལ། གསང་མཚན་རྡོ་རྗེ་དངོས་གྲུབ་རྩལ་ཏེ་ལོ་བརྒྱད་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སློབ་དཔོན་ཨཱ་ལོ་ཀེ་དང་རྒྱལ་པོ་སུ་མི་ཏ་ལ་ལྗོན་ཤིང་གི་ནགས་སུ་གསུངས་ཤིང་གསེར་ཕྱེ་ཕུལ་དོ་ཕུལ། གསང་མཚན་རྡོ་རྗེ་གཡུང་དྲུང་རྩལ་ཏེ་ལོ་སུམ་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་ཁྱིའི་མཁན་པོ་ཕྱི་མ་ལ་གསུངས་ཏེ་གསང་མཚན་རྡོ་རྗེ་བདུད་འདུལ་རྩལ་ཏེ་རིག་འཛིན་ས་ལ་གཤེགས་སོ། །འདིའི་ལོ་རྒྱུས་ཀྱང་མ་རྙེད་དོ། །དེས་ལྷའི་མཁན་པོ་མ་ཧཱ་རཱ་ཛ་དང་བློ་གྲོས་མཐའ་ཡས་ལ་ཤིང་ཀུ་ཏིའི་རྩར་གསུངས་ཤིང་། ལྷའི་བདུད་རྩི་འཆི་མེད་དང་ནོར་བུ་བསམ་འཕེལ་ཕུལ། གསང་མཚན་རྡོ་རྗེ་སྒེག་པ་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་དྲང་སྲོང་བྷ་ཥི་ཏ་དང་སྟོབས་ཆེན་འབར་བ་ལ་ཆུ་བོ་གངྒཱའི་བྱེ་མའི་སྟེང་དུ་གསུངས་ཤིང་རིན་པོ་ཆེའི་གསེར་ཕུལ། གསང་མཚན་རྡོ་རྗེ་ལྷུན་འགྲུབ་རྩལ་ཏེ་ལོ་བཞི་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་གཟུངས་མ་བདག་ཉིད་མ་དང་བྲམ་ཟེ་མོ་སྨན་གྱི་བློ་གྲོས་ལ་ཤིང་ནལ་བྱིའི་རྩར་གསུངས་ཤིང་ལུང་རས་ལོངས་སྤྱོད་ཕུལ། གསང་མཚན་རྡོ་རྗེ་འོད་མཆོག་རྩལ་ཏེ་ལོ་བརྒྱ་ཉེར་ལྔ་བཞུགས་ཤིིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སློབ་དཔོན་ནཱ་ག་རྫུ་ན་དང་རྒྱལ་པོ་གྲུབ་པའི་སྙིང་པོ་ལ་ཡུལ་དྷ་ཧེ་ནའི་ཉི་མ་ཁུད་དུ་གསུངས་ཤིང་གསེར་སྲང་གཉིས་སྟོང་ཕུལ། གསང་མཚན་རྡོ་རྗེ་ཐོགས་མེད་རྩལ་ཏེ་ལོ་སྟོང་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །སློབ་དཔོན་འདིའི་རྣམ་ཐར་མདོར་བསྡུས་སུ་བརྗོད་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་ལྷོ་ཕྱོགས་བཻ་རྦྷའི་ཡུལ་དུ་བྲམ་ཟེ་ཕྱུག་པོ་ཞིག་ལ་བུ་མེད་པས་རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་པར་ལྷས་ལུང་བསྟན་པ་ལྟར་བྱས་ཏེ་གསོལ་བ་བཏབ་པས། ཁྱེའུ་ཞིག་བཙས་ཏེ་མཚན་བཏགས་པས། མཚན་བཟང་མོད་ཀྱི་འོན་ཀྱང་ཞག་བདུན་གྱི་ཚེ་ལས་མེད་དོ་ཟེར། ཅི་ཕན་དྲིས་པས། བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་པས་ཟླ་བ་བདུན་དང་དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་པས་ལོ་བདུན་ཐུབ་ཅིང་དེ་ནས་ཐབས་མེད་ཟེར་རོ། །དེ་བཞིན་བྱས་པས་ལོ་བདུན་དུ་ཉེ་བར་གྱུར་ནས། དེ་རྗེས་བུའི་རོ་མཐོང་བ་ཕ་མས་མ་བཟོད་དེ་གཡོག་དང་བཅས་ཏེ་འཁྱམ་དུ་བཏང་ངོ་། །དེ་རིམ་གྱིས་སོང་ནས་ཁ་སར་པཎིའི་ཞལ་བལྟས་ཏེ་དཔལ་ནཱ་ལེན་ཌའི་སྒོར་སོང་སྟེ་སྙན་ངག་གི་རིགས་བྱེད་དག་བསྒྲགས་པ། དེ་ན་བྲམ་ཟེ་ཆེན་པོ་སཱ་ར་ཧ་བཞུགས་པས་གསན་ཏེ་ནང་དུ་བོས་པ་ལ་གཏམ་བསྙད་པ་ལ་ལོ་རྒྱུས་རྣམས་བཤད་པས། བློན་པོ་ན་རེ་རབ་ཏུ་བྱུང་ནུས་ན་ཐབས་ཡོད་གསུངས་པས། རབ་ཏུ་བྱུང་སྟེ་ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་གཟུངས་འདོན་དུ་བཅུག །ཁྱད་པར་ལོ་བདུན་ལོན་པའི་ནུབ་མཚན་ཐོག་ཐག་བཏོན་པས་འཆི་བདག་གི་འཇིགས་པ་ལས་ཐར་ཏེ་ཕ་མའི་ཁྱིམ་དུ་སོང་སྟེ་ཕྲད་པས་ཀྱང་ཤིན་ཏུ་དགའོ། །སླར་ཡང་བྲམ་ཟེ་ཆེན་པོ་སཱ་ར་ཧ་ལ་གསང་འདུས་སོགས་ཀྱི་གཞུང་གདམས་ངག་དང་བཅས་ཏེ་མང་དུ་ཞུས། ནཱ་ལེནྜའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལས་བསྙེན་པར་རྫོགས་ཏེ་མཚན་ཡང་དགེ་སློང་དཔལ་ལྡན་ཞེས་གྲགས་སོ། །དེའི་ཚེ་ནཱ་ལེན་དྲའི་དགེ་འདུན་གྱི་ཞལ་ཏ་པ་བབས་ཏེ་བྱས་པའི་ཚེ་ཡུལ་དེར་མུ་གེ་ཆེན་པོ་བྱུང་བ་ལ་གླིང་བར་ནས་གསེར་འགྱུར་གྱི་རྩི་བླངས་ཏེ་གསེར་འགྱུར་བྱས་ཤིང་གདུགས་ཚོད་སྦྱར་རོ། །དབྱར་གནས་ཐོན་པ་དང་དགེ་འདུན་གྱིས་མི་རིད་ས་ཤི་བར་མཐོང་སྟེ་མུ་གེ་བྱུང་བ་ཤེས་ཏེ་གདུགས་ཚོད་ཇི་ལྟར་རྙེད་དེ་སྦྱར་དྲིས་པས། སྔར་གྱི་ཚུལ་བརྗོད་པས། དགེ་འདུན་ལ་མ་ཞུས་པར་གསེར་འགྱུར་བྱས་པས་དགེ་འདུན་ལོག་འཚོ་ལ་སྦྱར་བས་ཉེས་ཞེས་གནས་ནས་ཕྱུངས་ཏེ་སྒྲུབ་སྦྱངས་སུ་གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་གྱིས་ཤིག་ཅེས་བསྒོའོ། །དེ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་ནས། དེའི་ཚེ་དགེ་སློང་བདེ་བྱེད་ཅེས་བྱ་བས་རིག་པའི་རྒྱན་ཅེས་པའི་གཞུང་འབུམ་ཕྲག་བཅུ་གཉིས་པ་ཞིག་བྱས་ཏེ་བསྟན་པ་ཐམས་ཅད་སུན་ཕྱུངས་པས། དེ་འདུལ་བའི་ཕྱིར་ནཱ་ལེན་དྲར་ཆོས་གསུངས་སོ། །དེའི་ཚེ་བྱིས་པ་གཉིས་ཆོས་ཉན་ཅིང་ས་འོག་ཏུ་འགྲོ་བ་འདུག་པ་སུ་ཡིན་དྲིས་པས་ཀླུ་ཡིན་ཟེར་བ་ལ། སློབ་དཔོན་གྱིས་གནོད་སྦྱིན་གྱི་འདམ་ཁྱེར་ཤོག་གསུངས་པས། ཀླུ་དེ་གཉིས་ཀྱིས་དེའི་ཚུལ་ཀླུའི་རྒྱལ་པོ་ལ་ཞུས་པས། དེས་ན་སློབ་དཔོན་སྤྱན་དྲོངས་ཟེར་ཏེ་སྤྱན་འདྲེན་དུ་འོངས་པས། དོན་དུ་འགྱུར་བར་མཁྱེན་ནས་ཀླུའི་ཡུལ་དུ་བྱོན་ཏེ་ཆོས་གསུངས་སོ། །དེ་ནས་ཀླུས་བཞུགས་པར་ཞུས་པས། ང་མཆོད་རྟེན་བྱེ་བ་བཞེངས་པའི་འདམ་འཚོལ་བ་དང་། འབུམ་གདན་འདྲེན་དུ་འོངས་ཀྱི་སྡད་མི་ཁོམ་གསུངས་ཏེ། ཀླུ་འཇིམ་དང་། འབུམ་དང་། ཡི་གེ་ཉུང་ངུ་གདན་དྲངས་ཏེ་འབུམ་གྱི་འཕྲོ་ཅུང་ཟད་ཀླུ་རྣམས་ཀྱིས་མ་བསྐུར་ཞེས་གྲགས། འཇིམ་པ་དེས་མཆོད་རྟེན་བྱེ་བ་བཞེངས་པའི་གྲོགས་ཀླུ་རྣམས་ཀྱིས་བྱས་པས་ཀླུ་སྒྲུབ་ཅེས་པའི་མཚན་དུ་གྲགས་སོ། །གཞན་དུ་ནཱ་གཱ་རྫུ་ན་སྟེ་ནཱ་ག་ནི་ཀླུ་སྟེ་ཆོས་དབྱིངས་སུ་སྐྱེས་པ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པ། གསུང་རབ་རིན་པོ་ཆེའི་མཛོད་ལ་མངའ་བརྙེས་པ་བསྲེག་ཅིང་གསལ་བའི་ལྟ་བ་དང་ལྡན་པས་ཀླུའོ། །ཨརྫུ་ན་ནི་སྲིད་སྒྲུབ་སྟེ་ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། ཉེས་པའི་དགྲ་ཚོགས་འདུལ་བས་སྲིད་སྒྲུབ་སྟེ། དེ་བསྡུས་པས་ཀླུ་སྒྲུབ་ཅེས་ཀྱང་གྲགས་སོ་དེ་ནས་ལི་ཁ་ར་ཤིང་འཕེལ་དུ་གསེར་འགྱུར་མཛད་དེ་སྦྱིན་པ་རྒྱ་ཆེན་པོ་དང་། ལྷག་པར་བྲམ་ཟེ་རྒན་རྒོན་གཉིས་ལ་གསེར་མང་པོ་གནང་བས་དད་དེ་རྒན་པོས་ཉེ་གནས་བྱས། ཆོས་བསྟན་པ་ཤེས་ནས་སློབ་དཔོན་ཀླུའི་བྱང་ཆུབ་ཏུ་གྱུར་ཏོ། །དེ་ནས་ཤར་ཕྱོགས་པ་ཏྲ་བེ་ས་དང་ཡུལ་ཏ་རྡར་བྱོན་ནས་ལྷ་ཁང་མང་པོ་བཞེངས། དྲིལ་བུ་ལྟ་བུའི་བྲག་གསེར་དུ་སྒྱུར་བར་བཞེད་པ་ལྷས་བཀག་སྟེ་མ་གྲུབ་སྒྲ་མི་སྙན་དུ་བྱོན་པའི་ལམ་གྲོང་ཁྱེར་ས་ལ་མ་ནར་བྱིས་པ་ཛེ་ཏ་ཀ་ལག་རིས་ལས་རྒྱལ་པོར་ལུང་བསྟན། སྒྲ་མི་སྙན་དུ་བྱོན་ནས་ན་བཟའ་ཤིང་ལ་བཀལ་ཏེ་ཁྲུས་མཛད་པས། གོས་དེ་རྣམས་ཀྱིས་ཁྱེར་བ་ལ་ངའི་ཡིན་གསུངས་པས་ང་བདག་ཅན་ཟེར་ནས་ལྟ་སྐད། དེར་སྒྲ་མི་སྙན་པའི་དོན་མཛད་དེ་ཕྱིར་བྱོན་པས་སྔར་ལུང་བསྟན་པའི་བྱིས་པ་རྒྱལ་པོར་གྱུར་པ་དེས་རིན་པོ་ཆེ་མང་པོ་ཕུལ། སྐྱེས་ལེན་དུ་ཆོས་ཀྱི་རིན་པོ་ཆེ་རིན་ཆེན་ཕྲེང་བ་གནང་། སློབ་དཔོན་འདིས་བསྟན་པའི་བྱ་བ་དགེ་འདུན་གྱི་ཞལ་ཏ་མཛད། དེའི་རྐྱེན་གྱིས་མཆོད་རྟེན་དང་ལྷ་ཁང་མང་པོ་བཞེངས། རྡོ་རྗེ་གདན་ལ་རྡོ་རྗེའི་དྲ་མིག་གིས་ར་བས་བསྐོར། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་བཀོད་པ་བཞེངས། དབུ་མའི་བསྟན་བཅོས་མང་པོ་དང་། སྔགས་དང་གསོ་རིགས། ལུགས་ཀྱི་བསྟན་བཅོས། མདོ་འགྲེལ་སོགས་དུ་མ་མཛད་ཚུལ་རྣམས་ཡོངས་གྲགས་ལྟར་ལ་ལོ་དྲུག་བརྒྱར་བཞུགས་ཤིང་མཐར་རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་ནུས་ལྡན་ལ། མས་གོས་སྲུབས་མེད་ཞིག་སྦྱིན་པ་མ་གྱོན་པར་རྒྱལ་སྲིད་འཛིན་དུས་དགོས་ཟེར་བ་ལ། མས་ཁྱོད་ཀྱིས་རྒྱལ་སྲིད་འཛིན་པ་མི་འོངས་ཡབ་དང་ཀླུ་སྒྲུབ་ཚེའི་བཅུད་ལེན་སྟབས་སུ་བྱས་པས་སློབ་དཔོན་ཀླུ་སྒྲུབ་དང་སྲོག་གཅིག་སྨྲས་པས། དེས་དཔལ་གྱི་རི་ལ་ཀླུ་སྒྲུབ་བཞུགས་པའི་སར་ཕྱིན་ཏེ་དབུ་བླངས་པས། ཆོད་གསུངས་ཏེ་རལ་གྲིས་བཅད་ཀྱང་མ་ཆོད་པར། སློབ་དཔོན་གྱི་ཞལ་ནས་ངས་རྩ་ཀུ་ཤ་བཅད་པས་སྲོག་ཆགས་ཤི་བའི་རྣམ་སྨིན་ཡོད་པས་ཀུ་ཤས་ཆོད་གསུངས་པས། མགུལ་ཆོད་དེ་མགུལ་གྱི་རྩ་བ་ནས། ད་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། ཕྱི་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། ཞེས་པའི་སྒྲ་བྱུང་ངོ་། །དེས་དབུ་ཁྱེར་ཏེ་ཕྱིན་པ་ལམ་ཁར་གནོད་སྦྱིན་མོས་ཕྱོགས་ཕྲོགས་ཏེ་དཔག་ཚད་གཅིག་སླེབ་པའི་སར་དོར་རོ། །དབུ་དང་སྐུ་ལུས་གཉིས་ཀ་མ་ཉམས་པ་ལོ་རེ་བཞིན་ཉེར་སོང་བ་མཐར་སྦྱར་སྐུ་དེས་བསྟན་འགྲོའི་དོན་མཛད་པར་གསུངས་སོ། །རང་ལུགས་སུ་ལོ་སྟོང་བཞུགས་པར་བཤད་པས་གྲུབ་པའི་མཛད་པ་ཡིན་པས་མཐའ་གཅིག་ཏུ་འཛིན་པར་མི་བྱའོ། །དེ་ལྟར་སློབ་དཔོན་ཀླུ་སྒྲུབ་སྙིང་པོའམ་ནཱ་གཱ་རྫུ་ན་དེས་སློབ་དཔོན་དེ་ཝ་རཱ་ཛ་དང་ལྷའི་དབང་པོ་ལ་ལྷའི་དཔག་བསམ་ཤིང་གི་རྩར་གསུངས་ཤིང་། ལྷའི་བདུད་རྩི་ཚེ་འཕེལ་ཕུལ། གསང་མཚན་རྡོ་རྗེ་གསང་བ་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་འཇམ་དཔལ་བཤེས་གཉེན་ཕྱི་མའམ་འཇམ་དཔལ་བཟང་པོ་དང་བདུད་རྩི་འབེབས་ལ་རྡ་ཧེ་ནའི་གཡུ་ལུང་དུ་གསུངས་ཤིང་། རྟ་གླང་རིན་པོ་ཆེའི་ཤར་བུ་ཕུལ། གསང་མཚན་རྡོ་རྗེ་ངེས་པ་རྩལ་ཏེ་ལོ་དྲུག་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་རིག་འཛིན་དགེ་བསྙེན་ལེགས་པ་དང་དྷརྨ་བྷོ་དྷི་ལ་དབུས་འགྱུར་ཚལ་དུ་གསུངས་ཤིང་གསེར་གྱི་པ་ཏྲ་ཕུལ། གསང་མཚན་རྡོ་རྗེ་མཆོག་རབ་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །བརྒྱུད་པ་དངོས་ལ་དགེ་བསྙེན་ལེགས་པས་སངས་རྒྱས་གསང་བར་གསུངས་པར་བཤད་ཀྱང་། གཏད་རྒྱ་གསང་མཚན་གྱི་དབང་དུ་བྱས་ན། དེས་གུ་རུ་དྷརྨ་རཱ་ཛ་ལ་རིན་ཆེན་བདེ་བའི་གནས་སུ་གསུངས་ཤིང་། རིན་པོ་ཆེའི་བསིལ་མཆོག་ཕུལ། གསང་མཚན་རྡོ་རྗེ་མི་འགྱུར་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་པར་གསུངས། བརྒྱུད་ཚུལ་དངོས་ལ་དྷརྨ་རཱ་ཛ་འདི་ཆད་པ་འདྲའོ། །དེས་སློབ་དཔོན་སངས་རྒྱས་གསང་བ་དང་ཨ་མུ་ལ་ཀུ་ཛ་ལར་གསང་བའི་ཁང་ཐོག་ཏུ་གསུངས་ཤིང་། བདུད་རྩི་བསིལ་མངར་གཞོང་པ་གང་ཕུལ། གསང་མཚན་རྡོ་རྗེ་གསང་རྫོགས་རྩལ་ཏེ་ལོ་སུམ་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །སློབ་དཔོན་འདི་གསར་རྙིང་ཀུན་ལ་གྲགས་ཆེ་བས་གསར་མའི་ལོ་རྒྱུས་འདྲ་ཡང་འདུག་མོད། འདིར་རང་ལུགས་ལྟར་ཅུང་ཟད་བརྗོད་ན། སློབ་དཔོན་སངས་རྒྱས་གསང་བའི་འདི་བདེ་བར་གཤེགས་པའི་བཀའ་རབ་འབྱམས་ལ་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་ཡིན་ཏེ། གསང་སྔགས་ཀྲི་ཡའི་གཞུང་ལྟར་འཕགས་པ་འཇམ་དཔལ་བསྒྲུབ་པས། སྐུ་བཞད་པ་ལ་སོགས་ཏེ་གྲུབ་པའི་རྟགས་བྱུང་ཡང་དངོས་གྲུབ་ལེན་མ་ཤེས་པར་ཐེ་ཚོམ་དུ་གྱུར་པའི་བར་དེར་བདུད་ཀྱིས་བར་གཅོད་བྱས་ནས་བརྒྱལ་ལོ། །བརྒྱལ་སངས་ཏེ་གཟིགས་པས་སྐུ་ཡང་ནག་མོག་གིས་སོང་། སྒྲུབ་རྫས་འོ་མ་བོ། མེ་ཏོག་ཀྱང་ཁ་ཟུམ་ནས་འདུག་གོ། །དེ་སློབ་དཔོན་གྱིས་ཧ་ཅང་ཐོས་པ་ཆུང་བ་ཡང་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། ལྷ་བསྒྲུབ་ཀྱང་དངོས་གྲུབ་ལེན་མ་ཤེས་པ་བདག་ལྟར་བུའོ། །ཞེས་གསུངས་ནས་རྒྱ་གར་ཤར་ཕྱོགས་སུ་གཤེགས་ཏེ་མངོན་པར་བྱང་ཆུབ་པ་ལ་སོགས་པ་ཕྱི་རྒྱུད་སྡེ་གསུམ་དང་། ནང་བསྐྱེད་རྫོགས་གསུམ་ལ་ལེགས་པར་སྦྱངས་ཤིང་མཁས་པར་གྱུར་ནས། རྒྱལ་པོའི་བླ་མཆོད་མཛད་དེ་ཆོས་གྲྭའི་པཎྜི་ཏ་ཆེན་པོར་གྱུར་པས་འཁོར་མང་པོ་འདུས་པ་ལ་སྐྱོ་ནས། ཧ་ཅང་ཐོས་པ་ཆེ་བ་ཡང་བདུད་ཀྱི་ལས་སུ་ཤེས་པར་བྱ་སྟེ། རང་དོན་མེད་པ་ལ་འཇུག་པ་བདག་ལྟ་བུའོ། །ཞེས་གསུངས་ནས་བོད་ཀྱི་ཡུལ་དུ་བྱོན་ཏེ་གངས་ཏི་སེའི་བྱ་རོག་གདོང་ཅན་དུ་བྱོན་ནས་སྒྲུབ་པ་སྙིང་པོར་མཛད་པས་དཔལ་རྡོ་རྗེ་སེམས་དཔའི་ཞལ་གཟིགས་ཤིང་མཆོག་གི་དངོས་གྲུབ་བརྙེས་སོ། །དུས་དེ་ཙམ་ན་བོད་དུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་གསན་ཏེ། སློབ་དཔོན་སྤྱན་འདྲེན་པར་སད་མི་བདུན་གྱི་ནང་ནས་དབས་མཉྫུ་ཤྲཱི་དང་། བྲན་ཀ་མུ་ཏི་ཀ་གཉིས་རྫངས་པ་སློབ་དཔོན་དང་མཇལ་ཏེ་བསམ་ཡས་སུ་འབྱོན་པར་ཞུས་པས། སློབ་དཔོན་གྱི་ཞལ་ནས་བོད་སྲིན་པོ་གདོང་དམར་གདུལ་བྱར་བབས་མི་བབས་ལྷ་ལ་དྲི་ཡི་གསུངས་པས་དགོངས་པ་ཞིག་མཛད་དེ། གདུལ་བྱར་མ་གཟིགས་ནས་ཁྱོད་རང་རྣམས་འདིར་སྨིན་པར་བྱ་གསུངས་མཚོ་མ་ཕམ་ལ་ཐིག་སྣ་གཏད་པ་ཙམ་གྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་མངོན་སུམ་སྣང་བར་མཛད་ནས། ལོ་ཙཱ་བ་རྣམས་ལ་དབང་བསྐུར་ཞིང་མན་ངག་གནང་། གསང་སྔགས་ཀྱི་རྒྱུད་འགྲེལ་སྒྲུབ་ཐབས་མང་དུ་མཛད་ཅིང་བསྒྱུར་རོ། །སླར་རྒྱ་གར་དུ་བྱོན་ནས་བརྒྱ་སྦྱིན་གྱི་གཤོས་བྲང་ཁང་བུ་བརྩེགས་པའི་ཡང་ཐོག་ཏུ་བཞུགས་ཏེ་མི་དང་མི་མ་ཡིན་པའི་གདུལ་བྱ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ལོ་བརྒྱ་བཞུགས། སྤྱིར་འཛམ་བུའི་གླིང་དུ་ལོ་སུམ་བརྒྱ་བཞུགས་ཏེ། གསང་བ་སྒྱུ་འཕྲུལ་ལམ་རྣམ་བཀོད་དང་རྡོ་རྗེ་ལས་རིམ་སོགས་འགྲེལ་པ་དང་སྒྲུབ་ཐབས་མང་དུ་མཛད་ནས་མཐར་འཁོར་ལྔ་བརྒྱ་དང་བཅས་ཏེ་ཟག་མེད་རིག་འཛིན་གྱི་ས་ལ་གཤེགས་སོ། །ངེས་སློབ་དཔོན་ཤྲཱི་སེང་ཧ་ལ་དྷ་ཧེ་ནའི་འདུ་ཁང་དུ་གསུངས་ཤིང་གསེར་གྱི་བུམ་པ་ཕུལ། གསང་མཚན་རྡོ་རྗེ་བཞད་པའི་གཏེར་རམ་རྡོ་རྗེ་བཞད་པ་རྩལ་ཏེ་ལོ་ལྔ་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །སློབ་དཔོན་འདིའི་ལོ་རྒྱུས་ཅུང་ཟད་ཕྱེ་ན། རྒྱ་ནག་པོའི་གྲོང་ཁྱེར་ཤོ་འཁྱམ་ནག་པོ་ཞེས་བྱ་བ་ན་ཁྱིམ་བདག་དགེ་བ་ལྡན་པའི་ཡིད་ཅན་དང་། ཡུམ་སྣང་བ་རབ་ཏུ་མཁྱེན་ལྡན་མ་བྱ་བའི་སྲས་སློབ་དཔོན་ཆེན་པོ་ཤྲཱི་སིངྷ་ཞེས་བྱ་བ་ཡིན་ལ། དེ་ཡང་འདིར་རིང་བརྒྱུད་པའི་དབང་དུ་བྱས་ན་ཉེ་བརྒྱུད་ལྟར་ན་སློབ་དཔོན་དགའ་རབ་རྡོ་རྗེ་དང་མཇལ་ཏེ། དེ་ཡང་ཚུལ་གཉིས་ལས། སྙན་བརྒྱུད་རྡོར་ཟམ་ལྟར་ན་དུས་ནམ་ཞིག་གི་ཚེ་ཤྲཱི་སིངྷའི་ཐུགས་ལ་བསྐལ་པར་བསག་སྦྱངས་བྱས་ནས་འཚང་རྒྱ་བ་མ་གཏོགས་འཁོར་བ་ལས་ཟློག་པའི་ཐབས་གཞན་མི་འདུག་པས། ཆོས་ཉིད་ཀྱི་དོན་སྐད་ཅིག་མ་གཅིག་གིས་རྟོགས་ནས་ཚེ་གཅིག་གིས་སངས་རྒྱས་པའི་ཐབས་ཞིག་ཨེ་ཡོད་དགོངས་ཏེ། རྒྱ་གར་དཔལ་ཤྲཱི་ན་ལེན་དྲའི་གཙུག་ལག་ཁང་དུ་བྱོན་ནས་སྤྱན་གཡས་ཀྱི་གསང་སྔགས་ཀྱི་པཎྜི་ཏ་རྣམས་ལ་གཟིགས། གཡོན་པས་མཚན་ཉིད་ཀྱི་པཎྜི་ཏ་རྣམས་ལ་གཟིགས་ཤིང་དོན་དེ་དྲིས་པས། མཚན་ཉིད་ཀྱི་པཎྜི་ཏ་རྣམས་ཅང་མི་གསུང་། སྔགས་ཀྱི་པཎ་ཆེན་རྣམས་ཀྱི་ཞལ་ནས་སྔོན་ཡང་མི་རབས་བདུན་ཙམ་གྱི་གོང་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་དེ་སྐད་གསུངས་ནས། སློབ་དཔོན་དགའ་རབ་རྡོ་རྗེའི་གན་དུ་ལུང་བསྟན་པ་ཡིན། ད་ཡང་ཁྱོད་འདི་ནས་ལྷོ་ཕྱོགས་སུ་ཕྱིན་པ་ན་ལྷོ་གྱད་ཀྱི་ཡུལ་བེ་ཏའི་གླིང་། ཤིང་དྲ་བ་གཙུག་དགུ་བཀོད་པའི་ཚལ་གནོད་སྦྱིན་འབྲོག་གནས་ཀྱིས་དཔལ་ཡོན་ཏན་ཐམས་ཅད་འབྱུང་བ་ཞེས་བྱ་བའི་གྲོང་ཁྱེར་ན། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་སྟེ། སློབ་དཔོན་དགའ་རབ་རྡོ་རྗེའི་བྱིན་བརླབས་ཀྱིས་ཆོས་ཉིད་ཀྱི་དོན་རྟོགས་ཤིང་དངོས་གྲུབ་བརྙེས་ནས་བཞུགས་ཡོད་པས། ཚེ་གཅིག་གི་འཚང་རྒྱ་བའི་གདམས་ངག་ཁོང་ལ་ཡོད་པས་དེར་ཕྱིན་ན་ལེགས་ཞེས་ལུང་བསྟན། འོ་ན་དེར་འགྲོ་བ་ལ་དཀར་སླ་སྐྱིད་སྡུག་ཉེ་རིང་ཇི་ལྟར་ཡོད་དྲིས་པས། ལམ་ཉེ་ན་ངེད་རྣམས་ཀྱང་འགྲོ་སྟེ་ལམ་ཡང་ཤིན་ཏུ་རིང་ཞིང་ཟླ་བ་བཅུ་གསུམ་ཙམ་དུ་འགྲོ་དགོས་ལ། ལམ་གྱི་འཇིགས་པ་ནི་མཁའ་འགྲོ་དང་། གནོད་སྦྱིན་མ་རུང་བ་དང་། སྦྲུལ་གདུག་པ་ཅན་དང་། གཅན་གཟན་མ་རུངས་པ་དང་ཕྲད་དེ་འོང་གསུངས་པས། ཅུང་ཟད་ཐེ་ཚོམ་ཟོས་ཏེ་ལམ་དེ་བས་ཉེ་བའི་ཐབས་ཡོད་དམ་དྲིས་པས། ཉེ་ལམ་ནི་རི་རབ་རིའི་ཁོང་གསེང་ཞིག་ལ་ཕྱིན་ན་ལམ་ཉེ་སྟེ། དེ་ན་ཡང་སྦྲུལ་གདུག་པ་ཅན་དང་མི་མ་ཡིན་གྱི་གྲོང་ཁྱེར་གནས་པས་ཤིན་ཏུ་དཀའ་གསུངས། དེ་དག་ལ་བསྲུང་བའི་ཐབས་མེད་དམ་ཞུས་པས། རྩི་མ་གི་ཏ་ཞེས་བྱ་བ་ལུས་ལ་བྱུག་ཅིང་། ཞུན་ཆེན་གྱི་མར་མེ་ཁྱེར་ནས་ཕྱིན་ན་སྦྲུལ་དང་མི་མ་ཡིན་གྱི་གྲོང་ཁྱེར་གྱི་འཇིགས་པ་སྲུང་། གཞན་ཡང་མུན་ཁུང་འབའ་ཞིག་ཏུ་འགྲོ་དགོས་པས་སྒྲོན་མེ་དང་མར་མེ་ཡང་འཁྱེར་དགོས་གསུངས་སོ། །དེར་ཤྲཱི་སེང་ཧས་ཡོ་བྱད་དེ་རྣམས་དཀའ་བས་བསྒྲུབས་ཏེ་ཁྱེར་ནས་ཕྱིན་པས། སའི་ཕུག་གི་མུན་ཁང་གི་ལམ་ལ་ཟླ་བ་དྲུག་འགོར་ཡང་གནོད་པ་དང་འཇིགས་པ་མེད་པར་བེ་ཏའི་གླིང་དྲ་བ་གཙུག་དགུའི་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་སླེབ་བོ། །དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་གང་ན་བཞུགས་དྲིས་པས། གཅིག་ན་རེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་ཞིག་ངེད་ཀྱི་གྲོང་ན་ཡོད་ཟེར་ཏེ་ཆ་ལུགས་ཇི་ལྟར་ཡོད་ཆ་མེད་པས་ངོ་མི་ཤེས་ཟེར་རོ། །ཀུན་ལ་དྲིས་པས་ཀྱང་དེ་སྐད་ཟེར་རོ། །དེར་ཟླ་བ་བདུན་གྱི་བར་དུ་ཕྱོགས་ཐམས་ཅད་དུ་བཙལ་བས་ཀྱང་མ་རྙེད། དུས་ནམ་ཞིག་གི་ཚེ་ཆུ་མིག་གི་ཁ་ཞིག་ཏུ་བཞུགས་པས། ཆུ་ལེན་མ་རྒན་མོ་ཞིག་བྱུང་བ་ལ་དྲིས་པས་གཏམ་མི་ཟེར་བར་འགྲོ་བར་རྩོལ་པ་ན། སློབ་དཔོན་ཡང་རྫུ་འཕྲུལ་དང་ལྡན་པ་ཞིག་པས་ཆུ་བུམ་པ་ལ་འབྱར་བཅུག་པས་མོས་མ་ཐེགས་པར། མོ་ན་རེ་ཙིཏྟ་ཨ་བྷི་པྲ་སེ་ས་ཟེར་བས་བྲང་ཁ་ཕྱེ་ནས་སྙིང་གི་ནང་ནས་དཔལ་ཡང་དག་ལྷ་དགུའི་དཀྱིལ་འཁོར་བསྟན། ལྕེ་བརྐྱང་བས་གདོང་མེར་འབར་ཏེ་འབར་བའི་གདོང་ཅན་གྱི་རྟགས་ཀྱང་བསྟན་ནོ། །དེ་ནས་སློབ་དཔོན་གྱིས་མོ་ལ་འཇམ་དཔལ་བཤེས་གཉེན་ངོ་ཤེས་སམ་ཞེས་བསྐྱར་ནས་དྲིས་པས། མོ་ན་རེ། ངའི་མིང་པོ་ཡིན། ང་མ་གཏོགས་གཞན་སུས་ཀྱང་མི་ཤེས་ཟེར་རོ། །དེས་ནས་བྲང་ཁ་བསྡུས་བུམ་པའི་ཆུ་ཁུར་ཏེ་རང་གནས་སུ་བསྐྱལ་མོས་གྲོགས་བྱས་ཏེ་ཕྱིན་པས་བཙུན་པ་ཤམ་ཐབས་ཐོད་དུ་བཅིངས་པ། གཉའ་ཐོང་ཟུང་ཞིག་ཕྲག་ལ་བཟེད། རྨོན་ཐོང་ཟུང་ཞིག་མདུན་དུ་བཅུག་ནས་ཞིང་རྨོད་པ་དང་ཕྲོད། མོས་འདི་ཡིན་ནོ་ཟེར། དེ་ལ་སློབ་དཔོན་ཤྲཱི་སིངྷ་ཡིད་མ་ཆེས་པར། སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི་ཡང་ན་པཎྜི་ཏ་མཁས་པའི་ཆ་བྱད་དམ་ཡང་ན་རྣལ་འབྱོར་ཀུ་སཱ་ལའི་ཆ་བྱད་དུ་ཡོང་ཐང་བ་ལ། འདི་ཁྱིམ་བཙུན་ཞིག་ཏུ་འདུག་པས་མ་ཡིན་ནམ་སྙམ་ནས། བདག་ལ་བཟའ་ཞིག་སློང་དང་བྱས་པས། བཟའ་འདི་ན་ཅི་ཡོད་གྲོང་ཁྱེར་ཡ་གིན་ངའི་ཆུང་མ་ཡོད་དེ་ལ་སློང་ཟེར་རོ། །དེས་ནས་གྲོང་ཁྱེར་དུ་ཕྱིན་ནས་ཇོ་མོ་ལ་བཟའ་སློངས་བྱས་པས། ང་ལ་དཔག་མེད་ཟེར་ནས་ཚོང་དུས་ནས་བྱེའུ་མཆིལ་པ་བདུན་ཉོས་ནས་བྱུང་སྟེ། སྤུ་རྣམས་གཏོགས་ནང་རོལ་རྣམས་བླུག་ནས་བཙོས་ཏེ་འབྲས་ཆན་དང་བཅས་དྲངས་པ་ལ། ཤྲཱི་སིདྷས། ངེད་དགེ་སློང་ཡིན་པས་ཤ་ཟར་མི་རུང་ཞིང་ཁྱད་པར་བསྔོས་ནས་བསད་པ་འདིའི་ཤ་བཟར་མི་རུང་བྱས་པས། ཇོ་མོ་ན་རེ། རྗེས་སུ་ཡི་རང་ངོ་གསུངས་ནས། བྱེའུ་ཤ་བུབས་བདུན་པོ་ལག་མཐིལ་དུ་བཞག་ནས་ཕུ་བཏབ་པས་ནམ་མཁའ་ལ་ཅི་རིར་གྱིས་འཕུར་སོང་བ་དང་། ཤྲཱི་སིངྷའི་ཐུགས་ལ་འདི་ལ་ཡང་རྫུ་འཕྲུལ་འདི་ལྟར་འདུག་པས་ཁྱིམ་བཙུན་དེ་སློབ་དཔོན་ཡིན་ནམ་སྙམ་ནས་ད་དུང་བརྟག་དགོས་བསམ་ཏེ། དོ་ནུབ་གནས་གཡར་བྱས་པས་འདུག་གསུངས་ནས་བཞུགས་པས། དེར་ཁྱིམ་བཙུན་གྱི་ཚུལ་ཅན་སློབ་དཔོན་དེ་བྱོན་ནས། འདི་ལ་བཟའ་བྱིན་ནམ་གསུངས། ཇོ་མོས་བཟའ་བྱིན་ཀྱང་གསོལ་མ་སོང་ཞུས་པས། སློབ་དཔོན་གྱི་ཞལ་ནས་རང་སྟང་བཟང་བཟང་གསུངས་སོ། །དེ་ནས་ནང་པར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ཁ་ཏོན་དུ་བཏོན་པས། སློབ་དཔོན་གྱིས་དང་པོར་མ་བཞེངས་པར་གསན། དེ་ནས་ཡར་བཞེངས་ཏེ་གསན། རྫོགས་པ་དང་དོན་ལ་ལྟ་ཅི་སྨོས་ཚིག་ལ་ཡང་རྨོང་གསུངས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཡིན་ནམ་དགོངས་སོ། །ཡང་ཇོ་མོས་ཚོགས་འདུས་ནས་བུད་མེད་ཀྱི་ལག་གཡོན་གདུ་བུ་ལྔ་སིལ་ལེ་བ་ཞིག་ཉོས་ནས་བྱུང་སྟེ། དེ་བཙོས་ནས་དྲངས་པས། ཤྲཱི་སིངྷས། ངེད་དགེ་སློང་ཤ་ཟ་མི་རུང་ཞིང་། དེའི་ནང་ནས་ཀྱང་མའི་ཤ་དང་བུད་མེད་ཀྱི་ཤ་འདི་མི་ཞུ་བྱས་པས། སློབ་དཔོན་དེས་བུད་མེད་ཀྱི་ལག་པ་དེ་ཕྱག་ཏུ་བཞག་སྟེ་སེ་གོལ་ཞིག་གཏོགས་པས། ལག་པ་དེ་ནམ་མཁའ་ལ་འོད་ཕུང་ངེ་སོང་ངོ་། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཡིན་པ་ཡིད་ཆེས་ཏེ། གསེར་གྱི་མཎྜལ་ཕུལ། ཕྱག་ལན་གསུམ་བཙལ། བསྐོར་བ་ལན་གསུམ་བྱས་ཏེ། ཁྱེད་ཀྱི་རྟོགས་པ་བདག་ལ་བསྐྱེད་པར་ཞུ་འཚལ་བྱས་པས་ཅང་མི་གསུངས། དེ་ལྟར་ལན་གསུམ་བྱས་པས་ཀྱང་མ་གསུང་ངོ་། །དེ་ནས་ཤྲཱི་སེང་ཧ་ཐུགས་མུག་ནས། སློབ་དཔོན་གྱི་གདམས་ངག་མ་གནང་བར་འདུག་འགྲོ་དགོས་སྙམ་ཡོང་ཙ་ན། སློབ་དཔོན་གྱི་ཞལ་ནས་ཤྲཱི་སེང་ཧ་འདིར་ཤོག་དང་། ཞེས་གསུངས། དྲུང་དུ་ཕྱིན་པས་སློབ་དཔོན་ལྗན་ལྗིན་དང་འབགས་བཙོག་མི་གཙང་བ་ཞིག་གི་གསེབ་ན་གཟིམས་འདུག་པས། འདིར་ཕྱོགས་ཤིག་བྱ་བ་ཡིན་ནམ་སྙམས་ནས་ཕྱགས་པས་ཡང་སྔར་བཞིན་གང་ནས་དེ་ལྟར་ལན་བཅོ་བརྒྱད་ཀྱི་བར་དུ་ཕྱགས་པས་ཤིན་ཏུ་དུབ་ནས་ངལ་བསོས་པས། སློབ་དཔོན་གྱི་དབུ་སྔས་ན་ཤིང་ཏོག་མདོག་ལེགས་ཤིང་དྲི་ཞིམ་པ་ཞིག་བཞག་འདུག་པ། ཟོ་བྱ་བ་ཡིན་ནམ་སྙམ་སྟེ་ཟོས་པས་རོ་མཆོག་བརྒྱད་དང་ལྡན་པ་ཤིན་ཏུ་དྲི་ཞིམ་པ་ཞིག་འདུག །ཟོས་ཟིན་པ་དང་དེ་ནད་དུ་གྱུར་ནས་སྐྱུག་ཅིང་འགྱེལ་ནས་ཤི་ལ་ཐུག་སྟེ་བསམ་པ། ང་ནི་ད་ཤི་ན་རུང་སྙམས་པ་ལན་བདུན་བྱུང་སྟེ། སློབ་དཔོན་འདི་དང་ལོར་ཞིང་རྨོ་བའི་ཚེ་བརྡ་ཞིག་ཡིན་འདུག་པ་ལ་ཡང་ངས་མ་གོ་བས་ཤི་ན་རུང་། བྱེའུའི་ཤ་དྲངས་དུས་ཀྱང་བརྡ་མ་གོ་བས་ཤི་ན་རུང་། ཁ་ཏོན་བྱས་པའི་དུས་ཀྱང་བརྡ་མ་གོ་བས་ཤི་ན་རུང་། བུད་མེད་ཀྱི་ལག་པ་དྲངས་དུས་ཀྱང་བརྡ་མ་གོ་བས་ཤི་ན་རུང་། མཎྜལ་དང་ཕྱག་བསྐོར་བྱས་གསོལ་བ་བཏབ་དུས་ཅི་ཡང་མི་གསུང་བའི་བརྡ་མ་གོ་བས་ཤི་རུང་། འགྲོ་སྙམས་པ་ལ་ཤོག་གསུངས་ཏེ་ཕྱིན་པས་ཕྱག་དར་བྱས་དུས་ཀྱང་བརྡ་མ་གོ་བས་ཤི་ན་རུང་། ཤིང་ཏོག་ཟོས་པ་དེ་ཡང་བརྡར་འདུག་སྟེ་མ་གོ་བས་ཤི་ན་རུང་སྟེ་སྙམས་པ་བདུན་ཤར་བ་དང་སྐྱུག་འཕྲོ་ཆད། འགྱེལ་བ་ལངས་ཏེ་གཟིགས་པས་སློབ་དཔོན་བཞེངས་ནས་འདུག་སྟེ་སློབ་དཔོན་གྱི་ཞལ་ནས། ཁྱོད་ཅི་འདོད་པ་ཡིན་གསུངས་པས་ཞུས་པ། བདག་ནི་སྐད་ཅིག་མས་རྟོགས་པ་ཚེ་གཅིག་གིས་འཚང་རྒྱ་བའི་ཐབས་ཤིག་ཞུ་ཞུས་པས། ཁྱོད་ཀྱིས་ད་དུང་མ་གོའམ་གསུངས་པས་མ་གོ་ལགས་ཞུས་པས། ངས་དང་པོ་ནས་བསྟན་ཏེ། ཁྱོད་རང་གི་མ་གོ་བར་འདུག་པ། ཞིང་རྨོ་བ་ནི་ཐབས་ཤེས་རབ་ཀྱི་དོན་བསྟན་པ་ཡིན་ནོ། །བྱེའུ་མཆིལ་པའམ་ཀ་ལན་ཏ་ཀ་ནི་སྐད་ཅིག་ཏུ་སྨྲ་བས་དེའི་ཤ་དྲངས་པ་ནི་ཚོགས་དྲུག་ཆོས་ཉིད་ཀྱི་བརྡ་གཅིག་ཏུ་བསྟན་པ་ཡིན་ནོ། །སྒྱུ་འཕྲུལ་དྲ་བ་འདོན་པའི་ཚེ་ཆོས་ཐམས་ཅད་བརྗོད་འདས་སུ་བསྟན་པ་ཡིིན་ནོ། །བུད་མེད་ཀྱི་ལག་པ་དྲངས་པ་ནི་ལག་གཡོན་པ་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་ལྔ་དང་ལྡན་པར་བསྟན་པ་ཡིན་ནོ། །མཎྜལ་ཕྱག་བསྐོར་གསོལ་བ་བཏབ་དུས་ཅི་ཡང་མ་སྨྲས་པ་དེ་ཆོས་ཐམས་ཅད་སྨྲ་བསམ་བརྗོད་མེད་དུ་བསྟན་པ་ཡིན་ནོ། །དེ་ཁྱོད་ཀྱིས་མ་རྟོགས་ཏེ་འགྲོ་བསམ་པའི་ཚེ་ཁྱོད་ལ་ཁམས་བཅོ་བརྒྱད་ཀྱི་སྒྲིབས་པ་སྦྱང་བའི་ཕྱིར་ལན་བཅོ་བརྒྱད་འཕྱག་ཏུ་བཅུག་པ་ཡིན་ཏེ། ཁྱོད་ལ་གཟུང་འཛིན་གྱི་སྒྲིབ་པ་ཟབ་ཅིང་ཕྲ་བ་ཞིག་འདུག་ནས་ཤིང་ཏོག་ཟར་བཅུག་པ་ཡིན་ཏེ། ཁྱོད་ཤིང་ཏོག་དེའི་ཁ་དོག་དང་དྲི་ལ་ཆགས་པ་ནི་ཕྱི་གཟུང་བའི་ཡུལ་ལ་ཆགས་པ་ཡིན། ཟོས་པས་རོ་མཆོག་ཞིམ་པ་ལ་ཆགས་པ་ནང་འཛིན་པའི་སེམས་ལ་ཆགས་པ་ཡིན། ཁྱོད་ན་བ་དེ་གཟུང་འཛིན་གཉིས་ཀྱི་སྒྲིབ་པས་ན་བ་ཡིན། དེ་ལྟར་ན་བའི་ཚེ་ཤི་ན་རུང་བདུན་དྲན་པས་སྒྲིབ་པ་དག་ནས་གསོས་པ་ཡིན་ནོ་གསུངས་ནས། སྐྱེ་འགག་གཉིས་མེད་ཀྱི་དོན་དུ་ཨ་ཧ་ཧོའི་ཞེས་བརྡ་བསྟན་པས། ཆོས་ཉིད་ཀྱི་རང་སྒྲ་དེ་འུ་རེ་བ་ཞག་བདུན་དུ་བྱུང་བའི་ཉམས་ཤར། དེ་ལས་སད་ཙམ་ནས་སློབ་དཔོན་ཡང་དེ་གར་བཞུགས་ནས་འདུག་སྟེ་དོན་ཏེ་མི་བརྗེད་པའི་བརྡར། ཨ་བན་རྡ་ར་ཞེས་བརྡ་བསྟན་ནས། བོད་སྐད་དུ་ཁྱོད་རང་ནམ་མཁའི་དཀྱིལ་དུ་ལྟོས་དང་བྱ་བར་གོ་ནས། ནམ་ལངས་གཟའ་སྐར་ནུབ། སྤྲིན་དང་ཁུ་རླངས་ཡལ་བའི་སྐབས་དེར། ཡར་ནམ་མཁའ་ལ་མ་བལྟས་མར་ས་ལ་མ་བལྟས། ཐད་ཀའི་ནམ་མཁའི་དཀྱིལ་དུ་བལྟས་པས། ནམ་མཁའ་དེ་རུ་རྐྱེན་ངོ་བོ་ངོས་བཟུང་མཐའ་བྲལ་ལྟར། སེམས་ཉིད་དངོས་པོའི་གནས་ལུགས་ཀྱང་དེ་བཞིན་དུ་རྟོགས་ནས། སློབ་དཔོན་ཤྲཱི་སིངྷས་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ་སྟེ་ཐུན་མོང་གི་དངོས་གྲུབ་ཞོར་ལ་ཤར། ལས་དང་ལས་ཀྱི་རྣམ་སྨིན་དག་གོ། །དེ་ནས་ཤྲཱི་སིངྷ་ནམ་མཁའ་ལ་བྱ་འཕུར་བ་བཞིན་གྲོང་ཁྱེར་དེ་ནས་འཕུར་ཏེ། ཤྲཱི་ན་ལེན་དྲའི་གཙུག་ལག་ཁང་དུ་གཤེགས་ཤིང་། མུ་སྟེགས་ཚར་གཅོད་པའི་ཕྱིར་རྡོ་རྗེ་གདན་གྱི་བྱང་སྒོ་བསྲུངས་བ་ལ་གཤེགས་ཞེས་གྲག་གོ། །གསང་བ་སྙིང་ཐིག་གི་ལོ་རྒྱུས་སུ། སློབ་དཔོན་གཉིས་མཇལ་ཚུལ་འདི་ལྟར་འབྱུང་སྟེ། སློབ་དཔོན་ཤྲཱི་སིང་ཧ་རྒྱ་ནག་གི་གྲོང་ཁྱེར་ཤོ་ཁྱམ་ནག་པོ་ནུབ་ཕྱོགས་ཀྱི་གྲོང་ཁྱེར་གསེར་གླིང་ཞེས་བྱ་བར་འགྲོ་བའི་བར་གྱི་ཐང་སྟོང་ཞིག་གི་ནམ་མཁའ་ལས་འཕགས་པ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་ལ་བརྟེན་ནས། ས་ལ་ཁྲུ་གང་གིས་མ་རེག་པར་བྱོན་ཏེ་ཞག་དགུ་ནས་དུར་ཁྲོད་སོ་ས་གླིང་དུ་ཕྱིན་སློབ་དཔོན་འཇམ་དཔལ་བཤེས་གཉེན་དང་མཇལ་ཏེ་ཕྱག་དང་སྐོར་བ་བྱས་ཏེ། བདག་རྗེས་སུ་བཟུང་བར་ཞུ་ཞེས་པས། གདམས་པ་རྣམས་བསྟན་ཅིང་དེས་ལུང་བསྟན་ཏེ་དུར་ཁྲོད་དེ་ཉིད་ཀྱི་ནམ་མཁའ་ལ་འོད་ཕུང་དུ་གཤེགས་སོ། །དེར་ཤྲཱི་སེང་ཧས་སྨྲེ་སྔགས་བཏོན་ནས་འདས་རྗེས་སྒོམ་ཉམས་དྲུག་པ་ཞེས་བྱ་བ་རིན་པོ་ཆེའི་གའུ་ནས་ཕྱུང་སྟེ་བབས། རྡོ་རྗེ་གདན་གྱི་ཕ་བོང་ནས་འཇམ་དཔལ་བཤེས་གཉེན་གྱིས་སྦས་པའི་མན་ངག་རྫོགས་པ་ཆེན་པོའི་སྐོར་རྣམས་རྒྱ་ནག་པོའི་བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ་བྱོན་ཏེ། ཕྱི་ནང་གསང་བ་བླ་མེད་ཀྱི་སྐོར་དང་བཞིར་ཕྱེ་ནས། ཕྱི་ནང་གསང་གསུམ་རྒྱ་ནག་བཀྲ་ཤིས་ཁྲི་སྒོའི་ལྷ་ཁང་གི་ཀ་བར་སྦས། བླ་ན་མེད་པའི་སྐོར་བཅངས་པ་མཁའ་འགྲོའི་ལུང་བཞིན་དེ་ཉིད་དུ་སྦས་ཏེ་མི་སྣང་བའི་རྒྱས་བཏབ་ནས་དུར་ཁྲོད་ཆེན་པོ་བསིལ་བྱིན་དུ་སྤྱོད་པ་ལ་གཤེགས་ཏེ་བཞུགས་པའི་ཚེ། རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ་དང་། ཛྙ་ན་སུ་ཏྲ་ལ་རྡོ་རྗེ་སེམས་དཔས་ལུང་བསྟན་ཏེ་ཤྲཱི་སེང་ཧ་དང་མཇལ་ཞིང་རྗེས་སུ་བཟུང་སྟེ་སློབ་དཔོན་ཆེན་པོ་ཤྲཱི་སེང་ཧ་དེ་ཉིད་འོད་ཕུང་ཆེན་པོར་གཤེགས་སོ། །ཞེས་འབྱུང་བས། ངོ་མཚར་གྲུབ་ཐོབ་ཀྱི་རྣམ་པར་ཐར་པ་གཉིས་ཀ་མི་འགལ་བར་བཟུང་ཞིག །དེ་ལྟར་སློབ་དཔོན་ཤྲཱི་སེངྷ་དེས་བི་མ་ལ། དེས་དགེ་སློང་མ་ཀུན་དགའ་མོ་ལ་གསུངས་པར་བཤད། འདིར་དཀྱུས་སུ་ཤྲཱི་སེང་ཧས་དགེ་སློང་མ་ཀུན་དགའ་མོར་གསུངས་པ་ཡིན་ཏེ། དེ་ཡང་རྡ་ཧེ་ནའི་ཁ་རག་ཡུལ་དུ་གསུངས་ཤིང་། ཨུ་བྷིའི་མཁར་དང་གསེར་སྲང་དྲུག་ཕུལ། གསང་མཚན་རྡོ་རྗེ་ཤེས་རབ་རྩལ་ཏེ་ལོ་ཉིས་བརྒྱར་བཞུགས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་སློབ་དཔོན་བི་མ་ལ་མི་ཏྲར་རྣམ་དག་ཆོས་ཀྱི་སྤྲིན་དུ་གསུངས་ཤིང་གསེར་ཀ་གཞུ་ཙམ་ཕུལ། གསང་མཚན་རྡོ་རྗེ་གྲོ་བོ་ལོད་རྩལ་ཏེ་ལོ་སུམ་བརྒྱར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་པའམ། དེང་སང་ཡང་ལྷག་མེད་གྲུབ་སྟེ་རྒྱ་ནག་རི་བོ་རྩེ་ལྔར་བཞུགས་ཞེས་ཀྱང་གྲགས་སོ། །སློབ་དཔོན་འདིའི་རྣམ་ཐར་ཟུར་ཙམ་བརྗོད་ན། རྒྱ་གར་ནུབ་ཕྱོགས་གླང་པོའི་སྒང་ཞེས་བྱ་བའི་གྲོང་ཁྱེར་ན་ཁྱིམ་བདག་བདེ་ལྡན་འཁོར་ལོ་དང་ཡུམ་གསལ་རིག་མ་ཞེས་བྱ་བའི་སྲས་སུ་འཁྲུངས། ཕྱི་ནང་གི་གྲུབ་པའི་མཐའ་ཐམས་ཅད་ལ་མཁས་པར་སྦྱངས་ཤིང་ཕུལ་དུ་བྱུང་བའི་པཎྜི་ཏ་ཆེན་པོར་གྱུར་ཏེ་མཚན་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲ་ཞེས་ཀུན་ཏུ་གྲགས་པར་གྱུར་ཏོ། །དེ་ལྟར་པཎ་ཆེན་བི་མ་ལ་དེ་ཉིད་པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་དུ་གྱུར་ནས་རྡོ་རྗེ་གདན་ན་བཞུགས་པའི་ཚེ། ནུབ་ཕྱོགས་སུ་རྒྱང་གྲགས་ཀྱི་ས་འདམ་བུའི་ཚལ་འཐུག་པོ་མེ་ཏོག་གིས་བརྒྱན་པར་སྐྱོ་སངས་ལ་བྱོན་དུས། རྡོ་རྗེ་སེམས་དཔས་ལུང་བསྟན་པ། ཀྱེ་རིགས་ཀྱི་བུ་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་ལུས་བླངས་ཀྱང་འབྲས་བུ་མ་ཐོབ་པས། ཚེ་གཅིག་གིས་གྲོལ་བར་འདོད་ན་རྒྱ་ནག་གི། དུར་ཁྲོད་བསིལ་སྦྱིན་དུ་སོང་ཞིག་ཅེས་ཐོས་མ་ཐག་ཏུ་བི་མ་ལ་བྱོན་པས། སློབ་དཔོན་ཤྲཱི་སེང་ཧ་དང་མཇལ་ནས་རྫོགས་པ་ཆེན་པོ་ཕྱི་ནང་གསང་བའི་སྐོར་རྣམས་རྫོགས་པར་གནང་སྟེ། རྒྱ་གར་དུར་ཁྲོད་ཐ་ཆུང་དུ་སྤྱོད་པ་ལ་གཤེགས་སོ། །སྐབས་དེར་སློབ་དཔོན་ཛྙཱ་ན་སུ་ཏྲས་ཤྲཱི་སེང་ཧའི་དྲུང་དུ་ཕྱིན་ནས་ཡང་གསང་བླ་ན་མེད་པའི་སྐོར་རྣམས་ཐོབ་པའི་ཚེ་བི་མ་ལར་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་ཀྱིས་ལུང་བསྟན་པ། ཀྱེ་སྐལ་ལྡན་སྔར་བས་ཟབ་པའི་གདམས་པ་བཞེད་ན་དུར་ཁྲོད་ཆེན་པོ་བྷ་སིང་དུ་སོང་ཞིག་ཅེས་ཐོས་མ་ཐག་ཏུ་ཕྱིན་པས་ཛྙ་ན་སུ་ཏྲ་དང་མཇལ། རྗེས་སུ་བཟུང་བར་ཞུ་ཞུས་པས་གདམས་པ་ཐམས་ཅད་རྫོགས་པར་གནང་སྟེ་འོད་སྐུར་གཤེགས་པ་ལ་སྨྲེ་སྔགས་བཏོན་པས་རིན་པོ་ཆེའི་གའུ་ནས་འདས་རྗེས་བབས་སོ། །དེ་ནས་བི་མ་ལ་ཉིད་རྒྱ་གར་ཤར་ཕྱོགས་ཀ་མ་རུ་བའི་རྒྱལ་པོ་སེང་གེ་བཟང་པོའི་མཆོད་གནས་སུ་ཉིན་པར་བཞུགས་ཤིང་། མཚན་མོ་དུར་ཁྲོད་དུ་མཁའ་འགྲོ་མ་ལ་ཆོས་བསྟན་པ་ལས། སྤྲུལ་པ་ཞིག་རྒྱ་གར་ནུབ་ཕྱོགས་སུ་བྷི་དྱའི་གྲོང་ཁྱེར་དུ་རྒྱལ་པོ་དྷརྨ་ཕ་ལའི་མཆོད་གནས་མཛད་ཅིང་། མཚན་མོ་དེ་ལས་འདས་པའི་དཔག་ཚད་ལྔ་བརྒྱ་འདས་པའི་བྱང་ཕྱོགས་ན་དུར་ཁྲོད་རབ་ཏུ་སྣང་བྱེད་ཅེས་བྱ་བར་མཁའ་འགྲོ་མ་རྣམས་ལ་མཆོད་གནས་གྲོང་ཁྱེར་སེར་སྐྱར་རྒྱལ་པོ་ཨིན་ཏྲ་བྷུ་ཏི་ཆུང་བའི་མཆོད་གནས་ཀྱང་མཛད་དོ། །སྐབས་དེར་བོད་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། དཔལ་བསམ་ཡས་བཞེངས་ཤིང་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་པའི་དུས་ཐང་ཡིག་ལྟ་ན་བཻ་རོའི་ལུང་བསྟན་དང་། གཞན་དུ་རྒྱལ་པོའི་མཆོད་གནས་ཉང་ཏིང་འཛིན་བཟང་པོ་ཞེས་བྱ་བ་ཤའི་སྤྱན་གྱིས་གླིང་བཞི་དུས་གཅིག་ཏུ་གཟིགས་པ་དེས་འགྲོས་པ་ལྟར། རྒྱལ་པོས་སྐ་ཅོག་རྨ་གསུམ་ལ་གསེར་ཕྱེ་དང་གསེར་གྱི་པ་ཏྲ་མང་པོ་བསྐུར་ཏེ་བརྫངས་པ་རྒྱ་གར་གྲོང་ཁྱེར་སེར་སྐྱ་སླེབ་སྟེ་རྒྱལ་པོ་ལ་སྐྱེས་ཕུལ་ཞིང་བི་མ་ལ་རྫངས་བར་ཞུས་པར་པཎ་ཆེན་ལྔ་བརྒྱའི་དབུས་ནས་བི་མ་ལ་བཞེངས་ཏེ། ག་ག་པ་རེ་ཞེས་གསུངས་པ་དང་། ཐང་ཡིག་ཏུ་མ་ནུ་དུ་རུ་ཀྲོ་ཧེ་ཞེས་གསུངས་པར་བཞེད། སྒྲ་དེ་ལ་ལོ་ཙཱ་བ་གསུམ་པོར་གོ་ལུགས་མི་འདྲ་བ་རེ་བྱུང་སྟེ། སྐ་བ་དཔལ་བརྩེགས་ཀྱི་གོ་ལུགས་ལ། གྲུ་བོ་དག་ལ་བརྟེན་པའི་མི། མཉན་པའི་སྐྱ་བས་རྩོལ་ཕོད་ན་མི་ཡི་རྒྱ་མཚོའི་ཕ་རོལ་སྒྲོལ། ཞེས་དང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས། གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུའི་མཐེབ་མོས་རྩོལ་ཕོད་ན། །མདའ་ཡིས་འབེན་ལ་སྐྱོལ་བར་ནུས། །ཞེས་དང་། རྨ་རིན་ཆེན་མཆོག་གིས། རྒྱལ་པོ་ཁྱོད་ཀྱིས་གཏོང་ཕོད་ན། །ལུས་ཀྱི་བུམ་པ་གང་འདྲིལ་བར། །སེམས་ཀྱི་ཆུ་བོ་དེ་རུ་འབོ། །ཞེས་པར་གོ། །ཚིགས་བཅད་རྗེས་མ་འདི་ཐང་ཡིག་ཏུ། ཡོན་ཏན་དག་ལ་བརྟེན་པའི་མི། །རང་ཡུལ་མིན་པའི་ས་ཕྱོགས་སུ། །ལུས་ཀྱི་བུམ་པ་སོགས་སྔར་ལྟར་གསུངས། དེ་ནས་བོད་དུ་བྱོན་པས་རྒྱ་གར་གྱི་ལྟས་མཁན་རྣམས་ལ་ཉི་མ་བོད་དུ་ནུབ་པ་དང་། རྩི་ཤིང་ནགས་ཚལ་ཐམས་ཅད་བོད་དུ་མགོ་དུད་པ་སོགས་བྱུང་ངོ་། །བོད་དུ་བྱོན་པའི་ལོ་རྒྱུས་གཞན་ཐང་ཡིག་ཏུ་བལྟ་ལ། འདིར་རྫོགས་ཆེན་སྙིང་ཐིག་གི་ལུགས་སུ་བྱས་ནས། དེ་ལྟར་བི་མ་ལ་བོད་དུ་བྱོན་ནས་མངའ་བདག་རྗེ་འབངས་ཀྱིས་བསུས་ཏེ་བསམ་ཡས་སུ་ཕྱག་ཕེབས། རིན་པོ་ཆེ་སེང་གེའི་ཁྲི་སུམ་བརྩེགས་ལ་བཞུགས་དུས། ༀ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་གསུངས་པས། ཐམས་ཅད་ཀྱི་མཐོང་བར་ནམ་མཁར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་པ་ལ་ཐམས་ཅད་ངོ་མཚར་སྐྱེས་ནས་མཆོད་བསྟོད་བྱས། ཆོས་བསྒྱུར་ཞིང་གསུངས་བར་ཞུས་པས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་ལ་སོགས་ཏེ་གསང་སྔགས་ཕྱི་ནང་མཚན་ཉིད་ཀྱི་ཐེག་པ་དང་བཅས་མང་པོ་བསྒྱུར་ཞིང་གསུངས། མཚན་མོ་དབུ་རྩེ་བར་ཁང་དུ་གསང་བ་མཆོག་གི་མན་ངག་རྣམས་རྒྱལ་པོ་ཡབ་སྲས། ཉང་ཏིང་འཛིན་བཟང་པོ། སྐ་ཅོག་སྟེ་ལྔ་ལ་གསུངས། ཀུན་མཁྱེན་ཀློང་ཆེན་ཞབས་རྨ་རིན་ཆེན་མཆོག་དེ་དུས་འདས་པར་བཞེད་ཀྱང་། སྒྱུ་འཕྲུལ་གསང་བའི་སྙིང་པོའི་ཁོག་དབུབ་སོགས་སྤྱི་ལྟར་ན་སྒྱུ་འཕྲུལ་སྡེ་བརྒྱད། བཤད་རྒྱུད་སྡེ་བཞི་སོགས་རྨ་རིན་ཆེན་མཆོག་ཁོ་ནས་བསྒྱུར་བར་བཞེད་ཅིང་། སེ་སྟོན་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་གསང་སྙིང་བླ་བརྒྱུད་གསོལ་འདེབས་ཀྱི་འགྲེལ་པར། རྨ་རིན་ཆེན་མཆོག་གིས་བི་མ་ལའི་ལོ་ཙཱ་མཛད་དེ་སྒྱུ་འཕྲུལ་སྡེ་བརྒྱད་བཤད་རྒྱུད་སྡེ་བཞི་བཅས་པ་ནོས་ཤིང་བསྒྱུར་ཏེ་སྤེལ། རྒྱུད་ལ་བཤད་ཐབས་བཅུ་བ། མན་ངག་ཤེས་རབ་སྤྱན་འབྱེད་ཀྱི་འགྲེལ་པ་ལ་སོགས་པ་ཡང་མཛད་ཅེས་གསུངས་པས་ན། མ་ཧཱ་ཡོ་གའི་ལོ་ཙཱ་ཕལ་ཆེར་རྨ་རིན་ཆེན་མཆོག་ཡིན་པར་འདོད། དེ་ནས་བི་མ་ལས་བསམ་ཡས་སུ་ཡུན་རིང་པོར་བཞུགས་ནས་དམ་ཆོས་མང་དུ་བསྒྱུར། ལོ་ཆེན་བཻ་རོ་སོགས་རྗེས་སུ་བཟུང་། རྫོགས་ཆེན་མན་ངག་གི་སྐོར་ཅིག་ཏུ་བསྡུས་པའི་ཟབ་མོའི་པོ་ཏི་བཞི་མཆིམས་ཕུའི་བྲག་དམར་དགེ་གོང་དུ་སྦས་ཏེ་རྒྱ་ནག་རི་བོ་རྩེ་ལྔར་གཤེགས་ཤིང་བསྐལ་པ་མ་ཞིག་གི་བར་དུ་བཞུགས་ལ། མི་ལོ་བརྒྱ་རེ་ནས་སྤྲུལ་པ་རེ་ཡང་འབྱོན་ཞེས་གྲགས་སོ། །མདོ་དབང་གཏད་རྒྱའི་དཀྱུས་ལ། དེ་ལྟར་སློབ་དཔོན་བི་མ་ལས། ལོ་ཙཱ་བ་བཻ་རོ་ཙ་ན་དང་གཙང་སྔོན་ལེགས་གྲུབ་ལ་རྡ་ཧེ་ནའི་གཙུག་ལག་ཁང་དུ་གསུངས་ཤིང་། གསེར་ཕྱེ་བ་མེན་གྱི་རྭ་དོ་དང་གསེར་གྱི་པ་ཏྲ་བརྒྱ་ཕུལ། གསང་མཚན་རྡོ་རྗེ་ཁྱུང་གཤོག་རྩལ་ཏེ་དགུང་ལོ་བརྒྱད་ཅུར་བཞུགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེས་རྒྱལ་པོ་གཡུ་སྒྲ་སྙིང་པོ་དང་རྒྱལ་མོ་གྲུ་གཉིས་ལ་རྒྱལ་མོ་ཚ་བ་རོང་གི་བྲག་ལྷ་མགོན་པོར་གསུངས་ཤིང་། རང་གི་རྒྱལ་སྲིད་ཕུལ་གསང་མཚན་རྡོ་རྗེ་བདེ་འབྱམས་རྩལ་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་བརྗོད་པའི་ཤུགས་ལས་གཡུ་སྒྲ་སྙིང་པོའི་རྣམ་ཐར་ཡང་ཤེས་པར་འགྱུར་བས། དེས་ན་ལོ་ཙཱ་བ་ཆེན་པོ་བཻ་རོའི་རྣམ་ཐར་ཟུར་ཙམ་བརྗོད་པའི་དབང་དུ་བགྱིས་ན། ཐང་ཡིག་ལས། སློབ་དཔོན་ཆེན་པོ་པདྨས་ལུང་བསྟན་ཚུལ་འདི་ལྟར་གསུངས་ཏེ། གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ཡི། །གནས་གཞི་ཞིག་གི་བྲང་ཁང་མིག་དགུ་ན། །ཕ་མིང་སྤ་གོར་ཧེ་འདོད་བྱ་བ་ལ། །མ་མིང་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་བུ། །གན་ཇག་ཐང་ཏ་ཞེས་པ་ལོ་བརྒྱད་པ། །ཞེས་གསུངས་པ་དང་མཐུན་པར་སྙན་བརྒྱུད་རྡོར་ཟམ་ལས་ཀྱང་འབྱུང་ཞིང་། སྙེ་མོ་ནས་བཀུག་སྟེ་བསམ་ཡས་སུ་བྱོན་ནས་སྒྲ་བསླབས་ཚུལ་གྱི་བར་ཐང་ཡིག་དང་འདྲ་བས་གྲགས་ཆེ་བའི་ཕྱིར་མ་བཀོད་ལ། འདིར་འདྲ་འབག་ལྟར་ན་དཀའ་བ་བཅུ་དྲུག་སྤྱད་ཚུལ་གྱི་དབང་དུ་བྱས་ཏེ་ཅུང་ཟད་བཤད་ན། ཡུམ་ཉང་ཆབ་དང་གཙང་ཆབ་འཛོམ་པའི་འགྲམ་དུ་ཡབ་སྤ་གོར་གན་ཇག་རྡོ་རྗེ་རྒྱལ་པོ་དང་། ཡུམ་སྒྲོན་གཟའ་སྒྲོན་སྐྱིད་ཀྱི་བུ་གན་ཇག་ཐང་ཏ་ཞེས་བྱ་བར་འཁྲུངས་ཤིང་། འཁྲུངས་ཡུལ་ཡང་གཙང་བསམ་གྲུབ་རྩེའི་ཆུ་ཤར་ཁ་ཟངས་ཀར་ཟེར་བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐད་དུ་འཁྲུངས་པའི་རྒྱུ་མཚན་བཻ་རོ་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རྡོ་ལ་གསལ་བ་ཡོད་དོ་ཞེས་མཁས་པ་རྣམས་གསུངས་སོ། །ཐང་ཡིག་ནས་གསུངས་པའི་སྤ་གོར་ཧེ་འདོད་ཨ་ཁུ་ཡིན་པས་ཡབ་འདས་རྗེས་ཨ་ཁུས་བསྐྱངས་ཏེ་སྙེ་མོ་བྱེ་མཁར་དུ་ཡུལ་འཕོས་སམ་ཡང་ཟེར། གང་ལྟར་ཡང་ཡུལ་དེར་འཁྲུངས་ནས་དགུང་ལོ་བརྒྱད་ལོན་པའི་སྐབས་སུ་ནག་མོ་རིའང་བྲག་པོ་ཆེ་གཉིས་སུ་ཉི་ཟེར་ལ་ཞོན་ནས་ཕར་འགྲོ་ཚུར་འགྲོ་མཛད་པ་དང་། སྒྲ་བསྒྱུར་སུམ་བརྒྱ་དྲུག་ཅུ་མ་བསླབས་པར་ཤེས་པ་སོགས་སྤྲུལ་སྐུའི་རྟགས་ངོ་མཚར་ཅན་སྟོན་པར་མཛད་དེ་ལོ་བརྒྱད་པར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྤྱན་སྔར་བོས་ཏེ། ལོ་དགུ་ནས་ཕྱི་ནང་གི་བློན་པོ་ལོ་གསུམ་བྱས། བཅུ་གཉིས་ནས་རྗེའི་གསོལ་ཀ་བ་ལོ་གསུམ་བྱས། ཞེས་འདྲ་འབག་ལས་འབྱུང་། ཐང་ཡིག་ལྟར་ན། མཁན་སློབ་གཉིས་ཀྱི་དྲུང་དུ་བཞུགས་སུ་བཅུག །ལོ་བདུན་བར་དུ་དཀར་གསུམ་མངར་གསུམ་བྱིན། །ཤེས་རབ་བསྐྱེད་ཐབས་བློ་འཕེལ་གཟུངས་བསྒྲུབ་བཅུག །དེ་ནས་ལོ་ཙཱ་སྒྲ་རྣམས་མཁས་པར་བསླབས། །ཞེས་པ་དགུང་ལོ་བརྒྱད་ནས་བཅོ་ལྔའི་བར་གྱིས་གུང་འགྲིག་པས་མི་འགལ། གཞན་ཡང་ཐང་ཡིག་ལས། ཁྲུས་ཁང་གླིང་དུ་མཁན་པོ་གདན་དྲངས་ནས། །ཞེས་དང་། མཁས་པ་བཻ་རོ་ཙཱ་ན་རབ་ཏུ་བྱུང་། །ཞེས་གསུངས་པས། སད་མི་བདུན་ནང་ཚན་མཁན་པོ་ལས་རབ་ཏུ་བྱུང་བའི་དགེ་སློང་རྣམ་པར་དག་པ་ཡིན་ནོ། །དེར་རྒྱལ་པོས་བློན་འབངས་མཁས་བཙུན་ཐམས་ཅད་བསགས་ཏེ། རྒྱུ་འབྲས་ཀྱི་ཆོས་བོད་དུ་རྫོགས་ཀྱང་རྒྱུ་འབྲས་ལས་འདས་པའི་ཆོས་ཤིག་རྒྱ་གར་ན་ཡོད་འདུག་པས་འཚོལ་དུ་གཏོང་དགོས་ཞེས་འགྲོས་པར་གན་ཇག་ཐང་ཏ་དང་གཙང་སྔོན་ལེགས་གྲུབ་གཉིས་ཚོགས་པའི་གསེབ་ནས་ལངས་ཏེ། རྗེས་བཀའ་སྩོལ་ཞིག་བདག་འགྲོའི་ཞེས་ཁས་བླངས་སོ། །དེ་ཡང་ཕ་མ་ཡུལ་ཞིང་གཉེན་འདུན་ཐམས་ཅད་སྤངས་ཏེ་མཐའི་ཡུལ་སྐད་རིགས་མི་མཐུན་པ། གཅན་འཕྲང་པ་ལ་སོགས་པ་འཇིགས་པ་ཤིན་ཏུ་ཆེ་བས་ཁས་ལེན་པར་དཀའ་བས་ན་དཀའ་བ་བཅུ་དྲུག་གི་དང་པོའོ། །དེར་མངའ་བདག་གི་བཻ་རོ་དང་ལེགས་གྲུབ་གཉིས་བློ་དང་ལྡན་པས་དོན་འགྲུབ་པར་མཁྱེན་ནས། ཁྱེའུ་གཉིས་ལ་གསེར་གྱི་པ་ཏྲ་ཟུང་འགའ་ནི་འགོ་ལ་སྦས། སྙན་བརྒྱུད་རྡོར་ཟམ་དུ་གསེར་གྱི་པ་ཏྲ་ཐོད་པའི་དབྱིབས་སུ་བྱས་ཏེ་མགོ་ལ་གཡོགས་པ་དང་། མཐར་རྒྱ་གར་དུ་ཤྲཱི་སེང་ཧ་ལ་ཕུལ་ཚུལ་སོགས་བཤད་པས་གསེར་གྱི་པ་ཏྲ་མགོ་ལ་སྦས་ཟེར་བ་དེ་ཡིན་པར་སྣང་། གསེར་གྱི་པ་ཏྲ་དང་ཐུར་མ་དང་ལུ་གུ་རྒྱུད་འགའ་ནི་དུག་པོའི་གསེབ་ཏུ་སྦས། གསེར་ཕྱེ་བ་མན་གྱི་རྭ་དོ་དང་གསེར་ཐུམས་རྟ་མཚའ་ལུ་བྱ་གདོང་ལ་བཀལ། ལུས་ཆས་མི་འདྲ་བ་དང་གཅན་གཟན་གྱི་སྡེར་མོ་སོགས་དགོས་ཆ་ཐམས་ཅད་རྟ་ལ་བཀལ་ཏེ་འགྲོ་བར་ཆས་སོ། །དེ་སྐབས་ཨ་ཁུ་པ་གོར་ཧེ་འདོད་ཀྱིས་མདུན་མ་ཆེན་པོ་བསགས་ནས་རྒྱལ་པོ་སྤྱན་དྲངས་ཏེ་གན་ཇག་ཐང་ཏ་རྒྱ་གར་དུ་མི་འགྲོ་བར་ཞུས་ཀྱང་མ་གནང་བས། གན་ཇག་རང་ལ་རྒྱུ་མཚན་དུ་མའི་སྒོ་ནས་བསྙད་ཀྱང་ངོ་མཚར་བའི་མགུར་གསུངས་ཏེ་ཨ་ཁུ་ཁོ་ཐག་ཆོད་ཅིང་ཡིད་ཆེས་ནས་བུ་རང་གང་དགྱེས་མཛོད་ཟེར་རོ། །དེ་ལྟར་དགུང་ལོ་བཅོ་ལྔ་སྟག་ལོ་དཔྱིད་ཟླ་ར་བའི་ལོ་གསར་གྱི་ཚེས་གསུམ་ལ་གྲོགས་པོ་ལེགས་གྲུབ་རྟ་དང་བཅས་ལམ་བགྲོད་དཀའ་བ་ཤུལ་ཐག་རིང་པོར་ལམ་མཁན་ཀྱང་མེད་པར་འགྲོ་བ་ཤིན་ཏུ་དཀའ་བས་ན་འགྲོ་བར་ཆས་པ་དཀའ་བས་དཀའ་བ་གཉིས་པའོ། །དེ་ནས་ཆས་པའི་ནུབ་རྟ་མགྲིན་གླིང་དུ་གཟིམས་པའི་ནུབ་ཡ་མཚན་ཅན་གྱི་ལྟས་བཞི་བྱུང་བ་གྲོགས་པོ་ལེགས་གྲུབ་ལ་རྨི་ལམ་མགུར་དུ་བཟླས་པ། ལེགས་གྲུབ་རིགས་པ་དང་ལྡན་པས་རྨི་ལམ་གྱི་བརྡ་འགྲེལ་མགུར་ལན་གསུམ་གསུངས་ཏེ་མྱུར་དུ་གཤེགས་པར་བསྐུལ་ལོ། །དེ་ནས་རྒྱ་གར་དུ་བྱོན་པའི་ལམ། དཀར་ལའི་ཐོག་ཏུ་ཁ་བ་ཆེན་པོ་བྱུང་ནས་ཞག་གསུམ་གཟིམས་པས་ཐོ་རེང་བཻ་རོ་ངོ་མཚར་ཅན་གྱི་ལྟས་བཻ་རོ་རང་གི་སྐུ་ཚེ་དེའི་རྣམ་ཐར་ཚང་བར་བྱུང་སྟེ་ལེགས་གྲུབ་ལ་མགུར་དུ་གསུངས་པ། ཡང་དག་དོན་ལ་དགོངས་པའི་གྲོགས་པོ་ཁྱོད། །བཞེངས་ཤིག་བཞེངས་ཤིག་གྲོགས་པོ་ཡར་བཞེངས་དང་། །ཐུམ་ཞིག་ལོག་པའི་རྨི་ལམ་འདི་ལྟར་རྨིས། །ནུབ་ནས་བོད་དུ་ཉི་ཟླ་གཉིས་ཤར་བས། །ཟླ་བ་ནམ་མཁའི་དཀྱིལ་དུ་ནུབ་པ་རྨིས། །ཉི་མ་ཧས་པོ་རི་ལ་གསལ་བྱས་ནས། །དེ་ནས་ཚ་བའི་རོང་དུ་ཤར་བ་རྨིས། །དེ་ནས་ཉི་མ་བོད་དུ་གསལ་བ་རྨིས། །རྟིང་ནས་ཉི་མ་འོད་དུ་གསལ་བ་ལ། །བདག་གི་ཕུང་པོ་མ་ལུས་བསྲེགས་ནས་ནི། །ཉི་མ་བོད་དུ་གསལ་ཞིང་གནས་པ་རྨིས། །གྲོགས་པོ་རྨི་ལམ་དོན་དེ་ཇི་ལྟར་ལགས། །གསུངས་པ་ལ། ལེགས་གྲུབ་ཀྱི་བརྡ་འགྲོལ་བཤད་པས། ནུབ་ནས་བོད་དུ་ཉི་ཟླ་གཉིས་ཤར་བ། །འོ་སྐོལ་གྲོགས་པོ་སྤུན་གཉིས་ཡིན་པར་ངེས། །ཟླ་བ་ནམ་མཁའི་དཀྱིལ་དུ་ནུབ་པ་དེ། །དང་པོ་ལེགས་གྲུབ་ལམ་ཁར་འགུམ་པའི་རྟགས། །ཉི་མ་ཕྱིས་ཤར་ཧས་པོ་རི་གསལ་བ། །རྒྱལ་པོའི་ཐུགས་ལ་མན་ངག་འཆར་བའི་རྟགས། །དེ་ནས་ཚ་བ་རོང་དུ་ཤར་བ་དེ། །བཻ་རོ་ལན་གཅིག་ཚ་བ་རོང་དུ་སྤྱུགས། །ཚ་བའི་རོང་དུ་བསྟན་པ་དར་བའི་རྟགས། །ཡང་གཅིག་བོད་དུ་འོད་དང་ཉི་ཤར་བ། །འོད་ཟེར་སྤྲུལ་པ་བོད་དུ་བྱོན་པའི་རྟགས། །ཉི་མ་བཻ་རོ་བོད་དུ་བྱོན་ནས་ནི། །རྩོལ་མེད་བསྟན་པ་བོད་དུ་དར་བའི་རྟགས། །ཉི་མས་བཻ་རོའི་ལུས་དང་ཁུར་བསྲེགས་པ། །ཉོན་མོངས་བག་ཆགས་ཐམས་ཅད་བསྲེགས་བྱས་ནས། །ཚེ་འདིར་རྩོལ་མེད་མངོན་འཚང་རྒྱ་བའི་རྟགས། །རྨི་ལམ་བཟང་བས་ད་ནི་མྱུར་དུ་གཤེགས། །ཞེས་བསྐུལ་ལོ། །དེ་ནས་ལམ་ཁ་བས་འགགས་ཏེ་མཐར་ཡང་། བཻ་རོས་རྟའི་ཁ་འཐུར་བཟུང་སྟེ་མཁར་བས་ཁ་བ་བཤགས་ཤིང་ལམ་བཙལ། ལེགས་གྲུབ་ཀྱི་རྟའི་མཇུག་མ་ནས་འཇུས་ཏེ་གོམ་གང་འབྲུལ་ན་འཆི་བའི་ལམ་རྒྱང་གྲགས་རེ་ལ་ནམ་ལངས་ས་རུབ་བར་དུ་འགོར་བའི་ལམ་ལ་དེ་ཤི་དེ་ཆད་ཀྱི་དཀའ་བ་གསུམ་པའོ། །དེ་ནས་ལམ་གཟུར་ཡང་བལ་ཡུལ་ཚ་བའི་རོང་དུ་མི་འདུག་པའི་དབང་མེད་དེ་ཞག་གཅིག་བཞུགས་པས། གནོད་སྦྱིན་གཏུམ་པོ་ཞེས་བྱ་བ་མི་ཤ་རློན་པར་ཟ་བས་ཆོ་འཕྲུལ་སྣ་ཚོགས་བསྟན་པ་ཞི་བའི་བདེན་ཚིག་བརྗོད་ཀྱང་མ་ཉན་ཏེ་ཆོ་འཕྲུལ་མ་ཞི་བ་རྫུ་འཕྲུལ་གྱིས་དབང་དུ་བསྡུས་ཤིང་དམ་ལ་བཏགས་ཏེ་བར་ཆོད་ཐར་བར་དཀའ་བ་ལས་ཐར་བ་ནི་དཀའ་བ་བ ཞི་པའོ། །དེ་ནས་བལ་ཡུལ་ནས་ཕར་འགྲོ་བའི་ལམ་དུ་རྟ་དང་གསེར་ལ་ཇག་པ་བྱུང་གི་དོགས་ནས་མཚན་འགྲོས་མཛད་པ་ལ་ཁ་བ་བྱུང་སྟེ་རྗེས་མི་མངོན་པའི་ཐབས་སུ་རྟ་སླངས་ས་ལ་མི་འབྲུལ་བའི་ཕྱིར་རྟ་འཕོངས་ལ་རས་ཀྱི་སྒྱེ་ཆུང་བཏགས། བཻ་རོ་དང་ལེགས་གྲུབ་གཉིས་ཀྱི་ཕྱག་ཞབས་བཞིར་གཅན་གཟན་གྱི་སྡེར་མོ་གྱོན་ནས་སྒུར་འགྲོས་ཀྱི་རྟའི་སྔོན་མཇུག་བྱས་ཏེ་བྱོན་ནས་ལེགས་གྲུབ་ཀྱིས་རྟ་རྗེས་བསུབ་ཀྱིས་ཕྱིན་ཏེ། རྗེས་སྦ་བར་དཀའ་བ་ཁ་བ་ལ་རྗེས་སྦས་ཏེ་ཐར་བར་དཀའ་བ་ཇག་པ་ལས་ཐར་བའི་དཀའ་བ་ལྔ་པའོ། །དེ་ནས་རྒྱ་བལ་གྱི་མཚམས་བྲག་རི་སྨུག་པོར། རྐང་ཕྲན་དང་གཅན་གཟན་གདུག་པ་ཅན་མི་ཤ་དངོས་སུ་ཟ་བ་ལས་ཐར་བ་ནི་དཀའ་བ་དྲུག་པའོ། །དེ་ནས་རྒྱ་གར་དུ་སླེབ་སྟེ་ཆུ་ཤིང་གི་འཕྲང་དམ་པ་གཟུར་ས་མེད་པར་འཕྲང་སྲུང་གི་བཟུང་སྟེ་རྟ་དང་གསེར་ཕྲོགས་པ་ལས། བཻ་རོས་ཟ་མ་རྟོག་གི་ནང་དུ་ལྕགས་ཀྱི་སྤུ་གྲིར་སྤྲུལ་པས་འཕྲང་སྲུང་ངོ་མཚར་སྐྱེས་ཏེ། རྫུ་འཕྲུལ་ཅན་འདི་ཞོག་ལ་ཟླ་བོ་འདི་གསོད་ཟེར་བ་ལ། ལེགས་གྲུབ་མཐིའི་མོན་པ་སྤྱི་ཟླུམ་ཞིག་ཏུ་སྤྲུལ་ཏེ་འཕྲང་སྲུང་ལ་མགུར་གསུངས་ཤིང་། གསེར་ཕྱེ་ཁྱོར་གང་བྱིན་པས་འཕྲང་སྲུང་དགའ་ནས་ལམ་རྒྱུས་བསྟན་ཏེ་འཕྲང་སྲུང་ལས་ཐར་བའི་དཀའ་བ་བདུན་པའོ། །དེ་ནས་ཡང་རྔ་མོའི་གདོང་བགེགས་ཞེས་བྱ་བའི་འཕྲང་ལ་ཕྱིན་པས་འཕྲང་སྲུང་བ་དང་ཕྲད་དེ། འོ་མའི་རལ་གྲི་རྒྱབ་བྱུང་བ་ལ་གསེར་གྱི་པ་ཏྲ་མགོ་ལ་གྱོན་ཞིང་སྐེད་ལ་དཀྲིས་པས་མ་ཕེད། ཞི་བས་བཀྲོལ་ཞིང་བརྔན་པ་བྱིན་པས་ཀྱང་རལ་གྲི་བརྡེག་ཏུ་བྱུང་བ་རྫུ་འཕྲུལ་གྱིས་ཐར་བ་ནི་དཀའ་བ་བརྒྱད་པའོ། །ཡང་ཆུ་ཤིང་གི་འཕྲང་འཇིགས་ཤིང་གི་བུང་བའི་སར་རྟ་མཚའ་ལུ་བྱ་གདོང་བཻ་རོ་དང་ལེགས་གྲུབ་ལ་ལྟ་ཞིང་མཆི་མ་ཕྱུངས་ཏེ་ཤི་བ་ལ་ཁོང་གཉིས་ཀྱིས་ཀྱང་བཤུམས་སོ། །དེའི་ཚེ་རྟ་རོའི་དྲི་མ་ལ་ཅེ་སྤྱང་དང་གཅན་གཟན་དུར་བྱ་ཀང་ཀ་མཆུ་རིང་མང་པོ་བྱུང་སྟེ་རྟ་རོ་ཡང་ཟོས། ཁོང་གཉིས་ཟར་བྱུང་བས་གསེར་ལ་སྦས་ཏེ་བྲོས་སོ། །དེ་ལྟ་བུའི་ཐར་བར་དཀའ་བ་ལས་སྲོག་ཐར་བ་ནི་དཀའ་བ་དགུ་པའོ། །དེ་ནས་མ་ག་རྡར་འཇིགས་པའི་དཔྱ་འཕྲང་ཆེན་པོ་གཟུར་ས་མེད་པ་ལ་མི་འགྲོ་བའི་དབང་མེད་ནས་གསེར་སྦས་ཏེ་ཕྱིན་པས། ཡང་འཕྲང་སྲུང་བ་དང་འཕྲད་དེ་གསེར་ཡོད་ཟེར་བརྡུངས་ཤིང་ན་བཟའ་རྣམས་བཤུས་པས་ཀྱང་གསེར་མ་རྙེད་ནས། ཉ་སྲུལ་རྣམས་ཀྱང་བཤགས་ཏེ་གསེར་བཙལ་བས་ཟླ་བ་ཕྱེད་དུ་བསྙུན་ཞིང་དོ་ཤི་དོ་ཆད་ཀྱི་དཀའ་བ་བཅུ་པའོ། །དེ་ནས་འཕྲང་སྲུང་བ་གསེར་མེད་པ་ཁོ་ཐག་ཆོད་དེ་ལོག་པ་དང་། གསེར་བཏོན་ཏེ་དྲི་ཤའི་ཡུལ་དུ་ཕྱིན་གསེར་རྣམས་སྦས་ཏེ་གྲོང་ཁྱེར་དུ་ལམ་དང་བརྒྱགས་འཚོལ་བར་བྱོན་པས། མཐའི་རྟོག་ཅན་པ་བྱུང་ངོ་ཟེར་ནས། བརྡུངས་ཤིང་སྦྲུལ་དང་སྦལ་པའི་དོང་དུ་ཞག་བདུན་དུ་སྐྱུར་རོ། །དེར་ཞག་གཅིག་ནས་འཆི་བ་ལ་ཞག་བདུན་དུ་མ་ཤི་བ་ངོ་མཚར་ནས་བཏོན་ཏེ་ཤི་བ་ལས་ཐར་བའི་དཀའ་བ་བཅུ་གཅིག་པའོ། །ཡང་གསེར་བཏོན་ཏེ་ཁུར་ནས་ཕྱིན་པས་རྒྱ་གར་བསུ་ཏའི་གླིང་དུ་ཕྱིན་པས། སྟག་དོམ་སྦྲུལ་སོགས་གདུག་པ་ཅན་གྱི་གླིང་དུ་དོ་ཤི་དོ་ཆད་བྱས་པ་ལས་ཐར་ནས་བི་བི་རོའི་ཚལ་དུ་སླེབ་སྟེ། གསེར་སྦས་ནས་རྒྱལ་པོའི་ཕོ་བྲང་དུ་བཟའ་སློང་བར་བྱོན་པས་རྒྱལ་པོ་ཁྲོས་ཏེ་ཞག་དྲུག་ཏུ་ཟས་མ་སྦྱིན་པར་དོང་དུ་བཅུག་པས། སྣ་ཞོམ་ཞིང་ལུས་རིད་པར་གྱུར་ཏེ་གཅན་ཟན། དུག་སྦྲུལ། རྒྱལ་པོའི་ཆད་པ་ལས་ཐར་བའི་དཀའ་བ་བཅུ་གཉིས་པའོ། །དེ་ནས་གསེར་བཏོན་ཏེ་མ་ག་དྷའི་ཡུལ་དུ་སླེབས་ནས་མུ་ཟའི་མཚོ་ལས་སྒྲོལ་མཁན་མེད་པར་རས་དང་དབྱུག་པ་ལས་གྲུ་བྱས་ཏེ་ཕྱིན་དོ་ཤི་དོ་ཆད་ལ་ཕ་གར་ཐོན་པའི་དཀའ་བ་བཅུ་གསུམ་པའོ། །དེ་ནས་རྒྱ་གར་ཨ་བ་དྷུ་ཏིའི་གླིང་དུ་བྱོན་པས་མོན་པ་འཇིགས་སུ་རུང་བ་རྣམས་ཀྱིས་དབྱུག་པ་མ་ཆག་གི་བར་དུ་བརྡུངས་ཏེ་དོ་ཤི་དོ་ཆད་ལས་ཐར་བའི་དཀའ་བ་བཅུ་བཞི་པའོ། །དེ་ནས་རྒྱ་གར་ཨཱཏྱ་ཕ་ལོའི་གླིང་དུ་ཕྱིན་པས་བསེ་ལྕགས་ཀྱི་འབག་དང་སྦྲུལ་འབག་མང་པོས་བསྡིགས་ཤིང་མཐོང་བ་ཙམ་གྱིས་དངངས་ཤིང་འཆི་ལ་ཐུག་པ་དང། ཡང་ཀྲྀ་ལི་ཀྲྀཤྞའི་ཡུལ་དུ་ཕྱིན་པས་དུག་སྦྲུལ་མང་པོ་ལུས་ལ་འཁྲིལ་ཞིང་འདོགས་ཏེ་ཤིན་ཏུ་ཉམས་ཐག་པའི་སྡུག་བསྔལ་ལས་ཐར་བ་ནི་དཀའ་བ་བཅོ་ལྔ་པའོ། །དེ་ནས་ཨེ་བྷ་ཀེ་ཤའི་ཡུལ་དུ་བྱོན་པས། བརྡ་སྤྲད་པར་དཀའ་བའི་བུད་མེད་མང་པོས་ཟས་ལ་དུག་སྦྱར་ཏེ་སྦྱིན་པས་དུག་ནད་ཀྱིས་ཟླ་བ་ཕྱེད་ཀྱི་བར་དུ་འགྲོངས་ལ་ཐུག་པའི་སྙུང་གིས་ཟིན་པ་ལས་ཐར་བ་ནི་དཀའ་བ་བཅུ་དྲུག་པའོ། །དེ་ནས་རེ་ཞིག་གསེར་རྣམས་སྦས་ཏེ་རྒྱ་གར་གྱི་མཐིལ་དུ་སླེབས་ནས། ཚོང་འདུས་དང་། གྲོང་ཡུལ་དང་། མགྲོན་ཁང་དང་། ཀུན་དགའ་ར་བ་ལ་སོགས་པར་སྡོམ་བུ་མཛད་ཅིང་ཟླ་བ་དྲུག་གི་བར་དུ་བཞུགས་ནས། མན་ངག་གི་ཆོས་སུ་མཁས། ཆོས་གྲྭའི་མཁན་པོ་སུ་ཡིན། གྲུབ་པ་ཐོབ་པ་སུ་ཡོད་སོགས་དྲིས་པས། སྤྱིར་མཁས་པ་ལ་སོགས་མང་དུ་ཡོད་ཅིང་། སློབ་དཔོན་ཤྲཱི་སེང་ཧ་ཉིད་མཁས་གྲུབ་འཛོམ་པར་ཐམས་ཅད་ཁ་མཐུན་པར་སྒྲོག་པར་ཐོས་སོ། །དེ་ནས་ཟ་ཁ་བྷུ་ཧ་ཞེས་བྱ་བར་རྒྱལ་པོ་ཀུ་མ་ཤ་དུཿཁ་ཞེས་བྱ་བར་དྷ་ཧེ་ནའི་གཙུག་ལག་ཁང་དྲིས་པས་རྒྱལ་པོས་རྨི་ལམ་ཚིགས་བཅད་སྨྲས་ཤིང་མི་སྟོན་པར་སྨྲས་པ་དང་། ལན་དུ་བཻ་རོས་ཀྱང་མགུར་གསུངས་པས་དད་དེ་ཞབས་སྤྱི་བོར་བླངས་ཏེ་ལོ་རྒྱུས་ཞིབ་ཏུ་བཤད་ཅིང་ལམ་རྒྱུས་ཀྱང་བཏང་ངོ་། །དེ་ནས་དྷ་ཧེ་ནའི་རྩར་སླེབ་པའི་ཚེ་གཏམ་དྲིས་པས། སྨད་འཚོང་མ་བདག་ཉིད་མ་དང་དགེ་སློང་ཀུན་དགའ་མོས་ཐིག་ལེ་ཉག་གཅིག་ལ་རྒྱུད་ལུང་མན་ངག་གསུམ་ཕྱེ་སྟེ། རྩོད་པས་པཎྜི་ཏ་རྣམས་འདུས་ཏེ། བོད་དུ་མན་ངག་འཚོར་བའི་ལྟས་སུ་དགོངས་ཏེ་སུས་ཀྱང་མན་ངག་བསྟན་དུ་མེད་ཅིང་། ཐུན་མོང་མ་ཡིན་པའི་རྒྱུད་མན་ངག་རྣམས་པཎ་གྲུབ་རྣམས་ཀྱིས་ཐུགས་ལ་གབ་ཅིང་། ཐུན་མོང་བའི་རྒྱུད་སྡེ་ཆེན་པོ་དྲུག་ཅུ་མན་ངག་དང་བཅས་པ། རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་པཎྜི་ཏ་རྣམས་རྒྱ་ཉིས་སྤྲོད་ཀྱིས་མནན་ནས་སྦས་ཏེ། ལྐོག་ཆོས་སུ་བཤད་ན་རྒྱལ་པོའི་ཆད་པ་ཡོང་ཟེར་བ་ཐོས་པས། བཻ་རོ་དང་ལེགས་གྲུབ་གཉིས་ཞལ་ངོ་ནག་ཏིང་གིས་སོང་ངོ་། །དེར་དྷ་ཧེ་ནའི་སྒོ་དྲུང་དུ་བཞུགས་པས། འཇམ་དཔལ་གྱི་སྤྲུལ་པ་རྒན་མོ་ཞིག་དང་འཕྲད་དེ་དྷ་ཧེ་ནའི་འདུ་ཁང་དང་པོ་དང་བར་པ་གང་ཡིན་དང་། ཤྲཱི་སེང་ཧ་དྲིས་པས། བརྔན་པ་གཏེར་ན་བཤད་ཀྱིས་ཟེར་ཏེ། མཚོ་ཀུ་ཏའི་འགྲམ་དུ་རྒན་མོ་ཁྲིད་གསེར་བརྔན་པར་བྱིན་ནས་དྲིས་པས། རྒན་མོས་ཆུ་ནང་དུ་བཞུགས། ཙན་དན་ལོ་མས་གཏོང་བཀབ། སྨྱུག་མའི་ཨུམ་བྷི་རིང་པོ་ཞིག་ཁར་བསྟད་དེ། དེའི་ནང་ནས་ཚིགས་སུ་བཅད་པའི་ཚུལ་གྱིས། པཎ་གྲུབ་རྣམས་ཀྱི་རྨི་ལྟས་དང་པོ་ལོག་ཚུལ་བཟློ་ཞིང་སྨྲས་ཏེ་དྷ་ཧེ་ནའི་འདུ་ཁང་བར་པའི་སྒོ་རྩར་སྡོད་ལ། བྲམ་ཟེ་མོ་ཤེལ་གྱི་བློ་གྲོས་བྱ་བ་ཞིག་ཆུ་ལེན་དུ་འོང་གིས། དེ་ལ་འཕྲིན་ཐོང་། ངས་སྨྲས་མ་ཟེར་ཞིག་ཟེར་ཏེ་རྒན་མོ་མི་སྣང་བར་སོང་སྐད་དོ། །ཕྱིས་དེ་སུས་སྨྲས་བརྟགས་ཀྱང་མ་ཤེས་སྐད། དེར་རྒན་མོའི་ངག་ལྟར་བྱས་ཏེ་ཆུ་ལེན་མ་ལ་འཕྲིན་ལན་གསུམ་བསྐུར་བར་བརྗེད་ཟེར་ལན་མ་བྱུང་བ་ལ། བཻ་རོས་ཆུ་བུམ་པ་ལ་སྦྱར་བས། བྲམ་ཟེ་མོས་ཀྱང་གསེར་གྱི་གྲི་གུས་བྲང་བཤགས་ཏེ་རྡོར་དབྱིངས་ཀྱི་ལྷ་ཚོགས་བསྟན་པ་ལ་བཻ་རོས་ཕྱག་མཛད་དེ་བྲམ་ཟེ་མོ་ལ་གསེར་གྱི་པ་ཏྲ་དང་གསེར་ཕྱེས་བརྔན་ནས། བརྗེད་ཐོར་ཆུ་བུམ་ནང་དུ་རྡེའུ་བཅུག་ཡིག་འཕྲིན་བསྐུར་ནས་བཏང་ངོ་། །དེ་བྲམ་ཟེ་མོས་ནང་དུ་ཕྱིན་ནས་ཟངས་སུ་ཆུ་བྱོ་བས་རྡེའུ་ཁྲོལ་ཟེར་བ་སློབ་དཔོན་གྱིས་གསན་ཏེ་ཅི་ཡིན་གསུངས་པས། བོད་ཀྱི་བན་དེ་གཉིས་ཀྱི་བརྗེད་ཐོ་ཡིན་ཟེར་ཡིག་འཕྲིན་ཕུལ་ལོ། །སློབ་དཔོན་ཤྲཱི་སེང་ཧས་ཀྱང་དེའི་ལན་བསྐུར་ཞིང་ནམ་གུང་ལ་ཕྲད་དོ་ཞེས་ངག་ལན་ཡང་བསྐུར་རོ། །དེ་ནས་ནམ་གྱི་གུང་ལ་གྲུབ་པའི་སློབ་དཔོན་ཆེན་པོ་ཤྲཱི་སེང་ཧ་དང་མཇལ་ཞིང་ཕྱག་རྟེན་དུ་གསེར་སྲང་སྟོང་ཕུལ་ཞིང་ཕྱག་དང་སྐོར་བ་བྱས་ཏེ་མངའ་བདག་ཁྲི་སྲོང་གི་ལོ་རྒྱུས་རྣམས་ཀྱིས་ཁོག་ཕུབ་སྟེ། སྐྱེ་བ་འདི་ཉིད་ལ་འཚང་རྒྱ་བ་རྩོལ་མེད་ཨ་ཏི་ཡོ་གའི་ཆོས་ཞུ་འཚལ། ཞེས་གསོལ་བ་བཏབ་པས། སློབ་དཔོན་ཤྲཱི་སེང་ཧའི་ཞལ་ནས། སྨད་འཚོང་མ་བདག་ཉིད་མ་དང་དགེ་སློང་མ་ཀུན་དགའ་མོས་བཀའ་བསླད་དེ་བརྩོད་པས་པཎྜི་ཏ་རྣམས་ཀྱིས་བཀའ་བགྲོས་ཏེ་བཀའ་བསླད་པ་རྣམས་མེ་ལ་བསྲེགས་བཀའ་ཐམས་ཅད་བསྡེབས་ཏེ་རྡོ་རྗེ་གདན་དུ་སྦས་ཆོས་རྒྱལ་དང་པཎྜི་ཏའི་རྒྱ་ཉིས་སྤྲོད་དུ་བཏབ་ཡོད་པས་བསྟན་པར་དཀའ། འོན་ཀྱང་རྒྱལ་བའི་བཀའ་མཐའ་འཁོབ་བོད་ཡུལ་དུ་དར་བའི་དུས་ལ་བབ་འདུག་པས་ངས་རྨི་ལམ་བརྟག་གི་གསུངས་ཏེ་མཉམ་པར་བཞག་ནས་བརྟག་པར་མཛད་པར། མཚན་མ་བཟང་། བོད་དུ་རྩོལ་མེད་ཀྱི་བསྟན་པས་ཕན་ཐོག་པར་འདུག་གིས་གསུངས་ནས། ད་ནི་བོད་ལ་བསྐུར་པའི་དུས་ལ་བབས་པས་བསྐུར་ནི་བསྐུར། བསྐུར་ཐབས་ནི་ལེགས་པ་ཞིག་དགོས། མ་ལེགས་ན་རྒྱལ་པོས་ཚོར་ཏེ་འུ་ཅག་གསུམ་གའི་སྲོག་ལ་འོང་། མན་ངག་གི་ཆོས་ཀྱང་རྩད་ནས་མེད་པར་བྱེད། ཁྱོད་གཉིས་སྔོན་ལ་པཎྜི་ཏ་གཞན་ལ་ཡང་རྒྱུ་འབྲས་ཀྱི་ཆོས་རྫོགས་པར་ཉོན་ཅིག །པཎྜི་ཏ་ཕྱི་མ་རྣམས་ལ་ཡང་གསེར་རེ་ཕུལ་ལ་གསང་སྔགས་འབྲས་བུའི་ཆོས་རྫོགས་པར་ཉོན་ཅིག །དེ་ནས་མ་ཚོར་བ་ནམ་གྱི་གུང་ལ་རྩོལ་མེད་རྫོགས་པ་ཆེན་པོའི་ཆོས་བཤད་ཀྱིས་གསུངས། དེ་ནས་ཁོང་གཉིས་ཀྱིས་སློབ་དཔོན་གྱི་བཀའ་བཞིན་དུ་པཎ་ཆེན་ཉེར་ལྔ་སོགས་ལ་རྒྱུ་དང་འབྲས་བུའི་ཆོས་མང་དུ་ཞུས། སྤྲུལ་སྐུ་དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་ཡང་མཇལ་ཏེ། གསེར་ཕྱེ་དང་པ་ཏྲའི་མེ་ཏོག་ཕུལ་ནས་ཕྱག་བཙལ་སྐོར་བ་བྱས་ཞབས་ལ་བཏུགས་དེ་མན་ངག་ཞུས་པས། དབང་བསྐུར་བྱིན་རླབས་མན་ངག་རྣམས་རྫོགས་པར་གནང་ཞིང་སླར་ཡང་ཤྲཱི་སེང་ཧ་ལ་ཞུས་ཤིག་ལུང་བསྟན་ནོ། །དགའ་རབ་རྡོ་རྗེ་སོགས་པཎ་ཆེན་འདི་རྣམས་གྲུབ་པའི་ས་ལ་བཞུགས་ཤིང་ཡེ་ཤེས་ཀྱི་སྐུ་ཅན་ཡིན་པས་ལས་དང་སྐལ་བར་ལྡན་ན་དེང་སང་ཡང་ཞལ་མཇལ་ངེས་པར་གསུངས་ཕྱིར་སྔ་ཕྱི་མི་མཚུངས་སོ་སྙམ་པའི་ངན་རྟོག་མི་བྱའོ། །དེ་ནས་སླར་ཡང་སློབ་དཔོན་ཤྲཱི་སེང་ཧའི་དྲུང་དུ་བྱོན་ཏེ་མན་ངག་གི་ཆོས་རྣམས་ཞུས་པའི་ཚེ་སློབ་དཔོན་ཉིད་གནོད་སྦྱིན་སྐར་མདའ་གདོང་དུ་སྤྲུལ། བཻ་རོ་ཙ་ནས་སེང་གེ་རབ་བརྟན་དུ་བརྫུས། ལེགས་གྲུབ་ངང་པར་བརྫུས་ཏེ་ནམ་གུང་ལ་རྡོ་རྗེ་གདན་ནས་རྒྱ་ཉིས་སྤྲོད་ཀྱིས་སྦས་པའི་མན་ངག་གི་ཆོས་རྣམས་འདོན་པར་བྱོན་ནས། རྒྱ་བཤིག་སྟེ་བཏོན་པས་སྔགས་ཕྱི་ནང་གི་དམ་ཅན་ཆོས་སྐྱོང་ཐམས་ཅད་ཞལ་མངོན་སུམ་དུ་བསྟན་ནས། སློབ་དཔོན་ཤྲཱི་སེང་ཧ་དང་བཻ་རོ་གཉིས་ལ་བསྐོར་བ་དང་ཕྱག་བྱས་ཞབས་སྤྱི་བོས་བླངས་ཏེ། གདམས་ངག་གི་ཆོས་ཀྱི་ཆེ་བ་བརྗོད་ཅིང་གཅེས་སྤྲས་དང་བཀའ་རྒྱ་བསྡོམས་དགོས་པ་སོགས་ཞུ་བ་ཕུལ་ཏེ་མི་སྣང་བར་སོང་ངོ་། །དེ་ནས་བཀའ་བརྒྱུད་མན་ངག་དང་བཅས་པ་ཁྱེར། རྒྱ་བཤིག་པ་རྣམས་སྔར་བཞིན་དུ་རྒྱས་བཏབ་ནས་དྷ་ཧེ་ནའི་འདུ་ཁང་དུ་བྱོན་ནོ། །དེར་པཎ་ཆེན་རྣམས་ཀྱི་རྨི་ལྟས་བར་པ་ལོག་སྟེ་ཐམས་ཅད་ཀྱང་འདུ་ཞིང་འཚོགས་ནས་རྨི་ལམ་བཟློ་ཞིང་པཎྜི་ཏ་རྣམས་ཀྱི་ནང་ནས་སུ་མ་ཚང་དང་། རྡོ་རྗེ་གདན་དུ་སུས་ཕྱིན་དང་དཀོན་གཉེར་སོགས་ལ་མན་ངག་རྒྱས་བཏབ་པའི་རྩར་སུ་བྱུང་ཞེས་དྲིས་པས་ཀྱང་རྩད་མ་ཆོད་ཅིང་། སླར་ཡང་པཎྜི་ཏ་རྣམས་བགྲོས་ནས་རྡོ་རྗེ་གདན་གྱི་མན་ངག་སུས་བླངས་ཀྱང་ཆོས་སྐྱོང་རྒྱལ་པོས་ཆད་པས་གཅོད་པར་བགྲོས་སོ། །དེ་ནས་བཻ་རོ་དང་ལེགས་གྲུབ་གཉིས་ཀྱིས་ཉིན་ལྟར་སྔར་བཞིན་འཇམ་དཔལ་བཤེས་གཉེན་སོགས་པཎྜི་ཏ་ཕྱི་མ་བདུན་པོ་ལ་ཉིན་པར་ཆོས་ཉན་ཅིང་། ནུབ་བཞིན་ཤྲཱི་སེང་ཧ་ལ་རྫོགས་ཆེན་ཉན་ཏེ། དེ་ཡང་སློབ་དཔོན་གྱི་ཁང་པའི་ནང་དུ་བཞུགས་ཏེ་རྡོ་ཆེན་གསུམ་གྱི་ཁར་རྫ་མ་བཞག །རྫ་མ་དེ་དྲྭ་བར་བཅུག །དེའི་ནང་དུ་སློབ་དཔོན་གྱིས་བཞུགས། ཁ་ཕུབ་ཀྱིས་བཅད། ཕུབ་ཀྱི་སྟེང་དུ་སླ་ང་ཆུས་བཀང་སྟེ་བཞག །རྫ་མའི་བུམ་པ་ནས་ཁང་པའི་ཕྱི་རུ་སྦུབས་མཆུ་རིང་པོ་བཙུགས་ཏེ་བཤད། བཻ་རོ་དང་ལེགས་གྲུབ་གཉིས་ཀྱིས་ཕྱི་རོལ་ནས་ཤ་བའི་དབྱིབས་ཞུ་རིང་པོ་རེ་གྱོན། ཁྲོས་པོ་རེ་ཁུར། འཁར་བ་རེ་ཐོགས་ནས་ནམ་གྱི་གུང་ལ་ཉན། ལེགས་གྲུབ་ཀྱིས་ཟླ་གྲིབ་མཚམས་ལ་དར་དཀར་ལ་ར་དཀར་མོའི་འོ་མས་བྲིས་སོ། །དེར་བཻ་རོ་ནི་མགོ་བསྟན་པ་ཙམ་གྱིས་ཐུགས་སུ་ཆུད་ཅིང་། བསྟན་པ་ཐུགས་ལ་རྫོགས། དེ་ཡང་བོད་དུ་བསྟན་པ་འབྱུང་བའི་རྟགས་སུ་རིག་པའི་ཁུ་བྱུག །རྫོགས་པར་བསྟན་པའི་རྟགས་སུ་རྩལ་ཆེན་སྤྲུགས་པ། བསམ་གཏན་སྟོན་པའི་རྟགས་སུ་ཐིག་ལེ་དྲུག་པ། ཐེག་པ་ཀུན་གྱི་ལྟ་སྤྱོད་ཁོག་ཏུ་འདུས་པའི་རྟགས་སུ་ཁྱུང་ཆེན། ཐེག་པ་ཀུན་ལས་ཁྱད་འདོན་པའི་རྟགས་སུ་ལྟ་བ་མི་ནུབ་པའི་རྒྱལ་མཚན་རྣམས་བཤད། མགུ་འམ་གསུངས་པས་རྗེས་སུ་ཡི་རང་ངོ་ཞུས་སོ། །གཞན་ཡང་ཡིད་བཞིན་ནོར་བུ་རྗེ་བཙུན་དམ་པ། སྤྱི་གཅོད་རྒྱལ་པོ། ཀུན་འདུས་རིན་པོ་ཆེ། བདེ་འབྱམས། སྲོག་གི་འཁོར་ལོ། སེམས་ཏིག །ནམ་མཁའི་རྒྱལ་པོ། བདེ་བ་ཕྲ་བཀོད། སྤྱི་ཆིངས། རྡོ་ལ་གསེར་ཞུན་ཏེ་ཆུང་འབྲིང་ཆེ་བཞི་རྨད་བྱུང་རྣམས་དང་། སེམས་སྡེའི་རྒྱུད་བཅོ་བརྒྱད་གདམས་ངག་ངོ་སྤྲོད་དང་བཅས་པ་གསུངས་པས་ལེགས་གྲུབ་ཚིམ་སྟེ་སྔོན་ལ་སོང་བ། སྔོན་གྱི་རྨི་ལྟས་ལྟར་གཅན་འཕྲང་པས་ལོ་བཞི་བཅུ་ཞེ་བཞི་པ་ལ་བཀྲོངས་སོ། །བཻ་རོས་ཞག་གསུམ་གྱི་བར་དུ་ཁ་སྦུབ་ཏུ་གཟིམས་ཏེ་བཞུགས་པས། སློབ་དཔོན་གྱིས་གྲོགས་སོང་བས་སྐྱོའམ་གསུངས་པ་ལ་མ་སྐྱོ་བའི་ཚུལ་དང་། ནའམ་གསུངས་པས་སེམས་སྡེ་བཅོ་བརྒྱད་ན་ཚུལ་གྱི་མགུར་གསུངས་པས་བཞད་ཅིང་དགྱེས་ཏེ། མན་ངག་རྒྱ་མཚོའི་ཀློང་གསུངས། ཡང་ཀློང་སྡེའི་སྐོར་རྒྱུད་དང་མན་ངག་དང་བཅས་པ་གསུངས། ཡང་རྒྱུད་སྡེའི་སྐོར་རྣམས་གསུངས། ཡང་ཀེའུ་ཚང་གི་སྐོར་དང་གབ་པའི་ཆོས་སྐོར་ཟབ་ལ་རྒྱ་ཆེ་བ་གསུངས། ཡང་ཤན་འབྱེད་བྲམ་ཟེའི་སྐོར། ལ་ཟློ་རྒྱལ་པོའི་སྐོར་སོགས་གསུངས་ཏེ་ཚིམ་མམ་གསུངས། དེ་རྣམས་ཀྱི་དོན་རྩོལ་བ་མི་དགོས་པར་མངོན་སུམ་རང་གྲོལ་ད་ལྟ་ཉིད་དུ་མཐོང་བ་དགོས་ཚུལ་ཞུས་ཏེ། གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཏྲ་བདུན་ཕུལ་ཕྱག་དང་སྐོར་བ་མཛད། དཔལ་ལྡན་སེང་གེའི་འོད་ཅན་ཁྱོད། ཅེས་སོགས་ཀྱི་ཚིགས་བཅད་གསོལ་བས་སློབ་དཔོན་དགྱེས་ཏེ། དྷ་ཧེ་ནའི་འདུ་ཁང་དང་པོར་གསལ་བྱེད་རིན་པོ་ཆེ་འབར་བ་ལ་བརྟེན་ནས། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ལ་སོགས་པ་དབང་བདུན་བསྐུར། ཐུག་ཕྲད་གསུམ་གྱིས་རང་གྲོལ་མངོན་སུམ་དུ་ངོ་སྤྲོད། མངོན་སུམ་གཉིས་ཀྱིས་ཚད་ལ་ཕབ། ཐིག་ལེ་དྲུག་གིས་རྣམ་རྟོག་སྤྲོས་པ་བཅད། ཆེ་བ་ལྔ་ཡིས་དགོངས་པ་ཁྱད་པར་དཔགས་ཏེ། རྩོལ་མེད་ཡེ་ནས་སངས་རྒྱས་པའི་དོན་ཉིད་མངོན་སུམ་དུ་གྱུར་ཏོ། །དེར་རྩ་རྒྱུད་ལྔ། ཡན་ལག་གི་རྒྱུད་ཉི་ཤུ་རྩ་ལྔ་སྟེ་སུམ་ཅུ། ཀློང་དགུ་ལ་སོགས་པ། སྤྲུལ་སྐུ་དགའ་རབ་རྡོ་རྗེའི་རྒྱལ་བའི་བཀའི་མན་ངག་བཅོ་བརྒྱད། རིག་འཛིན་གྱི་གཉེར་ཡིག་བཞི། ཀུ་ཀུ་རཱ་ཛའི་ཉི་མའི་སྙིང་པོ་འོད་དང་ལྡན་པ། ཤྲཱི་སེང་ཧ་ཉིད་ཀྱི་རྒྱན་ཕྲེང་འོད་གསུམ། བསམ་གཏན་ཉམས་ཀྱི་སྒྲོན་མ་རྣམས་གཉེར་དུ་གཏད། རྒྱ་གསུམ་བཏབ། བསྐུལ་བ་རྐྱེན་གྱི་མན་ངག་ནི། ཤན་འབྱེད་ལ་ཟླ་རྒྱུད་བཀྲོལ་བས། །རྒྱུད་ཀྱི་གདམས་པ་མངོན་སུམ་བསྟན། །དབེན་པར་རང་སེམས་རང་གིས་མོས་པར་གྱིས། །སྨིན་པར་གྱིས་ཤིག་ཐུགས་ཀྱི་སྲས། །ཞེས་གསུངས་ཤིང་གཏད་དོ། །དེ་ནས་བཻ་རོ་ཙ་ནའི་རྟོགས་པ་མངོན་དུ་གྱུར་ཏེ། སློབ་དཔོན་ལ་དྲིན་དྲན་པ་དང་རྟོགས་པ་འབུལ་བའི་མགུར་གསུངས་པ། སྤྲུལ་པའི་གཤེགས་ཤུལ་རྡོ་རྗེ་གདན། །སྙིང་པོའི་དོན་རྫོགས་སྐལ་ལྡན་རྗེ། །ངེས་པ་ཡིན་པས་དེ་མངོན་བསྟན། །རང་རྒྱུད་རང་གྲོལ་བཀའ་དྲིན་ཆེ། །ཞེས་བཏང་རག་ཀྱང་ཕུལ་ཞིང་ཞུས་ལན་མང་དུ་མཛད་དོ། །དེ་ནས་སློབ་དཔོན་གྱི་ཞལ་བཀོད་ཀྱི་མགུར་གསུངས་པའི་དོན་ཁྱེད་ཀྱི་གྲོགས་པོ་ཡང་གཅན་འཕྲང་གིས་བསད་པས། གསེར་ཕྱེ་བརྔན་པར་བྱིན་ལ་རྐང་མགྱོགས་མཁན་པོ་དང་གྲོགས་པོ་ཀྱིས། ཀུ་ཤ་ལྕགས་ཀྱི་སྡོང་པོར་རྐང་མགྱོགས་བསྒྲུབས་ལ་སོང་། དེས་བར་གཅོད་མེད་པར་བསྟན་པ་བོད་དུ་རྒྱས་པར་འགྱུར་རོ་གསུངས་ཏེ། གསེར་ཕྱེ་གནང་ངོ་། །དེས་ནས་བཻ་རོས་དགའ་རབ་རྡོ་རྗེ་དང་འཇམ་དཔལ་བཤེས་གཉེན་སོགས་པཎ་ཆེན་གཞན་རྣམས་དང་ཡང་མཇལ་ཞིང་ཆོས་འཕྲོ་རྣམས་ཞུས་ཏེ་དགོངས་པ་གཉིས་སུ་མེད་པར་གྱུར་ནས། དེ་རྣམས་ཀྱི་ཀྱང་བོད་དུ་གཤེགས་ལ་འགྲོ་དོན་གྱིས་ཤིག་པར་ལུང་བསྟན་ནོ། །འཕྲང་སྲུང་དཔོན་ཀུ་ཧ་ར་བཙལ་བས་མ་རྙེད་ནས་རྐང་མགྱོགས་དཔོན་པོ་ཀུ་མཱ་ར་ལ་གསེར་གྱི་པ་ཏྲ་བྱིན་ནས་གྲོགས་པོ་བྱས་མནའ་མཐོ་བཅད་པས། རྐང་མགྱོགས་ཕས་བུ་ལ་ཡང་བསྟན་དུ་མེད། འདི་ནས་བོད་དུ་སླེབས་པ་ཙམ་སྦྱིན་ནོ་ཟེར་ནས་རྒྱ་གར་བ་གླག་ཁྲ་ཟན་ལ་འཛུམ་པ་ཙམ་ཡོད་ཀྱང་། བཻ་རོ་ལ་གོ་བོ་རི་རྩིབས་གཅོད་པ་ཙམ་སྦྱིན་ཏེ། ཀུ་ཤ་ལྕགས་ཀྱི་སྡོང་པོར་བསྒྲུབ་པས། ཡུལ་མི་རྣམས་ཀྱིས་དྲི་བ་བྱེད་པ་ལ་མགུར་གསུངས་པས་དད་དེ་ཕྱག་བཙལ་ཞབས་ནས་བཏེག་གོ། །དེར་ལོ་གཅིག་གིས་རྐང་མགྱོགས་གྲུབ་སྟེ་ཡུལ་ཏ་ཀོ་ཏ་ཙན་དན་གྱི་གླིང་དུ་ཕྱིན་ཏེ་ཡུལ་དེའི་རྒྱལ་པོ་ལ་དྲིས་ལན་གྱི་མགུར་མང་དུ་གསུངས་པས་དྲེག་པ་བཏུལ་ཏེ་བྱམས་པའི་སྐུ་གསེར་ལས་བྱས་པ་ཞིག་ཕུལ་ལོ། །དེ་ནས་བཻ་རོ་བོད་དུ་ཆས་པས་པཎྜི་ཏ་ཀུན་གྱི་རྨི་ལྟས་ཕྱི་མ་ལོག །མེ་ཏོག་ཐམས་ཅད་ཀྱང་བོད་དུ་ཁ་ལྟས། ཙན་དན་ལ་སོགས་པའི་དྲི་ངད་རྣམས་ཀྱང་བོད་ཕྱོགས་སུ་རླུང་གིས་སྤྱོད། ཁྱི་ཐམས་ཅད་ཀྱང་བོད་དུ་ལྟས་ནས་ཟུག །རྒྱ་གར་ཆོས་སྐྱོང་རྒྱལ་པོ་དང་མཁས་པ་བདུན་སོགས་དཔལ་ནཱ་ལེཎྜའི་གཙུག་ལག་ཁང་གི་སྒོར་འཚོགས་ཏེ་འགྲོ་བ་བྱེད་ཅིང་ལན་ཞེས་བགྲོས་པར། བོད་ཀྱི་བན་དེས་མན་ངག་གི་ཆོས་ཁྱེར་བས་ལན་ཟེར། དེར་རྡོ་རྗེ་གདན་དུ་བལྟས་པས་རྒྱ་རྣམས་བཤིག་ནས་འདུག་སུས་བཤད། སུས་བསྐུར་ཞེས་ལྟས་བརྟགས་པས། བྲག་ཆེན་པོ་གསུམ་གྱི་ཁ་ན་འདུག་པ། ལུས་པོ་བྲག་ཏུ་ཡོད་པ། མིག་གིས་གང་བ། མགོ་ལ་ཐང་ཡོད་པ། དེའི་དཀྱིལ་ན་མཚོ་ཡོད་པ། ལྕགས་མཆུ་རིང་པོ་ཅན་ཅིག་བཤད་འདུག །ཕྱི་ནས་ཤ་བའི་མགོ་ཅན་ལག་ན་འཁར་བ་ཐོགས་པ། མིག་ལྟག་ཁུང་དུ་དོད་པ་ཁྲེས་ཆུང་ཅན་གཉིས་ཀྱིས་ཉན་འདུག་པས་འདི་ཡ་མཚན་ཆེ་ལྷ་མི་སྤྲུལ་པ་གང་ཡིན་ངོ་མ་ཤེས་ཟེར་རོ། །སླར་ཡང་ཐམས་ཅད་བགྲོས་ནས་རྩོལ་མེད་རྫོགས་པ་ཆེན་པོའི་ཆོས་འདི་བོད་དུ་ཤོར་ན་རྒྱ་གར་གྱི་བཅུད་དང་བསོད་ནམས་ཐམས་ཅད་འཆོར། དཀར་པོའི་ཆོས་བསྟན་པའི་སྙིང་པོ་ལྷག་མེད་དུ་འཆོར་བས། རྐང་མགྱོགས་བཏང་ལ་ལམ་དུ་གསོད་ཅིག་ཅེས་བགྲོས་སོ། །དེར་རྐང་མགྱོགས་མཁན་པོ་ཀུ་མ་རཱས་ཐོས་ནས་བཻ་རོ་དང་གྲོགས་པོ་ཡིན་པས་བློ་མ་བཟོད་པར་བཻ་རོའི་གན་དུ་རྒྱུགས་ཏེ་མཁས་པ་བདུན་གྱི་རྨི་ལམ་ཟློ་ཞིང་ཚིགས་སུ་བཅད་པ་ཞུས་པའི་ལམ་དུ་བཻ་རོས་མགུར་གསུངས་ཤིང་གསེར་ཚོགས་དང་པ་ཏྲ་གསུམ་བྱིན་ཏེ་ཀུ་མཱ་ར་དང་སྡོངས་ནས་བྱོན་པས། གཅན་འཕྲང་དང་པོ་རྐང་མགྱོགས་ཀུ་མཱ་རའི་གྲོགས་པོ་ཀུ་ཧཱ་ར་དང་ཕྲད་པ་ལ་གསེར་ཕྱེ་ཁྱོར་བ་གང་དང་པ་ཏྲ་གཅིག་བརྔན་པར་བྱིན་ནས་རྐང་མགྱོགས་པ་རྣམས་དོ་ནུབ་འདིར་བྱུང་སྟེ་བོད་ཀྱི་བན་དེ་འདི་ཡི། དེ་དུས་ཁྱོད་ཀྱི་བན་དེ་མ་མཐོང་མགོ་ལ་ཤ་བའི་དབྱིབས་ཞུ་རིང་པོ་དང་རྐང་པ་ལ་ཟོན་ལྷཱམ་ཕྱིར་ལོག་ཏུ་གྱོན་པ་སྤྲུལ་པའི་གནོད་སྦྱིན་ལྟ་བུ་ཞིག་སོང་བ་དེ་ནི་ད་ཙམ་བོད་ཡུལ་མཐིལ་དུ་སླེབ་པ་ཡོད་ཀྱིས་ཤིག་ཅེས་ཕྲང་སྲུང་ལ་མནའ་བགགས་སོ། །དེ་ནས་རྐང་མགྱོགས་ཀུ་མཱ་རས་གྲོང་ཁྱེར་སེར་སྐྱའི་སྒོར་དགུགས་ཏེ་ཟླ་བོ་རྣམས་སྦྲན་ཏེ། བོད་ཀྱི་བན་དེ་བཻ་རོ་ཙ་ན་འདི་ན་ཕར་ལ་སོང་ངམ་ཟེར་བདས་ལ་བསད་ཀྱིས་བྱས་པས། ཆོས་རྒྱལ་དང་པཎྜི་ཏ་ཀུན་གྱིས་ཀྱང་ཕྲད་ན་གསོད་ཅིག་ཟེར་རོ། །དེར་རྐང་མགྱོགས་པ་རྣམས་བཻ་རོ་བྱོན་པའི་བཤུལ་གཅན་འཕྲང་དང་པོར་སླེབ་པ་དང་འཕྲང་སྲུང་བ་ལ་དྲིས་པས། སྔར་བསླབས་པ་ལྟར་བྱས་པས་ཁོ་ཐག་ཆོད་དེ་ཕྱིར་ལོག་གོ། །དེ་ནས་བཻ་རོས་ལི་ཡུལ་ལྕགས་ར་སྨུག་པོར་བྱོན་ཏེ་ལི་ཚ་ཚུལ་ཁྲིམས་སྒྲོན་དང་མཇལ་ཏེ་གནས་གཡར་ཞིང་བཟའ་བཏུང་བླང་བའི་ཚིགས་བཅད་གསུངས་ཤིང་། བཻ་རོ་ཡིན་པར་ཤེས་ཏེ་ཞུས་ལན་མང་དུ་མཛད་པའི་མཐར། རྟ་ངང་པ་གསེར་མདོག་ཕུལ་བ་ལ་མན་ངག་བཤད་པས་རྟོགས་པ་ཤར་རོ། །དེ་ནས་བལ་ཡུལ་དུ་པཎྜི་ཏ་པྲ་ཛྙཱ་སིདྡྷི་བས་དྲི་བ་གསུམ་བྱས་པར་ལན་བཏབ་པས་མཉེས་ནས་དགུན་ཟླ་བ་གཅིག་ཏུ་མཆོད་གནས་སུ་བཀུར་རོ། །དེ་ནས་བལ་ཡུལ་དུ་རྒྱ་གར་ལྷ་མོ་རེ་ལྕམ་འཁྲུགས་ཏེ་ཁ་བ་ཕབ་པ་ལ། བཻ་རོས་བཀའ་བདེན་རྫུན་བརྟགས་པའི་མགུར་གསུངས་པས་སྤྲིན་གསེབ་ནས་ལྷ་མོ་དམར་མོའི་གཟུགས་བསྟན་ནས་ཕྱག་བཙལ་བྲན་དུ་བྱས་ཏེ་ཁ་བ་བཅད་དེ་ཉི་མ་བཏང་ངོ་། །ཏ་ཀེ་ཙན་དན་གླིང་གི་རྒྱལ་པོས་ཕུལ་བའི་གསེར་གྱི་བྱམས་སྐུ་འཕགས་པ་ཤིང་ཀུན་ལ་ཕུལ་ཏེ་མགུར་བཞེས་སོ། །དེ་ནས་བལ་ཡུལ་ནས་བསྐྱོད་དེ་ཉང་རོ་ནེ་སེང་དུ་གདུགས་ཚོད་གསོལ་ནས་བསམ་ཡས་སུ་ཉི་མ་དགོངས་ཕྱེད་ཙམ་ལ་སླེབ་པ་ནི་རྐང་མགྱོགས་ཀྱི་མཐུའོ། །དེར་མངའ་བདག་གི་འབངས་འཁོར་རྣམས་ཕྱི་ན་བསྡད། མངའ་བདག་རྒྱལ་པོ་གུར་གྱི་ནང་ན་བཞུགས་པ་ལ། བཻ་རོས་བརྫུས་ཏེ་གུར་འདབས་བྱང་ཕྱོགས་ནས་སློག་ནས་བྱོན་ཏེ་བཙད་པོའི་སྙན་དུ་གསོལ་བ། རྗེ་ཡིས་བཀའ་སྩལ་བའི་མན་ངག་གི་ཆོས་ནི་ཐོབ་ནས་མཆི། རྒྱ་གར་གྱི་མི་རྣམས་འཕྲག་དོག་བྱུང་སྲིད་ན་གསན་དུ་མི་རུང་བར་ཞུས་ནས། བཀའ་རྟགས་ཀྱི་ཕྱག་རྒྱ་དང་སྲོག་ཚིག་མནོས་ནས་ཕྱིར་བྱོན་ཏེ། མངའ་བདག་རྒྱལ་པོ་མཁར་དགུ་རིམ་དུ་གཤེགས་ནས་བཞུགས་པ་ལ། བཻ་རོས་འབངས་ཚེ་མི་ཐིང་ཐེ་ཞེས་བྱ་བ་ལ་ཡིག་འཕྲིན་འདི་སྐད་ཅེས་བསྐུར་རོ། །བོད་ཀྱི་མངའ་བདག་རྒྱལ་པོ་ཆེན་པོ་ལ། འཇིག་རྟེན་འཁོར་བའི་ཆོས་ལ་ཐུགས་ཕྱུགས་ཏེ། མ་ནོར་ཡང་དག་བདེན་པའི་ཆོས་འདོད་ནས། གསེར་ཕྱེ་རྫངས་ནས་བདག་ཅག་འཚོལ་དུ་བཏང་། དམྱལ་སྦྱོངས་ལམ་བཅད་མཐའ་ཡ་ཁ་བསྐོར་ཏེ། ལས་འཕྲོ་དག་པས་མཁས་ཞལ་མང་པོ་འཁུམས། །བཟོ་དང་བསྟན་བཅོས་གསོ་དཔྱད་སྨན་ལ་སོགས། །ཚེ་འདིར་དགོས་པའི་ཕན་བྱ་སྣ་ཚོགས་པ། །དམ་ཉམས་སྒྲོལ་བའི་བསྟན་སྲུངས་སྣ་ཚོགས་དང་། །ཕྱིར་རྒོལ་ཟློག་པའི་ལུང་རིགས་མཚོན་ཆ་དང་། །དབང་པོའི་རིམ་འཇུག་ལམ་སྟེགས་རང་རང་ལ། །རྒྱུ་འབྲས་ཐེག་པ་མ་ལུས་ཐམས་ཅད་དང་། །བདེ་ཆེན་ལྷུན་རྫོགས་སངས་རྒྱས་ཀུན་གྱི་ཐུགས། །རྨད་བྱུང་བསྟན་པའི་སྙིང་པོ་ཐེག་པ་མཆོག །རྒྱུ་འབྲས་གཉིས་མེད་རྩོལ་མེད་རྫོགས་པ་ཆེ། །མ་ལུས་ལུས་པ་མེད་པས་བདག་ལ་མཆིས། །ཞལ་གཡར་མཆིས་ནས་བཀའ་མཆིད་གསན་དུ་གསོལ། །ཡུན་དུ་མ་མཇལ་གཡར་ཁམས་སྙོམས་ལགས་སམ། །མངའ་བདག་རྒྱལ་པོ་ཞལ་མཇལ་ཞེས་འབུལ། །ཞེས་དང་། བཙུན་མོ་དམར་རྒྱན་ལ། ཆོས་དབྱིངས་བདེ་ཆེན་སྐྱེ་མེད་མ་རྟོགས་པས། །ཞེས་སོགས་ཀྱིས་ཡིག་འཕྲིན་བསྐུར་བའི་ལན་དུ། མངའ་བདག་གིས། འོར་བའི་རྫིངས་ཆེན་འདྲ་བའི་ཁ་དཔོན་བདག །ཕུང་པོ་མ་གཡོས་ཁམས་ཆེན་བཅོ་བརྒྱད་བདེ། །ཕུང་པོ་ལྔ་དང་ཁམས་ཆེན་བཅོ་བརྒྱད་པོ། །ལན་ཅིག་འཇིགས་པ་བདག་གིས་མ་བཟོད་ནས། །ཕུང་པོ་ཁམས་ཆེན་འཇིག་པའི་སྨན་ཆེན་པོ། །ཕྱི་ནས་རྒྱུ་འབྲས་ཀུན་ལས་འཕགས་པ་ཡི། །རྒྱུ་འབྲས་གཉིས་མེད་སྙིང་པོའི་དོན་རྩོལ་བ། །འཕྲང་སྲུངས་གནོད་སྦྱིན་འཇིགས་པའི་དོམ་དྲེད་སོགས། །འཇིགས་པའི་བར་གཅོད་གདུག་པ་གང་གིས་ཀྱང་། །ཡིད་བཞིན་ནོར་འདྲ་ཁྱོད་ཀྱི་ཕུང་པོ་ལ། །བསྐྱོད་པར་མ་ནུས་བདག་ཀྱང་རབ་ཏུ་དགའ། །རྒྱུ་འབྲས་གཉིས་མེད་རྩོལ་མེད་རྫོགས་པ་ཆེ། །ཡང་དག་མ་ནོར་བདེན་པའི་དམ་ཆོས་རྣམས། །བསྣམས་ཏེ་བྱོན་པས་ཞལ་མཇལ་སྤྱི་བོར་བཀུར། །ཞེས་དང་བཙུན་མོས། བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཞེས་སོགས་ཀྱི་ལན་བསྲིངས་སོ། །དེ་ནས་ཞག་གསུམ་ནས་མཇལ་སྐབས་ཕྱག་ལ་འགྱིངས་ཏེ། བཻ་རོས། དུས་གསུམ་རྒྱལ་བའི་དགོངས་པ་བཅུད་ཕྱུང་ནས། རང་བྱུང་ལྷུན་རྫོགས་བདེ་ཆེན་བྱང་ཆུབ་ལམ། །འཇིག་རྟེན་འཁྲུལ་པའི་དྲེགས་པ་ཀུན་མཆོག་ལ། །མོས་གུས་སེམས་ཀྱིས་ཕྱག་ཚོལ་སྤྱི་བོས་ལོང་། །ཞེས་གསུངས་པས། རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པས་ཕྱག་འཚལ། སྐོར་བ་བྱས། ཞབས་སྤྱི་བོར་བླངས་སོ། །དེ་ནས་མངའ་བདག་གིས་དབུ་སྐྲ་ཐེམ་པར་བཀྲམ་སྟེ་དེའི་སྟེང་ནས་བཻ་རོ་ནང་དུ་སྤྱན་དྲངས་ཏེ། རྟ་མཚལ་ལུ་མེ་སྟག་དང་ངང་པ་གསེར་མདོངས་གཉིས་ལ་གསེར་སྒ་གཡུ་ཡིས་སྤྲས་པ་དང་། གཞན་ཡང་གསེར་དངུལ། དར་ཟབ། གཡི་སྤྱང་གི་ཐུལ་པ། བཟང་སྐྱེས་ལ་སོགས་དྲངས་ཏེ་ཞུ་དོན་ཚིགས་སུ་བཅད་དེ་ཞུས་པ་དང་། བཻ་རོས་ཞེན་ལོག་གི་མགུར་གསུངས་ཤིང་དམ་ཚིག་བསྒྲགས་པས། སླར་ཡང་ནན་ཏན་ཆེན་པོས་འབུལ་བ་དང་ཕྱག་སྐོར་ཞབས་ལ་གཏུགས་ཏེ་སྤྱན་ཆབ་ཕྱུངས་ཏེ་ཞུས་པས། འབངས་བློན་གཞན་གྱིས་མ་ཚོར་བར་ནམ་གུང་ལ་ཆོས་སྟོན་པར་ཞལ་གྱི་བཞེངས་ཤིང་། མན་ངག་གི་རྒྱ་མཚོ་ལྷའི་རྗེ་ཞེས་པར་མཚན་བཏགས་སོ། །དེ་ནས་བཻ་རོས་ཉིན་པར་རྗེ་བློན་ཀུན་ལ་རྒྱུ་འབྲས་ཀྱི་ཆོས་བསྒྱུར། ནུབ་མོ་ནམ་གུང་ལ་རྗེ་ཉིད་ལ་མན་ངག་གི་ཆོས་བསྒྱུར་རོ། །བཻ་རོ་འདི་ནི་སྤྱིར་སློབ་དཔོན་ཆེན་པོ་པདྨས་བསྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་གྲུབ་མཚན་བཻ་རོ་ཙ་ན་ཡེ་ཤེས་སྤྱན་དང་ལྡན་ཞེས་གྲགས་ཤིང་། སྟོབས་ལྡན་ནག་མོ་ལྷ་སྐལ་དུ་བབས་ཏེ་དྲག་སྔགས་ལ་མངའ་བརྙེས་པ་རྗེ་འབངས་ཉེར་ལྔའི་གྲས་དང་། ཁྱད་པར་གྲུབ་ཆེན་དགུའི་ནང་ཚན་ཡིན། མདོར་ན་སྔ་ཕྱི་དམ་པའི་ཆོས་བསྒྱུར་བ་དེ་དག་གི་འགྱུར་བྱང་ཐང་ཡིག་དང་འདྲ་འབག་སོགས་ལས་ཤེས་སོ། །དེ་ཡང་ཐང་ཡིག་ཏུ། མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། །སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས། །ཞེས་སོགས་གསུངས་པ་དང་མཐུན་པར། བཀའ་འགྱུར་རིན་པོ་ཆེར་དུ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ཞེས་གསུངས་པ་ཡང་བཻ་རོ་ཉིད་ཡིན་ལ། གཞན་ཡང་ཐང་ཡིག་ལས། འདས་དང་མ་འོངས་ད་ལྟ་ཐམས་ཅད་དུ། །བཻ་རོ་ཙ་ན་འདྲ་བའི་ལོ་ཙཱ་བ། །སྔར་ཡང་མ་བྱོན་ད་ཡང་འབྱོན་རེ་སྐན། །མ་འོངས་རྒྱ་གར་ཕལ་སྐད་ཤེས་ཙམ་ལ། །ལོ་ཙཱར་བཞེད་སྲིད་བཻ་རོའི་ཆར་མི་ཉེ། །ལོ་ཙཱར་བཏགས་ཀྱང་དོན་ལ་པཎ་ཏྲི་ཏ། །འདི་ཡི་ཆོས་དྲིན་ཡོད་དོ་ཕྱི་རབས་རྣམས། །ཞེས་གསུངས་པ་དང་མཐུན་པར། ལོ་ཙཱ་བ་རྣམ་གསུམ་གྱི་རྣམ་པར། དབྱེ་བ་སྐད་གཉིས་སྨྲ་བའི་རྒྱན་པས། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མདོ་སྡེ་རྒྱན་ལ་གཞི་འགྱུར་མཛད་པས། སྦྱིན་པའི་ཕར་ཕྱིན་གྱི་སྐབས། ཨ་རཀྟ་ཨ་རཀྟ་ཨ་རཀྟ་ཞེས་ཆགས་པ་མེད་ཅེས་པ་ལན་གསུམ་བྱུང་བ་ལས་བསྒྱུར་བའི་གོ་སྐབས་མ་རྙེད། སྐ་བ་དཔལ་བརྩེགས་ཀྱི་སྔ་འགྱུར་ལ་གཟིགས་པས་དུས་གསུམ་དང་སྦྱར་ཏེ། སྦྱིན་པའི་ཕ་རོལ་ཕྱིན་པ་ནི། མ་ཆགས་མི་ཆགས་ཆགས་པ་མེད། །ཅེས་བསྒྱུར་བ་གཟིགས་པས་ལྷག་པར་དང་། ཁྱད་པར་ལོ་ཆེན་བཻ་རོ་ཙ་ན་ནི། དེ་དུས་ལོ་ཙཱ་མཁས་པ་མང་དུ་ཚོགས་པ་རྣམས་ཁྱད་པར་འབྱེད་པ་ལ། བྱེ་བྲག་བཤད་མཛོད་ཆེན་མོའི་རྒྱ་དཔེ་ཤིན་ཏུ་བསྒྱུར་དཀའ་བས་དུམ་བུར་བགོས་ཏེ་བསྒྱུར་བཅུག་པས་ལོ་ཆེན་གྱིས་བསྒྱུར། གཞན་མ་རྣམས་ཀྱིས་བསྒྱུར་མ་ཐུབ་པར་ལུས་པའི་ལོ་རྒྱུས་དང་། མངའ་བདག་ཁྲི་རལ་པ་ཅན་གྱིས་ཀྱང་། ལོ་ཙཱ་མཁས་པར་ཚུད་པ་ཛྙཱ་ན་སེ་ན་ཞེས་བསྔགས་ཤིང་། སྔ་འགྱུར་གྱིས་ཆོས་ཕལ་ཆེ་བ་ལ་ཚིག་དོན་གཉིས་ཀར་ཞུ་དག་མཛད་དེ་གཏན་ལ་ཕབ་ནས། སོ་སོའི་འགྱུར་བྱང་གི་རྗེས་སུ་ཞུས་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤེས་སྡེས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའོ། །ཞེས་བྲིས་པ་རྣམས་གཟིགས་པས་རྩ་བ་མེད་པའི་དད་པ་འཁྲུངས་ནས། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་གཉིས་ནི་ཉི་ཟླ་ཟུང་འབྲེལ་ཡིན། །རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་འདྲ། །ཁོ་བོ་ཡང་ནི་སྲིན་བུ་མེ་ཁྱེར་ཙམ། །ཞེས་ཆེད་དུ་བརྗོད་པ་བསྔགས་པར་མཛད་ཅིང་། རང་ཉིད་ཀྱི་ཁེངས་སྐྱུང་བར་ཡང་མཛད་དེ། ལོ་རྒྱུས་འདི་ཁོ་ན་ཆག་ལོའི་རྣམ་ཐར་དུ་ཡང་སྣང་ངོ་། །ཞེས་གསུངས་པས། གསར་རྙིང་མཁས་གྲུབ་ཚད་མ་ཀུན་གྱིས་བཻ་རོའི་རྣམ་ཐར་ལ་དད་པ་བྱ་བ་དང་དྲིན་དུ་བཟོ་བར་མཛད་དགོས་པར་སྣང་ངོ་། །དེ་ནས་རྒྱ་གར་གྱི་པཎྜི་ཏ་རྣམས་དང་ཆོས་རྒྱལ་རྣམས་གཅིག་ལ་གཅིག་ཐུགས་མ་ཆེས་ཏེ། པཎྜི་ཏ་རྣམས་ནི་རྒྱ་རུ་སྤྲེ་རྒྱལ་པོས་བཤིག་ནས་བོད་ལ་ཆོས་བསྐུར་བར་དགོངས། ཆོས་རྒྱལ་ཐུགས་ལ་པཎྜི་ཏ་རྣམས་ཀྱིས་རྒྱ་བཤིག་ནས་བསྐུར་བར་དགོངས། དེར་མན་ངག་ཨ་ཏི་བསྟན་པ་རྒྱུད་དང་མན་ངག་ཏུ་བཅས་པ་ཐུན་མོང་མ་ཡིན་པ་བསམ་གྱིས་མི་ཁྱབ་པ་རྣམས་པཎྜི་ཏ་རྣམས་ཀྱི་ཐུགས་ལ་བཞུགས་པ་རྒྱལ་པོ་ལ་གང་ཡང་བྱ་དབང་མེད། པཎྜི་ཏ་དང་ཆོས་རྒྱལ་ཐུན་མོང་དུ་གྲགས་པའི་སེམས་སྡེ་བཅོ་བརྒྱད་གཅིག་ཏུ་བྱས། རྒྱུད་སྡེ་དྲུག་ཅུ་ཐམས་པ་མན་ངག་དང་བཅས་པ་རྒྱལ་པོས་རྡོ་རྗེ་གདན་རང་སུ་གཏེར་ཁ་སྤོས་ཏེ་སྦས་སམ་ཡང་ཟེར། བྱ་རྒོད་ཕུང་པོའི་རིར་སྦས་སམ་ཡང་ཟེར། ཨ་སུ་རའི་བྲག་ཕུག་ཏུ་སྦས་སམ་ཡང་ཟེར། གང་ལྟར་དཔེ་རྣམས་རྒྱལ་པོས་གར་སོང་ཆ་མེད་པར་བཏང་སྟེ། དཔེར་ན་ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཆུད་པ་བཞིན་བསྐལ་པའི་མཐར་སྦས་སོ། །དེའི་རྒྱུ་མཚན་གྱིས་ཕྱིས་རྒྱ་གར་དུ་རྫོགས་ཆེན་གྱི་ཆོས་ཆེར་མི་གྲགས་པ་དེ་ལ་བརྟེན་པར་སྣང་ཞིང་། རྒྱུ་མཚན་འདི་མ་གོ་བར་རྒྱ་གར་དུ་མ་གྲགས་པ་ཙམ་ལ་བརྟེན་ནས་རྫོགས་ཆེན་ཆོས་ལོག་ཏུ་སྨྲ་བ་མང་མོད་ཀྱང་། རྒྱ་གར་དུ་གྲགས་ཚད་ཡང་དག་པར་འཛིན་ཅིང་། མ་གྲགས་པ་རྣམས་འཁྲུལ་པ་ཡིན་པར་བཞག་དགོས་ན། མུ་སྟེགས་བྱེད་ཀྱི་ཆོས་རྣམས་སྔར་ནས་ད་ལྟ་ཡན་ཆད་ཤིན་ཏུ་གྲགས་ཆེ་བས་ཚད་མར་བྱ་རིགས་ལ། མདོ་སྔགས་སྤྱི་དང་ཁྱད་པར་འདུལ་བ་སོགས་དེང་སང་ནི་སྒྲ་མི་དྲག་ཙམ་དུ་སོང་འདྲ་བས། དེས་ན་བོད་དུ་དར་བའི་མདོ་སྔགས་ཕལ་ཆེར་འཁྲུལ་པར་བརྟགས་ནས་བསྣུབ་དགོས་པར་འགྱུར་རོ། །དེ་ནས་རྒྱ་གར་ནས་བོད་དུ་ཕྲ་མ་འདི་ལྟར་བྱུང་སྟེ། བོད་ཀྱི་བཻ་རོ་ཙ་ནས་མན་ངག་གི་ཆོས་རྣམས་ནི་མ་རྙེད་བོད་ཕུང་བར་བྱེད་པའི་རྒྱ་གར་གྱི་ངན་སྔགས་རྣམས་དང་། ཁྲོ་ཆུ་ཕྲ་མེན་རྣམས་དང་། ཕུང་ཆས་སྣ་ཚོགས་ཁྱེར་ནས་སོང་བས་བོད་ཀྱི་བཀའ་ཁྲིམས་ཆེན་པོ་དང་སྦྱོར་ཅིག །ཅེས་བསྒྲགས་སོ། །དེར་བོད་ཀྱི་བློན་པོ་གདུག་པ་ཅན་རྣམས་ཀྱིས་དོན་དེ་མངའ་བདག་ལ་ཞུས་ཏེ་བཻ་རོ་བཀྲོང་པར་ཞུས་པ་ལ་མ་གནང་ཞིང་། ཐབས་དུ་མ་ནས་གསོལ་ཡང་རྗེས་མ་གནང་བར་བརྟེན། སྡིག་བློན་རྣམས་ཀྱིས་དེ་ལྟར་ན་རྒྱལ་ཁྲིམས་རང་ཞིག་ལ་གཏོང་བར་མདུན་ཨ་བཅད་དེ་མངའ་བདག་ཉིད་བཅུད་ལ་འབོད་པར་བགྲོས་པས། མངའ་བདག་གི་ཞལ་ནས་དེ་ཙམ་གྱི་གགས་ལ་ཐུགས་ན་བསད་པས་མི་འོང་སྤྱུག་གིས་གསུངས་ཏེ། བཻ་རོ་འདྲ་བའི་སྤྲང་པོ་ཞིག་བཟུང་སྟེ་བཻ་རོའི་གོས་ལྷམ་བསྐོན་ནས་ཟངས་ཁ་སྦྱོར་གྱི་སྦུབས་སུ་བཅུག་སྟེ་གཙང་པོ་ལ་བསྐུར་ནས། བཻ་རོ་ལ་ཆབ་གསོལ་ལོ་ཞེས་སྒྲ་བསྒྲགས་ཏེ་རྒྱལ་པོ་ཉིད་ཀྱིས་ཐུགས་ངལ་མཛད་པའི་ཚུལ་བསྟན། གདུགས་ཁ་གི་ཀ་བའི་འཆོལ་བྲུས་པའི་ནང་དུ་བཻ་རོ་སྦས་ཏེ། འབངས་འཁོར་རྣམས་ཉལ་ཟིན་པ་དང་། མངའ་བདག་ཉིད་དེར་བྱོན་ཏེ་གསན་པས། ནུབ་ཅིག་བཙུན་མོས་རིག་སྟེ་བློན་པོ་རྣམས་བསྡུས་ཤིང་གྲོས་བྱས་ཏེ་སླར་ཡང་རྗེ་ལ་ནན་ཏུར་གྱི་གསོལ་བ། མངའ་བདག་གིས་སྤྱུག་པར་ཞལ་གྱིས་བཞེས་ཏེ། རྒྱལ་བྱོན་རྣམས་ཀྱིས་བཻ་རོ་བྱུག་པར་བརྩམས་པ་ན། ལོ་ཆེན་གྱིས་དཀའ་བ་བཅུ་དྲུག་མགུར་དུ་བཞེས་པ་དང་། དེ་བཞིན་དུ་དོ་ཤི་དོ་ཆད་ཀྱི་ལོ་རྒྱུས་མགུར་དུ་བཞེས་པ་དང་། བོད་ལ་དགོས་པའི་ཡོན་ཏན་གྱི་མགུར་དང་། རྗེ་ལ་དམ་བརྡར་བའི་མགུར་དང་། བཻ་རོ་སྤྱུགས་ན་བོད་ཕུང་བར་འགྲོ་བའི་མགུར་དང་། བཙུན་མོ་ལ་འཁོང་བའི་མགུར་དང་བཅས་རྒྱ་ཆེར་གསུངས་ཀྱང་མ་ཟློག་པར་འབྱོན་པར་ཆས་སོ། །བློན་པོ་སྣ་ཆེན་པོས་རྗེ་ལ་བཤོལ་བཏབ་ཀྱང་། བློན་པོ་གདུག་པ་ཅན་གྱིས་ངོ་མ་ཟློག་པར་རྗེ་ཡང་ཐབས་མེད་པར་གྱུར་ལ། ཁྱད་པར་ཏ་ར་ཀླུ་གོང་གིས་ངན་ཁ་བླང་བའི་གླུ་བླངས་པས་དབང་མེད་དུ་རྒྱལ་མོ་ཚ་བའི་རོང་དུ་སྤྱུག་པར་ཆས་ཏེ། བཻ་རོས་ཀྱང་རྗེ་བློན་ཀུན་ལ་ཚ་བ་རོང་དུ་འབྱོན་པའི་མགུར་བཞེས་ཏེ། ལྷ་ཀླུ་ཐམས་ཅད་བསྐུལ་བས་ཀུན་ཀྱང་དངོས་གཟུགས་བསྟན་ཏེ་བཻ་རོ་ལ་ཕྱག་སྐོར་བྱེད་ཅིང་བཀའ་ཉན་པར་དམ་བཅས་སོ། །དེ་ནས་མངའ་བདག་གིས་གཤེགས་སྐྱེལ། ཆིབས། བརྒྱགས། བསིལ་སྨན་སོགས་མང་དུ་བསྐུར། རྟ་མགྲིན་གླིང་ནས་སྒོར་བྱོན་པ་ལ། བཙུན་མོ་དམར་རྒྱན་གྱིས་མ་བཟོད་པར་རྗེ་ལ་གྲོས་བཏབ་ཀྱང་བཻ་རོ་ཚ་རོང་དུ་འགྲོ་དོན་དུས་བབས་ཀྱིས་མ་བཞེད་པར་མགུར་གསུངས། དགེ་འདུན་སྡེ་གཉིས་རྗེ་བློན་བཙུན་མོར་བཅས་པས་སྐྱེལ་ཐུང་མཛད་དུས་མགུར་མང་དུ་བཞེས། ཞལ་ཏ་དང་ཆོས་མང་དུ་གསུངས་ནས་ཚ་བའི་རོང་དུ་ནམ་མཁའ་ལ་འཕགས་ཏེ་གཤེགས་སོ། །རྗེ་འབངས་ཀུན་གྱིས་ཕྱི་ཕྱག་བཙལ་ཏེ་ཕྱིར་ལོག །བཻ་རོས་ཀྱང་ཚ་བ་རོང་དུ་ཤར་མར་བྱོན་པར་རི་རྩེར་བཞུགས་པས་ཡུལ་མི་རྣམས་ཀྱིས་རྟོག་ཅན་པ་བྱུང་ངོ་ཟེར་ཏེ་སྦལ་དོང་དུ་ཞག་གསུམ་བསྐྱུར་བ་ལ་མགུར་གསུངས་པས། སྦལ་དོང་ནས་ཕྱུངས་ཏེ་ཤིག་དོང་དུ་སྐྱུར་དེར་ཞག་གསུམ་ནས་ཤིག་དོང་ནས་བཏོན་ཏེ་ཞུས་ལན་མཛད་ཅིང་དགེ་སློང་པུར་ནའི་སྐྱེས་རབས་གསུངས་པས་རྒྱལ་མོ་གྲུ་ལ་སོགས་པ་དད་ཅིང་བཤགས་པ་བྱས་ཏེ་བོད་ཀྱི་མངའ་བདག་ལ་དམ་ཚིག་གི་ཆད་པ་ཡོང་བས་ལུང་བསྟན་ཅིང་ཐུགས་ལ་བཅག་པའི་སྤྱན་ཆབ་ཕྱུངས། དེར་ཚ་བ་རོང་གི་རྒྱལ་བློན་རྣམས་ཀྱིས་བཤམས་པའི་གདན་དགུ་བརྩེགས་ཀྱི་སྟེང་དུ་བཞུགས། དོང་རྩེ་དང་གསེར་གྱི་པ་ཏྲ་གསེར་ཕྱེ་དར་ཟབ་ལ་སོགས་པ་མང་དུ་ཕུལ་ཏེ་བླ་མར་བཀུར། རྒྱལ་པོའི་བུ་གཡུ་སྒྲ་སྙིང་པོ་འདུལ་བའི་ཕྱིར་ཐབས་དང་མགུར་མང་དུ་གསུངས་ཏེ་ངེས་པར་འབྱུང་བར་མཛད་པས་གཡུ་སྒྲ་ལ་སོགས་པ་ཡིིད་ཆེས་ཤིང་ཆོས་ཞུས་ནས་རྙེད་བཀུར་རྒྱ་ཆེར་ཕུལ་ལོ། །དེར་བཻ་རོས་བཟོ་དང་སྨན་དཔྱད་དད་པ་བསྐྱེད་པའི་བསྟན་བཅོས་ཀྱིས་སྣ་དྲངས། དཀོན་བརྩེགས་སོགས་འབུམ་སྡེ་ལྔ་དང་། སྡེ་སྣོད་གསུམ་གྱི་ཆོས་ཉིན་མོ་གསུངས། མཚན་མོ་སྲོད་ལ་གསང་སྔགས་ནང་གི་ཆོས་གསུངས། དེའི་ཚེ་རྒྱལ་བུ་གཡུ་སྒྲ་སྙིང་པོས་རྟ་བཟང་པོ་གསེར་སྒ་གཡུ་སྲབ་ཅན་དར་ཡུག་ལ་བཏགས་ཏེ་མན་ངག་གི་ཆོས་ཞུས་པས་ཆེ་བའི་མགུར་བཞེས་ཏེ་མ་གནང་། གཡུ་སྒྲས་སློབ་དཔོན་ཁྲུས་ལ་བྱོན་སྐབས་ཆུའི་རྦ་གསེབ་ཏུ་སློབ་དཔོན་བསྐྱུར་ཞིང་བཅུད་ལ་བོར་བས་མགུར་གསུངས་ཏེ་མ་གནང་། ཕག་ཉན་བྱས་པས་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞལ་འདོན་དུ་མཛད་པ། གཡུ་སྒྲས་བློ་ལ་ཟིན་དཔེ་ཆ་བརྐུས་ཏེ། ང་ལ་ཡོད་དོ་ཞེས་སྡིགས་བསྐུར་བས་ཀྱང་མ་གནང་བས། རྒྱལ་བུ་གཡུ་སྒྲས་གསེར་དངུལ་གྱི་དོང་རྩེ་སོགས་ཡོན་ཕུལ་ཞིང་ཕྱག་སྐོར་མཛད། སྤྱན་ཆབ་ཕྱུངས་ཏེ་བཀའ་ཅི་གསུང་བསྒྲུབ་པར་ཁས་བླངས་ཤིང་ཞུས་པས། སྣོད་སྦྱང་བའི་ཆེད་དུ་སྦྱང་བ་དགུ་དང་ཕོད་པ་བཅུ་གསུམ་གྱི་སྒོ་ནས་སྣོད་བརྟག་པའི་ཚུལ་མཛད་པའི་མཐར་གཡུ་སྒྲ་རྗེས་སུ་བཟུང་ངོ་། །དེ་ཡང་དྲང་དོན་དུ་ཐུན་མོང་བའི་ངོར་གཡུ་སྒྲ་དེ་ལྟར་རྗེས་སུ་བཟུང་ལ། ངེས་དོན་དུ་གཡུ་སྒྲ་ནི་བཻ་རོའི་གྲོགས་པོ་ལེགས་གྲུབ་ཀྱི་སྐྱེ་བ་ཡིན་ལ། ལེགས་གྲུབ་ཀྱི་སྐྱེ་བ་སྔ་མ་དེ་རྒྱ་གར་གྱི་དགེ་སློང་བྷ་ཧུ་ལ་བྱ་བ་ཡིན་ཏེ། ཁྱིམ་བདག་དཔལ་སྐྱེས་བྱ་བའི་མཆོད་གནས་ཡིན་ལ། ཁྱིམ་བདག་གི་བུ་མོས་དགེ་སློང་ལ་ཆགས་ཏེ་འཁྲིག་པ་སྤྱོད་པར་བསྐུར་བ། དགེ་སློང་གི་ཚུལ་ཁྲིམས་སྲོག་ལས་གཅེས་པར་བཟུང་སྟེ་རྩེ་ཆུང་བཅད་དེ་ཚེ་འཕོས་པ་ལེགས་གྲུབ་ཡིན་ལ། དེ་ཡང་ཡུལ་ལྷོ་བྲག་ལ་ཕ་གཙང་ཐེ་ལེན་ཏྲའམ་ཐེག་ཆེན། མ་མཁར་ཆེན་བཟའ་གཏུམ་མོ་ཞེས་བྱ་བའི་བུ་ལེགས་གྲུབ། བཻ་རོ་དང་ལྷན་དུ་རྒྱ་གར་ལ་བྱོན་ཏེ་དཀའ་བ་བཅུ་དྲུག་ལྷན་དུ་སྤྱད་ཅིང་དམ་ཆོས་ཞུས་ཏེ་སྔོན་ལ་འོངས་པས་ལམ་དུ་འཕྲང་སྲུང་གིས་བཀུམ་པ་སྔོན་གྱི་སྨོན་ལམ་ལས་རྒྱལ་མོ་ཚ་བའི་རོང་གི་རྒྱལ་པོའི་བུར་སྐྱེས་ཏེ། ཡབ་རྒྱལ་པོ་མདོ་བཞེར་ནག་པོའམ་རིན་པོ་ཆེ། ཡུམ་རྒྱལ་མོ་མཚོ་རྒྱལ་མ་གཉིས་ཀྱི་སྲས་གཡུ་སྒྲ་སྙིང་པོ་ཡིན་པས་སྔོན་གྱི་བག་ཆགས་བརྟས་ཏེ་མངོན་ཤེས་དང་ལྡན་པས། བཻ་རོས་རྒྱལ་རོང་དུ་བྱོན་མ་ཐག་ཏུ་ངོ་ཤེས་ཏེ་མགུལ་ལ་འཁྱུད་ནས་བཤུམས། སྦལ་དོང་དུ་སྐྱུར་དུས་ནམ་མཁའ་ཆེ་ཞལ་འདོན་མཛད་པ་ཚར་གཅིག་ཐོས་པས་བློར་ཟིན་པ་སོགས་ཡིན་ནོ། །དེ་ནས་བཻ་རོས་གཡུ་སྒྲ་རྒྱལ་པོ་ཡབ་ཡུམ་ལ་བླངས་པས་མ་ཕུལ་བ། ནོར་མང་དུ་གནང་བས་ཡབ་ཡུམ་གྱིས་ཕུལ་བ་ཆོས་སྒོར་བཅུག །རྒྱལ་པོ་འཁོར་བཅས་ཀྱིས་བཻ་རོའི་བཞུགས་ཁང་བརྩིགས་པ་སློབ་དཔོན་གྱིས་ལྷ་འདྲེ་བསྡུས་ཏེ་གྱད་པོ་ཆེས་ཀྱང་མི་འཁུལ་བའི་རྡོ་ལེགས་ལ་མང་བས་ཕྱི་མཆོད་རྟེན་ནང་ལྷ་ཁང་དུ་ཡོད་པ། རྒྱ་དཔངས་མཐོ་བ་ནུབ་གཅིག་ལ་ཚར་བའི་རྫུ་འཕྲུལ་བསྟན། ཉིན་པར་རྒྱུའི་ཆོས་དང་སྔགས་ཕྱི་པ་གསུངས་པ་རྣམས་གཡུ་སྒྲས་ཚར་རེ་ལས་ཤེས། སྲོད་ལ་གསང་སྔགས་ནང་གི་རྒྱུད་སྡེ་གསུངས་པ་རྣམས་ཀྱང་ཚར་རེས་ཤེས། ནམ་གུང་ལ་གཡུ་སྒྲ་སོགས་ཐུན་མོང་མ་ཡིན་པའི་འཁོར་ལ་མན་ངག་སྐོར་རྣམས་གསུངས་ཏེ་སེམས་སྡེའི་རྒྱུད་མན་ངག་བཅོ་བརྒྱད། ཀློང་སྡེའི་རྒྱུད་མན་ངག །གཞན་ཡང་རྒྱུད་སྡེའི་སྐོར། བྲམ་ཟེའི་སྐོར། རྒྱལ་པོའི་སྐོར་སོགས་མང་དུ་གསུངས། ཡང་གཡུ་སྒྲས་རིན་པོ་ཆེ་དང་དར་ཟབ་མང་དུ་ཕུལ་ཏེ་ཕྱག་སྐོར་གྲངས་མེད་བྱས་ཏེ་གསོལ་བ་བཏབ་པའི་ངོར། སྤྱི་རྒྱུད་མན་ངག་དང་བཅས་པ་ཐམས་ཅད་རྫོགས་པའི་མཐར་རྒྱལ་ཐབས་སྤྱི་བླུགས་ལ་སོགས་པའི་དབང་བདུན་བསྐུར་བ་སོགས་མདོར་ན་ཤྲཱི་སེང་ཧས་བཻ་རོ་ཉིད་ལ་ཇི་ལྟར་བསྟན་པ་བཞིན་རྒྱ་གསུམ་གྱི་བར་དུ་རྫོགས་པར་མཛད། བསྐུར་བ་རྐྱེན་གྱི་མན་ངག་ནི། བྱང་སེམས་རང་བྱུང་ཀུན་དངོས་ཅན། །རྒྱལ་པོ་མངོན་སུམ་གྲུབ་བྱས་པའི། །རྟོགས་སོ་མ་འདས་འདྲིས་པར་བྱ། །ཤུགས་ལ་སྐལ་ལྡན་སྨིན་པར་གྱིས། །ཞེས་གསུངས་སོ། །དེར་གཡུ་སྒྲ་སྙིང་པོ་ཐམས་ཅད་ཚིག་དང་བྲལ་བའི་རིག་པ་མངོན་སུམ་དུ་གྱུར་ཏེ། ལོ་ཆེན་ཉིད་དང་དགོངས་པ་མཉམ་པར་གྱུར་ཏེ། རྟོགས་པ་དབུལ་ཞིང་སྐུ་དྲིན་དྲན་པའི་ཚིག་བརྗོད་པ། སྒྲ་བཤད་དོན་མཚོན་དེ་བཅད་ཀྱིས། །བརྡ་སྤྲད་རང་གྲོལ་ཡོངས་མ་སྤྱད། །བསྐལ་པར་འཐིབས་པའི་མུན་ནག་ཚོགས། །ཡུད་ལ་གསལ་མཛད་སྐུ་དྲིན་ཆེ། །ཞེས་གཏང་རག་ཕུལ་ཞིང་། དེ་ནས་གཡུ་སྒྲས་རྒྱལ་མོ་ཁྱི་སྟག་རོང་དུ་ལོ་ལྔ་མཉམ་པར་བཞག །ཟག་མེད་བདེ་བ་ཆེན་པོའི་དོན་རྟོགས་ཏེ་སློབ་དཔོན་གཉིས་དགོངས་པ་གཅིག་ཏུ་གྱུར་ཏེ་འགྲོ་བའི་དོན་མཛད་ཅིང་བཞུགས་སོ། །གཞན་ཡང་གྷུ་རུ་པདྨས་བཀའ་བརྒྱད་ཀྱི་དབང་བསྐུར་ཞིང་རྗེ་འབངས་ཉེར་ལྔའི་གྲས་གཡུ་སྒྲ་སྙིང་པོ་རྟོགས་པ་མཆོག་དང་ལྡན། ཞེས་པ་དེ་ཡང་ཡིན་པར་བཤད། ཐང་ཡིག་ལྟར་ན་བཻ་རོ་སླར་ཚ་རོང་ནས་བྱོན་དུས་ཀྱང་མངའ་བདག་རྒྱལ་པོ་བཞུགས་པར་བཤད། འདྲ་འབག་ལྟར་ན་བཻ་རོ་ཚ་རོང་དུ་སྤྱུགས་པས་རྒྱལ་པོ་ཐུགས་མ་བདེ་ཞིང་བཻ་རོའི་ཆེ་བ་འདོན་ཕྱིར་བི་མ་ལ་སྤྱན་འདྲེན་པ་བརྫངས། དེར་བཻ་རོ་སྤྱུགས་ནས་ཞག་ཉེར་གཅིག་ན་བློན་པོ་ཏ་ར་ཀླུ་གོང་དམ་ཚིག་གི་ཆད་པས་ཤི །མངའ་བདག་ཀྱང་བི་མ་ལ་དང་མ་མཇལ་བར་ཟླ་བ་གསུམ་ནས་འདས་པར་བཤད་པས། དེ་དག་ཀྱང་དྲང་ངེས་སུ་བསྟན་པ་ཡིན་པས་ལོག་པར་རྟོག་པར་མི་བྱའོ། །འདི་འདྲ་འབག་ལྟ་ན་བི་མ་ལ་བོད་དུ་བྱོན་ནས་ཁྲི་སྲོང་གིས་སྲས་གསུམ་གྱིས་ཞབས་ནས་བཏེགས་ཏེ་ཆོས་གསུངས་པའི་ཚེ། བཻ་རོས་གཡུ་སྒྲ་སྙིང་པོ་བཏང་སྟེ། བི་མ་ལ་མངོན་པ་པྲ་ཀ་ར་སྡེ་བརྒྱད་འཆད་ཅིང་འདུག་པ་ལ་ནང་དུ་ཐལ་གྱིས་སྐྱོན་ཏེ་བི་མ་ལར་ཆེར་གྱིས་གཟིགས་ཤིང་། ཀ་ཁ་པ་རི་མི་ཐ་གསུང་། བི་མ་ལ་དབུ་དམད་ཅིང་རྡ་ཐིམ་རྡ་ཐིམ་གསུངས་པ་ལ། འ ཁོར་རྣམས་ཀྱིས་སྒྲ་དོན་ཞུས་པ་བི་མ་ལས་གསུངས་པར་བརྟེན། ཛྙ་ན་ཀུ་མཱ་རས་གཡུ་སྒྲ་ལ་བཻ་རོའི་ཚུལ་དྲིས་ཤིང་ཆོས་ཞུས་པས། བི་མ་ལ་དང་མཉམ་དུ་གསུངས་པར་བགྲོས། བི་མ་ལ་དང་གཡུ་སྒྲ་གཉིས་ཆོས་ཀྱི་ཆེ་བར་འདོན་ཕྱིར་ཕྱག་དང་གདན་ལ་མ་འདུམས་པ་ལྟར་མཛད་ཅིང་། རིག་པ་དང་རྫུ་འཕྲུལ་འགྲན་པ་ནི་གཡུ་སྒྲ་ཡང་བཻ་རོའི་དྲིན་གྱིས་གཡུ་སྒྲ་མཁས་པར་བྱུང་། རྫུ་འཕྲུལ་ནི་གཡུ་སྒྲས་བྱིའུར་སྤྲུལ་ཏེ་ལྕང་མའི་ཁར་ཙེན་གྱིས་འཕུར་བ་བི་མ་ལས་བྱེ་ཁྲར་སྤྲུལ་ཏེ་ཁུངས་ཀྱིས་བྱི་ཆུང་ལ་བཏབ་པས། བྱེ་ཆུང་གསེར་གྱི་ཐོ་ལུམ་དུ་གྱུར་ཏེ་ནམ་མཁར་འཕགས་པས་བྱེ་ཁྲ་སྡོང་པོའི་ཕག་ཏུ་ཡིབ་དགོས་པ་བྱུང་བས་གཡུ་སྒྲ་ལྷག་པར་བྱུང་སྟེ་ཕྱག་རྩེ་སྤྲོད་དུ་བྱས་གྲལ་གཡས་གཡོན་བྱས། ཆོས་གསུངས་པས་ནམ་མཁའ་ལ་དཀར་ཕྱོགས་ཀྱི་ལྷས་མེ་ཏོག་གཏོར་ཞིང་གསེར་གྱི་དྲ་ཕྱེད་དང་ས་གཡོ་བ་སོགས་བྱུང་བས། ངོ་མཚར་དུ་གྱུར་ཏེ་མན་ངག་གི་ཆོས་རྣམས་དུས་གཅིག་ཏུ་གསུངས་པ། ཛྙཱ་ན་ཀུ་མ་རས་རྣ་བ་ཤོ་བྲག་ཏུ་ཉན་ཅིང་བསྒྱུར། དེ་ཡང་གཡུ་སྒྲས་ནམ་མཁའ་ཆེ་ལ་སོགས་པ་སྔར་བཻ་རོས་མངའ་བདག་ལ་གསུངས་པ་རྣམས་བཤད་པས་སྔ་འགྱུར་ལྔ་ཞེས་གྲགས། བི་མ་ལས་རྩེ་མོ་བྱུང་རྒྱལ་ལ་སོགས་བཅུ་གསུམ་གསུངས་པས་ཕྱི་འགྱུར་ཞེས་གྲགས་ཤིང་། གཉིས་ཀ་མ་བུ་བཞིན་འགྲིགས་པས་ཐམས་ཅད་ཡིད་ཆེས་ཏེ། བཻ་རོའི་ཡོན་ཏན་བརྗོད་པར་བྱེད་ཅིང་ཚ་བའི་རོང་དུ་ཁ་བལྟས་ཏེ་ངུ་ཞིང་ཕྱག་བྱས་སོ། །དེའི་ཚེ་ཛྙཱ་ན་ཀུ་མ་ར་སློབ་དཔོན་གཉིས་ཀའི་གདམས་ངག་ང་ལ་ཡོད་པས་ང་ལས་ལྷག་པ་མེད་སྙམས་ཏེ་ང་རྒྱལ་བ་ལ། སློབ་དཔོན་གཉིས་ཀྱིས་མཁྱེན་ཏེ་ཛྙཱ་ན་ཀུ་མཱ་ར་ལ་བུམ་པ་རེ་གཏད་དེ་གཙང་ཆུ་བུམ་པ་རེ་ཁུར་ཤོག་གསུངས་ཏེ་བུམ་པ་དེ་བླངས་ནས་སློབ་དཔོན་གཉིས་ལ་ཕུལ་བ་དང་། སློབ་དཔོན་གཉིས་ཀྱིས་ཛྙཱ་ན་ཀུ་མཱ་རའི་ཕྱག་མཐིལ་དུ་ཆུ་ཐིགས་རེ་བླུག་སྟེ། བི་མ་ལའི་ཞལ་ནས། སངས་རྒྱས་ཀྱི་བསྟན་པའི་ཆོས་ཡར་གཙང་གི་ཆུ་བོ་ལྟ་བུ་ཡིན། ངེད་གཉིས་ཀྱི་བུམ་པ་གང་པོ་འདི་ཙམ་རེ་ཤེས་པ་ཡིན། ཁྱོད་ཀྱིས་ལག་མཐིལ་གྱི་ཆུ་ཐིགས་འདི་ཙམ་རེ་ཤེས་པ་ཡིན་གསུངས་པས། ཛྙཱ་ན་ཀུ་མཱ་རས་སློབ་དཔོན་གཉིས་ཀྱི་བདག་གི་ངན་རྟོག་མངོན་པར་ཤེས་པས་མཁྱེན་འདུག་སྙམ་སྟེ་ཁེངས་བ་ཆག་གོ། །སླར་ཡང་སློབ་དཔོན་གཉིས་ཀྱིས་གསང་སྔགས་ནང་གི་ཆོས་མདོ་སྒྱུ་སེམས་སོགས་མང་དུ་གསུངས་ཤིང་། དེའི་ཚེ་གཡུ་སྒྲས་ཛྙཱ་ན་ཀུ་མཱ་ར་ལ་མན་ངག་གི་ཆོས་ཡོད་ཚུལ་གསུངས་པ། འདི་བས་ལྷག་པ་མེད་ཀྱང་མཐའ་མི་ནོར་འདོད་དུ་འདུག་སྙམ་སྟེ་ལོག་རྟོག་སྐྱེས་ནས་ཞུ་ལན་ཕུལ་བར། མན་ངག་གི་སྣོད་མིན་པར་མཁྱེན་ནས་སྐུ་མི་སྣང་བར་གཤེགས་པས་འགྱོད་དེ་མཆི་མ་བྱུང་ཞིང་གསོལ་བ་བཏབ་པས་སྔར་བཞིན་བྱོན་ཏེ་དེ་ཙམ་དུ་བོས་ནས་ཅི་བྱེད་གསུངས་པར། མན་ངག་གི་ཆོས་གནང་བར་གསོལ་བ་བཏབ་པས། སྔར་གྱི་རྟེན་འབྲེལ་ཅུང་ཟད་འཕྱུགས་པས་སྐབས་དེ་མ་གནང་བར་སླར་མཇལ་བར་གནང་སྟེ་ཚ་བ་རོང་དུ་བྱོན་ནོ། །སྙན་བརྒྱུད་རྡོར་ཟམ་ལྟར་ན་གཡུ་སྒྲ་བོད་དུ་གཤེགས་ཤུལ་བཻ་རོ་ཐུགས་སྐྱོ་བའི་ཚུལ་མཛད་དེ་ཚ་བའི་རོང་གི་གཏིང་དུ་ཞག་བཅུ་གསུམ་བྱོན་པའི་ས། རྒྱལ་མོ་སྟག་རྩེ་མཁར་བྱ་བ་ན་སྤང་མི་ཕམ་མགོན་པོ་ལོ་དགུ་ཅུ་གོ་ལྔ་ལོན་པ་རྗེས་སུ་བཟུང་བའི་ལོ་རྒྱུས་དང་། ཐང་ཡིག་ལྟར་ན་བཻ་རོ་སླར་བོད་དུ་འབྱོན་ལམ་དུ་སྤང་རྒན་དང་མཇལ་ཏེ་ཆོས་གནང་ཚུལ་དང་། འདྲ་འབག་ལྟར་ན་གཡུ་སྒྲ་ཕྱིར་བྱོན་པའི་ལམ་དུ་སྤང་དང་། རྒྱ་བློ་གྲོས་གཞོན་ནུ་དང་། སྦས་རྡོ་རྗེ་རྒྱལ་མཚན་རྣམས་རྗེས་སུ་བཟུང་ཚུལ་བཤད་པས། དེ་རྣམས་ཀྱི་ལོ་རྒྱུས་རྒྱས་པ་འདྲ་འབག་ལྟར་ལ། དེ་ནས་བཻ་རོ་དང་གཡུ་སྒྲ་མཇལ་ཞིང་བོད་ཀྱི་ལོ་རྒྱུས་རྣམས་ཞུས་པས་བཻ་རོ་མཉེས་ཏེ་མགུར་གསུངས། བོད་ཡུལ་གྱི་རྗེ་འབངས་རྣམས་ཀྱང་བཻ་རོ་གདན་འདྲེན་པར་འགྲོས་ཤིང་། བི་མ་ལས་ཀྱང་སྤྱན་དྲོངས་ཤིག་གསུངས། དུས་དེར་འདྲ་འབག་ལྟར་ན་མངའ་བདག་གཤེགས་ཚུལ་གོང་དུ་སྨྲོས་པ་ལྟར་དང་། ཁྲི་སྲོང་གི་སྲས་གསུམ་ཡོད་པའི་མུ་ཏིག་བཙན་པོ་སྤྱུགས། མུ་ནེ་བཙན་པོ་དུག་གིས་བཀྲོངས། སད་ནས་ལེགས་མཇིང་ཡོན་གྱི་སྐབས་ཡིན་པས་མུ་ནེ་བཙན་པོའི་གཤིན་གྱི་འདས་རྗེས་དང་ཆོས་འཁར་འཛུགས་པར་བགྲོས་ཏེ། རྗེ་ཨུ་པ་དེ་ཤ །ཐང་བཟང་དཔལ་གྱི་རྡོ་རྗེ། གསང་བ་དཔལ་གྱི་སྙིང་པོ་གསུམ་བཻ་རོ་གདན་འདྲེན་པར་མངགས་ཏེ་བྱོན་པར་མཇལ་ཞིང་། འབྱོན་པར་ཞུས་པ་དགྱེས་ཏེ་ཞལ་གྱིས་བཞེས་ནས། ཁྱེད་རང་གསུམ་ང་འབོད་མཁན་ཡིན་པར་ཤེས་ན་གསོད་དུ་འོང་བས་སྔོན་ལ་བྲོས་ཤིག །ང་རྟིང་ལ་འོང་གི་གསུངས་ཏེ། བང་ཕྱིན་གསུམ་པོ་སྔོན་ལ་བརྫངས། རྒྱལ་མོ་ཚ་བའི་རོང་གི་གདུལ་བྱ་རྣམས་ལ་ང་བོད་དུ་འགྲོ་བས་ཆོས་གང་དགོས་ཉན་པ་དང་། ཐེ་ཚོམ་ཆོད་ཅིག་གསུངས་ཏེ་ཆོས་འཕྲོ་རྣམས་རྫོགས་པར་མཛད། བོད་དུ་ཆས་པས་རྒྱལ་མོ་གྲུ་ལ་སོགས་པས་གསེར་གཡུ་དར་ཟབ་གཤེགས་སྐྱེམས་ཕུལ། ཕྱག་བཙལ་མཆི་མ་ཕྱུངས་ཏེ་བཞུགས་པར་ཞུ་དོན་མང་དུ་ཕུལ་ཡང་། ཞུས་ལན་གྱི་མགུར་མང་པོ་གསུངས། སླར་ཡང་གསེར་དངུལ། དར་ཟབ། ཆིབས་རྟ་སོགས་ཕེབས་རྫོངས་སུ་བཏབ། ཞལ་ཏ་གནང་བར་ཞུས་པ་བཞིན་ཞལ་གདམས་དང་ལན་གཅིག་འབྱོན་པར་ཞལ་གྱིས་བཞེས་ཏེ། སྤང་སངས་རྒྱས་མགོན་པོ་ཆོས་སྟོན་གྱི་སྐུ་ཚབ་ཏུ་བཞག་གོ། །དེར་རྒྱལ་མོ་ཚ་བའི་རོང་པ་རྣམས་ཀྱིས་ནོར་སྣ་ཚོགས་ཕུལ་བ་གཞན་རྣམས་ཕྱིར་སློག་ཅིང་། དངུལ་གྱི་དོང་རྩེ་གསུམ། གསེར་ཕྱེ་བྲེ་དོ། བླ་གཡུ་འོད་འབར་རྣམས་བསྣམས་ཏེ་བྱོན། ཁོང་རྣམས་ཀྱིས་ལ་ཐོག་ཏུ་སྐྱེལ་ཐུང་མཛད་ཅིང་ཕྱག་བསྐོར་ཕུལ། ཞབས་སྤྱི་བོར་བླངས་ཏེ་བྱིན་རླབས་ཞུས་ཤིང་། བཻ་རོ་དང་གཡུ་སྒྲ་གཉིས་གློག་འཁྱུགས་པ་ལྟར་བོད་ཡུལ་ཕྱོགས་སུ་ནམ་མཁའ་ལ་གཤེགས་ཤིང་། ཡུལ་མི་ཐམས་ཅད་ཀྱི་ཕྱི་ཕྱག་དང་སྨོན་ལམ་རྒྱ་ཆེར་བཏབ་སྟེ་རང་ཡུལ་དུ་ལོག་བོད་ནས་སྤྱན་འདྲེན་མི་གསུམ་ནི་བཻ་རོ་དང་དུས་མཉམ་དུ་མ་སླེབ་ན་མི་འོང་བས་བཻ་རོ་ཕྱི་ནས་འབྱོན་སྙམས་སྟེ་དལ་འགྲོས་ཀྱིས་ཕྱིན། ལོ་ཆེན་དཔོན་སློབ་རྫུ་འཕྲུལ་གྱི་མཐུས་སྐད་ཅིག་ལ་བསམ་ཡས་མཆིམས་ཕུའི་ཡང་དབེན་དུ་ཕེབས་ཏེ་དེར་རེ་ཞིག་བཞུགས་སོ། །དེའི་ཚེ་ལྷ་སྲས་མུ་ནེ་བཙན་པོའི་གཤིན་གྱི་ཆོས་འཁོར་དང་ཐུག་སྟེ་པཎྜི་ཏ་བི་མ་ལ་དང་། ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་གཉིས་ཀྱིས་ཚོགས་དཔོན་མཛད་དེ། མི་མང་པོ་འཚོག་གི་ཡོད་པའི་ཚེ། བན་དེ་ཁྲོ་ཆུའི་མེ་སྟག་ཕྲོམ་ཕྲོམ་བྱེད་པ་གཉིས་བྱུང་ནས་སུ་ཡིན་ཟེར་ཏེ། ཛྙཱ་ན་ཀུ་མ་རས་བལྟས་པས། ལོ་ཆེན་དཔོན་སློབ་ཡིན་པར་ངོ་ཤེས་ཏེ་ཕྱག་བཙལ། རྗེ་བློན་རྣམས་ལ་བྱོན་པར་བསྒྲགས། པཎྜི་ཏ་བི་མ་ལ་དང་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་གཉིས་ཀྱིས་ཕྱག་དང་ཞེ་ས་འབུལ་བར་ཧབ་ཐོབ་མཛད། མཁས་བཙུན་རྣམས་དང་དགེ་འདུན་སྡེ་གཉིས་རྒྱལ་བློན་རྣམས་ཀྱིས་ཀྱང་ཕྱག་འཚལ་ཞིང་། རང་རང་གི་རྒྱན་གོས་གསེར་གཡུ་རྟ་ལ་སོགས་པ་ཧབ་ཐོབ་ཏུ་ཕུལ་བས་ཟས་ནོར་གྱི་ཕུང་པོ་བཻ་རོའི་དྲུང་དུ་རི་སྤུངས་པ་ལྟར་བྱུང་སྔར་གྱི་གདན་འདྲེན་མི་གསུམ་ཡང་སླེབས་སོ། །དེ་ནས་ཟས་གོས་ལ་སོགས་པ་དེ་རྣམས་ལ་ཁྲི་ཆེན་པོ་བཤམས་ཏེ། གུང་གྲལ་དུ་བཻ་རོ་བཞུགས་གཡས་གཡོན་དུ་བི་མ་དང་གཡུ་སྒྲ་གཉིས་ཁྲི་ཆུང་ངུ་རེ་ལ་བཞུགས་པའི་དྲུང་དུ་ཐམས་ཅད་འདུས་ཏེ། མཆི་མ་ཕྱུངས་ཤིང་ཕྱག་འཚལ་བ་དང་། བསྐོར་བ་དང་། གདུགས་འབུབས་པ་དང་། འཕན་འཕྱར་བ་དང་། དུང་འབུད་པ་དང་། རོལ་མོ་སྣ་ཚོགས་བརྡུང་ཞིང་འཁྲོལ་བ་དང་། གླུ་ལེན་བྲོ་གར་ཤོན་ལ་སོགས་བྱེད་ཅིང་ཐམས་ཅད་དགའ་ཞིང་ཚིགས་སུ་བཅད་པས་ཀྱང་བསྟོད་པར་བྱེད་དེ། དེར་བི་མ་ལ་དང་བཻ་རོ་གཉིས་ཀྱི་དགོངས་པ་མཛད། གཡུ་སྒྲ་དང་ཛྙཱ་ན་ཀུ་མཱ་ར་སོགས་ཀྱིས་ལས་བྱས་ཏེ་རྗེ་མུ་ནེའི་གཤིན་སྟོན་མཛད། ཆོས་གྲྭ་བཙུགས་ཏེ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཁྱད་པར་བཻ་རོ་ཙ་ནས་ཆོས་གསུང་པའི་དུས་སུ་ནམ་མཁའ་ལ་འཇའ་ཚོན་སྣ་ཚོགས་དང་། ལྷ་ཚོགས་མང་པོས་ལྷའི་མེ་ཏོག་སྣ་ཚོགས་འཐོར་ཞིང་ས་གཡོ་བ་སོགས་ངོ་མཚར་མང་དུ་བྱུང་བ་ལ་ཐམས་ཅད་དད་པ་སྐྱེས་ཤིང་སྔར་སྤྱུགས་པ་ལ་འགྱོད་བཤགས་ཀྱི་ལོངས་སྤྱོད་སྣ་ཚོགས་འབུལ་ཞིང་ངུས་ཏེ་སྤྱུགས་པ་ལ་བརྟེན་པའི་སྙུན་འདྲི་ཞིང་རྒྱུ་མཚན་རྨེད་པ་ལ། ཀྱཻ། འདི་ན་འཚོགས་པའི་མཁས་བཙུན་སྡེ་གཉིས་དང་། ཞེས་སོགས་ཀྱི་མགུར་མང་དུ་བཞེས་སོ། །དེར་ཆོས་འཁོར་གྲུབ་ནས་བོད་དུ་སྤྱི་སྒོས་ཀྱི་ཆོས་དང་ཞལ་གདམས་མང་དུ་གསུངས་ཤིང་། འདྲ་འབག་ལྟར་ན་བཻ་རོ་དང་གཡུ་སྒྲ་གཉིས་སླར་ཡང་རྒྱལ་མོ་ཚ་བའི་རོང་དུ་ལན་གཅིག་འབྱོན་པར་ཞལ་གྱིས་བཞེས་པ་བཞིན་གཤེགས་ཏེ། བོད་ནས་གཤེགས་སྐྱེམས་ཕུལ་ཞིང་ཞལ་ཏ་མང་དུ་གསུངས་ནས་ཚ་བའི་རོང་དུ་བྱོན་ཏེ་རྒྱལ་བློན་རྣམས་དང་མཇལ་ཞིང་ཆོས་ཀྱི་བགྲོ་བ་མཛད། སླར་ཡང་མདོ་ཁམས་སུ་ཡར་བྱོན། དེར་ཡང་པཎྜི་ཏ་བི་མ་ལ་ཡང་སྤྱན་དྲངས་ཏེ། ཁམས་ཀྱི་རུང་བྱམས་ཆེན་གྱི་ཡང་དབེན་དུ་བི་མ་ལས་པཎྜི་ཏ་དང་བཻ་རོས་ལོ་ཆེན་མཛད་དེ་ཡང་དག་ལ་སོགས་པའི་རྒྱུད་སྡེ་མང་དུ་བསྒྱུར། དེ་ནས་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་ཆོས་རྣམས་ཀྱང་དེ་སྐབས་བྱུང་བར་གྲགས། སླར་ཡང་བོད་དུ་བྱོན་ནས་ཧས་པོ་རིའི་བརྩེར་དགོངས་པ་ལ་བཞུགས་ཤིང་། འཁོར་ཐུན་མོང་བ་རྣམས་ལ་དྲང་དོན་གྱི་ཆོས་འགའ་ཞིག་གསུང་བ་དང་། སྔ་འགྱུར་གྱི་མཇུག་མ་ཚངས་པ་འགའ་ཞིག་ཀྱང་བསྒྱུར། ཐུན་མོང་མ་ཡིན་པའི་གདུལ་བྱ་རྣམས་ལ་མན་ངག་རྫོགས་པ་ཆེན་པོའི་ཆོས་གསུངས་པ་སོགས་མཛད་ཅིང་བཞུགས། དེའི་ཚེ་ལི་ཡུལ་ལྕང་ར་སྨུག་པོ་ནས་སྔར་རྒྱ་གར་ནས་ཚུར་ལམ་རྗེས་སུ་བཟུང་བའི་ལི་ཚ་ཚུལ་ཁྲིམས་སྒྲོན་ཡང་མཇལ་བར་བྱོན་ཞིང་དགོངས་པ་མཉམ་པར་གྱུར་ནས་དགྱེས་སོ། །དེ་ནས་བཻ་རོ་ཉིད་ཡུན་གྱི་དགོངས་པ་ལ་གཤེགས་པར་དགོངས་པའི་ཚེ། འཁོར་རྣམས་ལ་གདམས་ངག་ཞལ་ཐེམས་མང་དུ་བཞག་ཅིང་། གཡུ་སྒྲ་དང་མངའ་བདག་རྗེ་བློན་རྣམས་ཀྱི་ངོར་འདྲ་འབག་ཆེན་མོ་དཀར་ཆག་ཏུ་བཏབ་སྟེ་གནང་ནས། འདྲ་འབག་ལྟར་ན་ལི་ཚ་ཚུལ་ཁྲིམས་སྒྲོན་དང་ལྷན་དུ་གློག་འཁྱུག་པ་ལྟར་ལི་ཡུལ་དུ་གཤེགས་ཏེ་ཡུན་གྱི་དགོངས་པ་ལ་བཞུགས་ནས། མཐར་སྤྲུལ་པ་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་བསྡུས་སོ་ཞེས་གྲགས་ལ། སྙན་བརྒྱུད་རྡོར་ཟམ་ལྟར་ན་བསམ་ཡས་ནས་སྒྲགས་ཡང་རྫོང་གི་རྩེ་ལ་གཤེགས་ཏེ། བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །སྒྱུ་མ་ལྟ་བུའི་ཕུང་པོ་ཡིས། །སྒྱུ་མ་ལྟ་བུའི་ཆོས་བྱས་ནས། །སྒྱུ་མ་ལྟ་བུར་མངོན་འཚང་རྒྱ་ཞེས་གསུངས་ཏེ་འོད་ཀྱི་ཕུང་པོར་གཤེགས་སོ། །ཞེས་འབྱུང་བས། དེང་སང་ཡང་རྫོང་ན་བཻ་རོ་འོད་ལུས་སུ་གཤེགས་པའི་ཕུག་པ་ཡང་ཡོད་དོ། །མདོར་ན་རླུང་སེམས་ལ་རང་དབང་ཐོབ་ཅིང་ཡེ་ཤེས་སྒྱུ་མའི་སྐུ་འཇའ་ལུས་འཕོ་བ་ཆེན་པོར་མངའ་བརྙེས་པའི་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་ཡིན་པས་སྤྲུལ་པ་དུ་མར་བཀྱེ་བསྡུ་མཛད་པའི་ཚུལ་ལ་མཐའ་གཅིག་ཏུ་ངོས་བཟུང་མི་བྱ་བར་གུས་པར་བྱ་བ་གཅེས་སོ། །དེ་ཡང་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་འདི་ཉིད་བཀའ་དྲིན་འགྲན་ཟླ་དང་བྲལ་བར་ཡིན་པའི་ཕྱིར། འདི་ཉིད་ཀྱི་རྣམ་པར་ཐར་པ་ཐང་ཡིག །འདྲ་འབག །སྙན་བརྒྱུད་རྡོར་ཟམ་སོགས་ལས་བཏུས་ཏེ་བྲིས་པ་ཅུང་ཟད་མང་བ་ཙམ་བྱུང་ཡང་། སྐུ་དྲིན་དྲན་པའི་ཕྱིར་དང་དད་གུས་ཀྱི་གསོས་བཏབ་པའི་ཕྱིར་བཀོད་པས་དྲིན་ལན་དུ་དམ་པའི་ཆོས་ལ་འབད་པར་རིགས་སོ། །ཞེས་གདམས་པ་ཡིན་ནོ། །མང་ཐོས་མཆོག་གྱུར་འཕགས་པ་ཀུན་དགའ་བོ། །བོད་ཡུལ་བསྟན་འགྲོའི་དོན་དུ་ལེགས་སྤྲུལ་པ། །ངེས་པ་དོན་གྱི་མ་ཧཱ་པཎྜི་ཏ། །སྤྲུལ་པའི་ལོ་ཆེན་བཻ་རོ་ལན་བརྒྱར་བསྟོད། །འཕགས་ཡུལ་ཐུབ་བསྟན་རྒྱ་མཚོ་ཆེན་པོ་ལས། །རྒྱུ་དང་འབྲས་བུའི་དམ་ཆོས་ཡིད་བཞིན་ནོར། །བླངས་ཏེ་མུན་གླིང་འགྲོ་བའི་དབུལ་སེལ་མཁན། །སྤ་གོར་གན་ཇག་ཐང་ཏའི་ཡོན་ཏན་དྲན། །ཐེག་མཆོག་བསྟན་པའི་སྙིང་པོ་རྫོགས་པ་ཆེ། །བསམ་འཕེལ་འདོད་དགུ་འབྱུང་བའི་ཡིད་བཞིན་དབང་། །བསྟན་འགྲོའི་རྒྱལ་མཚན་རྩེ་མོར་ལེགས་བཀོད་ནས། །མ་ལུས་གདོད་མའི་གཞི་ལ་ཁྱོད་ཀྱིས་དྲངས། །ལུས་དང་སྲོག་ལ་གཅེས་པ་བརྒྱགས་བསྲིངས་ཏེ། །བཅུ་དྲུག་དཀའ་བ་སྤྱད་དེ་ཡོངས་འཛིན་བསྟེན། །མདོ་སྔགས་དམ་ཆོས་མ་ལུས་བོད་བསྒྱུར་བའི། །བཀའ་དྲིན་བསམ་ན་སྙིང་ནས་མཆི་མ་དཀུ། །ཁྱོད་ཐུགས་སྙིང་སྟོབས་བརྣག་པར་དཀའ་བ་ཡིས། །ལུས་སྲོག་ལྟོས་མེད་བཙལ་བའི་སྔ་འགྱུར་ཆོས། །དེང་སང་ལ་ལ་ལོག་ཆོས་ཡིན་ཞེས་སྒྲོགས། །ཡིད་ཆེས་ལྡན་ཡང་བསྟན་ལ་འཇུག་པ་ཉུང་། །ཞུགས་ཀྱང་འོད་ལ་རྡོ་རྗེ་སྙིང་པོ་ཡི། །ཀ་དག་ལྷུན་གྲུབ་བཤད་བསྒྲུབ་མི་བརྩོན་པར། །གྲོང་ཆོག་བསྒྲུབ་དང་ངན་སྔགས་ཁོ་ན་ཡིས། །ཚེ་འདིའི་འདུན་ཐག་བསྒྲུབ་མཐོང་སྙིང་ནས་སྐྱོ། །དེ་ཕྱིིར་མགོན་ཁྱོད་རྣམ་ཐར་ཉ་རྒྱས་ཟླ། །བདག་སེམས་དད་པའི་ཡིད་མཚོར་གསལ་མོད་ཀྱང་། །བཀའ་དྲིན་རྗེས་སུ་དྲན་ཕྱིར་ཆ་ཤས་ཙམ། །བློ་གསལ་གུས་པ་བསྐྱེད་ཕྱིར་ཡི་གེར་སྤེལ། །དགེ་འདིས་མགོན་པོ་ཁྱོད་ཀྱི་སྤང་རྟོགས་ཀུན། །བདག་སོགས་རྒྱུད་ལ་འཕོ་བའི་སྐལ་ཐོབ་ནས། །སྔ་འགྱུར་བསྟན་ལ་བཤད་དང་སྒྲུབ་པ་ཡིས། །ཁྱོད་དགོངས་ཆོས་ཀྱི་དབྱིངས་སུ་རྫོགས་བྱེད་ཤོག །ཅེས་པ་ཡང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་ལོ་ཆེན་བཻ་རོ་ཙ་ན་དང་རྒྱལ་མོ་གཡུ་སྒྲ་སྙིང་པོའི་རྣམ་ཐར་ཐུན་མོང་དུ་བརྗོད་ཟིན་ལ། གཡུ་སྒྲ་སྙིང་པོས་གཉགས་ཛྙཱ་ན་ཀུ་མཱ་ར་སྟེ་ཡེ་ཤེས་གཞོན་ནུ་ལ་ཡུལ་མཆིམས་ཕུ་བྲག་དཀར་རམ་བྲག་དགེ་འུར་གསུངས། ཕྲ་མེན་གྱིས་ཡོལ་སྐྱོང་ཆང་གིས་བཀང་བ་དང་གཡུ་སྟོང་རི་བ་ཕུལ། གསང་མཚན་དྲི་མེད་ཟླ་ཤར་རྩལ་ལམ་རྡོ་རྗེ་གྲུབ་པའི་གཏེར་རམ། རྡོ་རྗེ་བཞད་པའི་གཏེར། ཐིག་ལེ་གཤོག་རྒོད་རྩལ་དུ་ཡང་གྲགས་ཏེ་རིག་འཛིན་ས་ལ་གཤེགས་སོ། །སློབ་དཔོན་འདིའི་རྣམ་ཐར་ཅུང་ཟད་བརྗོད་ན། ཡུལ་ཡར་ཀླུངས་ཤེལ་པ། གདུང་གཉགས། ཕ་སྟག་ར་ལྷ་སྣང་། མ་སུམ་བཟའ་བློ་གྲོས་ཀྱི་སྲས་སུ་འཁྲུངས། མགྲིན་པ་ན་རྨེ་བའི་རྡོ་རྗེ་རྒྱ་གྲམ་ཡོད་པ། ས་དྲུག་ནོན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡིན་ཏེ། མི་ཆོས་ཀྱི་མཚན་རྒྱལ་བ་བློ་གྲོས་ཞེས་པར་གྲགས་སོ། །དེ་ཡང་ལོ་རྒྱུས་ལ་ལར་ཛྙཱ་ན་ཀུ་མཱ་ར་འཕྱོང་རྒྱས་འཕྱོས་པ་ཡིན་པར་གསུངས་འདུག་ཅིང་། ཐང་ཡིག་ཏུ་ཡང་། འཕྱོས་ཀྱི་གཉག་ཆེན་ཛྙཱ་ན་ཀུ་མཱ་ར། ཞེས་འབྱུང་བས་ན་འཕྱོང་རྒྱས་འཕྱོགས་སོགས་ཡར་ཀླུངས་ཀྱི་ནང་ཚན་ཡིན་པས་མི་འགལ། ཐང་ཡིག་ལྟར་ན་བོད་དུ་མཁན་ཆེན་བོ་དྷི་ས་ཏྭ་གདན་འདྲེན་པ་པོ་ཡང་ཡིན་ལ། མཁན་ཆེན་དེ་ཉིད་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྒྲ་ཚད་མཚན་ཉིད་སྔགས་ཕྱི་ནང་ཀུན་ལ་མཁས་ཤིང་། སློབ་དཔོན་ཆེན་པོ་པདྨ་དང་བི་མ་ལ། བཻ་རོ་ཙ་ན། གཡུ་སྒྲ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས། ཁྱད་པར་སློབ་དཔོན་ཆེན་པོ་པདྨས་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བས་ཆེ་མཆོག་ལ་མེ་ཏོག་འཕོག །གྲུབ་མཚན་ཡར་ཀླུངས་ཤེལ་བྲག་ལས་བདུད་རྩིའི་ཆུ་རྒྱུན་འདོན་པར་མཛད་ཅིང་རྗེ་འབངས་ཉེར་ལྔའི་གྲས་སུ་གྱུར། ཁྱད་པར་ཕུར་པའི་གྲུབ་པ་བརྙེས་པའི་ལོ་རྒྱུས་འདི་ལྟར་ཡང་སྣང་སྟེ། མངའ་བདག་ཁྲི་སྲོང་ལྡེའུ་བཙན་སྐུ་འདས་ནས་བཙུན་མོ་དམར་རྒྱན་དབང་ཆེ་ཞིང་ངན་སྤྱོད་ཀྱི་ལོ་པཎ་ཀུན་ལ་སྡང་བས། ལོ་པཎ་ཕལ་ཆེར་བས་མཐའི་དབེན་པར་བརྟེན་དགོས་བྱུང་བས་ན། གཉགས་ཀྱང་ཡར་འབྲོག་ཕྱོགས་སུ་བཞུགས་སྐབས། རང་གི་ཕ་སྤུན་གཉགས་དགེ་སྟོན་དགྲར་ལངས་ཏེ་འདི་ནི་མུ་སྟེགས་ཀྱི་སྔགས་མཁན་ཡིན་ནོ་ཟེར་ཡུལ་མི་རྣམས་ལ་བསྒྲགས། བྷན་དྷ་ནང་དམར་པོ་ཡོད་པ་བརྐུས་ནས་གྲི་རྩེས་འདྲེད་ཅིང་མི་རྣམས་ལ་སྟོན། ཟོག་འདི་འདྲ་བྱེད་དོ་ཟེར་ཡ་ག་སྒྲོག །སློབ་དཔོན་བཀྲོང་ཞིང་དབེན་པ་བཤིགས་པའི་ངན་གྲོས་བཤམས་པས། དེ་དགོངས་ཏེ་གང་དུ་བཞུགས་སར་རིན་པོ་ཆེ་གཏོར་ཞིང་བཞག་པས་མི་རྣམས་ཀྱི་རྫུ་འཕྲུལ་འདི་འདྲ་བས་ཁྱེད་མི་བདེན་བྱས་ཀྱང་མི་ཉན་པར་བྷན་དྷ་འདྲད་ཅིང་སྟོན་པ་སོགས་བྱུང་བས། ཡུར་དེར་མ་བཞུགས་པར་གཡོག་ཞིག་ཁྲིད་ནས་ཀོང་པོ་མཆིམས་ཡུལ་གྱི་གཏིང་དུ་བྱོན་པས་ལུང་སྟོང་ཞིག་ན་ར་མ་བདུན་འདུག་པ་དེད་འགྲོ་གསུངས་པས། གཡོག་གིས་བདག་པོ་ཡོད་དམ་ཟེར། སློབ་དཔོན་གྱི་ལུང་སྟོང་གི་ར་ལ་བདག་པོ་ག་ན་ཡོད་གསུངས་ཏེ་དེད་པ་མཆིམས་བྱ་རོག་ཅེས་བྱ་བའི་ར་ཡིན་པས། ཁོས་མཐོང་སྟེ་རྐུན་ཁག་བཙུགས། བདུན་མཇལ་སྤྲད་ཀྱང་མ་ཉན་པར་དབེན་པར་བཤིག་ལྕགས་ཐོས་དེད་སློབ་དཔོན་གྱིས་སྒོ་བཅད་པས། སྒོའི་ཡ་ཐེམ་ལ་ལྕགས་ཐོ་རྒྱབ་སྟེ། བཙུན་ཆུང་གི་མགོ་ལ་ལྕགས་ཐོ་ཐོབ་ཟེར། དེ་ཡང་མ་ཆགས་པར་དབུས་སུ་བྱོན་པས། འབྲོ་སྲས་ཆུང་བྱ་བ་ཤ་བ་གཅིག་དེད་ནས་བྱུང་བ་དང་། ལམ་འགག་ཅིག་ཏུ་འཕྲད་པས། ཁོའི་རྟ་འགྲོགས་ཤ་བ་ཤོར་བས་ཁོ་ཁྲོས་ཏེ་གསོད་དུ་བྱུང་བ་ལ་བྲོས་པས་ཐར་བ་ཙམ་བྱུང་སྐད། དེའི་ཚེ་བསམ་ཡས་སུ་ལྷ་སྲས་མུ་ནེའི་དགོངས་རྫོགས་ཀྱི་ཚོགས་དབུར་བི་མ་ལ་བྱོན་པ་དང་མཇལ་ནས་གསེར་ཕྱེ་ལོང་མོ་གང་ཕུལ་བས་བི་མ་ལས། ལོ་ཙཱ་བ་དཔོན་གཡོག་སྐྱིད་དམ་གསུངས་པ་ལ། གཉག་གིས་ཞུས་པས། ཡར་འབྲོག་སྒང་དུ་སྐྱིད་བགྱི་རུ། །དགེ་ལ་སྟོན་གྱིས་ས་མ་སྟེར་རོ། །མཆིམས་ཡུལ་གཏིང་དུ་སྐྱིད་བགྱི་རུ། །བྱ་རོག་དམྱལ་བའི་མ་སྟེར་རོ། །བོད་ཡུལ་དབུས་སུ་སྐྱིད་བགྱི་རུ། །འབྲོག་སྲས་ཆུང་གིས་མ་སྟེར་རོ། །ཞེས་ཞུས་པས། བི་མ་ལས་ལོ་ཙཱ་བར་བརྙས་ན་བསྟན་པ་ནུབ་ཀྱིས་དགོངས་ནས་ཕུར་པའི་ཆོས་སྐོར་གནང་། ལྷོ་བྲག་གཡར་ཆུ་སྣའི་བྲག་ཕུག་ཏུ་བི་མ་ལ་དང་ལོ་པན་ལྷན་ཅིག་སེང་ཕུར་ཉེར་གཅིག་ལ་བརྟེན་ནས་བསྒྲུབས་པས། ཕུར་བུ་འཁྲོལ་བ་སོགས་གྲུབ་མཚན་བྱུང་བར་གཉགས་ཀྱིས་ཕུར་པ་བླངས་ཏེ་སྒྲིལ་ཞིང་། བྱ་རོག་ལའོ་བྱས་པས་སྟོང་ཁམས་ཀྱི་བྱ་རོག་མང་པོ་འདུས་བྱུང་བ་ལ། མཆིམས་བྱ་རོག་ལའོ་བྱས་པས། མཆིིམས་ཡུལ་གྱི་བྱ་རོག་ཟུང་ཞིག་བྱུང་བས་གཉགས་ཁྲོས་ནས་བྱ་རོག་གཅིག་ལ་འདེབས་པར་བརྩམས་པ་དང་བྱ་རོག་ཤིའོ། །དེར་བི་མ་ལས་སློང་གསུངས་པ་ལ་སློང་མ་ཐུབ་པས། བི་མ་ལས་བྱེ་མ་ཅིག་བཏབ་པས་གསོས་ནས་བཏང་སྟེ་ད་ཕྱིན་དེ་ལྟར་མ་བྱེད་སྡིག་ཆེའོ་གསུངས་ནས། གནས་ལུང་གི་ཆོ་ག་དེ་ལ་བརྟེན་ཏེ་གནང་། དེ་ནས་མཆིམས་ལྷ་གཡག་དཀར་ཞིག་ཏུ་སྤྲུལ་ཏེ་བྱུང་བ་ཡང་ཕུར་པ་བཏབ་སྟེ་བསྒྲལ། མཆིམས་བྱ་རོག་ཀྱང་སྐབས་དེར་བསྒྲལ། བླ་སྤྱང་རབ་འབྲིང་ཐ་གསུམ་བྲན་ཁོལ། འོག་རྟ། རྒོ་ཁྱི། སྣག་གི་གཉེན་མཚམས་ཡན་ཆོད་ལ་བཏབ་པས་རབས་ཆད་དེ་བརྟུལ་ལོ། །དེ་ནས་ཕ་སྤུན་གཉགས་དགེ་སྟོན་ལ་བཏབ་པས་གཉགས་ཉིད་སྙིང་རྗེ་སྐྱེས་ཤིང་ཆོས་ཉིད་ཀྱི་ཀློང་དུ་གྱུར་པས་ཡེ་མ་ཐེབས་ཏེ། བི་མ་ལ་གྲོགས་མཚན་ལྡན་ཞིག་རྙེད་ན་ཐེབས་ཏེ་འོང་གསུངས་པས། སོག་པོ་དཔལ་ཡེ་དང་འོ་བྲན་དཔལ་གྱི་གཞོན་ནུ་རྙེད་དེ་དཔོན་སློབ་གསུམ་གྱིས་སྒྲུབ་པ་བྱས་ཏེ་ཕ་སྤུན་དགེ་སྟོན་བསྒྲལ། སླར་ཡང་སོག་པོ་དཔལ་ཡེས་གཉགས་དགེ་སྟོན་གྱི་རྩར་ཕྱིན་ནས་ཁོ་ཤི་འདུག་པའི་སྙིང་བཏོན་ནས་སློབ་དཔོན་ལ་ཕུལ་བས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱོད། །རང་གི་སེམས་ནི་ཡོངས་སུ་འདུལ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཀུན་ཀྱང་གནོད་པ་རྣམས་དང་བྲལ། །ཞེས་གསུངས་ཤིང་བདེ་ཆེན་གྱི་སར་གནས་སྤར། གཉགས་ལྷ་བྱ་ཁྲར་སྤྲུལ་ཏེ་བྱུང་བ་ཡང་བསྒྲལ། སྔར་བཞིན་བླ་སྤྱང་བྲན་ཁོལ། འོག་རྟ། སྒོ་ཁྱི། གཉེན་ཚུན་ཆད་བསྒྲལ་ཞིང་གནས་སྤར་རོ། །དེ་ནས་འབྲོ་སྲས་ཆུང་ནེ་ཐང་ཞིག་ན་རྟ་ཕྱུགས་འཚོ་བ་ལ། རྣམ་ཤེས་ལིང་ག་ལ་བཀུག་ཕུར་པ་བཏབ་སྟེ་བསྒྲལ། འབྲོ་ལྷ་སྤྱང་ཀིར་བྱུང་བ་དང་། བླ་སྤྱང་བྲན། རྟ། སྒོ་ཁྱི། གཉེན་མཚམས་ཀྱི་བར་དུ་ཕུར་པ་བཏབ་སྟེ་བསྒྲལ་ནས་རྣམ་ཤེས་ཆོས་དབྱིངས་སུ་སྤར་རོ། །དེ་ལྟར་ངོ་བོ་ཆོས་དབྱིངས་འོད་གསལ་རྫོགས་པ་ཆེན་པོ་ལས་མ་གཡོས་བཞིན་དུ་མདངས་རྩལ་ལྷུན་གྲུབ་སྒྱུ་མ་ལྷའི་སྐུར་བཞེངས་ཏེ། འཕྲིན་ལས་དྲག་པོས་གདུལ་བྱ་རྣམས་ཚར་བཅད་དེ་བདེ་ཆེན་གྱི་སར་བཀོད་པ་དང་། ལོ་ཙཱ་བ་ཆེན་པོའི་ཚུལ་བཟུང་སྟེ་དམ་པའི་ཆོས་བསྒྱུར་བ་དང་། ཉན་བཤད་ཀྱི་སྒོ་ནས་སློབ་མ་བསྐྲུན་པ་དང་། གཞན་ཡང་། ཛྙཱ་ན་ཀུ་མཱ་ར་རྫུ་འཕྲུལ་ཆེན་པོ་སྟོན་ཞེས་དང་། ཀུ་མཱ་ར་ཛ་རྫུ་འཕྲུལ་མཆོག་དང་ལྡན། ཞེས་གསུངས་པས། རྫུ་འཕྲུལ་སྣ་ཚོགས་ཀྱིས་ཀྱང་འགྲོ་བ་འདུལ་ཞིང་མཐར་འོད་ཕུང་ཆེན་པོར་གཤེགས་སོ། །དེས་སོག་པོ་དཔལ་གྱི་ཡེ་ཤེས་ལ་ཡར་ཀླུངས་ཤེལ་བྲག་ཏུ་གསུངས། ཡོན་དུ་བླ་མའི་སྐུ་དགྲ་ལན་གསུམ་བསྒྲལ། ཐུགས་ལམ་གསུམ་བཟུང་ཞིང་མཉེས་པར་བྱས། གསང་མཚན་རྡོ་རྗེ་བཞད་པའི་གཏེར་རམ་ཁྱུང་གཤོག་རྩལ་དུ་གྲགས་ཏེ་རིག་འཛིན་གྱི་ས་ལ་གཤེགས་སོ། །འདིའི་ལོ་རྒྱུས་ཟུར་ཙམ་བརྗོད་ན། ཡུལ་ཡར་འབྲོག །རུས་ཁོང་པ། ཕ་སོག་པོ་འབར་ཡོན། མ་འབྲོ་བཟའ་སྨན་ནེའི་བུ་མིང་སྟག་སྦྱིན་ཟེར་ཞིང་། ལ་ལར་སྟག་ཟིལ་ཟེར་བ་ཡང་འདུག །དེ་སྐབས་མགར་བ་ལ་སོག་པོ་ཟེར་བས་སོག་པོ་མཚན་མགོར་ཡོང་བའི་རྒྱུ་མཚན་དེ་ཡིན་པར་གྲགས། དེ་ཡང་གོང་དུ་བཤད་པ་ལྟར་ཛྙཱ་ན་ཀུ་མཱ་རའི་སྐུ་དགྲ་བར་པ་ཕ་སྤུན་སྒྲོལ་སྐབས་གྲོགས་ཕུར་པའི་མཚན་ལྡན་ཞིག་དགོས་པ་བྱུང་བ་འཚོལ་དུ་བྱོན་པས། སོག་པོས་ཤིང་ཁུར་ཅིག་ཁུར་ར་ཞིང་ཁྲིད་པ་དང་ཕྲད་ཁྱོད་སུ་ཡིན་གསུངས། མིང་རུས་རྣམས་ཞུས་པས་ཕུར་པའི་མཚན་དང་ལྡན་པར་མཁྱེན་ཏེ། དེ་ཡང་མིག་འབུར་གྱེན་དུ་འཁྱིལ་བ། སྣ་གྲུ་གསུམ། མགོ་བོ་རྒྱ་མདུད་འདྲིལ་བ། ལྕེ་ཟླ་གམ། རོ་སྟོད་ཟུར་བརྒྱད་དུ་འདུག་པ། རོ་སྨད་ཟུར་གསུམ་པ། ཅི་ལ་ཡང་ཐོགས་པ་མེད་པར་གཟིགས་ནས་དེའི་ཕྱི་བཞིན་བྱོན་པས་ཁོ་མགར་བྱེད་ཅིང་འདུག་པ་ལ། ཁབ་ནག་བརྡུངས་གཉིས་སློབ་དཔོན་གྱིི་མིད་པས་ཁོ་དད་པ་སྐྱེས། ཁྱོད་ཀྱི་ཆོས་ནུས་སམ་གསུངས་པས། རྡོ་ཐོགས་ལགས་ཟེར། ནང་པར་ཁོའི་རྩར་བན་དེ་ཞིག་བྱུང་བ་ལ་ཁོས་ཀམ་པའི་ཁ་ཙག་ཅིག་རྒྱབ་པས་ཨ་ཚ་ཟེར། ཁོ་ན་རེ། མདང་གི་བན་དེ་ནི་ཁབ་ཀྱང་མིད། ཁྱོད་ནི་ཨ་ཚ་ཟེར་ཅི་ཉེས་ཟེར་ཞིང་དགོད་དེ། དེར་སློབ་དཔོན་གྱིས་ཁོའི་ཆུང་མ་ལ་བརྔན་པ་བྱིན་ནས་ཆོས་བྱེད་པར་གྲོས་ཐོབ་ཅིག་གསུངས། སླར་ཡང་ཁོ་རང་ལ་ཆོས་བྱའམ་གསུངས་པས། ཆུང་མ་ལ་དྲིའོ་ཟེར་ནས་དྲིས་པས། ཆུང་མ་ན་རེ། ཆོས་མི་བྱ་བའི་ཐབས་གར་ཡོད་ཆོས་གསེར་སྲང་ཁྲི་ཚོས་མི་ཁུགས་ཟེར་གྲོས་བཏབ། དེར་ཆོས་སྒོར་འཇུག་པ་ལ་ཡོ་བྱད་མེད་ཟེར་བ་ཡང་སློབ་དཔོན་གྱི་བྱིན་པས་ཁོ་མཆོག་ཏུ་དད་པར་གྱུར་ཏེ་རབ་ཏུ་བྱུང་། ཆོས་མིང་ལྷ་དཔལ་ཡེ་ཤེས་སུ་བཏགས་ཤིང་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་སྒྲུབ་པའི་གྲོགས་བྱས་ཏེ་གདུག་པ་ཅན་བསྒྲལ་བ་སོགས་སྔ་མ་ལྟར་ཡིན་ལ། ས་ལ་ནོན་པའི་བྱང་ཆུབ་སེམས་དཔའ་ཡིན་པར་གྲགས། ལོ་རྒྱུས་འགའ་ཞིག་ཏུ་ཡུལ་ཉ་འཁོར་གྱི་མདའ་མར་ཞེས་པར་གཉགས་དང་དམ་ར་ཕ་སྤུན་གྱི་མི་ཤ་ཡོད་པ་ལ། ཆོས་རྒྱལ་བཞུགས་དུས་གཉགས་མཆོད་གནས་ལོ་ཙཱ་བ་ཡིན་པས་རྩོད་མ་ནུས། ཕྱིས་གོང་དུ་བཤད་པ་ལྟར་བཙུན་མོ་དམར་རྒྱན་དུས་ལོ་ཙཱ་བ་རྣམས་དབུ་འཕངས་དམའ་བ་ལ། དམ་རས་སློབ་དཔོན་གཉགས་བཙོན་དུ་བཟུང་བ་ལ་སོག་པོ་དཔལ་ཡེས་ལུས་སྲོག་ལ་མ་བལྟས་པར་བཙོན་སྲུངས་པ་གཉིས་བཀུམ་ནས་སློབ་དཔོན་གཉགས་བཙོན་ནང་ནས་བཏོན་པའི་ཞལ་ཏོག་བསྒྲུབ་པར་བཤད། གང་ལྟར་བླ་མའི་སྐུ་དགྲ་ལན་གསུམ་བཏུལ་བ་དང་། ཐུགས་ལན་གསུམ་བཟུང་བ་སོགས་བཤད་ཕྱིར་ལོ་རྒྱུས་འདི་དག་ཀྱང་དོན་ལ་གནས་པར་ཤེས། ཡང་སེ་ལུགས་ཀྱི་ལོ་རྒྱུས་མི་འདྲ་བ་ཞིག་ན་འཁྲུངས་ཡུལ་མིང་རུས་སོགས་དང་གཉགས་དགེ་སྟོན་སྒྲོལ་བའི་སྒྲུབ་གྲོགས་དགོངས་པ་བྱུང་བའི་བར་སྔར་དང་འདྲ་བ་ལ་སོག་པོ་ཉིད་རྗེས་སུ་བཟུང་ཚུལ་དང་ཕ་སྤུན་བསྒྲལ་ཚུལ་མི་འདྲ་བ་འདི་ལྟར་སྣང་སྟེ། མཚན་རྟགས་ཀྱང་དཔྲལ་བ་ན་སྐྲ་ཁམ་པ་ཚོམ་ཞིག་ཡོད་པ་སྨིན་མས་ཁེབས་པ། སོ་དུང་སོ་འཁོར་མར་ཡོད་པ། ལག་པའི་སོར་མོ་འབྲེལ་བ། ཡ་རྐན་གྱི་དཀྱིལ་ན་སོ་ཡོད་པ། ལྕེ་རྩེས་སྣ་རྩེར་སླེབ་པའི་སྣོད་ལྡན་དུ་གཟིགས་ནས། ཁོ་མགར་བཟོ་བྱེད་པའི་རྩར་གཉགས་ཀྱིས་བཞུགས་ཏེ་སྦུད་པ་འབུད་གྲོགས་མཛད་ཀྱིན་མཚན་ཉིད་ཀྱི་ཆོས་བཤད་པས། ཁོའི་རྣ་ལམ་དུ་མ་བྱུང་སྐད། ཀྲྀ་ཡོག་སྡེ་གསུམ་བཤད་པས་སྐབས་རེ་ཉན་ཅིང་ཡང་ཐོབ་ཆེམ་ཆེམ་བརྡུང་གིན་གདའ་སྐད། ནང་རྒྱུད་སྡེ་གསུམ་བཤད་པས་ཁོ་སེམས་ཡེངས་ཏེ་ཁོས་ལྕགས་ཀྱི་ལྕུག་མ་བསྙོར་པ་ཐམས་ཅད་སློབ་དཔོན་གྱིས་ཁོང་པར་མིད་པར་ཁོས་མ་མཚོར་ཚེས་འཕྲོ་བཅད་པས་ལྕུག་མ་མ་རྙེད་ནས་བན་དེ་ལྕུག་མ་གང་གཏང་ཟེར། སློབ་དཔོན་གྱིས་ཧག་ཅེས་བསྐྱུགས་པས་ཁབ་མིག་དང་ཞུན་ཐར་སོགས་ཁོ་རང་གིས་བྱས་པ་བས་ཀྱང་ལེགས་པར་སྔོ་ཕུང་སྟེ་བྱུང་བས། ཁོ་ཡ་མཚན་སྐྱེས་ཏེ་འདི་ལྟ་བུའི་རྫུ་འཕྲུལ་ཅི་ལས་བྱུང་ཟེར། ད་ལྟ་བཤད་པའི་ཆོས་རྣམས་ཉམས་སུ་བླངས་པ་ལས་བྱུང་གསུངས་པས། ཁོ་དད་པ་སྐྱེས་ནས་མགར་བའི་ལག་ཆ་ཐམས་ཅད་ཕུལ་ཞིང་སློབ་མར་བྱས་པ་དེ་ལ་མན་ངག་གི་ཆོས་རྣམས་རྫོགས་པར་གནང་ཞིང་། ཁོང་དཔོན་སློབ་ཀྱིས་ཕུར་པ་བསྒྲུབས་པས་ཕ་སྤུན་དགེ་སྟོན་གྱིས་ཚོར། བན་དྷེ་ཛྙཱ་ན་ཀུ་མ་རས་སོག་པོ་གྲོགས་སུ་ཁྲིད་དེ་མཐུ་བསྒྲུབ་ཀྱི་ཡོད་འདུག་པས་གསོད་དུ་འགྲོ་ཟེར་བ་ལ། ཡུལ་པ་རྣམས་ཀྱིས་བན་དྷེ་ལ་བརྙེས་མི་རུང་ཟེར་བཀག་ཀྱང་མ་ཉན། ཕར་འགྲོ་རྒྱུའི་ནུབ་མོ་དགེ་སྟོན་གྱི་རྨི་ལམ་དུ་བུད་མེད་ན་ཆུང་མང་བོས་ཁོའི་མཐའ་བསྐོར། མི་མང་པོས་གཡོག་བྱས་ཏེ་ལྷ་ཁང་ཞིག་ཏུ་ཁྲིད་ནས་མགོ་བོ་བཅད་དེ་འོད་ལྔའི་ཁང་པར་བཅུག་པར་རྨིས་ནས་ཆུང་མ་ལ་རྨི་ལམ་བཟླས་པས། ཆུང་མས་བཤོལ་ཡང་མ་ཉན་པར་རྟ་བཟང་པོ་ཅིག་ཞོན་ནས་སྒྲུབ་ཁང་གི་སྒོར་ཕྱིན་ཏེ། གཏོར་སྟེགས་ཞིག་འདུག་པས་དེ་ལ་རྟ་བཏགས་ཏེ་བཞག་ནང་དུ་ཕྱིན་ནས་བསད་དོ་སྙམས་མ་ཐག་གཏོར་སྟེགས་ཀྱི་རྩ་ནས་བྱ་ཆེན་པོ་ཞིག་འཕུར་ཏེ་བྱུང་བས་ཁོའི་རྟ་འགྲོགས་ཏེ་ལྷུང་ནས་ཤ་ཁམ་ཁྲག་ཐིག་རེར་གྱུར་ཏེ་སྲུང་མས་དངོས་སུ་བསྒྲལ་སྐད་དོ། །དེ་ལྟར་སྐུ་དགྲ་བསྒྲལ་བས་བླ་མའི་ཐུགས་ཟིན་པ་ལ་བརྟེན་ནས་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ཞལ་མངོན་སུམ་དུ་བསྟན་ཞིང་དབང་བསྐུར། ས་ལྔའི་བྱང་ཆུབ་སེམས་དཔའ་གྱུར་པར་བཤད་པས་ལོ་རྒྱུས་འདི་རྣམས་འཆད་ཚུལ་མི་འདྲ་ཙམ་ཡོད་པ་གྲུབ་ཐོབ་ཀྱི་རྣམ་ཐར་བབས་སུ་འདུག་ལ། ཁོག་གཅིག་པས་འཁྲུལ་པ་མེད་དོ། །ཁྱད་པར་སློབ་དཔོན་པདྨས་རྗེ་འབངས་ཉེར་ལྔ་ལ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་དབང་དུས་སུ་རྟོགས་པ་བརྙེས་ཏེ་གྲུབ་མཚན་ཡང་། སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན། ཞེས་གྲགས་པ་དེ་ཡིན་ལ། མཐར་ཟག་མེད་འོད་གསལ་གྱི་ཕུང་པོར་གཤེགས་སོ། །དེས་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་གྲྭའི་སྨན་རྒང་དུ་གསུངས་སོ། །དེ་དག་ནི་རྒྱ་གར་བའི་བརྒྱུད་ལུགས་གསུམ་པ་ཨ་ཏི་ཡོ་གའི་བརྒྱུད་པ་གསུམ་ལྡན་བཤད་པའི་སྐབས་སོ། །ཡོ་ག་གསུམ་གྱི་རྒྱ་གར་བའི་བརྒྱུད་ཚུལ་དངོས་གཞི་དེས་ཚང་ཡང་། སློབ་དཔོན་ཛྙཱ་ན་ཀུ་མཱ་ར་ལ་དབང་གི་ཆུ་བོ་བབས་ཚུལ་བཞི། གཏད་རྒྱ་གསང་མཚན་གྱི་ལོ་རྒྱུས་ཀྱི་ཡིག་རྙིང་ལས་འདི་ལྟར་འབྱུང་སྟེ། རྫོགས་ཆེན་ཨ་ཏི་ཡོ་གའི་བརྒྱུད་ལུགས་བཤད་མ་ཐག་པ་ལྟར་གཡུ་སྒྲ་ལ་བརྒྱུད་པ་ནི་རིག་པ་རྩལ་དབང་སྟེ་དབང་གི་ཆུ་བོ་དང་པོའོ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གཙོ་བོར་གྱུར་པའི་རྗེ་འབངས་ཉེར་ལྔ་ལ་མཆིམས་ཕུ་རྫ་གཉིས་དགེ་བའི་དབེན་རྩར་དབང་བསྐུར། དེའི་ནང་ནས་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས་ལྷ་ས་ཡེར་པའི་ཕུག་ཏུ་གཉགས་ལ་དབང་བསྐུར་ཞིང་གཟིའི་བླུགས་མ་དང་འདོད་ཡོན་ལྔ་ཕུལ་ནས་དབང་བསྐུར། གསང་མཚན་རྡོ་རྗེ་གྲུབ་པ་རྩལ་དུ་བཏགས་ཤིང་། རྒྱལ་བ་མཆོག་དབྱངས་ནི་གྲུབ་ཆེན་དགུའི་ནང་ཚན། རྒྱལ་མཆོག་དབྱངས་ཀྱི་རྟ་སྐད་ཕྱོགས་བཅུར་ཁྱབ། །ཅེས་གསུངས་པའི་རྟ་མགྲིན་གྱི་གྲུབ་ཐོབ་ཡིན་ལ། དེས་ཛྙཱ་ན་ཀུ་མཱ་ར་ལ་དབང་བསྐུར་བ་ནི་དབང་གི་ཆུ་བོ་གཉིས་པའོ། །ཡང་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཧཱུྃ་ཀ་རའི་དྲུང་དུ་བོད་ཀྱི་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས་དགེ་སློང་མི་ལྔ་རྫོངས་ཏེ། དགེ་སློང་གནུབས་ནམ་མཁའི་སྙིང་པོ། འབྲེ་བཙུན་རྒྱལ་བའི་བློ་གྲོས། རུ་གྱོང་བིརྱ་རཱ་ཛ། རླངས་དཔལ་གྱི་སེང་གེ། གྲུ་གུ་ཨེ་བག་ཤ་སྟེ་ལྔ་པོས་རྒྱ་གར་གསེར་བྲག་བྱ་སྐྱིབས་ཚལ་དུ་སློབ་དཔོན་ཆེན་པོ་ཧཱུྃ་ཀ་རའི་ཞབས་དྲུང་དུ་བྱོན་ཏེ། ཆུ་ལེན་པ་རྒན་མོར་འཕྲིན་བསྐུར་ཡང་ལན་མ་བྱུང་བར་ནང་དུ་ཐལ་གྱིས་ཕྱིན་པས། སློབ་དཔོན་གྱི་བོད་ཀྱི་གདུག་འདྲེ་བྱུང་ངོ་ཞེས་ཧཱུཾ་ཧཱུཾ་གསུངས་ཤིང་ཤངས་ནས་མེ་སྟག་ཕྲོམ་ཕྲོམ་འཕྲོས་པས་དགེ་སློང་མི་ལྔ་བརྒྱལ་ཞིང་། བརྒྱལ་བ་སངས་ནས། བོད་ཀྱི་རྒྱལ་པོས་གསང་སྔགས་ཀྱི་ཆོས་འཚོལ་དུ་བཏང་བས་ཚེ་འདིར་རིག་འཛིན་གྱིས་སར་གྲོལ་བ་ཞུ་ཞེས་གསེར་ཕུལ་ནས་ཕྱག་བཙལ་ནས། ངས་བོད་འདུལ་བའི་དུས་ལ་བབས་མི་བབས་ཡི་དམ་གྱི་ལྷ་ལ་འདྲིའོ་གསུངས་ཏེ་དར་ཅིག་མཉམ་པར་བཞག་པའི་མཐར་དུས་ལ་བབས་གསུངས་ཏེ། སྔོན་དུ་དབང་མ་བསྐུར་བར་བཤད་བསྒྲུབ་བྱ་མི་རུང་ཞེས་ཟླ་གམ་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་སྟེ། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དངོས་སུ་ཞལ་བསྟན་ནས་དབང་བསྐུར་ཞིང་རྒྱུད་སྒྲུབ་ཐབས་རྣམས་གནང་། དགེ་སློང་མི་ལྔས་དབང་དུས་སུ་གྲུབ་པ་བརྙེས་ཚུལ་ནི། ཐང་ཡིག་ལས། ནམ་མཁའི་སྙིང་པོ་ཤེས་རབ་ཕུལ་དུ་ཕྱིན། །བསོད་ནམས་སྙིང་རུས་གཉིས་ཀ་མཆོག་ཏུ་གྱུར། །ས་ལ་ཆག་གང་མ་རེག་ཙམ་ལ་འགྲོ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་བྲན་བཞིན་འཁོལ། །ཡེ་ཤེས་ལྷ་མོ་བདུན་དང་དངོས་སུ་སྦྱོར། །རུ་གྱོང་བིར་ཡས་རྫུ་འཕྲུལ་ཡ་མ་ཟུང་། །གྲུ་གུ་ཨེ་བག་ཡེ་ཤེས་འོད་དང་འགྲོགས། །རྒྱལ་བའི་བློ་གྲོས་དུས་མིན་འཆི་བ་ལྷོགས། །རླངས་དཔལ་འབྲོང་རྭ་བཤིབས་བྱུང་སེ་གོལ་བཟློག །ཅེས་གསུངས་པ་ལྟར་ཡིན་ལ། དེའི་ནང་ནས་དགེ་སློང་ནམ་མཁའི་སྙིང་པོ་རྗེ་འབངས་ཉེར་ལྔ་དང་གྲུབ་ཆེན་དགུའི་ནང་ན་བཞུགས་ཤིང་ཡང་དག་གི་གྲུབ་པ་བརྙེས། ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། ཞེས་བྱ་བ་དང་། གཞན་ཡང་རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། དཔལ་གྱི་སེང་གེ་ལྷ་སྲིན་བྲན་དུ་ཁོལ། །ཞེས་གསུངས། ཁོང་གཉིས་ཀྱང་རྗེ་འབངས་ཉེར་ལྔའི་གྲས་ཡིན་ནོ། །དེ་ལྟར་དགེ་སློང་མི་ལྔ་ལས་དཔལ་གྱི་སེང་གེ་སྔོན་དུ་བོད་པ་ལམ་བར་དུ་འདས། གཞན་བཞིས་བོད་དུ་བྱོན་ཞིང་ཁྱད་པར་ནམ་མཁའི་སྙིང་པོས་མངའ་བདག་ལ་དབང་བསྐུར་ཞིང་མན་ངག་བསྟན་པ་སོགས་རྒྱས་པར་ཐང་ཡིག་ཏུ་ཤེས་ལ། འདིར་ཁྱད་པར་ནམ་མཁའི་སྙིང་པོས་གཉག་ལ་གཉལ་གྱི་བྱེ་བྲག་ཏུ་དབང་བསྐུར་ཞིང་རྟ་ཟག་པ་གཅིག་ཕུལ། གསང་མཚན་ཐིག་ལེ་གཤོག་རྒོད་རྩལ་དུ་བརྟགས་པ་ནི་དབང་གི་ཆུ་བོ་གསུམ་པའོ། །ཡང་པཎྜི་ཏ་ཆེན་པོ་བི་མ་ལས་ཡུལ་ཡར་ཀླུངས་ཀྱི་ཡང་ཐོག་ཏུ་ཛྙཱ་ན་ཀུ་མཱ་ར་ལ་དབང་བསྐུར་ཞིང་དབང་ཡོན་དུ་གསེར་དངུལ་གྱི་བྱ་མདའ་ཚད་མ་རེས་སྣ་དྲངས་ཏེ་ནོར་སྣ་བདུན་བརྒྱ་ཕུལ་གསང་མཚན་དྲི་མེད་ཟླ་ཤར་རྩལ་དུ་བཏགས་ཏེ་དབང་གི་ཆུ་བོ་བཞི་པའོ། །དེ་ལྟ་བུའི་དབང་གི་ཆུ་བོ་བཞི་གའི་བཀའ་ཛྙཱ་ན་ཀུ་མཱ་ར་ལ་བབས་ཏེ་གསང་སྔགས་ཀྱི་བསྟན་པ་དང་པོ་གཉགས་ལ་བབས་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དེས་སོག་པོ་ལྷ་དཔལ་དང་། དེས་གནུབས་ལ་དབང་བསྐུར་ཞིང་མན་ངག་བསྟན་པའི་བར་སྔ་མ་ལྟར་རོ། །གཞན་ཡང་སྒྲུབ་དབང་གི་སྐབས་སུ་རྒྱ་གར་གྱིས་རིག་འཛིན་བརྒྱད་སོགས་པཎ་གྲུབ་འདིར་མ་གཏོགས་པ་འགའ་ཞིག་དང་། བོད་ཀྱི་གྲུབ་ཆེན་གཞན་ཡང་བསྐུར་ཚིག་ཏུ་ཡོད་པས། དེས་ན་འདུས་པ་མདོའི་དབང་སྒྲུབ་ཆེན་པོ་འདི་ཉིད་སྔ་འགྱུར་བའི་གཞུང་ལུགས་ཆེན་པོར་གྱུར་ཅིང་། ཚོགས་ཆེན་གཞལ་ཡས་ཁང་གི་ཕྱི་ཁྱམས་སུ་རྒྱ་བོད་རིག་འཛིན་བརྒྱུད་པ་ཐམས་ཅད་བཞུགས་ཕྱིར་སྤྱི་སྒྲུབ་ཆེན་པོ་ཡིན་པས་དེ་དག་ཀུན་གྱི་རྣམ་ཐར་བྲིར་མ་ལང་ངོ་། །གཉིས་པ་བོད་ཀྱི་ལོ་རྒྱུས་ནི་དེ་ལྟར་ཡོ་ག་གསུམ་གྱི་དབང་དང་མན་ངག་གི་བཀའ་བབས་ཐམས་ཅད་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བབས་པ་ཡིན་ལ། སློབ་དཔོན་འདིའི་རྣམ་ཐར་མདོ་ཙམ་བརྗོད་ན། ཡུལ་དབུ་རུ་སྒྲགས་ཀྱི་སའི་ཆ་ཡང་རྫོང་དང་ཉེ་བ་ཞིག་ཡིན་ཏེ། རྒྱ་བོ་ཆེར། སྐྱེས་པའི་ཕ་ཡུལ་སྒྲགས་ཀྱི་ཡང་རྫོང་ན། །ཞེས་འབྱུང་ཞིང་། དེང་སང་ཡང་རྫོང་དང་ཁད་ཉེ་བའི་ཡུལ་གནུབས་ཡུལ་ཞེས་པ་དེ་ཡིན་པར་སེམས། གནུབས་ཀྱི་རིགས་ལས་ཡབ་གསལ་བའི་དབང་ཕྱུག་དང་། ཡུམ་མཆིམས་མོ་བཀྲ་ཤིས་འཚོ་ཡིན་ལ། དེ་ཡང་ཡབ་མེས་ཀྱི་དུར་སྐྱེལ་བའི་རི་སྒྲགས་ཀྱི་རི་བོ་ཆེ་ཞེས་བྱ་བ་དེང་སང་སྒྲགས་རྒན་རི་བོར་གྲགས་པ་ལ་ཙན་དན་གྱི་སྡོང་པོ་སྐྱེས་པ་བསམ་ཡས་ནས་རྒྱ་ནག་ཧ་ཤང་བོས་ཏེ་བསྟན་པས། ཤིང་ཕོ་བྱི་ལོ་ཟླ་བ་དང་པོར་སྤྲུལ་པའི་སྐུ་ཞིག་འཁྲུངས་པའི་ལྟས་སུ་འདུག་པས། འཁྲུངས་དུས་དར་དཀར་གྱིས་དྲིལ་ལ་ཉི་གྲིབ་པ་མཚམས་སུ་སྙོལ་ལ་དཀར་གསུམ་མངར་གསུམ་གྱིས་གསོས་སྤྲུལ་པའི་སྐུ་དེ་ཕྱིར་ཟློག་སྲིད་པས། ཚེའི་ཆོ་ག་དང་། བཀའ་ཀློག་སྲོག་འདོན། ཚ་ཚ་ལ་སོགས་ཀྱིས་ཉ་སྟོང་ཚེས་བརྒྱད་ལ་ཚོགས་ཀྱི་འཁོར་ལོ་བསྐོར་ཞིང་སྦྱིན་པ་ཐོང་། ཕ་མ་ཡང་ཁྲིམས་ལ་གནས་པར་གྱིས་ཤིག་ཅེས་གསུངས་པ་ལྟར། ལོ་ཟླའི་དུས་དེ་ཁོ་ན་ལྟར་འཁྲུངས་པའི་རྡོ་རྗེ་ཁྲི་གཙུག་ཏུ་བཏགས་སོ། །དེ་ནས་དགུང་ལོ་དྲུག་ལོན་པ་དང་འོ་བྲན་དཔལ་གྱི་གཞོན་ནུའི་དྲུང་དུ་བྱོན་ཏེ་བྲིས་ཀློག་སྦྱངས། དེ་ནས་ལོ་བདུན་ལོན་པའི་ཚེ་བལ་པོའི་སློབ་དཔོན་བྷ་སུ་དྷ་ར་དཔལ་བསམ་ཡས་སུ་བྱོན་ཏེ། ཆོས་འཁོར་རྒྱ་ཆེར་བསྐོར་བའི་བར་སྤྱན་སྔར་བཞུགས་ཏེ་གསེར་སྲང་གསུམ་ཕུལ་ནས། དབང་ལུང་མན་ངག་ཞུས། དགུང་ལོ་བཅུ་གཉིས་པའི་ཚེ་བྷ་སུ་དྷ་ར་བལ་ཡུལ་དུ་གཤེགས་ཁར། ཤེས་རབ་རྩལ་དང་ལྡན་པའི་བོད་ཀྱི་བན་ཆུང་ཁྱོད། མ་ཐོགས་མྱུར་དུ་བལ་པོའི་ཡུལ་དུ་ཤོག །སྟོན་པའི་ཞབས་ཀྱིས་བཅགས་པའི་རྡོ་རྗེའི་གདན། །བྱ་རྒོད་ཕུང་པོའི་རིའི་ལྷོ་ཕྱོགས་ངོས། །གནོད་འདུལ་རྡོ་རྗེ་ཚལ་གྱི་ནགས་ཀྱི་གསེབ། །འབྲུབ་ཁུང་རྒྱབ་བསྣོལ་བྲག་ཕུག་བྱ་བ་ན། །སྒྲ་སྐད་ཉི་ཤུ་རྩ་གཅིག་མཐར་ཕྱིན་པའི། །རམ་བུ་གུ་ཧྱ་ཙནྚ་བྱ་བ་ཡོད། །དེ་ཡི་སྤྱན་སྔར་བུ་ཁྱོད་བཏང་གིས་གསུངས། །དེ་ནས་རྡོ་རྗེ་ཁྲི་གཙུག་གམ་སངས་རྒྱས་ཡེ་ཤེས་ཀྱིས་ཡུལ་གཞིས་ལྡུམ་ར་དང་བཅས་པ་གསེར་དུ་བསྒྱུར་བས་གསེར་སྲང་ལྔ་བཅུ་རྩ་གཅིག་བྱུང་བ་བསྣམས་ཏེ་བཅུ་གསུམ་ས་བྱ་ལོ་ལ་བལ་ཡུལ་དུ་གཤེགས་པར་བཀའ་ཤོག་རྒྱ་བོ་ཆེར་བཤད། གཞན་འགའ་ཞིག་ཏུ་དགུང་ལོ་ཉི་ཤུར་རྒྱ་གར་དུ་བྱོན་པ་དང་། བཅུ་གཅིག་ལ་བྱོན་པ་སོགས་བཤད་ཚུལ་འདུག་ཀྱང་། རྒྱ་གར་དུ་ལན་བདུན་བྱོན་པའི་དང་པོ་འདི་བཅུ་གསུམ་རང་འཐད་དོ། །བྱི་བའི་ལོ་ཡིན་ཕྱིར་བཅུ་གསུམ་གྱི་དགུང་སྐེག་ཐོག་ཏུ་ཡིན་པར་གསལ་ལོ། །དེ་ཡང་བལ་ཡུལ་དུ་བ་སུ་དྷ་ར་དང་མཇལ་ཞིང་རྒྱུད་འགྲེལ་མན་ངག་མང་དུ་གསན། རྒྱ་གར་དུ་བགྲོད་པའི་གྲོགས་མེད་པ་ལ་རོམ་བུ་གུ་ཧྱས་དགོངས་ཏེ་དུར་ཁྲོད་ཀཾ་ཀའི་ཚལ་དུ་བྱོན་ནས་གནོད་སྦྱིན་རྫུ་འཕྲུལ་ཅན་གང་བ་བཟང་པོ་ལ་བཀའ་བསྒོས་ཏེ་གྲོགས་སུ་བཏང་བའི་ལོ་རྒྱུས་དང་། སྔ་ཕྱི་རྒྱ་གར་དུ་ལན་བདུན་བྱོན་ཏེ། དེ་ཡང་ལོ་རྒྱུས་རྒྱས་པ་བཀའ་ཤོག་རྒྱ་བོ་ཆེ་སོགས་སུ་གསལ་བ་ལྟར་དང་། འདིར་འདུས་པ་མདོའི་ལོ་རྒྱུས་ཀྱི་དབང་དུ་བགྱིས་ན། བལ་ཡུལ་དུ་སློབ་དཔོན་བ་སུ་དྷ་ར་ལ་མདོ་དབང་ཞུས་པར་མཁན་པོ་ཆོས་རྒྱལ་སྐྱོང་ལ་ཞུས་ཤིག་པར་ལུང་བསྟན་པ་བཞིན་རྒྱ་གར་གྱི་ཡུལ་དུ་བྱོན་ཏེ། མཁན་པོ་ཆོས་རྒྱལ་སྐྱོང་ལ་རྒྱ་གར་དབུས་འགྱུར་ཚལ་དུ་ཞུས་ཚུལ་གོང་དུ་མ་ཧཱ་ཡོ་གའི་བླ་བརྒྱུད་སྐབས་བྲིས་པ་ལྟར་ལ། དེ་ལྟར་མཁན་པོ་ཆོས་རྒྱལ་སྐྱོང་གིས་དབང་བརྒྱུད་སྒྲུབ་ཐབས་མང་དུ་གནང་ངོ་། །གཞན་ཡང་ཨཱ་ཙ་ར་ཡ་གསལ་བའི་རྒྱན་ལ་ཡང་ནོས། དུས་ནམ་ཞིག་གི་ཚེ་མཁན་པོ་ཆོས་རྒྱལ་སྐྱོང་བྲུ་ཤའི་ཡུལ་དུ་བྱོན་ཏེ། དྷ་ན་རཀྵི་ཏའམ་ཤཱཀྱ་སེང་གེ་སྟེ། ཨོ་རྒྱན་ཆེན་པོ། དྷརྨ་བོ་དྷི་གསུམ་ལ། བྲུ་ཤའི་མཁན་པོ་ཆེ་བཙན་སྐྱེས་ཀྱི། ལོ་ཙཱ་མཛད་དེ་བྲུ་ཤའི་ཁྲོམ་དུ་མདོ་འགྱུར་མཛད་པ་མོས་པ་ཆུང་སྟེ་མ་འགྱུར་བར། སླར་ཡང་རྒྱ་གར་དུ་བྱོན་ཏེ་བྲུ་ཤའི་མཁན་པོ་དང་། བ་སུ་དྷ་ར་དང་། ཛྙཱ་ན་ཀུ་མཱ་ར་དང་། གཙུག་ལག་དཔལ་དགེ། སངས་རྒྱས་ཡེ་ཤེས་རྣམས་ལ་གསུངས་ཤིང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བྲུ་ཤའི་མཁན་པོ་ལ་ཡང་གསན་ཏེ། དེ་ཡང་བྲུ་ཤའི་མཁན་པོས་དྷ་ན་རཀྵི་ཏའི་བཀའ་དང་སྦྱར་ཏེ་སླར་ཡང་བྲུ་ཤར་བསྒྱུར་བའི་ཚེ་བསྐྱར་ཏེ་གསན་པས་ཨ་ནུའི་བརྒྱུད་པ་ལྟར་རོ། །དེ་ལྟར་ལོ་ཙཱ་བ་སངས་རྒྱས་ཡེ་ཤེས་ཉིད་ཀྱིས་མདོ་མཁན་དྷརྨ་བོ་དྷི་ལ་ཡང་གསན་པར་བཞེད་ཅིང་། མན་ངག་སེམས་ཕྱོགས་སྐོར་བོད་དུ་སོག་པོ་དཔལ་གྱི་ཡེ་ཤེས་ལ་གསན་ཚུལ་ཨ་ཏིའི་བརྒྱུད་པ་ལྟར་དང་། གཞན་ཡང་རྒྱ་གར་གྱི་སློབ་དཔོན་ཤྲཱི་སེང་ཧ་ན་དང་། བི་མ་ལ་མི་ཏྲ། རྒྱ་གར་དྷ་ན་དྷ་ལ། དྷ་ན་སམ་སྐྲི་ཏ་དང་། ཁྲག་འཐུང་ནག་པོ། ཤན་ཏིང་གར་བ་སོགས་མང་དུ་བསྟན་རྒྱ་བོ་ཆེ་ལྟར་ན། རྒྱ་བལ་གྱི་རྒྱུ་མཚམས་རྡོ་རྗེ་རྩེ་ལྔ་དགྲ་འདུལ་བྲག་ཕུག་ཏུ་ཨོ་རྒྱན་ཆེན་པོ་པདྨས་དབང་བརྒྱུད་མན་ངག་གནང་བའི་ལོ་རྒྱུས་དང་། སྤྱི་ལྟར་ན་བོད་དུ་རྗེ་འབངས་ཉེར་ལྔ་དང་གྲུབ་ཆེན་དགུ་ལ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དབང་སངས་རྒྱས་ཡེ་ཤེས་ཉི་ཟླ་གདན་དུ་བཏིང་། ཞེས་འབྱུང་ངོ་། །གཞན་ཡང་ཉིད་ཀྱི་གསུང་ལས། བདག་འདྲ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། །ལོ་བདུན་ལོན་ནས་ཤེས་བྱའི་ཡིག་རྩིས་བསླབས། །བཅུ་གསུམ་ལོན་ནས་རྒྱ་དང་བལ་པོར་འཁྱམས། །བདག་གིས་རྒྱ་གར་ཁ་ཆེ་ལན་བདུན་བསྐོར། །བདག་གིས་མཁས་པ་བཅུ་གཅིག་ཞལ་ཡང་མཐོང་། །ཞེས་དང་། རྒྱ་བོ་ཆེ། རྒྱ་གར་མཁས་པ་བི་མ་མི་ཏྲ་དང་། །ཨོ་རྒྱན་མཁན་པོ་པདྨ་འབྱུང་གནས་དང་། །བལ་པོའི་མཁན་པོ་བ་སུ་དྷ་ར་དང་། །བོད་ཀྱི་མཁས་པ་ཛྙཱ་ན་ཀུ་མཱ་རས། །བདག་ལ་གནང་བའི་མན་ངག་འདི་རྣམས་ཡིན། །ཞེས་དང་། སེམས་ཅན་དོན་ལ་བྱེད་པའི་མན་ངག་བརྒྱ་བཅུ་གཉིས། །མཁས་པ་རྣམ་བཞིའི་མན་ངག་རྒྱུན་མ་བཅད། །ཅེས་དང་། དེ་ནས་བན་ཆུང་བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །རྒྱ་གར་མཁས་པ་བཅུ་གསུམ་ཞལ་ཡང་མཐོང་། །ཤྲཱི་སེང་ཧའི་ཞལ་མཐོང་སྒོམ་བསྒྲུབ་མན་ངག་གནང་། །ཀ་མ་ཤྲཱི་ལ་སོགས་མཁས་པ་བཅུ་ཡི་ཞལ་མཐོང་མན་ངག་གནང་། །ཞེས་དང་། བླ་མ་བཅུ་གཅིག་ཞབས་ནས་བཏེག །འོན་ཀྱང་མཁས་པ་བཞི་ལ་གཏུགས། །སློབ་དཔོན་དཔལ་གྱི་སེང་གེ་དང་། །རྒྱ་གར་ཁྲག་འཐུང་ནག་པོ་དང་། །འཕུང་བྱེད་ཤན་ཏིང་གར་བ་དང་། །བལ་པོ་བ་སུ་དྷ་ར་བཞི། །མཁས་པ་བཞི་ཡི་ཐུགས་བརྟོལ་ནས། །ཟབ་པའི་ཆོས་དྲུག་ཐུགས་ལ་བཏགས། །ཞེས་དང་། ཚེ་བདག་གི་ལོ་རྒྱུས་ལྟར་ན་གཤེད་སྐོར་རྣམས་བ་སུ་དྷ་རས་གནང་བ་ཡིན་ཏེ། ཉིད་ཀྱི་གསུངས་ལས། སློབ་དཔོན་བལ་པོའི་རྒྱལ་པོ་ཡིན། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །གནུབས་ཀྱི་བན་ཆུང་འདིར་ཤོག་གསུངས། །བམ་ཆེན་རོ་ཡི་དབང་བསྐུར་ནས། །ལྷ་རུ་འཇམ་དཔལ་ཚེ་བདག་གཏད། །ཅེས་གསུངས་པ་རྣམས་ཀྱི་དོན་ལྟར། རྒྱ་བལ་བོད་གསུམ་གྱི་པཎ་གྲུབ་མང་དུ་བསྟན་ནས་སྒྲ་ཚད་ལུང་རིགས་སྡེ་སྣོད་རྒྱུད་སྡེའི་ཕྱི་ནང་ཐམས་ཅད་ལ་མཁས་པའི་ལོ་ཙཱ་བ་ཆེན་པོར་གྱུར་པ་ནི་དང་པོར་ཐོས་བསམ་མཛད་ཚུལ་མདོར་བསྡུས་པ་ཡིན་ལ། གསང་སྔགས་ཀྱི་བསྟན་པ་བར་དུ་གནུབས་ལ་བབས་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །བར་དུ་གྲུབ་པ་བརྙེས་ཚུལ་ཡང་རྒྱ་གར་རྡོ་རྗེ་གདན་དུ་ཚོགས་བསོག་ཞག་གསུམ་མཛད་པའི་ཚེ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཞལ་མངོན་སུམ་དུ་གཟིགས་པའི་ཚུལ་འདི་ལྟར་བྱུང་སྟེ། ནམ་མཁའ་འཇའ་འོད་ཀྱིས་གང་ཞིང་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཞིག་མདུན་གྱི་ནམ་མཁའ་ཁྲུ་གང་གིས་སར་བྱུང་བ་ལ་ལན་གཉིས་སུ་མ་ཟིན། གསུམ་པའི་ཚེ་ཕྱག་གཡས་པའི་མཐེབ་སྲིན་གྱི་བར་དུ་ཆགས་པ་དེ་ཕྱག་ན་རྡོ་རྗེ་དངོས་ཀྱི་སྐུ་གྱུར་ཏེ་དབང་བསྐུར་ཞིང་། སངས་རྒྱས་ཡེ་ཤེས་རིན་པོ་ཆེར་མཚན་བཏགས་སོ། །དེའི་དབང་རྟགས་སུ་རྡོ་རྗེ་རྩེ་དགུ་པ་རེ་མི་འབྲལ་བར་འཆང་བར་མཛད་ཅིང་། རྡོ་རྗེ་དེང་སང་རོང་བྱམས་ཆེན་གྱི་ལྷ་ཆེན་ཐུགས་ཀར་བཞུགས་སྐད་དོ། །དེ་ནས་གསང་བདག་གི་ལུང་མང་དུ་བསྟན་ཞིང་། ཁྱད་པར་འོལ་མོ་ཚལ་དུ་སྒོམས་ཤིག་པར་གསུངས་པ་བཞིན་བསྒོམས་པས་འཇམ་དཔལ་ཡ་མནྟ་ཀའི་ཞལ་གཟིགས་ཤིང་དབང་དང་དངོས་གྲུབ་གནང་། ལྷ་སྲིན་དབང་དུ་འདུས་ཤིང་གསང་སྔགས་ཀྱི་བདག་པོར་དབང་བསྐུར། མ་གཤིན་མཁའ་འགྲོ་དབང་ཕྱུག་རྣམས་སྲུང་མར་གཏད། འཇམ་དཔལ་གཤིན་རྗེའི་ལུང་བཞིན་རྒྱ་གར་དུར་ཁྲོད་ཕུ་ལུང་ནག་པོར་བྱོན་པས་སྔགས་སྲུངས་ཨེ་ཀ་ཛ་ཊིའི་ཞལ་བསྟན་ནས། བྲམ་ཟེ་མོའི་ཐོད་པ་དངོས་གྲུབ་ཀྱི་རྗེས་སུ་བྱིན། སྐབས་དེར་དབྱིངས་ལ་ཡེ་ཤེས་ཤར་བའི་རྟོགས་པ་བརྙེས་ཤིང་ས་བཞི་པ་མངོན་དུ་གྱུར། པདྨ་གར་གྱི་དབང་ཕྱུག་གི་ཞལ་མཐོང་དེ་མོན་ནག་ཁ་ཁྲའི་ཐོད་པ་དངོས་གྲུབ་ཀྱི་རྫས་སུ་གནང་། སླར་ཡང་འཇམ་དཔལ་གཤེད་པོའི་དཀྱིལ་འཁོར་རྫོགས་པར་ཞལ་མཐོང་དབང་རྒྱུད་མན་ངག་དུ་མ་གནང་། མདོར་ན་ཡི་དམ་གྱི་ལྷ་རྣམས་ཀྱི་ཞལ་མཐོང་ཞིང་དམ་ཅན་བཀའ་སྲུང་རྣམས་བྲན་དུ་ཁོལ། གཙོ་བོར་ཡང་དག་པའི་གནས་ལུགས་འོད་གསལ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། མངོན་ཤེས་དང་རྫུ་འཕྲུལ་ཐོགས་པ་མེད་པར་གྲུབ། གཞན་ཡང་བོད་ཡུལ་སྒྲགས་ཀྱི་ཡང་རྫོང་སྒྲུབ་གནས་ཀྱི་མཐིལ་དུ་མཛད། དེ་བཞིན་དུ་གཙང་གི་ཕུང་པོ་རི་བོ་ཆེ། རྩལ་ཆེན་ཉུག་གི་རྡོ་རྗེ་སྒྲོམ་བུ་གཡུང་གི་རྫ་ལྷུན་མོ་སོགས་སྒྲུབ་གནས་དུ་མ་ཞབས་ཀྱིས་བཅགས་ཤིང་། སྒྲུབ་གནས་ཀྱི་གཙོ་བོ་མདོའི་ལུགས་སུ་རྡོ་རྗེ་སྒྲོམ་བུ་ཉིད་ཡིན་པར་བཤད་དེ། བོད་ཡུལ་གཙང་གི་གཡས་རུའི་ཕྱོགས། །ཉུག་གི་རྡོ་རྗེ་སྒྲོམ་བུ་རུ། །གནུབས་བན་སངས་རྒྱས་ཡེ་ཤེས་ཀྱིས། །རང་བྱུང་ཐིག་ལེ་ཉག་གཅིག་དོན། །ཟླ་བ་དགུའི་སེམས་ཉིད་གྲོལ། །དངོས་པོའི་གནས་ལུགས་གཏན་ལ་ཕེབས། །ཞེས་གསུངས་པའི་ཕྱིར། ངོ་མཚར་གྱི་རྣམ་ཐར་དོན་བསྡུ་ཡང་ཉིད་ཀྱི་གསུངས་ལས། གཡུང་དྲུང་རིན་ཆེན་གཏེར་གནས་སུ། །ཡི་དམ་གསལ་བར་བསྒོམ་པའི་ཚེ། །སྟོབས་པོ་ཆེ་ཡི་རྫས་མཆོག་འདི། །བདག་གི་ལག་པ་གཡས་པས་ཟིན། །ཡེ་ཤེས་རྡོ་རྗེའི་དབང་མཆོག་ཐོབ། །འོལ་མོ་ཚལ་དུ་བསྒོམས་པའི་ཚེ། །མངོན་སུམ་དྲི་ཟའི་ཕྲུ་གུ་བྱུང་། །སངས་རྒྱས་ཁྱོད་ཡིན་མཚན་བཏགས་ཏེ། །དམ་བརྡར་དོན་ལ་དམ་ཚིག་བསྲེས། །རྡོ་རྗེ་མིང་གི་དབང་ཡང་ཐོབ། །གང་བཟང་གནས་སུ་བསྒོམས་པའི་ཚེ། །གནོད་སྦྱིན་ཕྲུ་གུ་མངོན་སུམ་བྱུང་། །འདོད་ཡོན་ལྔ་ཡི་མཆོད་ཡོན་སྟོབས། །སློབ་དཔོན་འཁོར་དུ་དམ་དུ་བཅས། །ཆེ་བའི་ཡོན་ཏན་དབང་ཡང་ཐོབ། །གླིང་དགུའི་མཚམས་འགྲམ་བསྒོམས་པའི་ཚེ། །ཀླུ་ཕྲུག་སྤུན་གསུམ་མངོན་བྱུང་ནས། །རོ་བརྒྱ་ལྡན་པའི་མཆོད་པ་དྲངས། །ཡང་དག་སློབ་མར་དམ་ཚིག་མནོས། །གདུག་པ་སེལ་བའི་དབང་ཡང་ཐོབ། །དུར་ཁྲོད་ལྷས་སུ་བསྒོམས་པའི་ཚེ། །ཡི་དྭགས་ཕྲུག་གུ་མངོན་སུམ་བྱུང་། །ཞབས་ལ་གཏུགས་ཏེ་མཆི་མ་ཕྱུངས། །ཅི་བགོ་ཉན་པའི་དབང་ཡང་ནོས། །མཐུ་རྩལ་བསྙེན་པའི་དབང་ཡང་ཐོབ། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་གྲུབ་འབྲས་ཀྱིས་དམ་པའི་ཆོས་ཀྱི་འཕྲིན་ལས་མཛད་ཚུལ་ཡང་སྤྱིར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་དུས་མཁན་ཆེན་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་བའི་ལོ་ཙཱ་བ་ཆེན་པོའི་གྲས་སུ་བཞུགས་ཤིང་། མདོ་སྔགས་ཀྱི་དམ་པའི་ཆོས་མང་དུ་བསྒྱུར་བ་དང་། ཕྱིས་ཉིད་ཀྱིས་རྒྱ་བལ་དུ་ལན་དུ་མར་བྱོན་ནས་དབང་རྒྱུད་མན་ངག་གསན་པ་རྣམས་འགའ་ཞིག་ཟབ་མོའི་གཏེར་དུ་སྦས་བར་མཛད་ཅིང་། འགའ་ཞིག་ལས་ཅན་རྣམས་ལ་གནང་ཚུལ་སོགས་འོག་ཏུ་འབྱུང་ལ། འཕྲིན་ལས་དྲག་པོ་མངོན་སྤྱོད་ཀྱི་སྒོ་ནས་གདུལ་བྱ་གདུག་པ་ཅན་རྣམས་ཆོས་ཀྱི་དབྱིངས་སུ་བསྒྲལ་བའི་ཚུལ་ཡང་དུ་མར་འབྱུང་ཞིང་། དེ་ལྟ་བུའི་རྐྱེན་ཡང་ཁེངས་ལོག་སྔ་ཕྱི་བར་གསུམ་དུ་བྱུང་ཚུལ་དང་། བཀའ་ལས། ཉོན་མོངས་བོད་ཡུལ་དབུས་སུ་ལངས། །འཚོ་བའི་ཟས་རྣམས་འབངས་ཀྱིས་ཕྲལ། །ཞེས་དང་། བདག་འདྲ་སངས་རྒྱས་ཡེ་ཤེས་ཀྱིས། །སྒྲུབ་ཁང་ཡ་མའི་མཁར་ལ་བྱས། །སྒྲགས་ལ་ནག་པོའི་རྩེ་རུ་ནི། །ཉེ་འབྱེད་རླུང་གི་འཁོར་ལོ་བསྐོར། །སྒྲགས་ཀྱི་གྲོང་ཁྱེར་སུམ་ཅུ་རྩ་བདུན་བརླག །ཅེས་དང་། བདག་འདྲ་གནུབས་ཀྱི་བན་ཆུང་ཡང་། །སྙིང་ནས་ཆོས་བཞིན་བྱ་སེམས་སྐྱེས། །ཞེ་སྡང་དགྲ་བོས་བྱེད་མ་སྟེ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཞེ་སྡང་དེ་མ་ཐག་ཏུ་སྐྱེས། །དཀར་པོའི་ཆེ་བ་འདོན་བསམས་ནས། །ངན་སྔགས་ཡིག་སྣ་སྣ་ཚོགས་བསླབས། །ཞེས་འབྱུང་ཞིང་། རྒྱ་བོ་ཆེར། དེར་ནས་དྲུག་ཅུ་རྩ་གཅིག་ཤིང་ཕོ་བྱི་བའི་ལོ། བདག་གི་སྐེག་ལ་བབས་ནས་ཁེངས་ལོག་བར་པ་བྱུང་། སྒྲགས་སུ་མ་ཆགས་གནུབས་ཡུལ་རོང་དུ་བྲོས། ཞེས་དང་། དེར་ཡང་མ་ཆགས་སྙེ་མོ་བྱེ་མཁར་བཟུང་། །ཞེས་གསུངས་པ་ལྟར། ཁེངས་ལོག་བྱུང་སྟེ་སྒྲགས་ཡང་རྫོང་ནས་གནུབས་ཡུལ་རོང་དུ་བྲོས། དེར་ཡང་བཞུགས་སུ་མ་བཅུག་པར་གཙང་གི་སྙེ་མོ་བྱེ་མཁར་བཟུང་ཞིང་བཞུགས་ཀྱང་དམག་གིས་བསྐོར་ཞིང་མདུན་གྱིས་རི་ལ་སོགས་ཐམས་ཅད་དམག་གིས་ཁེངས་ཏེ། དེ་དག་ཀྱང་བཀྲོངས་བའི་འདུན་གྲོས་ངན་པ་ཁོ་ན་བྱེད་པ་གསན་ཏེ། མཁར་གྱི་རྩེར་བྱོན་ཏེ་འདི་སྐད་གསུངས་སོ། །ཁེངས་སོ་གྲོས་བྱེད་ཐམས་ཅད་ཚུར་ཉོན་ཅིག །སྣང་སྲིད་ལྷ་འདྲེ་ཐམས་ཅད་གཟུ་དང་དཔང་མཛོད་ཅིག །དམ་ཅན་རྣམས་ལ་གཏོར་ཚོགས་རྒྱུན་མ་བཅད། །བདག་གི་དམ་ཆོས་བདུད་རྩི་ལྟ་བུ་འཚོལ་སྐྱོང་ཕྱིར། །བཅུ་གསུམ་ལོན་ནས་འཛམ་གླིང་ཁྱབ་པར་འཁྱམས། །རྒྱ་གར་བལ་པོའི་ཡུལ་དུ་ལན་བདུན་ཕྱིན། །མཁས་པ་རྣམས་ལ་ཞབས་ཏོག་རྒྱུན་མ་བཅག །ངས་ནི་ལས་སུ་ཆོས་བྱས་དོན་དུ་ལྷ་གཉེར་ནས། །བདག་དང་གཞན་གྱི་དོན་དུ་མ་ཕྱེ་བར། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྒོམས་ནས། །བྲོས་ཀྱང་མ་ཕན་བདག་གིས་ཕྱིར་འབྲངས་ནས། །བདག་ལ་འདི་འདྲའི་ཁེངས་ལོག་བྱེད་པ་འདི། །བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་དང་། །རིག་འཛིན་རྩལ་འཆང་གྲུབ་ཐོབ་ཐམས་ཅད་དང་། །བོད་ཁམས་གནོད་སྦྱིན་མཐུ་ཆེན་ཐམས་ཅད་ཀུན། །མ་ཉེས་མ་ལན་བདག་གི་ར་མདའ་སློག །ཅེས་གསུངས་ཏེ་ཆོས་གོས་ལན་གསུམ་བརྡབས་པས། དམ་ཅན་ཐམས་ཅད་མངོན་སུམ་དུ་བྱུང་སྟེ་བདག་ཅག་གི་མཐུ་རྩལ་གྱིས་རི་རབ་ཀྱང་ཐལ་བར་རློག་ནུས། རི་བོར་དཔུང་གིས་འདེབས་ནུས། རྒྱ་མཚོ་ཧུབ་ཀྱིས་འདྲེན་ནུས། ཉི་ཟླ་ཆ་ལང་རྡེབ་ནུས། གནམ་ས་བླ་འོག་བསྒྱུར་ནུས་ཀྱང་། སློབ་དཔོན་ཉིད་ཀྱིས་ཚེ་རབས་སྔ་མར་ལས་འབྲས་རྡོལ་བར་འདུག་པས། སྔོན་ཆད་ནི་བདག་གིས་ཀྱང་གྲོགས་མ་བགྱིས། ད་ནི་འཇིག་རྟེན་བརླག་པར་བགྱིའམ་ཇི་ལྟར་བགྱི། ཞེས་ཞུས་པ་དང་། ཆོས་གོས་ཀྱི་ཆ་ག་ནས་སེང་ལྡེང་གི་ཕུར་བུ་བཏོན་ནས། དམ་ཅན་རྣམས་ཀྱི་སྲོག་སྔགས་བཏབ་ཅིང་དྲིལ་ཞིང་། རི་ཕ་གི་མཱ་ར་ཡ་ཕཊཿཞེས་གསུངས་པས། རི་དེ་ལས་མེ་རབ་ཏུ་འབར་ནས་དམག་དཔུང་ཐམས་ཅད་བསྲེགས་ཤིང་བརླག་པར་བྱའོ། །དེའི་སྡིག་སྦྱངས་ཀྱི་དགེ་བར་བསམ་གཏན་མིག་གི་སྒྲོན་མ་ཡང་མཛད་ཅེས་གྲགས་སོ། །དེ་ནས་སྐུ་དགྲ་རྣམས་རྣམ་པ་མངོན་སྤྱོད་ཀྱི་ལས་རྩུབ་པ་ལྟར་སྣང་ཡང་། དོན་སྙིང་རྗེས་ཟིན་པའི་སྦྱོར་སྒྲོལ་མཐར་ཕྱིན་པ་ཡིན་པས་གདུལ་བྱ་རྣམས་དྲག་པོས་བསྒྲལ་ཏེ་དང་པོའི་སངས་རྒྱས་ཞིང་དུ་སྤར་བ་ལ་ཐེ་ཚོམ་མ་མཆིས་པས་ངོ་མཚར་བའི་གནས་སོ། །དེ་ལྟར་སྐུ་དགྲ་རྣམ་ཐུལ་ཡང་ལོ་གསུམ་གྱིས་བར་དུ་དབུལ་ཞིང་འཕོངས་ནས། སྒྲགས་ཡང་རྫོང་དུ་དངོས་གྲུབ་སྒྲུབ་ཅིང་མཆིས་པའི་ཚེ། བསམ་ཡས་སུ་ཆོས་རྒྱལ་ཁྲི་སྲོང་གི་ལྷ་སྲས་མངའ་ཐང་ཆེ་བས་སྤྱན་དྲངས་ཏེ་ཆོས་གཞི་བཙུགས་ནས་བྱང་ཆུབ་གླིང་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་རོ། །སློབ་མ་བསྐྲུན་ཚུལ་ཡང་ཉིད་ཀྱི་བཀའ་ལས། ལས་ཀྱི་འབྲེལ་བའི་ཡོན་ཏན་རྒྱ་མཚོ་དང་། །དད་པ་ཆེ་བའི་ལེགས་པའི་སྒྲོན་མ་གཉིས། །གྲོགས་མཆོག་དམ་པ་ཡེ་ཤེས་དབང་ཕྱུག་དང་། །རྩལ་ཤུགས་གཏོང་ཕོད་ཆེ་བའི་བློན་རྗེ་འཕགས་པ་གཉིས། །དམ་ཚིག་དམ་པ་སྙིང་ལ་འཇོག་པ་འདྲ་ནས་སུ། །དམ་ཆོས་གཞུང་བཞིན་བཀའ་ལ་བརྟེན་ཏེ་ལོ་བདུན་བཤད། །ཅེས་དང་། དེ་ཕྱིར་བདག་གི་ཡོན་ཏན་རྒྱ་མཚོ་ལ། །སྒྲུབ་ལུགས་མི་མཐུན་བརྒྱད་དང་རྩ་བདུན་གཏད་དེ་བཞག །ཅེས་པ་དང་། མདོར་ན་སློབ་དཔོན་ཆེན་པོ་དེ་ཉིད་ལ་སློབ་མ་མཐའ་ཡས་ཀྱང་། གཙོ་བོ་ནི་སྲས་དམ་པ་བཞི་དང་། མཆོག་ཏུ་གྱུར་པ་གཅིག་སྟེ་ལྔ་ཡོད་པའི་རྒྱུ་མཚན། ཉིད་ཀྱི་མགུར་ལས། ཤེས་རབ་ཀྱི་ནགས་ཚལ་ལས། ཡོན་ཏན་གྱི་ལྗོན་ཤིང་འཁྲུངས། སྣོད་ཀྱི་མཆོག་ལྔ་རུ་བླུག །གཅིག་གིས་ནི་རྩ་བ་ཁྱེར། བློན་རྗེ་འཕགས་པ་ཡིན། གཅིག་གིས་ནི་ལོ་མ་ཁྱེར། ལེགས་པའི་སྒྲོན་མ་ཡིན། གཅིག་གིས་ནི་མེ་ཏོག་ཁྱེར། དན་གྱི་ཡོན་ཏན་མཆོག །གཅིག་གིས་ནི་འབྲས་བུ་ཁྱེར། ཡེ་ཤེས་དབང་ཕྱུག་ཡིན། གཅིག་གིས་ནི་ཐམས་ཅད་ཁྱེར། ཡོན་ཏན་རྒྱ་མཚོ་ཡིན། ཞེས་གསུངས་ཤིང་། རྩ་བ་རྒྱུད་ལ་མཁས་པ་སྤ་གོར། ལོ་མ་བདུད་རྩི་ལ་མཁས་པ་སྲུ། མེ་ཏོག་བརྒལ་ལན་ལ་མཁས་པ་དན། འབྲས་བུ་སེམས་ལ་མཁས་པ་སོ། དེ་ཐམས་ཅད་ལ་མཁས་པ་ཡོན་ཏན་རྒྱ་མཚོ་ཡིན་པར་བཤད། དེའི་ནང་ནས་ཀྱང་གཙོ་བོ་ཡོན་ཏན་རྒྱ་མཚོ་ཁོ་ན་ཡིན་ཏེ། སེམས་ཅན་དོན་ལ་བྱེད་པའི་མན་ངག་བརྒྱ་བཅུ་གཉིས། །མཁས་པ་རྣམ་བཞིའི་མན་ངག་རྒྱུན་མ་བཅད། །བྱང་ཆུབ་སེམས་དོན་མན་ངག་ངོས་འཛིན་བྱེད་པའི་མ་ཎི་ཀ །བུ་གཅིག་ཡོན་ཏན་རྒྱ་མཚོ་སེམས་ཀྱི་དཀྱིལ་དུ་བསྟིམ། །ཞེས་གསུངས་ལ། གཞན་ཡང་དེ་རྣམས་རྗེས་སུ་བཟུང་ཚུལ་ཡང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཉིད་རྣམ་པ་དགེ་སློང་ཡིན་ཀྱང་དོན་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོའི་གོ་སར་བཞུགས་པས། གཞན་དོན་དུ་རིགས་བརྒྱུད་བཞག་པ་ལས། སྲས་གཉིས་འབངས་ཁེངས་ལོག་སྐབས་བཀྲོངས་པས་ཐུགས་མུག་སྟེ། རྒྱ་དཔེ་རྣམས་སྟག་སྒྲོ་དང་གཟིག་སྒྲོར་བཅུག་རྒྱ་བོང་གྭ་པ་ཞིག་ལ་བཀལ་ཏེ་རྒྱ་གར་དུ་བསྐྱེལ་བར་ཆས་པའི་ཚེ་ཡས་བོན་དང་མཇལ་ཏེ་ཁྱིམ་དུ་གདན་དྲངས། བོན་པོས་ཆང་ཉེ་བར་ཕྱིན་པས་སོ་ཡེ་ཤེས་དབང་ཕྱུག་དང་ཕྲད་དེ་ང་ལ་མཆོད་གནས་གནུབས་ཆེན་ཡོད་ཚུལ་བཤད་པས་སོས་ཀྱང་མཇལ་བར་བྱོན། དེ་དང་དུས་མཚུངས་སུ་སྤ་གོར་བློན་རྗེ་འཕགས། སྲུ་ལེགས་པའི་སྒྲོན་མ། དན་ཡོན་ཏན་མཆོག་རྣམས་ཀྱང་འཛོམས་ཏེ། ཁོང་བཞིས་རྒྱ་གར་ལ་མི་གཤེགས་པར་གསོལ་བ་ལྟར་བཞུགས་ཏེ་མདོ་སྒྱུ་སེམས་གསུམ། ཡང་དག །བདུད་རྩི་སོགས་རྒྱ་ཆེར་གསུངས། སྣར་གྱི་ཤུག་པ་ནག་པོར་བཞུགས་པའི་ཚེ་གནུབས་ཡོན་ཏན་རྒྱ་མཚོ་རྗེས་སུ་བཟུང་བ་སོགས་བཤད། དེ་ལྟར་བཤད་བསྒྲུབ་ཀྱི་སྒོ་ནས་གདུལ་བྱ་རྒྱ་ཆེར་མཛད་དེ། མཐར་མྱ་ངན་ལས་འདས་པར་ཕྱོགས་ཏེ་ཕྱི་རབས་ལ་དགོངས་པའི་དམ་ཆོས་རྣམས་གཏེར་དུ་སྦས་པ་བཞེད་ནས། བལ་པོའི་ཡུལ་ནས་བཟོ་བོ་བཀུག་ཅིང་བསེ་སྒྲོམ་སྨུག་པོའི་གཏེར་སྣོད་བརྡུང་བའི་ཚེ། ཀླུའི་རྒྱལ་པོ་མ་དྲོས་པས་འཁོར་དཔག་ཏུ་མེད་པ་དང་བཅས་བྱུང་སྟེ་ཕྱག་འཚལ་ཞིང་མྱ་ངན་ལས་མི་འདའ་བར་གསལ་བར་གསོལ་བ་བཏབ་པ་ནི། རིག་པ་དབང་ཐོབ་སློབ་དཔོན་སངས་རྒྱས་ཁྱོད། །མྱ་ངན་མི་འདའ་སེམས་ཅན་དོན་ལ་བཞུགས། །ཇི་ཙམ་བར་དུ་གནས་པའི་ཚེ་ན་ཡང་། །རྫུ་འཕྲུལ་མཐུ་དང་ནོར་གྱི་དངོས་གྲུབ་ང་ཡིས་སྦྱིན། །ཞེས་གསོལ་བ་བཏབ་པ་ལ། འདི་སྐད་གསུངས་པ། དགྲ་ལ་བསད་ཀྱི་མི་ལང་གྲམ་པའི་རྡོ་ཕུང་འདྲ། །གཉེན་ལ་སྐྱོངས་པས་མི་འཁྱོངས་མཚོ་མཐའི་སྦྲང་བུ་འདྲ། །བྱ་བ་བྱས་ཀྱི་མི་ཟིན་ཆུ་ཡི་གཉེར་མ་འདྲ། །བན་ཆུང་བདག་གི་དཔེ་ཡང་དེ་དང་འདྲ་བ་སྟེ། །རྫུ་འཕྲུལ་མཐུ་དང་ནོར་བུའི་བདག་ལ་དགོས་པ་མེད། །ཇི་ཙམ་བར་དུ་སྡོད་པའི་དབང་ཡོད་ཀྱང་། །ཕྱག་ན་རྡོ་རྗེའི་དབང་གི་བཀའ་མི་བཅོག །རྒྱལ་བའི་བཀའ་བཞིན་འཛིན་པའི་བུ་མེད་པས། །སྒྱུ་མའི་ཕུང་པོ་འདི་དང་འགྲོགས་ཏེ་རེ་ཞིག་ས་ཡི་གཏེར་དུ་སྦེད། །བསྟན་པ་གཉན་ལ་དགོས་པའི་དུས་འབྱུང་གིས། །ལན་ཅིག་རུང་དུ་རྫུས་པ་ཅིག་དང་ཕྲད་པའི་ཚེ་ན་ཡང་། །ང་ཡི་བཀའ་འདི་འཛིན་དང་འཆང་བ་དང་། །བཀའ་འདི་སྒྲུབ་པའི་རྣལ་འབྱོར་པ་རྣམས་ལ། །འཇིག་རྟེན་ཀླུའི་ནད་རྣམས་མ་བཏང་ཞིག །ཅེས་གསུངས་ཏེ། ཟབ་ཆོས་རྣམས་བསེ་སྒྲོམ་དུ་བཅུག་ཡ་ཁེབས་ལ་བདུད་བརྐོས་རྗེ་བྲང་དཀར་དང་མ་ཁེབས་ལ་མཁའ་འགྲོ་ཨེ་ཀ་ཛ་ཊའི་རྒྱས་བཏབ། སྦྲུལ་གྱི་ཆུན་པོས་བཅིངས་ཏེ་ཀླུའི་རྒྱལ་པོའི་ལྟོ་བར་ཨ་ཐམ་ཞེས་ཀླུ་རྒྱལ་དེ་ཉིད་ལ་གཏད་དོ། །དེ་ཡང་ལོ་རྒྱུས་འགའ་ཞིག་ཏུ་གནུབས་ཆེན་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་པར་བཤད་ཀྱང་། ཉིད་ཀྱི་གསུངས་ལས། གནུབས་ཀྱི་བན་ཆུང་སངས་རྒྱས་ངས། ། ལོ་ནི་བརྒྱ་དང་སུམ་ཅུ་ལོན། །ཞེས་གསུངས་པ་བཙན་པར་འདུག་ཅིང་། རྒྱུ་མཚན་མངའ་བདག་ཁྲི་སྲོང་གི་དུས་ནས་དཔལ་འཁོར་བཙན་གྱིས་བར་དུ་བཞུགས་པའི་ལོ་རྒྱུས་སྣང་སྟེ། དར་མས་བསྟན་པ་གནུབས་པ་ཐུགས་ཀྱིས་མ་བཟོད་པ་དྲག་སྔགས་བྱ་བར་དགོངས་ཏེ། སླར་བལ་བོར་ལོག་སྟེ་བ་སུ་དྷ་ར་ལ་དྲག་སྔགས་སྤུ་གྲི་རེག་ཆོད་འགའ་ཞིག་ནོས་པ་ཚུར་བྱོན་པའི་ཚེ་རྒྱལ་པོ་སྡིག་ཅན་ལྷ་ལུང་དཔལ་རྡོར་གྱིས་བསྒྲལ་ཟིན་འདུག་པས་ངན་སྔགས་མཛད་མ་དགོས་པར་གཏེར་དུ་སྦས་པར་གསུངས་པའི་ཕྱིར། དེ་ལྟར་གདུལ་བྱ་རྫོགས་ནས་རེ་ཞིག་གདོད་མའི་ཞིང་དུ་ལྷུན་གྲུབ་འོད་ཕུང་ཆེན་པོར་གཤེགས་སོ། །དེ་ལྟར་གནུབས་བན་ལོ་ཙཱ་བ་ཆེན་པོ་རིན་པོ་ཆེ་རྡོ་རྗེ་ཡང་དབང་གཏེར་ཞེས་གྲགས་པ་དེ་ཉིད་ལ། སློབ་མ་གནུབས་ཀྱི་བུ་བཞི། དགེ་མཆེད་བཅོ་ལྔ། རིན་ཆེན་གསུམ། འཁོར་བརྒྱ་དྲུག་ཅུ་སོགས་ཡོད་པའི་འདྲེན་ཚུལ་མི་འདྲ་བ་འགའ་ཞིག་འདུག་ཀྱང་། མཚན་གསལ་ནི་དབང་བྱང་ལས། གནུབས་ཀྱི་བུ་བཞི་དགེ་མཆེད་བཅོ་ལྔ་དང་། །རིན་ཅན་གསུམ་དང་འཁོར་བརྒྱ་དྲུག་ཅུ་འཇིག་རྟེན་སོགས། །བུ་བཞིན་འབྲེ་སྟོན་ཁྲོ་ཆུང་ཉང་ཤེར་མཆོག །ཉང་སྟོན་ཡེ་འབྱུང་ཟུར་ཆེན་ཤཱཀྱ་འབྱུང་། །ཞེས་གསུངས། དགེ་མཆེད་བཅོ་ལྔ་ནི་དགེ་མཆེད་དང་པོ་ཐུགས་ཀྱི་སྲས་བཞི་ནི། སོ་ས་ཡེ་དབང་རྡོ་རྗེ་དབྱིངས་ཕྱུག་གཏེར། །སྲུ་ལེགས་སྒྲོན་མ་ཨུཏྤལ་དབང་ཆེན་རྩལ། །སྤ་གོར་བློན་རྗེ་རྡོ་རྗེ་གནམ་ལྕགས་རྩལ། །དན་སྟོན་ཡོན་མཆོག་རྡོ་རྗེ་དྲག་པོ་རྩལ། །གཉིས་པ་ཐུགས་སྲས་གནུབས་བན་ཁུ་ལུང་པ། །ཡོན་ཏན་རྒྱ་མཚོ་རྡོ་རྗེ་རིག་འཛིན་གཏེར། །གསུམ་པ་སྲུ་ཡི་སློབ་མ་མཆོག་བཞི་ནི། །དབྱར་སྟོན་གསལ་བྱང་རྡོ་རྗེ་མཚམས་བྱེད་རྩལ། །རྒྱ་བློན་བློ་གྲོས་གཞོན་ནུ་དབང་རྫོགས་རྩལ། །རྒྱ་སྟོན་ཤཱཀྱ་མཆོག་རབ་གཟི་འབར་རྩལ། །ཞུ་དོན་བསོད་ཤཱཀ་འཕྲིན་ལས་མཐར་སྦྱིན་རྩལ། །བཞི་པ་སྤ་གོར་བེག་སྟོན་ཡེ་ཤེས་དང་། །ལྔ་པ་ལྔ་ནི་རྒྱ་སྟོན་གཞོན་ནུ་སྙིང་། །སྐྱོ་སྟོན་དར་མ་བྱང་ཆུབ་སྐྱེ་མཆོག་རབ། །སྐྱེ་སྟོན་དར་རྒྱས་ལྷོ་སྡོད་སྙིང་པོའོ། །ཞེས་གསུངས་པས། གནུབས་བན་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་རྡོ་རྗེ་རིག་འཛིན་གཏེར་མཚན་གཅིག་ཡིན་པས་བླའི་མཚན་གསུམ་གཅིག་ཏུ་གྲངས་པས་བཅོ་ལྔ་འབྱུང་བ་ནི་དགེ་མཆེད་བཅོ་ལྔ་ཡིན་པར་བཤད། འདི་ལ་འདྲེན་ཚུལ་ལུགས་གསུམ་ཙམ་མཐོང་བ་གསུམ་ག་མི་གཅིག་པར་སྣང་ཡང་སོ་སོར་ཁུངས་ཆེ་མོད། འོན་ཀྱང་བུ་བཞི་དགེ་མཆེད་བཅོ་ལྔ་ཐམས་ཅད་ལ་བཀའ་ལུང་རྫོགས་པར་བཞུགས་པ་ནི་མ་ཡིན་ཏེ། ལ་ལ་དངོས་སློབ། ལ་ལ་ཡང་སློབ་ཙམ་ཡིན་པར་དགོས་ཤིང་། ཟུར་པོ་ཆེས་ཀྱང་ཞབས་ཟིན་པ་དང་མ་ཟིན་པའི་བཤད་ཚུལ་གཉིས་སྣང་བས་དཔྱད་དོ། །འདྲེན་ཚུལ་འདི་ལ་ཡང་ལ་ལས་གནུབས་བན་དང་ཁུ་ལུང་པ་གཉིས་སོ་སོར་བགྲངས་པ་དང་། ལ་ལས་སྐྱེ་མཆོག་རབ་ཆད་ཅིང་ཡེ་ཤེས་རྒྱ་མཚོ་བསྣན་པ་སོགས་འཁྲུལ་པ་ཡོད་པར་དགོས་སོ། །དེ་ལྟར་དགེ་མཆེད་བཅོ་ལྔ་སོགས་ཆིག་རྒྱུད་དུ་ཐམས་ཅད་འདྲེན་དགོས་པ་མ་ཡིན་ཀྱང་། འོག་མིན་ཚོགས་ཆེན་གྱི་དཀྱིལ་འཁོར་དུ་བཞུགས་པའི་དབང་དུ་བྱས་ལ། གཙོ་བོར་རྣམ་ཐར་གྱི་སྐབས་སུ་སྨོས་པ་ལྟར་སློབ་མའི་མཆོག་ལྔ་སྟེ། སྤ་གོར་བློན་རྗེ་འཕགས། སྲུ་ལེགས་པའི་སྒྲོན་མ། དན་ཡོན་ཏན་མཆོག །སོ་ཡེ་ཤེས་དབང་ཕྱུག །གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་སྟེ་ལྔ་པོ་རྒྱུད་ཀྱི་བཤད་པ་ལ་སྤ་གོར་གཙོ་ཆེ་ཞིང་། མན་ངག་དང་དབང་རྒྱུད་ཕྱོགས་རེ་བ་ལྔ་ག་ལ་ཡོད་མོད་ཀྱང་། དབང་བཀའ་ཡོན་ཏན་རྒྱ་མཚོ་ཁོ་ན་ལས་བརྒྱུད་དགོས་པར་གསུངས་ཏེ། ཁུངས་ཀྱི་གཏད་རྒྱ་ལས། ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་དབང་གདམས་ངག་གི་བཀའ་བབས། སྤ་གོར་རྗེ་བློན་འཕགས་ལ་གཞུང་གི་བཀའ་བབས། སོ་ཡེ་ཤེས་དབང་ཕྱུག་ལ་ལྟ་བའི་བཀའ་བབས། སྲུ་ལེགས་པའི་སྒྲོན་མ་ལ་དབང་བཞིའི་ཆུ་བོའི་བཀའ་བབས་པར་གསུངས་ཤིང་། འདིའི་ལུགས་ལ་མར་ཡེ་ཤེས་དབང་ཕྱུག །དབྱར་ག་ལ་བའི་བྱང་ཆུབ། རྒྱ་བློ་གྲོས་གཞོན་ནུ། རྒྱ་ཤཱཀྱ་མཆོག །ཞུ་བསོད་ནམས་ཤཱཀྱ་ལ་སོགས་བཅོ་ལྔ་ལ་སྲུ་ལེགས་པའི་སྒྲོན་མེས་འདུས་པ་ཆེན་པོའི་དབང་བསྐུར་ནས་སྨིན་གྲོལ་ལ་བཀོད་པར་གསུངས་པས་དགེ་མཆེད་བཅོ་ལྔ་སྲུའི་སློབ་མ་ཡིན་པར་བཤད་ཅིང་། དངོས་གྲུབ་སྐབས་ལས་ཀྱང་། ཤོམ་ཡག་སྡིངས་ཀྱི་གནས་མཆོག་ཏུ། །དབང་བཞིའི་ཆུ་བོ་བཀའ་བབས་པས། །སྲུ་ནི་ལེགས་པའི་སྒྲོན་མ་ཡིས། །དགེ་མཆེད་བཅོ་ལྔའི་སློབ་བུ་སྨིན། །ཞེས་གསུངས་པའི་ཚིག་འདི་དབང་གཞུང་ཐམས་ཅད་མཐུན་པར་འདུག་པས་བཙན་པར་སྣང་ཡང་། ལོ་རྒྱུས་སྤྱི་དང་མི་མཐུན་འདྲ་བས་དཔྱད་པར་བྱ་ལ། སྲུ་ཡང་གདུང་གི་མཚན་ཡིན་ཅིང་། ལེགས་པའི་སྒྲོན་མར་བཏགས་པ་ལས་གཞན་སྐྱེ་རྒྱལ་རང་ཡིན་པར་བཤད་དེ། དེ་ལྟར་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ཉིད་ཀྱི། གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་ལ་རོང་སྣར་གྱི་ཡང་གསང་གི་བྲག་ཕུག་ཏུ་གསུངས་ཤིང་དབང་བཞི་རྫོགས་པར་བསྐུར། དབང་གི་ཡིག་སྣ་བཅོ་བརྒྱད་གཏད། དབང་རྟགས་སུ་དབང་བསྐུར་རྒྱལ་པོའི་རྒྱུད་སྦྱིན། ཡོན་དུ་སྟོད་ཀྱི་ལས་སྒོ་ལན་གསུམ་བླན་ནས་གཡུ་དཀར་པོ་འོད་འཛག །བེར་ཤ་བ་ཅན། རྟ་མཛའ་ནག་སེང་གེ །དར་མེན་གྱི་ན་བཟའ། ལ་རྫས་དང་རྩི་སྨན་མང་དུ་ཕུལ། གསང་མཚན་རྡེ་རྗེ་གཏེར་བཞད་རྩལ་དུ་བཏགས་སོ། །སློབ་དཔོན་འདིའི་རྣམ་ཐར་ཅུང་ཟད་བརྗོད་ན། དེ་ཡང་གདུལ་བྱའི་དོན་དུ་སློབ་དཔོན་སངས་རྒྱས་ཡེ་ཤེས་དང་ཚེ་རབས་དུ་མར་འབྲེལ་ཞིང་། ཁྱད་པར་སྐུ་ཚེ་འདིའི་སྔ་མ་ཡབ་སྲས་སུ་འབྲེལ་ཏེ་གདུལ་བྱ་དྲང་ཕྱིར་སངས་རྒྱས་ཡེ་ཤེས་ཉིད་རྒྱ་གར་དུ་བཤན་པ་མ་རུ་རྩེ་བྱ་བར་འཁྲུངས་ཤིང་། གནུབས་ཡོན་ཏན་རྒྱ་མཚོ་ཡབ་མ་རུ་རྩེ་དང་ཡུམ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་གདུག་རྩུབ་ཀྱི་སྐོར་མགོ་མ་ཞེས་བྱ་བ་ལ། སྲས་ཆེ་དགའ་བོ། ཆུང་བ་དགའ་ཆུང་། སྲས་མོ་དགའ་ལྕམ་གསུམ་ཡོད་པའི་སྲས་ཆུང་བར་འཁྲུངས་སོ། །དེ་ལྟར་ཡུམ་སྲས་དང་བཅས་ལྔ་པོར་མཆོད་ག ནས་སློབ་དཔོན་ཀ་རུ་ཎ་ཞེས་པ་ཞིག་ཡོད་པ་མཆོད་ཅིང་དབང་དང་གདམས་ངག་ཞུས་ཏེ། སྲས་ཆེ་བར་དགའ་བོ་མོས་གུས་དང་བརྩོན་འགྲུས་བཏང་ཕོད་ཆེ་བས་ལོངས་སྤྱོད་ཐམས་ཅད་བླ་མ་ལ་ཕུལ་ཏེ། གདམས་ངག་ཉམས་སུ་བླངས་པས། གྲུབ་པ་ཐོབ་སྟེ་ཚེ་དབང་རིག་འཛིན་བརྙེས་ནས་རྒྱ་གར་དྷ་ན་དྷ་ལ་ཞེས་གྲགས་ཤིང་ད་ལྟ་ཡང་བཞུགས་པར་གྲགས། ཡབ་བཤན་པ་མ་རུ་རྩེ་གདུལ་བྱ་རྫོགས་ནས་བོད་ཡུལ་དུ་ལོ་ཙཱ་བ་སངས་རྒྱས་ཡེ་ཤེས་སུ་འཁྲུངས་ཡུམ་ཡང་བོད་ཡུལ་དུ་ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་དུ་འཁྲུངས། སྲས་མོ་དགའ་ལྕམ་ཤེལ་དཀར་བཟའ་རྡོ་རྗེར་སྐུ་འཁྲུངས། སྲས་དགའ་ཆུང་ནི་རྒྱ་གར་དུ་རྒྱལ་ཁྲིམས་དམ་ཞིང་གང་དགར་བྱ་དབང་མེད་ཕྱི་ནང་གི་གྲུབ་མཐའ་གཉིས་རྩོད་དགོས་པས་བཤད་པ་དང་རྩོད་པས་སུན་ནས། གསང་སྔགས་འཆོལ་བར་སྤྱད་ཆོག་པའི་སྨོན་ལམ་བཏབ་པས། བོད་ཡུལ་གནུབས་ཁུ་ལུང་དུ་གནུབས་ཀྱི་རིགས་ལས་གྲོང་བན་ཞིག་གི་སྲས་སུ་འཁྲུངས་ཏེ་ཡོན་ཏན་རྒྱ་མཚོ་ཞེས་གྲགས་པ་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་ཉིད་དེ། དེའི་ཚེ་རྒྱ་གར་དྷ་ན་དྷ་ལས་རང་གི་ཡབ་ཡུམ་མཆེད་རྣམས་གར་སྐྱེས་མངོན་པར་མཁྱེན་པས་གཟིགས་པས། ཡབ་སློབ་དཔོན་སངས་རྒྱས་ཡེ་ཤེས་སུ་འཁྲུངས་པ་ཁོ་རང་གི་སློབ་མར་གྱུར་ཅིང་རང་དོན་གྲུབ་ནས་གཞན་དོན་མཛད་པ་དང་། ཡུམ་མཚོ་རྒྱལ་ཡང་གྷུ་རུ་པདྨས་རྗེས་སུ་བཟུང་སྟེ་རང་དོན་གྲུབ་ནས་གཞན་དོན་མཛད་པ་དང་། སྲས་མོ་འགའ་ལྕམ་ཡང་གུ་རུ་པདྨ་དང་ནམ་མཁའི་སྙིང་པོ་སོགས་ཀྱིས་ལས་རྒྱར་གྱུར་ཏེ་ལམ་སྣ་ཟིན་ཅིང་དངོས་གྲུབ་ཕྲ་མོ་བརྙེས་ནས་འདུག་པས་ཁོང་བཞི་པོའི་དོན་བྱེད་མི་དགོས་པར་གཟིགས། གཅུང་པོ་དགའ་ཆུང་གྲོང་བན་ཞིག་གི་སྲས་རང་རྒྱུད་པ་ལྟར་གྲོགས་སྔགས་ཀྱིས་འཚོ་ཞིང་འདུག་པ་སྙིང་རྗེ་བར་དགོངས་ནས་དེའི་དོན་ཞིག་བྱ་སྙམ་སྟེ་བོད་དུ་འབྱོན་པར་ཆས་ཏེ། རྐང་མགྱོགས་སྒྲུབ་པར་དགོངས་ནས་གནོད་སྦྱིན་མོའི་རྐང་མགྱོགས་བསྒྲུབས་ཏེ། དེའི་ཚེ་གཡོག་པོ་ལ་དྲུང་དུ་མ་ཉལ་གསུངས་པ་མ་ཉན་པར་ཉལ་བས། ནམ་ཕྱེད་ཙམ་ན་སྒྲུབ་གཡོག་སྐད་ངན་ཅེ་རེ་བྱུང་སྟེ་གཟིགས་པས། རྩེ་ཆུང་ལ་སྡིག་པ་ནག་པོ་ཞིག་འཐམས་འདུག་ནས་ཕྱག་གི་གུ་ཧྱ་རྡོ་རྗེ་ཕུད་ནས་རྒྱབ་པས་ཏོག་ཟེར་ཞིང་ཡལ་སོང་ངོ་། །དེ་ནས་ཐོ་རངས་ཀྱི་ཆ་ལ་ས་ཆག་པའི་སྐད། གནམ་གྲུམ་པའི་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་བྱུང་ནས་གཟིགས་པས། བྱ་ཆེན་པོ་གནམ་གྱིས་ས་བཀབ་པ་ཙམ་གཤོག་པ་གཡས་ལས་ས་འདྲུད་པ་ཞིག་བྱུང་ནས་ཁྱོད་སུ་ཡིན་བྱས་པས། བདག་ནི་གནོད་སྦྱིན་མོ་རྩར་ལངས་མ་བྱ་བ་ལགས་པས་ལས་ཅི་བགྱི་བཀའ་སྩོལ་ཅིག་ཟེར་བས། སློབ་དཔོན་གྱིས་བོད་ཡུལ་གནུབས་ཁུ་ལུང་དུ་སྐྱོལ་ཞིག་གསུངས་པས། མོ་ན་རེ། འབངས་མོས་ཞབས་ཏོག་ཕེར་ཙམ་བདོགས་པ་ལགས་ཏེ། སློབ་དཔོན་རང་གིས་གཤོག་པ་བཅག་ནས་ད་མི་ཕོར་རོ་ཞུས་པས། འདང་གི་སྡིག་པ་ནག་པོ་དེ་ཡིན་པར་མཁྱེན་ནས་ཁྱོད་བདེན་གསུངས་ཏེ་གཡོག་པོ་བཀའ་སྐྱོན་ནོ། །དེ་ནས་སློབ་དཔོན་གྱིས་ཡང་བདུད་ནག་པོ་གནམ་རོལ་གྱི་རྐང་མགྱོགས་བསྒྲུབས་པས་གྲུབ་སྟེ། མི་ནག་པོ་འཇིགས་སུ་རུང་བ་ཞིག་སློབ་དཔོན་གྱིས་དྲུང་དུ་བྱུང་སྟེ། སློབ་དཔོན་ལགས། ལས་ཅི་འཚལ་བཀའ་རྩོལ་ཅིག་ཟེར་རོ། །སྔ་བཞིན་བོད་དུ་སྐྱོལ་གསུངས་པས། ཁམས་ཐུ་བ་བཟེད་ནས་འོ་ན་འདིར་བཞུགས་ཤིག་ཟེར། དེ་ནས་སློབ་དཔོན་གྱིས། འབྲས་ཀྱི་སྙེ་མ་ཁྲེས་ཅིང་། ཙན་ལྡན་གྱི་ལོ་མ་སྔོན་པོ་ཞིག །སྨྱུག་མའི་ཡལ་འདབས་སོ་མ་ཅིག་རྣམས་བཅས་ཁོའི་ཐུ་བར་བཞུགས་པས། མཚན་གང་ཞིག་ལ་བོད་ཀྱི་གནུབས་ཡུལ་རོང་ཁུ་ལུང་དུ་ཕེབས་སོ། །དེར་ནམ་ཡང་ལངས་བོད་དུ་ཡང་ཕེབས་པས་ཁོ་ན་རེ། ཁོ་བོ་ལ་བོད་ཀྱི་ལྷ་འདྲེ་མང་པོས་ཕྲག་དོག་བྱེད་པར་གདའ་བས་བདག་འགྲོ་བར་ཞུ་ཟེར་ནས་ཕྱིར་ལོག་གོ། །དེར་ཉི་མ་ཐལ་གྱིས་ཤར་བས་ཤར་བ་དང་། ཀོ་བ་གཏོང་པ་ཡིན་པས་གྲུ་ཁ་སྟེ། ཕྱོགས་དེར་ཤར་བ་གྲུ་ཁ་ཞེས་གྲགས་སོ། །དེར་སློབ་དཔོན་གྱིས། ཀོ་མཁན་ལང་ཆུ་ལ་སྒྲོལ་གསུངས་པས། མཐའ་མི་ཀ་ཆས་མེད་པར་མི་སྒྲོལ་ཟེར་ཏེ་སྒྲོལ་མ་ཉན་པར་སློབ་དཔོན་གྱིས་ཆུ་ལ་མ་བྱིང་བར་ཆུ་སྟེང་ནས་ཡེར་རེ་བྱོན་པས་ཀོ་མཁན་འགྱོད་པར་གྱུར། དེ་ནས་སློབ་དཔོན་གྱི་ཁུ་ལུང་འོག་གི་གྲོང་བརྡལ་ན་ཡོན་ཏན་རྒྱ་མཚོ་ཡོན་བདག་ཞིག་གི་ཚེ་སྒྲུབ་བྱེད་ཅིང་ཡོད་པའི་སར་ཐལ་གྱིས་བྱོན་ནས། ཡོན་ཏན་རྒྱ་མཚོ་ཁྱོད་ཀྱི་འདི་ཅི་བྱེད་པ་ཡིན་གསུངས་པས། ཚེ་སྒྲུབ་བྱེད་པ་ལགས་ཞུས་པས། འོ་ན་ཅི་བཏུབ་གསུངས། ཚེ་བུམ་ལ་སོགས་ཚེ་རྫས་རྣམས་ཞབས་རྡོ་བརྒྱབ་ནས་བསྒྱེལ། ཚེ་ཆང་ཕོ། དཀྱིལ་འཁོར་བསུབས་པས་ཡོན་བདག་བཟའ་ཚོར་བཅས་པ་འདུས་ཏེ། མཐའ་མི་འདིས་ཐུབ་ཚོད་འདི་ཙམ་བྱེད་པ་ལྟས་ངན་ཡིན། རྒྱོབ་གསོད་ཟེར་ནས་བརྡེག་པར་བྱུང་བ་ལ། ཡོན་ཏན་རྒྱ་མཚོས་སྔོན་གྱིས་ཕུ་བོ་ཡིན་པར་ངོ་ཤེས་ཏེ་ཨ་ཇོ་ཟེར་ཞིང་པང་དུ་འཁྱུད་དེ། འདི་ངའི་ཕུ་བོ་ཡིན་མ་བརྡེག་བྱས་པས་བརྡེབ་རྫོགས་མ་ནུས། དེ་ནས་སློབ་དཔོན་གྱི་ཞལ་ནས། ད་དཀྱིལ་འཁོར་བྲིས་ཚེ་གཏོར་བཟོས་གསུངས་པ་ལྟར་བྱས་པ་ལ། སློབ་དཔོན་དྷ་ན་དྷ་ལས་དགོངས་པ་མཛད་ཅིང་བྱིན་བརླབས། ང་ཁྱེད་རང་ཚོ་ཐེག་གསུངས་ནས་བཏེག་པས་ཀྱང་མ་ཐེག །གཏུབས་ཀྱང་མ་ཕོད། བསྒྱེལ་བས་ཀྱང་མ་འགྱེལ་བས་ཚེ་བྱ་བ་དེ་ལྟར་བྱེད་པ་ཡིན། ཞེས་གསུངས་ནས་ཡོན་ཏན་རྒྱ་མཚོ་ལ་དབང་བསྐུར། དེའི་ཞོར་ལ་ཡོན་བདག་རྣམས་ལ་ཡང་དབང་བསྐུར་ནས། ཡོན་བདག་ཁྱོད་ལ་མཆོག་གི་དངོས་གྲུབ་ཀྱི་སྐལ་བ་མི་འདུག་སྟེ་ཐུན་མོང་གི་དངོས་གྲུབ་མི་རབས་བདུན་ཚུན་ཆད་ལ་མི་ནོར་དར་བར་འོང་གསུངས་པས། ཕྱིས་དེ་ཁོ་ན་བཞིན་བྱུང་སྐད། དེ་ནས་སློབ་དཔོན་དྷ་ན་དྷ་ལའི་ཞལ་ནས། ཡོན་ཏན་རྒྱ་མཚོ་ཁྱོད་ཀྱི་སྒྲུབ་གནས་གྲོང་གིས་མི་འོང་ངས་བཙལ་གྱིས་གསུངས་ནས། ཁུ་ལུང་མཁར་གདོངས་མོན་མོའི་གཙུག་ཏུམ་ལྟ་བུའི་ས་གནད་བཟང་པོ་བཙལ་ཏེ། དེར་དབང་གདམས་ངག་མ་ལུས་པར་རྫོགས་པར་གནང་། བསྟན་སྲུངས་གཤིན་རྗེ་དམར་ནག །མ་གཤིན་གྱི་སྐོར་སོགས་ཟབ་ལ་མང་བར་གནང་ནས་སྨིན་ཅིང་གྲོལ་བར་མཛད་དེ་སློབ་དཔོན་དྷ་ན་དྷ་ལ་སླར་ཡང་རྒྱ་གར་དུ་གཤེགས་སོ། །ཁྱད་པར་གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་མཇལ་ཚུལ་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་སྣར་གྱི་ཤུག་པ་ནག་པོར་བཞུགས་ཏེ་གདུལ་བྱ་སྨིན་པར་མཛད་སྐབས། ཡོན་ཏན་རྒྱ་མཚོ་ལོ་སུམ་ཅུ་ལོན་པ་ཞིག་ཁྱི་ར་ལ་བྱོན་པ་རི་དྭགས་མ་སོད་པར་ནུབ་མོར་འཁྱམས་ནས་འཁྱགས་ཤིང་ལྷོགས་པ་ལ་སྤོས་དྲི་ཚོར་ཏེ་གནས་ཤིག་ཡོད་དམ་སྙམ་བཙལ་བས་རྙེད་དེ་སངས་རྒྱས་ཡེ་ཤེས་དང་མཇལ་ཏེ་དྲི་རྨེད་མཛད་པར། རུས་གནུབས་ཡིན་པར་དགོངས་ཏེ་ཆོས་སྒོར་བཅུག །ཇོ་མོ་འདྲེ་སྒོམ་དང་གཉིས་ལ་གཤིན་རྗེའི་དབང་བསྐུར། གཤིན་རྗེའི་མན་ངག་ལུང་རྫོགས་འཕྲང་དང་། མདོ་སྒྱུ་སེམས་གསུམ་སོགས་ཆོས་མང་དུ་གསུངས། སྲས་ཀྱི་དམ་པ་ལྕམ་སྲིང་གཉིས་ཞེས་གྲགས་པ་ལྟར་ན། ཐོག་མར་གནུབས་ཆེན་མཇལ་ཞིང་ཕྱིས་རྡ་ན་རྡ་ལ་དང་མཇལ་ལམ་སྙམ་མོ། །དེ་ལྟར་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་དེ་ཉིད་ཀྱི་མཆོག་གི་དངོས་གྲུབ་ཆོས་ཉིད་ཀྱི་དོན་རྟོགས་པ་མངོན་དུ་གྱུར་ནས་ཟག་མེད་ཀྱི་མངོན་ཤེས་ཤར། ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། དམ་ཅན་སྲུང་མ་རྣམས་བྲན་དུ་འཁོལ་ཞིང་འཕྲིན་ལས་དྲག་པོ་མངོན་སྤྱོད་ཀྱི་ནུས་པ་ཐོན་ནས་བསྟན་པ་དར་རྒྱས་ཆེ་བར་བྱུང་ཞིང་། དེའི་ཚུལ་ཡང་མདོ་དབང་གི་དངོས་གྲུབ་བསྐུལ་བ་ལས། ཁུ་ལུང་ཡོན་ཏན་རྒྱ་མཚོ་ནི། །ཐུགས་སྲས་ནང་ནས་མཆོག་ཏུ་གྱུར། །སྤྲུལ་པ་མང་པོའི་ཞལ་གཟིགས་པས། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །ཞེས་གསུངས་ལ། གཞན་དོན་དུ་རིགས་རྒྱུད་སྤྲུལ་སྐུ་འཇོག་ཕྱིར་གླན་གྱི་མ་ཅིག་སོ་མ་ལེགས་བྱ་བ་ཁབ་ཏུ་བཞེས་པ། སྲས་ལྕམ་སྲིང་གསུམ་འཁྲུངས་ཏེ། ཆེ་བ་གནུབས་ཡེ་ཤེས་རྒྱ་མཚོ། ཆུང་བ་གནུབས་པདྨ་དབང་རྒྱལ། ལྕམ་ཨུཏྤལ་སྒྲོན་དང་གསུམ་མོ། །དེའི་དུས་སུ་ཡང་སངས་རྒྱས་ཡེ་ཤེས་ལྟ་བུ་རྗེའི་ཁེངས་ལོག་གི་ཡོན་ཏན་རྒྱ་མཚོ་བཀྲོང་བའི་གཤེད་མ་བརྒྱད་བསྐོས་ཏེ་བཏང་བས། གནུབས་ཆེན་ཁུ་ལུང་པ་ཡོན་ཏན་རྒྱ་མཚོས་རྫུ་འཕྲུལ་བསྟན་ཏེ་སྤྱན་གཡས་ནས་བསྐལ་པའི་མེ་འབར་ཞིང་། གཡོན་ནས་བསྐལ་པའི་ཆུ་འབྲུག་པ་རང་འདྲ་བརྒྱར་སྤྲུལ་བས་གཤེད་མས་བཀྲོང་མ་ནུས་པར་བར་ཆོད་ལས་རྒྱལ་ལོ། །དེ་ནས་ལྕམ་སྲིང་གསུམ་གྱིས་ཡུམ་གླན་མོ་གྲོངས་ནས། གནས་དགེ་རི་ཞང་སྣང་ལ་བརྟེན་ནས་ཡར་བྱོན་ཏེ་རི་བོ་ཆེའི་རྩར་གླན་མོའི་པུར་ཁང་བརྩིགས་ཏེ་བཞག །སྟག་རམ་དཔལ་གྱི་ལྕམ་ཁབ་ཏུ་བཞེས་པ་ལ་གཅེན་སྟག་རམ་གོ་ཤ་དང་གཅུང་རོ་ཟན་ནག་པོ་གཉིས་འཁྲུངས་པ་སོགས་ལོ་རྒྱུས་འདི་རྣམས་མི་འདྲ་བ་མང་དུ་འདུག་ཀྱང་། འདི་ནི་མཁས་གྲུབ་ཆེན་པོ་སེ་སྟོན་རིན་ཅེན་རྒྱལ་མཚན་གྱིས་མཛད་པའི་གསང་སྙིང་བརྒྱུད་འདེབས་ཀྱི་འགྲེལ་པ་ལྟར་བྲིས་པས་འཁྲུལ་པ་མེད་པར་སེམས། དེ་ལྟར་བཤད་སྒྲུབ་དང་འཕྲིན་ལས་རྣམ་པ་བཞི་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པའི་མཐར་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས་ཏེ་འོག་མིན་ཚོགས་ཆེན་གྱི་དཀྱིལ་འཁོར་དུ་གཤེགས་སོ། །དེ་ལྟར་གནུབས་ཁུ་ལུང་པ་ཡོན་ཏན་རྒྱ་མཚོས། རིགས་སྲས་གནུབས་ཡེ་ཤེས་རྒྱ་མཚོ་ཁུ་ལུང་དུ་དབང་དང་བཤད་བཀའ་མན་ངག་དང་བཅས་པ་གསུངས་ཤིང་། རབ་ཤེས་རབ། འབྲིང་སྤྱོད་ལམ། ཐ་མ་ཟང་ཟིང་གིས་གཉེས་པར་མཛད་ཅིང་གསང་མཚན་རྡོ་རྗེ་དབང་གྲུབ་རྩལ་དུ་བཏགས་སོ། །སློབ་དཔོན་འདིའི་རྣམ་ཐར་ཅུང་ཟད་བརྗོད་ན། ཡབ་ཡུམ་ནི་གོང་དུ་སྨོས་པ་ལྟར་གནུབས་ཡོན་ཏན་རྒྱ་མཚོ་དང་གླན་ལྕམ་གཉིས་ཡིན་ལ། སྐུ་སྲས་ཆེ་བ་མཚན་ཡེ་ཤེས་རྒྱ་མཚོར་གྲགས་ཤིང་ཡབ་ལས་མདོ་སྒྱུ་སེམས་ཕྱོགས་མ་གཤིན་དྲག་སྔགས་ཀྱི་སྐོར་སོགས་བུམ་པ་གང་བྱོར་གསན་ཅིང་། རྟོགས་པ་ཁྱད་པར་ཅན་བརྙེས། འཇམ་དཔལ་ཚེ་བདག་སོགས་ལ་ཡིག་སྣ་འགའ་ཞིག་ཀྱང་མཛད། སྒྱུ་འཕྲུལ་བ་ལྟར་ན་ཉང་ཤེས་རབ་མཆོག་གིས་འཁོར་གསུམ་ཡོངས་དག་ལན་གསུམ་མཛད་དེ། ཡེ་ཤེས་རྒྱ་མཚོའི་ཞབས་ལ་གཏུགས་ཏེ་སྨིན་གྲོལ་གནང་ནས་གྲུབ་པ་བརྙེས་པར་བཤད། དྲག་སྔགས་ཀྱི་ནུས་པ་ཡང་། བོན་པོ་དང་འགྲས་པ་ལ་བསྒྲུབ་མཐུ་མཛད་པས་བོན་པོ་རྣམས་ཁ་ཕུང་དུ་བཏང་སྟེ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད། མདོར་ན་གདུལ་བྱ་རྣམས་ལ་ཕྲིན་ལས་རྣམ་བཞིའི་དོན་རྒྱ་ཆེར་མཛད་དེ་རིག་འཛིན་གྱི་ས་ལ་གཤེགས་སོ། །གཞན་ཡང་དགེ་མཆེད་བཅོ་ལྔ་ལས་སློབ་བུ་འཕེལ་ཚུལ་སོགས་རྒྱ་ཆེར་འདུག་མོད་ཀྱང་། ཧ་ཅང་ཡི་གེ་མང་སྐྱོན་དུ་འདུག་པས་འདིར་བརྒྱུད་ཚུལ་དངོས་བཤད་པ་ལ། གནུབས་ཡེ་ཤེས་རྒྱ་མཚོས་བྱང་ཆུབ་རྣམ་གསུམ་ལ་གསུངས་ཏེ། བྱང་ཆུབ་རྣམ་གསུམ་ནི། རྒྱ་སྟོན་བློ་གྲོས་བྱང་ཆུབ། མར་པ་ཡོན་ཏན་བྱང་ཆུབ། སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་དང་གསུམ་ཡིན་ཏེ། ཁོང་གསུམ་ལ་ཡེ་ཤེས་རྒྱ་མཚོས་ཁུ་ལུང་དུ་དབང་བསྐུར་ཞིང་། ཡོན་དུ་རྒྱ་སྟོན་གྱི་གཡུ། མར་པས་རྟ། སྣ་ནམ་གྱིས་ཁྲབ་རྣམས་ཕུལ་ཞིང་། གསང་མཚན་རྒྱ་སྟོན་ལ་རྡོ་རྗེ་ལས་གྲུབ་རྩལ། མར་པ་ལ་རྡོ་རྗེ་ལྷུན་གྲུབ་རྩལ། སྣ་ནམ་ལ་རྡོ་རྗེ་སྒྲུབ་མཆོག་རྩལ་དུ་བཏགས་ཤིང་། དེ་གསུམ་གས་བཤད་སྒྲུབ་ཀྱིས་སྒོ་ནས་གདུལ་བྱ་བསྐྱངས་ཤིང་། རང་དོན་དུ་མན་ངག་རྫོགས་པ་ཆེན་པོའི་དགོངས་ཉམས་མངོན་དུ་གྱུར་ནས་རིག་འཛིན་གྱི་ས་ལ་གཤེགས་སོ། །བྱང་ཆུབ་རྣམ་པ་གསུམ་ལས། ཁྱད་པར་དུ་རྒྱ་སྟོན་བློ་གྲོས་བྱང་ཆུབ་ཀྱིས་སྐུ་ཚེའི་སྟོད་ལ་ལྷོ་བྲག་པ་སྣ་ནམ་ཞལ་ཡོན་པོ་སོགས་བཞི་ལ་བཤད་ཟེར་བ་ཆོས་འབྱུང་རྙིང་པ་རྣམས་ལ་འདུག་ཀྱང་ཞལ་ཡོན་མ་ཡིན་ཏེ། རྒྱལ་པོའི་བཙུན་མོ་སྣ་ནམ་བཟའི་ཕ་མིང་གི་བརྒྱུད་པ་མིག་ཡོན་པོར་ཡོད་པས་ཞལ་ཡོན་པ་ཡིན་ཞེས་གཏད་རྒྱར་བཤད་ཅིང་། གྲོང་གསུམ་ནི། ཤངས་ཀྱི་སྟོང་ཚབ་འཕགས་པ་རྒྱ་མཚོ། སྣ་ནམ་གྱི་མགར་ཆུང་ཚུལ་ཁྲིམས་བཟང་པོ། འུ་ཡུག་པ་དབྱར་གསལ་བའི་བྱང་ཆུབ་དང་གསུམ་ཞང་ཡོན་པོ་སྟེ་བཞིར་གསུངས། རྒྱ་སྟོན་གྱི་བར་དུ་ཁྲོ་བོ་ཆེ་ཁྱིམ་ཕྱོགས་ཀྱི་ཐོ་གར་ནམ་མཁའ་སྡེ་ལ་གཙང་ཕུང་པོ་རི་བོ་ཆེར་དབང་བསྐུར་ཞིང་། དབང་ཡོན་དུ་གླང་བཟང་པོ་ཞིག་དང་ནས་ཁལ་བརྒྱ་ཕུལ་ཞིང་། གསང་མཚན་རྡོ་རྗེ་དངོས་གྲུབ་གཏེར་དུ་བཏགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །རྒྱ་སྟོན་གྱི་སྐུ་ཚེའི་སྨད་ལ་ཉང་སྨད་རྒྱལ་ཆེན་གྱི་ཞུ་བསོད་ནམས་ཤཱཀྱ་ལ་གསུངས་ཤིང་། གསང་མཚན་རྡོ་རྗེ་འཕྲིན་ལས་རྩལ་དུ་བཏགས་ཤིང་རིག་འཛིན་གྱི་ས་ལ་གཤེགས་སོ། །དེ་ལྟར་རྒྱ་སྟོན་བློ་གྲོས་བྱང་ཆུབ་ཀྱི་སློབ་མ་ཐོ་གར་ནམ་མཁའ་སྡེ་དང་ཞུ་སྟོན་བསོད་ནམས་ཤཱཀྱ་གཉིས་ཀས་ཟུར་པོ་ཆེ་ལ་གནང་བ་ཡིན་པས། ཟུར་གྱི་གདུང་རབས་སོགས་རྒྱས་པར་གཞན་དུ་ཤེས་ལ། འདིར་རྣམ་ཐར་མདོ་ཙམ་བརྗོད་པའི་དབང་དུ་བགྱིས་ན། གསང་སྔགས་ཀྱི་བསྟན་པ་ཐ་མར་ཟུར་ལ་བབས་ཏེ་ཟུར་བོ་ཆེ་ཤཱཀྱ་འབྱུང་གནས་ཀྱི་དབུ་བརྙེས། ཟུར་ཆུང་པ་ཤེས་རབ་གྲགས་ཀྱིས་སྲོལ་གཏོད། ཟུར་ཤཱཀྱ་སེང་གེས་དར་ཞིང་རྒྱས་པར་མཛད་པས་ན་ཟུར་མེས་དབེན་གསུམ་ཞེས་གྲགས་ལ། དེ་ཡང་བདེ་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱི་འཁྲུངས་ཡུལ་ནི་མདོ་ཁམས་ཡིན་པས། དེ་ཡང་ཁམས་ཀྱི་ཡར་རྫོང་ཞེས་སམ་གཡར་མོ་བྱ་བ་ལུང་པ་རིལ་པོ་རྫོང་དུ་སོང་བ་ཞིག་ཡིན་ལ། ཡབ་ཟུང་ཨཱ་ཙ་ར་ཡ་ཞེས་བྱ་བ་ཆུང་ངུ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པའི་མཚན་ཤེས་རབ་འབྱུང་གནས་ཞེས་བྱ་བ་རྒྱ་གར་དུ་ལོ་བཅུ་བཞུགས་ཏེ། མཁྱེན་པ་པཎྜི་ཏ་རྣམས་དང་མཉམ་པར་གྱུར་པ་མཚན་ཉིད་སྡེ་གསུམ། ཀྲྀ་ཡོག་སྡེ་གསུམ་ལ་སོགས་པ་དུ་མ་མཁྱེན་ཞིང་། འཁོར་དང་ལོངས་སྤྱོད་སྤངས་ཏེ་གནས་ལུགས་ཀྱི་དོན་ཉམས་སུ་བཞེས་ཤིང་བཞུགས་པ་དེས། འགྲོ་བའི་དོན་དུ་རིགས་རྒྱུད་སྤྲུལ་སྐུ་འཇོག་པའི་ཕྱིར་ཡོན་བདག་མོ་བདེ་བ་ལྕམ་ཞེས་བྱ་བ་ལས་རྒྱར་བསྟེན་ཅིང་བཞུགས་པའི་ཚེ། ཡབ་ཀྱི་མནལ་ལམ་དུ་ནམ་མཁའ་ནས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཞིག་ཡུམ་གྱི་ཕྱག་ཏུ་བབ། འཕགས་པ་སྤྱན་རས་གཟིགས་ཡུམ་ལ་ཐིམ་པ་ཞིག་བྱུང་བ་དང་མནལ་སད་པས། ཉི་མ་ཤར་ཞིང་འཛམ་བུའི་གླིང་གི་ཉི་མ་བོད་ལ་ཤར། སྤྲུལ་པའི་སྐུ་བྱོན་ནོ་ཞེས་པའི་སྒྲ་གྲགས་སོ། །ཡུམ་གྱི་མནལ་ལམ་དུ་མི་དཀར་པོ་ཞིག་གི་དམ་རྫས་ཡིན་ཟེར་བའི་རིལ་བུ་གཉིས་དང་། གླེགས་བམ་ཞིག་སྦྱིན་པ་རྨིས་ནས་ཡབ་ལ་ཞུས་པས། ང་ལ་ཡང་མདང་རྨི་ལམ་བཟང་སྤྲུལ་པའི་སྐུ་ཞིག་འབྱོན་པ་ཡིན་ཏེ་འོང་། བདེ་བར་བཙས་ན་ཞབས་ཏོག་དང་རིམ་གྲོ་བྱ་དགོས། རྐྱེན་མ་བྱུང་བར་བྱ་བ་གལ་ཆེ་བས་བཟབ་དགོས་གསུངས་སོ། །དེ་ནས་ཟླ་དགུ་ངོ་བཅུ་ནས་སྐུ་བལྟམས་པའི་ཚེ་མེས་ཆེན་པོ་རིན་ཆེན་རྒྱ་མཚོ་ལ་བསྟན་པས། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་པ་ཞིག་ཡོངས་བར་འདུག་གསུངས་ནས་མཚན་ཤཱཀྱ་འབྱུང་གནས་ཞེས་བྱ་བར་བཏགས་སོ། ཆུང་ངུའི་དུས་སུ་ཡབ་ཀྱི་དྲུང་དུ་བྲིས་ཀློག་མཐར་ཕྱིན་པར་མཛད། སྒྱུ་འཕྲུལ་གྱི་སྐོར་དང་གདམས་ངག་ཕྲན་ཚེགས་མང་པོ་ཞུས། སྐུ་ཆེར་བརྟས་ནས་བླ་ཆེན་དགོངས་པར་རབ་གསལ་གྱི་དྲུང་དུ་ཚིགས་གསུམ་རིམ་ནོད་ཀྱི་བསྙེན་པར་རྫོགས་ཤིང་། འདིར་སྤྲུལ་པའི་སྐུར་འདུག་པས་མཚན་སྤོ་མི་དགོས་གསུངས། མེས་ཆེན་པོ་རིན་ཆེན་རྒྱ་མཚོའི་དྲུང་དུ་མཚན་ཉིད་སྡེ་གསུམ་གྱི་ཆོས་ལ་མཁས་པར་སྦྱངས་ཏེ། གསང་སྔགས་ཕྱི་རྒྱུད་ཀྲྀ་ཡ་རྣམ་འཇོམས་ལྗང་གུ། ཨུ་པ་ཡ་རྣམ་སྣང་སྒྱུ་འཕྲུལ་དྲ་བ། ཡོ་ག་དཔལ་མཆོག་དང་པོ་རྣམས་དང་། གསང་སྔགས་ནང་གི་ཐབས་ལམ་རྩ་རླུང་གི་གདམས་པ་ཡང་མང་དུ་མཁྱེན་ནས། འགྲོ་དོན་གར་འཕེལ་གཟིགས་པས་དབུས་གཙང་དུ་ཡོད་པར་དགོངས་ནས་བྱོན་ཏེ། དེ་ཡང་ཉིད་ཀྱི་གསུངས་ལས། རྩ་རླུང་རྟ་རུ་ཞོན། གཏུམ་མོ་གོས་སུ་གྱོན། གདམས་ངག་སྐྱོ་གྲོགས་སུ་ཁྲིད། དད་པས་སྣ་དྲངས་ཏེ་མདོ་ཁམས་ཀྱི་ས་ཆ་བརྒལ་ཏེ་འདམ་ཕྱོགས་སུ་ཉེ་བར་སླེབ་ཅེས་གསུངས་ལ། དེར་འདམ་དུ་བྱོན་ནས་ལམ་མ་རྙེད་པ་ལ་སྤྲིན་གསེབ་ནས་ལྷའི་བུ་གཉིས་ཀྱིས་ལེགས་པར་མཆོད་ཅིང་ལམ་བསྟན་ནས་ཤིས་པར་བརྗོད་ཉི་མ་དབུས་ཕྱོགས་སུ་བྱོན་ནས་ཡར་ཀླུང་གི་ན་མོ་ལུང་དུ་གསང་སྔགས་ཕྱི་རྒྱུད་ལ་བསྒྲུབ་པ་མཛད་ཅིང་བཞུགས་པས། ཐུགས་ལ་ང་རྩོལ་མེད་ཐེག་ཆེན་གྱི་དོན་ལ་བློ་འབྱོངས་པར། རྩོལ་བྱས་འདི་འཆིངས་བའི་རྒྱུར་འདུག་པས། ཚེགས་ཆུང་ལ་བསྒྲུབ་སླ་བ་ཚེ་འདིར་རིག་འཛིན་གྱི་ས་ནོན་པའི་གསང་སྔགས་བླ་མེད་ཀྱི་ཆོས་ཞིག་བཙལ་ལ་བསྒྲུབ་བོ་སྙམ་དུ་དགོངས་པའི་ནུབ་མོ་ནགས་ཚལ་ཅན་གྱི་རི་ལ་སྒོམ་ཤིག་ཟེར་བའི་ལུང་བསྟན་བྱུང་བ་ལ། ཐུགས་ཀྱི་དགོངས་པ་དམ་པའི་ཆོས་འདི་དབུས་སུ་བབས་ནས་གཙང་དུ་དར་བ་ཡིན་པས་གཙང་པོ་འདི་དང་འགྲོགས་ནས་འགྲོ་དགོས་དགོངས་ཏེ་ཡར་བྱོན་པས། གནམ་རི་མོའི་ཀོ་ས་ཞེས་བྱ་བ་གད་པ་སྣ་ཕུག་འདྲ་བའི་རྩར་ཕེབས་པ་དང་། འགྲོན་པོ་འདུག་པ་ཀུན་ལ། འོ་གཙང་གི་ཕྱོགས་ན་གསང་སྔགས་རྙིང་མའི་ཆོས་ལ་མཁས་ཤིང་གྲུབ་པ་བརྙེས་པ་གང་ན་སུ་ཡོད་དྲིས་པས། ནགས་ཚལ་སྒྲིལ་གསུམ་བྱ་བ་ན་ཡོད་ཟེར་བ་ལ། སྔར་མནལ་ལམ་དུ་ནགས་ཚལ་གྱི་རི་ལ་བསྒོམས་ཟེར་བ་དྲན་ཏེ། དེར་བྱོན་ནས་དགེ་གང་གི་ལྕེ་ཤཱཀྱ་མཆོག་ལ་བདུད་རྩི་སྨན་བསྒྲུབ་ལ་སོགས་ཞུས། ལང་གྲོ་ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལ་ཟུར་གྱི་ཕ་ཆོས་སྒྱུ་འཕྲུལ་དང་སེམས་ཕྱོགས་སྐོར་ཞུས། ཡུལ་གསར་གྱི་གཉེན་ནག་དབང་གྲགས་དང་ལྕེ་ཤཱཀྱ་རྒྱལ་མཚན་ལ་གསང་དབང་དང་ཐབས་ལམ་སྐོར་ཞུས། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཐུགས་སྲས་བཞིའི་གྲས་ཉང་སྟོད་ཀྱི་འབྲེ་ཁྲོ་ཆུང་ལ་པར་བཀབ་དང་ལམ་རིམ། ཀ་དག་ལྷུན་གྲུབ་སྐོར་ཞུས། ལྡན་མ་ཤེར་ཚུལ་ལ་ཡང་དག་ལ་སོགས་པ་ཞུས། བསམ་ཡས་མཆིམས་ཕུའི་རོག་ཤཱཀྱ་འབྱུང་གནས་ལ་ཡང་དག་གི་སྐོར་རྣམས་ཞུས། རྒྱ་སྟོན་གྱི་སློབ་མ་ཐོ་གར་ནམ་མཁའ་ལྡེ་ལ་སྒྲོལ་གྱི་སེ་ཏོག་གི་ཕུར་དབང་དང་རྒྱུད་བཤད་ཞུས། ཁྱད་པར་འདུས་པ་མདོའི་དབང་ཡོངས་རྫོགས་གསན་ཞིང་། མདོ་ལྔ་འགྲེལ་པ་ཐེམས་དང་བཅས་པ་མདོ་ཕྲན། རྫོགས་ཆེན་མན་ངག་དང་བཅས་པ་གསན་པའི་ཡོན་དུ་རྟ་གཅིག་གི་སྣ་དྲངས་པའི་ནོར་སྣ་མང་དུ་ཕུལ། གསང་མཚན་རྡོ་རྗེ་བདུད་འདུལ་བ་རྩལ་ཏུ་བཏགས། ཞུ་སྟོན་བསོད་ནམས་ཤཱཀྱ་ལ་ཡང་མདོ་ཡོངས་རྫོགས་གསན་ཏེ་གསང་མཚན་རྡོ་རྗེ་ཞི་བ་རྩལ་དུ་བཏགས། གཞན་ཡང་སྟོང་ཚབ་བྱང་ཆུབ། རྒྱ་སྟོན་བློ་གྲོས་བཀའ་སྡོད་ཡེ་ཤེས་སྙིང་པོ་རྣམས་ལ་ཡང་མདོ་ལུང་དབང་བསྒྲུབ། རྒྱུད་འགྲེལ་འཕྲིན་ལས་དང་བཅས་པ་གསན་པ་ཡིན་ཏེ། དབང་བྱང་ལས། ཟུར་ཆེན་ཤཱཀ་འབྱུང་རྡོ་རྗེ་བདུད་འདུལ་རྩལ། །ཐོ་གར་གྱིས་བཏགས་ཞུ་ཡིས་ཞི་བ་རྩལ། །སྟོང་ཚབ་བྱང་ཆུབ་རྒྱ་སྟོན་བློ་གྲོས་དང་། །བཀའ་སྡོད་ཡེ་ཤེས་སྙིང་པོ་རྣམས་ལ་ནི། །མདོ་ལུང་དབང་བསྒྲུབ་རྒྱུད་འགྲེལ་འཕྲིན་ལས་གསན། །ཞེས་གསུངས་པའི་ཕྱིར། དེར་མ་ཟད་བླ་མ་བརྒྱ་རྩ་ཙམ་བརྟེན་ཞིང་རེ་རེ་ལ་ཡང་འཁོར་གསུམ་ཡོངས་དག་གི་འབུལ་བས་མཉེས་པར་མཛད་པ་ཡིན་ཏེ། གང་གི་འཕྲོས་ལས། ཁྱད་པར་བླ་མ་བརྒྱ་རྩ་མཉེས་པར་བརྟེན། །ཞེས་གསུངས། གཞན་ཡང་ཕྱིས་མང་མཁར་དུ་འབྲོག་མི་ལོ་ཙཱ་བས་པཎྜི་ཏ་ག་ཡ་དྷ་ར་སྤྱན་དྲངས་པའི་ཚེ་ལམ་འབྲས་ཞུ་བའི་གསེར་མ་འཁྱོངས་པས། ཟུར་པོ་ཆེ་སྐུ་བསོད་རྒྱས་པའི་སྐབས་སུ་ཡོད་པ་ལ་གསེར་གྱི་ཕྱིར་དུ་ཆོས་འདོད་ན་གསེར་ཁུར་ལ་ཤོག་གསུངས་པར་བརྟེན་གསེར་སྲང་བརྒྱ་བསྣམས་ནས་བྱོན་ཏེ། པཎ་ཆེན་ག་ཡ་ར་དྷ་དང་འབྲོག་མི་ལས་ཀྱེ་རྡོ་རྗེའི་དབང་དང་སྒྲུབ་ཐབས་མཚོ་སྐྱེས་ལུགས་སོགས་གསན། རྒྱུད་འགྲེལ་མགུར་ལ་མཁས་པར་སྦྱངས་པའི་ལོ་རྒྱུས་ཀྱང་སྣང་ངོ་། །དེའི་ཚེ་ལམ་འབྲས་ཀྱི་ཆོས་གསན་པས་རྫོགས་པ་ཆེན་པོ་ལ་རྩལ་ཐོན་ཏེ། བླ་མ་ཆེན་པོའི་བཀའ་དྲིན་གྱིས། ཨ་ཕའི་སེམས་ཕྱོགས་ནོར་བུ་རིན་ཆེན་དུ་ཐལ་ལོ། །ཞེས་གསུངས། བླ་མ་དེ་དག་གི་ནང་ན་མ་ཇོ་ཆོས་སྒྲོན་ལ་སོགས་པའི་བུད་མེད་ཀྱི་བླ་མ་ཡང་བཅུ་དྲུག་ཙམ་ཡོད་པར་གྲགས་ཤིང་། མཆོག་ཏུ་རྩ་བའི་བླ་མ་རྣམས་ལ་སྤང་དག་ལན་བཅུ་གསུམ་ཙམ་མཛད་དོ། །དེ་ལྟར་བླ་མ་དེ་ཉིད་ཀྱིས་མཁས་པ་མང་པོའི་དགོངས་པ་བླངས། སྡེ་སྣོད་རྒྱུད་སྡེ་གྲུབ་མཐའ་ཀུན་ལ་མཁས་པར་གྱུར་ནས། རྩ་རྒྱུད་དང་བཤད་རྒྱུད་དུ་བསྡེབས། རྩ་བ་དང་འགྲེལ་པར་བསྡེབས། རྒྱུད་དང་སྒྲུབ་ཐབས་སུ་བསྡེབས། སྒྲུབ་ཐབས་ཆོ་ག་དབང་སྙན་བརྒྱུད་གདམས་ངག་ཕྱག་བཞེས་སུ་བསྡེབས་སོ། །དེ་ལྟར་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་ནས། ནགས་ཚལ་ཅན་གྱི་རི་ལ་དཔལ་ཡང་དག་གི་སྒྲུབས་པ་མང་དུ་མཛད། དེ་ནས་སྟོད་སྨད་ཀུན་ནས་སློབ་མ་མང་དུ་འདུས་ནས་མདོ་སྒྱུ་འཕྲུལ་ལ་འཆད་ཉན་མཛད་པའི་དུས་སུ། ཚེ་འདིའི་གཡེང་བ་རྒྱབ་ཏུ་སྐྱུར། ཆེ་ཐབས་དང་དངོས་འཛིན་བཤིག །ཕྱི་མའི་བྱང་ཆུབ་ད་ལྟ་མངོན་དུ་གྱུར་པ་ནམ་ཞིག་ན་འབྱུང་སྙམ་དུ་དགོངས་ཏེ་སྒྲུབ་པ་སྙིང་པོར་མཛད་པའི་གཏེར་ལེན་དུ་སྤྲང་པོ་རྣལ་འབྱོར་པའི་ཆ་ལུགས་ཤིག་བྱུང་སྟེ། དེ་ལ་ཅུང་ཟད་ཅིག་སྦྱིན་པ་ཁོས་རིལ་པོར་ཐོབ་ནས། རྩིག་པའི་དྲུང་ཞིག་ཏུ་སོང་ནས། ཟུར་པོ་ཆེ་འདི་སྙན་པ་དང་སྐུ་བསོད་ཆེ་ཡོན་ཏན་མངའ་བར་འདུག་ནའང་། རོག་ཤཱཀ་འབྱུང་གི་རྒྱུན་གཏོར་ཙམ་ཡང་མི་འདུག་ཟེར་བ་ཉེ་གནས་ཀྱི་ཐོས་ཏེ་ཞུས་པས་བོས་ཤོག་གསུངས། འབོད་དུ་ཕྱིན་པས་བྲག་ཕུག་གཅིག་ན་ཀ་པཱ་ལར་ཟན་བྲུལ་ཟ་ཞིག་འདུག །བྱོན་བྱས་པས་འོད་མ་ཉན་པར་རོག་ཤཱཀ་འབྱུང་མཆིམས་ཕུ་ན་ཚེ་དབང་ཐོབ་ནས་ཡོད་པ་ཡིན། ཟུར་པོ་ཆེ་ལ་ཆོས་ལེན་མི་ཐོང་གྱིས་ཟེར་རྐང་པ་ས་ལ་མི་རེག་པ་སོང་ངོ་། །དེའི་རྒྱུ་མཚན་ཞུས་པས། རང་གི་སློབ་མ་རྩེ་མོ་བཞི་ལས་སྒོམ་སྒྲུབ་ཀྱི་རྩེ་མོ་མཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ་ཉིད་དྲེལ་ཁལ་དང་བཅས་ཆོས་ལན་དུ་བཏང་བ་བསམ་ཡས་སུ་ཕྱིན་ཏེ་དྲིས་པས། གཞན་རྒྱུས་ཡོད་ནི་མི་འདུག་རྒན་མོ་ཞིག་གིས་མཆིམས་ཕུའི་རི་འདི་ལ་དང་པོ་ཡོད་པ་ཡིན་ཟེར། ལུག་རྫི་ཞིག་ནས། རི་འདི་ལ་ཡོད་པ་འདྲ། སྐབས་རེ་ཙ་ན་རྔ་སྒྲ་དང་རྒྱུ་ལུའི་སྒྲ་ངས་ཀྱང་ཐོས་ཟེར། དེ་ནས་བཟང་སྒོམ་གྱིས་ས་ཆ་རྩ་མང་པོ་སྐྱེ་ས་ཞིག་ཏུ་ཁལ་ཕོག་དད་པ་ཕུལ་ཕྱིན་སྐྱེས་ཏེ་ཞག་བདུན་གསོལ་བ་དྲག་པོ་བཏབ་པས། སྒྲ་ཆེན་པོ་ཞིག་བྱུང་བས་བལྟས་ཙ་ན་བྲག་ཕུག་སྒོ་དང་ངེ་བ་ཞིག་མཐོང་བས་ཐེ་ཚོམ་དང་བྲལ་ནས། གདོང་མཆི་མས་གང་ཞིང་དད་ཤུགས་བྱིན་རླབས་ཀྱི་རྩལ་དང་ལྡན་པས་ཕུག་པར་ཐལ་གྱིས་ཕྱིིན་པས། གསང་བའི་སྒྲོལ་གིང་བཅོ་བརྒྱད་ཀྱིས་འདུ་བར་འོང་བ་འདི་སྒྲོལ་ཞིང་ཟེར་བརྡེག་གྲབས་བྱེད་པ་ལ། བླ་མས། དེ་ལས་ཅན་ཡིན་པས་མ་སྒྲོལ་གསུངས། དེར་ལོ་རྒྱུས་རྣམས་ཞུས་པས། ང་རོག་ཤཱཀ་འབྱུང་སློབ་མ་ཟུར་ཤཱཀ་འབྱུང་། མཚམས་སྦྱོར་ཤེས་རབ་རྒྱལ་པོ་རྣམས་རྟེན་འབྲེལ་བཟང་གསུངས་ཏེ། ཟུར་པོ་ཆེ་སྔར་ནས་ཡང་དག་གསུངས་པའི་སློབ་མ་ཡིན་པས་དམ་ཚིག་ལ་དགོངས་ཏེ། བཟང་སྒོམ་ཤེས་རབ་རྒྱལ་པོ་ལ་སངས་རྒྱས་མཉམ་སྦྱོར་གྱི་དབང་བསྐུར་ཞིང་། ཡང་དག་གི་བདག་དོན་དཀྱིལ་འཁོར་དྲུག་གཞན་དོན་དཀྱིལ་འཁོར་དྲུག་སྟེ་བཅུ་གཉིས། གཞན་ཡང་ཡང་ཕུར་སྒྲགས་མ་སོགས་དཀྱིལ་འཁོར་དྲུག་ཅུ་རྩ་གཉིས་ཀྱི་དབང་བསྐུར། ཕྱག་དེབ་བཀའ་ལུང་གདམས་པ་སྒྲུབ་རྫས་དང་བཅས་པ་གནང་ཞིང་ཁྱེར་ཡོངས་པས། བསམ་ཡས་བརྒལ་བའི་ཐང་ལ་སླེབ་དུས། དྲེལ་གྱི་ཁ་ན་ཁྱེའུ་དར་བེར་ཐོད་ཅན་ཞིག་འདུག་པ་གཟིགས་ཏེ་མཆིམས་ཕུར་བླ་མའི་དྲུང་དུ་ལོག་ནས་རྒྱུ་མཚན་ཞུས་པས། ཚང་པ་དུང་ཐོད་ཅན་ཡིན་སྟོང་གྲོགས་བྱེད་ཅིང་འགོ་བར་འདུག་པས་མཆོད་ཅིག་གསུངས་ཏེ་ཚངས་པའི་གསོལ་ཁ་ཡང་གནང་ངོ་། །དེ་ནས་ཡར་བྱོན་ཏེ་བཟང་སྒོམ་ཤེས་རབ་རྒྱལ་པོས་ཆོས་སྐོར་དེ་རྣམས་བླ་མ་ལ་གསང་སྟེ་ཕུལ་ལོ། །དེ་ནས་དཔོན་སློབ་ཀུན་གྱིས་སྒོམ་སྒྲུབ་ལོ་མང་དུ་མཛད་ཅིང་སློབ་མ་འདུས་པ་རྣམས་ལ་འཆད་ཉན་མཛད་པས་འགྲོ་ཕན་ཆེ་བར་བྱུང་ཡང་། འདི་ཡང་དགེ་སྦྱོར་གྱི་གཡེང་བར་འདུག་པས་དབེན་པ་ཞིག་ཏུ་འགྲོ་དགོངས་ཏེ། བོ་དོང་མངའ་བདག་བྲག་ལ་བཞུགས་ཏེ་སྒོམ་མཛད་པས་གྲྭ་སློབ་རྣམས་ཀྱིས་བླ་མ་འབྱོན་ན་རང་རེ་ཡང་འགྲོ་ཟེར་ཏེ་བླ་མའི་དྲུང་དུ་ཕྱིན་པས། བཀའ་ལས། ཁྱོད་རྣམས་ངའི་རྩར་ཡོང་དོན་བྱང་ཆུབ་ཐོབ་པ་ལ་སྒོམ་སྒྲུབ་མིན་པ་བྱ་ཐབས་མེད་པས། འཇིག་རྟེན་གྱི་གཡེངས་བ་སྐྱུར་ལ་སྒྲུབ་པ་ལ་འབད་པ་ཐོན་ཅིག །ང་ཡང་སྒྲུབ་པ་ཁོ་ན་བྱེད་གསུངས་ཏེ་སྒྲུབས་པ་ལ་བཞུགས་སོ། །དེའི་ཚེ་མཁའ་འགྲོའི་ལུང་གིས་སྨད་ཕྱོགས་སུ། བྱོན་ན་འགྲོ་དོན་འཕེལ་བར་འགྱུར་རོ་ཞེས་གསུངས་པས། དཔོན་སློབ་རྣམས་ཀྱིས་རྟ་ནག་གི་ལུང་པར་བྱོན་ཏེ་འུག་པའི་ཚང་ཡོད་པའི་བྲག་ཕུག་ཁ་ཤར་བསྟན་ཞིག་འདུག་པ་དེར་ཡང་དག་ལྷ་དགུའི་སྒྲུབ་པ་མཛད་པའི་ཚེ། བླ་མས་དཔལ་ཆེན་པོ་ཡང་དག་ལྷ་དགུའི་ཞལ་གཟིགས། དེ་ནས་བཟུང་སྟེ་གནས་ཀྱི་མིང་ལ་བླ་མ་འུག་བྱ་ལུང་པ་ཞེས་སུ་གྲགས། དེར་སྒྲུབ་བརྒྱགས་དཀོན་པར་བྱུང་བ་ལས། སྐྱེས་བུ་ཁྱེད་སྨད་ཕྱོགས་སུ་བྱོན་ཅིག་ཅེས་པའི་ལུང་བསྟན་བྱུང་བ་ལྟར་འབྱོན་པར་ཆས་པའི་ཚེ། ཕྲག་པ་རིའི་གཞི་བདག་ཟེ་རེ་ཟེ་བཙན་བྱ་བ་དེ་མངོན་སུམ་དུ་འོང་སྟེ་བཞུགས་པར་ཞུས་པས། བླ་མས་ང་ལ་ལུང་བསྟན་ཡང་བྱུང་། སྒྲུབ་བརྒྱགས་ཀྱང་ཟད་པས་འགྲོ་གསུངས་པས། དཔོན་སློབ་རྣམས་ཀྱི་འཚོ་བ་བདག་གིས་འབུལ་ཅིས་ཀྱང་བཞུགས་པར་ཞུ་ཞེས་ཞུས་པས། འོ་ན་རེ་ཞིག་བསྡད་ཀྱི་གསུངས། དེར་རྟ་ནག་གི་ཕྱུག་པོ་ཆེན་པོ་ཞིག་ལ་ནད་དྲག་པོ་བྱུང་བ་ལ་མོ་བཏབ་པས། བླ་མ་འུག་བྱ་ལུང་པ་ལ་གཏོར་མ་ཞུས་ཚོགས་འཁོར་ཐོང་འབུལ་བ་ཆེན་པོ་ཕུལ། བྱིན་རླབས་ཞུས་ན་ཕན་ཟེར། ནད་པས་བླ་མའི་དྲུང་དུ་ཕྱིན་པས་ཞལ་མཐོང་བ་ཙམ་གྱིས་སྔར་བས་བདེར་སོང་། བྱིན་རླབས་ཞུས་ཚོགས་འཁོར་བྱས་མ་ཐག་ཏུ་ནད་དྲག་གོ། །དེ་ལེགས་པ་ནད་གདོན་གྱི་ཉེན་ཚད་ལ་བྱིན་རླབས་མཛད་པས་ཕན་པའི་གྲགས་པ་ཡུལ་མི་རྣམས་དང་དེ་འབུལ་བ་དང་ཚོགས་གསོག་མང་པོ་བྱུང་བས་སྐུ་བསོད་ཆེན་པོ་སྐྱེས། ཡོན་བདག་མི་ཤོང་བ་ཙམ་འདུས་ཤིང་ཐུན་མོང་གི་དངོས་གྲུབ་ཟས་ནོར་གྱི་ཡོ་ལང་ཆེན་པོ་བྱུང་བས། བླ་མས་དགོངས་པ། ཐུན་མོང་གི་བསོད་ནམས་འདི་དགེ་སྦྱོར་གྱི་གཡེང་བ་བྱང་ཆུབ་སྒྲུབ་པའི་བར་ཆད་ཡིན། རི་བོ་དགུ་འདུས་ལ་སྒོམ་དུ་འགྲོ་དགོངས་ཏེ་ཆས་པ་དང་། ཡང་གཞི་བདག་བྱུང་སྟེ་བླ་མ་ལགས་སྒྲུབ་རྒྱགས་ནི་ཕུལ་ཡོད་བཞུགས་པར་ཞུ་ཞུས་པས། ཁྱེད་ཀྱི་འཚོ་བ་འདི་དག་པོ་ཞིག་ཀྱང་མི་འདུག །དགེ་སྦྱོར་གཡེང་བས་ད་ལན་འགྲོ་གསུངས་པས། གཞི་བདག་དེ་གདོང་མཆི་མས་གང་བཞིན་བླ་མ་ཅིས་ཀྱང་མི་བཞུགས་ན་བདག་ལ་ཐུགས་རྗེས་དགོངས་ཏེ་གང་བཞུགས་པ་ནས་གསོལ་རས་རེ་གནང་བར་ཞུ་ཞུས་ཏེ་སྲོག་སྙིང་ཕུལ། བླ་མས་ཀྱང་དགེ་བསྙེན་གྱི་སྡོམ་པ་ཕོག་ཅིང་རྡོ་རྗེ་མགྱོགས་བྱེད་དགྲ་འདུལ་རྩལ་དུ་བཏགས། བསྟན་པ་བསྲུང་བར་ཁས་བླངས་སོ། །དེ་ནས་མར་བྱོན་པའི་ལམ་དུ་རྟ་ནག་གི་གཡོན་རིར་གནས་པའི་ཇོ་མོ་སྣ་དམར་བྱ་བའི་གཞི་བདག་གིས་ཀྱང་སྲོག་སྙིང་ཕུལ་ནས་དམ་ལ་བཏགས། དགེ་བསྙེན་དུ་བཟུང་། དེ་ནས་གཡས་རུ་ཐོག་ཏུ་བྱོན་ནས། ཟུར་ཆུང་པ་ལ། ང་ལ་རི་བོ་དགུ་འདུས་ལ་སྒོམ་ཟེར་བའི་ལུང་བསྟན་བྱུང་བ་དེ་བྲག་རྒྱ་བོ་འདི་ཡིན་པར་འདུག་གསུངས་ནས་དཔོན་སློབ་ཐམས་ཅད་བསྒྲུབ་པ་ལ་བཞུགས་པའི་དུས་བླ་མའི་དྲུང་དུ་མཁའ་འགྲོ་མ་བུད་མེད་ཐ་མལ་པའི་ཆ་ལུགས་བྱས་པ་གསུམ་བྱུང་། བླ་མ་ཁྱོད་ཀྱི་གདུལ་བྱ་ནི་གཡས་རུ་ཤངས་ཀྱི་མདའ། ཤངས་ཆུའི་ཤར་ན་ལུང་པ་དབྱིབས་ཟླ་གམ་ཁ་ནུབ་ལྟ། དེའ་ིཕུ་ན་བྲག་སྙིང་འདྲ་བ། མདའ་ན་ཐང་མ་ཏྲཾ་བསྒྲལ་བའི་པགས་པ་འདྲ་བ། རིའི་དབྱིབས་གླང་པོ་ཆེའི་སྣ་འདྲ་བ། བྲག་སེང་གེའི་ཡ་ཐོད་ལྟ་བུ། རྫ་གསུམ་ནས་ཆུ་གསུམ་འབབ་བོ། །སྐུ་གསུམ་གྱི་དོན་བརྙེས་པར་བྱེད་པའི་ས་ཞིག་ཡོད་པས། དེར་བསྒྲུབས་པས་ཁྱོད་རང་སྐྱེ་བ་འདི་ཉིད་ལ་འཚང་རྒྱ་ཞིང་། ཕྱིས་འགྲོ་དོན་རྒྱ་ཆེར་འགྱུར་གྱིས་ཞེས་པའི་ལུང་བསྟན་ནས་མི་སྣང་བར་སོང་ངོ་། །དེར་ནམ་ལངས་པ་དང་བླ་མས་ཟུར་ཆུང་པ་ལ། ང་ལ་ལུང་བསྟན་འདི་ལྟར་བྱུང་བས་སྒྲུབ་གནས་འཚོལ་དུ་འགྲོ་དགོས། ཁྱོད་རང་སྒྲུབ་གནས་འདི་ལ་གྱིས་གསུངས་ནས་མར་བྱོན་ཏེ་གདོང་པོ་ཐང་ནས་གཟིགས་པས་ལུང་པ་མཁྱེན་ནས། དེར་ཕྱག་ཕེབས་ཏེ་ཞང་མོ་ཡོན་ཏན་རྒྱན་གྱིས་སྦྱིན་བདག་བྱས། དེས་ཕུལ་བའི་ཕུག་པར་བླ་མ་བཞུགས། ཟུང་ཆུང་པ་སོགས་སྒོམ་ཆེན་བརྒྱ་ལྷག་ཙམ་ཡོད་པ་ཀུན་ཀྱང་ལུང་པའི་ཕུ་མདའ་ཐམས་ཅད་དུ་ཁྱབ་པར་སྤྱིལ་པོ་དང་བྲག་ཁུང་སོགས་པ་བརྟེན་ནས་སྒྲུབ་པ་མཛད། འཚོ་ཆས་རྣམས་ཡུལ་མི་ཚོ་བདུན་གྱིས་ཕུལ་ཞིང་། ཁྱད་པར་ཡོན་བདག་གི་རྩ་བ་སྲམ་པ་བོན་གྲོང་པས་བྱས། བླ་མ་ཉིད་སངས་རྒྱས་དངོས་སུ་འཛིན་ནོ། །དེར་ལོ་མང་དུ་སྒྲུབ་པ་མཛད་པས་ཞི་བ་སངས་རྒྱས་བཞི་བཅུ་རྩ་གཉིས་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང་། གཞན་ཡང་ཡི་དམ་གྱི་ལྷ་དུ་མའི་ཞལ་གཟིགས་ཤིང་། ཁྱད་པར་དུ་དཔལ་ཡང་དག་གི་ལྷ་ཚོགས་རྣམས་ལ་མི་དང་གསུང་གླེང་བྱེད་པ་བཞིན་མཛད། གོ་རི་བརྒྱད་ལ་སོགས་པ་བྲན་དུ་འཁོལ། གཞན་ཡང་མི་མ་ཡིན་རྣམས་ལས་གང་བཅོལ་ཉན་ཅིང་མཐུན་རྐྱེན་དང་མཆོད་རྫས་འབུལ་བ་སོགས་བྱུང་ངོ་། །ཡང་དུས་ལན་ཅིག་ཞང་མོ་ཕུག་ཏུ་ཟུར་ཆུང་པ་སོགས་སློབ་མ་རྣམས་ལ་ཡང་དག་གི་དབང་བསྐུར་མཛད་པའི་ཚེ། ཟུར་ཆུང་པས་ཞུས་པ། བླ་མ་རིན་པོ་ཆེ། ཁྱོད་ཀྱིས་དཔལ་ཆེན་པོའི་ཞལ་གཟིགས་ཤིང་མ་མོ་མཁའ་འགྲོ་བྲན་དུ་འཁོལ་འདུག་པས། བདག་ཅག་སློབ་མ་རྣམས་ལ་ཡང་ཞལ་རེ་སྟོན་པར་ཞུ་ཞེས་ཞུས་པས། བླ་མས། ང་ལ་རིག་འཛིན་བླ་མ་ཞིག་གིས་ཧེ་རུ་ཀའི་སྐུ་བཞེངས་ན་གདོན་རྣམས་ཐུལ་ཞིང་འགྲོ་དོན་འབྱུང་བའི་ལུང་བསྟན་ཡོད་པས་ཧེ་རུ་ཀའི་སྐུ་བཞེངས་པའི་དུས་སུ་ཞལ་བསྟན་གྱིས་གསུང་ཟུར་ཆུང་པས་ལུང་སྟོན་པའི་རིག་འཛིན་བླ་མ་དེ་སུ་ཡིན་ཞུས་པས། བླ་མའི་ཞལ་ནས། ངས་ཀྱང་ཁྱེད་ཀྱི་མཚན་ཅི་ལགས་ཞུས་པས། རིག་འཛིན་དེས། ང་ནི་ནམ་མཁའི་སྙིང་པོ་སྟེ། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ། །འདས་དང་མི་འདའ་ཡོང་མི་མངའ། །འགྲོ་དོན་མཐར་རྫོགས་དབང་རྣམས་སྦྱིན། །སྐལ་ལྡན་ཁྱོད་ལ་སྨིན་པར་ཤོག །ཅེས་གསུངས་ནས་མི་སྣང་བར་གཤེགས་སོ། །དེའི་དུས་སུ་ང་ལ་བདེ་སྟོང་གི་ཉམས་ཁྱད་པར་ཅན་རྒྱུད་ལ་སྐྱེས། རིག་འཛིན་གྱི་བྱིན་རླབས་ཞུགས་པའི་རྟགས་མང་པོ་བྱུང་གསུངས། དེ་ནས་བླ་མས། ཉེ་གནས་དོན་ཡོད་རྡོ་རྗེ་ལ། འུ་ཅག་ལྷ་ཁང་བཞེངས་པས། ཁྱོད་ཀྱི་བཟོ་བོ་བོས་ཤིག །ངེད་ཚོས་ས་འདུལ་བྱེད་གསུངས་ནས། ལྷ་ཁང་འདེབས་ས་བྲག་སེང་གེ་ཡ་ཐོག་གི་ཁར་བཞུགས་ནས་གཏོར་མ་བཤམས་ཏེ་འཕྲིན་ལས་མཛད་ས་བཟུང་གི་ཚེ་བླ་མས་དཔལ་ཆེན་པོའི་སྟང་སྟབས་མཛད་པས། བླ་མ་ཉིད་དཔལ་ཆེན་པོ་དངོས་སུ་མཐོང་བ་མང་པོ་བྱུང་། རྩིག་རྨང་དང་འགྲམ་འདིང་བའི་ཚེ་གཞོན་པ་འགས་འགྲམ་རྡོ་ཆེ་བ་རེ་བླངས་ཏེ་དེ་ལ་ས་དཀར་གྱི་ཡི་གེ་བྲིས་ཏེ་ཟུར་ཆུང་པ་སྐུ་ལུས་བོངས་ཆུང་ཞིང་སྲོ་ངན་པ་ལ་ཟུར་ཟ་ཞིང་འགྲམ་རྡོ་འཇོག་དགོས་ཚུལ་བྲིས་པས། ཟུར་ཆུང་པས། ཁྱེད་རང་རྣམས་ནང་དུ་ཆོས་སྟོན་གསོལ་ཅིག །ང་ཡར་ཡོང་གསུངས་ཀྱང་མ་བྱོན། གཞན་ཚོས་ཆོས་སྟོན་གསོལ་ནས་བྱོན་པ་དང་། ཟུར་ཆུང་པས། རྫུ་འཕྲུལ་གྱི་ཕ་བོང་གཡག་ཤད་ཙམ་བརྒྱད་ལ་ཟུར་ཆུང་པའི་གྱད་རྡོ་ལགས་ཞེས་པའི་ཡི་གེ་བྲིས་ནས་ཕྱོགས་མཚམས་བརྒྱད་དུ་བཞག་འདུག་པས་ཀུན་ཡིད་ཆེས་ཤིང་། དེ་གོང་དུ་ནག་ཕྱོགས་ཀྱི་ལྷ་འདྲེ་འགས་ཕྲག་དོག་བྱས་ཏེ་ཉིན་མོ་བརྩིགས་ཀྱང་མཚན་མོ་བཤིག་པ་ལ། ཟུར་ཆུང་པས་གྱད་རྡོ་བཞག་པ་ཚུན་ལྷ་འདྲེས་ཀྱང་བཤིག་མ་ནུས་པར་གྲགས། དེ་ནས་རྩིག་པ་གྲུབ་སྟེ་ཐོག་འབུབ་པའི་ཀ་བ་བཙུགས་པའི་ཚེ། བླ་མས་ཀ་བ་བཞི་པོ་འདི་སྐྱོག་པོར་འདུག་པས་ཟུར་པས་སྲོངས་ཤིང་གསུངས་པས། ཟུར་ཆུང་པས་ཏིང་འཛིན་ཞིག་མཛད་པས་མདའ་ལྟར་བསྲོངས་སོ། །ཐོག་ཕུབ་ཟིན་ནས་དཔོན་སློབ་རྣམས་ཀྱིས་ཡང་དག་གི་ལོ་སྒྲུབ་ཞིག་མཛད་དེ་སྒྲུབ་པ་ཐོན་པ་དང་། བླ་མའི་ཞལ་ནས། ང་ཧེ་རུ་ཀའི་སྐུ་བཞེངས་པའི་དུས་ལ་བབས་འདུག །ངས་ལྷ་བཟོ་བོ་བཀུགས་པས་ཁུགས་ཡོང་གིན་འདུག་གསུངས་པས། ཞག་གཉིས་ནས་བྱུང་བ་དང་། བླ་མས་མ་མཁྱེན་པར་ལྟར་མཛད་དེ། ཁྱེད་རྣམས་ཡོན་ཏན་མཁན་གྱི་རིགས་ཡིན་ནམ་གསུངས། བདག་ཅག་གིས་ལྷ་བཟོ་ཤེས་ལགས། བླ་མའི་དྲུང་དུ་ཆོས་ཞུ་རུ་ཡོང་བས་ཐུགས་ལ་འདོགས་དགོས་ཞུས་པས་རྟེན་འབྲེལ་བཟང་། ཆོས་ཀྱང་ཅི་འདོད་སྟེར། སྙིགས་དུས་སུ་འགྲོ་དོན་ཆེན་པོ་འབྱུང་བས། དཔལ་ཆེན་པོའི་སྐུ་ཞིག་བཞེངས་གྲོགས་ཀྱིས་གསུངས་པ་ལ། ཁོང་རྣམས་ན་རེ། ལྷ་ལག་པས་བཟོས་ཆོག །ཆོས་གནང་བ་བསོད་ནམས་བསགས་ཟེར། དེ་ནས་ལྷ་བཟོ་བ་རྣམས་ལ་ཡང་དག་གི་དབང་བསྐུར་ཞིག་གནང་། དུར་ཁྲོད་བརྒྱད་ཀྱི་ས་ཆུ། རིན་པོ་ཆེའི་རིགས། རིགས་བསྲེལ་དང་སྐྱེ་བདུན་གྱི་ཤ །ཆོས་སྨན་སོགས་དམ་རྫས་ཁྱད་པར་ཅན་དང་། རུ་ཤིང་གི་ཆས་རྣམས་བསགས་ཏེ་བཞེངས་པ་ལ། སྐུ་ཚད་ཇི་ལྟར་བགྱི་ཞུས་པས། རྒྱལ་བའི་སྐུ་ལ་ཚད་བཟུང་མ་མཆིས་ཏེ། །མཐུན་འཇུག་ཐབས་ཀྱིས་འགྲོ་བ་འདྲེན་པའི་དཔལ། །གང་ཟག་བློ་དང་ཇི་ལྟར་འཚམས་པར་བཞེངས། །འགྲོ་དོན་ཐོག་མཐའ་དཔངས་དང་བསྟུན་ཅིག་གསུངས། །དེ་ནས་རུ་ཤིང་བརྩིགས་ནས་དཔལ་ཆེན་ཡང་དག་འབྲས་བུའི་སྐུ་ཞལ་གསུམ་ཕྱག་དྲུག་པ་བཞེངས་པ། བཟོ་བོ་རྣམས་ཀྱིས་བལྟས་པས། མཚར་རྔམས་བཞད་པ་ཤིན་ཏུ་ལེགས་པ་བྱུང་ཡང་། བླ་མས་ཞལ་གཟིགས་པ་ལྟར་མ་བྱུང་བས་ད་དུང་སྐྱོར་ཅིག་གསུངས། ལན་མང་པོར་བཤིག་ཅིང་བསྐྱར་བས་ཀྱང་མ་བྱུང་། དེར་བླ་མས་ཁྱེད་རྣམས་ང་ལ་བལྟས་ན་ང་འདྲ་ཤེས་སམ་གསུངས་པས། ཤེས་ལགས་ཞུས། སྔར་སློབ་མ་རྣམས་སྐུ་བཞེངས་དུས་ཞལ་སྟོན་པར་གསུངས་པ་དུས་ལ་བབ་སྟེ། ཉེ་གནས་ལ་ཚོགས་འཁོར་བཤམས་ཤིག་གསུངས་ཏེ་བླ་མས་ཡང་དག་གི་གཞུང་བསྲངས་མཆོད་བསྟོད་ཚོགས་འཁོར་རྣམས་མཛད་ནས། དེ་ཁྱེད་རང་རྣམས་མ་ཡེངས་པར་ལྟོས་ཤིག་གསུངས་ཏེ། བླ་མས་དཔལ་ཆེན་པོའི་ལྟ་སྟངས་མཛད་པས། བླ་མ་ཉིད་ཧེ་རུ་ཀ་དངོས་སུ་གྱུར་ཏེ་དབུ་སྤྲིན་དང་ན་བུན་གྱི་མཚམས་སུ་ལྷག་གེ་བ། ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ། རྡོ་རྗེའི་གཤོག་པས་བར་སྣང་ཁེབས་པ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཞབས་གཡས་འུག་པ་ལུང་གི་གདོང་དང་གཡོན་བཙང་པོའི་པུར་ཁང་གི་རི་རྩེར་བཞག་པ། ཤིན་ཏུ་ཆེ་བ་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་ཅིང་། སྐུ་ལ་མེ་དཔུང་འུར་འུར་འབར་བ་ཞིག་ལམ་མེ་མཐོང་བ་དང་། ལྷ་བཟོ་བ་རྣམས་ཟིལ་མ་བཟོད་པར་དྲན་མེད་དུ་བརྒྱལ། ད་ཁྱེད་ཚོས་ཤེས་སམ་གསུངས་པས། ད་རེས་ཞལ་གཅིག་ཕྱག་གཉིས་པ་དེ་མཐོང་བ་མ་གཏོགས་དྲན་པ་གང་ཡང་མི་གདའ། ད་ཞལ་གསུམ་ཕྱག་དྲུག་པ་ཞིག་སྟོན་པར་ཞུ་ཞུས་པས། ཟབ་ཀྱང་ཟབ་སྟེ་སླ་ཡང་སླ། གདུལ་བྱའི་དབང་གིས་ཞལ་གཅིག་ཕྱག་གཉིས་འབྱོན། ཞེས་སོགས་གསུངས་ཏེ་ཞལ་གཅིག་ཕྱག་གཉིས་པ་བཞེངས་སོ། །དེར་བཀའི་བགྲོ་བ་མཛད་ཅིང་བཞེངས་པས་ལྟེ་བ་མན་ཆད་སྔ་མ་མཐོང་བ་དང་འདྲ་རུང་ཙམ་ཤེས་ལ། དེ་ཡན་ཆད་ཡང་ཡང་སྐྱར་དགོས་བྱུང་བས། བླ་མས། ཁྱེད་རྣམས་སྒྲིབ་པ་མ་དག་པ་ཡིན། ངའི་ཆུ་མིག་ཕ་ཀི་བདུད་རྩི་ཀ་པཱ་ལི་གང་གཏོར་བ་ལས་བྱུང་བའི་སྒྲུབ་ཆུ་ཡིན་པས། ཕ་གིར་ཁྲུས་གྱིས། ལྷ་ཁང་འདི་ལ་སྐོར་བ་བདུན་གྱིས་ལ་ཤོག །དེར་བར་དུ་ནང་ལ་སུ་ཡང་མ་འོང་ཞིག །ངས་འདིར་དཔལ་ཆེན་པོ་ལ་གསོལ་བ་བཏབ་ལ་ཨེ་ཡོང་བལྟའོ་གསུངས། དེར་ཁོང་རྣམས་ཁྲུས་དང་སྐོར་བ་བྱེད་རིང་ནང་ན་ལབ་དིར་རི་རི་འདུག །སྐོར་བ་ཚར་ནས་ནང་དུ་ཕྱིན་པས། གཞན་ནི་སུ་ཡང་མི་འདུག །བླ་མ་དགོངས་པ་ལ་བཞུགས། འཇིམ་པ་སྦྱར་བ་རྣམས་ཐམས་ཅད་ཟད། དཔལ་ཆེན་པོའི་སྐུ་སྟོད་ཡན་ཆད་རང་བྱོན་དུ་གྲུབ་འདུག་པས། ཁོང་རྣམས་ཀྱིས་བླ་མ་ལ་ཕྱག་འཚལ་ཞིང་། བླ་མ་རང་གིས་འདི་ལྟར་མཁྱེན་པ་ལ། ངེད་ཚོ་ཅི་བྱེད་ལྟ་བ་འདུག་ཞུས་པས། ང་ཉིད་ལྟ་བུའི་གང་ཟག་ལ། ང་ཉིད་ལྟ་བའི་རྟེན་ཅིག་འབྱུང་། སྙིགས་མའི་དུས་སུ་འགྲོ་བ་འདྲེན། ནད་དང་གདོན་གྱིས་གཉེན་པོར་འགྱུར། སྔར་ཡང་ཧེ་རུ་ཀ་ཉིད་ལ་བརྟེན་ནས་ཧེ་རུ་ཀ་ཉིད་འབྱུང་བ་ཡིན་ལ། ད་ཡང་ཧེ་རུ་ཀ་ཉིད་ཀྱི་རྟེན་ལ་ཐིམ་པར་འགྱུར་རོ། །ཞེས་མ་འོངས་པ་ན་བླ་མ་ཉིད་སྐུ་དེ་ལ་ཐིམ་པའི་ལུང་བསྟན་ཡང་མཛད་དོ། །འདིར་དུས་ཕྱིས་ཚོགས་འདུ་ཆེན་པོ་ཡོང་བས་གསང་སྒྲུབ་མི་བཏུབ་པས་ཁྲོ་མོ་བརྒྱད་རྒྱུད་ལྟར་བཞེངས་ཤིག་གསུངས་ནས་རྒྱུད་ལུགས་ལྟར་བཞེངས་ལོགས་བྲིས་ནི་གཡས་ལ་སྒྱུ་འཕྲུལ་ཞི་བ་དང་གཡོན་ལ་ཁྲོ་བོའི་དཀྱིལ་འཁོར། མདུན་དུ་མདོ་ཡོངས་རྫོགས་ཏེ་དཀྱིལ་འཁོར་ཆེན་པོ་གསུམ། སྒོའི་ནང་ལོགས་སུ་དཔལ་མགོན་ལེགས་ལྡན་དྲག་པོ་གཤིན་རྗེ་ལྟར་སྒྲུབ་པ། སྟག་ཞོན་མོན་པ་སྡེ་བརྒྱད་དང་བཅས་པ་བྲིས། རབ་གནས་རན་ཏེ་ཆང་མ་སུས་བྱེད། ཤ་གང་ནས་ཉོ། ཇ་མ་དགོས་སོགས་བཀའ་བགྲོས་པས། ཉེ་གནས་ན་རེ། ཁ་སང་ནས་ལྷ་བཟོ་བ་དང་གྲྭ་སྒོམས་ལས་མི་རྣམས་ཡུན་རིང་། མགྲོན་པོ་མང་པོ་གསོ་དགོས་པ་ལ་བརྟེན་ནས་ཆས་ཀ་ཆེ་བ་ཞིག་ཀྱང་མི་འདུག་པས་རེ་ཞིག་འབུལ་སྐྱལ་འདྲ་ཡང་བསྒུགས། ཡོན་བདག་རྣམས་ལ་སྐྱིན་འཕྲུལ་འདྲ་ཡང་དགོས་པ་གདའ་ལགས་ཞུས་པས། ཟུར་ཆེན་གྱིས་ཆང་ལ་ནས་ཁལ་སྟོང་གིས་འདང་ངམ་གསུངས། ཟུར་ཆུང་པས་རབ་གནས་དུས་ལ་བྱེད་ཤ་ཆང་ཕྱེ་གསུམ་མི་ལ་སྐྱིན་འཕྲུལ་མི་བྱེད། ནས་ལ་ཆང་བཙོ། ཆང་མ་ཀླུ་ལ་འཚོལ། ཤ་སྲམ་ས་བོན་གྲོང་པའི་གླང་ལ་བྱེད། རྩམ་པ་མི་མ་ཡིན་གྱི་འབུལ་འདེགས་བསྐུལ་བས་ཆོག །དེ་ལྟར་བྱས་པས་མ་འདང་བ་མེད་གསུངས། བླ་མ་ཟུར་ཆེན་གྱིས་ཉེ་གནས་ལ་ཁྱེད་རང་ནས་བྲེ་དྲུག་ཚོས། མི་ཚོར་ངེད་རབ་གནས་བྱེད་པའི་ཆང་མང་པོ་འཚོད་ཀྱི་ཡོད་ཟེར་བ་གྱིས་གསུངས། ཟུར་ཆུང་པས་འོག་གདོང་ཀླུ་བདུད་ཀྱི་སྲིང་མོ་དེ་ཆང་མར་བཀུགས་པས་སྦལ་བ་ཁྲ་མོ་ཞིག་བྱུང་བ་ཏིང་ངེ་འཛིན་གྱིས་བཏུལ་བས། བུད་མེད་དཀར་མོ་ཞིག་ཏུ་གྱུར་པ་ལ་བླ་མས་ཆང་མ་གྱིས་གསུངས་པས། ཀླུ་མོ་ན་རེ། ངེད་ཀླུ་མོ་འདི་གྲིབ་ལ་སྡར། སྐྱུར་ལ་འཛེམ། བླ་མའི་ཟིལ་ཡང་མི་བཟོད་པས་ཆང་འགོ་ཡང་མི་ཐོན་པས་བདག་གི་མིང་པོ་ལ་འཆོལ་པ་ཞུ་ཆ་རྐྱེན་གང་དགོས་འབུལ་ཟེར་ནས་བཏང་ངོ་། །ཡང་བླ་མས་ཟུར་ཆུང་པར་ཁྱོད་འགུགས་སམ་བྱིན་གྱིས་བརླབས་གསུངས་པས། བདག་གིས་འགུགས་ལགས་ཟེར། དགོངས་པ་ལ་བཞུགས་ཏེ་ལྕགས་ཀྱུའི་ཕྱག་རྒྱ་མཛད་པས། སྡིག་པ་རྩིག་ཁོག་ཙམ་ཞིག་བྱུང་བ་ལ་སྔར་ཏིང་ངེ་འཛིན་གྱིས་གཟིར་བས་རང་གཟུགས་བསྟན་པ་ལ། བླ་མས་ངེད་ཀྱི་རབ་གནས་མ་ཐོན་པར་ཆང་མ་གྱིས་ཤིག་གསུངས་པས། བདག་ལྷ་འདྲེའི་རིགས་འདི་བྱ་དགའ་དང་སེམས་འཛིན་བྱེད་དགོས་པ་ང་བས་མི་ཁོམ་ཡང་བཀའ་མི་གཅོག་པས་གང་གསུངས་སྒྲུབ་ཅེས་ཀླུ་བདུད་མིང་སྲིང་གིས་སྲོག་སྙིང་ཕུལ་དམ་ཚིག་མནོས། མིང་པོ་ལ་རྡོ་རྗེ་བདུད་འདུལ་རྩལ་དང་སྲིང་མོ་ལ་དཀར་མོ་མཛེས་ལྡན་མར་བཏགས། བསྟན་པ་བསྲུང་བར་དམ་བཅས་སོ། །དེར་ཀླུ་བདུད་ན་རེ། རབ་གནས་ཀྱི་ཆང་མ་བྱེད་པར་གནང་ཡང་བས་གྲབས་མཛད་པ་དང་། ངེད་རྣམས་གྲིབ་ལ་བསྡར་བས་ས་ཕྱོགས་གཙང་མར་སྤོས་ཆུས་བྱུག་ཤིང་སྡོད་པ་བཙན་སར་ཞུ་ཟེར། བླ་མ་ཟུར་ཆེན་གྱིས། ངས་བྱིན་གྱིས་བརླབས་ཀྱིས་གསུངས་ཏེ། རྒྱ་རྫས་ཐེམ་བུ་གསུམ་བརྩེགས་མ་སྤོས་ཆུས་བཀྲུས། ནས་བྲེ་དྲུག་གི་གླུམས་བླུགས་ཏེ་བདུད་དང་ཀླུ་བསྟེན་པའི་རྫས་མང་པོ་དང་བཅས་ཏེ་ཀླུ་བདུད་མིང་སྲིང་རྫ་མར་བཅུག །ཆུ་བླུགས་ས་ཞིག་མ་གཏོགས་དར་སྣ་ལྔས་དྲིལ། རས་དཀར་གྱིས་ཁ་བཅད། དེའི་ཕྱིར་བླ་མའི་ཕོད་ཀ་རྙིང་པ་ཞིག་གི་གཡོགས། ཐུགས་དམ་རྡོ་རྗེའི་མདུད་པས་བཅིངས་ནས། ཕོད་ཀའི་ཕུ་དུང་ནས་ཆུ་བླུགས་ཤིང་། ཐེམ་བུ་ནས་བཙག་བས་འཛད་མེད་བྱུང་ངོ་། །ཉེ་གནས་ན་རེ། ཆང་གིས་ལྡང་བར་འདུག་ཕྱེ་ཇི་ལྟར་བྱེད་ཟེར་བ་ལ། རྩམ་པ་བླུགས་སའི་ཕད་སྣོད་མང་པོ་གཡོར་ལ་ཤོག་གསུངས། ཕད་སྣོད་མང་པོ་བྱུང་བ་དང་། གཏོར་མ་ཞིག་བཤམས་གསུངས་ཉེ་གནས་ལ་ངས་གཏོར་མ་བསྔོ་ཡི། ཁྱེད་རང་ཕད་སྣོད་རྣམས་ཁ་ཕྱེ་ལ་རྩམ་པ་སྤར་བ་རེ་བླུག་ལ་ཞོག་གསུངས། དེ་ལྟར་བྱས་ནས་སང་ཉིན་བལྟས་པས་ཕད་སྣོད་ཐམས་ཅད་ཙམ་པས་ཁྲིག་གེ་ཁེངས་འདུག་གོ། །ཡང་ཉེ་གནས་ན་རེ། རྩམ་ཆང་གིས་ཡོང་བ་འདུག་ཤ་ཇི་ལྟར་བྱེད་ཞུས་པས། བླ་མའི་ཞལ་ནས་རྣལ་འབྱོར་པ་ཞིག་སོང་ལ་སྲམ་ས་བོན་གྲོང་པ་ལ་གླང་རྣམས་སྣང་མ་ཟ་བར་ཐོང་གྱིས་གསུངས། དེར་རྣལ་འབྱོར་པ་དེས་སྦྱིན་བདག་གི་སར་ཕྱིན་ཏེ། ངེད་རབ་གནས་བྱེད་པའི་ཆང་མང་པོ་བཙོས་པའི་སྦང་མ་ནགས་གསེབ་ལ་ཕོ་གཏོང་གི་ཡོད་པས། གླང་རྣམས་སྤང་མ་ཟ་བ་ལ་ཐོང་གསུང་གི་འདུག་བྱས་པས། གླང་ཉི་ཤུ་ཙམ་བསྐུར་བ་དེད་ནས་ཡོང་། བླ་མས་ཟུར་ཆུང་པ་ལ། ཁྱོད་སྒྲོལ་ལམ་གསོ་གསུངས་པས། བླ་མར་སྒྲོལ་བར་ཞུས་པས། བླ་མ་ཟུར་ཆེན་དགོངས་པ་ལ་བཞུགས་ཏེ་གླང་རྣམས་ལ་ཐུན་རེ་འཕངས། ཕྱག་རྒྱ་རེ་བསྟན་པས། གླང་རྣམས་རང་སར་འགྱེལ་ཏེ་ཁྲག་མ་འཐིགས། པགས་པ་མ་རལ་ཤ་རྣམས་མ་འགྲམ་པ་བསྒྲལ་ལོ། །དེ་པགས་པ་བཤུས། རུས་པ་ལྷུ་ཚིག་མ་བྲལ་བར་གྱིས། ནང་གི་དོན་སྣོད་ལ་རྨ་མེད་པར་ཕྱི་ཤ་ཐམས་ཅད་བརྣག་མ་དྲས་ནས་ཚོས་ཤིག་གསུངས། དེ་ལྟར་ཤ་ཆང་ཕྱེ་སོགས་ཐམས་ཅད་འབྱོར་ཏེ་རབ་གནས་མཛད་ཅིང་སྟོན་མོ་ཆེར་བཤམས་ཏེ། རབ་གནས་ལེགས་པར་གྲུབ་པ་དང་གླང་ལེན་མི་བྱུང་སྟེ། བླ་མས་ཟུར་ཆུང་པ་ལ་གླང་གསོས་ལ་སྤྲོད་ཅིག་གསུངས་པས། ཟུར་ཆུང་པས་གླང་རྣམས་ཀྱི་པགས་པའི་ཁར་རུས་པ་དང་ནང་རོལ་རྣམས་རང་སར་བཞག །ན་བཟས་བཀབ་ནས་ཏིང་ངེ་འཛིན་ལ་བཞུགས་ཏེ་སེ་གོལ་ལན་གསུམ་གཏོགས་པས་གླང་རྣམས་སྔར་བས་བཟང་བ་རེ་བྱས་ནས་ཁོག་སྟེ་ལངས་བྱུང་བ་བདག་པོ་ལ་སྤྲད། དེར་བླ་མ་ཡབ་སྲས་ཀྱིས་སྦྱོར་སྒྲོལ་བསད་གསོ་མཛད་པས། བུ་སློབ་ཡོན་བདག་རྣམས་ཀྱང་དད་ཅིང་མོས་པར་གྱུར། བླ་མ་ཟུར་ཆེན་ཡང་དགྱེས་ཏེ། དཔལ་ཆེན་པོའི་སྐུ་ལ་གཟིགས་ཏེ་འགྲོ་དོན་ནུས་པ་ཞིག་མཛད་འཚལ་ལོ་གསུངས་པས། སྐུ་གཟུགས་ཀྱིས་ཧཻ་རྨོས་ཅི་འཚལ་ཞེས་གསུངས་པས། དང་པོ་སྐུ་འདྲའི་ཞལ་རྔམ་ཞལ་དུ་ཡོད་པ་ལ་དེ་ནས་བཞད་ཞལ་དུ་སོང་བ་ཡིན་ནོ། །ཡང་བླ་མས་ཉེ་གནས་ལ་ཆས་ཀ་ཅི་ཡོད་ལྷ་ཁང་དུ་ངེད་རང་རྣམས་ཡང་དག་གི་སྒྲུབ་པ་ཞིག་བྱེད་པ་ཡིན་གསུངས་པས། ལོ་སྒྲུབ་མཛད་པའི་ཆ་རྐྱེན་མི་གདའ་ལགས་ཞུས། ཟུར་ཆུང་པས་ཆང་གིས་ནི་ལྡང་བར་ཡོད་ཆང་མ་བསྒོར་བས་ཆོག །ཤ་ལྷག་དང་རྩམ་པ་ཡང་འདུག་རྣལ་འབྱོར་པ་དམ་ཚིག་མ་ཉམས་ན་འཚོ་བ་སྣང་སྲིད་ལྷ་འདྲེས་སྦྱོར། ད་དུང་གཞི་བདག་གི་འབུལ་བ་ཡོང་བ་ཡོད་པས་ལོ་སྒྲུབ་མཛད་པ་དྲག་ཞུས་པས། བླ་མས་འོ་ན་སྒྲུབ་པ་བྱེད་པ་ལ་ཐམས་ཅད་འཚོགས་ཤིག་གསུངས་པས། རྣལ་འབྱོར་ཕོ་མོ་བརྒྱ་ཙམ་འཚོགས་སོ། །བླ་མས་ཉེ་གནས་ལ་ཁྱོད་ཀྱི་ཆང་ཀ་པཱ་ལ་རེ། ཟན་བྱ་ངང་མོའི་སྒོ་ང་ཙམ་རེ། ཤ་མོ་ཆོལ་ཙམ་རེ་རྣམས་དྲོངས་གསུངས་ཏེ་ལོ་སྒྲུབ་མཛད། སྒྲུབ་པ་ཐོན་པ་དང་བླ་མས། ངས་ལུང་པ་འདི་ཡི་ས་རྡོ་རི་བྲག་ཐམས་ཅད་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དང་། འུག་པ་ལུང་གི་ས་རྡོ་རི་བྲག་ཐམས་ཅད་ཞི་བའི་ལྷ་ཚོགས་སུ་མཐོང་། ཁྱད་པར་དབེན་སེར་མོའི་ལྷོ་རི་འདི་རྒྱལ་བ་རིགས་ལྔར་རྒྱུན་དུ་ལྷག་གེ་མཐོང་བས། འུག་པ་ལུང་དུ་ཞི་བའི་ལྷ་ཁང་བཞེང་དུ་འགྲོ་བས་རང་རེ་ཐམས་ཅད་ཐེགས་སོ་གསུངས་ནས་བྱོན། ཉེ་གནས་ལ་རྫ་མ་འདི་ཕར་ཁུར་ཅིག །བཟོ་བོ་ལས་མི་གྲྭ་སྒོམ་ཀུན་གྱི་འཐུང་རྒྱུ་དགོས་གསུངས། ཉེ་གནས་ཀྱིས་ཁུར་བས་རྗིད་བྱ་སྒྲོ་ཙམ་ཡང་མི་འདུག །ཆང་མ་ཀླུ་བདུད་མིང་གཉིས་ན་རེ། ངེད་གཉིས་ཀོ་བ་ལ་འགྲོ་བ་ལ་མི་གྲིབ་ཅན་དང་ཕྲད་པས་རབ་ཁ་ལ་འཁྲིད་པར་ཞུས་ཟེར་རོ། །དེ་ནས་དཔོན་སློབ་རྣམས་གྲོག་པོའི་སུམ་མདོར་བྱོན། བླ་མ་ཟུར་ཆེན་དགྱེས་ཏེ་བྲག་རྡོ་རྗེའི་བསྟན་པ་བྱ་བའི་སྟེང་དུ་རུ་ལུའི་བྲོ་མཛད་པས། ཞབས་གཡོན་ལོང་བུ་མན་ཆད་འདམ་བྱིང་བ་ལྟར་སོང་བ་ལ། ཟུར་ཆུང་པས་ངའི་བླ་མ་སངས་རྒྱས་ཀྱི་ངོ་བོ་འདུག་པས་ཞབས་སྤྱི་བོར་ལེན་ནོ་ཞེས་ཞབས་རྗེས་ལ་བྱིན་རླབས་ཞུས་པས་དབུ་སྐྲ་རལ་པའི་ཐོར་ཚུགས་དབུ་ཐོད་ཡན་ཆད་འཇིམ་པ་ལ་བཅུག་པ་ལྟར་རྗེས་ལམ་མེ་བྱུང་། བཟང་སྒོམ་ཤེས་རབ་རྒྱལ་པོས་འདི་ལ་མ་འོངས་པ་ན་ཞབས་རྗེས་ལ་བྱིན་རླབས་ཞུས་དུས་དབུ་རྗེས་ལ་རྡོག་པས་བརྗིས་ན་སྡིག་པ་གསོག་ཟེར་ཕྱག་སོར་ལས་གྱད་སྟོབས་པོ་ཆེ་ལྔ་སྤྲུལ་ཏེ། བླ་མ་ཡབ་སྲས་ཀྱི་ཞབས་དང་དབུ་རྗེས་ཡོད་པའི་ཕ་བོང་དེ་ཟུར་ལ་སྤུངས་ཏེ་བཞག །ར་སའི་ཞང་འགོས་ཆུང་དང་པན་གྱི་མི་ཉག་འབྱུང་གྲགས་ན་རེ། འདི་བརྟེན་པ་ངེད་གཉིས་ལ་བབ་ཟེར་ཕྱག་སོར་གསུམ་གྱིས་ཁ་ལ་ཕ་བོང་ཐེགས་པར་དཀའ་བ་རེ་བླངས་ཏེ་རྩ་བ་བལྟིམ་པ་ད་ལྟ་ཡང་སྒྲུབ་ཁང་གི་གྲོག་མདའ་ན་ཀུན་གྱིས་མཐོང་སར་ཡོད་དོ། །ཟུང་ཆུང་པས། བདག་གིས་བྲག་རྒྱ་བོད་ཕྱིན་ནས་ཕྱག་ཕྱི་ཟིན་པ་སླེབ་ཡོང་གསུངས་ཏེ་ནམ་མཁར་ལ་འཕུར་ནས་བྲག་རྒྱ་བོད་གཤེགས་སོ། །གྲྭ་པ་གཞན་རྣམས་རི་མའི་ཀོ་བ་ལ་བྱོན། བླ་མས་ཉེ་གནས་དང་བཅས་རབ་ལ་བྱོན་ཏེ། ཉེ་གནས་ཀྱིས་ཆང་རྫ་ཁུར་བ་བཙག་ནས་གསོལ་གྱིས་བྱོན། རབ་ཁར་ཕེབས་པ་དང་ཉེ་གནས་ལ་ཁྱོད་རང་མིག་ཚུམ་གྱིས་ལ་ངའི་ཐུ་བ་ལ་འཇུས་ནས་ཤོག་གསུངས་པས། ཉེ་གནས་ལོག་རྟོག་སྐྱེས་ཏེ་ང་ཆུ་ལ་སྐྱུར་བ་ཡིན་ནམ་སྙམ་པ་དང་། བླ་མས་མཁྱེན་ཏེ་ཁྱོད་པའི་རྗེས་ལ་མི་ཐར་བ་འདུག་པས་ཀོ་བ་བསྐོར་ལ་ཤོག །ང་འུག་པ་ལུང་དུ་འགྲོ་གསུངས་ཏེ་བླ་མ་ཉིད་ཞབས་ཆུ་ལ་མི་རེག་པར་གཤེགས་སོ། །ཉེ་གནས་མར་ལོག་སྟེ་ཀོ་ཁར་ཕྱིན་པས་གྲྭ་སྒོམ་ཐམས་ཅད་ཕ་རིར་ཐོན་འདུག་པ་ལ་ཀོ་བ་ཐོང་ཞེས་བོས་པས་རེ་ཞིག་བཞུགས་ཤིག །མགྲོན་པོ་གཞན་འདྲ་ཡོད་པས་བསྒུགས་ནས་བཏང་ངོ་ཟེར་ནས་ཡུན་རིང་ལུས། ཁ་སྐམས་པས་ཆང་བཏུངས་ཏེ་ཞིམ་པར་བྱུང་སྟེ། རྩིས་བཏང་བས་ཆང་བསིངས་ནས་ལོ་གཅིག་དང་ཟླ་བ་བཞི་སོང་འདུག་པས། དེ་ཙམ་ཐུབ་པའི་ཆང་འོང་བ་བླ་མས་རྫ་མའི་ནང་དུ་ཅི་བཅུག་པ་ཡིན་ནམ་སྙམས་ཏེ་རྫ་མའི་ཁ་ཕྱེ་ནས་བལྟས་པས། སྦྲུལ་དཀར་ནག་གཤོག་པ་ཅན་གཉའ་ཤིང་ཙམ་གཉིས་མདུད་པ་ཤུགས་ཏེ་གྲོལ་ནས་སྲམ་པ་སྒྲུབ་ཁང་ཕྱོགས་སུ་འཕུར་ཏེ་སོང་། དེའི་རྗེས་སུ་སྦལ་ལྕོང་སྡིག་སྦྲུལ་མང་པོ་འུར་སྒྲ་ཚིག་སྒྲ་དང་བཅས་ཏེ་ནམ་མཁའ་ལ་སོང་མ་ཐག་སྦང་མ་སྔོ་ཧྲུལ་ལེ་སེང་ས་སྐྱུར་སེང་ངེ་སོང་། དེ་ནས་ཆུ་ལྷོར་ཐོན་པ་དང་རྫ་མ་ཡང་ཆག །ཉེ་གནས་ཀྱི་ཡར་ཕྱིན་པ་དང་བླ་མ་འུག་པ་ལུང་ན་ཕེབས་འདུག་པའི་བཀའ་ལས། ཁྱོད་ཀྱིས་རྟེན་འབྲེལ་འཕྱུགས། ཀླུ་བདུད་མིང་སྲིང་འདི་ཆུ་ལྷོར་ཐོན་ན་འུག་པ་ལུང་དར་རྒྱས་ཆེ། སྲམ་པ་སྒྲུབ་ཁང་དུ་དགོན་པ་འབྲི་གུང་ཙམ་ཆགས། ས་དང་མི་གཉེན་དར་རྒྱས་ཆེ་བ་ཡོད། ད་ཁོ་རང་ངས་སྒྲུབ་ཁང་གི་བཀའ་སྲུང་ལ་བསྐོས་ཡོད། ཆུ་བྱང་དང་ལྷོར་སློབ་དཔོན་ངོ་བོ་ལས་སློབ་བུ་ཆོས་མཁས་པ་ཡོང་བ་འདུག །རྫ་མ་དེ་ཆུ་ལྷོར་ཐོན་པས་ཆུ་ལྷོར་གནས་གཞི་སྡེ་དགོན་མང་པོ་ཆགས་ཡོང་བ་འདུག་ཅེས་ལུང་བསྟན་མཛད་དེ། དེ་ནས་འུག་པ་ལུང་དུ་ལྷ་ཁང་བཞེངས་པའི་ས་དཔྱད་གཟིགས་པས་ཕུན་སུམ་ཚོགས་པར་དགོངས་ཏེ། བླ་མ་དཔལ་ཆེན་པོའི་སྐུར་བཞེངས་དུས་ཀྱི་ཞབས་གཡས་བཞག་ས་དེར། བྱང་ཆེན་མཆོད་རྟེན་ཞིག་རུ་གནོན་དུ་བཞེངས། སློབ་མ་རྩེ་མོ་བཞིའི་སྟེང་རྩེ་ལྐོག་གཅིག་སྟེ་ལྔས་ཀྱང་སའི་མེ་བཙའི་མཆོད་རྟེན་བཞེངས་ནས་ལྷ་ཁང་རྣམས་བརྩིགས། ཀླུ་དུང་སྐྱོང་གནས་པའི་ཆུ་མིག་ལ་ཟངས་བཀབ་ནས་རྣམ་སྣང་ཀུན་ཏུ་ཞལ་གྱི་གཙོ་མཛད་པའི་རྡོར་དབྱིངས་ཀྱི་ལྷ་ཚོགས་ཞེ་གཉིས་ཐམས་ཅད་འབུར་དོད། སྐོར་ཁང་ཁྱམས་སྟོད་སྨད་གློ་འབུར་དང་བཅས་པ་བཞེངས། དེར་བཟོ་བོ་རྣམས་ཀྱིས་ཤིང་ཐམས་ཅད་གྲུ་བཞིར་གཞོགས་པས་གྲོན་ཆེ་ཞིང་ཕྱག་རྫས་བཟན་པའི་ཐབས་སྣ་ཚོགས་བྱས་ཀྱང་། ཐུགས་སེར་སྣའི་མདུད་པ་གྲོལ་ཞིང་མཁྱེན་བརྩེ་ནུས་གསུམ་གྱིས་འགྲོ་བ་འདྲེན་པའི་ཚུལ་མཐོང་བས་འགྱོད་དོ། །འགྱོད་བཤགས་སུ་ལྷ་ཁང་ཚར་བའི་ཤིང་ལྷག་ལས་བརྩིགས་པ་མེད་ཀྱང་ཀ་བས་བཏེག་པའི་སྒོ་ཁང་བྱས་ཏེ་ཕུལ། དེ་ལྟ་བུའི་ལྷ་ཁང་ན་གཙོ་བོར་གོང་དུ་སྨོས་པ་ལྟར་རྡོར་དབྱིངས་ལྷ་ཚོགས། གློ་འབུར་ལྷོར་ཡུམ་ཆེན་དང་བྱང་དུ་མར་མེ་མཛད་གཉིས་ལ་མཆོད་ལྷ་བཞི་རེས་བསྐོར་བ། མགོན་ཁང་དུ་དཔལ་མགོན་ལེགས་ལྡན་ཚངས་པ་དང་བརྒྱ་སྦྱིན། ཁྱམས་སྟོད་ལ་བླ་མ་བརྒྱུད་རིམ། སྐོར་ཁང་ལ་བྱང་སེམས། པདྨ་བརྒྱ་ལྡན་ལ་སོགས་པའི་དཀྱིལ་འཁོར་ཉེ་གསུམ། ཐིགས་ཁང་ན་སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལོགས་བྲིས། ཁྱམས་སྨད་ལ་སངས་རྒྱས་སྟོང་སྐུ། ཕྱོགས་བཅུའི་སངས་རྒྱས་རིགས་གསུམ་མགོན་པོ། ཐུབ་ཆེན་དང་སེམས་དཔའ་བརྒྱད། མཛད་པ་བཅུ་གཉིས། རྟག་ཏུ་ངུའི་རྣམ་ཐར། སངས་རྒྱས་རབས་བདུན། སྲིད་པ་འཁོར་ལོ་ལ་སོགས་གྲུབ་བོ། །དེའི་རབ་གནས་ཀྱི་དུས་སུ་ཟུར་ཆེ་ཆུང་གཉིས། གཙོ་བོ་རྣམ་སྣང་གི་དབུ་གཙུག་ནས་ཞུགས་ཐུགས་ཀར་ཐོན། ཐུགས་ཀ་ནས་ཞུགས་སྤྱི་བོར་ཐོན་པ་སོགས་མཛད་པ་ཀུན་གྱིས་མཐོང་བས་མོས་གུས་སྐྱེས་ཏེ། བཟོ་བོ་རྣམས་ཀྱིས་བླ་མའི་ལྷ་ཁང་གི་ཞབས་འདེགས་སུ་བསམ་ཡས་མཆོད་རྟེན་སྔོན་པོ་ལ་དཔེ་བླངས་ཏེ་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ཕུལ། དེ་ནས་དཔོན་སློབ་ཀུན་གྱིས་ཡང་དབེན་སེར་མོར་ཡང་དག་གི་ལོ་སྒྲུབ་མཛད་དུས་མར་ཟད་དེ། ཉེ་གནས་ཀྱིས། བླ་མ་ལགས། མར་ཁུ་ཟད་གདའ་ལགས་ཞུས་པས། ཆུ་མིག་ཞག་བདུན་གྱི་བར་དུ་མར་ཁུ་བྱིན་གྱིས་བརླབས་པས་མར་ཁུ་འཛད་མེད་བླངས་ཆོག་པ་བྱུང་ངོ་། །དེ་རྣམས་ཀྱི་བསྡུས་དོན་ཡང་མདོ་དབང་གི་དབང་བྱང་ལས། ཐུབ་དང་པདྨས་ལུང་བསྟན་སྤྱན་རས་གཟིགས། །ཐུགས་དམ་ཞལ་གཟིགས་དམ་ཅན་ཅི་བཅོལ་ཉན། །མཁའ་འགྲོས་ལུང་བསྟན་ཕྱི་ནང་གཙུག་ལག་བཞེངས། །གྲུབ་རྟགས་ཞབས་རྗེས་སྤྱི་དཔལ་དཔལ་ཆེན་བཞེངས། །ཞེས་གསུངས། སློབ་མ་ཡང་རྩེ་མོ་བཞི། རྩེ་ལྐོག་གཅིག་ཏེ་ལྔར་བྱེད་པ་དང་། རྩེ་མོ་བཞི་དང་རྩེ་ལྐོག་བརྒྱད་དུ་བྱེད་པ་སོགས་མང་ཡང་། འདིར་སྤྱི་དང་དབང་བྱང་ལྟར་ན་རྩེ་མོ་བཞི་ནི། ལྟ་དགོངས་ཀྱི་རྩེ་མོ་ཟུར་ཆུང་པ་ཤེས་རབ་གྲགས། མཁྱེན་རྒྱའི་རྩེ་མོ་ལ་སྟོད་ར་བའི་ཞང་འགོས་ཆུང་བ། སྒྱུ་འཕྲུལ་གྱི་བཤད་པ་ཕྱོགས་གཅིག་གི་རྩེ་མོ་བྲེས་ཀྱི་མི་ཉག་འབྱུང་གྲགས། འཕྲིན་ལས་སྒོམ་སྒྲུབ་ཀྱི་རྩེ་མོ་མཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ་དང་བཞིའོ། །ལྷ་ཆོས་ཀྱི་སྟེང་དུ་མི་ཆོས་ཀྱི་ཕོ་སོའི་རྩེ་མོ་བྲམ་གྱི་རྩེགས་བླ་མ་བསྣན་པའི་རྩེ་ལྐོག་གཅིག་སྟེ་ལྔར་བྱེད་པའང་། ཡང་ན་བྲམ་གྱི་རྩགས་སྟོན་རྩེ་ལྐོག་བརྒྱད་དུ་བསྒྲངས་ཀྱང་མི་འགལ་ཏེ། དབང་བྱང་ལས། ཟུར་ཆུང་ཤེར་གྲགས་རྡོ་རྗེ་ལྷུན་མཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ་ནི། །རྡོ་རྗེ་གཟི་འབར་རྩལ་ཏེ་ལ་སྟོད་ར་ས་ཡི། །ཞང་སྟོན་འགོས་ཆུང་རྡོ་རྗེ་ལྷུན་གྲུབ་རྩལ། །བྲེས་ཕུའི་མི་ཉག་འབྱུང་གྲགས་བདེ་བ་རྩལ། །བྲམ་གྱི་རྩག་སྟོན་ལ་སོགས་རྩེ་ལྐོག་བརྒྱད། །ཅེས་གསུངས་པའི་ཕྱིར་རོ། །རྩེ་ལྐོག་བརྒྱད་ནི། རྩག་བླ་མ། ལོ་རོག །ལོ་ཐུང་། རྟ་རོག །སུམ་པ་བློ་རྒྱལ། ལོ་སྒོམ་འཇམ་དཔལ། ཕུག་སྟོན་ནམ་མཁའ་འོད་དང་བརྒྱད། གཞན་ཡང་། གྲུ་སྒོམ་སྦ་འགྱིང་། ཡོལ་སྒོམ་ནག་པོ། ལྕེ་སྒོམ་ཤཱཀྱ་རྒྱལ་མཚན། ཟུར་སྒོམ་རྡོ་རྗེ་འབྱུང་གནས། གཡུ་སྒོམ་ཇོ་འབར། སྦས་སྒོམ་ལ་སོགས་སྒོམ་ཆེན་བརྒྱ་རྩ་སྟེ་དཔེ་འགྲེམས་སུམ་བརྒྱ་ལྷག་ཙམ་བྱུང་བར་གྲགས་ཤིང་། སྒོམ་ཆེན་བརྒྱ་རྩ་ཡན་ཐམས་ཅད་ཀྱང་མཁའ་འགྲོ་དབང་ཕྱུག་དམ་ཅན་བྲན་དུ་འཁོལ་བ། ཆོས་ཉིད་ཀྱི་དོན་རྟོགས་པ་ནམ་མཁའ་ལ་ལྡིང་བ་སོགས་གྲུབ་རྟགས་དངོས་སུ་སྟོན་ནུས་པ། འཕྲིན་ལས་བཞི་ལ་ཐོགས་པ་མེད་པ་ཤ་དག་ཡིན་པར་གྲགས་སོ། །དེ་ནས་ཡང་དབེན་སེར་མོར་འཆད་ཉན་མཛད་ཅིང་རྒྱུན་གཏོར་ལྷན་དུ་གཏོང་བ་སོགས་མཛད། ཐོག་མར་འཕྲིན་ལས་ཤེས་པ་ཆུང་བའི་དུས་གྲྭ་པ་སློབ་གཉེར་བ་རྣམས་ཀྱིས་བགྲོ་གླེང་བྱེད་སྐབས་འཕྲིན་ལས་ཤེས་པ་རྣམས་ལ་ཁྱེད་ཚོས་གཞན་ཅི་ཤེས་བྱས་པས། རྒྱུད་གཏོར་དུས་ཁོང་ཚོས་འཕྲིན་ལས་བྱེད་མ་ཉན་པ་ལ། བླ་མས་མཚམས་པ་མཛད་དེ་རང་སར་བདེན་གྱི་ཞི་དུལ་གྱིས་གསུངས་པས་རྩོད་པ་ཆོས་ཕྱོགས་སུ་ཞི། རྩེ་མོ་བཞི་ལ་ལམ་ཉམས་སུ་ལེན་པ་ལ་གལ་གང་ཆེ་གསུངས་པས། སོ་སོའི་ཞེ་འདོད་སྒོམ་ཉམས་ཐ་དད་གསུངས་པ་ལ། བླ་མ་ཟུར་ཆེན་དགྱེས་ཏེ་གདམས་པའི་མགུར་འདི་གསུངས་སོ། །ཁྱོད་སློབ་མ་བཞི་ང་ཡི་སྙིང་གཏམ་ཉོན། །དམ་པའི་ལྷ་ཆོས་བྱེད་པ་ལ། །ལམ་ལྟ་སྒོམ་སྤྱོད་པ་གསུམ་དུ་གདའ། །ལྟ་བ་ཞེས་མིང་དུ་བཏགས་པ་དེ། །ལྟ་རྒྱུ་ཞིག་བྱུང་ན་ལྟ་བ་མིན། །ལྟ་རྒྱུ་མེད་པའི་དོན་ལ་བལྟ། །ཆོས་ཉིད་བརྗོད་མེད་ལམ་དུ་འཁྱེར། །སྒོམ་པ་ཞེས་མིང་དུ་བཏགས་པ་དེ། །སྒོམ་རྒྱུ་བྱུང་ན་སྒོམ་པ་མིན། །སྒོམ་དུ་མེད་པའི་དོན་ལ་སྒོམ། །སེམས་ཡེངས་རྒྱུ་མེད་པའི་ལམ་དུ་འཁྱེར། །སྤྱོད་པ་ཞེས་མིང་དུ་བཏགས་པ་སྟེ། །སྤྱོད་རྒྱུ་བྱུང་ན་སྤྱོད་པ་མིན། །སྤྱད་རྒྱུ་མེད་པའི་དོན་ལ་བྱེད། །མ་བཅོས་ཤུགས་འབྱུང་ལམ་དུ་འཁྱེར། །རྣལ་འབྱོར་བདག་གི་ཉམས་ལེན་ལགས། །ལམ་འགྲོ་བར་འདོད་ན་དེ་ནས་བྱོན། །ལམ་གཞན་ནས་ཕྱིན་ན་སྐོར་ཐག་རིང་། །ཞེས་གསུངས་པས་ཐམས་ཅད་མོས་གུས་སྐྱེས་སོ། །དེ་ནས་འུག་པ་ལུང་དུ་ཚོགས་པ་སྐྱོངས་ཤིང་བཤད་གྲྭ་དང་སྒོམ་གྲྭ་ཆེན་པོ་མཛད། སྒྲོ་ཕུག་ཏུ་གསང་སྔགས་ཀྱི་ཆོས་གྲྭ་ཆེན་པོ་བཙུགས། འཆད་ཉན་སྒོམ་སྒྲུབ་མཛད་པའི་དུས་སུ། བླ་མའི་གསུངས་ནས། སྒྲུབ་ཕུག་གི་རྒྱ་རི་དང་ཐག་གི་རི་གཉིས་སྦུབས་སུ་བཅུག་པའི་གསེར་འབུམ་རེ་བཞེངས། དེའི་སྟོད་གཉིས་ལྕགས་ཐག་གིས་སྦྲེལ་བ་ལ་དྲིལ་གདོང་འགེལ་ལོ་གསུངས་པས། སློབ་མ་རྣམས་ན་རེ། འོ་ན་ངེད་རང་རྣམས་ཀྱིས་ཀྱང་ཞལ་འདེབས་སུ་ལྕགས་ཐག་རེ། ཟངས་སྡེར་རེ། དྲིལ་བུ་རེ་བསྡུས་ནས་ཕུལ་ན་འཐད་དམ་ཞུས་པས། བླ་མས། ངས་ས་ཆོག་བྱ་ཡི་གསུངས་ནས་ས་བླངས་པའི་ཆོ་ག་མཛད་ཅིང་། དོ་ནུབ་མནལ་ལམ་བཏགས་པས། ལྷ་རི་གདོང་གི་གཞི་བདག་དང་རྟ་ནག་གི་གཞི་བདག་གཉིས་མནའ་བསྐྱལ་གྱི་མཆེད་ཡིན་པས། ལྷ་རི་གདོང་གསེར་འབུམ་གྱི་ཁོངས་སུ་མི་འཇུག་པའི་ཞུ་བ་བྱ་བ་ལ་ཐོག་མར་རྟ་ནག་གི་གཞི་བདག་བྱུང་སྟེ་རྟ་ནག་ཞོན་པའི་མི་ནག་ཅིག་ཏུ་བྱས། གསེར་ར་མཆིན་ཙམ་ཞིག་ཕུལ་ནས་གསེར་འབུམ་གཉིས་པོ་མི་འཛད་པའི་ཞུ་བ་འབུལ་ཞིང་། ཞུ་རྟེན་དུ་ལྷ་ཁང་རྣམས་ཀྱི་སྐུའི་གསེར་ཅི་དགོས་འབུལ་བས་ལེན་མི་རྣལ་འབྱོར་པ་ལྔ་ཐོང་ལས་ཅན་གསུམ་ཡོང་ངོ་ཟེར་གསེར་བཏང་བའི་ཚད་གང་ཡིན་དྲིས་པས། ལེན་དུ། སྡིག་སྦྲུལ་དང་སྦལ་ལྕོང་སོགས་སེམས་ཅན་གྱི་གཟུགས་ཤིག་སེ་ཐོན་བྱུང་བ་དང་བཞག་དགོས། དེ་གོང་གང་རྙེད་ཕུལ་བ་ལགས་ཟེར། དེ་བཞིན་དུ་ལྷ་རིའི་གཞི་བདག་གིས་ཀྱང་འབུལ་བར་ཞུས་ཏེ་གསེར་ལེན་སར་བླ་མ་རང་གིས་བྱོན་པས། རི་ཁ་གྱེས་པའི་དབུས་ཕ་བོང་ཁ་ཕྱེ་བ་ན་གསེར་ཟངས་གང་འདུག་པ་ན་ཀ་པཱ་ལ་གང་བཅུས་ནས་བྱོན་པས། རི་གྱེས་པ་ཡང་འབྱར་རོ། །འབྲོང་རི་ལ་རྣལ་འབྱོར་པ་ལྔ་བཏང་བས་རྡོ་རེ་བཏེག་པའི་འོག་ནས་ཀྱང་གསེར་མང་པོ་བྱུང་། དེ་རྗེས་སེམས་ཅན་གྱི་གཟུགས་འདྲ་ཐོན་བྱུང་བར་རྣལ་འབྱོར་པ་གསུམ་གྱིས་ད་ནི་འགྲོའོ་བྱས་པས། གཉིས་ཀྱིས་ཆོག་མ་ཤེས་པར་ད་དུང་གསེར་བླངས་པས་མཛེ་བྱུང་སྟེ་ཤིའོ། །གསུམ་གྱིས་གསེར་ཁུར་ཏེ་བླ་མ་ལ་ཕུལ་ལོ། །མནལ་ལམ་དུ་ཕུལ་བའི་གསེར་ར་མཆིན་ཙམ་དེ་ཡང་གསེར་ཁོ་ནར་དངོས་སུ་བྱུང་། དེ་ལྟར་གསེར་འབད་མེད་དུ་བྱུང་བས་ལྷ་ཁང་གི་སྐུ་ཐམས་ཅད་གསེར་གྱིས་བྱུག་པ་སོགས་མཛད་ཅིང་། གསེར་ལྷག་མ་བྲེ་གསུམ་ལྷ་ཁང་གི་ཞིག་བསོས་ཐེབས་སུ་སྦས་སོ། །མདོར་ན་བླ་མ་ཟུར་པོ་ཆེ་དེ་ཉིད་ཀྱི་སློབ་མའི་ཚོགས་ལ་སྔ་འགྱུར་གྱི་འཆད་ཉན་སྒོམ་སྒྲུབ་ཕྱོགས་མེད་དུ་མཛད་པས་ཟུར་ལུགས་ཞེས་ཡོངས་སུ་གྲགས་པར་གྱུར་ཏེ། དེའི་ཚེ་བླ་མ་ཟུར་ཆེན་གྱིས་ཟུར་ཆུང་པ་བྲག་རྒྱ་བོར་བཞུགས་པ་གདན་དྲངས་ཏེ། བླ་མའི་གསུངས་ནས། ངའི་གདན་ས་འདི་ཟུར་ཆུང་ཤེས་རབ་གྲགས་པས་མཛོད་ཅིག་གསུངས་ཏེ་གདན་ས་གཏད་དེ། སློབ་མ་རྣམས་ལ་ཆོས་བློ་དང་འཚམ་པར་འཆད་པ་དང་། ངའི་རྗེས་རྣམས་ཀྱང་སྐྱོངས་ཤིག་གསུངས་པ་སོགས་ཞལ་ཏ་རྣམས་གནང་། གྲྭ་ས་རྣམས་ལ་ཡང་ཟུར་ཆུང་པ་འདི་དཔལ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན་པས། ང་བས་འདི་ལྷག །འདི་ཁྱེད་ཚོའི་བླ་མར་བསྐོས་པ་ཡིན་པས་ལོག་པར་མ་བལྟ། གསུང་མ་བཅག །སྐུའི་གྲིབ་མ། གཟིམས་ས། ཞབས་ཆགས། ཞབས་རྗེས་ལ་མ་འགོམ། ངས་ཇི་ལྟར་སྐྱོང་བ་བཞིན་སྐྱོང་བ་ཡོད་པས་མོས་གུས་ཕུན་སུམ་ཚོགས་པར་གྱིས་ཤིག་གསུངས། གཞན་ཡང་ཡོན་བདག་སོགས་ཐམས་ཅད་ལ་ཞལ་བཀོད་ཞིམ་པར་མཛད་དེ་ཟུར་ཆུང་པ་གདན་སར་བརྐོས་རྗེས། ད་ང་མི་སྡོད་སྲམ་པ་སྒྲུབ་ཁང་དུ་འགྲོ་གསུངས། སྒྲུབ་ཁང་དུ་བྱོན་ནས་དགོངས་པ་ལ་བཞུགས་སོ། །དེ་ལྟར་བླ་མ་ཟུར་ཆེན་དེ་སྐུ་ཚེ་དེ་ཉིད་ཀྱི་གདུལ་བྱ་རྣམས་རྫོགས་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་བཞེད་པའི་ཚེ། ཞོགས་པ་ཞིག་ཉེ་གནས་ལ། ད་ནང་ཚ་བ་འཕྱི་གྱིས་གསུངས་པས། ཉེ་གནས་ཀྱིས་དགེ་སྦྱོར་ཞིག་བྱེད་ཀྱིས་བསྡད་ཉི་མ་ཤར་བྱུང་བ་དང་། ད་ཉི་མ་ཡང་ཤར་བས་ཚ་བ་ཞུ་རན་ནམ་བསམས་ཏེ་དྲུང་དུ་ཕྱིན་པས། བླ་མ་གཟིམས་མལ་ནས་བཞེང་གིན་འདུག་པར་ད་ལྟ་ནས་སྐུ་ཚགས་མཛད་ནས་གར་གཤེགས་པ་ཡིན་ཞུས་པས། ང་བདེ་བ་ཆེན་པོའི་ཞིང་དུ་འགྲོ། ང་དཔལ་ཆེན་པོ་དང་དབྱེར་མེད་པས་ཁྱོད་རང་ཡི་དམ་ལྷ་ལ་གསོལ་བ་ཐོབ་ལ་མོས་པ་གྱིས་ཨང་གསུངས་ཏེ། ཌཱ་མ་རུ་དང་རྡོ་རྗེ་དྲིལ་བུ་ཕྱག་ཏུ་བསྣམས་ནས་འཁྲོལ་གྱིན་སྐུ་འོད་ཀྱི་རང་བཞིན་དུ་ཡལ་ནས་ཡི་དམ་དཔལ་ཆེན་པོའི་སྐུ་གཟུགས་ཀྱི་ཐུགས་ཀར་འོད་ཟེར་ཁ་དོག་ལྔ་ལྡན་གྱི་འཕྲོ་འདུ་ལན་གསུམ་དུ་མཛད་ཅིང་ཐིམ་པར་མཐོང་ངོ་། །བླ་མ་དཔལ་ཆེན་གྱི་ཐུགས་ཀར་ཐིམ་པ་དང་དུས་མཚུངས་པར་ཁམས་པའི་འབུལ་སྐྱེལ་བ་མང་པོ་ཡང་ཡོང་པས། ལམ་དུ་བླ་མ་དངོས་དང་མཇལ་ནས་དགོན་པར་གཤེགས་པར་ཞུ་ཞུས་པས་མ་གནང་སྟེ། སྤྲུལ་པའི་གཞལ་ཡས་ཁང་དུ་བླ་མ་ཉིད་རང་གི་འབུལ་བ་བཞེས། བསྔོ་སྨོན་མཛད་དེ་གཤེགས་པའི་ཤུལ་དུ་ཁམས་པ་རྣམས་གཉིད་དུ་སོང་། གཉིད་སད་པ་དང་ཅི་ཡང་མི་གདའ་ནས་ཐེ་ཚོམ་གྱི་ངང་ནས་ཕྱིན་པས། ལམ་དུ་བླ་མ་དཔལ་ཆེན་པོའི་ཐུགས་ཀར་འོད་ཕུང་གི་རང་བཞིན་དུ་ཐིམ་མོ་ཞེས་ཐོས་སོ། །དེ་ལྟར་བླ་མ་ཟུར་ཆེན་གྱི་སྐུ་དངོས་སུ་ཐིམ་པའི་དཔལ་ཆེན་གྱི་སྐུ་དེ་དེང་སང་ཡང་འགྲོ་བའི་དོན་དུ་མ་ཉམས་པར་བཞུགས་ལ། དེའི་རྗེས་སུ་ལན་ཅིག་ཀྱང་སྐུ་གཟུགས་དེས་གསུང་བྱོན་ཏེ། རྒྱ་སྟོན་ཤཱཀྱ་ཡེ་ལ་བསུ་བ་གྱིས་གསུངས་བསུ་བ་བྱས་པས། རྒྱ་སྟོན་ཤཱཀྱ་ཡེ་ཤེས་དེ་ཡང་བ་དཀར་མོ་ཞིག་ལ་ཆིབས། སྤྱང་ཞྭ་ཞིག་གསོལ་ནས་བྱུང་སྟེ་འོད་དཀར་པོ་མཐེབ་ཆུང་ཙམ་ཁ་དོག་ལྔས་བརྒྱན་པ་ཞིག་ཏུ་གྱུར་པ་ལ་གཡོན་སྐོར་དུ་འཁོར་ནས་དཔལ་ཆེན་པོར་ཐིམ་པ་དཀོན་གཉེར་མ་ཇོ་དོན་རྒྱན་གྱིས་མཐོང་ངོ་། །མཚན་ལྡན་ཟུར་མོ་འོད་འབུམ་བྱ་བ་ཡང་དཔལ་ཆེན་པོའི་ཐུགས་ཀར་ཐིམ་མོ། །དེ་ལྟར་བདེར་གཤེགས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་སློབ་མ་རྣམས་ལ་འདུས་པ་ཆེན་པོའི་དབང་གདམས་པ་ལན་མང་དུ་སྩལ་མོད་ཀྱང་། ཁྱད་པར་དུ་ལྟ་དགོངས་ཀྱི་རྩེ་མོ་ཟུར་ཆུང་ཤེས་རབ་གྲགས་ལ་གསུངས་པ་ཡིན་ཏེ། བླ་མ་འདིའི་རྣམ་ཐར་མདོ་ཙམ་བརྗོད་ན། དེ་ཡང་བླ་མ་ཟུར་ཆེན་དེ་ཉིད་བླ་ཆེན་པོ་ལས་བསྙེན་པར་རྫོགས་པའི་གཙང་སྒོམ་ཁོ་ནར་བཞུགས་པས་གདུང་སྲས་མ་སྤེལ་ཞིང་། ཟུར་པོ་ཆེའི་ཡབ་ཟུར་ཨ་ཙརྱ་ཤེས་རབ་འབྱུང་གནས་ལ་སྲས་བཞི་བྱུང་སྟེ། ཆེ་བ་ཤེས་རབ་བཟང་པོ། དེ་འོག་ཟུར་པོ་ཆེ། དེ་འོག་སྟོན་པ་དབྱིག་གཉེན། དེ་འོག་ཟུར་སྒོམ་ཆེན་དང་བཞིར་ཡོད་པའི། ཟུར་སྒོམ་ཆེན་གྱི་སྲས་ཟུར་ཆུང་པ་ཡིན་ཏེ། དེ་ཡང་ཡུལ་གཡས་རུ་གཙང་གི་ཐག་བྱང་རི་ལྷ་ཟེ་མོའི་མདུན་རྒྱ་འབར་གདོང་ཞེས་བྱ་བར། ཡབ་ཟུར་སྒོམ་ཆེན་དང་ཡུམ་མ་ཇོ་ཤེས་རབ་སྐྱིད་ལ་ལྷུམས་སུ་ཞུགས་པའི་ཚེ་རྨི་ལྟས་ལྔ་བྱུང་སྟེ། དང་པོ་བར་སྣང་གི་ཁམས་ལ་ཟམ་པ་བཙུགས་པ་རྨིས། གཉིས་པ་ཕྲག་པ་གཡས་ལ་ཉི་མ་དང་གཡོན་ཟླ་བ་ཤར་བ་རྨིས། གསུམ་པ་ནང་པ་སངས་རྒྱས་པའི་སྟོན་པ་བྱོན་ཟེར་བའི་སྒྲ་དིར་རི་རི་སྒྲོག་པར་རྨིས། བཞི་པ་ལ་བོད་ཀྱི་མུན་སངས་བསྟན་པའི་ཉི་མ་ཤར་ཟེར་བ་རྨིས། ལྔ་པ་ལ་བདུད་དང་མུ་སྟེགས་ཀྱི་བསྟན་པ་ནུབ། ནང་པ་སངས་རྒྱས་པའི་བསྟན་པ་བྱོན་ཏེ་འཁོར་འདས་དབྱེར་མེད་དུ་རྟོགས་ཏེ་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལ་གནས་སོ་ཟེར་བའི་སྒྲ་བྱུང་བར་སྣང་ཐམས་ཅད་སྒྲ་འོད་ཀྱིས་གང་བ་རྨིས་ནས་ཡབ་ལ་ཞུས་པས། ངེད་རང་ལ་བུ་བྱུང་ན་སངས་རྒྱས་བསྟན་པ་ལ་ཕན་ཐོགས་པ་ཞིག་ཡོང་བ་ཡིན་གསུངས། མནལ་ལྟས་ལྟར་ཟུར་ཆུང་པ་སྐུ་འཁྲུངས། དགུང་ལོ་བདུན་ལ་བྲིས་ཀློག་རྣམས་མཁྱེན། དགུ་ལ་ཞི་ཁྲོའི་འཕྲིན་ལས་སོགས་ཕ་ཆོས་ཀྱི་ཆོ་ག་རྣམས་མཁྱེན། དགུང་ལོ་བཅུ་གཅིག་པ་ལ་ཇོ་མོ་ཞིག་བླངས་ཏེ་བཞུགས་པ་ལས། ཆོས་དང་མཇལ་བའི་རྐྱེན་ནི་དགུང་ལོ་བཅུ་གསུམ་ལོན་རྩ་ན་གྲོགས་མཁར་ལུང་པ་ན་ཤྭ་འོད་ཅིག་ཤོར་བའི་ཚེ། གཟིམས་མལ་ན་ཕྱག་དཔེ་གཟིགས་ཤིང་ཡོད་པ་ལ། ཇོ་མོ་རྒྱུད་བྱུང་སྟེ་ཞིང་ལ་ཤྭ་ལོག་ཤོར་བ་འདུག་གོ། །ཁྱོད་དེར་ཉལ་བས་ཆོག་པ་འདུག་གམ་ཟེར་བ་ལ། ཞབས་དོར་གསར་པ་ཞིག་ཡོད་པ་བཞེས་ཏེ་རྗེས་བཅངས་ཀྱང་མ་མཛད་པར་ཁྱེམ་བསྣམས་ཏེ་ཆུ་བརྒལ་ནས་བཀག་པས། ཇོ་མོ་ན་རེ། ཁ་མིག་བྲུལ་བྲུལ་བར་བཟོས་པའི་དོར་མ་རྗེས་བཅངས་ཀྱང་མི་བྱེད་པར་ཆུས་ཟོས་སུ་བཏང་ཟེར་ནས་འཐབས་པས། ཁོ་བོ་མི་འཕངས་པར་དོར་མ་འཕངས་ན་དེ་ན་ཡོད་དོ་གསུངས། དོར་མ་བསྐྱུར་ནས་བཀག །མོ་ན་རེ། ཡང་ན་དོར་མ་མི་བརྗེ། ཡང་ན་བསྐྱུར་ནས་གཏོང་བ་ང་ལ་སྔན་ཅན་ཡིན་ཟེར་ནས་མོ་རང་གི་ཡུལ་དུ་བྲོས་སོ། །ཟུར་ཆུང་པ་ནང་དུ་ལོག་ནས་འཁོར་བ་ལ་སྐྱོ་བ་སྐྱེས། ཚེ་འདིའི་སྣང་བ་ལས་ལོག་སྟེ་ཁྱིམ་ལ་གཟིགས་པས་གདུང་ཁུང་ན་མོའི་ཞུད་ལུས་འདུག་པ་གཟིགས་ཏེ། མོ་ད་ལྟོས་དང་ཟེར་གསུངས་བཏང་བས། མོའི་སེམས་ལ་ཡར་ལོག་ཤོག་ཟེར་བ་ཡིན་ནམ་སྙམ་ནས་བསྡད་པ་ན་ཞུད་གཏད་དེ། ཕོ་ནོར་ཕོར་ཁྱེར་མོ་ནོར་མོ་ཁྱེར་བྱ་བ་ཡིན་པས་ཁྱོད་ཀྱི་མོ་ནོར་འདི་ལུས་འདུག་གོ་ཁྱེར་ཅིག་གསུངས་གཏད་པས། མོ་ཡང་ཡི་ཆད་ནས་རང་ཡུལ་དུ་ལོག་གོ། །དེར་ཟུར་ཆུང་པས་ཀྱང་ཕ་ལ་གྲོས་མ་དྲིས། མ་ལ་རྒྱགས་མ་བླངས། གྲོགས་ཀྱི་ངོ་མ་བལྟས་པར་སྤྱང་སློག་ཞིག་ཡོད་པ་ཁྱེར་ནས་འུག་པ་ལུང་དུ་ཁུ་བོ་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱི་དྲུང་དུ་བྱོན་པའི་ལམ་དུ་རྟ་ནག་གི་འབྲོག་པ་གཡུ་དང་ཟངས་ཁྱེར་བ་གཉིས་དང་། ཤངས་ནས་ཁྲབ་དང་སྤྱང་སློག་ཁྱེར་བ་ཞིག་རྣམ་བྱུང་སྟེ་འགྲོགས་ནས་བྱོན་ཏེ་ཕྱག་རྟེན་རྣམས་ཕུལ་བས། ཟུར་ཆེན་གྱི་ཉེ་གནས་ལ། ཁོང་རྣམས་འཁོར་བ་ལ་བློ་ལོག་མ་ལོག་བལྟ་བས་སྦང་ཟན་རེ་དང་པོ་ཐུག་སྐྱུག་པ་འདྲ་བ་རེ་དྲོངས་ཤིག་གསུངས་ནས་དྲངས་པས། འབྲོག་པ་གཉིས་པོ་ན་རེ། ཕ་མ་བུ་ཚེ་ལ་འདི་འདྲ་ཟ་མ་མྱོང་ཟེར་ནས་མ་ཟོས། ཤངས་པས་སྐྱུ་ཆུང་གསུམ་ཙམ་ཟོས། ཟུར་ཆུང་པས་བརྡ་ཐབས་སུ་དགོངས་ཏེ་ཁོ་རང་གི་དེ་ལྷག་མ་མེད་པར་གསོལ་ནས། གཞན་རྣམས་ནས་ཀྱང་ཞལ་རེ་ཙམ་གསོལ་པས། བླ་མའི་ཞལ་ནས་སྤྱང་སློག་དང་ཁྲབ་ཀྱི་བདག་པོ་སྡོད་ལ། གཡུ་དང་ཟངས་བདག་པོ་ལ་ཐོང་གསུངས་པས། འབྲོག་པ་ན་རེ། སྤྲེའུ་ལ་མིག་མི་བལྟ་བ་ཡ་ཕོ་ལ་ཡོན་མི་སྟེར་བའི་དཔེ་ཡིན་པས། ཕྱག་རྟེན་ལ་མིག་མི་བལྟ་བ་འུ་ཅག་ལ་ཆོས་མི་སློབ་པའི་རྟགས་ཡིན། བླ་མ་གཞན་ན་ཡང་ཡོད་ཟེར་སོང་། དེར་ཟུར་ཆུང་པ་ལ་བླ་མས་རུས་དང་མིང་སོགས་དྲིས་པས། བླ་མའི་སྐུ་ཚ་ཡིན་ཚུལ་བརྗོད་ན་འགྲན་པར་གྱུར་དོགས་ནས། རུས་ཟུར་ཆུང་ཆུང་ཞིག་ལགས། མིང་ཤེས་རབ་གྲགས་ཟེར་ཞུས་པས། འོ་ན་མིང་ཟུང་ཆུང་ཤེས་རབ་གྲགས་བྱ་བ་ཐོགས་གསུངས་ཏེ་རྗེས་སུ་བཟུང་ནས་སློབ་གཉེར་མང་པོ་ཡུན་རིང་དུ་མཛད། སྒྱུ་འཕྲུལ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་བཅོ་བརྒྱད་དུ་ཕྱེ་བ་གསན་པས། རྟོགས་ཚད་ནང་ནས་ཤར། ཆགས་སྡང་གི་ལ་དོར། གནས་ལུགས་ཆོས་སྐུར་རྟོགས། སྣང་བ་ཆོས་སྐུར་གྲོལ། འཁོར་འདས་དབྱེར་མེད་རང་གི་མཚན་ཉིད་མངོན་དུ་གྱུར། རང་མདངས་སུ་སྙིང་རྗེ་ཕྱོགས་མེད་དུ་སྐྱེས་པ་སོགས་ཐུགས་དམ་དགོངས་ཉམས་དུ་མ་མངོན་དུ་གྱུར་པའི་ཚེ། འཚོ་བ་ཆད་ནས་བླ་མས་གཏོར་མ་བཏང་བ་ཀུན་བླངས་ནས་ཟན་ཆང་དུ་བྱས་ཤིང་གསོལ་བས། མཆེད་གྲོགས་ཀུན་ན་རེ། ཁོ་རང་ཆང་བཙོས་ཤིང་འཐུང་སྟེ་ཁ་སྐྱུར་དྲི་ཆིལ་ལེ་བྱས་སྡོད། ཆང་བླ་མ་ལ་ཡང་མི་ཞུ། མཆེད་གྲོགས་ལ་ཡང་མི་འདྲེན་པར་འདུག་ཟེར་བླ་མ་ལ་ཞུས་པས། བླ་མའི་ཞལ་ནས། དེ་རིང་ཟུར་ཆུང་པ་རང་ཤིང་ཐུས་ཤིག་གསུངས། དེའི་ཤུལ་དུ་གྲྭ་པ་རྣམས་ལ་ཟུར་ཆུང་པའི་སྤྱིལ་པོ་གཡེངས་ཤིག་གསུངས་པ་ལྟར་གཡེངས་པས། གཞན་ཡོ་བྱད་གང་ཡང་མི་འདུག །བེལ་པོ་ཞིག་གི་འོག་ན་ཟན་ཆང་ཀ་པཱ་ལ་གང་འདུག་པས། གྲྭ་པ་རྣམས་ཀྱང་ཡིད་ཆེས་ཤིང་བླ་མས་ཟུར་ཆུང་པར་འཚོ་བ་ཆད་ན་རང་རེའི་ཐབས་ལ་ཤོག་གསུངས་པས། ང་བླ་མའི་དཀོར་ལ་འབགས་རེ་ཟེར་མནའ་བསྐྱལ་ཏེ་དཀའ་སྤྱད་དཔག་མེད་མཛད་ཅིང་བཞུགས་པས། ཉིན་གཅིག་བླ་མ་ཟུར་ཆེན་བསེའི་གའུ་ཕུལ་དགུ་འགྲོ་བ་ཞིག་བསྣམས་ནས་ཁྱོད་ལ་སྐོམ་སྟེར་རྒྱུ་ཨེ་ཡོད་གསུངས་པར། ཟན་ཆང་ཞུས་པས་སྣོད་དེ་གསོལ། ད་དུང་ཁྱེར་ཤོག་གསུངས་ནས་སྣོད་དོ་གསོལ། ད་ཨེ་འདུག་གསུངས་པས། བྲེ་གང་ཙམ་འདུག་ཞུས་པས། ད་མི་ཡོག་པར་འདུག་ཡོག་ན་ཁྱོད་ལ་བསོད་ནམས་བོད་དུ་མི་ཤོང་བ་འོང་སྟེ། འོན་ཀྱང་ད་དུང་བསོད་ནམས་ཆེན་པོ་འོང་གསུངས་ནས་ཁལ་གསུམ་གནང་ནས་འདི་ཟད་པ་དང་ཡོ་བྱད་མི་འཐོང་པར་ཡང་གསུངས་པ་ལྟར་བྱུང་ཞིང་། སྔོན་སྦྱངས་དང་སྤྲུལ་པའི་སྐུ་ཡིན་པས་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་བརྙེས། ལྟ་དགོངས་ཀྱི་རྩེ་མོར་གྱུར་ཏེ་སློབ་མ་ཡང་བསྐྱངས་སོ། །དེའི་ཚེ་ཟུར་ཆུང་པར་ལུང་བསྟན་རྣམ་པ་གསུམ་བྱུང་སྟེ། དང་པོ་གཞི་བདག་ཇོ་བོ་གྲོག་མཁར་རྣལ་འབྱོར་པ་དུང་ལོང་སྐྱ་ཁྲོལ་ལེ་བ་ཞིག་ཏུ་བྱུང་སྟེ། ཁྱེད་རི་བོ་དགུ་འདུས་ཀྱི་རྩེ་མོ་ལ་སྒོམ་ཤིག་ཟེར་བ་བྱུང་ཡང་འཁྲུལ་སྣང་དུ་དགོངས་ཏེ་ཆེད་འཛིན་མ་མཛད། གཉིས་པ་ལ་མཁའ་འགྲོའི་ལུང་བསྟན་མ་ཇོ་སྨིན་མ་དང་སྨ་ར་སེ་ཁྱུག་གེ་བགོས་སྨུག་གྱོན་ཞིང་ཌཱ་དྲིལ་འཁྲོལ་བ་གར་སྟབས་བསྒྱུར་བ་ཞིག་བྱུང་ནས། མིང་པོ་ཁྱེད་རི་བོ་དགུ་འདུས་ཀྱི་རྩེ་མོ་ལ་སྒོམས་ཤིག །བདག་གཞན་གཉིས་ཀའི་དོན་གྲུབ་བོ་ཟེར་མི་སྣང་བར་སོང་བས། ལྷ་ཟེ་མོར་བྱོན་པས་ཟེར་མོའི་གཞི་བདག་ལྷ་ལུང་སྐྱེས་ཅིག་མི་དཀར་རྟ་དཀར་དར་ཐོད་ཅན་དུ་བྱུང་སྟེ་ཕྱག་སྐོར་མང་པོ་བྱས་ཏེ། རི་བོ་དགུ་འདུས་ཀྱི་རྩེ་ལ་གཤེགས་པར་ཞུས་ཀྱང་མ་གནང་བར་དེ་གར་བཞུགས་པས། རྒྱལ་གྱི་ཟླ་བའི་ཚེས་བཅོ་ལྔའི་ནུབ་མོ་བར་སྣང་ལ་ལྷའི་གདུགས་རྒྱལ་མཚན་བ་དན་ལ་སོགས་པས་ཁེངས། ས་གཞི་མི་མ་ཡིན་གྱིས་ཁེངས། དེ་རྣམས་ཀྱི་ནང་ནས་བུ་མོ་ལོ་བཅུ་དྲུག་ཙམ་རུས་པའི་རྒྱན་དྲུག་དང་དར་གྱིས་བརྒྱན་པ། གཡས་ཌཱ་མ་རུ་དང་གཡོན་གར་སྟབས་སྒྱུར་བའི་མཁའ་འགྲོ་མ་ལྔ་བྱུང་ནས་ཕྱག་དང་ཞབས་སྤྱི་བོར་བླངས་ཏེ། འོ་མིང་པོ་ཁྱོད་རི་བོ་དགུ་འདུས་ལ་སྒོམ་ཤིག་བདག་གཞན་གཉིས་ཀའི་དོན་འགྲུབ་བོ་ཟེར་བའི་ལུང་བསྟན་གསུམ་པ་བྱུང་། དེ་ན་རི་བོ་གང་ཡིན་སྙམ་པ་ལ། མཁའ་འགྲོ་མ་ལྔས་ཕྱག་མཛུབ་རྣམས་དུས་གཅིག་ཏུ་བྲག་རྒྱ་བོ་ལ་གཏད་པས། རི་བོ་དགུ་འདུས། ཆུ་མིག་དགུ་འདུས། ནེའུ་གསིང་དགུ་འདུས་པ་ནི་ཆོས་ཐེག་པ་རིམ་དགུ་དབྱིངས་སུ་རྫོགས་པའི་རྟགས་ཡིན་པས། དེར་སྒོམ་པར་ཞུ་ཞེས་གསོལ་བ་བཏབ་བོ། །དེ་ལྟར་ལུང་བསྟན་སྔ་ཕྱི་བར་གསུམ་དུ་བྱུང་བ་ལ་བརྟེན་ནས་བྲག་རྒྱ་བོར་བྱོན། དེ་ཡང་རི་བོ་དགུ་འདུས་ཀྱི་རྩེར་སོང་བས་ནོན་དཀའ་བར་གྱུར་ཏེ་བྲག་རྒྱ་བོའི་གཞི་བདག་ཕུ་བོ་བདུད་བཙན་ནག་པོ། ས་བཙན་སེར་པོ། ཀླུ་བཙན་དམར་པོ། སྲིང་མོ་ཀླུ་མོ་སྦལ་མགོ་ཁྲག་མིག་ལ་སོགས་པས། བླ་མའི་ཟིལ་མ་ཐེག་གདུག་རྩུབ་ཤིན་ཏུ་ཆེ་བར་བྱུང་སྟེ། བླ་མ་སྡིག་པ་ལ་ཤིན་ཏུ་འཇིགས་པ་མཛད་ཡོད་པར་རིག་སྟེ། སྡིག་པ་ནག་པོའི་དམག་ས་གཞི་ཁེངས་པ་ཙམ་དྲངས་ཏེ་མཉམ་པར་བཞག་པའི་དུས་སྡིག་པ་དེ་རྣམས་ཀྱིས་སྐུ་ལ་འཛེགས་པར་སྡིག་པའི་རྭ་གཉིས་ནས་གཟུང་སྟེ། སྡིག་པ་མི་དགེ་སོ་སོར་བཤགས། ཞེས་ཀུ་རེ་གསུངས་བཞིན་སྡིག་པའི་ལུས་པོ་ཕྱེད་མར་གཤགས་ནས་རྒྱབ་ཏུ་སྐྱར་བས་སྡིག་པའི་རོ་ཕུང་བྱུང་། དེར་སྡིག་པའི་དམག་དཔོན་གྱི་རྣམ་པ་ཀོ་མཐིལ་ཙམ་ཞིག་བྱུང་ནས་སྐུ་རྒྱབ་ནས་ཡར་འཛེགས། དབུ་ཐོད་ནས་མར་བབས་ཏེ་ཞལ་གྱི་ཐད་དུ་བྱུང་བ་དང་། དཔལ་ཆེན་པོའི་སྟང་སྟབས་མཛད་དེ་ཞལ་དུ་ཆམ་སྟེ་གསོལ་བས། ཉེ་གནས་ན་རེ། བླ་མ་ལགས། དགོན་པ་དང་ང་ཡོན་བདག་འདི་ལས་བཟང་བ་གང་ན་ཡོད་པས། འདིར་སྐུ་ཚེ་ལ་གནོད་པ་ལས་མི་འདུག་པས་མི་བཞུགས་པར་ཞུ། བླ་མའི་དགོངས་པ་ལ་མ་ཚུག་ཀྱང་བདག་ཀྱང་བར་ཆད་དུ་འགྲོ་བ་གདའ་ཞུས་ཀྱང་མ་གསན་པར་བཞུགས་པས། ཡང་གྲོག་མའི་དམག་དྲངས་ཏེ། གྲོག་མ་ཆེ་བ་མཐེབ་རྡོག་ཙམ་གྱིས་ས་གཞི་ཁེངས་པ་བྱུང་བ་དང་། ཉེ་གནས་ལ་ཤ་བའི་ཙོང་གོ་དེ་ཁྱེར་ཤོག་གསུངས་ནས་ཙོང་གོས་བརྡུངས་པས་ཉེ་གནས་ལོག་སྟེ་སྐྱེས་ཏེ། བླ་མ་ས་ཕྱོགས་འདི་མིན་གཞན་དུ་གཤེགས་པར་ཞུ། སེམས་ཅན་བརྡུངས་ནས་སྒྲིབ་པ་ཆེ་མོད་ཞུས་པས། ཁྱོད་རང་ང་ལ་ལོག་ལྟ་སྐྱེས་པའི་སྡིག་བཤགས་ཕྱག་དང་སྐོར་བ་གྱིས་གསུངས་ནས། དར་གཅིག་དགོངས་པ་ལ་བཞུགས་མཐར་སེ་གོལ་གཅིག་བརྡབས་པས། སྡིག་པ་དང་གྲོག་མའི་རོ་རྣམས་དཔལ་རྡོ་རྗེ་སེམས་དཔའི་སྐུ་ཚོན་ངེར་སོང་སྟེ་བར་སྣང་ལ་འོད་ཟེར་བུན་གྱིས་སོང་ངོ་། །དེ་ནས་གཞི་བདག་ཐུལ་ནས་འཁོར་བཅས་དངོས་སུ་ཡོངས་ཏེ་ཕྱག་དང་སྐོར་བ་བྱས་ཞབས་སྤྱི་བོར་བླངས་ཏེ་སྲོག་སྙིང་ཕུལ་ལོ། །བླ་མས་ཀྱང་ལྕེ་ལ་བདུད་རྩི་བཞག །མགོ་ལ་རྡོ་རྗེ་བཞག་ནས་དམ་ལ་བཏགས། གསང་མཚན་ཕུ་བོ་ལ་རྡོ་རྗེ་དགྲ་འདུལ་རྩལ། བར་པ་ལ་རྡོ་རྗེ་དབང་གྲུབ་རྩལ། ཐ་ཆུང་ལ་རྡོ་རྗེ་དྲག་པོ་རྩལ། སྲིང་མོ་ལ་ཀླུ་མོ་གཟི་བརྗིད་འོད་ལྡན་མར་བཏགས། སྤྱིར་ཐུབ་བསྟན་བསྲུང་ཞིང་སྒོས་སློབ་བརྒྱུད་རྣམས་ཀྱི་གྲོགས་བྱེད་པ་ཁས་བླངས་དམ་བཅས་སོ། །དེར་དང་པོ་ཡང་དག་ཐུགས་ཀྱི་སྒྲུབ་པ་མཛད་པས་དཔལ་ཆེན་པོའི་ཞལ་གཟིགས། གནས་དེ་ལ་རྒྱ་བོ་དགེ་གནས་སུ་མཚན་གསོལ་ཞིང་། གཞི་བདག་དམ་ལ་ཐོགས་པས་དབྱར་དུས་ཀྱང་སྦུར་པ་སོགས་སྲོག་ཆགས་མི་འོང་ཞིང་། དེ་ཕྱོགས་སུ་སྔས་བསྟན་ནས་ཉལ་བ་ཀུན་ལ་ཡང་བྱིན་རླབས་ཞུགས་པ་བྱུང་ངོ་། །དེར་བླ་མ་ཟུར་ཆེན་དང་ཟུར་ཆུང་གཉིས་ཀྱིས་སྲམ་པ་སྒྲུབ་ཁང་གི་འགྲམ་བཏིང་ཞིང་གྱད་རྡོ་བཞག་པ་སོགས་གོང་དུ་བཤད་པ་ལྟར་ལ། དཔལ་ཆེན་པོའི་སྐུ་བཞེངས་ནས་ཡང་དག་ལོ་སྒྲུབ་མཛད་དུས། ཟུར་ཆུང་པས་དཔལ་ཆེན་པོའི་གསུང་གི་དངོས་གྲུབ་ཐོབ་པའི་རྟགས་རུ་ལུའི་སྒྲ་འོལ་པ་གདོང་ནས་ཉན་པ་དང་དྲུང་དུ་བསྡད་པར་ཆེ་ཆུང་མ་བྱུང་བས་བསྔགས་པ་མཛད། བླ་མ་ཟུར་ཆེན་གྱིས་ཟུར་ཆུང་བ་དཔལ་ཆེན་དངོས་སུ་གཟིགས་པས་གྲྭ་པ་རྣམས་ལ་སྟོན་སྒོམ་གྲྭ་པ་ཁྱེད་རྣམས་ཟུར་ཆུང་པའི་འགྲན་ཟླ་མ་ཡིན་ནོ། །འདི་ནི་དོན་ཆོས་སྐུ་རྣམ་པ་ལོངས་སྐུར་འདུག་པས། རྩེ་མོ་གསུམ་སོགས་གྲྭ་པ་རྣམས་ཀྱིས་ཁོང་ཁུར་ཅིག །འདིའི་ཞབས་རྗེས་ལ་ཡང་མ་འགོམ་ཅིག་ཅེས་གསུངས་ཏེ་ཟུར་ཆོས་པར་བསྐོས་སོ། །དེ་ནས་ཟུར་ཆུང་པ་ཆོས་འཆད་པར་བསྐོས་པས། གཞན་རྣམས་ན་རེ། ངེད་རྣམས་རྩེ་མོ་མཆེད་གྲོགས་མཉམ་པོ་ལ། བླ་མས་དཔོན་མོ་མགོ་བཏོན་ཞེས་ཅུང་ཟད་སྐུར་བ་འདེབས་པའང་བྱུང་བས། བླ་མ་ལ་སྐུར་པ་བཏབ་ན་ལས་གསོག་པར་མཁྱེན་ཏེ། ནམ་ཞིག་གི་ཚེ་ཨེ་དམར་རྡོ་རྗེ་སྤོར་དཔོན་སློབ་ཐམས་ཅད་ཆོས་འཁོར་ལ་བྱོན་པའི་ཚེ་སྲང་ཁ་ཞིག་ན་ཁྱི་མོ་ཁྱི་གུ་སྐྱེས་ནས་སྨད་ལ་འབུ་ཞུགས་པ་ཞིག་འདུག་པ། བླ་མ་ཟུར་ཆེན་གྱིས་ཕྱག་རེག་ཙམ་ཞིག་མཛད་ནས་བྱོན། ཟུར་ཆུང་པས་གར་སོང་གར་འདེད་བཏང་སྟེ་ཁྱི་གུ་དང་ཁྱི་མོ་རྣམས་བརྡབས་ཏེ་བསད། འབུ་རྣམས་ཞལ་དུ་གསོལ་བས་རྩེ་མོ་གཞན་གྱིས་བླ་མ་ལ་ཞུས་པ། ཟུར་ཆུང་པ་ཟེར་བ་འདི་འདྲ་ཞིག་འཆད་ཉན་དུ་བསྐོས། ད་སྨྱོ་སྤྱོད་བྱས་ཡོན་བདག་གི་ཁྱི་བསད། འོ་སྐོལ་ལ་མོས་པ་ལྡོག་པར་གདའ་ཡི་ཞུས་པས། བླ་མའི་ཞལ་ནས། འོ་ཁྱི་དེ་རྣམས་ངན་སོང་དུ་འགྲོ་བ་ངས་ཀྱང་ཤེས་ཏེ་སྒྲོལ་མ་ནུས་པ་ཡིན། ཁོང་གིས་བསྒྲལ་བ་ངོ་མཚར་ཆེ་གསུངས། དེར་ཁྱི་རོ་རྣམས་མཆོད་པའི་ལྷ་མོར་སོང་། ཞལ་དུ་གསོལ་བའི་འབུ་རྣམས་ཕྱིར་ཕོ་བས་ནམ་མཁའ་ལ་འོད་བུན་གྱིས་འཕུལ་སོང་བ་ལ། བླ་མ་ཟུར་ཆེན་གྱིས། ད་ཁྱེད་རྣམས་ངོ་མཚར་སྐྱེས་སམ་ཟུར་ཆུང་པ་ལ་མོས་གུས་ཀྱིས་ཕྱག་ཕུལ་གསུངས་པར། མིག་འཕྲུལ་དུ་གདའ་ཟེར་ནས་མཆེད་གྲོགས་རྣམས་ངེས་ཤེས་མ་སྐྱེས་པར་ཕྱག་མ་ཕུལ་ལོ། །དེ་ནས་ཆོས་འཁོར་ཐོན་ནས་ཡར་བྱོན་ཤངས་ཆུ་རྒྱས་དུས་ཡིན་པས། བླ་མ་ཟུར་ཆེན་གྱིས་ཆུ་ཕ་རིར་ཀ་པཱ་ལི་རྫུ་འཕྲུལ་གྱིས་སྐུར་ཏེ། འོ་འདི་སུས་ལོངས་ལ་ངའི་བཤད་གྲྭ་འབོགས་སོ་གསུངས་པས། རྩེ་མོ་གཞན་གསུམ་ན་རེ། གདན་ས་ལས་མ་ཤི་བ་དགའ་ཟེར་ནས་སུས་ཀྱང་ལེན་མཁན་མ་བྱུང་བས། ཟུར་ཆུང་པས་ཞབས་ཆུ་ལ་མ་རེག་པར་བྱོན་ནས་བླངས་སོ། །དེ་ནས་ཁྱེད་རྣམས་རླུང་འགྲན་པར་གྱིས་ཤིག་གསུངས་པས། སྟོན་སྒོམ་གཞན་རྣམས་ཀྱིས་ཀྱང་ཞབས་ས་ལ་མ་རེག་ཙམ་བྱུང་ཞིང་། ཟུར་ཆུང་པས་ཤིང་ཏ་ལ་གང་ཙམ་འཕགས་ཏེ་སྲམ་པ་སྒྲུབ་ཁང་དུ་སྔོན་ལ་ཕེབས་སོ། །དེ་ནས་ཁྱེད་རྩེ་མོ་བཞི་དགོངས་པ་འདྲེན་ཅིག་གསུངས། གཞན་གསུམ་པོ་ཡང་དགོངས་པ་གཡོ་འགུལ་མེད་པ་རི་བོ་ལྟ་བུ་བྱུང་ལ། ཟུར་ཆུང་པས་ཏ་ལ་གང་ཙམ་གྱིས་དགོངས་པ་མཐོ་བ་བྱུང་སྐད། དེར་རྩེ་མོ་གཞན་གསུམ་ཟུར་ཆུང་པ་ལ་ངེས་ཤེས་བརྙེས་སོ། །དེ་ཡང་དྲང་དོན་དུ་རྩེ་མོ་གཞན་གསུམ་པོས་ཆགས་སྡང་ལྟར་སྣང་ཡང་། ངེས་དོན་དུ་ཟུར་ཆུང་པའི་ཆེ་བ་འདོན་ཐབས་ཁོ་ན་ལས་ཆགས་སྡང་རང་རྒྱུད་པ་མིན་པར་ཤེས་དགོས་སོ། །དེ་ཡང་བླ་མ་ཟུར་པ་འདི་ཉིད་ནི་བདེ་གཤེགས་ཟུར་པོ་ཆེའི་དགོངས་པ་ཇི་བཞིན་ལོན་པ། མཁྱེན་པ་ཐམས་ཅད་བུམ་པ་གང་འབྱོའི་ཚུལ་དུ་མངའ་བ། བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་གྱུར་ཅིང་སྦྱོར་སྒྲོལ་མཐའ་ཕྱིན་པའི་རིག་འཛིན་ཆེན་པོ་ཡིན་ནོ། །དེ་ནས་བླ་མ་ཟུར་ཆེན་འུག་པ་ལུང་དུ་བྱོན། ཟུར་ཆུང་པས་ཐག་སྒྲུབ་ཁང་དུ་བྱོན་ནས་སྒྲུབ་པ་ཁོ་ན་མཛད་པའི་དུས་སུ། དཔལ་ཆེན་པོ་ཡང་དག་ཞལ་གསུམ་ཕྱག་དྲུག་པ་འབྲས་བུའི་ཧེ་རུ་ཀ་ཞལ་གཟིགས། དེ་ལ་ལེགས་པར་གཟིགས་པས་བླ་མ་ཟུར་ཆེན་ཉིད་ཧེ་རུ་ཀའི་སྐུ་བཞེངས་པ་ཡིན་པར་གཟིགས། དེར་ཐག་སྒྲུབ་ཁང་དུ་གཙུག་ལག་ཁང་བཞེངས་ནས་ཧེ་རུ་ཀ་དེ་ལྟ་བུའི་སྐུ་ཞིག་བཞེངས་པར་མཛད་པས། ལྷ་བཟོ་བས་ཇི་བཞིན་མ་བྱུང་བས་ལན་གཉིས་གསུམ་བཤིག །ད་དུང་གྱིས་གསུངས་པས། བཟོ་བ་རྣམས་ཀྱིས་རྫོང་བ་སྟེར་ན་བགྱིས། མི་སྟེར་ཡང་འགྲོ་ལྷ་བཟོ་རྒྱུ་གཞན་ན་ཡང་ཡོད་ཟེར། དེར་ཟུར་ཆུང་པས་དེ་རིང་མཆོད་པ་བཤམས་ཤིག །ངས་བླ་མ་དཀོན་ཅོག་ལ་གསོལ་བ་བཏབ་གྱིས་གསུངས། དེར་བླ་མའི་བྱིན་རླབས་ལྷ་བཟོ་བ་ལ་ཞུགས་ཏེ་རིག་པ་རང་བཞིན་གྱིས་འུར་ཏེ་དཔལ་ཆེན་པོ་གནས་ཡུལ་སྒོ་མ་དང་བཅས་པའི་ལྷ་ཚོགས་བཞེངས། གཙོ་བོའི་ཕྱག་གཉིས་དང་འགྱིང་མི་འདྲ་བ་ཞལ་གཟིགས་ལྟར་རོ། །དེ་ལྟར་ལྷ་ཁང་གྲུབ་ནས་རབ་གནས་ཀྱི་ཚེ་དཔལ་ཆེན་པོའི་སྐུ་དེ་ཡང་རུ་ལུའི་སྒྲ་སྒྲོགས་ཤིང་། གནས་ཡུལ་སྒོ་མར་བཅས་པའི་ལྷ་འཁོར་རྣམས་ཀྱིས་ཀྱང་རུ་ལུའི་གར་དབྱངས་ཀྱིས་མཆོད་པ་འབུལ་བའི་ངོ་མཚར་བྱུང་ངོ་། །དེ་ནས་ཟུར་ཆུང་པས་ཉན་བཤད་སྐྱོང་བའི་དུས་སུ་གྲྭ་པ་རྣམ་གསུམ་ལ་བཤད་གྲྭ་གཏད་དེ། ཁྱོད་ཚོས་ཉན་བཤད་ཀྱིས་བསྟན་པ་སྐྱོངས་ཤིག །ངས་སྒོམ་སྒྲུབ་ལ་འགྲོ་ཡི་གསུངས་ནས་བྲག་རྒྱ་བོ་ལ་གཤེགས་ཏེ། དེ་ཡང་རྡོ་རྗེ་སེམས་དཔའི་ཁང་བུ་བྱ་བར་གསང་བ་སྒྱུ་འཕྲུལ་ལས་བྱུང་བའི་ཕྱག་རྒྱ་བསམ་གཏན་གྱི་སྒྲུབ་པ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལ་བརྟེན་ནས་སྒྲུབ་པ་མཛད་པས། དཔལ་རྡོ་རྗེ་སེམས་དཔའི་ཞལ་གཟིགས་ཏེ། གཡས་རུ་ཐག་གི་ལུང་པ་ཐམས་ཅད་རྡོ་རྗེ་སེམས་དཔས་ཁེངས་པའི་གཟིགས་སྣང་བྱུང་ཞིང་། སྣང་བ་ཟད་བར་གྱི་སྐྱེ་མཆེད་བརྙེས་ཅིར་སྣང་བ་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བཀྲ་ལམ་མེ་གསལ་བ་བྱུང་། དེར་ཟུར་ཆུང་པའི་ཐུགས་ལ་འདི་རྣམས་ཀྱང་བཟང་རྟོག་གི་མཐུས་བྱུང་བ་ཡིན། ཡང་དག་པར་གཏད་སོ་མེད་སྙམ་དུ་དགོངས་ཏེ་བསམ་གཏན་གྱི་ཁང་བུར་རྫོགས་པ་ཆེན་པོ་རྩོལ་བྲལ་གྱི་ངང་དུ་མཉམ་པར་བཞག་པས། རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་ཤར་ཏེ་མི་རྟོག་པའི་ཏིང་ངེ་འཛིན། བསམ་གཏན་སྣང་བ་རྣམ་འབྱེད་ཀྱི་ཏིང་ངེ་འཛིན་ཐོབ་སྟེ་ས་རྡོ་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པར་འགྲོ་བ་བྱུང་ངོ་། །དེ་དུས་ཟུར་ཆུང་པའི་མནལ་ལམ་དུ་ཆུ་ལྷོ་ནས་མཚོ་ཆེན་པོ་ཞིག་བྱུང་ནས་རྒྱ་བོའི་བྲག་ལ་བཏགས་པ་རྨིས། ཟླ་བ་གཅིག་གི་ཁོངས་སུ་སློབ་མ་སྣོད་ལྡན་ཞིག་ཡོང་བར་འདུག་གསུངས་སོ། །དེའི་ཚེ་དེ་ལུང་རྩ་བརྒྱད་དུ་མ་ཐོག་བྱང་འབར་བྱ་བ་ཆོས་གཞི་ལ་ཡོངས་ནས། ཁོང་མཚན་ཉིད་མཁས་པ་ཆེན་པོ་ཡིན་པས། ཁོང་གི་གསུངས་ནས་ངེད་རང་མཁས་བཙུན་གྱི་དགོན་ལྟག་ཏུ་སྔགས་པ་འདི་རྣམས་སྡོད་མི་རིགས་པས། ཁྱེད་གྲྭ་པ་མཁས་པ་རྣམས་རྒྱུག་ལ་སུན་ཕྱུང་ལ་ཤོག་གསུངས་པས། བཙུན་ཆུང་ཞིག་ན་རེ། བདག་གི་སུན་ཕྱུང་བར་བགྱིའོ་ཞེས་ཁས་བླངས་ཏེ་བྲག་རྒྱ་བོར་ཕྱིན་ཏོ། །དེའི་ཚེ་བླ་མ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་དོན་ལ་རྩེ་གཅིག་ཏུ་བཞུགས་པས་ཕྱི་ནང་གི་རྒྱུ་འགྲུལ་མེད་པར་གཟིགས་སྤྱིལ་གྱི་སྒོར་བྱ་རྗེས་ལ་མ་མེར་འདུས་པས། བཙུན་ཆུང་གིས་ཁྱེད་སྒོམ་གྱིན་རང་ཡོད་དམ་ཞུས་པས། དམིགས་པ་གང་ལ་གཏད་འདུག་གསུངས། འོ་ན་མི་སྒོམ་པར་ཡོད་དམ་བྱས་པས། ཤེས་པ་གང་ལ་ཡེངས་འདུག་གསུངས། བཙུན་ཆུང་གིས་མར་དོན་ཤོག་ཆོས་གཏམ་བྱའོ་བྱས་པས། ཆོས་ཐམས་ཅད་བརྗོད་མེད་མཐའ་བྲལ་ཡིན་གསུངས། དེ་ཐུལ་པ་ཕྱིན་སློག་ཏུ་གྱོན་ནས་བྱོན་པས། ཁོ་ན་རེ། ཁྱོད་ཆོས་ལོག་བྱེད་རྟགས་ཐུལ་པ་ཕྱིར་སློག་བྱས་འདུག་ཟེར། བླ་མས། པགས་པ་དང་པོ་ནས་འདི་ལྟར་འདུག་པའི་དོན་གྱིས་ཕྱིར་མ་ལོག །དེ་ལྟར་ན་ཁྱེད་རང་རྣམས་ཀྱིས་གོས་དང་ཆོས་ལོག་གསུངས་པས་བཙུན་ཆུང་སྐྱེངས་ཏེ་ཕྱིར་མཁན་པོའི་དྲུང་དུ་ཕྱིན་པས་སུན་ཕྱུང་ངམ་གསུངས། ཕྱུངས་ལགས་ཞུས་པས། ཇི་ལྟར་ཕྱུངས་གསུངས་པར། རྒྱུ་མཚན་ཞུས་པས། ཁྱོད་ཀྱིས་སུན་མ་ཕྱུངས་འདུག །ངེད་རང་གནངས་འགྲོ་གསུངས་ནས་མཁན་པོ་རང་བྱོན། དེར་བླ་མ་ཟུར་ཆུང་པས་རྟེན་འབྲེལ་བསྒྲིགས་པས། མ་ཐོག་པ་མ་ཚད་ནས་དབུ་ཞྭ་ཕུད་ནས་བྱོན་པས། ཁར་སེང་མནལ་ལམ་དུ་བྱུང་བའི་མཛོ་དེ་ཡིན་པར་མཁྱེན་ནས་སླ་ཡེ་རྒྱུ་ཆོས་ཀྱི་བགྲོ་གླེང་མཛད་པས། རྡོའི་ཀ་བ་ཞིག་ཡོད་པ་ལ་རྩོད་པའི་ཐོག་མར་མ་ཐོག་པས་རྡོའི་ཀ་བ་འདི་རྟག་པར་འདོད་དམ་མི་རྟག་པར་འདོད་ཅེས་དྲིས་པས། བླ་མ་ཟུར་ཆུང་པས། ཁོ་བོ་ལ་གང་དུ་ཡང་གྲུབ་པ་མི་གདའ་གསུངས་ཕྱག་གི་ཡུད་ཡུད་མཛད་རྡོའི་ཀ་བ་དུམ་བུར་ཆད། ཡང་ནམ་མཁའ་ལ་སྔར་བཞིན་དྲིས་པས། ཕྱག་ནམ་མཁའ་ལ་ཕྱར་ཏེ་རྒྱབ་པས་ཏོག་ཏོག་ཟེར། དེར་མཁན་པོ་མ་ཐོག་པ་ཤིན་ཏུ་མོས་ཏེ་ཞབས་སྤྱི་བོར་བླངས་ཐུགས་རྗེས་བཟུང་བར་ཞུ་ཞེས་ཞུས་ཤིང་། ཁོ་བོ་ནི་འདི་ཕྱིའི་འདུན་མ་ལེགས་སོ་གསུངས་ནས་བྲོ་འཁྲབས་པས་མ་ཐོག་བྲོ་ར་བ་བྱུང་། དེར་ཁོང་གི་གྲྭ་པ་རྣམས་ནི། སྔགས་པ་དེ་རྣམས་ཀྱིས་འོ་ཅག་གི་མཁན་པོ་ལ་སྨྱོ་ཆུ་བླུད་ནས། ད་སྟེ་ངེད་རང་རྣམས་འགྲོའོ་ཟེར་ནས་བླ་མ་ཟུར་ཆུང་པའི་སྒྲུབ་ཁང་དུ་འོང་སྟེ་སླ་ཡེ་ཀ་གཅིག་མ་ཡོད་པ་དེ་བཤུས། སྤྱིར་པོའི་སྟེང་ནས་མར་བྲག་གཡག་ཤད་ཙམ་མང་པོ་ལ་གཟུ་བ་བཅུག་སྟེ་སྒྲིལ་བས། རྡོ་རྣམས་གཟིམས་སྤྱིལ་གྱི་ཐོག་ཏུ་སླེབ་པ་དང་ཟུར་ཆུང་པས་རྡོ་ཐམས་ཅད་སྟོང་པ་ཡིན་གསུངས་ནས་སེ་གོལ་བརྡབས་པས་རྡོ་ཐམས་ཅད་རྡུལ་དུ་བུན་གྱིས་སོང་སྟེ་ནུས་མ་ཐོངས་པར་གྲྭ་པ་རྣམས་ཕྱིར་ལོག་གོ། །དེ་ནས་མ་ཐོག་པར་འཁོར་བ་རྩད་གཅོད་ཀྱི་དབང་དང་སེམས་སྡེ་བཅོ་བརྒྱད་ཀྱི་དབང་། ཀུན་བྱེད་སོགས་རྫོགས་ཆེན་རྩ་འགྲེལ་རྣམས་གནང་སྟེ་རྗེས་སུ་བཟུང་ངོ་། །དེ་ནས་ཡང་ཤབ་ཏུ་ཕྱུག་པོ་ཞིག་གིས། ཁྱུང་པོ་གྲགས་བཟང་དང་ཟུར་ཆུང་པ་གཉིས་ཆོས་འཁོར་ལ་སྤྱན་དྲངས་ཏེ། དེའི་ཚེ་ཁྱུང་པོ་དེ་ཕྲག་དོག་ཅན་ཡིན་པས་སྔགས་པ་ཟུར་ཆུང་པ་འདྲ་བ་བསད་ན་སེམས་ཅན་གྱི་དོན་དུ་འགྱུར་ཞིང་། བྱང་སེམས་ཀྱི་བསླབ་བྱ་དང་མཐུན་ནོ་ཟེར། ཁོང་ནི་གྲྭ་པ་མཁས་པ་སྐྱོ་ཟླ་གཉིས། གླན་ཡང་ཁྱེད་གཉིས་ཏེ་བཞི་པོ་ལ་ཁྱེད་བཞིས་ཟུར་ཆུང་པ་སུན་ཕྱུངས་ལ་ཤོག་ཟེར་བཏང་བས། ཁོང་བཞིས་བླ་མ་ཟུར་ཆུང་ལ་དྲིས་ཤིང་བརྩད་པས། རྟོགས་པ་ཕུལ་དུ་ཕྱིན་སྒོམ་བྱུང་གི་ཤེས་རབ་རྡོལ་བས་སྤོབས་པ་ལན་མེད་དུ་གྱུར་ནས། ཐེག་ཆེན་གྱི་ཆོས་ཕྱིན་ཅི་མ་ལོག་པར་སྟོན་པ་རིག་གྲོལ་སྤོབས་པར་ལྡན་པའི་བཤེས་གཉེན་འདི་འདྲ་མི་རྙེད་པས། ད་ལྟ་དངོས་སུ་ཕྱིན་ན་མཁན་པོ་མི་དགྱེས་པས། སླར་ཐབས་ལེགས་ཀྱིས་སློབ་དཔོན་དང་བྲལ་ནས་ཟུར་ཆུང་པའི་དྲུང་དུ་གཏུག་པའི་དམ་བཅས་ཏེ་སོང་ངོ་། །སང་ཕོད་ཁོང་བཞི་བྱུང་བ་རྗེས་སུ་བཟུང་བས་ཀ་བ་བཞི་བྱུང་བ་ཡིན་ཏེ། ཁོང་བཞི་ལ་གཡས་རུའི་མཁའ་འགྲོའི་ལྷ་ཁང་དུ་འདུས་པ་མདོའི་དབང་བསྐུར་ཞིང་མཉེས་པའི་ཡོ་བྱད་མང་དུ་ཕུལ། གོང་བུའི་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་སེམས་ཕྱོགས་རྫོགས་ཆེན་གྱི་ཀ་བ་གསང་མཚན་རྡོ་རྗེ་སྙིང་པོ་རྩལ། ནག་མོ་རི་གསེབ་ཀྱི་མདའ་ཏིག་ཇོ་ཤཱཀ་འཕྲིན་སྒྲུབ་ཀྱི་ཀ་བ་གསང་མཚན་རྡོ་རྗེ་དངོས་གྲུབ་རྩལ་ལམ་གྲུབ་མཆོག་རྩལ། ཆུ་བཟང་གི་གླན་ཤཱཀྱ་བཟང་པོ་སྒྱུ་འཕྲུལ་གྱི་ཀ་བ་གསང་མཚན་རྡོ་རྗེ་མྱུ་གུ་རྩལ། སྐྱེར་ལུང་གི་ཡང་ཁྱེར་བླ་མ་མདོའི་ཀ་བ་གསང་མཚན་ཐིག་ལེ་འགྱུར་མེད་རྩལ་རྣམས་ཡིན་པར་གྲགས་ཏེ། མདོའི་དབང་བྱང་ལས་ཀྱང་གསལ་བར་འབྱུང་བ་དང་རྗེས་སུ་མཐུན་ནོ། །ཀ་བ་བཞི་ཡང་གྲུབ་པ་དང་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་པ་ཡིན་ནོ། །དེ་ལྟར་བླ་མ་ཟུར་ཆུང་པས་བྲག་རྒྱ་བོང་ལོ་ཉི་ཤུ་རྩ་བཞི་སྒྲུབ་པ་ལ་བཞུགས་དགོངས་གཏད་ཀྱང་། སྐུ་མཚམས་ཐོན་དགོས་པའི་རྐྱེན་བཞི་བྱུང་བས། ལོ་རིལ་པོ་བཅུ་གསུམ་དང་ངོ་བཅུ་བཞིར་བཞུགས་རིང་ཟབ་མོའི་ཆོས་ཉིད་མཉམ་པའི་དོན་རྟོགས་ཏེ་ཤིང་ཏ་ལ་བདུན་ཙམ་འཕགས་ཏེ་ནམ་མཁར་བཞུགས་པ་དང་། ཉི་ཟེར་ལ་འབྱོན་བཞུད་མཛད་པ་དང་། རྡོ་རྗེ་སེམས་དཔའི་སྐུར་སྤྲུལ་ནུས་པ་སོགས་ཀྱི་ཡོན་ཏན་བརྙེས་ཤིང་། སྐུ་མཚམས་འགྲོལ་བའི་རྐྱེན་བཞིའི་གཅིག་ནི་གོང་དུ་བཤད་ཉན་སྐྱོང་བར་བསྐོས་པའི་གྲྭ་པ་གསུམ་ནི་འགོ་བ་བྱ་ཚ། འགོ་ཆུང་དབང་སེང་། སུམ་པ་དབང་ཚུལ་གསུམ་ཡིན་ཀྱང་། དང་པོ་ན་རེ། གསང་བ་སྙིང་པོར་ཐབས་ལམ་མ་རྒྱུད་ཅིག་དགོས་ཟེར་ནས་འགོས་ཁུག་པ་ལྷས་བཙས་ཀྱི་དྲུང་དུ་དགྱེས་རྡོར་ཉན་དུ་སོང་། གཉིས་པ་ན་རེ། སྒྱུ་འཕྲུལ་གྱི་དཀྱིལ་འཁོར་ཕྱིར་འདོན་དུས་ཡོ་ག་ཞིག་དགོས་ཟེར་ནས་སུམ་པ་དགྱེ་འཕར་ལ་ཡོ་ག་ཉན་དུ་སོང་། གསུམ་པ་ན་རེ། སྒྱུ་འཕྲུལ་འདི་ལ་གཞི་ལམ་གྲུབ་མཐའ་ལ་ཚད་མ་ཞིག་དགོས་ཟེར་འདར་ཆུང་ལ་ཚད་མ་བསླབ་ཏུ་སོང་། དེ་ལྟར་གོ་མ་ཆོད་མི་གསུམ་གྱིས་བསྟན་པ་མ་འཁྱོགས་པས་བཤད་གྲྭ་སྐྱོང་དགོས་པ་བྱུང་བ་དང་། རྐྱེན་གཉིས་པ་ནི་སྒྲོ་ཕུག་ལྷ་ཁང་གི་བླ་མའི་ཕྱག་རྗེས་སྐྱོང་བ་དང་ཞེས་བཤད་ཀྱང་སྒྲོ་ཕུག་ལྷ་ཁང་བླ་འདི་རང་གིས་བཞེངས་པས་བླ་མའི་ཕྱག་རྗེས་ཟེར་བ་མ་དག་པ་འདྲ་དཔྱད་དོ། །གསུམ་པ་ནི་འུག་པ་ལུང་གི་གདན་ས་མཛད་དེ་བླ་མའི་དྲུང་དུ་དབང་ཐོབ་ནས་མན་ངག་མ་ཐོབ་པ་རྣམས་ལ་ཟབ་ཁྲིད་སྟོན་པ་དང་། བཞི་པ་ནི་སློབ་མ་བརྒྱ་དང་བརྒྱད་ཀྱིས་གཙུག་ལག་ཁང་བརྒྱ་དང་བརྒྱད་བཞེངས་པའི་རབ་གནས་མཛད་དགོས་པ་སོགས་དེ་བཞིའི་རྒྱུས་སྐུ་མཚམས་གྲོལ་ནས། ལྷ་ཟེ་མོར་སྐུ་འཆག་ཏུ་བྱོན་རྫི་ར་ཞིག་ཡོད་པར་དྲོ་གསོལ་ནས་བསམ་གཏན་ཅུང་ཞིག་བསྒོམས་ཏེ་རི་ཟེར་སྐུ་འཆག་པར་མཛད་པས་ཉམས་དགའ་ལ་འཁྲབས་སྙིང་འདོད་མི་རྟོག་པ་གཏད་མེད་དུ་ཤར་ནས་བོགས་ཐོན་པ་བྱུང་། དེ་ནས་རྒྱ་བོར་གཤེགས་པས་ད་ཅི་དྲོ་གསོལ་གསོལ་བའི་ས་དེར་བཤོས་ལྷག་དུམ་ཞིག་ལུས་པའི་རྗེས་ན་ཙན་དན་དཀར་པོ་གདུགས་ཙམ་ཞིག་སྐད་ཅིག་སྐྱེས་ནས་འདུག་པས། འདིར་རྒྱལ་བ་ཞི་བའི་ལྷ་ཁང་ཞིག་བཞེངས་ན་སྙིགས་མའི་དུས་སུ་འགྲོ་བ་ལ་ཕན་ཞིང་ནད་གདོན་གྱི་གཉེར་པོར་འགྱུར་བ་ལ་དགོངས་ཏེ་ལྷ་ཁང་བཞེངས་པས་བཟོ་བོ་གསུམ་གྱིས་ཟླ་བ་གསུམ་དང་ཞག་བདུན་ལ་གྲུབ་སྟེ་ཉིན་མོ་མིའི་བརྩིགས་པ་བས་མཚན་མོ་མཁའ་འགྲོས་བརྩིགས་པ་མཐོ་བར་བྱུང་བ་མཁའ་འགྲོ་ལྷ་ཁང་དུ་གྲགས། ཞལ་སློབ་མ་ཐོག་བྱང་འབར་གྱིས་ལྷ་ཁང་ཞིག་བཞེངས་བར་འདོད་ནས། ཤིང་སྡོང་ཆེན་པོ་ཞིང་ཁལ་གཅིག་གི་རྒྱ་ཡོད་པ། སྡོང་པོ་རང་བཞིན་གྱིས་འཁུ་བ་ཤིན་ཏུ་གཉན་པ་ཞིག་ཡོད་པ་ལ། ཉེ་གནས་ལ་ཞགས་པ་ཞིག་གཏད་ནས་ཤིང་འདི་ལ་གཞི་བདག་སྦྲུལ་དཀར་ནག་གཉིས་ཡོད་ཀྱིས་བཟུང་ཞིག་ཟེར་ནས། མ་ཐོག་པ་རང་གིས་ཕྲག་པ་ཕུད་དེ་ཤིང་སྡོང་ལ་སྟ་གྲི་རྒྱབ་པས་ཁྲག་ནུ་རུ་རུ་བྱུང་བའི། ཤིང་དེ་ལས་ཁོ་རང་གི་ལྷ་ཁང་འབྱོངས་ཤིང་། ཤིང་ཕུང་ཀ་བ་བདུན་བླ་མ་ཟུར་ཆུང་པར་ཕུལ། སྤེན་མའི་ཀ་བ་གཅིག་ལུས་ནས་གཙང་པོ་ལ་དྲངས་པས། རྔ་མོ་འཕྲང་དུ་ཞག་ལྔ་ཆུ་ལ་བྱིང་ནས་མ་ཐོན། དེར་གྲྭ་པ་རྣམས་ཀྱིས་བླ་མ་ཟུར་ཆུང་དྲུང་དུ་འོངས་ཏེ་ཀ་བ་ལེགས་པོ་ཞིག་ཡོད་ཀྱང་ཆུ་ལ་བྱིང་ནས་མ་ཐོན་ཞུས་པས། འདིར་མཁའ་འགྲོ་ལྷ་ཁང་བཞེངས་ན་སྙིགས་དུས་འགྲོ་ལ་ཕན་ཐོགས་རྒྱ་ཆེར་འདུག་པ། སྤྱིར་སྡེ་བརྒྱད་ཀྱི་ཕྲག་དོག་བྱེད། དགོངས་རྔ་མོ་འཕྲང་གི་གཞི་བདག་གིས་ཕྲག་དོག་བྱེད་པར་འདུག་པས། ཁྱེད་རང་གཉིས་གཏོར་མ་དཀར་དམར་འདི་གཉིས་ཁྱེར་ལ་དཀར་གཏོར་འདི་བྲག་ཐོག་ཏུ་སྤུངས། དམར་གཏོར་འདི་མཚོ་ལ་རྒྱོབ་ལ། འོ་ཀ་བ་འདི་བླ་མ་ཟུར་ཆུང་པའི་ཡིན་པས། ཁྱེད་རང་ད་ལྟ་སྐྱེལ་ན་སྐྱོལ་ཅིག་གྱིས་ལ་ཕྱི་མིག་མ་བལྟ་བར་ལོག་ཤོག་གསུངས། ཁོང་གཉིས་ཀྱིས་དེ་བཞིན་བྱས་པས་ཤིང་ཡང་ཐོན་ཏེ་གཙུག་ལག་ཁང་གི་ཤིང་སྒྲིག་རྣམས་ལེགས་པར་གྲུབ། དཔོན་སློབ་རྣམས་ཚ་བ་གསོལ་རིང་བཟོ་བོས་རྒྱ་མཐོངས་ཁེལ་བས་སྤྲུལ་པའི་བཟོ་བོར་གྲགས། དེར་རྟེན་ལྷ་ཁང་གྲུབ་ནས་བརྟེན་པ་ལྷ་སངས་རྒྱས་ཞེ་གཉིས་ཀྱི་སྐུ་བཞེངས། གོང་གི་ཙན་དན་སྡོང་པོ་དེའི་རྩར་ཚོགས་བདག་ལེགས་ལྡན་གྱི་སྐུ་ཡང་བཞེངས་ཤིང་། རབ་གནས་ཟིན་པའི་དུས་བླ་མས་མགོན་པོའི་སྐུ་ལ་ཕོད་ཀའི་མཐུ་བ་ལན་གསུམ་རྒྱབ་ནས་ཁྱོད་སངས་རྒྱས་ཀྱི་བསྟན་པ་ཨེ་སྲུང་གསུངས་པས། དབུ་གུག་གུག་ལན་གསུམ་བྱུང་། དཀོན་ཅོག་གི་དབུ་འཕང་ཨེ་བསྟོད་གསུངས་པས། ཞལ་བཞད་ཁྱད་པར་ལྷ་རྗེ་ཟུར་ཆུང་པའི་རྒྱུད་འཛིན་གྱི་གདོང་གྲོགས་བགྱིད་དམ་གསུངས་པས། ཇི་ལྟར་བཀའ་བགོ་བ་བཞིན་དུ་བགྱིད་ཅེས་གསུང་བྱོན་ནོ། །དེར་ཉེ་གནས་མོས་གུས་ཆེན་པོ་སྐྱེས་ཏེ་དེའི་རྒྱུ་མཚན་ཞུས་པས། ཁོ་བོ་ནི་ཧེ་རུ་ཀཿདངོས་ཡིན་པས་ཆོས་སྐྱོང་མགོན་པོ་ལས་ལ་བསྐུལ་བ་ཡིན་གསུངས། དེ་ལྟར་སྒྲོ་ཕུག་མཁའ་འགྲོ་ལྷ་ཁང་བཞེངས་ཚུལ་ཡང་། དབང་བྱང་ལས། བཤོས་ལྷག་ཙན་དན་སྡོང་པོར་སངས་རྒྱས་འཁྲུངས། ཞེས་བསྡུས་དོན་གྱི་སྒོ་ནས་གསུངས་སོ། །དེ་ནས་སླར་ཡང་བྲག་རྒྱ་བོར་བྱོན་ཏེ་ཟད་པར་གྱི་ཏིང་ངེ་འཛིན་ལ་མངའ་བརྙེས་པའི་རྟགས་སུ་ཆུ་སྒོམ་པས་བྲག་ལས་ཆུ་རང་བབས་སུ་བརྡོལ། རླུང་བསྒོམས་པས་རླུང་ལ་རང་དབང་ཐོབ་སྟེ་སྔ་དྲོ་འུག་པ་ལུང་དུ་སྔ་ཆོས། མཁའ་འགྲོ་ལྷ་ཁང་སྒྲོ་ཕུག་ཏུ་གུང་ཆོས། བྲག་རྒྱ་བོར་ཕྱི་ཆོས་ལ་ཕེབས་པ་མཛད་དེར་བཤད་སྒྲུབ་ཀྱི་གྲྭ་ཆེན་པོ་བསྐྱངས། བུ་སློབ་མང་དུ་འདུས་པའི་ཀ་བ་བཞི་ནི་གོང་དུ་བཤད་པ་ལྟར་ལ། གདུང་མ་བརྒྱད་ནི་གནུབས་སྟོན་གཔ་མ། མ་ཐོག་པ། སྐུ་སྟོན་ཆོས་སེང་། དབུས་པས་མཐོ་རང་རྩེ་ཁྲམ་བྱང་དཔལ། བྱང་པ་ཟླ་གྲགས། རྩགས་བླ་མ། །གླན་ཉ་རྩལ་བའོ། །སྒོམ་ཆེན་གཉིས་ནི་འབའ་སྒོམ་དགེ་མ། བོན་སྒོམ་ངོ་བོ། གཞན་ཡང་ཕྱམ་རྩ་བཅོ་བརྒྱད། ཕྱམ་ཕྲན་སུམ་ཅུ་སོ་གཉིས། དྲལ་མ་བརྒྱ་རྩ་བརྒྱད། ཡུས་པ་ཆེ་མི་གསུམ། སྟ་ཀུར་མི་གཉིས་ལ་སོགས་པ་བྱུང་སྟེ་འཆད་ཉན་གྱི་དུས་དཔེ་འགྲིམས་ཁྲི་ཕྲག་ལྷག་ཙམ་བྱུང་བར་གྲགས་ཏེ་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །དེ་ལྟར་བླ་མ་ཟུར་ཆུང་པ་དེ་ཉིད་ལུགས་གཉིས་ནས་སྐུ་བསོད་བརྡོལ་བ་ལྟར་སོང་བས་བོད་ཀྱི་སྔགས་པ་ཚོགས་ཚད་ཀྱིས་ཕྱག་མི་བྱེད་པ་མེད་ཅིང་གྲལ་འགོར་སུ་ཡང་མི་འགྲོ་བ། དགེ་བཤེས་འགོས་ཁུག་པ་ལྷས་བཙས་ཞེས་བྱ་བ་སྔགས་གསར་མའི་ལོ་ཙཱ་བ་ཆེན་པོ་སྔོན་བླ་མ་ཟུར་ཆེན་གྱི་དྲུང་དུ་རྟ་ནག་པའི་འབྲོག་པ་གཡུ་དང་ཟངས་ཁྱེར་ནས་ཡོངས་མཁན་དེ་ཡིན་པས་ཆོས་མ་གནང་བའི་སྙིང་ནད་ཀྱིས་ཕྱིས་རྙིང་མར་འབྱམས་ཡིག་མང་དུ་བཏོང་བ་པོ་དེ་ཉིད་ཀུན་སློང་ཕྲག་དོག་གི་དབང་གིས། རང་རེ་གསར་མ་བ་རྣམས་ཟུར་ཆུང་བ་ཁོ་ལ་ཕྱག་འཚལ་དོན་ཡང་མེད། གྲལ་གཤམ་དུ་སྡོད་དོན་ཡང་མེད་པས་ངེད་རང་ཚོ་ཁྲིམས་གྱིས་ཤིག་ཟེར་ཁྲིམས་བཅས་སོ། །ནམ་ཞིག་ན་ཤངས་སུ་སྟོན་མོ་ཆེན་པོ་ཞིག་བྱུང་བའི་ཚེ་དགེ་བཤེས་དང་སྔགས་པ་ཐམས་ཅད་ཚོགས་ནས། བླ་མ་ཟུར་ཆུང་པ་གྲྭ་ལ་འགོར་བཞུགས་པའི་སྤྱན་སྔར་དགེ་བཤེས་འགོས་རང་བྱོན་ནས་ཕྱག་འཚལ་གྱིན་འདུག་གོ། །སྟོན་མོ་གྱེས་པའི་ཚེ་ཁོ་རང་གི་གྲྭ་པ་རྣམས་ཀྱིས་འགོས་ལ། ཟུར་ཆུང་པར་ཕྱག་མི་འཚལ་ཁྲིམས་བཅས་ནས་ཁྱེད་རང་ཕྱག་མཛད་པ་ཅི་ལགས་ཞུས་པས། ཁོང་གི་དྲུང་དུ་ཕྱིན་ཙ་ན་བཅོམ་ལྡན་འདས་དཔལ་ཆེན་པོའམ་དེ་འདི་ཁ་ཡིན་པར་འདུག་སྙམས་པ་ལས་མིའི་འདུ་ཤེས་མི་སྐྱེ་བར་འདུག་གསུངས་སོ། །དེ་ཡང་འདི་དང་དུས་མཚུངས་སུ་ལོ་ཙཱ་བ་རིན་ཅེན་བཟང་པོ། འབྲོག་མི་ལོ་ཙཱ། ལྷོ་བྲག་མར་པ་ལོ་ཙཱ། འགོས་ལོ་སོགས་རིམ་པར་བྱུང་བར་གྲགས་ཤིང་། སྐབས་འདིར་ས་སྐྱ་ཞབས་དྲུང་ཨ་མི་ལགས་ཀྱིས་མཛད་པའི་ལམ་འབྲས་ཆོས་འབྱུང་ལེགས་བཤད་འདུས་པའི་རྒྱ་མཚོ་ཞེས་བྱ་བར། འབྲོག་མའི་རྒྱ་གར་དུ་འབྱོན་པའི་རྒྱུ་མཚན་བསླབ་པ་གསུམ་ལ་དགྲ་དར་ཚུལ་གྱི་ལོ་རྒྱུས་འདི་ལྟར་བཀོད་དེ། ཉང་སྟོད་དུ་ཤེའུ་སྟོན་པ་བྱང་འབར་གྱིས་ཨ་མན་སི་འདོད་ལོག་ལམ་དུ་འཁྱེར་བས་ཚེ་འདི་ལ་འཚང་རྒྱ་བ་ཡིན་བྱས་པས་ལྷག་པ་ཚུལ་ཁྲིམས་ལ་དགྲ་དར། ཉང་སྨད་དུ་ཟུར་ཆུང་ཤེས་རབ་གྲགས་པས་རྫོགས་ཆེན་བྱས་ཤེས་ཀྱི་སངས་རྒྱས་ཡིད་ལ་བྱེད་པ་ཡིན། རྣམ་རྟོག་འཁོར་བ་ཡིན་བཟླས་པས་ཏིང་ངེ་འཛིན་ལ་དགྲ་དར། དབུ་རུ་བྱང་དུ་དགེ་བཤེས་སྟོན་པས་བཀའ་གདམས་བཤད་ཉན་ངལ་བ་དོན་མེད་ཡིན། སོ་སོར་ཐར་པའི་སྡོམ་པ་བསྲུང་ཞིང་ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡི་དམ་རེ་བསྒྲུབས་པས་དུས་ཚོད་གཅིག་ལ་ཡི་དམ་གྱིས་སྒྲོ་འདོགས་ཐམས་ཅད་ཆོད་པར་འགྱུར་ཞེས་བྱ་བས་ལྷག་པ་ཤེས་རབ་ལ་དགྲ་དར། ཞང་མཚལ་མིན་པས་བླ་མ་ལ་ལུས་སྲོག་ཕུལ་ནས་འཁྲུག་པ་བྱས་པས་འཚང་རྒྱ་བཟླས་པས་བསླབ་པ་གསུམ་ག་ལ་དགྲ་དར། ཞེས་སོགས་འདུག་པས། ཤེའུ་སྟོན་པའི་སློབ་བརྒྱུད་གྲགས་ཆེ་བ་མེད་འདྲ་ཞིང་། ཟུར་ཆུང་པ་རྙིང་མ་བཀའ་མའི་ཕྱོགས། དགེ་བཤེས་སྟོན་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་བཀའ་གདམས་ཀྱི་ཆུ་འགོ། ཞང་མཚལ་མིན་པ་ཞེས་པ་ཐུགས་ཀྱི་ཞེ་འདོད་ཞང་ཚལ་པ་བླ་མ་ཞང་རིན་པོ་ཆེར་གསུང་རྒྱུ་ཡིན་འདུག་ཀྱང་མཚལ་མིན་ཞེས་པ་ཡི་གེ་ནོར་བ་ཡིན་ནམ་ཧ་ཅང་འཇུ་ཆེན་པོ་ཞིག་མ་བྱུང་འདྲ་བས། ཞང་མཚལ་པ་ནི་ཚལ་པ་བཀའ་བརྒྱུད་ལ་ཟེར། དེར་མི་འདུ་བའི་མཚལ་མིན་ཞེས་ད་ལྟ་དོལ་མཚལ་མིན་པར་གྲགས་པ་ཡིན་ཚུལ་སོགས་རྒྱལ་རབ་ཆོས་འབྱུང་རྣམས་སུ་བཤད། དོན་བསྡུར ། འབྲོམ་སྟོན་གྱི་ལྷག་པ་ཤེས་རབ་ཀྱི་བསླབ་པ་ལ་གནོད་པ་ལ་བཀའ་གདམས་པ་གསར་རྙིང་ཚོ་ནས་ཞུ་བ་འབུལ་ཡོང་བ་གཞིར་བཅས་ཤིང་། བླ་མ་ཞང་གིས་བསླབ་པ་གསུམ་ག་ལ་གནོད་པ་ཡང་དེ་མཚུངས་སུ་བཀའ་བརྒྱུད་པ་རྣམས་ཀྱི་ལན་འབུལ་བ་གཞིར་བཅས་མོད། ངེད་སྔ་འགྱུར་བ་རྣམས་ཀྱི་ཟུར་ཆུང་པས་ལྷག་པ་ཏིང་ངེ་འཛིན་ལ་གནོད་པ་མ་བསྐྱལ་ཚུལ་མགོ་ཐོག་ཁ་བ་སྤྲུག་པ་སྐབས་སུ་བབ་པར་སྣང་བས། དེ་ཡང་རྫོགས་ཆེན་བྱས་ཤེས་ཀྱི་སངས་རྒྱས་ཡིད་ལ་བྱེད་པ་ཡིན། རྣམ་རྟོག་འཁོར་བ་ཡིན་ཞེས་པའི་ཚིག་ཟུར་ཆུང་པའི་གསུང་རབ་ཏུ་འདུག་པ་རང་ལུགས་ལ་མ་གྲགས་ཀྱང་། ཚིག་དེ་ལ་སྐྱོན་ཆགས་པ་ཞིག་ཀྱང་མི་འདུག་པས་བསྒྲུབ་ཏུ་རུང་སྟེ། སངས་རྒྱས་ཡིད་ལ་བྱེད་པ་མདོ་སྔགས་ཀུན་གྱི་ལམ་སྲོལ་ཡིན་པས། རང་རང་གི་སྒྲུབ་བྱའི་འབྲས་བུ་དེ་ཉིད་ཡིད་ལ་བྱེད་ཅིང་ལམ་མ་བསྒྲུབས་ན་འབྲས་བུ་ཅི་ལ་འབྱུང་། ཐོས་བསམ་སྒོམ་གསུམ་གྱི་བསམ་པ་དེ་ཡང་ཡིད་ལ་བྱེད་པ་མ་ཡིན་ནམ། གཞན་ཡང་འཆང་བ་དང་། ཀློག་པ་དང་། ཁ་ཏོན་དང་། ཡིད་ལ་བྱ་བ་དང་ཞེས་བྱ་བ་དེ་ཡང་ཇི་ལྟར་ཡིན། ཡིད་ལ་བྱར་མི་རུང་ན་བསམ་གཏན་ཡང་གང་གིས་བསྒྲུབ་པར་འགྱུར། ཐ་མལ་གྱི་རྣམ་རྟོག་འཁོར་བ་ཡིན་པ་གཞིར་བཅས་ཏེ། དེ་ལྟར་མིན་ན་དཔལ་ལྡན་ས་སྐྱ་པ་རྣམས་དྭགས་པོ་བཀའ་བརྒྱུད་ཀྱི་རྣམ་རྟོག་ཆོས་སྐུ་ལ་ཡང་བཀའ་སྐྱོན་མཛད་མི་རིགས་པར་སྣང་། འདི་དག་ལ་ལུང་སྦྱོར་འདྲ་དུ་མ་འདུག་ཀྱང་བྲིར་མ་ལང་བས་འབྲུ་གནོན་དེས་འཐུས་པ་འདྲ། ཡང་ཆོས་འབྱུང་དེ་ཉིད་ལས། འབྲོག་མི་རྒྱ་གར་དུ་འབྱོན་པའི་རྐྱེན་དེ་ལྟར་ཡིན་ཚུལ་བྲིས་ནས། འོག་ཏུ་འབྲོག་མའི་རྒྱ་གར་ནས་འཁོར་ནས་འཆད་ཉན་མཛད་དེ་སློབ་མ་བསྐྲུན་ཚུལ་གྱི་སྐབས་སུ་རྒྱུད་ཚུལ་གྱི་སློབ་མ་བཤད་པའི་ཚེ་ཡང་། ལྔ་པ་ནི་ཉ་རི་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱིས་ཀྱང་གཟི་དང་གཡུ། ཟ་འོག་གི་གདན་གང་བ་ཞིག་ཕུལ་ནས་ཆོས་ཞུས་པས་ལོ་བཞི་ལ། རྒྱུད་གསུམ་ཆ་ལག་དང་བཅས་པ་མཁྱེན་ཞིང་། ཁྱད་པར་དུ་གུར་ལ་མཁས་པར་གྱུར་ནས་ཆོས་གསུངས་པས་གྲྭ་པའང་བརྒྱ་ལྷག་རེ་བྱུང་ཞིང་། ཉ་རིར་རྒྱུད་ཀྱི་བཤད་པ་འཛུགས་པར་བཞེད་པ་ལ་ཁོང་གི་བུ་ཆེན་རྩེ་མོ་གཉིས། རྩེ་ལྐོག་གསུམ། ཀ་བ་བཞི། གདུང་མ་བརྒྱད། དྲལ་མ་སུམ་ཅུ་སོ་གཉིས། ནག་པོ་ཆེན་པོ་བཞི། བྱ་བ་རྣམས་འདུས་ནས་འབུལ་བ་མང་པོ་ཕུལ་ནས་གསང་སྔགས་སྔ་འགྱུར་གྱི་བསྟན་པ་མི་བཤིག་པར་ཞུ་ཟེར་བས་བཤད་མ་ནུས་པར་དེ་ལས་འཕེལ་བ་ནི་ཆེར་མ་བྱུང་ལ། འོན་ཀྱང་འབྲོག་མའི་སློབ་མ་གྲགས་ཆེ་བ་ཞིག་ཡིན་ནོ། །ཞེས་གསུངས་པ་ནི། འཇིག་རྟེན་ཁ་དཔེར་དགོས་པ་རྡོ་རྗེ་དང་མི་དགོས་རྡོ་འབྱོང་ཟེར་བ་ཁོ་ན་བཞིན་བྱུང་འདུག་པས། ཟུར་ཆུང་པ་ལྷག་པ་ཏིང་ངེ་འཛིན་གྱིས་བསྟན་དགྲ་ཡིན་ལ། དེའི་བླ་མ་ཟུར་པོ་ཆེ་རྒྱུད་ལ་མཁས་པའི་སློབ་མར་མཛད་པ་ནི་ཤིན་ཏུ་མི་རིགས་པ་ཞིག་བྱུང་འདུག་ཅིང་། ཟུར་ཆུང་པ་ཟུར་པོ་ཆེའི་སྐུ་ཚ་ཡིན་པས་རྙིང་མའི་ལོ་རྒྱུས་འདི་རྣམས་ལ་ཏིག་ཏིག་མེད་དགོངས་འོལ་ཚོད་གནགས་པའི་སྐྱོན་བྱུང་འདྲ་བས། འབྲོག་མི་རྒྱ་གར་དུ་འབྱོན་གདོང་ཐོག་མར་སྐུ་ཚ་བྱུང་། རྒྱ་གར་དུ་ཡུན་རིང་བཞུགས་མཁས་གྲུབ་ཏུ་གྱུར་ནས། ཕྱིས་བོད་དུ་བྱོན་ནས་གདུལ་བྱ་སྐྱོང་སྐབས་ཟུར་ཆུང་པའི་ཁུ་པོ་ཟུར་པོ་ཆེ་བྱུང་བ་འདྲ་ཞིག་གིས་ཟུར་ཁུ་ཚན་གཉིས་སྔ་ཕྱི་འཛོལ་བའི་སྐྱོན་ཡང་སྣང་། བླ་མ་ཟུར་པོ་ཆེ་ལ་ཕྱོགས་རིས་མི་མངའ་བས་འབྲོག་མའི་སློབ་མ་ཡིན་ཚུལ་ཟུར་གྱི་རྣམ་ཐར་དུ་ཡང་གསལ་ལ། ལམ་འབྲས་ཀྱི་ལོ་རྒྱུས་ངོ་མཚར་སྣང་བ་སོགས་སྔ་ཕྱི་ཐམས་ཅད་དུ་འབྱུང་ཞིང་དོན་ལ་གནས། འོན་ཀྱང་། བླ་མ་ཆེན་པོའི་བཀའ་དྲིན་གྱིས། །ཨ་བོའི་སེམས་ཕྱོགས་ནོར་དུ་ཐལ། །ཞེས་གསུངས་པ་ལམ་འབྲས་བ་རྣམས་ཀྱི་ཐུགས་ལ་ལམ་འབྲས་ཀྱི་ཆེ་བར་སོང་བ་འདྲ་ཞིག་འདུག་ཀྱང་། སྔ་འགྱུར་གྱི་ལོ་རྒྱུས་དང་ཚིག་དོན་ཁོ་རང་གི་ཐད་དུ། ལམ་འབྲས་ཀྱི་ཆོས་ཀྱིས་རྫོགས་ཆེན་ལ་ཟབ་ཁྱད་ཐོན་ཅིང་ངེས་ཤེས་རྙེད་པས་ཆོས་གཞན་ལ་འགྲམ་ཆུ་མི་ལྡང་བར་རྫོགས་ཆེན་ནོར་བུ་རིན་པོ་ཆེ་ལྟ་བུར་སོང་བ་ཡིན་པས་ལོ་རྒྱུས་དེ་ཡང་ལམ་འབྲས་ཀྱི་ཞབས་འདེགས་སུ་འགྲོ་དཀའ་བ་ཞིག་འདུག །དེ་ལྟར་ཁུ་བོ་ཟུར་ཆེན་འབྲོག་མའི་སློབ་མ་ཡིན་ལ་སྐུ་ཚ་ཟུར་ཆུང་པས་ཟུར་ཆེན་གྱི་གདན་ས་མཛད་དེ་འཆད་ཉན་ཕྱིས་མཛད་པ་ཡིན་པས། འབྲོག་མི་རྒྱ་གར་དུ་འབྱོན་སྐབས་ཟུར་ཆུང་པས་ལྷག་པ་ཏིང་ངེ་འཛིན་ལ་དགྲ་བྱེད་དོན་མི་འདུག་པས་ལོ་རྒྱུས་འདི་ཚོ་དུས་མི་འཚུངས་པའི་འདྲ་མིན་ཀུན་འདུས་ལས་ཁུངས་ཆེ་བར་མི་སེམས། ཟུར་ཆུང་པའི་སློབ་མའི་གྲངས་ལ་སྔ་འགྱུར་དང་མ་མཐུན་ཡང་ཐུགས་རྒྱུས་མི་མངའ་འདྲ་བས་ཅི་ཞུ་ཞིང་། ལོ་རྒྱུས་གཞན་རྣམས་ཀྱང་དེ་འདྲའི་མཆེད་ཟླ་ཡིན་དོགས་འདུག །དེ་བཞིན་དུ་རྙིང་མའི་རྒྱུད་ཁུངས་རྒྱལ་པོ་ཛཿལ་ཆོས་ཆར་བབས་ཏེ། གསང་བདག་གི་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པ་དེ་ཡང་མི་འཐད་ཚུལ་བཤད་པ་དང་། ཤེས་བྱེད་དུ། གསང་སྔགས་རང་ཉིད་ལེན་པ་ནི། །ལུས་ཅན་དམྱལ་བ་འབའ་ཞིག་ཏུ། །ཞེས་དྲངས་པ་དང་། སློབ་དཔོན་ཀུ་ཀུ་ར་ཛ་དང་ཀུ་ཀུ་རི་བ་ནོར་བ་སོགས་དུ་མ་འདུག་པས། གསང་བའི་བདག་པོས་རྒྱལ་པོ་ཛཿལ་ཞལ་བསྟན་ཅིང་དབང་བསྐུར་བས་བླ་མའི་གོ་མི་ཆོད་པར་བླ་མའི་རྣལ་པ་ཞིག་རང་ངེས་པར་དགོས་ན་རྣལ་འབྱོར་དབང་ཕྱུག་གིས་བདག་མེད་མའི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་གསན་པ་དེ་ཡང་བཀག་རིགས་པ་དང་། དེ་ལྟར་མིན་ན་རྒྱལ་པོ་ཛཿས་གསང་བདག་གི་ཞལ་མཐོང་ཞིང་ངེས་དོན་གྱི་བསྟན་པ་དང་ཐེག་པ་ཐམས་ཅད་རྫོགས་པའི་དབང་བསྐུར་བ་ཡིན་པས། གསང་སྔགས་རང་ཉིད་ཀྱིས་བླངས་པའི་སྐྱོན་ཡང་འཇུག་པར་མི་ནུས་ཤིང་། ཀླན་ཀ་འདི་ལྟར་བྱུང་གི་དོགས་ནས་ཀུ་ཀུ་རཱ་ཛ་ལ་དྲི་བ་མཛད་ཚུལ་སོགས་ཡོད་པས་ལོ་རྒྱུས་ཞིབ་ཏུ་མ་གཟིགས་པའི་སྐྱོན་དུ་སྣང་། ཀུ་ཀུ་རི་པ་དང་ཀུ་ཀུ་རཱ་ཛ་ནོར་བ་ནི་ཕྱོགས་འདིར་གཟིགས་པ་ཆུང་བ་ལས་དེ་ཙམ་དེ་ཙམ་གྱི་སྐྱོན་དུ་མི་འགྱུར་པ་དང་། ལམ་འབྲས་ཆོས་འབྱུང་འདིའི་སྟོད་ཀྱི་མཛད་པ་བཅུ་གཉིས་དེར་ཡང་ལོ་རྒྱུས་གསུང་རབས་སྤྱི་དང་མི་མཐུན་པ་འགའ་རེ་འདུག་ཅིང་། དེར་མ་ཟད་སྟོད་སྨད་བར་གསུམ་དུ་སྔ་ཕྱི་མི་འགྲིག་པའི་སྐྱོན་འགའ་ཞིག་དང་། དེ་བཞིན་དུ་མགོན་པོ་ཆོས་འབྱུང་དུ་ཡང་རྗེས་འཇུག་རྣམས་དག་སྣང་འགོག་ཐབས་གཞན་ཟེར་ཚིག་གི་འཁར་ཙམ་ལ་བརྟེན་པའི་ལོ་རྒྱུས་དགོང་བྲོ་བ་ཁ་ཤས་འདུག་པ་ཞུ་ལན་ཅུང་ཟད་འབུལ་བར་སྤྲོ་ན་ཡང་། ས་སྐྱ་བ་འདི་ཉིད་ཡབ་སྲས་ལ་ཁོ་བོས་ཆོས་ཉན་ཅིང་ལམ་འབྲས་སོགས་ཀྱི་བརྒྱུད་པར་བཞུགས་པས་གསུངས་ལ་དགག་སྒྲུབ་བྱ་བའི་ཡུལ་དུ་མ་གྱུར་བས་དེ་ཙམ་ལས་མ་སྤྲོས་ཤིང་། བབས་མཁས་པ་ཆེན་པོའི་བསྟན་བཅོས་ཀྱི་རིགས་རྣམས་ལེགས་པར་བརྟགས་ཤིང་མ་མཛད་ན་བརྒལ་ལན་གྱི་མེ་དཔུང་ཕྱོགས་ཀུན་ནས་འབར་ཞིང་། མོས་གུས་ཀྱི་ལྗོན་ཤིང་བསྲེག་པའི་རྒྱུར་འདུག་པས་བག་དང་ལྡན་པར་མཛད་པར་རིགས་སོ། །དེ་ལྟར་བླ་མ་ཟུར་ཆུང་པ་དེ་ཉིད་ཀྱིས་འཆད་ཉན་སྐྱོང་བའི་ཚེ་བུ་སློབ་རྣམས་ཀྱིས་རིགས་སྲས་འཇོག་དགོས་པར་གསོལ་བ་བཏབ་པས། གཞན་དོན་དུ་འགྱུར་ཞིང་འོད་གསལ་ལྷ་རིགས་ཟུར་གྱི་གདུང་མི་ཆད་པར་བྱ་བའི་ཕྱིར་ཁབ་ཏུ་རྩགས་མོ་དྷརྨཱ་བྷོ་དྷི་བཞེས་པ་ལ་ཇོ་བཙུན་རྡོ་རྗེ་འབར་དང་ཇོ་སྲས་མོ་ཤཱཀྱ་ལྕམ་གཉིས་འཁྲུངས་ཤིང་། ཇོ་སྲས་མོ་མདའ་མོ་གཙུག་ཏོར་ལྕམ་ལ་གསང་བདག་སྒྲོ་ཕུག་པ་འཁྲུངས་པའི་རྣམ་ཐར་འོག་ཏུ་འཆད། དེ་ལྟར་གསང་ཆེན་རྙིང་མའི་བཤད་བསྒྲུབ་དང་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་སྔ་འགྱུར་ཆོས་ཀྱི་རིང་ལུགས་རྒྱ་ཆེར་སྤེལ་ནས་ཞིང་འདིའི་གདུལ་བྱ་རྣམས་རེ་ཞིག་རྫོགས་པར་དགོངས་ཏེ། རྟག་འཛིན་ཅན་རྣམས་སུན་དབྱུང་ཞིང་ལེ་ལོ་ཅན་ཆོས་ལ་བསྐུལ་བའི་ཕྱིར་དགུང་ལོ་དྲུག་ཅུ་རེ་བརྒྱད་ལ་རིགས་སྲས་སྒྲོ་ཕུག་པ་ཤཱཀྱ་སེང་གེའི་དོན་དུ་བསམ་གཏན་མིག་སྒྲོན་གྱི་དགོངས་པ་ཀློང་རྡོལ་ལ་མདོ་རྒྱུད་ཀུན་གྱི་བཅུད་འདུས་པ། ཞལ་གྱི་གདམས་པ་བརྒྱད་ཅུ་པ། སྟོད་འདུས་པ་མདོ་ཕྱོགས་དང་མཐུན་པ། བར་སྒྱུ་འཕྲུལ་དང་མཐུན་པ། སྨད་སེམས་ཕྱོགས་དང་མཐུན་པ་ཞལ་ཆེམས་སུ་བྲིས་ནས་བཞག་སྟེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །འདི་ལ་ལོ་རྒྱུས་འགའ་རེར་དྲུག་ཅུ་རེ་གཅིག་ལ་གཤེགས་པར་བཞེད་ཀྱང་ཁུངས་བཙུན་པ་རྣམས་ལས་རེ་བརྒྱད་པ་ཁོ་ན་འབྱུང་ངོ་། །དེའི་ཚེ་བྲག་རྒྱ་བོར་པུར་བཞུ་བས་ནམ་མཁའ་ལ་སྒྲ་འོད་དང་། བར་སྣང་ལ་ལྷའི་གདུགས་རྒྱལ་མཚན་སོགས་ཀྱིས་རྣམ་པ་དང་མེ་ཏོག་གི་ཆར་གྱིས་ཁེངས། ས་གཞིར་མི་མ་ཡིན་མང་པོས་མཆོད་པ་འབུལ་བ་དངོས་སུ་བྱུང་ཞིང་གདུགས་དང་རིང་བསྲེལ་གྲངས་མེད་པ་བྱོན། པུར་བཞུ་བའི་བྲག་ལ་དུད་རིས་ཀྱི་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་སྒོ་རེའི་ནང་ན་ལྷ་སྐུ་རེ་བཞུགས་པར་གསལ་བར་བྱོན་ཞིང་། དེའི་ཚེ་ལས་དག་པ་འགའ་ཞིག་གི་ངོར་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་ཏེ་རིག་འཛིན་གྱི་ས་ལ་གཤེགས་པར་མཐོང་ངོ་། །དེ་ལྟར་བླ་མ་ཟུར་ཆུང་པ་ཤེས་རབ་གྲགས་ཀྱིས་འདུས་པ་མདོའི་དབང་ཀ་བ་བཞི་པོ་ལ་གསུངས་ཚུལ། དབང་ཡོན་གསང་མཚན་སོགས་ཟུར་ཆུང་བའི་རྣམ་ཐར་གྱིས་ཤུགས་ལ་བསྟན་པ་ཡིན་ལ། ཀ་བ་བཞིས་ལྷ་རྗེ་སྒྲོ་ཕུག་པ་ཆེན་པོ་ལ་གསུངས་པ་ཡིན་ཏེ། འདིའི་རྣམ་ཐར་ཅུང་ཟད་བརྗོད་ན། འཁྲུངས་ཡུལ་ནི་སྒྲོ་ཕུག །ཡབ་བླ་མ་ཟུར་ཆུང་ཤེས་རབ་གྲགས། ཡུམ་མདའ་མོ་གཙུག་ཏོར་ལྕམ་ཡིན་ཏེ། དེ་ཡང་བླ་མའི་ཁབ་བཞེས་ཀྱི་བཙུན་མོ་ཇོ་བཙུན་རྡོ་རྗེ་འབར་ཡིན་ཡང་གཙུག་ཏོར་ལྕམ་ལ་སྤྲུལ་སྐུའི་ལས་འབྲེལ་ཡོད་པར་དགོངས་ཏེ་ཞལ་སློབ་ཀ་བ་བཞིའི་ནང་ཚན་འཕྲིན་སྒྲུབ་ཀྱི་ཀ་བ་མདའ་ཏིག་ཆོས་ཤཱཀ་ལ་བླ་མ་ཟུར་ཆུང་པས། དོ་ནུབ་ཁྱོད་ཀྱི་སྲིང་མོ་འདི་ང་ལ་སྤྲོད་ཅིག་གསུངས་པས། བཀའ་བཞིན་བསྒྲུབས་ཏེ་འབུལ་བར་མདའ་ཏིག་རང་འབྱོན་པ་ངོ་ཚ་ནས་བརྡ་ཐབས་སུ་དྲིལ་བུ་ཞིག་གི་ནང་དུ་རྡོ་རྗེ་ཞིག་བཅུག་ནས་སྲིང་མོ་ལ་འདི་མི་གཞན་མ་བརྒྱུད་པར་བླ་མ་ཟུར་ཆུང་པའི་ཕྱག་ཏུ་ཕུལ་ཞིང་གསུངས་པ་ལྟར་བྱས་པས་རྟེན་འབྲེལ་འགྲིགས་ཏེ། ལྷ་རྗེ་སྒྲོ་ཕུག་པ་ཆེན་པོ་ལྷུམས་སུ་ཞུགས། འོན་ཀྱང་ཡུམ་དེ་ཇོ་མོ་ངོས་མ་མིན་པས་གྲྭ་པ་རྣམས་སྡང་ཞིང་ཐམས་ཅད་ཀྱི་གྲོས་མཐུན་དུ་འབུད་པར་གྲོས་བྱས་པས། སེམས་ཕྱོགས་ཀྱི་ཀ་བ་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ཀྱི་ཞལ་ནས། མདའ་མོ་གཙུག་ཏོར་ལྕམ་འདིའི་སྲིན་ལག་ལས་བསྟན་པའི་གཙོ་བོ་འཁྲུངས་པ་རྨིས། སྲས་ཤིག་བྱུང་ན་བསྟན་པ་ལ་ཕན་སྲིད་པས་ཞོག་གསུངས། སྒྱུ་འཕྲུལ་གྱི་ཀ་བ་ཆུ་བར་གྱི་གླན་ཤཱཀྱ་བཟང་པོས་ཇོ་མོའི་ལུས་ལ་སངས་རྒྱས་ཀྱི་སྐུ་ཐིམ་པ་རྨིས་པ་དང་། འཕྲིན་སྒྲུབ་ཀྱི་ཀ་བ་མདའ་ཏིག་ཇོ་ཤཱཀ་ལ་སྤྱི་གཙུག་ནས་གསེར་གྱིས་རྡོ་རྗེ་ཐིམ་པར་རྨིས། བླ་མ་ཟུར་ཆུང་པ་རང་ལ་ཇོ་མོའི་ལུས་ལ་ཕྱག་རྡོར་གྱི་སྐུ་ཞིག་ཐིམ་པ་སོགས་བྱུང་བས། དཔོན་སློབ་ཀུན་བཀའ་བགྲོས་ཏེ་ཡུམ་བདེ་བར་བཞག་པས་ཟླ་གྲངས་ཚང་བ་དང་སྐུ་བལྟམས་པའི་ཚེ་ཡབ་ཀྱི་ཞལ་ནས་ངའི་བུ་འདི་གསང་བདག་གིས་བྱིན་གྱིས་བརླབས་ཤིང་བསྟན་པའི་གཙོ་བོ་དང་ཚུལ་མཚུངས་པ་བསྟན་འགྲོ་ལ་ཕན་པ་ཞིག་འོང་གསུངས་ཏེ་མཚན་གསང་བདག་ཤཱཀྱ་སེང་གེར་བཏགས། ཡུམ་གྱི་ཞལ་ནས་ངའི་བུ་འདི་དགེ་བཤེས་མདའ་ཏིག་གི་ཚ་བོ་ཡིན་གོ་འཇིགས་པ། མིག་རྩ་གྲུང་བ་ཧོར་གྱི་མིག་འདྲ་བས་མདའ་ཚ་ཧོར་བར་ཐོགས་གསུངས། དེ་ལྟར་གསང་བདག་ཤཱཀྱ་སེང་གེའམ་མདའ་ཚ་ཧོར་པོར་གྲགས་ཤིང་། ཕྱིས་སྒྲོ་ཕུག་བཟུང་བས་གསང་བདག་སྒྲོ་ཕུག་པར་ཡང་གྲགས་སོ། །སྐུ་བལྟམས་ནས་ཟླ་བ་བརྒྱད་སོང་བ་དང་ཡབ་བླ་མ་ཟུར་ཆུང་དགོངས་པ་ཆོས་ཀྱི་དབྱིངས་སུ་གཞོལ་བས། ཡུམ་དང་ཞང་པོས་སྐྱོངས་ཏེ་མདའ་ཕུར་ལོ་བཅོ་ལྔ་བཞུགས་ཤིང་། དེ་ཡང་སྲས་ཀྱིས་འདྲི་ཀློག་མ་ཤེས་ཀྱི་བར་དུ་ཡུམ་གྱིས་ཡབ་ཟུར་ཆུང་པའི་ཕྱག་དཔེ་ལ་ལ་ཀོ་ལྡིང་བྱས་ཏེ་བཞག །ལ་ལ་སྒྲོམ་བུར་བཅུག་སྟེ་སྒོ་ལྕགས་རྒྱབ་སྟེ་སྦས། སྲས་ཀྱིས་དཔེ་ཆ་ངོ་ཤེས་པ་དང་དཔེ་ཆ་ཁུར་ཅིག་དང་། སྦྲགས་ཞང་པོ་མདའ་ཏིག་ཇོ་ཤཱཀ་ལ་སློབ་གཉེར་བྱེད་དུ་བཅུག་པས་ཡབ་ཆོས་སྒྲུབ་འཕྲིན་ཞུས། དེ་ནས་ཆུ་བར་དུ་གླན་ཤཱཀྱ་བཟང་པོའི་དྲུང་དུ་བྱོན་ནས་གསང་བ་སྒྱུ་འཕྲུལ་གྱི་སྐོར་རྣམས་ལེགས་པར་གསན། དགུང་ལོ་བཅུ་དགུ་པ་ལ་སྒྲོ་ཕུག་ཏུ་ཆེ་འདོན་མཛད་དེ་མདོ་སྒྱུ་འཕྲུལ་གཉིས་གསུངས། དེ་ནས་སྐུ་བསོད་རྒྱས་པའི་དབང་གིས་ཕྱོགས་གཞན་དུ་བཞུད་པའི་སྐབས་མ་བྱུང་བར་མཁས་གྲུབ་ཀྱི་བླ་མ་རྣམས་ཚུར་སྤྱན་དྲངས་ཤིང་ཆོས་གསན་ཅིང་ཐུགས་གཉེར་ཐམས་ཅད་རྫོགས་པར་མཛད་དེ། གཙོ་བོ་ཡབ་ཀྱི་སློབ་མ་ཀ་བ་བཞི་པོ་ལ་མདོ། སྒྱུ་འཕྲུལ། སེམས་ཕྱོགས་གསུམ་གྱི་མན་ངག་འཕྲིན་སྒྲུབ་ཕྱག་བཞེས་དང་བཅས་པ་རྫོགས་པར་གསན་པ་ནི། སེམས་ཕྱོགས་ཀྱི་ཀ་བ་སྐྱོ་སྟོན་ལ་སེམས་ཕྱོགས་མཐའ་དག་གསན། མདོའི་ཀ་བ་ཡང་ལ་འདུས་མདོའི་དབང་རྫོགས་པར་གསན་ནས། སྒྱུ་འཕྲུལ་གྱི་ཀ་བ་གློན་ལ་ཞི་ཁྲོ་སྒྱུ་འཕྲུལ་གྱི་སྐོར་མཐའ་དག་གསན། འཕྲིན་སྒྲུབ་ཀྱི་ཀ་བ་ཞང་པོ་མདའ་ཏིག་ལ་བདུད་རྩི་དང་འཕྲིན་སྒྲུབ་ཀྱི་སྐོར་གསན། བཀའ་ཚོམས་ནི་བཞི་གར་གསན། ཁྱད་པར་དུ་ཡང་འདུས་པ་མདོའི་དབང་བསྐུར་མན་ངག་དང་བཅས་པའི་བརྒྱུད་པའི་གཙོ་བོ་ཞང་པོ་ལྷ་རྗེ་མདའ་ཏིག་ལ་མདའ་ཕུར་གསན་ཅིང་། གླན་ལ་ལི་ཐུང་གསན་པའི་ཡོན་བླ་མ་གཉིས་ལ་གསུང་རབ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་སྣ་དྲངས་པའི་འབུལ་བ་མང་དུ་མཛད་ཅིང་ཐུགས་ཟིན་པར་མཛད་དེ། གསང་མཚན་རྡོ་རྗེ་འཇིགས་མེད་རྩལ་ལམ་དབང་ཕྱུག་རྫོགས་པ་རྩལ་དུ་གྲགས་ཏེ། མདོའི་དབང་བྱང་ལས། གསང་བདག་ཤཱཀྱ་སེང་གེ་དབང་ཕྱུག་རྫོགས་པ་རྩལ་ཞེས་གསུངས་པའི་ཕྱིར། གཞན་ཡང་གདུང་མ་བརྒྱད་ཀྱི་གྲས་ནས་མ་ཐོག་པ་དང་གླན་ཉ་རྩལ་བ་སོགས་ལ་ཡང་མང་དུ་གསན་ནོ། །དེ་ནས་ཉ་རི་སྒྲོ་ཕུག་ཏུ་ཕྱག་ཕབ་ནས་སྒྲུབ་པ་ཡུན་རིང་དུ་མཛད་པའི་དུས་སྐུའི་གཟི་མདངས་ཀྱིས་ཐམས་ཅད་ཟིལ་གྱིས་གནོན་པ་བྱུང་། དུས་དེར་རྒྱ་གར་དམ་པ་སངས་རྒྱས་དེང་རི་ན་བཞུགས་པ་དང་མཇལ་བར་དཔོན་སློབ་ལྔ་བྱོན་ནས། དེང་རི་ཕེབས་རྒྱུའི་ཉིན་མོ་རྗེ་དམ་པ་སངས་རྒྱས་ཀྱིས་དེ་རིང་ཕྱག་ན་རྡོ་རྗེ་འབྱོན་པར་ཡོད་དོ་བསུ་བ་གྱིས་ཤིག་གསུངས་དར་གདུགས་ལ་སོགས་པ་བཤམ་པས། ཉི་མ་སྒས་སུ་ཆ་ཙམ་ན་སྔགས་པ་དཔོན་སློབ་ལྔ་བྱུང་བས། གྲྭ་པ་རྣམས་ཀྱིས་དམ་པ་ལ་སྔགས་པ་ལྔ་འདུག་པ་དེ་ཡིན་ནམ་གཞན་ནི་ཅང་མི་གདའ་པས། དེ་པ་རང་ཡིན་ནོ་གསུངས་ཏེ་བསུ་བ་མཛད། དེར་གསང་བདག་ཤཱཀྱ་སེང་གེས་གྲྭ་པ་ཞིག་ལ་ཁྱོད་རང་བླ་མ་ཡིན་པ་སྐད་ཀྱིས་ལ་སྔོན་དུ་སོང་ནས་ཕྱག་ཕུལ་ཞིག་གསུངས་པ་ལ། དམ་པས་མཁྱེན་ཏེ། གསང་བདག་གི་མགུལ་ན་སྦ་བ་ཡོད་པ་ལ་གཟིགས་ཏེ། ཕྱག་ན་སྦ་བ་ཅན་གྱིས་དྲོངས། དཔོན་སློབ་ཀྱི་གོ་གྱ་མ་ལོག་ན་ལེགས་གསུངས། དེ་ནས་གསང་བདག་དཔོན་སློབ་ཀྱིས་དམ་པ་ལ་ཆོས་གསན་པ་སོགས་མཛད་ཅིང་། དམ་པས་ཀྱང་སྒྲོ་ཕུག་པ་སངས་རྒྱས་བསྟན་པའི་སྤྱི་དཔལ་ཆེན་པོར་ལུང་བསྟན་ནོ། །ཡང་ལན་ཅིག་སྒྲོ་ཕུག་པས་ལྷ་བྲིས་པ་ཞིག་ལ་ཕྱག་རྡོར་གྱི་སྐུ་འདྲི་བའི་བྲིས་བཀོད་ཀྱི་ཚེ། ཕྱག་ན་རྡོ་རྗེའི་སྐུར་བསྟན་ནས་འདི་འདྲ་བ་ཞིག་བྲིས་གསུངས་སོ། །དེ་ལྟར་རྒྱུ་མཚན་དུ་མའི་སྒོ་ནས་ལྷ་རྗེ་སྒྲོ་ཕུག་པ་འདི་བཅོམ་ལྡན་འདས་གསང་བའི་བདག་པོའི་སྤྲུལ་པ་ཡིན་པར་ཀུན་ཏུ་གྲགས་ལ། བྱང་ཕྱོགས་ཀྱི་རྒྱུད་འདིར་གསང་སྔགས་ཀྱི་བསྟན་པ་རྒྱས་པར་བྱ་བའི་གདུལ་བྱ་རྣམས་ལ་བསམ་གྱིས་མི་ཁྱབ་པའི་ཆོས་འཁོར་བསྐོར་ཞིང་། སྒྲོ་ཕུག་ཏུ་ཆོས་གསུངས་པའི་དུས་ཆོས་ཁྲི་རྒྱབ་ཡོལ་མེད་པ་ཞིག་ཏུ་བཞུགས་མཐའ་སྐོར་ཐམས་ཅད་གྲྭ་པས་འཁོར་ནས་ཡོད་པ་ལ། ཕྱོགས་ཐམས་ཅད་དུ་ཞལ་ཐལ་ལེ་བ་ཀུན་ཏུ་ཞལ་ཏུ་བྱུང་བས་སྤྲུལ་པའི་སྐུ་རྩོད་པ་མེད་པར་ཡིད་ཆེས་སོ། །སློབ་མ་བསྐྲུན་ཚུལ་ཡང་སྤྱིར་སློབ་མ་གདུགས་ཐོགས་པ་སྟོང་ཡོད་པར་གྲགས་ཤིང་། བཤད་ཉན་གྱི་དུས་དཔེ་ཆ་ཁ་ཕྱེ་བའི་ཤོབ་སྒྲས་ཉ་རི་ལུང་པའི་ལུག་ཁྱུ་འགྲོགས་པ་ལྟ་བུ་ཡོད་པར་གྲགས་ཤིང་། ཁྱད་པར་དུ་ནག་པོ་བཞི། སྟོན་པ་བཞི། མེས་བཞི་སོགས་བྱུང་བའི་ནག་པོ་བཞི་ནི། ཟུར་ནག་འཁོར་ལོ། རྒྱ་ནག་སྐྱི་མཁར་བ། ཉང་ནག་རྡོལ་པོ། ལྕེ་ནག་དཔལ་སེང་བཞི། སྟོན་པ་བཞི་ནི། ཉེའུ་སྟོན་ཆོས་སེང་། གྱ་སྟོན་རྡོ་རྗེ་མགོན་པོ། ཞང་སྟོན། རྒྱ་སྟོན་བཞིའོ། །མེས་བཞི་ནི་གཙང་པ་བྱིས་སྟོན། གཙང་ནག་ཧོར་པོ། སྤང་སྟོན་ལྕགས་ཀྱུ། དབུས་པ་ཆོས་སེང་ངོ་། །སློབ་མའི་འདྲེན་ལུགས་འདི་ཟུར་སྟོད་ལུགས་ཡིན་ལ། སྨད་ལུགས་སུ་མི་འདྲ་བ་གཞན་ཞིག་ཡོད་ཀྱང་འདིར་མ་བྲིས་སོ། །དེ་ལྟར་མདོ་སྒྱུ་འཕྲུལ་གྱི་ཕྱོགས་ལ་དབྱར་ཆོས་དགུན་ཆོས་ཀྱིས་དུས་ཕྱོགས་རེར་ན་མར་དཔེ་འགྲེམ་ལྔ་བརྒྱ་ཙམ་རེ་དང་། སྟོན་ཆོས་དང་དཔྱིད་ཆོས་ཀྱི་དུས སུ་མ་བརྒྱ་ཙམ་རེ་ཡོད་པ་སོགས་ཁྱོན་སྡོམ་དཔེ་འགྲེམ་ཁྲི་ཕྲག་བདུན་ཙམ་བྱུང་བར་གྲགས་ཤིང་། དེ་ལྟར་བཤད་ཉན་དར་བས་ལྷ་རྗེ་སྒྲོ་ཕུག་འདི་བཤད་སྲོལ་ཞེས་ཡོངས་སུ་གྲགས་ཤིང་དེང་ཡང་རྒྱུན་མ་ཆད་ཙམ་དུ་ཡོད་དོ། །དེ་ལྟར་ཞིང་འདིའི་གདུལ་བྱ་རྫོགས་པར་མཛད་ནས་ཞིང་ཁམས་གཞན་དུ་གཤེགས་པར་བཞེད་པའི་ཚེ་སློབ་མ་སྟོན་པ་བཞི་ལ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེ་བར་ཤོམས་ཤིག་གསུངས་ཏེ། ཚོགས་འཁོར་མཛད་ནས་ཆོས་དང་མན་ངག་ཟབ་མོ་མང་དུ་གནང་། དེ་ནས་ཁྱོད་རྣམས་ང་མེད་པ་ལ་མྱ་ངན་མ་བྱེད་ཅིག །ང་ལུས་མ་སྤངས་པར་རིག་འཛིན་གྱི་ས་ལ་འགྲོ་ཡིན་གསུངས་ནས་མགུར་ཞིག་བཞེས་ཏེ་ནམ་མཁའ་ལ་འཕགས་ནས་ཇེ་མཐོ་ཇེ་མཐོར་གྱུར་ཏེ་མཐར་མི་མངོན་པར་གཤེགས་པ་དང་། བུ་སློབ་རྣམས་སེམས་ཀྱིས་མ་བཟོད་པར་ཆོ་ངེ་ཆེན་པོ་བཏོན་ཞིང་མཚན་ནས་བོས་པས། སླར་ནམ་མཁའ་ལས་བབས་ཏེ་བྱོན་ནས་ཁྱེད་རྣམས་ཀྱིས་ངའི་ངག་ལ་མི་ཉན་པར་མྱ་ངན་བྱས་པས་རྟེན་འབྲེལ་འཆུགས། ངའི་ཆོས་རྒྱུད་དར་མི་བརྒྱུད་དར་པོ་མི་འོངས་བ་འདུག་གསུངས་ཏེ་དེའི་ཕྱི་ལོ་དགུང་ལོ་དྲུག་ཅུ་རེ་གཅིག་པ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །པུར་བཞུ་བའི་ཚེ་སྔགས་པ་གཞོན་ནུ་ཆས་ཀྱིས་མཛེས་པ་ཞིག་གིས་རྟ་ངང་པ་བཟང་པོ་ཞིག་ལ་དུང་སྒ་རང་གུག་མ་བསྟད་པ་ཞིག་ཕུལ་བས་ལྷ་རྣམས་ཀྱིས་མཆོད་པར་གྲགས། གཞན་ཡང་ཀླུ་དང་གནོད་སྦྱིན་ལ་སོགས་པས་ནོར་བུ་མང་པོ་ཕུལ་ཞིང་མཆོད་པར་གྲགས་སོ། །དེ་ལྟར་ཟུར་མེས་ཆེན་པོ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། ཟུར་དབོན་ཤཱཀྱ་སེང་གེ་གསུམ་གྱི་རིགས་ལ་སྔ་འགྱུར་བཀའ་མའི་རིང་ལུགས་དབུ་བརྙེས་སྲོལ་བཏོད་དར་རྒྱས་སུ་མཛད་པས་ཟུར་མེས་དབོན་རྣམ་གསུམ་ཞེས་ཡོངས་སུ་གྲགས་ལ། འདི་གསུམ་གྱི་རྣམ་ཐར་ཡང་རྒྱས་བསྡུས་སྣ་ཚོགས་ཟུར་སྟོད་སྨད་སོ་སོའི་ལུགས་སྲོལ་མང་བར་འདུག་ཀྱང་། འདི་ནི་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡབ་སྲས་ཀྱི་བླ་དཔེའི་རྒྱུན་བཞིན་བྲིས་པས་འཁྲུལ་པ་མེད་པར་ སེམས་ལ། གཞན་རྣམས་ཀྱང་གྲངས་ངེས་སྣ་ཚོགས་ཀྱི་དབང་གིས་གདུལ་བྱའི་སྣང་ངོར་འཆར ་ཚུལ་དུ་མ་གྲུབ་ཐོབ་ཀྱི་རྣམ་པར་ཐར་པའི་སྲོལ་ཡིན་པས་སོ་སོར་བདེན་མོད། འགལ་འདུ ར་བལྟས་ན་ངན་འགྲོའི་རྒྱུར་འགྱུར་བས་དད་པ་གསུམ་གྱི་སྒོ་ནས་གུས་པར་བྱ་རིགས་སོ། །རྣམ་དག་རིག་འཛིན་བརྒྱུད་པ་མ་ཉམས་ཤིང་། །སྨིན་བྱེད་དབང་གི་ཆུ་བོ་མ་ནུབ་པ། །གདམས་ངག་གོ་རིམ་ས་རྒ་མ་ལོག་པར། །སྐལ་ལྡན་བསམ་པ་ཚིམ་མཛད་སྔ་འགྱུར་ཆོས། །ཐོག་མར་གཉགས་དང་བར་དུ་གནུབས་ཆེན་བརྒྱུད། །ཐ་མ་ཟུར་རིགས་གྲུབ་པའི་དབང་ཕྱུག་ལ། །བཀའ་བབས་དབང་བརྒྱུད་གདམས་པའི་སྲོལ་ཆེན་པོ། །ལྗོངས་འདིར་གསང་ཆེན་བཀའ་མར་ཡོངས་སུ་གྲགས། །སྨིན་གྲོལ་ལམ་གྱིས་ཡོངས་རྫོགས་བསྟན་ལ་འཇུག །ཉམས་སུ་བླངས་པས་མདོ་སྔགས་ཟབ་དོན་རྟོགས། །བཤད་དང་སྒྲུབ་པས་རིག་འཛིན་གྲུབ་པའི་ཁྱུས། །ཕྱོགས་དུས་ཀུན་ཏུ་ཁྱབ་འདི་ངོ་མཚར་རྨད། །ཅེས་བྱ་བ་འདི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡང་བརྒྱུད་ཚུལ་དངོས་ལ་གསང་བདག་སྒྲོ་ཕུག་པ་ཆེན་པོས་མགར་སྟོན་ཟུང་དེ་ལ་གསུངས་པ་ཡིན་ཀྱང་། གཏད་རྒྱའི་ལོ་རྒྱུས་རྒྱས་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱི་ལུགས་བཞིན་བཤད་ན། ཟུར་ཆུང་པའི་སློབ་མ་ཀ་བ་བཞིའི་ནང་ཚན་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་ཀྱིས་སྐྱོ་བྱེ་མ་ལུང་པ་གསང་མཚན་རྡོ་རྗེ་འབར་བ་རྩལ་ལ། དེས་དམ་པ་ཡ་སེ་རས་པ་གསང་མཚན་མི་ནུབ་རྒྱལ་མཚན་རྩལ་ལ། དེ་ཉིད་ཀྱི་དབང་དོན་རྒྱས་བསྡུས། རྣམ་སྣང་དབང་གི་ཏནྟྲ། འདྲེན་པའི་ལས་བྱང་ཆེ་ཆུང་ལ་བརྟེན་པའི་དབང་རྣམས་སྐྱོ་ལ་ཞུས། གྲུབ་ཐོབ་སྡུམ་བུ་བ་རྡོ་རྗེ་ལྷུན་གྲུབ་རྩལ་ལམ་མདོ་ཆོག་ལ་བརྟེན་པའི་རིམ་གྱིས་པ་དང་། ཟ་ཧོར་རྒྱལ་པོ་པྲ་ཧ་སྟིའི་ལུགས་དང་། མདོ་རིགས་པའི་ཉི་མ་ལ་བརྟེན་པའི་ཅིག་ཅར་བ་དང་ཟབ་དབང་ཞུས། ཉང་རི་ཁྲོད་པའི་སློབ་མ་མདའ་སྟོན་སྡོད་ཕུ་བ་གསང་མཚན་རྒྱལ་མཚན་སྙིང་པོ་རྩལ་ལ་བཅོས་མ་ལ་བརྟེན་པའི་མདོ་དབང་དང་རྣ་རྒྱུད་གསེར་འཕྲེང་ལ་བརྟེན་པ་ཞུས་ཏེ། ཡ་སེ་ཆེན་པོ་དཔེ་དང་པོ་གླན་ཤཱཀྱ་བཟང་པོ་དང་། བར་དུ་མ་སེ་རྡོ་རྗེ་བདེ་ཆེན། ཐ་མ་དཔལ་ལྡན་གསུམ་ལ་དབང་ལུང་ཁྲིད་གསུམ་རྫོགས་པར་གནང་མོད་ཀྱང་བརྒྱུད་པ་འདིའི་ལུགས་ལ་འདི་གཙོ་བོ་མི་མཛད་པར་གླན་ལུགས་གཙོ་བོ་མཛད་དོ། །ཡང་སྒྲོ་ཕུག་པ་ཆེན་པོས་སློབ་མ་ནག་པོ་བཞིའི་ནང་ཚན་ཟུར་ནག་འཁོར་ལོ་གསང་མཚན་རབ་གསལ་འཁོར་ལོ་རྩལ་ལ། དེས་ཨ་མེས་ཤེས་རབ་བློ་གྲོས་གསང་མཚན་ཐིག་ལེ་དྲི་མེད་རྩལ། དེས་བླ་ཆེན་རལ་ཕུ་ལ་གསང་མཚན་དྲག་པོ་རྩལ། དེས་མེས་སྟོན་མགོན་པོ་གསང་མཚན་དབང་ཕྱུག་གཟི་བརྗིད་རྩལ། དེས་མཁས་པ་སྲོ་ཆེན་པོ། དེས་གྲུབ་ཐོབ་ལྷུན་དཔལ་གསང་མཚན་འགྱུར་མེད་རྩལ། དེས་བན་དེ་དབང་ཕྱུག་རྒྱལ་མཚན་གསང་མཚན་ཐུགས་མཆོག་རྩལ། དེས་ཟུར་བྱམས་པ་སེང་གེ། དེས་རྒྱལ་བ་གཡུང་སྟོན་པ་ལ་བརྒྱུད་པ་དང་། ཡང་དབང་ཕྱུག་རྒྱལ་མཚན་པས་སློབ་དཔོན་རྡོ་རྗེ་འཕེལ། དེས་ཟུར་ཤཱཀྱ་འབྱུང་ལ་བརྒྱུད་དེ་མདོ་ལུགས་བླ་མ་དགའ་རབ་པ་ལས་སྒྱུ་འཕྲུལ་ཏེ་མདོ་སྒྱུ་གཉིས་ཀའི་ཟུར་ཤཱཀྱ་འབྱུང་ལ་བཞུགས་སོ། །ཡང་ན་གཡུང་གིས་སྙེ་མདོ་བ་ལ་གསན་ཞེས་ཀྱང་གྲགས། བརྒྱུད་པ་འདི་ལུང་འདིར་མི་འདྲེན་ཡང་གཏད་རྒྱ་གསང་མཚན་མའི་དབང་ཆོག་གཡུང་གིས་མཛད་པ་སོགས་ལ་དཔགས་ན་འདྲེན་རིགས་པར་སྣང་ངོ་། །ཡང་ལུགས་གཅིག་ཏུ་མདོ་འགྲེལ་ལུང་བསྟན་ལྟར་ན་རྩ་བ་ཀུན་བྱེད་ལ་སོགས་པའི་རྒྱུད་ཕྱི་མ་རྣམས་པཎ་ཆེན་ཤྲཱི་སེང་ཧས་བཻ་རོ་ཙ་ན། དེས་སྤང་མི་ཕམ་སངས་རྒྱས་མགོན་པོ། དེས་རྦ་རཀྵི་ཏ། དེས་ས་ཟེ་དར་མ་ཤེས་རབ་དང་དབང་ཟེར་མོ་དགེ་སློང་མ་བདེ་གནས་གཉིས་ལ་གནང་། དེ་ནས་ཕོ་བརྒྱུད་མོ་བརྒྱུད་ཀྱི་རྫོགས་ཆེན་གཉིས་སུ་གྱེས་པ་ལས་མོ་བརྒྱུད་ནི་དགེ་སློང་མ་ལ་མར་པ་ཁྲོམ་རྒྱལ་གྱིས་གསན། ཕོ་བརྒྱུད་ལ་ཡ་ཟིས་ཉང་སྟོན་པྲ་བྷ། དེས་མར་པ་ཁྲོམ་རྒྱལ། དེས་མར་ཆུང་ཤེས་རབ་འོད་ལ་གནང་བའོ། །ཡང་བརྒྱུད་སྲོལ་གཅིག་ལ་གནུབས་སྲས་ཡེ་ཤེས་རྒྱ་མཚོས་ཁུ་ལུང་པ་སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་ལ་བཀའ་སྩལ་ཞིང་དབང་བསྐུར། དེས་མར་ཆུང་ཤེས་རབ་འོད་ལ་གཏམ་ཤུལ་བྱ་ཟོའི་དགོན་པར་སྙིགས་ཀྱིས་གཡུ་དམར་བྱ་བ་གཡུ་བཟང་པོ་ཞིག་དང་ཁྲབ་བཟང་པོ་ན་བཟའ་བཟང་པོ་རྣམས་ཕུལ། གསང་མཚན་རྡོ་རྗེ་བདེ་གྲུབ་རྩལ་ཞེས་བཏགས་སོ། །དེས་ཤངས་འཆུམས་ཀྱི་བན་གྲོང་པ་ཤངས་ནག་མང་ཟ་བསོད་ནམས་དར་ལ་ཤངས་སུ་དབང་བསྐུར། ཞེས་དང་། ཡང་བླ་མ་ཟུར་ཆུང་པ་ལ་མར་པ་ལྷོ་བྲག་པས་སེམས་ཕྱོགས་ཀྱི་དབང་གདེངས་སྒྲོ་བ་ནག་པོའི་སྒོར་ཞུ་བར་བྱོན་པས་མར་པ་ཚད་ནད་དྲག་པོར་སྙུང་བ་ལ། ཤངས་ནག་གིས་བསོ་བྲལ་མཛད་པས་བསྙུན་གདངས་ཏེ་དེའི་དྲིན་ལན་དུ་རྫོགས་ཆེན་བརྒྱུད་པ་ཐ་མའི་ཆོས་སྐོར་རྣམས་དང་། མདོ་འགྲེལ་ལུང་བསྟན་དང་ཕྲ་མོ་མང་དུ་གནང་། སྒྱུ་འཕྲུལ་རྡོ་རྗེ་མེ་ལོང་ལ་སོགས་པ་བཤད་རྒྱུད་སྡེ་བཞིའི་མན་ངག་རྣམས་དང་། ཟབ་མོའི་དབང་གི་ཆོས་སྐོར་རྣམས་གནང་སྐད་པས། དེ་ལྟར་ན་ཟུར་ཆུང་པ། མར་པ། ཤངས་ནག་རྣམས་བརྒྱུད་དགོས་པར་སེམས། ཤངས་ནག་གིས་བསང་བདག་སྒྲོ་ཕུག་པ་ལ་གནང་སྟེ། ཉ་རི་རྒྱ་སྟོན་བྱ་ཤངས་ནག་དང་སྒྲོ་ཕུག་པ་གཉིས་ཀའི་སློབ་མ་ཡིན་པ་ཞིག་གིས་མཚམས་སྦྱར་ཏེ་སྒྲོ་ཕུག་ཏུ་ཤངས་ནག་གདན་དྲངས་དབང་ཆོས་མང་པོ་ཞུས། གཡུ་ཞིག་གི་སྣ་དྲངས་ཏེ་ཞབས་ཏོག་མང་པོ་བགྱིས། གསང་མཚན་བདེ་བྱེད་གཞོན་ནུ་རྩལ་ཞེས་བཏགས་སོ། །དེ་རྣམས་བར་སྐབས་ཀྱི་བརྒྱུད་ཚུལ་མི་འདྲ་བའི་ཚུལ་ལོ། །བརྒྱུད་ཚུལ་དངོས་ལ། ལྷ་རྗེ་སྒྲོ་ཕུག་པ་ཆེན་པོས་མགར་སྟོན་ཟུང་དེ་ལ་གནང་བ་ཡིན་ཏེ། འདིའི་རྣམ་ཐར་ཞིབ་པ་མ་རྙེད་ཀྱང་། དབང་བྱང་ལས། མགར་སྟོན་ཟུང་དེ་མཁའ་ལ་སྐོར་བ་མཛད། །བྲག་ལ་ཕུར་བཏབ་རྡོ་རྗེ་དྲག་པོ་རྩལ། །ཞེས་གསུངས་པ་དང་། སྙན་རྒྱུད་ཟབ་མོ་ཁུངས་ཀྱི་གཏད་རྒྱར། དེ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་དབང་བསྐུར་བྱིན་གྱིས་བརླབས་ཤིང་། ཟག་མེད་བདེ་བའི་ཉམས་དང་ལྡན་པ་ལགས་པར་གདའ་ཞེས་ཀྱང་འབྱུང་ཞིང་། མདོ་དབང་དངོས་གྲུབ་བསྐུལ་ཚིག་ལས། འོག་གདོང་ལྷ་རྗེ་མགར་ཞེས་གྲགས། །ཡེ་ཤེས་མཁའ་འགྲོས་བྱིན་བརླབས་པ། །ཟག་མེད་བདེ་བའི་ཉམས་དང་ལྡན། །ཞེས་གསུངས་པས། དབེན་གནས་འོག་གདོང་། སྐུ་རུས་མགར། ལྷ་རྗེ་ནི་བཙན་པོ་ཁྲི་སྲོང་གི་དུས་ནི། མགོ་ནག་ཡོངས་ཀྱི་ལྷ་ནི་བཙན་པོ་སྟེ། །དེས་ཀྱང་ཐོད་དུ་འཁུར་བས་ལྷ་རྗེར་ཐོགས། །ཞེས་འབྱུང་བས། ཡུལ་གཉན་པའི་ཕྱིར་བླ་ཆེན་རྣམས་ལ་ལྷ་རྗེ་ཟེར་བ་སྔ་འགྱུར་དུ་གྲགས། མཚན་དངོས་ལ་སྟོན་པ་ཟུང་དེ་གསང་མཚན་རྡོ་རྗེ་དྲག་པོ་རྩལ་ཞེས་བྱ་ལ། གྲུབ་པའི་མཚན་མ་ནམ་མཁའ་ལ་སྐོར་བ་མཛད་པ་དང་། བྲག་ལ་ཕུར་པ་འདེབས། ཡེ་ཤེས་ཀྱི་མཁའ་འགྲོས་མངོན་སུམ་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པ་ཞིག་གོ། །དེ་ཡང་བརྒྱུད་སྲོལ་གཅིག་ལ་བླ་མ་ཟུར་ཆུང་པས་གླན་ཤཱཀྱ་བཟང་པོ་ལ་ཡང་གནང་ཞིང་། གླན་དེ་ཡང་ལྷ་འདྲེ་ཐམས་ཅད་བྲན་དུ་འཁོལ་ཞིང་འཕྲིན་ལས་ལ་ཐོགས་པ་མེད་པ་ཞིག་ཡིན་ལ། དེ་ལྟར་ཡིན་ཚུལ་ཡང་དངོས་གྲུབ་བསྐུལ་ཚིག་ལས། གཡས་རུ་ཆུ་བར་ལི་ཐུང་དུ། །གླན་སྟོན་ཤཱཀྱ་བཟང་པོ་ནི། །སྣང་སྲིད་ལྷ་འདྲེ་བྲན་དུ་འཁོལ། །འཕྲིན་ལས་སྤྱོད་ལ་ཐོགས་པ་མེད། །ཅེས་འབྱུང་ངོ་། །དེས་ཀྱང་མགར་སྟོན་ལ་གནང་བས་མགར་སྟོན་གྱིས་སྒྲོ་ཕུག་པ་དང་གླན་གཉིས་ཀ་ལ་གསན་པར་སྣང་། མགར་སྟོན་གྱིས་སྲེག་སྟོན་རྡོ་རྗེ་རྒྱལ་མཚན་ལ་གནང་ཞིང་། དེ་ཡང་དགོན་གནས་འཆུམས་ཀྱི་འཆད་དགོན་བྱ་བ་ཡིན་ཅིང་། སྒོ་གསུམ་གྱིས་བླ་མ་མཉེས་པར་མཛད་ཅིང་གསང་མཚན་རྡོ་རྗེ་འཇིགས་མེད་རྩལ་དུ་གྲགས་ཤིང་། དབང་བཞིའི་ཆུ་བོ་ཐམས་ཅད་ཀྱི་བཀའ་བབས། ཡོན་ཏན་ཆེན་པོ་དུ་མ་དང་ལྡན། དཀྱིལ་འཁོར་གྱི་ཁྱབ་བདག་མཛད་དེ་ཕྱག་བཞེས་ཐམས་ཅད་ཕུལ་དུ་ཕྱིན། མངོན་པར་ཤེས་པའི་ཡོན་ཏན་ལྡན་པ་ཡིན་ཏེ། དངོས་གྲུབ་བསྐུལ་ཚིག་ལས། འཆུམས་ཀྱི་འཆད་དགོན་གནས་མཆོག་ཏུ། །སྲེགས་སྟོན་རྡོ་རྗེ་རྒྱལ་མཚན་ནི། །ཡོན་ཏན་བསམ་གྱིས་མི་ཁྱབ་མངའ། །དབང་གི་ཆུ་བོའི་བཀའ་རྣམས་རྫོགས། །ཞེས་གསུངས་པའི་ཕྱིར། སྲེགས་སྟོན་གྱི་ཟུར་ཆུང་པའི་སློབ་མ་གླན་ཉ་ཚལ་བ་ཤཱཀྱ་བྱང་ཆུབ་ལ་ཡང་གསན་ཏེ། ཉ་ཚལ་བ་དེ་ཡང་མན་ངག་རྫོགས་པ་ཆེན་པོ་ལ་མངའ་བརྙེས་པས་ལྟ་བ་དང་དགོངས་པ་བསམ་གྱིས་མི་ཁྱབ་པ་ཕུལ་དུ་ཕྱིན། ཤེས་བྱ་ཐོགས་མེད་མཁྱེན་གསང་སྔགས་ཀྱི་བདག་པོ་ཆེར་པོར་བཞུགས་ཏེ། དངོས་གྲུབ་བསྐུལ་ཚིག་ལས། ཤངས་ཀྱི་ཉ་ཚལ་ཁང་སྟོད་དུ། །ལྷ་རྗེ་ཤཱཀྱ་བྱང་ཆུབ་ནི། །རྫོགས་ཆེན་ལྟ་བའི་ཕུལ་དུ་བྱུང་། །ཤེས་བྱ་ཐོགས་མེད་མ་ལུས་མཁྱེན། །ཞེས་གསུངས་ཤིང་། དེ་ལྟར་ན་སྲེགས་སྟོན་གྱིས་ཉ་ཚལ་བ་དང་མགར་སྟོན་གཉིས་ཀ་ལ་གསན་པ་ཡིན་ཏེ། སྲེགས་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ཉ་ཚལ་བ་ཆེན་པོ་གླན་བན་རྡོ་རྗེ་འོད་ལ་གནང་བ་ཡིན་ཏེ་དེ་ཡང་ཤར་རི་རྒྱ་གར་གླིང་ཆུང་ཞེས་བྱ་བའི་དགོན་གནས་འཛིན་ཞིང་། གཡུ་མོ་ཆེས་སྣ་དྲངས་ཡོ་བྱད་སྣ་ཚོགས་ཀྱིས་བླ་མ་མཉེས་པར་མཛད། གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས་ཤིང་སྐུ་ཆེ་བའི་ཡོན་ཏན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཞལ་གཟིགས། དུས་གསུམ་མཁྱེན་ཅིང་ལུང་དུ་སྟོན། རིགས་པའི་གནས་ལྔ་ལ་མཁས་ཤིང་ཁྱད་པར་མདོ་ཕྱོགས་ལ་སྦྱངས་པ་ཆེ་བའི་གཤིས་གསང་ཕུ་ནེའུ་ཐོག་གི་མཁན་པོར་ཞུ་བ་བྱུང་སྐབས་སུ་ཡང་གསང་སྔགས་ཀྱི་འགྲོ་དོན་ཆེར་དགོངས་ཏེ་ཁྱིམ་པའི་རྡོ་རྗེ་འཛིན་པའི་ཚུལ་བཟང་། མཁས་བཙུན་མང་པོས་ཞབས་ལ་གཏུགས། མཐར་ཤམ་བྷ་ལར་གཤེགས་པ་ཡིན་ཏེ། དངོས་གྲུབ་བསྐུལ་ཚིག་ལས། ཤར་རི་རྒྱ་གར་གླིང་ཆུང་དུ། །མཁས་པ་གླན་བན་རྡོ་རྗེ་འོད། །གསང་བདག་གཞལ་གཟིགས་དུས་གསུམ་མཁྱེན། །ཤམ་བྷ་ལར་གཤེགས་གདུལ་བྱའང་འདྲེན། །ཞེས་གསུངས་པའི་ཕྱིར། གླན་བན་རྡོར་འོད་ཀྱིས། གླན་བརྩོན་འགྲུས་སེང་གེ། གླན་བསོད་རྣམས་རྒྱལ་པོ། སྡོང་པོ་དཀོན་མཆོག་རིན་ཆེན། ལྷ་རྗེ་ལྷ་འབུམ་རྣམས་ལ་གནང་། ཁོང་རྣམས་ཀྱི་ཡོན་ཏན་གྱིས་ཁྱད་པར་ཡང་། དངོས་གྲུབ་བསྐུལ་ཚིག་ལས། དམ་ཆོས་འབྱུང་གནས་ཤར་རི་མོར། །གླན་སྟོན་བརྩོན་འགྲུས་སེང་གེ་ནི། །གདུལ་བྱ་ཡང་དག་པ་ལ་འགོད། །སྤྲུལ་པས་འགྲོ་བ་མ་ལུས་འདྲེན། །གུང་ཐང་དཔལ་གྱི་དགོན་པ་རུ། །མཁས་པ་བསོད་ནམས་རྒྱལ་པོ་ཡིས། །དབང་གི་འགྲོ་བ་དུ་མ་སྨིན། །སྤྲུལ་སྐུ་ལྷ་རྗེ་ལྷ་འབུམ་གྱིས། །དྲག་པོས་གདུལ་བྱ་མང་པོ་སྨིན། །ཞེས་གསུངས་ལ། གླན་བརྩོན་འགྲུས་སེང་གེའི་གསང་མཚན་དྲག་པོ་རྩལ། གླན་བསོད་ནམས་རྒྱལ་པོའི་གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། གཞན་གཉིས་ཀྱི་གསང་མཚན་ཡང་རྡོ་རྗེ་དྲག་པོ་རྩལ་ལ་སོགས་དེ་རྣམས་ཀྱི་གླན་དཔལ་ལྡན་ཆོས་ཀྱི་སེང་གེ་ལ་གནང་སྟེ། བླ་མ་དེ་ཡང་ཏིང་ངེ་འཛིན་གྱིས་དགོངས་ཉམས་བསམ་གྱིས་མི་ཁྱབ་པ་མངའ་ཞིང་གཙོ་བོར་གླན་བསོད་ནམས་རྒྱལ་པོ་མཉེས་པར་མཛད་དེ་འདུས་པ་ཆེན་པོའི་དབང་གསན་ཅིང་གསང་མཚན་རྡོ་རྗེ་དྲག་པོ་རྩལ་ཞེས་གྲགས། གཏད་རྒྱ་ནི་སྡོང་པོ་དཀོན་མཆོག་རིན་ཆེན་དང་གླན་བསོད་རྒྱལ་གཉིས་ཕར་སློབ་ཚུར་སློབ་ཡིན་པས། གླན་བསོད་རྒྱལ་གྱི་སྡོང་པོ་ཀུན་རིན་ལ་གསན་ཏེ་དཔལ་ལྡན་ཆོས་ཀྱི་སེང་གེ་ལ་གནང་ཞིང་། དེ་ཡང་དངོས་གྲུབ་བསྐུལ་ཚིག་ལས། གླན་སྟོན་ཆོས་ཀྱི་སེང་གེ་ནི། །ཏིང་འཛིན་དགོངས་པའི་དྲོད་དང་ལྡན། །ཞེས་འབྱུང་ངོ་། །གླན་དཔལ་ལྡན་ཆོས་ཀྱི་སེང་གེས་གླན་སྟོན་སངས་རྒྱས་དཔལ་ལ་གནང་བ་ཡིན་ཏེ། བླ་མ་དེ་ཡང་ཁོ་རང་གི་ཡབ་ཀྱིས་སྣ་དྲངས་པའི་མཁས་བཙུན་ཐམས་ཅད་ལ་གཏུགས། མདོ་སྔགས་ཀྱི་ཆོས་མཐའ་དག་ལ་མཁས་ཤིང་བླ་མ་གླན་སྟོན་ཆོས་སེང་རབ་སྒྲུབ་པ། འབྲིང་ལུས་ངག །ཐ་མ་ཟང་ཟིང་གི་ཞབས་ཏོག་སོགས་ཀྱིས་མཉེས་པས་བསྒྲུབས་ཏེ་འདུས་པ་ཆེན་པོའི་དབང་དང་གཏད་རྒྱར་བཅས་པ་གསན་ཏེ་གསང་མཚན་རྡོ་རྗེ་བདེ་བྱེད་རྩལ་དུ་བཏགས། གཞན་ཡང་མདོ་དབང་ཟུར་ལུགས། གླན་ལུགས། སོ་ལུགས། ཞང་ལུགས་ཐམས་ཅད་གསན་ཅིང་མཁྱེན། སྐྱེ་བ་སྔ་མ་ནས་ཀྱང་རྒྱུད་སྦྱངས་པས་ཡི་དམ་གྱི་ལྷས་དངོས་སུ་དབང་བསྐུར། དབང་གི་ཆུ་བོ་རྫོགས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་ཐོབ་ཅིང་དགོངས་པ་ཐུགས་སུ་ཆུད། འཕྲིན་ལས་ཇི་ལྟར་མཛད་ཀྱང་བར་གཅོད་ཀྱིས་མི་ཚུགས་ཤིང་མཁས་བཙུན་གྱི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དངོས་གྲུབ་བསྐུལ་ཚིག་ལས། རྫ་ལུང་དཔལ་གྱི་དགོན་པ་རུ། །དབང་བཞི་རྫོགས་པ་སངས་རྒྱས་དཔལ། །སྙིགས་མའི་དུས་ཀྱི་འགྲོ་བ་འདྲེན། །ཞེས་གསུངས་པའི་ཕྱིར་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །དེས་གླན་སྟོན་བསོད་ནམས་མགོན་པོ་ལ་གསང་བ་ཡིན་ལ། བླ་མ་འདི་ཡང་གླན་གྱི་རིགས་སུ་འཁྲུངས་ཏེ་རྒྱུད་ལུང་མན་ངག་ཐམས་ཅད་ལ་མཁས་པར་སྦྱངས། ཤེས་བྱ་ཐམས་ཅད་ཕྱོགས་མེད་དུ་མཁྱེན། གླན་སྟོན་སངས་རྒྱས་དཔལ་མཉེས་པ་གསུམ་གྱིས་བསྐུར་ཏེ་འདུས་པ་ཆེན་པོའི་དབང་བསྐུར་གསན། གསང་མཚན་རྡོ་རྗེ་དྲག་པོ་རྩལ་ཞེས་གྲགས། །དབང་གི་ཆུ་བོ་ཐམས་ཅད་རྫོགས། །ཨུ་རྒྱན་པདྨའི་ལུང་བསྟན་བཞིན་བསམ་ཡས་པེ་ཀར་གླིང་ནས་ཟབ་ཆོས་ཀྱི་ཤོག་དྲིལ་བཅོ་ལྔ་ཐོན། བླ་མ་སྨན་ལུང་དབུས་པ་ལ་གནང་། གཏད་རྒྱའི་བརྒྱུད་པ་ནི་གླན་བན་རྡོར་འོད་ནས། ཉི་སྟོན་སངས་རྒྱས་འབུམ། དེ་ནས་ཞང་སྟོན་ཀུན་དགའ་འབུམ་ལ་བརྒྱུད་དེ་གསན། འདུས་པ་ཆེན་པོའི་དབང་གི་ཕྱག་ལེན་ཁྲིགས་ཀྱང་མཛད་པས་བཀའ་དྲིན་ཆེ་ཞིང་། གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་སྨིན་གྲོལ་གྱིས་སེམས་ཅན་གྱི་དོན་མཛད་པ་ཞིག་ཡིན་ཏེ། དངོས་གྲུབ་བསྐུལ་ཚིག་ལས། གནས་མཆོག་གུང་ཐང་ཡང་དབེན་དུ། །གླན་སྟོན་བསོད་ནམས་མགོན་པོ་ནི། །བསྐྱེད་རྫོགས་གསུམ་གྱི་དབང་བཀའ་བབས། །དབང་གི་ཆུ་བོས་སྨིན་གྲོལ་མཛད། །ཅེས་གསུངས་པའི་ཕྱིར། གླན་སྟོན་བསོད་ནམས་མགོན་པོས། ཉང་སྟོན་དཔལ་ལྡན་རྡོ་རྗེ། སྒྲོལ་ཆེན་འབྲོ་སྟོན་བསམ་གྲུབ་རྡོ་རྗེ། གྱོང་ཁང་གཟི་སྟོན་ཤཱཀྱ་བཟང་པོ། ཤང་མདའི་བླ་མ་གྲགས་ཤེ་བ་སྟེ་བཞི་ལ་གསུངས་པ་ཡིན་ཏེ། དང་པོ་ཉང་སྟོན་དཔལ་ལྡན་རྡོ་རྗེའི་རྒྱུད་ལུང་གི་ཕྱག་བཞེས་མཁས་ཤིང་། གཤིན་རྗེ། ཕྱག་རྡོར་མདོ་ལུང་། རྣམ་འཇོམས་དཀར་པོ་རྣམས་ལ་གྲུབ་པ་ཐོབ་པ་ཡིན། གཉིས་པ་འབྲོ་སྟོན་གྱི་རྣམ་ཐར་འོག་ཏུ་འཆད་ལ། གསུམ་པ་ཤངས་གྱོང་ཁང་གི་གཟི་སྟོན་ཤཱཀྱ་བཟང་པོ་ནི་གླན་བསོད་ནམས་མགོན་པོ་གསེར་སོགས་ཡོན་གྱིས་མཉེས་པར་མཛད་ཅིང་དབང་བསྐུར་ཞུས་པའི་གསང་མཚན་རྡོ་རྗེ་དྲག་པོ་རྩལ་དུ་གྲགས། མདོ་སྒྱུ་འཕྲུལ། ཡང་དག་གི་བདག་དོན་གཞན་དོན། ཕུར་སྒྲུབ་ལ་སོགས་པའི་ལུང་དབང་བཀའ་སྒྲུབ་ཐབས་ཐམས་ཅད་རྫོགས་པར་མཁྱེན་ཏེ་ཐུགས་ཀྱི་སྲས་སུ་གྱུར། ཐུགས་སྲས་ཕྱག་བཞེས་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར། ཡང་དག་ལ་གྲུབ་པ་ཐོབ། མགོན་པོ་སྟག་ཞོན་དང་ལྷ་མོས་འཕྲིན་ལས་ལས་ཅི་དགོས་བསྒྲུབ་པ་ཡིན་ནོ། །བཞི་པ་ཤངས་མདའི་བླ་གྲགས་ཤེ་བ་ནི་མཁས་གྲུབ་མང་པོའི་ཞབས་ལ་ཐུག་ཅིང་གཤིན་རྗེ་གཤེད་ཀྱི་ཨ་ཀྲོ་ཉིན་ཁྲི་མཚན་ཁྲི། བརྒྱ་མཆོད་སྟོང་མཆོད་སོགས་ལ་བརྩོན་པར་མཛད་པ་ཞིག་ཡིན་ནོ། །གླན་སྟོན་བསོད་ནམས་མགོན་པོའི་ཐུགས་སྲས་གཉིས་པ་སྒྲོལ་མ་བ་འབྲོ་སྟོན་བསམ་འགྲུབ་རྡོ་རྗེ་ནི་འདིར་བརྒྱུད་པའི་གཙོ་བོ་ཡིན་པས་རྣམ་ཐར་མདོ་ཙམ་བརྗོད་ན། འཁྲུངས་ཡུལ་ནི་རྟ་ནག་རིགས་འབྲོག་གི་རིགས། ཡབ་འབུམ་འཕེལ་དང་ཡུམ་དཔལ་རྒྱན་གྱི་སྲས་སུ་ཤིང་ཕོ་རྟ་ལ་འཁྲུངས་ཏེ། ལྷུམས་སུ་ཞུགས་པ་དང་བལྟམས་པའི་ཚེ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་མཚན་ཡང་ཆོས་གྲགས་སེང་གེ་བསམ་འགྲུབ་འབུམ་བྱ་བར་བཏགས་སོ། །དགུང་ལོ་བདུན་པར་ཡབ་ལས་བྲིས་ཀློག་རྣམས་ལེགས་པར་སྦྱངས་ཤིང་མཁྱེན། བརྒྱད་པ་ལ་ན་རཀ་དོང་སྤྲུག་ལ་གསུང་སྒྲོག་མང་དུ་མཛད་པས་ཐུགས་ལ་ཟིན། ཡབ་དང་བླ་མ་མདོ་སྡེ་འབུམ་གྱིས་གྱི་གཅུང་པོ་གྲགས་པ་ལ་སྒྱུ་འཕྲུལ་ཚེ་དབང་ཆེན་མོ་ལན་མང་དུ་གསན། དགུང་ལོ་བཅུར་བར་ཞི་ཁྲོའི་འཕྲིན་ལས་ཕྱག་བཞེས་དབྱངས་དང་བཅས་པ་མཁྱེན་ཅིང་། དེ་ནས་བཟུང་ཟ་ཚོགས་དང་གཏོར་མར་ཆགས་མྱོང་གསུངས། དགུང་ལོ་བཅུ་དགུ་པ་ལ་ཉང་སྟོན་རྡོ་རྗེ་སེང་གེའི་ཞབས་ལ་གཏུགས་ཏེ་ཞི་ཁྲོ་བཀའ་བརྒྱད། དོང་སྤྲུག །ཕུར་པ། ཡང་དག་མ་མོ་སྒང་ཤར་རྣམས་ཀྱི་བཤད་བཀའ་ཕྱག་ལེན་དང་བཅས་པ་ལོ་གཉིས་ཀྱི་བར་དུ་ལེགས་པར་སྦྱངས། བདུད་རྩི་སྨན་སྒྲུབ། ཡང་དག་མེ་གཅིག་སྒྱུ་འཕྲུལ་ཚེ་སྒྲུབ་ལ་སོགས་པའི་སྒྲུབ་དབང་ཡང་རྫོགས་པར་གསན། དགུང་ལོ་ཉེར་གཅིག་པ་ལ་འུག་པ་ལུང་དུ་བྱོན་ཏེ་ཟུར་ཆོས་ཀྱི་རྗེ་བྱམས་པ་སེང་གེའི་ཞབས་ཀྱི་པདྨོར་གཏུགས་ནས་རྒྱུད་ལུང་མན་ངག་གི་ཆོས་རྣམས་རྫོགས་པར་གསན་ཅིང་། ཟུར་ཆོས་ནི་ཆོས་རྗེའི་གཅུང་བདེ་བྱེད་དཔལ་མགོན་ལ་ཡང་གསན། གཞན་ཡང་མདའ་ཤཱཀྱ་འཕེལ་སོགས་མཁས་བཙུན་མང་པོའི་ཞབས་ལ་གཏུགས། མདོ་སྒྱུ་འཕྲུལ། ཀུན་བྱེད་མ་བུ་དགུ །སྔགས་གསར་རྙིང་། ཕར་ཚད་བསྡུས་པ་ལ་སོགས་རིག་གནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པར་མཁྱེན། དགུང་ལོ་ཉེར་བཞི་པ་ལ་སྒྲོ་ཕུག་ཏུ་ཟུར་ཆེན་བྱམས་པ་སེང་གེ་ཚོགས་པ་སུམ་བརྒྱ་ཙམ་གྱི་དབུས་སུ་གྲྭ་སྐོར་དང་རྣམ་བཞག་བཟང་པོ་མཛད། ཁྱད་པར་དུ་ཤངས་ཀྱི་ཉ་ཚལ་དུ་བླ་མ་གླན་ཆེན་པོ་མཁས་པ་བསོད་ནམས་མགོན་པོའི་ཞབས་ལ་གཏུགས་ཏེ་དབང་གོས་སྔོན་པོ་གན་གོས་ཀྱི་བོར་རང་གི་བུ་ཆེན་སོགས་འབུལ་བ་རྒྱ་ཆེན་མཛད་དེ་འདུས་པ་ཆེན་པོའི་དཀྱིལ་འཁོར་དུ་དབང་མན་ངག་གཏད་རྒྱར་བཅས་པ་གསན། གསང་མཚན་རྡོ་རྗེ་བདེ་བྱེད་ཆེན་རྩལ་དུ་བཏགས། བླ་མ་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གཟིགས་ཤིང་ལྷ་ཚོགས་རྣམས་ཉིད་ཀྱི་ཐུགས་ལ་ཐིམ་པར་གཟིགས། མདོའི་འགྲེལ་བཤད་རྒྱས་པར་གསན་ནས་མདོ་ལ་ཤིན་ཏུ་མཁས་པར་གྱུར། ཡང་དག་ལ་སོགས་པའི་བཀའ་ལུང་གཞན་ཡང་རྒྱ་ཆེར་གསན་ཏེ་ཤིན་ཏུ་གུས། ཇོ་ནང་གི་བྱང་སེམས་རྒྱལ་ཡེ་ལ་སྦྱོར་དྲུག་གསན་ནས་སྒོམ་འཁོར་ཡུག་ཏུ་སོང་། དགུང་ལོ་སོ་དྲུག་པ་ལ་ཇོ་གདན་ཚོགས་པའི་མཁན་ཆེན་བསོད་ནམས་གྲགས་པའི་དྲུང་དུ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཤཱཀྱའི་དགེ་བསྙེན་རྡོ་རྗེ་འཛིན་པ་བསམ་གྲུབ་རྡོ་རྗེར་གསོལ། ཉང་སྟོད་ལྷན་ཡུལ་རི་ཁྲོད་དུ་མཁས་བཙུན་བསོད་ནམས་བློ་གྲོས་ལ་རྫོགས་ཆེན་ཐིག་ལེ་ཆོས་སྐོར་ཡོངས་སུ་རྫོགས་པར་གསན་ཏེ་ཉམས་ལེན་མཐར་ཕྱིན་པར་མཛད། མུས་ཆེན་རྒྱལ་མཚན་དཔལ་ལ་དོ་ཧའི་སྐོར་གསན། མཁས་བཙུན་དཀོན་ཅོག་བཟང་པོ་ལ་རྫོགས་ཆེན་ཨ་རོའི་སྐོར་དང་ཡེ་ཤེས་གསང་རྫོགས་ཕྱག་ཆེན་སོགས་མང་དུ་གསན། སྒྲུབ་པའི་རྣམ་ཐར་ཡང་། གཙང་གི་བྱེ་མ་སེང་གེར་ལོ་བཞི་སྒྲུབ་པ་མཛད་པས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཕེལ། རྩ་རླུང་ཐིག་ལེ་དབང་དུ་འདུས་པས་བདེ་སྟོང་དབྱེར་མེད་པའི་ཟབ་དོན་ཁྱད་པར་ཅན་ལ་མངའ་བརྙེས། ཡིག་བརྒྱའི་བཟླས་པ་ཟླ་བ་དྲུག་མཛད་པས་ཐོ་རངས་ཀྱི་དུས་སུ་སྒྲུབ་ཁང་ཐམས་ཅད་འོད་ཀྱི་དྲ་བས་ཁྱབ་པའི་དབུས་ན་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དོང་སྤྲུག་ལྟར་པདྨ་བརྒྱ་ལྡན་ལ་བཀོད་པའི་ཞལ་མངོན་སུམ་དུ་གཟིགས། དེའི་དུས་སུ་ཐུགས་ལ་འདི་ལྟར་དགོངས་ཏེ། དོན་དམ་མ་བཅོས་གནས་ལུགས་ཀྱི་དབྱིངས་འདི་ལ་མ་འགགས་པའི་རྩལ་ཅིར་ཡང་འཆར་བ་འདུག་དགོངས་པ་ཤར། རི་ཁྲོད་མ་ལོ་མ་གྱོན་མའི་བཟླས་པ་མཛད་པས་ལྷ་མོ་དེས་ཀྱང་ཞལ་བསྟན། གཞན་ཡང་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་དང་གྲུབ་ཐོབ་ལྕེ་སྒོམ་རིན་པོ་ཆེ་རྣམས་མནལ་ལམ་གྱི་ཚུལ་དུ་མཇལ་ནས་བཟུང་སྒོམ་འབྲེལ་མེད་དུ་སྐྱེས་པའི་རང་མདངས་སྙིང་རྗེ་ཤར། གཞན་ཡང་ནུབ་བདེ་བ་ཅན་དུ་བྱོན་པ་དང་། སེམས་ཅན་ཐམས་ཅད་འཁོར་བའི་བཙོན་ནས་བཏོན་པ་སོགས་ཉམས་མང་པོ་འཁྲུངས། དགུང་ལོ་བཞི་བཅུ་པ་ལ་རྟ་ནག་ཏུ་ཆོས་དབྱིངས་བྱ་བའི་དགོན་པ་བཏབ་སྟེ་ལོ་གཉིས་ཐུགས་དམ་ལ་བཞུགས་པས་སྐུ་ཚེ་འཕོས་མ་ཐག་བདེ་བ་ཅན་དུ་འཁྲུངས་པའི་ལུང་བསྟན་ཐོབ། དེ་དུས་གཙུག་ཏོར་འཁོར་ལོས་སྒྱུར་བ་ལ་ཐུགས་དམ་མཛད་པས་འཁོར་ལོ་རྩིབས་བཅུའི་ལྟེ་བ་རང་ཉིད་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། སྟེང་འོག་ཕྱོགས་མཚམས་ཀྱི་ཁྲོ་བོ་རྣམས་ཤིན་ཏུ་གསལ་བ་དང་། འཇམ་དབྱངས་སྨྲ་སེང་གི་ཞལ་གཟིགས། དེའི་བྱིན་རླབས་ཀྱི་གསུང་རབ་ཀྱི་ཚིག་དོན་དཔྱིས་ཕྱིན་པར་རྟོགས། དགོན་པ་ཆོས་དབྱིངས་ཀྱི་གོང་ན་ཕ་བོང་གཉིས་བསྒྲིགས་གླང་པོའི་གདན་འདྲ་བ་ཞིག་འདུག་པ་མཚན་ལམ་དུ་ཕ་བོང་དེའི་སྟེང་དུ་འོད་ཕུང་ཆེན་པོ་ཞིག་འདུག་པས་ལུང་པ་ཐམས་ཅད་གསལ་བར་བྱས་པ་ལན་གཉིས་གསུམ་ཙམ་བྱུང་བ་དང་མཐུན་པར་ཁྱོད་ཀྱི་སྒྲུབ་ཁང་བྲག་ཡ་གིའི་སྟེང་དུ་གྱིས་ཞེས་པའི་ལུང་བསྟན་ལྟར་སྒྲུབ་ཁང་བཏབ་སྟེ་རྡོ་རྗེ་གདན་དུ་བཏགས། སྐབས་ཤིག་ལས་རྒྱར་ཐབས་ལམ་མཛད་པས་བདེ་སྟོང་ཟུང་འཇུག་ལ་ཡུན་རིང་དུ་གནས་པ་བྱུང་བ་ནས་བཟུང་བདེ་སྟོང་གི་ཉམས་རྒྱུད་ལ་ཁྲིལ་ལེ་འབྲལ་མེད་དུ་བྱུང་གསུངས། ཡང་མཁའ་འགྲོ་སྡེ་ལྔ་དངོས་སུ་རིག་མར་འགུག་ནུས་པའང་ཡོད་པར་གྲགས། དེ་ལ་སློབ་མ་མང་དུ་འདུས་པའི་རྣམ་གྲངས་ཀྱང་ཟུར་གྱི་བླ་མ་ཏའི་སི་ཏུ་སེང་གེ་དཔལ་བ་དང་། ཟུར་ཤཱཀྱ་འབྱུང་གནས་ཁུ་དབོན་ལྕམ་སྲིང་། ཟུར་ཤཱཀྱ་རྒྱལ་མཚན་དང་ཤཱཀྱ་རྡོ་རྗེ་དཔལ་ལྡན་ས་སྐྱ་བའི་གདུང་བརྒྱུད་བདག་པོ་ཆེན་པོ་ངག་དབང་གྲགས་པ་རྒྱལ་མཚན། དབང་རྣམ་སྲས་རྒྱལ་མཚན་ལ་སོགས་ཆེ་བཙུན་དུ་མ་དང་། གཞན་ཡང་སྔགས་མཚན་ཉིད་ཀྱི་བླ་མ་དགེ་བཤེས་རྟོགས་ལྡན་མཁས་གྲུབ་དུ་མས་ཞབས་ལ་གཏུགས་ཤིང་ཉན་བཤད་རྒྱ་ཆེར་མཛད། རིས་མེད་ཀྱི་འགྲོ་བ་དུ་མ་ཡང་ཐར་ལམ་ལ་བཀོད་པ་ཡིན་ཏེ་བསྡུས་དོན་དངོས་གྲུབ་བསྐུལ་ཚིག་ལས། དབེན་གནས་བྱེ་མ་སེང་གེ་རུ། །ཆོས་བདག་འབྲོ་སྟོན་རྡོ་རྗེ་ནི། །རྒྱུད་ལུང་མན་ངག་ཀུན་ལ་མཁས། །ཞེས་གསུངས། དགུང་ལོ་ཉེར་བཞི་ནས་གཤེགས་ཀྱི་བར་ཏུ་གསང་བཤད་ཀྱང་མ་ཆགས་པར་གནང་བ་སོགས་བསྟན་འགྲོའི་དོན་ལ་གཅིག་ཏུ་གཞོལ་པའི་མཐར་ཞིང་འདིའི་གདུལ་བྱ་རྫོགས་ནས། རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགུང་ལོ་གྱ་གཉིས་པ་ཤིང་ཡོས་ཀྱི་ལོར་ཅུང་ཟད་སྙུང་བའི་ཚུལ་བསྟན་ནས། སློབ་མ་རྣམས་ལ་ནུབ་བདེ་བ་ཅན་དུ་འགྲོ་བས་དེར་གསོལ་བ་ཐོབ་ཅིག །ཆོས་རྗེ་བྱམས་པ་སེང་གེ་ཡང་བྱོན་བྱུང་བས་མཆོད་པ་ཤོམས་ལ་ཀུན་གྱིས་གསོལ་བ་ཐོབ་ཅིག་གསུངས་ཏེ། རྟ་ཟླའི་ཉེ་བདུན་གྱི་ཉི་དྲོས་ལ་ནམ་མཁའ་འཇའ་འོད་ཀྱིས་གང་བ་སོགས་ངོ་མཚར་གྱི་ལྟས་དང་བཅས་ཏེ་ཞི་བར་གཤེགས་སོ། །དགུང་ཞག་བདུན་ནས་འུག་པ་ལུང་ནས་ཟུར་ཧཾ་རིན་པོ་ཆེ་ཤཱཀྱ་འབྱུང་གནས་སྤྱན་དྲངས་ཏེ་པུར་བཞུ་བས་འཇའ་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་ཀྱིས་ཁྱབ་སྟེ་གདུང་རིང་བསྲེལ་གྲངས་མེད་པར་བྱོན་ནོ། །སྒྲོལ་མ་བསམ་གྲུབ་རྡོ་རྗེས་ཟུར་ཧམ་ཐམས་ཅད་མཁྱེན་པ་ཤཱཀྱ་འབྱུང་གནས་ལ་གསུངས་པ་ཡིན་ཏེ། འདིའི་རྣམ་ཐར་ཅུང་ཟད་བརྗོད་ན། ཡབ་ཟུར་བཟང་པོ་དཔལ་དང་ཡུམ་ཡོན་བདག་མོ་ཨ་འཛིན་གཉིས་ཀྱི་སྲས་སུ་འཁྲུངས་ཏེ་ཡབ་མེས་ཀྱི་ཆོས་རྣམས་མཁས་པར་སྦྱངས་ཏེ་དགུང་ལོ་ལྔ་ལ་རྩ་བརྒྱུད་གསང་བ་སྙིང་པོར་བཤད་པ་མཛད། དགུང་ལོ་བདུན་ནས་བཤད་གྲྭ་བསྐྱངས། བླ་མ་ཀུན་སྤངས་པ་ལ་དགེ་ཚུལ་དང་། བྱང་སེམས་བསོད་ནམས་གྲགས་པར་བསྙེན་པར་རྫོགས་པའི་མཚན་ཤཱཀྱ་འབྱུང་གནས་སུ་གསོལ། དཔལ་ལྡན་བླ་མ་དམ་པ་ཟུར་ཤཱཀྱ་སེང་གེ། ས་བཟང་ལོ་ཆེན། སྒྲོལ་མ་འཇམ་དབྱངས་བསམ་གྲུབ་རྡོ་རྗེ། གཡུང་སྟོན་ཆེན་པོ་མཁས་བཙུན་སངས་རྒྱས་སོགས་བླ་མ་མང་དུ་བརྟེན་ནས་གསང་སྔགས་སྔ་འགྱུར་གཙོ་བོར་གྱུར་པའི་མདོ་སྔགས་བསྟན་བཅོས་མཐའ་དག་ལ་ཐོས་བསམ་རྒྱ་ཆེར་མཛད་ནས་ཟུར་ཐམས་ཅད་མཁྱེན་པ་ཞེས་ཀུན་ལ་གྲགས་སོ། །ཟུར་ཤཱཀྱ་འབྱུང་ཕྱི་མ་གྲགས་པ་ནི་སྔ་མ་ཟུར་ཆེན་ཤཱཀྱ་འབྱུང་དང་མི་འདྲེས་པའི་ཆེད་དུ་བྱས་སོ། །ཁྱད་པར་དུ་ཡང་འདུས་པ་མདོའི་སྐོར་གསན་ཚུལ་ནི་གླན་སྟོན་བསོད་ནམས་མགོན་པོའི་སློབ་མ་བླ་མ་ཉང་སྟོན་དཔལ་ལྡན་རྡོ་རྗེ་བ་ལ་ཡང་གསན། བླ་མ་བཟང་པོ་བ་ལ་བྱང་སེམས་དང་མ་ཧཱ་ཨ་ནུ་སྒོས་སུ་གསན། སྤྱིར་གཏད་རྒྱ་ཁོ་ན་ཡང་ལན་གསུམ་དུ་གསན་པར་བཤད་པས་གཏད་རྒྱ་ཚར་གཅིག་རྒྱལ་བ་གཡུང་ལ་ཡང་གསན་ནམ་སྙམ་ཞིང་། རྒྱུ་མཚན་གཡུང་གཏད་རྒྱ་ལ་མཁས་ཤིང་དེས་མཛད་པའི་དབང་བྱང་ཡང་ཡོད་ཅིང་། ཟུར་ཧཾ་འདི་ཉིད་ཀྱི་བླ་མ་ཡང་བཞུགས་ལ། གཏད་རྒྱའི་དགོས་བརྒྱུད་གཅིག་མ་གཡུང་སྟོན་བཞུགས་ཚུལ་གོང་དུ་སྨོས་པས་ཀྱང་ཤེས་པར་ནུས། སྒྲོལ་མ་བ་བསམ་འགྲུབ་རྡོ་རྗེས་ཤངས་གྱེང་ཁོང་པ་གཟི་སྟོན་ཤཱཀྱ་བཟང་པོ་ལ་མདོ་ཡོངས་རྫོགས་ཀྱི་ཕྱག་བཞེས་གསན་ཞིང་། གྱེས་ཁོང་པས་མདོ་དབང་རང་མ་མཛད་པས་གྲགས་ལ། ཕྱག་བཞེས་ཀྱི་བརྒྱུད་ཚུལ་གཅིག་ལ་གྱེས་ཁོང་པ་ནས་སྒྲོལ་ཆེན་ཡིན་ལ། སྒྲོལ་ཆེན་བསམ་གྲུབ་རྡོ་རྗེ་ཟུར་ཧཾ་འདིས་མདོ་དབང་གསན་པའི་བླ་མ་མཆོག་ཏུ་ངེས་པས། སྤྱིར་མདོ་དབང་ཁོ་ནའི་དོན་དུ་རྒྱ་བོད་ཀྱི་ན་བཟའ་སྨན་སྣ་ཐབ་ཆས། ནས་ཁལ་ལྔ་བཅུ་སོགས་ཀྱིས་སྣ་དྲངས་པའི་འབུལ་ཚན་དང་བཅས་ཏེ་འདུས་པ་ཆེན་པོའི་མདོའི་དབང་བསྐུར་མན་ངག་རྒྱབ་བརྟེན་གྱི་ལུང་ཕྱག་བཞེས་སོགས་མཐའ་ཆོད་པར་གསན། གཏད་རྒྱ་ཁོ་ནའི་ཡོན་དུ་ཡང་གོས་ཡུག་གསེར་ཞོ་གསུམ་རི་བ་དང་གསེར་ཞོ་གང་སོགས་འབུལ་བར་མཛད་དེ་གསན་པའི་ལོ་རྒྱུས་ཀྱང་སྣང་ཞིང་། ཁྱད་པར་མདོ་དབང་ཚར་གཉིས་གསན་པར་གསལ་ཏེ། དབང་གི་སྙན་བརྒྱུད་ཟབ་མོ་ཁུངས་ཀྱི་གཏད་རྒྱ་ཟུར་ཧཾ་ཉིད་ཀྱིས་མཛད་པ་ལས། དེ་ལྟ་བུའི་དཔལ་ལྡན་བླ་མ་དེ་ཉིད་ཀྱིས་བདག་ཟུར་གྱི་སྔགས་འཆང་དགེ་སློང་རྡོ་རྗེ་འཛིན་པ་ཟུར་ཧཾ་ཤཱཀྱ་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ལ་བཀའ་སྡེ་ཟུར་པའི་གདན་ས་ཆེན་པོ་འུག་པ་ལུང་གི་ཡང་དབེན་དུ་ལན་གཉིས་ཐོབ་པ་ལགས། ཞེས་གསུངས་པའི་ཕྱིར་དང་། གཞན་ཡང་གཏད་རྒྱའི་ལོ་རྒྱུས་ཉིད་ཀྱིས་མཛད་པ་ལས། བླ་མ་བསམ་གྲུབ་པ་དེས་བདག་ཟུར་ཧཾ་ཤཱཀྱ་འབྱུང་གནས་དང་སྲིང་གཅིག་ཟུར་མོ་དགེ་འདུན་འབུམ་ལ་གཏད་རྒྱ་དང་བཅས་ནས་གནང་ངོ་། །ཞེས་གསུངས་པས། ཟུར་ཧཾ་རིན་པོ་ཆེ་ལྕམ་སྲིང་གསུམ་བྱུང་བའི་བསྒྲེས་པ་ཟུར་ཧམ་ཉིད། འབྲིང་པོ་བླ་མ་ཆོས་རྒྱལ། ལྕམ་དཔལ་ལྡན་འཚོ་མོའམ་ཟུར་མོ་དགེ་འདུན་འབུམ་སྟེ་གསུམ་བྱུང་བས། ལྕམ་སྲིང་གཉིས་ཀྱིས་གསན་པར་གསལ་ལོ། །དེ་ལྟར་འཇམ་དབྱངས་བསམ་གྲུབ་རྡོ་རྗེ་ལ་མདོ་དབང་གསན་པའི་གསང་མཚན་རྡོ་རྗེ་ཐོད་ཕྲེང་རྩལ་དུ་གྲགས་ཤིང་། བསྡུས་དོན་ནི་དངོས་གྲུབ་བསྐུལ་ཚིག་ཏུ། །བདུད་རྩིའི་ཆུ་རྒྱུན་ཡང་དབེན་དུ། །མཁས་གྲུབ་ཤཱཀྱ་འབྱུང་གནས་ནི། །ཀུན་མཁྱེན་འཇིག་རྟེན་གསུམ་གྱི་མགོན། །ཞེས་དང་། དབང་བྱང་ལས། རྒྱུད་ལུང་མན་ངག་དབང་བསྒྲུབ་ཀུན་གྱི་བདག །རྒྱལ་ཚབ་བསྟན་འཛིན་གདུལ་བྱ་སྐྱོང་བའི་དཔལ། །མང་ཐོས་ཀུན་མཁྱེན་རྟོགས་པ་མངོན་དུ་གྱུར། །ཤཱཀྱ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལ། །ཞེས་གསུངས་པའི་ཕྱིར། ཕྱིས་སུ་མདོ་དབང་ཟུར་ལུགས་ཀྱི་བསྟན་པའི་བདག་པོ་འདི་ཁོ་ན་ཡིན་ལ། དེང་སང་ཡང་འདི་ཁའི་ཕྱག་བཞེས་ཀྱི་རྒྱུན་ཡིན་པས་ཟུར་ཧཾ་འདིའི་དངོས་སློབ་གཉལ་པ་བདེ་ལེགས་པའི་ཆོག་ཁྲིགས་ཉིད་རྩ་བར་བྱེད་པ་ཡིན། ལོ་རྒྱུས་འདི་རྣམས་ཀྱི་རང་བསྡུས་དབང་ཆོག་གསར་བསྒྲིགས་ཀྱི་གཏད་རྒྱའི་སྐབས་སུ་ཟུར་ཧཾ་ཉིད་ཀྱི་གསུང་བཞིན་བྲིས་ཡོད་པས་ཀྱང་རྟོགས་པར་ནུས་སོ། །དེ་ལྟར་ཟུར་ཆེན་འདི་ཉིད་ཀྱི་སྐུ་ཆེ་བའི་ཡོན་ཏན་དུ་མ་མངའ་གཞིར་བཅས་ནའང་། བསྡུ་ན་གཟིགས་སྣང་བྱུང་ཚུལ་ཕྲན་བུ་ཟུར་ཧཾ་ཉིད་ཀྱི་གསུང་ལས་འདི་ལྟར་འབྱུང་སྟེ། བདག་སྨྱོན་པའི་ཆོལ་དང་རྨི་ཉམས་ལ། སྟོན་པ་ཤཱཀྱ་ཐུབ་པ་བ་ལོངས་སྤྱོད་ན་ཁྲི་བརྩིག་པའི་ཞལ་ཏ་མཛད་ཀྱིན་གདའ། བཛྲ་ཧེ་རུ་ཀཿམཛེ་ཐོད་བསྣམས་པ་འཇིགས་པ་ཞིག་སྣང་། བུདྡྷ་ཧེ་རུ་ནི་མཛེས། རཏྣ་ཧེ་རུ་བརྗིད། པདྨ་ཧེ་རུ་བཀྲག་མདངས་གསལ། ཀརྨ་ཧེ་རུ་སྣ་ཚོགས་པར་གདའ། ཞི་དང་རིག་འཛིན་ནམ་མཁའ་འགྲོ་ཆོས་སྐྱོང་ནི་མི་དང་མི་མིན་ནམ་མཁའི་ལུས་ཅན་གང་དུའང་རྫུ་ཞིང་འཕྲུལ་སྟོན་གྱིས་གདའ་གསུངས་སོ། །གཞན་ཡང་འདུས་པ་མདོའི་ལྷ་ཐེམས་གཏད་རྒྱའི་འགྲེལ་པ་སོགས་མང་དུ་མཛད་དེ་བསྟན་པའི་གསལ་བྱེད་ཆེན་པོར་གྱུར། དེ་ལྟར་ཐམས་ཅད་མཁྱེན་པ་ཤཱཀྱ་འབྱུང་གནས་དེས་སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་གཙོ་བོར་གྱུར་པའི་བཤད་བསྒྲུབ་ཀྱི་བསྟན་པ་ཕྱོགས་བརྒྱར་སྤེལ་ཞིང་འཕྲིན་ལས་བཞིས་གདུལ་བྱའི་རེ་བ་བསྐངས་ཏེ་ཞིང་འདིའི་འཕྲིན་ལས་རེ་ཞིག་རྫོགས་ནས་ཞིང་ཁམས་གཞན་དུ་འགྲོ་བའི་དོན་ལ་དགོངས་ཏེ་དགུང་ལོ་སོ་བརྒྱད་པ་ལ་སྒྲ་འོད་ཟེར་གསུམ་གྱི་ཆོ་འཕྲུལ་དུ་མ་དང་བཅས་ཏེ་རིག་འཛིན་གྱི་ཞིང་དུ་གཤེགས་སོ། །ཟུར་ཧཾ་ཐམས་ཅད་མཁྱེན་པ་ཤཱཀ་འབྱུང་ཕྱི་མ་འདིས་ལང་གྲོ་སྤྲུལ་སྐུ་ཚེ་དབང་རྒྱལ་པོ་ལ་གསུངས་ཏེ། བླ་མ་འདིའི་རྣམ་ཐར་ཞིབ་པར་མ་འཚལ་ཡང་། ཁུངས་ཀྱི་གཏད་རྒྱར། དེས་གདན་ས་ཡང་དབེན་དུ་སྤྲུལ་སྐུ་ཚེ་དབང་རྒྱལ་པོ་ལ་གནང་ཞེས་དང་། དངོས་གྲུབ་བསྐུལ་ཚིག་ལས། རི་སྦུག་དཔལ་གྱི་དགོན་པ་རུ། །ལང་གྲོ་ཚེ་དབང་རྒྱལ་པོ་ནི། །མཐུ་སྟོབས་དབང་ཕྱུག་སྤྲུལ་པའི་གར། །ཞེས་དང་། དབང་བྱང་ལས། ལྷ་དང་རྟོགས་པ་དབྱེར་མེད་འགྲོ་བའི་མགོན། །གདུལ་བྱའི་སྨིན་གྲོལ་མཁའ་སྤྱོད་གནས་སུ་གཤེགས། །སྤྲུལ་སྐུ་ཚེ་དབང་རྒྱལ་ཏེ་རྡོ་རྗེ་ཐོགས་མེད་རྩལ། །ཞེས་གསུངས་པས། ཟུར་ཐམས་ཅད་མཁྱེན་པར་མདོ་དབང་གཏད་རྒྱ་དང་བཅས་པ་གསན་ཅིང་གསང་མཚན་རྡོ་རྗེ་ཐོགས་མེད་རྩལ་ཏེ་གྲུབ་པའི་མཛད་པ་དུ་མས་བསྟན་འགྲོར་དགེ་ལེགས་རྒྱ་ཆེར་སྣང་བར་མཛད་པའི་མཐར་རིག་འཛིན་གྱི་ས་ལ་གཤེགས་སོ། །སྤྲུལ་སྐུ་ཚེ་དབང་རྒྱལ་པོས་བརྒྱུད་འཛིན་ལེགས་པར་དཔལ་བཟང་ལ་གནང་བ་ཡིན་ཏེ་རྣམ་ཐར་རྒྱས་པ་མ་རྙེད་མོད། འོན་ཀྱང་བསྡུས་དོན་དངོས་གྲུབ་བསྐུལ་ཚིག་ལས། དབེན་གནས་ཆུ་བར་ཉི་སྦུག་ཏུ། །བརྒྱུད་འཛིན་ལེགས་པ་དཔལ་བཟང་ནི། །རིག་འཛིན་གོང་མའི་གདུང་ཚོབ་རྗེ། །ཞེས་དང་། དབང་བྱང་ལས། བཤད་བསྒྲུབ་མཐར་ཕྱིན་ཚེ་ཡི་རིག་འཛིན་ཐོབ། །ཆུ་བོ་བཞི་རྫོགས་དབང་ཆེན་དངོས་སུ་བྱོན། །ལེགས་པ་དཔལ་བཟང་རྡོ་རྗེ་དབང་སྡུད་རྩལ། །ཞེས་གསུངས་པས། སྤྲུལ་སྐུ་ཚེ་དབང་རྒྱལ་པོ་ལས། འདུས་པ་ཆེན་པོའི་དབང་གཏད་རྒྱར་བཅས་པ་གསན་ཅིང་། གསང་མཚན་རྡོ་རྗེ་ཐོགས་མེད་རྩལ་དུ་གྲགས། བཤད་སྒྲུབ་གཉིས་ཀ་མཐར་ཕྱིན་དུ་སྐུ་ཚེ་རིང་པོར་བཞུགས་པར་མངོན་ཅིང་། རྟ་མགྲིན་དང་གཤིན་རྗེ་གཤེད་དམར་པོ་སོགས་པས་གྲུབ་པ་བརྙེས་པ་ཞིག་ཡིན་པར་གསལ་ཏེ་མཐར་འོག་མིན་ཚོགས་ཆེན་གྱི་དཀྱིལ་འཁོར་དུ་རིག་འཛིན་གྱི་གྲལ་རིང་པོར་གཤེགས་སོ། །བླ་མ་དམ་པ་ཆུ་བར་ཉི་སྦུག་པ་ལགས་པ་དཔལ་བཟང་དེས། ལྷ་རིགས་ཀྱི་མཁས་གྲུབ་ཆེན་པོ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོར་གནང་བ་ཡིན་ཏེ། བླ་མ་འདིའི་རྣམ་ཐར་ཅུང་ཟད་བཤད་ན། དེ་ཡང་གདུང་རིགས་ནི་མངའ་རིས་པཎྜི་ཏ་ཆེན་པོའི་མགུར་ལས། སྐལ་ལྡན་གྱི་བཙུན་པ་མཚོ་སྐྱེས་བདག །རིགས་འཆང་གི་བརྒྱུད་པ་བཙད་པོ་རྒྱལ། །མིག་དམར་གྱི་སྤྲུལ་པ་ལྷ་ལས་བབས། །སྡང་མིག་གི་སྤྱན་གསུམ་ལྡན་པའི་རྒྱུད། ། མ་སངས་ཀྱི་དཔོན་དུ་བརྒྱུད་བལྟམས་པ། །གྲུབ་ཐོབ་ཀྱི་བརྒྱུད་པ་ཟམ་མ་ཆད། །དཔའ་མཛངས་ཀྱི་མེས་པོ་རིགས་མ་འཆལ། །ཞེས་དང་གཅུང་ལེགས་ལྡན་ཞབས་ཀྱི་མགུར་ལས། རིགས་རྒྱུས་ནི་གུང་ཐང་གི་རྗེ་དང་མཉམ། །ཞེས་གསུངས་པའི་དོན། རིགས་ལྷ་རིགས། རུས་གཉའ་ཁྲི་བཙན་པོའི་བརྒྱུད། ཆོ་འབྲང་བོད་ཡུལ་དཀར་པོར་བཀོད་པའི་རིགས་ལས་བྱུང་བ། ལྡེ་དགུ་ལས། ཇོ་ཇོ་རྒོད་ལྡེ་གུ་གེར་བྱོན། །ཁུང་ལུང་དངུལ་མཁར་གྱི་རྒྱལ་ས་བཏབ། །བདུད་རེ་ཏི་འགོང་ཡག་སོགས་བཏུལ། ཁྱུང་ལུང་རྡོ་རྗེ་སྤྱན་གཅིག་མས་གསང་ཡུམ་བྱས། སླར་གློ་བོར་བྱོན་གཡུ་རི་སྔོན་པོའི་རྩེར་དགོངས་པ་མཛད། ས་དཔྱད་གཟིགས་ནས་གློ་བོར་མ་ཐང་སྟོད་དུ་རྒྱལ་ས་བཟུང་། རྒོད་ལྡེ་ལ་སྲས་གསུམ་བྱུང་བའི་བར་པས་བལ་པོ་དབང་དུ་བསྡུས། སྤུ་རང་དུ་སྐུ་མཁར་ཉི་བཟུང་བཏབ་ཅིང་། དེ་ནས་བརྒྱུད་པ་མང་པོར་རིིམ་བཞིན་འཕེལ་ཚུལ་དུ་མ་ཡོད་ཀྱང་འདིར་མ་བྲིས་ལ། དེ་ལྟར་རྒྱལ་བརྒྱུད་རྣམས་ཀྱིས་དཀོན་ཅོག་གསུམ་ལ་ཞབས་ཏོག་ཆེ་ཞིང་བསྟན་པ་རིན་པོ་ཆེའི་ཞབས་ནས་བཏེག་ཚུལ་མཐའ་ཡས་པར་མཛད་པ་ཡིན་པས་ཞིབ་པར་རིག་འཛིན་རྗེའི་རྣམ་ཐར་སོགས་ལས་ཤེས་སོ། །འདིར་འཇམ་དབྱངས་རིན་ཅེན་རྒྱལ་མཚན་གྱི་འཁྲུངས་ཡུལ་ནི་མངའ་རིས་གློ་བོ། ཡབ་གུང་ཐང་མངའ་བདག་གི་སྲས་ཆོས་རྒྱལ་ནོར་བུ། ཡུམ་གཡུར་རྩེ་མ་མིང་ཁྲིད་ཅེས་བྱ་ཡིན་ཏེ། ཡུམ་གྱི་ལྷུམས་སུ་འཇུག་པའི་ཚེ་ངོ་མཚར་གྱིས་ལྟས་མང་དུ་བྱུང་ཞིང་། ཡུམ་གྱི་རྨི་ལམ་དུ་ཉི་ཟླ་ཕྲེང་བ་མང་པོ་སྤྱི་བོ་ནས་ཐིམ་པས་ལུས་བདེ་ཆོམ་ཆོམ་སེམས་ཁོང་ཁྲོ་མེད་པ་དང་། རྣལ་འབྱོར་པ་རུས་རྒྱན་ཅན་རྡོར་དྲིལ་ཐོགས་པ་གསུམ་གྱིས་བར་སྣང་ནས་སྤྱི་བོར་བུམ་ཆུས་དབང་བསྐུར་ཞིང་རྟེན་འབྲེལ་སྙིང་པོ་དང་། ༀ་ཨཿཧྲཱི༔ཧཱུཾ་ཞེས་དང་། ཧྲཱི༔ཧ་ཧོཿཧཱུྃ་ཕཊཿཅེས་རྡོར་དྲིལ་སྤྱི་བོར་བཞག་པས་ལྟོ་བར་ཐིམ་པ་དང་རྣལ་འབྱོར་པ་སྐུ་མདོག་སྨུག་ནག་ཅིག་ལུས་ལ་ཐིམ་པས་སྣང་བ་བདེན་མེད་དུ་སོང་བ་སོགས་བྱུང་ཞིང་ས་ཆེན་པོ་ཡང་ལན་བཞིར་གཡོས་སོ། །དེ་ནས་ཡུམ་གྱི་ཞང་པོ་གྲུབ་ཐོབ་ཚུལ་ཁྲིམས་དཔལ་ཞེས་པའི་མནལ་ལམ་དུ། ཡུམ་མིང་ཁྲིད་ཀྱི་ཁང་པར་དམ་པ་རྒྱ་གར་དང་། མར་པ་ལོ་ཙ་དང་། བཻ་རོ་ཙ་ན་དང་། བི་མ་ལ་མི་ཏྲཱ་དང་། ཨུ་རྒྱན་པདྨ་དང་། མ་ཅིག་ལབ་སྒྲོན་རྣམས་ཡིན་ཟེར་བའི་རྣལ་འབྱོར་པ་དང་། རབ་བྱུང་དང་། རྣལ་འབྱོར་མ་དང་། པཎྜི་ཏ་མང་པོ་ཞུས་སོང་བས། དེ་དག་ཅི་ལ་བྱོན་པ་ཡིན། ང་རང་ཡང་མཇལ་དུ་འགྲོ་སྙམ་ནས་ཕྱིན་པས། ཁྱིམ་ན་གར་པ་མང་པ་རུས་རྒྱན་འདེབས་གྲབས་བྱེད་ཀྱི་འདུག་ནས་ཡུས་ཀྱིས་བསྣང་ནས་ཨོ་རྒྱན་རིནཔོ་ཆེ་གང་ཡིན་ནམ། མ་ཅིག་ལབ་སྒྲོན་དང་དམ་པ་སངས་རྒྱས་སོགས་ག་རེ་དྲིས་པས། རུས་རྒྱན་འདེབས་པ་འདི་ཚོ་ལ་ཁྱད་མེད་ཡིན་ཟེར་ཕྱག་གང་ལ་འཚལ་མ་ཤེས་པས། ཐམས་ཅད་ཡུད་ཙམ་ལ་མར་མེ་འབར་བ་ཉི་ཤུ་ཙམ་དུ་སོང་བའི་དབུས་ན་དམ་པ་སངས་རྒྱས་ཡང་ཡིན། ཨུ་རྒྱན་པདྨ་ཡང་ཡིན་ཟེར། ཕྱག་བཙལ་མཆི་མ་ཕྱུང་བས། ང་ནི་མར་པ་ལོ་ཙཱ་ཞེས་བྱ་བ་ཡིན། སློབ་དཔོན་ས་ཁམས་བདེའམ། གློ་བོ་གེ་གར་གྱི་སྒྲུབ་པ་དེ་མ་ཆག་པ་མཛོད་ཨང་གསུངས་རྐང་གླིང་ཞིག་གནང་སྟེ་ཡུམ་མིང་ཁྲིད་ལ་ཐིམ་སོང་བར་རྨིས་པས་ཡུམ་གྱི་དྲུང་དུ་བྱོན་ཏེ་རྒྱུ་མཚན་དེ་དག་གསུངས་ཤིང་། ང་རྒད་པོ་ལོ་བརྒྱ་ལ་ཐུག་ཀྱང་ཡིད་བདེ་བ་ཞིག་བྱུང་ངོ་གསུངས། དབྱར་དེ་ཡུལ་ཕྱོགས་སུ་ནད་མེད་ཅིང་ལོ་ཏོག་དང་མེ་ཏོག་སྔར་ལས་རྒྱས་པ་ཆེ་བ་མང་དུ་སྐྱེས། གེ་གར་གཙུག་ལག་གི་སྲུང་མ་ལ་ལེགས་ལྡན་པའི་ཡུམ་ལ་བབས་ཏེ། ཧ་ཧ། དཀོན་མཆོག་ལ་མཆོད་པ་གྱིས། གྲུབ་མི་གཙང་བ་ལ་འཛེམས། ཁང་པའི་བར་ཁང་ན་རྒྱ་གར་གྱི་གྲུབ་ཐོབ་ཧེ་རུ་ཀཿམང་པོ་བཞུགས་ཡོད་ཚོགས་འཁོར་མང་པོ་གྱིས། ཚེས་བཅུ་ལ་གྲུབ་ཐོབ་ཚུལ་ཁྲིམས་དཔལ་སྤྱན་དྲོངས། ངས་གྲོགས་བྱེད། ལུང་པ་འོད་དུ་འབར་བ་ཡིན། བདུད་ལ་མི་དགའ་བ་སྐྱེ་བའི་དུས་ཡོང་། ཞེས་སོགས་སྨྲས། ཚེས་བཅུར་གྲུབ་ཐོབ་སྤྱན་དྲངས། བླ་མ་གསང་འདུས་ཀྱི་དབང་ཡུམ་འཁོར་བཅས་ལ་གནང་ངོ་། །གྲུབ་ཐོབ་དེ་ཡང་དགུང་ལོ་བརྒྱ་དང་དགུར་བཞུགས་གསར་རྙིང་གཉིས་ཀའི་གྲུབ་ཐོབ་ཡིན་ངེས་པ། ཡི་དམ་མང་པོའི་ཞལ་གཟིགས་ཤིང་འགྲོ་ཁར། ཕཊ་ཕཊ༔ ང་ནི་རྒྱ་གར་ཤིང་ལོ་པ། །མཁའ་སྤྱོད་གནས་ནས་ཞིང་འདིར་མཆིས། །བརྒྱ་དང་དགུའི་ལོར་བཞུགས་ནས། །བཤད་སྒྲུབ་ཚུལ་བཞིན་ཉན་བཤད་བྱས། །ང་ཡི་བླ་མ་ཐམས་ཅད་ཀྱང་། །འཕགས་པའི་རྣམ་སྤྲུལ་ཉིད་ཡིན་ནོ། །ངའི་སློབ་མར་གྱུར་པ་རྣམས། །དག་པའི་ཞིང་དུ་ཁྲིད་པས་ན། །དབུ་རྩེ་དཔལ་གྱི་དགོན་པ་འདིར། །ཚུལ་ཁྲིམས་སྲུངས་ནས་བཤད་སྒྲུབ་སྤེལ། །བདུད་བཞི་ཆོད་ཅིང་རིགས་ཀྱི་བུ། །བྱ་བྲལ་བསོད་ནམས་སེང་གེ་འདི། །ཨོ་རྒྱན་པདྨས་བྱིན་བརླབས་པའི། །སྤྲུལ་སྐུ་ཕྱིར་མི་ལྡོག་པ་ཡིན། །སྐུ་ཡི་སྤྲུལ་པ་དུ་མ་ཡིས། །འགྲོ་བ་བྱང་ཆུབ་ལམ་ལ་འདྲེན། །ཟབ་མོ་བདུད་གཅོད་རྒྱས་པར་བྱེད། །ང་ནི་ཨོ་རྒྱན་ཞིང་དུ་འགྲོ། །གསུངས་ཏེ་ཚེས་བཅུར་སྒྲ་དང་རོལ་མོ་འཇའ་འོད། མེ་ཏོག་གི་ཆར་དང་བཅས་ཏེ་གཤེགས་པའི་གདུང་ལ་རྡོར་སེམས། རྣམ་འཇོམས། རྣལ་འབྱོར་མའི་སྐུ། ཨ་དཀར། ཤེས་རབ་སྙིང་པོའི་གཟུངས། རིང་བསྲེལ་མང་པོ་དང་བཅས་བྱོན་པ་ཞིག་ཡིན་ནོ། །དེ་ལྟར་དགེ་མཚན་དུ་མ་མངོན་དུ་གྱུར་ནས། སྟག་ལོ་ཟླ་བ་དྲུག་པའི་ཚེས་བཅུར་སྐུ་བལྟམས་པའི་ཚེ་ངོ་མཚར་གྱི་ལྟས་བདུན་བྱུང་། དེའི་ཚེ་གྲུབ་ཐོབ་ཚུལ་ཁྲིམས་དཔལ་གྱི་སློབ་མ་སློབ་དཔོན་ཚུལ་ཁྲིམས་འབར་ཞེས་བྱ་བ་གློ་བོ་གེ་གར་གྱི་གཙུག་ལག་ཁང་ན་ཡོད་པའི་མཚན་ལམ་དུ། དབུ་རྩེའི་དགོན་པ་ཤར་ནས་རོལ་མོ་མང་པོའི་སྒྲ་ཐོས་ཤིང་གཙུག་ལག་ཁང་གི་རྩེ་ནས་བལྟས་པས། ཉི་མ་འོད་ཟེར་དང་བཅས་ཏེ་ཤར་ནས་གློ་བོ་མ་ཐང་སྐྱ་ལམ་ལམ་སོང་། མི་མང་པོ་མདུང་ཐོགས་ནས་ཉི་མ་ལ་རྒྱག་གི་འདུག་པ་སྙོགས་མ་སོང་བ་ཞིག་རྨིས་ཏེ། མནལ་སད་ནས་བླ་མ་གསང་འདུས་ཀྱི་ཐུགས་དམ་མཛད་ཅིང་ཡོད་པས་སྒོ་བརྡུང་བ་ཞིག་བྱུང་། སུ་ཡིན་གཟིགས་པས་སྟོན་པ་ཆོས་སྐྱོང་བློ་གྲོས་འོངས་ཏེ། མིང་ཁྲི་ལ་བུ་ཞིག་སྐྱེས་འདུག །སྔགས་མར་ཞིག་དང་བསྲུང་མདུད་ཁྲུས་ཆུ་ཞིག་གནང་དགོས་ཟེར། དེར་ཐོས་པས་སྔར་གྲུབ་ཐོབ་ཀྱི་མཚན་ལམ་དང་། ཁོ་རང་གི་མནལ་ལམ་དྲན་ཏེ་དགྱེས་དྲགས་ནས་ཨ་ཕའོ། ཨ་ལ་ལ་བསྟན་པ་ཤར་རོ། །ཉི་མ་ཤར་རོ། །གསུངས་ཤིང་གཟིམས་མལ་ནས་སྐུ་རགས་ཀྱང་མ་བཅིངས་པར་ཐུལ་པ་ལྷུག་མོར་གསོལ་ཏེ་སྒོ་དབྱེ་བར་བྱོན་པས། སྐས་ལ་ཐུལ་པ་ཞུས་ཏེ་གཅེར་བུར་བྱུང་ནས་སྒོ་ཕྱེ་ཁ་ལ་མར་བཅུག་མགོ་ལ་མར་བསྐུས་སོ། །དེ་ལྟར་བལྟམས་པའི་ཚེ་ས་གཡོས་ལན་བདུན་བྱུང་ཁང་པ་ཡང་མ་ཞིག །འབྲུག་ཆེ་ལ་དྲག་པ་ལན་བདུན་ལྡིར། ནམ་མཁའ་ལ་འཇའ་འཁྲིགས་ཆར་ཆེན་པོ་བབས། གཙང་ཉང་རྫོང་པ་དང་གློ་བོ་སྨན་ཐང་པ་གཉིས་འཁྲུག་གི་ཡོད་པའི། དར་མདུང་སླང་བ་མང་པོ་ཡང་ཤར་ཕྱོགས་སུ་ཕུང་ཕུང་བྱུང་བས། སློབ་དཔོན་ཚུལ་ཁྲིམས་འབར་གྱིས་ཁོ་རང་ཚོ་འཁྲུག་ནའང་འཁྲུགས། ད་ལན་དར་ཕྱར་བ་ལེགས་པོ་གསུངས། གློ་བོ་རྣམས་བྱུས་རྒྱལ། མཁར་ལ་དར་ཚུགས། རྣམ་རྒྱལ་རྫོང་ཐོས་པས་ཡབ་ཀྱིས་བུ་དགྲ་འདུལ་གཉེན་འཁྱོངས་ཁ་དྲོ་བས། རྒྱལ་མཚན་འབུམ་དུ་ཐོགས་གསུངས་ལ། མཚན་དངོས་དོན་གྲུབ་དཔལ་མགོན་དུ་ཡང་གྲགས་སོ། །དེ་ཡང་ཡབ་དངོས་གུང་ཐང་རྒྱལ་པོའི་སྲས་ཆོས་རྒྱལ་ནོར་བུ་ཡིན་པ་གདུང་རིགས་གཅིག་པའི་ཡབ་ཚན་ཡིན་པར་སྣང་། ཡུམ་གྱི་བདག་མངའ་བདག་བཙན་པོ་ལྡེའམ། དགྲ་དགུ་ཆེ་བས་བཙན་དུག་ཏུ་ཡང་གྲགས་པ་དེ་ཡིན་པས། ཕྱི་འཕྱར་གྱི་ཡབ་འདིས་མཛད་དེ་སྐྱོང་ཐབས་དང་ཡབ་ཀྱི་དོད་ཁོ་ན་མཛད་དེ། དེའི་ལོ་གློ་བོ་མ་ཐང་དུ་རབ་ཆད་བདུན་ལ་བུ་སྐྱེས། གཅོང་ནད་ཅན་བདུན་གྱི་ནད་ཐོན། བ་བདུན་ལ་བེའུ་དཀར་པོ་བདུན་སྐྱེས། རྒོད་མ་བདུན་ལ་རྟ་ཁྲ་བདུན་སྐྱེས། མུ་གེ་ནད་ཡམས་ཞི། ལོ་རྒྱུས་ལེགས་པར་ཕྱོགས་གཞན་གྱི་མི་རྣམས་ད་ལོ་སྐྱ་རྒྱལ་བུ་མང་མ་ཐང་ན་འདུག་གོ་ཟེར་བ་གྲགས། དེ་ལྟར་འཁྲུངས་ཙམ་ཉིད་ནས་མངལ་གྱི་དྲི་མ་ཤས་ཆེར་སྤངས་པའི་སྟོབས་ཀྱིས་འཁྲུངས་འཕྲལ་དུ་ཡུལ་ངོ་མཁྱེན་པ་དང་། མ་ཡིས་རེའུ་ཁམ་པ་ཞིག་གི་པགས་པ་འཇམ་པས་བླངས་སོ་གསུངས། དེ་ནས་བསྐྱེད་པ་བསྲིངས་ཏེ་ལོ་གཅིག་ཙམ་སོང་བ་དང་སྲུ་མོ་གྲོངས་བའི་ཕུང་པོ་བྱ་ལ་འཐོར་བའི་རྒོད་མང་པོ་གཟིགས་ཏེ། ཁོ་རང་གི་ཇོ་བོ་ཆེན་པོ་རྒྱལ་བ་ཞེས་བྱ་བ་ཡང་། ཡ་གི་ཅི་ཡིན་གསུངས། བྱ་རྒོད་ཡིན་ཞུས། ཅི་བྱེད་པ་ཡིན་གསུངས། འུའི་སྲུ་མོ་འདས་པའི་ཕུང་པོ་འཐོར་བ་ཡིན་ཞུས་པས། ཤི་བ་ཅི་ལ་ཟེར་གསུངས། མེད་པར་འགྲོ་ལ་ཡིན་ཞུས་པས། བྱ་དེ་རྣམས་གང་ན་ཡོད་གསུངས། ཡུལ་ཆ་མེད་ནས་འོངས་པ་ཡིན་ཞུས་པས། ཁོང་གིས་ཅི་ལ་ཤེས་གསུངས། ཁོང་ལ་མངོན་པར་ཤེས་ཡོད་པ་ཡིན་ཞུས་པས། མངོན་ཤེས་ཅི་ལ་ཟེར་གསུངས། མ་བསླབས་པར་ཤེས། མ་སྨྲས་པར་གོ །མ་བོས་པ་ལ་འོང་ནུས་པ་ཡིན་ཞུས་པས། འོ་ན་ང་རང་ཡང་བྱ་རྣམས་དང་འདྲ་བར་ཡ་གིར་འཕུར་འགྲོ་གསུངས། གྲུབ་པ་མ་ཐོབ་པར་འགྲོ་མི་ནུས་ཞུས་པས། གྲུབ་པ་ནམ་ཐོབ་གསུངས། ཆོས་ཟིན་ནས་ཐོབ་ཞུས་པས། ཆོས་ཅི་ལ་ཟེར་གསུངས། སྡིག་སྤངས་དགེ་བསྒྲུབ་ཡིན། ཁྱོད་རང་ཆེར་སོང་ནས་ཤེས་ཡོང་། ད་ལྟ་མི་ཤེས་ཞུས་པས། ཆོས་ད་ལྟ་སློབ་གསུངས། འོ་ན་ཕྱག་ཚོལ་ཟེར་ཇོ་ཇོས་ཕྱག་དང་སྐོར་བ་བསླབས་སོ། །དེ་ནས་མི་རྣམས་ལ། ང་ནམ་མཁའ་ལ་འགྲོ་ཆོས་བྱེད། གྲུབ་ཐོབ་བྱེད་ཁོ་ན་གསུངས། ཡུམ་གྱིས་ཐབ་ཏུ་ལུད་པ་སྐྱུར་བ་ཚིག་པས། ཨ་མ་གཏོར་ནས་སོང་ཟེར་བཤུམས་པས། ཨ་མ་འདི་ལ་ཡོད་མོད་ཅི་ལ་བཤུམས་ཞུས་པས། ཨ་མ་མེ་ལ་ཐིམ་མེད་པས་སོང་གསུངས། མཆོད་གནས་བརྩོན་འགྲུས་བཟང་པོ་བྱ་བས་གདོན་ཡིན་ཟེར་ཆ་གསུམ་བཏང་ཏོག་གཟུངས་བསྒྲགས་པས། ཏོག་གི་སྟོད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་མི་རྟོག ཉེ་བར་མི་རྟོག །རྣམ་པར་མི་རྟོག་བྱ་བ་བསྒྲགས་པས། ཐུགས་ཧད་དེ་བཞུགས་ནས་སྦྱིན་པ་ཅི་ལ་ཟེར་སོགས་ཤེས་རབ་ཀྱི་བར་དུ་དྲིས་པས། མཆོད་གནས་ཀྱི་སྦྱིན་པ་སྟེར་བ་ལ་ཟེར། ཚུལ་ཁྲིིམས་ཁྱིམ་སྤངས་པ་ལ་ཟེར། བཟོད་པ་ཁ་རོག་སྡོད་པ་ལ་ཟེར། བརྩོན་འགྲུས་མྱུར་དུ་བྱ་བ་ལ་ཟེར། བསན་གཏན་ཡིད་ལ་མི་བྱེད་པ་ལ་ཟེར། ཤེས་རབ་ཆོས་དང་འཇིག་རྟེན་གོ་བ་ཡིན། འོ་ན་ཆོས་གང་ལ་ཟེར་འཇིག་རྟེན་ཅི་ལ་ཟེར། མི་རྟོག་རྣམ་པར་མི་རྟོག་པ་གང་ཡིན་སོགས། ཞིབ་ཏུ་དྲིས་ནས་ཐུགས་ལ་འཛིན་ཅིང་ཞལ་འདོན་མཛད། བསམ་གཏན་ལ་རྒྱུན་རིང་པོར་ཧད་དེ་བཞུགས་ཤིང་རྗེས་ཤེས་ཤིན་ཏུ་བཀྲ་ལ་ངར་རྩལ་ཆེ་བས། མི་རྣམས་ཀྱིས་རྒོད་ལ་གྲུང་བ་འདུག་ཟེར་བ་བྱུང་། དགུང་ལོ་ལྔ་ཙ་ནས་བདག་ནི་དམ་པའི་ཆོས་ཤིག་བྱས་ལ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ། གྲོལ་བར་བྱ་བདེ་བར་བྱ། དེའི་ཕྱིར་དུ་མཆོད་རྟེན་བཞེང་དགོས་གསུངས་ཏེ། ཐོག་མར་བྱིས་པ་མང་པོ་བསགས་ནས་ཕ་མ་ལས་བླངས་པའི་ཟས་འདི་དག་གསོལ་ཞིག །ཅེས་གསུངས་ཤིང་སྦྱིན་པ་ཕྱོགས་མེད་དུ་གཏོང་། ཐ་ན་ཤིང་ཏོག་ཁྱེར་བ་རེ་བྱུང་ཡང་བྱིས་པ་དྲག་པོ་རྣམས་ལ་ལྔའམ་གསུམ། ཆུང་བ་རྣམས་ལ་རེ་གཉིས་གཉིས་སྦྱིན་པ་མཛད། དེ་ནས་བྱིས་པ་རྣམས་ལ་ད་ནི་ཁྱེད་རྣམས་ཀྱིས་རྡོ་འཇིམ་གྱི་བྱ་བ་འདི་བཞིན་བྱེད་པར་ཞུ། ང་མཆོད་རྟེན་ཁྱད་པར་ཅན་ཞིག་བཞེང་ཡིན་དེའི་དྲུང་དུ་མཆོད་པ་བྱེད་པ་དང་། ཆོས་བཤད་པར་བྱ་བའི་ཆོས་ཀྱི་ཁྲི་ཡང་བྱེད་པར་ཞུ། ཞེས་གསུངས་ཏེ་ལས་ལ་བཀོལ་བ་སོགས་རྒྱུན་པར་མཛད། ཉིན་གཅིག་ང་རི་ལ་བསྒོམ་གསུངས་ཏེ་དབུ་རི་ཕུག་མོ་ཆེ་ཟེར་བའི་ཕུག་པར་བྱོན་ཏེ། མདུན་ན་ཐོ་ཆུང་མང་དུ་བརྩིགས་ནས་ལུས་དྲང་པོར་བསྲངས་ཏེ་བསམ་གཏན་ལ་བཞུགས་པས། དེའི་ཚེ་ཡུལ་དེའི་དྲག་ཞན་མང་པོ་འཚོགས་ནས་སྐྱིད་ཞག་གི་ཤ་ཆང་ལྟད་མོ་ཆེན་པོ་བྱེད་པའི་དུས་ཡིན་པས། ཡབ་ཞལ་བཀོད་ཀྱིས་གཡེངས་ཏེ་ཕྱི་མོར་སོང་ཡང་མ་དྲན། དེ་ནས་སྲས་མེད་པར་མཁྱེན་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་བཙལ་བས་ཀྱང་མ་རྙེད། ཆུ་སྐོར་ལ་སོགས་པར་དྲི་ཞིང་རྒྱང་རིང་པོར་ཕོ་ཉ་བཀྱེ་བས། ལྕམ་སྲིང་མ་ཆེ་ཤོས་ཐུབ་པ་ལྕམ་ཞེས་བྱ་བའི་དཀོན་མཆོག་ལ་སྨྲེ་སྔགས་འདོན་ཞིང་གསོལ་བ་བཏབ། ཕྱོགས་ཀུན་ཏུ་འབྲུ་དཀར་མོ་འཐོར་ཞིང་སྐྱོ་གླུ་དང་བཅས་ཏེ་བཙལ་བས། གླུའི་དབྱངས་ཀྱིས་བསམ་གཏན་སར་དེ་ཁྱེད་རྣམས་གང་འགྲོ་གསུངས། དེ་ནས་ཐམས་ཅད་དགའ་ཞིང་འདུས་ཏེ་ཁྱིམ་དུ་སྤྱན་དྲངས་སོ། །ཡབ་ཀྱིས་མང་དུ་བཀྱོན་ཅིང་མི་ཆོས་ཀྱི་བྱ་བ་བསྒྲུབ་དགོས་ཚུལ་མང་དུ་གསུངས་པས་སྤྱན་ཆབ་འདོན་ཞིང་ཆོས་བྱ་བར་ཞུས་སོ། །དེ་ནས་དགུང་ལོ་བཅུ་གཅིག་ལ་ཕེབས་པའི་ཚེ་ཆོས་རྗེ་བསོད་ནམས་སེང་གེ་ཞེས་བྱ་བར་ནམ་མཁའ་སྒོ་འབྱེད་ཀྱི་བྱིན་བརླབས་ཞུས། སློབ་དཔོན་ཚུལ་ཁྲིམས་དཔལ་ལ་གུ་རུའི་གཏོར་དབང་། བཀའ་བརྒྱད་ཀྱི་མགྱོགས་དབང་། རྣམ་འཇོམས་སྣུར་ལུགས་ཀྱི་རྗེས་གནང་སོགས་གསན་དེའི་ཚེ་ཡུལ་གྱི་ཕྱུགས་རྣམས་བསྡུས་ཏེ་སོ་ནམ་བྱེད་པའི་ལུས་གསོག་པའི་ཚེ། རི་ལ་ཕྱུགས་སྐྱོང་བ་དང་སྦྲགས་མདོ་སྡུད་པ། མཚན་བརྗོད། བཟང་སྤྱོད་ལ་སོགས་མདོ་ཕྲན་འགའ་ཞིག་དང་། བླ་མའི་བསྟོད་ཚོགས་མང་པོ་ཐུགས་ལ་བཟུང་སྟེ་ཞལ་འདོན་མཛད། སྐུ་ཞང་སློབ་དཔོན་འབར་བའི་ཞབས་འབྲིང་མཛད་དེ། རྣམ་རྒྱལ་འཛོམས་ལ་སོགས་པ་ཐུགས་གཉེར་དང་། ནཱ་ག་རཀྵའི་དབང་དང་གདམས་པ་ཡང་གསན་ནོ། །དེ་ནས་དགུང་ལོ་བཅུ་གསུམ་ལ་བབས་པའི་ཚེ་ཡབ་ཀྱིས་གྲོང་པའི་བུ་མོ་མཚན་ལྡན་བདུན་ལ་འདམ་ཁ་དང་བཅས་ཏེ་ཇོ་མོ་བསུ་བའི་གྲ་སྒྲིགས་མཛད། ཉིད་ནི་སྔར་བཞིན་རི་ལ་ཕྱུགས་སྐྱོང་བཞིན་བཞུགས་སོ། །དེའི་ཚེ་དབུས་ཕྱོགས་ནས་ཤེས་རབ་པ་བྱ་བ་རྟོགས་པ་དང་ལྡན་པ་སྒྲ་ཚད་ཀྱི་སློབ་གཉེར་བྱང་བ་ཞིག་གི་རྨི་ལམ་དུ། ཁྱོད་རང་ཉི་མ་ནུབ་ཏུ་སོང་དང་རྗེ་མར་པ་དང་མཇལ་ཏེ་བྱིན་གྱིས་རླབས་པར་འགྱུར་རོ། །ཞེས་པ་བྱུང་སྟེ་ཕྱོགས་སུ་བྱོན་པས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་མཇལ་ཏེ་དེས་ཀྱང་ཁྱོད་རང་ཉི་མ་ནུབ་ལ་སོང་། མར་པ་ལོ་ཙཱ་བའི་རྣམ་སྤྲུལ་དང་ཕྲད་དོ་གསུངས་པ་རྨི་ལམ་དང་མཐུན་ཏེ་ཡར་བྱོན་སྐྱིད་གྲོང་སོགས་ཀྱི་གནས་སྐོར་བྱས། ཇོ་བོའི་དྲུང་དུ་བདག་མར་པ་དང་མཇལ་བར་མཛད་དུ་གསོལ་ཞེས་དམོད་བོར་ཏེ་ཉལ་བས་རྨི་ལམ་དུ་ཐང་ཆེན་པོ་ཞིག་གི་ཤར་རི་ལ་བྱིས་པ་རྣམ་དཔྱོད་ཅན་མིག་རྩ་ཁྲ་ཤིག་གོ་ཞིག་ན་རེ། ང་ནི་དམ་པ་རྒྱ་གར་ཏེ། །དམ་ཆོས་སྡུག་བསྔལ་ཞི་བྱེད་ཤེས། །རང་སེམས་སྟོང་པར་རྟོགས་ཙམ་ན། །སྡུག་བསྔལ་ཟུག་རྔུ་ཞི་བར་འགྱུར། །ཟེར། ཡང་ང་ནི་རྒྱ་གར་ཧཱུཾ་ཀ་ར། །རུ་ལུ་འབྲུ་བརྒྱད་དོན་ཤེས་ན། །ཚོགས་བརྒྱད་ཡེ་ཤེས་སྐུ་མཆོག་ཡིན། །ཞེས་ཟེར། ཡང་ང་ནི་ཌོམ་བྷི་ཧེ་རུ་ཀ །རིགས་ངན་བུ་མོ་བསྟན་ཤེས་ན། །དུག་ཀྱང་སྨན་དུ་འགྱུར་བ་ཡིན། །ཞེས་ཟེར། ཡང་ང་ནི་བཻ་རོ་ཙ་ན་སྟེ། །སྣང་སྲིད་བྱང་ཆུབ་སེམས་རྟོགས་ན། །རྣམ་སྣང་གོ་འཕང་བརྙེས་པ་སྟེ། །ཆོས་བདུན་གྱི་ནི་བདེན་པ་ཐོབ། །ཅི་ཡང་ཡིད་ལ་མ་བྱེད་ཅིག །ཟེར། དེ་ནས་གར་བྱས་ཏེ། ང་ནི་པདྨ་འབྱུང་གནས་ཏེ། །སྣང་སྲིད་ཐམས་ཅད་བདེ་ཆེན་ཞིང་། །གཟུགས་སྣང་ཐམས་ཅད་རང་བྱུང་ལྷ། །ལྷ་དང་གཉིས་སུ་མ་བྱེད་ཅིག །ཟེར་བ་རྨིས་ཤིང་འོད་གསལ་དུ་ཆམ་ཆམ་སོང་བས་སྤྲོ་སེང་ངེ་བ་ལ། མངའ་རིས་གུང་ཐང་ནས་གློ་བོའི་བར་དུ་ཞག་གསུམ་ལ་སླེབ་སྟེ། གློ་བོ་སྨད་ཀྱི་བར་ཚིགས་ལམ་གསུམ་ཡོད་པའི་ཐང་བར་མ་ལ་བྱོན་པས། སྔ་དྲོ་ཉི་མ་ཤར་ལྷོར་ས་ལ་བབས་པ་དང་སྲས་ཆུང་འདི་དང་མཇལ་ཚུལ་ནི། ཕུག་རྒྱབ་ཕ་བོང་དམར་པོའི་སྟེང་ན་སྔར་སྐྱིད་གྲོང་དུ་མནལ་ལམ་ལ་བྱུང་བའི་བྱིས་པ་དེ། མང་བོའི་དབུས་ན་འུར་རྡོ་བཟོ་ཡིན་འདུག་པས། ཁོང་ཐུགས་ཉམས་འུར་ཏེ་བྱིས་པའི་དྲུང་དུ་བྱོན་ནས་ཁྱོད་སུ་ཡིན་དྲིས་པས། བྱིས་པ་ན་རེ། མིང་མེད་པ་ཞིག་ཡིན་ཟེར། དེ་གང་གི་ལུགས་ཡིན་དྲིས་པས། མིང་སྟོང་པ་མེད་པ་ཞིག་ལ་ཡོད་ཡོད་པོར་བཏགས་པ་ཙམ་ཡིན་མོད་གསུངས། དེ་སུས་བསླབས་དྲིས་པས། ང་རང་གི་བསམ་པས་ཙ་ན་འདུག་པ་ཟེར། བསམ་མཁན་སུ་ཡིན་དྲིས་པས་སྨྲ་མི་ཤེས་པ་འདུག་ཟེར། ཅིའི་ཕྱིར་སྨྲ་མི་ཤེས་དྲིས་པས། རྩ་བ་རང་ཟད་དྭང་སང་ངེ་བ་ལ་སྨྲ་རུ་ཡོད་དམ་དེ་ལྟར་བྱེད་པ་ཞིག་འདུག་མོད་ཟེར། འོ་ན་ཁྱོད་ཀྱི་ཕ་སུ་ཡིན་དྲིས་པས། ཕ་རྨི་ལམ་ཡིན་ཟེར། ཅིའི་ཕྱིར་དྲིས་པས། རྨི་ལམ་དེ་གསལ་པོ་ཞིག་ཡོད་ཀྱང་གཉིད་སད་དུས་མི་འདུག་པ། དེ་ལྟར་དེའི་ཕ་ཡང་ཡོད་པ་ལྟ་བུ་ལ་རྩ་བ་རང་རྡོལ། ཕུགས་སུ་ཡོད་བ་མེད་པ་ཞིག་འདུག་གོ་ཟེར། འོ་ན་མ་ཡོད་དམ་བྱས་པས། མ་ཡང་ཕ་དང་འདྲ་ལ་ཁད་ཅིག་འདུག་གོ་ཟེར། སྤུན་ཕུ་ནུ་ཡོད་དམ་དྲིས་པས། རྨི་ལམ་དང་འདྲ། ཡོད་པ་ལྟ་བུ་ཞིག་ལ་ཕུག་ཕ་མ་ཉེ་ཚན་གཅིག་ཀྱང་མེད་ཟེར། འོ་ན་ཡུལ་འདི་ལ་ཅི་ཟེར་དྲིས་པས། ཡུལ་ཡོད་པ་རྡོ་ཆུ་ཤིང་ཅན་ཟེར་གསུངས། གཞན་གང་ཟེར་དྲིས་པས། གང་ཟེར་ཟེར་ཡོང་གི་འདུག །མ་ཐང་ཟེར། གློ་བོ་སྨད་ཟེར། ངེད་རང་གི་ཕ་ཁང་ལ་དབུ་ཟེར། ཕ་ལ་རྒྱལ་པོ་ཟེར། མ་ལ་མིང་ཁྲིད་ཟེར་སོགས་རྒྱ་ཆེར་གསུངས། འོ་ན་ཡུལ་ཡོད་ན་སུས་བྱས་སུས་བཟོས་སུས་བཏགས་དྲིས་པས། ཅི་ཡང་མེད་པའི་གསལ་སེང་ངེ་བ་ཞིག་ཡོང་གི་འདུག །རྣལ་འབྱོར་པ་ཁྱེད་གར་འགྲོ་ཟེར། ང་དབུས་གཙང་ནས་ཡིན་རི་ཁྲོད་ལ་འགྲོ་བྱས་པས། དེར་ཕྱིན་ནས་ཅི་བྱེད་ཟེར། ཐུགས་དམ་བྱེད་པ་ཡིན་མོད་བྱས་པས། ཁྱོད་རང་གི་ཡུལ་ན་བྱེད་པ་མེད་དམ་ཟེར། ཡོད་པ་ཡོད་བྱས་པས། གནམ་འདི་ཡང་ཁྱེད་ལ་ཡོད་དམ་ཟེར། ཡོད་བྱས་པས། ས་ཡོད་དམ་ཟེར། ཡོད་བྱས་པས། འོ་ན་ཁྱད་ཅི་ཡོད། བྱ་རྒྱུ་མེད་པ་ཞིག་འདུག་པས་ཅི་ཡང་མ་བྱེད་པར་བསམ་པ་ལྷན་ནེ་བྱས་ན་ལུས་ལ་བདེ་བ་ཡོང་གིན་འདུག །སེམས་ཀྱང་བདེ་བ་འདུག །ཁྱེད་རང་ཡང་དེ་ཁ་ཁོ་ན་གྱིས་ཟེར། དེ་ཁྱོད་ལ་སུས་བསྟན་བྱས་པས། ངས་ང་རང་གི་སེམས་ལ་བལྟས་ཏེ་ཆོས་གང་ནས་འོངས། འཇིག་རྟེན་གང་ནས་འོངས། ཆུང་མ་གང་ནས་འོངས་བལྟས་པས་སེམས་ཆམ་མེ་ཉལ་ལེ་ཞིག་ཡིན་གདའ་སྟེ། ངའི་ཕ་ཞིག་ཡོད་པས་བག་མ་བསུ་ཟེར་འདུག །ང་ནི་བསུ་དོན་ཅི་ཡང་མེད་ཟེར། དེ་ནས་རྣལ་འབྱོར་པ་དེས་འོ་ན་ཁྱེད་རང་ངའི་ཟླ་ལ་ཕྱིན་ནས་ཁྱོད་རང་སེམས་ལ་ཤར་བ་དེ་དག་བསྒོམས་ན་བླ་མ་བཟང་པོ་ཡོད་ཟེར། བླ་མས་ཅི་བྱེད་ཟེར། སེམས་ཅན་ལ་ཕན་བྱས་པས། འོ་ན་ཁྱོད་རང་ངའི་ཁྱིམ་དུ་སོང་ཞིག །ངས་ཕྱུགས་ལ་ནད་མེད་པར་བྱས་ཏེ་དགོང་མོ་སླེབ་ཡོང་ངོ་གསུངས། དེ་ལྟར་ལ་བ་ལས་བརྩམས་པའི་དམ་པའི་ཆོས་དྲིས་ལན་མང་དུ་མཛད་དེ། ཁང་པ་འདི་འདྲ་ན་ཕ་མ་འདི་དག་ཡོད་པས་དྲིས་ལ་སོང་ཞིག །བཟའ་བ་སྟེར་ཞིང་སྐྱིད་པ་ཡོང་ངོ་ཞེས་གསུངས། རྣལ་འབྱོར་པའི་གཟིམས་ཁང་དུ་ཕྱིན་པས། སུས་བསྟན་ཟེར། གོང་གི་ལོ་རྒྱུས་རྣམས་བྱས་པས། ཡབ་ཡུམ་ན་རེ། ཁོ་ངའི་བརྒྱུད་པ་འདི་མི་འཛིན་པའི་རྟགས་ཡིན་པས་ཆོས་ལ་ཁ་མི་འཁྲིགས་པར་འདིར་སྡོད་པའི་ཐབས་འདྲ་མཛོད་བྱས་པས། རྣལ་འབྱོར་པ་ན་རེ། ད་དབུས་ནས་མར་པ་ལོ་ཙཱའི་སྤྲུལ་པ་ཞིག་ཡོད་ཟེར་རྨི་ལམ་གསལ་པོར་བྱུང་། བྱིས་པའི་ཁ་ནས་གཏམ་དེ་རྣམས་ཐོས་པས་ང་ལ་ནི་གཏད་མེད་ཀྱི་ཉམས་དང་བདེ་སྟོང་གི་རྟོགས་པ་སྔར་མེད་སྐྱེས་པ་ཞིག་བྱུང་། ངའི་ཁ་ལ་ཁོང་མི་ཉན་ནམ། རྗེ་བཙུན་མར་པའི་སྤྲུལ་པ་ཞིག་རང་ཡིན་ནམ་ཟེར། རྣལ་འབྱོར་པའི་སྤྲུལ་པ་ཞིག་རང་ཡིན་ནམ་ཟེར། རྣལ་འབྱོར་པའི་རོགས་གསུམ་པོ་ན་རེ། ང་ནི་དགེ་སྦྱོར་གྱི་ཁོ་ཐག་ཆོད་པའི་ངེས་ཤེས་རང་སྐྱེས། བྱིས་པ་དེ་འདྲ་བས་དོན་དེ་ལྟ་བུ་རྒྱུད་ལ་ཤར་འདུག །འུ་ཅག་གི་ཆོས་བྱས་སྒོམ་བློ་བྱས་ཀྱང་བློ་ཐག་ཆོད་པ་མེད་པའི་སྟེང་དུ་བློ་སྣ་འཛིངས་སུ་སོང་བ་ཞིག་ཡང་འདུག་པ་དེ་ལྟར་ངོ་མཚར་ཆེ་ཟེར་རོ། །དེ་ནས་སྲས་དང་བྱིས་པ་རྣམས་ཀྱིས་ཀྱང་ཕྱུགས་བསྐྱངས་ནས་དགོང་མོ་གཟིམས་ཁང་དུ་བྱོན་པའི་ཚེ། སྔར་བཞིན་རྣལ་འབྱོར་པ་རྣམས་དང་གཏམ་གླེང་བར་མཛད་པའི་ཚེ། བླ་མ་འཇམ་དབྱངས་བློ་གྲོས་དང་ཡབ་ཡུམ་སོགས་མང་བོས་འདུས་པའི་དབུས་སུ་རྣལ་འབྱོར་བས་སྨྲས་པ། སྲས་འདི་སངས་རྒྱས་ཀྱི་སྤྲུལ་པ་གདའ་བས་ངེད་དབུས་གཙང་གི་ཕྱོགས་སུ་གནང་བར་ཞུ། སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་སྒྲུབ་བརྒྱུད་ལ་ཕན་པ་ཆེར་ཡོད་ངེས་སུ་འདུག །ལྷོ་བྲག་མར་པའི་གདན་ས་གྲོ་བོ་ལུང་དུ་ཕེབས་ན་རིགས་སད་པའི་རྟགས་ཀྱང་མང་པོ་ཡོང་བ་འདུག་ཅེས་ཞུས་པས། སྲས་ཅི་ཡང་མི་གསུངས་པར་ཁོང་རྣམས་ཅི་ཟེར་གསན་ཅིང་འདུག །ཡབ་ཀྱི་ཞལ་ནས་རྒྱུ་མཚན་མང་དུ་གསུངས་པའི་མཐར་འདི་ངའི་བརྒྱུད་འཛིན་རེ་བ་ཡིན། ཞིང་ཁར་ནོར་རྫས་ཀྱི་རྩིས་བྱས་ན་བུ་བཅུ་གསུམ་ཙམ་ཡང་འཁྱོངས་བ་ཙམ་ཡོད། ངེད་ལུགས་གཉིས་ཀའི་སྡེ་འཛིན་དགོས། ཁྱེད་དབུས་གཙང་བ་ཡང་སྡིག་སེམས་ཆེ་བ་སོགས་ཀྱིས་བཏོང་མི་ཕོད། རྣལ་འབྱོར་པ་ཚོ་ཡང་ཕྱོགས་ཀྱི་སྒྲུབ་གནས་ཚོར་བཞུགས་ན་མཐུན་རྐྱེན་སྦྱོར། ངེད་ཀྱི་བུ་འདི་ཡང་སེམས་སྤྲོ་བ་འདུག་གསུངས། བླ་མ་སློབ་དཔོན་ཉེ་དྲུང་གཞན་རྣམས་ཀྱང་དེ་བཞིན་དུ་གསུངས་སོ། །དེར་སྲས་ཆུང་གིས་ཚིགས་སུ་བཅད་དེ་གསུངས་པ། ཁ་ཅིག་འཆི་བ་མ་དྲན་པས། །ཞིང་ནོར་འཁོར་ལ་བདེན་འཛིན་མཛོད། །ཁ་ཅིག་སྡེ་སྲིད་འཛིན་པ་ཞུ། །ང་ནི་བླ་མ་རལ་གཅིག་པའི། །དྲུང་དུ་སྐྲ་གཅོད་ཆོས་ལ་འགྲོ། །གསུངས་སོ། །དེ་ནས་ཞག་ཤས་རྣལ་འབྱོར་པ་རྣམས་ཀྱང་སྡད། དེ་དང་རྗེས་སུ་མཐུན་པར་བཞུགས་རྗེས་ཡུལ་དེའི་ནུབ་ཕྱོགས་དོལ་པའི་ཤེལ་གྱི་རི་བོ་འབྲུག་སྒྲ་ཞེས་བདེ་མཆོག་གི་གནས་སུ་རྣལ་འབྱོར་པ་རྣམས་སོང་བའི་རྗེས་སུ་བྲོས་ནས་བྱོན་ཀྱང་། ཡབ་ཡུམ་རྣམས་ཀྱིས་གསན་ཏེ་བཀུག་པའི་ཚེ་སྲས་ཀྱི་ཁོ་རང་གི་ཆས་རྣམས་རྣལ་འབྱོར་པ་རྣམས་ལ་གཏད་དེ་འདི་སྐད་གསུངས་སོ། །ཀྱཻ། རྣལ་འབྱོར་གྲུབ་པ་རྣམས་ཀྱིས་དགོངས་མཛོད་དང་། །མི་རྟག་པ་ལ་རྟག་པར་འཛིན་ལུགས་སམ། །མི་བདེན་པ་ལ་བདེན་པར་འཛིན་ལུགས་ལ། །ད་ལྟ་ང་ནི་བོངས་ཆུང་ཤེད་ཀྱང་མེད། །དབང་མེད་ཡུལ་གྱི་ལྷ་འདྲེས་འཛིན་པ་འདུག །དེ་ནས་ཆེར་སྐྱེས་ཁྱོད་རང་ཕྲད་པའི་ཕྱིར། །ཐབས་ཀྱིས་བྲོས་ནས་སྒྲུབ་ལ་བརྩོན་པར་བྱ། །ད་ནི་ཁྱེད་ཅག་ལམ་གྱི་གེགས་སུ་སོང་། །བཟའ་བཏུང་འདི་དག་ཁྱེད་ཀྱི་ཆ་རྐྱེན་མཛོད། །ཅེས་གསུངས་ནས་ལོག་བྱོན་པའི་ལམ་ཁང་མར་དུ་བཤུམས་ཤིང་དབྱར་ངོས་ནི་དེ་གར་བཞུགས། སྟོན་དུས་ཆ་རྐྱེན་ཞྭ་ལྷམ་ཞིག་ཉོས་ཏེ་གྲོགས་དགེ་བཤེས་འཇམ་དབྱངས་བཟང་པོ་སོགས་གསུམ་བསྡེབས་ཏེ་ནང་ནུབ་ཏུ་ཆོས་སྤྱོད་འདྲ་བསླབས། ཉིན་མོ་ཡབ་ཡུམ་གྱིས་མ་ཚོར་བར་ཆོས་ཀྱི་ཆ་རྐྱེན་དུ་མེ་ཏོག་མཛད་དེ་ནས་དུ་མ་ཞིག་རྙེད་པ་ལ་ཕྱེད་ཀྱིས་ཤ་ཁོག་གཅིག་དང་། ཕྱེད་ཀྱིས་ཚྭ་མར་ཉོས། གྲོགས་གསུམ་གྱི་ནས་ལ་ཆོས་གོས་སོགས་ཉོས། ཚེས་བཅུ་ཞིག་ལ་བླ་མཆོད་བརྩོན་འགྲུས་བཟང་པོའི་ཁང་པར་སྟོན་གཤོམས་ཀྱི་གྲབས་མཛད། སྲས་རང་གི་དབུ་རྩེ་ནས་བླ་མ་སློབ་དཔོན་ཆེ་བསྒྲོས་ཉེར་ལྔ་སྤྱན་དྲངས་པ་ལ། ཡབ་ཀྱིས་ཅི་ཡིན་དྲིས་པས། ང་ཚེས་བཅུ་རྒྱ་ཆེན་པོ་ཞིག་ཀྱང་བྱེད། སྨོན་ལམ་རྒྱ་ཆེན་པོ་ཞིག་འདེབས། ངེད་རང་གི་ལོངས་སྤྱོད་གང་ཡོད་སྤོང་ཐག་ཏུ་གཏོང་། དེ་ནས་ང་ཆོས་བྱེད་པ་ལགས་སོ་གསུངས་པས། ཡབ་བརྒྱལ་བར་གྱུར་པ་ལས་མཁན་སློབ་རྣམས་ཀྱིས་སློང་སྟེ་ཐུགས་གསོ་བ་མཛད་པར། ཡབ་ཀྱི་ཞལ་ནས་གདུང་རུས་ཆེ་བཙུན་ཡིན་ལུགས་དང་བཅས་མང་དུ་གསུངས་པའི་མཐར། བུ་ཚ་འདི་བརྒྱུད་པ་ཟིན་ལྷག་གཅིག་ཡོང་ངོ་ལ། བསམ་པ་ལོག་པ་འདི་ལྟ་བུ་དང་སྡུགས་སོ། །ཞེས་ཡང་ཡང་བཤུམས་པས་ཆོ་ག་ཡང་བྱེད་མ་ཐུབ་པར། སློབ་དཔོན་འབར་བྱ་བ་ན་རེ། དེ་རིང་དུས་བཟང་ཡིན་པས་ཆོ་ག་ཡང་གཏོང་བ་འཐད། ཚོགས་གསོག་ཀྱང་མཛོད། སྐྲ་བཅད་ཀྱང་སྐྱོན་མེད། སླར་ཕོ་ལོ་བཅོ་བརྒྱད་ཙམ་ནས་སྐྲ་བསགས་པས་ཆོག་མོད། གཏམ་དཔེར་རེ་ཞིག་བྱིས་པ་སྨྱོ་རུ་ཆུག་ཟེར་བ་ཡིན་པས་ཅི་དགའ་བྱེད་ཆུག་གསུངས་ཏེ་གྲོས་བཏོན་པས་ཡབ་ཀྱང་ཐུགས་གསོས། ཚེས་བཅུ་རྒྱས་པར་བཏང་། དབུ་སྐྲ་འབྲེག་པར་བརྩམས་པས་སྤུ་གྲི་ལྔ་ཁ་སྡུགས་པས། ཡབ་ན་རེ། ངའི་ཕོ་ལྷ་མ་མཉེས་པ་ཡིན་འོས་ཅི་ཡོད་གསུངས། དེར་དབུ་སྐྲ་ཅུང་ཟད་གཅིག་བཅད་དེ་དེས་རྟེན་འབྲེལ་འགྲིག་གསུངས་མཚན་ཤཱཀྱ་འབུམ་དུ་བཏགས་སོ། །སྐྱབས་གསུམ་འཛིན་པའི་སྡོམ་པ་བླ་མ་འཇམ་དབྱངས་བློ་གྲོས་ཀྱིས་གནང་ངོ་། །སྲས་དབུ་སྐྲ་རིལ་པོ་མ་བཅད་པས་དེ་ནུབ་ཐུགས་མ་བདེ་བར་དབུ་རྩེ་ནས་རྗེ་བཙུན་ཆོས་སྐྱོང་ཚུལ་ཁྲིམས་ཞེས་བྱ་བ་བཞུགས་པའི་དྲུང་དུ་ལུག་ཤ་ལག་པ་གཅིག་དང་རས་ཁྲུ་བཅོ་ལྔ་པ་ཞིག་ཕུལ་ཏེ་སྔར་གྱི་ལོ་རྒྱུས་རྣམས་ཞུས་པས། བླ་མ་དེས་ཀྱང་ཆོས་བྱར་མི་ཉན་ཡུལ་དཔོན་ཆེན་པོ་ཡིན། ངའི་ཚ་མོ་འདི་ཡང་ཁྱོད་ལ་སྟེར་བསམ་པ་ཡིན་གསུངས་པས། ན་རེ། བླ་མ་དང་ཕ་མ་ཡང་མི་དགྱེས། ཆོས་བྱ་བར་སྐྲ་ཡང་མི་ཆོད་པ་འདི་སྔོན་ལས་ངན་པ་ཅི་ཞིག་ཡོད་ཞུས་པས། བླ་མའི་ཞལ་ནས། དེ་འདྲ་མ་ཡིན། ཁྱོད་སྤྲུལ་པའི་གང་ཟག་ཡིན། བླ་མ་འཇམ་དབྱངས་བློ་གྲོས་པ་བཟང་པོ་ཡིན་ཀྱང་། ཁྱོད་ཀྱི་སྐྲ་གཅོད་པ་ལ་ལྟ་དགོངས་ཅན་ཞིག་དགོས། མདང་ངའི་རྨི་ལམ་ན་ཐུབ་པའི་གསེར་སྐུ་ཞིག་གི་གཙུག་ཏོར་ལ་སྤྲེའུ་ཞིག་གིས་སྤུ་གྲིས་གཞར་གྱི་འདུག་པས་གྲི་ཁ་ཆག་ནས་མཐར་གླང་དམར་པོ་ཞིག་གིས་ལྡགས་པ་རྨིས། ཅི་འདྲ་ཡིན་ནམ་མིང་ཅི་བཏགས་གསུངས། དགེ་བསྙེན་ཤཱཀྱ་འབུམ་ཟེར་ལགས་ཞུས་པས། དེ་ནི་ཁྱེད་རང་གི་བླ་མཆོད་ཀྱི་ཕུ་བོ་ཤི་མ་ཐག་གི་མིང་ཡིན། ཅི་ཟེར། དེ་ལྟར་ན་སྡོམ་རྒྱུན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་དགེ་ཚུལ་གྱི་བར་དུ་ང་ལ་ཡོད་ཁོང་ལ་ཁོ་རང་གི་ཕ་ལས་ཐོབ་པའི་སྐྱབས་གསུམ་འཛིན་ཙམ་ཞིག་ལས་མེད། བསྲུང་བྱ་ཡང་ཇི་ལྟར་མཛད་ཀྱི་ཡོད་མི་ཤེས། འོན་ཀྱང་བླ་མ་ཁོང་ཡང་ཐུགས་ཀློང་ཆེན་པོ་བྱིན་རླབས་ཅན་ཞིག་ཡིན། ད་སྟེ་ང་ལ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་ལོང་གསུངས་ཏེ་ཡོངས་རྫོགས་དགེ་བསྙེན་གནང་ནས་མཚན་འཇམ་དབྱངས་རིན་ཅེན་རྒྱལ་མཚན་དུ་གསོལ་ལོ། །དེ་ལྟར་སྲས་དགུང་ལོ་བཅུ་གསུམ་གྱིས་སྟོན་མཇུག་ལ་ཆོས་སྒོར་ཞུགས་པས་མཆོག་ཏུ་དགྱེས་ཏེ། རྣལ་རྒྱལ་ཆོས་སྡེར་རབ་འབྱམས་པ་གངས་ཅན་བཟང་པོའི་དྲུང་དུ་བྱོན་ནས་ཐུགས་སྦྱོང་མཛད་པས། ལོ་ལྔ་ལ་གཞུང་ཕར་ཚད་དབུ་གསུམ་ལ་བྱས་པའི་པོ་ཏི་བཅུ་དྲུག་ཐུགས་ལ་ཆུད་དེ། དགུང་ལོ་བཅོ་བརྒྱད་པའི་ཐོག་ཏུ་དབུ་མཛད་ཆོས་བསྟན་བཟང་པོས་ཐོག་དྲངས། དགེ་འདུན་ཁྲི་ཚོ་ལྔའི་དབུས་སུ་ཞག་བཅུ་གསུམ་གྱི་བར་དུ་གྲྭ་སྐོར་ཕུལ་དུ་ཕྱིན་པར་མཛད་ཅིང་། ཚོགས་པའི་ཞབས་འདེགས་ཚོགས་གསོག་ཀྱང་བཅུ་གསུམ་བར་མཛད་དོ། །དེ་ལྟར་གྲྭ་སྐོར་ལེགས་ཤིང་སྟོན་གྲགས་དང་ལྡན་དུས། ཡུལ་གྱི་དཔོན་ཨ་མགོན་གྱི་སྲས་སྡེ་བདག་བཀྲ་ཤིས་མགོན་པོས་གྲྭ་པ་རྣམས་རེ་རེ་བཞིན་རིགས་རྒྱུས་ཚེ་འབྲང་རྣམས་ཞིབ་ཏུ་དྲིས་དུས། ཡབ་ལ། ངའི་ཡབ་དང་ཁྱེད་རང་གི་ཡབ་མེས་རྣམས་གཅིག་ཤུལ་གཅིག་འཛིན་གྱི་མནའ་གན་ཡོད་པ་ཡིན་པས། བུ་ལ་ཆོས་བྱ་སྐབས་མི་འོངས། ལོ་གཅིག་ནས་དམག་དཔོན་གྱི་ཁུར་བྱེད་དགོས་གསུངས་པ་ལ། སྲས་ཀྱིས། ང་ནི་ཆོས་རྒྱལ་ནོར་བུའི་བུ་ཡིན། རིགས་རུས་ལ་སྙིང་པོར་འཛིན་ན་སྔོན་ནས་མངའ་རིས་སྐོར་གསུམ་ངེད་ཀྱི་ཕ་མེས་ཀྱིས་སྐྱོང་མོད་ཀྱང་གནས་ཚུལ་འདི་འདྲར་འདུག །ང་ཆོས་མིན་པ་བྱེད་རེ་ཞེས་སྡེ་པ་ལ་ཞུས་པས། དེ་འདྲ་བའི་གཏམ་གྱིས་ས་མི་ཆོད། ལུགས་གཉིས་ཕྱོགས་ནས་བྱེད་ལོང་ཡོད་གསུངས། ཆོས་དུས་དེ་གྲོལ་བ་དང་ཁམས་མ་བདེ་རི་ཁྲོད་ཞིག་ཏུ་འགྲོ་གསུངས་ཏེ། གཡོག་དད་པ་བཟང་པོ་དང་བཅས་དབུ་རྩེའི་སྤྱིལ་བུ་ཞིག་ཏུ་སྐུ་མཚམས་མཛད། སྐུ་ལ་དབྱི་མོང་པ་ལ་སོགས་ཐོར་པ་འབྱུང་བའི་རྫས་སྦྱོར་བྱས་ནས། སྡེ་པ་ལ། བདག་ཁམས་ཤིན་ཏུ་མ་བདེ། འཚོ་བྱེད་ཞིག་གནང་དགོས་ཞུས་ཏེ་འཚོ་བྱེད་གནང་ནས་བསྟན་པས། འདིས་བདག་གི་ཁ་རླངས་ཡིན་པ་འདུག །རྩ་བདེ་དེ་ནད་བརྟག་དཀའ་ཟེར་སྡེ་པར་ཞུས་པས་སྡེ་པ་ཡང་ཐུགས་མ་བདེ་ནས་སྨན་དཔྱད་རིམ་གྲོ་གདོན་བཅོས་སོགས་རིམ་ཅན་དུ་གནང་། མོ་རྩིས་སྐག་སྐོར་སོགས་བྱས་པར། ཆོས་བྱས་ན་འཚོ་བ་དང་། དེ་མིན་མི་འཚོ་བ་སོགས་ཤར་ཞིང་། དེ་གའི་རྒྱུ་མཚན་ཞུས་པས། ལོ་གཅིག་གི་དགོངས་པ་ཁྲོལ། བདག་ནད་འདིས་གཏོང་དོགས་ཆུང་བ་འདུག་པས་གནས་སྐོར་ལ་ཕྱོགས་མཐར་འགྲོ་ལུགས་ཞུས་པས། ལོ་གཅིག་ཁམས་ཀྱི་ཚོ་བཟུང་། དེ་ནས་གྲོས་བྱེད་གསུངས། དེ་བར་སྐུ་མཚམས་དམ་པར་བཅད་དེ། རྗེ་བཙུན་མ་སྒྲོལ་མ་དང་ཨོ་རྒྱན་ཁོ་ན་ལ་ཆོས་བྱས་ཆོག་པའི་གསོལ་བ་ཁོ་ན་བཏབ་པས་ཐུགས་རྗེ་མངོན་དུ་གྱུར་ཏེ། ལོ་མཚམས་གྲོལ་བ་དང་སྡེ་པས། ཁྱེད་ཅིས་ཀྱང་མི་ཉན་ཞིང་ཁ་མནའ་ཞིག་ཀྱང་ཐལ་སོང་བས་མནའ་ཟར་མི་འཇུག །གནས་སྐོར་ནི་དགོས་པ་ཆུང་། དབུས་ཀྱི་གོང་དཀར་དུ་བྱོན་ལ་ཕུར་བའི་སྐོར་རྣམས་མཁས་པར་སློབས། འདིར་བླ་མ་ཕེར་ངེས་སུ་བླའི་ཁུར་མ་ཆུངས་པར་མཛོད་གསུངས། བླ་མ་དབུ་རྩེ་པས་སྡེ་པ་ལ། སྤྱིར་ངེད་དབུ་རྩེ་པའི་གྲྭ་པ་རྫོང་ཚད་ཡང་འུག་གཉིས་སུ་རྫོགས་དགོས། ཆོས་ཀྱང་རྙིང་མ་བཀའ་གཏེར། ཁྱད་པར་མདོ་སྒྱུ་སེམས་གསུམ། ཞི་ཁྲོ་ཕུར་གསུམ། མ་མགོན་མགར་གསུམ་ལ་སོགས་ཆོས་བཀའ་རྒྱ་ཆེ་ལ་དཔངས་མཐོ་བའི་ཉན་བཤད་དགོས་ཞུས་པ་ལྟར། དགུང་ལོ་ཉེར་གཅིག་པའི་ཐོག་ཏུ་སྡེ་བས་རྫོང་ཆས་སྤོས་ཤེལ། མུ་མེན་རྣམས་ཀྱི་ཕྲེང་བ་གཉིས་རེ། མུ་ཏིག་གི་རྩར་པ་བརྒྱ་ཉི་ཤུ། རས་སྔོ་མར་སྒྲིལ་མ་བཅུ། ཁ་ཤ་ལྔ་བཅུ། རས་ཡུག་ཉི་ཤུ་རྣམས་གནང་སྟེ། འདི་ལ་ལོ་སྦྲེལ་གྱི་ཆས་མཛོད་ལ་འདི་ཚོར་གསང་སྔགས་རྙིང་མའི་བཤད་སྒྲུབ་ཡང་དག་ཚུག་ངེས་པའི་སློབ་སྦྱོངས། བཀའ་ལུང་གི་རྒྱ་ཆོད། དཔེ་ཆ་མཐའ་མ་རྡུགས་པ་ཆོད་པ་མཛོད་བྱོན་གསུངས་ནས་དབུས་གཙང་ལ་བྱོན་ཏེ། འུག་པ་ལུང་དུ་སྣ་གཏད་ནས་བྱོན། མཁས་གྲུབ་རྒྱལ་སྲས་ཆོས་རྗེ་དང་མཇལ་ནས་ཆོས་འབྲེལ་གསན་ཙམ་ལས་མ་བྱུང་། ཆུ་བར་ཉི་སྦུག་ཏུ་བརྒྱུད་འཛིན་ལེགས་པ་དཔལ་བཟང་གི་ཞབས་པད་གཙུག་ཏུ་བསྙེན་ནས་འབྲུག་ལོ་ཟླ་བ་བཅུ་པའི་ཚེས་བརྒྱད་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་ལྔའི་བར་དུ་འདུས་པ་མདོའི་དཀྱིལ་འཁོར་ཆེན་པོ་དྲུག་ཅུ་རེ་ལྔའི་སྨིན་བྱེད་བཀའ་གཏད་རྒྱུད་ལུང་མན་ངག་ཕྱག་བཞེས་དང་བཅས་པ་གསན། གཞན་ཡང་ཟུར་ཧམ་རྒྱལ་བ་དཔལ་བཟང་ཁུ་དབོན། འུག་པ་ལུང་པ་ཚེ་དཔལ་མགོན་པོ། གཏེར་སྟོན་ཀུན་སྐྱོང་གླིང་པ། འཁྲུལ་ཞིག་ཆོས་རྗེ། ཀུན་དགའ་དབང་ཕྱུག །དགེ་འདུན་གྲུབ་པ། ཉི་མ་འབྲུག་གྲགས་ཐང་སྟོང་རྒྱལ་པོ་སོགས་དབུས་གཙང་གི་ལྗོངས་སུ་མཁས་གྲུབ་ཀྱི་བླ་མ་དྲུག་ཅུ་རེ་བཞི་བརྟེན། དེ་རྣམས་ཀྱི་ནང་ནས་བླ་མ་དྲུག་ལ་ཕར་ཞུས་ལས་མེད། གཞན་ཀུན་ལ་ཕར་ཞུ་ཚུར་ཞུ་བྱས་གསུངས། གསན་པའི་ཆོས་ཀྱང་མདོ་སྒྱུ་སེམས་གསུམ། བཀའ་བརྒྱད་བཀའ་གཏེར་གྱིས་གཙོས་ཐེག་པ་རིམ་དགུར་གཏོགས་པ། སྡེ་སྣོད་གསུམ། ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་སྡེ་གསུམ། ཨ་ཏི་སྐོར་གསུམ་སོགས་བསམ་གྱིས་མི་ཁྱབ་པར་གསན་སྦྱོང་མཛད་དེ། མདོར་བསྡུ་ན་རྒྱུད་སྡེ་བདུན་ཅུ་དོན་གཉིས་ཐུགས་ལ་སྦྱངས་ཤིང་རྒྱུད་སྡེ་སུམ་ཅུ་སོ་ལྔ་ལ་ས་གཞུང་སྦོལ། དབང་དང་རྗེས་གནང་ཁྲི་ཚོ་གསུམ་ལ་ཉེ་བ་གསན། ཁྲིད་ཁ་བརྒྱ་དང་གོ་ལྔ་ལ་ངོ་སྤྲོད་བྱས། སྒྲུབ་པ་སྡེ་དགུའི་སྔོན་འགྲོ་དངོས་གཞི་རྗེས་ལྷག་མ་བརྟན་སྐྱོང་ཡན་གྱི་གར་མཆམས། དབྱངས་བྲིས་ཐིག་ཕྱག་ལེན་རྣམས་གོ་ཡུལ་དུ་མ་བཞག་པར་ཐུགས་སུ་ལྷོན་པར་མཛད་པ་སོགས་དབུས་གཙང་དུ་ལོ་དགུའི་བར་བཞུགས་སོ། །ལྷ་སར་བྱོན་ནས་ཇོ་བོ་ཤཱཀྱ་མུ་ནེའི་དྲུང་དུ་བཟང་སྤྱོད་འབུམ་ཐེར་ཞིག་ཞལ་འདོན་མཛད། འདམ་སོག་ཆུ་ཁ་ཡན་གྱི་གནས་སྐོར་དང་སྨོན་ལམ་མཛད། དབུས་གཙང་གི་ཆོས་གྲྭ་ཐམས་ཅད་དུ་མདོ་རྒྱུད་ཀྱི་བཤད་པ་དམ་བཅའ་རིག་ལུང་སོགས་མཛད་པས་མཁས་པའི་གྲགས་པས་ཁྱབ་སྟེ། ཁམས་ཀཿཐོག་ནས་ཀྱང་གདན་འདྲེན་བྱུང་བར་འབྱོན་ནམ་དགོངས་པའི་ཚེ། གློ་བོ་ནས་སྡེ་བདག་བཀྲ་ཤིས་མགོན་པོས་ཞུ་ཡིག་འདི་ལྟར་བྱུང་སྟེ། ཁྱེད་ཀཿཐོག་ཕྱོགས་སུ་ཆོས་འཆད་ལ་འབྱོན་འདོད་ཡིན་ན། འདིར་གསང་སྔགས་ཀྱི་བསྟན་པ་འཛུགས་དགོས་བསམ་སྟེ་ཁྱོད་མི་འབྱོན་ན་འདིར་ཉེ་འབྲེལ་རྣམས་ལ་དཀའ་བའི་ལས་དཀོན་པའི་ནོར། མི་ཐེག་ཁུར་རྣམས་འགེལ་བ་ལས་འོས་མེད། ལོ་སྦྲེལ་གྱི་ཆས་ཀྱི་ལོ་དགུའི་ཆས་བྱས་ཏེ་ཐོས་བསམ་སྒོམ་གསུམ་མཛད་པ་རྗེས་སུ་ཡི་རངས། ད་ལན་ཆས་རྐྱེན་དུ་གསེར་སྲང་གང་དང་རས་སྔོ་དམར་སྒྲིལ་མ་གཉིས་ཡོད། ད་ལོ་འདིར་འབྱོར་པ་གལ་ཆེ་ཞེས་མི་རྐང་ཚུགས་སུ་བྱུང་བར་སྤྲུལ་སྐུ་གཏེར་སྟོན་ཀུན་སྐྱོང་གླིང་པར་བརྟག་པ་ཞུས་པར། ཁྱོད་ཌོམྦྷའི་སྐུ། བཻ་རོའི་གསུངས། མར་པའི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པ་ཡིན། སྙིང་ཐིག་བཅུ་གསུམ་གྱི་ལུང་བསྟན་དུ་ཐེབས། ང་གཏེར་འདོན་པའི་གྲོགས་བྱས་པས་ལུང་དུ་ཟིན། ཆོས་བདག་ཡིན། སྐྱེ་བ་སྔོན་མ་རབ་འབྱམས་པ་ཀུན་དགའ་ཉི་མ་ཞེས་བྱ་བ་པན་སྟོད་པ་ཡིན། མཁས་རློམ་གྱི་གཞན་ལ་སུན་འབྱིན་བྱས་པའི་ལས་འབྲས་ཀྱིས་ཆོས་ཐམས་ཅད་ལ་སྦྱངས་སླ་ཏེ་གཞན་རྐྱེན་མང་། དྲིན་གང་ཆེ་སྡང་། ངག་ལ་ཉན་མཁན་ཉུང་། ད་ནས་ཤིང་སྟག་པ་སྐྱེ་བའི་གནས་སུ་རྩེ་གཅིག་ཏུ་སྒྲུབ་ལ་འབུངས་ན་ཕུང་པོར་འོད་སྐུར་སྨིན་མདོ་རྒྱུད་ཀྱི་འཆད་བརྩམ་བྱས་ན་བསྟན་པའི་གསལ་བྱེད་ཆེན་པོར་འགྱུར། ཕལ་ཆེར་གཞན་རྐྱེན་གྱིས་འཇིག་རྟེན་གྱི་ཚུལ་འཛིན་དགོས། དེ་ཡང་བསྟན་པའི་རྩ་ལག་ཏུ་འགྱུར། ཐེག་པ་ཆེན་པོའི་རྣམ་ཐར་ཡིན། རིགས་ཀྱང་མང་དུ་འབྱུང་སྟེ། དང་པོ་ལ་དོན་གྲུབ་རྡོ་རྗེ། དེ་འོག་ལ་དབང་རྒྱལ་རྡོ་རྗེ། དེ་འོག་ལ་རིན་ཆེན་རྡོ་རྗེ། དེ་འོག་ལ་སྣང་མཛད་རྡོ་རྗེ། དེ་འོག་ཏུ་གཉིས་ལ་མིང་མི་དགོས། དེ་འོག་ལ་ཀུན་བཟང་རྡོ་རྗེ། དེ་འོག་ཏུ་མགོན་པོ་ལེགས་ལྡན་རྡོ་རྗེར་ཐོགས། ཚེ་ཚད་བརྒྱད་ཅུ་གྱ་བཞི་ཡིན། སོ་བདུན། སོ་དགུ། ཞེ་བདུན། ང་དགུ། རེ་གཅིག་རྣམས་ལ་བར་ཆད་ཀྱི་འཕྲང་རེ་ཡོད་པས་སྒྲུབ་པ་ལ་འབུངས་ཕྱིས་སྐྱེ་བ་མི་ལེན་ཏེ་འོག་མིན་དུ་ཚོམ་བུ་གཅིག་ཏུ་འཚོགས། ཆོས་གསང་སྐོར་འདིས་འགྲོ་དོན་ཆེར་ཡོང་། བཤད་སྒྲུབ་ཀྱི་བསྟན་པ་ཚུགས་པ་དཀའ། སྦྱིིན་བདག་ལ་བར་ཆད་ཀྱི་འཕྲང་ཞིག་འདུག་བསམ་པ་ལམ་ལུས་བྱ་བ་ཡིན། ཡར་ལམ་ཐང་སྟོང་རྒྱལ་པོ་དང་མཇལ་བ་མཛོད། དོན་ཆེན་པོ་འགྲུབ་པ་ཡིན། ལོ་བཅུ་གསུམ་སྒྲུབ་ལ་ནན་ཏན་གྱི་དམ་བཅའ་མཛོད་གསུངས། འདི་རྣམས་བྱིན་རླབས་ཀྱི་སྐལ་བར་བསྣམས་གསུངས་ཏེ་པདྨ་གུ་རུའི་སྐུ། ཤོག་སེར། དམ་རྫས། ལྕགས་ཕུར། དབུ་ཞྭ། ཨོ་རྒྱན་རིན་པོ་ཆེ་དང་མཚོ་རྒྱལ་གྱི་དབུ་སྐྲ་ཉག་མ་བཅུ་གསུམ་རེ ། ཁོ་རང་གི་དབུ་སྐྲ། གཞན་ཡང་བྱིན་རླབས་ཀྱི་རྒྱུན་དཔག་ཏུ་མེད་པ་དང་། ཞལ་བཀོད་ཕྱི་ནང་གསང་བའི་ཚུལ་དུ་རྒྱས་པར་གནང་ལ། ཕྱག་དང་བསྐོར་བ་བརྒྱ་རྩ་བྱས་བྱོན་ཏེ། ཟུར་ཧམ་རྒྱལ་བ་དཔལ་བཟང་སོགས་བླ་མ་རེ་རེ་བཞིན་ལ་བྱིན་རླབས་དཔེ་རྟེན་དམ་རྫས་རྣམས་ཞུས་ཤིང་། ཐམས་ཅད་ཀྱི་བསླབས་བྱ་རྒྱས་པར་མཛད། གདན་འདྲེན་པ་དཔེ་ཆ་དང་བཅས་ཏེ་སྔོན་ལ་བརྫངས། རྗེ་ཉིད་ཀྱི་དཔལ་ཆེན་རི་བོ་ཆེར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཇལ་བར་བྱོན། དེ་ཡང་གྲུབ་ཆེན་སྐུ་མཚམས་མཛད་དེ་ལོ་གཅིག་སྐུ་གསུང་ཐུགས་དང་མཇལ་བ་དེའི་ཕྱི་མ་སྐུ་མཇལ། དེའི་ཕྱི་མ་སྐུ་གསུང་གང་ཡང་མི་མཇལ་བ་ལས། སྐུ་མཇལ་དུས་ཕེབས་པས་ཉིན་པར་ཞལ་གྱི་དཀྱིལ་འཁོར་མཇལ་ཏེ་གསོལ་རས་གནང་བ་ལས་གསུང་ངག་མི་མཛད་ཀྱང་། མཚན་གྱི་གུང་ལ་གསུང་བྱོན་ནས་རྒྱལ་པོ་མདོ་བཅུ། ནི་གུ་ཆོས་དྲུག །ཕྱག་ཆེན། ཐུགས་རྗེ་ཆེན་པོ་རིགས་གསུམ། བྱང་གཏེར་ཐུགས་སྒྲུབ། ཟང་ཐལ་ལ་སོགས་པའི་བཀའ་ལུང་རྫོགས་པར་གནང་། མ་འོངས་ལུང་བསྟན་མང་དུ་གནང་ཞིང་། ཚེ་ཚད་བརྒྱ་དང་བཅུ་གསུམ་ཡིན་ཚུལ་སོགས་ཞལ་གདམས་བསླབ་བྱ་དུ་མ་ཟླ་ཕྱེད་ཀྱི་བར་གནང་ནས། འབྱོན་པའི་ཉིན་ཚེ་རིལ་སོ་གསུམ་གནང་། ཕུ་ཕཊཿགསུང་ཕྱག་ཕྱོགས་མཐར་བཀྲུག་རྐྱང་ལན་གསུམ་དུ་མཛད་ཉེ་གནས་ཞིག་གིས་ཁྱོད་སྔོན་བསགས་ལས་འཕྲོ་ཆོས་ལ་སད་འདུག །ཆོས་དང་འཇིག་རྟེན་འདྲེན་པའི་བར་ཆད་ཀྱི་འཕྲང་སོལ་སྐད། སྐྲ་འདོམ་རེ་ཙམ་དུ་མ་སོགས་པར་སྒྲུབ་པར་གྱིས། དེ་ནས་སོ་གསུམ་རེ་བཞི་པའི་སྟེང་དུ་ལེགས་པར་གཟོབས། ཕ་བུ་འོག་མིན་དུ་འཕྲད་དོ། །ལམ་ཕྱོགས་གང་ལ་ཕྱིན་ཀྱང་བར་གཅོད་མེད། རང་ཡུལ་ལ་འགྲོ་བ་ལ་སེམས་བག་ཙམ་མ་དགའ་བའི་ནད་དེ་ངས་བསལ་གྱི་ཟེར་དབྱུག་པ་ལན་དགུ་རྒྱབ་བྱུང་བས། དེས་ཐུགས་སེམས་ཀྱི་གེགས་ཕྲ་མོ་ཡོད་པ་དེ་བསལ་སོང་། དེས་ནས་བྱང་འགྲིམས་ལ་བྱོན་ཏེ་གེགས་དང་བར་གཅོད་མེད་པར་རང་ཡུལ་གློ་བོར་ཕྱག་ཕེབས། སྡེ་བདག་གི་དྲུང་དུ་ཉིན་མཚན་མེད་པར་ཆོས་ཀྱི་བགྲོ་གླེང་མཛད། སྡེ་བ་སྐུ་མཆེད་ལ་སྒྱུ་འཕྲུལ་ཚེ་སྒྲུབ། ཁྲོ་བཅུ་རྙིང་ལུགས། བླ་སྒྲུབ། སྲུང་འཁོར་ཨུཥྞི་ལ་སོགས་པའི་དབང་དང་གདམས་པ་ལྐོག་ཏུ་ཕུལ། ཕྱིར་བླ་མཆོད་ཀྱི་ཚུལ་དུ་བཞུགས། ཟླ་བ་ལྔའི་རིང་སྐུ་ངལ་བརྟེན་རྗེས་རྣམ་གཡེང་སྤངས་ཏེ་དབུ་རྩེ་ཡང་དབེན་གྱི་རྩེར་ལོ་ལྔའི་རིང་བུག་སྒོ་འདག་འབྱར་གྱི་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས། དེ་ནས་བསྟན་པའི་བྱ་བ་ལོ་གསུམ་གྱི་བར་དུ་མཛད་དེ། དབུ་རྩེ་སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་བཀའ་ལུང་མན་ངག་སོགས་འཆད་ཉན་གྱི་གྲྭ་བཙུགས་ཏེ་བླ་མ་གོང་མའི་མཛད་པ་དང་རྣམ་ཐར་བརྐྱངས། དེ་ནས་འཆད་ཉན་བསྐོས་ཏེ་སླར་ཡང་སྐུ་མཚམས་ལ་ལོ་ལྔ་བཞུགས་ཏེ། དེའི་བར་དུ་སྣང་སེམས་འདྲེས་པའི་རྟགས་བུག་སྒོ་ལ་ཟང་ཐལ་དུ་འབྱོན་པ་དང་། ཕྱག་ཞབས་ཀྱི་རྗེས་ཐོགས་པ་མེད་པར་འབྱོན་པ་དང་། དགུན་སྒྲུབ་ཁང་ལ་འཇའ་འོད་སྣ་ལྔ་ཁོ་རེ་བ་དང་། རཱ་ཧུ་ལས་དངོས་སུ་ཆོས་ཉན་པ་དང་། སྒྲུབ་ཁང་གི་སྟེང་ནས་རི་རྩེར་སྐྱོ་སངས་ལ་འཕུར་ནས་འབྱོན་པ་དང་། དགུན་གྲང་སྒང་ཡང་ན་བཟའ་རས་རྐྱང་རེས་དྲོས་པ་དང་། སྨན་རག་གཏོར་གསུམ་ལ་མེ་ཏོག་དང་འབྲས་བུ་སྨིན་ཅིང་དབྱར་མི་རུལ་དགུན་མི་འཁྱགས་པ་དང་། གཤིན་པོའི་རྣམ་ཤེས་གར་གནས། གསོན་ལེགས་ཉེས་གང་ཡོད་རྣམས་གསལ་ལེར་མཁྱེན་པ་དང་། སྐུ་ཞང་དགེ་སློང་གིས་སྐུ་མཚམས་ཕྱག་ཕྱི་བྱས་དུས། ཡུལ་མི་དྲག་ཞན་ཀུན་གྱི་བྱེད་སྤྱོད་ལབ་རིགས་འདི་འདུག་ཅེས་གསུངས་པ་དང་། སྐུ་ལུས་ཀྱང་རེས་མངོན་པར་འོད་ལྔར་ཕུང་པོ་ལ་སོགས་བཀོད་པའི་རྫུ་འཕྲུལ་དུ་མ་སྟོན་ཅིང་། བྱ་རི་དྭགས་ཀུན་ཀྱང་བུག་སྒོའི་འགག་དང་སླ་ཡེར་སྡོད་པ་ཀུན་གྱིས་མཐོང་། དེ་དུས་སྡེ་བདག་སྐུ་མཆེད་ཀྱི་ཕྱག་ཞབས་ཀྱི་སྔགས་བཙུན་ཀུན་འབངས་སུ་ཕུལ། ཉེ་འབྲེལ་གྱི་ཆར་གཏོགས་གྲོང་ཆེན་བཅུ་གསུམ་ཁྲལ་མེད་དར་རྒན་དུ་བྱས། རྡོ་རྗེ་སྒང་དུ་འདུ་ཁང་ཀ་བ་བརྒྱད་ཅུ་གཙང་ཁང་དང་བཅས་པ་འདེབས་པ། མངའ་ཞབས་ཀྱི་རྒྱ་དཔོན་གྱི་བུ་གསུམ་བར་པ་རྣམས་བསྡུས་ནས་ཆོས་སྒོར་འཇུག །གསང་སྔགས་རྙིང་མ་འདི་རྒྱ་ཆེ་སེ་ལས་ཟབ་ཁྱད་ཡོད་སྙེམ་མ་བྱུང་སྟེ། བཀའ་མདོ་རྒྱུད་ཐམས་ཅད་འདུས་ཤིང་དེ་དག་གི་སྙིང་པོ་བསྐྱེད་རྫོགས་ཟུང་འཇུག །དྲང་ངེས་ལྡེམ་དགོངས་ཀུན་ཡོད་པར་འདུག་པས་དར་རྒྱས་གང་ཆེ་བྱེད་དགོས་པ་འདུག །བླ་མ་པས་ཀྱང་ཐུགས་བསྐྱེད་རྒྱ་ཆེན་པོ་མཛོད་ལ་བླ་མཆོད་ཀྱི་རྒྱུད་དུ་འགྲོ་ཞིང་བསྟན་པའི་བཙས་སུ་འདུག་པས་ལྷ་རིགས་ཤིང་སཱ་ལ་ལྟ་བུ་ཆད་ན་མི་བཏུབས་པས། རིགས་བཟང་ངན་རྟོགས་ལ་རིགས་སྲས་ཀྱང་འཇོག་པ་དགོས། ཞབས་འདེགས་སུ་གང་འགྲོ་བྱེད་གསུངས་པ་དང་། ཀུན་སྐྱོང་གླིང་པའི་ལུང་བསྟན་ཐོག་ཏུ་བབས་ཏེ། འཆད་ཉན་གྱི་ཞལ་བཞེས་ཕུལ། ཇོ་མོ་མི་བཞེས་པའི་ཞུ་བ་ནན་གྱིས་ཕུལ་ནས་ལོ་སྣྲེལ་ཞིག་གི་སྐུ་མཚམས་ལ་བཞུགས་པས། སྡེ་བས་ཀྱང་ཡབ་ཡར་བཙན་ལྡེ་དང་དམག་དཔོན་ད་ར་ཁ་ཆེ། དཔོན་དྲུང་ཚེ་བཟང་གསུམ་ལ་འཐད་བཀོད་དུ་མ་དང་། བཙུན་མོ་གསུམ་གྱིས་འདམ་ཁ་བཀུར་ཞིང་ཆོས་རྗེ་སློབ་དཔོན་པ་ཐུགས་དགོངས་རྒན་ཏར་དོག་པ་མ་དགོས། ལུགས་གཉིས་ཀ་ལ་རང་དོན་གཞན་དོན་དགོས། བཀའ་ལུང་མན་ངག་ཐམས་ཅད་ཀྱི་བརྒྱུད་འཛིན་རིགས་སྲས་འཇོག་པ་མདོ་རྒྱུད་དུ་མར་བཤད་འདུག་པས་དགོངས་འབྱོར་ཡོད་པ་དགོས་གསུང་ནན་ཆེར་མཛད་པས། ཞག་བཅུ་གསུམ་གྱི་བར་དུ་ལྷ་མོ་ཤྲ་མ་ཎ་བསྒྲུབས་ནས། རྟེན་འབྲེལ་བརྟགས་པས་རིགས་བསྐྲུན་དགོས་པར་ཤར་ཏེ། དགུང་ལོ་ཞེ་གཅིག་པའི་ཐོག་ཏུ་འབྲོ་ལོ་ཙཱ་བའི་རིགས་ཁྲོམ་པ་རྒྱན་ཞེས་པ་ཐུགས་དམ་བརྟག་པར་ཆུད་དེ་ཁབ་ཏུ་བཞེས། རིགས་བརྒྱུད་འཇོག་པའི་ཆོ་ག་མཛད་པས་ཀུན་སྐྱོང་གླིང་པའི་ལུང་བཞིན་འཁྲུལ་མེད་དུ་བྱོན་ཏེ། སྲས་ཆེ་བ་དོན་གྲུབ་རྡོ་རྗེ་ནི་གསོ་བ་རིགས་བྱེད་ཕུལ་ཕྱིན་དུ་གྱུར། གཉིས་པ་དབང་རྒྱལ་རྡོ་རྗེ་ནི་མངའ་རིས་པཎྜི་ཏ་ཆེན་པོ་ཉིད་ཡིན་ཏེ་རྣམ་ཐར་ཅུང་ཟད་འོག་ཏུ་འཆད་དོ། །དེ་འོག་རིན་ཆེན་རྡོ་རྗེ་ནི་ལྷག་བསམ་དང་ལྡན་པས་སྐྱེ་བོའི་གྲོས་དཔོན་དུ་གྱུར་ཅིང་དམ་ཆོས་ལ་ཡང་གདེང་དང་ལྡན་ནོ། །དེ་འོག་སྣང་མཛད་རྡོ་རྗེ་ནི། དེ་བཞིན་བསྙེན་པར་རྫོགས་ཤིང་བཤད་སྒྲུབ་ལ་ངེས་པས་ཕྱག་རྫོགས་ཀྱི་དགོངས་པ་མཐར་ཕྱིན་ནོ། །དེ་འོག་གཉིས་ལ་མིང་མི་དགོས་ཞེས་ལུང་བསྟན་པ་ལྟར་ཆུང་ངུ་ནས་གཤེགས་སོ། །དེ་འོག་ཀུན་བཟང་རྡོ་རྗེ་ནི་གནས་ལུགས་ཁོ་ན་ལ་བརྩོན་པས་ལམ་རྙེད། དེ་འོག་མགོན་པོ་ལེགས་ལྡན་རྡོ་རྗེ་ནི་རིག་འཛིན་མངའ་རིས་པ་ཆེན་པོ་སྟེ་འདིའི་རྣམ་ཐར་ཡང་འོག་ཏུ་འཆད་དོ། །དེ་ལྟར་ཀུན་སྐྱོང་གླིང་པའི་ལུང་བཞིན་རིགས་སྲས་རྣམས་ཀྱང་བལྟམས་ཤིང་། དབུ་རྩེ་དང་མ་ཐང་ལྷུན་གྲུབ་དཔལ་གྱི་ཆོས་སྡིངས་དགོན་པ་རྣམས་སུ་བསྟན་འགྲོའི་དོན་དུ་འཆད་ཉན་ཐོས་བསམ་སྒོམ་སྒྲུབ་དུ་མས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་འབའ་ཞིག་ལྷུར་མཛད་པ་ཡིན་ཏེ། དངོས་གྲུབ་བསྐུལ་ཚིག་ལས། གློ་བོ་མ་ཐང་ཆོས་སྡིངས་སུ། །འཇམ་དབྱངས་རིན་ཆེན་རྒྱལ་མཚན་ནི། །མཁས་གྲུབ་ཀུན་གྱི་ཡང་རྩེར་སོན། །ཞེས་དང་། དབང་བྱང་ལས། མདོ་དབང་བདུད་རྩིས་ཐུགས་རྒྱུད་དཀྱུས། །འཇམ་དཔལ་གཤིན་རྗེའི་གཤེད་ཞལ་གཟིགས། །ལེགས་ལྡན་མགོན་པོས་སྲས་སུ་སྤྲུལ། །སྙིང་རྗེས་མ་རུངས་དབྱིངས་སུ་བསྒྲལ། །འཇམ་དབྱངས་རིན་ཆེན་རྒྱལ་མཚན་དེ། །ཞེས་གསུངས་པའི་ཕྱིར། གཞན་ཡང་མ་འོངས་ལུང་སྟོན་ཡང་ཡང་མང་པོ་ཞིག་མཛད་ཅིང་། ནམ་ཞིག་གི་ཚེ་སྡེ་བདག་ལ་བཀའ་ལ་པ། ཁོ་བོས་ལོ་བཞི་བཅུ་རྩ་གཉིས་ལོན་པ་ཡན་ལ་མངའ་རིས་ཐ་དད་ཀྱི་མཐོ་དམན་རིང་ཐུང་མང་པོ་ཞིག་དྲན། ད་སྟེ་ལོ་བཅུ་དྲུག་ཙམ་ན་བོད་འདིར་ཧོར་ལ་སོགས་པའི་སྐད་ཆ་མང་པོ་ཞིག་ཡོང་། ས་ཆེན་པོ་ཞིག་གཡོ་མི་རྣམས་སྤྱོད་པ་ཡང་འགྱུར་འགྲོ། གསང་སྔགས་ཀྱི་སྒོམ་སྒྲུབ་འདི་དག་བོར་ནས་སྡེ་པའི་གོ་ཁར་ངོ་སོ་སུ་མཐོ་འཚོལ་བ་ཞིག་ཡོང་། རི་བྲག་གི་ན་བུན་ཡང་ཆུང་ངུ་འགྲོ། སྔར་ཡུལ་འདིར་སད་མི་ཡོང་ཡང་ཕྱིས་སྒོང་གཤོགས་སུ་ཡོང་། དེ་ལ་ཁོ་བོའི་ཁ་ལ་ཉན་མཁན་ཡང་མེད། ཉན་ན་བཤད་སྒྲུབ་འཛུག་དགོས། རིམ་གྲོ་འདི་ལྟ་བུ་བྱེད་དགོས། བྱེད་ལུགས་འདི་ལྟ་བུ་དགོས་གསུངས་ཤིང་། དེ་རྣམས་ཀྱང་སྡེ་སྲིད་ལ་ཐུགས་ཞེན་ཆེ་བ་ལྟ་བུའི་གསུང་ངར་དང་བཅས་ནས་གསུངས་ཤིང་། ལན་ཅིག་ཙམ་དུ་མ་ཟད་ཡང་ཡང་དུ་བཟླས་ཤིང་གསུངས་ཀྱང་མི་རྣམས་བདུད་ཀྱིས་ཁེབས་པས། ཧོར་ཡོང་ག་ལ་སྲིད། དང་པོ་གེ་སར་གྱི་དུས་བྱུང་བའི་ལོ་རྒྱུས་ཙམ་ཡོད། བཤད་སྒྲུབ་བཙུགས་ན་ཁོ་རང་གི་ཆེ་ཁྱད་ཐོན་པར་ཤེས་ནས་སྨྲ་བ་ཡིན། རིམ་གྲོ་རྣམས་ཀྱང་ཟ་བའི་སྙད་ཡིན་ཞེས་སྒྲོག་ཅིང་། དེའི་དབང་གིས་བཏང་སྙོམས་སུ་ལུས་སོ། །དེ་ནས་དུས་གསུམ་སྒྲིབ་པ་མེད་པར་ལུགས་ཇི་ལྟར་བསྟན་པ་ལྟར་ལོ་བཅུ་དྲུག་སོང་བ་དང་མང་ཡུལ་དུ་ཧོར་དང་པོར་བྱུང་ངོ་། །དེ་ནས་གླང་གི་ལོ་ས་གཡོས་ངན་པ་ལོ་གཅིག་ལ་སུམ་ཅུ་གྲངས་ཙམ་བྱུང་སྟེ་མི་ཀུན་གྱིས་བསྐལ་པ་འཇིག་པར་ངོས་བཟུང་ངོ་། །དེའི་དུས་སུ་སྐྱེ་བོ་ཕལ་ཆེར་ཡང་ཆོས་མི་དྲན་ཞིང་སྒོ་ཕྱུགས་ཐམས་ཅད་བསད་དེ་ཟ་ཞིང་ཆང་བག་མེད་དུ་འཐུང་བ་སོགས་སྤྱོད་ལམ་ཡང་ངན་པ་གྱུར་པས་སྔོན་ཇི་ལྟར་ལུང་བསྟན་པ་བཞིན་དུ་གྱུར་ཏེ། དེའི་ཚེ་སྐྱེ་བོ་རྣམས་ཤེས་རྒྱུད་འགྱུར་བས་ཉན་པར་དཀའ་ཡང་། དམ་འདི་སྙིང་རྗེ་ཆེན་པོས་མ་བཟོད་པར་དེའི་ལོ་ཡང་འདི་སྐད་ཅེས་གསུངས་སོ། །ད་ལོ་ས་ཕྱོགས་འདིས་གཙོ་བྱས་འགའ་ཞིག་བརླག་ངེས་པའི་ས་གཡོས་སོ། །ཐོག་སེར་དྲག་པོ་ཡོང་ངོ་རི་གཟར་པོ་ལ་མ་འགྲོ། ཁང་ས་མཐོན་པོར་མ་སྡོད་གསུངས་ཏེ། ས་གཡོས་ཆེན་པོར་ཡོང་བའི་གོང་ཟླ་བ་གསུམ་ནས་སྡེ་བདག་སོགས་ལ་ཞལ་བཀོད་མཛད། རྗེ་ཉིད་རང་ཡང་ཁང་པ་ཞོལ་གཅིག་དང་། གུར་གཅིག་གསར་དུ་བཅོས་པ་དེར་བཞུགས་ཏེ་དྲུང་དུ་ཡང་མི་ཐམས་ཅད་ལ། ཁོ་རེ་ཚོ་སྣང་བ་ཆེན་པོ་འགྱུར་བ་ཡོད་དེ། དཀོན་ཅོག་ལ་སྐྱབས་འགྲོ་དགེ་ལས་དང་རིམ་འགྲོར་འབད་ཀྱིས་གསུངས། ཅི་ཡིན་ཞུས་པས། ཁོ་བོ་ལ་ཉན་མཁན་ཡོད་ན་དངོས་གྲུབ་ཐམས་ཅད་སྟེར་བ་ཡིན་ཏེ། བུ་དང་སློབ་མ་མི་ཉན་གསུངས། ཐུགས་ཆད་པའི་གསུང་བྱོན། དེ་ནས་གླང་ལོ་ཟླ་བ་ལྔ་པའི་ཚེས་ལྔའི་ཐོ་རངས་རྗེ་རིན་པོ་ཆེ་ཉིད་རང་གིས་བཀའ་དྲག་ཏུ་བསྐུལ་ནས། དེ་རིང་དགོན་པ་སྟེང་འོག་ཐམས་ཅད་ཕྱི་རོལ་ཏུ་ཐོན་ཅིག །སུ་མ་ཉན་པ་ལ་རྐྱེན་ཆེན་པོ་ཡོང་བས་གོ་བར་གྱིས་ཤིག །ཅེས་གསུངས་ཏེ། ཉི་མ་རྩེ་ཤར་ལ་བཞུགས་གདན་ཡང་ཁོ་རང་གིས་བསྣམས་ཏེ་ཞིང་ཁར་བྱོན་ནས་ཅུང་ཞིག་ལོན་ཙམ་ལ་བཟོད་པར་དཀའ་བ་གནམ་ས་ཁ་ལོག་པ་ལྟ་བུའི་ས་གཡོ་ཆེན་པོ་ཐེངས་ལྔ་བྱུང་སྟེ་མི་མང་པོ་ཁ་ཕུང་ལ་སོང་། དགོན་གནས་དང་རྒྱལ་ས་མང་པོས་བརྡལ་དུ་སོང་། གཟིམས་ཁང་ཡང་འཇིག་པ་ལ་ཉེ་བའི་ཚེ་གསུངས་ཆེན་པོས་འདི་སྐད་གསུངས་སོ། །དུས་གསུམ་གྱི་བླ་མ་ཡི་དམ་ལྷ་ཚོགས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ། ང་བླ་མ་དམ་པ་རྣམས་ཀྱི་བཀའ་ལུང་ཚད་མ་ལྟར་ཚད་ལྡན་ཡང་ཡིན་ཁོ་བོའི་ཆོས་རྒྱུད་འདི་ཡང་དྲི་མ་མེད་པའི་ཁུང་ཐུབ་པ་ཡིན་ན། སྤྱིར་སེམས་ཅན་རྣམས་ལ་སྡུག་བསྔལ་དྲག་པོ་མ་བཏང་། སྒོས་བདག་ལ་བལྟོས་པའི་སྡེ་བ་ཡབ་ཡུམ་སྲས་དང་བཅས་པ། བུ་སློབ་མ་རྣམས་དང་། བདག་གི་དགོན་པ་རྟེན་གསུམ་དང་བཅས་པ་ལ་བར་ཆད་མ་བཏང་བར་སྲུངས་ཤིག །དེ་ལྟར་མི་བདེན་ཁོ་བོའི་བླ་མ་དང་། དེའི་ལུང་བསྟན་ཐམས་ཅད་དང་ཁོ་བོའི་ཆོས་རྒྱུད་འདི་རྣམ་པར་དག་པ་མིན་ན་ཅི་མི་རུང་ཐམས་ཅད་ཐོང་ཞིག །ཕཊཿཕཊཿཕཊཿཕཊཿཅེས་མང་དུ་གསུངས་པས། གཟིམས་ཁང་པདྨ་ལྟར་ཁ་གྱེས་པ་ཡང་ཁ་འགྲིག་ནས་ཡུལ་ཁམས་ཐམས་ཅད་ཐལ་བར་བརླག་ཀྱང་། གཟིམས་ཁང་དང་ལྷ་ཁང་དགོན་པའི་གྲྭ་ཁང་སོགས་ཐམས་ཅད་ཀྱི་ཐོག་རྩ་ཕན་ཚུན་འཕྲོམ་བ་ཙམ་ལས་མ་ཞིག་པར། སླར་ཡང་ཁ་གས་པ་ཞིག་ཡོད་པ་ཡང་ཁྲིག་གིས་འགྲིག་པར་གྱུར། བལྟོས་བཅས་ཀྱི་སྡེ་པ་ཡོན་བདག་གྲྭ་སློབ་དང་བཅས་པ་ཡང་བར་ཆད་མེད་པར་བདེན་པའི་ཚིག་མངོན་སུམ་དུ་གྱུར་པ་བྱུང་བ་འདི་ནི་ངོ་མཚར་གཞན་ལས་ཁྱད་པར་ཆེའོ། །གཞན་ཡང་དྲུང་འོད་ཟེར་བྱ་བའི་གནས་བརྟན་གཅིག་དང་བཙུན་མ་ཚུལ་ཁྲིམས་དཔལ་མོ་བྱ་བ་ཞིག་རང་གི་ནས་ཐོག་ལ་བསོད་སྙོམས་ལ་ཕྱིན་པས་གཙང་ལེ་བྲག་འཕྲང་དུ་ས་གཡོས་དང་ཐུག །བྲག་འཕྲང་མིག་རྒྱང་གང་གི་སར་མདུན་དུ་མི་དྲུག །རྒྱབ་ཏུ་མི་ལྔ་བཟོང་བུང་བཞི་མཛོ་གཅིག་རྣམས་བྲག་རལ་བས་ལྷུངས་ཏེ་ཤི། ཁོང་གཉིས་འཇམ་དབྱངས་རིན་ཅེན་རྒྱལ་མཚན་མཁྱེན་ཞེས་རྩེ་གཅིག་ཏུ་གསོལ་བ་བཏབ་པས་ཉམས་ཉེས་གང་ཡང་མེད་པར་ཐོན་པ་ཡིན་ཞེས་མངའ་རིས་པཎ་ཆེན་རིན་པོ་ཆེའི་གསུང་ལས་བྱུང་ངོ་། །དེ་ལྟར་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་མཁས་པ་དང་གྲུབ་པའི་དབང་ཕྱུག་ངེས་པ་དོན་གྱི་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀུན་སྐྱོང་གླིང་པས་ཚེ་ཚད་བརྒྱད་ཅུ་གྱ་བཞིར་ལུང་བསྟན་ཅིང་། རྗེ་ཐང་སྟོང་རྒྱལ་པོས་བརྒྱ་དང་བཅུ་གསུམ་དུ་ལུང་བསྟན་པ་ལས། དོན་དུ་དགུང་ལོ་བརྒྱ་དང་བཅུ་གསུམ་བཞུགས་ངེས་པའི་རྒྱུ་མཚན། རིགས་སྲས་ལེགས་ལྡན་རྗེར་ཡབ་རང་གི་ཚེ་ཕ་བུ་མཉམ་ཞེས་དང་། ང་ཚེ་ཚད་བརྒྱད་ཅུ་གྱ་བཞིའམ་བརྒྱ་དང་བཅུ་གསུམ་ནས་ཀུན་ཏུ་བཟང་པོའི་ཀློང་དུ་འགྲོ། ཞེས་གསུངས་པ་ལྟར། རིག་འཛིན་རྗེས་བརྒྱ་དང་བཅུ་གསུམ་དུ་བཞུགས་པས་ཡབ་སྲས་གཉིས་ཀ་དེ་ལྟར་ངེས་པའི་གཏན་ཚིགས་གྲུབ་པ་ཡིན་པས་ཞིང་འདིར་བཤད་སྒྲུབ་དང་སྐུ་ཚེ་མཐར་ཕྱིན་ནས་དགུང་ལོ་བརྒྱ་དང་བཅུ་གསུམ་གྱི་སྟེང་དུ་དཔའ་བོ་དང་ཌཱ་ཀིའི་ཚོགས་ཀྱིས་མདུན་བསུས་ཏེ་འོག་མིན་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་གྱི་ཁྱབ་བདག་ཏུ་གཤེགས་ཏེ་ཞིང་ཁམས་རྒྱ་མཚོར་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བ་འདུལ་བ་མཛད་པ་ཡིན་ནོ། །ལྷ་རིགས་འོད་གསལ་གདུང་ལས་སྤྲུལ་པའི་གར། །མཁས་གྲུབ་རྒྱ་མཚོའི་འཁོར་ལོས་སྒྱུར་བའི་ཚུལ། །སྔ་འགྱུར་བསྟན་པའི་རྩ་ལག་གཅིག་པུ་བ། །འཇམ་དབྱངས་ཆོས་ཀྱི་རྒྱལ་པོར་དེར་ཕྱག་འཚལ། །དང་པོ་ཡོངས་འཛིན་མང་བསྟེན་ཐོས་བསམ་མཛད། །བར་དུ་བཤད་སྒྲུབ་བསྟན་པའི་ཉི་འོད་གདལ། །ཐ་མ་མཁའ་སྤྱོད་དཀྱིལ་འཁོར་གཙོ་བོའི་ཚུལ། །སྣ་ཚོགས་སྤྲུལ་པའི་གར་མཛད་ཧེ་རུ་ཀ །ལྗོངས་འདིར་གྲུབ་པའི་སློབ་དཔོན་ཆེས་མང་ཡང་། །མཁས་གྲུབ་ཚད་མའི་ཡུལ་གྱུར་ཁྱོད་ཁོ་ན། །རླབས་ཆེན་མཛད་པས་བསྟན་འགྲོའི་དོན་བསྒྲུབ་པར། །མི་གཡེལ་མགོན་ཁྱོད་ལྟ་བུར་བདག་འགྱུར་ཤོག །ཅེས་སྨྲས་སོ། །དེ་ལྟར་བཀའ་དྲིན་མཉམ་པ་མེད་པའི་རྗེ་བཙུན་དེས་རིགས་སྲས་པཎ་ཆེན་མཆེད་ལ་སྩལ་བ་ཡིན་ཀྱང་། བརྒྱུད་པའི་གཙོ་བོ་རིག་འཛིན་རྗེ་ལ་བརྒྱུད་དགོས་ཤིང་། འོན་ཀྱང་གཅེན་མངའ་རིས་པཎ་ཆེན་ཉིད་གཅུང་ལེགས་ལྡན་ཞབས་ཀྱིི་ཡོངས་འཛིན་གྱི་གཙོ་བོར་ཡང་བཞུགས་ཤིང་། བསྟན་པ་ཡོངས་རྫོགས་ལ་བཀའ་དྲིན་ཤིན་ཏུ་ཆེ་བས། འདིར་བརྒྱུད་ཚུལ་དངོས་ལ་མི་དགོས་ཀྱང་དད་པའི་རྗེས་སུ་འབྲང་སྟེ་རྣམ་པར་ཐར་པ་ཅུང་ཟད་ཅིག་གླེང་བ་བྱ་བ་ལ། འཁྲུངས་ཡུལ་ནི་གློ་བོ་མ་ཐང་གི་ལྷུན་གྲུབ་ཆོས་སྡིངས་དང་། ཡབ་ནི་རྗེ་བཙུན་འཇམ་དབྱངས་རིན་ཆེན་རྒྱལ་མཚན་དང་། ཡུམ་འབྲོ་ལྕམ་ཁྲོམ་པ་རྒྱན་ཡིན་ལ། རིགས་རྒྱུས་སོགས་ནི་གོང་དུ་སྨོས་པས་འདིར་བརྗོད་མ་དགོས། དེ་ཡང་ལྷུམས་སུ་ཞུགས་པའི་ཚེ་ཡབ་ཀྱིས་ལྷར་བསྐྱེད་ཅིང་དབང་བསྐུར་བ་སོགས་མཛད་དེ། པཎ་ཆེན་ཉིད་ཀྱི་ཞལ་གསུངས་མ་རྣམ་ཐར་ཚིགས་བཅད་ལས། གྲུབ་ཐོབ་ཀྱི་རྒྱལ་པོ་རྡོ་རྗེ་འཆང་། །མངའ་རིས་ཀྱི་སྔགས་འཆང་མཁྱེན་རྟོགས་ཅན། །དེ་ཉིད་ཀྱི་བརྒྱུད་པ་བདུན་ལྡན་གྱི། །དང་པོ་ཡི་རྗེས་སུ་སྐྱེས་པའི་དུས། །ཡ་མཚན་གྱི་རྟགས་བཅུ་ཀུན་ལ་གྲགས། །བདེ་སྐྱིད་ཀྱི་ལོངས་སྤྱོད་ལོ་བདུན་སྐྱོངས། །ལོ་བརྒྱད་ཀྱི་སྔོན་དུ་མ་ཡི་རུམ། །དེ་ཉིད་དུ་བཞུགས་པའི་སྲིད་པ་ལ། །ལྷ་སྐུ་རུ་བསྐྱོད་ནས་དབང་དྲག་ནི། །དབང་བསྐུར་དང་བྱིན་རླབས་ཚུལ་བཞིན་ཐོབ། །ཅེས་གསུངས་པས། མེ་མོ་ལུག་ལོ་ལ་སྐུ་བལྟམས་པའི་ཚེ་ལུང་བསྟན་དང་མཚན་འདོགས་མཛད་ཚུལ་ཡང་དེ་ཉིད་ལས། སྐལ་བཟང་གི་སྐྱེས་བུ་གྲུབ་ཐོབ་ཀྱི། །རིག་འཛིན་རྒྱལ་པོ་སྲས་བརྒྱད་ཀྱི། །པདྨ་ཡི་རིགས་ཀྱི་རྟགས་འཆང་བ། །ཐེ་ཚོམ་དང་བྲལ་ལོ་མིང་འདི་བཟུང་། །པདྨ་ཡི་རིགས་ལས་དབང་ཆེན་རྒྱལ། །རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་། །གྲགས་པ་ཡི་རྒྱལ་མཚན་ཕྱོགས་བརྒྱར་འཛིན། །དེ་མ་བརྗེད་བུ་ཡི་ཡིད་ལ་བཟུང་། །མ་ཁྱོད་ཀྱང་འབྲོ་སྟོན་ལོ་ཙཱ་བ། །མཚུངས་བྲལ་གྱི་བཤེས་གཉེན་བརྒྱུད་པར་ལྡན། །མཁའ་འགྲོ་ཡི་རྟགས་དང་ལྡན་པ་དེ། །དོན་དེ་ཉིད་ལ་རྣམ་ཐར་མཛོད་ཅིག་གསུངས། །ཞེས་དང་། དགུང་ལོ་བརྒྱད་པ་ལ་དགེ་བསྙེན་དུ་བསྒྲུབས་ཤིང་ཐུགས་བསྐྱེད་དབང་བསྐུར་མང་དུ་གསན། ཡབ་དཀྱིལ་འཁོར་གྱི་གཙོ་བོར་གཟིགས་པ་སོགས་ཡིན་ཏེ། དེ་ཉིད་ལས། ལོ་བརྒྱད་ཀྱི་དུས་སུ་དགེ་བསྙེན་གནང་། །སེམས་བསྐྱེད་ཀྱི་སྡོམ་པས་རྒྱུད་སྦྱངས་ནས། །རྒྱུད་ཀུན་གྱི་རྒྱལ་པོ་མཚན་བརྗོད་དང་། །སྒྱུ་འཕྲུལ་གྱི་རྒྱལ་པོ་རྡོ་རྗེ་སེམས། །ཞི་ཁྲོ་ཡི་དཀྱིལ་འཁོར་ཆེན་པོར་བཅུག །ཁྲག་འཐུང་གི་རྒྱལ་པོ་ཡང་དག་ཐུགས། །དྲུག་དང་བརྒྱད་ཀྱི་བདག་ཉིད་ཅན། །དེ་བཞིན་དུ་ལྔ་བཅུ་རྩ་བརྒྱད་པ། །ཉི་ཤུ་ཡི་བདག་ཉིད་འཁོར་ལྡན་པ། །བཅོ་བརྒྱད་མེ་དགུ་རྣམས་སུ་བཅུག །རྒྱུད་ལུང་དང་མན་ངག་ཅི་ཡང་ནོས། །དཀྱིལ་འཁོར་གྱི་བདག་པོ་ཕ་ཇོ་མཐོང་། །མོས་གུས་ཀྱི་བསམ་པ་ཞེ་ནས་ཚིམས། །ཞེས་དང་། ལོ་དགུ་ཡི་སྟེང་དུ་སེམས་ངོ་སྤྲད། །ཆོས་བདག་མེད་ཀྱི་ཕོ་གོ་ལན་ཅིག་མཐོང་། །གཞུང་སྒྱུ་འཕྲུལ་དང་སེམས་ཕྱོགས་སྙིང་ཐིག་ཉན། །ཞེས་དང་། ལོ་བཅུ་ཡི་དུས་སུ་འཆི་བ་དྲན། །ཅིར་སྣང་ཀུན་བདེན་པ་མེད་པ་ལ། །དངོས་འཛིན་དུ་ཞེན་པ་ཐམས་ཅད་ལ། །ཚད་མེད་ཀྱི་སྙིང་རྗེ་ཆུ་ལྟར་བརྡོལ། །ཞེས་སོགས་གསུངས། དགུང་ལོ་བཅུ་གཅིག་ལ་རྒྱུད་སྡེར་ཐོས་བསམ་དང་། བཅུ་གཉིས་པ་བཤད་པ་མཛད་པའི་ཚུལ་ཡང་དེ་ཉིད་ལས། བཅུ་གཅིག་གི་ལོ་ལ་རྒྱུད་སྡེ་མ། །བཤད་སྦྱར་གྱི་གཏན་ལ་ལེགས་ཕབ་ནས། །སྒྱུ་འཕྲུལ་རྩ་རྒྱུད་གསང་སྙིང་ལ། །རྒྱ་གར་གྱི་སློབ་དཔོན་སྒེག་པ་ཡི། །བཤད་འགྲེལ་དང་རྒྱ་གཞུང་མང་པོ་དང་། །གཡུང་སྟོན་གྱི་ཊཱིཀྐ་ལ་སོགས་པ། །ཕལ་ཆེར་ཞིག་ཟླ་བ་བདུན་ལ་བཟུང་། །ཁྱད་པར་ཅན་དགོངས་པ་འདུས་པའི་མདོ། །ཕལ་ཆེར་ཞིག་བློ་ལ་བྱང་བར་བྱས། །ཞེས་དང་། བཅུ་གཉིས་ཀྱི་དུས་སུ་ཡུམ་ཕྱོགས་ཀྱི། །མཁས་ཚོགས་འདུས་པའི་དབུས་ཉིད་དུ། །ཇོ་བོ་དང་ནུ་བོ་བདག་དང་གསུམ། །ཁྲི་སྟེང་དུ་བཞག་ནས་དར་གདུགས་ཕུབ། །གཞུང་བསྐྱུར་དང་བཅས་ཏེ་བཤད་གསར་བྱས། །ཞེས་དང་། དེ་སྐབས་ངོ་མཚར་གྱི་ལྟས་བྱུང་བ་ཡང་། དེ་དུས་སུ་དགུན་གྱི་ཆོ་འཕྲུལ་ལ། །མེ་ཏོག་གི་ཆར་པ་ཞག་བདུན་བབས། །ཞེས་སོ། །དེ་ནས་བསྙེན་སྒྲུབ་ཀྱི་ཐོག་མར་མཛད་ཚུལ་ཡང་། དེ་ཉིད་ལས། དེ་མཚམས་ནས་ལྷུན་གྲུབ་ཆོས་སྡིངས་སུ། །གཅེན་པོ་དང་ལྷན་ཅིག་སྒྲུབ་པ་བྱས། །བླ་མ་ཡི་སྒྲུབ་པ་གསང་འདུས་དང་། །བདེ་གཤེགས་ཞི་ཁྲོ་སྒྱུ་འཕྲུལ་དང་། །རྟ་མཆོག་དཔལ་དང་དབང་དྲག་རྩལ། །བསྙེན་སྒྲུབ་ཀྱིས་གཏན་ལ་ཕབ་པའི་ཚེ། །ཞེས་དང་། གཟིགས་སྣང་གི་ཐོག་མར་ཡབ་རྗེ་མར་པ་ལོ་ཙཱའི་རྣམ་སྤྲུལ་ཡིན་པས་དེའི་རྒྱུ་མཚན་གྱི་དུད་སོལ་ལྷ་མོའི་ཞལ་གཟིགས་ཏེ། དེ་ཉིད་ལས། མཐོངས་ཁ་ན་དཔལ་ལྡན་དུད་སོལ་མ། །གསལ་བ་རུ་ཡང་ཡང་བདག་གིས་མཐོང་། །ལྟ་བ་དང་བསྲེས་ཤིང་མཆོད་བསྟོད་བྱས། །ཞེས་སོ། །གྲུབ་མཚན་གྱི་ཐོག་མར། ཤྭ་འོད་བཟློག་ཚུལ་ཡང་། དེ་ཉིད་ལས། ཤྭ་བུད་ཁོ་ལན་གཅིག་སོང་བ་ལས། །ཡུལ་ཕྱོགས་ཀྱི་ཞིང་ཁལ་སུམ་བརྒྱ་བཤལ། །གཉིས་པ་ལ་ཁོ་བོ་ས་དེར་རྟོལ། །ཕུར་པ་ཞིག་གདེངས་པས་ཁྱིམ་གྱིས་འཁྱིལ། །སྡིག་མཛུབ་ཅིག་བསྟན་པས་ཐོག་སོ་བདུན། །གྱེན་ཕྱོགས་སུ་ལོག་སྟེ་འཁྱིལ་ནས་སོང་། །གསུམ་པ་ཞིག་བྱུང་བ་རྡོ་ནག་ལ། །སྔགས་འཕྲེང་ཞིག་བཟླས་ནས་འཕངས་པ་ལས། །ནུབ་ཕྱོགས་སུ་རྟོལ་ནས་ཐེངས་བདུན་བཟློག །ཅེས་གསུངས་པ་དང་། བཅུ་གསུམ་གྱི་ལོ་ལ་འོད་གསལ་བསྐྱངས། །བླ་མ་ཡི་དམ་བསྟོད་ཚོགས་བརྩམས། །ཞེས་དང་། གཞན་ཡང་རྨེ་བརྩེགས་ཀྱི་ཞལ་གཟིགས་ཚུལ་ཡང་། རྨེ་བརྩིགས་ཀྱི་སྒོམ་བཟླས་བྱས་པའི་ཚེ། །ནམ་མཁའ་འདི་སྔོ་སངས་ཏིང་ཐུག་བྲལ། །མཁའ་འགྲོ་ཡི་དབང་མོ་སོལ་བའི་མདོག །དག་བྱེད་བུམ་པ་ཤེལ་ལྟར་དངས། །མཐོང་ཙམ་ནས་སྐུ་ལས་མེ་འོད་འབར། །མེ་སྒྲ་ནི་གར་ཁང་ཛར་ཁང་གི། །སྔགས་སྒྲ་རུ་ཁྲོལ་ཁྲོལ་ལྷན་ནེ་མཐོང་། །ལྷ་སྐུ་ལ་སེམས་ཟིན་ཉི་ཕྱེད་ཙམ། །རྟོག་མེད་ཀྱི་ངང་དུ་ལྷན་ནེ་བ། །ཞེས་དང་། དགུང་ལོ་བཅུ་བཞི་པར་གསང་སྔགས་ཀྱི་ཕྱག་ལན་མཐའ་དག་ལེགས་པར་སྦྱངས་ཤིང་། ཐུགས་དམ་དཀའ་སྤྱད་མཛད་ཚུལ་ཡང་། དེ་ཉིད་ལས། བཅུ་བཞི་ཡི་ཐོག་ཏུ་ལོན་ཙམ་ན། །བཀའ་བརྒྱད་དང་མ་གཤིིན་རྟ་མགྲིན་སོགས། །སྒྲུབ་ཁྲིགས་ཀྱི་ལག་ལེན་མང་དུ་བསླབས། །སྒྲུབ་ཐབས་ཀྱི་རྒྱལ་པོ་བླ་མའི་ལམ། །གསང་འདུས་སོགས་སྔགས་ཀྱི་གྲངས་ལ་སྐྱོན། །བདུད་གཅོད་ཀྱི་རོ་སྙོམས་ལོ་འགའ་བྱས། །བྱེ་མ་དང་ཆུ་རྡོལ་མེ་ཏོག་སོགས། །དཀའ་སྤྱོད་དང་བཅུད་ལེན་ལོ་བདུན་ཙམ། །ཞེས་དང་། བཅོ་ལྔ་ཡི་ལོ་ལ་མི་དབང་གི། །སྐུ་རིམ་དང་སྒྲུབ་མཆོད་གཙོ་བོར་བྱས། །སྨན་རཀ་དང་བདུད་རྩི་མཚོ་བཞིན་ཁོལ། །གཏོར་བཟློག་གི་དུས་སུ་ས་སྟེང་དུ། །ཁྲུ་རེ་ཙམ་མ་རེག་བར་སྣང་ལ། །ཁྲོ་རྒྱལ་དཔུང་ཚོགས་དང་བཅས་པ། །བདུད་དམག་གི་ཕྱོགས་སུ་གཏོར་རྒྱོགས་འཕངས། །ཉིན་མཚན་དུ་ཐུབ་པའི་བསྟན་པ་བསམ། །ཤ་ཁྲག་གི་ཡོ་ལང་རིང་དུ་སྤངས། །རང་འཁོར་ལ་ཡིག་དྲུག་ཉམས་ལེན་བསླབས། །བསྙུང་གནས་དང་གསོ་སྦྱོང་མང་དུ་བྱས། །རིགས་དྲུག་གི་འདྲེན་པ་སྤྱན་རས་གཟིགས། །ཞལ་མཐོང་གི་སྣང་བ་ཐེངས་བདུན་ཐོབ། །ཐེམ་སྤང་གི་དམ་བཅའ་ལོ་གསུམ་དང་། །ངག་བཅད་ཀྱི་དམ་བཅའ་ལོ་གསུམ་བྱས། །མཉམ་མེད་ཀྱི་མཁས་གྲུབ་དུ་མ་ལ། །ཕྱག་འཚལ་དང་ཆོས་ཞུས་ཉམས་སུ་བླངས། །ལོ་གཅིག་ཏུ་བླ་མ་གསང་འདུས་ཀྱི། །གདམས་ངག་ལ་གཅིག་ཞུས་གཅིག་སྒོམ་བྱས། །ཞེས་སོགས་མང་དུ་གསུངས་པའི་དོན་གཙོ་ཆེ་བ་རེ་རེ་ཙམ་བསྡུས་ཏེ་བྲིས་པ་ཡིན་ལ། གཞན་ཡང་དམ་པ་མང་དུ་བསྟེན་ནས་ཆོས་གསན་ཚུལ་ཡང་། ཚིགས་བཅད་དེའི་འཕྲོས་ལས་མང་བར་ཡོད་ཅིང་། འདུས་པ་མདོའི་དབང་གསན་ཚུལ་ཡང་། དེ་ཉིད་ལས། མདོ་རྒྱུད་ཀྱི་ལུང་ལས་བཤད་སྦྱར་དང་། །དཀྱིལ་འཁོར་གྱི་ཆོ་ག་དབང་དང་བཅས། །ཐེག་དགུ་ཡི་རྒྱལ་པོ་མདོ་དབང་དང་། །འཕྲིན་ལས་ཀྱི་རྒྱུད་རྒྱལ་ཕུར་པ་ཉན། །བློ་སེམས་ཀྱང་བདེ་བའི་ཚད་དུ་བྱུང་། །ཕ་ཇོ་ཡང་སངས་རྒྱས་རྡོ་རྗེ་འཆང་། །ཁྲག་འཐུང་གི་རྒྱལ་པོ་ཁོ་ཐག་ཆོད། །ཅེས་དང་། ཁྱད་པར་ཅན་སྒྲུབ་པ་བཀའ་བརྒྱད་ཀྱི། །ཐེམ་ཡིག་ལ་ཡང་ཡང་ནན་ཆགས་བྱས། །བཅུ་དྲུག་གི་ལོ་ལ་དགྲ་བཅོམ་པ། །མཁས་བཙུན་གྱི་རྒྱལ་པོ་ཆོས་བསྟན་བཟང་། མཚུངས་བྲལ་གྱི་བླ་མ་ཡིིན་ནོ་ཟེར། དེ་ཉིད་ཀྱི་དྲུང་དུ་འཇོལ་གྱིན་ཕྱིན། །ཆོས་གྲྭ་ཡི་རྒྱལ་པོ་བྲག་དཀར་གྱི། །བར་གླིང་དུ་མཇལ་བས་དྲན་མེད་བརྒྱལ། །ཞེས་སོགས་བླ་མ་བསྟེན་ཚུལ་དང་། གཞན་ཡང་སྔོན་དུ་ཤྭ་བུད་བཟློག་པ་ནས་གྲུབ་རྟགས་དུ་མ་བསྟན་མོད། དགུང་ལོ་བཅུ་དྲུག་པ་འདིའི་ཐོག་ཏུ་གྲུབ་རྟགས་ཁྱད་པར་ཅན་བཞག་པའི་ཚུལ་ཡང་དེ་ཉིད་ལས། བྲག་དམར་གྱི་མཚོ་ལ་རོ་སྙམས་བྱས། །སྨུན་ནགས་ཀྱི་ཆུ་ལ་རྔོག་པས་བརྗིས། །ལྷ་ལུང་གི་བྲག་ལ་བྱ་ལྟར་ལྡིང་། །བ་གམ་ཅན་བྲག་ལ་བྱི་ལྟར་འཛུལ། །མགོ་བོ་ཅན་བྲག་གི་ལོགས་ལ་རྒྱུགས། །གྲོགས་ཤེར་སེང་དང་ཤེར་དཔལ་རྒྱལ་བཟང་གསུམ། །བྱང་རྒྱལ་དང་བླ་མ་རིན་སེང་པ། །སྐྱེས་ཕོ་མོ་འགའ་གྲུབ་ཐོབ་གྲུབ་ཐོབ་ཟེར། །དེར་གྲུབ་ཐོབ་ཀྱི་གོ་བ་ང་མི་ལེན། །ཆོས་ཉམས་བླངས་ཀྱི་ཉམས་སྣང་ཐོས་ཙམ་ཡིན། །དོན་འཕོ་འགྱུར་བྲལ་བ་མ་རྟོགས་ན། །ལུས་སྒྱུ་བའི་ཆོ་འཕྲུལ་བྱ་བྱིས་སྟོན། །ཞེས་གསུངས་པས། དེང་སང་རང་གཞན་གྱི་བཤེས་གཉེན་འགའ་ཞིག་མངའ་རིས་པཎ་ཆེན་མཁས་བཙུན་ཙམ་ཡིན་ཟེར་ཡང་། མཚོའི་སྟེང་དུ་འབྱོན་པ་དང་། བྲག་ལ་བྱ་ལྟར་འཕུར་བ་དང་། རི་བྲག་ལ་ཐོགས་པ་མེད་པ་བྱི་ལྟར་འཛུལ་བ། གཡང་སར་རྒྱུག་པ་སོགས་གྲུབ་རྟགས་ཀྱི་ངོ་མཚར་འདི་ལས་ཆེ་བ་རང་གྲུབ་པར་ཁས་ལེན་པ་རྣམས་ལ་ཡང་མེད་འདྲ་སྙམས། གཞན་ཡང་ཁྱད་པར་ཅན་གྱི་དམ་བཅས་མང་དུ་མཛད་དེ། དེ་ཉིད་ལས། བཅུ་བདུན་གྱི་ལོ་ལ་ཞེ་དམ་བྱས། །དགེ་འདུན་ལ་མཐོང་ཕྱག་འཚལ་བ་དང་། །ཕ་ཡུལ་དུ་ཞག་བདུན་མི་མང་བར། །དབེན་གནས་དང་རི་ཁྲོད་འགྲིམས་པ་དང་། །རྒྱལ་ས་ཡི་སྒོ་ལ་ལན་གསུམ་དུ། །འགྲིམ་འགྲུལ་གྱི་བྱ་བ་སྤང་བ་དང་། །ཚོང་ཁེ་དང་གྲལ་འགོ་མི་འཛིན་ཞིང་། རོ་ཆོག་དང་དབུ་གཙོ་མི་བྱེད་པར། །བསོད་སྙོམས་ཀྱི་ཟས་ལ་བརྟེན་བྱས་ནས། །སྒྲུབ་པ་དང་ཐོས་བསམ་དམ་བཅའ་བྱས། །ཡུལ་ཕྱོགས་ཀྱི་རི་བྲག་ཆུ་ཀླུང་དང་། །དུར་ཁྲོད་དང་ཁང་སྟོང་བྱ་སྐྱིབས་སུ། །བཀའ་གདམས་ཀྱི་གདམས་པ་ལྷུ་རུ་བླངས། །སྤྱོད་ཡུལ་གྱི་མན་ངག་སྙིང་ལ་བཞག །སྒོ་གཅིག་པའི་བརྟུལ་ཞུགས་ཚུལ་བཞིན་བཟུང་། །རྫོགས་ཆེན་གྱི་ཉམས་ལེན་ཕུ་ཐག་བཅད། །ཅེས་གསུངས། གཞན་ཡང་། བཅོ་བརྒྱད་ཀྱི་ལོ་ལ་དགྲ་བཅོམ་པ། །མཁས་བཙུན་གྱི་རྒྱལ་པོ་ཆོས་བསྟན་བཟང་། །རྣམ་རྒྱལ་དང་སེང་གེ་བྲག་སོགས་སུ། །ཡང་ཡང་དུ་བསྙེན་ནས་དམ་ཆོས་ཞུས། །འདུལ་བ་དང་མདོ་སྡེའི་གདམས་པ་འགའ། །སྙིང་གཏམ་དུ་བཀའ་གདམས་ལག་ལེན་བསླབས། །ནཱ་རོ་པའི་གདམས་པ་མཁའ་སྤྱོད་མ། །སྙན་རྒྱུད་དང་ཞལ་གདམས་ཚང་བར་ཞུས། །བསྐྱེད་རྫོགས་ཀྱི་སྙིང་པོ་དམར་ཁྲིད་བསྐྱངས། །ཞེས་དང་། སྐྱིད་གྲོང་གི་འཕགས་པ་ཝ་ཏི་མཇལ། །ཇོ་བོ་ཡི་གསུང་བྱོན་ཟེར་བ་ཡི། །གྲགས་པ་ཡིས་ཕྱོགས་དེར་ཁྱབ་ན་ཡང་། །ལམ་རྟགས་ལ་ཞེན་པ་རྨི་ལམ་ལྟར། །ཞེས་གསུངས། དེའི་དུས་སུ་སྔོན་རྒྱ་བོད་ཀྱི་མཁས་གྲུབ་དུ་མར་འཁྲུངས་ཚུལ་རྣམས་ཐུགས་ལ་ཤིན་ཏུ་གསལ་བར་བྱུང་ཡང་། འདིར་ཡུལ་ཕྱོགས་རྗེས་སུ་དྲན་ཚུལ་ཙམ་ཞིག་གསུངས་ཏེ། ཡུལ་རྒྱ་གར་བལ་པོ་སྤུ་རང་དང་། །ཁ་ཆེ་དང་དོལ་པོ་དབུས་གཙང་དང་། །ཁྱད་པར་དུ་ལ་སྟོད་ཤྲཱི་དང་། །ཡ་མཚན་ཅན་ཆུ་དབང་ཡིད་ལ་ཤར། །དེ་བཞིན་དུ་དཔལ་ལྡན་ས་སྐྱ་དང་། །བོ་དོང་དང་ཤབ་སྟོད་ཤབ་རྨད་དང་། །སྣར་ཐང་དང་ལྷོ་བྲག་ཟབ་ལུང་དང་། །ཡར་ཀླུངས་དང་བསམ་ཡས་འཕན་ཡུལ་དང་། །འཆད་ཀ་དང་གསང་ཕུད་མཁའ་རེག་དང་། །རྒྱ་མ་དང་ཡོལ་ཕུ་གྲྭ་དོལ་དང་། །རྡོག་གཞུང་གི་སྣང་བ་ལམ་ལམ་ཤར། །ཕ་མ་དང་སྤུན་ཟླ་བྱ་བྱེད་དང་། །དམ་ཆོས་དང་ཡི་དམ་ལྷམ་མེ་དྲན། །ཞེས་གསུངས་པ་ཡང་ངོ་མཚར་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པར་རྟོགས་སོ། །གཞན་ཡང་འཕྲོས་ལས། བཅུ་དགུ་ཡི་ལོ་ལ་ཕ་ཡུལ་གྱི། །འགྲོ་བ་ལ་ཡིག་དྲུག་ཆོས་འཁོར་བསྐོར། །མེ་ཏོག་གི་ཆར་པ་བཅུ་གསུམ་བབས། །འཇའ་འོད་ཀྱི་གུར་ཁར་རྒྱུན་དུ་བྱུང་། །ཞེས་དང་། ཉི་ཤུའི་ལོ་ལ་བྱམས་ཆོས་སྡེ་ལྔ་དང་། །ཕར་ཕྱིན་ཚད་མ་དབུ་མ་རྩ་ཤེར་དང་། །བཞི་བརྒྱ་པ་དང་བསླབས་བཏུས་སྤྱོད་འཇུག་དང་། །དངོས་བརྒྱ་དོན་བདུན་ཅུ་སོགས་ཕལ་ཆེར་གྱི། །གཞུང་རྣམས་ཁོང་བཅུག་འགའ་ཞིག་དགྲ་བཅོམ་པ། །ཆོས་བསྟན་བཟང་པོ་སློབ་དཔོན་ནམ་མཁའ་ལ། །ལེགས་པར་ཉན་ཅིང་གཞུང་ལུགས་བརྒྱ་ཕྲག་གཅིག །བལྟས་ཤིང་ཁོང་དུ་ཆུད་པར་བྱས་ནས་ཀྱང་། །ཞེས་གསུངས་པ། འདི་གཅིག་པུ་ཡང་མཛད་པ་འགངས་ཆེ་བར་སེམས་སོ། །གཞན་ཡང་དེ་ཉིད་ལས། ཉི་ཤུ་གཅིག་ནས་འཇམ་དབྱངས་ཆོས་སྐྱོང་དང་། །མཁས་པའི་དབང་པོ་སྡོམ་བརྩོན་ཚུལ་ཁྲིམས་དཔལ། །དྲི་མེད་དམ་པ་རིན་ཆེན་སེང་གེ་སོགས། །མཁས་གྲུབ་ཀུན་ལ་དཀོན་པའི་སེམས་ཀྱིས་བསྟེན། །ཞེས་དང་། འཇམ་དབྱངས་ཆོས་ཀྱི་རྒྱལ་པོའི་ཞབས་བསྟེན་ནས། །གཤིན་རྗེ་གཤེད་དམར་སྤྲོས་མེད་ལ་སོགས་པའི། །དབང་དང་གདམས་པ་རྒྱུད་དང་སྒྲུབ་ཐབས་འགའ། །བརྩེ་བའི་ཐུགས་རྗེས་ཐོས་ཤིང་པོ་ཏ་ལར། །དགུ་ཟླས་གཉིས་སུ་སྒྲུབ་པས་ཞག་བདུན་ན། །འཇམ་དབྱངས་དཔའོ་གཤིན་རྗེ་གཤེད་དམར་དེ། །གསལ་བར་མཐོང་བ་མི་ཆོས་བླ་མ་མེད། །ཁ་དོག་དམར་པོ་མཐོང་ཙམ་ཉིད་ན་ཡང་། །གུ་རུ་དྲག་པོ་རྟ་མགྲིན་མཁའ་སྤྱོད་མ། །གཤིན་རྗེ་གཤེད་དམར་ཉིད་དུ་ལྷམ་མེ་བ། །ཞེས་དང་། ཉི་ཤུ་གཉིས་ཀྱི་ལོ་ལ་ཕ་ཇོ་ཡི། །གདམས་པ་ཀུན་གྱི་ཞུན་ཐར་ལེགས་པར་དཔྱད། །བཀའ་བརྒྱད་བསྒྲུབ་དུས་དགུན་དུས་བདུད་རྩི་ཁོལ། །མེ་མར་ཆུང་ངུས་ཞག་གསུམ་བར་དུ་ཐུབ། །འཁྱགས་པའི་དངོས་པོ་ཞུ་ཞིང་རླངས་པ་ཐོན། །རྔ་དང་རོལ་མོ་ཀུན་ལ་མེ་འོད་འབར། །ཞེས་པ་དང་། དེའི་ཚེ་ཡབ་རྗེ་དམ་པ་ཉིད་ལ་གཟིགས་སྣང་དང་མཐུན་པར་ལུང་བསྟན་ཚུལ་ཡང་དེ་ཉིད་ལས། དེའི་ཚེ་ཕ་ཇོ་རྡོ་རྗེ་འཆང་ཆེན་དེས། །འདུས་པའི་དབུས་སུ་བཀའ་སྩལ་འདི་སྐད་གསུངས། །བུ་ཁྱོད་ཚེ་ལ་བར་ཆད་མ་བྱུང་ན། །འཇིག་རྟེན་འདི་ནི་ཆོས་ཀྱི་འཁོར་ལོ་སྒྱུར། །མདང་གསུམ་དཀྱིལ་འཁོར་མཐའ་ལ་ཀུན་བསྐོར་ནས། །བླ་མ་ཟུར་ཆེན་རྡོག་སྟོན་ཆེན་པོ་དང་། །རྗེ་བཙུན་གྲགས་པ་འཕགས་པ་རིན་པོ་ཆེ། །ནམ་མཁའི་སྙིང་པོ་བསོད་ནམས་བླ་མ་དང་། །འགྲོ་མགོན་མྱང་དང་རས་ཆུང་རྡོར་གྲགས་དང་། །རྒྱལ་སྲས་དབང་ཆེན་གློ་བོ་ཡབ་སྲས་དང་། །ཆག་ལོ་ཆོས་དཔལ་ཁྲོ་ཕུ་ལོ་ཙཱ་དང་། །ནག་ཚོ་ལོ་ཙཱ་ཀུན་མཁྱེན་མུས་སྲད་པ། །མཁས་གྲུབ་བསོད་བཟང་གྲུབ་ཆེན་དམར་ཞབས་དང་། །དམ་པ་སངས་རྒྱས་བཻ་རོ་བི་མ་ལ། །ཨོ་རྒྱན་ཡབ་ཡུམ་རྒྱལ་པོ་ཁྲི་སྲོང་དང་། །མ་ཅིག་ལབ་སྒྲོན་ཞང་ལོ་རས་ཆེན་པ། །ཁམས་པ་སྒ་ལོ་རྒྱ་གར་པཎ་ཆེན་ལ། །གཅིག་ལ་གཅིག་བལྟ་འཛུམ་ཞིང་བཞད་པ་ལ། །ཀུན་ཀྱང་ང་ནི་པདྨ་དབང་རྒྱལ་ཡིན། །སྨྲ་ཞིང་ཐམས་ཅད་ཁྱོད་ལ་ཐིམ་ནས་སོང་། །སྙན་བརྒྱུད་ཐོབ་པ་ཁྱོད་ལ་དམ་ཆོས་ཀུན། །རང་བྱན་ཚུད་བར་འདུག་གོ་ཨ་བོ་ཡེ། །ཁ་ལ་ཉོན་ཅིག་བཤད་སྒྲུབ་བརྒྱུད་པ་བཟུང་། །ཁྱེད་ཀྱི་མི་བརྒྱུད་སུམ་ཅུ་རྩ་བཞིའམ། །སློབ་བརྒྱུད་སུམ་ཅུ་རྩ་གཉིས་ཚུལ་བཟུང་ནས། །ཕྱོགས་མཐར་བསྟན་པའི་རྒྱུན་ལམ་ཡོང་བས་ན། །སྨན་གཏོར་རཀྟ་རྡུལ་མཚོན་ཚགས་གྱིས་ལ། །སངས་རྒྱས་བསྟན་པ་འཛིན་སྐྱོང་དབང་བསྐུར་རོ། །དེ་སྐད་ཅེས་སོགས་ལོ་རྒྱུས་མང་པོ་གསུངས། །ཞེས་པའི་རྣམ་ཐར་འདི་ཁོ་ན་ཡང་བློའི་རྭ་བ་ལས་འདས་པའི་ངོ་མཚར་གྱི་གནས་སོ། །འདི་མན་ཆད་མདོར་བསྡུས་པའི་ཕྱིར་རྣམ་ཐར་ཚིགས་བཅད་ཀྱི་དོན་ལྷུག་པར་བཤད་པ་ནི། དགུང་ལོ་ཉེར་གསུམ་པ་ལ་འཇམ་དབྱངས་གློ་ལོ་ཙཱ་བར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཚོགས་བཤད་དང་སློབ་བཤད་གཉིས་གསན་ཚུལ་དང་། དེའི་ཚེ་ཡང་བླ་མ་ཉིད་དགྱེས་མཛད་རྡོ་རྗེ་དངོས་སུ་གཟིགས། དགུང་ལོ་ཉེར་བཞི་པ་ལ་ཡང་ལམ་འབྲས་ཚར་གཅིག་གསན་པ། ཉེར་ལྔ་པ་ལ་བསམ་གྲུབ་གླིང་དུ་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་མཁན་པོ། འཁོར་ལོ་སྡོམ་པ་དཀོན་མཆོག་ཆོས་སྐྱབས་ཀྱི་སློབ་དཔོན་རབ་འབྱམས་ཀུན་དགའི་མཚན་ཅན་གྱིས་གསང་སྟོན། རབ་འབྱམས་རྒྱལ་མཚན་སྐྱབས་ཀྱིས་གྲིབ་ཚོད་པ། རབ་འབྱམས་བསོད་ནམས་དཔལ་བས་གྲོགས་དན། མཁན་ཆེན་ཀུན་བསོད་པ། འཇམ་དབྱངས་བློ་གྲོས་དཔལ་མགོན། མཁས་དབང་ཚུལ་ཁྲིམས་བཟང་པོ་སོགས་དད་པའི་དགེ་སློང་ཉི་ཤུ་རྩ་ལྔའི་དབུས་སུ། བུ་སྟོན་རིན་པོ་ཆེའི་ལས་ཆོག་གཞིར་བཞག་ལ། ནམ་བསོད་པ་དང་འཕགས་པ་རིན་པོ་ཆེའི་ལས་ཆོག་སོགས་ལས་བཤད་སྦྱར་དང་བཅས་ཏེ་ཉི་བྱེད་ལ་དགེ་བསྙེན། ཕྱི་མ་རེད་དགེ་ཚུལ། དེའི་ཕྱི་མ་དགེ་སློང་གི་དངོས་པོར་གྱུར་ཏེ་ཚུལ་གསུམ་ཡོངས་སུ་རྫོགས་པའི་ཚུལ་ཁྲིམས་རྣམ་པར་དག་པས་ཐུགས་རྒྱུད་ཡོངས་སུ་གཏམས་པའི་མཚན་དགེ་སློང་པདྨ་དབང་རྒྱལ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་བསྟན་པའི་རྒྱལ་མཚན་དུ་གསོལ་ལོ། །དེ་ནས་མཁན་སློབ་དེ་རྣམས་ལས་ཆོས་ཀྱང་མང་དུ་གསན། ཉེར་དྲུག་པ་ལ་ཤེལ་གྱི་རི་བོ་འབྲུག་སྒྲ་སོགས་ཀྱི་དབེན་པ་བརྟེན་ཅིང་། ཆོས་གོས་གསུམ་དང་གླེགས་བམ། མཁར་གསིལ། ལྷུང་བཟེད་ལས་གཞན་པའི་ཡོ་བྱད་སྤངས་ཤིང་སྒོ་གཅིག་པའི་བརྟུལ་ཞུགས་བཟུང་སྟེ་མངའ་རིས་ཀྱི་གནས་རྟེན་རྣམས་མཇལ་ཞིང་དག་སྣང་དང་ལུང་བསྟན་འགའ་ཡང་ཐོབ་ཅིང་། དད་ལྡན་རྣམས་ལ་དམ་པའི་ཆོས་ཀྱང་ཅི་རིགས་སུ་སྩལ། སླར་ཡང་གློ་བོར་ཕེབས་ཏེ། ཡབ་རྗེ་དམ་པ་ཉིད་ལས་རྒྱུད་ལུང་མན་ངག་རྒྱ་ཆེར་གསན་ཞིང་། གློ་བོ་མཁན་ཆེན་ལ་དགྲ་གདོང་འཇིགས་བྱེད། གཤེད་དམར། གསང་འདུས་སོགས་མང་དུ་གསན། ཉེར་བདུན་པ་ལ་མཁས་བཙུན་ནམ་མཁའི་མཚན་ཅན་དང་པདྨ་འབུམ་སོགས་ལ་ཆོས་གསན་ཅིང་། པོ་ཏ་ལར་ཟླ་བ་དྲུག་ཏུ་སྐུ་མཚམས་མཛད་ཅིང་ཉམས་ཁྲིད་བསྐྱངས། གློ་བོ་མཁན་ཆེན་དང་། གུ་གེ་པཎ་ཆེན་རྣམ་རྒྱལ་དཔལ་བཟང་དང་། འཇམ་དབྱངས་བློ་གྲོས་དཔལ་མགོན་རྣམས་ལ་སྒྲ་ཚད་བརྟག་གཉིས་ཀྱི་བཤད་པ་དབང་གདམས་ངག་སོགས་མང་དུ་གསན། སྤུ་རོང་དང་ཏེ་སེ་ཁོ་ཆར་སོགས་གནས་རྟེན་རྣམས་མཇལ། སླར་ཡང་གློ་བོར་བྱོན་ཏེ། དྲང་པོ་གཏེར་སྟོན་ཤཱཀྱ་བཟང་པོ་དང་མཇལ་ཞིང་བྱང་གཏེར་སྒྲུབ་སྐོར་གསུམ་སོགས་དབང་ཆོས་མང་དུ་གསན། སྒོ་ལེ་ཁའི་ཕུག་པར་བྱང་གཏེར་སྤྱན་རས་གཟིགས་ཀྱི་བསྙེན་པ་མཛད་པས། མགོན་པོ་གུར་གྱི་སྐུའི་རྣམ་འགྱུར་མི་འདྲ་བ་གསུམ་གཟིགས། ཉེར་བརྒྱད་བཞེས་དུས་གློ་བོ་མཁན་ཆེན་ལས་ཆོས་མང་དུ་གསན་ཅིང་། དགུང་ལོ་ཉེར་དགུ་པ་འཇམ་དབྱངས་ཀུན་བསམ་པའི་དྲུང་དུ་བདེ་མཆོག་སྐོར་སོགས་མང་དུ་གསན། འདི་ལོ་དམ་པ་མང་པོར་ཆོས་ཀྱི་བཀའ་དྲིན་མང་དུ་གསན། གནས་སྐོར་དང་བདེ་ཀྱེ་གསང་གསུམ། མ་གཤིན་ཕུར་པ། ཡང་དག་རྣམས་ལ་བསྙེན་སྒྲུབ་དུ་མ་མཛད། དགུང་ལོ་སུམ་ཅུ་པར་འཇམ་དབྱངས་བློ་གྲོས་དཔལ་མགོན་ལ་རྡོ་རྗེ་གུར་སོགས་ཆོས་མང་དུ་གསན། དགུང་ལོ་སོ་གཅིག་པར་གློ་བོ་མཁན་ཆེན་ལས་གསན་བསམ་མང་དུ་མཛད། སོ་གཉིས་པར་གློ་བོ་མཁན་ཆེན་གྱི་ཞབས་འབྲིང་དུ་སྤུ་རོང་སོགས་ལ་བྱོན། དེ་ནས་མཁན་ཆེན་པའི་གསུང་བཞིན་སླར་ཡང་སྐྱིད་གྲོང་དུ་བྱོན་ནས་ཇོ་བོ་མཇལ་ཞིང་། གྲུབ་ཆེན་དཀར་པོ་ཞེས་ལོ་བརྒྱ་དང་སོ་དྲུག་ལོན་པའི་དྲུང་དུ་གསང་འདུས་ཡེ་ཤེས་ཞབས་ལུགས། བཀའ་བརྒྱད་སོགས་གསར་རྙིང་མང་དུ་གསན། སླར་ཡང་གློ་བོ་མཁན་ཆེན་ལ་ལམ་འབྲས་ཀྱི་ཞོར་ཆོས་གསན། སྔགས་འཆང་ཤཱཀྱ་བཟང་པོར་རྟ་མགྲིན་ཉང་ལུགས་སྐོར་གསན། ཕྱིར་འཁོར་ནས་གློ་བོའི་རྨ་བྱ་ཤུག་རུང་གི་ཕུག་པར་བདེ་མཆོག་ལྷན་སྐྱེས་དང་མགོན་པོ་ཞལ་གྱི་བསྙེན་པ་མཛད་པས། ཞལ་བྲམ་གཟུགས་དངོས་སུ་བྱོན་ནས་གཏོར་མ་གསོལ་ཞིང་སྒྲུབ་ཐབས་ཀྱི་གནད་གསུངས། ཐག་གཅོད་གླིང་ཞེས་བྱ་བར་ཤིང་སྡོང་གོག་པོའི་ནང་དུ་ཐུགས་རྗེ་ཆེན་པོའི་སྒྲུབ་པ་མཛད་པས། ཡང་སྙིང་འདུས་པར་སངས་རྒྱས་སྟོང་གིས་སྐོར་བ་ཞལ་གཟིགས། དགུང་ལོ་སོ་གསུམ་པར་སླར་ཡང་ལམ་འབྲས་གཞུང་བཤད་དང་བཅས་པ། བདེ་མཆོག་ལོ་ནག་དྲིལ་གསུམ། དུས་འཁོར་འགྲེལ་ཆེན་སོགས་མང་དུ་གསན། སོ་བཞི་པར་ཀུ་ཐང་ཕྱོགས་སུ་བྱོན། སླར་ཡང་སྐྱིད་གྲོང་གི་འཕགས་པ་མཇལ། སྔགས་འཆང་ཤཱཀྱ་བཟང་པོར་ཉང་གི་གཏེར་སྐོར་མང་དུ་གསན། སོ་ལྔ་པར་ཀུ་ཐང་རྩུམ་གྱི་རྩིག་པ་རྐང་ཐིལ་ཕུག་ཏུ་རབ་འབྱམས་ཆོས་རྗེ་ལས་ཆོས་མང་དུ་གསན་ཞིང་གཞན་ཡང་དམ་པ་དུ་མར་ཟབ་ཆོས་ནོས། གསང་བདག་གཉིས་པ་རྗེ་སངས་རྒྱས་སྐྱབས་ལ་ཕྱག་རྡོར་ཆེ་བ་བརྒྱད་བསྐོར་གསན་ཕྱིར་གངས་ལ་སོགས་ལ་དཀའ་བ་མང་དུ་སྤྱད་དེ་བྱོན་ནས་ཕྱག་རྡོར་སྐོར་གསན་དུས་རེ་རེར་ཡང་ངོ་མཚར་གྱི་ལྟས་མང་དུ་བྱུང་ཞིང་། ཁྱད་པར་ཨུ་ཙ་ཡ་དྲག་སྔགས་ཀྱི་ཆེ་བའི་དབང་གི་དུས། བླ་མ་གསང་བདག་ཏུ་གྱུར་པའི་ཞལ་ནས་ཧ་ཧ་དང་ཧི་ཧི་ཧཱུྃ་ཧཱུྃ་གསུང་ཞིང་། ཕྱག་གི་རྡོ་རྗེ་ལས་མེ་དཔུང་ཐུལ་ཐུལ་ཆད་ཅིང་ནམ་མཁའ་ལ་ཁྱུང་གི་དམག་དཔུང་འཁྲིགས་པ་སོགས་བྱུང་ཞིང་། ཆོས་བསྒུགས་མང་དུ་དགོས་པ་བྱུང་ཡང་ཚང་བར་གསན་ཅིང་། བླ་མ་ཀྱང་། མངའ་གསོལ་དུ་མ་མཛད་དེ་ཕྱིར་བྱོན་ནས། གང་ཕེབས་སུ་ཆོས་ཀྱི་འཕྲིན་ལས་རྒྱ་ཆེར་བསྐྱངས། རབ་འབྱམས་དཀོན་ཅོག་བསམ་འགྲུབ་པའི་དྲུང་དུ་རས་ཆུང་སྙན་རྒྱུད་ཀྱི་དབང་ཁྲིད་གདམས་པ་རྫོགས་པར་གསན་ཅིང་། གཞན་ཡང་ཕྱག་ཆེན། སྦྱོང་དྲུག །ཨོ་རྒྱན་བསྙེན་སྒྲུབ། ཡང་དགོན་པའི་རི་ཆོས་སོགས་མང་དུ་གསན། དགུང་ལོ་སོ་ལྔ་པ་སླར་ཡང་སྐྱིད་གྲོང་ཕྱོགས་སུ་བྱོན་ནས་སྔགས་འཆང་ཤཱཀྱ་བཟང་པོར་ཉང་གི་བླ་མ་ཞི་དྲག །ཁྲོས་ནག་སོགས་ཆོས་ལྷག་མ་རྣམས་རྫོགས་པར་གསན་ཏེ་བལ་བོར་བྱོན་སོ་དྲུག་བལ་ཡུལ་ཤིང་ཀུན། བྱ་རུང་ཁ་ཤོར། ཕམ་མཐིང་། ཡམ་བུ་སོགས་མཇལ་ཞིང་། ཡམ་བུ་རྒྱ་གར་གྱི་གྲུབ་ཆེན་ཤ་བ་རི་པ་དང་མཇལ། བལ་ཡུལ་ཡང་ལེ་ཤོད་དུ་ཞག་བདུན་བཞུགས། ཨོ་རྒྱན་ཆེན་པོ་ལ་སྒྲུབ་སྡེ་བརྒྱད་ཀྱི་ལྷས་བསྐོར་བའི་ཞལ་གཟིགས། བལ་པོའི་བླ་མ་ཛྙཱ་ན་ཤྲཱི་ཡབ་སྲས་ལས་མི་གཡོ། གྲྭ་ལྔ། སྒྲོལ་མ། ཡོ་ག །དགྱེས་རྡོར། ཕག་མོའི་སྐོར་སོགས་གསན། རིམ་བཞིན་བླ་མ་དང་གནས་རྟེན་མཇལ་ཞིང་ཉན་བཤད་ཀྱིས་དུས་འདའ་བ་ནས་གློ་བོར་བྱོན་ཏེ་ངོར་ཆེན་ལྷ་མཆོག་བཟང་པོར་ཡང་ལམ་འབྲས་ཚར་གཅིག་དང་ཟབ་ཆོས་མང་དུ་གསན། དགུང་ལོ་སོ་བདུན་པ་ལ་གློ་བོ་སྨད་དགེ་ལུང་དུ་ཐུགས་དམ་མཛད། སློབ་དཔོན་ཨ་བྷྱ་ཀ་རའི་སྐྱེ་བར་མཁའ་འགྲོས་ལུང་བསྟན་ཏེ། ལོ་ཆེན་དཀོན་ཅོག་ཆོས་སྐྱབས་ལས་རྡོ་རྗེ་འཕྲེང་བའི་དབང་རྫོགས་པར་གསན་དུས་ཐོག་མར་བླ་མ་དེས་དབང་མི་གནང་བའི་རྩིས་མཛད་པའི་ཚེ་མཚན་ལམ་དུ་བདེ་མཆོག་སྐུ་གསུང་ཐུགས་དཀྱིལ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་གྱི་གཙོ་བོ་པཎ་ཆེན་པདྨ་དབང་རྒྱལ་ཀྱིས་མཛད་དེ། དེ་ཡང་ཞལ་བཞི་ཕྱག་བཅུ་གཉིས་པའི་རྣམ་པར་གྱུར་པ་ཞིག་འདུག་པར། མཁའ་འགྲོ་མའི་ཆ་བྱད་ཅིག་གིས་བསྲུངས་ནས་ནང་དུ་མ་བཏང་བའི་ལྟས་བྱུང་བས་ཐུགས་འགྱོད་ཅིང་དབང་བསྐུར་ཡོངས་རྫོགས་དང་ལམ་འབྲས་དམར་མ་སོགས་གནང་ཞིང་ཤེལ་གྱི་སུམ་མདོར་བདེ་མཆོག་བོང་ཞལ་ཅན་གྱི་ལྗགས་བསྙེན་མཛད་པས། ཐུན་གཅིག་ལ་གནམ་ས་ཐམས་ཅད་ཁྲག་འཐུང་སུམ་ཅུ་སོ་བདུན་དུ་གཟིགས། སོ་བརྒྱད་པ་ལ་གསར་རྙིང་གི་ཆོས་འཁོར་རྒྱ་ཆེར་བསྐོར། སོ་དགུ་པ་ལ་ཡང་གསན་བསམ་མང་དུ་མཛད། བཞི་བཅུ་པའི་དགུང་མོར་རྡོ་རྗེ་འཕྲེང་བའི་དཀྱིལ་འཁོར་ཐམས་ཅད་ལ་བསྙེན་པར་རྫོགས་པར་མཛད་པས། དེང་སང་གི་ཕྲེང་བ་མཁན་པོ་རྣམས་ཀྱི་ཚོད་ན་འདི་གཅིག་པུ་ཡང་ངོ་མཚར་ཆེ་བ་འདྲ། ཞེ་གཅིག་པ་ལ་ཡང་གློ་བོ་མཁན་ཆེན་པའི་ཕྱག་ཕྱིར་བྱོན་ཏེ་ཟབ་ཆོས་དུ་མ་གསན་ཅིང་། གསར་རྙིང་རིས་སུ་མ་བཅད་པའི་དབང་ཁྲིད་གདམས་པས་གདུལ་བྱ་མང་པོ་བསྐྱངས། ཡབ་རྗེ་འཇམ་དབྱངས་ཆེན་པོའི་བཀའི་བསྡུ་བ་རྣམས་མཛད། དེ་ནས་གློ་བོ་མཁན་ཆེན་པའི་བཀས་བསྐུལ་ནས་དབུས་གཙང་གི་ཕྱོགས་སུ་གསར་རྙིང་རིས་སུ་མ་ཆད་པའི་ཆོས་རྒྱུན་ཉམས་པ་རྣམས་གསོ་བའི་ཕྱིར་འབྱོན་པར་བཞེད་དེ། ཡབ་རྗེ་འཇམ་དབྱངས་རིན་ཅེན་རྒྱལ་མཚན་ལ་གནང་བ་ཞུས། དེ་བཞིན་དུ་གློ་བོའི་སྡེ་བདག་སོགས་ཀུན་ལ་ཁྲོལ་ཆ་ཞུ་བར་མཛད་དུས། ཡབ་རྗེ་དམ་པ་ཉིད་ཀྱིས་ཀྱང་ཁྱོད་འདི་ཕྱོགས་སུ་སྡད་ན་དགོས་པའི་ཁྱད་པར་འགའ་ཞིག་འདུག་མོད་ཀྱང་ཡང་ཡང་འགྲོ་སྟབས་བཅག་པས་ད་རེས་ཅི་བདེ་བར་མཛོད་ཅིག་ཅེས་བསླབ་བྱ། ཞལ་གདམས། ལུང་བསྟན་མང་པོ་གནང་། ཕྱི་ཕྱག་མཛད་དེ་དབུས་གཙང་གི་ཕྱོགས་སུ་རྒྱལ་བའི་བསྟན་པ་རིིན་པོ་ཆེ་གསོ་བའི་ཐུགས་བསྐྱེད་རྣམ་པར་དག་པ་དང་བཅས་ཏེ་བྱོན་ནོ། །འདི་ཡན་ཆད་དུ་མངའ་རིས་གློ་བོ་སྐྱིད་གྲོང་སོགས་ཀྱི་མཁས་བཙུན་རྣམས་ལ་དམ་པའི་ཆོས་གསན་བསམ་མཛད་ཅིང་། གཙོ་བོར་འཇམ་དབྱངས་ཞལ་གཉིས་ཞེས་ཡབ་རྗེ་འཇམ་དབྱངས་རིན་ཅེན་རྒྱལ་མཚན་དང་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་ཉིད་ཀྱི་ཞབས་ཕྱིར་བཅར་བཞུགས་མཛད་དེ་གསན་པས་མཛད་པ་ཡིན་ནོ། །དེ་ནས་རིམ་བཞིན་བྱོན་ཏེ་ཟང་ཟང་ལྷ་བྲག་དང་རི་བོ་བཀྲ་བཟང་དུ་བྱོན་སྨོན་ལམ་དང་གནས་གཟིགས་མཛད། བྱང་ངམ་རིང་གི་སའི་ཆ་དགོན་པ་བདེ་གྲོལ་དུ་ཐུགས་སྲས་ནམ་མཁའ་རྒྱལ་མཚན་དང་། དྲང་པོ་སྔགས་འཆང་ཤཱཀྱ་བཟང་པོ་གཉིས་བཞུགས་པ་དང་མཇལ། གཅུང་ལེགས་ལྡན་རྗེ་ཡང་དེར་ཟང་ཐལ་གསན་པའི་སྐབས་ཡིན་པས། དགུང་ལོ་ཞེ་གཉིས་པར་སྐུ་མཆེད་ལྷན་དུ་དབུས་ལ་ཕེབས་ཏེ་གཙང་པ་ཕུག་ཏུ་སྔགས་འཆང་རྒྱ་ཧོར་རྡོ་རྗེ་དང་མཇལ་ཏེ་འོད་གསལ་གསང་སྐོར་དང་སྒྱུ་འཕྲུལ་ཚེ་དབང་སོགས་གསན། རིན་སྤུངས་ནས་རོང་ཆུང་བརྒྱུད་འདི་བར་གཙང་དུ་ལོ་གཅིག་བཞུགས་ནས་ཞེ་གསུམ་པར་ཆོས་འཁོར་ལྷ་སར་ཕེབས་ཏེ། ལྷ་ས་ར་མོ་ཆེ། ཕོ་བྲང་དམར་ལྕང་སོགས་ལ་ཕྱག་སྐོར་དང་སྨོན་ལམ་མཛད་དེ་རྔོག་ཆོས་དང་ཞི་བྱེད་ཀྱི་ཆོས་ལ་ཐུགས་འདུན་གཏད་དེ་སྨོན་ལམ་མཛད་པས། རྫེ་བཙུན་མ་སྒྲོལ་མའི་ལུང་བསྟན་དང་། ཁྱད་པར་དཔལ་ལྷ་ས་བར་སྐོར་གསུམ་གྱི་རིང་དངོས་སུ་བྱོན་ཏེ་གསུང་གླེང་མང་དུ་མཛད་ཅིང་ལུང་བསྟན་པ། ཁྱེད་དྲི་མེད་ལྟ་བའི་དོན་རྟོགས་ཀྱང་། རིང་འགྲོ་དྲུག་གི་དོན་བསམ་པ། ལུས་ད་ལན་ཙམ་ལས་ལེན་མི་འཚལ། ཆོས་སྡུག་བསྔལ་གྱི་ཕུང་པོ་ཞི་བྱེད་དེ། དུས་མྱུར་དུ་ཁྱེད་ཀྱིས་ལོངས་པར་ངེས། རྗེ་ན་རོ་དང་མེ་ཏྲའི་གདམས་ངག་ལ། དུས་ད་ལྟ་རྔོག་སྟོན་གཞུང་བ་མཁས། གནད་བསྲེ་འཕོ་དེ་རེ་ཞིག་ཙམ་ནས་ལོངས། དུས་ད་ལན་གུང་ཐང་ཕྱོགས་སུ་སོང་། དོན་སྨྲ་རྒྱུ་བྲལ་བའི་བློ་ཐག་ཆོད་ཅེས་གསུངས་པ་ལྟར་གུང་ཐང་དུ་བྱོན་ནས་ཕྱག་སྐོར་མཛད། དེ་ནས་སླར་ཡང་ཞི་བྱེད་དང་རྔོག་ཆོས་ཀྱི་ཁུངས་ལུང་བསྟན་བསྐྱར་མ་བྱུང་བའི་དོན་བཞིན་སྐུ་མཆེད་གཉིས་ཀས་ཀླུར་བརྒྱད་འུ་ཤང་རྔོ་མཇལ་ཞིང་། ཀམ་པ་ལའི་རྩེ་ནས་གཞུང་ལ་ཕྱག་མཆོད་མཛད། ལུམ་པ་གྲུར་བྱོན་པས་གཞུང་མདའ་ཉ་མོ་ཀྱུར་རུ་དུད་སོལ་མས་བསུ་བའི་ཚུལ་དུ་ཞལ་བསྟན། གཞུང་སྤྲེའུ་ཞིང་དང་ཁྱད་པར་ཐར་པ་གླིང་དུ་རྔོག་རིན་པོ་ཆེ་བསོད་ནམས་བསྟན་འཛིན་ལ་རྔོག་དཀྱིལ་རྣམས་ལེགས་པར་གསན་ཞིང་ཐུགས་ཐག་ཆོད། གྲྭ་ཐང་དུ་ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ལ་གཤེད་དམར་སྐོར་སོགས་གསན། ཆོས་འཁོར་བསམ་ཡས་སུ་ཕྱག་ཕེབས་ཏེ་གནས་རྟེན་རྣམས་མཇལ་སྔོན་གྱི་བག་ཆགས་དུ་མ་སད། བར་ཁང་དུ་བཀའ་བརྒྱད་བདེ་གཤེགས་འདུས་པའི། དཀྱིལ་འཁོར་སོགས་མང་དུ་བཞེངས་ནས་སྒྲུབ་མཆོད་དང་སྨོན་ལམ་མཛད། ལྷོ་བྲག་གྷུ་རུ་བ་སོགས་ལ་དམ་ཆོས་མང་དུ་གསུངས། ཀཿཐོག་པ་ཆོས་རྗེ་བསོད་ནམས་རྒྱལ་མཚན་སོགས་བཤེས་གཉེན་མང་པོ་ཆོས་སྐྱེས་འབུལ་རེས་མཛད། དེ་ནས་འཕྲེང་ཕུ་ཨོ་རྒྱན་ཆོས་རྫོང་དུ་བྱོན་ནས། ཀོང་ཆེན་རིན་པོ་ཆེ་ནམ་མཁའ་དཔལ་ལྡན་རྒྱ་མཚོ་ལ་བླ་མ་དགོངས་འདུས་སོགས་གསན་ཅིང་ཐུགས་ཡིད་འདྲེས། ཡང་རྫོགས་དང་མཆིམས་ཕུར་བྱོན་ཐུགས་དམ་མཛད་པས་རྩ་གསུམ་མང་པོའི་ཞལ་གཟིགས། སླར་ཡང་གཙང་ཕྱོགས་སུ་ཕྱིར་ཐེགས་བཞེད་ཀྱང་གུ་རུ་ཆོས་དབང་གི་གདུང་རབས་བརྒྱད་པ་སྤྲུལ་སྐུ་ཆོས་ཀྱི་དབང་པོའི་བཀའ་བཞིན་ལྷོ་བྲག་ཏུ་དགུང་ལོ་ཞེ་བཞི་བར་བྱོན་ནས་ཞེ་ལྔའི་བར་དུ་བཞུགས་ཤིང་། ལྷོ་བྲག་མཁར་ཆུ། བསམ་གྲུབ་བདེ་བ་ཆེན་པོའི་གཙུག་ལག་ཁང་། ལྷ་བྲོ་དང་སྨྲ་བོ་ལྕོག །གྲོ་བོ་ལུང་ལ་སོགས་པར་ཕེབས། མྱང་རིན་པོ་ཆེར་ཨུ་རྒྱན་དངོས་ཀྱི་ལུང་བསྟན་ཏེ། མངའ་རིས་པཎ་ཆེན་རིན་པོ་ཆེ་ཆོས་བརྒྱུད་ཀྱི་ཉམས་པ་གསོ་བར་གསུངས་པའི་དོན་མངོན་དུ་གྱུར་ཏེ་མྱང་གི་གདུང་སྒང་ཟུར་སོགས་ལ་རང་ལུགས་ཀྱི་ཉན་བཤད་སྣ་ཚོགས་མཛད། སྤྲུལ་སྐུ་ཆོས་ཀྱི་དབང་པོར་ཡང་ཆོས་མང་དུ་གསན་ཅིང་ཕུལ། ལྷ་བཀོད། གཟུངས་གཞུགས། ཁོང་གི་སྐུ་དགྲ་ལ་ཞག་གསུམ་ནས་རྟགས་སྟོན་པ་སོགས་ཞབས་ཏོག་མང་དུ་བསྒྲུབས། ལྷོ་བྲག་ཏུ་སྡིག་ཅན་ཞིག་ལ་གནས་སྤོར་མཛད་དེ་འཇའ་འོད་ཀྱི་བར་སྣང་བཀང་བ་སོགས་སྔ་འགྱུར་ཆོས་ཀྱི་ཆེ་བ་བཏོན། ལྷོ་བྲག་ཞལ་སྟོད་དང་བཙན་གྲོ་སོགས་སུ་བཀའ་བརྒྱད་སྒྲུབ་ཆེན་མཛད་དེ་སྨན་སྒྲུབ་དང་སྐྱེ་བདུན་གྱིས་འགྲོ་དོན་མཛད། ཁྱད་པར་བཀའ་བརྒྱད་བདེ་གཤེགས་འདུས་པ་ཚར་ཉེར་ལྔ་གསན་པའི་ཕྱི་མ་ཁུངས་བཙུན་ཞིང་ཐུགས་ཐག་ཆོད་པ་དགོན་དཀར་དུ་གྲུབ་ཆེན་བདེ་གཤེགས་འདུས་པ་ནམ་མཁའི་རྣལ་འབྱོར་ལས། བདེ་འདུས། གསང་རྫོགས་དོང་སྤྲུགས་སོགས་མང་དུ་གསན་ནས་འདི་ལ་བསྔགས་བརྗོད་ཤིན་ཏུ་ཆེ་བ་རྣམ་ཐར་དང་གསན་ཡིག་ཏུ་གསལ་ཞིང་། གྲུབ་ཆེན་འདི་ཡང་རི་བྲག་ལ་ཐོགས་པ་མེད་པར་བྱ་ལྟར་ལྡིང་། མཐར་ཞིང་དུ་བྱོན་སྐབས་ངོ་མཚར་གྱི་ལྟས་དུ་མ་བསྟན་པ་ཞིག་ཡིན་པས། པཎ་ཆེན་རིན་པོ་ཆེས་མཛད་པའི་བཀའ་བརྒྱད་བདེ་གཤེགས་འདུས་པའི་འཆད་ཐབས་མུན་སེལ་ཉི་ཟླའི་འཁོར་ལོར་གསལ། ལྷོ་བྲག་ཕྱོགས་སུ་རྙིང་མ་བཀའ་གཏེར་གྱི་འཆད་ཉན་མང་དུ་མཛད་ནས་ཕྱིར་གྲི་གུ་བརྒྱུད་བསམ་ཡས་སུ་ཕེབས་ཏེ། ཞེ་དྲུག་པར་བསམ་ཡས་བར་ཁང་དུ་མཁའ་འགྲོ་སྙིང་ཐིག །གསང་འདུས་རིམ་ལྔ་སོགས་བསམ་ཡས་སུ་ཆོས་རྒྱལ་ལྷའི་གདུང་རྣམས་ལ་གསུངས། དེའི་ཚེ་གཅུང་ལེགས་ལྡན་རྗེས་ལྷོ་བྲག་སྲིན་མོ་སྦར་རྗེས་ཅན་གྱི་ཁ་བྱང་རྙེད་པ་དང་བསྟུན་ནས། བསམ་ཡས་དབུ་རྩེའི་སྟེང་ཁང་རྣམ་སྣང་གསང་སྒྲོམ་ནས་ཟབ་ཆོས་རིག་འཛིན་ཡོངས་འདུས་སོགས་གཏེར་ནས་སྤྱན་དྲངས། སྔ་ཕྱི་ཟབ་གཏེར་ལྔ་སྤྱན་དྲངས་བར་གྲགས། དེ་ནས་རེ་ཞིག་གཙང་དུ་བྱོན་ཏེ་ཡར་རེས་སྙེ་མོར་དགོངས་འདུས་སྒྲུབ་ཆེན་བཙུགས། ཕུང་པོ་རི་བོ་ཆེར་བདེ་འདུས་ཀྱི་འཆད་ཉན་མཛད། ངོར་ཨེ་ཝམ་ཆོས་ལྡན་དང་ཐུབ་བསྟན་གསེར་མདོག་ཅན་སོགས་སུ་བྱོན་ནས། དེ་རྣམས་སུ་དགེ་ཚུལ་སློང་གི་ལས་ཀྱི་ཆོ་ག་མང་དུ་མཛད། ཉང་སྟོད་ཞྭ་ལུ་སོགས་ལ་ཕེབས་ཏེ་གནས་སྐོར་དང་འགྲོ་ཕན་འཆད་ཉན་རྒྱ་ཆེར་མཛད་ནས། ཞེ་བདུན་པར་རོང་ཆེན་བརྒྱུད་དབུས་སུ་སླར་ཕེབས་ཏེ་དཔལ་ཆེན་ཆུ་བོ་རི་ནས་སྙིང་ཕུར་བྱོན། དེ་ནས་སྒྲགས་ཕུ་རི་ཟངས་མདོག་ཏུ་བྱང་གཏེར་སྒྲུབ་སྐོར་གསུམ་དང་བཀའ་བརྒྱད་རང་ཤར་ཟང་ཐལ་ཡང་ཕུར་སོགས་འཆད་ཉན་རྒྱ་ཆེར་མཛད། དེ་ནས་གཞུང་དུ་བྱོན་ནས་རྔོག་ཆོས་ཀྱི་ལྷག་མ་རྣམས་དང་བསྲེ་འཕོ་སོགས་གསན་ཅིང་། བདེ་མཆོག་དང་བིར་ཝ་བ། བདག་མེད་ལྷ་མོ་བཅོ་ལྔ། གུར་ལྕམ་དྲལ་སོགས་ཀྱི་དག་སྣང་དཔག་མེད་ཤར། དེ་ནས་ཕྱིར་བྱོན་ཏེ་ལུམ་པ་གྲུ་བ་རྒྱུད་རྡོ་རྗེ་བྲག་གི་དགོན་པ་བཏབ་མ་ཟིན་ཀྱང་དེ་སྐབས་དང་ད་ལྟ་དགོན་པ་ཡོད་པར་གྲོང་ཁྱིམ་ཞོལ་འདྲ་ཡོད་ཚོད་ནས་དེར་བཞུགས་ཤིང་སྐུ་ཚེའི་རྟེན་འབྲེལ་འགྲིག་ཚུལ། བྲག་ཕུག་པའི་རྟེན་འབྲེལ་སོགས་ལས་ཕྱོགས་དེར་གསང་སྔགས་ཀྱི་བསྟན་པ་དང་རྗེས་འཇུག་འབྱུང་བའི་བརྡ་སོགས་ཤར་ཚུལ་ཡང་། གསུང་ལས། བྲག་རྡོ་རྗེ་རུ་ནུབ་གཅིག་ངལ་གསོལ། །ལོ་སྐོར་གཅིག་ཚེ་སྲོག་འཁྱོལ་བའི་བརྡ། །ས་དེ་ཉིད་ནས་སླར་ཡང་ཤར་ལ་ཕྱིན། །བྲག་ཕུག་པའི་དབལ་ཁ་ཐུར་དུ་ཟུག །བརྡ་དེ་ཀུན་ཡང་སྣང་སྟོང་ཟུང་འཇུག་གི། །ལམ་བསྐྱེད་རྫོགས་ཀྱི་བསྟན་པ་ཟིན་པའི་བརྡ། །སླར་དེ་ནས་ཀྱང་རྗེས་འཇུག་རྣམ་པ་བརྒྱད། །མི་བདག་ཉིད་ལ་རྗེས་སུ་ཕྱིར་འབྲང་བ། །ཕྱོགས་མཚམས་བརྒྱད་ནས་བརྒྱུད་འཛིན་ཡོང་བའི་བརྡ། །ཞེས་གསུངས་པ། ཐུབ་བསྟན་རྡོ་རྗེ་བྲག་ཏུ་པཎ་ཆེན་སྐུ་མཆེད་བྱང་བ་ཡབ་སྲས་ནས་རིམ་བརྒྱུད་སྔ་འགྱུར་གྱི་བསྟན་པ་དང་ཁྱད་པར་རྗེ་བཙུན་ཉིད་ཀྱི་རྗེས་འཇུག་རྒྱུད་འཛིན་འབྱུང་བའི་ལུང་བསྟན་རྡོ་རྗེའི་གསུང་དུ་གོ། དེ་ནས་ཕལ་ཆེར་བསམ་ཡས་བུ་ཚལ་གྱི་ལྕོག་ཏུ་བཞུགས་ཤིང་ཕྱོགས་བྲལ་གདུལ་བྱའི་རེ་འདོད་བསྐོང་བ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་མཐའ་དག་གསོ་ཞིང་། སྔ་འགྱུར་བཀའ་གཏེར་དམ་པའི་ཆོས་ཀྱི་འཕྲིན་ལས་བསྐྱངས་པས་དགུང་ལོ་ཞེ་བདུན་ཡན་ཞལ་གསུངས་ཁོ་ན་ལྟར་གུང་སྒྲིགས་པ་ཡིན། འདི་མན་ཆད་ལོ་རྩིས་སོགས་ཞིབ་པར་མ་གྱུར་ཀྱང་། རིག་འཛིན་རྗེའི་རྣམ་ཐར་དང་པཎ་ཆེན་རང་གི་གསང་བའི་རྣམ་ཐར་སོགས་ལས་དཔྱད་དེ་ཅུང་འདྲི་ན། བྱམས་པ་གླིང་དུ་ལོ་ཆེན་བསོད་ནམས་རྣམ་རྒྱལ་ལ་སངས་རྒྱས་མཉམ་སྦྱོར་གསན་ཅིང་། མཁའ་འགྲོའ་སྙིང་ཐིག་གི་དབང་ཁྲིད་རྣམས་ཕུལ་ཏེ་ཐུགས་ཡིད་གཅིག་འདྲེས་སུ་གྱུར་པ་རྣམས་དང་། རྗེ་བཙུན་བསོད་ནམས་རྒྱལ་མཆོག་ལས་བྱམས་གླིང་པའི་ཆོས་སྐོར་གཞན་རྣམས་གསན་པ་སོགས་ནི་གསུང་ལས། མངའ་རིས་སྟོད་ཀྱི་མ་ཐང་པ། །པདྨ་དབང་རྒྱལ་རྡོ་རྗེ་ཡིས། །ཆོས་ཕྱིར་ལུས་སྲོག་ཐེད་ལ་བོར། །རྒྱ་གར་ཡུལ་གྱི་ས་མཚམས་ནས། །དྭགས་ཀོང་བར་གྱི་ས་རུ་ཕྱིན། །དམ་ཆོས་ཁུངས་ལྡན་ཐམས་ཅད་བཙལ། །བཀའ་དང་བསྟན་བཅོས་དུ་མ་ཉན། །ཁྱད་པར་གཡོ་རུ་གྲྭ་ནང་གི། །བྱམས་པ་གླིང་དུ་རྗེ་དང་མཇལ། །སྤྱི་བཤད་དཀྱིལ་འཁོར་ནམ་མཁའ་གང་། །ཨུ་རྒྱན་ཡབ་ཡུམ་གསང་འདུས་གཤེད་དམར་སོགས། །གང་སྣང་ལྷ་ཡི་འཁོར་ལོར་གྱུར་པ་ཀུན། །གནས་ལུགས་ལྟ་བ་ཉིད་དང་བསྡེབས་ཏེ་བྱས། །ཞེས་གསུངས། བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་ཆེན་པོ་ཡིན་ཚུལ་ཡང་། ཉིད་ཀྱི་གསུངས་ལས། ཆོས་རྫོགས་ཆེན་གྱི་རི་རྒྱལ་རྩེ་མོར་ཕྱིན། །གནད་གྲུབ་ཆེན་གྱི་བཀའ་བརྒྱད་གླིང་བཞིར་གདལ། །ལམ་འབྲས་བུ་ཡི་ཉི་ཟླ་མཁའ་ལ་འཆར། །དུས་འཁོར་ལོའི་དབྱིངས་སུ་རྩལ་སྣང་རྫོགས། །ཆོས་ཕྱག་ཆེན་གྱི་འདོད་ཡོན་རོ་བརྒྱ་མྱོང་། །ལམ་ཆོས་དྲུག་གི་ཟློས་གར་ཅི་ཡང་རྩེ། །རྫོང་དབུ་མའི་ཁང་པར་སྐྱིད་ཉལ་བྱས། །བཀའ་མདོ་སྡེའི་དཀོར་ནོར་ཅི་ཡང་བསགས། །ལུང་འདུལ་བའི་སྐྱེ་ཚལ་ཀུན་ནས་མཛེས། །གཡོག་བསྲེ་འཕོའི་བང་ཕྱིན་ཐབས་རེ་མཁས། །རྒྱུ་བློ་སྦྱོང་གི་ས་རྒྱ་མང་དུ་བཅད། །དགྲ་ཇག་གི་སྟེང་དུ་གཅོད་ཡུལ་བསྐྱངས། །བདུད་ཞི་བྱེད་ཀྱི་སྨན་པ་མཁས་པས་ཟིན། །གནས་རིགས་གསུམ་ཁ་ལོ་འཁོར་ལོ་སྡོམ། །སངས་རྒྱས་ཀྱི་ས་རུ་གསང་བ་འདུས། །རིག་འཛིན་གྱི་གྲལ་དུ་དགྱེས་རྡོར་ང་། །བདུད་བཞི་ཡི་དགྲ་ལ་ནག་ཅིང་རྔམས། །གདོང་དྲུག་གི་ང་རོ་ཕྱོགས་བརྒྱར་སྒྲོག །སྲིད་ཞི་ཡི་དགྲ་བོ་འཇིགས་པར་བྱེད། །ང་བདག་གི་རྩ་བ་གཤེད་དམར་པོ། །སྒྱུ་མ་ཡི་ཆོས་ལ་ཆེན་པོ་རོལ། །སངས་རྒྱས་ཀྱི་ས་རུ་མཉམ་སྦྱོར་བ། །དཔལ་ཆེན་མཆོག་གི་རྡོ་རྗེ་སེམས། །མཁའ་འགྲོའི་ཚོགས་སུ་རྒྱ་མཚོར་འཁྱིལ། །རྣམ་རྟོག་དྲ་བ་ཆོས་སྐུར་སྡོམ། །རང་བྱུང་གི་ཡེ་ཤེས་ཀུན་ཏུ་བཟང་། །ལམ་འབྲས་ཀྱི་རྣལ་འབྱོར་པདྨ་དབང་། །བློ་གྲོས་ལ་ནང་བྱན་རྙེད་ནས་གདའ། །སྣང་བ་སེམས་སུ་རྟོགས་ནས་གདའ། །སེམས་ཉིད་ཀྱང་གསལ་སྟོང་རྡོ་རྗེ་དབྱིངས། །མི་ང་རང་དང་དཀོན་ཅོག་གཅིག་ཏུ་འདྲེས། །དོན་འདི་ཉིད་ཀྱང་རང་བྱུང་རང་གི་རྩལ། །རང་གྲོལ་གྱི་ངང་ནས་ཁྲོལ་ལོ་ལོ། །རང་གསལ་གྱི་རྣམ་ཐར་ཀུན་ཏུ་ཤར། །ཐམས་ཅད་ཀྱང་དེ་དོན་བསམ་ཤེས་ན། །རང་ཉིད་དང་དབྱེར་མེད་རྡོ་རྗེ་འགྱུར། །ཞེས་གསུངས། དེ་ལྟར་མངའ་རིས་པཎ་ཆེན་མཁྱེན་རབ་དབང་བསྐུར་དེ་ཉིད་སྐབས་འགའ་ཡང་འོན་ཕྱོགས་སུ་བྱོན་ནས་གདུལ་བྱ་བསྐྱངས། ཁྱད་པར་སྔགས་འདུལ་ཆེ་སོགས་ཞུས། དེ་ནས་གྲྭ་ཕྱིར་རྒྱ་སྟོན་གྱི། །དགོན་གནས་ལྕགས་རི་ཞེས་བྱར་ཕྱིན། །བྱ་སྤྱོད་རྒྱུད་ཀྱི་རྣམ་བཤད་ཞུས། །ཞེས་སོགས་གསུངས། གཞན་ཡང་ཉན་ཐོས་རྣམ་པ་བདུན། བདེ་མཆོག་ཆོས་སྐྱོང་སྡེ་ལྔ་ལ་སོགས་ཀྱི་ཞལ་མང་པོ་གཟིགས། བསམ་ཡས་མཆིམས་ཕུར་རྒྱལ་བ་མཆོག་དབྱངས་ཀྱི་ཕུག་པར་སྐུ་འཚམས་མཛད་དུས། ཆོས་རྒྱལ་ཁྲི་སྲོང་དང་གུ་རུ་ཆོས་དབང་གི་སྤྲུལ་པར་ལུང་བསྟན་ཐོབ། བཀའ་བརྒྱད་འདུས་པའི་བདག་ཉིད་དུ་དབུགས་དབྱུང་ཞིང་དམ་ཅན་རྣམས་བྲན་དུ་འཁོལ་བའི་ལུང་བསྟན་གཟུགས་མེད་པའི་སྒྲ་ལས་འདི་ལྟར་བྱུང་སྟེ། བདེ་བ་ཅན་ན་རང་བྱུང་བ། །པོ་ཏ་ལ་རུ་མངོན་པར་སྣང་། །པདྨ་རྒྱལ་པོ་ཐོད་འཕྲེང་རྩལ། །ཁྱོད་ན་ཁྲི་སྲོང་ལྡེའུ་བཙན། །བདེ་གཤེགས་ཐམས་ཅད་གཅིག་ཡིན་ཏེ། །ཏིང་འཛིན་ཀུན་ཀྱང་དེ་བཞིན་ནོ། །གཅིག་དང་ཐ་དད་མེད་པ་ཡི། །སྤྲུལ་པ་ཐམས་ཅད་བསྡུས་པ་ནི། །ཆོས་ཀྱི་དབང་ཕྱུག་འགྲོ་བ་འདྲེན། །རྡོ་རྗེའི་བྲག་ལྷར་མཉམ་སྦྱོར་བ། །དེད་དཔོན་སུམ་ཅུ་ཕྱི་བཞིན་འབྲང་། །ཞེས་གསུངས། གཞན་ཡང་བླ་མ་རིག་འཛིན་གྱི་ཁྲོམ་ཚོགས་འདུས་ཏེ་འདི་སྐད་གསུངས་སོ། །ཁྱོད་ནི་རིག་འཛིན་པདྨ་རྒྱལ། །ཆོས་ཀྱི་དབང་ཕྱུག་འགྲོ་བ་འདྲེན། །ཞེས་སོགས་དང་། ཁྱོད་ཀྱི་སྲོག་པ་རྩ་ཉིད་ལས། །ཆེ་མཆོག་ཡོན་ཏན་གཏེར་རྣམས་འབྱུང་། །སྙིང་ལ་ཡང་དག་ཐུགས་གཏེར་འབྱུང་། །ཤ་ལ་འཇམ་དཔལ་སྐུ་ཡི་གཏེར། །ལྕེ་དང་ཁྲག་ལ་པདྨ་གསུང་། །རྒྱུ་མ་ནང་ཁྲོལ་ཉིད་ལ་ནི། །རྦོད་གཏོང་མ་མོའི་གཏེར་ཆེན་འབྱུང་། །ཀླད་པ་ལ་ནི་རྡོ་རྗེ་དབྱིངས། །རུས་པ་རྩིག་ཁྱིམ་རྐང་རྣམས་ལས། །ཕུར་པ་འཕྲིན་ལས་གཏེར་རྣམས་འབྱུང་། །རྐང་དང་ཁུ་བ་མིག་དང་ཚིལ། །བླ་མེད་དོན་རྫོགས་རྣལ་འབྱོར་གསུམ། །ཆོས་རྣམས་སྙིང་པོ་གཏེར་གྱི་མཛོད། །ཁྱོད་ཉིད་ཡིན་པར་མངོན་བརྗོད་བྱ། །ཞེས་སོགས་གསུངས། ཡི་དམ་ཞལ་གཟིགས་ཚུལ་ཡང་བཀའ་ལས། ཆེ་མཆོག་རྡོར་དབྱིངས་རྡོ་རྗེ་ཐོད་པ་དང་། །དུས་འཁོར་བདེ་མཆོག་འཁོར་ཆེན་གདན་བཞི་དང་། །བཀའ་བརྒྱད་དཀྱིལ་འཁོར་དགུ་ཡི་གཞལ་ཡས་ཁང་། །རྒྱུད་སྡེ་ཀུན་གྱི་འདི་བར་ཅུང་ཟད་ཆད་སྙམས་྅྅྅྅྅རིག་འཛིན་རྗེ་དང་སྐུ་མཆེད་ལྷན་ཅིག་པར་འོན་སྨོན་ལྡན་དུ་གཟིམས་ཁང་བཏབ་ནས་རྒྱུན་རིང་བར་བཞུགས། གཅུང་ལེགས་ལྡན་རྗེས་ཐུགས་འཁོས་མཛད་དེ་བསྟན་འགྲོའི་བདེ་ཐབས་སུ་གཟིགས་ནས་བསམ་ཡས་སུ་རྗེ་འབྲི་གུང་པ་རིན་ཆེན་ཕུན་ཚོགས་སྤྱན་དྲངས་ཏེ། མངའ་རིས་པཎྜི་ཏ་ཆེན་པོ་མཆེད་གཉིས་དང་། ཆོས་རྒྱལ་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཏེ་བླ་མ་དམ་པ་གསུམ་གྱིས་རབ་གནས་མངའ་གསོལ་སོགས་རྟེན་འབྲེལ་མང་དུ་མཛད་པས། བོད་ཁམས་སུ་ལོ་བཅུ་གསུམ་གྱི་བར་བདེ་སྐྱིད་འབྱུང་བའི་རྟེན་འབྲེལ་འགྲིག །ཟླ་གཅིག་རིང་ཞབས་ཏོག་ཚང་མ་རིག་འཛིན་རྗེས་མཛད་པ་ཡིན། དེ་ནས་གཅུང་ལེགས་ལྡན་རྗེ་ལྷོ་འབྲས་མོ་གཤོངས་ཀྱི་གནས་སྒོ་འབྱེད་པ་སོགས་ལ་ཕེབས། པཎ་ཆེན་རིན་པོ་ཆེས་འོན་བསམ་གཉིས་སུ་བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དོ། །མདོར་ན་བླ་མ་དམ་པ་འདི་ཉིད་ནི་བོད་ཡུལ་དུ་གྲགས་པའི་མདོ་སྔགས་གསར་རྙིང་གི་གཞུང་ལུགས་ཡོངས་སུ་གྲགས་པ་ཕལ་ཆེར་དང་། རིག་པའི་གནས་མཐའ་དག་ལ་མཁས་ཤིང་ངེས་པར་དོན་གྱི་པཎྜི་ཏ་ཆེན་པོ་ཚད་མེད་པའི་མཁྱེན་རབ་ཅན་འཆད་རྩོད་རྩོམ་གསུམ་གྱི་གཏེར་ཆེན་པོར་གྱུར་པས་སྡོམ་གསུམ་རྣམ་ངེས་སོགས་ཀྱི་གསུང་རབ་ཀྱང་མང་དུ་མཛད་པའི་ཚིག་དོན་ཐམས་ཅད་ཟབ་ཅིང་བརླིངས། སོ་སོར་ཐར་པའི་ཚུལ་ཁྲིམས་རྣམ་པར་དག་པ། སྡོར་དཀར་གདན་གཅིག་གི་བརྟུལ་ཞུགས་བཟུང་ནས་ཆོས་གོས་རྣམ་པ་གསུམ་སོགས་དགེ་སློང་གི་མཁོ་བའི་ཡོ་བྱད་དང་། སྐུ་གསུང་ཐུགས་རྟེན་དབང་རྫས་དང་དཀྱིལ་འཁོར་སྒྲུབ་པའི་ཡོ་བྱད་འགའ་ཞིག་ལས་བདག་ཏུ་མི་འཛིན་པ་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཤིན་ཏུ་གཙང་བའི་མཐར་ཐུག་པ་རྣམས་ཀྱི་དཔེ་ཟླར་འོས་ཤིང་བཙུན་པ། བྱང་ཆུབ་སེམས་ཀྱི་སྡོམ་པས་ཐུགས་རྒྱུད་ཡོངས་སུ་གཏམས་ཏེ་སེམས་ཅན་ཁོ་ནའི་དོན་ལས་སྐད་ཅིག་ཀྱང་མི་གཡེལ་བའི་བརྩེ་བ་ཆེན་པོ། གསང་སྔགས་རྡོ་རྗེ་ཐེག་པའི་སྡོམ་པ་དང་དམ་ཚིག་རྣམས་ཇི་ལྟར་རྒྱུད་ལས་བཤད་པ་ལྟར་ཚུལ་བཞིན་དུ་བསྲུང་བས་ཉེས་ལྟུང་གི་དྲི་མ་ཐམས་ཅད་དང་བྲལ་ཞིང་། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། གསར་རྙིང་གི་རིམ་གཉིས་ཟབ་མོ་རྣམས་ཐུན་བཞིར་བརྩོན་པས་ཉམས་སུ་བཞེས་ཤིང་། གཙོ་བོ་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པ་འཁོར་ཡུག་ཏུ་གདལ་བས་འཁོར་འདས་རིག་པའི་ཀློང་དུ་རང་སར་གྲོལ་བའི་གྲུབ་པ་མཐར་ཕྱིན་པའི་རྟགས་ཚད་དུ་མ་མངོན་སུམ་དུ་སྟོན་ནུས་པ། དེའི་དབང་གིས་འཕྲིན་ལས་རྣམ་པ་བཞི་ལ་ཐོགས་པ་མེད་པར་ནུས་པའི་བདག་ཉིད་ཅན། གུ་རུ་པདྨས་ཟབ་མོའི་གཏེར་ཁ་རྣམས་ལས་གསལ་བར་ལུང་གིས་བསྟན་ཅིང་། ཁྱད་པར་རང་གཏེར་རིག་འཛིན་ཡོངས་འདུས་དང་གུ་རུ་དྲག་པོ་སོགས་ལས། ཨུ་རྒྱན་ཆེན་པོ་རིག་འཛིན་བརྒྱད་སོགས་དང་དགོངས་པ་གཉིས་སུ་མེད་པར་ལུང་བསྟན་ཅིང་། ྅྅྅྅ཐ་ན་ཞལ་ཆབ་དང་གསང་ཆབ་མྱོང་ཞིང་མཚན་ལན་གཅིག་ཐོས་པ་རྣམས་ཀྱང་འཁོར་བ་མཐའ་ཅན་དུ་འགྱུར་བར་གསུངས་པའི་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་ཆེན་པོ་སྟེ། མདོར་ན་དམ་པ་འདིའི་རྣམ་པར་ཐར་པ་ནི་བདག་སོགས་ཚུར་མཐོང་གི་བློ་ཅན་གྱིས་བརྗོད་པའི་ཡུལ་དུ་མ་གྱུར་ཀྱང་། འདིར་དད་པའི་ས་བོན་ཙམ་དུ་མདོ་ཙམ་ཞིག་བྲིས་པ་ཡིན་ལ། རྒྱས་པར་རྣམ་ཐར་རིན་ཆེན་འཕྲེང་བ་དང་གསང་བའི་རྣམ་ཐར་རིན་པོ་ཆེའི་རྣ་རྒྱན་དང་། གསན་ཡིག་དང་བཀའ་འབུམ་སོགས་ལས་ཤེས་པར་བྱའོ། །དེ་ལྟར་རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས་པར་མཁྱེན་ནས། ཉེ་གནས་རིན་རྡོར་བ་སོགས་སྐུ་འཁོར་རྣམས་ལ་ཞལ་གདམས་དང་། ཁྱད་པར་པཎ་ཆེན་རིན་པོ་ཆེ་རང་གི་ཉེ་བར་གནས་པའི་འཁོར་སུམ་ལྡན་རྡོ་རྗེ་འཛིན་པའི་ལྕོག་གྲྭ་ཆུང་ངུ་ཡང་དག་པའི་བསམ་གཏན་པ། བསྟན་པ་ཡོངས་རྫོགས་ཀྱི་སྡེ་ཉུང་ཟད་ཅིག་ཡོད་པ་དེ་ལ་གནས་སྐབས་སུ་དགོངས་ཤིང་། མ་འོངས་པ་ན་དགོས་པ་རྒྱ་ཆེན་པོ་གཟིགས་ཏེ། ལྕོག་སྒར་བསྒྲིགས་ཀྱི་བཀའ་ཡིག་རྡོ་རྗེ་འབར་བའི་གཟི་བྱིན་ཞེས་པ་ཞལ། གདམས་སུ་བཞག་པ་དེང་སང་ཡང་ཨེ་ཝཾ་ལྕོག་སྒར་བའི་བཅའ་ཡིག་གི་རྩ་བ་ཡང་དེ་ཡིན་ནོ། །དེ་ནས་མཛད་པ་ཐ་མ་ནི་འོན་སྨོན་ལྡན་གྱི་བླ་བྲང་དུ་སྟག་ལོ་ཟླ་བ་བརྒྱད་པའི་ཚེས་གཉིས་ལ་འཇའ་འོད་རོལ་མོའི་སྒྲ་དང་བཅས་ཏེ་ཟབ་མོ་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་པའི་ཚུལ་བསྟན། སྐུ་གདུང་རིན་པོ་ཆེ་མཆོད་དེ་སྦྱངས་ཤིང་ངོ་མཚར་གྱིས་ཀུན་ཏུ་ཁྱབ་བོ། །གདུང་ཡིད་བཞིན་གྱི་ནོར་བུ་ཞུགས་ལ་ཕུལ་བའི་གྱང་ལོགས་ལ་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་བྱིས་པ་དེང་སང་ཡང་སྨོན་ལྡན་བླ་བྲང་ན་ཡོད་དོ། །དེ་ལྟར་དགོངས་རྫོགས་ཀྱི་བྱ་བ་རྣམས་གྲུབ་རྗེས་ཉེ་གནས་སངས་རྒྱས་སྙིང་པོས། གཅུང་ལེགས་ལྡན་ཞབས་ལྷོ་འབྲས་གཤོངས་ཀྱི་ཕྱོགས་སུ་བཞུགས་པ་སྤྱན་དྲངས་ཏེ། འོན་དུ་ཕེབས་ནས་ཕྱི་རྟེན་དུ་རྗེ་བཙུན་དམ་པ་མཁྱེན་རབ་དབང་ཕྱུག་ཉིད་ཀྱི་གཟིམས་མལ་སྐུ་འདྲ། ཨུ་རྒྱན་རིན་པོ་ཆེའི་སྐུ་དང་། ཐུགས་རྟེན་མཆོད་རྟེན་རྣམས་སྨན་འདམ་ལས་བཞེངས། འདི་སྐབས་པཎ་ཆེན་མཆེད་གཉིས་ཀ་མཁས་བཙུན་གྲུབ་པའི་ས་ལ་གངས་ཅན་གྱི་ལྗོངས་འདིར་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ཞིག་ཡིན་ནའང་། འཇིག་རྟེན་ཟང་ཟིང་གི་ཐད་ནས་དེང་སང་གི་བླ་ཆེན་ལྟ་བུ་རྟ་ཞོན་བེར་གྱོན་གྱི་ཆོས་བརྒྱད་ལ་བསྐྱེད་འཕེལ་གཏོང་མཁན་མ་ཡིན་པར། མཆེད་གཉིས་ཀ་བྱ་བྲལ་ཀུན་ཏུ་རྒྱུར་སོང་བས་བླ་མ་ཞིང་ལ་གཤེགས་པའི་སྐུ་ཆས་ཧབ་ཐོབ་ལ་མི་འཆམ་པར་འཁྲུག་ལོང་བྱེད་མི་དགོས་ཤིང་། ཁྱད་པར་པཎ་ཆེན་རིན་པོ་ཆེ་འདོད་ཆུང་ཆོག་ཤེས་ཁོ་ན་ལ་གཙོ་བོར་འདོན་པས་ཟང་ཟིང་གི་ཡོ་བྱད་མ་མཆིས་ལ། ཕྱག་དཔེ་དབང་རྫས་རྣམས་ཀྱང་གཅུང་ལེགས་ལྡན་རྗེ་རང་གིས་བདག་གིས་མ་མཛད་པར་ཞལ་སློབ་སོ་སོར་གནང་བ་ཡིན་ཏེ། རིག་འཛིན་རྗེས་འདི་ལྟར་བཀའ་སྩལ་ཏེ། རིན་པོ་ཆེའི་དགོངས་པ་རྫོགས་བྱེད་དུ་ས་སྐྱ་བའི་དཔེ་ཆ་ལྷ་རྟེན་རིན་རྡོར་བས་བཟུང་ལ་འཆད་ཉན་གྱིས། བཀའ་གདམས་དང་མཚན་ཉིད་སྐོར་དཔོན་པོ་ཤེས་རྒྱལ་བས་གྱིས། བཀའ་རྒྱུད་སྐོར་སངས་རྒྱས་སྙིང་པོས་གྱིས། རྙིང་མ་བཀའ་གཏེར་སྐོར་རེ་ཞིག་ངས་བཟུང་། ལོ་ཤས་ནས་དབོན་པོ་མཇམ་དབྱངས་པས་ཨེ་ཡོང་། རྟེན་བ ཞེང་རྣམས་འོ་སྐོལ་བྱ་བཏང་ཡིན་པས་ཆེན་པོ་བྱེད་རྒྱུ་མེད། ཕྲན་བུ་གྲོས་མཐུན་བྱེད་ཆོག །དགོན་པའི་གདན་ས་དཔོན་པོ་གཉིས་གང་འཐད་དུ་བྱེད་ཆོག །རིན་པོ་ཆེ་བཤད་སྒྲུབ་རང་ལ་དགྱེས་པས། དེ་ཉིད་ལ་འོ་སྐོལ་ཚོ་མ་ལྷོད་པ་གྱིས། དེས་རྟེན་རྣམས་ཡིག་རིགས་ཐ་དད་དང་སྤྱིར་གྱིས་དགོས་པ་བྱུང་དུས་བདེ་སྤྱོད་དུས་ཀྱང་བྱས་ཆོག །ལོ་གསུམ་ནས་སྤྲུལ་པ་ཞིག་འབྱིན་ནོ་སྐད་ན། དེ་དུས་ཁོ་རང་ལ་ཐ་དད་ནས་འཕྲོད་པ་ཞིག་སྤྱི་མཐུན་དུ་གྱིས་གསུངས་པ་ལྟར་བྱས་ཤིང་། ལོ་གསུམ་ནས་བྱོན་པའི་སྤྲུལ་པའི་སྐུ་ཆོས་ཀྱི་རྒྱལ་པོ་བཀྲ་ཤིས་སྟོབས་རྒྱལ་ཉིད་ཡིན་པས་རྒྱས་པར་གཞན་དུ་གསལ་ལོ། །རྒྱ་ཆེན་ཆོས་ཀུན་མཁྱེན་པའི་པཎྜི་ཏ། །པདྨའི་རྒྱལ་ཚབ་རིག་འཛིན་དབང་གི་རྒྱལ། །མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །གྲགས་པའི་རྒྱལ་མཚན་འཛིན་དེར་སྙིང་ནས་འདུད། །སྡོམ་གསུམ་རྣམ་དག་ཐུབ་བསྟན་ཡོངས་རྫོགས་ཀྱི། །བཤེས་གཉེན་བསྟན་པའི་སྒྲོན་མ་འགྲོ་བའི་མགོན། །རྒྱ་བོད་གསར་རྙིང་མཁས་གྲུབ་མ་ལུས་པའི། །ཐུགས་རྗེ་གཅིག་ཏུ་འདུས་པ་ལུང་གིས་གྲུབ། །དེ་ཕྱིར་སྐྱབས་ཀུན་འདུས་པའི་བདག་ཉིད་ལ། །རྣམ་ཀུན་མི་ཕྱེད་དད་པས་གསོལ་འདེབས་ན། །ཚེ་རབས་ཀུན་ཏུ་དམ་པ་ཁྱོད་ཉིད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བས་དགྱེས་འཛིན་ཐོག །ཅེས་སྨྲས་སོ། །དེ་ནས་བརྒྱུད་ཚུལ་དངོས་བཤད་པར་བྱ་སྟེ། གྲུབ་པའི་དབང་ཕྱུག་ཡབ་རྗེ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་གྱིས། རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་ཉིད་ལ་འདུས་པ་ཆེན་པོ་མདོའི་དབང་ལན་གཉིས་སུ་སྩལ་བ་འདི་བརྒྱུད་པའི་གཙོ་བོར་གཟུང་དགོས་པའི་ཕྱིར། གཅུང་ལེགས་ལྡན་ཞབས་ཀྱི་རྣམ་པར་ཐར་བ་ཅུང་ཟད་གླེང་བར་བྱ་སྟེ། དེ་ཡང་རིགས་རུས་འཁྲུངས་ཡུལ་ཡབ་ཡུམ་སོགས་ནི་མངའ་རིས་པཎྜི་ཏ་ཆེན་པོའི་རྣམ་ཐར་བརྗོད་མ་ཐག་པ་ཡིན་ཞིང་། སྐུ་མཆེད་དུ་སོང་བས་སྨོས་མ་དགོས་ལ། དེ་ཡང་ཡབ་རྗེ་དམ་པ་དགུང་ལོ་རེ་གཅིག་པའི་དགུང་ཀེག་ཐོག་ཏུ་ཤིན་ཏུ་བསྙུང་བར་བྱུང་བའི་ཚེ་མ་གཟའ་རྡོར་གསུམ་གྱིས་མིའི་རྣམ་པར་བསྟན་ནས་བསྙུང་གཡོག་བྱེད་པ་དང་། ཁྱད་པར་རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁར་བྱོན་ནས་ལུང་བསྟན་པ། ད་སྟེ་ཞག་དགུ་ནས་ཆ་ཡིས་དྲག་འགྲོ། རྡོ་རྗེ་སེམས་དཔའ་ལོ་གཅིག་གམ་ཟླ་བ་གསུམ་དུ་སྒོམ་སྒྲུབ་གྱིས། དེའི་ཚེའི་འཕྲང་ལོ་ཤས་གྲོལ། རིགས་ཤིག་འབྱུང་སྟེ་སྔོན་གྱི་བག་ཆགས་སད་པ་འབྱུང་། སངས་རྒྱས་བསྟན་པའི་བྱ་བ་བྱེད་པར་འགྱུར་ཞེས་ལུང་བསྟན་པ་ལྟར་བསྙུན་ལས་གྲོལ་འཕྲལ། བཀའ་མ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་རྐྱང་གཅིག་གི་སྒྲུབ་པ་ལོ་གཅིག་དང་། རྡོ་རྗེ་ཕུར་བའི་བསྙེན་སྒྲུབ་ཟླ་བ་གསུམ་གྲོལ་བའི་དུས་རྡོ་རྗེ་ཕུར་པའི་ཏིང་ངེ་འཛིན་ལ་གནས་བཞིན་པས་ལེགས་ལྡན་ཞབས་ཡུམ་གྱི་མངལ་དུ་བསྐྲུན་པར་མཛད། དེའི་ཚེ་ཡུམ་ལ་ཡང་མནལ་ལམ་དུ་དུང་འབུད་པ། དར་འཕྱར་བ། རྔ་བོ་ཆེ་བརྡུང་བ། གྲུ་ཟམ་འཇུག་པ། གཞན་གྱི་དཔོན་བྱེད་པ། ནམ་མཁའ་འོད་ལྔའི་གུར་ནང་དུ་ཕྱིན་པ། འདུས་པ་མང་པོ་ལ་ཆོས་སྟོན་པ། ཉི་ཟླ་ལ་ཞོན་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ། བུམ་བཅུད་འཐུང་ཞིང་གཞན་ལ་སྦྱིན་པ། དབུ་རྒྱན་གྱོན་ནས་གླེགས་བམ་སྒྲོག་པ། ཕྲེང་བའི་རིགས་དུ་མ་མགུལ་ལ་དཀྲིས་པ། བུད་མེད་རྒན་གཞོན་མང་པོའི་ཚོགས་གྲལ་དུ་ལོངས་སྤྱོད་པ། ཤེལ་གྱི་རི་ཆེན་པོ་ལ་འཛེགས་ཤིང་མང་དུ་བསྒྲུབ་པ་རྣམས་བྱུང་ཞིང་། ལྷུམས་སུ་ཧཱུྃ་ཁོ་ན་འདྲེན་པ་ཡུམ་གྱིས་གསན་ཏེ། དེ་ཡང་རང་གཏེར་ལས། ལྷུམས་ནས་ཧཱུྃ་ཧྲཱིཿའི་སྒྲ་སྒྲོགས་ཤིང་། །ཞེས་གསུངས་པའི་དོན་ཐོག་ཏུ་བབ་པར་སེམས། ཡུམ་ཡང་སྐུ་ལུས་གནད་དྲང་པོར་སྲངས་ན་ཏིང་ངེ་འཛིན་གྱི་ཉམས་དུ་མ་འབྱུང་ཞིང་སྐུ་ལུས་ཡོ་ན་མི་བདེ་བ་བྱུང་། དེ་ནས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་རྒྱལ་ཕུར་འཛོམ་པའི་ཉི་མ་དྲོས་ཆེན་ལ་སྐུ་བལྟམས་ཤིང་། དེའི་ཉིན་ཡབ་ཡུམ་སྲས་འཁོར་བཅས་པས་ཚེས་བཅུའི་མཆོད་པ་རྒྱས་པར་མཛད་ཅིང་། ཚེས་བཅུའི་གཏོར་དབང་ཇོ་ལགས་པཎ་ཆེན་གྱིས་མཛད་པ། སྐུ་ཚེ་འདིའི་ཡོངས་འཛིན་ལ་སྔ་བ་པན་ཆེན་རིན་པོ་ཆེ་ཉིད་ཡིན་ནོ། །དེ་ནས་དགུང་ལོ་བདུན་པ་ལ་ཡུམ་གྱིས་འབྲི་ཀློག་རྣམས་བསླབས་ཤིང་ཁྱོད་ལྷུམས་སུ་ཡོད་དུས་རྨི་ལམ་བཟང་པོ་བྱུང་བས། ཨུ་རྒྱན་གྱི་བྱིན་རླབས་ཞུགས་པ་ཡོད་པས་འཇིག་རྟེན་གྱི་བྱ་བ་མ་བྱེད་པར། རི་ཁྲོད་འགྲིམས་ལ་ཚེ་དང་བཤད་སྒྲུབས་སྙོམས་པ་ཨེ་ཡོང་ལྟོས་གསུངས་ཡང་ཡང་བསླབ་བྱ་མཛད་པས། ཀློག་དང་ཆོས་སྤྱོད་སེམས་ཀྱི་གནས་ཚུལ་ངོ་སྤྲོད་ཀུན་ལ་མ་དྲིན་ཆེའོ་གསུངས། དགུང་ལོ་བརྒྱད་པ་ལ་ཡབ་ཀྱི་དབུ་སྐྲ་བྲེགས། ཀུན་སྐྱོང་གླིང་བའི་ལུང་བཞིན་མཚན་ལེགས་ལྡན་རྡོ་རྗེ་གྲགས་མོད་ཀྱང་ཆོས་མིང་ཉི་ཟླ་གྲགས་བཟང་དུ་བཏགས། ལས་བྱང་ལེ་བརྒྱད། ཞི་ཁྲོ་མ་མགོན་མགར་གསུམ། གསང་སྐོར་ཆོས་སྤྱོད། བཟང་སྤྱོད། བྱམས་སྨོན། ཐུགས་རྗེ་ཆེན་པོ། ཤེས་རབ་སྙིང་པོ། སྒྱུ་མའི་དཔེ་བརྒྱད་རྣམས་ཡབ་ཀྱི་གསུང་ནས་ངག་བསླབས་མཛད་དེ་མཁྱེན་པས། ཡབ་ཀྱིས་ཤེས་ར བ་ཆེ་བར་འདུག་གསུང་བྱམས་པར་མཛད་པས་ལོ་གཅིག་གཉིས་ཙམ་གྱི་བར་སྐུ་ཤིན་ཏུ་འཚུབ་བའི་ཚུལ་གྱིས་བྱིས་པའི་རྣམ་ཐར་བསྐྱངས་དྲགས་པས། མི་ཀུན་གྱིས་འདི་གཅུང་པོ་ལེགས་ལྡན་མ་ནོར་བར་འདུག་ཟེར་བ་བྱུང་། དེའི་ཚེ་སྲུ་མོ་སྐྱོང་ངེ་ཞེས་པ་ཉིད་ལ་ཤིན་ཏུ་བྱམས་པར་ཡོད་པ་ཞིག་ཤ་དུག་གིས་གྲོངས་པས། ཐུགས་ལ་སྡུག་བསྔལ་བཟོད་པར་དཀའ་བ་ཞིག་བྱུང་སྟེ་ང་ལ་ཡང་སྲུ་མོ་ལྟ་བུའི་ཤི་བ་ཡོང་ཐག་ཆོད་ངའི་སྤྱོད་པ་གྱ་མ་དེ་འདིས་གྲུལ་གང་ཡང་ན་མི་བཏུབ་པར་འདུག །སྐྱེ་འཆི་ལ་རང་དབང་ཐོབ་པ་ཞིག་བྱེད་དགོངས་པ་ཁོ་ནས་བཟའ་བཏུང་མི་དྲན་པ་ཞག་མང་དུ་བྱུང་བས། ཡུམ་གྱིས། ཁྱད་ཟས་ཟ་གོས་གྱོན་ཡང་ན་ཀློག་ཐོན། མི་ནུས་ན་རྩེད་མོ་ལ་སོང་། བྱུང་ན་བསླབ་སྦྱངས་གྱིས་གསུངས་ཀུན་གཟིམས་ནས་བཞུགས་པས། འདི་ལ་ཅི་བྱུང་ངམ་ཁ་སེང་ཚོ་དང་མི་འདྲ་བ་ཞིག་འདུག །ཇོ་ཇོས་ཁྲིད་ལ་ཡབ་ཀྱི་དྲུང་དུ་གཏོར་དབང་ཞུས་ཤོག་འཆི་འདོད་པ་ནི་མིན་ནམ་གསུངས་པས། ཡུམ་ལ་ཚིགས་སུ་བཅད་དེ་འདི་སྐད་ཞུས་སོ། །དལ་འབྱོར་སྦྱིན་པའི་དྲིན་ཅེན་ཨ་མ་ཀྱེ། །བདག་ལ་ཟུར་བུའི་ནད་དག་མ་མཆིས་ཏེ། །སྲུ་མོ་གཤེགས་ཐོས་ཡིད་ཆད་སྙིང་མ་དགའ། །མ་བུ་གཉིས་ལའང་དེ་འདྲ་ཡོང་སྙམ་ནས། །ཨ་མ་བསམས་པས་སྲུ་མོ་དྲན་ནས་སོང་། །ད་ནི་རྩེ་གཅིག་བྱང་ཆུབ་སྒྲུབ་བྱེད་པས། །མི་མེད་ལུང་སྟོང་ཞིག་ཏུ་འགྲོ་བ་ལགས། །དེ་རུ་ཕ་མ་ཉེ་འབྲེལ་སུ་ཡང་མེད། །གུ་ཡང་རྩེད་མོ་བྱེད་ཀྱང་སྡུག་བསྔལ་མེད། །སྡུག་བསྔལ་མེད་ན་བདེ་བ་དམ་པར་འདུག །ཞུས་པས། ཡུམ་གྱིས་སྤྱན་ཆེར་གཟིགས་ཏེ་སྤྱན་ཆབ་ཁྱིལ་ཙམ་མཛད་ནས། རྩོམ་པ་དག་བྱས་འདི་ལ་ཆོས་སྨྱོ་ཞིག་ཡོང་འདོད་པར་འདུག །ཡབ་ཀྱི་སྐུ་མཚམས་ནང་དུ་སྐྱོལ་གསུངས་སྤོམ་ཆེན་ན་ཡབ་སྐུ་མཚམས་ལ་བཞུགས་པའི་སར་སྐྱལ། ཡབ་ཀྱི་བཀའ་ལས། འདིར་འཚུབ་པོ་མ་བྱེད་པར་ནང་དགོངས་བློ་འཛིན་གྱིས། ཉིན་མོ་བརྒྱད་སྟོང་པ་སྒྲོགས་གསུངས་ཀྱང་། བཀའ་མ་ཐེག་པའི་ཐུན་ཆ་ཙམ་ལས་ཉིན་མཚན་མེད་པར་སྲུ་མོ་ཐུགས་ལ་ལམ་མེ་དེས་རྐྱེན་བྱས་མི་རྟག་པ་ཁོ་ན་དྲན་ཞིང་། དེའི་དཔེས་ཡབ་ཡུམ་སྲས་བཅས་སེམས་ཅན་ཀུན་ལ་ཡང་དེ་ལྟར་ཡོང་། ང་འདིར་སྡོད་རིང་མ་དེ་ཤི་ན་ཅི་ཙུགས་བྱེད་དགོངས་ཤིང་མཚན་ལམ་དུ་ཡང་སྐྱོ་ཤས་ཁོ་ན་བྱུང་ཞིང་ཡུམ་གྲོངས་དོགས་རྒྱ་དཀར་ནས་རྟག་པར་གཟིགས་པས། འདི་མི་ཚུག་པར་འདུག་ཨ་མའི་རྩར་སོང་གསུངས་ཏེ་མར་བྱོན་ནས་ཡུམ་གྱི་རྩར་བཞུགས་ཤིང་། སྐབས་རེ་སྐུ་རྩེར་ལ་དུམ་ཙམ་གཡེངས་ཀྱང་། རྟག་པར་ངེས་འབྱུང་སྐྱོ་ཤས་དང་། དཔེ་དོན་དུ་མའི་སྒོ་ནས་མི་རྟག་པ་དྲན་ཏེ་ཡུམ་ལ། ཨ་མ་ལགས་ངའི་ལུས་ངག་ཡིད་གསུམ་འདི་ཅི་འདྲ་ན་ཞུས་པས། ཡུམ་གྱིས། བུ་ལུས་ངག་ཡིད་གསུམ་དང་མི་འདྲ་བའི་དུམ་བུ་མི་འདུག་སྣང་སྲིད་ཐམས་ཅད་དཔེ་འདུག་པ་གསུངས། སྣང་བ་གང་ལགས། སྣང་བ་ཕྱིའི་འབྱུང་བ་ལྔ། སྲིད་པ་འགྲོ་དྲུག་གི་སྡེར་ཆགས་པ་དོན་དམ་པར་རྒྱུ་རྐྱེན་ལས་འདས་ཀྱང་། རྟེན་འབྲེལ་འཆར་སྒོ་འགག་མེད་དུ་ཤར་བ་ཡིན་པར་འདུག་གསུངས། དེ་དག་གི་དོན་རྒྱས་པར་གསུངས་དང་ཞུས་པས། དོན་རྒྱས་པར་ངས་མི་ཤེས་ཡབ་ལ་ཞུས་གསུངས་ཏེ། ཡང་ཡབ་ཀྱི་དྲུང་དུ་ཡུམ་གྱིས་ཁྲིད་དེ། བུ་ཆུང་འདི་ང་ལ་ཅལ་ཅོལ་དུ་མ་ལབ་ཅིང་འདྲི་བ་འདུག །ཆོས་ཀྱི་ངོ་སྤྲོད་གོ་ཤས་ཆེ་བས། བཀའ་ལུང་འདྲ་གནང་བ་ཞུ་ལགས་ཞུས་པས། ཡབ་ཀྱི་བྱིས་པ་ཅོལ་ལབ་ལ་གཏན་ཚིགས་མེད་གསུངས། དེ་ནས་སྐུ་མཚམས་དེ་གྲོལ་འཕྲལ་དུ་ཆོས་འདོད་འགས་གསོལ་བ་བཏབ་པ་ལ་བརྟེན་ནས་རིག་འཛིན་ལེགས་ལྡན་རྗེ་དགུང་ལོ་བརྒྱད་པ་ལ་གློ་བོ་མ་ཐང་ལྷུན་གྲུབ་ཆོས་སྡིངས་དཔལ་གྱི་དགོན་པར་ཡབ་བརྗེ་དམ་པ་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་ཉིད་གྱིས་ཡོས་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ནས་གཉིས་པའི་ཚེས་ལྔའི་བར་དུ་སྔགས་བཙུན་གྱི་འདུས་པ་བརྒྱ་ཉི་ཤུ་ཙམ་ལ་མདོ་དབང་དཀྱིལ་འཁོར་དྲུག་ཅུ་རེ་ལྔའི་དབང་ལུང་ཁྲིད་རྣམས་རྒྱས་པར་གནང་བ་གསན་ཅིང་། དེ་ནས་རིམ་པར་སྒྱུར་འཕྲུལ་དཀྱིལ་འཁོར་བཅུ་གཅིག །དོང་སྤྲུག་དཀྱིལ་འཁོར་བཅུ་གཅིག །གནས་ལུང་དཀྱིལ་འཁོར་དྲུག་ཆ་ལགས་དང་བཅས་པ། སེམས་ཀློང་སྡེ་གསུམ་ཆ་ལག་ཕྲ་མོ་ཡན་ཆད། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཆོས་ཚན་བརྒྱ་ཉི་ཤུ། རྒྱུད་འབུམ་པོ་ཏི་ཉེར་ལྔ། ལེགས་ལྡན་ལྕམ་དྲལ། མ་གཟའ་རྡོར་གསུམ། རྣམ་སྲས་གནུབས་ལུགས། ཛམ་ལྷ་དབུ་དགུ་པ་གནུབས་རང་གི་གཏེར་མ། གཞན་ཡང་དབང་ཁྲིད་ལུང་མན་ངག་ངོ་སྤྲོད་ཕྱག་ལེན་སྔགས་སྡེབས་རླུང་འཁོར་འཆམ་གར་དབྱངས་སོགས་ལོ་གསུམ་གྱི་བར་དུ་བར་མ་ཆད་པར་གནང་བ་རྣམས་གསན། སྒྲུབ་ཆེན་དཀོན་ཅོག་མགོན་པོ་ལ་དམར་ཁྲིད་ཚོམ་བུ་ལུགས། བསྙེན་གནས། སྨྱུང་གནས། དཔལ་མོའི་གཞུང་དྲུག །གྲུབ་རྒྱལ་ལུགས་ཀྱི་ཚེ་སྒྲུབ་སོགས་མང་དུ་པཎ་ཆེན་རིན་པོ་ཆེའི་ཕྱག་ཕྱིར་གསན། དེ་ནས་ཡབ་སྐུ་གྲིབ་ལ་བརྟེན་ནས་དུམ་ཙམ་ཞིག་བསྙེལ་དུས། སྲས་སྐུ་མཆེད་ཐམས་ཅད་ལ་སོ་སོའི་བཞེད་མཐུན་གྱི་ཕྱག་རྫས་གནང་སྦྱིན་མཛད་དེ། ངའི་ལག་གཡོན་དེ་བཞིན་གྱི་གྱིས། དོན་གྲུབ་ཀྱིས་ཀུན་བཟང་འདི་མགོ་ཐོན། དབང་རྒྱས་གྱིས་ལེགས་ལྡན་འདི་སྐྱོངས། རིན་རྡོར་ནི་ལོགས་སུ་ཕྱོགས་གྲུབ་པ་དེར་འདུག་ཅེས་སོགས་སྐུ་མཆེད་སོ་སོར་ལུགས་ཀྱི་བསླབ་བྱ་དང་། ང་ད་ལོ་ཀུན་སྐྱོང་རིན་པོ་ཆེའི་ལུང་བསྟན་སྐེག་ཐོག་ཏུ་སླེབ་འདུག་པས། གལ་སྲིད་མ་འཚོ་ན་བསྟན་པ་སྤྱི་བྱེ་བྲག །ཁྱད་པར་རྙིང་མ་སོ་ཟུར་གནུབས་གསུམ། གཏེར་ཆོས་ཉང་ཆོས་དབང་རྣམས་སུ་བསྟན་པའི་རྩ་ལག་ཐམས་ཅད་འདུས་འདུག་པས་བཀའ་གཞུང་མ་ནུབ་པ་གྱིས། གཏེར་ཆོས་འདི་རྣམས་སྙིགས་མའི་སེམས་ཅན་ལ་དགོངས་པའི་ཟབ་པར་འདུག་པས་མིས་མ་ཚོར་བར་ཉམས་སུ་ལོང་། རྙིང་མའི་སྒྱུ་འཕྲུལ་ཞི་ཁྲོ་ལུས་དང་འདྲ། བཀའ་བརྒྱད་བཀའ་གཏེར་ཡན་ལག་ཉིང་ལག་དང་འདྲ། བླ་མ་ཞི་དྲག་རྣམས་དབང་པོ་ལྔ་དང་འདྲ། རྫོགས་ཆེན་སེམས་ཀློང་དོན་ལྔ་སྣོད་དྲུག་དང་འདྲ། སྙིང་ཐིག་རྣམས་སྙིང་དང་འདྲ། མན་ངག་ཕྲན་བུ་ལས་ཁ་ཚར་རྣམས་ཉིང་ལག་ཕྲན་པོར་དང་འདྲ་བས་སྲོལ་ཤེས་དགོས་པ་ཡིན། བསྙེན་སྒྲུབ་ཡན་ལག་བཞི་སྒལ་ཚིགས་དང་འདྲ་བས་མ་ཉམས་ཤིག །སྤྱི་ཆོས་རྣམས་གཞུང་ཚུགས་དགོས། བཤད་ཆོས་ཚོགས་བཤད་རྣམས་སྤྱིར་ཤོད། སློབ་བཤད་རྣམས་བརྒྱུད་འཛིན་རྣམས་ལ་སྟོན། སྦས་བཤད་རྣམས་སྣོད་ལྡན་རེ་རེ་ཙམ་བརྒྱུད་མ་ཆད་ཙམ་གྱིས། གབ་བཤད་རྣམས་སྤྱི་སྒོས་སུ་གཅེས། དཀྲུགས་བཤད་རྣམས་ལག་ལེན་དུ་འཁྱེར་ཤེས་དགོས། གསང་བའི་བཤད་པ་རྣམས་སྙན་བརྒྱུད་དུ་བསྡེབས་ནས་ངོ་སྤྲོད་ཐེབས་པ་གལ་ཆེ་བ་ཡིན། སྤྱིར་སྡེ་སྣོད་གསུམ། རྒྱུད་སྡེ་དྲུག །ཡོ་ག་གསུམ་རྣམས་ཀྱང་དྲིལ་ན་རྫོགས་ཆེན་དུ་ཐམས་ཅད་འདུ། མར་བསྐྱང་ན་དྲང་ལྡེམ་དུ་ཐམས་ཅད་ཡོད། ཉམས་ལེན་བླ་རྫོགས་ཐུགས་གསུམ་ཡོངས་རྫོགས་དང་བཞིར་འདུས། མཆོག་ཐུན་ལས་ཆེ་ཆུང་མགོན་པོ་དྲེགས་པ་ནོར་ལྷར་འདུ་བ་ཡིན་པས་སྔར་ནས་མང་དུ་སོང་སོང་ལྟར། དཔེ་ལ་ལྟོས། དོན་ལ་སྒོམས། གནད་ལ་ལྟེམས། དཔེ་དོན་རྟགས་གསུམ་གྱིས་སྣང་སྲིད་འཁོར་འདས་གཏན་ལ་འབེབས་པ་ཡིན་པས། རྩ་བ་སོ་ཐར་བྱང་སེམས་སྔགས་གསུམ་གྱི་སྡོམ་པ་དམ་ཚིག་ལས་དུས་ནམ་དུ་ཡང་མ་གཡོས་པ་ཁག་ཆེ། བླ་མར་ཕ་ངན་སློབ་མར་བུ་ངན་མཆེད་གྲོགས་སྤུན་ངན་སོགས་ཀྱི་དཔེར་མ་སོང་བ་གྱིས། དམ་ཚིག་མི་བསྲུང་ན་མི་ཕ་ཕད་ཡིན་ཀྱང་ཆོས་ཕ་ཕད་མིན་པས་དགོངས་མཛོད། ང་ལོ་མཚམས་ཤིག་བྱེད་བུ་སྤུན་སློབ་མས་མཐའ་བརྒྱན་པ་རྣམས། དེ་ལྟར་དགོས་སོ་གསུངས་ཏེ་སྐུ་མཚམས་སུ་བཞུགས། དེ་ནས་ཡབ་ཀྱི་གསུང་ལྟར་ཇོ་ལགས་པཎ་ཆེན་རིན་པོ་ཆེའི་ཕྱག་ཕྱིར་བྱོན་ཏེ། བཀའ་ཆོས་གནང་ཚད་གསན་ཐུགས་དམ་ལ་བརྩོན་པར་མཛད། དྲག་དམར་ལྷ་ལུང་ཕུག་ཏུ་རྡོ་རྗེ་དྲག་པོ་རྩལ་གྱི་དབང་ལུང་ཁྲིད་བཅས། ཆོས་སྤྱོད་ལམ་རིམ་མ་ཏི་ལུགས། ཟླ་རྒྱལ་ལུགས། ས་ལུགས། འབྲུག་ལུགས། ལྕེ་སྒོམ་ལུགས། ཆོས་རྫོང་པའི་བཀའ་འབུམ། ཞང་གི་བཀའ་འབུམ་པོད་བཞི། སྐྱེར་སྒང་ལུགས་ཀྱི་རིགས་གཏད་དཀར་དམར་བློ་སྦྱོང་གི་རིགས་མང་པོ། བཀའ་གདམས་སྐོར། མདོ་དྲན་པ་ཉེར་བཞག །འཛངས་བླུན། སངས་རྒྱས་དྲིན་བསབ། ཏིང་འཛིན་རྒྱལ་པོ། ལང་ཀར་གཤེགས་པ། དཀོན་ཅོག་བརྩེེགས་པ་སོགས་མདོ་མང་པོ་ཏི་བཅུ་བཞི། བླ་མ་གསང་འདུས་ཀྱི་དབང་ཁྲིད་ལུང་སྐོར། བླ་མ་ནོར་བུ་སྐོར་ལྔ། རྡོར་སེམས་སྙིང་ཐིག་སོགས་གསན་པས་ཐུགས་དམ་ལ་བོགས་ཐོན། སྒོ་ལེ་ཁར་གསང་སྔགས་ལམ་རིམ་གྱི་བཤད་ལ་གནང་བས་ཀྱང་ཐུགས་བསྐྱེད་ཐོན། དེ་ནས་རྡོ་རྗེ་དྲག་པོ་རྩལ་སྔོན་པོའི་བསྙེན་སྒྲུབ་ཟླ་བ་གསུམ་མཛད་པའི་སྔོན་འགྲོ་ཡིག་བརྒྱ་ཁྲི་ཚོ་གཅིག་སོང་བའི་ནུབ། རྡོ་རྗེ་དྲག་པོ་རྩལ་དཀར་པོ་མི་ཚང་གཅིག་མདུན་གྱི་གྱང་ལོགས་ལ་གསལ་ལེར་གཟིགས་པ་འདི་དག་སྣང་གི་ཐོག་མ་ཡིན། དེ་ལ། ཨེ་མ་ཧོ། རྣམ་དག་ཆོས་དབྱིངས་ཕོ་བྲང་ལ། ཞེས་སོགས་ཀྱི་གསོལ་འདེབས་ཚིགས་བཅད་མཛད་ནས་ལྷ་དང་བདག་བསྲེས་ཏེ་མཉམ་པར་གཞག་པས་ཞག་བདུན་དུ་བཟའ་བཏུང་གི་སྤྲོས་པ་མེད་པར་རྟོག་མེད་ཀྱི་ཏིང་འཛིན་ལ་གནས་པ་བྱུང་། དངོས་གཞིའི་དུས་སུ་ཐུགས་ཉམས་ལ་ལུས་མེད་ནམ་མཁའ་ཡིན་སྙམ་པ་སོགས་དུ་མ་བྱུང་། དེ་ནས་ཉིན་ཕ་ཝོང་གི་དུར་ཁྲོད་དུ་ནོར་བུ་སྐོར་ལྔའི་བསྙེན་སྒྲུབ་ཟླ་བ་བཞིར་གནང་བས་ཕྱི་སྒྲུབ་དུས་སུ་སྙིང་རྗེ་ཕྱོགས་མེད་དུ་ཤར། ནང་སྒྲུབ་དུས་སུ་སྣང་སྲིད་དག་སྣང་དུ་ཤར། གསང་སྒྲུབ་དུས་སུ་མདུན་གྱི་ནམ་མཁར་བླ་མ་ཐོད་ཕྲེང་རྩལ་མཁའ་འགྲོ་བཞིས་བསྐོར་བའི་ཞལ་གཟིགས་ཤིང་། གསལ་ཉམས་དེ་ཞག་གསུམ་གྱིས་བར་བྱུང་བས། ན་མོ་དངས་པའི་མཁའ་ལ་པད་སྡོང་འོད་ལྷའི་དབུས། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། འོད་ལྔར་སྤུང་ངེ་ཞུ་ནས་སྒྲུབ་རྟེན་ལ་ཐིམ་པ་བྱུང་། ཡང་གསང་སྒྲུབ་པའི་གནས་སུ་ཨུ་རྒྱན་ང་རང་ཡིན་དགོངས་པའི་ཐུགས་ཉམས་ཆེར་འུར་བ་དང་། མཚན་ལམ་དུ་སྒྲུབ་ཁང་གི་རི་ལ་སོགས་དཔེ་ཆས་གང་ཞིག་རུས་རྒྱན་དང་བཅས་གར་བྱེད་པའི་རང་ནས་ནམ་མཁའ་ཨུ་རྒྱན་ཕྱི་སྒྲུབ་ཀྱི་སྐུ་ལ་དཔའ་བོ་མཁའ་འགྲོ་མང་བོས་བསྐོར་བ་འོད་ལྔའི་གུར་ནས་གར་སྟབས་བསྒྱུར་ཞིང་། བུ་ལྟོས་ཤིག་ལྟོས་ཤིག་ཡར་ལ་ལྟོས། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་ལན་གསུམ་གསུངས་ཏེ་ནམ་མཁའ་ཐིམ་པ་དང་གླེགས་བམ་གྱི་དབུས་སུ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་བྱུང་། དེ་ནས་བོགས་འདོན་ལ་རི་ཁྲོད་དུ་ཕེབས་བཞེད་ཅིང་དགོན་པར་ཆས་ཀ་བླངས་ན་ཚོར་དོགས་ཨ་ཅེ་ཐུགས་རྗེ་ལ་ཆས་བླངས་བྱས་པས་སྲན་མ་ཚོམ་པ་ཞིག་ཕུལ་བ་ཀ་ལི་གང་བསྣམས་ཏེ་ཟླ་གཅིག་བར་ཞག་རེ་ལ་སྲན་རྡོག་སུམ་ཅུ་པ་རེ་དང་། ཆུ་ཀ་པཱ་ལི་རེ་མ་གཏོགས་གཞན་བཟའ་བཏུང་གང་ཡང་མེད་པར་རི་ཁྲོད་ཀུན་ཏུ་བྱོན་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་མང་དུ་མཛད་སྐབས། ཇོ་ལག་པཎ་ཆེན་གྱིས་འབོད་མི་གནང་བར་བརྟེན། མ་དགོན་དུ་བྱོན་པས་དགེ་སྦྱོར་འཕེལ་ལམ། ཟླ་བ་དུ་སོང་ཁར་སོང་ནས་རི་ཁྲོད་ལ་ཕྱིན་ནམ། སྔོན་ལ་གཞེས་ལེན་ཅིག་བྱེད། དེ་ནས་ཉམས་རྟོགས་ཤིག་ཕུལ་གསུངས་ཏེ་ཚོགས་རྫས་ཀ་ཊོ་ར་གང་གནང་བ། ལས་བྱང་ནོར་བུ་པད་ཕྲེང་ཚར་གཅིག་གི་ཐོག་ནས་ཚོགས་འཁོར་རྣམས་བཞེས་པས། པཎ་ཆེན་གྱི་གསུངས་ནས། བུ་རྟེན་འབྲེལ་བཟང་ན་ནིང་ཐུགས་སྒྲུབ་ཀྱི་དུས་དགོང་གཏོར་ཞིག་སྦྱིན་པ་གཏོར་ཆུ་དེ་ཕོ་སོང་བས་ད་རེས་འཚོ་བ་དཀོན་པ་དེའི་རྟེན་འབྲེལ་ཡིན། ད་ལན་སྒྲུབ་ཆས་ཆ་ཙམ་འབྱུང་བ་འདུག །ད་དགེ་སྦྱོར་ལ་ཉམས་མྱོང་ཇི་ལྟར་བྱུང་གསུངས་པ་ལ། མགུར་དབྱངས་ཀྱི་ཐོག་མ་འདི་ལྟར་ཕུལ་བ། རྗེ་དུས་གསུམ་སངས་རྒྱས་ངོ་བོ་ཉིད། ཨུ་རྒྱན་བརྒྱུད་པར་བཅས་ལ་འདུད། དང་པོ་དལ་འབྱོར་གྱི་ལུས་ཐོབ་འདི། བཅུད་དང་ལྡན་པས་ས་གཞི་འདྲ། །ཞེས་སོགས་ནས། མི་སྨྱོན་བདག་གི་ཉམས་འབུལ་ལགས། །ཡིན་ཐོག་ཁེལ་ན་དབུགས་དབྱུང་དང་། །ལོག་འཁྲུལ་མཆིས་ན་གེགས་སེལ་ཞུ། །གྲག་སྟོང་མཆོད་སྤྲིན་རྗེ་ལ་འབུལ། །དམིགས་མེད་དགེ་རྩ་འགྲོ་དོན་བསྔོ། །ཞེས་པའི་བར་མགུར་དུ་ཕུལ་བས། པཎ་ཆེན་གྱི་གསུང་ནས། དེ་རྣམས་སྔགས་ལུགས་ཀྱི་རིམ་སྐྱེས་པའི་ཉམས་གོ་ཡུལ་དུ་མ་ལུས་པར་བྱུང་འདུག །ད་དུང་དེང་སང་དགོན་པ་གོང་དུ་སྡོད་ལ་དགེ་སྦྱོར་སྐྱོངས། སྐབས་སུ་བློ་སྦྱོངས་ཀྱང་རྒྱུད་སྡེ་འདྲ་ལ་གྱིས། དབང་ཕྱུག་རྒྱལ་མཚན་གྱིས་མཚམས་ཀྱི་གྲོགས་ཀྱང་མཛོད། ང་བྲག་དམར་ལ་ཞག་ཤས་འགྲོ་གསུངས། དེ་ནས་དབང་ཕྱུག་རྒྱལ་མཚན་ལ་མཛེ་བྱུང་བའི་དམིགས་སྐྱོར་དང་སྦྲགས་སྐུ་མཚམས་དམ་དུ་མཛད་དེ་བླ་མ་ཞི་དྲག་གི་བསྙེན་སྒྲུབ་ལ་གཙོ་བོར་མཛད། ཟླ་བ་ལྔ་ཙམ་ནས་དཔོན་སློབ་གཉིས་སྐུ་ཆས་རྣམས་ཟད་དེ་སྐྱེལ་མི་ཡང་མ་བྱུང་བས། ཨ་ནེ་སྦྱིན་བཟང་ལ་ཉུང་མ་བྲེལ་བཅོ་ལྔ་བླངས་ཏེ། ཅོང་ཞི་བརྡུངས་ཉུང་མ་བཙོས་པ་དང་བསྲེས་ཏེ་ཉིན་རེ་ལ་དཔོན་སློབ་གཉིས་ཀས་བཞེས་ཅན་རེ་གསོལ་ཞིང་། དེ་ལ་བརྟེན་ནས་ཟླ་གཅིག་སོང་བ་དང་ཁོ་རྩམ་པ་བསྐྱལ་འདུག་ཀྱང་། རྗེ་འདིས་དཀའ་ཐུབ་ཁོ་ན་ལ་བརྟེན་ནས་ཐོག་མར་མེ་ཏོག་རིལ་བུ་དུ་མ་ཙམ་རེ་གསོལ། དེ་ནས་ཉི་མ་རེ་ལ་ཉུང་སྲེག་རྡོག་པོ་རེ་ཙམ་གསོལ་ཞིང་བཞུགས་པས་ཟླ་བ་བརྒྱད་ནས་གྲོགས་པོའི་མཛེ་ཡང་སོས། དེ་ནས་སྐུ་མཚམས་གྲོལ་ཏེ་པཎ་ཆེན་རིན་པོ་ཆེར་ཉང་ལུགས་བྲག་དམར་སྐོར། རྟ་མགྲིན་བདེ་འདུས། ཕྱག་རྡོར་ཨུ་ཙ། གཏུམ་པོ་སོགས་གསན། དེའི་ཚེ་ཡབ་རྗེ་དམ་པའི་ལོ་མཚམས་ཀྱང་གྲོལ་ནས་ཞབས་དྲུང་དུ་ཕྱིན་པས། སྤྱན་ཧུར་རེ་གཟིགས་ཏེ་ཕྱག་གིས་བཟུང་ནས། བྱིས་པ་འདི་བྱས་ཆོག་པའི་བསླབ་སྦྱངས་མི་བྱེད་པར། སྨྱོན་པ་དབང་རྒྱལ་དང་འདི་གཉིས་རེས་རི་ལ་འགྲོ། རེས་ཀླུངས་ལ་འགྲོ། རེས་སྨྱོས། རེས་འབོག །ངེད་ཀྱི་མི་བརྒྱུད་ནས་བུད་པ་གཉིས་འདུག་གསུངས་ཏེ། ཞབས་སྦུབ་ཏུ་བརྡབས། གན་རྐྱལ་དུ་བསྒྱེལ། ཞལ་འགྲམ་ལ་ལན་གསུམ་དུ་ཕྱག་འབེབས་དང་བཀའ་བཀྱོན་མང་དུ་གནང་བས། ཡབ་ལ་ཆེར་གྱིས་གཟིགས་པས། ཡབ་རྗེ་དམ་པ་ཉིད་དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་ཐོག་ཁྲག་འཛིན་པ་དུར་ཁྲོད་ཀྱི་ཆས་ལྡན་རྡོ་རྗེའི་གཤོག་པ་གདེངས་པ་ཞིག་ཏུ་སྔོ་ལམ་མེ་གཟིགས། སྐུ་ལུས་ཀྱི་ཟུག་རྣམས་བདེ་བར་ཤར། ད་དུང་བཀའ་བཀྱོན་ཕྱག་འབེབས་དེ་ལས་ལྷག་པ་བྱུང་ན་དངོས་གྲུབ་ཏུ་འབྱུང་བར་འདུག་པ་ལ་དགོངས་ཏེ་ཕྱག་འཚལ་ཏེ་ཕྱིར་ཕེབས་པས། ཇོ་ལགས་དེ་བཞིན་གྱིས། ཁ་སིང་ནས་མཚམས་མི་བྱེད་པར་ཅི་བྱེད་འདི་བྱེད་མེད་པ་བྱེད་འདུག་ཟེར། དེ་འདྲ་མ་བྱེད་པར་ཡང་ན་འདི་གང་སྡོད་ལ་སློབ་གཉེར་གྱིས། ཡང་ན་པཎ་ཆེན་གྱི་ཕྱག་ཕྱིར་སོང་ཡོན་ཏན་མཐིལ་ཕྱིན་པ་སློབས་ཤིག་གསུངས། དེ་ནས་ཡབ་ཞབས་སྐོར་མཛད་པའི་གྱང་ལོགས་ལ་འདི་ལྟར་བྲིས་ཏེ། ན་མོ། དྲིན་ཅན་གྱི་ཕ་མ་བཀའ་དྲིན་ཅན། །དལ་འབྱོར་བསྐྲུན་པའི་ཐབས་མཁས་པོ། །བཀའ་ལུང་དང་མན་ངག་གནང་བའི་རྗེ། །མི་ཤེས་ལ་བསླབས་པའི་ཐུགས་རྗེ་ཅན། །ཁོ་བོ་གཏད་མེད་ཀྱི་སྨྱོན་པ་ངས། །ཉིན་མཚན་གཉིས་སུ་བསམས་ཙ་ན། །ཞེས་སོགས་མང་བར་ཚིགས་སུ་བཅད་པའི་མཐར། དུས་ད་རེས་འཁྲུལ་ཚད་འདོན་པའི་ཕྱིར། །གང་ཤར་གྱི་སྤྱོད་པ་སྐྱོང་བ་ལ། །ཐུགས་དགོངས་པར་འགལ་བ་མཐོལ་ཞིང་བཤགས། །ཞེས་སོགས་གྱང་ལ་སྦྱར་ཏེ་པཎ་ཆེན་རིན་པོ་ཆེའི་སྐུ་དྲུང་དུ་བྱོན་ནས། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་འཁོར་བ་དོང་སྤྲུགས་རྣམས་ཀྱི་བཀའ་ལུང་བཤད་པ་དང་བཅས་པ་གསན། དེ་ནས་པཎ་ཆེན་རིན་པོ་ཆེ་རྒྱལ་སར་བྱོན་ཏེ། སྔགས་འཆང་ཤཱཀྱ་བཟང་པོ་དང་མཇལ་ཏེ་ཕྱིར་བྱོན་ནས་གཅུང་ལེགས་ལྡན་ཞབས་ལ། ད་རེས་ཕྱིན་པ་ལ་དོན་བྱུང་། འཁྲུངས་ཡུལ་དྲང་པོ་བ་མཚན་ཤཱཀྱ་བཟང་པོ་ཟེར་བ་དང་མཇལ། ཆོས་འདི་འདྲ་བ་བསྣམས་འདུག་གསུངས། ཐུགས་རྗེ་ཆེན་པོ་དང་རིག་འཛིན་གདུང་སྒྲུབ་སྐོར་བསྣམས་འདུག་པ་གཟིགས་པས། སྐུ་ལ་འདར་ཆུང་དང་། གསུང་ལ་བརྗོད་མེད། ཐུགས་ལ་རྟོགས་མེད་ཀྱི་བདེ་ཉམས་དཔག་མེད་འཁྲུངས་ཏེ་བདག་མཇལ་བར་ཕྱིན་ཨེ་ཆོག་ཞུས་པས། ཁྱོད་རང་ཤོག་བུ་ཐུལ་ནས་དཔེ་བྲིས། བྲིས་ཚར་བ་དང་དབང་ལུང་ཞུ་བ་དང་བསྒྲགས་ཏེ་འགྲོ་གསུངས། དེ་ནས་ཞག་བཅུ་གཅིག་སོང་བ་དང་སྐུ་མཆེད་ལྷན་དུ་བྱོན་ནས་མཇལ། སྐུ་གཟིགས་པ་ཙམ་གྱིས་བདེ་སྟོང་གི་ཉམས་སུ་སོང་། ཐུགས་རྗེ་ཆེན་པོ། རིག་འཛིན་གདུང་སྒྲུབ། བདེ་འདུས་རྩ་དབང་། ཚེ་སྒྲུབ་འོད་ཟེར་དྲ་བ། རྟ་མགྲིན་ཉང་ལུགས་ལྕགས་རལ་ཅན། ཁོ་རང་གི་རྣམ་ཐར་ལུང་བསྟན་མཆོད་རྟེན་དམར་པོའི་གཏེར་མ། གསོལ་འདེབས་ལེའུ་བདུན་སོགས་གསན། རྗེ་དྲང་པོ་བལ་ཡུལ་དུ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཞིག་གསོ་ལ་བྱོན་པའི་ཞབས་ཕྱིར་འབྱོན་བཞེད་ཀྱང་མ་ནུས་པར་ཕྱིར་བྱོན། པཎ་ཆེན་པོ་ཏ་ལར་སྐུ་མཚམས་མཛད། ཡབ་རྗེ་འཇམ་དབྱངས་ཆེན་པོ་གཉེན་ས་བརྒྱ་རྩ་འགྲིམ་པའི་ཞབས་ཕྱིར་བྱོན་ནས། སྡུད་པ། ཤེར་སྙིང་། འདའ་ཀ་ཡེ་ཤེས། ཨ་གཅག་མ། ཨཱརྻ་དེ་ཝའི་ཚིགས་བཅད་ཆེ་ཆུང་སོགས་གཅོད་སྐོར་མང་དུ་གསན། བྱ་བྲལ་བསོད་ནམས་སེང་གེའི་རི་ཆོས་དགོས་པ་ཀུན་འབྱུང་ལ་གཞུང་ཁྲིད་མཛད་དེ་ཟླ་བ་གསུམ་གྱི་བར་ཡབ་དང་ལྷན་དུ་གཉན་ས་བརྒྱ་རྩ་འགྲིམས་ཏེ། ཆུ་མིག །ལ་བཙན། ཤིང་སྡོང་། ལྷ་ཐོ། ལམ་མདོ་སོགས་ཀུན་ཏུ་བྱོན་པས་བསྙེམས་ཐག་ཆོད་ཅིང་བོག །ཐོན་དགུ་ན་ཡབ་ལས་སླར་ཡང་འོད་གསལ་གསང་སྐོར་རྣམས་ཚང་བར་གསན། དེའི་ཚེ་ཡབ་ཀྱིས་སྤྱན་འབྲུ་ཚུགས་སུ་གཟིགས་ཏེ། གྱང་ལོགས་ལ་ཡི་གེ་དག་མ་ཉུང་བ་ཞིག་བྲིས་འདུག་སྟེ། བྱ་རྒན་གྱི་སྤུ་འཐོག་རན་བྱ་བ་ལགས། ལག་མགོ་ཟན་ནས་དཔུང་པ་ལ་བབ་པ་ཡིན་པས། ཆེན་པོ་གསུམ་གྱི་སྒྲོ་འདོགས་ད་རེས་ཆོད་དགོས་པས་གང་བྱུང་མ་བྱེད་པར་བསྒོམས་ལ། དཔེ་དོན་རྟགས་གསུམ་དང་མི་འགལ་བའི་དྲི་བ་འབུལ་རྒྱུ་ཡོད་པ་མཛོད་ཅིག་གསུངས་པས། བཀའ་ལུང་དེ་རང་དོན་ཁོ་ན་ཡིན་སྙམ་བསྒོམས་པས་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས་ཏེ། རྒྱུ་མཚན་ཞིབ་པར་ཡབ་ཀྱི་དྲུང་དུ་ཞུས་པས། ཆོས་ལ་གོ་བ་ཆགས་ཙམ་ཡིན་ད་རུང་འབུང་ལ་བསྒོམས། དམ་ཚིག་དང་སྡོམ་པ་མ་ཉམས་ན་དཔའ་བོ་མཁའ་འགྲོས་བྱིན་གྱིས་བརླབས་པ་ཡིན་གསུངས། ལར་མི་སྨྱོན་ལ་ཆོས་འགོ་ཟེར་བ་བདེན་པར་འདུག་གསུངས། དེ་ནས་གྲོལ་སྟོན་གྱི་ཚོགས་གྲལ་དུ་རྟོགས་པའི་མགུར་ཕུལ། དཔོན་སློབ་རྣམས་གློ་བོ་སྡེ་བདག་གི་སྐུ་རིམ་དུ་འབྱོན་པའི་འཆམ་སྤྱོངས་མཛད་པས། ཞག་བཅུ་གསུམ་ལ་དམ་ཅན་སྤྱི་འཆམ་རྣམས་མཁྱེན། དཔོན་སློབ་རྣམས་ལ་བསྙེན་བཀུར་ཞིག་བྱུང་བའི་ཚོགས་གྲདུལ་་མནལ་དུམ་ཙམ་བྱུང་སྐབས། སྔར་ནས་ཡང་ཡང་ཡོང་བའི་བུད་མེད་སྨུག་མོ་དེ་བྱུང་ནས། བུ་ཁོ་དེ་གསང་སྔགས་ཟབ་མོའི་ཉེ་ལམ་ལ་བརྟེན་ནས་ཚེ་གཅིག་འཚང་རྒྱ་བའི་ཕྱིར་ཟབ་མོའི་གདམས་པ་ཉམས་སུ་ལོང་། རྡོ་རྗེ་ལུས་ཀྱི་གར་སྟབས་ཀྱིས། དཔའ་བོ་མཁའ་འགྲོ་མ་དགྱེས་ན། འགྲོ་བ་དགའ་བའི་ལུས་རྩེད་ཀྱིས། དལ་འབྱོར་སྟོང་ཟད་མ་བྱེད་པར། དེང་སང་ཆོ་འཕྲུལ་ཆེན་པོ་ལ། ཐུགས་རྗེ་ཆེན་པོ་སྒྲུབས་ཤིག་ཨང་། ཟེར་བ་བྱུང་བས། དཔའ་བོ་མཁའ་འགྲོ་མ་མཉེས་ཚར། ད་ནས་འཆམ་མི་བྱེད་དགོངས་ཏེ་དགོན་པར་བྱོན་ནས་གཟིམས་ཁང་འོག་མའི་སྟེང་དུ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་བསྙེན་པ་ངག་མཚམས་ལ་ཞུགས། ཚེས་བཅོ་ལྔའི་ནུབ་མོ་མཚན་ཐོག་ཐག་གི་དགེ་སྦྱོར་མཛད་པས། ཐོ་རངས་དྲིན་ཅན་དྲང་པོ་སྤྲུལ་སྐུ་ཆེན་པོའི་སྐུ་མཐོ་ཚད་ཙམ་འོད་ཟེར་འཕྲོ་བ་ཞིག་མདུན་གྱི་ནམ་མཁའ་འོད་ལྔའི་ཀློང་ན་བཞུགས་ཏེ་ཞལ་གདམས་འགའ་གསུངས་ཏེ་ཡལ་ཁར་ཐུགས་རྗེ་ཆེན་པོའི་རྣམ་པར་ལམ་གྱུར་ཏེ་སོང་བ་བྱུང་བས་མགུར་བཞེས་ཤིང་། ཁ་སྐོང་སྦྱིན་སྲེག་ཀྱང་གྲུབ་ནས་སྐུ་མཚམས་གྲོལ་ཏེ་པཎ་ཆེན་དྲུང་དུ་བྱོན་ནས་ཆོས་གསན། དྲུང་ཡིག་ལྷ་མཆོག་སེང་གེར་ཕྱག་བྲིས་ལེགས་པ་ཞིག་སློབ་དགོངས་ཉིན་ཅིག་ཕྱག་བྱས་གནང་བར་རྩམས་པ་ལ། ང་དེ་རིང་ཤི་ན་ཡི་གེས་ཅི་བྱེད་དགོངས་ཏེ་དེའི་ཚབ་ཏུ་ཡིག་བརྒྱ་བརྒྱ་རེ་འདྲེན་པའི་དམ་བཅའ་མཛད་དེ། རི་སྒང་ཞིག་ཏུ་ཡིག་བརྒྱ་འདྲེན་ཞིང་བཞུགས་པས། ཌཱ་མ་རུའི་སྒྲ་ཞིག་བྱུང་སྟེ་གཟིགས་པས། ཕྲག་པ་ཅན་གྱི་ནམ་མཁའ་ལ་ཨ་མ་ལབ་སྒྲོན་ལ་སྟེང་ན་དམ་པ་སངས་རྒྱས། མདུན་དུ་བསོད་ནམས་བླ་མ། གཡས་སུ་ཁུ་སྒོམ། གཡོན་དུ་ཐོད་པ་དོན་གྲུབ། རྒྱབ་ན་འཇམ་དབྱངས་བླ་མ་རྣམས་མི་ཚད་ཙམ་འོད་ཕུང་དེ་འདུག་པ་གཟིགས་དབྱིངས་རིག་བསྲེས་ཏེ་ཕཊཿགསུམ་རྒྱབ་པས། གཙོ་འཁོར་ཐམས་ཅད་འོད་དུ་ཞུ་ནས་ཐིམ་པའི་ཉམས་ཤར་བས་ཉིན་ཞག་གཅིག་གཏད་མེད་དུ་སོང་། དེ་ནས་པོ་ཏ་ལར་པཎ་ཆེན་རིན་པོ་ཆེ་དང་ལྷན་དུ་བཞུགས་ཏེ་དབང་ལུང་བསམ་གྱིས་མི་ཁྱབ་པ་གསན། གློ་བོ་མཁན་ཆེན་ལ་ཇོ་བོའི་ཆོས་འབྱུང་བརྒྱ་རྩ། སྒྲུབ་ཐབས་བརྒྱ་རྩ། རྣམ་འཇོམས་མ་ཎི་པཛྲ་ལུགས། བསྣུར་ལུགས། བིར་ལུགས་རྣམས་གསན་ཅིང་། མཁན་ཆེན་བསོད་ནམས་ལྷུན་གྲུབ་དེ་ཉིད་ལས་དགེ་ཚུལ་དུ་སྒྲུབ་པར་མཛད། མཁན་ཆེན་དཀོན་ཅོག་ཆོས་སྐྱབས་ལ་བདེ་མཆོག་ནག་པོ་ལུགས་ཀྱི་སྐོར་གསན། པཎ་ཆེན་རིན་པོ་ཆེ་པུ་རོང་དུ་གུ་གེ་པཎ་ཆེན་ལ་སྒྲའི་དོགས་གཅོད་དང་ཆོས་གསན་པར་ཕེབས་ཤུལ་ཟླ་བ་དྲུག་གི་རིང་རི་ཁྲོད་དུ་དགེ་སྦྱོར་ཁོ་ན་མཛད། དགུན་ཟླ་གསུམ་གྱི་རིང་ཡུམ་དང་ལྷན་དུ་སྒོ་ལེ་ཁར་བླ་མ་རིག་འཛིན་གདུང་སྒྲུབ་ཀྱི་ཕྱི་ནང་གསང་བའི་བསྙེན་པ་མཛད་དུས་དག་སྣང་དང་ལུང་བསྟན་དཔག་མེད་བྱུང་ཞིང་། ཁྱད་པར་ཁྱེའུ་ཞིག་གིས་སྦས་ཡུལ་དང་ཟབ་གཏེར་གྱི་ཁ་བྱང་སོགས་ཡོད་ཚུལ། སྐྱེ་བ་གསུམ་བརྒྱུད་ནས་འཆི་མེད་ཀྱི་སྐུ་ཐོབ་ཚུལ། འགྲོ་དོན་འབྱུང་ཚུལ་སོགས་རྒྱས་པར་གསུངས་པའི་མཐར་ཨུ་རྒྱན་ཆེན་པོ་ཞལ་གྱིས་བཞེས་ཏེ་སྐུ་ལ་ཐིམ་པ་སོགས་ངོ་མཚར་མང་དུ་བྱུང་། དེ་ནས་སྐྱིད་གྲོང་ཕྱོགས་སུ་གནས་གཟིགས་ལ་ཕེབས། མངའ་རིས་རྫོང་དཀར་དུ་ཇོ་ལགས་པཎ་ཆེན་རིན་པོ་ཆེ་དང་སྔགས་འཆང་ཤཱཀྱ་བཟང་པོ་གཉིས་བཞུགས་པ་དང་མཇལ། ཇོ་བོའི་དྲུང་དུ་ཕྱག་སྐོར་སྨོན་ལམ་མཛད། བྱམས་སྤྲིན་སོགས་གནས་རྣམས་ཞིབ་པར་མཇལ། རི་བོ་དཔལ་འབར་དུ་ཕེབས་བཞེད་ཀྱང་གྲོགས་སྟོབས་ཀྱིས་མ་ཐུབ། བྱང་ཆུབ་རྫོང་། རྡོ་རྗེ་རྫོང་གྲིབ་མ་རྫོང་རྣམས་མཇལ་དུ་ཐུགས་ཉམས་འུར། སླར་རྫོང་དཀར་དུ་ཕེབས་ནས་རྗེ་དྲང་པོ་བ་ལ་བདེ་མཆོག་དཀར་པོ། ལྷན་སྐྱེས་སྔོན་པོ། དུར་ཁྲོད་བདག་པོ། རྨེ་བརྩེགས་སོགས་ཚེ་བརྟན་རྒྱལ་མཚན་པའི་གཏེར་ཁ། བྱང་གཏེར་བཀའ་བརྒྱད་ཐོར་བུ་སོགས་གསན་ནས་གློ་བོར་ཕེབས། པཎ་ཆེན་རིན་པོ་ཆེའི་གཅོད་རྒྱལ་ཐང་ལུགས་ཉམས་ཁྲིད་དུ་གནང་ཞིང་། གཉན་ཁྲོད་བརྒྱ་རྩ་མཛད་པས་ཚར་ལྷོངས་ཐམས་ཅད་འགྲིག །པཎ་ཆེན་གྱི་ཕྱག་ཕྱིར་རིན་པོ་ཆེ་ནམ་མཁའ་ཤེས་རབ་ལ་ནི་གུའི་སྐོར་རྣམས་གསན། པཎ་ཆེན་ཉིད་ལ་ཆོས་དབང་ལུགས་ཀྱི་ནཱ་ག་རཀྴའི་སྐོར་གསན་ཏེ་ནུབ་ཅིག་ཐུགས་དམ་མཛད་པས་སྐུ་ལ་དམ་ཚིག་གི་ཕྱག་རྒྱ་དང་ཐུགས་ལ་ཡེ་ཤེས་ཀྱི་ཕྱག་རྒྱས་ཐེབས། བྱང་གཏེར་སྒྲུབ་སྐོར་གསུམ་དང་མ་ཎི་བཀའ་འབུམ་སོགས་མང་དུ་གསན། དབྱར་སྨད་ཧོར་གཉེན་ཆེན་པོ་བྱུང་བས་སྣེ་ཤང་ཕྱོགས་སུ་ཕེབས་པས་ལམ་དུ་འབྲུམ་ནད་བྱུང་ཡང་གཅོད་དམིགས་ཁོ་ནས་སྨན་དཔྱད་རིམ་གྲོོ་ཀུན་གྱི་གོ་ཆོད་དེ་སྙུན་ལས་གྲོལ། རིན་པོ་ཆེ་ནམ་མཁའ་ཤེས་རབ་ལ་མཁའ་འགྲོ་སྙིང་ཐིག་གསན། པཎ་ཆེན་གྱི་གློ་བོ་མཁན་ཆེན་དྲུང་དུ་ལོ་ཤས་སྡོད་གསུངས་པའི་བཀའ་མ་ཆོག་པར་ཕེབས་ཀྱང་བཞུགས་མ་འདོད་པར་ཕྱིར་ཕེབས། རི་ཁྲོད་ཞིག་ལ་ཕེབས་བཞེད་དེ་ཡུམ་ལ་ཞུས་པས་རེ་ཞིག་སྡོད་ལ་ཡབ་ཀྱི་དྲུང་དུ་སྒྲོ་འདོགས་འདྲ་ཆོད་གསུང་སྟེ་རེ་ཞིག་བཞུགས་པའི་བར་ལ་པཎ་ཆེན་རིན་པོ་ཆེས་བླ་མ་བཅུ་གཅིག་ཙམ་གྱིས་གཙོས་མི་ཉེར་ལྔ་ལ་ཆོས་དབང་གི་བླ་མ་གསང་འདུས་ཐམས་ཅད་ཐེམས་ཅན་ཐེམས་མེད། དོང་སྤྲུག །ཐུགས་རྗེ་ཆེན་པོ། མ་ནིང་། ཕྱག་བཞི། རྣམ་སྲས། བདེ་མཆོག །སྨན་བླ་སོགས་གནང་བའི་ཞོར་ཆོས་གསན། བསྟན་པ་སྤྱི་རིམ་དུ་འདུས་པ་བཅུ་གསུམ་གྱི་མདོ་བརྒྱད། དོང་སྤྲུག་བརྒྱ་རྩ། བསྐང་བརྒྱ། བཟློག་མནན་བརྒྱ་རྩ་རྣམས་ཟླ་བ་གསུམ་གྱི་བར་དུ་མཛད། ཧོར་གྱི་ཁ་གནོན་རིག་འཛིན་བརྒྱད་ཀྱི་རྡོ་ལྷ་བཞེངས་བ་སོགས་མཛད། སླར་ཡང་ཡབ་རྗེ་དམ་པ་ལ་འདུས་པ་མདོ་དབང་ཡོངས་སུ་རྫོགས་པ་ཚར་གཅིག་གསན་ཅིང་། སྒྱུ་འཕྲུལ་ཞི་ཁྲོ། ཚེ་བདག །ཁྲོ་འདུས། གསང་རྫོགས། །གཤེད་དམར། མདོ་མགོན་ལྗང་སྔོན་དྲག་པོ་སོགས་བཀའ་ལུང་གི་ལྷག་མ་རྣམས་དང་། མདོ་རྒྱུད་བསྐྱེད་རྫོགས་དབང་ཁྲིད་ཞལ་གདམས། བསྙེན་བརྒྱུད་ཕྲ་མོ་རྣམས་ཀྱང་དགྱེས་བཞིན་དུ་གནང་སྟེ། ཡབ་ཀྱི་བཀའ་ལས། ཆོས་ལྷག་རྣམས་མ་ལུས་པར་སོང་ངོ་། །མི་རེས་བབས་པའི་དུས་ཡོང་བས། །ཆོས་མདུན་ཡང་མ་ལྷོད་པར་འདུག་པས་བཤད་སྒྲུབ་ལ་འབུངས། ཞེས་དང་། རིགས་བརྒྱུད་འཛིན་དགོས་པའི་བསླབ་བྱ་སོགས་རྒྱས་པར་གནང་བའི་མཐར་ཁབ་བཞེས་དགོས་ཚུལ་དང་ཇོ་མོའི་འདམ་ཁ་སོགས་ལུང་དང་འབྲེལ་བའི་བསླབ་སྟོན་གནང་ཡང་ཁབ་བཞེས་མཛད་པའི་ཞལ་ལེན་མ་ཕུལ་ཞིང་། ཆོས་ཐམས་ཅད་ཀྱི་གནད་གར་འདུས། ལམ་གར་བསྡུས། འཕྲང་གར་བསལ། བོགས་གང་གིས་འདོན། ཉམས་ཇི་ལྟར་སྐྱོང་། གཞུང་གང་བཟང་། གནད་གང་ཆེ། ཐག་གར་བཅད། ལ་གར་ཟླ། དུས་གང་ཙམ་ཡིན། ཚེ་གང་ཙམ་ཐུབ། གདུལ་བྱ་གར་ཕྱོགས་སུ་ཡོང་། གདུལ་བྱ་དུ་ཙམ་སྨིན། ཞིང་ཁམས་གང་དུ་འགྲོ། ཡབ་ཚེ་ཚད་དུ་བཞུགས། ཞིང་ཁམས་གང་དུ་འབྱོན། སྐྱེ་བ་དུར་མཇལ་ཞུས་པས། ཡབ་ཀྱི་ཞལ་ནས། བུ་ཁོ་དེ། ཆོས་ཐམས་ཅད་ཀྱི་གནད་ལྟ་བར་འདུས། ལམ་སྒོམ་པར་འདུས། འཕྲང་མན་ངག་གིས་བསལ། བོགས་སྤྱོད་པས་འདོན། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། གཞུང་རྒྱུད་སྡེ་བཟང་། གནད་བྱང་ཆུབ་ཀྱི་སེམས་ཆེ། ཐག་ལྟ་བར་བཅད། ལ་ངོ་སྤྲོད་ཀྱིས་བཟླ། འགྲོ་དོན་ལམ་རིམ་མ་ནོར་བར་གྱིས། དུས་རང་འདོད་ཟས་དུས་ཡིན། ཚེ་ཕ་བུ་མཉམ། གདུལ་བྱའི་ཡུལ་ངེས་པ་མེད། སློབ་མ་སྔགས་བཙུན་སྟོང་ཕྲག་ཙམ་ལ་འབྲེལ་པ་འཇོག །སྨིན་གྲོལ་ལམ་སྣ་ཟིན་ངེས་བརྒྱ་ལས་མི་འབྱུང་། ཕྲ་མོ་རིགས་འདུས་ཁྲི་ཕྲག་གསུམ་ལ་དཀར་པོའི་ལས་འབྲེལ་འཇོག །དྲག་པོ་མངོན་སྤྱོད་ཀྱི་འབྲེལ་པ་ཡང་མང་དུ་འབྱུང་། ཞིང་ཁམས་སྐྱེ་བ་འགའ་ནས་ལས་རབ་གྲུབ་པའི་ཞིང་དུ་བྱོན། ང་ཚེ་ཚད་བརྒྱད་ཅུ་གྱ་བཞིའམ་བརྒྱ་དང་བཅུ་གསུམ་ནས་ཀུན་ཏུ་བཟང་པོའི་ཀློང་དུ་འགྲོ། ངའི་སྤྲུལ་པ་ལྔ་འབྱུང་། དེ་དང་རིམ་གྱིས་མཇལ་བར་གདའ་ཡི་གསུངས། དེ་ནས་ཧོར་སྐད་ཆེ་བར་བྱུང་བས་རྟེན་མཆོད་རྣམས་དང་ཡབ་རྗེ་ཉིད་ཀྱང་བསྒྲེས་པ་སོགས་ནས་སྣེ་ཤར་ཕྱོགས་སུ་གནས་འཕོས་ན་ཞུས་པས། ང་མ་ཤི་བར་དུ་ལས་སླ་གསུངས། ཡང་པཎ་ཆེན་རིན་པོ་ཆེའི་ཕྱག་ཕྱིར་བྱོན་ཏེ་གློ་བོ་མཁན་ཆེན་ལས་འཇིགས་བྱེད་རོ་ལངས་བརྒྱད་སྐོར་སོགས་གསན། ཟུར་ཆོ་ནས་རིན་པོ་ཆེ་མགོན་པོ་དཔལ་བཟང་རྟ་མགྲིན་ཡང་གསང་སྐོར་ཡང་གསན། དགུན་དཔྱིད་གཉིས་ཀྱང་པཎ་ཆེན་རིན་པོ་ཆེར་ཟབ་ཆོས་དུ་མ་གསན། དེ་ནས་པཎ་ཆེན་རིན་པོ་ཆེ་དང་སྦྲགས་གུང་ཐང་ཕྱོགས་སུ་བྱོན་པ་ལ་ཇག་པ་བྱུང་བར། པཎ་ཆེན་རིན་པོ་ཆེས་དཀོན་ཅོག་གསུམ་ལ་ཕྱག་འཚལ་ལོ་གསུངས་ནས་ཕྱག་མཛད་པས་ཇག་དཔོན་དེ་ཕོར་ལངས་ཀྱིས་ཤི་ལ་ཐུག་པས་བཤགས་པ་ཕུལ། སྐྱིད་གྲོང་གི་དགོན་པ་དཀར་ཡེ་རྗེ་དྲང་པོ་བ་ལ་ཉང་གི་མཁའ་འགྲོ་ཆེན་མོའི་སྐོར་དང་། བྱང་གཏེར་བཀའ་བརྒྱད་ཕུར་བ་ཐུགས་སྒྲུབ་སོགས་གསན། ཀུ་ཐང་རྩུས་སུ་རིན་པོ་ཆེ་སངས་རྒྱས་སྐྱབས་པ་ལ་ཕྱག་རྡོར་ཆེ་བ་བརྒྱད་སྐོར་གསན་ཅིང་། གཞན་ཡང་རབ་འབྱམས་པ་དཀོན་ཅོག་བསམ་གྲུབ་ལ་རས་ཆུང་སྙན་བརྒྱུད་སོགས་གསན། གཅུང་ལེགས་ལྡན་རྗེ་དཔོན་སློབ་གཉིས་ཀྱིས་བལ་པོར་བྱོན། གཅེན་པཎ་ཆེན་དཔོན་སློབ་སྐྱིད་གྲོང་དུ་བཞུགས་ཀྱང་ཕྱིས་ཐུགས་འགྱུར་ཏེ་བལ་པོར་བྱོན། སྐུ་མཆེད་ལྷན་དུ་གནས་རྟེན་རྣམས་ཞིབ་མཇལ་མཛད། གྲུབ་ཆེན་ཤ་བ་རི་ཨཱ་ཙར་ཡ་སྔོ་སངས་དར་ཁྲའི་གོས་གྱོན་ཞིང་རུས་པའི་རྒྱན་དྲུག་གསོལ་བ། ཌཱ་མ་རུ་དང་ཁ་ཊྭཱཾ་ཐོགས་པ་ཞིག་དང་མཇལ། ཕག་མོ་དུར་ཁྲོད་དུ་གསོན་བསྲེག་མཛད་པའི་སར་པཎ་ཆེན་ནགས་རིན་ཡང་གྲུབ་ཐོབ་ཀྱི་ཆས་དེ་ལྟར་དུ་འདུག་པ་དང་མཇལ། ཛྷཱ་ན་ཤྲཱི་དང་གུ་ཎ་ཤྲཱི་ཡབ་སྲས་ལ་རྡོར་དབྱིངས། མི་གཡོ་བ་བླ་མེད། བདེ་མཆོག་ལྷན་སྐྱེས་དཀར་སྔོ། ནཱ་རོ་མཁའ་སྤྱོད། མེ་ཏྲེ་མཁའ་སྤྱོད། ཕྱག་བཞི་པ། གྲི་གུག་སྒྲོལ་མ་བླ་མེད་རྣམས་གསན། རིག་འཛིན་རྒོད་ལྡེམ་ཅན་གྱི་སྐྱེ་བ་དངོས་བལ་པོར་ཡོང་བ་ལུང་བསྟན་པ་དེ་དང་མཇལ། ཡང་ལེ་ཤོད་རྒོད་ལྡེམ་རྗེའི་གཏེར་སྐལ་འདུག་པ་གཟིགས་ཏེ་བྱིན་རླབས་ཞུས་ཤིང་སྨོན་ལམ་མཛད། ཨ་སུ་ར་དང་རྒྱའི་གོང་ཁ་དཀར་ཅུང་ཚུན་དུ་ཕེབས་ཏེ་ཡུལ་ལྟས་གནས་གཟིགས་བྱིན་རླབས་དག་སྣང་སྤྲོ་དགའ་དཔག་མེད་བྱུང་། གར་ཕེབས་ཀྱི་སར་པཎ་ཆེན་རིན་པོ་ཆེར་ཆོས་ཞུ་མང་དུ་བྱུང་བ་ཐམས་ཅད་ལེགས་པར་གསན། སྐྱིང་གྲོང་བརྒྱུད། རི་བོ་དཔལ་འབར་དུ་རྗེ་ཤཱཀྱ་བཟང་པོའི་ཞབས་ཕྱིར་བྱོན་ཏེ་དཔོན་སློབ་གཉིས་ཀས་ལོ་མཚམས་ལ་བཞུགས། ཐུགས་དམ་འཕེལ་ཞིང་དག་སྣང་མང་པོ་ཤར། ལོ་མཚམས་གྲོལ་བསྟུན་གློ་བོར་ཕེབས་པས་ཡུམ་ཞིང་དུ་ཕེབས་འདུག་པར་བརྟེན། གློ་བོ་མཁན་ཆེན་གྲྭ་སློབ་དང་བཅས་པར་མང་ཇ་བསྔོ་རྟེན་དང་། ཁྱད་པར་ཡབ་རྗེ་དམ་པ་དབུས་བཞུགས་ཀྱི་དབུ་རེའི་གྲྭ་བཙུན་ལྔ་བརྒྱ་ལ་ཉིན་འདེགས་ཀྱི་ཞབས་ཏོག་དང་། ཡུལ་པ་བྱིང་ལ་ནས་འགྱེད་སོགས་ཉིད་རང་གི་ཕྱག་རྫས་སྟེང་ནས་སྒྲུབ་རྗེས། ལོ་གཅིག་སྐུ་དྲིན་བསབ་ཕྱིར་ཡབ་ཀྱི་ཞབས་ཕྱི་འབད་པ་དྲག་པོས་མཛད་དེ་སྟོན་སྡུད་ཚུ ན་དག་ཐོན་མཛད། ཉིད་རང་གི་སྐུ་སྐལ་སྟེང་ནས་ཡུམ་གྱིས་དོན་དུ་བསོད་སྙོམས་པ་སྟོང་ཕྲག་ཙམ་ལ་སྣེན་བཀུར་དང་བསྔོ་རྟེན་མཛད། དེ་ལྷག་ནས་ཁལ་བཅུ་གསུམ་བསྒྲུབ་བརྒྱགས་སུ་བསྣམས་ཏེ་སྟང་སྐྱ་ཞེས་པའི་ཕུགས་པ་སུས་ཀྱང་མ་ཚོར་བར་ལོ་མཚམས་མཛད་དེ། ཞི་བ་རྡོ་རྗེ་སེམས་དཔའི་སྙིང་ཐིག་གི་ཐོག་དྲངས་ཁྲོ་བོ་སྒྲུབ་པ་སྡེ་དགུའི་བསྙེན་པ་མཛད། གྲུབ་རྟགས་ཀྱང་གཏོར་མ་འོད་དུ་ཞུ་བ། ཆང་རྫ་ཉེས་པ་སླར་ལོག་པ། སྨན་གཏོར་རཀྟ་མཆོད་རྫས་རྣམས་མི་འཁྱགས་མ་རུལ་བ་དང་། ཞི་ཁྲོ་དམ་པ་རིགས་བརྒྱའི་ཞལ་མངོན་སུམ་དུ་གཟིགས་པའི་ཚེ། སྣོད་བཅུད་རྣམ་པར་དག་པའི་འོད་ཀློང་དུ། ཞེས་སོགས་ཀྱི་བསྟོད་པ་མཛད། ལོ་མཚམས་གྲོལ་ནས་པཎ་ཆེན་རིན་པོ་ཆེའི་ཞབས་ཕྱིར་དོལ་པོ་གཤོངས་སུ་སྟོང་ཆེན་མཁན་པོའི་དྲུང་དུ་རྡོ་རྗེ་ཕྲེང་བ་གསན་པར་བྱོན། རྡོ་རྗེ་ཕྲེང་བ། ལམ་འབྲས། ནཱ་རོ་མཁའ་སྤྱོད་སོགས་ཀྱང་ཞོར་ལ་གསན། དེ་ནས་སྔར་བཞིན་པཎ་ཆེན་གར་ཕེབས་སུ་བྱོན་ཏེ་དབང་ཆོས་མང་དུ་གསན། ཉིད་རང་གི་གསང་སྔགས་ལམ་རིམ་མ་བུ་ཆ་ལག་རྣམས་བསྒྲིག་པར་མཛད་ཅིང་གསུང་ཆོས་ཀྱི་ཐོག་མར་གསང་སྔགས་ལམ་རིམ་གསུངས། འགའ་ཞིག་ལ་མི་ལའི་རྣམ་མགུར་གྱི་ལུང་མཛད། སྦྱོང་དཀྱིལ་བཅུ་གཉིས་ཡུམ་དོན་དུ་རས་བྲིས་སུ་བཞེངས། གློ་བོར་ཡབ་རྗེ་འཇམ་དབྱངས་ཆེན་པོའི་དྲུང་དུ་འབུམ་པོ་ཏི་བཅུ་དྲུག །ཉི་ཁྲི་པོད་བཞི། རྒྱ་ཏོག་གསེར་གསུམ་སོགས་པོ་ཏི་བཅོ་ལྔ་ཙམ་གྱི་ལུང་གསན། རྗེ་དྲང་པོ་བའི་སྤྱན་འདྲེན་བྱུང་བ་ལྟར་སྐྱིད་གྲོང་དཀར་ཡེར་བྱང་གཏེར་ཕུག་པ་སྤུ་གྲིའི་སྐོར་དང་རྒྱུད་བཅུ་བདུན་སོགས་གསར་སྙིང་གི་ཆོས་མང་དུ་གསན། སྔགས་ནག་གསང་སྔགས་རྡོ་རྗེ་ལ་སང་གླིང་ཚེ་སྒྲུབ་སྐོར་གསན། སྔགས་འཆང་ཤཱཀྱ་བཟང་པོའི་ཞབས་ཕྱིར་བཅར་མར་བཞུགས་ནས་མཆོད་དཔོན་གྱི་ལས་འཛིན་མཛད་དེ་གར་ཕེབས་སར་བྱོན་ནས་རིམ་བཞིན་ངམ་རིང་བདེ་གྲོལ་དུ་ཐུགས་སྲས་རིན་པོ་ཆེ་ནམ་མཁའ་རྒྱལ་མཚན་དང་མཇལ་ཞིང་། དེར་བཞུགས་འདོད་ཀྱང་རྗེ་དྲང་པོ་བའི་བཀའ་མ་གྲོལ་བར་བརྟེན་རེ་ཞིག་གློ་བོར་ཕེབས། དེ་ནས་དགུན་བྱང་ངམ་རིང་བདེ་གྲོལ་དུ་ཐུགས་སྲས་རིན་པོ་ཆེར་རྗེ་དྲང་པོ་བ་ཟང་ཐལ་གསན་པའི་ཕྱག་ཕྱིར་བྱོན་ནས་ཟང་ཐལ་སྐོར་གསན། དེར་ཉིན་མོ་བཀའ་ཆོས་གསན། ནུབ་མོ་ཕྱག་དཔེ་བྲིས། སྔ་དགོང་བསྐང་གསོ་མཛད་པ་སོགས་ཟླ་བ་དྲུག་གི་བར་དུ་མཛད། དེ་ནས་ཟང་ཐལ་གྱི་སྤྲོས་བཅས་བུམ་དབང་སྐབས་དམ་བཅས་འདི་ལྟར་མཛད་དེ། བདག་དེང་ནས་ལོ་གསུམ་གྱི་བར་དུ་ཞབས་ཕྱིར་འབྲངས་ཏེ་སྡོད། དེ་བར་དུ་རི་བོ་བཀྲ་བཟང་པའི་ལུགས་ཀྱི་གཏེར་ཆོས་ཤོ་ལོ་ཀ་གཅིག་ཀྱང་མ་ལུས་པའི་དབང་ལུང་། ཕྱག་ལེན་དམར་ཁྲིད་གནད་གསང་བརྩེ་བས་སྐྱོང་འཚལ། དེ་ནས་རི་བོ་དཔལ་འབར་དུ་ལོ་བཅུ་སྒོམ་པ་ལགས། ཚེ་འདི་ལ་སྣང་བཞིའི་ལམ་རྟགས་རྫོགས་པར་བྱེད་པས་ཐུགས་རྗེ་ཅན་གྱིས་བསྐྱོང་དུ་གསོལ་ཞུས་ཏེ། བེམ་གདན་ཞིག་མ་གཏོགས་ཐམས་ཅད་བླ་མའི་དྲུང་དུ་ཕུལ་ལོ། །བླ་མས་ཀྱང་ཤིན་ཏུ་ལེགས། ཤེས་རབ་དང་གོ་འདུན་དྲག་པོ་འདུག་པས་མི་རེས་བབས་དུས་ཡོང་ལགས་པོ་གསུངས། དེ་ནས་གསུང་ཆོས་དངོས་གཞི་གྲུབ་ནས་རིན་པོ་ཆེ་དྲང་པོ་བ་སྟོང་ཆེན་དུ་ཟླ་ཕྱེད་བར་བཞུགས་པའི་ཞབས་ཕྱིར་བྱོན་ནས་ཆོས་ཕྲན་འགའ་གསན། དགོན་པ་ཤར་དུ་དྲང་པོ་བས་ཀུན་བཟང་ཐུགས་གཏེར་ཚར་གཅིག་གསུངས་པ་གསན། དེ་ནས་བདེ་གྲོལ་དུ་ཕྱིན་བྱོན་པའི་ཚེ། མངའ་རིས་གློ་བོ་ནས་ཇོ་ལགས་པཎ་ཆེན་རིན་པོ་ཆེ་གློ་བོ་མཁན་ཆེན་པའི་བཀའ་བསྐུལ་ཏེ་དབུས་གཙང་གི་ཕྱོགས་སུ་གསར་རྙིང་གི་ཆོས་བཀའ་ཆད་པ་རྣམས་གསོ་བར་ཕེབས་པ་དང་སྐུ་མཆེད་དགྱེས་བཞིན་དུ་མཇལ། ཕྱག་ཕྱིར་ཕེབས་དགོས་ཚུལ་རྗེ་དྲང་པོ་བས་གསུངས་པར། སྔ་སོར་གྱི་དམ་བཅའ་ཡོད་ཚུལ་ཞུས་པས། མ་འོངས་པ་ན་དགོས་པ་རྒྱ་ཆེན་པོ་ཡོད། ད་ལམ་ཕྱག་ཕྱིར་སོང་ཐོས་པ་རྒྱ་ཆེན་པོ་དགོས་པ་ཡིན་གསུངས། རིན་པོ་ཆེ་ཐུགས་སྲས་པས་ཀྱང་དམ་བཅའ་ངེད་རང་གི་དྲུང་དུ་ཕུལ་བས་སྐྱོན་མེད་གསུངས་ཏེ། བླ་མ་གསུམ་གྱི་བཀའ་སྒྲུབ་སྟེ་འབྱོན་མར་ཆས་པའི་ཚེ་ཐུགས་སྐྱོ་བའི་མགུར། ཕ་དུས་གསུམ་བླ་མ་ཞལ་གཉིས་ཀྱི། ཞེས་སོགས་གསུངས་ཏེ་བསམ་གྲུབ་རྩེར་ཕེབས། བྲག་དམར་ཆོས་སྡེའི་དྲུང་ནས་ལ་ཨུ་རྒྱན་རྣམ་ཐར་གྱི་ལུང་དང་ཟླུམ་པོ་བཞི་དབང་གནང་། དེ་ནས་པཎ་ཆེན་གར་ཕེབས་སུ་བྱོན་པས་རིན་པོ་ཆེ་རྒྱ་ཧོར་རྡོ་རྗེ་སོགས་ལ་ཆོས་གསན་པ་སོགས་གཙང་དུ་ལོ་གཅིག་ཙམ་བཞུགས་ཏེ་དབུས་ལ་ཕེབས། ལྷ་ས་དང་གུང་ཐང་འུ་ཤང་རྡོ་སོགས་བརྒྱུད། གཞུང་དུ་ཕེབས་ཏེ་རྔོག་གོང་འོག་རྣམས་སུ་རྔོག་དཀྱིལ་གསན། འཕྲེང་བུ་ཨུ་རྒྱན་ཆོས་རྫོང་དུ་རིན་པོ་ཆེ་རྒྱ་ཧོར་རྡོ་རྗེའི་གསུང་ཤོག་གིས་མཚམས་སྦྱར་ཏེ། ཀོང་ཆེན་རིན་པོ་ཆེར་དགོངས་འདུས་ལ་སོགས་སངས་རྒྱས་གླིང་པའི་གཏེར་ཁ་ཡོངས་རྫོགས། ཞང་ཁྲོམ་གྱི་གཏེར་སྐོར་ལྕགས་སྡིག་སྐོར་དང་། གཞན་ཡང་ཁྲ་མོ་བྲག་པའི་གཟའ་བདུད་སྐོར་དང་། ཉང་ཆོས་དབང་སྐོར་སོགས་མང་དུ་གསན་ཅིང་། ཟླ་བ་གསུམ་བཞུགས་རིང་ལྷ་ལུང་ཆོས་རྗེ་གསེར་ཁང་པས་ནས་འབོ་གསུམ་ཕུལ་བའི་འཚོ་ཆས་ཙམ་ལ་བརྟེན་ནས་སྐུ་མཆེད་གཉིས་ཀས་དཀའ་སྤྱད་མཛད། རིག་འཛིན་རྗེས་ཉིན་རེ་བཞིན་བླ་མ་གཉིས་ཀྱི་ཞབས་ཏོག་ཏུ་དགོངས་ཏེ་ཆུ་ཐག་རིང་བ་ནས་ཆབ་བསུ་བུམ་པ་བཅུ་ཙམ་རེ་ཆག་མེད་ལེན་པར་མཛད། གཞུང་དུ་བྱོན་སྐབས་ཆུ་ནད་ཀྱི་སྙུན་གཞི་བྱུང་བ་ཡང་སྒྲིབ་པ་སྦྱངས་ཏེ་དག་ཚུལ་གྱི་སྐུ་དངས། ཀོང་ཆེན་གྱི་བཀའ་ལས། ང་ལ་སྔ་བུ་མང་དུ་ཡོད་དེ་ཕྱིར་བུ་ཁྱེད་གཉིས་ཡིན་པས། དཔེ་རྣམས་བྲིས་ལུང་བསྟན་ཐོབ་པའི་མི་ཡིན། བྱུང་ན་ད་རེས་ཙ་རིར་སོང་ངས་ཟང་ཐལ་གྱིས་པོ་ཏི་ཞིག་ཀྱང་སྦྱིན་གྱིས་གསུངས། དེ་དུས་ཙ་རིར་མ་ཕེབས་པས་རྟེན་འབྲེལ་འགའ་ཞིག་འཕྱུགས་པ་ཡིན་གསུངས། དེ་ནས་ཡང་རྫོང་གི་ལ་ཐོག་ཚུན་ཀོང་ཆེ་རིན་པོ་ཆེས་སྐྱེལ་མ་མཛད་དེ། ཁོ་དེ་ཁྱོད་གཉིས་ད་དུང་དང་ཕྲད་ཡོང་བསམ་འདུག་སྟེ། ང་ཟླ་བ་གསུམ་ནས་མངོན་དགའི་ཞིང་དུ་འགྲོ། མངོན་པར་རྫོགས་པའི་རྟགས་མ་འཇོག །དེ་ནས་སྤྲུལ་པས་འགྲོ་དོན་བྱེད་པ་ཡིན། བླ་མ་རྒན་པ་འདི་ཁྲི་སྲོང་ལྡེ་བཙན་གྱི་ཡོན་ཏན་གྱི་སྤྲུལ་པ་མངའ་བདག་གི་སྐྱེ་བ་ཡིན། འགྲོ་དོན་ལྷོ་ཕྱོགས་སུ་ལོ་ལྔ་ཡོང་མངའ་བདག་གི་བསྟན་པ་གསོ། ཁྱེད་རྡོ་རྗེ་བདུད་འཇོམས་ཀྱི་གསུང་གི་སྤྲུལ་པ་ཡིན། དེའི་བསྟན་པ་དབུས་མཐའ་ཀུན་ཏུ་གསོ། ཚེ་རིང་ཚད་ཡོང་། བླ་མ་དགོངས་འདུས་ཀྱི་བསྟན་པ་འདི་ཤར་ནས་ལྷོར་དར། ལྷོ་ནས་ནུབ་ཏུ་དར། ནུབ་ནས་བྱང་དུ་དར་ཟེར་བ་ཡིན། ཕ་བུ་ད་རེས་ལས་ལུས་རྟེན་འདིར་མི་མཇལ། དག་པའི་ཞིང་དུ་མཇལ་བས་བསྟན་པའི་རྒྱལ་མཚན་ཚུགས་པར་གྱིས་ཤིག་གསུངས་ཏེ་ཞལ་གདམས་བསླབ་བྱ་ངོ་སྤྲོད། བྱིན་རྟེན་སོགས་མང་དུ་གནང་། ཐུགས་ཡིད་འཕྲེང་བཞིན་དུ་ཡང་རྫོང་དུ་ཕེབས་ཏེ་གནས་རྟེན་རྣམས་མཇལ། བསམ་ཡས་སུ་ཕེབས་ཏེ་རིན་པོ་ཆེ་གུ་རུ་བ་དད་ཨུ་རྒྱན་བཟང་པོ་སོགས་དང་མཇལ་ཞིང་བར་ཁང་དུ་པཎ་ཆེན་རིན་པོ་ཆེའི་བཀའ་བརྒྱད་སྒྲུབ་ཆེན་སོགས་གནང་བའི་ལས་ཀྱི་རྡོ་རྗེེ་སློབ་དཔོན་མཛད། ལྷོ་བྲག་ཏུ་གུ་རུ་པ་དང་སྐུ་མཆེད་གཉིས་ཀས་ལྷན་ཅིག་ཕེབས་པའི་ལམ་ཡར་ཀླུངས་བརྒྱུད་དེ། རིག་འཛིན་རྗེས་ཤེལ་བྲག་གི་གནས་རྟེན་རྣམས་མཇལ། ལྷོ་བྲག་ཏུ་གདུལ་བྱ་སྐྱོང་དགོས་ཕལ་ཆེར་པཎ་ཆེན་རིན་པོ་ཆེས་གནང་ཞིང་། སྲིན་མོ་སྦར་རྗེས་ཅན་ནས་ལེགས་ལྡན་རྗེས་ཟབ་གཏེར་ཀྱི་ཁ་བྱང་རྙེད། པཎ་ཆེན་རིན་པོ་ཆེས་ཀྱང་བསམ་འགྲུབ་བདེ་བ་ཆེན་པོའི་གཙུག་ལག་ཁང་ནས་བཀའ་བརྒྱད་སྐོར་གྱི་ཡང་གཏེར་ཕྲན་བུ་བཞེས། སླར་སྐུ་མཆེད་གཉིས་ཀས་དབུས་སུ་ཕེབས་ཏེ་བསམ་ཡས་སྟེང་ཁང་རྣམ་སྣང་གསང་སྒྲོམ་ནས་ཟབ་ཆོས་རིག་འཛིན་ཡོངས་འདུས་སྐོར་སྤྱན་དྲངས། ངམ་རིང་བདེ་གྲོལ་ཕེབས་པ་ནས་བཟུང་འདི་ཡན་ཕལ་ཆེར་སྐུ་མཆེད་ལྷན་དུ་ཕེབས་ཤིང་། དེ་ནས་སྐབས་འགར་ལྷན་དུ་བཞུགས་ཤིང་ཕལ་ཆེར་ཟབ་ཆོས་ཀྱི་འགྲོ་དོན་དང་གདུལ་བྱ་སོ་སོར་བསྐྱང་པ་ཡིན་པས་རྒྱས་པར་རྣམ་ཐར་ཆེན་མོ་ལས་ཤེས་པར་བྱ་ཞིང་། མདོ་ཙམ་འབྲི་ན་ལེགས་ལྡན་རྗེས་སྟོད་ལུང་བཙད་པོ་བྲག་ཏུ་བྱོན་པ་དང་། དེ་ནས་རྨོར་དུ་པཎ་ཆེན་རིན་པོ་ཆེ་ཕེབས་པ་དང་མཇལ་ཞིང་གདན་ས་ཐེལ་དུ་བྱོན། འབྲི་གུང་ཏི་སྒྲོར་འབྲི་གུང་པ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་དང་མཇལ་ཏེ། ཐོག་མར་བླ་མ་དགོངས་འདུས་ཀྱི་བཀའ་ལུང་ཕུལ་ཞིང་། གཞན་ཡང་བྱང་གཏེར་དང་བཀའ་བརྒྱད་བདེ་གཤེགས་འདུས་པ། རིག་འཛིན་ཡོངས་འདུས་སོགས་སྔ་ཕྱི་ཟབ་ཆོས་མང་དུ་ཕུལ། ཚུར་ཡང་དགོངས་པ་ཡང་ཟབ་སོགས་འགའ་ཞིག་ཀྱང་གསན་པས་དཔོན་སློབ་དམ་ཚིག་སེལ་མེད་ཡིན་པ་འབྲི་གུང་པའི་རྣམ་ཐར་དུ་གསལ། འབྲོང་སུམ་མདོར་རྗེ་འབྲི་གུང་པས་མངའ་གསོལ་མཛད་དེ་རྔ་སར་འཁོར་ལོ་རིས་སོགས་གདན་གྱི་བྱེ་བྲག །བེར་རིན་ཆེན་སྤུངས་པ་སོགས་ན་བཟའ། འབྲས་ཤེལ་བཀྲ་ཤིས་འཁྱིལ་སོགས་དངོས་སྤྱད། དམ་ཁ་རིན་ཆེན་འབར་བ་རྒྱབ་ཡིག་དང་བཅས་པ། ཆིབས་རླུང་སེམས་ཀྱིས་གཙོ་པའི་རྟ་དྲེལ་ལྔ་སྒ་འཁོར་བཅས་པ། གཞན་ཡང་གསེར་དངུལ། ཇ་དར། ཁྲོ་ཟངས་སོགས་གནང་སྦྱིན་རྒྱས་པར་མཛད་ཅིང་། འོན་ཕུ་འབྲི་སྒང་མཆོད་ཐེབས་སུ་འབུལ་བ་སོགས་མཛད་པས་འདིར་ཕན་ཆོད་བྱ་བྲལ་ཁོ་ན་ཡིན་ཀྱང་འདི་ནས་བཟུང་བླ་ཚུགས་འཛིན་པར་མཛད་དེ་དཔོན་སློབ་ཐུགས་ཡིད་གཅིག་འདྲེས་ནས་སྐྱེལ་ཐུང་དང་བཅས་ཏེ་ཕྱིར་ཕེབས། རྒྱ་མ་རྒྱུད་དེ་བསམ་ཡས་སུ་བྱོན། འདི་སྐབས་ཀྱང་དག་སྣང་ལུང་བསྟན་དཔག་མེད་བྱུང་། དེ་ནས་བསམ་ཡས་ས་ཕུག་ཏུ་སྐུ་མཚམས་ལ་བཞུགས་རིང་ཡང་དག་སྣང་མང་དུ་བྱུང་ཞིང་། གཏེར་སྲུང་རྣམས་ཀྱི་ལུང་བཞིན་བྲག་དམར་མགྲིན་བཟང་ནས་ཤོག་དྲིལ་གཉིས་གཏེར་ནས་བཞེས་ཤིང་ཐོག་སེར་སོགས་འཚུབ་ལྷོང་ཡང་ཆེ་བར་བྱུང་། དུས་འཁྲུག་ཞི་ཕྱིར་ཐུགས་རྗེ་བྱམས་པའི་མན་ངག་ཞག་དགུར་སྒྲུབ་པ་གནང་། རྩེ་ཐང་ནས་པཎ་ཆེན་རིན་པོ་ཆེའི་གསུང་ཤོག་གི་ལན་ཕུལ་ཞིང་། ཕ་གཅིག་མཁྱེན་རབ་དབང་ཕྱུག་ལ། བསྟན་པའི་བདག་པོ་མི་ཟེར་རམ། སོགས་ཀྱི་མགུར་བཞེས། དེ་ནས་འོན་ཕྱོགས་སུ་བྱོན་ཏེ་བཀའ་བརྒྱད་དྲག་པོ་རང་བྱུང་རང་ཤར་གྱི་སྒྲུབ་ཆེན་སྨན་སྒྲུབ་དང་སྦྲགས་པ་ཞིག་མཛད་པས་སྨན་ཞག་གསུམ་ལ་ལངས་ཤིང་ཕྱི་ནང་གི་རྟགས་ངོ་མཚར་ཅན་མང་དུ་བྱུང་ཞིང་། གཟིགས་སྣང་དུ་སྒྲུབ་པའི་དཀྱིལ་འཁོར་འོད་དུ་འཁྱིལ་བའི་དབུས་སུ་ཆེ་མཆོག་སྨུག་མཐིང་ཞལ་གཅིག་ཕྱག་གཉིས་པའི་རིགས་བདག་རྡོ་རྗེ་སེམས་དཔའ་དཀར་པོར་ཡོད་པའི་འཁོར་དུ་སྒྲུབ་སྡེ་བརྒྱད་དང་། སྨན་གྱི་གའུའི་དབུས་སུ་བདུད་རྩི་འཁྱིལ་བ་ལྗང་སེར་ཞལ་གཅིག་ཕྱག་གཉིས་པ་དང་། རྟ་མགྲིན་ཞལ་ལྔ་ཕྱག་བཅུ་པ་སྒོ་མ་བཞིས་བསྐོར་བ་སོགས་གཟིགས། འདི་སྐབས་རྣམ་ཐར་ཆེན་མོར་བསྙེན་དབང་ལ་མི་ཉེར་ལྔ་མའི་དབང་ཆ་ལྔ་བྱུང་གསུང་བ་ལ་དཔགས་ན་པཎ་ཆེན་སྐུ་མཆེད་གཉིས་སྒྲུབ་ཆེན་དུས་ཀྱང་དབང་མི་ཉེར་ལྔར་བཅད་དེ་མཛད་པ་མ་གཏོགས་རྙིང་མ་བ་སྤྱི་ལྟར་ཁྲོ་ཆོས་མཛད་ཀྱི་མེད་འདྲ་སྙམ་མོ། །དེ་ནས་སྒྲུབ་སྔས་ཀྱི་ཕུད་རྣམས་པཎ་ཆེན་རིན་པོ་ཆེར་འབུལ་བར་མཛད་པས་བཀའ་ཤོག་ཡ་མཚན་ཅན་ཕེབས། དེ་དུས་དག་སྣང་དུ་པཎ་ཆེན་རིན་པོ་ཆེ་དང་འབྲི་གུང་རིན་ཆེན་ཕུན་ཚོགས་སོགས་སྐྱེ་བརྒྱུད་དུ་མར་འབྲེལ་ཚུལ་གྱི་ལུང་བསྟན་གསལ་བ་དང་། བསམ་ཡས་བར་ཁང་ན་ཟབ་གཏེར་ཡོད་ཚུལ་བྱུང་། དེ་ནས་བསམ་ཡས་སུ་པཎ་ཆེན་རིན་པོ་ཆེ་གདན་བཞུགས་འབུལ་བར་ཕེབས་ཕྱག་བཞི་པའི་རྒྱུད་ལུང་རྣམས་པཎ་ཆེན་རིན་པོ་ཆེར་འབུལ་བ་གནང་། བར་ཁང་གི་སྒོོ་གསུམ་སྟེང་བཻ་རོའི་བཞུགས་ཁང་ནང་ནས་བསྟན་པའི་རིམ་གྲོ་དང་གཙུག་ལག་ཁང་གསོ་ཐབས་ཀྱི་ཤོག་དྲིལ་ལ་ཚས་ཅན་ཞིག་གི་ཟབ་གཏེར་བཞེས་ཤིང་། བསམ་ཡས་སུ་ཞབས་སྐོར་སོགས་ཟླ་གཅིག་ཙམ་བཞུགས་རྗེས་འོན་འབྲི་སྒང་དུ་ཕེབས། གཟིགས་སྣང་མང་དུ་བྱུང་ཞིང་རྟོགས་པའི་མགུར་དུ་མ་བཞེས། ཁྱད་པར་ནུབ་ཅིག་རྔ་ཡབ་གླིང་དུ་བྱོན་ནས་གཙོ་བོ་ཨུ་རྒྱན་ཆེན་པོ་ཞལ་གསུམ་ཕྱག་དྲུག་ཞབས་བགྲད་པ། གཡས་དཀར་གཡོན་དམར་དབུས་སྔོ་སྐྱ་ཁྲོ་འཛུམ་དཔལ་ཆས་ཀྱིས་བརྒྱན་པ་དབུ་གཙུག་ན་རྟ་མགོ་གསུམ་ཡོད་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་ཐོད་ཁྲག །བར་བ་གཉིས་རལ་གྲི་དང་སྡིགས་མཛུབ། ཐ་མ་གཉིས་ཉི་ཟླ་བར་སྣང་དུ་བརྡེབ་པ། ཡུམ་ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་སྔོ་ད མར་བའི་རྩེ་ཕག་ཞལ་གསུམ་ངུར་བ། གཡས་གསུམ་གྲི་གུག་ཁ་ཊྭཱཾ་ལྕགས་ཀྱུ། གཡོན་གསུམ་ཐོད་ཁྲག་རལ་གྲི་ཞགས་པ་འཛིན་པ་ལ། མཚན་བརྒྱད་ཞལ་གསུམ་ཕྱག་དྲུག་པས་བསྐོར་བའི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་ངོ་སྤྲོད་དང་བཅས་པ་རྒྱས་པར་གསན་ཅིང་ཕྱིས་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་ཡང་ཨུ་རྒྱན་ཆེན་པོ་སྐུ་མདོག་སྨུག་ནག་ཙམ་མ་གཏོགས་འདི་ཁོ་ན་བཞིན་གྱི་ཞལ་བསྟན་པ་རིག་འཛིན་རྗེར་རྒྱུ་མཚན་ཞུས་པས་འདི་ལྟར་ཡིན་གསུངས་ཤིང་། སྒྲུབ་ཐབས་ཀྱང་མཛད་དེ་འཇམ་དབྱངས་མཁྱེན་བརྩེར་གནང་བ་བླ་མ་གཉིས་ཀའི་རྣམ་ཐར་ཆ་མཐུན་པར་བྱུང་བ་ཡིད་ཆེས་ཀྱི་གནས་སོ། །དེ་ནས་སྐབས་འདི་དང་སྔ་ཕྱིར་གཟིགས་སྣང་མང་ཞིང་གསོལ་འདེབས་ཞལ་གདམས། གསུང་མགུར་སོགས་ཀྱང་མང་བར་ཡོད། དེ་ནས་འོན་ཕུ་འབྲི་སྒང་གི་ཕུ་བཀྲ་ཤིས་ཆོས་སྦུག་ཅེས་པའི་རི་ཁྲོད་དུ་ཞལ་སླེབ་དྲུང་རས་ཆུང་པ་ཀུན་དགའ་འོད་ཟེར་བྱ་བས་ཆོས་གཞི་བཏེག་ནས། ཡང་གསང་བླ་ན་མེད་པ་རྫོགས་པ་ཆེན་པོ་ཀུན་བཟང་དགོངས་པ་ཟང་ཐལ་ཉམས་ཁྲིད་དུ་གནང་ཞིང་གེགས་མེད་དུ་གྲོལ་བའི་ཚོགས་གྲལ་དུ། འདིར་འདུས་ཀྱི་རྡོ་རྗེ་སྤུན་ཚོགས་རྣམས། །མ་ཡེངས་རང་རིག་ངང་ནས་གསོན། །འོག་མིན་ཆོས་དབྱིངས་ཕོ་བྲང་ན། །ལྷུན་གྲུབ་ཀུན་བཟང་ཞི་ཁྲོའི་ཚོགས། །ཉམས་སུ་རང་རིག་ཡེ་ཤེས་དགའ། །བློ་རུ་ལྷུན་གྲུབ་ཀྱི་ཁྱབ་གདལ་བདེ། །དེ་ཟག་བཅས་ཀྱི་ཉམས་དགའ་བློ་བདེ་མིན། །དོན་མ་བཅོས་སྐུ་གསུམ་གྱི་བཞུགས་ཚུལ་ལགས། །ཞེས་སོགས་ཀྱི་མགུར་གསུངས། དེ་ནས་འོན་མདའ་སྒང་དཀར་དུ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་དཀྱིལ་འཁོར་དུ་སྐྱེ་བདུན་སྒྲུབ་ཆེན་མཛད་དུས་ཀྱང་གཟིགས་སྣང་བསམ་ལས་འདས་པ་བྱུང་། སླར་ཡང་འོན་ཕུར་བྱོན་ཏེ་ཆར་འབེབས་མཛད། དེ་སྐབས་ཡན་ཆད་འོན་ཕུ་སྟག་ཚང་གུ་རུའི་གནས་ཆེན་ཡིན་པར་གྲགས་ཤིང་། སྤྲུལ་སྐུ་ཨུ་རྒྱན་གླིང་པས་ཟབ་གཏེར་སྤྱན་དྲངས་པ་ཙམ་ལས་སུས་ཀྱང་འགྲོ་འོང་མེད་པར་གཟིགས་སྣང་གི་བརྡས་བསྐུལ་ནས་སྟག་ཚང་གི་གནས་སྒོ་ཕྱེ་སྟེ་སྔར་སུས་ཀྱང་ལོངས་མ་སྤྱོད་པའི་ཕུག་པ་རྙིང་བ་སྒོ་རྡོ་ཆེན་གསུམ་གྱིས་བཀག་པ་བསལ་ནས་ནང་དུ་ཕེབས་པས། གུ་རུ་ཆེན་པོའི་བཞུགས་ཁྲི་སོགས་རྙེད་ཅིང་། རེ་ཞིག་བཞུགས་སར་ལྷོངས་དང་ཆོ་འཕྲུལ་དུ་མ་བྱུང་བའི་མཐར་གནས་ཀྱི་ལོ་རྒྱུས་སོགས་རྒྱས་པར་མཚན་ལམ་དུ་གནས་སྲུང་གིས་བསྟན་པ་ལྟར་རྙེད། གཟིགས་སྣང་སོགས་དུ་མ་བྱུང་ཞིང་མཁའ་འགྲོའི་ལུང་བསྟན་དུ། ཨུ་རྒྱན་མཁན་པོ་སེང་གེ་སྒྲས། །དྲེགས་པ་དབང་བསྡུས་ཟིལ་གྱིས་མནན། །མལ་དྲོ་གཟི་ཅན་ལ་སོགས་པའི། །ཀླུ་དང་ས་བདག་དམ་ལ་བཏགས། །ཞབས་རྗེས་ཁྲི་དང་ལྔ་བརྒྱ་ཡོད། །རང་བྱོན་ལྷ་སྐུ་བརྒྱ་ཕྲག་གཅིག །ཅེས་སོགས་བྱུང་བ་ལྟར། དེང་སང་ཡང་ཞབས་རྗེས་ཤིན་ཏུ་མང་བ་དང་། རིག་འཛིན་རྗེ་རང་གི་ཞབས་རྗེས་གསལ་བ་དང་། ལྷ་སྐུ་ཡིག་འབྲུ་སོགས་ཤིན་ཏུ་མང་བ་མཇལ་རྒྱུ་ཡོད། དེ་ལྟར་སྟག་ཚང་ནས་གུ་རུ་དྲག་པོ་དབུ་དགུའི་སྐོར་རྒྱུད་དང་བཅས་པ། རྟ་མགྲིན་སྲོག་འཕྲོག་དྲེགས་པ་ཟིལ་གནོན་གྱི་སྐོར་སོགས་ཟབ་གཏེར་མང་དུ་བཞེས་ཤིང་། འོན་ཕུ་མདའ་རྣམས་སུ་རེ་ཞིག་བཞུགས་པའི་ཚེ་འབྲི་གུང་ནས་ཆོས་མང་དུ་གསན་བཞེད་ཀྱི་སྤྱན་འདྲེན་བྱུང་བར་ཞལ་བཞེས་ཕུལ་ཞིང་། ཐོག་མར་བསམ་ཡས་སུ་ཚུར་ཕེབས་དགོས་ཚུལ་གྱི་ཞུ་བ་མཛད་དེ། དེའི་ཕྱིར་དུ་འོན་གཞུང་ལ་སྡུམ་བུ་མཛད་དེ་གྲབས་ཡུལ་གནང་ནས་བསམ་ཡས་སུ་པཎ་ཆེན་རིན་པོ་ཆེར་རྒྱུ་མཚན་ཕུལ་བས། ཁྱོད་ཆོས་བརྒྱད་ཆེས་འབྲི་གུང་པ་ཙམ་མགྲོན་པོར་འབོད་པའི་སྟོབས་ཆ་ལགས་ཅི་ཡོད་གསུང་། ཅུང་ཟད་བཀྱོན་པ་ལ་ཚིགས་བཅད་ཀྱི་ཀུ་རེ་ཕུལ་ཞིང་། རྗེ་འབྲི་གུང་པ་ཡང་ཕེབས་ཏེ་སྐུ་མཆེད་གཉིས་དང་བཅས་ཏེ་བསམ་ཡས་སུ་བསྟན་པ་གསོ་ཐབས་དུ་མ་མཛད་རྗེས། བསམ་ཡས་ཕུ་འཇའ་སྟོད་དགོན་པར་སྐུ་མཚམས་དམ་པར་མཛད། གཟིགས་སྣང་མང་དུ་བྱུང་ཞིང་། གནས་གུ་ཡངས་འཇའ་སྟོད་བྲག་སྟེང་ན། །མི་གུ་ཡངས་མངའ་རིས་ལྷ་བཙུན་དང་། ། ཆོས་གུ་ཡངས་ལོ་འདས་རྗེན་པ་སྐྱོང་། །ཞེས་སོགས་ཉམས་མགུར་མང་དུ་གསུངས། དེར་གསོལ་ཆས་ཀྱང་བཀྲེན་པར་བྱུང་ནས་ཕལ་ཆེར་ཟྭའི་དཀའ་ཐུབ་ཁོ་ན་མཛད་པར་གསལ་ཏེ། མགུར་ལས། ཟྭ་ཐུག་སྔོན་མོའི་ཚོགས་མཆོད་འདི་དང་གཅིག །ཚོགས་སྣོད་འཁྱགས་པའི་ལོ་བདེ་འདི་དང་གཉིས། །མཐུན་རྐྱེན་སྤེན་མའི་སྐྱོ་ར་འདི་དང་གསུམ། །ཞེས་གསུངས་པའི་ཕྱིར་རོ། །སྐུ་མཚམས་དེ་གྲོལ་ནས་ཚར་གསུམ་ཁུག་པ་དང་བིར་སྲུང་སོགས་འགའ་ཞིག་གནང་། སླར་ཡང་པཎ་ཆེན་རིན་པོ་ཆེའི་བཀའ་བཞིན་འོན་སྨོན་ལྡན་དུ་བྱོན་ནས་ཆོས་མང་དུ་གསུངས། སླར་བསམ་ཡས་སུ་ཕེབས་པས་ཟས་གྲིབ་ལ་བརྟེན་པའི་ཤིན་ཏུ་སྙུང་བ་ཞིག་གི་མཐར་རེ་ཞིག་ཞལ་དབུགས་ཀྱང་ཆད་པའི་ཚེ། ཨུ་རྒྱན་ཆེན་པོ་རིགས་ལྔ་མཚན་བརྒྱད་དང་བཅས་པ་བྱོན་ཏེ་སྐུ་ཚེའི་ལུང་བསྟན་ཞིང་ཚེ་དབང་བསྐུར་བས་སླར་སྐུ་ཁམས་དངས་བར་གྱུར། དེ་ནས་རྗེ་འབྲི་གུང་པ་སྙེ་མོར་ཕེབས་ཏེ་གདན་འདྲེན་བྱུང་བ་བཞིན་ཕེབས་ཏེ་རྙིང་མ་རྒྱུད་འབུམ་སོགས་ཆོས་མང་དུ་ཕུལ་ནས། གཞུའི་ཕུ་དང་མཚུར་ཕུ་དང་སྟོད་ལུང་དུ་ཕེབས་པས་སྦས་ལུང་འབྲས་གཤོངས་སུ་ཕེབས་དགོས་པའི་ལུང་བསྟན་བྱུང་། སྟོད་ལུང་འཕར་ཚང་བྲག་ནས་རྫོགས་ཆེན་སྙིང་པོ་བསྡུས་པ་དང་། ཕྱག་ཆེན་སེམས་ཀྱི་མེ་ལོང་གི་ཟབ་གཏེར་བཞེས། སྟག་ལུང་བྲག་ཏུ་ཟང་ཐལ་ཚར་གཅིག་དང་། ཆོས་མང་དུ་གསུངས། དེ་ནས་ཆུ་བོ་རི་ལྕགས་ཟམ་རྩེའི་དགོན་བདག་མཛད་ཅིང་ཟང་ཐལ་གྱི་ཁྲིད་ཀ་བཙུགས་པས་གཟིགས་སྣང་ལུང་བསྟན་དཔག་མེད་བྱུང་། མཚོ་རྒྱལ་ཕུག་ནས་བླ་མ་སྐུ་གསུམ་མའི་སྐོར་དང་གནས་བདག་སྐྱིན་མཐིང་མའི་སྒྲུབ་སྐོར་སོགས་ཟབ་ག ཏེར་བཞེས་ཏེ་ཉམས་བཞེས་མཛད་པས་དག་སྣང་དཔག་མེད་ཤར་ཏེ། ན་མོ་ཞེན་མེད་ཀྱི་ཉམས་ཤར་གཏད་སོ་མེད། རྒྱལ་བའི་བཞུགས་གནས་ཚེ་ཆུ་ཕུག །དུས་གསུམ་གྱི་སངས་རྒྱས་ཨུ་རྒྱན་ལ། །དཔའ་བོ་དང་མཁའ་འགྲོས་ཡོངས་བསྐོར་ནས། །བདག་རྒྱུད་ལ་བྱིན་གྱིས་རློབ་པའི་ཚེ། །གཟུང་འཛིན་གྱི་རྟོག་པ་དབྱིངས་སུ་དག །དྲི་མེད་ཀྱི་ཤེས་པ་རྗེན་པར་བུད། །རང་རིག་ལ་རྒྱལ་པོ་ཆོས་ཀྱི་སྐུའི། །ཕོ་སྒོ་དེ་རིང་རང་གིས་མཐོང་། །བཀའ་དྲིན་ལ་ཆེའོ་རིག་པའི་སྐུ། །མངོན་སུམ་གྱི་ཡེ་ཤེས་མཆོད་པར་བཞེས། །སྣང་བཞི་ལ་མཐར་ཕྱིན་དངོས་གྲུབ་ཞུ། །ཞེས་པའི་མགུར་གསུངས། དེ་ནས་འོན་སྨོན་ལྡན་དུ་པཎ་ཆེན་རིན་པོ་ཆེ་མཇལ། ལྷ་སར་ཇོ་བོ་རིན་པོ་ཆེར་བརྟག་དྲིལ་ཕུལ་ཞིང་བབས་ཏེ་སྦས་ཡུལ་ཕྱོགས་སུ་ལོ་སྐོར་གཅིག་འབད་པའི་དམ་བཅའ་དང་བཅས་ཏེ་འབྲས་ག་ཤོགས་ཕྱོགས་སུ་བྱོན་ཏེ་རྒྱལ་རྩེར་ཕེབས། མངའ་རིས་ས་འདྲ་དང་མཇལ་ཏེ། རྗེ་དྲང་པོ་བ་གཤེགས་པའི་གཏམ་གསན་ནས་གསོལ་འདེབས་མཛད། འབྲི་མཚམས་མདོ་ཁྲ་གཅེན་ལུགས་སོགས་བརྒྱུད་དེ། རིམ་བཞིན་བྱོན་ནས་རེ་ཞིག་ལ་སྟོད་བྱང་ཕྱོགས་སུ་ཕེབས་པས་ཐུགས་སྲས་ནམ་མཁའ་རྒྱལ་མཚན་གཤེགས་པའི་གཏམ་གསན་པས་གསོལ་འདེབས་མཛད་པས་སྐུ་དངོས་སུ་བསྟན་ཏེ་ལུང་བསྟན་དང་ངོ་སྤྲོད་ཞལ་གདམས་གསན། དེ་ནས་བདེ་གྲོལ་དུ་གདུང་མཆོད་ཕུལ་ཞིང་གདུང་སྲས་མཇལ། བཀྲ་བཟང་དུ་ཕེབས་ཏེ་རྣམ་མཇོམས་ལྷ་ཁང་དུ་དག་སྣང་ཤར་ཞག་ཤས་བཞུགས། བཀའ་བརྒྱད་རང་ཤར་གྱི་ཆ་ལག་ཞིག་གཏེར་ནས་བཞེས། འདི་ཕྱིའི་ཞབས་དྲུང་བདག་པོར་གནང་བ་གསན་ཡིག་ཏུ་ཡོད། རིག་འཛིན་རྒོད་ལྡེམ་ཅན་གྱི་སྡོན་གནས་གསལ་བར་དྲན་ཏེ་གཏེར་གནས་སྤོ་བ་དང་། གཏེར་ཁ་གསོ་དགོས་སོགས་མཛད། ས་སྐྱ་མཇལ་ནས་གནམ་ཁ་འུར་བྱོན་ཏེ་དཔལ་མགོན་ཞལ་གྱི་དག་སྣང་གཟིགས་ཤིང་བསྐང་བསྟོད་མཛད། དེ་ནས་སླར་ཡང་གནས་ཆེན་ཕྱོགས་སུ་ཕེབས་ཏེ་གཅེན་ལུང་གི་ཕུར་གནས་ཚད་མ་བྱུང་བ་ལ་བདེན་པ་བརྡར་བས་སེར་བ་བོལ་ནུབ་ཙམ་བབས། བྲག་འོག་ཅིག་ཏུ་ཐུགས་ཉམས་ཤར་བའི་མགུར་འདི་ལྟར་གསུངས་པ། སྐྱེ་ཡུལ་མངའ་རིས་གློ་བོ་ཡིན་ཀྱང་། །རྒྱལ་ཁམས་ཕྱོགས་མེད་ཀུན་ཏུ་འཁྱམས་པ། །ཡུལ་མེད་བདག་ནི་བློ་རེ་བདེ་བས། །ད་ནི་ཕ་ཡུལ་དགོས་པ་མི་གདའ། །རིགས་ནི་གུང་ཐང་རྒྱལ་བརྒྱུད་ཡིན་ཀྱང་། །རྒྱལ་སྲིད་དོར་ནས་བྱ་བཏང་བྱས་པས། །ལྷ་བཙུན་བདག་ནི་ལོ་རེ་བདེ་བས། །ད་ནི་རྒྱལ་སྲིད་དགོས་པ་མི་གདའ། །ཞེས་སོགས་ངེས་པར་འབྱུང་བའི་མགུར་གསུངས། དེ་ནས་མདོ་ཁྲ་སོགས་ལ་ཕེབས་ཏེ་བཞུགས། ནག་སྡེངས་ཆུ་སྐོར་རྨ་བྱ་ལུང་སོགས་བརྒྱུད་གཟིགས་སྣང་དང་བསྟུན་བཞིན་བྱོན། ལྷོ་ནགས་ཀྱི་དུག་རིའི་རྩེར་ལྕོག་ཕུབ་ལ་བརྟེན་པའི་སྐུ་མཚམས་བདུན་གཅིག་མཛད། མགོན་པོ་ཕྱག་དྲུག་པའི་སྒྲུབ་སྐོར་གྱི་ཟབ་གཏེར་འདིའི་ཆོས་བདག་མཇམ་དབྱངས་མཁྱེན་བརྩེ་ཡིན་ཀྱང་གནང་མ་ཐུབ། དེར་རྡོ་ལྷའི་མཆོད་ཁང་བཞེངས། རེ་ཞིག་གནས་སྒོ་ཕྱི་ནང་རྣམས་སུ་བཞུགས། དག་སྣང་དང་ལུང་བསྟན་དཔག་མེད་བྱུང་། དབང་ཁྲིད་གདམས་པ་མང་དུ་གནང་། དེའི་ཚེ་དབུས་སུ་པཎ་ཆེན་རིན་པོ་ཆེ་ཞིང་ཁམས་འཕོས་པའི་རྐྱེན་གྱིས་རེ་ཞིག་ཚུར་ཕེབས་དགོས་བྱུང་སྟེ་འོན་བསམ། ཡར་ཀླུངས། ཆུ་བོ་རི། སྟོད་ལུང་། ལྷ་ས་སོགས་སུ་ཕེབས་ཏེ་གདུལ་བྱ་བསྐྱངས། འབྲི་གུང་དུ་ཕེབས་ཏེ་ཉིད་ཀྱི་གཏེར་གསར་ཕྱག་རྫོགས་སྐོར་དང་རྟེན་འབྲེལ་ཆོས་བདུན་སོགས་ཕུལ་ཞིང་ཛཱ་བྷ་རི་སྐོར་གསན། སྤྲོ་ལུང་དུ་བཞུགས་པའི་ཚེ་ཉེར་ལྔ་ཞིག་ལ་ཆོས་དབང་རཏྣ་སོགས་ཀྱི་རྣམ་ཐར་མཐུན་པའི་རྔ་ཡབ་གླིང་གི་དག་སྣང་རྒྱས་ཤིང་ངོ་མཚར་བ་བྱུང་། སླར་ཡང་འབྲས་གཤོངས་ཕྱོགས་སུ་ཕེབས་ཏེ་སྤ་གྲོ་སྟག་ཚང་ནས་རིན་པོ་ཆེ་ཀཿ ཐོག་པ་རྣམ་གྲོལ་བཟང་པོ་དྲང་ལུང་ཆོས་སྡིངས་སུ་ཕེབས་པ་དང་མཇལ། མངའ་རིས་གུང་ཐང་ནས་གདན་འདྲེན་བྱུང་ཡང་ཕེབས་མི་ཐུབ་པའི་རྒྱུ་མཚན་ཕུལ། བྱང་སྒོ་བ་རི་སྟག་ཚང་སོགས་རིམ་བཞིན་ཕེབས། མཚོ་ཁྲའི་མདོར་ཕེབས་ཚེ་ལྷོ་བོད་ཀྱི་ལྷ་འདྲེ་འཁྲུགས་པའི་ཁ་རླངས་སུ་ཉིན་ཞག་གཉིས་ཀྱི་བར་ཁ་བ་ཆེར་བྱུང་བ་ལ། ཨུ་རྒྱན་ཆེན་པོར་སྨྲེ་སྔགས་ཀྱི་མགུར་གསོལ་འདེབས་སུ་མཛད་པས་ཉི་མ་དྲོ་བར་གྱུར། དེ་ནས་གནས་བདག་ལྷ་རི་གངས་སྨན་གྱི་དངོས་ཉམས་དུ་མར་ལུང་བསྟན་པ་བཞིན་གནས་ནང་དུ་གེགས་མེད་ཕེབས། ལྷ་རི་རིན་ཆེན་སྙིང་པོའི་མགུལ་ནས་འཆི་མེད་བདུད་རྩི་འཁྱིལ་བའི་སྐོར་གྱི་ཟབ་གཏེར་བཞེས་པ་སོགས་རྣམ་ཐར་ཆེན་མོར་གསལ་ཞིང་། གནས་ཆེན་འདིའི་ཕྱོགས་སུ་ལན་མང་དུ་བྱོན་ཞིང་། དབྱར་དགུན་ཐོག་རེ་ཙམ་ཡང་། མང་དུ་བཞུགས་པ་སོགས་ཞིབ་ཆ་རྣམ་ཐར་ཆེན་མོར་གསལ། མདོར་ན་སྔ་ཕྱིར་ཟབ་གཏེར་ཡང་མང་དུ་བཞེས་ཤིང་གསང་མཚན་རྡོ་རྗེ་གྲོ་ལོད་རྩལ་དང་། ཉི་ཟླ་འོད་ཟེར་དང་། པདྨ་ནག་པོ་སོགས་ཡོངས་སུ་གྲགས། དེ་ལྟར་སྦས་ཡུལ་འབྲས་མོ་གཤོངས་ཀྱི་གནས་སྒོ་ལེགས་པར་ཕྱེ་ཞིང་ཨུ་རྒྱན་འཇའ་འོད་ཕུག །བྲག་དཀར་བཀྲ་ཤིས་སྡིངས། ལྷ་རི་རིན་ཆེན་སྙིང་པོ་སོགས་ཀྱི་གནས་རྣམས་གཏན་ལ་ཕབ་སྟེ་སླར་ཡང་དབུས་ཕྱོགས་སུ་བྱོན་ནས་ཆུ་བོ་རི་དང་། འོན་ཕྱོགས་སུ་ཕལ་ཆེར་བཞུགས། སྙེ་མོ་ལྕམ་མཁྱེན་རྩེ་མ་ལས་རྒྱར་བཞེས་ཏེ་རིགས་སྲས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་སྤྲུལ་རྒྱལ་སྲས་པདྨ་ཆོས་རྒྱལ་བསྐྲུན་ཏེ་བཀའ་གཏེར་བསྟན་པའི་བདག་པོར་བསྐོས། གཞན་ཡང་ཟུར་དབང་ཕྱུག་རྡོ་རྗེ། བྱ་པ་ཁྲི་དཔོན་སོགས་ཆེ་དགུས་ཞབས་ནས་བཏེག །གཙང་དུ་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཁུ་དབོན་དང་ལན་དུ་མར་མཇལ་ཞིང་། རྗེ་འདི་ལ་མཆོག་ཏུ་གུས་པའི་ཚུལ་ཁོང་རང་གི་རྣམ་ཐར་དང་གསུང་མགུར་སོགས་ལས་གསལ་ཞིང་། ཁྱད་པར་ཉུག་རྒྱལ་ཁང་དུ་འདུས་པ་ཆེན་པོ་མདོའི་དབང་བསྐུར་ཡོངས་རྫོགས་གནང་ཞིང་ལུང་ཟིན་གྱི་སློབ་མ་ཆོས་བདག་གི་གཙོ་བོ་ཡིན་པས་སློབ་རྒྱུན་རྣམས་དང་དམ་ཚིག་སེལ་མེད་ཀྱི་རྒྱུན་བཟང་། སྤྱིར་དམ་པ་འདིས་ཡོངས་འཛིན་གྱི་བླ་མ་མང་དུ་བསྟེན་པ་དང་ལས་ལྡན་གྱི་སློབ་བུ་མང་དུ་བྱུང་ཚུལ་སོགས་ཀྱང་། ཉིད་ཀྱི་བཀའ་ལས། ཕ་ཡིས་དབུ་གཙོས་བླ་མ་ང་ལྔ་བསྟེན། །མདོ་རྒྱུད་མན་ངག་བཀའ་ལུང་དཔག་མེད་ཞུས། །ད་ལྟ་བུ་སློབ་ཐ་དད་ཀུན་ཏུ་འཕྲོད། །སྣང་བ་འདིར་བདེ་ད་ནི་སྒྲུབ་ལ་འབད། །རང་ལས་ལྷག་པའི་བླ་མ་རྣམ་པ་བདུན། །རྩེ་གཅིག་སྒྲུབ་བརྩོན་གྲུབ་ཆེན་རྣམ་པ་བཅུ། །རིགས་རུས་གཅིག་པའི་དབོན་པོ་རྣམ་པ་ལྔ། །མཁྱེན་རྟོགས་ལྡན་པའི་བཤེས་གཉེན་རྣམ་བཅུ་དང་། །དད་གུས་ལྡན་པའི་བུད་མེད་ཆོས་འཆད་ལྔ། །དད་བརྩོན་ལྡན་པའི་འབྲེལ་ཐོགས་དཔག་ཡས་རྣམས། །ཞེས་གསུངས་པས་རྟོགས་ནུས་ལ། སྤྱིར་དུས་ཀུན་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྲུང་དུ་མའི་ཞལ་གཟིགས་ཤིང་། གསར་རྙིང་གི་ཡི་དམ་ཐམས་ཅད་ལ་ཡང་སྤྲུལ་པའི་དཀྱིལ་འཁོར་དུ་དབང་གསན་ཅིང་ཞལ་མ་གཟིགས་པ་མེད། ཁྱད་པར་ཨུ་རྒྱན་ཆེན་པོའི་ཞལ་ཉེར་ལྔ་གཟིགས་ཏེ། ཉིད་ཀྱི་བཀའ་ལས། པདྨའི་ཟབ་གཏེར་ལོན་པ་ཡིན། །ཨུ་རྒྱན་རྗེ་དང་ཉེར་ལྔ་མཇལ། །གདམས་པའི་ངོ་སྤྲོད་ཐོབ་པ་ཡིན། །ཞེས་གསུངས། གཞན་ཡང་བསམ་ཡས་སྟེང་ཁང་རྣམ་སྣང་ཐུགས་ཀ་ནས་ཟབ་ཆོས་འཁོར་བ་དབྱིངས་སྒྲོལ་གྱི་སྐོར་སྤྱན་དྲངས་ཏེ་འབྲི་གུང་ཐེལ་གྱི་གསེར་ཁང་ཆོས་རྗེའི་སྟེང་ཁང་དུ་ཤོག་སེར་ཕབ་ཅིང་ཆོས་བཀའ་ཞལ་ཕྱེ་བས་བུམ་པའི་ཁ་རྒྱན་ལས་མེ་ཏོག་འཁྲུངས་པ་སོགས་ངོ་མཚར་དཔག་མེད་བྱུང་བ་དང་། ཆུ་བོ་རིར་བྱང་གཏེར་མགོན་པོ་བསྟན་སྲུང་ཡོངས་རྫོགས་ཀྱི་ལྗགས་བསྙེན་མཛད་པས་གསར་རྙིང་གི་ཆོས་སྐྱོང་རྣམས་ཀྱི་ཞལ་ཅིག་ཅར་དུ་བསྟན་པ་དང་། ཆུ་བོ་རིར་བདེ་དགྱེས་གསང་འཇིགས་མ་ཧཱ་མ་ཡ་སོགས་གསར་མའི་རྒྱུད་སྡེའི་ལྷ་ལུས་དཀྱིལ་གྱི་ཚུལ་དུ་གཟིགས་ཏེ་རང་ཉིད་ཡི་དམ་སོ་སོའི་སྐུར་གྱུར་པ་དང་། དམ་ཅན་རྣམས་བྲན་དུ་འཁོལ་བས་འཕྲིན་ལས་ལ་ཐོགས་པ་མེད་ཅིང་རྟག་པར་ཞལ་སྟོན་པ་དང་། བསམ་ཡས་སུ་གནོད་སྦྱིན་ཆེན་པོ་ཨར་ལ་གཏད་དེ་སླར་དམ་བཞག་མཛད་པ་དང་། རྟག་པར་བཤད་སྒྲུབ་འཆད་ཉན་ཁོ་ནས་དུས་འདའ་བར་མཛད་ཚུལ་སོགས་རྒྱས་པར་རྣམ་ཐར་ཆེན་མོ་དང་མགུར་འབུམ་གསན་ཡིག་སོགས་ལས་ཤེས་དགོས་པས་འདིར་མདོ་ཙམ་སྨོས་པ་ཡིན་ལ། དེ་ནས་དགུང་ལོ་བརྒྱ་ཕྲག་ཙམ་དུ་ཉེ་བ་ན་སྔོན་པཎ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་འབྱོན་པར་བཀའ་སྩལ་པ་དེ་ཉིད་གཡས་སུ་བྱང་པའི་རིགས་སུ་འཁྲུངས་ཤིང་ཆོས་བཀའ་བཙལ་བའི་དུས་ལ་བབ་པར་གཟིགས་ཏེ་ཆུ་བོ་རི་ནས་ལ་སྟོད་ཕྱོགས་སུ་ཕེབས་པ་དང་། བྱང་ནས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ཡང་སྔོན་གནས་རྗེས་དྲན་གྱི་ཚུལ་དུ་བག་ཆགས་སད་དེ་དམ་པ་འདི་ཉིད་སྤྱན་འདྲེན་པར་བཏང་བ་རྟེན་འབྲེལ་ཤུགས་ཀྱིས་འགྲིགས་ཏེ་བྱང་ངམ་རིང་གི་ཕྱོགས་སུ་ཕེབས་ཏེ་ཞལ་མཇལ་ཞིང་། སྔ་འགྱུར་བཀའ་གཏེར་གྱི་གདམས་ངག་ཕལ་ཆེ་བ་བུམ་པ་གང་བྱོའི་ཚུལ་དུ་མཛད་དེ་ཆོས་ཀྱི་བདག་པོར་བསྐོས། མ་འོངས་ལུང་བསྟན་ཡང་མང་དུ་གནང་། ཆོས་རྒྱལ་བྱང་པས་གསང་རི་ཞེས་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་ཆོས་གྲྭ་ཆེར་བཙུགས་པའི་མཁན་པོ་མཛད་ཅིང་གང་འདུལ་གདུལ་བྱའི་རེ་བ་བཀང་ནས་དགུང་ལོ་བརྒྱ་དང་བཅུ་གསུམ་དུ་ཕེབས་པའི་ཚེ་རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས་པར་མཁྱེན་ནས། གསང་སྔགས་ཐེག་མཆོག་གླིང་གི་ལྷ་གནས་དགའ་བའི་ཚལ་དུ་རྫོགས་ཆེན་ཟང་ཐལ་གྱི་བར་དོ་ལྔའི་སྙན་བརྒྱུད་གསུང་བའི་ཚེ་མྱ་ངན་ལས་འདའ་བའི་གསུང་བྱོན་པས། ཆོས་རྒྱལ་ཆེན་པོས་རབ་ཏུ་མྱ་ངན་ལས་མི་མདའ་བར་བཞུགས་པ་དང་། གལ་ཏེ་ཞིང་ཁམས་འཕོ་སྲིད་ན། སྤྲུལ་སྐུ་མྱུར་དུ་འབྱོན་དགོས་པར་གསོལ་བ་བཏབ་པས། ང་ད་རེས་བསྡད་པས་ཡོང་བ་མེད། ཁྱོད་ང་ལ་དེ་ཙམ་དུ་གཙིགས་ཆེ་ན་ཁྱོད་རང་གི་བུར་ཡོང་ངོ་། །ཞེས་ལུང་བསྟན་ཏེ་གླང་ལོའི་སྟོན་ཉེར་གསུམ་ལ་ཞི་བར་གཤེགས། འདི་ལ་འགའ་ཞིག་གི་ལས་སྦྱོར་བརྩམས་པའི་མཐུ་རྟགས་སུ་དྲིལ་རྒྱ་ཆེར་སྒྲོག་པར་བྱེད་མོད་ཀྱང་། མི་ལོ་བརྒྱ་དང་བཅུ་གསུམ་ཙམ་དུ་བཤད་སྒྲུབ་ཀྱི་བྱ་བ་མཐར་ཕྱིན་ནས་གཤེགས་པ་རང་མཐུ་རྟགས་སུ་མི་འགྲོ་བ་འདྲ་སྟེ། མཛད་པ་འཕྲོར་ལུས་ཏེ་རྐྱེན་དྲག་པོས་གཤེགས་པ་ཚོ་མཐུ་རྟགས་སུ་སྒྲོག་པ་ཞུ། བསྟན་འཛིན་གྱི་སྐྱེས་བུ་རྣམས་མཐུས་བཀྲོངས་པར་བསྒྲགས་ན་རང་ཉིད་རྒྱུ་འབྲས་མི་ཤེས་པའི་རྒྱུར་འགྱུར་རོ། །དེའི་ཚེ་བྱང་དུ་ཡང་དུས་འགྱུར་བྱུང་བར་བརྟེན་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་རིམ་བཞིན་དབུས་ཕྱོགས་ཆུ་བོ་རིར་སྤྱན་དྲངས་ཏེ་ཞུགས་ལ་ཕུལ་ཞིང་། གདུང་ཁང་གི་ཟ་མ་ཏོག་བྱིན་རླབས་ཀྱི་གཟི་བྱིན་འབར་བ་དེང་སང་ཡང་ཆུ་བོ་རི་ལྕགས་ཟམ་རྩེར་མཆོད་པའི་གནས་སུ་མ་ཉམས་པར་བཞུགས་སོ། །ལྷ་རིས་གྲུབ་པའི་འཁོར་ལོས་སྒྱུར་བའི་རྒྱལ། །ཐེག་མཆོག་བསྟན་པའི་ཤིང་རྟ་རིག་འཛིན་མཆོག །ལེགས་ལྡན་བདུད་འཇོམས་རྡོ་རྗེ་དཔལ་བཟང་པོའི། །ངོ་མཚར་མཛད་པའི་ཚུལ་ལ་སྙིང་ནས་དད། །ཁྱོད་སྔོན་བཟང་སྐྱོང་ལྷ་ཡི་བུར་འཁྲུངས་ཤིང་། །ཨུ་རྒྱན་དྲུང་ན་རྡོ་རྗེ་བདུད་འཇོམས་རྗེ། །སྙིགས་དུས་བསྟན་པའི་སྒྲོན་མེ་གྲོ་ལོད་རྩལ། །བསམ་བཞིན་སྲིད་པར་སྐྱེ་སྤྲུལ་སྣ་ཚོགས་སྟོན། །ཟབ་པ་གཏེར་དང་རྣམ་དག་བཀའ་མའི་རྒྱུན། །དམ་ཆོས་བདུད་རྩི་དཔལ་ལ་མངའ་འབྱོར་ཞིང་། །རང་གཏེར་ཆོས་ཀྱི་བགོ་སྐལ་ཉེར་བླངས་ཏེ། །དུས་བབས་འགྲོ་བའི་དོན་མཛད་ངོ་མཚར་གནས། །ཞེས་གཏམ་དུ་བྱས་སོ། །བླ་མ་དམ་པ་དེས་སྐྱི་སྟོན་ཚེ་རིང་དབང་པོ་རྗེས་སུ་བཟུང་བ་ཡིན་ཏེ། དམ་པ་འདིའི་རྣམ་ཐར་རྒྱས་པར་མ་རྙེད་ཀྱང་མདོ་ཙམ་བྲི་བའི་དབང་དུ་བྱས་ན། དེ་ཡང་གདུང་ནི་ཕུར་པ་ཇོ་མོ་ལུགས་ལས་གྲུབ་པ་བརྙེས་པ་ལང་ལབ་བྱང་ཆུབ་རྡོ་རྗེ་ཞེས་བྱ་བ། རྭ་ལོ་རྡོ་རྗེ་གྲགས་སོགས་ཀྱང་མཐུ་སྟོབས་དང་ནུས་པས་ཕམ་པར་མཛད་པ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཉིད་དང་དགོངས་པ་དབྱེར་མེད་པ་དེ་ལ་སློབ་མའི་མཆོག་བཞི་བྱུང་བའི་ནང་ཚན། མདོ་རྒུའི་སྐྱི་ནག་གྱང་འགྱེལ་ཞེས་བྱ་བ། ཡུམ་མི་རྣམས་ཀྱིས་ནོར་ཕྱུགས་ཁང་ཞིང་ཐམས་ཅད་ཕྲོགས་པ་ལ་བརྟེན་ལང་ལབ་ལ་ཕུར་པ་ཞུས་པས་དབང་རྒྱུད་མན་ངག་བསྟན་ཏེ་རྗེས་སུ་བཟུང་ནས། ཟླ་བ་དགུ་བསྙེན་གྱིས། དེ་ནས་བསེ་ལྕགས་ཤེས་གསུམ་ལ་ཟླ་བ་གཉིས་སྒྲུབས་ཤིག་དོན་འགྲུབ་བོ། །ཞེས་ལུང་བསྟན་པ་ལྟར་སྒྲུབ་པས་དྲོད་ཚད་བརྙེས་ནས་ཕྱིན་བྱོན་པས། གྱང་ཞིག་གི་དྲུང་ན་མི་མང་པོ་ཉི་མ་འདེ་ཞིང་འདུག་པ་ལ་ཐམས་ཅད་དགྲར་མ་གྱུར་པ་མི་འདུག་པས། གོང་ཁུག་ནས་ཕུར་པ་ཕྱུངས་ཏེ་གྱང་ལ་བཏབ་པས་གྱང་འགྱེལ་བའི་ཐིབས་འོག་ཏུ་མི་ཀུན་ཤི་བས་སྐྱི་ནག་གྱང་འགྱེལ་དུ་གྲགས་ཤིང་། དེ་ཡང་། སྐྱི་ནི་རུས། ནག་ནི་སྔགས་ནག །གྱང་འགྱེལ་ནི་མཐུ་སྟོབས་ཀྱི་དཔའ་མཚན་དུ་གྲགས། མཁྱེན་རབ་ཆེ་བས་རྒྱུད་འགྲེལ་མན་ངག་ཐམས་ཅད་བདག་པོར་གྱུར། གྲུབ་པའི་དབང་ཕྱུག་དེའི་རིགས་ལས་བྱུང་བས་ན་སྐྱི་སྟོན་དང་མཚན་དངོས་རིགས་སྔགས་འཆང་བ་ཚེ་རིང་དབང་པོར་གྲགས་པ་དེ་ཉིད། གཞོན་ནུ་ནས་མཁས་གྲུབ་ཀྱི་དམ་པ་དུ་མ་བསྟེན་ཅིང་། དམ་པའི་ཆོས་སྤྱི་དང་བྱེ་བྲག་སྔ་འགྱུར་བཀའ་གཏེར་གྱི་ཟབ་ཆོས་དུ་མས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད། ཁྱད་པར་གཙང་ཉུག་གི་རྒྱལ་ཁང་དུ་གནས་གསར་པ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གིས། རིག་འཛིན་མངའ་རིས་པ་ཆེན་པོ་ལེགས་ལྡན་བདུད་འཇོམས་རྡོ་རྗེ་སྤྱན་དྲངས་ཏེ་འདུས་པ་ཆེན་པོ་མདོའི་དབང་ཡོངས་སུ་རྫོགས་པ། རྒྱབ་རྟེན་མདོ་དགོངས་འདུས་ཀྱི་ལུང་དང་བཅས་པ་གསན་པའི་ཚེ་སྔགས་འཆང་ཚེ་རིང་དབང་པོ་ཉིད་ཀྱང་རིག་འཛིན་རྗེས་བརྩེ་བ་ཆེན་པོས་རྗེས་བཟུང་སྟེ་ཕྱིས་བསྟན་པའི་གསལ་བྱེད་ཆེན་པོར་འགྱུར་བ་མངོན་པར་མཁྱེན་པས་གཟིགས་ཏེ་དབང་རྒྱུད་མན་ངག་ཐམས་ཅད་གབ་སྦས་མེད་པར་གནང་ཞིང་། གསང་མཚན་རོལ་པའི་རྡོ་རྗེ་ཞེས་གྲགས་སོ། །རང་དོན་དུ་རྟོགས་པ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་གྲུབ་པའི་གནས་ཆེན་དུ་མར་ཡོ་ག་གསུམ་གྱི་རྣལ་འབྱོར་ལ་བརྩོན་པར་མཛད་པས་གྲུབ་མཚན་དུ་མ་མངོན་དུ་གྱུར་ཞིང་། གཞན་དོན་གདུལ་བྱའི་སློབ་མ་དུ་མ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད། དེའི་ཚེ་གནས་གསར་བ་གྲུབ་པའི་དཔའ་བོ་རྡོ་རྗེ་དབང་ཕྱུག་རབ་བརྟན་ཉིད་ཀྱི་བཀའ་ལས། རིག་འཛིན་མངའ་རིས་པ་ཆེན་པོ་ཉིད་ལས་བརྒྱུད་པའི་འདུས་པ་མདོའི་དབང་འདི་ཉིད་རིག་སྔགས་འཆང་བ་ཁྱོད་ཀྱིས་སྤེལ་བར་གྱིས་ཤིག་ཅེས་དགོངས་པས་བྱིན་གྱིས་བརླབ་པའི་མཐུ་ལ་བརྟེན་གཙང་སྡེ་སྲིད་ནས་ཀྱང་མཁོ་དགུའི་རྙེད་པ་སྟོབ་པ་དང་། སློབ་མའི་ཚོགས་བསྡུ་བར་བཀའ་གནང་སྟེ་ཕོ་བྲང་ཆེན་པོ་བསམ་གྲུབ་རྩེ་སྤེལ་དཀར་ཞེས་བྱ་བར་སྔ་འགྱུར་བཀའ་མའི་ཆོས་ཀྱི་བདག་པོ་ཟུར་འུག་བྱ་ལུང་པའི་ཞལ་ངོ་ཟུར་བསྟན་འཛིན་རྡོ་རྗེས་གཙོས་འདུས་པ་རྣམས་ལ་བསྟན་པ་ཡོངས་རྫོགས་ཀྱི་སྨིན་གྲོལ་གྱི་འཇུག་ངོགས་ཆེན་པོ་འདུས་པ་མདོའི་དབང་གཏད་རྒྱར་བཅས་པ་རྒྱས་པར་མཛད་པ་ཡིན་ཏེ། དེ་དག་གི་བསྡུས་དོན་རིག་འཛིན་བརྒྱུད་པའི་དབང་བྱང་ཁྱབ་བདག་སྨན་ལུང་པ་ཆེན་པོས་མཛད་པ་ལས། འཇམ་དབྱངས་མཁྱེན་བརྩེའི་བཀའ་དྲིན་ལས། །ལེགས་ལྡན་བདུད་འཇོམས་རྡོ་རྗེ་མཇལ། །མདོ་དབང་སྨིན་གྲོལ་གདམས་རྫོགས་ནས། །རྒྱབ་རྟེན་མདོ་ལུང་དགོངས་འདུས་གསན། །དབང་ཕྱུག་རབ་བརྟན་རྒྱལ་བ་ཡི། །དགོངས་པས་བྱིན་རླབས་མེད་དབང་རྒྱུན། །ཁྱེད་ཀྱིས་སྤེལ་ཞེས་གནང་བ་ཐོབ། །ཕོ་བྲང་བསམ་རྩེའི་སྤེལ་དཀར་དུ། །མདོ་དབང་གཏད་རྒྱར་བཅས་པ་མཛད། །སྐྱི་སྟོན་ཚེ་རིང་དབང་པོར་གྲགས། །གསང་མཚན་རོལ་པའི་རྡོ་རྗེ་སྟེ། །ད་ལྟ་རིག་འཛིན་གནས་ན་བཞུགས་ཞེས་དང་། །དངོས་གྲུབ་བསྐུལ་ཚིག་ལས། བྲག་དམར་ཆོས་ལུང་དོན་པ་རུ། །སྐྱི་སྟོན་ཚེ་རིང་དབང་པོ་ནི། །བཀའ་གཏེར་ཆོས་ཀྱི་རྒྱལ་སྲིད་འཛིན། །ཞེས་གསུངས་པ་དོན་ལ་གནས་པས། མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་ཏུ་གྱུར་ནས། ངམ་རིང་མཁན་ཆེན་ཀླུ་སྒྲུབ་ཆོས་ཀྱི་རྒྱལ་མཚན། བླ་ཆེན་བྲེས་པ་སོགས་གཞན་ཕན་ནུས་པའི་སློབ་ཚོགས་མང་དུ་བསྐྲུན་པའི་མཐར། ཞིང་འདིའི་གདུལ་བྱ་རྫོགས་ཏེ་འོག་མིན་ཚོགས་ཆེན་གྱི་དཀྱིལ་འཁོར་དུ་རིག་འཛིན་གྲུབ་པའི་སར་གཤེགས་སོ། །བླ་མ་དམ་པ་དེས་བླ་ཆེན་བྲེས་གཤོངས་པ་ཆོས་རྒྱལ་རྡོ་རྗེ་རྗེས་སུ་བཟུང་བ་ཡིན་ཏེ། འདིའི་རྣམ་ཐར་མདོ་ཙམ་བརྗོད་ན། འཁྲུངས་ཡུལ་ནི་གཡས་རུ་གཙང་གི་སའི་ཆ་བྲེས་གཤོངས་ཞེས་བྱ་བ་ཡིན་ལ། གདུང་ནི་གཉག་གི་རིགས་ལས་མང་ར་འབུམ་སྨྱོན་ཞེས་བྱ་བ་ཟུར་པཀྴི་ཤཱཀ་འོད་དང་དུས་མཚུངས་ཤིང་། ཟུར་པས་བྲག་རྡོ་རྗེ་ཚེ་བརྟེན་ནས་ཨུ་རྒྱན་གྱི་ཚེ་ཆུ་མུ་མེན་གྱི་བུམ་པ་གང་ཡོད་པ་འདོན་པར་བསྐུལ་བ་ལྟར་མང་ར་འབུམ་སྨྱོན་གྱིས་བཏོན་ནས་ཕུལ་ཞིང་། ཚེ་ཆུ་དེས་ཧོར་སེ་ཆེན་རྒྱལ་པོའི་ཚེ་བསྲིངས་པའི་ལོ་རྒྱུས་ཀྱང་སྣང་། དེ་ལྟར་བུའི་འབུམ་སྨྱོན་གྱི་རྒྱུད་ལས་བྱུང་བ་ཡབ་རིག་འཛིན་པདྨ་བདུད་འདུལ་དང་། ཡུམ་རྣམ་རྒྱལ་སྒྲོན་མའི་སྲས་སུ་ཆུ་ཕོ་སྟག་ལོ་སྟོན་ཟླ་འབྲིང་པོའི་ཚེས་ལྔ་གཟའ་པ་སངས་དང་སྐར་མ་ནམ་གྲུ་ལ་འཁྲུངས་ཤིང་མཚན་འཇམ་དབྱངས་ཆོས་རྒྱལ་རྡོ་རྗེ་བཏགས། བཅུ་གཅིག་པར་བྲིས་ཀློག་སོགས་སྦྱངས། བཅོ་ལྔ་པར་ཡབ་ལས་ཕ་ཆོས་སྒྱུ་འཕྲུལ་ཞི་ཁྲོའི་དབང་དང་གསར་སྙིང་གི་ལུང་། འཇམ་དབྱངས་བླ་མའི་རྩ་གསུམ་དྲིལ་སྒྲུབ། ན་རག་དོང་སྤྲུག་དྲག་དམར་ཉང་ལུགས་འཆར་ཀ །སྨྱུང་གནས་དཔལ་མོ་ལུགས་སོགས་གསན། ཡབ་མེས་ཀྱི་གྲུབ་མཐའ་སྐྱོང་བའི་ཕྱིར་སྔ་འགྱུར་བཀའ་མའི་བསྟན་པའི་འབྱུང་ཁུངས་ཟུར་འུག་བྱ་ལུང་དུ་ཡབ་ཡུམ་གྱི་བཀས་བསྐུལ་ནས་ཐུགས་གཉེར་ལ་བྱོན་ནས་སྒྱུ་འཕྲུལ་དང་ལེགས་ལྡན་སྐོར་སོགས་གསན་ཅིང་། ཐུགས་གཉེར་དང་ཕྱག་བཞེས་རྣམས་མཐའ་ཆོད་པར་སྦྱངས། ཟུར་མོ་ཆོས་ལྡན་བཟང་མོ་འོད་གསལ་གསང་སྐོར་དང་སྒྱུ་འཕྲུལ་སྐོར་སོགས་གསན། མངའ་རིས་འོད་གསལ་མཆོག་ལྡན་ཞེས་པའི་གྲུབ་པའི་དབང་ཕྱུག་གི་སྙན་པས་ཐུགས་ཕྲོགས་ཏེ། གཙང་རོང་ཆུ་ཚན་ལྷ་རྒང་ཞེས་བྱ་བར་བྱོན་ནས་བླ་མ་ཡང་ཏིག་གི་ཉམས་ཁྲིད་སྟེང་ནས་ཀ་དག་གི་ཐུགས་ངོ་སྤྲད་ཅིང་། ལྷུན་གྲུབ་ཀྱི་ཉམས་སྣང་གཏན་ལ་ཕབ། དེ་བཞིན་དུ་ཟབ་མོ་ཡང་ཏིག །མཁའ་འགྲོ་ཡང་ཏིག །འགྲོ་མགོན་དུང་མཚོ་རས་པའི་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་གི་མུན་ཁྲིད་སོགས་ཟབ་ལམ་རྫོགས་པ་ཆེན་པོའི་གདམས་པ་དང་། ཉང་གི་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ལུང་། པད་གླིང་ཚེ་ཁྲིད་རྡོ་འཕྲེང་སོགས་གཏེར་ཁ་མང་པོའི་ཆོས་སྐོར་དང་མ་ཅིག་གི་གཅོད་སྐོར། འབྲི་གུང་ལུགས་ཀྱི་ཛཱ་བྷིར་རླུང་ཁྲིད་སོགས་དུ་མ་གསན། རབ་ཏུ་བྱུང་བར་བཞེད་ནས་གཙུག་ཕུད་འབུལ་བར་ཞུས་པས། ངས་ཁྱོད་ཀྱི་སྐྲ་བཅད་པས་མི་ཡོང་དབང་རྟགས་རལ་པ་འཇོག་དགོས་ཞེས་གསུངས་པར་བརྟེན་བླ་མའི་བཀས་དབུ་སྐྲ་བཞར་མ་ཐུབ་པར་རལ་པའི་ཐོར་ཚུགས་དང་ལྡན་ཡང་ཚངས་སྤྱོད་གཙང་མ་ཡིན་ཚུལ་འོག་ཏུ་གསལ། ཆོས་རྒྱལ་དཔལ་མོ་ཞེས་པར་ཨུ་རྒྱན་གླིང་པའི་ཐང་ཡིག་དང་མཚོ་རྒྱལ་རྣམ་ཐར་དྲི་མེད་ཀུན་དགའི་གཏེར་མ། འབྲི་གུང་དགོངས་པ་ཡང་ཟབ་ཀྱི་རྩ་གསུམ་གཏོར་དབང་དང་ལུགས་སོགས་གསན། དམ་པ་སངས་རྒྱས་ཀྱི་རྣམ་སྤྲུལ་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ་བཟང་པོ་ལ་རྒྱུད་བཅུ་བདུན་ཁྲོས་ནག་གི་རྒྱུད་དང་བཅས་པ། མཁས་གྲུབ་ཀློང་ཆེན་པའི་མཛོད་བདུན་ངལ་བསོ་སྐོར་གསུམ། སྙིང་ཏིག་ཡབ་བཞི་སོགས་གསན། བི་ལའི་རྣམ་སྤྲུལ་ཀོང་སྨྱོན་རིག་འཛིན་ཀུན་བཟང་རྣམ་རྒྱལ་ལ་ཀརྨ་གླིང་པའི་ཐོས་གྲོལ་གྱི་དབང་ལུང་ཁྲིད་བཅས། རཏྣའི་ཀློང་གསལ་སོགས་མང་དུ་གསན། གླང་བུ་ཆོས་རྗེ་ཆོས་སྐྱོང་དབང་ཕྱུག་ལ་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་སྐོར་འགའ་ཞིག་གསན། དཔལ་ལྡན་ས་སྐྱ་པའི་གདུང་ལས་སྒར་ཆེན་མཐུ་སྟོབས་དབང་ཕྱུག །ཁྲི་ཆེན་ཨ་མི་ལགས་ཀུན་དགའ་བསོད་ནམས། རྩེ་གདོང་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། རྗེ་ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག །གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེ་སོགས་ལས་ཟབ་ཆོས་དུ་མ་གསན། འདུས་པ་མདོ་དབང་གསན་ཚུལ་ནི། གོང་ར་ལོ་ཙཱ་བར་ཚར་གཅིག་གསན་པ་དང་། བྱང་བ་རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲས་གཙང་བུ་ཐེག་མཆོག་གླིང་པ་རྣམས་ལ་མདོ་དབང་གནང་དུས་ཀྱང་ཚར་གཅིག་གསན་ཅིང་། རྫོགས་ཆེན་པ་དེ་ཉིད་གསང་འགྲེལ་མུན་སེལ་ཐུགས་ལ་ཚུད་པ་སོགས་སྐུ་ཡོན་ཆེ་ཞིང་། ཟང་ཟང་ལྷ་བྲག་ཏུ་སྒྲུབ་པ་མཐར་ཕྱིན་པས་ཉམས་རྟོགས་ཀྱི་མངའ་བདག་ཏུ་གྱུར་མོད་ཀྱང་། མདོ་དབང་གི་སྒྱུ་འཕྲུལ་གོམས་འདྲིས་ཆེར་ཡོད་ན་མ་གཏོགས་འཆད་དཀའ་བས་དབབ། བརླབ། དྲངས། བསྟིམ། བརྟན་སོགས་ཀྱི་སྡོམ་ཚིག་རྣམས་མ་ཁྲོལ་བ་དང་། ཕྱག་རྒྱའི་འཆིང་ཚུལ་སོགས་ལ་མི་མཁས་པས། རྗེ་འདི་འུག་པ་ལུང་དུ་སྒྱུ་འཕྲུལ་ལ་སྦྱངས་པ་སོང་བའི་ཤས་ཀྱིས་སྐྱོན་ཐིངས་ཚུལ་ཁྱབ་བདག་སྨན་ལུང་བའི་གསུང་ལས་ཐོས། ཁྱད་པར་རིག་འཛིན་རྗེ་ལས་བརྒྱུད་པའི་མདོ་དབང་འདི་ཉིད། སྐྱི་སྟོན་ཚེ་རིག་དབང་པོས་ཕོ་བྲང་བསམ་གྲུབ་རྩེའི་སྤེལ་དཀར་དུ་གནང་སྐབས་གསན་ཅིང་། ཕྱག་ལེན་དཀའ་བའི་གནད་འགའ་ཞིག་ཀྱང་ཟིན་བྲིས་སུ་འདེབས་པ་སོགས་མཛད་པས་དེ་ལྟར་ན་འདུས་པ་ཆེན་པོའི་དབང་ལན་གསུམ་དུ་གསན་པར་འཁྲུལ་པ་མེད། གཞན་ཡང་མངའ་བདག་ཕུན་ཚོགས་རིག་འཛིན་ལས་བྱང་གཏེར་ཐུགས་སྒྲུབ་སྐོར་འགའ་ཞིག་དང་། གསེར་མདོག་ཅན་མཁན་པོ་ཤཱཀྱ་བསྟན་འཛིན་ལས་གསར་མ་འགའ་ཞིག་གསན་ཁྱབ་བདག་སྨན་ལུང་པ་ཆེན་པོ་བློོ་གྲོས་མཆོག་གི་རྡོ་རྗེ་ལས་བཀའ་སྙན་བརྒྱུད་རྡོ་ཟམ་སོགས་ཀྱང་གསན་ནོ། །དེ་ལྟར་དམ་པ་དུ་མ་ལས་ཟབ་ཆོས་རྣམས་ལེགས་པར་གསན་ནས་ཐོས་དོན་ཉམས་སུ་བཞེས་ཚུལ་ཡང་། ལྷོ་འབྲས་མོ་ལྗོངས་སུ་བྱོན་ཏེ་སྒྲུབ་པ་མཛད་པས་ཉམས་རྟོགས་བཟང་པོ་འཁྲུངས་པས་མཚོན། དུས་སྐབས་ཐམས་ཅད་དུ་དབེན་གནས་འབའ་ཞིག་ཏུ་སྒྲུབ་པ་མཛད་ཅིང་། དེ་དག་ཀྱང་སྐབས་འགར་འཚོ་ཆས་དང་། སྐབས་འགར་དཀའ་ཐུབ་བཅུད་ལེན་ལ་བརྟེན་པ་སོགས་སྒོ་དུ་མ་ནས་སྒྲུབ་པ་ལྷུན་ལེན་གྱིི་བརྟུལ་ཞུགས་གཙོ་བོར་མཛད་པས། ཐག་གི་བྲག་རྒྱ་བོ་དང་བཻ་རོའི་སྒྲུབ་ཕུག །ཟབ་བུ་ལུང་། ཉུག་གི་རྡོ་རྗེ་སྒྲོམ་བུ་སོགས་སུ་གཅིག་པུར་སྒྲུབ་པ་ཁོ་ན་མཛད། ཁྱད་པར་དགོན་སྤུག་ཅེས་བྱ་བའི་རི་ཁྲོད་དུ་ཨ་ལྕེ་བགྲེས་མོ་ཞིག་གིས་ཞབས་འབྲིང་མཛད་ནས་ལོ་དགུའི་བར་དུ་རི་མི་འབབ་ཀྱི་སྒྲུབ་པ་ཁོ་ནར་བཞུགས་པས། སྒྲུབ་འབྲས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀ་དག་ཆེན་པོའི་ངང་དུ་གྲོལ་བས་ཚོགས་དྲུག་གི་སྣང་བ་གང་ཤར་རང་གྲོལ་རྩིས་གདབ་མེད་པ་འཁོར་ཡུག་འོད་གསལ་ཆེན་པོར་འབྱམས་སུ་ཀླས་པའི་རང་མདངས་འགག་མེད་ལྷུན་གྲུབ་ཀྱི་རིག་རྩལ་སྣང་སྲིད་དག་པ་རབ་འབྱམས་སུ་འཆར་བའི་གཤིས་ལས་རང་གཞན་གྱི་བདེ་སྡུག་ལེགས་ཉེས། གཞན་གྱི་དངོས་པོ་འབུལ་བ་སོགས་ཇི་ལྟར་ཡོང་མངོན་པར་མཁྱེན་པ་དང་། ཉུང་གི་རྡོ་རྗེ་སྒྲོམ་བུར་མཁའ་འགྲོའི་སྐད་གསན་པ་དང་རྟ་མགྲིན་ལ་ལྗགས་བསྙེན་མཛད་པས་རྟ་སྐད་ཁ་ཡར་གསན་ཅིང་རྟ་མགྲིན་གྱི་སྤྲུལ་པར་ཡང་གྲགས་ཏེ། བཀའ་ཐང་གནུབས་སྒྲིགས་མར། དྷརྨ་ཛ་ཞེས་བྱ་བ། གཙང་ཤངས་དབེན་དམར་ཕྱོགས་སུ་འབྱུང་། །རྟ་མགྲིན་བྱིན་རླབས་སྐྱེས་བུ་ཡིན། །ཕྲད་ཚད་ངན་སོང་འཁོར་ལོ་ཆོད། །ཅེས་དང་། རིག་འཛིན་སྲོག་སྒྲུབ་ལས་ཀྱང་རྟ་མགྲིན་གྱི་སྤྲུལ་པར་ལུང་དུ་བསྟན་ནོ་ཞེས་གྲགས་སྐད། སྐབས་ཤིག་མངོན་དགར་ཕེབས་དུས་ཚོན་ལྔའི་འཇའ་རིས་ཀྱི་རྒྱབ་ཡོལ་ལྟ་བུར་སྐོར་བ་ཕྱུགས་རྫིས་མཐོང་བ་དང་། ཟབ་ཕུར་རྡོ་རྗེ་སེམས་དཔའི་སྐུ་གསལ་པོར་གཟིགས་པ་སོགས་རྟོགས་པའི་ཡོན་ཏན་དུ་མ་མངོན་དུ་གྱུར་པ་ཡིན། ཁྱད་པར་རྩ་རླུང་ལ་དབང་འབྱོར་བས་ཁམས་དྭངས་མ་ཡུངས་འབྲུ་ཙམ་ཡང་མ་ཉམས་པ་ཡིན་ཅེས་ཁྱབ་བདག་སྨན་ལུང་པར་གསུངས་པས། དམ་པ་དེས་ཀྱང་དབང་བྱང་དུ། ཆར་ཡར་སྤྱི་བོའི་གཙུགས་ཏུ་བཅིངས། ཞེས་བསྔགས་པར་མཛད་ཅིང་། བཅས་ལྡན་དགེ་སློང་ལ་ལྷག་མ་དང་པོ་དང་བྱང་སེམས་གྱི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་རྒྱུ་དང་། སྔགས་སྡོམ་ལ་རྩ་ལྷུང་ལྔ་པ་སོགས་སྡོམ་གསུམ་མཐའ་དག་གི་རྩ་བར་གྱུར་བ་ཡིན་པས་ངོ་མཚར་བའི་མཛད་པ་འདི་གཅིག་པུ་ཡང་བླ་ན་མེད་པའི་རྣམ་ཐར་དུ་གོ། །གཞན་དོན་གདུལ་བྱ་བསྐྱངས་ཚུལ་ཡང་། སྒྲུབ་པ་སྙིང་པོར་མཛད་པའི་ཐུན་མཚམས་སུ། ལོ་ལྟར་གྱི་མྱོང་གྲོལ་གྱི་གདམས་པ་སྩལ་བའི་སློབ་མ་ཡང་ཁྱབ་བདག་སྨན་ལུང་པ་ཆེན་པོ་བློ་མཆོག་རྡོ་རྗེ། ཟུར་ཡང་འུག་གི་གདུང་བརྒྱུད་གདན་ས་འོག་རྩེ་གདོང་ཞབས་དྲུང་ཁྲི་རྒྱན་རྣམ་གཉིས། འོད་གསལ་མཆོག་གི་སྤྲུལ་སྐུ་སྒྲོལ་མ་སྦུག་པ་སྐུ་མཆེད། ཀོང་པོ་རྫོགས་ཆེན་སྤྲུལ་སྐུ་སོགས་རིགས་རུས་སྐྱེ་བ་མཁས་བཙུན་གྲུབ་པས་ཆེ་བའི་དམ་པ་རྣམས་དང་། མཆོག་དམན་གྱི་གདུལ་བྱ་བགྲང་བར་ཡས་པ་ལ་སྨིན་གྲོལ་གྱི་བཀའ་དྲིན་དུ་མ་སྩལ། འབུལ་ནོད་བྱུང་བ་རྣམས་ཀྱང་དབུས་གཙང་དུ་མང་འགྱེད་བསྔོ་རྟེན་སོགས་ཚོགས་གསོག་ཁོ་ནར་འགྲོ་བ་མཛད། ཆར་འབེབས་སད་སྲུང་སོགས་ཀྱང་གཞན་གྱིས་བསྐུལ་བར་མ་ལྟོས་པའི་ཐུགས་བསྐྱེད་ཀྱིས་ཀུན་ནས་བླངས་ཏེ་མཛད། ནད་གདོན་གྱིས་ཉེན་སར་བྱིན་རླབས་མཛད་པས་ཕན་པ་རྒྱ་ཆེར་འབྱུང་བས་མཚོན་འགྲོ་བ་ལ་ཕན་བདེ་མཆོག་ཏུ་སྩལ། ཁྱད་པར་འོད་མཆོག་སྤྲུལ་སྐུ་དང་སྒྲོལ་མ་སྦུག་སྐུ་མཆེད་སོགས་ལ་སྔ་ཕྱིར་མདོ་དབང་འདྲ་གནང་སྐད་ཀྱང་ངེས་གསལ་དང་རྣམ་ཐར་ཟིན་བྲིས་སུ་མ་ཐེབས་པས་ཆ་མ་འཚལ། འོན་ཀྱང་རིག་འཛིན་རྗེ་ལས་བརྒྱུད་པའི་མདོ་དབང་ཆེན་མོ་དབང་ལུང་གདམ་ངག་ཡོངས་སུ་རྫོགས་པ་ནི་ཁྱབ་བདག་སྨན་ལུང་པ་ཆེན་པོར་བསྩལ་བ་ཡིན་ཏེ། གནས་གསར་བ་རྡོ་རྗེ་འཆང་མགོན་པོའི་མཚན་ཅན་གྱི་བཀས་བསྐུལ་བའི་རྐྱེན་ལས། ཤངས་བར་དུ་ཁྱབ་བདག་ཁྲ་ཚང་པ་ཁོ་ནར་ཆིག་རྒྱུད་དུ་སྩལ་བ་ཡིན་ལ། འདི་སྐབས་རིག་འཛིན་རྗེ་ནས་བརྒྱུད་པའི་མདོ་དབང་མཆེད་ཀྱིས་སྤེལ་ནས་གཟན་ཕྱོགས་ཀྱི་བརྒྱུད་པར་ཕྱོགས་སྔ་འགྱུར་ཏེ་སྔར་ནས་མདོ་དབང་གསན་པའི་བརྒྱུད་པ་གཞན་དག་གི་ཐུགས་འཕོག་བྱུང་ན་དམ་ཚིག་ལ་ཉམས་ཆག་ཏུ་གྱུར་དོགས་ཕྱི་འཆར་དུ་རྗེ་བླ་མ་ཁྲ་ཚང་པར་ཡང་ཏི་ནག་པོ་གནང་ཁུལ་གྱིས་སྐུ་མཚམས་ཁོག་ཏུ་གནང་བ་ཡིན་ཞེས་ཐོས་ལ། འདི་དུས་གསང་དམ་དྲགས་པས་རྐྱེན་བྱས་དེང་སང་ཡང་གཞན་ཕྱོགས་འགའ་ཞིག་ཁྱབ་བདག་སྨན་ལུང་པ་ཆེན་པོར་སློབ་དཔོན། བྲེས་རིན་པོ་ཆེས་མདོ་དབང་མ་གནང་བས་དྲན་རྒྱ་ཁོ་ན་ཡིན་ཞེས་ལྐོག་ཤུབ་ཏུ་གླེང་ཞིང་། ཁོ་བོའི་གམ་དུ་ཡང་འདི་ལས་བརྩམས་ཏེ་བླ་མ་མཆོག་ལ་བསྟིང་ཚིག་གི་སྐུར་འདེབས་ཕྱོགས་ལ་ཟུར་བསྟན་དུ་བྱེད་པ་མང་མོད་ཀྱང་སྔ་ཕྱིར་གནས་གསར་བ་མཇམ་དབྱངས་མཁྱེན་བརྩེ་ཁུ་དབོན་གསུམ་དང་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་རིག་འཛིན་རྗེ་ནས་བརྒྱུད་པའི་མདོ་དབང་འདི་མ་ཆད་ཙམ་བྱུང་བ་ཡིན་པས། ཕྱོགས་གཏམ་འདི་ལྟ་བུའི་སྒྲོ་སྐུར་བགྱིས་ན་ཆོས་སྤོང་དང་དམ་པ་དེ་དག་ཀུན་ལ་ངག་གི་སྒྲིབ་པ་དུ་མ་གསོག་པའི་རྒྱུ་འགྱུར་བས་ལས་ངན་གྱི་འགྲོ་བ་འདི་དག་སྙིང་རྗེའི་གནས་སོ། །དེ་ལྟར་བླ་ཆེན་བྲེས་གཤོངས་པ་དེ་ཉིད་ནི་སྡོམ་གསུམ་གྱི་བཅས་པ་ཕྲ་མོ་ལས་ཀྱང་མི་འདའ་བའི་ཚུལ་ཁྲིམས་དང་སྡོམ་པ་དམ་ཚིག་རྣམ་པར་དག །མ་ཧཱ་ཡོ་གའི་རྣལ་འབྱོར་གྱིས་བརྟན་གཡོའི་དངོས་པོ་དག་པར་འཆར། ཨ་ནུ་ཡོ་གའི་མན་ངག་གི་ཕུང་ཁམས་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་མཁྱེན་ཅིང་རྩ་རླུང་ལ་དབང་ཐོབ། རྫོགས་ཆེན་ཨ་ཏི་ཡོ་ག་ཁྲེགས་ཆོད་དང་ཐོད་རྒལ་གྱི་དོན་ལ་གདེང་རྙེད། ཚེ་འདིའི་བྱ་བ་ཐམས་ཅད་སྒྱུ་མར་མཁྱེན་པས་འདུ་འཛིའི་ཡོ་ལངས་ལ་མི་སྤྱོད་པར་འདོད་ཆུང་ཆོག་ཤེས་སུ་མཛད་པ་ཡིན་ནོ། །མངའ་རིས་འོད་གསལ་མཆོག་དེ་ཡོངས་འཛིན་གྱི་གཙོ་བོ་ཡིན་པའི་རྟེན་འབྲེལ་ལས་འོད་མཆོག་སྤྲུལ་སྐུ་འོད་གསལ་ཀློང་ཡངས་ལ་ཐུགས་ཚིག་ཆེ་ཞིང་། གོང་མའི་རྒྱུན་དང་དག་སྣང་གི་བྱང་གཏེར་ཐུགས་རྗེ་ཆེན་པོ་དང་ཐུགས་སྒྲུབ་ལེགས་ལྡན་རྗེའི་གཏེར་གསར་འཁོར་བ་དབྱིངས་སྒྲོལ་གྱི་སྐོར་རྣམས་གསན་ཅིང་གདན་སར་མངའ་གསོལ་བའི་རྟེན་འབྱུང་ཡང་མཛད་ཅེས་ཐོས་ལ། དེ་ལྟར་ཞལ་སློབ་རྣམས་ལ་འདོད་ཆོས་དུ་མ་དང་ཁྱད་པར་སྔ་འགྱུར་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་རྒྱ་ཆེར་སྤེལ་བ་འདི་དག་གི་བསྡུས་དོན། བླ་མའི་དབང་བྱང་གི་བསྐུལ་ཚིག་ཁྱབ་བདག་ཁྲ་ཚང་བའི་གསུང་ལས། དམ་པ་དུ་མའི་ཞབས་པད་བསྙེན། །རྩ་རླུང་དགོངས་པ་མངོན་དུ་གྱུར། །ཆར་ཡང་སྤྱི་བོའི་གཙུག་ཏུ་བཅིངས། །ཚངས་པར་སྤྱོད་པའི་རྣལ་འབྱོར་པ། །ཆོས་ཀྱི་རྒྱལ་པོ་རྡོ་རྗེའི་མཚན། །བཞུགས་ནི་རིག་འཛིན་གནས་ན་བཞུགས། །ཞེས་དང་། དངོས་གྲུབ་སྐུལ་ཚིག་ལས། གཙང་སྟོད་བྲེས་ཀྱི་རི་ཁྲོད་དུ། །བླ་ཆེན་ཆོས་རྒྱལ་རྡོ་རྗེ་དཔལ། །མདོ་སྒྱུའི་སྨིན་གྲོལ་སྲོག་ཤིང་འཛིན། །ཞེས་གསུངས་པ་དོན་ལ་གནས་སོ། །མདོར་ན་དགུང་ལོ་བདུན་ཅུ་དོན་བདུན་གྱི་བར་དུ་བཤད་སྒྲུབ་ཀྱི་སྒོ་ནས་ཞིང་འདིའི་གདུལ་བྱ་སྐྱོངས་རྗེས་སྦྲུལ་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་བཅུའི་ཉིན་སྒྲ་འོད་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གདོད་མའི་ས་ལ་གཤེགས་སོ། །དེར་བུ་སློབ་རྣམས་གྱིས་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པ་མཆོད་སྤྲིན་དུ་མས་མཆོད་ཅིང་བུར་སྦྱངས་ཏེ། དེ་ཡང་ངོ་མཚར་གྱི་ཆོ་འཕྲུལ་དུ་མ་མངོན་པར་སྣང་བར་གྱུར་ཅེས་གྲགས་སོ། །བླ་ཆེན་བྲེས་གཤོངས་པ་ཆོས་རྒྱལ་རྡོ་རྗེ་དེ་ཉིད་ཀྱིས་ཁོ་བོའི་བླ་མ་ཁྱབ་བདག་སྨན་ལུང་པ་ཆེན་པོར་གནང་བ་ཡིན་ཏེ། ཡོངས་འཛིན་འདི་ཉིད་ཀྱི་རྣམ་པར་ཐར་པ་རྒྱལ་དབང་མཆོག་གིས་མཛད་པའི་རྟོགས་བརྗོད་ཉུང་ངུ་རྣམ་གསལ་དུ་ཞིབ་པར་ཡོད་ཅིང་། བསྡུས་པ་ཁོ་བོས་བརྩམས་པའི་དད་པའི་འཇུག་ངོགས་ཞེས་པ་ས་བོན་ཙམ་ཞིག་ཀྱང་ཡོད་མོད། འདིར་ཡང་ཅུང་ཟད་བཏུས་ཏེ་བྲི་བར་རིགས་སོང་། དེ་ཡང་བླ་མ་དམ་པ་དེ་ཉིད་ཀྱི་གདུང་རུས་ནི་ཉང་མཆོག་ལྡན་མགོན་པོའི་གསུང་ལས་ཉང་སྟོན་ཆེན་པོས་བསྟན་པའི་དབུ་བརྙེས་ནས་མཉམ་མེད་དབེན་སྟོན་བསྟན་པའི་སྲོལ་ཆེན་བཏོད། མཁས་ཆེན་སྨན་ལུང་པ་ཡི་དབུ་བཟུང་ནས། །ཉང་བན་སྐུ་མཆེད་རིང་འདིར་དར་ཞིང་རྒྱས། །ཞེས་གསུངས་པ་ལྟར། སངས་རྒྱས་ཉང་སྟོན་བརྩོན་འགྲུས་སེང་གེ་སོགས་མཁས་གྲུབ་མུ་ཏིག་གི་འཕྲེང་བ་ལྟར་རིམ་བཞིན་བྱོན་པའི་མཐར་ཡུལ་གཡོན་རུ་ཡར་མོ་ལུང་གི་སའི་ཆ། ཕོ་བྲང་ཆེན་པོ་ཡུམ་བུ་གླ་སྒང་གི་འདབས་གྲུབ་པའི་བསྟི་གནས་ཁྲ་ཚང་བླ་བྲང་དུ་ཡབ་ཉང་སྟོན་ཀརྨ་གཟི་བརྗིད་དང་ཀརྨ་མཐུ་སྟོབས་མཆེད་གཉིས། ཡུམ་སྡེ་བ་མཁར་ལྡན་མའི་སྲས་མོ་མཁའ་འགྲོའི་མཚན་རྟགས་ཅན་གྱི་སྲས་སུ་ལུག་གི་ལོ་ཉི་མ་མེ་བཞིའི་འགྲུབ་སྦྱོར་གྱི་ཉི་ཤར་ལ་སྐུ་བལྟམས། དེ་ཡང་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ་ཆོས་དབང་གདུང་རབས་དགུ་པ་ཀརྨ་གུ་རུས་བྱིན་གྱིས་བརླབས་ཤིང་སྐྱེས་ཆེན་འབྱུང་བར་ལུང་བསྟན། འཁྲུངས་ནས་ཀྱང་རྗེ་དེ་ཉིད་ཀྱིས་ཚེ་དབང་རྩལ། དགུང་ལོ་བཞིར་ཕེབས་ཚེ་ཡབ་ཀརྨ་མཐུ་སྟོབས་ཡུམ་དང་བཅས་ཏེ་སྨན་ལུང་དུ་བཞུགས་ཤིང་། ཡབ་ཀྱི་མཚན་ཤཱཀྱ་སྐྱབས་སྦྱིན་དུ་གསོལ། དགུང་ལོ་བདུན་པའི་སྟེང་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ལ་དགེ་བསྙེན་དུ་སྒྲུབ་པར་མཛད་ནས་བྱང་གཏེར་ཚེ་དབང་ལྕགས་སྡོང་མ་གསན། དགུང་ལོ་བཅུ་བཞི་པའི་ཚེ་ཡར་སྟོད་ཀརྨ་ལྷ་ཁང་དུ་ཆོས་དབང་རིན་པོ་ཆེའི་གདུང་རབས་བཅུ་པ་རྒྱལ་སྲས་གར་དབང་ཀརྨ་དབང་འབྱོར་གྱི་ཞབས་དྲུང་དུ་ཕེབས་ཏེ་ཆོས་དབང་གི་ཟབ་གཏེར་སྙིང་པོ་གསང་འདུས་བླ་མའི་སྒྲུབ་ཐབས་ཀྱི་དབང་ཁྲིད་གདམས་པ་རྣམས་དང་། བླ་མ་ཡོངས་རྫོགས། རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་ཉམས་ཁྲིད་དང་དབང་ལུང་། ཡང་སྙིང་འདུས་པ། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་སྨན་སྒྲུབ་དང་། འབྲེལ་བའི་དབང་ལུང་སོགས་གསན་ཅིང་། ཁྱད་པར་རྡོ་རྗེ་སློབ་དཔོན་ནུས་པའི་དབང་གི་ཚེ་ཁྲིར་བཀོད་དེ། བླ་མ་ཉིད་ཀྱི་དབུ་ཞྭ་དང་སྐུ་བེར་སྒྲོན། རྡོ་རྗེ་དྲིལ་བུ་ཕྱག་ཏུ་གཏད། ཁྱེད་ཆོས་ཀྱི་བདག་པོ་ཡིན་ནོ་ཞེས་གཟེངས་བསྟོད་པར་མཛད་པས། དེ་སྐབས་རྗེ་ཀརྨ་དབང་འབྱོར་ལ་ཨེ་གཉལ་ལྷོ་བྲག་དབུས་གཙང་གི་ཕྱོགས་ནས་སློབ་མ་མང་བར་ཡོད་པ་རྣམས་ཀྱི་ཁྲོད་ནས་རྗེ་འདི་ལ་གཙོ་བོར་མཛད་པ་ནི་མ་འོངས་པའི་དགོངས་པ་རྒྱ་ཆེན་པོ་མངོན་པར་མཁྱེན་པར་སྣང་། གཞན་ཡང་ཐུགས་སྒྲུབ་དྲེགས་པ་ཚར་གཅོད། རྫོགས་ཆེན་ཚེ་དབང་སོགས་དང་། ཉང་རིན་པོ་ཆེའི་ཟབ་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྐོར། རྟ་མགྲིན་དྲག་པོ་ལྷ་གསུམ་སོགས་དང་། རྫོགས་ཆེན་སྙིང་ཐིག་གི་རྒྱུད་བཅུ་བདུན་སོགས་ཟབ་ཆོས་དཔག་མེད་གསན་ཅིང་། དབུ་ལ་ཕྱག་གི་བྱུགས་ཏེ་ཆོས་བུམ་གང་བྱོར་བྱེད་གསུངས་པའི་ཞལ་བཞེས་དང་། ཞར་བྱུང་ཕྱག་ལེན་དང་དཀའ་གནས་ཐམས་ཅད་ཀྱང་ཡང་ཡང་བཀྲོལ་ཞིང་གནང་སྟེ། ཀརྨ་དབང་འབྱོར་ལ་གཏུགས་པ་ཡིན་ཞེས་ངོམ་ཆོག་པ་མཛོད་ཅེས་ཀུ་རེ་དང་བཅས་ཏེ་གསུངས་པས། ཇི་ལྟར་གསུང་བ་ལྟར་ཕྱག་ཏུ་ཁེལ་ཞིང་། བླ་མ་འདི་ལ་གདུང་རིགས་མཁས་གྲུབ་ཐམས་ཅད་འཛོམ་པ་འགྲན་ཟླ་དང་བྲལ་བའི་ཡིན་ཅེས་མཆོག་ཏུ་གུས་པར་མཛད་པ་ཞིག་འདུག་གོ། །གཞན་ཡང་ཆོས་དབང་རིན་པོ་ཆེའི་སྲས་ཆུང་གི་གདུང་རབས་འཛིན་པ་བྲག་སྣ་བ་ཆོས་དབང་བསྟན་འཛིན་ལ་ཉང་གཏེར་ཚེ་སྒྲུབ་མཚོ་སྐྱེས་རྡོ་རྗེ། མཁའ་འགྲོ་གསང་རྫོགས། གསང་སྔགས་ལམ་རིམ། ལོག་ཏྲི། ནཱ་ག་རཀྴ་སོགས་དང་། ཆོས་དབང་གི་ཕུར་པ་སྤུ་གྲི། ཇོ་མོའི་ཉམས་ལེན་སྐོར་དགུ་སོགས་དུ་མ། བཀའ་མ་སྙན་བརྒྱུད་རྡོར་ཟམ། གཞན་ཡང་གཏེར་ཁ་སྣ་ཚོགས་ཀྱི་དབང་ཆོས་མང་དུ་གསན། བྲག་སྣ་ཆོས་རྗེ་ཨུ་རྒྱུན་བསྟན་འཛིན་ལ་ཡང་རྒྱུད་བཅུ་བདུན་སོགས་གསན། བླ་མ་ནམ་མཁའ་ཆོས་དབང་ལ་བཀའ་བརྒྱད་བཀའ་མ་རྫོགས་འཕྲང་སྐོར་རིན་ཆེན་གླིང་པའི་ཆིག་ཆོད་ཀུན་གྲོལ། ཉང་གི་བླ་མ་དམར་ཁྲིད། ཁྲོས་ནག་གི་དབང་ལུང་། ཐུགས་རྗེ་ཆེན་པོ་འགྲོ་འདུལ། མགོན་པོ་གཡུལ་ཟློག་སོགས་དང་གནས་བརྟན་ལྡང་མ་ལྷུན་རྒྱལ་གྱི་ཟབ་གཏེར་སྙིང་ཐིག་ཐམས་ཅད་ཀྱི་རྩ་བ་ཟབ་པ་པོད་བཞི་སྐོར། ཆོས་དབང་གི་རྫོགས་ཆེན་སྤྱི་ཏིའི་རྒྱུད་སྐོར་ཉེར་ལྔ་སོགས་མང་དུ་གསན། ཚར་ལུགས་ཀྱི་སྔགས་གྲྭ་བཀྲ་ཤིས་སྡེར་རེ་ཞིག་སྒྲིགས་འགྲིམ་མཛད་དེ། གནས་གསར་བ་ཆེན་པོ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཞབས་པད་བརྟེན་ནས་བཀའ་བརྒྱད་ཡོངས་རྫོགས་ཀྱི་ལྷ་ཁྲིད་གནད་དུ་ཐེབས་པ་དང་། ཟབ་གནད་མང་པོ་ལྷུག་པར་གསན་པས་ཐུགས་བསྐྱེེད་དང་ཐུགས་དམ་ལ་བོགས་ཤིན་ཏུ་ཆེ་བ་ཐོན། འབྲུམ་ནག་ཤིན་ཏུ་མཆེད་པ་ཞིག་གི་སྐབས་རྒྱུ་མཚན་ཞུས་པས། ཨོ་ལོ་རང་དྲེེད་མི་དགོས་ཞེས་མགུལ་སྲུང་གནང་བའི་བྱིན་རླབས་ལས་སྐུ་ཚེའི་རིང་ལ་དབུས་གཙང་དུ་འབྲུམ་ནད་བདུན་བརྒྱད་ཙམ་བྱུང་བར་འཛེམ་ཆ་མ་ཐུབ་ཀྱང་ནད་ཀྱིས་མ་བཏབ་པ་དམ་པ་དེ་ཉིད་ཀྱི་བྱིན་རླབས་ཁོ་ན་ཡིན་གསུངས་བ་ཐོས། སྐབས་ཤིག་རྩེ་དོང་བསམ་གཏན་གླིང་གི་ཞལ་འཛིན་མཛད་དགོས་བྱུང་བར་བརྟེན། ཁྱབ་བདག་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་ཞབས་དྲུང་དུ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྒྱུད་དབང་། གུར་ལྷ་བརྒྱ་དང་ཞལ་བསྙེན་དུས་ཀྱི་རྗེས་གནང་གསན། གཞན་ཡང་ནཱ་རོ་མཁའ་སྤྱོད། འཇིགས་བྱེད་རཱ་ལུགས་བཅུ་གསུམ་མ། སངས་རྒྱས་མཉམ་སྦྱོར། གཤེད་དམར་ལྷ་ལྔ། གྲི་གུག་ལྷ་ལྔ། རྣམ་འཇོམས་དཀར་པོ། ཕུར་པ་སྤུ་གྲི་དང་དཔྱལ་ལུགས། རྟ་མགྲིན་ཟླ་རྒྱལ་ལུགས། ཉང་གི་དྲག་དམར་སྐོར། ཆོས་དབང་གི་ཡང་གསང་དྲག་པོ་རྟ་སྐད་ཅན། འཁོར་བ་དོང་སྤྲུག །བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ། ཚེ་སྒྲུབ་བུ་སྟོན་གོང་ཁུ ང་མ། ཚེ་བརྟན་རྒྱལ་མཚན་གྱི་དྲག་པོ་སྤྱན་མང་། འཆར་ཀ་སྒྲོམ་བུ་མ་སོགས་གཏེར་མའི་སྐོར་མང་བ། བརྒྱད་སྟོང་པའི་སོགས་ཀྱིས་མཚོན་གསར་རྙིང་གི་ཟབ་ཆོས་མང་བ་གསན། རྗེ་འབྲི་གུང་པ་རིན་ཆེན་ཕུན་ཚོགས་ཀྱི་གཏེར་མ་དབྱུག་གུ་མ་སྤུན་གསུམ་གྱི་དབང་ལུང་གསན་པ་ནས་བཟུང་ལོངས་སྤྱོད་ཀྱང་རྒྱ་ཆེར་འཕེལ། རྗེ་འདི་མཁས་བཙུན་གྲུབ་པར་ཡོངས་སུ་གྲགས་པ་ཡིན་པས་མཆོག་ཏུ་གུས་པར་འཛིན་ཅིང་། ཕྱིས་སུ་དམ་པ་འདིའི་གསུངས་འཕྲོས་ཙམ་བྱུང་ཡང་སྤྱན་ཆབ་འབྱིན་པར་མཐོང་ངོ་། །ཞྭ་དམར་དྲུག་པ་དཔལ་ལྡན་གར་དབང་ཆོས་ཀྱི་དབང་ཕྱུག་གི་བཞུགས་སྒར་དུ་ཕེབས་ཤིང་བརྩེ་བ་ཆེན་པོས་རྗེས་སུ་བཟུང་། བར་མ་རབ་བྱུང་ནས་བསྙེན་རྫོགས་ཀྱི་བར་མཛད་ཅིང་རབ་བྱུང་གི་མཚན་ཀརྨ་བློ་གྲོས་མཆོག་གི་རྡོ་རྗེར་གྲགས་ཤིང་། ཕྱིས་གང་ར་ལོ་ཆེན་གྱི་མདོ་དབང་གི་སྐབས་བློ་མཆོག་རིག་པའི་རྡོ་རྗེར་བསྒྱུར་བ་ཡིན་ཞེས་སྐུ་དངོས་ཀྱི་གསུང་ལས་ཐོས། སྒར་དུ་རྗེ་འདི་དང་ལོ་ཆེན་བསྟན་པ་གཉིས་སྐུ་བཙུན་པར་གྲགས། མཁན་པོ་ཐམས་ཅད་མཁྱེན་པ་ཆོས་ཀྱི་དབང་ཕྱུག་གི་ཞབས་དྲུང་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ། རྒྱལ་བ་རྒྱ་མཚོ། ཕག་མོ། དགྱེས་རྡོར་ལྷ་དགུ། བདེ་མཆོག་ལྷ་ལྔ། ཀུན་རིག །ཚེ་དཔག་མེད། རྩ་གསུམ་དྲིལ་སྒྲུབ། ཕྱག་རྡོར་འབྱུང་འདུལ། བཅུ་གཅིག་ཞལ། འཛམ་དཀར། སྨན་བླ་སོགས་ཀྱི་རྗེས་གནང་། ཕྱག་ཆེན་ཆོས་དྲུག་གི་ཉམས་ཁྲིད་སོགས་ཀརྨ་ཀམ་ཚང་ལུགས་ཀྱི་དབང་ཁྲིད་རྗེས་གནང་དུ་མ། གཞན་ཡང་ཀླུ་སྒྲུབ་ལུགས་ཀྱི་སེམས་བསྐྱེད། དབུ་མ་འཇུག་པ། རྒྱན་གཉིས། སྤྱོད་འཇུག །མངོན་པ་མཛོད། འདུལ་བའི་སྐོར་སོགས་མང་དུ་གསན། རྒྱུན་པར་སྒར་དུ་དཔེ་མཚམས་ལྟ་བུ་མཛད་དེ་བསྡུས་རྒྱུད། བརྟག་གཉིས། གསང་སྙིང་། རྒྱུད་བླ་མ། སུམ་རྟགས་དང་སྙན་ངག་མེ་ལོང་མའི་གཞུང་སོགས་རྩ་བ་མང་པོ་ཐུགས་ལ་བཟུང་། དེ་དག་གི་ཊི་ཀ་དང་འགྲེལ་པ་མང་པོ་གཟིགས་པའི་གསན་སྦྱོང་ཁོ་ན་ལྷུར་མཛད། སྒར་ཆེན་ཤངས་སུ་ཕེབས་སྐབས་སྡེབ་ལྷ་ཕུ་བས་རྗེ་ཞྭ་དམར་བ་ཡང་ཟབ་རྡོ་རྗེ་གྲོ་ལོད་དབང་ཞུས་པར་དབང་རྫས་སུ་མགུར་ཕུར་གཡར་བར་སྡེ་བ་ཆོས་རྒྱལ་ཕྲེང་བ་གནང་བར་གསོལ་བ་བཏབ་པས་གནང་། ཟབ་ཕུ་གདན་ས་སོགས་ལ་མཁའ་འགྲོ་སྙིང་ཐིག་གི་ལྗགས་ལུང་གནང་བ་ཞོར་ལ་གསན། ཀརྨ་པ་ཆོས་དབྱིངས་རྡོ་རྗེར་ཐུགས་རྗེ་ཆེན་པོའི་སྒོམ་ལུང་ལན་དུ་མ་གསན། བླ་མ་དྲུང་ཡིག་པར་ཆོས་སྤྱོད་སོགས་འགའ་ཞིག་གསན། གཙང་དུ་ཀརྨ་པ་ཡབ་སྲས་ཞལ་རྒྱས་ཀྱི་ཚེས་བཅུ་རྒྱས་པར་གནང་སྐབས་རྗེ་འདིས་ཚོགས་ལས་ཀྱི་འཆམ་དཔོན་མཛད་པས། ཤིན་ཏུ་དགྱེས་པའི་གཏང་རག་ཏུ་ཆིབས་ཆས་ལེགས་པ་ཞིག་གནང་། དེ་རྗེས་ཁྱབ་བདག་ཀརྨ་དབང་འབྱོར་ལ་གསན་བསམ་གྱི་འཕྲོས་རྣམས་གནང་བཞེད་ཀྱིས་སྒར་ནས་དགོངས་པ་ཞུས་པར་ཁྲོལ་ཏེ། ཕེབས་ཀར་རྗེ་ཞྭ་དམར་བའི་བཀའ་ལས། ཉིད་རང་གར་ལུགས་ཕྱོགས་གཏོགས་བྱེད་བ་བཞིན་མ་བྱེད། ཀར་བསྟན་འདི་རང་གང་འདྲ་བྱེད་མི་ཤེས། ཁྱོད་རང་གི་མཉམ་མེད་ཆེན་པོ་ནས་བཟུང་སྨན་ལུང་པ་མི་བསྐྱོད་རྡོ་རྗེ་སོགས་རྙིང་མའི་སྐྱེས་ཆེན་ཡང་རབ་ཅིག་བྱུང་འདུག་པས། སྤྱིར་རྙིང་མ་ཡང་དགོས་ཕ་ཆོས་རང་ལ་ཉམས་ལེན་མཛོད་གསུང་པ་སོགས་མངོན་པར་མཁྱེན་པའི་བསླབ་སྟོན་ཞིབ་རྒྱས་གནང་སྟེ་རང་གནས་སྨན་ལུང་དུ་ཕྱིར་ཕེབས་པ་ན། ཡབ་ཡུམ་གྲྭ་རིགས་དང་བཅས་པས་ཇོ་མོ་ལེན་པའི་སྟ་གོན་མཛད་པས་མ་བཞེད་པར་གཙང་རོག་གང་རང་ལོ་ཆེན་གཞན་ཕན་རྡོ་རྗེའི་དྲུང་དུ་ཕེབས་ཏེ་སྒྲ་ཀཱ་ལ་པའི་མཚམས་སྦྱོར་མིང་ལེ་ཀུན་བཤད་ཀྲི་ཏ་རྣམས་ཀྱིས་རིས། སྙན་ངག་མེ་ལོང་ལེའུ་གསུམ་པ་ཡན་གྱི་རྩོམ་རྒྱུགས། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་ལ་སྦྱངས་པ་མཛད། བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ། མངའ་རིས་པཎ་ཆེན་སྐུ་མཆེད་ནས་བརྒྱུད་པའི་བཀའ་བརྒྱད་བདེ་འདུས། ཁྲ་མོ་བྲག་གི་བླ་མ་སྤྱི་འདུས། རཏྣའི་རྟ་མགྲིན་གསང་འདུས། བི་མ་ལ་སྙིང་ཐིག །གསང་སྐོར་སྙན་བརྒྱུད་ཤངས་ལུགས། བཻ་རོའི་འདྲ་འབག་སོགས་བཀའ་གཏེར་གྱི་ཆོས་མང་དུ་གསན་ཅིང་། ཁྱད་པར་འགྲོ་མགོན་དུང་མཚོ་རས་པའི་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་གི་མུན་ཁྲིད་རྟགས་ཐོན་པར་མཛད། སྣ་ནམ་སྐྱེ་སྤྲུལ་བྱང་པ་རིག་འཛིན་ངག་གི་དབང་པོར་མཉམ་སྦྱོར་གྱི་ཁྲིད་ཆེན་བརྒྱད་དང་། ཡང་སྙིང་འདུས་པའི་ལུང་ཐོར་བུ། མཚོ་རྒྱལ་གཙུག་གི་རྒྱན་ཅིག །སེམས་བསྐྱེད་བསྟན་པའི་སྙིང་པོ་སོགས་ཆོས་དབང་སྐོར་ཁ་ཤས་དང་། ཡབ་ཆོས་རྒྱལ་དབང་པ ོའི་སྡེའི་གསུང་ཁ་ཤས་དང་བྱང་གླིང་ཕྱག་རྡོར་གསང་སྒྲུབ་སྐོར། གཉེན་ལོའི་གཏེར་མ་མགོན་པོ་ཞལ་དར་ཁྲ་ཅན། ཚེ་དཔག་མེད་འཆི་མེད་དཔལ་སྟེར་སོགས་གསན། རྡོ་རྗེ་བྲག་ཏུ་སྐུ་མཚམས་ཤིག་གི་སྐབས་མཚམས་འོག་ཏུ་བཞུགས་ཏེ་བླ་དཔེ་རྣམས་ལ་གཟིགས་མོ་དང་། སྨན་ལུང་དུ་ཡང་སྤྱན་འདྲེན་གནང་སྐབས་རིག་འཛིན་ངག་གི་དབང་པོས། ཉང་ཆོས་དབང་གི་གཏེར་ཆོས་བརྒྱུད་ཁུངས་བཙུན་པས་ཆོས་གསན་བཞེད་ཀྱི་རོང་པ་སྐུ་མདུན་བརྒྱུད་དེ་ཕེབས་སྒོ་གནང་ཡང་འབུལ་མ་ཐུབ་པར་ལུས། རྟ་ནག་སྒྲོལ་མ་ཕུག་པའི་ཞབས་དྲུང་སྐུ་འབྲིང་བ་ལ་ཚེ་བདག་གི་དབང་ངེས་དོན་བདེ་འཇུག་དང་སྒྲོན་དྲུག་གི་ལུང་སོགས་གསན། གཏེར་སྟོན་འཇའ་ཚོན་སྙིང་པོར་རང་གཏེར་དཀོན་མཆོག་སྤྱི་འདུས་སྐོར་གསན། སྔ་སོར་གོང་རར་མདོ་དབང་ཀཿ ཐོག་ལུགས་ཤིག་གསན་གྲུབ་ཀྱང་། ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་བཀས་བསྐུལ་ཏེ་བླ་ཆེན་བྲེས་གཤོངས་པ་ཆོས་རྒྱལ་རྡོ་རྗེར་ཟུར་ལུགས་རིག་འཛིན་རྗེ་ཡབ་སྲས་བརྒྱུད་པར་བཞུགས་པའི་འདུས་པ་མདོའི་དབང་ཡོངས་སུ་རྫོགས་པ། འཇམ་དབྱངས་བླ་མའི་རྩ་གསུམ་དྲིལ་སྒྲུབ་དང་། འཆར་ཀ་གནུབས་དང་གནམ་སྐས་མའི་ལུགས་སོགས་མང་དུ་གསན། ཡབ་མཆེད་ལས་ཞལ་ངོ་ནང་བཏུད་ཀྱི་ཁྲོ་རོལ་ལུང་དང་ཕྱག་བཞེས། འཆར་ཀའི་མདོས་དང་འཁོར་ལོའི་ཞིབ་ཆ་སོགས་གསན། སྤྲུལ་སྐུ་གསུང་སྤྲུལ་རིན་པོ་ཆེ་ཚུལ་ཁྲིམས་རྡོ་རྗེར་རྙིང་མ་བརྒྱུད་འབུམ་དང་པད་གླིང་པའི་བླ་མ་ནོར་བུ་རྒྱ་མཚོ་སོགས་གསན། ཡར་འབྲོག་པ་བཀྲ་ཤིས་ལྷུན་གྲུབ་ལ་རྙིང་རྒྱུད་པོ་ཏི་བཅུ་ལྷག་ཙམ། རྒྱལ་པོ་བཀའ་འབུམ། པད་གླིང་དྲག་དམར་སོགས་འགའ་ཞིག་གསན། གཏེར་སྟོན་སངས་རྒྱས་གླིང་པའི་གདུང་བརྒྱུད་ཀོང་པོ་སྙི་ཕུ་བ་ཀརྨ་རིག་འཛིན་དབང་པོར་སངས་རྒྱས་གླིང་པའི་ཕུར་པ་རྣམ་སྲས། ཉང་གི་གདུང་རབས་འགའི་རྣམ་ཐར། བདེ་འདུས་ཀྱི་ལུང་དང་ཁྲོ་རོལ་གྱི་ཕྱག་ལེན་མཐའ་ཆོད་སོགས་གསན། བླ་མ་འོལ་བར། གུར་དྲག་འོ་བྲན་ལུགས། ཕྱག་རྡོར་སོགས་འགའ་ཞིག་གསན། གཡའ་བཟང་བླ་མ་ཀརྨ་ཤེས་རབ་ལ་ཉི་མ་མདུང་གང་མ་སོགས་གསན། ཁ་རག་སྤྲུལ་སྐུར་ཞི་བྱེད་སྐོར་གསན། བྲེ་བོན་ལུང་པ་ཚུལ་ཁྲིམས་རྒྱལ་མཚན་ལ་པད་གླིང་ནོར་བུ་རྒྱ་མཚོ་སོགས་གསན། རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན་གྱི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ལ་ཐུགས་རྩོལ་ཆེན་པོ་མཛད་དེ། རྗེ་འདི་ཉིད་ལ་ཆོས་འཚོལ་བར་བཀས་བསྐུལ་བའི་རྒྱུ་དང་། ལྷོ་བྲག་ཉི་ལྡེར་བཀའ་འགྱུར་ཚུགས་པས་རྐྱེན་བྱས་དཔོན་སློབ་གཉིས་ཆིབས་དང་བཅས་ལྷོ་བྲག་ཕྱོགས་སུ་ཕེབས་པས་ལམ་ནོར་ཏེ་སེང་གེ་རྫོང་དང་ཉེ་བའི་ལུང་པ་ཁ་དོག་ལ་གཏིང་ཟབ་པ་ཞིག་ཏུ་བྱོན་ནས་སྐད་ཆ་དྲི་ཡུལ་ཡང་མ་རྙེད་པར། ཉེ་གནས་ཀྱི་ཆིབས་པ་ཁྲིད་རྗེ་ཉིད་ཀྱི་རྟ་འཕོངས་སྐྱོར་ཏེ་དཀའ་བ་སྤྱད་མཐར་གྲོང་གཅིག་མ་ཞིག་ཏུ་ཕེབས་ནས་དྲི་བ་མཛད་པས། ལམ་འདིར་རྟ་ཐར་བ་ངོ་མཚར་ཆེ་དོ་ནུབ་གར་ཡང་མི་སླེབ་པས་འདིར་བཞུགས་ཟེར་བ་ལྟར་མཛད་ཅིང་སང་ཉིན་གྲོང་པ་དེས་བསྟན་པའི་ལམ་ལ་བྱོན་ནས་ལུང་སྟོང་ཞིག་ཏུ་གུང་ཚིགས་མཛད་པར། ལྷོ་ཕྱོགས་ནས་བྱ་རོག་གཅིག་འཕུར་ཞིང་སྐད་སྣ་ཚོགས་བསྒྲགས་ཏེ་དྲུང་དུ་བྱུང་བས། ཐུགས་སྐྱོ་ཤས་དང་ཆོས་སྐྱོང་ལ་གདུང་ཤུགས་དྲག་པོ་འཁྲུངས་ཏེ་གསོལ་ཟན་ལས་གཏོར་མའི་དབྱིབས་བཟོས་པ་སྔགས་བསྔོས་མཛད་པས། བྱ་རོག་གི་ཟོས་ཏེ་འཕུར་བའི་བཤུལ་དུ་བྱོན་པས། མདའ་རྒྱང་གང་ལས་མི་རིང་བར་འཕུར་སྡོད་བྱེད་པའི་རྗེས་མ་འཁྲུལ་བར་མཛད་པས་ལྷོ་སྟོད་ཀྱི་གྲོང་སྣ་ཟིན་པར་བྱོན་པས་བྱ་རོག་དེ་མགོན་པོའི་སྤྲུལ་པར་མཁྱེན། དེར་ཉི་སྡེ་དགོན་དུ་སྡོམ་བརྩོན་ཚོགས་གཉིས་དཔལ་གྲུབ་ཀྱི་བཀའ་འགྱུར་ལྗགས་ལུང་གནང་བའི་སྐབས་ནས་ཤེས་ཕྱོགས་རྫོགས་ནས་མདོ་མང་ཆ་པའི་སྟེང་དུ་འདུག་པས་དེ་མན་དང་། མདོ་མང་སོགས་ཚར་བ་རྣམས་ཀྱང་གསོས་ཏེ་པོ་ཏི་ལྔ་བཅུར་ཉེ་བའི་ལུང་གསན་པས། སྟོན་པ་བདེ་བར་གཤེགས་པ་དང་། བསྟན་པ་བདེ་བར་གཤེགས་པའི་བཀའ་ཐོག་མཐའ་བར་གསུམ་དུ་དགེ་བ་དང་། བདག་རྐྱེན་དགེ་བའི་བཤེས་གཉེན་ཡོངས་འཛིན་བཀའ་འགྱུར་བ་ཆེན་པོ་དང་ཆོས་སྟོན་པ་པོ་སོགས་ལ་ཐུགས་དད་དབྱར་མཚོ་ལྟར་འཕེལ་ཞིང་། ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཐོས་པར་དཀའ་བའི་འདུ་ཤེས་རྒྱུན་ཆགས་སུ་བྱུང་། སླར་ཡང་རྗེ་བཀའ་འགྱུར་བ་ཆེན་པོའི་བསྐུལ་མ་གནང་བ་ལྟར་གསོལ་ཆས་ཀྱི་མཐུ་རྐྱེན་རྒྱལ་དབང་མཆོག་གིས་བཀས་དོ་བོ་ལྗོངས་ནས་གནང་བ་དང་བསྟུན་རྡི་ཚ་སྤྲུལ་སྐུ་འཇིག་རྟེན་དབང་ཕྱུག་ལ་ཤེས་ཕྱོགས་རྫོགས་པར་གསན། ཕྱིས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་བཀའ་སྩལ་དང་རྗེས་སུ་མཐུན་པར་དགེ་སློང་གྲུབ་པ་རྡོ་རྗེ་ལ་འདུལ་བ་དང་། གོང་དཀར་ཆོས་སྡེའི་འཆད་ཉན་པ་རབ་འབྱམས་ཆོས་རྗེ་རིན་ཅེན་རྒྱ་མཚོར་གསར་མ་བརྒྱུད་འབུམ་ཡང་གསན་པས། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་ཚར་བར་གསན། རྗེ་འབྲིང་གུང་པ་ཆོས་ཀྱི་གྲགས་པ་དགོངས་པ་ཡང་ཟབ་ཀྱི་ཉམས་ལེན་དམིགས་ཁྲིད་ཀྱི་ཆོས་འབྲེལ་དང་། ཟུར་ཆེན་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་ལ་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་གསན་ཡོངས་འཛིན་སྤྲུལ་ཐུབ་བསྟན་དཔལ་བཟང་ལ་གཏེར་མགོན་ཉང་ལུགས་དང་བྲག་དམར་ཕུར་ཞབས་ཅན་སོགས་གསན་པས་མཚོན་སྔ་ཕྱིར་གསར་རྙིང་གི་ཡོངས་འཛིན་དུ་མ་ལས་དམ་པའི་ཆོས་ཀྱི་བཀའ་དྲིན་མཐའ་ཡས་པར་གསན། དེ་དག་གི་དོན་ཉམས་སུ་བཞེས་ཚུལ་ཡང་། ཁྲ་ཚང་དུ་སྐུ་མཚམས་མཛད་དེ་རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་སོགས་ལ་ཉམས་བཞེས་གཙོ་བོར་མཛད་པས། ཀ་དག་ལྷུན་གྲུབ་ཀྱི་ལམ་ཁྲེགས་ཆོད་ཐོད་རྒལ་མངོན་དུ་གྱུར་པའི་རང་མདངས་སུ། གཙོ་བོར་བླ་མའི་ཐུགས་སྒྲུབ་གསང་བ་འདུས་པའི་བསྙེན་སྒྲུབ་ལས་སྦྱོར་དུས་གྲངས་མཚན་མ་མཐར་ཕྱིན་དུ་མཛད་པས། རང་རིག་དོན་གྱི་ཨུ་རྒྱན་རྡོ་རྗེ་འཆང་དང་ཞལ་མཇལ་བས་བདག་གི་བླ་མ་འདི་ཡན་ཆོད་ཀྱི་སློབ་རྒྱུད་དུ་བླ་མ་གསང་བ་འདུས་པའི་ཐུགས་དམ་ལ་བརྟེན་པའི་གུ་རུ་པདྨའི་ཞལ་མ་གཟིགས་པ་མེད་ཅེས་གསུངས། གཞན་ཡང་སྒྲུབ་ཆེན་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཡོ་ག་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་པའི་ཉམས་བཞེས་བསྙེན་སྒྲུབ་ཐམས་ཅད་རྫོགས་པར་མཛད། གཞན་ཡང་ཡོན་བུ་དང་ཁྲ་ཚང་གཉིས་སུ་དྲག་དམར་བདེ་གཤེགས་འདུས་པ་དང་། ཐུགས་སྒྲུབ་དྲེག་པ་ཚར་གཅོད་ཀྱི་ལྗགས་བསྙེན། ཡར་ཀླུང་ཤེལ་བྲག་ཏུ་ཉང་གི་ཁྲོས་ནག་ལ་ལྗགས་བསྙེན་མཛད་ཅིང་འདི་ལ་ཐུགས་གཙིགས་ཀྱང་ནན་ཏན་ཆེ། གཞན་ཡང་བསམ་གཏན་གླིང་དང་སྨན་ལུང་སོགས་སུ་ཡང་རྫོགས་ཆེན་ཚེ་སྒྲུབ། ཡང་སྙིང་འདུས་པ། འཁོར་བ་དོང་སྤྲུག །ལེགས་ལྡན་མ་ནིང་སོགས་ལ་བསྙེན་སྒྲུབ་མཐར་ཕྱིན་པས་རྩ་གསུམ་དེ་དག་གི་རང་ཞལ་མངོན་དུ་གྱུར་མོད་ཀྱང་། གྲུབ་རྟགས་ཇི་ལྟར་བྱུང་དྲི་བ་ཞུས་པའི་ཚེ། སྒྲུབ་པའི་སྙིང་པོ་འདི་ལ་དྲིལ་ནུས་ན། སྤྱོད་པ་བསླབ་གསུམ་མཛེས་པའི་གྲུབ་རྟགས་ཤིག །རང་གཞན་ཀུན་གྱི་སྣང་ངོར་སྟོན་ནུས་ཤིང་། དེ་ལས་གཞན་པའི་གྲུབ་རྟགས་མེད་ཀྱང་བཟོད། ཅེས་གསུངས་པའི་ལུང་འདྲེན་པར་མཛད་པ་ཡིན། དེ་ལྟར་མཁས་བཙུན་གྲུབ་པའི་བདག་ཉིད་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་སྔོན་གྱི་སྨོན་ལམ་གྱི་མཐུ་ལས། ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་ཐུགས་རྗེ་དང་མཚམས་སྦྱོར་གྱི་རྟེན་འབྲེལ་བཟང་པོའི་མཐུ་ལས། ཁམས་གསུམ་འགྲོ་བའི་བླ་མ་སྲིད་པ་གསུམ་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཡོངས་རྫོགས་བསྟན་པའི་ཉི་མ་ཆེན་པོ་ཀུན་མཁྱེན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བདག་གི་མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་པ་ངག་དབང་བློ་བཟང་རྒྱ་མཚོ་ཐུབ་བསྟན་ལང་ཚོའི་སྡེའམ། མཚན་གཞན་རྒྱལ་དབང་པདྨས་སྔ་འགྱུར་ཆོས་ཀྱི་བདག་པོར་དབང་བསྐུར་བའི་ཚེ་རྡོ་རྗེ་ཐོགས་མེད་རྩལ་དུ་བཏགས་པ་ཉིད། སྤྱིར་སྙིགས་མའི་དུས་ཀྱི་འགྲོ་བ་དུས་ཀྱི་ཆད་པས་ཉམ་ཐག་པ་རྣམས་དབུགས་འབྱུང་བ་དང་། ཕྱོགས་དང་རིས་སུ་མ་བཅད་པའི་རྒྱལ་བའི་བསྟན་པ་མཐའ་དག་གི་གུད་པ་གསོ་བའི་ཕྱིར་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ཉིད་དུ་གྱུར་པས་བསྟན་འགྲོའི་སྒྲོན་མེ་དམ་པར་ཀུན་ལ་གསལ་ཞིང་། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པ་བཀའ་གཏེར་གྱི་བསྟན་པ་རིན་པོ་ཆེ་དུས་དབང་ལས་རིམ་བཞིན་ཉམས་པའི་རྐྱེན། རང་ཕྱོགས་ཀྱི་གྲུབ་པའི་མཐའ་ཞུགས་པ་རྣམས་ཀྱང་བཤད་སྒྲུབ་དོན་དུ་མི་གཉེར་བས་གྲོང་ཆོག་དང་ངན་སྔགས་ཙམ་གྱིས་འཚོ་ཞིང་། གཞན་འཕྲུལ་བདག་པོ་སྙིང་ལ་ཞུགས་པའི་མཁས་རློམ་འགས་ཀྱང་ཆགས་སྡང་བསྟན་པའི་གད་བདར་དུ་སྒྲོག་ཅིང་། རིག་པ་དང་བསྟན་པའི་གཏན་ཚིགས་འགལ་འབྲེལ་གྱི་སྒྲོ་གཏགས་དུ་མའི་ཚིག་ཡི་གེར་བཀོད་ཅིང་སྤེལ་བའི་ཅལ་སྒྲོག་གིས། སེམས་ཅན་བློ་ཆུང་འགའ་ཞིག་ཀྱང་ལོག་ལྟའི་མུན་པས་སྒྲིབ་སྟེ་ཆོས་ཁྱུར་མི་ཆུད་པར་ཉེ་བར་གྱུར་པ་ལ། རྒྱལ་མཆོག་རིགས་བརྒྱའི་བདག་པོ་འདི་ཉིད་ཀྱིས་རྨད་དུ་བྱུང་བའི་ཐུགས་བསྐྱེད་དང་སྨོན་ལམ་བཟང་པོའི་དུས་བབས་ལ་བརྟེན་ནས། རིགས་རུས་སྤྲུལ་པའི་ཁྱད་པར་གྱི་ཆེ་བའི་སྔ་འགྱུར་གྱི་བསྟན་འཛིན་རྣམས་ལ་ལུགས་གཉིས་སོགས་བྱམས་པ་དང་བརྩེ་བའི་སྒོ་དུ་མ་ནས་ཕན་པར་མཛད་ཅིང་། ཐོས་བསམ་སྒོམ་པའི་ཚུལ་ཡང་དག་པའི་ས་ལ་སྦྱོར་བ་དང་། བཀའ་གཏེར་གྱི་ཆོས་རྒྱུན་ཉག་ཕྲ་བ་ཆད་པར་ཉེ་བ་མཐའ་དག་ཀྱང་ལེགས་པར་གསོ་ཞིང་སྤེལ། བསྟན་པ་བཤད་སྒྲུབ་ཀྱི་སྒོ་ནས་འཛིན་དགོས་ཤིང་། དེ་ཡང་བཤེས་གཉེན་འདུས་པའི་སྡེ་ལ་རག་དགོས་པའི་ཕྱིར་བླ་མ་དམ་པ་འདི་ཉིད་ཀྱི་ཉེར་བར་གནས་པའི་སྡེ་ངེས་གསང་རྡོ་རྗེ་གླིང་། གསང་སྔགས་ཆོས་འཁོར་གླིང་། ཨུ་རྒྱན་སྨིན་གྲོལ་གླིང་། ཐེག་མཆོག་རབ་རྒྱས་གླིང་། ཨུ་རྒྱན་ཆོས་གཏེར་གླིང་། བདུད་དཔུང་ཟིལ་གནོན་གླིང་ལ་སོགས་པ་ཁྲིམས་ལྡན་གྱི་སྡེ་བོ་ཆེ་དུ་མ་བཙུགས་ཤིང་། དེ་དག་ཀྱང་ཟང་ཟིང་གིས་མི་འབྲེལ་བའི་ཕྱིར་མཆོད་པའི་རྐྱེན་སྦྱོར་བར་མཛད། སྔ་འགྱུར་གྱི་སྡེ་རིགས་རྙིང་པ་རྣམས་ཀྱང་དར་རྒྱས་སུ་འགྲོ་བའི་ཐུགས་རྗེ་ཆེན་པོས་བསྐྱངས། སོ་ཟུར་གནུབས་རིགས་སྤྲུལ་བའི་གཏེར་སྟོན་རྣམས་ཀྱི་བརྒྱུད་འཛིན་གྱི་མིང་ཙམ་འཛིན་པ་རྣམས་ཀྱང་སྦྱིན་པ་རྣམ་པ་བཞིས་སྐྱོང་ཞིག་ཕན་པར་འདོམས་པ་སོགས་ཨུ་རྒྱན་རྡོ་རྗེ་འཆང་པདྨ་འབྱུང་གནས་བརྒྱུད་པར་བཅས་པའི་རིང་ལུགས་སྔ་འགྱུར་ཁོ་ནའི་དུས་ལ་འགྲན་བཟོད་པར་བླ་ནས་བླར་འདེགས་པའི་ཐུགས་རྗེ་རྨད་དུ་བྱུང་བའི་སྐབས་སུ་གྱུར་པས། བདག་གི་བླ་མ་དམ་པ་འདི་ཉིད་ཀྱང་རིགས་རུས་ཀྱིས་མཐོ་བ། གསན་རྒྱ་ཆེ་ལ་ཕྱག་བཞེས་མཁས་པ། བརྒྱུད་ཁུངས་གཙང་བ། ལུང་རྟོགས་ཀྱི་ཡོན་ཏན་དུ་མའི་བདག་ཉིད་དུ་གཟིགས་ནས་ཡོངས་འཛིན་དུ་བཞེས་ཏེ། བཀའ་མ་མདོ་སྒྱུ་སེམས་གསུམ་ཞེས་ཡོངས་སུ་གྲགས་པ་ལས། འདུས་པ་ཆེན་པོའི་མདོའི་དབང་ཆ་ལག་དང་བཅས་པ། སྒྱུ་འཕྲུལ་ཞི་ཁྲོ་ཚེ་གསུམ་རྒྱུད་བཤད་ལུང་མན་ངག །སེམས་ཕྱོགས་རྫོགས་པ་ཆེན་པོ་བཀའ་གཏེར། ཁྱད་པར་ཉང་ཆོས་དབང་གི་ཟབ་གཏེར་ལས་བྱུང་བ་རྣམས་ཀྱིས་ཐོག་དྲངས་རྙིང་མ་བཀའ་གཏེར་གྱི་གདམས་པ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་ཐོགས་དྲངས་གསར་རྙིང་གི་ལུང་མན་ངག་མཐའ་དག་ལེགས་པར་གསན། བླ་མ་དམ་པ་འདིས་ཀྱང་རྒྱལ་དབང་མཆོག་ལས་བསྙེན་པ་རྫོགས་པ་བསྐྱར་ནས་མཛད་པ་དང་། གསར་རྙིང་གི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་བཀའ་དྲིན་མང་དུ་གསན། འདྲེན་པ་མཆོག་གི་རིགས་བདག་ཏུ་གྱུར་པའི་བདག་རྐྱེན་ལ་བརྟེན་ནས་ཡོངས་འཛིན་ཡང་མང་དུ་བརྟེན་པར་མཛད་དེ། ཆོས་རྒྱལ་གཏེར་བདག་གླིང་པ་ལས་ཉིད་ཀྱིི་ཟབ་གཏེར་སྐོར་སོགས་འགའ་ཞིག །སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ལས་རིག་འཛིན་རྗེའི་གཏེར་གསར་འཁོར་བ་དབྱིངས་སྒྲོལ་སོགས། དཔལ་རི་སྤྲུལ་སྐུ་རིན་པོ་ཆེ་ངག་དབང་པདྨ་འཕྲིན་ལས་ལ་དགོངས་པ་ཡང་ཟབ་དང་འཕྲེང་པོ་གཏེར་སྟོན་གྱི་སྐོར་སོགས་དུ་མ། ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ་ལ་རྩ་གསུམ་དྲིལ་སྒྲུབ། བླ་མ་དམ་པ་མངོན་དགའ་རབ་འབྱམས་པར་བདེ་མཆོག་བདེ་ཆེན་རལ་གཅིག་སྐོར་རིག་འཛིན་རྗེ་ནས་བརྒྱུད་པ་དང་རྒྱུད་འབུམ་སོགས་མང་བ། གླིང་སྟོད་མཁན་ཆེན་སེམས་དཔའ་ཆེན་པོ་དཀོན་ཆོག་དཔལ་འབྱོར་ལ་འོད་དཔག་མེད་ཀྱི་ཉལ་སྒོམ་དང་ཆོས་རྒྱལ་བྱང་པའི་གསུང་དུར་ཁྲོད་བདག་པོའི་སྐོར། ཉང་གི་གདུང་ཐ་མ་སྨྲ་བོ་ལྕོག་པ་མངའ་བདག་བསྟན་འཛིན་ཆོས་དབང་ལས་དྲག་དམར་བདེ་འདུས་ཀྱི་སྣང་སྲིད་ལྷ་འདྲེའི་སྲོག་དབང་དང་ལུང་ཐོར་བུ། སེ་སྟོན་ལེགས་གྲུབ་ཚེ་རིང་ལས་སྒྱུ་འཕྲུལ་སྐོར་དང་གཤིན་རྗེ་གདོང་དྲུག་སོགས། བཀྲ་བཟང་རིག་འཛིན་སེ་སྟོན་ཐུགས་མཆོག་འོད་འབར་ལས་བྱང་གཏེར་དང་ཆུ་ཕུག་གཏེར་སྐོར་འགའ་ཞིག །ཟུར་རིགས་ངག་དབང་ཕུན་ཚོགས་ལས་བྱང་གཏེར་དང་ཚེ་བསྟན་རྒྱལ་མཚན། རིན་ཅེན་གླིང་པ་སོགས་བཀའ་གཏེར་གྱི་ཆོས་སྐོར་མང་བ། བླ་མ་དཀོན་ཅོག་ལྷུན་གྲུབ་ལ་འབྲི་གུང་བརྒྱུད་པའི་དྲགས་སྔགས་འགའ་ཞིག །རཏྣའི་གདུང་ཨེ་ཆོས་རྗེ་སྤེལ་ལྕོག་པར་རཏྣའི་གཏེར་སྐོར། རྗེ་བཀའ་འགྱུར་བ་ཆེན་པོའི་མཆོད་དཔོན་འཇམ་དབྱངས་རྒྱལ་མཚན་ལས་ཇོ་བོ་ལུགས་ཀྱི་ཛམ་དཀར་སོགས། གཞན་ཡང་གསར་རྙིང་གི་དབང་ལུང་མན་ངག་རྒྱུན་དཀོན་པ་བཞུགས་ངེས་པའི་དགེ་སློང་། སྒོམ་ཆེན་བྱ་བྲལ་བ་ཀུ་སཱ་ལི་དུ་མ་ལས་ཟབ་ཆོས་ཅི་རིགས་གསན་ཏེ། ཁྱབ་བདག་རྒྱལ་དབང་མཆོག་གི་དགོངས་པའི་དཀྱིལ་འཁོར་གང་བར་མཛད། གཞན་ཡང་གདན་ས་ཐེལ་བསམ་གདེངས་མགོན་ཁང་ཤིན་ཏུ་གཉན་པའི་ཞིག་གསོས་སྐབས་ས་སྐྱའི་ཞལ་གྱི་གཏེར་སྒྲོམ་སུས་ཀྱང་མ་རྙེད་པར་དམ་པ་འདིས་གཏོར་བསྔོས་མཛད་པས་བྱ་རོག་གིས་མཆུ་བཙུགས་ཏེ་བསྟན་པ་དང་། གོང་དཀར་ཆོས་སྡེར་བཞུགས་སྐབས་མི་མ་ཡིན་གྱི་མཆོད་པའི་ལྟས་དང་། ཕོ་བྲང་ཆེན་པོ་པོ་ཏ་ལར་ཕེབས་ལམ་ལྗོངས་སུ་སྒྲོལ་དཀར་གྱི་ཞལ་གཟིགས་པ་དང་། རྒྱལ་དབང་མཆོག་གི་སྐུ་རིམ་བསྒྲུབ་ཚུལ་ལི་བྱིན་ཧ་རས་ལུང་བསྟན་པ་དང་། གོང་རའི་མཆོད་གཡོག་གིས་སྐུ་སྲོག་ལ་རྒོལ་བར་བརྩམས་པའི་ཚེ་ཆོས་སྐྱོང་གིས་དངོས་སུ་བསྒྲལ་བ་དང་བཅས་པའི་ངོ་མཚར་དུ་མ་འདུག་པ་རྣམ་ཐར་ཆེན་མོར་གསལ་ཞིང་། གཞན་དོན་གནང་བའི་སློབ་མ་འཕེལ་ཚུལ་ཡང་། གོང་གི་ཡོངས་འཛིན་ཁྲོད་ནས། ཁྱབ་བདག་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། གོང་ར་ལོ་ཆེན་གཞན་ཕན་རྡོ་རྗེ། གཏེར་སྟོན་རིག་འཛིན་ཆེན་པོ་འགྱུར་མེད་རྡོ་རྗེ། བླ་མ་བྲེས་པ། དཔལ་རི་སྤྲུལ་སྐུ་རིན་པོ་ཆེ། སེ་སྟོན་ཐུགས་མཆོག་འོད་འབར། ཞྭ་ལུ་མཁན་ཆེན་བསོད་ནམས་མཆོག་གྲུབ་སོགས་བླ་མར་གྱུར་པ་འགའ་ཞིག་དང་། སློབ་མའི་རིགས་ལྷ་གཟིགས་ཕག་མོ་གྲུབ་པ་ཡབ་སྲས་སྒྲོལ་མ་སྦུག་པའི་གདུང་བརྒྱུད་འོད་མཆོག་སྤྲུལ་པའི་སྐུ། ཆོས་དབང་གདུང་བརྒྱུད་ཉང་སྟོད་ཁ་མོ་ནས། དེ་སྲིད་སྣ་དཀར་རྩེ་པ་ཁྲི་དཔོན་ཟིལ་གནོན་དབང་རྒྱལ་རྡོ་རྗེ། སྤྲུལ་སྐུ་ཀརྨ་ནོར་བུ་སོགས་ཆེ་བཙུན་མཁས་གྲུབ་དུ་མ་དང་། བདག་སོགས་ཐུབ་བསྟན་ཨེ་ཝམ་ལྕོག་རྒར་བའི་འདུས་ཚོགས་སོགས་འདུས་པའི་སྡེ་མང་པོར་ཡང་དབང་ཆོས་སྩལ། རྒྱལ་དབང་མཆོག་གི་ཏི་ཤྲཱིར་བཀུར་བའི་སྨན་ཡོན་གྱིས། གཙང་རོང་གོང་ར་དང་རི་ལུང་སྦུག །ཆུ་བོ་རི་ཚེ་ཆུ་སྒྲུབ་སྡེ་སོགས་དགོན་གནས་མཆོད་ཐེབས་མང་པོ་གསར་དུ་ཆོད་ཅིང་འདུས་པའི་དེ་ཚུགས་པའི་ཀུན་དགའ་ར་བ་དྲིའི་གཙང་ཁང་། སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་བྱ་བ་ལས་ཀྱི་འཁོར་ལོ་ཡང་དུ་མ་མཛད། གཙོ་བོར་ཕྱི་ལྟར་སོ་སོ་ཐར་པའི་བསླབ་བྱ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་བྱ་ལ་ཐུགས་རྒྱུད་ཡང་དག་པར་སྦྱོར་ཞིང་། སྡོམ་པ་གསུམ་ཀའི་ཉམས་ལེན་ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་ཡང་དག་པར་ལྡན་བསྐྱེད་རྫོགས་ཀྱི་བཟླས་སྒོམ་ཆུ་བོའི་རྒྱུན་ལྟར་མི་ཆད་ཅིང་། འཁོར་ཡུག་འོད་གསལ་ཆེན་པོ་ལ་བཟླ། འཕྲིན་ལས་རྣམ་བཞིའི་སྒོ་ནས་བསྟན་འགྲོའི་དོན་བསྒྲུབ་པའི་གཙོ་བོ་རྒྱལ་དབང་མཆོག་གི་སྐུའི་རིམ་གྲོ་ནས་ཉེ་བར་བཟུང་མཆོག་དམན་ཀུན་གྱི་རེ་བསྐོང་བར་མཛད། བཤད་སྒྲུབ་འཆད་ཉན་ཁོ་ནས་དུས་འདའ་བས་རྗེ་འདིའི་སློབ་རྒྱུན་བཟང་ལ་མང་བས་ཀུན་ཏུ་ཁྱབ། ཞབས་དྲུང་དུ་བསྡད་ན་ཉིན་རེ་ལ་ཡང་བློ་བསྐྱེད་དང་གོ་བ་བསམ་གྱིས་མི་ཁྱབ་པ་སྒོ་དུ་མ་ནས་འབྱུང་བ་སོགས་གདུལ་བྱ་བཀྲི་བའི་ཐབས་ལ་མཁས། མདོ་སྔགས་གསར་རྙིང་གི་དབང་ལུང་མན་ངག་གང་གནང་ཡང་འདི་ཁོ་ན་ལས་མཁས་སོ་སྙམ་པ་འབྱུང་། ལེགས་བཤད་རྩོམ་པའི་ཚུལ་ཡང་། གསང་འདུས་ལས་གཞུང་། དབང་སྒྲོམ་གསལ་བྱེད། བསྙེན་ཡིག །བཀའ་བརྒྱུད་ཡོངས་རྫོགས་ཀྱི་སྒྲུབ་ཁོག་རྣམ་བཤད་འཕྲིན་ལས་རབ་རྒྱས་གུ་རུའི་དགོངས་རྒྱན། ལས་བཞིའི་སྦྱིན་སྲེག་མ་འདྲེས་ཡོངས་རྫོགས་སོགས་རང་ལུགས་ལ་ཤིན་ཏུ་མཁོ་ཆེ་བ་དུ་མ་དང་། གུར་མགོན་གྱི་རྗེས་གནང་སོགས་གཞན་ལུགས་འགའ་ཞིག །སུམ་རྟགས་ཀྱི་འགྲེལ་བཤད་ཟུང་འཇུག་ཡིད་ཀྱི་ཤིང་རྟ། སྙན་ངག་དཀའ་འགྲེལ་དབྱངས་ཅན་བཞད་པའི་རོལ་མཚོ་སོགས་དུ་མ། རྩོད་ཡིག་གི་སྐོར་ཡང་གསུང་སྙན་རིན་པོ་ཆེའི་དྲིས་ལན་ཀུན་བཟང་དགོངས་རྒྱན། ནང་སོ་འཇམ་དབྱངས་པའི་རྩོད་ལན་བྱིས་པ་རྒན་པོའི་རླུང་སྨན་སོགས་དང་། གཞན་ཡང་ཆབ་ཤོག་གི་རིགས་སོགས་དུ་མ་ཡོད་པ་རྣམ་ཐར་དང་བཀའ་འབུམ་དུ་གསལ། དེ་ལྟར་དངོས་ཀྱི་ཞིང་འདིར་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་ཟིན་ནས་ཞིང་ཁམས་གཞན་དུ་འགྲོ་དོན་རྒྱ་ཆེ་བ་ལ་དགོངས་ཏེ་ལྕགས་ཕག་ཟླ་བ་ལྔ་པ་ནས་སྐུ་ཁམས་ཅུང་ཞིག་སྙུང་ཚུལ་བསྟན་པར་སྐུ་རིམ་སྒོ་དུ་མ་ནས་བསྒྲུབས་ཤིང་། ངེས་གསང་རྡོ་རྗེ་གླིང་པ་སྤྱི་ཚོགས་ཀྱིས་གདན་བཞུགས་ཕུལ་བའི་གསོལ་འདེབས་ཚིགས་བཅད་དགོས་ཞུས་པར། པད་འབྱུང་རྒྱལ་བ་རྒྱ་མཚོའི་བྱིན་རླབས་ལས། བློ་གྲོས་མཆོག་གི་དགོངས་པ་མི་འགྱུར་ཞིང་། །གསོལ་འདེབས་སློབ་བུའི་སྒོ་གསུམ་བྱིན་གྱིས་རློབས། །དབྱེར་མེད་ཀ་དག་ཆེན་པོར་ཡོངས་གྲོལ་ཤོག །ཅེས་པ་གསུངས་ཏེ། ཚེས་བཅོ་ལྔའི་ཉིན་ནམ་མཁའ་སུམ་ཕྲུགས་ཀྱི་དགོངས་པའི་ལྟ་གདེངས་དང་བཅས་ཏེ་རོང་རི་ལུང་སྦུག་ཏུ་འོད་གསལ་ཆོས་སྐུ་ཆེན་པོ་མངོན་དུ་མཛད་དེ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ནོ། །དེའི་ཚེ་ནམ་མཁའ་འཇའ་སྤྲིན་གྱིས་གཏིབས་པ་སོགས་ངོ་མཚར་བའི་ལྟས་དག་ཀྱང་རྣམ་པར་སྣང་བར་གྱུར་ཏེ། སྔ་སོར་ཞིང་དུ་མ་ཕེབས་དུས་ཀྱང་རྒན་པོ་ལྔ་བའི་ལམ་དུ་གྱུར་ན་གྲྭ་ཕྲུག་མིས་བདག་བྱེད་ལ་ཁད་ལྟ་བུ་འདི་རྣམས་ཁྱོད་ཀྱིས་སྐྱོང་དགོས་སོ་ཞེས་བཀའ་ཤོག་དང་དངོས་ཀྱི་གསུང་དུ་མར་སྩལ་བའི་སྨོན་ལམ་ཀྱི་སྟོབས་ལས། ཐུགས་དམ་དགོངས་པའི་གསལ་འདེབས་སུ་བདག་ལ་འགྲོ་དགོས་ཚུལ་རྒྱལ་དབང་མཆོག་གི་བཀའ་ཤོག་སྤྱི་བོར་ལྷུངས་མ་ཐག །དབྱར་དུས་ཀྱི་ཆུ་འཕྲང་བགྲོད་པར་དཀའ་བ་དུ་མ་བརྒལ་ཏེ་རྩལ་མཆོག་དང་དབྱེར་མ་མཆིས་པའི་གདན་ས་རི་ལུང་སྦུག་ཏུ་སྐུ་གདུང་རིན་པོ་ཆེར་མགོ་བོས་གཏུགས་པའི་སྨོན་ལམ་དང་ཕྱག་མཆོད་དུ་མ་ཕུལ། ངེས་གསང་བའི་གདུང་ཆོག་པ་རྣམས་དང་སྦྲགས་བླ་མ་གསང་འདུས་དང་བཀའ་བརྒྱད་ཡོངས་རྫོགས་དོང་སྤྲུག་དང་བཅས་པའི་ཆོ་ག་འགའ་ཞིག་བཏང་། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་ལ་བརྟེན་པའི་ཐུགས་དམ་གསལ་འདེབས་དང་། བླ་མ་གསང་བ་འདུས་པའི་དཀྱིལ་འཁོར་སྒྲུབ་མཆོད་ལ་བརྟེན་ནས་སྐུ་གདུང་རིན་པོ་ཆེ་དབང་ཞིང་། བླ་མ་དཀྱིལ་འཁོར་གྱི་གཙོ་བོར་བལྟས་ཏེ་མཆོད་འབུལ་གསོལ་འདེབས་དབང་བཞི་བླངས་དང་རྟེན་འགང་ཆེ་བ་ཞིག་སློང་འདོད་ཀྱང་ཤུལ་ན་མཆིས་པའི་གྲྭ་སློབ་རྣམས་རུ་སྤྲོད་ཀྱི་མགོ་ཚུགས་འདུག་པས་ལམ་མ་ནུས་པར་རྒྱུན་བཞེས་ཀྱི་ཙན་དན་བཞེས་ཞལ་ཙམ་ཞིག་དད་པའི་རྟེན་དུ་བཟུང་། བླ་མ་དེ་ཉིད་ཀྱི་རྡོ་རྗེའི་གསུང་རྣམས་ཡིད་ལ་བཞག་སྟེ་གྲྭ་རིགས་རྣམས་ལ་ཚོགས་གཏམ་ཕུལ་ཞིང་བསླབ་བྱ་བྱས། ཕྱིས་ཁོ་རང་དཔོན་སློབ་དུས་ཟིང་ཆེར་ལངས་དུས་ཀྱང་དབུས་གཙང་གཉིས་ཀར་བང་ཕྱིན་ཆེད་ཀྱིས་བསྔགས་ཏེ་མི་འགབ་ཚུལ་ཞུས་ཀྱང་། ཕྱོགས་མཐོང་ཞིག་མ་གཏོགས་གསན་མཁན་མ་བྱུང་བས་བླ་མ་དམ་པ་ཡིད་ལ་དྲན་པའི་གསོས་སུ་གྱུར་ཏེ་མོས་གུས་ཀྱི་མཆི་མ་ཁོག་པར་འཕྲུལ་ཞིང་བསྡད། དེ་ལྟར་བླ་མ་དམ་པ་དེ་ཉིད་ཞིང་དུ་ཕེབས་ནས་སྐུ་གདུང་ཞུགས་འབུལ་མཛད་སྲོལ་ཡབ་མེས་ཀྱི་རྒྱུན་ལ་མེད་པས། འགྲོ་འདྲེན་རྒྱལ་དབང་མཆོག་གི་ཐུགས་རྗེ་ལས་གསེར་དངུལ་ལས་གྲུབ་པའི་བྱང་ཆེན་མཆོད་རྟེན་བཞེངས་པའི་ནང་དུ་སྐུ་གདུང་རིལ་པོ་གཅིག་ཏུ་གྱུར་ཏེ་བསྟན་འགྲོའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ། །ཉང་རིགས་གདུང་ལས་ཨུ་རྒྱན་རྡོ་རྗེ་འཆང་། །མཁས་གྲུབ་ངུར་སྨྲིག་འཛིན་པའི་རྫུ་བག་གིས། །བདག་སོགས་འགྲོ་བའི་འདྲེན་པར་རབ་བྱོན་པ། །བློ་མཆོག་རིག་པའི་རྡོ་རྗེར་ལན་བརྒྱར་འདུད། །སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ནུས་པ་ཀུན། །གཅིག་བསྡུས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག །རབ་མཐོང་བློ་གྲོས་མཆོག་གི་རྡོ་རྗེ་ཡི། །ཞལ་དཀྱིལ་བདག་གི་ཡིད་ལ་ཡང་ཡང་དྲན། །མགོན་པོ་ཁྱོད་ཀྱི་དྲིན་གྱིས་ལེགས་བསྐྱངས་ཏེ། །ནན་ཏན་རྗེས་སུ་གདམས་པའི་སྔ་གྱུར་ཆོས། །བཀའ་གཏེར་ཐོས་བསམ་སྒོམ་དང་ཉན་བཤད་ལ། །བརྩོན་འདིས་ཁྱོད་དགོངས་རབ་རྫོགས་རྗེས་འཛིན་ཤོག །ཅེས་པ་གསོལ་འདེབས་ཀྱི་དབྱངས་སུ་བསྙད་དོ། །དེ་ལྟར་བླ་མ་དམ་པ་དེ་ཉིད་ཀྱིས་བདག་རྗེས་སུ་བཟུང་བ་ཡིན་ལ། ཁོ་བོའི་རྟོགས་པ་ནི་བྲིས་ཀྱང་ངལ་བ་ཙམ་དུ་ཟད་མོད། འོན་ཀྱང་ཕྱིས་ཆོས་རྒྱུན་འཛིན་པ་རྣམས་ཀྱིས་བརྒྱུད་པ་ངོས་ཟིན་པའི་ཕྱིར་ཕྱོགས་ཙམ་འདྲི་ན། སྐྱེ་ཡུལ་གཡོན་རུའི་ཆ་མོན་མཁར་རྣམ་སྲས་གླིང་དུ་བྱ་ནག་གི་རིགས་ལས་ཕ་ཀརྨ་ཕུན་ཚོགས་དབང་པོ་དང་། འབྲུག་སྨོན་ཀུན་ལེགས་ཀྱི་རིགས་ལས་མ་རིག་འཛིན་བུ་ཁྲིད་དབང་མོ་གཉིས་ཀྱི་བུར་ལྕགས་སྦྲུལ་ཧོར་ཟླ་གསུམ་པའི་ཚེས་བརྒྱད་རྒྱལ་ཕུར་གྱི་འགྲུབ་སྦྱོར་ཡོད་པའི་ཉི་ཤར་ལ་སྐྱེས་ཤིང་། རིག་འཛིན་ཡོལ་མོ་བ་ཆེན་པོ་བཞུགས་པ་དང་འགྲིག་སྟེ། ཀརྨ་ཚེ་དབང་ཕུན་ཚོགས་སུ་མིང་བཏགས་ཤིང་བྱིན་གྱིས་བརླབས། ཚེ་དབང་སོགས་སྩལ་ལེགས་ལྡན་ཞབས་ཀྱི་ཡང་སྲིད་བྱང་བ་རིག་འཛིན་ངག་གི་དབང་པོའི་སྐྱེ་བར་སྒྲོ་བཏགས་ཀྱི་རང་ལོ་དྲུག་པར་ཐུབ་བསྟན་རྡོ་རྗེ་བྲག་ཏུ་སླེབས་ནས། འགྲོ་བའི་བླ་མ་ཐམས་ཅད་མཁྱེན་པ་ཆེན་པོ་ཆོག་བསྒྲིགས་གྲུབ་ནས་བློ་བཟང་རྒྱ་མཚོའི་སྡེར་སྐྲ་ཕུད་ཕུལ་ཞིང་བློ་བཟང་པདྨ་འཕྲིན་ལས་ཐེག་མཆོག་དབང་གི་རྒྱལ་པོ་ཡོངས་འདུས་སྡེ་ཞེས་པའི་མིང་དང་། ཕྱིས་མདོ་དབང་ཚར་ལྔ་ཙམ་བསྐུར་ཞིང་ཆོག་བསྒྲིགས་གྲུབ་ནས་ཀུན་ཏུ་བཟང་པོའི་རྒྱལ་ཚབ་ཀྱི་རྟེན་འབྲེལ་དུ་ཀུན་བཟང་པདྨ་ཕྲིན་ལས་ཞེས་བསྒྱུར་བ་གནང་། དགེ་བསྙེན་གྱི་སྡོམ་པ། གསོལ་འདེབས་ལེའུ་བདུན་མ་སོགས་ཀྱི་ལྗགས་ལུང་སྩལ་ཏེ་རྗེས་སུ་བཟུང་རིགས་ཀུན་བདག་པོ་ཟུར་ཆེན་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ་གྱིས་སྨིན་གྲོལ་གདམས་པ་རྒྱ་མཚོ་རིམ་བཞིན་གནང་། རང་ལོ་བཅུ་གཉིས་པར་ཀུན་མཁྱེན་རྒྱལ་བའི་དབང་པོ་ཤར་ཕྱོགས་རྒྱ་ནག་གི་ཡུལ་དུ་གོང་མ་ཆེན་པོའི་མཆོད་ཡུལ་དུ་སྤྱན་དྲངས་པའི་སྐབས་གོང་དཀར་རྡོ་རྗེ་གདན་གྱི་ཆོས་གྲགས་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན་ལས་བཀའ་འགྱུར་རིན་པོ་ཆེའི་ལུང་རྫོགས་པར་ཉན་ཅིང་། དགེ་བསྙེན་དང་བར་མ་རབ་བྱུང་ནས་དགེ་ཚུལ་གྱི་བར་དུ་བསྒྲུབས་པའི་མིང་པདྨ་འཕྲིན་ལས་སུ་སྩལ། གཞན་ཡང་དཔལ་ས་སྐྱ་པ་ཁྲི་ཆེན་ཀུན་དགའ་བསོད་ནམས་ལྷ་སར་ཕེབས་པ་དང་མཇལ་ཞིང་། གུར་ལྷ་གསུམ་མའི་རྗེས་གནང་དང་གསོལ་བཏབ་ལ་མ་ལྟོས་པར་ཀུན་དགའ་པདྨ་དབང་རྒྱལ་ཞེས་འདོགས་པར་མཛད། ཕྱིས་སྲས་ངག་དབང་བསོད་ནམས་དབང་ཕྱུག་ཡབ་སྲས་ལ་བདག་མེད་ལྷ་མོ་བཅོ་ལྔ་སོགས་ནོས། རྒྱལ་བ་འབྲི་གུང་པ་ཆོས་ཀྱི་གྲགས་པར་འཆར་ཀ་ཡང་ཟློག་སོགས་ནོས། ཕྱིས་འབྲི་གུང་སྤྲུལ་སྐུ་ངག་དབང་ཆོས་གྲགས་བཟང་པོར་ཡང་ཟབ་སྐོར་ཚང་བར་ནོས། གཞན་ཡང་དགྱེས་མཛད་རྡོ་རྗེ་འཆང་དཀོན་ཅོག་དཔལ་འབྱོར། ལྷ་བཙུན་ནམ་མཁའ་འཇིགས་མེད། སྒོམ་སྨྱོན་ཕྱག་རྡོར་ནོར་བུ། ཀོང་བོ་སྙི་ཕུ་བ་ཀརྨ་རིག་འཛིན་དབང་པོ། གཏེར་སྟོན་རིག་འཛིན་ཆེན་པོ་འགྱུར་མེད་རྡོ་རྗེ། ཐུགས་སྲས་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རྡོ་རྗེ། སེ་སྟོན་ཐུགས་མཆོག་འོད་འབར། མངའ་བདག་བསྟན་འཛིན་ཆོས་དབང་། བྲག་དཀར་བ་བྱམས་པ་རིན་ཆེན་ཆོས་འཕེལ། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། གྲུབ་མཆོག་དགེ་སློང་ཡེ་ཤེས་ཕུན་ཚོགས་སོགས་བཤེས་གཉེན་མང་པོ་གུས་པ་གསུམ་གྱིས་བསྟེན་ནས་གསར་རྙིང་གི་དམ་ཆོས་མང་དུ་ནོས། རང་ལོ་བཅུ་དྲུག་པར་ཀུང་ཐང་དུ་ཁྱབ་བདག་ཟུར་ཆེན་རྡོ་རྗེ་འཆང་ལས་རྫོགས་ཆེན་གྱི་ངོ་སྤྲོད། རྒྱུད་འགྲེལ། དབང་ལུང་མང་དུ་ཞུས། བཅུ་དགུ་པར་མའི་མངལ་ལོ་རྩིས་པའི་ཉེས་མེད་ཕུན་ཚོགས་ཡོང་རྩིས་ཀྱི། མཁན་པོ་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ངག་དབང་བློ་བཟང་རྒྱ་མཚོའི་ཞབས་དྲུང་དུ་བསྙེན་པར་རྫོགས་ཤིང་དགེ་ཚུལ་ཕན་ཆད་བསྐྱར་མི་དགོས་གསུངས་ཏེ་བསྙེན་རྫོགས་ཁོ་ན་གནང་། སླར་ཡང་རང་ལོ་སོ་བརྒྱད་པར་རྣམ་པར་དག་པའི་སྡོམ་རྒྱུན་ལས་མཁན་པོ་དེ་ཉིད་ཀྱི་དྲུང་དུ་ཚུལ་གསུམ་རིམ་ཅན་དུ་ནོས། ཡོངས་འཛིན་རྡོ་རྗེ་འཆང་འདི་ཉིད་ལ་སྔ་ཕྱིར་ཆོས་ཀྱི་བཀའ་དྲིན་གཞལ་དུ་མེད་པར་ཐོབ་ཅིང་། ཚེ་རབས་ཀྱི་བླ་མ་ངེས་པར་ཐོབ་པས་ཡོངས་འཛིན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པའོ། །དེ་ཡང་རང་ལོ་བཅུ་དྲུག་པར་སྒྲགས་ཡང་རྫོང་དུ་མཚམས་ཤིག་ལ་ཡོད་སྐབས། རྡོ་རྗེ་འཆང་མགོན་པོའི་མཚན་ཅན་གྱི་བཀའ་ཤོག་ཅིག་ཕེབས་པར་མདོ་དབང་དཀྱིལ་འཁོར་དྲུག་ཅུ་རེ་ལྔའི་སྨིན་བྱེད་ནོས་པ་ཉིད་རང་ལ་འབུལ་རྒྱུ་བྲོད་ཏོག་གེ་ཡོད། ཅེས་གསུངས་པའི་དོན། ཁོ་བོ་རང་ལ་སྩོལ་བའི་དགོངས་གཏད་ཁྱབ་བདག་སྨན་ལུང་པ་ཆེན་པོར་ཁུ་ལུང་གཞེས་ཀར་གསན་པ་ཡིན་འདུག་ནའང་། ཁོོ་བོ་སྔོན་ལས་ཀྱི་བླ་གཟུགས་འཛིན་དགོས་པའི་རྣམ་གཡེང་ཁོ་ནའི་དབང་གིས་ཞུ་མ་ཐུབ་པར། བླ་མ་རྡོ་རྗེ་འཆང་དེ་ཉིད་མཁའ་སྤྱོད་དུ་གྲུབ་མཐའ་སྙོགས་ཏེ་གཤེགས་ཁར་ཡང་ཞབས་འབྲིང་པ་བྱམས་པ་ལགས་ལ་རྡོ་རྗེ་བྲག་ཏུ་མདོ་དབང་འབུལ་མ་ཐུབ་པ་འདི་སེམས་ཀྱི་ལྷག་མར་བྱུང་། ཞེས་གསུངས་པ་ཐོས་པས་ཡིད་མཆོག་ཏུ་སྐྱོ་བར་གྱུར་པ་ཞིག་བྱུང་། འོན་ཀྱང་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་ཚད་མེད་པའི་ཐུགས་རྗེའི་མཐུ་ལས་མདོ་དབང་ཐོབ་པ་ཡིན་ཏེ། འབྲས་སྤུངས་སུ་ཕྱིན་དུས་ཤིག་ཁྱབ་བདག་སྨན་ལུང་པ་ཆེན་པོ་རྒྱལ་པོ་རྒྱལ་དབང་མཆོག་གི་ཞབས་དྲུང་དུ་ཕེབས་འདུག་པ་ཐོག་མར་མཇལ་ཡང་དད་མི་དད་དང་ཆོས་ཞུ་བའི་སྣང་བ་སོགས་གང་ཡང་མ་བྱུང་རུང་། ཕོ་བྲང་ཆེན་པོ་པོ་ཏ་ལར་ཕེབས་འདུག་པའི་ཚེ་ངེད་ཀྱང་ཞབས་དྲུང་དུ་འབྱོར་བ་དང་འགྲིག་པའི་རྒྱལ་དབང་མཆོག་གི་བཀའ་ལས་མདོ་དབང་ཞུས་པ་འགབ་ཚུལ་གྱི་བསླབ་སྟོན་བཞིན་སྙན་གསན་ཕབ་པ་ཞལ་གྱིས་བཞེས་ཏེ། སླར་དུས་ཚེས་ངེས་པ་ཅན་དུ་བསྒྲིགས་ནས་རང་ལོ་ཉེར་བཞི་བར་རིགས་བརྒྱའི་ཁྱབ་བདག་སྨན་ལུང་པ་དེ་ཉིད་རང་གནས་ཐུབ་བསྟན་རྡོ་རྗེ་བྲག་ཏུ་སྤྱན་དྲངས་ཏེ། ཕེབས་ཉིན་རང་སྒོ་འབྱེད་ཕྱག་རྡོར་གྱི་དབང་གནང་ཞིང་། དེ་ནས་རིམ་པར་རྩལ་བའི་ཚོགས་ཆེན་འདུས་པའི་ས་གཟུང་གི་ཚེ་བླ་མ་དམ་པ་ཉིད་ཀྱིས་གསང་ཕོད་དང་ཐང་ཞུ་སོགས་ཆས་སུ་ཞུགས་ནས་རྡོ་རྗེ་དྲིལ་བུ་དང་ཡུངས་ཀར་རྒྱང་ཞགས་བསྣམས་ཏེ་བགེགས་བསྐྲད་པའི་མཐར་རྡོ་རྗེའི་འགྲོས་མཛད་སྐབས་རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེས་མཚན་པར་གྱུར་ཧཱུྃ་ཧཱུྃ་ཞེས་གསུངས་ཤིང་ཁྲོ་བོའི་སྟང་སྟབས་དང་སྡང་མིག་ཏུ་གཟིགས་པ་ཙམ་གྱིས་ཟིལ་ཆེན་པོ་བཟོད་པར་མི་ནུས་པ་ཞིག་གིས་རྐྱེན་བྱས། བླ་མ་དམ་པ་དེ་ཉིད་བཅོམ་ལྡན་འདས་ཞེ་སྡང་རྡོ་རྗེ་དངོས་ཡིན་སྙམས་པ་ལྟ་བུའི་དད་གུས་སྐྱེས་ཏེ་འུར་ཤོགས་བྱེད་ནས་ལྷ་དངོས་སུ་མཐོང་བ་ཡིན་བྱས་ཀྱང་ཆོག་པ་ཙམ་དུ་ཡོད། དེ་ནས་བཟུང་སྟེ་མོས་པ་ཇེ་འཕེལ་དུ་སོང་། ཅི་མཛད་ཐམས་ཅད་ལེགས་ཤིང་གང་ལྟར་མཛད་ཀྱང་ཡེ་ཤེས་ཀྱི་རོལ་པ་ལས་མི་འདའ་བར་ངེས་ཤེས་བརྟན་པོ་རྙེད། ཚོགས་ཆེན་གྱི་རིག་འཛིན་བླ་མའི་དབང་གི་སྐབས་བརྒྱུད་པ་དངོས་ལ་མི་བཞུགས་ཀྱང་ངོ་མཚར་བརྒྱུད་པར་འཇམ་དབྱངས་མཁྱེན་བརྩེ་ཁུ་དབོན་གཉིས་བརྗོད་པར་མཛད། རྗེ་ཉིད་རང་ལ་བཀའ་དྲིན་ཆེ་བའི་དབང་གིས། ཀུན་འདུས་རྩ་བའི་རྩ་མ་མཆོག །གར་དབང་ཀརྨ་དབང་འབྱོར་དེར། །སྒོ་གསུམ་ཞབས་ཏོག་མ་འགྲུབ་ཀྱང་། །བྱིན་བརླབས་མཚན་མ་ཡང་ཡང་མཐོང་། །ངེས་ཤེས་མོས་གུས་གཏིང་ནས་སྐྱེས། །བཞུགས་ནི་བདག་གི་སྤྱི་བོར་བཞུགས། །གསང་མཚན་ཀརྨ་དབང་དྲག་རྩལ། །ཞེས་ཀྱང་ཡིག་ཆུང་དུ་བཏབ་ནས་དབང་གནང་སྐབས་གསུང་བའི་ཚེ་སྤྱན་ཆབ་ཀྱིས་བརྣངས་ཏེ་བཞུགས་པ་མཐོང་བས་རང་ཡང་མཆི་མ་མང་པོ་ཤོར་ཞིང་ཇི་ཙམ་བསྲན་ཡང་མི་བཟོད་པ་ལྟ་བུར་གྱུར། དེ་ལྟར་འདུས་པ་ཆེན་པོའི་དབང་ཡོངས་སུ་རྫོགས་པར་མདོ་མགོན་གྱི་བཀའ་གཏད་བར་རྒྱས་པར་གནང་ཞིང་། གསང་མིང་རྡོ་རྗེ་བདུད་འཇོམས་རྩལ་དུ་འདོགས་པར་མཛད། གཏད་རྒྱའི་ཚེ་བཀའ་ལས་ཤིང་ནྱ་གྲོ་དྷ་ཞེས་བྱ་བ་ས་བོན་ཤིན་ཏུ་ཕྲ་བ་ཞིག་བཏབ་པས་འབྲས་བུ་ལྗོན་པའི་ཤིང་ཆེན་པོ་ཡལ་གས་ཕྱོགས་ཀུན་ཏུ་ཁྱབ་པ་ཞིག་ཏུ་འགྱུར་བའི་དཔེ་བཞིན། རྒད་པོའི་མདོ་དབང་གི་ས་བོན་ཆུང་ངུ་འདི་ཁྱོད་ཀྱི་རྒྱ་ཆེར་སྤེལ་ཞིང་རྒྱས་པར་བགྱིད་དགོས་ཞེས་གསུངས་པ་ཡིད་ལ་བཅགས་པར་གྱུར་ཏེ་ཆོས་འདིའི་ཕྱོགས་སུ་ཐོས་བསམ་སྒོམ་པ་དང་འཆད་ཉན་རྒྱ་ཆེར་བགྱིད་པའི་དམ་བཅའ་ཕུལ་བས། བླ་མ་མཆོག་ཀྱང་དགྱེས་པར་གྱུར། རང་ལོ་ཉེར་ལྔ་བར་གཏན་གྱི་སྐྱབས་གནས་རྒྱལ་དབང་རྡོ་རྗེ་འཆང་ཆེན་པོས་ཆོག་སྒྲིགས་ཤིག་བྲི་དགོས་ཚུལ་གྱི་བཀའ་སྩལ་ཕེབས་པ་ལྟར་བྲི་བར་བརྩམས། འོན་ཀྱང་ཐོས་བསམ་མ་རྫོགས་པས་དགོས་པ་མང་ཞིང་བྲི་བདེ་བར་མ་གྱུར་པས། རང་ལོ་ཉེར་དྲུག་པར་སླར་ཡང་ཁྱབ་བདག་སྨན་ལུང་པ་ཆེན་པོ་རང་གནས་སུ་སྤྱན་དྲངས་ཏེ་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་དང་མདོ་དབང་གི་ཕྱག་བཞེས་ཕྲ་ཞིབ་ས་ཆོག་གི་སྟང་སྟབས་ཚུན་ཆད་ལེགས་པར་ཞུས། སྔ་སོར་དབང་གི་དུས་ཡིག་རྙིང་གི་ལུང་རྣམས་འགའ་ཞིག་ལུས་པ་ཡང་ཚང་བར་ཞུས་ཏེ། དེའི་ཚེ་དཀའ་གནད་ཀྱི་ཞིབ་ཆ་དང་། ཀཿཐོག་ལུགས་ཀྱི་གླེགས་བམ་སོགས་ལག་ཏུ་འཇོག་པ་གནང་ཞིང་། རྒན་པོ་ལྔ་པར་མ་གྱུར་གོང་དུ་ཆོག་སྒྲིགས་བྲིས་ཚར་བ་ཞིག་གྱིས་ཞེས་ནན་གྱིས་བཀའ་སྩལ་པ་ལྟར་བྲི་བར་བྱས་ཀྱང་རྣམ་གཡེང་སྣ་ཚོགས་ཀྱི་དབང་ལས་བཏང་སྙོམས་སུ་ལུས་པའི་ཚེ། དད་འདུས་འགའ་ཞིག་ལ་མདོ་དབང་བྱེད་དགོས་བྱུང་བས་ཁྱབ་བདག་བླ་མ་གཙང་ན་བཞུགས་པར་ཙཀ་ལི་གཡར་པོ་ཞུ་བ་སོགས་བྱ་མ་རྟ་ཆེད་བཏང་བའི་ཚེ། ཉེར་མཁོའི་ཕྱག་དཔེ་མང་པོ་དང་ཙཀ་ལི་བཅས་བཀའ་ཤོག་རིན་པོ་ཆེ་འདི་ལྟར་ཕེབས་ཏེ། དེར་སྙིང་ཕུ་སྐུ་སྐྱེ་སོགས་དད་འདུས་རྣམས་ལ་ཐེག་པ་ཡོངས་ཀྱི་དབང་རྒྱུན་བཀའ་དྲིན་བསྐྱངས་རྩིས་དེ་བཞིན་ལ་ཐལ་མོ་སྙིང་གར་ཟུམ་སྟེ་རྗེས་སུ་ཡི་རངས་འབུལ། མདོར་ན་ང་རང་ལ་གང་ཡོད་རྣམས་བསྟན་པའི་བདག་པོ་ལ་མི་འབུལ་ན་ཅི་བྱེད་ལྟ་བུར་འདུག །སྔར་དབང་ལུང་ཕུལ་བ་རྣམས་ལྟ་ཅི་སྨོས་དཔེ་རྒྱུན་ཕུལ་བ་རྣམས་ཀྱི་ཡང་ལེགས་བཤད་བསྡུ་བ་གནང་འོས་རྣམས་ཀྱང་བསྡུ་བ་བཀའ་གནང་དུ་གསོལ་སྙམ་དུ་བླ་མ་ཡི་དམ་བཀའ་སྲུང་རྣམས་ལ་གསོལ་བ་བཏབ་ནས་རྗེས་སུ་གནང་བ་ཕུལ་བ་ཡིན་ནོ། །ཞེས་པའི་བཀའ་ཤོག་ཀྱང་ཕེབས། དེ་ནས་ཀྱང་རེ་ཞིག་ནས་ཆོག་ཁྲིགས་ཚར་ཡོད་དམ་དགོངས་པའི་རྟིང་བསྐུལ་དུ་བཀའ་ཤོག་འདི་ལྟར་བྱུང་སྟེ། མདོ་དབང་ཆོག་ཁྲིགས་གསར་དུ་བཞད་པ་དེ་ལག་འཐོང་བྱུང་ཚེ་ཞུ་མི་བཏང་བས་མྱུར་དུ་གྲུབ་པ་དགོས་ཞེས་ཕེབས། སྤྲེལ་ལོ་རང་གནས་སུ་སྤྱན་དྲངས་ཏེ་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་སྨན་སྒྲུབ་ཆེན་མོ་དང་འབྲེལ་བར་སྨིན་བྱེད་ཀྱི་དབང་རྒྱས་པ་དང་ལུང་ཡོངས་རྫོགས། བླ་མ་གསང་འདུས། ཉང་གི་བདེ་གཤེགས་འདུས་པའི་དབང་བསྐུར་ཆེན་མོ། མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་དབང་། ཆོས་དབང་གི་ཕུར་པ་སྤུ་གྲི། ཉང་གི་ཁྲོས་ནག་སོགས་དུ་མ་ཞུས། མ་ནིང་སྲོག་དབང་སྔ་མོ་ནས་ཡོངས་རྫོགས་དཀྱིལ་འཁོར་དང་འབྲེལ་བའི་དབང་གི་དུས་ཅིས་ཀྱང་ཡོད་ཕེབས་ཀྱང་འགའ་ཞིག་གིས་བར་དུ་བཅད་དེ་ཐོབ་པའི་སྐལ་བས་དབེན། ཁྱད་པར་གསང་རྫོགས་ཀྱི་སྨན་སྒྲུབ་དབང་དང་འབྲེལ་བའི་ཕྱག་ལེན་ཟིན་བྲིས་ཤིག་བྲིས་པ་སྤྱན་སྔར་བསྟན་པས་ལེགས་སོའི་མེ་ཏོག་བཟང་པོ་ཅི་ཡང་གཏོར་བ་གནང་། དེ་ནས་སྐབས་ཤིག་ཆུ་བོ་རི་ནས་གཞན་དོན་དུ་གཤེགས་པར་དགོངས་ཤིང་བདག་ལ་བརྩེ་བའི་བཀའ་ཤོག་ཀྱང་འདི་ལྟར་ཕེབས་ཏེ། དེང་སང་ནི་པཀྵུ་འདིས་དེ་ཕྱོགས་སུ་མི་ཐར་བ་འདུག །དེ་ནས་ནི་གཙང་དུ་སླེབ་འགྲོ་བ་འདྲ། གང་ལྟར་བར་སྲིད་ཀྱི་སྔོན་དུ་ལན་ཅིག་མཇལ་བར་སྨོན་ཞེས་སོགས་གནང་བྱུང་བར་ཡང་བརྟེན། ངེད་ཆུ་བོ་རིར་གནས་འབྲེལ་ཞིག་ལ་ཕྱིན་སྐབས་རྗེ་བླ་མ་ཡང་བཞུགས་པ་དང་འགྲིགས་པས་སེར་སྦྲེང་སོགས་ཀྱི་ཐུགས་གཡེང་རྒྱ་ཆེར་གནང་འདུག་ཅིང་། ཕན་ཚུན་དགྱེས་བཞིན་པར་མཇལ་ཡང་ངེད་མཚམས་ཀྱི་སྟབས་ནས་སྙན་རྒྱུད་ཞག་མའི་ཞལ་ཤེས་ཀྱི་ལུང་དང་བཀའ་བསྒོ་ཙམ་མ་གཏོགས་ཆོས་གཞན་ཞུ་མ་ཐུབ། དེ་རྗེས་ངེད་ཀྱི་ཨུ་རྒྱན་ཕུག་ཏུ་མཚམས་བཅད། རྗེ་བླ་མ་ཡར་ཀླུངས་ཕྱོགས་སུ་ཕེབས། ངེད་སྡོད་རིང་དེ་གར་ཕྱིར་ཕེབས་བྱུང་བས་ངེད་ཀྱིས་ཀྱང་མཚམས་པར་ཞིག་ཏུ་མཇལ་བར་ཕྱིན་པས་དགྱེས་པ་ཆེན་པོས་བརྩེ་བས་བཟུང་ཞིང་། འདི་ཕྱིར་དགེ་བའི་བསླབ་སྟོན་མང་དུ་གནང་། ངེད་དཔོན་སློབ་ཚེ་འདིར་མཇལ་བའི་རྟིང་མ་དེ་ཡིན། དེ་ནས་ངེད་ཀྱིས་སྔར་བཞིན་ཨུ་རྒྱན་ཕུག་ཏུ་མཚམས་ལ་བསྡད། བླ་མ་དམ་པས་རེ་ཞིག་བཞུགས་ཏེ་གཙང་ལ་ཕེབས་སོང་བའི་ཆིབས་ཁ་བསྒྱུར་ཁར་མཚམས་ནང་ནས་ཕེབས་ལམ་ལ་ཐུགས་ཅག་དང་སྐྱབས་འཇུག་གནང་དགོས་ཚུལ་གྱི་ཞུ་ཡིག་ཅིག་ཕུལ་བའི་ལན་ཚིགས་སུ་བཅད་པ་ཞིག་གནང་བྱུང་བར། རྒད་བུ་སང་ཉིན་སྔ་ཆར་འགྲོ་བ་ལ། །ཨུ་རྒྱན་ཐུགས་རྗེས་གང་བསྐོས་མ་གཏོགས་པ། །ཅ་གས་ཁྱད་འགྱུར་ཡོང་བ་དཀའ་མོད་ཀྱང་། །སྐྱབས་མགོན་མཆོག་དེས་ལྷོ་ནུབ་སྲིན་ཡུལ་ནས། །བསྐྱེད་དེ་བཀའ་འབངས་རྒད་པོའི་དགོན་གོག་འདི། །བློས་མ་ཐོངས་པའི་གཞིས་སྲུངས་ཚོའི་འཛིན་དུ། །མངོན་སུམ་བཞུགས་པའི་ཐུགས་རྗེའི་སྤྱན་རྒྱང་གིས། །ངེས་པར་སྐྱབས་ལ་སོལ་ཉི་མ་མཆིས་སྙན། །སེམས་ཉིད་ཁྱོད་ཐུགས་གཡོ་མེད་དང་བསྲེས་ནས། །སྒྱུ་ལུས་གོག་པོས་རེ་ཞིག་གཙང་སྐོར་ཏེ། །ནག་ཟླའི་མཇུག་དང་ས་གའི་མཚམས་ཉིད་དུ། །ངེས་པར་ཤོག་ཅེས་གོང་གི་བཀའ་བཅིངས་པ། །ཇི་བཞིན་འོད་རྒྱ་ཤར་རིའི་ཕྲག་པ་ནས། །སླར་ཡང་འཆར་བཞིན་ཁྱོད་ཞལ་མཇལ་བ་དང་། །ཁྱོད་གསུང་བདུད་རྩི་འཐུང་བར་སྨོན་ནོ་ཀྱེ། །ཞེས་བྱ་བའི་གསུང་གི་ཐ་མ་སྩལ་ཏེ་སྔ་བར་གཙང་དུ་ཐེགས་པའི་ཚེ། ཚེ་ཆུ་སྒྲུབ་སྡེའི་འོག་གི་འཕྲེད་ལམ་ནས་ངེད་ཨོ་རྒྱན་ཕུག་ཏུ་ཡོད་པར་ཞལ་བསྒྱུར་ཏེ་ཕྱག་ཞབས་ཕུལ་ལ་བཀབ་ནས་ཡང་ཡང་གཟིགས་ཤིང་ཕེབས་སོང་ཞེས་ཐོས་པས་སེམས་ལ་འཕྲེང་བར་གྱུར། དེ་ལྟར་ཚིགས་སུ་བཅད་པ་དེ་ཡང་དྲང་དོན་དུ་སླར་ཟླ་བ་གསུམ་པ་དང་བཞི་པའི་མཚམས་སུ་པོ་ཏ་ལར་ཕེབས་སྐབས་མཇལ་ཞེས་པར་འདུག་ཀྱང་། ངེས་དོན་དུ་བདག་ལ་བརྩེ་བས་བྱིན་གྱིས་བརླབས་པའི་བརྡར་ཐུགས་ཡིད་བསྲེ་བའི་གཡར་དམ་དང་། སླར་ཤར་ཕྱོགས་ནས་སྐུའི་རྣམ་སྤྲུལ་འབྱུང་བར་དབང་ལུང་སོགས་གྱིས་ཤིག་པའི་བརྡ་ཆོས་སུ་གོ། དེ་ལྟར་བླ་མ་མཆོག་དེའི་དགོངས་པ་རྫོགས་ཐབས་དང་རྒྱལ་དབང་མཆོག་གི་བཀའ་གནང་གཅིག་ཏུ་བྱས་ཏེ་སྤྱི་བོར་བླངས་ནས་འབད་པ་ཆེན་པོས་མདོ་དབང་ཆོག་ཁྲིགས་གསར་དུ་བྲིས་པ་ཡིན་ལ། དེ་ཡང་འཇམ་དབྱངས་ས་པཎ་གྱི་རིགས་གཏེར་དུ། གངས་རིའི་ཁྲོད་འདིར་མཁས་པའི་རྒྱུ་སྐར་བྱེ་བ་བརྒྱས། དཔལ་ལྡན་གྲགས་པའི་གསུང་རབ་པདྨོ་རབ་ཕྱེ་མོད། གང་བློའི་ཉི་འོད་སྣང་བས་མ་ཁྱབ་དེ་སྲིད་དུ། གཞུང་ལུགས་དགོངས་དོན་གེ་སར་སྙིང་པོ་གསལ་མ་ནུས། ཞེས་པ་ལྟར་བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེ་དང་ཁྱད་པར་འཁོར་ལོའི་མགོན་པོ་སྨན་ལུང་པ་ཆེན་པོས་ལན་དུ་མར་དབང་ཁྲིད་མན་ངག་ཕྱག་བཞེས་མཛུབ་ཚུགས་སུ་གནང་ཞིང་ཨུཏྤལ་ལྟ་བུའི་དཔེ་རྒྱུན་དཀོན་པ་དག་ཀྱང་མང་བར་གནང་། དགོངས་པས་བྱིན་གྱིས་བརླབས་པ་སོགས་ཀྱི་མཐུ་ལས། ཟུར་ལུགས། ཀཿཐོག་ལུགས། གླན་ལུགས། སོ་ལུགས་སོགས་ཀྱི་ཡིག་རྙིང་གཞན་གྱིས་གསལ་བར་མ་ནུས་པའི་དཀའ་གནད་མཐའ་དག་ལེགས་པར་བཀྲོལ་བའི་ཆོག་ཁྲིགས་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ཀྱི་རྩོམ་པ་མཐར་ཕྱིན་པ་ཡང་བླ་མའི་བྱིན་རླབས་བདུད་རྩིའི་ཟིལ་མངར་གྱིས་བློ་གྲོས་ཀྱི་བུམ་བཟང་ཡོངས་སུ་གཏམས་པ་ལས་བྱུང་བ་ཡིན་ལ། དེ་ལྟར་རང་ལོ་ཞེ་གཅིག་པ་ཕན་ལ་མདོ་དབང་ཚར་ལྔ་སོང་བ་སོགས་བླ་མ་མཆོག་གི་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་རྒྱུར་འགྱུར་རམ་སྙམ། དེ་ལས་གཞན་པའི་ཁོ་བོ་ལ་དང་པོར་ཐོས་བསམ་དང་བར་དུ་ཉམས་ལེན་མཐར་མར་གཞན་ཕན་སོགས་བྱས་ཚུལ་གྱི་རྣམ་ཐར་བྲིར་རུང་བ་ཅི་ཡང་མ་མཆིས་ཤིང་། ཟ་ཉལ་འཆག་བྷུ་སུ་ཀུའི་སྤྱོད་པས་དུས་འདའ་བཞིན་གནས་པ་འདི་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་ལགས། འདིར་སྨྲས་པ། དམ་པའི་ཡོན་ཏན་མཐའ་ཡས་རིན་ཅེན་ཚོགས། །སྡེ་ལེགས་ཚིག་གི་སྲད་བུ་ལ་བརྒྱུས་ཏེ། །བློ་གསལ་བསྟན་འཛིན་ཚོགས་ཀྱི་མགུལ་རྒྱན་དུ། །ངོ་མཚར་དད་པའི་ཕྲེང་བ་འདི་ན་སྤེལ། །བརྒྱུད་པ་གསུམ་ལྡན་རིག་འཛིན་བླ་མ་མཆོག །རྒྱ་བོད་པཎ་གྲུབ་མུ་ཏིག་ཕྲེང་བ་ལྟར། །རིམ་བྱོན་རྣམ་པར་ཐར་པ་བགྲང་ཡས་པ། །ལེགས་བསྡུས་ཚིག་ཉུང་དོན་རྒྱས་ཚུལ་གྱིས་བཀོད། །འོན་ཏེ་གྲུབ་པའི་སློབ་དཔོན་རེ་རེས་ཀྱང་། །མཛད་ཕྲིན་མཐའ་ཡས་གཏམ་གྱིས་སྦྱོར་བ་རྣམས། །ངོ་མཚར་མཛད་པའི་ཕ་མཐའ་མི་མངོན་ཕྱིར། །མཐའ་དག་ཡི་གེར་འདྲི་བ་སུ་ཡིས་ནུས། །ཧ་ཅང་རྒྱས་མིན་ཤིན་ཏུ་བསྡུས་མིན་པར། །རྒྱས་ལ་བཏུས་ཤིང་བསྡུས་ལས་རྒྱ་ཆེར་སྤེལ། །གྲངས་ངེས་གདུལ་བྱའི་སྣང་བ་མི་འགལ་བར། །གཅིག་ཏུ་བྱས་འདི་རྣམ་དཔྱོད་བློ་ཡིས་བསྐྲུན། །སྔ་འགྱུར་ཐེག་པ་མཆོག་གི་ལམ་བཟང་ལ། །རྟེན་ནས་རིག་འཛིན་གྲུབ་པའི་སར་གཤེགས་པ། །ཁྱབ་བདག་རྡོ་རྗེ་སེམས་དངོས་བླ་མའི་ཚོགས། །རྟོགས་པ་བརྗོད་འདིའི་བསོད་ནམས་བླ་ན་མེད། །དེ་ཕྱིར་དུས་གསུམ་དགེ་ཚོགས་ཅི་ཡོད་དང་། །ལྷན་ཅིག་འདི་བརྩམས་ངལ་བའི་ལེགས་བྱས་ཀུན། །གཅིག་བསྡུས་མཐུ་ཡིས་འགྲོ་ཀུན་ཐམསཅད་མཁྱེན། །ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་ཕྱིར་བསྔོ། །ཕྱོགས་བྲལ་རྒྱལ་བའི་བསྟན་པ་ཀུན་ཏུ་དར། །དེར་འཛིན་དགེ་བའི་བཤེས་རྣམས་སྐུ་ཚེ་བརྟན། །འགྲོ་རྣམས་རྫོགས་ལྡན་དཔལ་གྱི་བདེ་སྐྱིད་རྒྱས། །ཕན་བདེའི་དཔལ་ལ་རྟག་ཏུ་སྤྱོད་གྱུར་ཅིག །བདག་ཀྱང་ཚེ་འདིའི་མདུན་ཐབས་ཁོ་ནའི་ཆེད། །བཟང་རྫུའི་འབད་པ་ལྷུར་ལེན་བླ་གཟུགས་ཀྱིས། །རྣམ་གཡེང་འདུ་འཛིའི་ཁོལ་པོར་མི་འགྱུར་བར། །དམ་ཆོས་སྒྲུབ་ལ་བར་ཆོད་མེད་པར་ཤོག །ཨོ་རྒྱན་པདྨ་རྒྱལ་བས་ཉེར་བསྟན་པའི། །སྒྲུབ་རིའི་མགུལ་ནས་སྨིན་གྲོལ་ལམ་སྟེགས་ཀྱིས། །མཚམས་སྦྱར་ཚེ་འདིའིསྣང་བ་ནུབ་མ་ཐག །མཁའ་སྤྱོད་རྔ་ཡབ་དཔལ་རིར་བདེར་འགྲོ་ཤོག །དཀར་ནག་བཟང་ངན་འབྲེལ་པར་གྱུར་པ་ཀུན། །རྒྱལ་ཀུན་ངོ་བོ་རིག་འཛིན་པདྨའི་དྲུང་། །གྲུབ་པའི་གྲལ་རིང་ཕྱིར་མི་ལྡོག་པའི་སར། །ཉེ་བཀོད་མ་ལུས་འགྲོ་བའི་དོན་འགྲུབ་ཤོག །ས་གསུམ་སྐྱེ་དགུའི་ལེགས་བྱས་ཁང་བཟང་རྩེར། །ཐུབ་བསྟན་མདོ་སྔགས་བསྟན་པའི་རྒྱལ་མཚན་མཆོག །སྔ་འགྱུར་ཡིད་བཞིན་དབང་གི་ཏོག་མཛེས་པ། །སྲིད་མཐར་མི་གཡོ་དགེ་ལེགས་བཀྲ་ཤིས་ཤོག །དེ་ལྟར་འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་དད་པའི་ཕྲེང་བ་ཞེས་བྱ་བ་འདི་ཡང་། མདོ་དཀྱིལ་དབང་གི་ཆོག་ཁྲིགས་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ཀྱི་རྒྱབ་ཆོས་སུ་དམིགས་ཏེ། ཐུབ་བསྟན་ཨེ་ཝམ་ལྕོག་གི་ཆོས་སྨྲ་བའི་དགེ་སློང་བྱ་བྲལ་བ་པདྨ་འཕྲིན་ལས་ཀྱིས་རང་ལོ་ཞེ་གཅིག་པ་ལྕགས་མོ་བྱའི་ལོ་དབྱར་ཟླ་ར་བ་སྣྲོན་གྱི་ཟླ་བས་འགོ་བརྩམས། དབྱར་འབྲིང་ཆུ་སྟོད་ཀྱིས་ཉ་བའི་དབང་ཕྱོགས་བཟང་པོ་དང་པོའི་ཚེས་ལ་ཡོངས་སུ་ཚང་བར་འོག་མིན་བླ་མའི་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་གི་ཡང་དབེན་འཆི་མེད་ཕོ་བྲང་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་སྨན་མཆོག་གིས་བགྱིས་པ་ཕྱོགས་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག། །།