རྒྱལ་བའི་དབང་པོ་ཀརྨ་པ་མི་བསྐྱོད་རྡོ་རྗེས་གསང་སྔགས་རྙིང་མ་བ་རྣམས་ལ་དྲི་བའི་ཆབ་ཤོག་གནང་བའི་དྲིས་ལེན་ལུང་དང་རིག་པའི་འབྲུག་སྒྲ།
རྒྱལ་བའི་དབང་པོ་ཀརྨ་པ་མི་བསྐྱོད་རྡོ་རྗེས་གསང་སྔགས་རྙིང་མ་བ་རྣམས་ལ་དྲི་བའི་ཆབ་ཤོག་གནང་བའི་དྲིས་ལེན་ལུང་དང་རིག་པའི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་ཝེ། གང་ཞིག་ཟག་མེད་ཡོན་ཏན་ཕུང་པོ་སྲིད་དང་ཞི་བའི་སྒྲོ་སྐུར་བྲལ་བ་ཆོས་ཀུན་མཉམ་པ་ཆེན་པོའི་ངང་། སྤྲོས་པ་ཀུན་གྲོལ་ཅི་ཡང་མི་དམིགས་རང་བབས་ག ཉུགས་མ་མ་སྐྱེས་མི་གནས་འགགས་པ་མེད་པའི་བདག་ཉིད་ཅན། སྣ་ཚོགས་སྒྱུ་མ་རང་སར་གྲོལ་བ་ཤེས་དང་ཤེས་བྱ་གཅིག་ཏུ་གྱུར་པ་བདེ་ཆེན་ཡེ་ཤེས་སྒྱུ་མའི་སྐུ། རྒྱལ་བ་ཁྱབ་བདག་འཁོར་ལོའི་དབང་ཕྱུག་ཀུན་བཟང་མགོན་པོ་བླ་མའི་ཚོགས་ལ་རྟག་པར་དད་པའི་ཕྱག་བགྱིའོ། །རང་བཞིན་དབྱིངས་སུ་ཐམས་ཅད་གདོད་ནས་ལྷུན་གྱིས་གྲུབ་པ་སྐྱེ་མེད་ངང་དུ་རོ་གཅིག་པ། །རང་བྱུང་ཡེ་ཤེས་རྟོགས་པའི་རྒྱུད་ལས་རབ་ཏུ་གྲོལ་བ་མི་འགྱུར་ཐིག་ལེའི་ངང་ཉིད་ལས། །སྐྱེ་བའི་ཆོ་འཕྲུལ་སྒྱུ་མའི་རོལ་པ་མཐའ་ཡས་སྤྲུལ་སྐུ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །འཇའ་འོད་སྐུ་རུ་མངོན་པར་བྱང་ཆུབ་རྒྱལ་བ་ཀུན་དངོས་ཨོ་རྒྱན་བླ་མ་དེ་ལ་འདུད། །གང་གི་ཞིང་ཁམས་ཁ་བ་ཅན་དུ་བདེ་གཤེགས་བསྟན་པ་སྤེལ་སླད་དུ། །སྲིད་པའི་འཆིང་ལས་ངེས་པར་གྲོལ་ཡང་སྲིད་པར་འཇུག་པ་འདི་མཛད་དེ། །མཐའ་ཡས་སེམས་ཅན་ཕན་བདེའི་ལམ་དུ་རྟག་པར་གཞོལ་མཛད་ཐུགས་རྗེ་ཅན། །སྤྱན་རས་གཟིགས་དབང་སྲོང་བཙན་སྒོམ་པོའི་ཞབས་ཀྱི་པད་མོར་ཕྱག་འཚལ་ལོ། །རྒྱ་ཆེན་རབ་འབྱམས་དཀྱིལ་འཁོར་ཀུན་གྱི་གཙོ་བོ་ཉིད་དེ་རྒྱལ་བ་མ་ལུས་བསྐྱེད་པའི་ཡབ། །ཡེ་ཤེས་སྒྱུ་མའི་རོལ་པ་མཐའ་ཡས་ཐབས་མཁས་སྙིང་རྗེའི་ཆོ་འཕྲུལ་བཀོད་པ་རྒྱ་ཆེན་པོས། །སྲིད་མཚོར་བྱིངས་བའི་ཉམས་ཐག་འགྲོ་ལ་མུ་མེད་དགེ་བའི་ལམ་མཆོག་བཟང་པོ་རྩོལ་མཛད་པ། །འཇམ་དབྱངས་གཞོན་ནུ་མི་ཡི་ཚུལ་འཆང་འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་ཕྱག་འཚལ་ལོ། །བོད་ཡུལ་མཐའ་འཁོབ་མི་ཤེས་མུན་པའི་སྨག་རུམ་འདིར། །ཆོས་ཀྱི་ཉི་མ་རབ་ཏུ་གསལ་བས་བདེ་གཤེགས་བསྟན་པ་སྣང་མཛད་ཅིང་། །ཕན་བདེའི་པད་ཚལ་ཀུན་ནས་རབ་ཏུ་རྒྱས་མཛད་པ། །སྐྱེས་མཆོག་མཚུངས་མེད་ལོ་པན་ཚོགས་ལ་ཕྱག་འཚལ་ལོ། །རྣམ་དག་རྒྱལ་བའི་བསྟན་པ་རིན་པོ་ཆེ། །རྒྱ་བོད་གཉིས་སུ་བཤད་དང་སྒྲུབ་པའི་སྲོལ། །ཕན་བདེའི་རྒྱུན་བཟང་ད་ལྟའི་བར་དུ་ཡང་། །ལེགས་པར་སྣང་མོད་སུ་ཞིག་ལོག་པར་ལྟ། །དེ་ལྟའི་གསང་ཆེན་བླ་མེད་ཐེག་པའི་མཆོག །ཡེ་ཤེས་མངོན་སུམ་སྟོན་པའི་ཨ་ཏི་ལ། །སྔ་ཕྱི་བདུད་རིས་རྩོད་པ་མང་བྱུང་ཀྱང་། །མུན་པའི་སྣང་བ་ཇི་བཞིན་སྒྲིབ་མ་ནུས། །དེང་སང་རྒྱལ་བའི་དབང་པོ་ཀརྨཱ་པས། །ལྡེམས་དགོངས་དྲི་བའི་ཆབ་ཤོག་གནང་བ་ལ། །ལུགས་ངན་རྨོངས་པའི་གཉིད་ལས་བསློང་བྱེད་པ། །དྲིས་ལན་ལུང་རིགས་འབྲུག་སྒྲ་འདིར་བརྗོད་བྱ། ༈ །སྤྱིར་བསྟན་པ་རིན་པོ་ཆེ་འདི་ལ་ཐེག་དམན་ཉན་རང་གཉིས། ཐེག་ཆེན་བྱང་སེམས། ཁྱད་པར་རྣལ་འབྱོར་གྱི་ཐེག་པ་དང་བཅས་པས། ཐུབ་པའི་གཙུག་ལག་མཐའ་དག་བསྡུས་པར་བསྟན་ལ། འདི་དག་ཏུ་མ་འདུས་པའི་རྒྱལ་བའི་བསྟན་པ་གཞན་འགའ་ཡང་མ་མཆིས་ཤིང་། ཐུབ་པའི་དབང་པོས་སྐྱེས་རབས་ཕལ་ཆེར་བསྟན་པ་འདུལ་བ་ལུང་དང་། ཐུགས་བསྐྱེད་ཚུལ་སྟོན་པ་བསྐལ་བ་བཟང་པོ་དང་། མཛད་པ་བཅུ་གཉིས་བྱེ་བྲག་ཏུ་སྟོན་པ་མངོན་འབྱུང་གི་མདོ་ལ་སོགས་པ་མདོ་སྡེ་དང་རྒྱུད་སྡེ་མཐའ་དག་ལས་ཀྱང་ཐུབ་པའི་རྫོགས་ཆེན་ཐེག་པའི་ཆོས་འཁོར་བསྐོར་ཅེས་ཅུང་ཟད་ཙམ་ཡང་མི་སྣང་བ་དང་། ཁྱད་པར་འཕགས་པའི་ཡུལ་ན་རྫོགས་ཆེན་མི་སྣང་ཞེས་ལོ་ཆེན་རིན་བཟང་དང་། འགོས་ལོ། རྔོག་ལོ་སོགས་ཕལ་མོ་ཆེའི་བསྟན་བཅོས་ལས་བྱུང་བས་དེང་སང་བོད་ན་གསང་སྔགས་འགྱུར་དུ་གྲགས་པའི་བཀའ་མ་མང་པོ་ཞིག་དང་། གཏེར་གཏོན་གྱིས་བཏོན་པར་གྲགས་པའི་ཆོས་ལུགས་གྲངས་ཀྱིས་མི་ལང་བ་ཤིན་ཏུ་མང་བ་ཅིག་འདུག་པས། སྙིགས་མ་རྒྱ་གར་ན་ཡོད་པའི་གཏན་ཚིགས་ངེས་པ་ཅན་སྨྲ་རྒྱུ་ཅི་ཡོད། ཅེས་གསུངས་པ་ལ། ཐུབ་པས་དངོས་སུ་མ་གསུངས་པས་ཆོས་མ་ཡིན་པ་དང་། རྒྱ་གར་ན་མེད་པར་འདོད་པ་དེ་ལྟར་ན། བརྟག་པ་གཉིས་པ་ལ་སོགས་པ་དགྱེས་པ་རྡོ་རྗེའི་རྒྱུད་རྣམས་ཀྱེ་རྡོ་རྗེས་གསུངས་ཏེ། བདག་མེད་མས། བདག་གི་འཁོར་ལོ་ཁྱོད་བཤད་ན། །ཁྱོད་ཀྱི་འཁོར་ལོ་ཇི་ལྟར་ལེགས་ཞེས་སོགས་རྒྱས་པར་གསུང་ཤིང་། དེ་བཞིན་དུ་བདེ་མཆོག་གི་རྒྱུད་རྣམས་འཁོར་ལོ་སྡོམ་པས་གསུངས་ཏེ། བདེ་མཆོག་སྟོད་འགྲེལ་ལས། ཕག་མོས་གསོལ་བཏབ་རྡོ་རྗེ་ཅན། །ཉུང་ངུའི་རྒྱུད་ནི་གསལ་བར་མཛད། །ཅེས་འབྱུང་བ། གསང་བ་འདུས་པ། སྟོན་པས་སྤྲུལ་སྐུའི་སྣང་བ་བསྡུས་ཏེ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས་གསུང་བ་དང་། ལྷ་མོ་བཞིའི་ཞུས་པའི་རྒྱུད་རྡོ་རྗེ་སེམས་དཔས་གསུངས་པ་དང་། རྣམ་སྣང་སྒྱུ་འཕྲུལ་དྲ་བ་རྣམ་སྣང་གི་གསུང་པ་དང་། རྟོག་པ་བདུན་པ་དང་གསུམ་པ་འཇིག་བྱེད་ཀྱི་གསུངས་པ་དང་། བདེ་མཆོག་གི་རྒྱུད་འགའ་ཞིག་དང་དེ་སོགས་བླ་མེད་ཀྱི་རྒྱུད་ཕལ་ཆེར་རང་རང་གི་དཀྱིལ་འཁོར་གྱི་གཙོ་བོས་གསུངས་ཤིང་ཐུབ་པས་དངོས་སུ་མ་གསུང་ན། དེ་དག་ཀྱང་ཆོས་མ་ཡིན་དང་རྒྱ་གར་ན་མེད་པར་འགྱུར་རམ་ཅི། དེ་དག་སྟོན་པའི་དངོས་སུ་མ་གསུངས་ཀྱང་སྟོན་པ་དཀྱིལ་འཁོར་གཙོ་བོ་ཉིད་དུ་བཞེངས་ནས་གསུངས་པའི་ཕྱིར་དོན་ལ་མི་འགལ་ལོ་སྙམ་ན། འདིར་ཡང་མཚུངས་ཏེ། སྟོན་པ་ཉིད་གདུལ་བྱ་དབང་པོ་རྣོན་པོ་དོན་གྱི་རྗེས་སུ་འབྲོངས་པ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དང་། གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། སྟོན་པ་བཅུ་གཉིས་ལ་སོགས་པར་བཞེངས་ཏེ་གསུངས་པས་ན་མི་འགལ་བ་ཡིན་ཏེ། དཔལ་ཆོག་ལས། ཐོག་ཐ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོ་མཆོག །བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སྐྱེས་བུའོ། །ཞེས་གསུངས་པའི་ཚུལ་ལྟར་རོ། །དེ་ལྟ་བས་ན་རྙིང་མ་པ་དག་སྤྲུལ་སྐུའི་བསྟན་པ་སྡེ་སྣོད་གསུམ། ལོགས་སྐུའི་བསྟན་པ་ཀྲི་ཡོག་གསུམ། ཆོས་སྐུའི་བསྟན་པ་ཡོ་ག་གསུམ་ཞེས་འདོད་པ་ཡིན་ནོ། །ཡང་སེམས་ཅན་རྣམས་ཀྱི་ཇི་སྲིད་དུ་འཇུག་པའི་འདུ་ཤེས་མ་ཟད་ཀྱི་བར་དུ་འདུལ་བྱེད་ཐེག་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་དེའི་ཕྱིར་ཐུབ་པས་དངོས་སུ་རྫོགས་ཆེན་ཐེག་པ་གསུངས་པ་ཡང་འགྲུབ་པ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ཞིག་པར་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་པ་དང་། མདོ་རྗེ་པདྨ་དཀར་པོ་ལས། ང་ཡི་བསྟན་པའི་ཐེག་པ་དགུ་པོ་དག །སེམས་ཅན་རྣམས་ཀྱི་མཐུ་དང་མོས་པར་བཤད། །འདི་ལྟར་ཐབས་ཀྱི་མཆོག་གི་ཡེ་ཤེས་ལ། །རབ་ཏུ་བཟུང་བའི་ཕྱིར་ན་ངས་བཤད་དོ། །ཞེས་པ་དང་། མྱ་ངན་ལས་འདས་པའི་མདོ་ལས། བསྟན་བཅོས་སམ་རིག་སྔགས་སམ་གསང་སྔགས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་རྫོགས་པའི་སངས་རྒྱས་ཀྱི་གསུངས་ཡིན་པར་ཤེས་པར་གྱིས་ཤིག །ཅེས་གསུངས་ཤིང་། བདེ་མཆོག་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཐེག་པ་གསུམ་དང་བཅོ་བརྒྱད་དེ། །ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་པའི་ཚུལ་མདོ་རྒྱུད་དུ་མར་གསུངས་ཤིང་། དུས་ཀྱི་འཁོར་ལོ་དང་མཚན་ཡང་དག་པར་བརྗོད་པ་ལ་སོགས་པ་གཉིས་སུ་མེད་པའི་རྒྱུད་སྡེ་རྣམས་ནི་རྫོགས་པ་ཆེན་པོ་དང་གྲུབ་མཐའ་ཁྱད་པར་ཅི་ཡང་མེད་ལ། དེའི་ཚུལ་རྒྱས་པར་སློབ་དཔོན་པདྨ་དང་། བི་མཱ་ལ་གཉིས་ཀྱི་མཚན་བརྗོད་ཀྱི་འགྲེལ་པ་དང་། སློབ་དཔོན་པདྨས་མཛད་པའི་སྦྱོར་དྲུག་དང་། བདག་གིས་བྱས་པའི་ལམ་རིམ་མཐར་པའི་སྒོ་གཅིག་རྣམས་སུ་གསལ་ལོ། །ལོ་ཙཱ་བ་རིན་ཆེན་བཟང་པོས་སྔགས་ལོག་སུམ་འབྱིན་དུ་གསང་སྔགས་སྒྲ་ཇི་བཞིན་པར་སྤྱོད་པ་རྣམས་བཀག་པ་ལས། རྙིང་མ་ལ་དགག་པ་མཛད་པ་མེད་དོ། །འགོས་ལོ་ཆེན་པོ་ལྷ་བཙས་ཀྱི་འབྱམས་ཡིག་ཆེ་ཆུང་དུ་རྙིང་མ་བཀག་ཀྱང་། ཆོས་རྣམས་བསྒྱུར་བར་མཛད་པའི་ལོ་ཙཱ་བ་སོ་སོས་བྱས་སོ་ཞེས་པ་ཙམ་ལས། ཁུངས་ཐུབ་པའི་རྒྱུ་མཚན་འགོད་རྒྱུ་བྱུང་མི་སྣང་ལ། རྗེ་ཉིད་སྐུ་གཞོན་ནུའི་དུས་སུ་ཟུར་ལ་ཆོས་གསན་པར་བྱོན་པས། ཆོས་མ་བསླབ་པར་མནར་སོ་བཏང་བས་དེའི་ལན་དུ་མཛད་པའི་ལོ་རྒྱུས་སྔ་རབས་ཀྱི་བླ་མ་རྣམས་ཀྱིས་གསུང་ཞིང་། འགོས་ལོ་ཐམས་ཅད་མཁྱེན་པ་གཞོན་ནུ་དཔལ་གྱི་དེབ་སྔོན་དུ་ཡང་ལོ་རྒྱུས་དེ་བཤད་དོ། །སྤྱིར་ན་རྗེ་འགོས་འབྲོག་མི་ལོ་ཙཱ་བའི་གམ་དུ་བྱོན་དུས་སུའང་ཆོས་འགའ་མ་གནང་པས་ཐུགས་མུག་སྟེ་རྒྱ་གར་དུ་གསུང་བ་ནའང་། སློབ་གཉེར་ཕུལ་ཕྱིན་ཅིག་མ་བྱས་ན་འབྲོག་ལྡོམ་དེ་ལ་ངོ་ཚ་བ་ཡོད་ཅེས་སོགས་རང་གི་བླ་མ་ལ་སྐུར་བ་གསུང་ན་དེ་ལ་ཡིད་བརྟན་དུ་བཟུང་བས་ཅི་ཞིག་འཚལ། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ནི་རྙིང་མའི་རྒྱུད་འགྲེལ་རྣམས་འཆད་བཞིན་པ་སྟེ། ཇོ་བོ་ཆེན་པོ་རྗེས་ཀྱང་། ཁྱོད་ཀྱི་དེ་ཁྲོམ་དུ་བསྒྲགས་ན་གསང་སྒྲོགས་སུ་འགྱུར་བས་གསང་ནས་བཤད་པར་རིགས་པ་ཡིན་ཞེས་པ་སྩལ། དེའི་དབོན་པོ་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་ནི། བཻ་རོ་ཙ་ན་ནམ་མཁའ་དག་དང་མཉམ། །ཀ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། །ཁོ་བོ་དེ་དྲུང་སྲིན་བུ་མེ་ཁྱེར་བཞིན། །ཞེས་སྔ་འགྱུར་གྱི་ལོ་ཙཱ་བ་ལ་སྔགས་པ་ཆེར་མཛད་མོད་ཀྱི། རྙིང་མ་དགག་པ་མེད་དོ། །རྙིང་མ་རྒྱ་གར་དུ་ཇི་ལྟར་ཡོད་པ་ཡང་། སློབ་དཔོན་བརྒྱ་བྱིན་སྡོང་པོས་སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་རྒྱུད་དོན་རྣམ་བཤད་ལས། གསང་སྔགས་ཀྱི་རྒྱུད་མཐའ་དག་སྡུ་ན། མཚོན་བྱ་གཞིའི་རྒྱུད་དང་། མཚོན་བྱེད་ཡི་གེའི་རྒྱུད་དོ། །མཚོན་བྱེད་ཡི་གེའི་རྒྱུད་ལ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དོ། །དེ་ལ་བསྐྱེད་པ་མ་ཧཱ་ཡོ་ག །རྫོགས་པ་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་གསུམ་མོ། །བསྐྱེད་རྫོགས་རྣམ་པ་གསུམ་དུ་ཕྱེ་སྟེ། དང་པོ་རྒྱུད་ཀྱི་རྣམ་གྲངས་བཅོ་བརྒྱད་དུ་གསུངས་པ་ལས། ཞེས་གསུངས་པ་བཞིན། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ཀྱི་ཐོག་མ་གསུམ་ནི། གསང་བ་འདུས་པ། ཟླ་གསང་ཐིག་ལེ། སངས་རྒྱས་མཉམ་སྦྱོར་རྣམས་ལ་ཐུགས་གསུང་སྐུའི་རྒྱུད་ཟེར། མཉམ་སྦྱོར་གྱི་ཧེ་རུ་ཀའི་དཀྱིལ་འཁོར་ཡང་དག་ཡིན་ལ། དེ་དག་གི་བཤད་སྲོལ་ཀྱང་ད་ལྟའི་བར་དུ་མ་ནུབ་ཅིང་། པཎ་ཆེན་ཐམས་ཅད་མཁྱེན་པ་བུ་སྟོན་གྱི་རྒྱུད་སྡེ་སྤྱིའི་རྣམ་བཞག་ཏུ། རྡོ་རྗེ་བཞད་པའི་སྐོར་གྱི་ལེའུ་ཞེས་ཚན་པ་གཅིག་ཏུ་མཛད་པའི། རྡོ་རྗེ་བཞད་པའི་གསང་བ་འདུས་པའི་འགྲེལ་པར། གསང་བ་སྙིང་པོའི་རྒྱུད་ཀྱི་ལུང་མང་དུ་དྲངས། འདུས་པ་ཕྱི་མའི་འགྲེལ་པ་སློབ་དཔོན་བི་ཤྭ་མི་ཏྲས་མཛད་པ་དང་། སློབ་དཔོན་བརྒྱ་བྱིན་སྡོང་པོས་མཉམ་སྦྱོར་གྱི་འགྲེལ་པར་ཡང་གསང་སྙིང་གི་ལུང་མང་དུ་དྲངས། འགྲེལ་པ་འདི་རྣམས་པཎ་ཆེན་ཐམས་ཅད་མཁྱེན་པ་བུ་སྟོན་གྱི་བསྟན་འགྱུར་དཀར་ཆག་ཏུ་ཡང་ཚད་མར་མཛད། ཇོ་བོ་རྗེས་ལམ་སྒྲོན་གྱི་རང་འགྲེལ་དུ། གལ་ཏེ་བྱ་བའི་རྒྱུད་ལ་སོགས་པའི་གསང་སྔགས་ཀྱི་ཐེག་པ་ལ་སྤྱོད་པར་འདོད་པ་ཡིན་ན་སློབ་དཔོན་གྱི་དབང་བསྐུར་བ་བྱ་བ་བུམ་པའི་དབང་ཐོབ་པར་མ་བྱས་པར་སྨོན་པ་དང་འཇུག་པའི་སེམས་བསྐྱེད་པ་ཙམ་ལ་ལྟོས་པར་མི་བྱ་སྟེ། གསང་སྔགས་རང་ཉིད་ལེན་པར་འབྱུང་བའི་ཕྱིར་རོ། །དེ་ཡང་རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་བརྩོན་པ་ཡང་། །འབྲས་བུ་མེད་པ་ཉིད་དུ་འགྱུར། །ཞེས་པ་དང་། ཡང་རྒྱུད་ལས། དབང་བསྐུར་རྗེས་གནང་མེད་པར་ཡང་། །གསང་སྔགས་རང་ཉིད་ལེན་པར་བྱེད། །ཅེས་གསུངས་ཏེ། ཞེས་ལུང་འདྲེན་མཛད་པའི་ཚིག་འདི་གཉིས་གསུང་བ་སྙིང་པོའི་རྒྱུད་ཚིག་ཡིན་ནོ། །ཐར་པ་ལོ་ཙཱ་བས་གསང་སྙིང་རྒྱུད་ཕྱི་མ་ལ་འགྱུར་མཛད། བསམ་ཡས་སུ་གསང་བ་སྙིང་པོའི་རྒྱ་དཔེ་ཁ་ཆེ་པཎ་ཆེན་གྱི་ཕྱག་ཏུ་བྱུང་བ་རྟ་སྟོན་གཟི་བརྗིད་ལ་བབས། དེ་ནས་ཤ་གད་ལོ་ཙཱ་བ་ལ་བྱུང་བ་བཅོམ་ལྡན་རལ་གྲིས་བླང་སྟེ་འགྱུར་བཅོས་མཛད། གསང་སྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག་ཅེས་པའི་བསྟན་བཅོས་མཛད། དེ་དུས་ཤ་གད་ལོ་ཙཱ་བས་བཅོམ་ལྡན་རལ་གྲི་ལ་བསྐུར་བའི་ཡི་གེ་ནི། ༈ བསིལ་ལྡན་འདི་ན་སྡེ་སྣོད་འཛིན་རྣམས་ཀྱིས། །ནང་ན་རྒྱུ་སྐར་རྒྱལ་པོ་གང་བ་ལྟར། །ཀུན་ནས་ཀུན་ཏུ་རབ་ཏུ་མཛེས་གྱུར་པ། །མཁས་ཆེན་བཅོམ་ལྡན་རལ་གྲི་རྒྱལ་གྱུར་ཅིག །སྤྱན་སྔར་ཞུ་བ། གསང་བ་སྙིང་པོའི་རྒྱ་དཔེ་བྲིས་ལ་བསྐུར་གསུང་བ། དཔེ་དེ་ཏ་ལའི་ལོ་མ་ལ་ཡི་གེ་ཝཪྟུ་ཤིན་ཏུ་ལེགས་པར་བྲིས་པ། སྔ་དུས་སུ་བྱོན་པས་ཡི་གེ་ལ་ལ་སུབས། ལེའུ་དགུ་པ་ནས་ཏ་ལའི་བྱང་བུ་གཅིག་ཀྱང་ཆད ། མཇུག་ཀྱང་མ་རྫོགས་པ་ཅིག་གདའ། འོན་ཀྱང་ལེའུ་ཉེར་གཉིས་པ་རྫོགས་ནས་མ་འགྱུར་བའི་ལེའུ་གཉིས་རྫོགས་སུ་ཉེ་བ་ཅིག་གདའ། དེས་ཀྱང་ཇི་ཙམ་རྫོགས་མ་འཚལ། གཉིས་པོ་འདི་ལ་འབྲུ་ཐུ ག་བགྱིས་ན་ཅུང་ཟད་གོའམ་སྙམ་སྟེ་མ་བགྱིས། འགའ་ཞིག་ལ་ཅུང་ཟད་བགྱིས་པ་འདི་དག་ལའང་ནོར་བ་མཆིས་པས་དེ་རྣམས་ལེགས་པར་འཆོས་པ་དང་། འདི་གཉིས་ལེགས་པར་བསྒྱུར་བར་ཡང་ཞུ། གཞན་མཚམས་སྦྱོར་མ་བྱས་པ་དང་། ཚིགས་བཅད་ལ་ཤད་མ་བྲིས་པ་རྣམས་རྒྱ་དཔེ་ལ་ཇི་ལྟར་འདུག་པ་བཞིན་བྲིས་པ་ལགས་སོ། །དག་ཞུས་ཀྱང་བགྱིས་སོ། །རྒྱུད་ཀུན་སྙིང་པོ་དཔལ་ལྡན་འདུས་པ་དང་། །དབྱེར་མེད་རྒྱུད་ཆེན་འདི་ལྟ་བུ་དང་གཞན། །ཟབ་མོའི་རྒྱུད་དང་ཐེག་ཆེན་ཆོས་རྣམས་དང་། །མཇལ་ནས་ཚུལ་བཞིན་སྒྲུབ་པ་བྱེད་པར་ཤོག །ཅེས་དང་། བཅོམ་ལྡན་རལ་གྲིས། གནས་གཙང་སྟེང་གི་འོག་མིན་ཉམས་དགའ་བར། །ཀུན་བཟང་རྡོ་རྗེ་སེམས་དཔས་གསུངས་པའི་བཀའ། །རྒྱུད་རྒྱལ་གསང་སྙིང་རྒྱ་དཔེ་མ་རྙེད་པས། །བོད་ཀྱི་བྱས་ཞེས་གངས་རིའི་ཁྲོད་འདིར་གྲགས། །བཅོམ་ལྡན་རལ་གྲིས་རྒྱ་དཔེ་ལེགས་བཙལ་ནས། །གཞུང་འདི་འཛིན་པའི་སྔགས་འཆང་རྣམས་ལ་བསྟན། །པཎ་ཆེན་བི་ཤྭ་མི་ཏྲ་ལ་སོགས་པའི། །གཞུང་གི་སྒྲུབ་བྱེད་གསང་སྙིང་སྒྲུབ་པར་ལྟོས། །རྒྱ་བོད་གཉིས་སུ་མཁས་པར་ལེགས་སྦྱངས་པས། །དཔེ་འདི་མ་རྙེད་ཡིད་བཞིན་རིན་ཆེན་འདྲ། །སངས་རྒྱས་གསང་བ་བི་ཤྭ་མི་ཏྲ་ཡི། །གསང་སྙིང་རྒྱུད་དང་མཐུན་པའི་འགྲེལ་བ་མཛད། །འདི་གཉིས་སྤངས་ནས་རང་གར་འཆད་པ་རྣམས། །ཤེས་རབ་འཆལ་བའི་རང་བཞིན་བསླུས་པ་ཡིན། །རྨ་རིན་འཕྱང་དྲུག་དཔྱད་གཞུང་མ་མཐོང་བས། །འཕྱོང་དྲུག་གཞུང་མཚམས་ཤེས་པ་མེད་ཅེས་གྲགས། །འཕྱོང་དྲུག་ཤེས་པར་འདོད་པའི་སྔགས་འཆང་རྣམས། །གཟུར་གནས་བློ་ཡི་ཁོ་བོའི་དྲུང་དུ་བྱོན། །ཞེས་གསུངས་ཤིང་དར་བར་མཛད། ཇོ་བོ་ཆེན་པོ་རྗེས་བསམ་ཡས་སུ་རྒྱ་དཔེ་རྣམས་གཟིགས་པས། ཇོ་བོས་སྔར་གཟིགས་མ་མྱོང་བ་རྒྱ་དཔེ་མང་པོ་འདུག་པས། གསང་སྔགས་འདི་ལ་མིས་ཤེས་པ་མེད་པའི། མཁའ་འགྲོ་མ་རྣམས་ཀྱིས་ཀྱང་ནམ་མཁར་གཞལ་ཡས་ཁང་དཔག་ཏུ་མེད་པའི་སྒོ་ཕྱེ་ནས་རྒྱུད་སྡེ་མང་པོ་བསྟན་པ་ལའང་འདི་རྣམས་མི་གདའ། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་རང་ཡོད་ཡོད་མི་འདྲ་གསུངས་ནས་ཐུགས་རྒྱལ་ཆག །བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རངས་པ་མཛད་ནས། བོད་ཀྱི་བསྟན་པ་དར་དུས་དེ་འདྲ་རྒྱ་གར་དུ་ཡང་མ་བྱུང་ངམ་གསུངས་ཤིང་། རྒྱ་གར་དུ་མེའི་དགྲ་ལན་གསུམ་བྱུང་བས་ཚིགས་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་སྣང་གསུངས་ནས་བཙལ། ཞལ་བཤུས་ནས་རྒྱ་གར་ལ་བསྐུར་བྱ་བ་དང་། སློབ་དཔོན་པདྨས་ནམ་མཁའ་ལ་བྱོན་ནས་ལྷ་དང་ཀླུ་དང་། དཔལ་ཤྲཱི་ལེནྟྲ་ནས་རྒྱུད་སྡེ་ཐམས་ཅད་བསམ་ཡས་སུ་སྤྱན་དྲངས་པས་རྒྱ་གར་བས་བོད་མང་བ་ཡིན་གསུང་བ་རྣམས་ཇོ་བོའི་རྣམ་ཐར་ཆེན་མོར་སྣང་ངོ་། །དེ་ལྟ་བུའི་རྒྱུད་རྣམས་ཇི་ལྟར་དར་བ་ཡང་། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། རྒྱུ་ལ་མོས་པ་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པ་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་དང་། རྙིང་མའི་མདོ་དགོངས་པ་ལུང་སྟོན་ལས། འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་སུ། །མི་ལས་སྐལ་ལྡན་གྲགས་པ་ཆེ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་དང་། སྔགས་གསར་མར་ཡང་། དཔལ་སྡོམ་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་ཉི་ཤུ་རྩ་བརྒྱད་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་སྟེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ན། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱི། །རྒྱལ་པོ་རྒྱལ་པོ་ཙ་ཡིན་ན་ཛའི་བཤད་པ་མི་རུང་ངོ་སྙམ་ན། ཙ་དང་ཛ་གཉིས་སྒྲའི་བྱིངས་གཅིག་སྟེ་ཛ་ཌི་རལ་པའི་དོན་ལ། ཀ་ལ་པ་ལས། ཙ་ཊཱུ་ན་རལ་པ་ལའི་ཞེས་སོ། །ཙ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེས་སྣང་བར་བྱེད། །མི་ལས་སྐལ་ལྡན་དམ་པ་རྣམས། །བྱང་ཆུབ་མཆོག་ཏུ་གྲུབ་འགྱུར་བ། །དེ་ལ་རྟག་ཏུ་གུས་པར་བྱོས། །ཞེས་མཐུན་པར་གསུང་པ་ལྟར། རྒྱལ་པོ་ཛ་ལ་བབས་ནས་རིམ་པར་དར་བ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། གསུང་རབ་འདིའི་ལོ་རྒྱུས་བཤད་ན། སྔོན་སངས་རྒྱས་མི་ཡུལ་ན་ལོ་བརྒྱད་ཅུ་བཞུགས་པའི་ཚེ། སརྦ་བུདྡྷ་ས་མ་ཡོ་ག་དང་། གུ་ཧྱ་ས་མ་ཛ་ལ་སོགས་པས་འདུལ་ཞིང་ཐེག་པ་དེ་དག་གི་སྣོད་དུ་གྱུར་པ་འཛམ་བུའི་གླིང་གི་མི་ཡུལ་ན་མེད་པས། རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་དང་། དགའ་ལྡན་ལ་སོགས་པའི་གནས་རྣམས་ན་ལྷ་རྣམས་དང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔལ་ལ་སོགས་པ་སྣོད་དུ་གྱུར་ནས་དེའི་ཚེ་མདོ་སྡེ་དེ་ན་བཞུགས་སོ། །སླད་ཀྱི་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་ཟ་ཧོར་གྱི་རྒྱལ་པོ་འཁོར་དང་བཅས་པ་ངོ་མཚར་དུ་ཆོས་ལ་དད་པ་དག་ཅིག་འདུག་པ་ཐེག་པ་དེའི་འདུལ་སྐལ་དུ་གྱུར་ཅིང་སྣོད་དུ་གྱུར་ནས་སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པ་མདོ་སྡེ་ཆེན་པོ་བཅོ་བརྒྱད་ཕྱག་ན་རྡོ་རྗེའི་བྱིན་གྱིས་བརླབས་ཀྱི་ཟ་ཧོར་གྱི་ཡུལ་དུ་གཤེགས་པ་དང་། ཟ་ཧོར་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མདོ་སྡེ་དག་བལྟས་པ་ན་བརྡའ་མ་འཕྲོད་ནས། སྔོན་གྱི་ལས་ཀྱི་དབང་གི་མངོན་པར་ཤེས་པ་ཐོབ་པས་བལྟས་པ་ན། ཡུལ་གྱི་དབུས་ཡུལ་མ་ལ་བ་ན་ཨཱ་ཙརྱ་ཀུ་ཀུ་རཱ་ཛ་ཉིན་བཞིན་ཁྱི་སྟོང་ལ་ཆོས་འཆད། མཚན་བཞིན་ཁྱི་དེ་དག་ལ་དམ་ཚིག་གི་ལོངས་སྤྱོད་མཛད་པ། ཁྱིའི་སློབ་དཔོན་མཛད་པ་ཅིག་བཞུགས་པ་དེ་ཐེག་པའི་སྣོད་དུ་གྱུར་ལ། བདག་གི་འདུལ་སྐལ་དུ་གྱུར་པ་ཡང་འདྲ་ནས། རྒྱལ་པོས་ཕོ་ཉ་བཏང་ནས་སློབ་དཔོན་གཤེགས་སུ་གསོལ་བ་དང་། སློབ་དཔོན་དེ་ཡང་སྔོན་གྱི་ལས་ཀྱི་དབང་གི་མངོན་པར་ཤེས་པ་ལྔ་དང་ལྡན་ནས། རྒྱལ་པོ་དེ་བདག་གི་འདུལ་དུ་འབབ་བམ་མི་འབབ། མདོ་སྡེ་དེ་དག་གི་སྣོད་དུ་གྱུར་རམ་མ་གྱུར་བརྟགས་པ་ན། བདག་གི་འདུལ་སྐལ་དུ་ཡང་འབབ། བདག་ཀྱང་མདོ་སྡེའི་སྣོད་དུ་ཡང་གྱུར། རྒྱལ་པོའི་ཐེ་ཚོམ་ཡང་སེལ་བར་འགྱུར་མོད་ཀྱི། འོན་ཀྱང་མདོ་སྡེ་དེ་དག་སྔར་མ་ལྟས་ན། རྒྱ་ལ་རྒྱལ་པོའི་ཐེ་ཚོམ་དག་མ་སོལ་བར་གྱུར་ན་ཤིན་ཏུ་མ་ལེགས་པས་ཕོ་ཉལ་སླར་སྤྲིངས་པ། མདོ་སྡེ་དེ་དག་ཁོ་བོས་སྔར་བལྟར་འཚལ་གྱི་ཚུར་སྐུར་ཅིག་ཅེས་སྤྲིངས་པ་དང་། མདོ་སྡེ་དེ་དག་ཚུར་གཤེགས་ཏེ་ལྟས་པ་ན། མགོ་མཇུག་གར་ལྟའི་ཆ་མ་མཆིས་ཏེ། དེ་ཉིད་དུ་ལུས་བརྡབས་ཏེ་མགོན་མེད་དོ། །སྐྱབས་མེད་དོ་ཞེས་བོས་པ་དང་། དཔལ་རྡོ་རྗེ་སེམས་དཔའ་མངོན་པར་གཤེགས་ཏེ་ཁྱོད་ཅི་འདོད་ཅེས་དྲིས་པ་དང་། བདག་མདོ་སྡེ་ཟབ་མོ་འདི་བལྟས་པ་ཙམ་གྱི་ཤེས་པར་འདོད་ཅེས་གསོལ་བ་དང་། དེ་བཞིན་གནང་ངོ་གསུང་ནས། དེ་ནས་སརྦ་བུདྡྷ་ས་མ་ཡོ་ག་ལ་སོགས་པའི་གླེགས་བམ་རྣམས་མ་ཕྱེ་བར་དེ་དག་གི་དོན་མངོན་སུམ་དུ་ཡིད་ལ་གསལ་བར་གྱུར་ཏོ། །དེ་ནས་སློབ་དཔོན་དེ་ཟ་ཧོར་གྱི་ཡུལ་དུ་གཤེགས་ཏེ་རྒྱལ་པོ་འཁོར་དང་བཅས་པ་ལ་ཆོས་དེ་དག་བཤད་དེ། དཔལ་རྡོ་རྗེ་སེམས་དཔས་ལུང་བསྟན་ཏེ་རྒྱལ་པོ་འཁོར་དང་བཅས་པ་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་བསྒོམ་དུ་སྩལ་ཏེ། དབུས་སུ་རྒྱལ་པོ་ཉིད། བཙུན་མོ་དམ་པ་བཞི་ཡུམ་གྱི་སར་བཀོད། བློན་པོ་བཞི་རིགས་བཞིའི་སར་བཀོད། སྲས་མོ་རྣམས་ནང་གི་ལྷ་མོའི་སར་བཀོད། བཙུན་མོ་ཕལ་པ་རྣམས་ཕྱིའི་ལྷ་མོའི་སར་བཀོད། བློན་པོ་ཕལ་པ་རྣམས་སྒོ་སྲུང་བཞི་དང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལྟར་བཀོད་པ་དང་། རྒྱལ་པོས་བསམ་པ། བདག་ཅག་འཁོར་དང་བཅས་པ་རིག་འཛིན་གྱི་གནས་སུ་གྲུབ་པའི་ཕྱིར་ན། དམ་པའི་ཆོས་འདི་མི་ནུབ་པར་བྱ་བའི་ཕྱིར་སྲས་ཤ་ཀྲ་པུ་ཏི་རྒྱལ་ཚབ་ཏུ་དབང་བསྐུར་ནས། ཨཱ་ཙརྱ་ཀུ་ཀུ་རས་ལུང་དང་མན་ངག་བསྟན་པ་རྒྱལ་བ་དེ་ལ་བསྟན་ནས་བཞག་སྟེ་བསྒོམ་པ་དང་། རྒྱལ་པོ་འཁོར་དང་བཅས་པ་སྟོང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་རིག་འཛིན་དུ་གྲུབ་བོ། །དེའི་སྲས་ཤ་ཀྲ་པུ་ཏིས་དེ་བཞིན་དུ་བསྒོམ་པ་དང་འཁོར་བདུན་བརྒྱ་དང་བཅས་པ་ཡང་རིག་འཛིན་གྱི་གནས་སུ་གྲུབ་བོ། །ཡང་རྒྱལ་པོ་ཤ་ཀྲ་པུ་ཏིས། སྲས་ནི་ཆུང་སྟེ། སྲས་མོ་གོ་མ་དེ་བཱི་ལ་དཔལ་དམ་པའི་ནང་ནས་ཚུལ་བརྒྱ་ལྔ་བཅུ་པ་བཀོད་དེ་བཤམས་ནས་ཨིནྡྲ་བྷཱུ་ཏིའི་ལུགས་དེ་སྲས་མོ་ཡུལ་དང་ས་འཛིན་དུ་སྩལ་བ་དེ་ལ་བསྟན་པས་སྲས་མོ་དེ་འཁོར་དང་བཅས་པ་བརྒྱ་དང་ཡང་རིག་འཛིན་དུ་གྲུབ་བོ། །དེ་ནས་སྲས་མོ་དེས་རྒྱལ་བུ་ལ་ལུང་དང་མན་ངག་བཞག་པ་ལས་འཕེལ་བ་ནི་དེང་སང་དུ་ཡང་འདི་ལགས་ཏེ། ཞེས་པ་ལྟར་རིམ་གྱིས་དར་བ་ཡིན་ལ། སློབ་དཔོན་སངས་རྒྱས་གསང་བས་ལམ་རྣམ་པར་བཀོད་པར་ཡང་། དེ་ནས་རྡོ་རྗེ་གདན་སྟེངས་ཀྱི། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་སུ། །ཕོ་བྲང་དམ་པ་རིན་ཆེན་ནང་། །བཀྲ་ཤིས་དམ་པའི་ཁང་པ་རུ། །ཀུ་ཀུ་རཱ་ཛ་ཨིནྡྲ་བྷཱུ་ཏི་དང་། །སིང་ཧ་ཨུ་པ་ར་ཛ་དང་། །སྲས་མོ་གོ་མ་པ་ལ་སོགས། །སྒྱུ་འཕྲུལ་དྲ་བའི་དབང་ཐོབ་ནས། །ཚོགས་ཀྱི་དཀྱིལ་འཁོར་མངོན་སྒྲུབས་ཏེ། །རྡོ་རྗེ་འཆང་སར་མངོན་དུ་གཤེགས། །ཞེས་པ་དང་། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ་ལས་ཀྱང་། རྒྱལ་བའི་དགོངས་དོན་ཡུན་རིང་གནས་པའི་ཐབས། །སྤྲུལ་སྐུའི་ཉི་མས་འཛམ་གླིང་གསལ་མཛད་ནས། །སྡེ་སྣོད་གསུམ་གྱི་འཇིག་རྟེན་འདུལ་བའི་དུས། །བློ་དམན་འཕགས་པའི་ལམ་ལ་བཀོད་བྱས་ཀྱང་། །རང་གི་དེ་ཉིད་ངེས་དོན་གནས་མ་མཐོང་། །མ་འོངས་བློ་མཆོག་གྲོལ་བར་བྱ་བའི་ཕྱིར། །སྤྲུལ་པའི་བྱང་ཆུབ་སེམས་དཔའ་བློ་གྲོས་མཆོག །དགོངས་པའི་དབང་གིས་རྨོངས་པ་འདུལ་བའི་ཚུལ། །དཀྱིལ་འཁོར་སྤྲུལ་པའི་འཁོར་ལོ་རབ་སྣང་མཛད། །མགོན་པོ་རྣམས་ཀྱི་རྗེས་སུ་བསླབས་བྱས་ཏེ། །དཔལ་ལྡན་སངས་རྒྱས་ཐམས་ཅད་མཉམ་སྦྱོར་གཞུང་། །གསང་བའི་དཀྱིལ་འཁོར་རིམ་གྱིས་སྒྲུབས་དོན་གསལ། །གདུལ་བྱ་དག་པའི་ཚོགས་རྣམས་གྲོལ་བར་མཛད། །ཡུན་རིང་གསང་བའི་ཐེག་པ་གནས་བྱའི་ཕྱིར། །སྤྲུལ་པའི་བྱང་སེམས་སྨེ་ཁྲོད་རྒྱལ་པོ་ལ། །གསང་བ་དམ་པའི་གདམས་ངག་རབ་དཀྲོལ་ཞིང་། །རྣལ་འབྱོར་དོན་ཕྱིར་རབ་ཏུ་གདམས་པར་མཛད། །སྤྲུལ་པའི་སྐུ་འདས་ཕྱི་མའི་དུས་ཤིག་ཚེ། །རྒྱལ་བའི་བཀའ་གསང་འཛམ་གླིང་གནས་སུ་ཤར། །རྒྱལ་པོའི་ཁབ་ཏུ་སྤྱན་དྲངས་མཆོད་བྱས་ཤིང་། །དགའ་ཞིང་གུས་བསྟོད་ལེགས་བལྟས་བརྡ་མ་མཇལ། །ཐུགས་རྗེའི་འབྲེལ་ཤུགས་གསང་སྔགས་འཛིན་པར་གྲགས། །དམ་པར་བཟུང་སྟེ་གླེགས་བམ་འཛིན་པར་ཞུས། །སྒྱུ་འཕྲུལ་ཐིག་ལེ་སྟོང་པའི་དཀྱིལ་འཁོར་གཞུང་། །གྲུབ་ཐོབ་ལྷག་པའི་ལྷ་ཡིས་ལུང་བསྟན་མཛད། །ཞེས་འབྱུང་ཞིང་རྒྱས་པར་མཛད་པ་ཡིན་ལ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེས། རྡོ་རྗེ་སེམས་དཔའ་ལ་དངོས་སུ་གསན་ནས། སློབ་དཔོན་འཇམ་དཔལ་བཤེས་གཉེན། ཤྲཱི་སིང་ཧ། སློབ་དཔོན་པདྨ་འབྱུང་གནས། པཎྜི་ཏ་ཛྙཱ་ན་སཱུ་ཏྲ། པཎ་ཆེན་བི་མཱ་ལ་མི་ཏྲ་རྣམས་ཀྱི་སེམས་ཀློང་མན་ངག་གི་སྡེ་གསུམ་རྒྱས་པར་མཛད་ཅིང་། སྒྱུ་འཕྲུལ་གསང་བ་སྙིང་པོའི་སྐོར་རྣམས་ནི་སློབ་དཔོན་སངས་རྒྱས་གསང་བས་དར་བར་མཛད། གསང་བ་སྙིང་པོའི་འགྲེལ་པ་དང་། སྒྱུ་འཕྲུལ་ལམ་རིམ་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་བརྩམས་སོ། །ཡང་ཛེ་ཏ་རིའི་སློབ་མ། འཇམ་པའི་དབྱངས་ཀྱི་རྗེས་སུ་བཟུང་བའི་སློབ་དཔོན་སྒེག་པའི་རྡོ་རྗེས་གསང་བ་སྙིང་པོ་ལ་ཊིཀྐ་མཛད་ཅིང་དར་བར་མཛད་དོ། །ཡང་ཀརྨཱ་པ་རང་ཉིད་ཀྱི་ལུགས་ལ་ཡང་རྫོགས་ཆེན་རྒྱ་གར་དུ་ཡོད་པ་འགྲུབ་སྟེ། ཀརྨཱ་པག་ཤིས། རྡོ་རྗེ་སེམས་དཔའི་སྤྲུལ་པ་དགའ་རབ་རྡོ་རྗེ་ལ་རྫོགས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་སོགས་ཉན་པའི་ཚེ་རང་བྱུང་རྡོ་རྗེ་བདག་ཀྱང་ཏོག་ཙེ་རྣལ་འབྱོར་དབང་ཕྱུག་བྱ་བར་གྱུར་ནས་རྫོགས་པ་ཆེན་པོའི་སྒྲ་དོན་ཐམས་ཅད་རྟོགས་པ་གཅིག་ཡིན་ཞེས་གསུངས་ཤིང་། ཡང་གསུང་ལས། རྒྱལ་པོ་ཛའི་རྗེས་སློབ་དཔོན་པདྨ་བོད་དུ་མ་བྱོན་པའི་སྔ་རོལ་ཙམ་ན། རྒྱ་གར་དུ་བདག་ཀྱང་གསང་སྔགས་རྙིང་མ་ཐམས་ཅད་སྟོན་ཤེས་པའི་སྔགས་ཀྱི་རྣལ་འབྱོར་པ་ཞིག་ཏུ་གྱུར་ནས་མཚན་ཡང་ཡེ་ཤེས་རྡོ་རྗེ་འབར་བྱ་བ་ཡིན། ཞེས་གསུངས། དེ་དག་གིས་ནི་སྔགས་ཀྱི་རྒྱུད་རྣམས་སྤྲུལ་པའི་སྐུས་དངོས་སུ་གསུང་དགོས་པའི་ངེས་པ་མེད་པའི་ཚུལ་དང་། ཐུབ་པས་རྫོགས་པ་ཆེན་པོ་ལ་སོགས་པ་ཐེག་པ་རིམ་པ་དགུ་ཡང་གསུངས་པའི་ཚུལ་དང་། རྙིང་མ་རྒྱ་གར་དུ་ཇི་ལྟར་བྱུང་ཞིང་དར་བའི་ཚུལ་བསྟན་པ་ཡིན་ནོ། ༈ །ཡང་། རྙིང་མའི་རྒྱུད་ཀྱི་སྐབས་ན། སྤྱིར་གསར་མའི་རྒྱུད་མཐའ་དག་ནི་རྒྱུད་ཀྱི་དངོས་པོ་བཅུ་ཚང་བ་འཕགས་ཡུལ་ཀུན་ཏུ་ཆེར་གྲགས་ཤིང་དེང་སང་གི་བར་དུ་གནས་པ། བོད་ཡུལ་འདིར་སྔར་ཡང་འགྱུར་ཞིང་ཕྱིས་ཀྱང་འགྱུར་བ། སྐད་གསར་བཅད་དང་བརྡ་རྙིང་གི་ཁྱད་ཙམ་མ་གཏོགས་འགྱུར་ཟུར་ཕྲན་ཚེགས་གཅིག་མི་གཅིག་ལས་ཕལ་ཆེར་གཅིག་ཐོག་གཅིག་འབབ་པ་འབའ་ཞིག་འགྱུར་འདུག་པ་ལ། རྙིང་མའི་རྒྱུད་འདི་དག་གླེང་གཞི་གླེང་བླང་ནས་རྒྱུད་རྫོགས་པར་བསྟན་པའི་བར་གྱི་དངོས་པོ་བཅུ་ཚང་བར་བསྟན་པ་ཉུང་བར་འདུག་པས། རྒྱུད་མཚན་ཉིད་པ་ཡིན་ན་རྒྱུད་ཀྱི་དངོས་པོ་བཅུ་ཚང་དགོས་པ་ལ། འདི་དག་མ་ཚང་ན་ཐང་རྒྱུད་དུ་འགྲོ་བའི་ཤེས་བྱེད་རྣམ་དག་སྨྲ་རྒྱུ་ཅི་ཡོད། ཅེས་གསུངས་པ་ལ། སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་སེམས་ཅན་རྣམས་ཀྱི་བློའི་རིམ་པ་དང་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་བྱེད་པས་མཐའ་དང་གྲངས་དང་ཚད་བཟུང་བར་དཀའ་མོད་ཀྱི། མདོ་ཙམ་སྨོས་ན། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །ཁོར་བ་རྒྱུད་དུ་འདོད་པ་ཡིན། །རྒྱུ་རྒྱུད་འཇག་མའི་སྲིན་བུ་ནས་སངས་རྒྱས་ཀྱི་བར་དུ་རྒྱུན་ཆགས་སུ་གནས་པ་ཡིན་ལ། གསང་བ་འདུས་པ་ཕྱི་མ་ལས། རང་བཞིན་རྣམ་དག་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོག་འབྲས་བུ་སྟེ། །གསུམ་གྱི་རྒྱུད་དོན་བསྡུས་པའོ། །ཞེས་པ་ལྟར་ན། རྒྱུའི་རྒྱུད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དཀར་པོའི་ས་བོན་དང་ལྡན་པ་དང་། ཐབས་ཀྱི་རྒྱུད་ཉམས་སུ་ལེན་པའི་ལམ་དང་། འབྲས་བུའི་རྒྱུད་སྐུ་གསུམ་ཡེ་ཤེས་ལྔ་དང་ལྡན་པའི་བདག་ཉིད་མངོན་དུ་གྱུར་པ་སྟེ་གསུམ་དང་། མངོན་བརྗོད་བླ་མའི་འགྲེལ་པ་ལས། རྒྱུད་ནི་གཉིས་ཏེ་རྩ་བ་དང་ཡན་ལག་གིའོ། །ཞེས་པས་གཉིས་དང་། སློབ་དཔོན་ཨཱརྱ་དེ་བས། བརྗོད་བྱ་དོན་གྱི་རྒྱུད་ཀྱི་ངོ་བོ་ནི་གང་ལ་གཉིས་མེད་ཀྱི་ཡེ་ཤེས་སྣང་བར་ནུས་པ་ཡིན་ལ། རྗོད་བྱེད་ཚིག་གི་རྒྱུད་ཀྱི་ངོ་བོ་ནི་གང་ལ་གཉིས་མེད་ཀྱི་ཡེ་ཤེས་སྣང་བར་ནུས་པའི་མན་ངག་ཡིན་ནོ། །ཞེས་པ་ལྟར་ན་ཡང་གཉིས་དང་། སློབ་དཔོན་སངས་རྒྱས་གསང་བས་ཀྱང་གཉིས་སུ་ཕྱེ་ལ། མདོར་ན་རྒྱུའི་རྒྱུད་ལ་ཡུལ་ཡུལ་ཅན་དང་རྒྱུ་འབྲས་གཉིས་ཡོད་པས། དེའི་དྲི་མ་སྦྱོང་བྱེད་དུ་བསྐྱེད་རྫོགས་གཉིས་སྟོན་པའི་ཐབས་ལ་རྗོད་བྱེད་ཚིག་གི་རྒྱུད་དུ་བཏགས་པ་ཡིན་མོད། ཞི་རྒྱས་ལ་སོགས་པའི་ལས་རབ་འབྱམས་སྒྲུབ་པ་གཙོ་བོར་བཏོན་པའི་རྒྱུད་རྣམས་ལ་ནི་དངོས་པོ་བཅུ་ཚང་དགོས་པ་ཡང་མ་ཡིན་ཞིང་། བསྐྱེད་རྫོགས་ཀྱི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་རྒྱུད་རྣམས་ལ་དངོས་པོ་བཅུ་དང་ལྡན་དགོས་ཏེ། ལྟ་བ་དང་དཀྱིལ་འཁོར་དང་དབང་དང་དམ་ཚིག་དང་སྒྲུབ་པ་དང་ཕྲིན་ལས་དང་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་དང་མཆོད་པ་སྟེ་བཅུའམ། གཞན་ནས་བཤད་པ་ཡང་རུང་སྟེ་འདིའི་རྒྱུད་རྣམས་ལ་ཡོད་ཅིང་། འགའ་ཞིག་ལ་མེད་ཀྱང་སྐྱོན་མེད་པ་ཡིན་ཏེ། སྔགས་གསར་མ་ལ་ཡང་། རྡོ་རྗེ་རྣམ་འཇོམས། རྣམ་རྒྱལ། གདུགས་དཀར། སྔགས་བཏུའི་རྒྱུད་ལ་སོགས་པ་བྱ་སྤྱོད་ཕལ་ཆེར་ལ་མ་ཚང་། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་དང་། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པ་ལ་སོགས་པ་ཡོ་ག་འགའ་ཞིག་ལ་མ་ཚང་ལ། བླ་མེད་ཀྱི་དུམ་བུ་ཕལ་ཆེ་བ་ལ་མེད་དོ། །དེ་ལྟ་བས་ན་གསར་མ་བའི་རྒྱུད་རྣམས་ལ་ཡང་དངོས་པོ་བཅུ་ཚང་བ་དང་མ་ཚང་བ་མང་དུ་ཡོད་པས། རྒྱུད་གཅིག་ལ་དངོས་པོ་བཅུ་ཀ་ཚང་དགོས་པའི་ངེས་པ་མེད་དོ། ༈ །ཡང་། གསར་མའི་རྒྱུད་རྣམས་ནི་རྒྱ་གར་ཤར་ནུབ་ཨུ་རྒྱན་ལ་སོགས་འཕགས་ཡུལ་ཀུན་ན་དེང་སང་གི་བར་དུ་དར་རྒུད་མེད་པར་གནས་ལ། བོད་ཀྱི་ལོ་ཙཱ་བ་སྔ་ཕྱི་མང་དུ་བྱོན་པ་དག་གི་འགྱུར་བཅོས་བྱས་ཤིང་། དཔེར་ན་ཀྱེ་རྡོར་གཅིག་པུ་ལ་ཡང་འགྱུར་བྱེད་སྔ་ཕྱི་བདུན་ཙམ་བྱུང་འདུག་པ་ལ། རྙིང་མའི་རྒྱུད་འདི་ལ་ཁྲི་སྲོང་ལྡེ་བཙན་གྱི་གོང་དུ་ཡང་མ་འགྱུར། དེ་དུས་ལས་ཀྱང་འགྱུར་བའི་ལོ་རྒྱུས་གཏན་ཚིག་ཁུངས་ཐུབ་མི་སྣང་བས། ཚུལ་འདི་ལ་ཁུངས་ཐུབ་མི་སྣང་བས། ཚུལ་འདི་ལ་དཔག་ན་རྙིང་མ་རྒྱ་གར་ན་མེད་པ་ཡང་འཐད་པ་འདྲ་ཞིང་། རིགས་པ་དེས་ན་དེ་དུས་བོད་ནི་བོན་གྱི་དབང་བྱས་པས་བོན་གྱི་བསྟན་པ་ཤིན་ཏུ་དར་ལ། འགྲོ་བ་མཐའ་དག་ཀྱང་བོན་ལ་ངོ་མཚར་དུ་འཛིན་པ་གཟིགས། ལོ་ཙཱ་བ་རྣམས་ཀྱི་གསང་སྔགས་བོན་གྱི་ལུགས་སུ་བཤད་དེ། ཕྲིན་གཞུང་གྱེར་བ་དང་། མདོས་གཏོར་དང་། སྦྱོར་སྒྲོལ་གྱི་ལག་ལེན་མཛད་པ་ལ་མིང་རྫོགས་ཆེན་དང་རྙིང་མར་གྲགས་པ་ཙམ་ལས་རྒྱ་གར་ན་ཡང་མེད་ཅིང་། མཁས་པ་དག་གི་གསུང་ལས་ཀྱང་འཐད་ལ་འདི་ལ་ཅི་སྨྲ། ཞེས་གསུངས་པ་ལ། གསར་མའི་རྒྱུད་རྣམས་འཕགས་ཡུལ་ཀུན་ན་དེང་སང་གི་བར་དུ་དར་རྒུད་མེད་པར་གནས་ཤེས་གསུང་པ་ཡང་ཧ་ཅང་ཐལ་བ་ཡིན་ཏེ། དུས་འཁོར་རྩ་རྒྱུད་འགྲེལ་པ་སྟོང་ཕྲག་དྲུག་ཅུ་པ་དང་བཅས་པ་སློབ་དཔོན་ཙི་ལུ་པའི་སློབ་མས་ཀ་ཏ་ཀའི་རྒྱལ་པོའི་ཡུལ་དུ་དམག་བྱུང་བ་དང་དོང་དུ་སྦས་པ། ཕྱིས་བཏོན་པས་མ་ཚང་བ་དང་། ཙི་ལུ་བ་ལ་འབྲི་བར་ཞུས་པས། མཁའ་འགྲོ་མས་སྦས་པ་ཡིན་པས་མི་རུང་གསུང་ནས་མ་གནང་། དཔེ་དེའི་དུམ་བུ་འཐོར་བ། རྩ་རྒྱུད་ཀྱི་དུམ་བུ་ཐར་ལོས་བསྒྱུར་བ་དང་། འགྲེལ་ཆེན་སྟོང་ཕྲག་དྲུག་ཅུ་རྩ་བཞི་པའི་དུམ་བུ་པཎ་ཆེན་བྷཱུ་མི་ཤྲཱིས་བསྣམས་པ་པཎ་ཆེན་ཐམས་ཅད་མཁྱེན་པ་བུའི་འགྱུར་ལས་མི་སྣང་བས། དུས་འཁོར་རྩ་རྒྱུད་འགྲེལ་པ་དང་བཅས་པ་ཡང་ནུབ་ནས་ད་ལྟ་དུམ་བུ་ལས་མེད་ཅིང་། དེ་བཞིན་དུ་རྒྱུད་སྡེ་རིན་པོ་ཆེ་རྣམས་ལ་དར་རྒུད་འཕེལ་འགྲིབ་བྱུང་ཚུལ་ཆོས་འབྱུང་རྣམས་ལས་བཤད་པས་སྨོས་མ་དགོས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ལོ་ཙཱ་བ་རྣམས་ཀྱི་གསང་སྔགས་བོན་གྱི་ལུགས་སུ་བསྒྱུར་ཞེས་པ་ཡང་། ཉིད་རང་གི་འདིར་གསུངས་མོད་གཞན་དུ་ལོ་རྒྱུས་ཁུངས་མ་གང་ན་ཡང་མ་བཤད། བོན་གྱི་ལོ་རྒྱུས་རྣམས་སུ་ཡང་། དེ་དུས་བོན་སྣུབ་ནས་ཆོས་དར་བར་བྱས་སོ་ཞེས་པ་ཁོ་ན་འབྱུང་། དེའི་གོང་དུ་ལྷའི་ཐོ་ཐོ་རིའི་རིང་ལ་ཆོས་ཀྱི་ད བུ་བརྙེས་ཟེར་ཀྱང་། ནམ་མཁའ་ནས་སྤངས་བསྐོངས་ཕྱག་རྒྱ་བ་སོགས་བབས་པ་ལ་ཆོས་དང་བོན་གང་ཡིན་ངོ་མ་ཤེས་པར་མཚན་གཉན་པོ་གསང་བར་བཏགས་ནས་མཆོད་པ་བྱེད་པ་ཙམ་ལས་མེད། དེ་ནས་གདུང་རབས་ལྔ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན། འདི་སྤྱན་རས་གཟིགས་དངོས་ཡིན་པས། སྙིང་རྗེ་པདྨ་དཀར་པོ་དང་། ཟ་མ་ཏོག་བཀོད་པ་ལ་སོགས་པ་ཐུགས་རྗེ་ཆེན་པོའི་མདོའི་སྐོར་དང་། སྒྲུབ་ཐབས་ཀྱི་སྐོར། ཞལ་གདམས་ཀྱི་སྐོར་ལ་སོགས་པ་མང་དུ་གསུངས། གཤིན་རྗེ་གཤེགས་དང་། ཞི་ཁྲོ་དང་། ཆོས་སྐྱོང་ལྷ་མགོན་གྱི་སྒྲུབ་སྐོར་སོགས་གསང་སྔགས་མང་དུ་གསུངས་པས་ཡེར་བའི་བྲག་གཅིག་པུ་ལ་འོད་ལུས་གྲུབ་པའི་གྲུབ་ཐོབ་བརྒྱད་ཅུ་བྱུང་། མཐའ་འདུལ་ཡང་འདུལ་ལ་སོགས་པའི་གཙུག་ལག་ཁང་དུ་བཞེངས། ཐོན་མིས་ཡི་གེ་བླང་ནས་མདོ་སྡེ་དཀོན་མཆོག་སྤྲིན་བསྒྱུར། གླང་ཁམས་པ་གོ་ཆས་ཡུམ་རྒྱས་པ་བསྒྱུར། དེ་ནས་མེས་ཨག་ཚོམ་གྱི་བར་དུ་གསང་སྔགས་ཀྱི་སྒྲུབ་པ་གསང་སྟེ་སྤྱོད་པ་མང་པོ་བྱུང་། བྱིས་པ་ཡན་ཆད་ཀྱི་ཡི་གེ་དྲུག་པ་འདོན་ཅིང་ཐུགས་རྗེ་ཆེན་པོ་ལ་ཡི་དམ་དུ་བྱེད། ཞི་ཁྲོའི་སྒྲུབ་ཐབས་དང་། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཆོས་རྒྱལ་གྱི་མཛད་པ་དེང་སང་ཡང་སྣང་བས་གསང་སྔགས་རྙིང་མ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གོང་དུ་ཡང་དར་བ་ཡིན་ལ། ཕྱིས་སུ་ཡང་མ་འགྱུར་བ་མ་ཡིན་ཏེ། འབྲོག་མི་ལོ་ཙཱ་བས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཟོར་མདོས་བསྒྱུར། འགོས་ལོ་ཙཱ་བ་ཁུག་པ་ལྷ་བཙས་ཀྱི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་གསན་ཏེ་གཤིན་རྗེ་གཤེད་འཇོམས་བྱེད་དང་འཆར་ཀའི་སྐོར་ལ། རྒྱུད་བདུན། དེ་དག་གི་འགྲེལ་པ་སྒྲུབ་ཐབས། མན་ངག །པཎྜི་ཏ་ག་ཡ་དྷ་རིའི་ཞལ་ཁྲིགས་སོགས་ཚང་བར་བསྒྱུར། གཞན་ཡང་གཤིན་རྗེ་ཁ་ཐུན་རྒྱུད་སྒྲུབ་སྐོར་ལས་ཚོགས་དང་བཅས་པ་འགོས་ཀྱི་བསྒྱུར་ནས་རང་གི་སློབ་མ་རྡོག་ལྦ་བ་ཅན་ལ་སོགས་པ་ནས་བརྒྱུད་པ་དེང་སང་དུ་ཡོད་ཅིང་། སློབ་དཔོན་པདྨ་ནས་བརྒྱུད་པའི་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྒྱུད་སྒྲུབ་ཐབས་རྒྱ་གར་ཕྱག་ནས་བསྒྱུར་བ་དང་། ཡང་དག་མེ་གཅིག་ཐོད་གཅིག་གི་སྐོར་པཎ་ཆེན་ཤཱཀྱ་ཤྲི་དང་ཁྲོ་བུ་ལོ་ཙཱ་བས་བསྒྱུར། ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་ཕུར་པའི་སྒྲུབ་སྐོར་དང་མན་ངག་ཁ་ཡར་བསྒྱུར། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་རྡོ་རྗེ་ཕུར་པའི་དྲག་པོ་སྒྲོལ་དབང་ཡོངས་སུ་རྫོགས་པར་བསྒྱུར། ས་སྐྱ་པཎྜི་ཏས་ཕུར་པ་ཙ་དུམ་གྱི་རྒྱུད་ལ་བསྒྱུར་བཅོས་མཛད། བཅོམ་ལྡན་རལ་གྲིས་གསང་སྙིང་ལ་འགྱུར་བཅོས་དང་སྔར་མ་འགྱུར་པའི་ལེའུ་གཉིས་བསྒྱུར། གསང་སྙིང་རྒྱུད་ཕྱི་མ་ཐར་པ་ལོ་ཙཱ་བས་བསྒྱུར། སློབ་དཔོན་པདྨས་པཎ་ཆེན་ནགས་རིན་ལ་གནང་བའི་ཚེ་སྒྲུབ་པཎ་ཆེན་དེ་ཉིད་དང་ཆོས་འཁོར་ལོ་ཙཱ་བས་བསྒྱུར། ལྷ་མོ་སྤུ་གྲིའི་རྒྱུད་དང་རག་ཤའི་རྒྱུད་ཛོ་གི་ཀན་ཙི་ནཱ་ཐའི་དཔེ་ལས་མཁྱེན་རྩེ་ལོ་ཙཱ་བས་བསྒྱུར་བ་སོགས་མང་ཞིང་། གྲུབ་ཆེན་ཨུ་རྒྱན་པའི་གསུང་ལས་ཀྱང་། བལ་པོ་ན་རྙིང་མའི་རྒྱ་དཔེ་མང་དུ་འདུག་པ་ལ། ངས་བོད་ཀྱི་སྔགས་པ་རྣམས་ལ་ཁྱེད་རང་ཚོ་མང་ཡུལ་དུ་འདེང་། ངས་རྙིང་མའི་པཎྜི་ཏ་དང་རྒྱ་དཔེ་ཚུར་དཀུག །ལོ་ཙཱ་བ་ངས་བྱས་ཏེ་བསྒྱུར་བྱས་པ་ལ། བོད་ཀྱི་སྔགས་པ་རྣམས་བུ་སྨད་གསོ་བས་གཡེངས་ཏེ་མ་འགྲུབ། ད་དུང་འགྱུར་མང་དུ་བྱ་རྒྱུ་འདུག་པ་ལ། ཞེས་གསུངས་པས་ན། རྙིང་མ་བདག་གིས་གསར་མའི་སྐྱེས་བུ་དམ་པ་རྣམས་ཀྱི་ཕྱག་སྲོལ་ལྟར་རྒྱ་བ ལ་དུ་བགྲོད་ནས་ཐོས་བསམ་གྱི་རྒྱུད་སྦྱངས་ཏེ་རྒྱུད་རྣམས་གསར་དུ་བསྒྱུར་བ་དང་། འགྱུར་བཅོས་སོགས་བྱས་ན་བྱེད་རྒྱུ་མེད་པ་མ་ཡིན་མོད་ཀྱང་། སྔགས་འཆང་གོང་མ་རྣམས་རང་རང་གི་ཕ་ཆོས་གཙོ་བོར་བཏོན་ནས་བཤད་པ་དང་སྒྲུབ་པ་ཁོ་ན་ལ་ནན་ཏན་མཛད་པས་ལོ་ཙཱ་བར་གྲགས་པ་ཆེར་མ་བྱུང་བ་ཡིན་གྱི་རྒྱ་གར་ནས་ཆོས་ཀྱི་དཔེ་ཆ་སྙེད་པ་མ་ཡིན་ནོ། །མདོས་གཏོར་ལ་སོགས་པ་འདི་དག་བོན་དང་འདྲེས་སྙམ་པར་ཡང་མི་བསམ་སྟེ། སློབ་དཔོན་དྷི་རི་ཝརྨས་མཛད་པའི་གཙུག་ཏོར་གདུགས་དཀར་གྱི་མདོས་དང་། བྲམ་ཟེ་མཆོག་སྲེད་ཀྱི་མཛད་པའི་ལྷ་མོ་དང་མགོན་པོའི་མདོས་དང་། འགྲོ་བཟང་སྙིང་པོ་དང་སྤྱོད་མཛད་ཆོས་ཀྱི་རྡོ་རྗེས་མཛད་པའི་རྣམ་ཐོས་སྲས་ཀྱི་མདོ་ལ་སོགས་པ་སྔགས་གསར་མ་ལ་ཡང་མང་དུ་ཡོད་པས་ཁྱད་པར་མེད་དོ། ༈ །ཡང་། རྒྱ་གར་ན་ཡོད་ན་ཁྲི་སྲོང་ལྡེའུ་བཙན་གྱི་གོང་དུ་ཡང་འགྱུར་དགོས་ལ། ཕྱིས་ཀྱང་འགྱུར་དགོས་ཤིང་། དེ་དུས་ན་ཡང་རྒྱུད་རེ་རེ་ལ་ལོ་པཎ་རེ་ལེའུ་བཙན་གྱི་གོང་དུ་ཡང་འགྱུར་དགོས་ལ། ཕྱིས་ཀྱང་འགྱུར་དགོས་ཤིང་། དེ་དུས་ན་ཡང་རྒྱུད་རེ་རེ་ལ་ལོ་པཎ་རེ་རེས་འགྱུར་བྱེད་བྱས་ལ། རྒྱུད་གཅིག་ལ་འགྱུར་བྱེད་ཀྱི་ལོ་པཎ་ནང་མཐུན་པར་བྱུང་བ་བཤད་པ་མི་འདུག་པས་འདི་དག་ལོ་པཎ་ཐ་དད་ཀྱི་བརྩམས་རྒྱུད་ཡིན་ངེས་སུ་སྣང་ན་བརྩོམས་རྒྱུད་མ་ཡིན་པའི་ལུང་རིག་གི་སྒྲུབ་བྱེད་སྨྲ་རྒྱུ་ཅི་ཡོད། ཅེས་གསུངས་པ་ལ། དེ་ནི་ཧ་ཤང་སུན་ཕྱུང་བའི་རྗེས་སུ་རྒྱལ་པོའི་བཀས་བཅད་དེ། ལྟ་བ་ཀླུ་སྒྲུབ་ཀྱི་ལུགས། སྤྱོད་པ་འདུལ་བ། རྒྱུད་སྡེ་འོག་མ་གསུམ་ལ་བསྟེན་པར་གནང་། བླ་མེད་ཀྱི་རྒྱུད་སྡེ་རྣམས་རེ་ཞིག་འགོག་པའི་ཟོལ་གྱི་གསང་ནས་བསྒྱུར་ཞིང་སྤྱོད་པ་ཡིན་ཏེ། དེའི་རྒྱུ་མཚན་གྱི་འཕང་ཐང་མ་དང་ལྡན་དཀར་མ་ལ་སོགས་པའི་དཀར་ཆག་ཏུ། གསང་བ་འདུས་པ་དང་། བདེ་མཆོག་དང་། དགེས་རྡོར་ལ་སོགས་པའི་རྒྱུད་རྣམས་ཀྱང་མ་ཐེབས་པ་ཡིན་ལ། རྒྱུད་གཅིག་ལ་ལོ་པཎ་ནང་མཐུན་མ་བྱུང་བ་བརྩོམས་རྒྱུད་ཡིན་པའི་གཏམ་ཚིག་ཏུ་འཇོག་ན། ཁ་ཆེ་ཟླ་མགོན་གྱི་དྲི་མེད་འོད་ཀྱི་ཡེ་ཤེས་ལེའུ། དོན་དམ་བསྙེན་པ། བཀའ་འགྲེལ་པདྨ་ཅན། ཇོ་བོ་ཆེན་པོའི་རང་འགྱུར་འགའ་ཞིག །པཎྜི་ཏ་སྨྲི་ཏི། འཕྲ་ལ་རིང་བ། བི་བྷཱུ་ཏི་ཙནྡྲ་ལ་སོགས་པའི་རང་འགྱུར་མང་པོ་དང་། ཀུན་མཁྱེན་བུས། དབང་མདོར་བསྟན་གྱི་དཀའ་འགྲེལ་སུམ་བརྒྱ་དྲུག་ཅུ་པ། དེའི་དཀའ་འགྲེལ་ཡིད་བཟང་རྩེ་བས་བསྒྱུར་བ། སྤང་ལོས་བཤད་སྦྱར་མི་གཡོ་སྣང་བ། རྡོ་རྗེ་སྙིང་པོ་རྒྱུན་གྱི་རྒྱུད། རྡོ་རྗེས་འོག །གསང་བ་རྒྱན་གྱི་རྒྱུད་གསུམ་སུ་ག་ཏ་ཤྲཱི་དང་། ས་པཎ་གྱི་འགྱུར་དང་། ཀུན་མཁྱེན་བུས་གཤེད་དམར་གྱི་རྒྱུད་གསུམ་ལ་སོགས་པ་མང་པོ་དང་། ཀྲི་ཡ་ས་མུཙྪ་པཎྜི་ཏ་མཉྫུ་ཤྲཱི་དང་། ས་བཟང་ལོ་ཙཱ་བ་མ་ཏི་ས་བསྒྱུར་བ་སོགས། དེ་དུས་ལས་སྔར་ཡང་མ་འགྱུར། ཕྱིས་ཀྱང་མ་འགྱུར་བ་དང་། ལོ་པཎ་ནང་མཐུན་པར་མ་བྱུང་བ་མང་ན། དེ་དག་ཀྱང་བརྩམས་རྒྱུད་དུ་འདོད་དམ་ཅི། ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་ལོ་ཙཱ་བ་ཆེན་པོ་དེ་དག་གི་ཆོས་ལོག་དང་རྒྱུད་བརྩམས་སོ་ཞེས་སྒྲོག་པ་ཡང་འཕགས་པ་ལ་བསྐུར་བ་འདེབས་པའི་ཚིག་ཏུ་བས་སོ། །ཚུལ་འདི་ཡང་འགོས་ལོ་ཙཱ་བས། དུས་ཕྱིས་རྨ་རིན་ཆེན་མཆོག་གི་གསང་བ་སྙིང་པོ་བརྩམས་སོ་ཞེས་པ་དང་། དཔལ་འཛིན་གྱིས། རྨ་བན་རིན་ཆེན་མཆོག་ཅེས་པས། །གསང་བ་སྙིང་པོའི་རྒྱུད་བརྩམས་པས། །རྒྱལ་པོས་གསན་ནས་བཙལ་བའི་ཚེ། །ལོ་གྲངས་བཅུ་གཉིས་གབ་ཅེས་གྲགས། །ཞེས་པ་དང་། འགོས་ལོས། ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་དུ་གྲགས་པ་འདི་རྣམས་ཆོས་ལོག་དྲི་མ་ཅན་ཡིན་ནོ། །ཞེས་སོགས་ཀྱི་ཚིག་ལ་བསྟན་པ་ཙམ་ཡིན་གྱི་ཁུངས་ཐུབ་པའི་རྒྱུ་མཚན་གཞན་ཅི་ཡང་མེད་དེ། རྨ་རིན་ཆེན་མཆོག་གི་བོད་དུ་གསང་བ་སྙིང་པོའི་རྒྱུད་བརྩམས་པ་ཡིན་ན། དེའི་སྔོན་དུ་རྒྱ་གར་དུ་སློབ་དཔོན་སྣ་ཚོགས་བཤེས་གཉེན་གྱི་མཛད་པའི་གསང་འདུས་ཀྱི་འགྲེལ་པར་གསང་བ་སྙིང་པོའི་རྒྱུད་ཀྱི་ལུང་འདྲེན་འོང་དོན་མེད་པའི་ཕྱིར་དང་། ཏནྡྲ་ཆེན་པོ་སྡེ་བཅོ་བརྒྱད་པོ་བོད་དུ་བརྩམས་པའི་ཆོས་ལོག་དྲི་མ་ཅན་ཡིན་ན། སངས་རྒྱས་མཉམ་སྦྱོར་གྱི་རྒྱ་འགྲེལ་དུ་དེ་ལ་སྐྱེད་རྫོགས་རྣམ་པ་གསུམ་དུ་ཕྱེ་སྟེ་དང་པོ་རྒྱུད་ཀྱི་རྣམ་གྲངས་བཅོ་བརྒྱད་དུ་གསུངས་པ་ལས། ཞེས་པ་རྙིང་མ་ལ་གྲགས་པ་དང་ཁྱད་པར་མེད་པ་དང་། གཞན་ཐམས་ཅད་ཀྱང་འདི་དང་འདྲ་ན་ཅིའི་ཕྱིར་ཁྱེད་རྣམས་ལ་བརྩོམས་རྒྱུད་ཡིན་པའི་གཏན་ཚིགས་ཡོད་ན་གསལ་བར་བསྟན་དགོས་སོ་ཞེས་གསོལ་བ་ལགས། ༈ ཡང་རྒྱུད་དེ་དག་བརྩམས་རྒྱུད་མ་ཡིན་པའི་སྒྲུབ་བྱེད་སྨྲ་ན་ཡང་། རྒྱུད་རང་གི་ངོ་བོས་ཀྱང་རྒྱུད་ཀྱི་མཚན་ཉིད་མི་ལྡན་ཏེ། རྒྱུད་ཡིན་ན་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གསུང་ཡིན་པས། སྒྲ་སྐྱོན་དང་། དོན་སྐྱོན་དང་། འགལ་སྐྱོན་དང་། མ་འབྲེལ་བའི་སྐྱོན་སོགས་འབྱུང་མི་སྲིད་ལ། ཁྱོད་ཀྱི་རྒྱུད་ཀྱི་དོན་དེ་ཉིད་ཀྱི་གཞུང་དོན་ལེགས་པར་བརྟགས་ན་སྐྱོན་དེ་དག་ལྡན་པ་ཁོ་ན་འདུག་ཀྱང་ཡི་གེ་མང་པོར་འགྲོ་ཕྱིར་རེ་རེ་ནས་བྲི་མ་ནུས། བརྡའ་ཙམ་མཚོན་ན་ཀླད་དོན་མཚན་གྱི་སྐབས་ན་ཡང་། ཀུན་འདུས་རིག་པའི་མདོ་ཞེས་བྱ་བའི་རྒྱུད། ཅེས་དང་། དུར་ཁྲོད་ཁུ་བྱུག་རོལ་པའི་མདོ་ཞེས་བྱ་བའི་རྒྱུད། ཅེས་སོགས་འགལ་དང་མ་འབྲེལ་བའི་སྐྱོན་ཅན་གྱི་མིང་ཆགས་པ་དང་། གཏེར་མར་གྲགས་པའི་རྒྱུད་འགའ་ཞིག་ན། མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ཞེས་བྱ་བའི་རྒྱུད། ཅེས་རྒྱལ་བའི་བཀའ་མིན་ཞེས་གླེང་དོགས་ཀྱི་མཐའ་འགེགས་པའི་ཚིག་མིང་ལ་བཀོད་པ་དང་། དེར་མ་ཟད་རྒྱུད་རྣམས་མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་པའི་དོན། རྒྱ་བོད་མཁས་པའི་འགྲེལ་དེ་དག་གི་རྣམ་པར་དབྱེ་བ་བྱས་པ་ན། སྨིན་པར་བྱེད་པ་དབང་ནས་གྲོལ་བར་བྱེད་པ་དབང་དོན་ཉམས་སུ་བླང་བའི་གདམས་པའི་བར་ལམ་ཆ་ལག་དང་བཅས་པ་རྫོགས་པར་སྟོན་པ་ཞིག་རྒྱུད་རྣམ་དག་གི་མཚན་ཉིད་ཡིན་པ་ལ། རྙིང་མའི་རྒྱུད་དེར་དཀྱིལ་ཆོག་གྱེར་ཆོག་སོགས་ཀྱང་རྒྱུད་ཉིད་ཀྱི་སྟོན་པའི་གསལ་གསལ་མོར་བྱེད་པ་ཞིག་ལས་རྒྱུད་རྣམ་དག་གི་རྣམ་པ་འདྲ་བ་ཡང་ལྟ་སྨོས་ཀྱང་ཅི་དགོས་ཏེ། གང་ཟག་མཁས་པས་བརྩོམས་པའི་ཚིག་སྦྱོར་ཙམ་ཡང་མི་སྣང་བའི་ཕྱིར་དང་། རྒྱུད་གཞན་རྣམས་ཀྱི་གཞུང་གི་རྫོགས་ཚིག་ཏུ་ཞེས་བྱ་བའི་རྒྱུད་རྫོགས་སོ་ཞེས་བཤད་འོང་བ་ལ། རྙིང་མ་ལ་ལར་ཞེས་བྱ་བ་འཁོར་བ་མ་སྟོང་གི་བར་དུ་མ་རྫོགས་སོ། །ཞེས་རྣལ་འབྱོར་པ་ལྟ་བ་ལ་རྒྱབ་གཡར་ཏེ་རྩིང་ཆོས་སུ་སྨྲ་བ་ཁྱད་ཆོས་སུ་འོང་རེ་བཀོད་པ་ལོག་སྐྱོན་ཅན་གྱི་ཚིག་སྦྱོར་འདི་དག་ལུང་རིག་གི་ལམ་དུ་གཞལ་བ་ན་རྒྱུད་ཀྱི་མཚན་ཉིད་གཏན་ནས་མེད་པས་བརྩམས་རྒྱུད་དུ་རིག་པར་བྱའོ། །འདི་དག་བྱུང་བའི་དུས་ཀྱང་འགའ་ཞིག་ནི་གོང་དུ་བསྟན་པ་ལྟར་ཁྲི་སྲོང་གི་དུས་ན་བྱུང་ལ། ཕལ་ཆེར་ནི་དར་མས་བསྟན་པ་སྣུབས་རྗེས་མི་དྲུག་ལ་སོགས་པ་མཐར་འཁྱར་བ་ན། དབུས་གཙང་འདིར་རབ་ཏུ་བྱུང་བ་ནི་མེད། ཁྱིམ་པའི་ཆ་བྱད་ཀྱི་སྔགས་པ་རྣམས་བདེ་བར་རྒྱུ་སྟེ་དེ་དག་གི་ཉིན་རེ་བཞིན་ཁ་ཟེར་བ་ན་ཡང་། དེ་རིང་ཉི་མ་རིང་བར་སྣང་། ཇོ་མོ་ཆང་ཞིག་གནང་དང་། ཕ་ཇོས་རྒྱུད་ཞིག་རྩོམས་པ་ལགས་ཟེར་བར་གྲགས་པས་དུས་དེར་བརྩོམས་པ་ཡིན་ནོ། །ཞེས་གསུངས་པ་ལ། འདིའི་རྒྱུད་རྣམས་ཕུར་པ་ལ་སོགས་པ་ཕྱོགས་མ་ཧཱ་ཡོ་གར་གཏོགས་པ་རྣམས་དང་། ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་གསུམ་སྟེ་བཞིར་སྣང་བ་ལས། མ་ཧཱ་ཡོ་ག་དང་། སེམས་སྡེ་དང་། ཀློང་སྡེར་གཏོགས་པ་རྣམས་ནི་ཚིག་ཟབ་ལ་འབྲེལ་ཆགས་པ་སྡེབ་སྦྱོར་ལེགས་པར་གསུངས་པས་ན་དོན་བཟང་པོ་ཚིག་འབྲུ་བཟང་བོ་ཤ་སྟག་ཡོད་པས་མི་ལེགས་པའི་སྐྱོན་གང་ཡང་མེད། མན་ངག་གི་སྡེ་རྣམས་ནི་སྟོན་པས་གོ་བདེ་བ་མན་ངག་གི་ཚུལ་དུ་བཤད་པས་རྒྱུད་ཉིད་ཐོས་པའམ་བལྟས་པ་ཁོ་ནས་དོན་བདེ་བླག་ཏུ་རྟོགས་པ་ཡིན་ལ། དེ་དག་གི་དགོངས་འགྲེལ་མཁན་པོ་ཨུ་རྒྱན་ཆེན་པོ་དང་། བི་མཱ་ལ་དང་། བཻ་རོ་ཙ་ན་ལ་སོགས་པ་མཁས་པ་འགྲན་ཟླ་མ་མཆིས་པ་རྣམས་ཀྱི་ཀྱང་སྡེབ་སྦྱོར་སྤངས་ཏེ་ལྷུག་པ་གོ་བདེ་བ་ཉིད་དུ་བཀྲལ་བ་ཡིན་ཏེ། དེའི་ཚུལ་ཡང་། པན་ཆེན་བི་མཱ་ལའི་མཚན་མཚན་བརྗོད་ཀྱི་འགྲེལ་པ་ལས། ཆོས་སྐད་དབྱིངས་ལ་མ་བསྟེན་བོད་ཀྱི་མིས། །གོ་བ་བདེ་ཕྱིར་སོ་སོའི་སྐད་ཀྱི་བཀྲོལ། །དེ་ཕྱིར་མཁས་པས་ཚིག་སྐྱོན་གདགས་མི་རིགས། །འོན་ཀྱང་རྒྱལ་བའི་ལུང་ལ་སྐུར་འདེབས་ན། །བདག་འདྲའི་གཞུང་ལ་ཅི་ཕྱིར་སྨད་མི་རིགས། །ཞེས་གསུངས་ཤིང་། གཞན་ཡང་ཚིག་སྡེབ་སྦྱོར་ལེགས་མི་ལེགས་དང་སྒྲ་བཟང་ངན་ལ་བརྟོན་པར་མ་གཟུངས་ཏེ། བདེ་མཆོག་སྟོད་འགྲེལ་དོན་ལ་བརྟོན་པར་བྱ་ཡི་ཚིག་ལ་བརྟོན་པར་བྱ་བ་མ་ཡིན་པ་དང་། ངེས་དོན་ལ་བརྟོན་པར་བྱ་ཡི་དྲང་དོན་ལ་བརྟོན་པར་བྱ་བ་མ་ཡིན་པ་དང་། ཡེ་ཤེས་ལ་བརྟོན་པར་བྱ་ཡི་རྣམ་ཤེས་ལ་བརྟོན་པར་བྱ་བ་མ་ཡིན་པ་དང་། ཆོས་ལ་བརྟོན་པར་བྱ་ཡི་གང་ཟག་ལ་བརྟོན་པར་བྱ་བ་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར། ཚིག་འབྲུ་ལ་རབ་ཏུ་བརྟོན་པ་ནི་ཐེག་པ་གང་དུ་ཡང་བཅོམ་ལྡན་འདས་ཀྱི་མ་གསུངས་སོ། །ཞེས་དང་། དྲི་མེད་འོད་ལས། ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱོད་ཆེན་པོ་མེད། སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །སེམས་ཅན་རྣམས་ཀྱི་མོས་པའི་སེམས་ཀྱི་དབང་གི་ཐམས་ཅད་མཁྱེན་པའི་གསུང་མཆོག་ལ། བརྡའ་སྤྲོད་པ་ལ་ལྷ་ཀླུས་བཀོད་པའི་སྒྲ་སོགས་རྩོད་པ་དོན་གཉེར་རྣམས་ཀྱི་དེ་ལས་གཞན། སྒྲ་ཉམས་པ་དང་ཡུལ་གྱི་སྐད་ལས་ཀྱང་། རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །ངང་པས་རབ་ཏུ་ཕྱུང་ནས་འཐུང་བར་བྱེད། །དོན་དམ་དེ་ཉིད་ཡུལ་ལ་རྟག་ཏུ་ནི། །ཆེན་པོ་རྣམ་དག་ཚིག་ལ་བརྟོན་པ་མིན། །ཡུལ་གྱི་མིང་རྣམས་ཀྱི་ནི་དོན་ཤེས་ན། །བསྟན་བཅོས་སྒྲ་དག་གིས་ནི་ཅི་ཞིག་བྱ། །གང་ཞིག་ཟུར་ཆག་སྒྲ་དང་སྒྲར་གྱུར་པ། །བརྗོད་པ་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་། །གང་ཞིག་འགྲོ་བ་དག་ལ་ཉི་ཚེ་བ། །དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན། །ཞེས་པས། ཚིག་མ་ལེགས་པ་དང་། འགལ་བ་དང་མ་འབྲེལ་བ་དང་བཟློས་པ་དང་མ་ཚང་བ་སོགས་མེད་པས་སངས་རྒྱས་ཀྱི་བཀའ་ཡིན་པར་མ་ངེས་ཏེ། དེ་ལྟ་ན་སྙན་ངག་དང་སྡེབ་སྦྱོར་ལ་སོགས་པའི་བསྟན་བཅོས་དང་། ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པས་བྱས་པའི་མུ་སྟེགས་བྱེད་ཀྱི་གཞུང་རྣམས་དང་། སྒྲ་ཚད་ལ་མཁས་པའི་མུ་སྟེགས་རྣམས་ཀྱི་བྱས་པའི་བསྟན་བཅོས་རྣམས་ཚིག་བཟང་ཞིང་འགལ་བ་དང་མ་འབྲེལ་བ་ལ་སོགས་པའི་སྐྱོན་གང་ཡང་མེད་པས། དེ་དག་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གསུང་དུ་འདོད་པ་ལགས་སམ། དེའི་ཕྱིར་དྲི་མེད་འོད་ལས། སྒྲ་བཟང་པོ་སྨྲ་བ་རྣམས་ཀྱི་སྒྲ་བཟང་པོ་ལ་ཞེན་པ་སྤངས་པའི་སླད་དུ་དོན་ལ་བརྟོན་པ་ཉིད་ལ་བརྟེན་པ་ནས་ཚིགས་སུ་བཅད་པ་ཁ་ཅིག་སྒྲ་ཉམས་པ་དང་། ཁ་ཅིག་གཅོད་མཚམས་ཉམས་པ་དང་། ཁ་ཅིག་ཏུ་རྣམ་དབྱེ་མེད་པའི་ཚིག་དང་། ཁ་ཅིག་དབྱངས་དང་གསལ་བྱེད་ཕྱིས་པ་དང་། ཁ་ཅིག་ཏུ་རིང་པོ་ལ་ཐུང་ངུ་དང་། ཐུང་ངུ་ལ་རིང་པོ་དང་། ཁ་ཅིག་ཏུ་ལྔ་པའི་དོན་ལ་བདུན་པ་དང་། བཞི་པའི་དོན་ལ་དྲུག་པ་དང་། གཞན་གྱི་ཚིག་ལ་བདག་ཉིད་ཀྱི་ཚིག་དང་། བདག་ཉིད་ཀྱི་ཚིག་ལ་གཞན་གྱི་ཚིག་དང་། ཁ་ཅིག་ཏུ་གཅིག་གི་ཚིག་ལ་མང་པོའི་ཚིག་དང་། མང་པོ་ལ་གཅིག་གི་ཚིག་དང་། ཁ་ཅིག་ཏུ་ཕོའི་རྟགས་ཅན་ལ་མ་ནིང་གི་རྟགས་དང་། མ་ནིང་ལ་མོའི་རྟགས་དང་། ཁ་ཅིག་ཏུ་རྐན་ལས་བྱུང་བ་ལ་སོ་དང་སྤྱི་བོ་ལས་བྱུང་བ་དང་། ཁ་ཅིག་ཏུ་སྤྱི་བོ་ལས་བྱུང་བ་ལ་སོ་དང་རྐན་ལས་བྱུང་བ་སྟེ། གཞན་ཡང་རྗེས་སུ་རྟོགས་པར་བྱའོ། །ཞེས་དང་། སྒྲ་བཟང་པོའི་མངོན་པའི་ང་རྒྱལ་ཉམས་པར་བྱ་བའི་སླད་དུ་བདག་གི་དོན་ལ་བརྟོན་པ་ཉིད་ལ་བརྟེན་ཏེ་བྲི་བར་བྱའོ། །ཞེས་གསུངས་པས་སྒྲ་སྐྱོན་དང་འགལ་སྐྱོན་དང་མ་འགྲེལ་བ་སོགས་བྱུང་ཡང་དོན་ལ་སྐྱོན་དང་ལྡན་པ་མ་ཡིན་ནོ། །མདོ་ཞེས་བྱ་བའི་རྒྱུད་ཅེས་པ། གསང་སྔགས་ནི་མདོ་སྡེའི་སྣོད་དུ་བཤད་པ་ཡིན་ཏེ། དཔུང་བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱི་ཉོན། །ཞེས་པ་དང་། དེ་ཉིད་འདུས་པའི་རྒྱུད་ལས། མདོ་སྡེ་འདི་ནི་ལེགས་པར་བཤད། །ཅེས་དང་། རྡོ་རྗེ་རྣམ་འཇོམས་ལས། རྒྱུད་དོ་ཅོག་གི་རྩ་བ་སྟེ། ཞེས་པའི་མཇུག་ཏུ། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱི། །ཞེས་པ་ལ་སོགས་པ་མང་དུ་གསུང་ཞིང་། སློབ་དཔོན་སངས་རྒྱས་གསང་བས་ཀྱང་། །རྒྱུད་ཆེན་དེའི་དོན་རྣམས་ཀུན། །མདོར་བསྡུས་ཟབ་མོར་སྟོན་པས་ན། །མདོ་སྡེར་བདེ་བར་གཤེགས་པས་གསུངས། །ཞེས་རྒྱུད་སྡེ་རྣམས་ཤིན་ཏུ་རྒྱས་པའི་སྡེར་བཤད་ཅིང་མདོ་སྡེའི་སྣོད་དུ་འདུས་པར་བཞེད་ཅིང་། སློབ་དཔོན་ཤཱནྟིང་ནི། དེ་ལ་གསང་སྔགས་ནི་གསུང་རབས་ཡན་ལག་བཅུ་གཉིས་ལས་གང་ཞེ་ན་ཟབ་མོའི་དོན་བསྡུས་ཏེ་སྟོན་པའི་ཕྱིར་མདོའི་སྡེའོ། །ཞེས་བཞེད་པས། གང་ལྟར་ཡང་གསང་སྔགས་རྣམས་མདོའི་སྡེར་བཤད་དོ། །མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་ཞེས་བྱ་བའི་རྒྱུད་ཀྱི་མཚན་ནི། མཐའ་འགེག་པའི་ཚིག་མ་ཡིན་ཏེ། ཆོས་ཐམས་ཅད་དོན་ལ་མཚན་དུ་གསོལ་བའི་ཕྱིར་ཡིན་ནོ། །དེ་ཡང་སྔོན་ཇོ་བོ་ཆེན་པོ་རྗེས་བྱང་ཆུབ་ལམ་སྒྲོན་མཛད་པའི་ཚེ་ཁྱེད་བོད་ལ་མཚན་གྱི་འདོགས་ལུགས་ཇི་ལྟ་བུ་ཡོད་གསུང་། བོད་སྟོན་རྣམས་ཀྱིས། དོན་ལ་མཚན་དུ་གསོལ་བ་དང་། དཔེ་ལ་མཚན་དུ་གསོལ་བ་དང་། ཡུལ་དང་ཞུ་བ་པོ་ལ་མཚན་དུ་གསོལ་བ་ལ་སོགས་པ་དུ་མ་བདོག་ཞུས་པས། ཨ་ཡེ། བོད་ན་རྒྱ་གར་ན་མེད་པའི་གཏམ་མང་པོ་འདུག་གསུང་སྟེ། རོལ་སྙེད་མ་ཕྲོགས་པ་དང་། གནོད་སྦྱིན་མཁར་བ་བསད་པའི་གཏམ་བརྒྱུད་གསུངས་ནས། ཆོས་ཐམས་ཅད་དོན་ལ་མཚན་དུ་གསོལ་བ་ཡིན་ཞེས་གསུངས་པ་ཉིད་ཀྱི་ཤེས་སོ། །སྨིན་གྲོལ་གྱི་ལམ་ཆ་ལག་དང་བཅས་པ་ནི་འདི་པའི་རྒྱུད་དང་གདམས་པ་རྣམས་ན་ཟབ་ལ་རྒྱ་ཆེ་ཞིང་མྱུར་བ་ལས་ཀྱང་ཆེས་མྱུར་བ་ལོ་དང་ཟླ་བའི་ཆ་ཤས་ཀྱི་སངས་རྒྱས་ཀྱི་ས་ལ་སྦྱོར་ནུས་པ་ཡོད་དོ། །ཞེས་བྱ་བའི་རྒྱུད་མ་རྫོགས་སོ་ཞེས་ཞི་ཁྲོ་དགོངས་པ་རང་གྲོལ་དུ་འབྱུང་བ་ཡང་། འདི་ཉིད་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུའི་བསྟན་པ་ཡིན་པས་སྟོན་པ་མྱ་ངན་ལས་མི་འདའ་བ་དང་། དེའི་བསྟན་པ་ཡང་འོག་མིན་ལ་སོགས་པ་རྣམས་སུ་རྟག་པ་རྒྱུན་གྱི་ཁོར་མོར་གནས་པས་ཆོས་ཀྱི་རྫོགས་མཐའ་མི་མངོན་པ་ལ་དགོངས་པ་ཡིན་ནོ། །ལུགས་འདི་ནི་གསར་མའི་ཤིང་རྟ་ཆེན་པོ་རྣམས་ལ་ཡང་གྲགས་ཏེ། སློབ་དཔོན་རྒྱལ་བ་བཟང་པོས་མཛད་པའི་བདེ་མཆོག་གི་འགྲེལ་པ་ལས། འདིར་ནི་བཅོམ་ལྡན་འདས་མི་གནས་པའི་མྱ་ངན་ལས་འདས་པ་བརྙེས་པས་རྟག་པར་བཞུགས་ནས་ཆོས་སྟོན་པས་དེའི་ཕྱིར་ཆོས་ཀྱི་རྫོགས་པའི་མཐའ་ནམ་ཡང་མངོན་པ་མ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་ཁྱེད་རང་ཆོས་སྐུའི་བསྟན་པར་འདོད་པའི་རྒྱུད་བཅུ་བདུན་ལ་སོགས་པ་རྣམས་སུ་ཞེས་བྱ་བའི་རྒྱུད་རྫོགས་སོ་ཞེས་འབྱུང་བ་ཅི་སྙམ་ན། དེ་ནི་སྡུད་པ་པོ་དང་། ལོ་པཎ་རྣམས་ཀྱི་སྤྱི་དང་མཐུན་པར་བཤད་པ་ཡིན་གྱི། དོན་ལ་ཟབ་མོའི་ཆོས་ལ་རྫོགས་མཐའ་མངོན་པར་འདོད་པ་མ་ཡིན་ནོ། །ཁྱིམ་པའི་ཆ་བྱད་ཀྱི་སྔགས་པ་རྣམས་ཉི་མ་རིང་བ་ནས་ཆང་རེ་འཐུངས་ནས་རྒྱུད་བརྩོམས་ཞེས་གསུངས་པ་ཡང་མི་འཐད་དེ། དེའི་དུས་སུ་རྒྱལ་པོ་དར་མས་བསྟན་པ་སྣུབས་ནས་འཆད་རྩོད་བརྩོམ་པ་ལ་སོགས་པའི་མིང་ཙམ་ཡང་མེད་པའི་ཕྱིར་རོ། །དེ་བས་ན་པཎ་ཆེན་ཡིད་བཟང་རྩེ་པས། སྤྱིར་ན་དར་མས་བསྟན་པ་བསྣུབས་ནས་ལོ་བདུན་ཅུ་ལྷག་ཅིག་གི་བར་ན་དབུས་གཙང་དུ་རབ་ཏུ་བྱུང་བ་ནི་མེད། རྙིང་མ་བའི་སྔགས་འཆང་མང་དུ་ཡོད་པ་རྣམས་ཀྱི་ཡུལ་སོ་སོར་སྒྲུབ་པ་ཁྱད་པར་ཅན་གྱི་བཀྲ་ཤིས་པར་མཛད། ཁྱིམ་པ་རྣམས་ཀྱང་དེ་དག་ལ་དད་ཅིང་བུམ་དབང་ཙམ་རེ་བླང་ནས་ཟས་གོས་ལ་སོགས་པས་མཉེས་པར་བྱས། ཀླུ་མེས་ལ་སོགས་པའི་དབུས་གཙང་གི་མི་དྲུག་གམ་བརྒྱད་དུ་གྲགས་པ་རྣམས་བྱོན་པའི་ཚེ་ཡུལ་དང་ཡུལ་ལྗོངས་རྣམས་སུ་དགེ་འདུན་གྱི་སྡེ་གྲངས་མེད་པ་འཕེལ། སྔོན་བསྒྱུར་བའི་བཀའ་དང་བསྟན་བཅོས་ལ་མ་ཉམས་པར་ལོངས་སྤྱོད་དུ་ཆོག་པ་བྱུང་། ཞེས་གསུངས་པ་ལྟར་དོན་ལ་གནས་པ་ཡིན་ལ། གྲུབ་ཆེན་ཨུ་རྒྱན་པས་ཆག་ལོ་ཙཱ་བ་ང་རང་གི་དབང་ཞུས་པའི་བླ་མ་ཡིན་ཀྱང་། རྙིང་མའི་མདོ་དགོངས་པ་འདུས་པ་བོད་ཀྱི་སྔགས་རྒན་རྣམས་ཀྱི་བརྩམས་ཞེས་གསུངས་བ་མི་འཐད། དེ་ཡིན་ན་ངེད་རང་རྣམས་ཀྱིས་ཀྱང་བརྩམས་དང་སངས་རྒྱས་ཀྱི་གསུང་ལ་ཡང་དེ་བས་ལྷག་པ་ནི་མི་འདུག །ཅེས་གསུང་ཤིང་། འདིར་གྲུབ་མཐའ་དང་ལྟ་དགོངས་མཐོས་པ་ལ་ཐུགས་སུ་མི་ཤོང་བ་མི་འཚལ་ཏེ། ཐེག་པ་རྣམས་ཀྱི་མཐོ་དམན་ལྷ་དགོངས་ཀྱི་ཕྱེ་བ་ཡིན་པས་ན་སློབ་དཔོན་ཞི་བའི་ལྷས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱི། །གོང་མ་གོང་མ་རྣམས་ཀྱི་གནོད། །ཅེས་སོ། །གཞན་ཡང་འཕགས་པ་ཤེས་རབ་ཁྲི་པ་ལས། ཆོས་འདི་ནི་ཐེག་པ་ལ་གསར་དུ་ཞུགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ན། སྐྲག་ཅིང་སྔངས་ལ་སྤུ་ཟིང་བྱེད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་སྤོང་བར་འགྱུར་བའི་ཕྱིར་རོ། །ཞེས་པ་དང་། དབུ་མ་རིན་ཆེན་ཕྲེང་བ་ལས། ངེས་པར་ལེགས་པའི་ཆོས་རྣམས་ཀྱང་། །ཕྲ་ཞིང་ཟབ་པར་སྣང་བས་ན། །བྱིས་པ་ཐོས་པ་མི་ལྡན་ལ། །སྐྲག་པར་བྱེད་པར་རྒྱལ་བས་གསུངས། །ཞེས་པ་ལྟར་ལགས་མོད། ༈ །གཞན་ཡང་དགེ་སློང་ཁྲིམས་ཉམས་པ་ལས་དྲེགས་པར་སྐྱེས་པ་པེ་ཧར་དང་། བན་དྷེ་དཀོན་གཉེར་ལས་མཐའ་ལོག་པ་ལས་དྲེགས་པར་སྐྱེས་པ་རྡོར་ལེགས་དང་། གང་ཟག་ས་ཐོབ་པ་ལས་མཐའ་ལོག་པ་ཁྱབ་འཇུག་སོགས་ཡུལ་གྲུ་ཐ་དད་ཀྱི་ལྷ་འདྲེ་དྲེགས་པ་ཅན་རྣམས་ལ་ཡང་རྒྱུད་རེ་འོང་བར་སྣང་བ་འདི། སྤྱིར་ན་རྒྱུད་ཀྱི་སྐད་དོན་ཏནྟྲ་སྟེ། རྒྱུན་ཆགས་དང་། འབྲེལ་པ་དང་། མ་ཚང་བ་མེད་པ་སོགས་ལ་འཇུག་ན། དྲེགས་པ་ཅན་འདི་དག་ལས་མཐའ་མ་ལོག་པའི་གོང་དུ་ནི་དེ་དག་གི་རྒྱུད་འོང་དོན་མེད་ལ། དེས་ན་རྒྱུད་ཆགས་ཀྱི་དོན་མ་ཚང་། དབང་དང་ལྷ་སྒྲུབ་རྒྱུན་ཆགས་སུ་སྟོན་པ་མི་འདུག་པས་འབྲེལ་བའི་དོན་མ་ཚང་། རྒྱུད་དེ་དག་ནས་གང་ཟག་གཅིག་འཚང་རྒྱ་པའི་ལམ་ཆ་ལག་རྫོགས་པར་མི་སྟོན་པས་མ་ཚང་བ་མེད་པའི་དོན་མ་ཚང་། དེས་ན་གཏན་ཚིག་གསུམ་གྱི་རྒྱུད་མིན་པར་རིག་པར་བྱ་སྟེ། རྫས་སྔགས་ལ་རྟེན་པའི་ལྷ་འདྲེའི་སྒྲུབ་ཐབས་ཡིན་པར་རིག་པར་བྱའོ། །འདི་དག་དང་། བོན་རྒྱུད་རྣམས་དང་། ཀོང་ཙེ་དང་། གྲུ་ཤ་དང་། ཁམས་པ་ཕྲ་མོ་སོགས་ཀྱི་ཕན་བྱ་གནོད་བྱའི་རྒྱུད་མང་པོ་དང་། རྩིས་དང་སྨན་གྱི་རྒྱུད་འདུག་པ་དག་མཚུངས་ཏེ། དོན་ལ་རྒྱུད་མ་ཡིན་ཏེ་བསྟན་བཅོས་ཡིན་ནོ། །ཡང་རྒྱུད་མཚན་ཉིད་པ་ཡིན་ན་དེ་དག་གི་སྒྲུབ་བྱེད་གསལ་བར་སྨྲ་བར་བྱོས་ཤིག །ཅེས་གསུངས་པ། དྲེགས་པ་ཅན་འདི་དག་ལ་རྒྱུད་འོང་བའི་རྒྱུ་མཚན་ནི་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས། དྲེགས་པ་ཅན་འདི་དག་སངས་རྒྱས་ཀྱིས་ཀྱང་བྲིད་ཅིང་དམ་ལ་བཏགས་པ་ལས་སྒྲོལ་ནུས་པ་མ་ཡིན་ནོ། །ཕོ་རྒྱུད་མོ་རྒྱུད་འཇིག་རྟེན་གྱི་མཐུ་ཆེན་འདི་རྣམས་འདུལ་བའི་དོན་དུ་དཔལ་ཆེན་པོ་ཁྲོས་ནས་སྐུ་གཏུམ་པའི་ཆ་བྱད་དུ་བསྟན་ཏེ། ཕོ་ཚོགས་འདུལ་བའི་དོན་དུ་གཤིན་རྗེ་གཤེད་པོར་བསྟན། མོ་ཚོགས་འདུལ་བའི་དོན་དུ་ཆེ་མཆོག་ཏུ་བསྟན། ཀླུ་འདུལ་བ་ལ་དཔལ་རྟ་མགྲིན་དུ་བསྟན། དེ་ལས་ཀྱང་སྟོབས་ཅན་གསུམ་དུ་བསྟན། ཕོ་ཚོགས་འདུལ་བའི་དོན་དུ་འཇིག་པའི་སྟོབས་ཅན་དུ་བསྟན། མོ་ཚོགས་འདུལ་བའི་དོན་དུ་བརྗིད་པའི་སྟོབས་ཅན་དུ་བསྟན། ཀླུ་འདུལ་བའི་ཕྱིར་དུ་གྱད་ཀྱི་སྟོབས་ཅན་དུ་བསྟན། མཐུན་པའི་རྫས་ཀྱི་བྲིད་ནས་དམ་ལ་བཏགས། ཤ་ཁྲག་སྲོག་དབུགས་ལ་དབང་བྱེད་པར་བསྐོས་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་རྣལ་འབྱོར་པ་རྣམས་ཀྱི་སྲུང་མར་བཞག་གོ། །ཞེས་གསུངས་པ་ལྟར། བདེ་བར་གཤེགས་པས་ཀྱང་། ཐབས་མཁས་པས་བྲིད་ཅིང་དབང་དུ་བསྡུས་པ་ཙམ་ལས་ཐབས་གཞན་གྱི་མ་ཐུལ་བ་ཡིན་པས། འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་རྒྱུད་ལྟར་དབང་བཞི་དང་སྦྱང་གཞི་སྦྱོང་བྱེད་ལ་སོགས་པ་སྨིན་གྲོལ་གྱི་ལམ་སྟོན་པའི་རྒྱུད་མེད་ཀྱང་འདི་དག་ཏུ་ཞི་རྒྱས་དབང་དྲག་ལས་སོགས་པ་ཕྲིན་ལས་སྣ་ཚོགས་སྒྲུབ་པའི་ཐབས་ལས་རྒྱལ་མཆོག་གི་རིམ་པ་དུ་མ་གསུངས་པས་ན་རྒྱུད་ཀྱི་བྱེ་བྲག་ཡིན་ནོ། །དེ་ལ་འདིར་རྒྱུན་ཆགས་དང་། འགྲེལ་བ་དང་། མ་ཚང་བ་མེད་པའི་དོན་གསུམ་ཀ་ཚང་སྟེ། ལོ་ཆེན་རིན་ཆེན་བཟང་པོའི་རྒྱུད་སྡེ་སྤྱི་རྣམ་ལས། ཅིའི་ཕྱིར་འདི་ལ་རྒྱུད་ཅེས་བྱ་ཞེ་ན། རྒྱུད་ལ་ལེགས་སྦྱར་གྱི་སྒྲ་ལས། ཏནྟྲ་ཞེས་བྱ་སྟེ། ཏའི་སྒྲ་ལས། ནི་རན་ཏནྟྲ་ཞེས་འབྲེལ་ཞིང་བྲེང་ཆགས་པས་ན་རྒྱུད་དེ། དེ་ཡང་གཞི་སེམས་ཅན་གྱི་དུས། ལམ་རྣལ་འབྱོར་གྱི་དུས། འབྲས་བུ་སངས་རྒྱས་ཀྱི་དུས་གསུམ་གྱི་སེམས་རྒྱུད་འབྲེལ་བས་ན་རྒྱུད་དོ། །དེ་ལ་སྒྱུ་འཕྲུལ་དྲ་བ་ལས། རྒྱུད་ཅེས་བྱ་བ་འབྲེལ་བའི་དོན། །དོན་ནི་རྣམ་པ་གསུམ་ཡིན་ཏེ། །ཞེས་སོ། །ཞེས་པ་དང་། ཡང་དེ་ཉིད་ལས། ཡང་ན་སེམས་རྒྱུད་གསུམ་འབྲེལ་ཤིང་བྲེང་ཆགས་པ་དེ་ཡང་མ་ཚང་བ་མེད་པར་ཕུན་སུམ་ཚོགས་པའི་ཚུལ་གྱི་བདེ་བླག་ཏུ་སྒྲུབ་པར་ནུས་པའི་བརྗོད་བྱ་དང་བརྗོད་བྱེད་དུ་འབྲེལ་བ་ལ་བྱ་སྟེ། དཔལ་དམ་ཚིག་གསུམ་བཀོད་པའི་རྒྱུད་ལས། འབྲེལ་དང་མ་ཚང་མེད་པ་དང་། །ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ། །ཞེས་སོ། །ཞེས་པ་དང་། ཡང་། ས་ལ་ཀྵ་ཏནྟྲ་ཞེས་རང་གི་མཚན་ཉིད་འཛིན་པས་ན་རྒྱུད་དེ། ཞེས་གསུངས་པ་རྣམས་ཚང་བའི་ཕྱིར་དང་། དོན་བསྡུ་ན། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་པས་རྒྱུན་ཆགས་ཀྱི་དོན་ནི་གཞི་སེམས་ཅན་གྱི་དུས་ཡིན་པས་ཚང་། སེམས་དེས་འཁོར་འདས་ཐམས་ཅད་ལ་ཁྱབ་པས་འབྲེལ་པའི་དོན་ཚང་། སེམས་དེ་ལ་ཆོས་ཐམས་ཅད་རྫོགས་པས་མ་ཚང་བ་མེད་པའི་དོན་ཚང་བ་ཡིན་ཏེ། རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པ། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་སོ། །དེ་བས་ན་འདི་དག་གི་རྒྱུད་ལ་མཚན་ཉིད་མི་ལྡན་པ་མེད་པ་ཡིན་ལ། སྔགས་གསར་མ་ལ་ཡང་འདི་དག་དང་མཚུངས་པའི་འཇིག་རྟེན་པ་དག་གི་རྒྱུད་ཡོད་དེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པར། ཀྱོ་བ་ཏང་གི་སྒྲུབ་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མ་མོ་དང་། མཚོ་དབྱངས་མ་དང་། སཱ་ལ་བྷཉྩི་ཀ་དང་། གནོད་སྦྱིན་མོ་དང་། ཤ་ཟ་མོ་དང་། ཅི་བགྱི་མ་ལ་སོགས་པ་འཇིག་རྟེན་པའི་ལྷ་མང་པོའི་སྒྲུབ་ཐབས་གསུངས་ཤིང་། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་ལེའུ་བཅུ་དགུ་པར། མ་མོའི་སྒྲུབས། གཟའི་སྒྲུབ་ཐབས། འབྱུང་པོ་ཐམས་ཅད་ཀྱི་སྒྲུབ་ཐབས་རྣམས་ཡོད་པས་ཁྱད་པར་མེད་པ་ཡིན་ནོ། །དྲེགས་པ་སོ་སོའི་རྒྱུད་དང་མན་ངག་ལས་དྲེགས་པའི་སྲོག་དབང་ཞེས་བཀའ་གཏད་རྗེས་གནང་ལ་དབང་དུ་བཏགས་པ་རྙིང་མ་བ་དག་མཛད་པ་དང་མཐུན་པར། གསར་མ་ལ་ཡང་ཡོད་པ་ཡིན་ཏེ། གསང་བ་སྤྱི་རྒྱུད་ལས། ཕྱག་ན་རྡོ་རྗེ་གཟི་བྱིན་གྱི། །དཀྱིལ་འཁོར་དུ་ནི་དབང་བསྐུར་བ། །དེ་ནི་རྡོ་རྗེའི་རིགས་གཅིག་གི། །དཀྱིལ་འཁོར་གྱི་ནི་སློབ་དཔོན་འགྱུར། །མ་མོ་གནོད་སྦྱིན་དྲག་པ་ཡི། །དཀྱིལ་འཁོར་གང་དག་ཅི་བཤད་པ། །ཐམས་ཅད་དེ་དག་ཀུན་ཀྱང་ནི། །དོགས་པ་མེད་པར་བྲི་བར་བྱ། །ཞེས་གསུངས་པས་སོ། །ཡང་རྡོར་ལེགས་ལ་སོགས་པ་འདི་དག་ལྷ་འདྲེ་རང་རྒྱུད་པར་བཟུང་བར་ཡང་མི་རིགས་ཏེ། འབྱུང་པོ་འགའ་ཞིག་རང་རང་གི་གཟུགས་ཀྱི་འདུལ་བའི་སླད་དུ། སངས་རྒྱས་ཐབས་མཁས་པས་དེ་དག་གི་ཚུལ་བཟུང་བ་ཡོད་དེ། རྡོར་ལེགས་རྟ་མགྲིན་ཡིན་པར་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས། དམ་ཅན་སྐྱེས་བུ་ཆེན་པོ་གིང་གི་བདག །དཔལ་ལྡན་དྲེགས་པ་རྟ་མགྲིན་ཐུགས་ལས་སྤྲུལ། །ཞེས་གསུངས་ཞིང་། པེ་ཧར་གུར་གྱི་མགོན་པོ་དང་ཐུགས་རྒྱུད་གཅིག་སྟེ། སྡེ་བརྒྱད་སྤྱི་འདུལ་ཕྱིར་རྒྱལ་པོའི་ཚུལ་བསྟན། དེའི་འཁོར་རྣམས་ཀྱང་པུ་ཏྲ་མིང་སྲིང་རུ་འདྲེན་སྡེ་བཞི་སོགས་ཀྱང་ཁྱད་པར་མེད། མགོན་པོ་ལེགས་ལྡན་ནག་པོ་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡང་དཀར་པོ་ནག་པོའི་ཚུལ་གྱི་འཁོར་དུ་ཡོད་ལ། ཁྱབ་འཇུག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་རྡོ་རྗེ་འཆང་གི་སྤྲུལ་པར་བཤད། རྣམ་སྲས་ཀྱི་སྲས་སུ་བཤད་པ་སོགས་ཀྱི་རྒྱུ་མཚན་གྱིས་ན། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ལ་ཕྱོགས་རེ་བར་མི་བསམ་སྟེ། སངས་རྒྱས་མཉམ་སྦྱོར་ལས། རེས་འགའ་ཞི་ལ་རེས་འགའ་ཁྲོ། །རེས་འགའ་བགེགས་ཆེན་གདོན་མཛད་ཅིང་། །སྐྱེ་དང་རི་བོ་ཐམས་ཅད་དོ། །ཞེས་དང་། གུར་ལས། གང་དུ་སྣང་ནས་ཀྱང་སེམས་ཅན་གྱི་དོན་མཛད་དོ། །ཞེས་གསུངས་པའི་དོན་ཁོངས་སུ་ཆུད་པར་བྱའོ། །ཡང་འདི་དག་སངས་རྒྱས་ཀྱི་རྣམ་པར་སྤྲུལ་པ་མ་ཡིན་ཀྱང་། རྡོ་རྗེ་འཆང་ཆེན་པོ་ལ་དངོས་སུ་དབང་ཐོབ་པ་ཡང་ཡིན་ལ། སངས་རྒྱས་ཀྱི་བསྟན་པའི་སྲུང་མ་ཡིན་པས་རྒྱུད་དང་སྒྲུབ་ཐབས་འབྱུང་བ་མི་འགལ་བ་ཡིན་ནོ། །ཁམས་པ་ཕྲ་མོ་ལ་སོགས་པའི་རྒྱུད་རྣམས་དང་མཚུངས་པ་མ་ཡིན་ཏེ། དེ་དག་ནི་རྒྱུད་ཀྱི་མིང་ཙམ་དུ་ཟད་ལ། འདིར་ནི་མཚན་ཉིད་རྣམས་ལེགས་པར་ཚང་བའི་ཕྱིར་རོ། ༈ །ཡང་རྒྱུད་དེ་དག་ལས་འབྱུང་བའི་སྨིན་བྱེད་དབང་གི་སྐབས་ན། སྤྱིར་དབང་གི་ལག་ལེན་འཁྲུལ་པར་བསྟན་པ། བྱེ་བྲག་ཏུ་སྒྲུབ་ཆེན་གྱི་ལག་ལེན་འཁྲུལ་བར་བསྟན་པ། སློབ་དཔོན་ལ་བདག་འཇུག་མེད་པས་ལག་ལེན་འཁྲུལ་བར་བསྟན་པ། དབང་བསྐུར་དངོས་ཀྱི་ལག་ལེན་འཁྲུལ་པར་བསྟན་པ། ཞར་ལ་བཟླས་པའི་སྔགས་སོགས་མ་དག་པར་བསྟན་པའོ། །དབང་པོ་སྤྱིར་རྙིང་མའི་དབང་གི་ལག་ལེན་འཁྲུལ་ཏེ། གསང་སྔགས་གསར་མ་ལྟར་ན་སློབ་དཔོན་གྱི་མཚན་ཉིད་སྔགས་སོགས་དག་པ། སློབ་མའི་མཚན་ཉིད་སྣོད་དང་ལྡན་ཞིང་ལན་གསུམ་གསོལ་བ་བཏབ་པ། དེ་ཡང་གྲངས་ངེས་པ་ཅན། གནས་ཀྱི་མཚན་ཉིད་དབེན་ཞིང་གཙང་བ། ཆོ་གའི་མཚན་ཉིད་སྦྱོར་དངོས་རྗེས་གསུམ་ཚངས་ཤིང་མ་འཁྲུལ་བ་ཞིག་དགོས་པར་གསུང་པ་ལ། རྙིང་མ་འདིར་བསྙེན་སོགས་དག་པར་བྱེད་པའི་ངེས་པའང་མི་འདུག་ཅིང་། དེ་བས་རང་གི་མ་ཐོབ་པའི་དབང་གཞན་ལ་བསྐུར་བའང་འགའ་ཞིག་སྣང་། སློབ་མའི་སྐབས་སུ་མི་འདུ་ཚོགས་ཆེ་བ་གཙོ་བོར་འཛིན་པ་ལས་སྣོད་ལ་བརྟག་དཔྱད་མི་བྱེད་པས་སྣོད་མ་དག །དག་ཀྱང་སློབ་མས་གསོལ་བ་མི་འདེབས་ཏེ། བླ་མ་རང་གི་ངོས་བསྲུང་བར་བྱས་ཏེ་དབང་བསྐུར་ཅི་ཐུབ་བྱེད་པས་དཔོན་སློབ་ཀྱི་འབྲེལ་པ་མ་དག །གནས་ནི་སྐྱེ་བོ་གང་འདུའི་གནས་སུ་བསྐུར་བས་གནས་མ་དག །ཆོ་གའི་ངོ་བོ་མ་དག་པ་ནི་འོག་ཏུ་སྟོན་ཏེ། དེས་ན་སྤྱིར་གཞུང་ལུགས་དང་འགའ་བ་ལྟ་སྨོས་ཀྱང་ཅི་དགོས། རང་ལུགས་ཀྱི་ཕུན་སུམ་ཚོགས་པ་ལྔ་དགོས་པར་བཤད་པ་དང་ཡང་དངོས་སུ་འགལ་བས་སྤྱིར་དབང་གི་ལག་ལེན་འཁྲུལ་ལོ། །ཡང་དགོས་སྒྲུབ་ཆེན་གྱི་ལག་ལེན་འཁྲུལ་ཏེ། གསར་མ་ལྟར་ན་དཔལ་གསང་བ་འདུས་པ་ལས་བསྙེན་སྒྲུབ་ཡན་ལག་བཞི་བཤད་པ་དང་མཐུན་པར་མི་སྣང་ལ། དེ་དང་མཐུན་དགོས་ཀྱི་ངེས་པ་མེད་ནའང་། རྙིང་མ་རང་ལུགས་ཀྱི་བསྙེན་དབང་། ཉེ་བསྙེན། སྒྲུབ་དབང་། སྒྲུབ་ཆེན་བཞི་བཤད་འདུག་པའི་དེ་དག་གི་རྣམ་པར་དབྱེ་བ་ཨེ་དགོས་ཞེས་དྲིས་ན་འདི་ལ་ཅི་སྨྲ། ཁོ་བོས་རྙིང་མ་རང་ལུགས་ཀྱི་གཞུང་ལུགས་ལ་བརྟགས་པ་ན། བསྙེན་དབང་མ་སོང་བར་སྒྲུབ་པ་ལ་མི་དབང་། སྒྲུབ་པ་མ་བྱས་པར་སྒྲུབ་ཆེན་ལ་མི་དབང་བར་བཤད་འདུག་པ་ལ། དེང་སང་བསྙེན་སྒྲུབ་གང་ཡང་མེད་པའི་སྐྱེ་བོ་རང་ག་ཞིག་དང་ལྷན་ཅིག་ཏུ་སྒྲུབ་ཆེན་བྱས་པས་སྒྲུབ་ཆེན་གྱི་ལག་ལེན་མ་དག །ཡང་རྙིང་མ་བ་རང་གི་བདག་འཇུག་མ་བྱས་པར་དབང་བསྐུར་བས་སློབ་དཔོན་གྱི་ལས་མ་དག་སྟེ་རྒྱུད་གཞན་དང་འགལ་བ་ལྟ་ཅི་སྨོས་ཏེ། ཁྱེད་རང་གི་རྟ་མཆོག་རོལ་ཆེན་དང་། སྒྱུ་འཕྲུལ་ལ་སོགས་གཞུང་ལུགས་ཕལ་ཆེ་བའི་ནང་ན་བདག་འཇུག་དགོས་པར་བསྟན་པ་འདུག་པས་སོ། །རིགས་པས་ཀྱང་འགྲུབ་སྟེ། ཆུ་སོགས་འདོད་པ་གང་ཞིག་ལ་ཆུ་སྟེར་འདོད་ན་རང་ལ་ཆུ་སོགས་ཡོད་པ་ཞིག་དགོས་ལ། ཡོད་པ་དེ་བླང་པ་ལ་ལྟོས་དགོས་པར་མཚུངས་པས་སོ། །ཡང་དཀྱིལ་འཁོར་སྒྲུབ་པའི་དུས་ན་རྡོ་རྗེ་རྒྱལ་ཚབ་ཀྱི་མིང་བཏགས་པ་ཞིག་ལ་གཞུང་ཕྲིན་གྱེར་བ་སོགས་བཅོས་ནས། སློབ་དཔོན་རང་དཀྱིལ་འཁོར་ལས་དབེན་པའི་ལྐོག་ཏུ་གྱུར་པ་ཞིག་ཏུ་གནས་ནས་དཀྱིལ་འཁོར་སྒྲུབ་བློ་བྱེད་པའི་ལག་ལེན་འཁྲུལ་པ། དབང་བསྐུར་དངོས་ཀྱི་སྐབས་སུ་དབང་རྫས་རྒྱལ་ཚབ་ཀྱི་ཐོགས་ཏེ་དབང་བསྐུར་བ་ཡོད་འདུག་པས། དབང་དེ་སློབ་དཔོན་ལས་ཐོབ་པར་འགྱུར་རམ་རྒྱལ་ཚབ་ལས་ཐོབ་པར་འགྱུར་ཞེས་དྲི་ན་འདི་ལ་ཅི་སྨྲ། དེ་ལ་དབང་དངོས་སུ་ཐོབ་དགོས་ན་ནི་དབང་རྫས་ཀྱང་སློབ་དཔོན་གཏད་པ་ཅིག་ཅིས་ཀྱང་དགོས། བརྒྱུད་དེ་ཐོབ་པས་རུང་ན་ནི། སློབ་དཔོན་གྱི་རྒྱལ་ཚབ་དང་། རྒྱལ་ཚབ་ཀྱིས་རང་ལ་བརྒྱུད་པས་རྒྱལ་ཚབ་དེ་དབང་གི་བརྒྱུད་པ་ལ་ངེས་པར་གཞུག་དགོས། དེས་ན་དབང་གི་ལག་ལེན་རྒྱལ་ཚབ་ལ་བཅོལ་བའང་མ་དག་པ་ཆེན་པོ་སྟེ་རྩོད་མེད་ཀྱི་གཞུང་དང་མཁས་པའི་ལག་ལེན་ལས་མི་འབྱུང་བས་སོ། །ཡང་རྙིང་མ་གྱེར་བསྒོམ་གྱི་ཁྱད་པར་འཕགས་ཟེར་ནས་རང་རང་གི་ལས་བྱང་དུ་གྲགས་པ་དེ་ཚར་གཅིག་ཁྱེར། དབྱངས་དང་བཅས་ཏེ་གྲུབ་པ་ན་བདག་འདུན་བུམ་གསུམ་གྱི་སྒྲུབ་མཆོད་དུས་གཅིག་ལ་གྲུབ་ཟེར་བས། འདི་ཡང་ཐབས་བསྐྱེད་རིམ་པ་ལ་རྩིངས་པའི་གཏམ་སྟེ། དེ་ཙམ་གྱིས་བསྐྱེད་རིམས་འབྱོངས་པ་ལ་ཕྲ་མོའི་རྣལ་འབྱོར་འབྱོངས་དགོས་པར་གསུངས་ལ། དེ་ཡོད་པ་དཀའ། མེད་པས་ནི་བདག་ཉིད་དཀྱིལ་འཁོར་འཁོར་ལོ་གསལ་བའི་མངོན་རྟོགས་བསྒོམ་ཚེ་མདུན་བསྐྱེད་གཉིས་གསལ་བར་མི་འགྱུར་ལ། དེ་མ་གསལ་ན་དཀྱིལ་འཁོར་དང་བུམ་པ་སྒྲུབ་མཆོད་མཚན་ཉིད་པ་མི་འོང་བས། འདི་དག་ལས་བྱང་གཅིག་གི་ཐ་དད་དུ་སྒྲུབ་པའི་གནད་ཅི་ཡོད་ཅེས་དྲི་ན་འདི་ལ་ཅི་སྨྲ། ཡང་ལས་བྱང་གཅིག་གི་བཟླས་པར་སླེབ་པ་ན། མིང་འཛབ་ཏུ་གྲགས་པ་སྔར་གྱི་དཀྱིལ་འཁོར་དུ་མ་ཞུགས་པའི་སྐྱེ་བོ་རྣམས་དང་ལྷན་ཅིག་ཏུ་སྙིང་པོ་འཛབ་དབྱངས་སུ་གྱེར་བ་ཞིག་འདུག་པ་འདི་པན་གྲུབ་ཀྱི་དགོངས་པ་ཡིན་ནམ་མ་ཡིན། ཁྱེད་རང་གི་ཐུགས་ཀྱི་དམ་ཚིག་བཅུ་བཤད་པའི་སྐབས་ན་ལྷ་དང་སྔགས་གསང་བར་བཤད་པས་གསང་སྒྲོགས་སུ་མི་འགྱུར་རམ། དེ་བཟླས་པ་བྱེད་པ་ལ་དབང་ཕྱིན་ཆད་སྔགས་དབང་ངག་ལ་བསྐུར་བ་དང་། གསང་དབང་ལ་དགོས་པ་ཅི་ཡོད་ཅེས་དྲི་ན་འདི་ལ་སྨྲ། ཡང་བཟླས་པའི་སྐབས་ན་ཨུ་རྒྱན་གྱི་ཐུགས་སྔགས་ཡིན་ཟེར་བ་ཞིག་སྣང་བ། གཞན་རྣམས་ལེགས་སྦྱར་སང་ཀྲྀ་ཏའི་སྐད་དུ་འདུག་པ་ལ། ཐོད་ཕྲེང་རྩལ་ཞེས་པ། ཐོད་པའི་སྐད་དོད་ཀ་པཱ་ལ་དང་། ཕྲེང་བའི་སྐད་དོད་མཱ་ལེ་ཞེས་ཐོབ་རྒྱུ་བོད་དུ་བཞག་པའི་དགོས་པ་ཅི། མཁས་པ་འགའ་ཞིག་གི་སྨྲ་མདོ་ན། བོད་ཡུལ་རྨོངས་པའི་ཆོས་ལུགས་འདི། །སྔགས་སྒྲ་རྒྱ་མིན་བོད་མིན་བཀླགས། །གསུངས་པ་འདི་ལྟ་བུ་ལ་གསུངས་པ་ངེས་པར་མ་དག་པ་ཆེན་པོ་ཡིན། རྩལ་རྩལ་མང་པོ་སྔགས་དང་གསང་མཚན་ལ་ཡོད་པ་འདི་བོན་ལུགས་ལ་གྲགས་ཤིང་། ཚད་ལྡན་གྱི་གཞུང་ལུགས་ན་མི་སྣང་བས་རྙིང་མ་བོན་དང་འདྲེས་ཤེས་དེ་ཡང་བདེན་ངེས་ཀྱི་སྒྲུབ་བྱེད་དུ་མི་འགྱུར་རམ། དེས་ན་རྒྱ་སྐད་བོད་སྐད་འདྲེས་པའི་སྔགས་དེ་ལྟ་བུ་རྙིང་མ་ལ་ཤིན་ཏུ་མང་བར་འདུག་པས། སྐྱོན་མེད་ཀྱི་སྔགས་སུ་འགྲོ་བའི་འཐད་པ་གཏན་ཚིག་ཅི་མཆིས། ཞེས་གསུངས་པ་ལ་བརྗོད་པར་བྱའོ། །དེ་ལ་འདིར་རྒྱུད་གསང་བ་སྙིང་པོ་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །ཉན་པ་ལ་སོགས་འདོད་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །སོགས་ཀྱི་དོན་གྱི་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། །དཔེར་ན་གཉན་པ་ལག་སྐྱ་མེད་པ་བཞིན། །ཕ་རོལ་སྒྲོད་པར་ག་ལ་འགྱུར། །ཞེས་པ་དང་། ཐག་ལྟ་བས་བཅད། ལ་སྤྱོད་པས། དོན་མན་ངག་གི་སྒྲུབ། ཉམས་སུ་ཏིང་ངེ་འཛིན་གྱི་བླངས། གོ་འཕངས་དབང་གི་སྒྲོད། དམ་ཚིག་ལ་གཞི་གནས་པ་དང་དྲུག་གི་ཆོས་ཀྱི་གནད་འགག་ཐམས་ཅད་བསྡུས་པ་ཡིན་པས་ངེས་པར་དུ་དབང་བསྐུར་བ་ཉིད་དགོས་ཤིང་། དེ་ལ་བསྙེན་སོགས་དག་པ་ལ་ཡང་། དྲང་དོན་དུ་བསྐྱེད་རིམས་པའི་བསྙེན་པ་དང་། ངེས་དོན་དུ་རྫོགས་རིམ་གྱི་བསྙེན་པ་གཉིས། དང་པོ་ནི་ལྷ་རང་རང་གི་གྲངས་དང་དུས་དང་རྟགས་ཀྱི་བསྙེན་པ་གསུམ་ཡིན་ལ། དབང་བསྐུར་བ་ལ་ནི་དེ་ཙམ་དགོས་པ་མ་བཤད་དེ། རྡོ་རྗེ་ཕྲེང་བ་ལས། ཐམས་ཅད་མཁྱེན་པའི་ལམ་ཤེས་པས། །སྔོན་དུ་བསྙེན་པའི་ཚོགས་བསག་ཅིང་། །བགེགས་ནི་རྣམ་པར་ཉམས་བྱེད་བྱ། །བསྙེན་པ་མེད་པས་དངོས་གྲུབ་མེད། །དེ་ཕྱིར་རིམ་གཉིས་དེ་ཉིད་རིགས། །དབེན་པར་ཡང་དག་གནས་ནས་ནི། །ལྷ་ཡི་འཁོར་ལོ་བསྒོམ་པར་བྱ། །སྐྱོ་ན་དེ་ཡི་གསང་སྔགས་བཟླས། །འཁོར་ལོའི་གཙོ་བོ་འབུམ་བཟླས་ཤིང་། །ཡང་ན་རང་གི་ལྷག་ལྷའི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ཏེ། །འདི་ནི་སྔོན་དུ་བསྙེན་པར་བརྗོད། །ཅེས་ལུང་དྲངས་ནས། ཁོ་བོ་ཅག་གི་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བར་ནི་དབང་པོ་རྣོན་པོའི་བློ་ངོར་བྱས་ཏེ་དཀྱིལ་ལྷ་བསྒོམ་པའི་རིམ་པ་དང་། སྙིང་པོ་བསྡུས་པ་བརྗོད་པ་ནི་ངེས་པར་བསྒོམ་པར་བྱའོ། །ཞེས་གསུངས་ལ། རྫོགས་ཕྲེང་ལས་གསུངས་པའི་དོན་ནི་རྫོགས་རིམ་ལ་དྲིལ་བའི་རྟགས་བཅུ་རྫོགས་ཏེ་རྒྱུན་དུ་གོམས་པར་བྱས་ནས། འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་པའི་ཚུལ་གྱི་གང་བསྒོམ་པར་བྱ་བའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རིགས་བདག་དང་བཅས་པ་གསལ་བར་སྒོམས་ནས་དཀྱིལ་འཁོར་སོ་སོའི་གཙོ་བོའི་སྙིང་པོ་དང་ལས་ཐམས་ཅད་པའི་སྔགས་ལས་མ་གསུངས་ཤིང་། སོ་སོའི་གཙོ་བོའི་སྙིང་པོ་འབུམ་ཕྲག་རེ་དང་ལས་ཐམས་ཅད་པའི་ཁྲི་བཟླས་པས་རུང་བར་བཤད། ཡང་ན་རང་གི་ལྷག་ལྷའི་འབུམ་ཞེས་པའི་དོན། རང་གི་ཡི་དམ་གསང་འདུས་ཡིན་ན་དེའི་བསྙེན་པ་འབུམ་བཟླ། དེ་ནས་བདེ་མཆོག་སོགས་སུ་བསྒྱུར་ནས་དེ་དང་དེའི་གཙོ་བོའི་སྔགས་ཁྲི་ཕྲག་རེ་བཟླས་པས་བསྙེན་པ་འགྲོ་ཞིང་། དེ་ལྟར་བསྙེན་པ་བྱས་ནས་སྐད་ཅིག་གི་དཀྱིལ་འཁོར་གྱི་ལྷའི་རྣམ་པ་ཐམས་ཅད་རྫོགས་པར་སྤྲོ་བ་དང་བསྡུ་བར་ནུས་པས་སློབ་མ་བསྡུས་ཏེ་དབང་བསྐུར་བར་བྱ་བར་སློབ་དཔོན་ཨ་བྷ་ཡས་བཤད། ཇོ་བོ་ཆེན་པོ་རྗེས་རྒྱུད་སྡེ་ལམ་ཁྱེར་དུ་ནི། རང་དགྱེས་རྡོར་དུ་བསྒོམས་ནས་མདུན་དུ་གསང་བ་འདུས་པའི་དཀྱིལ་འཁོར་བྲིས་ནས་དབང་བསྐུར་བཏུབ། ཅེས་གསུངས་པ་དང་མཐུན་པར། རྙིང་མ་བ་དག་བདེ་གཤེགས་གཅིག་སྒྲུབས་རྒྱལ་བ་ཀུན་གྱི་ངང་། ཞེས་པས། རྒྱལ་བ་ཐམས་ཅད་དགོངས་པ་གཅིག་པའི་ངོས་ནས་ལྷ་གཅིག་གི་བསྙེན་ཚད་སོང་ན་ལྷ་ཐམས་ཅད་ཀྱི་བསྙེན་ཚད་སོང་བར་དོན་གྱི་ཐོབ་པ་ཡིན་ཞིང་། དེ་ལྟར་མ་ཡིན་ན། འདིར་འདུས་པ་མདོ་དང་། ཞི་ཁྲོ་བཀའ་བརྒྱད་ལ་སོགས་པ་རྣམས་ཀྱི་བསྙེན་ཚད་མི་ཚེ་གཅིག་ལ་འགྲོ་བར་དཀའ་བས་ན། སློབ་དཔོན་ཆེན་པོས་ཀྱང་དེ་གོ་ཆོད་པར་གསུངས་སོ། །གཉིས་པ་ངེས་དོན་དུ་རྫོགས་རིམ་གྱི་བསྙེན་པ་ནི། སོར་བསམ་གྱི་སྟོང་གཟུགས་དང་རྫོགས་ཆེན་གྱི་འོད་གསལ་དོན་གཅིག་པས་དེ་ལ་ངེས་པའི་དོན་གྱི་ལྷ་དང་དཀྱིལ་འཁོར་ཟེར་ཞིང་། སངས་རྒྱས་ཐམས་ཅད་པའི་བསྙེན་པ་ཡང་འདི་ཡིན། དེ་ནས་སྲོག་རྩོལ་གྱི་སྲོག་གཟུགས་དབུ་མའི་ནང་དུ་འགྲོ་འོང་བྱེད་པའི་རྡོ་རྗེའི་བཟླས་པ་ཟླ་བ་གཅིག་ལ་དྲུག་འབུམ་རྫོགས་ན་དཀྱིལ་འཁོར་གྱི་ལྷ་ཡོད་དོ་ཅོག་གི་གྲངས་བསྙེན་ཐམས་ཅད་ཐེམས་པ་ཡིན་ཏེ། གཉིས་མེད་རྣམ་རྒྱལ་གྱི་ལུང་རིམ་ལྔར་དྲངས་པ་ལས། འབུམ་ཕྲག་དྲུག་ཀྱང་བཟླས་ནས་སུ། །རྡོ་རྗེ་སེམས་དཔར་ཕྱག་བྱས་ན། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་པས་དེས་ལས་ཆེན་བརྒྱད་སོགས་སྒྲུབ་པ་དང་རྡོ་རྗེ་སློབ་དཔོན་ལ་དབང་བའི་བསྙེན་པ་ཐེམས་པ་ཡིན་ཞེས་ཆག་ལོས་བཤད་ལ། དྲི་མེད་འོད་ལས་ཀྱང་། འདིར་སྔགས་ཀྱི་བཟླས་པ་ཞེས་པ་ནི་སྲོག་སྡོམས་པ་སྟེ། སོགས་པའི་སྒྲས་དབྱུང་བ་དང་དགང་བ་དང་བུམ་པ་ཅན་གྱི་སྦྱོར་བ་ནི་རྟག་ཏུ་བསྙེན་པའོ། །དེ་ཡི་ལྷ་མཆོག་སྟེར་བར་འགྱུར་ཏེ། སྲོག་མ་སྡོམས་པར་ངག་ཏུ་བརྗོད་པས་ནི་མ་ཡིན་ནོ། །ཞེས་གསུངས་ཤིང་། འཛིན་པས་སྐྱེ་ཤིའི་ལས་ཟད་རྗེས་དྲན་གྱི་སྒྲུབ་པ་པོ་སྟོང་། གཟུགས་ཀྱི་ལྷར་སོང་བ་ལ་རྫོགས་རིམ་གྱི་ལྷ་གྲུབ་པ་ཟེར། དེ་ནས་ཏིང་ངེ་འཛིན་གྱི་ལས་ལ་སྦྱར་བས་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས་པ་ཡིན། འདི་དང་རྙིང་མའི་ཆོས་ཉིད་ཟད་པའི་སྣང་བ་གཅིག་དེས་ན་ཨཱརྱ་དེ་ཝཱས། དངོས་གཅིག་དངོས་པོ་ཀུན་གྱི་རང་བཞིན་ཏེ། །དངོས་ཀུན་དངོས་པོ་གཅིག་གི་རང་བཞིན་ཉིད། །གང་གི་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡི་དངོས་པོ་ཀུན་གྱི་དེ་ཉིད་མཐོང་། །ཞེས་དང་། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཅེས་པས་སངས་རྒྱས་ཐམས་ཅད་དགོངས་པ་དང་། དབྱངས་གཅིག་པ་དང་། གོ་འཕངས་གཅིག་པ་དང་། ངོ་བོ་གཅིག་ཅེས་བྱ་བའི་ངེས་དོན་གྱི་དཀྱིལ་འཁོར་གྲུབ་པ་འདི་ལ་ཟེར། དེ་བས་ན་རྟོག་པས་བཏགས་པའི་ལྷ་བསྒོམ་བཟླས་ལ་མི་ལྟོས་ཏེ། འཁོར་འདས་ཐམས་ཅད་སྐུ་གསུམ་གྱི་རོལ་པར་ཤར་བའི་ཕྱིར་རོ། །དེ་ལྟར་ཡང་དཔལ་བརྟག་པ་གཉིས་པ་ལས། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་པས་སོ། །དེ་ནི་ལས་དང་པོ་པས་མ་ཡིན་ནོ་སྙམ་ན། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། བྲི་བའི་ཆོ་ག་འདི་ཡང་ཡིད་ཀྱི་སྒྲུབ་པས་ཆོ་ག་ཉིད་ཀྱི་འབྲས་བུ་དང་ལྡན་ནོ། །ཞེས་བྱ་བ་ལ་སོགས་པས་ཡིད་ཀྱི་ཆོ་ག་ཁོ་ན་མཆོག་ཏུ་གསུངས་པས། དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་གཟུགས་ཀྱིས་བཟུང་བ་ལ་སོགས་པ་དང་། སྐུ་གཟུགས་ལ་སོགས་པའི་རབ་གནས་དང་། སློབ་མ་ལ་ཡང་དབང་བསྐུར་བ་དང་། གཤེགས་སུ་གསོལ་བ་དང་། ཞི་བའི་སྦྱིན་སྲེག་གི་མཐར་ཐུག་པ་ཐམས་ཅད་ཡིད་ཀྱི་བྱའོ། །ཞེས་པ་ནས། དེའི་ཕྱིར་ལས་དང་པོ་པས་ཀྱང་སེམས་བརྟན་པས་ཡིད་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་སྔ་མ་བཞིན་གྱི་རབ་གནས་དང་། སྐལ་བ་དང་ལྡན་པ་ལ་དབང་བསྐུར་བར་བྱའོ། །ཞེས་གསུངས་པས་ན་སྐྱོན་མེད་ཅིང་ངེས་པར་རུང་བ་ཡིན་ལ། སློབ་མ་མཚན་ཉིད་དང་ལྡན་པའི་ཚུལ་དང་། དེས་གསོལ་བ་གདབ་པ་སོགས་འདིར་བཤད་པས་སྨྱོན་དུ་མེད་ཅིང་། གྲངས་ངེས་པ་ཅན། གསང་བ་སྤྱི་རྒྱུད་ལས། བདུན་ནས་ཉི་ཤུ་རྩ་ལྔའི་བར། །ཟུང་དུ་མ་གྱུར་སློབ་མ་བཟུང་། །ཞེས་པ་དང་། རྣམ་སྣང་མངོན་བྱང་ལས། བཅུའམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང་། །དཔྱད་མི་དགོས་པར་བཟུང་བར་བྱ། །ཞེས་ཚད་བཟུང་མཛད་པ་གོང་མ་ནི་བྱ་རྒྱུད་པའི་རང་ལུགས་ཡིན་གྱི། རྒྱུད་སྡེ་གང་མ་ལ་རྒྱས་འགེབས་དགོས་པ་ནི་མ་ཡིན་ལ། རྣམ་སྣང་མངོན་བྱང་གི་ལུང་དྲངས་མ་ཐག་པ་དེ་དང་འབྲེལ་ཆགས་སུ། འདི་སྐད་ཅེས་གསང་བའི་བདག་པོ། གང་དག་གི་སྔོན་ཐེག་པ་ཆེན་པོ་གསང་སྔགས་སྤྱད་པའི་ཚུལ་སྒོ་མཐའ་ཡས་པ་སྒྲུབ་པ་ལ་གོམས་པར་བྱས་པ་དེ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་རྣམས་ཉིད་ཀྱི་དོན་གྱི་ཕྱིར་གྲངས་ཀྱི་ཚད་འདི་བྱས་སོ། །འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཡིད་དམ་བཅའ་བ་ཁོ་ན་བྱ་སྟེ་དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བའི་ཕྱིར། སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་བཟུང་བར་བྱའོ། །ཞེས་གསུངས་པས་སྤྱོད་རྒྱུད་དུ་ཡང་སློབ་མ་ལ་གྲངས་ངེས་མ་མཛད། དེ་ཉིད་བསྡུས་པའི་རྒྱུད་ལས། དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སྣོད་དུ་གྱུར་པ་དང་མ་གྱུར་པ་བརྟག་མི་འཚལ་ལོ། །ཞེས་པས་རྣལ་འབྱོར་གྱི་རྒྱུད་དུ་ཡང་གྲངས་ངེས་མ་གསུང་ཞིང་། བླ་མེད་ཀྱི་རྒྱུད་རྣམས་སུ་གྲངས་ཅན་གྲངས་མེད་ཀྱི་ཁ་གསལ་བཤད་པ་མ་མཐོང་ཡང་། དོན་ལ་གྲངས་མེད་གཟུང་ཆོག་པ་ཉིད་ཡིན་ཏེ། རིགས་ལྡན་གྱི་རྒྱལ་པོ་འཇམ་དཔལ་གྲགས་པས། དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པ་བྱེ་བ་ཕྲག་དགུ་བཅུ། དུས་གཅིག་ཏུ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། སློབ་དཔོན་ཨ་བྷ་ཡས། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བར། སྐལ་བ་དང་ལྡན་ན་སྟོང་གི་བར་དུ་ཡང་བཟུང་བར་བྱའོ། །ཞེས་གསུངས་པས་དབང་བསྐུར་བའི་སློབ་མ་ལ་གྲང་ངེས་པར་དགོས་པ་ཡང་མ་ཡིན་ནོ། །གནས་ཀྱི་མཚན་ཉིད་དབེན་པ་དགོས་པ་ཡང་མ་ངེས་ཏེ། རྡོ་རྗེ་གུར་ལས། དུར་ཁྲོད་དང་ནི་ཆུ་འགྲུམ་དང་། །ནགས་ཚལ་འབབ་ཆུ་གྲོང་ཁྱེར་དུ། །ཞེས་པས་འདུ་འཛིན་ཅན་གྱི་སྐྱེ་བོའི་གྲོང་ཁྱེར་དུ་ཡང་རུང་བར་བཤད་ཅིང་། སློབ་མའི་སྐབས་སུ་མིའི་འདུ་ཚོགས་གཙོ་བོར་བཟུང་ནས་སྣོད་ལ་བརྟག་དཔྱད་མི་བྱེད་པས་སྣོད་མ་དག་གསུང་པ་ཡང་། དེ་ཉིད་བསྡུས་པར། དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སྣོད་དུ་གྱུར་པ་དང་མ་གྱུར་པ་བརྟག་མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་མཐོང་བ་ཙམ་གྱི་སྡིག་པ་འདག་པའི་ཕྱིར་རོ། །ཞེས་གསུངས་པ་ཉིད་ཀྱི་གསལ་བ་ཡིན་ལ། རྒྱུ་མཚན་དེ་དག་གིས་ནི་སྤྱིར་རྙིང་མ་བ་དག་གི་དབང་གི་ལག་ལེན་མ་འཁྲུལ་བ་བསྟན་པ་ཡིན་ནོ། །ད་ནི་ཡང་དགོས་སྒྲུབ་ཆེན་གྱི་ལག་ལེན་འཁྲུལ་ཞེས་གསུང་བ་ལ་བརྗོད་པར་བྱ་སྟེ། དེ་ལ་སྒྲུབ་ཆེན་ཞེས་པ། སྔགས་གསར་མ་ལས། བསྙེན་སྒྲུབ་ཡན་ལག་བཞི་རྡོ་རྗེ་གསུམ་དང་སྦྱོར་བ་ཡན་ལག་དྲུག་དང་སྦྱར་ཏེ། ཐོག་མར་དགེ་བ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག །བར་དུ་དགེ་བ་གསུང་རྡོ་རྗེ་ཉེར་སྒྲུབ་ཀྱི་ཡན་ལག །ཐ་མར་དགེ་བ་ཐུགས་དང་ཡེ་ཤེས་རྡོ་རྗེ་སྒྲུབ་པ་དང་སྒྲུབ་ཆེན་གྱི་ཡན་ལག་ཅེས་གསུངས་པ་དང་། འདིར་གསང་བ་སྙིང་པོ་ལས། བསྙེན་པ་དང་ནི་ཉེ་བསྙེན་དང་། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །ཞེས་ཚིག་ཏུ་མི་འདྲ་ཡང་དོན་ལ་ཁྱད་པར་མེད་པ་ཉིད་དུ་ཡོད་ལ། དཔལ་ཡེ་ཤེས་སྙིང་པོའི་རྒྱུད་ལས། ལྟ་བ་རང་རིག་ཡེ་ཤེས་ཏེ། །ངོ་སྤྲོད་རྣམ་བཞིས་གཏན་ལ་ཕབས། །རང་རིག་མཚན་ཉིད་ཉམས་སུ་མྱོང་། །དེ་ནི་བསྙེན་པའི་དོན་དུ་བཤད། །ཞེས་སོར་བདུད་བསྟན། ལམ་ལ་གནས་པ་ཉེ་བསྙེན་ཡིན། །སྲོག་འཛིན་བསྟན། ལམ་གྲོལ་གྲུབ་པ་སྒྲུབ་པ་ཡིན། །རྗེས་དྲན་བསྟན། ལམ་གྱི་འབྲས་བུ་མཐར་ཕྱིན་པ། །སྒྲུབ་པ་ཆེན་པོར་བསྟན་པའོ། །ཏིང་ངེ་འཛིན་བསྟན། རྟོགས་པ་རྣམ་བཞི་བསྙེན་སྒྲུབ་བཞི། །གསང་སྔགས་མི་བཟླས་དོན་ལ་བཞག །ཕྱག་རྒྱ་མི་བསྒོམ་མི་བསྐྱེད་པར། །ལྷུན་གྱིས་རྫོགས་ཏེ་འདུ་འབྲལ་མེད། །ཞེས་པས་གསང་བ་འདུས་པ་དང་གུར་དང་བརྟག་པ་གཉིས་པ་དང་རི་གི་ཨ་ར་ལི་དང་དཔལ་དུས་ཀྱི་འཁོར་ལོ་ནས་བཤད་པའི་བསྙེན་བསྒྲུབ་བཞི་དང་ཚུལ་ཁྱད་པར་མེད་པར་ཡོད་དོ། །ད་ལྟར་གྲགས་པའི་སྒྲུབ་ཆེན་ཞེས་བྱ་བ་འདི་ནི་རྙིང་མ་རང་ལུགས་ཀྱི་དཀྱིལ་འཁོར་གྱི་སྒྲུབ་མཆོད་ཆེན་པོ་ཞེས་པ་ཡིན་ནོ། །དེ་ལ་སྤྱིར་བཏང་དུ་ཕུན་སུམ་ཚོགས་པ་སྔ་སྔོན་དུ་འགྲོ་དགོས་པར་བཤད་དེ། གནས་ཕུན་སུམ་ཚོགས་པ་ནི། དུས་འཁོར་རྩ་རྒྱུད་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པ། །དེར་ནི་རྣལ་འབྱོར་བརྩོམས་པར་བྱ། །ཞེས་པའི་གནས་ལ་བྱ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་དཔོན་ལ་བྱ་སྟེ། རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ། འབྲིང་ཡི་དམ་ལྷའི་གནང་བ་ཐོབ་པ། ཐ་མ་ཆོ་ག་ལག་ལེན་ལ་མཁས་ཤིང་བྱིན་རླབས་ཀྱི་བརྒྱུད་པ་སེལ་མེད་ཅིང་བར་མ་ཆད་པ་ཞིག་ལ་བྱ། དུས་ཕུན་སུམ་ཚོགས་པ་ཕྱི་ནང་གི་འབྱུང་བ་ཆ་སྙོམས་ཤིང་། དུས་ཀྱི་འཁྲུག་པ་དང་ནད་དང་མུ་གེ་ལ་སོགས་མི་བདེ་བ་མེད་པའི་དུས་སུ་བྱ། ཡོ་བྱད་ཕུན་སུམ་ཚོགས་པ་རང་རང་གི་གཞུང་འབྱུང་བའི་གང་དགོས་ཚང་བ་ལ་བྱ། གྲོགས་ཕུན་སུམ་ཚོགས་པ་དབང་རྟེན་ཐབས་ཤེས། རྒྱལ་ཚབ། རྒྱས་འདེབས། མངོན་ཤེས་སྤྲ་བརྟག །ཉུལ་བསྐྲོད། ཐུན་མཚམ་པ། ཚང་བསྐུལ་བ། ཕྲིན་ལས་པ། རྡུལ་ཕྱགས་པ། བྱན་ཕོ། བྱན་མོ། ཕྱི་ནང་བརྡའ་སྦྱོར་བ། ལས་ཀྱི་རྡོ་རྗེ་སྟེ་མེད་དུ་མི་རུང་བ་དང་དེར་འདུས་པ་དག་ལ་བྱ། དེ་ནས་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པ་དེའི་དོན་དབང་ངམ་སྐུ་གསུམ་ཐུགས་ཀྱི་བྱིན་རླབས་བརྩལ་བས། སྔར་སྔགས་ཀྱི་སྒོར་མ་ཞུགས་པ་དེར་འདུས་པ་རྣམས་ཀྱི་རྒྱུད་གསང་སྔགས་ཀྱི་སྣོད་རུང་དུ་བྱེད་པས། འདི་ལ་གསང་སྔགས་བཀའ་མ་པ་དག་བསྙེན་དབང་ཟེར། བཀའ་བརྒྱད་བདེ་གཤེགས་འདུས་པ་ལ་སོགས་པའི་གཏེར་མ་རྣམས་སུ་སྙིང་པོ་རྒྱུད་དབང་དུ་བཏགས། དེ་ནས་བསྒོམ་བཟླས་ཀྱི་ཕུང་པོ་གནས་སྒྲུབ་པ་ཞུགས་པས་གསང་སྒྲོག་ཏུ་ག་ལ་འགྱུར་ཏེ་དབང་དང་ལུང་སྦྱིན་གྲུབ་པས་སོ། །དེ་ནས་གྲུབ་པ་རྟགས་དང་མཚན་མ་མཐོང་གི་བར་སྒྲུབ་པ་ལ་སྒྲུབ་པ་ཟེར། དེ་ལྟར་གྲུབ་ནས་ཐོག་མར་རྡོ་རྗེ་སློབ་དཔོན་གྱི་དབང་དང་དངོས་གྲུབ་བླང་། དེ་ནས་རིམ་གྱི་སློབ་མ་ལ་དབང་བསྐུར་བ་ཡིན་ཏེ། རྒྱས་པར་ཞི་ཁྲོ་དང་ཕུར་པ་དང་། མ་གཤིན་གཉིས་དང་། བཀའ་བརྒྱད་དང་། བདུད་རྩི་བསྒྲུབ་པ་དང་། ཤ་རིམ་སྒྲུབ་པ་རྣམས་སུ་ལྷའོ། །དེ་ལྟར་སྒྲུབ་པའི་སྔོན་དུ་དོན་དབང་དང་བཟླས་ལུང་ཕོག་པས་བསྙེན་དབང་དེ་ནས་བསྒོམ་བཟླས་གཞུང་བཞིན་བྱ་བ་ཉེ་བསྙེན། ཐུན་མཚམས་སུ་དབང་དང་དངོས་གྲུབ་ལེན་པ་ནི་སྒྲུབ་དབང་དངོས་ཀྱི་མཚན་མ་མཐོང་བ་ནི་སྒྲུབ་ཆེན་ཞེས་སྤྱིར་གྲགས་ལ། ཐོད་གར་ནམ་མཁའ་ཡི་གེ་ནི། ཉེ་བསྙེན་ཡན་གོང་ལྟར་ལ། དངོས་གྲུབ་ཀྱི་མཚན་མ་མཐོང་ནས་སློབ་དཔོན་གྱི་དབང་བསྐུར་ཏེ་སྒྲུབ་དབང་། དེ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་གྲུབ་བསྒྲུབ་པ་སྒྲུབ་པ་ཆེན་པོ་ཞེས་འདོད་དོ། །ལུང་འདི་ལ་སློབ་དཔོན་སྔ་མ་དག་གི་བཞེད་པ་མང་དུ་ཡོད་པར་གྲགས་ན་ཡང་། བདག་གིས་ནི་གཉིས་པོ་འདི་ལ་མ་མཐོང་ངོ་། །སློབ་དཔོན་གྱི་དབང་བསྐུར་བའི་སྔོན་དུ་བདག་འཇུག་བླང་བ་ནི་ངེས་པར་བཤད་ཅིང་ཕྱག་སྲོལ་ལ་ཡང་ཡོད་མོད་ཀྱི། འོན་ཀྱང་བླ་མ་དེ་རྫོགས་པ་ཆེན་པོའི་དོན་རྒྱུད་ལ་འཕྲོད་པ་ཞིག་ཡིན་ན་སློབ་མ་ལ་ཇི་ལྟར་བསྐུར་བའི་ཚུལ་དུ་དབང་རྫས་ཕྲ་མོ་ཡན་ཆད་ནས་བླངས་དགོས་པ་མ་ཡིན་ཏེ། ཡེ་ཤེས་ཏིང་ངེ་འཛིན་གྱི་དབང་བླངས་བ་ཉིད་མཆོག་ཡིན་པས་སོ། །དེས་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། ཡེ་ཤེས་དབང་བསྐུར་ཅོ་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་མཐོང་། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །ཅེས་གསུངས་པ་དང་། ཡེ་ཤེས་རྔམས་པ་གློག་གི་འཁོར་ལོ་ལས། །སེམས་ཀྱི་ཆོས་ལ་དབང་ཐོབ་ན། །རྫས་ཚིག་མཚན་མའི་དབང་རྣམས་ཀུན། །མ་བསྐུར་པར་ཡང་ཐོབ་པར་འགྱུར། །ཞེས་པས་དེ་ཐོབ་ནས་དེ་བཞིན་གཤེགས་པའི་ལས་རབ་འབྱམས་ལ་དབང་ཐོབ་པ་ཡིན་ནོ། །དེ་ལྟར་མ་ཐོབ་ན། དབང་ཆོག་ཇི་ལྟ་བའི་ཚུལ་གྱི་བདག་འཇུག་ལེན་པ་ལེགས་མོད་ཀྱི། དབང་ཆོག་གི་ཤར་བྱང་ཙམ་ཡིན་ནམ་སྙམ་མོ། །འོན་ཀྱང་དབང་ཐོབ་ལ་མ་ཉམས་པ་དེས་བདག་ཉིད་འཇུག་ཅིང་དབང་ལེན་པ་མི་འགོགས་ཏེ་བདག་ཉིད་ཞུགས་ཤིང་དབང་བླངས་པས་དབང་གི་ཆུ་བོ་མ་ཉམས་པ་དེ་གོང་འཕེལ་དུ་སོང་ནས་དངོས་གྲུབ་མྱུར་དུ་ཐོབ་པའི་རྒྱུད་བྱེད་པ་ཡིན་ནོ། །དོན་དུ་ན་དབང་བསྐུར་བའི་སྔོན་དུ་བདག་འཇུག་ལེན་པ་བླ་མ་རང་གི་མ་ཚོར་བར་དམ་ཚིག་ཉམས་པ་སྲིད་པས་དེ་གསོ་བའི་ཆེད་དུ་ཡིན་གྱི། དེ་ལྟ་བུའི་སྐྱོན་མེད་ན་གསར་དུ་བདག་འཇུག་ལེན་དགོས་པའང་མ་ཡིན་ཏེ། བླ་མ་རང་ཉིད་དབང་ཐོབ་ལ་མ་ཉམས་པར་ཡོད་བཞིན་པ་ཡིན་པས་སླར་གཞན་ནས་བླང་མི་དགོས་པ་ཉིད་ཡིན་ལ། བྲན་མོ་ཆུ་ལེན་པ་ལྟར་གཅིག་ནས་བླངས་ཏེ་གཅིག་ཏུ་འཇོ་བ་ལྟ་བུ་མ་ཡིན་ནོ། །སློབ་དཔོན་དཀྱིལ་འཁོར་གྱི་ལྐོག་ཏུ་འདུག་ནས་སྒྲུབས་པའི་ལག་ལེན་ཀྱང་མ་འཁྲུལ་པ་ཡིན་ཏེ། འདི་ལྟར་སྣང་གྲགས་ཀྱིས་བསྡུས་པའི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་རྣམས་ལྷ་ལ་གྲགས་པ་སྔགས། །དྲན་རྟོགས་ཆོས་ཉིད་དུ་ཤེས་ན། །གསང་སྔགས་པ་ཞེས་དེ་ལ་བྱ། །ཞེས་པ་འདི་གསང་སྔགས་ཀྱི་དོན་མཐར་ཐུག་ཡིན་པས། དེ་ལྟ་བུའི་དོན་ལས་མི་འབྲལ་བའི་སྐྱེས་བུ་དེ་གང་དུ་གནས་ཀྱང་བསྐྱེད་རྫོགས་ཀྱི་རོལ་པ་ལས་མ་འདས་པས་ན་གང་དུ་འདུག་ཀྱང་རུང་སྟེ། དཀྱིལ་འཁོར་གྱི་དྲུང་ཁོ་ནར་གནས་དགོས་པ་ཡང་མ་ཡིན་ནོ། །དབང་རྫས་རྒྱལ་ཚབ་ཀྱི་ཐོགས་ཀྱང་དབང་སློབ་དཔོན་ལས་ཐོབ་པ་ཡིན་ཏེ། དཔེར་ན་ཕོ་ཉས་རྒྱལ་པོའི་ལུང་དང་བཀའ་རྟགས་ཁྱེར་ཏེ་འབངས་ཀྱི་ཚོགས་ལ་སྒྲགས་པ་ན། ཕོ་ཉ་བའི་ངག་དེ་རྒྱལ་པོའི་ངག་ཏུ་འཛིན་པ་དང་མཚུངས་པ་ཉིད་དོ། །དེ་ཙམ་གྱི་རྒྱལ་ཚབ་དབང་བརྒྱུད་ལ་འཇུག་དགོས་ན། བདེ་བ་མྱུ་གུའི་རྒྱུད་ལས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །མཁའ་མཉམ་ཡེ་ཤེས་བདུད་རྩི་ནི། །རྡོ་རྗེའི་ལམ་ནས་རབ་བསྡུས་ནས། །བདེ་བ་བསྐྱེད་བྱེད་རིགས་ཀྱི་ཡུམ། །སྲས་རྣམས་གསང་བའི་དབང་བསྐུར་བས། །རྡོ་རྗེའི་བླ་མ་གཉིས་པའོ། །ཞེས་པ་དང་། ཡེ་ཤེས་འབྱུང་བ་ལས། ལྷན་ཅིག་སྐྱེས་པ་དཔེ་བྲལ་བ། །ནམ་མཁའ་དང་ནི་མཉམ་པར་སྦྱོར། །རིགས་མཉམ་དཔེ་མེད་བདེ་སྟེར་མ། །སྲིང་མོ་དེ་ཉིད་བླ་མར་བསྔགས། །ཞེས་པས་གསང་བའི་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་རིག་མ་ལ་རྟེན་ནས་ཐོབ་དགོས་པར་གསུང་ན། རིག་མ་དེ་དབང་བརྒྱུད་ལ་འཇུག་གམ་ཅི། ལས་བྱང་ཚར་གཅིག་གི་བདག་མདུན་བུམ་གསུམ་ཅིག་ཆར་དུ་སྒྲུབ་སྒྲུབ་པའི་ཚུལ་ཡང་། སྔགས་བླ་ན་མེད་པའི་རྣལ་འབྱོར་པ་དེའི་བསམ་དོན་ནི། ཇི་ལྟར་སྣང་བ་འདི་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་དུས་རྟག་ཏུ་ལོངས་སྤྱོད་པ་ཡིན་ལ། དེའི་རྒྱུ་མཚན་ཡང་། སྣང་གྲགས་ཀྱི་ཆོས་ཇི་སྙེད་པ་ཐམས་ཅད་ཡེ་གདོད་མ་ནས་ཡོད་མ་མྱོང་བས་གཉིས་དང་གསུམ་དུ་འཛིན་པ་ལ་སོགས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་འདི་ཉིད་ལ་མི་འདྲ་བའི་དབྱེ་བ་ཅི་ཡང་ཡོད་པ་མ་ཡིན་པས་རང་བཞིན་ཆོས་ཀྱི་སྐུ་དང་། མཆོག་གི་དང་པོའི་སྐྱེས་བུ་དང་། ཐུགས་རྡོ་རྗེ་དང་། སྒྱུ་འཕྲུལ་དྲ་བ་ལ་སོགས་པའི་མིང་གིས་གདགས་སོ། །དེའི་ལྟ་བུའི་ཆོས་ཉིད་བསམ་དུ་མེད་པ་དེའི་རང་རྩལ་ལས། ཆུ་ལས་ཉ་ལྡང་བ་ལྟར་དུ་བདག་མདུན་བུམ་གསུམ་སྐད་ཅིག་ལ་ལྷའི་འཁོར་ལོ་ཇི་ལྟ་བ་བཞིན་དུ་བསྐྱེད་ནས་གཞན་ནས་འབྱུང་བ་མེད་པའི་ཚུལ་གྱིས་སྤྱན་དྲངས་པ་དང་། རང་གི་རིག་རྩལ་མ་འགགས་པ་ལས་བྱུང་བའི་མཆོད་པའི་སྤྲིན་སྤུངས་ཀྱི་དམིགས་པ་མེད་པའི་ཚུལ་དུ་རང་ལ་མཆོད་པ་དང་། སངས་རྒྱས་རྣམས་ཀྱི་ཡོན་ཏན་ལྷུན་གྱིས་གྲུབ་ཅིང་སྤྲོས་པ་མཐའ་དག་ལས་གྲོལ་བའི་ཚུལ་གྱིས་བསྟོད་པ་དང་། ཟག་པ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་རྣམ་པར་རྟོག་པའི་རྒྱུན་ལས་འདས་པའི་ཚོགས་ཀྱི་འཁོར་ལོའི་མཆོད་པ་འབུལ་བ་ལ་སོགས་པ། སོ་སོའི་ལས་བྱང་གི་ཚིག་གི་གསལ་བཏབ་ནས་ཁྱེར་ཏེ། སྔགས་ཀྱི་བཟླས་པ་ལས་སོ་སོའི་གོ་རིམ་ལྟར་གསལ་ལ་རྟོག་པ་མེད་པར་འཛབ་དགོངས་དང་མ་བྲལ་བར་བཟླས་པས་བདག་མདུན་བུམ་གསུམ་ཅིག་ཆར་དུ་སྒྲུབ་ཟིན་པར་མ་ཟད། རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་གདན་ཐོག་གཅིག་ཏུ་སྒྲུབ་ཟིན་པ་ཡིན་ཏེ། རིགས་བརྒྱ་ལ་སོགས་པའི་ལྷ་ཐམས་ཅད་ཀྱང་རང་གི་སེམས་རྣམ་པར་དག་པའི་རོལ་པ་ཡིན་པས་སོ། །དེ་ལྟ་བུའི་ཆོས་ཉིད་ཀྱི་རོལ་པ་དེ་ལ་བདག་བསྐྱེད་པ་དང་། མདུན་བསྐྱེད་པ་དང་། བུམ་པ་བསྐྱེད་པ་ལ་སོགས་པའི་འཛིན་རྟོག་གང་ཡང་མེད་པ་ནི་དཀྱིལ་འཁོར་སྒྲུབ་པའི་མཆོག་སྟེ། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་སོ། །དེ་དག་གི་ལུང་མང་པོ་གོ་རིམ་བཞིན་དུ། ཇི་ལྟར་དྭངས་པའི་ཆུ་ཀླུངས་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་སྟོང་པའི་འོད་གསལ་ལས། །སྒྱུ་འཕྲུལ་དྲ་བ་བཞེངས་པར་འགྱུར། །ཞེས་པ་དང་། དྲིལ་བུ ་པའི་གཞུང་ལས། སེམས་ཅན་རྫུས་ཏེ་སྐྱེ་བ་ལྟར། །ས་བོན་མེད་པར་བསྐྱེད་པར་བྱ། །ཞེས་པ་དང་། བརྟག་པ་གཉིས་པ་ལས། ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་དང་ལྷན་ཅིག་སྐྱེས་པ་ལ། །སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས། །རང་སེམས་བླ་མ་ལྷ་རུ་གནས། །ཞེས་པ་དང་། རྟ་མགྲིན་བདུད་རྩི་ཐིག་པ་ལས། ཕྱི་ནང་གསང་བའི་མཆོད་ཆེན་པོ། །རང་ལས་སྤྲོས་ཤིང་རང་ལ་མཆོད། །མ་འགག་ཡེ་ཤེས་རོལ་པའི་རྒྱན། །རང་བྱུང་ལྷུན་གྲུབ་གཞན་ནས་མིན། །ཞེས་དང་། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་པ་དང་། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་བསྐོང་བ། །དེ་བཞིན་གདུལ་བྱའི་སྨོན་ལམ་གྱི། །དབང་གི་རྒྱལ་བའི་སྐུར་སྣང་ངོ་། །ཞེས་པ་དང་། རྟོག་པ་བདུན་པ་ལས། མི་འཛིན་སྒྱུ་མ་ལྟ་བུ་ལ། །དགོས་པའི་ཚུལ་གྱིས་རོལ་པར་མཛད། །ཅེས་པ་དང་། ཐུགས་སྲོག་སྔགས་ཀྱི་འོད་ཟེར་སྤྲོ། །བསྡུས་ཏེ་སྣང་སེམས་གཉིས་མེད་བསྲེ། །རྟག་ཏུ་བཟླས་བརྗོད་བ རྩོན་གྱུར་ན། །ལོངས་སྐུ་པདྨའི་སེམས་དཔའ་འགྲུབ། །ཅེས་རྟ་མགྲིན་སྒྲུབ་ཐབས་སུ་བཤད་པ་ལྟར་རོ། །དེ་ལྟ་བུའི་རྣལ་འབྱོར་པ་ལ་སྣང་སྲིད་ཐམས་ཅད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤར་བ་ཡིན་ནོ། །འཛབ་ཅེས། ཛ་པ་ཞེས་པའི་ཟུར་ཆག་པ་ཡིན་ལ། བོད་སྐད་དུ་བཟླས་པ་ཞེས་བྱ་སྟེ། གོང་དུ་སྨོས་པ་ལྟར་བཟླས་པའི་ལུང་སྦྱིན་པ་ཡིན་པས་གསང་སྒྲོག་ཏུ་མི་འགྱུར་ཞིང་། འཛབ་དབྱངས་སུ་གྱེར་བ་འདི་ཡང་། བུང་བ་ཚང་ཚོལ་བ་ལྟ་བུའི་བཟླས་པ་ཞེས་དང་། རྡོ་རྗེ་སྲིན་པོའི་ངུར་སྒྲ་ཞེས་རང་ལུགས་ཀྱི་གཞུང་ནས་བཤད་པས་པཎ་གྲུབ་ཀྱི་དགོངས་པ་ཡང་ཡིན་ནོ། །སྔགས་དབང་ངག་ལ་བསྐུར་བ་ནི་རང་རྐང་གི་སྐབས་ཐོབ་ཡིན་ལ། གསང་དབང་ལ་ཡང་། དབང་རིན་ཆེན་འཁོར་ལོ་ལས། དང་པོ་ཐབས་མཆོག་ཡབ་ལས་ཏེ། །གཉིས་པ་ཤེས་རབ་ཡུམ་ལས་སོ། །ཞེས་པས་བླ་མ་ནི་སློབ་དཔོན་གྱི་རིག་མ་ཡིན་ལ། སློབ་མ་ནི་བུམ་དབང་སྔོན་དུ་སོང་བ། དབང་གོང་མ་ལ་མོས་པ། གཙང་རྨེའི་རྟོག་པ་ཆུང་བའོ། །དཀྱིལ་འཁོར་ནི་རིག་མ་དེའི་བྷ་ག་སྟེ། དབང་རིན་འཁོར་ལས། དཀྱིལ་འཁོར་ལུས་སུ་གསུང་པ་སྟེ། །དེ་ནི་བྷ་གར་བསྟན་པའོ། །ཞེས་པའོ། །བསྐུར་བའི་གནས་ནི་སློབ་མའི་ལྕེ་ལ་སྟེ། འདུས་པ་ལས། རྡོ་རྗེའི་ལམ་ནས་བྱུང་ནས་ནི། །སློབ་མའི་ཁར་ནི་དབབ་པར་བྱ། །འདི་ནི་གསང་སྔགས་དེ་ཀུན་གྱི། །དབང་བསྐུར་བ་ཡི་གོ་འཕངས་མཆོག །ཅེས་སོ། །སྒྲིབ་པ་ངག་གི་འདག་པ་སྟེ། །རིན་འཁོར་ལས། ངག་གི་སྒྲིབ་པ་དེས་སྦྱངས་ནས། །ཞེས་སོ། །ནུས་པ་ནི། ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟོང་པའི་ངང་དུ་རོ་གཅིག་པ་སྟེ། ཤེས་རབ་ཐབས་ཀྱི་ང་རྒྱལ་བྱེད། །ཆོས་ཀུན་རོ་གཅིག་ཤེས་རབ་འགྱུར། །སངས་རྒྱས་ས་ནི་མངོན་སུམ་ཐོབ། །ཅེས་སོ། །འབྲས་བུ་ནི་ཤེས་རབ་དྲི་མ་མེད་པ་ལ་སོགས་ལ་ཐོབ་པ་ཡིན་ཏེ། ཤེས་རབ་དྲི་མེད་འབྲས་བུར་བཤད། །རྒྱུ་མཐུན་ཁུ་བའི་ངོ་བོ་ཡིན། །ཞེས་དབང་རིན་ཆེན་འཁོར་ལོ་ནས་གསུངས་སོ། །དེ་ལྟར་གསང་དབང་གི་དགོས་པ་ནི། དེ་རྣམས་ཡིན་གྱི། སྔགས་བཟླ་བ་ཁོ་ན་ལ་གསང་དབང་ངེས་པར་བསྐུར་དགོས་པ་མ་ཡིན། དེ་དག་གིས་ནི་སྒྲུབ་ཆེན་གྱི་ལག་ལེན་མ་འཁྲུལ་པའི་ཚུལ་རྒྱས་པར་བསྟན་པ་ཡིན་ནོ། །ཨུ་རྒྱན་གྱི་ཐུགས་སྔགས་སུ་རྒྱ་སྐད་བོད་སྐད་འདྲེས་པ་ལ་ཡང་སྐྱོན་མ་མཆིས་ཏེ། འདི་དག་སང་ཀྲི་ཏའི་སྐད་མ་ཤེས་པས་བོད་སྐད་དུ་བཞག་པ་མ་ཡིན། ནུས་པ་མྱུར་དུ་འབྱུང་བའི་ཕྱིར་སྡེབས་པ་ཡིན་ཏེ། ཇོ་བོ་ཆེན་པོ་རྗེའི་རྟ་མགྲིན་གྱི་སྔགས་ཀྱང་གཞན་རྣམས་ལེགས་སྦྱར་དུ་ཡོད་པ་ལ། རྒྱལ་འགོང་རྒྱལ་ཚེ་ལ་ཤ་ལ་ངོམ། རོ་ལ་ཁྲག་འཐུང་། ཞེས་བོད་སྐད་སོར་བཞག་མང་པོ་དང་། གཞན་ཡང་སྔགས་གསར་མར། རྡོ་རྗེ་ལྕེ་དབབ་པའི་རྒྱུད་ལས། ས་གདོན་ནག་པོ་སོད་སོད། ཕྱུག་རྩི་ཕཊ། ཅེས་སོགས་མང་པོ་དང་། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས། མ་ར་ན་མྱོས་བྱིངས་ཐུམས་རིལ་ཛ། །ཞེས་སོགས་མང་པོ་དང་། ཕྱག་རྡོར་གསང་བ་མངོན་བསྟན་གྱི་རྒྱུད་ལས། མ་ར་ཡ་རཀྟ་རྔུབས་རྔུབས། མ་ར་ཡ་ཀེམ་ཆོམས་ཆོམས། མ་ཧཱ་མ་ནུ་མ་ར་ཡ་གཏུབས་གཏུབས། སོགས་དང་། ཧ་ཀྲི་ཁུག་ཧ་ཀྲི་ཁུག །ཚལ་པ་ཚལ་པ། རྦད་ལིང་རྦད་ལིང་། སྲོག་ཚིག་ནན་རྦད། ལུས་དུལ་མ་ར་ཡ་རྦད། ཅེས་སོགས་མང་པོ་དང་། གཏུམ་པོ་རྒྱུད་ཕྱི་མར། རམ་ནཱ་ག་ཤིག །ནཱ་ག་བཟློག །ནཱ་ག་བྱེར། ཞེས་སོགས་དང་། ཚུབ་ཚུབ་ཏུ་ཤ་རྦུད། སརྦ་ཙིཏྟ་གཟེར་ཐུམས། ངག་གྲམ་ཏི་ཏིག་ཏིག་གྲ་ཐ་བྲག་ཤིག །དང་། ཨཱོཾ་ཉི་མ་ས་ལ་ནན། གུ་ནི་ཞི། ར་ཙ་ཙིཏྟ་རྦད་ནན་ཧུར་ཐུམས་ཛཿདང་། གཏུམ་པོ་རྒྱུད་ཕྱི་མའི་ཕྱི་མར། ཁ་རག་ནག་པོ་ཁྲག་མ་ར་ཡ་ནྲྀ་མ་ར་ཛ་ཁུག །ཅེས་སོགས་མང་པོ་དང་། མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད་ཀྱི་ལྷ་མོའི་སྔགས་ལ། རག་མོ་ཙིཏྟ་ཁ་རག་མ་ཧཱུྃ་བྷྱོ། ཞེས་པ་ནས། ཚལ་པ་ཚལ་པ་ནི་ཤ་ཀུ་རུ་ས་མ་ཡ་གཏུབས་གཏུབས་ཛཿ ཞེས་སོགས་མང་པོ་དང་། ཕྱག་ན་རྡོ་རྗེ་ཨུ་ཙརྱའི་སྔགས་ལ་ཡང་། པུ་པུ་དན་དུ་ནག་པོ་བམ་ཙི་ཙི་རྒྱས་དྲག་ཐུར་སྙིང་ལ་ཐུར་ཉམས་རྩ་བཞི་སྐུམས་ཤན་ཤན་སྲོག་ལ་ཤན་སོགས་མང་པོ་དང་། དཔལ་ས་སྐྱ་པའི་བསྟན་བསྲུང་པུ་ཏྲ་མིང་སྲིང་གི་སྔགས་ལ་ཡང་ཡང་། ཨ་ལི་ཨ་ལི་མ། ཛ་ཛ་ཤམ་ཤམ། ལི་ཤིག་སྟེ་རྨུགས་རྨུགས་སྤུ་གྲི་ཨ་ལི་མ། ཞེས་སོགས་མང་པོ་སྣང་ངོ་། །འདི་དག་ལས་ཁ་ཅིག་ནི་མ་འོངས་པའི་དུས་སུ་སྔགས་ཀྱི་ནུས་པ་མི་འབྱུང་བས། སྔགས་འགྲོ་བ་གཞན་གྱི་སྐད་དུ་བསྒྱུར་ནས་བཟླས་ན་ནུས་པ་འབྱུང་བ་ལ་དགོངས་ནས་རྡོ་རྗེ་འཆང་ཉིད་ཀྱིས་གསུངས་པ་ཡང་ཡོད་ལ། ཁ་ཅིག་ནི་བསྡུས་པོ་རྣམས་ཀྱིས་དེ་ལྟར་བསྡུས་ཤིང་། འགའ་ཞིག་ནི་ལོ་པཎ་གྲུབ་པ་བརྙེས་པ་རྣམས་ཀྱི་མ་འོངས་པ་ལ་ཕན་པར་དགོངས་ནས་དེ་ལྟར་དུ་བསྒྱུར་བ་ཡང་ཡོད་དེ། པུ་ཏྲའི་སྔགས་འདི་ལོ་ཆེན་རིན་བཟང་བོན་པོ་དང་འགྲས་པའི་དུས་སུ་པུ་ཏྲ་འགྲོ་མ་འདོད་པ་ལ་སྔགས་ཞང་ཞུང་གི་སྐད་དུ་བསྒྱུར་བས་ནུས་པ་ཐོན་ཞེས་པ་ལོ་རྒྱུས་སུ་འབྱུང་ཞིང་། སློབ་དཔོན་པདྨས་གཏེར་དུ་སྦས་པ་རྒྱ་སྟོན་པདྨ་དབང་ཕྱུག་གི་ཕྱུང་བ་ལ་ཡང་དེ་ལྟར་ཡོད་པ་ཡིན་ནོ། །གཞན་ཡང་རྙིང་མའི་རྒྱུད་རྣམས་ན། འ་དང་ཅ་ཆ་ཇ་ཞ་ས་སོགས་རྒྱ་གར་ལ་མ་གྲགས་པ་ཡོད་དེ། དེ་དག་ཀྱང་འགྲོ་བ་མཐའ་ཡས་པའི་སྐད་དུ་གསུངས་པའི་དོན་ཡིན་པས་ན་ཡི་གེ་དེ་དག་མཁའ་འགྲོ་མ་དང་འགྲོ་བ་གཞན་གྱི་སྐད་ལ་ཡོད་དོ། །ཡང་དེ་བཞིན་གཤེགས་པའི་གསུང་གཅིག་ལ་སོ་སོའི་སྐད་དང་དབང་པོ་དང་བསམ་པ་ཇི་ལྟ་བ་བཞིན་དུ་སོ་སོར་གོ་བ་ཡིན་ཏེ། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། རྒྱལ་བའི་གསུང་དབྱངས་གཅིག་ལ་མཐའ་ཡས་པའི། །ཆོས་ཀྱི་སྒོ་མོ་སྣ་ཚོགས་ཀུན་ཀྱང་འབྱུང་། །ཞེས་པ་དང་། ཡང་། འཇིག་རྟེན་ཀུན་གྱི་མོས་པ་སྣ་ཚོགས་དང་། །བསམ་པ་ཇི་བཞིན་སྦྱོར་བ་རྣམ་དཔྱོད་པ། །དེ་དག་ཇི་བཞིན་རྒྱལ་བའི་ཆོས་སྟོན་ཏེ། །རང་བྱུང་མོས་པ་མཁྱེན་པའི་སྟོབས་སྟོན་ཏོ། །ཞེས་པ་དང་། ཡང་། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པ། །ཐམས་ཅད་སྐད་དུ་བདག་གི་ཆོས་བསྟན་ཏོ། །ཞེས་པ་དང་། བདེ་མཆོག་སྡོམ་འབྱུང་ལ་སོགས་པ་ནི་ཀླ་ཀློའི་སྐད་དུ་གསུང་པ་ལ་སོགས་པ་མཐའ་ཡས་ཤིང་། དྲི་མེད་འོད་ལས། འདིར་མ་འོངས་པའི་དུས་ན་བྱིས་པའི་སྐྱེ་བོ་མིང་ཚིག་ཡི་གེ་ལ་བརྟེན་པ་དེ་དག་གིས་རྒྱུད་ཐམས་ཅད་དུ་འདི་སྐད་བདག་གི་ཞེས་སོགས་སངས་རྒྱས་ཀྱི་བཞུགས་གནས་ངེས་པར་བསྟན་པར་དེ་བཞིན་གཤེགས་པས་གསུངས་པར་གང་བརྗོད་པ་དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཆོས་སྟོན་པ་པོའི་སངས་རྒྱས་དོན་ལ་བརྟོན་པ་ཉིད་ཀྱི་ཕྱིར་དང་། སྡུད་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་ཡུལ་སྣ་ཚོགས་ཀྱི་སྐད་ཀྱིས་ཡང་དག་པར་འབྱེད་པའི་ཕྱིར་རོ། །ཞེས་པས། སྟོན་པ་སངས་རྒྱས་ཀྱིས་འགྲོ་བ་མཐའ་ཡས་པའི་སྐད་དུ་གསུངས་པ། སྡུད་པ་པོ་རྣམས་ཀྱིས་ཀྱང་ཡུལ་སོ་སོའི་སྐད་ཀྱིས་བསྡུས་པར་གསུངས་ཤིང་། ཡང་དེ་ཉིད་ལས། རེ་ཞིག་ཡུལ་གྱི་ཁྱད་པར་གཞན་ལྟ་ཞོག་གི། དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པ། འཕགས་ཡུལ་འདིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན། སྡུད་པར་བྱེད་པ་པོ་དག་གི་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ། དེ་བཞིན་གཤེགས་པའི་ངེས་པའི་སྡེ་སྣོད་གསུམ་མ་ག་ཏའི་སྐད་ཀྱིས་སོ། །མདོ་སྡེ་ནི་སིན་དྷུའི་སྐད་ཀྱིས་སོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་དང་སྔགས་ཀྱི་ཚུལ་ནི་ལེགས་སྦྱར་གྱི་སྐད་ཀྱིས་སོ། །རྒྱུད་དང་རྒྱུད་གཞན་ནི་ལེགས་སྦྱར་དང་ཐ་མལ་པའི་སྐད་དང་། ཟུར་ཆག་དང་། ལེགས་སྦྱར་མ་ཡིན་པ་རི་ཁྲོད་པ་ལ་སོགས་པ་ཀ་ཀློའི་སྐད་དེ། དེ་ལྟ་བུ་ལ་སོགས་པ་ཐམས་ཅད་མཁྱེན་པས་བསྟན་པའི་ཆོས་རྣམས་སྡུད་པར་བྱེད་པ་པོས་བྲིས་སོ། །དེ་བཞིན་དུ་ཐེག་པ་གསུམ་བོད་ཀྱི་ཡུལ་དུ་བོད་ཀྱི་སྐད་ཀྱིས་བྲིས་ཏེ། རྒྱ་ནག་ཏུ་རྒྱ་ནག་གི་སྐད་ཀྱིས་སོ། །དེ་བཞིན་དུ་རྒྱ་ནག་ཆེན་པོ། ས་ར་སི་ཀ །ཙམ་པ་ཀ །སྤྲེའུའི་ཡུལ། གསེར་ཞེས་བྱ་བ། རུག་མ་སུ་རམ་མའི་སྐད་ཀྱིས་སོ། །དེ་ལྟར་གྲོང་བྱེ་བའི་བདག་ཉིད་ཡུལ་དགུ་བཅུ་རྩ་དྲུག་རྣམས་སུ་དགུ་བཅུ་རྩ་དྲུག་གི་སྐད་ཀྱིས་སོ། །དེ་བཞིན་དུ་བུམ་བུ་བཅུ་གཉིས་དང་། མཐོ་རིས་དང་། མིའི་ཡུལ་དང་ས་འོག་རྣམས་སུ་སེམས་ཅན་སྣ་ཚོགས་ཀྱི་སྐད་ཀྱིས་སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་བྲིས་ཏེ། ཉན་ཐོས་རྣམས་ཀྱི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་རྣམས་ཀྱི་རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང་སེམས་རྣམས་ཀྱི་ཐེག་པ་ཆེན་པོ་ཕར་ཕྱིན་དང་། ཐེག་པ་ཆེན་པོ་གསང་སྔགས་རྒྱུ་དང་འབྲས་བུའི་བདག་ཉིད་དེ། སྡུད་པར་བྱེད་པ་པོ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་འདུལ་བར་བྱེད་པའི་དོན་དུའོ། །སྡུད་པར་བྱེད་པ་པོ་སྣ་ཚོགས་ཀྱི་ཡུལ་སྣ་ཚོགས་ཀྱི་སྐད་ཀྱི་བྲིས་པའི་ལུང་དང་རིགས་པ་འདིས་རྣམ་པར་དཔྱད་པས་ན། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། ཐམས་ཅད་མཁྱེན་པའི་སྐད་ཀྱིས་ཆོས་སྟོན་པ་པོ་ཡིན་གྱི། ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་གཞན་ནི་མ་ཡིན་ནོ། །ཅི་སྟེ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་ཀྱི་ནང་ན་ཡོན་ཏན་འདི་དག་རྫོགས་པ་འགའ་ཞིག་ཡོད་ན། དེ་ཡང་བདག་ཅག་གིས་རྣམ་པ་ཐམས་ཅད་དུ་ཕྱག་བྱ་བ་དང་། མཆོད་པ་དང་། བཀུར་སྟིར་བྱ་བ་ཡིན་ནོ། །ཞེས་གསུངས་པ་ན། མདོ་རྒྱུད་རྣམས་ཀྱི་ཚིགས་དང་། སྔགས་ཀྱི་སྒྲ་རྣམས་སང་ཀྲི་སྐད་ཁོ་ནར་ངེས་པ་མ་ཡིན་པའི་ཚུལ་གསལ་བར་བསྟན་ཟིན་ཏོ། །རྩལ་རྩལ་མང་པོ་སྔགས་དང་གསང་མཚན་ལ་ཡོད་པས་རྙིང་མ་བོན་དང་འདྲེས་པ་ཡང་མི་འགྲུབ་སྟེ། ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གི་ཆ་འདྲ་བ་ཙམ་རེ། བོན་བརྒྱད་ཁྲི་བཞི་སྟོང་ལ་ཡང་ཡོད་པས། མཐར་ཐུག་གི་སྐྱེལ་སོ་མི་གཅིག་ཀྱང་། གནས་སྐབས་སུ་འདྲ་བ་མང་པོ་སྣང་བས་མ་ངེས་པ་ཡིན་ནོ། །སྔགས་སྒྲ་རྒྱ་མིན་བོད་མིན་བཀླག །ཅེས་འབྱུང་བ་ཡང་། རྒྱ་སྐད་མ་དག་པར་འདོན་པ་རྣམས་ལ་གསུངས་པ་ཡིན་ལ། ཐོད་ཕྲེང་རྩལ་ཞེས་བོད་སྐད་སོར་བཞག་རྒྱ་མིན་བོད་མིན་དུ་མི་འགྲུབ་བོ། ༈ །ཡང་རྒྱུད་དེ་དག་གི་དོན་ཡིན་པ་ལྟར་བཅོས་པའི་གདམས་པ་རྣམས་ཀྱི་གཞི་བཤད་པའི་སྐབས་ན། གསར་མ་ལུགས་ནི་ཀླུ་སྒྲུབ་དཔའ་བོ་ལ་སོགས་འཕགས་ཡུལ་གྱི་མཁས་གྲུབ་ཕལ་མོ་ཆེ་དང་། ཁྱད་པར་ཆོས་ཀྱི་གྲགས་པའི་བཞེད་པས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །ངོ་བོ་མ་སྒྲིབས་ལུང་མ་བསྟན། །ཅེས་པ་ལྟར་མེ་ལོང་རང་གི་ངོ་བོའི་དུས་ན་གཟུགས་བརྙན་གྱི་སྟོང་པ་བཞིན་དུ། ཀུན་གཞི་རང་གི་ངོ་བོའི་དུས་ན་ཚོགས་བདུན་སེམས་བྱུང་དང་བཅས་པས་སྟོང་པ། གཟུགས་བརྙན་ཅིར་ཡང་སྣང་རུང་གི་གསལ་བ་མི་འདོར་བ་བཞིན་དུ། འཁོར་འདས་ལམ་གསུམ་གྱི་བག་ཆགས་འཇོག་རུང་གི་ནུས་པ་མི་འདོར་བ། ཡུལ་རྐྱེན་དང་མ་ཕྲད་པའི་མེ་ལོང་རང་གི་དུས་ན་ལུང་མ་བསྟན་གྱི་གསལ་བ་ཡིན་པ་བཞིན། ཀུན་གཞི་འཁྲུལ་གྲོལ་འདུ་བྱེད་མ་གཡོས་པའི་དུས་ན་འཁོར་འདས་ཀྱི་ཕྱོགས་སུ་མ་ལྷུང་བའི་ལུང་མ་བསྟན་དུ་བཞེད་པ་ལ། ཁྱེད་རྣམས་ཀྱི་ལུགས་ལ་གཞི་ཀ་དག་དང་ཡེ་གྲོལ་དུ་འདོད་ཟེར་བ། ཁྱེད་རང་གི་ལུགས་ལ་ཀ་དག་དང་ཀུན་གཞི་གཅིག་གམ་ཐ་དད། གཅིག་ན་ཀུན་གཞི་འཁོར་འདས་གཉིས་ཀྱི་སྤྱི་གཞི་ཡིན་པའི་དོན་གྱི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡོད་ལ། དེ་མ་རིག་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཀ་ནས་དག་པ་དང་ཡེ་གྲོལ་གྱི་དོན་མ་ཚང་། ཀུན་གཞི་དང་ཀ་དག་གཉིས་མི་གཅིག་ཐ་དད་ན། ཀ་དག་དང་ཀུན་གཞི་ཐོག་མར་གང་སྔ། ཀ་དག་སྔ་ན། དང་པོ་ཀ་དག་ལ་རྗེས་ཞི་གནས་ཀུན་གཞིའི་གནས་ལུགས་སུ་བྱུང་བ་ནི་ལུང་རིག་གི་ངོས་ནས་ཀྱང་མི་འཐད་དེ། ཀུན་གཞི་ནི་འཁོར་འདས་ཀྱི་ཕྱོགས་སུ་མ་ལྷུང་བའི་གདོད་མའི་གནས་ལུགས་ཡིན་ལ། དེའི་གོང་མ་གང་ཡོད་མེད་པས་སོ། །ཀུན་གཞི་སྔ་ན་ཀ་དག་དང་ཡེ་གྲོལ་དུ་མི་འགྱུར་བས། དེ་བས་ན་ཀ་དག་ཅེས་པ་ནི་བོན་གྱི་གཞུང་ན། དང་པོ་ཡེ་མེད་དུ་འདོད་པ་ཀ་དག་དང་། དེ་ལས་ཡེ་ཡོད་ཅུང་ཟད་སྲིད་པ་ལ་མ་རྟོགས་པ་འཁོར་བའི་འཁྲུལ་གཞི་ཞེས་མིང་འདོགས་བསྒྱུར་བ་ཡིན་མོད། ཅེས་གསུངས་པ་ལ། ཀུན་གཞི་ཞེས་པའི་ངོ་བོ་ནི། འདུས་མ་བྱས་བརྗོད་དུ་མེད་པའི་རང་བྱུང་ཕྱོགས་གང་དུ་ཡང་མ་ལྷུང་བ་ཡིན་ལ། དེ་ལ་གཞི་ཀ་དག་དང་ཡེ་གྲོལ་ཅེས་པ་རྒྱལ་བ་ཀུན་ཏུ་བཟང་པོ་གཞི་དེ་ཉིད་ཀྱི་ཐོག་ཏུ་རང་གྲོལ་བ་ལ་ཟེར་བ་ཡིན་གྱི། ཀུན་གཞི་ཉིད་ཀ་དག་དང་ཡེ་གྲོལ་དུ་འདོད་པ་མ་ཡིན་ནོ། །དེའི་ཕྱིར་ཀ་ནས་དག་པ་ཞེས་བྱ་བ་གདོད་མ་ནས་འཁྲུལ་མ་མྱོང་བའི་དག་པ་དེ་ལ་ཟེར་ལ། ཀུན་ཏུ་བཟང་པོ་ཞེས་པའི་སྒྲ་དོན་ནི་དུས་ཀུན་ཏུ་འཁྲུལ་པས་ནམ་ཡང་གོས་མ་མྱོང་བ་དེའི་ཕྱིར་བཟང་པོ་ཞེས་བྱ་བ། འདིའི་ལུགས་ལ་འཆད་པ་ཡིན་ཞིང་ཡེ་གྲོལ་ཞེས་པ་ཡང་དེ་དང་དོན་གཅིག་པ་ཡིན་པས་ན་གཞན་དུ་མི་བསམ་མོ། །དེའི་ཕྱིར་འདིར་གཞི་ཀ་དག་དང་ཡེ་གྲོལ་ཞེས་གསུངས་པ་གྲོལ་གཞི་ལ་ངོས་འཛིན་པ་ཡིན་གྱི་ཀུན་གཞི་ལ་འདོད་པ་མ་ཡིན་ནོ། །འདིར་ཀུན་གཞི་སེམས་ཡིན་ལ། གྲོལ་གཞི་རིག་པ་ཡིན་པ་དེའི་ཕྱིར། ཀུན་གཞི་དང་ཀ་དག་གཉིས་གཅིག་དང་ཐ་དད་གང་ཡང་མ་ཡིན་ནོ། །དེ་ལྟར་ཡང་ལངྐར་གཤེགས་པ་ལས། བློ་གྲོས་ཆེན་པོ་འདི་ལྟ་སྟེ་དཔེར་ན། འཇིམ་པའི་རྡུལ་ཕྲ་རབ་དང་། འཇིམ་པའི་གོང་བུ་ནི་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པ་དང་ཇི་ལྟར་གསེར་དང་རྒྱན་བཞིན་ཏེ། བློ་གྲོས་ཆེན་པོ་ཅི་སྟེ་འཇིམ་པའི་གོང་བུ་འཇིམ་པའི་རྡུལ་ཕྲ་རབ་དང་ཐ་དད་པ་ཞིག་ཡིན་ན་ནི་དེ་དག་ལས་བརྩམས་པ་མ་ཡིན་པར་འགྱུར་ན། དེ་ནི་འཇིམ་པའི་རྡུལ་ཕྲ་རབ་དེ་དག་ལས་བརྩམས་པས་ན་དེའི་ཕྱིར་ཐ་དད་པ་མ་ཡིན་ནོ། །དེ་སྟེ་ཐ་དད་པ་མ་ཡིན་ན་ནི་འཇིམ་པའི་གོང་བུ་དང་རྡུལ་ཕྲ་རབ་ཏུ་བྱེ་བྲག་མེད་པར་འགྱུར་རོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀུན་གཞིའི་རྣམ་པར་ཤེས་པའི་རིགས་ཀྱི་མཚན་ཉིད་དང་གལ་ཏེ་ཐ་དད་པ་ཡིན་ན་ནི་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུ་ལས་འབྱུང་བར་མི་འགྱུར་རོ། །དེ་སྟེ་ཐ་དད་པ་མ་ཡིན་ན་ནི་འཇུག་པའི་རྣམ་པར་ཤེས་པ་འགག་ན་ཀུན་གཞིའི་རྣམ་པར་ཤེས་པ་ཡང་འགག་པར་འགྱུར་ན། དེ་ལྟར་བདག་གི་རིགས་ཀྱི་མཚན་ཉིད་འགག་པར་ཡང་མི་འགྱུར་ཏེ། དེའི་ཕྱིར་བློ་གྲོས་ཆེན་མོ་རྣམ་པར་ཤེས་པ་རྣམས་ཀྱི་རང་གི་རིགས་ཀྱི་མཚན་ཉིད་འགག་པར་མི་འགྱུར་གྱི་ལས་ཀྱི་མཚན་ཉིད་ནི་འགག་གོ། །ཞེས་ཁམས་ལས་བྱས་པའི་རྫས་བུམ་ལ་ཁམ་སའི་རིགས་ཡོད་ཀྱང་དེ་ཁམས་ཉིད་མ་ཡིན་ཏེ། གལ་ཏེ་ཡིན་ན་འདི་ནི་ཁམ་ས་འོ་འདི་ནི་བུམ་པའོ་ཞེས་ཕྱེད་པར་མི་འགྱུར་ལ། རྫ་བུམ་ལ་ཁམ་སའི་རིགས་མེད་ན་དེ་ལ་རིགས་གཞན་ཅི་ཡང་མེད་པ་དེ་དཔེར་མཛད་ལ། དེ་བཞིན་དུ་ཆབ་རམ་ཆུའི་རིགས་ཅན་ཡིན་ཀྱང་ཆུ་ཉིད་མ་ཡིན་ཏེ་ཆབ་རོམ་བཞུ་བ་ན་ཆུར་འགྱུར་བ་བཞིན་ནོ། །གཞན་ཡང་རྒྱུད་ལས། སེམས་དང་རིག་པ་རྣམ་པ་གཉིས། །གཅིག་དང་ཐ་དད་མ་ཡིན་ལ། །དབྱེ་ན་རབ་ཏུ་དཀའ་བའི་ཆོས། །ཞེས་གསུངས་ཏེ། ཀུན་ཏུ་བཟང་པོ་གཞི་ཐོག་ནས་གྲོལ་ཀྱང་གཞི་མ་ཡིན་པས་ཀུན་གཞི་ཕྱོགས་སུ་ལྷུང་བ་མེད་ཅིང་གང་དང་མ་འདྲེས་པ་སོ་སོ་རང་རིག་པའི་ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བཏགས་པའི་མ་རིགས་པ་གཉིས་ཀ་ལས་གྲོལ་བ་ཡིན་པས་ན་གཞི་ལས་གཞན་དུ་ཡང་མ་ཡིན་ལ། གཞི་ཉིད་ཀྱང་མ་ཡིན་ནོ། །དེའི་ཕྱིར། ཀུན་ཏུ་བཟང་པོ་ང་ཉིད་ཀྱང་། །རྒྱུ་རྐྱེན་མེད་པ་གཞི་ཡི་དོན། །དེ་ཉིད་གཞི་ལ་རང་བྱུང་རིག །ཕྱི་ནང་སྒྲོ་སྐུར་སྐྱོན་མ་བཏགས། །དྲན་མེད་མུན་པའི་དྲི་མ་གོས། །དེ་ཕྱིར་རང་སྣང་སྐྱོན་མ་གོས། །རང་རིག་སོ་ལ་གནས་པ་ལ། །སྲིད་གསུམ་འཇིགས་ཀྱང་སྔངས་སྐྲག་མེད། །རྟོགས་མེད་ཤེས་པ་རང་བྱུང་ལ། །གདོས་པའི་གཟུགས་དང་ཁ་དོག་མེད། །རིག་པ་གསལ་ཆ་མ་འགག་པ། །ངོ་བོ་གཅིག་ལ་ཡེ་ཤེས་ལྔ། །ཞེས་གསུངས་སོ། །ཀ་དག་དང་ཀུན་གཞི་ལ་སྔ་ཕྱི་མེད་དེ་ལྷན་ཅིག་སྐྱེས་པ་ཡིན་པས་ན་བྱ་དང་སྒོ་ང་ལྟ་བུ་སྟེ། བྱ་མེད་ན་སྒོ་ང་མི་འབྱུང་ཞིང་། སྒོ་ང་མེད་ན་བྱ་མི་འབྱུང་བས་ན་རང་བཞིན་གྱི་ལྷན་ཅིག་སྐྱེས་པ་ཡིན་ནོ། །ཞེས་འདོད་པ་ཡིན་ནོ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱ་ངན་འདས་པའི་གཞི་མའང་ཡིན། །ཞེས་གསུངས་པ་ལྟར། ཀུན་གཞི་དེ་ཉིད་རང་ཐོག་ཏུ་རིག་པ་ལ་ནི་ཡང་དག་པའི་སངས་རྒྱས་ཞེས་འདོད་ལ། མ་རིག་པར་འཁྲུལ་པའི་དབང་དུ་སོང་བ་ན་སེམས་ཅན་ཞེས་འདོད་པས་ན། བོན་གྱི་གཞུང་ལྟར་དང་པོ་མེ་མེད་སྟོང་པ་དེ་ལ་མིང་ཀ་དག་ཏུ་བཏགས་ནས་དེས་སླར་འཁྲུལ་སྣང་གི་འཁོར་བའི་གཞི་བྱེད་པ་ལྟར་དུ་འདོད་པ་མ་ལེགས་སོ། ༈ །ཡང་ཐོད་རྒལ་དང་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཞེས་ཟབ་ཟབ་མོ་ཞིག་ཡིན་པར་རློམ་སྟེ། ཉི་མའི་ཟེར་དང་། མིར་བརྩིར་བ་དང་། མིག་ལ་ཚོས་མ་བཀབ་པའི་མཐོང་སྣང་དང་། རྣ་བ་བཀག་པའི་སྒྲ་དང་། རྩ་ཆིངས་དང་། འབག་ཆས་ལ་སོགས་ངོ་སྤྲོད་ཅིག་ཡོད་འདུག་པ། དེ་དག་གི་སྐབས་ཞིག་ན་གསལ་བའི་རིག་པ་རྡོ་རྗེ་ལུ་གུ་བརྒྱུད་དུ་གྲགས་པ་དེ་ཆོས་ཉིད་ཀྱི་མངོན་སུམ་ཡིན་ནམ། ཉམས་སྣང་གི་མངོན་སུམ་ཡིན་ནམ། དབང་པོའི་མངོན་སུམ་ཡིན། ཆོས་ཉིད་ཀྱི་མངོན་སུམ་ཡིན་ན། ཆོས་ཉིད་ཀྱི་སྤྱོད་ཡུལ་ཡིན་ཕྱིར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ངང་གི་གསལ་བ་ལས་འདུ་བྱེད་ཀྱི་རྐྱེན་སྣ་ཚོགས་མི་དགོས་ལ། དབང་པོ་དང་དབང་ཤེས་ཀྱི་མཐོང་བྱའི་ཡུལ་མ་ཡིན། ཉམས་ཀྱི་མངོན་སུམ་ཡིན་ན། དུ་ཉམས་ནི་བསྒོམ་པ་ལ་ལྟོས་ཏེ་ལམ་རྟགས་ཀྱི་ངོར་གསལ་བ་ཞིག་ཡིན་ལ། འདི་ནི་དེ་ཡང་མ་ཡིན་ཏེ་མ་བསྒོམས་ཀྱང་རྐྱེན་སྣ་ཚོགས་དུས་ན་གསལ། དབང་པོའི་མངོན་སུམ་ཡིན་ན་ཆོས་ཉིད་མངོན་སུམ་ཞེས་མིང་བཏགས་སུ་མི་རུང་ལ། རུང་ནའང་དབང་པོའི་ཡུལ་དུ་དངོས་སྣང་བས་ཆོས་ཉིད་དེ་ནི་གད་མོའི་གནས། ཡང་རྐྱེན་ཚོགས་པ་ལས་བྱུང་བའི་ཁ་དོག་དེ་དག །རང་གི་སྙིང་ནང་ན་སེམས་ཉིད་འོད་ལྔའི་རྣམ་པར་བཞུགས་པའི་རྩལ་མདངས་ཕྱིར་ཤར་བའི་རྣམ་པ་མཐོང་བ་ཡིན། ཞེས་ཟེར་ནས་ཉི་ཟེར་སོགས་ལ་ལྟ་བར་བྱེད། སྙིང་ནང་ན་རང་ལ་ཡོད་པའི་རྩལ་ཡོད་ན་ཉི་ཟེར་སོགས་ལ་མ་ལྟོས་པར་རྩོལ་མེད་གསལ་དགོས་ཏེ་མི་གསལ། རྐྱེན་གྱི་བསྐུལ་དགོས་ཟེར་ན། དཔེར་ན་འཆར་གཞི་སྙིང་ནང་ན་འོད་ལྔའི་རྣམ་པར་ཅན་གྱི་སེམས་གཅིག་སྟེ། ཤར་བ་ཉི་ཟེར་གྱི་ངོག་ན་ལུ་གུ་བརྒྱུད་ཀྱི་རྣམ་པའི་སེམས་གཅིག །འཛིན་པའི་ལུ་གུ་བརྒྱུད་མིག་ཤེས་ཀྱི་ལྟ་བའི་སེམས་གཅིག་སྟེ་གསུམ་ཡོད་པར་འགྱུར་ལ། དེ་ལྟར་འདོད་ལ་ན་སངས་རྒྱས་པ་ལས་ལྐོག་ཏུ་གྱུར་པའི་གྲུབ་མཐའ་ཞིག་སྣང་ངོ་། །སྙིང་ནང་ན་སེམས་ཉིད་འོད་ལྔའི་རྣམ་པར་འཛིན་པ་འདི་དང་། རྟག་ལྟ་བ་བདག་ལྟ་བ་བཟང་བ་པོ་བྱེད་པ་པོ་རང་དབང་ཅན་གྱི་སེམས་ཞིག་རྣམ་པ་སྙིང་ནང་ན་འོད་ཆེ་སྟེ་སྒོ་ང་ཙམ། ཆུང་སྟེ་ཡུངས་འབྲུ་ཙམ་ཞིག་ཡོད་པར་འཛིན་པ་ནི་ཁྱད་པར་ཅུང་ཟད་ཀྱང་མ་མཆིས། ཁྱད་ཡོད་ན་དེའི་སྒྲུབ་བྱེད་རྣམ་དག་ཀྱང་སྨྲ་བར་མཛོད་ཅིག །ཡང་འོད་དེ་སྙིང་ནང་ན་ཡོད་ངེས་ཡིན་ན་ཡང་རྩལ་ཕྱིར་མཐོང་བའི་ངེས་པ་མེད་དོ། །འོད་དེའི་རྟེན་གྱི་སྙིང་དང་ནང་ཁྲོལ་དངོས་སུ་ཡོད་ངེས་ཡིན་ཀྱང་དེ་དག་ལས་འདི་ཡིན་དངོས་སུ་མཐོང་བ་མེད་དོ། །མཐོང་བའི་ཟེར་ཐག་སོགས་དེ་དག་མངོན་སུམ་ལྟ་བ་ན་སེམས་འཛིན་གྱི་རྟེན་དུ་བྱས་ཏེ་མཉམ་བཞག་གི་ལྟ་བ་སྐྱོང་རྒྱུ་ཡིན་ན་སྐྱོན་ཆེར་མེད་དོ། །དེ་བས་ཀྱང་ཡུལ་རྐྱེན་ཅིར་སྣང་གི་སྟེང་དུ་སྐྱོང་བ་ཆེས་གནད་ཟབ་ལ། ཟེར་དེ་མཐོང་བ་དང་ངན་སྐུག་གི་ཕུང་པོ་མཐོང་བ་གཉིས་མཉམ་བཞག་གི་ལྟ་བ་སྐྱོང་ཚུལ་ཤེས་ན་གྲོལ་བ་དང་། མ་ཤེས་ན་འཆིང་བས་རྒྱུར་མཚུངས་སོ། །དེས་ན་ལྷུན་གྲུབ་མངོན་སུམ་གྱི་སྣང་བ་ལ་ཟབ་གནད་ཅི་མཆིས་ཞེས་དྲི་ན་འདི་ལ་རྣམ་དག་གི་གཏན་ཚིག་ཅི་སྨྲ། ཡང་ཐིག་ལེ་ཐིག་བྲན་གྱི་སྣང་བ་འདི་དག་ལོངས་སྐུའི་ཞིང་ཁམས་ཡིན་པས་ཞིང་ཁམས་མཐོང་བའོ་ཞེས་ཁྱེད་ཀྱི་གཞུང་ལུགས་ན་བཤད་འདུག་པ། ཞིང་ཁམས་མི་ཟད་པ་ཡིན་ནམ་མ་ཡིན། མ་ཡིན་ན་ཞིང་ཁམས་བཤད་པ་དོན་མེད་པར་འགྱུར་ལ། ཡིན་པར་ནི་རྒྱུ་མཚན་གཉིས་ཀྱི་མི་འཐད་དེ། ལོངས་སྐུའི་ཞིང་ཁམས་ལྟ་བ་ལ་དབང་བས་གང་ཟག་དེ་ས་དྲུག་གི་རྟོགས་པ་ཡོད་པ་ཅིག་དགོས་པར་གསུངས་ལ། ཁྱེད་ཀྱི་ཞིང་ཁམས་དེ་མཐོང་བ་ལ་ནི་དང་པོའི་བདེན་པ་མཐོང་བ་ཙམ་ཡང་མི་དགོས་ཏེ། གང་ཟག་སོ་སྐྱེ་ཞིག་ལ་བསྟན་པས་དེ་མ་ཐག་དེས་མཐོང་བའི་ཕྱིར་ཞིང་ཁམས་མཐོང་བའི་གང་ཟག་མ་དག །ལོངས་སྐུའི་ཞིང་ཁམས་མཚན་ཉིད་པ་ཡིན་ན་རྒྱུད་ཚོད་མཐོར་སོང་བ་བཞིན་ཞིང་ཁམས་རྒྱ་ཆེར་མཐོང་བས་མཐར་རབ་བཀྲམ་ཆེན་པོ་གཅིག་དང་གྲངས་མེད་སོགས་མཐོང་བར་བཤད་པ་ལ། ཁྱེད་རྒྱུད་མཐོ་ཤེས་སུ་བྱེད་པའི་ཆོས་ཉིད་ཟད་པར་ཞིང་ཁམས་ཀྱི་སྣང་བ་བ་ཐག་བསྡུས་པ་ལྟར་བསྡུས་པའི་མཐར་མི་མཐོང་བར་བཤད་པས། དེས་ན་ལམ་གྱི་མཐོང་སྣང་ཡིན་གྱི་ཞིང་ཁམས་མ་ཡིན་པས་ཞིང་ཁམས་རང་གི་ངོ་མ་དག་པས། ཞེས་ལུང་རིགས་ཀྱི་དངོས་སུ་གསལ་ན་འདི་ལ་ཅི་སྟེ། ཡང་ངེད་ཀྱི་ཆོས་ཉིད་མངོན་སུམ་དང་གཞན་ནས་བཤད་པའི་དུ་སོགས་ཀྱི་རྟགས་མཚུངས་ཏེ་སྐྱོན་མེད་དོ་སྙམ་ན། དུ་སོགས་མཉམ་བཞག་གི་བརྟན་པའི་ཉམས་སྣང་ལ་མིག་མདངས་བཙུམས་མེད་པ། ཉིན་མཚན་མེད་པ། རྐྱེན་འཛོམ་མ་འཛོམ་མེད་པ་དང་། རིག་པ་ལུ་གུ་བརྒྱུད་མིག་བཙུམས་ན་མི་གསལ། ཉི་མ་མེད་ན་མི་གསལ། ཡུལ་རྐྱེན་སྣ་ཚོགས་མེད་ན་མི་གསལ་བ་དང་། དེ་དག་གང་ནས་ཀྱང་མི་མཚུངས་ཤིང་། མཚུངས་ཀྱང་དུ་སོགས་ཀྱི་རྟགས་མེད་ནས་དུ་བ་འདྲེན་པ་ལྟ་བུའི་ལམ་རྟགས་ཀྱི་རྣམ་པ་ཙམ་ལས། དེ་ལ་ཏིང་ངེ་འཛིན་མཆོག་ཏུ་ཡང་མི་འཛིན། ཉམས་ཀྱི་ཤུན་པ་ཡིན་པས་དོར་ནས་གྲོལ་བར་ཐོབ་པར་བཞེད་པ་དང་། ཆོས་ཉིད་མངོན་སུམ་དག་པའི་ཞིང་ཁམས་ཡིན་པའི་མཐོང་བས་གྲོལ་བར་འདོད་ལ་ཏིང་ངེ་འཛིན་ནི་མཆོག་ཏུ་འཛིན་པ་གཉིས་སྐྱིལ་པོ་མི་མཚུངས་སོ། །དེས་ན་འདི་དག་གི་བོན་ཆོས་རྣམས་ན་འོད་གསལ་ལྟ་བའི་གདམས་པ་མང་ཞིག་དང་། རང་ལུས་འོད་ལ་ཕར་ཞུགས་ན་ལྷག་མེད་གཡུང་དྲུང་གི་སྐུ་ཐོབ་ལ། འོད་རང་ལུས་ལ་ཚུར་ཞུགས་ནས་ལྷག་བཅས་གཡུང་དྲུང་དྲུག་གི་སྐུ་ཐོབ་པར་བཞེད་པའི་ལུང་སྣང་བ་ལ་ཁྱད་ཅུང་ཟད་ཀྱང་མ་མཆིས་སོ། །ཞེས་གླེང་ན་རྣམ་དག་གི་ཁྱད་པར་བྱེ་བ་སྨྲ་རྒྱུ་ཅི་ཡོད། ཅེས་གསུངས་ལ་བརྗོད་པར་བྱ་སྟེ། དཔེ་ལ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་སྟོང་ཉིད་སྙིང་རྗེས་ཡིན་ཏེ། དྲི་མེད་འོད་ལས། གང་ཞིག་ཕྱོགས་ཉམས་དེ་ནི་མ་ཉམས་པ་འགྱུར་རོ། །དེ་གང་ཞེ་ན་གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་སྨྲ་བ་པོ་སྟེ། འདིར་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང་། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་འཇུག་པའོ། །ཞེས་པ་ནི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པ། ཞེས་གསུངས་པའི་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་དེ་ཡང་། ཁང་སྟོང་མིའི་སྟོང་པ་ཉིད་ལྟ་བུ་ཉི་ཚེ་བའི་སྟོང་པ་ཉིད་དང་། ཅང་མེད་དུ་འདོད་པ་ཆད་ལྟའི་སྟོང་པ་ཉིད་དང་། བེམ་པོའི་སྟོང་པ་ཉིད་དང་། དངོས་མེད་ཀྱི་སྟོང་པ་ཉིད་དང་། རྒྱས་འདེབས་ཀྱི་སྟོང་པ་ཉིད། ལ་སོགས་པར་རྣམ་པར་དཔྱད་པ་ཐམས་ཅད་ལས་འདས་པ། བདེ་བར་གཤེགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཆེན་པོ་དེ་ནི་འོད་གསལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུགས་དེ་ཉིད་ཡིན་ཏེ། འཇམ་པའི་དབྱངས་ཀྱི་རང་གི་ལྟ་བས་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱོད་སྟོང་པ་རྣམས། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་པ་འགག་མེད་པ། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམས་རྣམ་དཔྱད་པ་མིན། །ཞེས་གསུངས་ཤིང་དེ་ལྟ་བུའི་འོད་གསལ་དེ་ཅི་ལྟ་བུ་ཞེ་ན། ཡེ་ཤེས་སྙིང་པོ་ལས། བཅོམ་ལྡན་འདས་འོད་གསལ་ཞེས་བགྱི་བ་ཇི་ལྟར་ལགས། གང་དུ་གནས་པ་ཡིན། བཅོམ་ལྡན་འདས་ཀྱི་བཀའ་རྩལ་པ། འོད་གསལ་ནི་ནམ་མཁའི་དབྱིངས་སུ་གནས་པའི་ཐིག་ལེ་སྟེ། དེས་ན་ཕྱག་རྒྱ་ཆེན་པོ་མཉེས་པར་འགྱུར་བ་ཡིན་ནོ། །ཞེས་པ་དང་། གསང་བ་འདུས་པའི་རིམ་ལྔ་ལས། རིགས་ལྔའི་སངས་རྒྱས་མ་ལྟོས་པའི། །ཕྱག་རྒྱ་ཆེན་པོ་རྟོག་པར་ནི། །འོད་ཟེར་ལྔར་ནི་འབྱུང་བ་དག །ནམ་མཁའི་འཇའ་ཚོན་དག་དང་མཚུངས། །ཤེས་པ་དང་། གྲོལ་བའི་ཐིག་ལེ་ལས། ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བཤད་དོ། །ཞེས་གསུངས་པའི་འོད་གསལ་དེ་ནི་མཚན་མ་ཅན་ལྟར་མཐོང་བ་དང་། རིག་པ་དྲུག་ཅུ་པར། གང་རྣམས་ཀྱི་བློ་རྟེན་དང་བྲལ། །ཡོད་དང་མེད་ལས་རྣམ་པར་འདས། །ཟབ་མོ་དམིགས་མེད་དེ་རྣམས་ཀྱི། །མཚན་མའི་དོན་ནི་རྣམ་པར་སྒོམ། །ཞེས་པ་དང་། ནཱ་རོ་པས། དེ་ཁོ་ན་ཉིད་ཀྱི་འབྲས་བུའི་སྔ་ལྟས་སུ་གྱུར་པའི་ཕྱིར་མཚན་མའོ། །ཞེས་བཤད་ལ། འོ་ན་དེ་རྣམས་དངོས་པོ་ཅི་ཞིག་ཡིན་སྙམ་ན། སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ་ཉིད། ཅེས་གསུངས་པའི་ཕྱིར་སེམས་ཀྱི་སྣང་བ་ཙམ་ཡིན་གྱི། དེ་ལས་གཞན་པའི་དངོས་པོའི་ཆོས་ནི་ཅི་ཡང་མ་ཡིན་ནོ། །སེམས་ཀྱང་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བས། མངོན་སུམ་ཉིད་ཡིན་ཞིང་། དེའི་སྣང་བ་ཙམ་ཡིན་པས། བག་ཆགས་ཀྱིས་བསྐྱེད་པས་རྣམ་པར་རྟོག་པའི་སྣང་བ་ཡང་མ་ཡིན་ལ། མིག་སྐྱོན་ཅན་གྱི་ཟླ་བ་གཉིས་སུ་སྣང་བ་སོགས་དབང་པོ་བསླད་པའི་ཤེས་པའི་སྣང་བ་ཡང་མ་ཡིན་ཞིང་། ཡིད་ཀྱི་ཤེས་པའི་བསླད་པ་སྣང་བ་ཡང་མ་ཡིན་དབང་པོ་ལྔའི་རྣམ་པར་ཤེས་པའི་སྣང་བ་ཡང་མ་ཡིན་ཏེ། དོན་གྱི་བཞག་པ་མ་ཡིན་པའི་ཕྱིར་རོ། །མ་བསླད་པའི་ཡིད་ཀྱི་ཤེས་པའི་སྣང་བ་ནི་ཡིན་ཏེ། སློབ་དཔོན་ཨརྱ་དེ་ཝ་ཡིད་ཀྱི་དབང་པོ་སྣང་བ་གསུམ་ལ་བཞེད་པས་སོ། །ཡང་སློབ་དཔོན་འགྲོ་བཟང་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་མན་ངག་གི་འགྲེལ་བར། འདི་ཅི་དངོས་པོ་ངོ་བོ་ཉིད་ཡིན་ནམ་འོ་ན་དེ་མ་ཡིན་ཞེ་ན། ཡི་གེ་མེད་ཅེས་བྱ་བ་སྨོས་ཏེ། དངོས་པོ་མེད་ཅེས་ངོ་བོ་ཉིད་ཀུན་གཞི་རྣམ་པར་ཤེས་པས་རང་བཞིན་མཁའ་ཁྱབ་པར་སྣང་ངོ་། །དེ་ལྟ་བུའི་མགོན་པོ་བསྒོམ་པ་ལས་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཞེས་གསུངས་པས། འདི་ནི་དོན་གྱི་ཀུན་གཞིའི་སྣང་བ་ཞེས་པ་དེ་ཡིན་གྱི། རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་པ་དེ་མ་ཡིན་ཏེ། རྗེ་འབྲི་གུང་བས་ཕྱག་ཆེན་རྩལ་དུ་བཏོན་ཏེ་བསྒོམ་པ ས་སྟོང་གཟུགས་མཐའ་ཡས་པ་ཤར་པ་ལ་ཀུན་གཞི་མཐོང་བ་ཡིན་ཞེས་བཞེད་པར་མཛོད། འདི་དག་འཁྲུལ་པའི་སྣང་བར་ཡང་གསུངས་པ་མེད་ཀྱི། མངོན་སུམ་གྱི་སྣང་བ་ཁོ་ན་ཡིན་གྱི། རྟག་ཙམ་ཞིག་ཀྱང་མ་ཡིན་གྱི། ཟུང་དུ་འཇུག་པ་ཞེས་རབ་ཏུ་བསྔགས་པ་དེའི་ངོ་བོ་ཉིད་དུ་གྱུར་ནས་རྒྱལ་བས་སྐུ་ཆེན་པོར་འགྱུར་བས་ན། ཀྱཻ་རྡོ་རྗེ་ལས། མཐོ་རིས་ས་སྟེང་ས་འོག་རྣམས། །སྐད་ཅིག་ལས་ནི་སྐུ་གཅིག་འགྱུར། །ཞེས་གསུངས་པ་ཡིན་ནོ། །སྔགས་ཀྱི་ཐེག་པ་ལས་གསར་བར་གསུངས་པའི་དོན་གྱི་གཙོ་བོ་ཡང་འདི་ཡིན་པས། དད་པ་དང་ཤེས་རབ་མེད་པའི་གང་ཟག་ལ་གཏམ་བྱ་བར་དཀའོ། །ད་ནི་མངོན་སུམ་ཞེས་པའི་དོན་བརྗོད་པར་བྱ་སྟེ། འདིར་ཚད་མ་དང་བྲལ་བའི་ལམ་དུ་ཞུགས་པས་ནི་གོལ་ཞིང་། བསླུ་བར་འགྱུར་བས་ན། ཚད་མ་གཏན་ལ་དབབ་པར་བྱ་བ་སྟེ། ཚད་མ་དེ་ཡང་མངོན་དང་རྗེས་སུ་དཔག་པ་གཉིས་སུ་ངེས་པར་སློབ་དཔོན་ཆོས་ཀྱི་གྲགས་པས་བཤད་དོ། །གསང་བའི་ཐེག་པ་འདིར་ཡང་ཚད་མ་གཉིས་ཁོ་ན་སྟེ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཀྱི་ལེའུར། ལྷ་ཡི་དམིགས་པ་མངོན་སུམ་དང་ནི་རྗེས་སུ་དཔག་པ་གཉིས་སུ་འགྱུར་བ་སྟེ། མངོན་སུམ་དག་ནི་དེ་ཉིད་སྦྱོར་བར་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པས་སྐུ། མངོན་སུམ་མེད་ན་རྗེས་སུ་དཔག་པ་ཤི་བས་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང་། དེ་ནས་རི་མོ་ལ་སོགས་ལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱི་བསྒོམ་པའི་དོན། ཞེས་གསུངས་སོ། །དེ་ལ་མངོན་སུམ་ཡང་ཐ་མལ་བའི་དབང་པོའི་མངོན་སུམ་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བར་གྱི་མངོན་སུམ་གྱིས་ནི་ཤེས་པ་མ་ཡིན་པའི། མངོན་སུམ་ཁྱད་པར་ཅན་དག་གི་དེ་ཁོ་ན་ཉིད་བསྒོམ་པའི་མངོན་སུམ་གྱི་གཏན་ལ་འབེབས་པ་ཡིན་ནོ། །དེ་ཡང་ཆོས་རྣམས་ལ་འཁྲུལ་པའི་ཤེས་པ་སྣ་ཚོགས་ཀྱི་བསླད་པའི་སྣང་བ་མ་ཡིན་པ། སེམས་ཅན་ནས་སངས་རྒྱས་ཀྱི་སའི་བར་དུ་རིགས་མི་འགྱུར་བར་གནས་པའི་ཁོ་ན་ཉིད་བཅས་བྱ་སྟེ། འཇམ་དཔལ་ཞལ་ལུང་ལས། ཆོས་རྣམས་གཟུགས་ལ་སོགས་པ་ནས། །ཀུན་མཁྱེན་བར་གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པ། །ཟབ་གསལ་གཉིས་མེད་ཡེ་ཤེས་ཏེ། །དེ་ནི་དངོས་མེད་སྒོམ་དངོས་མེད། །དངོས་པོ་ཐམས་ཅད་དང་བྲལ་ལ། །ཁམས་དང་སྐྱེ་མཆེད་ཀྱིས་མ་ཡིན། །རང་བཞིན་གྱི་ནི་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །མེད་པས་ཆོས་རྣམས་མཚན་ཉིད་སྤངས། །ཆོས་དང་ཆོས་ཉིད་ཡང་མེད་དེ། །དངོས་པོ་མེད་པ་མཁའ་དང་མཚུངས། །ཚིག་དང་ཡི་གེ་ཀུན་ལས་གྲོལ། །དེ་ནི་དུས་དང་ཕྱོགས་རྣམས་དང་། །ཆོས་རྣམས་ཀུན་གྱི་ངོ་བོར་སོང་། །ལུས་མ་ཡིན་ཏེ་ངག་དང་ནི། །ཡིད་ཀྱང་མ་ཡིན་འདོད་ཁམས་དང་། །གཟུགས་དང་གཟུགས་མེད་ཁམས་མ་ཡིན། །འབྱུང་ཆེན་བཞི་ཡང་མ་ཡིན་ཏེ། །དེ་བས་དེ་ཉིད་གང་ན་ཡང་། །མི་གནས་པས་ན་མཉམ་པ་ཉིད། །དེ་འདྲའི་རྡོ་རྗེ་འཆང་ཆེན་པོ། །ཆོས་རྣམས་ཀུན་གྱི་ཆོས་ཉིད་ཆོག །ཐབས་ཀྱི་སྒྲུབ་པར་བྱ་བའི་དངོས། །བརྟགས་པ་ཀུན་ལས་རབ་དབྱིན་པ། །ཕུན་སུམ་ཚོགས་རྒྱུད་དཔག་དཀའ་བ། །ཕྱག་རྒྱ་ཆེན་པོ་རབ་སྣང་བའི། །ཟེར་གྱི་རང་བཞིན་སྨིན་བྱེད་པ། །གཉིས་སུ་མེད་པའི་རང་བཞིན་མཆོག །རྡོ་རྗེ་འཛིན་པ་ཆེན་པོས་ཀྱང་། །བརྗོད་དུ་མེད་པའི་སྐུ་ཆེན་པོ། །ཞེས་པ་ལ་སོགས་པས་བསྟན་པ་ནི་ནང་གི་དེ་ཁོ་ན་ཉིད་ཀྱི་མཐོང་བའི་མངོན་སུམ་ཞེས་བྱ་སྟེ་ཞིང་། རྡོ་རྗེ་སྙིང་པོའི་འགྲེལ་པ་ལ། དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ་དང་། རང་རིག་པའི་མངོན་སུམ་སྟེ། སྟོན་པར་བྱེད་པ་དང་། འཇུག་པར་བྱེད་པ་དང་། ཐོབ་པར་བྱེད་པ་དང་། ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པས་ན་དེ་ལ་མངོན་སུམ་གྱི་ངོ་བོ་གང་ཡིན་ཞེ་ན། དེ་ཁོ་ན་ཉིད་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་བསྒོམ་པས་ཤ་ལ་སོགས་མིག་ལྔས་རྣམ་པ་ཐམས་ཅད་པའི་གཟུགས་ནམ་མཁའ་ལ་སྐར་མ་བཞིན་དུ་གསལ་བར་མཐོང་ཤེས་པ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་དེ་ལ་བྱ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུས་ཏེ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་ཤེས་པ་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ནི་མངོན་སུམ་ཞེས་བརྗོད་པར་བྱའོ། །ཞེས་གསུངས་སོ། །དེ་ལྟ་བུ་ཐབས་གང་གིས་མཐོང་ན། བདེ་མཆོག་རི་གི་ཨ་ར་ལིའི་རྒྱུད་ལས། དགོན་པ་དབེན་པའི་གནས་སུ་ནི། །གཉིས་གཉིས་ཐམས་ཅད་རྣམ་པར་སྤངས། །མིག་དག་སྟེང་དུ་བཟློག་ནས་ནི། །སྨིན་པའི་དབུས་སུ་སེམས་བྱས་ན། །མི་ཟད་མུན་པའི་གཟུགས་སུ་ནི། །སྒྲུབ་པོས་དངོས་པོར་མཐོང་བར་འགྱུར། །ཞེས་གསུངས་ནས། ཚུལ་ཇི་ལྟར་མཐོང་བ་ཡང་། དེ་ཉིད་ལས། དང་པོ་མུན་པ་མཐོང་བར་འགྱུར། །གཉིས་པ་དཀར་དང་དུ་མ་མཚུངས། །གསུམ་པ་མེ་ཁྱེར་རྣམ་པར་ལྟ། །བཞི་པ་ཡ་བས་མེ་ཏོག་བཞིན། །ལྔ་པ་སྤྲིན་མེད་ཡེ་ཤེས་ནི། །རང་བཞིན་ཡང་དག་རིག་པ་ཡང་། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱི། །རྩེ་གཅིག་སེམས་ཀྱི་རིག་པ་འགྱུར། །ཞེས་གསུངས་ཤིང་རྡོ་རྗེ་གུར་ལས། དང་པོ་སྤྲིན་དང་འདྲ་བར་སྣང་། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་འདྲ་བ་སྟེ། །བཞི་པ་མར་མེ་ཆེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་ནི། །སྤྲིན་པ་ནམ་མཁའ་ལྟ་བུའོ། །ཞེས་དང་། བདེ་མཆོག་མཁའ་འགྲོ་རྒྱལ་པོའི་རྒྱུད་དུ་གསུངས་ཤིང་། དཔལ་གསང་བ་འདུས་པ་ལས། དང་པོ་སྨིག་རྒྱུ་འདྲ་བ་སྟེ། །གཉིས་པ་དུ་བ་འདྲ་བ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་སྟེ། །བཞི་པ་མར་མེ་འབར་བ་ཉིད། །ལྔ་པ་སྤྲིན་མེད་ནམ་མཁའ་འདྲ། །ཞེས་དང་། སློབ་དཔོན་ཨརྱ་དེ་བས་སྤྱོད་བསྡུས་སུ། དང་པོ་སྨིག་རྒྱུ་ལྟ་བུ་ལ། འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི། སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི་སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི་སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བས་སྐད་ཅིག་ལ་འོད་གསལ་བ་སྟེ་ཤིན་ཏུ་གསལ་བ་རྟག་ཏུ་སྣང་བས་མཚན་ཉིད་ཅན། དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གི་མཐོང་ངོ་། །ཞེས་གསུངས་པའི་དང་པོ་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་བས་གསུངས་པ་དང་། རྫོགས་ཆེན་ནས་ཐོག་མར་དབྱིངས་རྣམ་པར་དག་པའི་སྒྲོན་མ་དར་མཐིང་ཁའི་མདོག་ལྟ་བུའམ་རྨ་བྱའི་མདོངས་ལྟ་བུ་འཆར་བར་གསུངས་པ་ཁྱད་པར་མེད་དོ། །དེ་ལས་གཞན་གསུངས་པ་རྣམས་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། ཉ་མིག་ལྟ་བུ་དང་། སྐྱ་ཁྱིལ་ཁྱིལ་བ་དང་། དེ་ལ་སོགས་འཆར་སྒོ་སྣ་ཚོགས་པ་དུ་མ་དང་། ཐིག་ལེར་གསུམ་སྦྲེལ་ནས་ཉི་ཤུ་རྩ་ལྔ་ལ་སོགས་པའི་བར་དུ་སྣང་བ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་པ་ཡིན་ནོ། །དེ་ཡང་སྔར་གསུངས་པ་རྣམས་ཀྱི་སྟེང་དུ་ཉི་མའི་རྟག་ལྔ་བསྣན་པས་བཅུ་པོ་རྫོགས་པ་ཕན་ཆད་ལ་བྱ་སྟེ། རྟགས་བཅུ་ནི་དབང་མདོར་བསྟན་ལས། དུ་བ་སྨིག་རྒྱུ་མཁའ་སྣང་དང་། །སྒྲོན་མེ་འབར་དང་ཟླ་ཉི་མ། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ཅན་འོད་གསལ་བ། །ཞེས་གསུངས་པའི། སྣ་ཚོགས་གཟུགས་ཅན་འོད་གསལ་བ་ནི། ཉམས་གང་འཕེལ་གྱི་སྣང་བ་ཡིན་ཏེ། འོད་ལྔ་མ་འདྲེས་སྣམ་བུ་ལྟ་བུ་དང་། རྩིབས་ཤར་དང་། གྱེན་འགྲིང་དང་། མིག་མང་རིས་དང་ཟ་འོག་དང་། རེ་ལྡེ་ལྟ་བུར་སྣང་བ་ཚུན་ཆད་ཡིན་ནོ། །དེ་ནས་འོད་ཀྱི་སྣང་སྲིད་ཐམས་ཅད་ལ་ཁྱབ་པ་མ་ལྟ་ཀྱང་གསལ་ལ། ཐིག་ལེའི་ནང་དུ་སངས་རྒྱས་ཀྱི་སྐུ་ཞི་བ་དང་ཁྲོ་བོ་གང་ཡང་ངེས་པ་མེད་པ་སྣ་ཚོགས་འཆར་བ་ཕྱིན་ཆད་ནི་རིག་པ་ཚད་ལ་ཕེབ་པའི་སྣང་བ་ཡིན་ལ། དཔལ་དུས་ཀྱི་འཁོར་ལོ་ནི་ནམ་མཁར་ཀུན་ནས་ཞེས་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡི། སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། དེའི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་གསུངས་ཤིང་། ནམ་མཁའ་ཆུ་འཛིན་བྲལ་བའི་དབུས་སུ་རྣལ་འབྱོར་གྱི་བགྲོད་པའི་མིག་གི་ལྟ་བྱ་སྟེ། རེ་འགའ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་གྱུར་གྱི་བར་དུའོ། །ཞེས་གསུངས་པ་དང་། དཔལ་ཤ་བ་རས། རྟག་བཅུ་རྫོགས་པར་གྱུར་པ་དང་། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང་། །སྣ་ཚོགས་ཐེག་ལེ་ཆེན་པོ་ལ། །རེ་ཁ་ནག་པོའི་རི་མོ་འབྱུང་། །དེ་ནང་འགྲོ་དྲུག་ལ་སོགས་དང་། །ཤིན་ཏུ་ཕྲ་བས་སྤྲུལ་སྐུ་དང་། །ལོངས་སྐུ་དུ་མ་མཐོང་འགྱུར་བ། །སྣ་ཚོགས་གཟུགས་ན་འོད་གསལ་ཡིན། །དེ་ལ་སེམས་ནི་ཐིམ་པ་ན། །ཏིང་འཛིན་ཡན་ལག་མཐར་ཕྱིན་པའོ། །ཞེས་བཤད་པའི་དོན་ནི་རྫོགས་ཆེན་ནས་ཆོས་ཉིད་ཟབ་པའི་སྣང་བ་ཞེས་གསུངས་པ་དང་ཁྱད་པར་མེད་དོ། །འདི་དག་ནི་དོན་ཞིབ་ཏུ་འཆད་རིགས་མེད་ཀྱི། ཡེ་ཤེས་མང་པོར་འགྲོ་ཕྱིར་བཞག་ལ། བདག་གིས་བྱས་པའི་ལམ་རིམ་ཐར་པའི་སྒོ་གཅིག་ཏུ་གསལ་ལོ། །དེ་དག་ནི་ཆོས་ཉིད་ཀྱི་མངོན་སུམ་ཀྱང་ཡིན་ཏེ། ཡེ་གདོད་མའི་ཆོས་ཉིད་ཡེ་ཤེས་ཀྱི་རང་འོད་དུ་ཡེ་ནས་ངང་གི་གསལ་བ་ཡིན་པར་སྔར་བཤད་པའི་ལུང་དེ་རྣམས་ཀྱི་སྒྲུབས་ཟིན་ནོ། །དབང་པོའི་ཡུལ་དུ་སྣང་བས་ཆོས་ཉིད་དེ་གད་མོའི་གནས་ཤེས་གསུང་བ་ཡང་མི་རིགས་ཏེ། འདུས་པ་སྟོང་ཆེན་པོའི་གདམ་ཡིན་ཆེན་མོ་རིན་པོ་ཆེ་ཏོག་ལས། ཤེས་རབ་ཟ་མོ་ཚུལ་བཞིན་རྣམ་དག་པས། །སྟོན་པའི་རྣལ་འབྱོར་བླ་མེད་རྟག་སྒྲུབ་པ། །རྡོ་རྗེ་ལྟ་བུ་མིག་གཉིས་ལ་མཐོང་བ། །ཏིང་ངེ་འཛིན་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །ཞེས་མིག་གི་མཐོང་བར་གསུངས་ལ། ན་རོ་པས་ཀྱང་། རང་ཡིད་མཚན་མ་མཐའ་དག་བྲལ་བ་ཡིས། །མིག་ཕྱེད་གྱེན་དུ་ལྟ་བ་དང་བཅས་པས། །གང་ཚེ་རླུང་ནི་དབུ་མར་བུས་གྱུར་པ། །དེ་ཚེ་རྡོ་རྗེས་མེ་དང་དུ་བ་མཚུངས། །ཞེས་བཤད་དོ། །ཉམས་ཀྱི་མངོན་སུམ་ཀྱང་ཡིན་ཏེ། རྣལ་འབྱོར་བས་ལམ་བསྒོམ་པའི་ཉམས་ཀྱི་སྣང་བ་ཡིན་པའི་ཕྱིར། བིཪྺ་པས་ལམ་འབྲས་རྡོ་རྗེའི་ཚིག་རྐང་ལས། རྣལ་འབྱོར་པ་ལ་ཏིང་འཛིན་ལ་ཉམས་ཀྱི་སྣང་བ་ཞེས་བཤད་པ་དེ། དབང་པོའི་མངོན་སུམ་ཡིན་པར་སྙིང་ཏིག་རྣམ་གཉིས་ལ་སོགས་པར་བཤད་ཀྱང་། རྒྱང་ཞག་ཆུའི་སྒྲོན་མ་ཞེས་འཆར་བའི་སྒོ་མིག་ཡིན་པ་ལ་དགོངས་པ་ཡིན་ཏེ། དོན་དུ་དབང་པོའི་མངོན་སུམ་མ་ཡིན་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ལྔའི་རང་འོད་དུ་རང་གསལ་བ་དེ་ཉིད། མིག་གི་མཐོང་བྱ་མཐོང་བྱེད་ཀྱི་ཡུལ་ལས་འདས་པའི་ཕྱིར་དང་། མུན་ཁང་དུ་རང་གི་ལག་པ་བརྐྱངས་པ་མི་མཐོང་པའི་ཚེ་ནའང་མཐོང་བའི་ཕྱིར་དང་། བར་དོར་མིག་དང་བྲལ་བས། དུས་ནའང་མཐོང་བའི་ཕྱིར་ཏེ། དབང་མདོར་བསྟན་ལས། རང་གི་མིག་གི་མི་མཐོང་ཞིང་། །གཞན་གྱི་མིག་གིས་ཀྱང་མིན་པ། །སྐྱེ་བ་མེད་པ་མཐོང་བ་ནི། །གཞོན་ནུ་མི་ཡི་བུ་ཇི་བཞིན། །ཞེས་གསུངས་ཤིང་། བདེ་མཆོག་སྟོད་འགྲེལ་ལས། གང་གི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གི་རྟོགས་པ་དེའི་ཕྱིར་གཟུགས་མ་ཡིན་ཞིང་། གཟུགས་ལས་གཞན་པ་ཡང་མ་ཡིན་ལ། མིག་གི་རྟོགས་པ་ནི་མ་ཡིན་ལ། མིག་མེད་པ་རྟོགས་པ་ཡང་མ་ཡིན་ནོ། །ཞེས་གསུངས་པ་ཉིད་ཀྱི་ཤེས་སོ། །ཡང་རྡོ་རྗེ་སྙིང་པོ་འགྲེལ་ལས་གསུངས་པ་ལྟར་གྱི་མངོན་སུམ་བཞི་པོའང་ཡིན་ཏེ། དེའི་ཚུལ་ཡང་རྫོགས་པའི་རིམ་པའི་རྣལ་འབྱོར་པས་འཇུག་པའི་ཡུལ་ནི་མི་བཤིག་པའི་ཐིག་ལེ་ཡིན་པས། དེ་དབང་པོའི་མངོན་སུམ་མཐོང་བ་ཙམ་ཞིག་བྱས། དེ་ནས་ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ཡིད་དང་ནམ་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བརྙན་བཞིན། འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད་ཀློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད། ཅེས་གསུངས་པས། ཡིད་ཀྱི་མངོན་སུམ་མི་ཤིག་པས་ཐིག་ལེ་དེའི་ནང་དུ་ཡིད་ཀྱི་གཟུགས་བརྙན་མཐོང་བས་ངེས་པ་སྙེད། དེ་ནས་རིག་པ་ཚད་ལ་ཕེབས་པའི་རྣལ་འབྱོར་གྱི་མངོན་སུམ་གྱི་རང་རིག་པའི་ཡེ་ཤེས་མངོན་དུ་གྱུར། ཆོས་ཉིད་ཟད་པའི་སྐབས་གཟུང་འཛིན་དང་། བྲལ་བས་རང་རིག་པའི་མངོན་སུམ་གྱི་འཇུག་པའི་ཡུལ་མི་བཤིག་པས་ཐིག་ལེ་གཉིས་སུ་སྣང་བ་མེད་པའི་ཚུལ་གྱིས་ཉམས་སུ་མྱོང་བ་ཡིན་ནོ། །དེ་ལ་ཚོས་མ་བཀབ་པས་མཐོང་སྣང་དང་། ཤེལ་དང་། ཉི་ཟེར་ལ་རྟེན་པ་དང་། འབག་ཆས་ལ་སོགས་པ་ལ་རྟེན་ནས་སྟོན་པ་ནི། རིག་པའི་ཡེ་ཤེས་དངོས་མ་ཡིན་ཏེ། འདི་བས་ལུགས་ལ་དཔེ་དོན་རྟགས་གསུམ་གྱི་ངོ་སྤྲོད་ཅེས་འབྱུང་བས་ན། དཔེ་ལ་རྟེན་ནས་དོན་ངོ་སྤྲད་པས་ན་མཚོན་བྱེད་དཔེའི་ཡེ་ཤེས་ཞེས་བྱ་བ་ཡིན་གྱི་འདི་དག་མངོན་སུམ་ཡེ་ཤེས་སུ་ཁས་མི་ལེན་ནོ། །དེ་ལྟ་བུའི་ཡེ་ཤེས་རང་རང་གི་སྙིང་ནང་ན་སྟོང་གསལ་འོད་ཀྱི་རང་བཞིན་དུ་ཡོད་ལ་དེ་ཡང་རྟག་ལྟ་བ་འདོད་རྟག་པ་བ་ལ་བེམ་པོ་རྟག་པར་འདོད་པ་དང་ཤེས་པ་རྟག་པར་འདོད་པ་གཉིས་ལས་དང་པོ་དབང་ཕྱུག་གི་གཞུང་ལས། སྨྱུག་མའི་ཚལ་ན་སྨྱུག་མ་སྐྱེ། །འདམ་བུའི་ཚལ་ན་འདམ་བུ་བཞིན། །མི་ཤི་བ་ནི་མི་རུ་སྐྱེ། །ཞེས་རྟག་པ་མི་འགྱུར་བ་མི་ཤི་བ་མི་སྐྱེ་བ་དང་། སེམས་ཅན་གཅིག་ཤི་ན་སེམས་ཅན་སྤྱི་དེ་ལ་ཐིམ་ཤིང་། སེམས་ཅན་གཅིག་སྐྱེས་ན་སེམས་རྟག་པ་སྤྱི་དེ་ལས་ཆད་པ་ཡིན་ནམ་ཟེར། ཤེས་པ་རྟག་པར་འདོད་པ་ནི། སེམས་དེ་སྙིང་གི་དཀྱིལ་ན་ཆེ་བ་ཐེ་བོང་ཙམ། ཆུང་བ་ཡུངས་འབྲུ་ཙམ། ཡང་ཆུང་སྐྲ་རྩེ་ཙམ། དཀར་ལ་མཚེར་བ་སྣུམ་ལ་འགྲིལ་བ་ཤེས་རིག་གི་བདག་ཉིད་ཅན། རྟག་པ་གཅིག་བུ་རང་དབང་ཅན་དུས་ཐམས་ཅད་དུ་མི་འགྱུར་བ་རྗེས་སུ་གྲུབ་པ་གཅིག་སྙིང་ནང་ན་ཡོད་དེ། ཕུང་པོ་ཉིད་མཚམས་སྦྱོར་བ་དང་། །རྟག་པ་ཐེ་བོང་ཡུངས་འབྲུ་ཙམ། །བདག་ཅེས་བྱ་བ་དེ་ཡི་ལེན། །ང་ནི་རྟག་ལ་བློ་ནི་འགྱུར། །ཞེས་བྱེད་པ་པོ་དེས་བྱས་ནས། ད་ལྟའི་ལུས་འདི་མི་རྟག་ཀྱང་སེམས་རྟག་སྟེ། རྫ་ཆག་བྱེའུ་འཕུར་བ་ལྟ་བུ་ཡིན་ཟེར། ལུས་ཆེ་ཆུང་ལ་སེམས་ཆེ་ཆུང་ཡོད་དེ། ཁང་པ་དང་བུམ་པ་ལྟ་བུ་འདོད། ཞེས་འདོད་དོ། །པ་ལྟར་བདག་ཏུ་ལྟ་བ་མ་ཡིན་ཏེ། ཀྱཻ་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་སྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །ཅེས་པ་དང་། སམ་བུ་ཊི་ལས། སྙིང་གི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱངས་ཤིང་ཁ་ཡི་འོག་ཏུའོ། །དེའི་ནང་ན་དཔའ་བོ་ནི། །ཡུངས་དཀར་གྱི་ནི་སྦོམ་ཕྲ་ཙམ། །ཞེས་དང་། རྩ་ཡི་མཛེས་སྤྱི་ལས་བྱུང་བའི། །དེ་ནི་རྡུལ་བྲལ་རབ་ཏུ་གྲགས། །དག་པ་ཤེལ་གྱི་འོད་དང་མཉམ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཡེ་ཤེས་ལྔ་ཡི་དངོས་དེ་ཉིད། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །ཞེས་གསུངས་ཤིང་། བྲམ་ཟེ་ཆེན་པོས། མཁས་པ་རྣམས་ནི་བསྟན་བཅོས་འཆད་པ་ཡི། །ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་གསུངས་ལ། སློབ་དཔོན་རྡོ་རྗེ་ དྲིལ་བུ ་པས། །རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་བསྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང་། གཞན་ཡང་རྒྱུད་དང་བསྟན་བཅོས་རྣམས་ནས་རྒྱ་ཆེར་བཤད་པ་ཡིན་ནོ། །དེ་ལ་སྙིང་ནང་ན་འཆར་གཞི་འོད་ཀྱི་རྣམ་པའི་སེམས་དང་། ཤར་བ་ལུ་གུ་རྒྱུད་ཀྱི་རྣམ་པའི་སེམས། འཛིན་པ་མིག་གི་དབང་ཤེས་ཀྱི་ལུ་གུ་རྒྱུད་གསུམ་གྱི་སེམས་གསུམ་ཡོད་པར་འགྱུར་གསུང་བ་ནི་མ་ངེས་པ་ཆེན་པོ་སྟེ། རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་དོན་སྤྱི་ཙམ་ཡང་བློ་ཡུལ་དུ་མ་ཤར་བའི་བླུན་པོ་དག་གི་ཚིག་དང་མཚུངས་པར་བསལ། དེ་ལྟ་ན་ཉི་མ་དང་ཉི་མའི་འོད་ཟེར་གྱི་སྒོ་ནས་ཉི་མ་གཉིས་ཡོད་པར་འགྱུར་ཏེ། འཆར་གཞི་ནམ་མཁར་གནས་པའི་ཉི་མ་གཅིག་དང་། །ཤར་བ་འོད་ཟེར་གྱི་ཚུལ་དུ་གཅིག་སྟེ་གཉིས་སུ་མི་འགྱུར་རམ་ཆོས་དྲུག་པ་དག་ལ་ཡང་སེམས་དྲུག་ཡོད་པར་འགྱུར་ཏེ། སྣང་བ་སྒྱུ་མར་བསྒོམས་པའི་སྒྱུ་ལུས་ཀྱི་སེམས་གཅིག །ཐམས་ཅད་ཀྱི་རྨི་ལམ་དུ་བསྒོམས་པ་རྨི་ལམ་གྱི་སེམས་གཅིག་ལ་སོགས་པ་དུ་མར་འགྱུར་རོ། །དེ་ལྟར་མ་ལགས་དེའི་ཕྱིར། བྲམ་ཟེ་ཆེན་པོས། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའིའོ། །དེ་ཕྱིར་སྣང་སེམས་གཉིས་མེད་ལྷན་ཅིག་སྐྱེས། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་མ་ཡིན་ནམ། འོད་སྣང་དེ་དག་གི་སྟེང་དུ་མཉམ་བཞག་གི་ལྟ་བ་མི་སྐྱོང་བར་བྱིས་པ་ལྷ་ཁང་ལྟ་བ་ལྟ་བུ་ནི་མ་ཡིན་ཏེ། དེའི་ཚུལ་ནི་སྦྱོར་དྲུག་པའི་བསམ་གཏན་གྱི་ཡན་ལག་དང་། རྫོགས་ཆེན་པའི་ཐོད་རྒལ་གྱི་ཁྲིད་ཡིག་རྣམས་སུ་ལྟའོ། །ཟེར་དེ་མཐོང་བ་དང་། ངན་སྐྱུག་གི་ཕུང་པོ་མཐོང་བ་མཉམ་བཞག་གི་སྐྱོང་ཚུལ་ཤེས་ན་མཉམ་པར་གསུང་པ་ཡང་མི་འཐད་དེ། འདི་ནི་ངེས་པའི་དོན་གྱི་རྒྱལ་བའི་དཀྱིལ་འཁོར་ཡིན་པས་མཐོང་བ་ཙམ་གྱི་གྲོལ་བ་ཡིན་ཏེ། སངས་རྒྱས་རྗེས་སུ་དྲན་པ་ལས། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱི་སོ་སོ་རང་གི་རིག་པར་བྱ་བ། ཞེས་པ་དང་། སོ་སོར་སྡུད་པ་རྟགས་བཅུ་མཐོང་བས་བདེན་པའི་ཚིག་འགྲུབ་པ་ལ་སོགས་གསུངས་ཤིང་། ངན་སྐྱུག་གི་ཕུང་པོ་ནི་ལྟ་བ་ཅན་ལ་དོན་དུ་མ་གྲུབ་པ་ཡིན། མཐོང་བ་ལ་དེ་ལྟ་བུའི་ཡོན་ཏན་མེད་པས་ངན་སྐྱུག་ཉིད་དུ་ཟད་དོ། །ཆོས་ཉིད་མངོན་སུམ་གྱི་ཟབ་གནད་ཅི་ཞེས་གསུང་བ་ཡང་། འདི་ནི་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པ་ན་ཕྱིས་འཁོར་བར་མི་འཁྱམས་ཏེ། མངོན་སུམ་གནད་འདི་སུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱང་ལམ་འདིའི་སྒོ་ནས་བགྲོད་པ་གཅིག་པ་ཤ་སྟག་ཡིན་ཏེ་རང་རང་གི་མགུར་རྣམས་ན་གསལ་མོད་ཀྱི། འདིར་ཡི་གེས་འཇིགས་པས་བྲི་བར་མ་ནུས་ལ། འོན་ཀྱང་མདོ་ཙམ་སྨོས་ན། ས་ར་ཧས། རྨ་བྱུང་ནམ་མཁའི་དཀྱིལ་ཤར་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་རྒྱས་སོ་བྷུ་སུ་ཀུ། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང་། །མེ་ཏོག་འདི་ནི་སྟོང་ཉིད་དགོན་པར་སྐྱེས། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །ཞེས་དང་། ལྭ་བ་པས། སྣང་བ་ཐོབ་པའི་རྣལ་འབྱོར་པས། །གཞན་དུ་རྟགས་ནི་ཤེས་བྱ་སྟེ། །གྲུབ་པའི་འཁྲུལ་བ་མེད་པ་རྣམས། །ལམ་ནག་གི་ནི་དུ་བ་བཞིན། །མིག་དག་རེངས་པར་བྱེད་པ་དང་། །མགོ་བོ་དུད་པ་ཉིད་དང་ནི། །སེམས་དང་སེམས་བྱུང་མི་གཡོ་དང་། །སྟོང་ཉིད་མཐོང་བའི་སྟོང་བ་ཉིད། །ཅེས་དང་། ཨཱརྱ་དེ་བས། གང་ཚེ་ཟླ་བ་ཉ་བ་ཤར་གྱུར་པ། །དེ་ཚེ་སེམས་ཀྱི་རྒྱལ་པོ་ཀུན་ཏུ་ཉལ། །དགའ་དང་སྙིང་རྗེའི་ཌ་མ་རུ་ཡི་སྒྲ། །འཕགས་པ་ལྷ་ཡི་དམིགས་པ་མེད་པར་གསལ། །ཞེས་དང་། ཞི་བ་ལྷས། ཟབ་མོའི་ཆོས་མཐོང་ནས་ནི་ལམ་ངན་པ། །མུན་པའི་ལམ་ལ་ཅི་ཡང་མཐོང་བ་མེད། །གང་ཚེ་ནམ་མཁའི་རྩེ་མོར་མེ་ཏོག་རྒྱས། །ཤཱནྟིས་སྨྲས་པ་དེ་ཚེ་འཁྲུལ་པ་ཆད། །ཅེས་དང་། ལྟ་ཞིང་ལྟ་བས་ནམ་ལངས་ཀྱང་། །ཤཱནྟི་སྒྲོན་མེས་ལམ་ཚོལ་ལོ། །ཞེས་དང་། ནག་པོ་པས། མེ་ཏོག་ལྔ་བྱུང་དེ་རུ་ཐིམ། །དགའ་བའི་སེམས་ཉིད་ནམ་མཁར་འབྱིན། །ཞེས་པ་དང་། སློབ་དཔོན་དཔེ་མེད་མཚོས། དྲི་མ་མེད་པའི་ནམ་མཁའ་གང་ལ་སྤྲུལ་པའི་མིག་ཕྱེ་ལ། །ཐུགས་རྗེ་ཆེན་པོ་རྒྱས་པ་བརླན་པ་བསམ་པའི་རྟེན་ཟ་ལས། །ཡོད་དང་མེད་དང་དངོས་པོ་དངོས་མེད་འབྱེད་པ་བྲལ། །སྟོང་པ་ཉིད་ཀྱི་རྗེས་འགྲོ་དུ་སོགས་མ་ལུས་གློ་བུར་ཤར། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ཁོ་ན་ལ་སྣང་བ་ཡིན་ན་གནས་སྐབས་འདིར་ཇི་ལྟར་མཐོང་ཞེ་ན། རྒྱུད་ལས། ལོངས་སྤྱོད་རྫོགས་པའི་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་ཆོས་སྐུ་ཡི། །ཞེས་གསུངས་པའི་ཕྱིར་གནས་གཙང་མའི་གནས་ན་བཞུགས་པའི་སངས་རྒྱས་ཀྱི་སྐུ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་ཞིང་། དེ་འདིར་མཐོང་བ་ཡིན་ལ། ལོངས་སྤྱོད་རྫོགས་པ་ཆེན་པོ་ནི་འདིར་ཆོས་ཀྱི་སྐུའི་མིང་གི་བཤད་པར་མངོན་ནོ། །རྣམ་པ་གཅིག་ཏུ་ན་ཐིག་ལེའི་དབུས་སུ་མཐོང་བའི་སྐུ་གང་ཡིན་པ་དེ་དག་ལ་སྤྲུལ་པའི་སྐུ་ཞེས་བྱ་ཞིང་། སྣ་ཚོགས་པའི་སྒྲ་སྐད་མང་པོ་སྣང་བ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །ཞེས་སྦྱོར་དྲུག་པའི་བླ་མ་གོང་མ་རྣམས་ཀྱི་བཤད་ཅིང་། འདིར། རིག་པ་ཚད་ཕེབས་སྣང་བ་ཡི། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཞེས་པས་རིག་པ་ཚད་ཕེབས་ཀྱི་རྣལ་འབྱོར་པ་དེ་གར་གནས་པའི་ཡུལ་དེ་ལོངས་སྐུའི་ཞིང་ཁམས་དང་། འཁོར་རྣམས་ལོངས་སྐུའི་འཁོར་དུ་བཞག་པ་སོགས་ཡོད་ཀྱང་། རིག་པ་ཚད་ལ་མ་ཕེབས་པའི་གོང་གི་སྣང་བ་རྣམས་ལ་ལོངས་སྐུའི་ཞིང་དུ་མ་བཤད་ཅིང་། རིག་པ་ཚད་ལ་ཕེབས་པའི་རྣལ་འབྱོར་པ་དེ་རང་གི་བློ་ངོ་ན་རང་གནས་པའི་ཡུལ་ལོངས་སྐུའི་ཞིང་ཁམས་དང་འཁོར་རྣམས་ཀྱང་དེ་ལྟར་ཡིན་མོད། གཞན་གྱི་བློ་ངོ་ན་ནི་དེ་ལྟར་མེད་དོ། །འདི་ལ་སློབ་དཔོན་དུས་ཞབས་པས་ཀྱང་ལོངས་སྐུའི་ཞིང་ཁམས་མཐོང་བ་ཡིན་པར་བཤད་དེ། དཀར་དང་སེར་དང་དམར་དང་ལྗང་། །མཐིང་ཁ་སངས་རྒྱས་འོད་རྣམས་འཆར། །འོད་བསྐོར་འོག་མིན་ཞིང་ཁམས་མཐོང་། །དེ་ནང་གཟུགས་བརྙན་ཡུལ་མེད་པ། །ལོངས་སྤྱོད་རྫོགས་སྐུ་དུ་མ་མཐོང་། །ཞེས་གསུངས་པས་ཞིང་ཁམས་ཀྱི་ངོ་བོ་མ་དག་པ་མ་ཡིན་ནོ། །རིག་པ་ལུ་གུ་རྒྱུད་མིག་བཙུམ་ན་མི་གསལ། ཉི་མ་མེད་མེད་ན་མི་གསལ། ཡུལ་ཅན་སྣ་ཚོགས་མེད་ན་མི་གསལ། ཞེས་པ་རྣམས་ནི་རྒྱུས་མེད་ཀྱི་འོད་ཚད་འབའ་ཞིག་བྲིས་པ་ཉིད་དུ་ཟད་དོ། །དུ་སོགས་ཀྱི་རྟགས་ལ་ཏིང་ངེ་འཛིན་མཆོག་ཏུ་ཡང་མི་འཛིན། ཉམས་ཀྱི་ཤུན་པ་ཡིན་པས་དེར་ནས་གྲོལ་བ་ཐོབ་པར་བཞེད། ཅེས་གསུངས་པ་ཡང་མ་ཡིན་ཏེ། རྒྱ་བོད་གཉིས་སུ་བྱོན་པའི་དུས་ཀྱི་འཁོར་ལོའི་མཁས་གྲུབ་ཐམས་ཅད་ཀྱིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས། གཅེས་སྤྲས་སུ་མཛད་ཅིང་། ཡེ་ཤེས་དེ་ལ་གཞོམ་ཞིག་མེད་པས་ན། །ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་། །ནམ་མཁའ་ལ་ནི་འཇིག་པ་མེད། །དེ་བཞིན་སེམས་ནི་ཞིག་གྱུར་ཀྱང་། །ཡེ་ཤེས་ལ་ནི་འཇིག་པ་མེད། །ཅེས་དང་། དབང་མདོར་བསྟན་དུ། ཇི་ལྟར་ཟངས་ཀྱི་དྲི་མ་ནི། །བཅུད་ཀྱི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། །དྲི་མེད་ཉིད་ཀྱི་ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམ་ཉམས་འགྱུར། །དེ་ཡི་ཡེ་ཤེས་ཉིད་ཉམས་མེད། །དྲི་མེད་ཉིད་ཀྱི་ཡང་དག་གནས། །ཞེས་གསེར་འགྱུར་གྱི་རྩི་ལ་དཔེ་མཛད་དེ་ཡང་དག་པའི་ཡེ་ཤེས་ཉམས་པ་མེད་པར་གསུངས་པ་ཡིན་ནོ། ༈ །ཡང་ལ་ལ་དག་ནི་ཐོས་གྲོལ་བྱ་བ་ཡིན་ཟེར། ཚེ་འདས་དང་རོའི་རྣ་བར་དཔེ་ཀློག་པ་དང་། དེ་འབྲི་བ་ལ་གཙོ་བོར་འཛིན་ལ་དེས་གྲོལ་བར་རློམ། དེས་ན་དེ་དག་གི་ཚིག་རྣ་བར་ཐོས་པ་ཙམ་གྱི་དོན་རྒྱུད་ལ་མ་སྐྱེས་ཀྱང་གྲོལ་བའམ། དོན་རྒྱུད་ལ་སྐྱེ་དགོས། ཐོས་ཙམ་གྱི་མི་གྲོལ་བར་འདུག་པ་ནི་དངོས་སུ་གྲུབ་ལ། དོན་རྒྱུད་ལ་སྐྱེས་ན་ནི་གཞན་གྱིས་ཀྱིས་ཀྱང་གྲོལ་བར་འགྱུར་བས་ཐོས་གྲོལ་གྱི་གདམས་གཞི་མ་གྲུབ་ལ། དེའི་དོན་རྒྱུད་ལ་སྐྱེ་བ་ལ་གོ་དགོས་སོ། །གོ་བ་ལ་རྟོགས་དགོས་སོ། །རྟོགས་པ་ལ་དེ་དག་གི་ཚིག་དོན་ལ་གོ་བ་རྐང་ཚུགས་པ་ཞིག་སྐྱེས་པ། དེ་རྗེས་ཉམས་སུ་བླང་བ་ཞིག་དགོས་ན། ལམ་གཞན་ནས་ཀྱང་དེ་ཀ་ལྟར་བགྱི་བར་བསྟན་ཏེ་ཐོས་པས་མི་གྲོལ་པའོ། །ཞེས་གླེང་ན་ཐོས་པས་གྲོལ་བའི་སྒྲུབ་བྱེད་སྨྲ་རྒྱུ་ཅི་ཡོད། ཅེས་གསུངས་པ་ལ། དེ་ནི་ཚིག་ཐོས་པས་དོན་རྒྱུད་ལ་སྐྱེས་ཏེ་གྲོལ་བ་ཡིན་ཏེ། མདོ་སྡེ་དག་ལས་ཀྱང་། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷའི་བུ་གང་དག་སྟོང་ཕྲག་གཅིག་མཆིས་པ་དེ་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་སྟེ་ཞེས་པ་དང་། བྱང་ཆུབ་སེམས་དཔའ་དྲུག་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཞེས་ཐོས་པ་དང་དོན་རྒྱུད་ལ་སྐྱེས་ཏེ་གྲོལ་བར་གསུངས་པ་རྣམས་དང་ཚུལ་མཚུངས་པ་ཡིན་ནོ། །དེ་ཡང་སྔགས་གསར་མའི་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། རྟོགས་དང་གོམས་པ་མཐར་ཕྱིན་པ། །འདི་ལ་ཡོད་པ་མ་ཡིན་ཏེ། །རྟོགས་པའི་སྐད་ཅིག་དེ་ཉིད་ལ། །བཅུ་པའི་ས་ལ་ངེས་པར་གནས། །ཞེས་གསུངས་པས་ན། འདིར་གདམས་ངག་གི་དོན་བསྒྲགས་པ་དེ་ཐོས་པ་ཙམ་གྱི་རྒྱུད་ལ་ངོ་འཕྲོད་ནས་བདེ་བླག་ཏུ་རྟོགས་པ་ཡིན་ཞིང་། ཇི་སྐད་དུ། གོ་བ་དང་ནི་རྟོགས་པ་གཉིས། །དོན་གཅིག་མིང་གི་རྣམ་གྲངས་ཡིན། །ཞེས་པ་དང་། སང་ཀྲྀ་ཏ་ལ་སྐད་དོད་ཀྱང་གཅིག་ཡིན་པས། གོ་བ་དང་རྟོགས་པ་དོན་གཅིག །དེ་ལྟར་རྟོགས་པ་དེ་ཉིད་མི་བརྟན་པོ་ལ་ཕྲིན་བསྐུར་བ་ལྟར་མ་བརྗེད་པར་བྱས་པས། བར་དོའི་སྣང་བ་སྒྲ་འོད་ཟེར་གསུམ་ལ་སོགས་པ་རང་སྣང་དུ་ངོ་ཤེས་པས། འོད་གསལ་མ་བུ་འཕྲོད་པའམ། ཟུང་དུ་འཇུག་པའི་ཚུལ་གྱི་སྐད་ཅིག་དེ་ཉིད་ལ་འཚང་རྒྱ་བ། སྐད་ཅིག་གཅིག་གི་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གི་རྫོགས་སངས་རྒྱས། །ཞེས་གསུངས་པ་ལྟར་གྲོལ་བའོ། །འདི་ནི་རྟོགས་པ་དང་གྲོལ་བ་དུས་མཉམ་པའམ། ཤར་གྲོལ་དུས་མཉམ་གྱི་སྐབས་དང་འདྲ་བས་གདམས་པ་བཏབ་པ་མ་བརྗེད་པ་ཁོ་ནས་རང་གྲོལ་བ་ཡིན་པས་ན་ལམ་གཞན་ལྟར་འབད་པས་ཉམས་སུ་བླང་དགོས་པ་མ་ཡིན་ཏེ། སློབ་དཔོན་དགའ་རབ་རྡོ་རྗེས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགག་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་པ་དང་། ངོ་རང་ཐོག་ཏུ་སྤྲད། ཐག་གཅིག་ཐོག་ཏུ་བཅད། གདེངས་གྲོལ་ཐོག་ཏུ་བཅའ་བའོ། །ཞེས་པའི་དགོངས་པ་ལགས། དེ་ལྟར་བླ་མའི་གདམས་ངག་གི་འོད་གསལ་ངོས་ཟིན་ནས་སངས་རྒྱས་ཉིད་དུ་གྲོལ་བ་དེའི་ངང་ལས་གཟུགས་སྐུ་རྣམ་པ་གཉིས་ལ་སོགས་པས་གདུལ་བྱའི་དོན་དཔག་ཏུ་མེད་པ་མཛད་པའི་ཚུལ་ནི། གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས། འོད་གསལ་ཟིན་པའི་གང་ཟག་ལ། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །གཞན་དོན་གཟུགས་སྐུའི་སྣང་བ་འཆར། །དཔེར་ན་ཡིན་བཞིན་ནོར་བུ་བཞིན། །ཞེས་གསུངས་སོ། ༈ །ཡང་ཐོས་གྲོལ་རང་གཞུང་བཤད་པའི་ཞག་ཕྱེད་དང་བཞིའི་ཕྱི་མ་ཚུན་ཆད་ལ། ཞི་ཁྲོའི་བར་དོ་སྒྲ་འོད་ཀྱི་སྣང་བ་དང་བཅས་ཏེ་འཆར་བར་གསུངས་པ་དེ་དག་འཇག་མིག་གི་སྲིན་བུ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་ཆར་བའམ། འོན་ཏེ་ཐོས་གྲོལ་ཉམས་སུ་ལེན་མཁན་གྱི་གང་ཟག་གཅིག་ལ་འཆར་བ་ཡིན། སེམས་ཅན་ཐམས་ཅད་ལ་འཆར་བ་ནི་མི་སྲིད་དེ། སྤྱིར་བར་དོར་འཆར་བའི་སྣང་བ་ཕལ་ཆེ་བ་ནི་བག་ཆགས་དང་ལས་སྣང་ཁོ་ན་འཆར་བར་གསུངས་ལ། སྲིན་བུ་དང་གྲོག་མ་ལྟ་བུ་ལ་ལྷ་དེ་དག་གི་བག་ཆགས་གཏན་མེད་པའི་ཕྱིར། གལ་ཏེ་ཤར་ནའང་ཞི་བའི་སྐབས་སུ་འོད་བཀྲག་ཅན་བཀྲག་མེད་ལ་སྤངས་བླང་བྱེད་པ་དང་། ཁྲོ་བོའི་སྐབས་སུ་དེ་དག་ལ་འཇིགས་པར་ཡང་མི་འགྱུར་ཏེ། མིར་གྱུར་པ་རྣམས་དུར་ཁྲོད་ཀྱི་རོ་ལ་ཤིན་ཏུ་འཇིགས་ནའང་། གྲོག་མ་ལ་སོགས་ཀྱི་སྲོག་ཆགས་ཕྲ་མོ་དག་རོ་ལ་ས་གཞིའི་འདུ་ཤེས་ཡོད་དེ། དེའི་ངོས་ལ་འཇིགས་མེད་དུ་རྒྱུ་བ་དང་། ཚང་འཆའ་བ་སོགས་ཀྱང་བྱེད་པའི་ཕྱིར། དེས་ན་འགྲོ་བ་དག་གི་མིག་ངོར་སྣང་བ་གཅིག་ལ་མཛེས་པ་དང་འཇིགས་པར་སྣང་བ་དེ་དག་ཐམས་ཅད་ལ་དེ་ལྟར་མི་ལྟ་སྟེ། སྡིག་པ་ར་ཅན་ཁྱོ་ཤུག་གཉིས་ལ་ནང་མཐུན་པར་ཚད་མེད་ཀྱི་མཛེས་སྣང་ཡོད་ཀྱང་། མིས་མཐོང་ན་བྲེད་ཅིང་སྔངས་པར་འགྱུར་བས། ངེས་པར་བར་དོར་འཇིགས་སྐྲག་འོང་རྒྱུ་ཡིན་ནའང་རང་རང་གི་གཤེད་མར་གྱུར་པའི་གཟུགས་བརྙན་ཅིག་མ་ཤར་ན། ཐམས་ཅད་ཁྲོ་བོའི་གཟུགས་ལ་འཇིགས་པ་མི་སྲིད་དེ། དེ་ལྟར་གསར་རྙིང་གཉིས་ལས་བར་དོའི་འཆར་ཚུལ་བཤད་པ་ནི་མིའི་རྟེན་ལ་འཆར་བ་སྟེ། ལམ་དུ་འཁྱེར་ཤེས་པའི་ཆེད་དུ་གསུངས་པ་ཡིན་པས་ཐམས་ཅད་ལ་ཞི་ཁྲོ་འཆར་བར་གསུངས་པ་མ་དག །ངེས་པར་ཅིས་ཀྱང་འཆར་ན་དེ་ལ་བརྟག་པ་གསུམ་བྱ་སྟེ། བར་དོར་ཤར་བའི་ལྷ་དེ་ཉམས་སྣང་བ་ལ་ཤར་བའི་ལྷ་ཡིན་ནམ། རྩ་ཡིག་མཐོང་སྣང་ལས་ཤར་བའི་ལྷ་ཡིན་ནམ། རྒྱུད་བྱིན་གྱིས་བརློབ་པར་བྱེད་པའི་ཡེ་ཤེས་ཀྱི་ལྷ་ཡིན། ཉམས་ཀྱི་ལྷ་ཡིན་ན་སེམས་ཅན་རང་རྒྱུད་པ་ལ་ལྷ་དེ་དག་གི་བག་ཆགས་གཏན་མེད་པས་འཆར་བའི་དོན་མ་མཆིས། རྩ་ཡིག་མཐོང་སྣང་གི་ལྷ་ཡིན་ན་ཡིད་ལུས་ལ་རྩ་ཡིག་མ་མཆིས། ཡེ་ཤེས་ཀྱི་ལྷ་ཡིན་ན་ཡེ་ཤེས་ཀྱི་ལྷ་ལྟ་བའི་སྐལ་བ་ཡོད་པ་ལ་རང་རྒྱུད་ཀྱི་ཉོན་མོངས་པ་དག་པར་བཤད་པ་ལ། ཐ་ན་བཤད་པ་ལྟ་བུའི་གང་ཟག་ལས་ཉོན་ཅན་གྱིས་ཀྱང་མཐོང་བ་འདི་འདྲའི་ཡེ་ཤེས་ཀྱི་ལྷ་ཅི་ལྟ་བུ་ཡིན་ཞེས་དྲི་ན་ཅི་སྨྲ། ཞེས་གསུངས་པ་ལ། ཞི་ཁྲོའི་བར་དོ་སྒྲ་འོད་ཟེར་དང་བཅས་པ་དེ་ནི་འཇག་མིག་གི་སྲིན་བུ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་འཆར་བ་ཡིན་ཏེ། དཔལ་བརྟག་པ་གཉིས་པ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡང་སེམས་ཅན་ཐམས་ཅད་ཀྱི་ནང་ནས་འཆར་རོ། །ཞེས་གསུངས་ཤིང་། སྲིན་བུ་དང་གྲོག་མ་ལྟ་བུ་ལ་ལྷ་དེ་དག་གི་བག་ཆགས་མེད་ཀྱང་། དེ་དག་རང་རང་གི་ཀུན་གཞི་བདེ་བར་གཤེགས་པའི་སྙིང་པོ་དེ་ལ་སྤྱན་ལྔ་ལ་སོགས་པ་རྣམས་རང་ཆས་སུ་ཡོད་པས་མཐོང་བ་ཡིན་ཏེ། དྲི་མེད་འོད་ལས། ནང་དུ་འདུས་པ་ཀུན་མཁྱེན་གཟུགས་ནི་ཁམས་གསུམ་པོ་མ་ལུས་པ་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་སེམས་ནི་གཞན་པ་མིན་པ་ཉིད། གཞན་གྱི་སེམས་ནི་མ་ཡིན་ཏེ་གཞན་གྱི་སེམས་ཞེས་པ་མེད་པའི་ཕྱིར་རོ། །འདིར་ནི་དེ་བཞིན་གཤེགས་པ་ཤའི་སྤྱན་གྱིས་དང་པོར་རང་གི་སེམས་ཀྱི་སྣང་བ་མཐོང་ཞིང་། ལྷ་ལ་སོགས་པའི་སྤྱན་གྱིས་གཞན་གྱི་སེམས་ཀྱི་ཤེས་པ་མཐོང་བ་སྟེ། དེས་ན་ཆོས་ཡང་དག་པར་སྡུད་པ་ལས་བཅོམ་ལྡན་འདས་ཀྱི་སྤྱན་ལྔ་ཞེས་གསུངས་སོ། །ཞེས་གསུངས་ཤིང་། དེ་དག་རང་རང་གི་ལུས་ལ་གནས་པའི་ཡེ་ཤེས་ཀྱི་རང་རྩལ་ཕྱིར་ཤར་བ་ཡིན་པས་བག་ཆགས་ལ་རག་མ་ལུས་ཤིང་། དེ་ལྟར་ངེས་པར་དུ་འཆར་བ་ཡིན་ཀྱང་། འོད་ལ་སྤངས་བླང་དང་། ཁྲོ་བོ་ལ་འཇིགས་པའི་སྣང་བ་འཆར་བར་ནི་མ་བཤད་དོ། །འོན་ཀྱང་སྟོང་ཁམས་ཤིག་ཤིག་ཡོམ་ཡོམ་འགུལ་བ་དང་། ནམ་མཁའི་ཁམས་ཀུན་མེས་གང་བ། །སྒྲ་དྲག་པོ་འབྲུག་སྟོང་ལྡིར་བ་ལ་སོགས་པ་ལ་ནི་སྐྲག་པར་འགྱུར་མོད། འདིར་འོད་ལ་སྤངས་བླང་དང་ཁྲོ་བོ་ལ་འཇིགས་པའི་སྣང་བ་དང་། དེ་དག་ངོ་ཤེས་ན་གྲོལ་བ་དང་། མ་ཤེས་ན་འཆིང་བའི་ཚུལ་བཤད་པ་རྣམས་ནི་སྤྱིར་མིའི་རྟེན་ཅན་དང་། ཁྱད་པར་དུ་ལམ་པའི་རྣལ་འབྱོར་པ་རྣམས་ལ་འཆར་བ་ཉིད་དུ་གསུངས་པ་ཡིན་ཏེ། དེ་ཡང་ད་ལྟ་ལུས་ལ་ཡེ་ཤེས་ཀྱི་ལྷ་གནས་ཏེ། སྙིང་ནང་ན་ཞི་བའི་ལྷ་ཚོགས། ཀླད་པ་དུང་ཁང་ན་ཁྲོ་བོའི་ལྷ་ཚོགས་རྣམས་ཡེ་ཤེས་ཀྱི་རང་འོད་རང་གསལ་བར་བཞུགས་པའི་དོན་གྱི་ལམ་གྱི་རྣལ་འབྱོར་པ་རྣམས་ལ་བསྒོམ་པའི་ཚེ་ན་ཅུང་ཟད་གསལ་ལ། སྐྱེ་བོ་ཕལ་པ་རྣམས་ལ་མི་གསལ་ཀྱང་། ལུས་སེམས་བྲལ་བར་གྱུར་པ་དེའི་ཚེ། ཡེ་ཤེས་དེ་དག་ཕྱིར་ཐོན་པས་ནམ་མཁས་ཁྱབ་ཚད་དུ་འཆར་བ་ཡིན་ནོ། །དེའི་ཕྱིར་སམྦུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་སྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །ཞེས་དང་། བརྟག་པ་ལུས་གཉིས་པ་ལས། འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་གནས་པ། །སྒྱུ་མའི་གཟུགས་ཅན་ཉིད་དུ་གནས། །ཞེས་པས་ཀྱང་ལུས་ལ་ལྷ་དང་ཡེ་ཤེས་གནས་པར་གསུངས་ཤིང་། གཞན་ཡང་ཕུང་ཁམས་རིགས་ལྔ་ཡབ་ཡུམ་དང་། དབང་པོ་ལ་སོགས་པ་སེམས་དཔའ་སེམས་མ། ལྷུ་ཚིགས་ཁྲོ་བོ་བཅུ་ལ་སོགས་པ་ལུས་ཀྱི་དཀྱིལ་འཁོར་གདན་གསུམ་ཚང་བ་ཞེས་བཤད་པའི་དོན་གྱིས་ཀྱང་ལུས་ལ་ལྷ་གནས་པར་གསུངས་སོ། །དེ་ལས་ཐམས་ཅད་ལ་ཞི་ཁྲོ་འཆར་བར་གསུངས་པ་ནི། རང་རང་གི་ཉམས་སུ་གང་བླང་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བག་ཆགས་ཀྱི་དབང་གི་འཆར་བ་མ་ཡིན། འདིར་སེམས་ཅན་ཐམས་ཅད་ལ་མཚུངས་པར། ཕུང་པོ་ལྔ་རྒྱལ་བ་རིགས་ལྔ་འབྱུང་བ་ལྔ་ཡུམ་ལྔ། ཤེས་པ་བཞི་དང་དབང་པོ་བཞི་སེམས་དཔའ་བརྒྱད། ཡུལ་བཞི་དུས་བཞི་སེམས་མ་བརྒྱད། དུག་ལྔ་སེར་སྣ་ཐུབ་པ་དྲུག །ས་ཆུ་མེ་རླུང་གི་སྒོ་བཞི་རྣམས་སྒོ་བ་ཡབ་ཡུམ་སྟེ། ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་དང་། དེའི་རྩལ་ལས་ཁྲོ་བོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་ཤར་བ་ནི། ཕུང་པོ་ལྔ་དང་འབྱུང་བ་ལྔ་ཧེ་རུ་ཀ་ཡབ་ཡུམ་བཅུ། རྣམ་ཤེས་ཚོགས་བརྒྱད་མ་མོ་བརྒྱད། ཕུང་པོ་བརྒྱད་ཕྲ་མེན་མ་བརྒྱད། བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་སྒོ་མ་བཞི། སྒལ་ཚིགས་སམ་ཉོན་མོངས་པ་ཉི་ཤུ་རྩ་བརྒྱད་གནས་སུ་དག་པ་ལས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ། དེ་ལྟར་དུ་རང་རང་གི་ཕུང་ཁམས་སྐྱེ་མཆེད་ལ་ཡེ་གདོད་མ་ནས་གནས་པའི་ཞི་ཁྲོ་འཆར་བར་གསུངས་པ་ཡིན་ནོ། །དེ་དག་ཉམས་སྣང་ལས་ཤར་བའི་ལྷ་ཡང་ཡིན་ཏེ། བར་དོའི་སྣང་བ་ཐམས་ཅད་ཉམས་ཀྱི་སྣང་བ་ཡིན་པས་སོ། །རྩ་ཡིག་མཐོང་སྣང་ལས་ཤར་བའི་ལྷ་ཁང་ཡིན་ཏེ། དེ་ལྟར་སྲོག་འགག་ནས་འཚོ་བའི་རླུང་འབྱུང་འཇུག་གི་རྒྱུ་བ་ཆད་དེ་ལུས་སེམས་བརྗེས་པའི་རྐྱེན་གྱི། ལུས་ལ་གནས་པའི་རྩའི་ཡི་གེ་དང་ཁམས་ཀྱི་དངས་ཆ་དང་རླུང་ངོ་བོ་ཉིད་ལ་སོགས་པ་ཕྱིར་འཐོན་པའི་སྣང་བ་ཡིན་པར་སློབ་དཔོན་ཨཱརྱ་དེ་བས་གསུངས་ཏེ། བཅོམ་ལྡན་སྲོག་གི་ལྷག་པའི་བདག་པོ། རྗེ་བོ་བདག་ཉིད་ལ་ནི་ཐིམ་གྱུར་ཅིང་། འཚོ་བའི་རླུང་གི་རྒྱུ་བ་འབྱུང་དང་འཇུག་པའི་ཚོགས་རབ་ཞི་བར་གྱུར་པ་ན། གང་ཞིག་རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་འོད་གསལ་སྐར་མའི་སྣང་བ་རབ་འབྱམས་ནི། རང་ལུས་ཉིད་ལས་ངེས་ཐོན་མུན་པ་བཅོམ་ནས་འཇིག་རྟེན་གསུམ་པོ་གནོན་པར་བྱེད། ཅེས་བཤད་པས། ཡིད་ལུས་ལ་རྩ་ཡིག་མེད་ཀྱང་། ལུས་སྔ་མའི་རྩ་ཡིག་ཡིན་ཕྱིར་ཤར་བ་ཡིན་ནོ། །རྒྱུད་བྱིན་གྱིས་བརླབས་པའི་ཡེ་ཤེས་ཀྱི་ལྷ་ཡང་ཡིན་ཏེ། དུས་དེར་ངོ་ཤེས་པ་ཙམ་གྱི་སངས་རྒྱས་ཀྱི་འབྲས་བུ་སྟེར་བས་སོ། །འོ་ན་ངོ་མ་ཤེས་ན་སླར་འཁོར་བར་འཁྲུལ་པ་བསྐྱེད་པར་བྱེད་པ་ཅི་སྙམ་ན། དེ་ནི་སྔོན་གནས་བརྟན་ལྷ་སྦྱིན་དང་ལེགས་སྐར་གྱི་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་དུ་མ་ཤེས་པས་ལུས་མ་སྤངས་པས་དམྱལ་བར་སོང་བ་བཞིན་ནོ། །སྤྱིར་ན་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱི་རང་ལ་གནས་པའི་ཡེ་ཤེས་ངོ་མ་ཤེས་པ་ཁོ་ན ས་ཟོ་ཆུན་གྱི་འཁྱུད་མོ་བཞིན་དུ་འཁོར་བར་འཁོར་བའི་ཚུལ་ཡང་ཁོངས་སུ་ཆུད་པར་བྱའོ། །བར་དོར་ལས་སྣང་ཁོ་ན་འཆར་བ་ཡང་མ་ཡིན་ཏེ། རྒྱུད་ལས། བ་ལང་འཚོ་དང་ངང་པ་དང་། །རྟ་ཡི་རྣལ་འབྱོར་སྣང་བ་དང་། །དེར་འཇུག་འདོད་པ་སྒྲ་མི་སྙན། །ཤར་དང་ནུབ་ཏུ་རིམ་བཞིན་འཇུག །ཆགས་སྡང་ཕྲག་དོག་སྤེལ་བར་འགྱུར། །འཛམ་གླིང་ཁང་བཟང་ཉམས་དགའ་བོ། །ལྷ་མིན་ནགས་ཚལ་སྟུག་པོ་སྟེ། །ལྷ་ལ་རིན་ཆེན་གཞལ་མེད་ཁང་། །དུད་འགྲོ་ས་ཕུག་སྐྱིལ་པོར་མཐོང་། །ཡི་དྭགས་རང་གི་ལུས་ཀྱི་ཆ། །སྡང་དུམ་ཕྱར་བ་ལྟ་བུའོ། །དམྱལ་བར་འགྲོ་ན་སྤྱི་ཚུགས་སོ། །ཞེས་རིགས་དྲུག་ཏུ་སྐྱེ་བའི་སྣང་བ་སྣ་ཚོགས་པ་དེ་ལྟར་འཆར་བར་གསུངས་ན། གྲོག་སྦུར་ལ་སོགས་པ་དག་ལ་དེ་དག་གི་བག་ཆགས་མེད་པས་ལས་སྣང་དེ་ལྟར་འཆར་བ་མི་སྲིད་པར་འགྱུར་བའི་ཕྱིར་རོ། ༈ །ཡང་ཡེ་ཤེས་ཀྱི་ལྷ་སྒྲུབ་པ་ལ་ཡང་སྔོན་བསག་གི་ལས་འཕྲོ་ཡོད་པ། དབང་གིས་རྒྱུད་སྨིན་པ། བསྐྱེད་རིམ་ཕྲ་རགས་འབྱོངས་པས། བསྙེན་སོགས་དག་པར་བྱས་པ་ལ་སོགས་པ་རྒྱུ་རྐྱེན་རྟེན་འབྲེལ་མང་དུ་ཚོགས་དགོས་པར་གསུངས་པ་ལ། བར་དོར་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་ཡེ་ཤེས་ཀྱི་ལྷ་དེ་ཙམ་ཞིག་གི་ཞལ་མཐོང་བར་གསུངས་པ་ཡང་ཅི་ལྟ་བུ་ཡིན་ཞེས་དྲི་ན་འདི་ལ་ཅི་སྨྲ། སྒྲུབ་ཐབས་ཟབ་མོ་གཅིག་ལ་བརྟེན་ནས་འབད་རྩོལ་གྱིས་སྒྲུབ་པས། ལྷ་འགྲུབ་ཅིང་ཞལ་མཐོང་བའི་ཚེ་ཚེ་རབས་ཀྱི་སྒྲིབ་པ་འདག །རྒྱུད་ལ་བྱིན་བརླབས་འཇུག །མཁའ་སྤྱོད་དུ་འདྲེན་པར་བཤད་པ་ལ། ཞི་ཁྲོའི་ལྷ་དེ་དག་མཐོང་བ་ལ་མཐོང་ཐོས་དྲན་རེག་གི་ཡོན་ཏན་མེད་པར། སླར་གཉིས་འཛིན་སྐྱེ་བའི་འོད་བཀྲག་ཅན་བཀྲག་མེད་ཐུགས་ཁ་ནས་འགྱེད་པར་མཛད་དེ་འཁྲུལ་ནས་འཁོར་བར་འཁྱམས་པར་བྱེད་པའི་ཡི་དམ་གྱི་ལྷ་དེ་འདྲ་ཅི་ལྟ་བུ་ཞེས་དྲི་ན་འདི་ལ་ཅི་སྨྲ། ཡང་ཞི་ཁྲོ་ཉམས་སུ་ལེན་པ་པོའི་གང་ཟག་གཅིག་ལ་འཆར་ན། དེས་ན་འགྲོ་བ་ཐམས་ཅད་ཀྱི་ཐོས་གྲོལ་ཉམས་སུ་མ་བླངས། དེས་ལྷ་མི་འཆར། མ་ཤར་བས་འགྲོ་བ་གཞན་ལ་ཐོས་གྲོལ་བཀླག་པ་དོན་མེད་དེ་ངོ་འཕྲོད་པའི་རྟེན་མ་མཆིས་པས་སོ། །ཞེས་དྲི་བ་གསུམ་གསུངས་པའི་དང་པོ་གཉིས་ནི་གང་ཟག་རིམ་གྱིས་པ་བསྐྱེད་རིམ་ལ་བརྟེན་ནས་ལུས་ཀྱི་བག་ཆགས་སྦྱོང་། བཟླས་པ་ལ་རྟེན་ནས་ངག་གི་བག་ཆགས་སྦྱོང་། རྫོགས་རིམ་ལ་རྟེན་ནས་ཡིད་ཀྱི་བག་ཆགས་སྦྱངས་པས་ལྷག་པའི་ལྷའི་ཞལ་མཐོང་སྟེ་བསྐྱེད་རིམ་གྱི་སྒོ་ནས་ལྷ་གྲུབ་པ་ཡིན་ལ་དེ་དང་འདི་མི་མཚུངས་ཏེ་འདི་ནི་གོང་དུ་སྨོས་པ་བཞིན་དུ་ཡེ་ནས་གནས་པའི་ལྷ་རང་གི་ལུས་ལས་ཐོན་པའི་སྣང་བ་ཡིན་ནོ། །འོ་ན་འདི་དག་ཡེ་ཤེས་ཀྱི་ལྷ་ཡིན་ནམ་མ་ཡིན་ཅེ་ན། ཡིན་ཏེ་འདི་ལས་གཞན་པའི་ཡེ་ཤེས་ཀྱི་ལྷ་གང་ཡང་མེད་དེ། གཉིས་མེད་རྣམ་རྒྱལ་ལས། རང་འོད་ཡེ་ཤེས་ལྡན་པའི་སྐུ། །འཇའ་ཚོན་བཞིན་དུ་གསལ་བའི་བདག །སྟོང་པ་གསུམ་ལས་འདས་པ་པོ། །ཐོགས་པ་མེད་པའི་ཡེ་ཤེས་འཕྲོ། །ཞེས་གསུངས་པ་ཡིན་ནོ། །སེམས་ཅན་འཁོར་བར་འཁྱམས་པར་བྱ་བའི་སླད་དུ་ཐུགས་ཁ་ནས་འོད་བཀྲག་ཅན་བཀྲག་མེད་འགྱེད་པར་མཛད་པ་ག་ལ་ཞིག་སྟེ། སེམས་ཅན་རྣམས་ཀྱི་ནི་རང་མ་རིག་པ་ཁོ་ནའི་སྐྱོན་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དག་གི་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཤེས་པས་སངས་རྒྱས་རྣམས་ནི་ཡང་དག་པའི་ཆོས་ཉིད་དམིགས་སུ་མེད་པ་ནམ་མཁའ་ལྟ་བུ་རྟོག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དྲི་མ་མེད་པའི་ཆོས་ཀྱི་སྐུ་ཅན་ཡིན་པ་དེའི་ཕྱིར། བྱིས་པའི་སྐྱེ་བོ་བདག་དང་གཞན་དུ་སྨྲ་བ་གཟུགས་དང་མཚན་མར་འཛིན་པ་རྣམས་ཀྱི་དེ་ལྟ་བུའི་ཆོས་ཉིད་དེ་ནི་ཤེས་པར་བྱ་བའི་ཡུལ་མ་ཡིན་པས་འཁོར་བར་འཁོར་བ་ཉིད་དུ་གསུངས་སོ། །དྲི་བ་གསུམ་པའི་དོན་ནི། སེམས་ཅན་ཐམས་ཅད་ལ་ཞི་ཁྲོ་འཆར་བར་ཁས་བླངས་པས་ཁེགས་པ་ཡིན་མོད། གལ་ཏེ་ལྷ་མ་ཤར་ཀྱང་ཐོས་གྲོལ་བཀླག་པ་དོན་མེད་པ་དང་ངོ་འཕྲོད་པའི་རྟེན་མ་མཆིས་པ་མ་ཡིན་ཏེ། ཞི་ཁྲོའི་ལྷ་དེ་དག་གི་མཚན་ལན་གཅིག་ཐོས་པས་ཀྱང་ན་རག་ཆེན་པོར་མི་ལྷུང་བའི་དགོས་པ་ཆེན་པོ་ཡོད་པར་བཤད་ལ། དེའི་སེམས་རྒྱུད་དེ་ཀ་ངོ་སྤྲོད་པའི་རྟེན་ཡིན་པས་ངོ་སྤྲོད་འཁོར་འདས་རང་གྲོལ་ལྟར་དུ་ཕྱག་རྒྱ་ཆེན་པོའི་གདམས་པ་བཏབ་པས་གྲོལ་བར་འགྱུར་བས་སོ། ༈ །ཡང་ཐོས་གྲོལ་ཉམས་སུ་ལེན་པ་ལ་ཞི་ཁྲོ་འཆར་ན་གཞན་ལའང་ཉམས་སུ་གང་བླང་དེ་འཆར་བས། བདེ་མཆོག་པ་ལ་བདེ་མཆོག་དང་། དགྱེས་རྡོར་བ་ལ་དགྱེས་རྡོར་ལྷ་དགུ་སོགས་འཆར་དགོས་ཏེ། གསར་མའི་རྒྱུད་ལུང་ཕལ་ཆེ་བ་ལས། རང་ལུས་ལས་དེ་དག་ཐོན་ནས་འཆར་བའི་བཤད་པ་གཏན་ནས་མེད་ལ། བདེ་མཆོག་ལྟ་བུ་ཉམས་སུ་བླང་པས། རབ་ཚེ་འདིར་ཕུང་ཁམས་འཁོར་ལོ་སྡོམ་པའི་ངོ་བོར་གྲོལ་ཏེ་ལྷག་མེད་འགྲུབ་པ་དང་། འབྲིང་འཆི་བ་ཆོས་སྐུ་མཁའ་ཁྱབ་ཀྱི་འོད་གསལ་བའི་རང་བཞིན་འཁྲུལ་ན་ཡིད་ལུས་སུ་ལྡང་རྒྱུ་དེ་འཁོར་ལོ་སྡོམ་པ་རྟེན་བརྟེན་པའི་དཀྱིལ་འཁོར་དུ་བཞེངས་ནས་སངས་རྒྱས་པར་འགྱུར་བའི་བཤད་པ་ཡོད་ན། དེ་དང་བར་དོའི་འཁྲུལ་ངོ་ལ་ཡི་དམ་གྱི་ལྷ་འཆར་བ་གཉིས་ཁྱད་ཤིན་ཏུ་ཆེ། དེས་ན་བར་དོར་ལས་སྣང་གི་གཤིན་རྗེའི་སྐྱེས་བུ་དང་། འབྱུང་བ་དགྲར་ལངས་ཀྱི་འཁྲུལ་སྣང་ངེས་པ་དང་མ་ངེས་པ་དང་མ་ངེས་པ་སྣ་ཚོགས་འཆར་བར་གསུངས་པ་ལས་ཞི་ཁྲོ་ཞལ་ཕྱག་ངེས་པ་ཅན་དེ་ཁོ་ན་འཆར་བ་ཚད་ལྡན་གྱི་གཞུང་ལུགས་ལས་མ་བཤད། འཁྲུལ་ངོའི་ལས་སྣང་ཡིན་པའི་རྟགས་སུ་སྡིག་ཅན་དང་སྐྱེ་བོ་ཕལ་པ་ལ་དབུགས་ཆད་ཁ་ཉིད་དུ་འཁྲུལ་སྣང་མགོ་བརྩོམ། དེ་ནས་ཤིན་ཏུ་རགས་པར་འཆར་བས་སྔངས་སྐྲག་ཆེ། སྒྲོད་དཀའ། ལམ་པ་ལ་ལས་སྣང་ཅུང་ཟད་ལས་མེད་པས་འཇིགས་སྐྲག་ཆུང་། སྒྲོད་སླ། འཁྲུལ་སྣང་ཞིག་པའི་གང་ཟག་ལྟ་བས་ཐེབས་པ་རྣམས་ལ་བར་དོ་མི་འབྱུང་བར་གསུངས་སོ། །དེས་ན་ལས་སྣང་གི་འཁྲུལ་ངོར་ཡེ་ཤེས་ཀྱི་ལྷ་འཆར་བར་གསུངས་པ་ཡང་སྔགས་བཙུན་སྐྱེ་བོ་དག་གི་བློ་བཟོ་ཡིན་ནོ། །ཞེས་སྨྲ་ན་འདི་ལ་གཏན་ཚིག་སྨྲ་རྒྱུ་ཅི་ཡོད། ཅེས་གསུངས་པ་ལ། གསང་སྔགས་གསར་མའི་རྒྱུད་ལུང་རྣམས་ནས། བདེ་མཆོག་ལ་སོགས་པའི་ལྷ་རྣམས་ལུས་ལས་ཐོན་ཏེ་འཆར་བར་མ་གསུང་བ་དེ་བཞིན་དུ། འདིར་ཡང་ཉམས་སུ་གང་བླང་བའི་ལྷ་དེ་དག་འཆར་བར་བཤད་པ་མེད་མོད། བདེ་མཆོག་པ་དག་གི་གྲོལ་ལུགས་རབ་འབྲིང་གི་རྣམ་དབྱེ་གསུང་པ་ནི་ཇི་སྐད་བཀའ་སྩལ་པ་ལྟར་ལགས་མོད་ཀྱང་། འདིར་ནི་ཐེག་པའི་གོ་རིམ་གྱི་དབྱེ་བས་དེ་དག་དང་མཐུན་དགོས་པའི་ངེས་པ་མེད་པས། དེ་བས་ན་འདིར་གསུངས་པའི་ཞི་ཁྲོའི་སྣང་བ་རྣམས་བར་དོའི་འཁྲུལ་ངོ་ཁོ་ན་ལ་ཤར་བ་མ་ཡིན། ལུས་ཅན་རྣམས་ལ་བར་དོ་དྲུག་ཏུ་ཕྱེ་བའི་འཆི་ཁའི་བར་དོ་ལ་སྡིག་པ་ཅན་གྱི་སྐྱེ་བོ་ལ་གནད་གཅོད་ཀྱི་སྡུག་བསྔལ་དང་འཁྲུལ་སྣང་མགོ་བརྩོམ་ཞིང་། དེའི་ཚེ་འོད་ཁུག་པ་ལྔ་འཆར་མོད་ཀྱི། གདམས་ངག་དང་མི་ལྡན་པས་སམ། ལྡན་ཀྱང་རུང་སྟེ་ལས་ཀྱི་སྒྲིབ་པས་ངོ་མི་ཤེས། དེ་ནས་ཆོས་ཉིད་ཀྱི་བར་དོ་ཞི་ཁྲོ་དག་སྒྲ་འོད་ཟེར་གསུམ་ལ་སོགས་པའི་སྣང་བ་དེ་དག་འབྱུང་ཡང་བསམ་གཏན་གྱི་ཞག་ལྔ་ལས་ཡུན་རིང་བར་མི་གནས་པ་ཡིན། དེ་ལ་བསམ་གཏན་གྱི་ཞག་ཅེས་པ་ཏིང་ངེ་འཛིན་དང་མི་ལྡན་པའི་སྐྱེ་བོ་ཐ་མ་ལ་པ་དག་ལ་སེ་གོལ་གཅིག་གི་ཡུན་ཚད་ཡིན་ཅིང་། རྣལ་འབྱོར་པ་རྣམས་ཀྱི་ཏིང་ངེ་འཛིན་ཡུན་ཇི་ཙམ་ཐུབ་པ་དེ་ཉིད་ཀྱི་ཡུན་ཚད་ཡིན་པས་མ་ངེས་སོ། །དེ་ནས་སྐྱེ་བོ་ཕལ་པ་དག་ལ་སྲིད་པ་བར་དོའི་སྣང་བ་རང་རང་གི་བསགས་པ་དང་མཐུན་པའི་ལས་སྣང་ངེས་པ་དང་མ་ངེས་པ་སྣ་ཚོགས་འཆར་བ་ཡིན་གྱི། ཞི་ཁྲོ་སྒྲ་འོད་ཟེར་དང་བཅས་པའི་སྣང་བ་དེ་དག་གི་གོ་ཆོད་ནས་ལས་སྣང་གཞན་གཏན་ནས་མི་འཆར་བར་གསུངས་པ་མ་ཡིན། ལམ་པའི་རྣལ་འབྱོར་པ་ལ་ཡང་འཆི་ཁའི་བར་དོའི་ཐིམ་རིམ་དང་འོད་ཁུག་པ་ལྔ་དང་དེ་རྗེས་ཆོས་ཉིད་ཀྱི་བར་དོར་རང་སོ་མ་ཟིན་ན། བསག་པ་དང་མཐུན་པའི་ལས་སྣང་ངེས་མ་ངེས་སྣ་ཚོགས་འཆར་བས། དེའི་དུས་སུ་ཡུར་བ་སྐོངས་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་སྲིད་པ་བར་དོའི་གདམས་པ་བཤད་པ་ཡིན། ཞི་ཁྲོའི་སྣང་བ་དེ་དག་ཆོས་ཉིད་དོན་གྱི་རང་སྣང་ཡིན་པས་མིང་ཡང་ཆོས་ཉིད་ཀྱི་བར་དོ་ཞེས་བཏགས་པ་ཡིན། འདི་དག་སྦྱོར་དྲུག་པ་དང་། རིམ་ལྔ་པ་དག་གི་འཆི་ཁའི་འོད་གསལ་འཛིན་པ་དོན་གཅིག །དེ་དག་སྲིད་པ་བར་མ་དོའི་ལས་སྣང་གི་འཁྲུལ་ངོ་ཡིན་པར་མཛད་འདུག་པ་འདི་ནི་དགོངས་པ་ཅན་ལོས་ཡིན་མ་ཡིན་ན་ནན་ལྟར་མ་ངེས་པ་ཆེན་པོ་ཉིད་དོ། ༈ །ཡང་ལ་ལ་དག་ནི་མྱོང་གྲོལ་བྱ་བ་ཡིན་ཟེར་ནས་རིལ་བུ་ཞིག་ཟོས་པས་ཐར་པ་ཐོབ་པར་རློམ་སྟེ། དེ་ལ་སྐྱེ་བདུན་རིལ་བུའི་ཁུངས་མ་དག་པར་བསྟན་པ། སྐྱེ་བདུན་རང་གི་ངོ་བོ་མ་དག་པར་བསྟན་པའོ། །དེ་ལ་སྐྱེ་བདུན་རིལ་བུའི་ཁུངས་མ་དག་པ་ནི། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་ཞེས་བྱ་བ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ་ཞིག་གི་བུ་མོ་མནྡ་ར་བ་བྱ་བ་ཞིག་ཡོད་པ་ལ། རྒྱ་དཀར་ནག་ལ་སོགས་པ་ཕྱོགས་ཀྱི་རྒྱལ་པོས་བཙུན་མོར་བསློང་བའི་སྙེ་བོ་མང་སྟེ། ཡབ་ཡུམ་གྱི་བྱིན་ངོ་མ་ཤེས་པར་མནྡྷ་ར་བ་ཉིད་སུ་ལ་གཏོང་ཕོ་བྲང་གི་ཡང་རྩེར་བསམ་གཞིགས་གཏོང་བཅུག་པ་ལས། ལན་ཅིག་རྒྱལ་པོའི་སྐྲུམས་ཤ་ཐོགས་ཏེ་མནྡྷ་ར་བ་ལ་རིན་དུ་འབྲས་བསྐུར་ཏེ་ཚོང་འདུས་སུ་ཤ་ཉོར་བཏང་བ་ན་ཆར་ཆེས་ནས་ཚོང་འདུས་མ་འཛོམ། ལོག་པའི་ལམ་ན་བྱིས་པ་ཤི་བའི་རོ་ཞིག་འདུག་པ་ལས་ཤ་བྲེགས་ཏེ་རྒྱལ་པོ་ལ་ཞུས་པས་སྐྱེ་བདུན་དུ་རིག་ཅེས་སྨྲ། དེ་ལ་མི་འཐད་པའི་རྒྱུ་མཚན་གསུམ་སྟེ། ཟ་ཧོར་རྒྱལ་པོ་འཁོར་ལོས་སྒྱུར་བ་ལྟ་བུའི་མངའ་ཐང་ཡོད་པར་བསྟན་ནས་གསོལ་བའི་ཀྲུམ་ཤ་ལ་ཐོགས་པ་མི་སྲིད། གལ་ཏེ་ཐོགས་སྲིད་ཀྱང་བྲན་གཡོག་དཔག་ཏུ་མེད་པར་བསྟན་ནས། ལྷ་ལྕམ་མིག་འབྲས་ལྟར་གཅེས་པ་དེ་ལ་འབྲས་ཀྱི་སྒྱེའུ་ཞིག་རྒྱབ་ཏུ་སྦྲགས་ཏེ་ཚོང་འདུས་སུ་བཏང་བ་མི་སྲིད། གལ་ཏེ་བཏང་དུ་ཟིན་ནའང་སྤྱིར་ཟ་ཧོར་བ་ཀུན་ལ་མི་ཤ་བའི་སྲོལ་དང་མི་ལྡན་ཞིང་། ཁྱད་པར་རྒྱལ་པོ་ལ་གཞན་གྱི་མི་ཟ་བའི་ཤ་འདྲེན་པ་མི་སྲིད། དེས་ན་སྐྱེ་བདུན་སྙེད་པའི་ཁུངས་མ་དག་སྟེ། འདི་ཡང་སྔགས་བཙུན་སྐྱེ་བོ་དག་གི་བློ་བཟོར་རིག་པར་བྱའོ། །དེ་དག་སྐྱོན་མེད་དུ་འགྲོ་བའི་སྒྲུབ་བྱེད་ཡོད་ན་སྨྲ་བར་རིགས་སོ། །ཡང་སྐྱེ་བདུན་གྱི་ངོ་བོ་མ་དག་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟའི་སངས་རྒྱས་དཔག་ཏུ་མེད་པའི་མཛད་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པས་གྲོལ་བ་ལས། སྐྱེ་བདུན་ཟོས་པས་གྲོལ་བའི་སངས་རྒྱས་འདིའོ་བྱ་བ་མེད། དེ་བས་གྲུབ་པ་བརྙེས་པ་ཙམ་ཡང་མེད་དེ། རྒྱ་བོད་ཀྱི་གྲུབ་ཐོབ་འདི་ཙམ་གྱི་ནང་ན་ལམ་རྒྱུད་ལ་བསྟེན་ནས་གྲོལ་བ་ལས་སྐྱེ་བདུན་ཟོས་པའི་གྲུབ་ཐོབ་འདིའོ་བྱ་བ་མེད། ཡང་དེ་དག་གི་གདམས་པ་ལ་སྐྱེ་བདུན་གྱི་སྒྲུབ་ཐབས་ཟབ་མོ་འདི་མེད་དེ་ངེད་ཅག་གི་ཁྱད་པར་བའོ་སྙམ་ན། ད་ལྟ་ཁྱེད་རང་རྙིང་མ་བ་ཡོད་དོ་ཅོག་རྣམས་ཀྱང་གདམས་པ་ལས་བྱུང་བ་ལྟར་སྒྲུབ་སྟེ་སྐྱེ་བོའི་ཚོགས་ལ་སྦྱིན་པ་ལྟར་བྱེད་ན། དེ་དག་གི་དབུས་ན་གྲོལ་བ་ཐོབ་པ་ལྟ་ཞོག་གི། མཐོང་སྣང་གི་ཡོན་ཏན་སྐྱེས་པ་ཙམ་ཡང་མི་སྣང་ལ། སེམས་ཅན་གྱི་ཁམས་རྒྱུད་རང་རྒྱུད་དུ་ཁྲེགས་སེ་ལུས་ནས་སངས་རྒྱས་པར་བརྟགས་སུ་ནི་མི་རུང་། དེས་ན་སྐྱེ་བདུན་གྱི་ཤ་ཟོས་པས་གྲོལ་བར་རློམ་པ་ཡང་སྔགས་བཙུན་སྐྱེ་བོ་དག་གི་བློ་བཟོ་ཡིན་ནོ། །གསུམ་པ་ནུས་པ་མ་དག་པ་ནི་གལ་ཏེ་སྐྱེ་བདུན་དེས་ངེས་པར་གྲོལ་རྒྱུ་ཡིན་ནའང་། དེ་ལ་གྲོལ་བྱེད་ཀྱི་རྫས་སྐྱེ་བདུན་དེ་མི་ནས་མིར་བརྒྱུད་ཀྱི་སྐྱེ་བདུན་དེས་ཆོག་གམ། གང་ཟག་ཆོས་ལྡན་གྱི་སྐྱེ་བདུན་ཞིག་དགོས། ཆོས་ལྡན་དགོས་ན་ཤས་གྲོལ་བ་མ་ཡིན། ཆོས་ཀྱི་གྲོལ་བ་ཡིན་ནོ། །མི་བརྒྱུད་བདུན་ཙམ་གྱི་ཆོག་ན། མི་དེ་ཆོས་དང་མི་ལྡན་པས་སྐྱེ་བ་བདུན་བླངས་ཀྱང་ཁོ་རང་གི་ཤེས་རྒྱུད་མ་གྲོལ་བར་ཐ་མལ་དུ་ཁྲེས་སེ་ལུས་ནས། དེའི་ཤ་ཅུང་ཟད་ཟོས་པས་ངེད་རང་གྲོལ་བར་ཅི་ལ་འགྱུར། དེས་ན་གསང་སྔགས་གསར་མའི་རྒྱུན་འགའ་ཞིག་ནས་ཀྱང་སྐྱེ་བདུན་གྱི་དམ་རྫས་བསྟེན་པ་ཙམ་ནི་གསུངས་ཏེ། བརྟག་གཉིས་ལས། རྒྱལ་མཚན་དང་ནི་མཚོན་སྣུན་དང་། །ལན་བདུན་པ་ཡང་བཟའ་བར་བྱ། །ཞེས་དང་། བདེ་མཆོག་ངེས་བརྗོད་བླ་མ་ལས་ཀྱང་གསུངས་ལ། དེའི་དགོངས་པ་ནི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་བདེ་སྟོང་ཡེ་ཤེས་ཆེན་པོས་ལམ་སྒྲོད་པའི་དབང་དུ་བྱས་ནས། དོན་དམ་བྱང་ཆུབ་སེམས་ཀྱི་རྟེན་དུ་གྱུར་པའི་ཀུན་རྫོབ་ཀུནྡ་འཕེལ་བའི་རྒྱུར། རྒྱལ་མཚན་རིགས་ཀྱི་དྲེགས་པའི་ཤ་དང་། མཚོན་སྣུན་གཡུལ་དུ་བསད་པའི་ཤ་ཆེན། ལན་བདུན་པ་མི་སྐྱེ་བ་བདུན་བླངས་པའི་གང་ཟག་ལས་དབང་གི་ཤི་བའི་ཤ་རྣམས་གང་སྙེད་ཀུནྡའི་རིམ་གྲོར་འགྱུར་ཏེ་དངོས་སུ་གྲོལ་བ་མ་ཡིན་ནའང་། བརྒྱུད་ནས་གྲོལ་བར་གསུངས་པ་ལྟར་གོ་བ་ཆགས་དགོས་ཏེ། དེ་ཟོས་པས་སྡིག་ཅན་ཀྱང་གྲོལ་བར་འདོད་པ་ལོག་རྟོག་ཆེན་པོའོ། །ཞེས་དྲི་ན་གྲོལ་ངེས་ཀྱི་སྒྲུབ་བྱེད་རྣམ་དག་སྨྲ་རྒྱུ་ཅི་ཡོད། ཅེས་བཀའ་བརྩལ་པ་ལས། དེ་ལ་སྐྱེ་བདུན་གྱི་ཤ་ཟོས་པས་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་བར་མདོ་རྒྱུད་རྣམས་སུ་མང་དུ་གསུངས་པས་ཁུངས་མ་དག་པ་མ་ཡིན་ཞིང་། ལོ་རྒྱུས་དེ་ལ་ཡང་མ་དག་པའི་སྐྱོན་ཡོད་པ་ཡིན་ཏེ། རྒྱལ་པོ་དཔག་པར་དཀའ་བའི་དགེ་བའི་བློ་ཅན་དེ་ཉིད་སྐྱེ་བདུན་གྱི་ཤ་ལ་རྟེན་ཏེ་གྲོལ་བ་ཐོབ་པར་འགྱུར་བའི་སྐལ་བ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་དང་། དེ་དུས་ཀྱི་བྲམ་ཟེའི་ཤ་དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བསམ་བཞིན་དུ་འགྲོ་བའི་དོན་དུ་སྐྱེ་བ་ལན་བདུན་བཞེས་པའི་ཤ་ཡིན་པས་ལྷ་ལྕམ་རང་བཞིན་གྱི་མཁའ་འགྲོ་མ་དེ་ཡི་ལག་ཏུ་འོང་བ་ལས་གཞན་དག་ལ་ལེན་པའི་སྐལ་བ་མེད་པའི་ཕྱིར་དང་། ཟ་ཧོར་རྒྱལ་པོ་འཁོར་དང་ལོངས་སྤྱོད་རབ་ཏུ་རྒྱས་པ་ཡིན་མོད་ཀྱི། རྒྱ་གར་གྱི་རྒྱལ་པོ་རྣམས་ནང་ནུབ་ཀྱི་གསོལ་ཟས་བཙུན་མོ་རྣམས་ཀྱི་གན་དུ་རིམ་གྱི་གསོལ་བ་ཡིན་པས་ན། རྒྱུ་མཚན་གསུམ་གྱི་བྱུང་ཁུངས་དག་པ་ཡིན་ནོ། །དེའི་ཕྱིར་མདོ་ལས་ཀྱང་། རྒྱལ་པོ་རྐང་ཁྲ་བཙུན་མོ་ཆུང་བ་ངན་ཤོས་ཀྱི་བསྙན་བཀུར་རེས་ལ་བབ་པ་ན། ཤ་གཞན་མ་རྙེད་པས་དུར་ཁྲོད་ན་བྱིས་པ་ཤི་བའི་རོ་ཞིག་འདུག་པ་ལས་ཤ་བྲེགས་ཏེ་ཁྱིམ་དུ་བཙོས་པ་དང་། དེའི་རླངས་པ་བྱད་བཞིན་ལ་ཕོག་པས་མོ་རྐང་པ་ས་ལ་མི་རེག་པར་འགྲོའོ། །དེ་ཁོས་མཐོང་ནས་ངོ་མཚར་ཏེ། མོ་ལ་སྡིགས་པས་སྐྲག་སྟེ། མཆོག་བྱིན་ནས་བཤད་པ་དང་། ལྷག་མ་ཀུན་ཡང་ཁྱེར་ཤོག་ཟེར་ཏེ་ཟོས་པས་ཁོ་ནམ་མཁའ་ལ་འགྲོའོ། །ཞེས་གསུངས་ཤིང་། གསང་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ནི་སྐྱེ་བདུན་གྱི་ཤས་གྲོལ་བའི་ཚུལ་དང་། དེ་ལ་རྟེན་པའི་སྒྲུབ་ཐབས་མང་པོ་གསུངས་པ་ཡིན་ཏེ། བདེ་མཆོག་སྡོམ་པ་འབྱུང་བའི་རྒྱུད་ལས། སྐྱེས་བུ་གང་གི་རྡུལ་དྲི་ཞིམ་པར་གྱུར་པ་དང་། བདེན་པར་སྨྲ་བ་དང་། ཡུན་རིང་པོར་མིག་མི་འཛུམ་པ་དང་། ཁྲོ་བ་མེད་པར་གྱུར་པ་དང་། ཁ་ནས་དབུགས་དྲི་ཞིམ་པོ་འབྱུང་བ་དེ་ནི་སྐྱེ་བ་བདུན་དུ་མིར་གྱུར་པ་ཡིན་ཏེ། དེ་བསྣམས་ན་དེའི་སྙིང་ཁ་ལ་བསྟེན་པའི་གོ་རོ་ཙ་ན་ཡོད་དེ། དེ་བླངས་པ་ལ་དཔལ་ཧེ་རུ་ཀའི་སྔགས་བརྒྱ་རྩ་བརྒྱད་བཟླས་ནས་ཐིག་ལེ་བྱས་ན་སྟེང་དུ་ལྡིང་བར་འགྱུར་ཞིང་དཔག་ཚད་བྱེ་བར་འགྲོ་བར་འགྱུར་རོ། །དེ་ཟོས་པ་ཙམ་གྱི་དུས་གསུམ་གྱི་ཡེ་ཤེས་ཅན་དུ་འགྱུར་རོ། །ཞེས་པ་དང་། དེ་ཉིད་ཀྱི་ལེའུ་བཞི་བཅུ་རྩ་དགུ་པར། གང་གི་ཁ་ཡི་དྲི་ཞིམ་ཤིང་། །མིག་གི་འཛུམ་པར་རྣམ་པར་ལྟ། །བདེན་པར་སྨྲ་ཞིང་མཐོང་ན་དགའ། །རྟག་ཏུ་དམ་ཆོས་དགའ་འགྱུར་ཞིང་། །རང་གི་སྐྱེ་བ་ཤེས་པ་དང་། །ལུས་ཀྱི་དྲི་ནི་རྟག་ཏུ་ཞིམ། །མཚན་ཉིད་འདི་དང་ལྡན་པ་ནི། །སྐྱེ་བ་བདུན་དུ་བྱུང་བ་ཡིན། །དེ་ནི་ཟོས་པ་ཙམ་གྱི་ནི། །ལྷ་ཡི་གཟུགས་ནི་འཛིན་པར་འགྱུར། །བསྣམས་པའམ་རེག་པ་ཙམ་གྱིས་ནི། །གང་ཞིག་ཐིག་ལེ་བྱས་པ་དེ། །མོད་ལ་གྲུབ་པར་འགྱུར་བ་སྟེ། །འདི་ནི་རང་དགའི་གཟུགས་འཆར་འགྱུར། །ཞེས་གསུངས་ཤིང་། དཔལ་བརྟག་པ་གཉིས་པ་ལས་ཀྱང་། སྐྱེ་བ་བདུན་པའང་དེ་ནས་མཚོན། །དགའ་བྲལ་དགའ་བ་ལ་སྨོད་པ། །ལན་བདུན་པས་ནི་འགྲུབ་པར་འགྱུར། །དྲི་ལུས་གཟི་བརྗིད་ཆེན་པོ་དང་། །སྐད་སྙན་མིག་དང་ལྡན་པ་དང་། །དེ་ཡི་གྲིབ་མ་བདུན་དུ་འགྱུར། །མཐོང་ནས་རྣལ་འབྱོར་པ་ཡི་མཚོན། །དེ་ནི་ཟོས་པ་ཙམ་གྱི་ནི། །སྐད་ཅིག་ཉིད་ལ་མཁའ་སྤྱོད་འགྱུར། །ཞེས་གསུངས་པ་ཡིན་ལ། གཞན་རྒྱུད་སྡེ་རྣམས་སུ་མང་དུ་གསུངས་ཀྱང་འདིར་ཡི་གེ་མང་པོར་འགྲོ་ཕྱིར་དེ་ཙམ་གྱི་ཆོག་གོ། །རྒྱས་པར་བདེ་མཆོག་གི་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པའི་ལེའུ་བཅུ་གཅིག་པ་དང་། བདེ་མཆོག་ངེས་བརྗོད་བླ་མའི་ལེའུ་དྲུག་ཅུ་རེ་དྲུག་པ་དང་། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རབ་བྱེད་གཉིས་པ་དང་། ཧེ་རུ་ཀ་མངོན་འབྱུང་གི་ལེའུ་བཞི་བཅུ་ཞེ་གཉིས་པ་དང་། སམྦུ་ཊིའི་ལེའུ་བཅུ་བདུན་པ་དང་། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་ལེའུ་ཉི་ཤུ་རྩ་བཞི་པ་དང་། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་ལེའུ་དང་པོ་དང་། དེ་ལ་སོགས་པ་རྣམས་སུ་ལྟ་བར་བྱའོ། །འདི་དག་ལས་མཁའ་འགྲོ་རྒྱ་མཚོའི་རབ་བྱེད་གཉིས་པར་བདེ་མཆོག་བོང་བུའི་རྣམ་པའི་དཀྱིལ་འཁོར་གྱི་སྐྱེ་བདུན་སྒྲུབ་པ་གསུངས་པའི་ཚུལ་ནི་ས་སྐྱ་པ་བདག་ཆེན་ཐམས་ཅད་མཁྱེན་པས་ཕྱག་ལེན་མཛད་པ་ཡིན་ནོ། །བསྟན་བཅོས་རྣམས་སུ་ཡང་འབྱུང་བ་ཡིན་ཏེ། བརྟག་གཉིས་སྟོང་ཐུན་ལས། རྒྱལ་པོ་གྲགས་པ་མཐའ་ཡས་མངའ་འབངས་དང་བཅས་པ་སྐྱེ་བདུན་གྱི་ཤ་ཟོས་པས་མཁའ་སྤྱོད་དུ་སོང་སྟེ་གྲོང་ཁྱེར་སྟོང་པ་བཤད་པ་དང་། ལོ་ཙཱ་བ་ཆེན་པོ་ཤོང་སྟོན་གྱིས་མཛད་པའི་མཚན་བརྗོད་ཀྱི་འགྲེལ་པ་ལས། བྱང་ཆུབ་ཡན་ལག་མེ་ཏོག་སྤོས་ཞེས་པ་ལན་བདུན་པ་སྟེ། དེ་ཟོས་པ་ལས་དགའ་བ་ཞེས་པ་བདེ་བ་ཆེན་པོ་འགྲུབ་པར་འགྱུར་རོ། །ཞེས་གསུངས་ཤིང་། རྗེ་དམ་པ་རྒྱ་གར་གྱི། ཆུ་བོ་ནེ་རཉྫ་ནའི་འགྲམ་ན་གྲུབ་ཐོབ་ཅིག་ཏིང་ངེ་འཛིན་ལ་བཞུགས་པ་ལ་ཉ་བོ་ཆེ་ཅིག་གི་ཁྱུར་མིད་བྱས་སོང་བས་ལོ་བཅུ་གཉིས་ཀྱི་བར་དུ་ཉའི་ལྟོ་བར་མ་ཞུ་བར་ཏིང་ངེ་འཛིན་ལ་བཞུགས་པ་མཐོང་། བྲམ་ཟེའི་ཤ་ཁམ་གཅིག་ཟོས་པས་དེ་མཁའ་སྤྱོད་དུ་སོང་བ་མཐོང་། དེ་དག་ཡ་མཚན་པར་འདུག །ཅེས་འཁོར་རྣམས་ཀྱི་ཡ་མཚན་པ་ཅི་འདྲ་གཟིགས་ཞེས་ཞུས་པའི་ལན་དུ་གསུངས་ཤིང་། དམ་པའི་ཞལ་ཆེམས་སུའང་། ཤ་ཁམ་གཅིག་ཟོས་པས་དག་པའི་ཞིང་ལ་འགྲོ་བའི་གང་ཟག་དེ་འདྲ་མཐོང་། ཞེས་གསུངས། ཕྱིས་དམ་པའི་གདུང་གཞུ་བ་ན། རྒྱ་གར་ནས་དམ་པའི་སློབ་མ་གྲོལ་བ་ཐོབ་པའི་པཎྜི་ཏ་གསུམ་བྱུང་སྟེ། བོད་ཀྱི་ཕུང་ཐལ་ཆེན་པོ་བྱས་ཞེས་མྱ་ངན་དུ་གྱུར་པ་ན། དེང་རི་བ་དག་གི་རྒྱུ་མཚན་དྲིས་པས་དེ་གསུམ་ན་རེ། ཆོས་མ་བྱས་པར་སངས་རྒྱ་བའི་ཐབས་གསུམ་ཡོད་དེ། དེ་ལ་ཕྱག་རྒྱ་མཚན་དང་ལྡན་པ་ཁྲག་འོ་མར་འབབ་པ་ཞིག་ཡོད། དེ་ལ་ཐབས་ཀྱི་སྦྱོར་ཤེས་ན་སངས་རྒྱ་བ་ཡིན། གཉིས་པ་ནི་འཕོ་བའི་གནད་ཤེས་ན་སངས་རྒྱ་བ་ཡིན། གསུམ་པ་ནི་བྲམ་ཟེ་གཙང་མ་སྐྱེ་བ་བདུན་བརྒྱུད་པའི་ཤ་ཁྲག་སུའི་ལྟོར་སོང་ཡང་སངས་རྒྱ་བ་ཡིན། དམ་པ་དེ་ཡང་སྐྱེ་བ་བདུན་པ་ཡིན་པ་ལ་ད་ནི་གདུང་ཐལ་ཙམ་ཡང་མི་སྣང་ངོ་ཟེར་རོ། །ཞེས་པ་ཞི་བྱེད་པ་དག་གི་ལོ་རྒྱུས་སུ་འབྱུང་ངོ་། །དེ་ལ་སྐྱེ་བ་བདུན་བླངས་ཀྱང་མི་དེ་ཆོས་དང་མི་ལྡན་པས་ཁོ་རང་མ་གྲོལ་བས་ངེད་རང་དེའི་ཤས་མི་གྲོལ་གསུང་བ་ཡང་མ་ཡིན་ཏེ། རྡོ་ཁབ་ལེན་ལ་སོགས་པའི་རྫས་ཀྱི་འཕོ་བའི་ནུས་པ་མངོན་སུམ་དུ་གསལ་བ་བླ་མ་རྣམས་ཕྱག་ལེན་དུ་མཛད་པ་དང་། དངུལ་ཆུ་དུལ་མས་ལྕགས་ཀྱི་ཁམས་རྣམས་གསེར་དུ་བསྒྱུར་བ་བཞིན་དུ། འདིར་ཡང་རྫས་ཀྱི་ནུས་པས་མཁའ་སྤྱོད་ཉིད་འགྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་སྐྱེ་བདུན་གྱི་ཤ་ཁོ་ནས་ཀྱང་མཁའ་སྤྱོད་ཀྱི་འབྲས་བུ་སྟེར་བ་ཉིད་ན། རྒྱུད་ལུང་ལས་བྱུང་བའི་སྒྲུབ་ཐབས་བཞིན་དུ་ཚུལ་བཞིན་སྒྲུབ་པས་གྲོལ་བ་ཐོབ་པར་ཅི་སྟེ་མི་འགྱུར་ཞེས་གསོལ་བ་ལགས། ༈ ཡང་ལ་ལ་དག་ནི་བཏགས་པས་གྲོལ་བ་ཡིན་ཟེར་ནས་གླེགས་བམ་འདྲ་དང་། ཡིག་འབྲུ་འདྲ་དང་། འཁོར་ལོ་འདྲ་དང་། དེ་ཡང་འགྲོ་དོན་རྒྱ་ཆེ་ཟེར་ནས་སྤར་མ་མང་དུ་བྱས་ནས་མགྲིན་པ་དང་། མཆན་ཁུང་དང་། དཔུང་པར་བཅངས་པས་གྲོལ་བར་རློམ། དེ་ནི་འཐད་པ་མ་ཡིན་ཏེ། བཏགས་གྲོལ་བསྟན་པ་སྤྱི་དང་མི་མཐུན་པར་བསྟན་པ། བཏགས་པས་མི་གྲོལ་བའི་ཤེས་བྱེད་བསྟན་པའོ། །སྤྱི་དང་མི་མཐུན་པ་ནི། ཤཱཀྱའི་རྒྱལ་པོའི་གཟུངས་འགའ་ཞིག་ན་གདུལ་བྱ་དྲངས་པའི་དོན་དུ་བྲིས་པ་དང་བཀླག་པ་དང་བཅངས་པ་དང་། ཀུན་ཆུབ་པར་བྱས་པ་ལ་ཕན་ཡོན་མང་དུ་གསུངས་ཀྱང་། ངེས་དོན་གྱི་ཆོས་འཁོར་རྣམས་ན་དེ་དག་ཀྱང་བཤད་པ་མེད་དེ་ལམ་ཉམས་སུ་བླང་པས་གྲོལ་བར་གསུངས་པ་ལས། བཏགས་གྲོལ་གྱི་མདོ་ཟུར་པ་མི་བཞུགས། གསར་མའི་རྒྱུད་ཕལ་ཆེར་ན་རྒྱུད་དེའི་གླེགས་བམ་བྲི་ཐབས་དང་། བཅངས་ཐབས་རེ་གསུངས་ཀྱང་དེ་ནི་མི་འབྲལ་བའི་དམ་ཚིག་གི་རྟེན་དུ་བཅངས་བ་ཡིན་གྱི་གྲོལ་བར་གསུངས་པ་མེད་དོ། །དེས་ན་རྙིང་མའི་སྙིང་ཐིག་ཏུ་གྲགས་པ་རྣམས་ན་བཏགས་གྲོལ་རྒྱུད་དྲུག་ཏུ་གྲགས་པ་སོགས་འདུག་ཀྱང་བརྩམས་རྒྱུད་ཤ་སྟག་ལས་རྒྱུད་མཚན་ཉིད་པ་མ་ཡིན་ནོ། །ཞེས་དྲི་ན་འདི་ལ་ལན་ཅི་སྨྲ། དེ་ཡང་ངེས་པར་གླེགས་གཅིག་བཅངས་པས་གྲོལ་ངེས་ཡིན་ན། མཉམ་མེད་ཤཱཀྱའི་རྒྱལ་པོ་ཆུ་བོ་ནེ་རན་ཛ་ནར་དཀའ་ཐུབ་ལོ་དྲུག་སྤྱོད་པར་མཛད་པ་བས་འཁོར་ལོ་སྤར་མ་ཞིག་མཆན་ཁུང་དུ་བཅངས་པ་མཛད་རྒྱུར་སྣང་། དེ་ནི་གདུལ་བྱའི་སྣང་ངོར་མཛད་པ་ཡིན། དོན་ལ་དཀའ་བ་སྤྱོད་མི་དགོས་སོ་ཞེ་ན། གདུལ་བྱ་ལམ་པའི་ངོར་དཀའ་བ་སྤྱོད་པ་མཛད་པ་དེ་ཀ་རྗེས་འཇུག་གིས་ལམ་ལ་དཀའ་བ་སྤྱད་པས་གྲོལ་བར་བསྟན་པ་ཡིན་གྱི། བཏགས་པས་གྲོལ་བ་སོགས་ཀྱི་སངས་རྒྱས་ལས་སླ་བར་བསྟན་དགོངས་པ་མ་ཡིན་ནོ། །དེ་ལྟར་རྒྱ་བོད་ཀྱི་གྲུབ་ཐོབ་རྣམས་ཀྱང་ཆོས་ཕྱིར་དེ་ཙམ་གྱི་ངལ་བ་མཛད་པ་ལས་བཏགས་གྲོལ་ལས་སླ་སྟེ། དེས་མི་གྲོལ་བར་མཁྱེན་པས་ལམ་ལ་འབད་པ་ཁོ་ན་མཛད་པ་ཡིན་ནོ། །ཞེས་དྲི་ན་བཏགས་པས་གྲོལ་བའི་གཏན་ཚིག་སྨྲ་རྒྱུ་ཅི་ཡོད། ཡང་བཏགས་པས་མི་གྲོལ་བའི་ཤེས་བྱེད་ནི། ཁྱེད་རང་རྙིང་མ་བའི་ལུགས་ལ་བཏགས་གྲོལ་བཅངས་པས་གྲོལ་བའི་བྱིན་རླབས་དེ་ལུས་འདི་དང་ལྡན་དུས་ན་འབྱུང་ངམ། ལུས་འདི་སྤང་རྗེས་སུ་འབྱུང་། ལྡན་དུས་ན་འབྱུང་ན་བཏགས་གྲོལ་བཅངས་པའི་གང་ཟག་འདི་ཙམ་མང་བའི་ནང་ན། ལམ་དང་མི་ལྡན་པར་བཏགས་གྲོལ་བཅངས་ཙམ་གྱི་གྲོལ་བ་ནི་གཅིག་ཀྱང་མ་མཐོང་ཞིང་། གྲོལ་བ་ལྟ་ཞོག་གི་འཁྲུལ་སྣང་ཅུང་ཟད་ཁ་བྲི་བ་ཙམ་དང་། འཁོར་བ་ལ་ཅུང་ཟད་ཞེན་པ་ཆུང་བ་ཙམ་དང་། ཤེས་བྱ་ལ་ཅུང་ཟད་བློ་ཁ་ཡང་ས་ཙམ་འགྲོ་བ་སུ་བྱུང་། མ་བྱུང་བས་མི་གྲོལ་བར་དངོས་སུ་གྲུབ་བོ་ཞེ་ན་ཅི་སྨྲ། ལུས་སྤངས་རྗེས་འབྱུང་ན། བཏགས་གྲོལ་ལུས་ལ་འབྲལ་མེད་དུ་ཡོད་དུས་གང་ཟག་རང་རྒྱུད་དུ་ཁྲེས་སེ་ལུས་ནས། ལུས་སེམས་བཏགས་གྲོལ་གསུམ་ཐ་དད་དུ་གྱེས་ཚེ་བྱིན་རླབས་འབྱུང་བ་ནི་ཤེས་བྱ་ལ་མི་སྲིད། གལ་ཏེ་སྲིད་ནའང་བཏགས་གྲོལ་དང་བྲལ་ནས་གྲོལ་བ་དེ་བཏགས་གྲོལ་གྱི་བྱིན་བརླབས་སུ་མི་རུང་ཞེས་དྲི་ན་ཅི་སྨྲ། ཡང་བཏགས་གྲོལ་རྒྱུད་དོན་ངོ་འཕྲོད་དགོས། འཕྲོད་པའི་དོན་ཉམས་སུ་ལེན་པ་ན་དམ་ཚིག་གི་རྟེན་ཙམ་དུ་དང་། དྲན་འཛིན་གྱི་རྟེན་ཙམ་དུ་གླེགས་བམ་བཅང་བ་ཡང་ཡིན་ཟེར་བ་སྣང་བས། དེས་ན་བསྒོམས་གྲོལ་ཡིན་གྱི་བཏགས་གྲོལ་གྱི་མཚན་ཉིད་མི་ལྡན། དེས་ན་བཏགས་པས་གྲོལ་བར་འདོད་པ་ཡང་སྔགས་བཙུན་སྐྱེ་བོ་དག་གི་བློ་བཟོར་རིག་པར་བྱའོ། །ཡང་ལ་ལ་དག་ནི་བཏགས་གྲོལ་ལུས་ལ་བཅངས་པ་དང་། འཆི་ཁར་སྐྱེ་བདུན་རིལ་བུ་ཁར་སོང་བ་རྣམས་གྲོལ་བ་ནི་རྟགས་ཀྱི་བསླུ་བ་མེད་དེ། ནམ་མཁའ་ལ་འཇའ་དང་། རུས་པ་ལ་གདུང་རིགས་འབྱུང་བ་སོགས་ཡོད་པའོ་ཞེ་ན། དེ་ལ་ཡང་ངེས་པ་མེད་དེ། འབྱུང་བ་རྟེན་འབྲེལ་ཚོགས་པའི་འཇའ་ནི་མ་ངེས་པར་སྐབས་འགའ་རེར་སྣང་། ལ་ལ་དེ་དང་འགྲིག་པ་ཡིན། འདྲ་མིན་བདུད་ཀྱི་བྱས་པའི་འཇའ་ནི་སྡིག་ཅན་བཤན་པ་ལའང་འཆར། དེ་ནི་གང་ཟག་ཆོས་དང་མི་ལྡན་སྙམ་པར་ལྟ་བའི་ལོག་རྟོག་བསྐྱེད་དེ་འགྲོ་བ་ཆོས་ལ་མི་འཇུག་པའི་དོན་དུ་བདུད་ཀྱི་བསྐུལ་བའི་རྫུ་འཕྲུལ་ཡིན། དེ་སོགས་འཇའ་རྟགས་ལ་ནོར་བ་མང་སྟེ་བརྟག་མི་ཐུབ། རིང་བསྲེལ་ལའང་ཇི་སྐད་དུ། རིང་བསྲེལ་ཕལ་ཆེར་བདུད་ཀྱི་བྱས། །གཞན་དག་ལ་ཡང་དབྱེ་བ་ཡོད། །འབྱུང་བས་གྲུབ་པའི་རིང་བསྲེལ་དང་། །རྫས་ཀྱི་བཅོས་པའི་རིང་བསྲེལ་དང་། །སྔགས་ཀྱིས་སྒྲུབས་པའི་རིང་བསྲེལ་དང་། །བདེན་པ་མཐོང་བའི་རིང་བསྲེལ་དང་། །དེ་བཞིན་གཤེགས་པའི་རིང་བསྲེལ་དང་། །འདྲ་མིན་མང་པོ་ནོར་ས་ཡོད། །ཅེས་པ་ལྟར་དེ་དག་གང་ཡིན་མི་ཤེས་ལ། བཏགས་གྲོལ་དང་སྐྱེ་བདུན་ཚད་ལྡན་ལ་ནི་འཇའ་དང་རིང་བསྲེལ་འབྱུང་ངེས་སུ་མི་འདུག་སྟེ་མི་འབྱུང་བ་ཡང་མང་། ལ་ལ་དག་ལ་རྟགས་ངེས་པ་ཅན་བྱུང་བ་ལྟར་སྣང་ན་ཡང་། བྲུལ་ཐུབ་མིན་པའི་རྟགས་སུ་རྗེས་ནས་གཤིན་འདྲེ་གཞན་པས་ཐུ་བ་སོགས་ཀྱང་འདུག་པས་འདི་དག་ལ་ཡིད་བརྟན་མི་རུང་། དེས་ན་གང་ཟག་བློ་མིག་དང་ལྡན་པ་རྣམས་ཀྱི་ཇི་སྐད་དུ། ཆོས་ནི་ཁྱི་ཡི་ཟས་བཞིན་དུ། །གང་ཕྲད་དེ་ལ་ཆོག་མི་བཟུང་། །ཞེས་པ་ལྟར། རྒྱུད་རྩོད་པ་ཅན་དེ་ལྟ་བུ་ལ་བསྟེན་པར་མི་བྱའོ། །གང་ལ་བསྟེན་ན་རྒྱལ་བའི་བཀའ་ཡིན་ངེས་པ། པཎྜི་ཏ་མཁས་པས་བདག་གིར་བཟུང་བ། ལོ་ཙཱ་བ་མཁས་པས་བསྒྱུར་བ། ཚིག་འབྲེལ་དང་དོན་འགྲེལ་གྱི་བཤད་བཀའ་མ་ནུབ་པ་རྣམས་ལ་འཇུག་པར་བྱ། ཆོས་ཀྱང་རྩོད་པ་ཅན་བཏགས་གྲོལ་དང་ཐོས་གྲོལ་དང་མྱོང་གྲོལ་དང་ཞག་བདུན་གྱི་སངས་རྒྱས་འགྲུབ་པར་གྲགས་པའི་ཟབ་ཟབ་མོ་དག་ལ་བློ་མི་འགེལ་ཏེ། གང་ལ་བློ་འགེལ་ན། སྨིན་གྲོལ་གྱི་ལམ་ཆ་ལག་ཚང་བ། མ་ནོར་བ། རྩོད་པ་མེད་པར་གྲུབ་པ་རྣམ་དག་གི་རྒྱུད་སྡེ་ཞིག་ལ་བསྟན་པ། ངོ་བོ་སྙན་བརྒྱུད་ཀྱི་ཕྱག་བཞེས་མ་ཆད་པ་ཞིག་ལ་འཇུག་པར་བྱ། ལམ་ཉམས་སུ་བླང་བའི་རྟགས་ཀྱང་འཇའ་དང་རིང་བསྲེལ་ལྟ་བུ་ལ་བསྐྱེལ་སོ་མི་བྱ་སྟེ། གང་ལ་བསྐྱེལ་སོ་བྱེད་ན་ལམ་རྟགས་སེམས་ལ་རྫོགས་པ། སྤངས་བྱ་ཉོན་མོངས་དྲི་བ། ཐོབ་བྱ་ཟད་པར་དང་ས་ལམ་གྱི་རྟགས་རིམ་པ་ཅན་དུ་ཤར་བ་རྣམས་ཀྱི་མཚམས་ཕྱེད་པར་བྱའོ། །ཞེས་བཀའ་སྩལ་བ་ལ། པཎ་ཆེན་ཐམས་ཅད་མཁྱེན་པ་བུས་གསང་བ་འདུས་པའི་བཤད་ཐབས་ལས། རྣལ་འབྱོར་གྱི་རྒྱུད་ནས་གསུངས་པའི་དེ་ཉིད་བཅུ་ལ་ཕྱིའི་དེ་ཉིད་བཅུ་རུ་བཤད་པའི་རིགས་པས་རྣལ་འབྱོར་གྱི་རྒྱུད་མན་ཆད་ཕྱི་ཡིན་ལ། ཁྲོ་བོ་བཅུ་ལྟ་བུ་བསྲུང་འཁོར་བསྒོམ་པས་ཕྱིར་བཟློག་པ་དང་། བྲིས་པའི་བསྲུང་འཁོར་གྱི་ཕྱིར་བཟློག་པ་དང་། གསང་བའི་དབང་བསྐུར་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དང་། ཁ་སྦྱོར་དབྱེ་བའི་ཆོ་གས་དགྲ་བསད་པ་དང་། གཏོར་མའི་ཆོ་ག་དང་། རྡོ་རྗེའི་བཟླས་པ་དང་། མ་གྲུབ་ན་སྤོག་པའི་ཆོ་ག་དྲག་ཤུལ་ལམ་བཙན་ཐབས་ཀྱི་སྒྲུབ་པ་སྟེ་དེ་རྣམས་གསང་བའི་དེ་ཁོ་ན་ཉིད་བཅུར་བཤད་པའི་རིག་པས། དེ་རྣམས་སྟོན་པའི་རྒྱུད་ནི་གསང་བའམ་ནང་ཡིན་པས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནི་ནང་ཡིན་ནོ། །ཞེས་གསང་བའི་དེ་ཉིད་བཅུ་བྲིས་པའི་བསྲུང་བའི་འཁོར་ལོས་ཕྱིར་བཟློག་པ་སོགས་ཀྱི་ཁྱད་པར་འཕགས་པའི་དབྱེ་བས་རྣལ་འབྱོར་བླ་མེད་དུ་འཇོག་པར་མཛད་པ་བཞིན། གསང་བའི་ཐེག་པ་འདིར་ཡང་བྲིས་པའི་འཁོར་ལོ་དང་གླེགས་བམ་ལ་སོགས་པ་བཅངས་པས་གྲོལ་བར་འགྱུར་བས་རྒྱུད་སྡེ་གཞན་དག་ལས་ཁྱད་པར་དུ་འཕགས་པ་ཉིད་དུ་ཡིན་ནོ། །དེ་ལ་གསང་སྔགས་གསར་མ་ན་བཏགས་གྲོལ་མེད་པ་ཡང་མ་ཡིན་ཏེ། སོ་སོར་འབྲངས་མ་ལས། བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་གི་རིག་པའི་རྒྱལ་མོ་སོ་སོར་འབྲངས་མ་ཆེན་མོ་འདི་ཆོ་ག་བཞིན་དུ་བྲིས་ཏེ། ལག་པའམ་མགུལ་དུ་བཏགས་ན། དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་ཡིན་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡིན་པར་རིག་པར་བྱའོ། །དེ་རྡོ་རྗེ་ཆེན་པོའི་ལུས་སུ་རིག་པར་བྱའོ། །དེ་འབར་བ་འོད་འཕྲོ་བའི་ལུས་དང་ལྡན་པར་རིག་པར་བྱའོ། །དེ་མི་བཤིག་པའི་གོ་ཆ་ཅན་དུ་རིག་པར་བྱའོ། །དེ་དགྲ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །སྒྲིབ་པ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །དེ་སེམས་ཅན་དམྱལ་བའི་འགྲོ་བ་རྣམ་པར་སྦྱོང་བར་རིག་པར་བྱའོ། །ཞེས་བཏགས་པས་གྲོལ་བའི་ཚུལ་གསུངས་ནས། དེ་བརྟགས་པས་ཇི་ལྟར་གྲོལ་བ་ཡང་། དགེ་སློང་སྡིག་ཏོ་ཅན་དེ་བཞིན་གཤེགས་པའི་བསླབས་པ་དང་བྲལ་ཞིང་དགེ་འདུན་གྱི་དཀོར་འཕྲོག་པ་ཞིག་ནད་ཚབས་ཆེན་པོས་བཏབ་སྡུག་བསྔལ་ཆེན་པོའི་ཚོར་བ་ནི་མྱོང་། མགོན་སྐྱབས་དང་དཔུང་གཉེན་མེད་དེ་ཀུ་ཅོའི་སྒྲ་འབྱིན་པ་ཞིག་ལ། དགེ་བསྙེན་ཞིག་གིས་སོ་སོར་འབྲངས་མི་བྲིས་ཏེ་དེའི་མགུལ་དུ་བཏགས་པས། དེ་མ་ཐག་ཏུ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་སྟེ། དེའི་མཚན་མོ་ཟད་པ་དང་དྲན་པ་ཤིན་ཏུ་ཉེ་བར་བཞག་པས་ཤི་སྟེ་མནར་མེད་པའི་དམྱལ་བར་སྐྱེས་སོ། །དེའི་རོ་དེ་དགེ་སློང་དག་གི་སྒང་བུ་ཞིག་ལ་བཞག་ནས་སོ་སོར་འབྲངས་མ་ཡང་དེའི་མགུལ་ན་བཏགས་བཞིན་པར་ཡོད་དོ། །དགེ་སློང་མེད་པར་སྐྱེས་མ་ཐག་ཏུ་དམྱལ་བའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་ནས་བདེ་བ་ཐམས་ཅད་ཀྱི་ཚིམ་པར་གྱུར། མེའི་ཕུང་པོ་ཐམས་ཅད་ཀྱང་ཞི་ཞིང་། སོག་ལེས་གཤོགས་པ་དང་། སྤུ་གྲིས་གཅོད་པ་དང་། རལ་གྲི་ལོ་མའི་ནགས་ཀྱི་བཅད་གཏུབས་ལ་སོགས་པ་ཡང་ཞི། ཤལ་མ་རི་ཡང་ཆག་པ་དང་། དམྱལ་སྲུང་རྣམས་ངོ་མཚར་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་དྲིས་པ་དང་། འདི་ནི་རྫུ་འཕྲུལ་ཆེ་བ་སྟེ། །དེ་ཡི་ཚེ་རབས་ལྔ་ལུས་ཆེ། །ཇི་ལྟར་སྐུ་གདུང་རྒྱན་མང་པོས། །སྟོན་པའི་མཆོད་རྟེན་མཛེས་པ་ལྟར། །སོ་སོར་འབྲངས་མ་མགུལ་བཏགས་པས། །དེ་ཡི་ལུས་ནི་དེ་བཞིན་མཛེས། །ཤེས་བཤད་དེ། སོ་སོར་འབྲངས་མའི་དོན་བྲིས་པས། གང་གི་ཚིག་རྣམས་སོ་སོར་དྲན། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །སོ་སོར་འབྲངས་མ་བསྒོམ་པ་ནི། །ཤེས་རབ་ཅན་དེ་བདེ་འགྲོར་འགྲོ། །སེམས་ཅན་དམྱལ་བའི་སྲུང་མ་ཁྱེད། །རབ་ཏུ་རྒྱན་དང་ལྡན་པར་དེང་། །དེར་ནི་སྒང་བུ་མཐོན་པོ་ལ། །ལྷ་རྣམས་ཀྱིས་ནི་བསྐོར་བ་ལྟོས། །དེ་མཐོང་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས་སུ་འགྱུར་བར་གྱིས། །དེ་ནས་གཤིན་རྗེའི་མི་དེ་དག །དེ་ནུབ་རྒྱས་དང་ལྡན་པར་སོང་། །དེ་ཚེ་དེར་ནི་དེ་དག་གི། །རྒྱལ་པོའི་ཕོ་བྲང་ཉེ་བ་ན། །སྒང་བུ་དེ་ཡི་ཁོར་ཡུག་ན། །འབར་བ་ཡི་ནི་གང་བར་མཐོང་། །མི་རོ་གཅིག་གི་མགུལ་པ་ན། །སོ་སོར་འབྲངས་མ་བཏགས་པ་མཐོང་། །ལྷ་དང་ཀླུ་དང་དྲི་ཟ་དང་། །གནོད་སྦྱིན་སྲིན་པོ་མིའམ་ཅི། །ཀུན་ནས་འཁོར་བར་བསྐོར་ནས་ནི། །བླ་ན་མེད་པའི་མཆོད་པ་བྱེད། །དེ་ལ་གནོད་སྦྱིན་དེ་དག་གི། །སོ་སོར་འབྲངས་མའི་སྒོང་ཞེས་བཏགས། །དེ་ནས་གནོད་སྦྱིན་དེ་དག་གི་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ངེས་པ་དེ་རྟོགས་ཏེ་སླར་ལོག་ནས། ལྷ་ཁྱོད་ཀྱི་བཀའ་སྩལ་པ་ཞེས་པ་ནས་རྒྱས་པར་བརྗོད་དོ། །དེ་ནས་སྨྲས་མ་ཐག་ཏུ་ཚིག་དེ་སྐད་སྨྲས་པའི་ཐ་མ་ལ་སེམས་ཅན་ཆེན་པོ་དེ་སེམས་ཅན་དམྱལ་བའི་ལུས་བོར་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །ཞེས་རྒྱ་ཆེར་གསུངས་པས་ན་མིང་བཏགས་གྲོལ་དུ་མ་བཏགས་ཀྱང་། དོན་ལ་མཚུངས་པ་ཉིད་དོ། །གཞན་ཡང་འཁོར་ལོ་ལུས་ལ་རྟག་ཏུ་བཅངས་པས་གྲོལ་བ་ཉིད་དུ་མ་ཟད། པདྨོ་ཥྞིཥའི་གཟུངས་ཀྱི་འོག་ཏུ་ལན་ཅིག་འཛུལ་བས་ཚེ་རབས་འབུམ་དུ་བསགས་པའི་ལས་ཀྱི་སྒྲིབ་པ་འབྱང་བར་གསུངས་པ་ལ་སོགས་པ་མཐའ་ཡས་ཤིང་། སོ་སོར་འབྲངས་མ་བཏགས་པའི་དགེ་སློང་དེ་སྡུག་བསྔལ་ལས་གྲོལ་ཏེ་འཆི་བའི་དུས་བྱས་ནས། དམྱལ་བའི་གནས་ཀྱི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་ཞི་བར་བྱས་ནས་སླར་ལྷ་རུ་སྐྱེས་པར་གསུངས་པའི་རིག་པ་འདིས། བཏགས་གྲོལ་གྱི་བྱིན་རླབས་ལུས་འདི་དང་ལྷན་དུས་སུའང་འབྱུང་ལ། ལུས་བོར་བའི་རྗེས་སུའང་འབྱུང་བ་ཉིད་དུ་གསལ་བར་བསྟན་ཏོ། །གཞན་ཡང་ཇོ་བོ་ཆེན་པོ་རྗེའི་ལུགས་ཀྱི་ངན་སོང་སྒོ་གཅོད་ཀྱི་འཁོར་ལོ་དང་། རྡོ་རྗེ་གདན་དང་གནས་ཆེན་བརྒྱད་ཀྱི་བཀོད་པའི་ཁྱད་པར་དེ་གང་གི་ལུས་ལ་བཅངས་པ་དེ་ཉིད་ཀྱི་བྱང་ཆུབ་ངེས་པར་ཐོབ་པའི་ཚུལ་དང་། གྲོང་ཁྱེར་སྒྲོལ་འཁོར་ཞེས་པ་གྲོང་ཁྱེར་གཅིག་ན་འཁོར་ལོ་དེ་ཡོད་ན་གྲོང་ཁྱེར་བ་ཐམས་ཅད་འཁོར་བ་ལས་བསྒྲལ་ཏེ་ཐར་པ་ཐོབ་པར་གསུངས་པ་ཡང་ཡོད་ལ། རྗེ་དམ་པ་རྒྱ་གར་གྱི་ལུགས་ཀྱི་ཞི་བྱེད་དུའང་འཁོར་ལོ་དེ་ཉིད་མཐོང་ཐོས་དྲན་རེག་ཏུ་གྱུར་པའམ། གང་གི་བཅངས་དེའི་ལུས་ལ་རླུང་ཕོག་པའི་སེར་བུས་ཕོག་པ་དང་ཁྲུས་བྱས་པའི་ཆུ་འཐུང་པ་ཐམས་ཅད་ཀྱང་གྲོལ་བར་གསུངས་པ་ཡོད་དོ། །གཞན་ཡང་གཙུག་གཏོར་རྣམ་རྒྱལ་གྱི་གཟུངས་ལས། ལྷའི་དབང་པོ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནས། དགེ་བསྙེན་མའམ། དེ་ལས་གཞན་པ་གང་ལ་ལ་དག་གི་གཟུངས་འདི་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་ན། དེ་མ་མཐོང་ངམ། དེ་དང་ཉེ་བར་གནས་པར་གྱུར་ཏམ། ཐ་ན་དེའི་གྲིབ་མས་ཕོག་གམ། དེའི་རྡུལ་རླུང་གི་ཁྱེར་བ་ཕོག་ན་ཡང་། ལྷའི་དབང་པོ། སེམས་ཅན་དེ་དག་ལ་སྡིག་པ་ཐམས་ཅད་དང་ངན་འགྲོར་འགྲོ་བའི་འཇིག་པ་མཐའ་དག་མི་འབྱུང་ངོ་། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དྭགས་དང་ལྷ་མ་ཡིན་གྱི་རིགས་ཐམས་ཅད་དུ་མི་སྐྱེ་བར་རིག་པར་བྱའོ། །ལྷའི་དབང་པོ་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་བཟློག་པར་རིག་པར་བྱའོ། །ཞེས་གསུངས་ཤིང་། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་བརྟག་པ་ལས་ཀྱང་དེ་ལྟར་དུ་གསུངས་སོ། །དེ་ལྟར་དེ་རྣམས་ནས་བཅངས་པའམ་བཏགས་པས་གྲོལ་བར་གསུངས་པས་ན། བཏགས་པས་མི་གྲོལ་བའི་ཤེས་བྱེད་མ་གྲུབ་པ་ཡིན་ནོ། །ཡང་བཅོམ་ལྡན་འདས་ནི་དང་པོ་ཉིད་དུ་སངས་རྒྱས་པ་ཡིན་ཀྱང་། བྱེ་བ་བརྒྱད་ཅུར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཆོག་པའི་འདུ་ཤེས་བསལ། །བྱང་ཆུབ་མཆོག་ཏུ་ཐུགས་ཀྱང་འཇུག །ཅེས་པ་ལ་སོགས་པས་གདུལ་བྱའི་ངོར་མཛད་པ་སྣ་ཚོགས་པ་སྟོན་པས་ན་ལ་ལར་དཀའ་བ་སྤྱོད་པ་དང་། ལ་ལར་གྲངས་མེད་གསུམ་དུ་ཚོགས་བསག་པའི་ཚུལ་དང་། ལ་ལར། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཡོད་མ་ཡིན། །ཞེས་འཁོར་འདས་གཉིས་སུ་མེད་པའི་དོན་གྱིས་སངས་རྒྱས་པ་ཉིད་དཀའ་བ་མེད་པར་སྟོན་པ་ལ་སོགས་པ་སངས་རྒྱས་ཀྱི་རྣམ་པར་རོལ་པ་མཐའ་ཡས་པ་སྟོན་པའི་ཐབས་ལ་མཁས་པ་དེའི་ཕྱིར་རང་ཉིད་བཏགས་གྲོལ་འཆད་པ་ལ་མ་ལྟོས་མོད་ཀྱང་། སེམས་ཅན་རྣམ་པར་གྲོལ་བའི་དྲུང་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བཏགས་གྲོལ་ལ་སོགས་པའི་རིགས་སྔགས་ཟབ་ཅིང་རྒྱ་ཆེ་བ་མཐའ་ཡས་པ་ཉིད་སྟོན་པར་མཛད་པ་ཡིན་ནོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། རིགས་སྔགས་དང་། སྨན་དང་། འཁྱུད་དཔྱད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་ནི་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཏིང་འཛིན་དང་། རྫུ་འཕྲུལ་གྱི་སྤྱོད་ཡུལ་ནི་བསམ་གྱིས་མི་ཁྱབ་པའོ། །ཞེས་གསུངས་ཤིང་། དེ་ལྟར་གྲོལ་བའི་ལྟས་སུ་འཇའ་དང་རིང་བསྲེལ་ལ་སོགས་པ་འབྱུང་བར་འདིའི་རྒྱུད་རྣམས་ན་བཤད་ཅིང་ཇོ་བོ་ཆེན་པོའི་བཀའ་གདམས་གླེགས་བམ་དུ་ཡང་། ཕྱི་ལྟས་ནམ་མཁའ་དང་བ་ཡིན། །ཚུལ་ཁྲིམས་གཙང་བ་མེ་ཏོག་འབབ། །བྱང་ཆུབ་སེམས་དཔའ་ལ་རིང་བསྲེལ་འཛག །བསྐྱེད་རིམ་ཅན་ལ་ལྷ་སྐུ་འབྱོན། །ཁྲིམས་གཙང་ཕུང་པོ་གཙང་མ་སྟེ། །ལྷ་རྣམས་ཀུན་གྱིས་བསུ་བར་བྱེད། །ཕྱིར་མིའི་སྡོམ་པ་དུང་འཁྱིལ་ཏེ། །འཁོར་བ་མི་སྤོང་སེམས་དཔའ་ལ། །ཐུགས་དང་ལྗག་ནི་འབྱོན་པར་བཤད། །སྤྱིར་ནི་དམ་པ་གཤེགས་པ་ལ། །ལྷ་ཡི་སྔ་ལྟས་འཇའ་འོད་མཚུངས། །གནས་ལུགས་སྔ་ལྟས་སྤྲིན་མེད་ཡིན། །དེ་ནི་ཐུན་མོངས་སྔ་ལྟས་ཙམ། །ཞེས་གསུངས་ནས། བཏགས་གྲོལ་ལ་སོགས་པའི་བྱིན་རླབས་ཀྱི་མཐུ་ལས་བྱུང་བས་འདི་དག །འབྱུང་བ་རྐྱེན་ཚོགས་པ་ལ་སོགས་པ་ལས་བྱུང་བའི་འཇའ་དང་། བདུད་ཀྱི་ཆོ་འཕྲུལ་ལས་བྱུང་བའི་འཇའ་དང་རིང་བསྲེལ་མ་ཡིན་ནོ། །བཏགས་གྲོལ་ལ་གདུངས་དང་རིང་བསྲེལ་ངེས་པར་འབྱུང་བ་ཡང་། ཤ་རི་རམ་ཆུ་རི་རམ། བ་རི་རམ་དང་ཉ་རི་རམ། པན་ཙ་རམ་དང་ལྔ་ལྡན་གསུངས། །རིག་ལྔའི་གདུང་སྟེ་སྐུ་ཡང་འབྱུང་། །འདི་རྣམས་སྐུ་ཐོབ་རྟགས་ཡིན་ནམ། །གསུངས་ཐོབ་རྟག་ཏུ་མེ་འོད་སྒྲ། །འཇའ་ཚོན་ནམ་མཁའ་དང་གསལ་བ། །ངེས་པ་ཐུགས་ཐོབ་རྟགས་ཡིན་ནོ། །ཞེས་གསུངས་སོ། །འདིའི་གྲོལ་ཚུལ་གང་ཟག་ཕལ་བ་དག་ལ་ཡང་། དབང་པོ་རྣམས་ལྔ་འོན་གྱུར་ཅིག །རྒན་གཞོན་ཕོ་མོ་དགེ་སྡིག་མེད། །བག་ཆགས་བཟང་ངན་མེད་པ་རུ། །འདི་ཉིད་བཅང་པས་སངས་རྒྱའོ། །ཞེས་བྱ་བ་ནི་རྒྱུད་མཐའ་དྲུག་ཚུལ་བཞིས་སྦས་པས་དོན་ཡིན་ལ། མན་ངག་ལྟར་ན་རང་རང་གི་བསགས་པ་དང་མཐུན་པའི་གྲོལ་ལུགས་ཐ་དད་པ་ཡིན་ཏེ། མྱོང་གྲོལ་ལ་སོགས་པ་ལ་ཡང་མཚུངས་སོ། །དེ་ལ་ཡང་། ཨེ་མ་རང་བྱུང་ཡེ་ཤེས་འདི། །སེམས་ཅན་གཞན་གྱི་དོན་བྱེད་ན། །ཚེ་འདས་དེ་ཡི་སྤྱི་བོའམ། །མགུལ་དུ་བཏགས་ཏེ་བསྲེགས་ན་ནི། །འདི་ཡི་གྲོལ་བར་སྨོས་ཅི་དགོས། །མཚམས་མེད་ལྔ་པོ་སྤྱད་པ་ཡང་། །ཉན་ཐོས་རྣམས་དང་སྐལ་བ་མཉམ། །ཡིད་དཔྱོད་འཛིན་པའི་ལྟ་བ་ཡང་། །རྡོ་རྗེ་འཆང་དང་མཉམ་པར་ངེས། །འདི་ཉིད་བཅངས་པའི་སྐྱེས་བུ་ནི། །གང་ན་འདུག་པའི་ས་ཕྱོགས་ཀྱང་། །ངན་སོང་དག་ལས་གྲོལ་བར་འགྱུར། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །རིག་པ་དངོས་ཀྱི་རྟགས་ཡོད་པའི། །སྐྱེས་བུ་དེ་ལ་བསྲེག་མི་དགོས། །འཆི་ཁར་ཕྲད་པས་འགྲུབ་པ་ཡིན། །ཞེས་པས་གང་ཟག་རབ་རྣམས་གྲོལ་གཞི་ཆོས་སྐུའི་དབྱིངས་སུ་གྲོལ། འབྲིང་རྣམས་རང་སྣང་ལོངས་སྐུའི་ཞིང་དུ་གྲོལ། ཐ་མ་རང་བཞིན་སྤྲུལ་པ་སྐུའི་ཞིང་དུ་གྲོལ་བ་གསུམ་ནི་ལམ་དང་ལམ་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱི་གྲོལ་ཚུལ་ཡིན་ལ། སྐྱེ་བོ་ཕལ་པ་རྣམས་ནི་ངན་འགྲོའི་སྐྱེ་གནས་ལས་གྲོལ་ནས་མིར་སྐྱེས་ཏེ་ཆོས་ཀྱི་སྒོར་ཞུགས་ནས་རིམ་གྱི་གྲོལ་བར་བཤད་པ་ཡིན་ཏེ། མཚམས་མེད་ལྔ་བྱས་པ་ཉན་ཐོས་སུ་སྐྱེ་བར་ལེན་པ་ལ་སོགས་པ་གསུངས་ཤིང་། སོ་སོར་འབྲང་མར་ཡང་། སྒྲིབ་པ་ཐམས་ཅད་རབ་ཏུ་བཅོམ་པར་རིག་པར་བྱའོ། །ཞེས་སྒྲིབ་བྲལ་དུ་བསྟན་པ་ནི་གང་ཟག་རབ་རྣམས་ལ་དགོངས་པ་ཡིན་ལ། དེ་སེམས་ཅན་དམྱལ་བའི་འགྲོ་བ་རྣམ་པར་སྦྱང་བར་རིག་པར་བྱའོ། །ཞེས་པ་དང་། ཆོ་ག་བཞིན་དུ་ལུས་ལ་བཏགས་ནས་བཅང་བར་བྱ་སྟེ། དེ་རྟག་ཏུ་སྡུག་བསྔལ་ཤིང་ཉམས་ཐག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། ངན་འགྲོར་འགྲོ་བའི་འཇིགས་ཤིང་སྐྲག་པ་ཐམས་ཅད་ལས་བརྒལ་བར་འགྱུར། ཞེས་པ་གསུངས་པ་ཉིད་ཀྱི་ཤེས་སོ། །དེ་ལྟར་བཏགས་ནས་དགེ་སྡིག་གཉིས་ཀ་འཕེལ་ཆེ་བས་སྡིག་པ་ཕྲ་མོ་ཡང་སྤངས་དགོས་ཏེ། སློབ་དཔོན་ཆེན་པོས། ཚེས་བརྒྱད་ཉ་རྒྱལ་འཛོམས་པ་ལ། །རབ་གནས་བྱས་ཏེ་བཏགས་པར་བྱ། །དེས་ན་དགེ་སྡིག་གཉིས་ཀ་ནི། །བརྗོད་ལས་འདས་པ་འཕེལ་ཆེ་བས། །དགེ་བ་གྲུབ་ཚད་སེམས་ཅན་དོན། །འབད་པས་སྐྱེ་མེད་སྒྲུབ་པར་བྱ། །སྡིག་པ་ཤིན་ཏུ་ཕྲ་ཡང་འཛེམ། །འདི་ཕྲད་ངན་སོང་ལྟུང་མི་སྲིད། །ཅེས་གསུངས་སོ། །འདི་བཏགས་པས་གྲོལ་བ་ཐོབ་སྟེ་རྟགས་དང་མཚན་མ་བྱུང་བའི་ལོ་རྒྱུས་མང་དུ་ཡོད་ན་ཡང་ཡི་གེས་འཇིགས་པས་མ་བྲིས་སོ། །ཚོང་འདུས་ཕག་རིན་བཤན་པ་མགྱོགས་པའི་ཕུལ་དུ་ཕྱིན་པས་རི་དྭགས་ལ་སྦར་ཟིན་ཐོངས་པ། མི་བཅོ་བརྒྱད་བསད་པ། མི་དགེ་བ་འབའ་ཞིག་སྤྱོད་པ་ཞིག་ཡོད་པ་དེ་ནམ་ཞིག་འཆི་བའི་ནད་ཀྱི་ཐེབས་ནས། ཞག་ཉི་ཤུ་རྩ་བཞིའི་བར་དུ་ཆུ་ཡང་ཁར་མི་འགྲོ། ཟུང་རྔུ་དྲག་པོས་རྐང་ལག་དང་ལུས་ས་ལ་རྡེབ་ཅིང་། གནོད་གཅོད་ཀྱི་འཇིག་སྐྲག་གི་སྣང་བས་སྐད་ངན་འདོན་པ་ཞིག་ལ། ཕྱོགས་ཀྱི་བླ་མ་མཁས་བཙུན་བཟང་གསུམ་དང་། རྣལ་འབྱོར་པ་བཟང་ཟེར་ཚད་དེར་བྱུང་བ་རྣམས་ཀྱི་མ་ཕན། བླ་མ་མཐུ་ཆེན་རྒྱ་མཚོས་སྐྱེ་བདུན་བྱིན། བཏགས་གྲོལ་བཏགས་པས་དེ་མ་ཐག་ཤི་སྟེ་རོ་ལ་འཇའ་ཟུག །ཕུང་པོ་སྲེགས་པས་མེ་ཏོག་གི་ཆར་དང་གདུང་རིང་བསྲེལ་མང་པོ་བྱུང་། རྗེ་བཙུན་ཙོང་ཁ་པས་སྣེ་གདོང་རྩེར་བཏགས་གྲོལ་དང་མྱོང་གྲོལ་ལ་དགག་པ་མཛད་པས། ཀུན་མཁྱེན་སངས་རྒྱས་རོང་པས་ཞོལ་གྱི་ཁྱི་འཆི་ལ་ཉེ་བ་ཞིག་ལ་མཐོང་གྲོལ་བསྟན། སྐྱེ་བདུན་བྱིན། བཏགས་གྲོལ་བཏགས་ཏེ་ཤི་བ་དང་སྲེགས་པས་འཇའ་དང་ཁྱིའི་རུས་པ་ཕལ་ཆེར་གདུང་རིང་བསྲེལ་དུ་མང་པོ་བྱུང་། ཀརྨཱ་པ་ཆོས་གྲགས་རྒྱ་མཚོའི་དངོས་སློབ་ཀོང་པོ་དཔལ་ལྡན་རྒྱ་མཚོའི་དབོན་པོ་དུག་གི་ཤི་དུས་བླ་མ་འབྲུག་གྲགས་པས་དགོངས་པ་ཟང་ཐལ་དང་ཀུན་བཟང་དགོངས་འདུས་ཀྱི་བཏགས་གྲོལ་གྱི་དབང་རོ་ལ་བསྐུར་ནས་སྲེག་པས་འཇའ་འོད་དང་གདུང་རིགས་ལྔ་བྱུང་བ་སོགས། ལོ་རྒྱུས་ཤིན་ཏུ་མང་བ་ཡོད་པ་ཡིན་ནོ། །ཡང་རྒྱུད་ལས། སྲིད་པའི་རྩ་བ་བདག་འཛིན་ཉིད། །ཕྱི་ནང་ཀུན་བརྟགས་ཡེ་སྟོང་གྲོལ། །སྟོང་གསལ་མདངས་ལྔའི་སྒོ་ཕྱེ་སྟེ། །ཏི་ལ་གསལ་སྟོང་མཐའ་བྲལ་ཉིད། །རྐྱེན་མེད་རྩོལ་བྲལ་ལྷུག་པར་བཞག །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །བཏགས་གྲོལ་ཉིད་དུ་སངས་རྒྱའོ། །ཞེས་གསུངས་པས། འཁོར་བ་འདི་བདག་ཏུ་འཛིན་པ་ལས་བྱུང་ཞིང་། དེའི་ངོ་བོ་ལ་ཕྱི་ནང་ཀུན་ཏུ་ལེགས་པར་བརྟགས་པ་ན། གང་དུ་ཡང་མ་གྲུབ་པའི་ཡེ་སྟོང་བློ་བྲལ་ཆེན་པོའི་ངོ་བོར་གྲོལ་བ་ཡིན་ལ། དེའི་ངང་ནས་བཏགས་གྲོལ་དོན་ཁྲིད་དུ་བཤད་པ་ལྟར་སྣང་བ་བཞི་ལ་རྩལ་སྦྱངས་ཏེ། ཁྲེགས་ཆོད་དང་ཐོད་རྒལ་ཟུང་འཇུག་ཏུ་ཉམས་སུ་བླངས་པས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་སངས་རྒྱས་སུ་གྲོལ་བ་ཡང་བཤད་པ་ལུགས་གཅིག་ལ་ཡོད་པས། དེ་ལ་ནི་གླེགས་བམ་མ་བཅངས་ཀྱང་དོན་རྟོགས་པས་གྲོལ་བར་མཁའ་འགྲོའི་སྙིང་ཐིག་ལ་སོགས་པར་བཤད་དོ། །ཆོས་རྩོད་པ་ཅན་ཐོས་གྲོལ་དང་། ཞག་བདུན་གྱི་སངས་རྒྱས་འགྲུབ་པར་གྲགས་པ་དག་ལ་བློ་མི་འགེལ་ཅེས་པ་ཡང་། གང་ཟག་གི་ཕྱེ་བ་ཡིན་ལ། ཆོས་ཀྱི་ཕྱེ་བ་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་པའི་གང་ཟག་དམ་པ་བྲམ་ཟེ་ཆེན་པོ་ལྟ་བུ་མདའ་མཁན་མའི་སྙུགས་མའི་བརྡས། སྐད་ཅིག་གྲོལ་བ་དང་། རྒྱལ་པོ་ས་ཀ་ར་གདམས་ངག་ཐོས་པ་ཙམ་གྱི་མོད་ལ་གྲོལ་བ་སོགས་མང་ཞིང་། གཏུམ་མོ་ཞག་བདུན་མ་དང་། སྙན་བརྒྱུད་ཞག་བདུན་མ་དང་། མཐུ་ཞག་བདུན་མ་ལ་སོགས་པ་གསང་སྔགས་གསར་མ་པ་དག་ལ་ཡང་གྲགས་པས་མཚུངས་པ་ཉིད་དོ། །ས་ལམ་གྱི་རྟགས་རིམ་པ་ཅན་དུ་ཤར་བས་མཚམས་ཕྱེད་པར་བྱ་ཞེས་པ་ཡང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྒྱུ་རྐྱེན་འབྲེལ་པར་བཤད་པ་དང་། །རིམ་པས་འཇུག་པར་བསྟན་པ་ཡང་། །རྨོངས་པ་རྣམས་ལ་ཐབས་སུ་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་པས་སྦྱངས་སུ་ཅི་ཞིག་ཡོད། །ཅེས་པ་དང་། རྗེ་སྒོམ་པོ་པས། ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་བརྩི་བ་རྨོངས་པ་འཁྲུལ། །ཅེས་པ་ལ་སོགས་པའི་དོན་གྱིས་མ་ངེས་པ་ཡིན་ནོ། །ཡང་། ༈ བརྒྱུད་པ་ཡང་དཔེ་བརྒྱུད་དང་གཏེར་བརྒྱུད་སོགས་ལ་ངོ་མཚར་བར་མི་བཟུང་སྟེ། རྡོ་རྗེ་འཆང་ནས་རིམ་པར་ཕ་ནོར་བུ་ལ་གཏད་པས་བཀའ་བརྒྱུད་ཀྱི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པ་ཞིག་ལ་གཏུགས་པར་བྱའོ། །ཞེས་བཀའ་སྩལ་པ་ལ། དེ་ལ་གཏེར་ཞེས་བྱ་བ་རྙིང་མ་བ་ཁོ་ན་ལས་གཞན་དུ་མི་འབྱུང་བ་མ་ཡིན་ཏེ། བསོད་ནམས་ཐམས་ཅད་སྡུད་པ་ཏིང་ངེ་འཛིན་གྱི་མདོ་ལས། དྲི་མ་མེད་པའི་གཟི་བརྗིད། ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ནི་འཇིག་རྟེན་གྱི་ཁམས་གཞན་ན་འདུག་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞལ་སྟོན་ཅིང་ཆོས་ཀྱང་ཐོས་པར་མཛད་ལ། དྲི་མ་མེད་པའི་གཟི་བརྗིད་ཆོས་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་གཏེར་རི་དང་རི་སུལ་དང་ཤིང་གི་ནང་ན་བཞུགས་པ་དག་ཡོད་དོ། །གཟུངས་དང་ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་གྱུར་རོ། །ཞེས་གསུངས་པས་ལས་དང་སྐལ་བར་ལྡན་པའི་གང་ཟག་ལ་གནས་ངེས་པ་མེད་པ་དག་ལས་ཆོས་ཀྱི་བདུད་རྩི་འབྱུང་བ་ཡིན་ནོ། །དེ་ལྟར་གསར་མ་པ་རྣམས་ལ་གཏེར་གྱི་རྣམ་གྲངས་ཀྱང་། ཐེག་ཆེན་གྱི་མདོ་མང་པོ་རྒྱ་གར་ཡུལ་ན་སྦས་པ་དགེ་སློང་ནིར་བན་རཀྵི་ཏས་ཕྱུངས་པ་དང་། མ་ཧཱ་མ་ཡའི་རྒྱུད་ནུབ་ཕྱོགས་ཨུ་རྒྱན་ནས་ཀུ་ཀུ་རི་པས་ཕྱུངས་པ་དང་། གཙུག་གཏོར་གདུགས་དཀར་ལ་སོགས་པའི་རྒྱལ་མཚན་བྱ་བའི་ཆོ་གའི་རིམ་པ་རྒྱ་གར་ལྷོ་ཕྱོགས་བྷེ་ཏ་པདྨོ་ཅན་གྱི་གཙུག་ལག་ཁང་ནས་ཇོ་བོ་ཆེན་པོ་རྗེས་ཕྱུངས་པ་དང་། རྫོགས་རིམས་རླུང་སེམས་དབྱེར་མེད་རྡོ་རྗེ་གདན་ནས་རྗེ་བཙུན་མར་པས་ཕྱུངས་པ་དང་། མཁའ་འགྲོ་མ་སེངྒེའི་གདོང་ཅན་གྱི་སྒྲུབ་སྒོར་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཕ་བོང་གཡག་འདྲ་བའི་འོག་ནས་བླ་མ་རྡོ་རྗེ་གདན་པ་དང་། བ་རི་ལོ་ཙཱ་བས་ཕྱུངས་པ་དང་། ཀུ་རུ་ཀུལླེའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་རྡོ་རྗེ་གདན་གྱི་བྱང་ཕྱོགས་ལྷ་མོ་དུད་སོལ་མའི་ནུ་འབུར་ན་ཡོད་པ་སྒྲོལ་མས་ལུང་བསྟན་ཏེ་བླ་མ་གཉན་ལོ་ཙཱ་བས་གཏེར་ནས་ཕྱུངས་པ་ཡིན་ཏེ། དེའི་ལོ་རྒྱུས་ལས། བླ་མ་གཉན་ལོ་ཙཱ་བ་འདི་སྙམ་དུ། །ལོ་ཙཱ་བ་མང་ཡང་ང་ལྟ་བུའི་མཁས་པ་མེད། པཎྜི་ཏ་མང་ཡང་འབུམ་ཕྲག་གསུམ་པ་ལྟ་བུའི་མཁས་པ་མེད། ངས་རྒྱ་མཚོ་མཐའི་སྐད་ཤེས་པས། དེའི་མགོ་འདོན་དུ་འབུམ་ཕྲག་གསུམ་པ་བོད་དུ་གདན་འདྲེན་དགོས་ཏེ། ཁོང་བགྲེས་པ་དང་། ང་ཡོ་བྱད་ཆུང་བ་དང་། རྒྱ་བོད་གཉིས་ལམ་ཐག་རིང་བ་དང་། དེའི་སྟོབས་ཀྱི་ཞུ་འབུལ་དཀའ་བས་ངས་སྔགས་ཀྱིས་དབང་དུ་བསྡུས་ལ་བོད་དུ་གདན་འདྲོངས་པར་བྱའོ་སྙམ་སྟེ་སྒྲོལ་མ་ལ་གསོལ་བ་བཏབ་པས་རྨི་ལམ་དུ་བུད་མེད་གཞོན་ནུ་མ་གཅིག་བྱུང་ནས། རྡོ་རྗེ་གདན་གྱི་བྱང་ཕྱོགས་ཀྱི་ལྷ་མོ་ཀུ་རུ་ཀལླེའི་ལྡེར་བཟོའི་འོག་ན་དེའི་སྒྲུབ་ཐབས་ཡོད་པས་དེ་ཐོན་ལ་ཉམས་སུ་ལོངས་ཤིག་གསུང་། དེ་ལྟར་བྱས་པས་བུད་མེད་དབང་དུ་བསྡུས་ཐབས་གཅིག་ལས་མ་བྱུང་། པཎྜི་ཏ་དབང་དུ་བསྡུ་དགོས་པ་ལ་འདིས་མི་ཕན་སྙམ་ནས་ཡང་གསོལ་བ་བཏབ་པས། ཡང་རྣལ་ལམ་དུ་སྒྲོལ་མའི་ཞལ་ནས། དེ་བས་ཀྱང་གཏིང་རིང་དུ་བྲུས་དང་། དེ་ན་རལ་གཅིག་མའི་ལྡིར་གཟོ་སོ་ཕག་ལས་བྱས་པའི་ཁྲུ་གང་བ་ཞིག་ཡོད། དེའི་འོག་ནས་ཡོང་གི་གསུང་། ཡང་དེ་བཞིན་དུ་བྱས་པས་དུལ་གྱི་གའུ་ཁ་སྦྱར་གཅིག་ནང་དངུལ་གྱི་བྲིས་པའི་རྒྱལ་པོ་དང་བཙུན་མོར་བཅས་པ་དབང་དུ་སྡུད་པའི་ཐབས་བྱུང་བས། འདིས་ཀྱང་མི་ཕན། པཎྜི་ཏ་དབང་དུ་བསྡུ་དགོས་སྙམ་ནས་གསོལ་བ་བཏབ་པས། རྣལ་ལམ་དུ་བྱོན་ནས། ནུབ་གསུམ་ང་ལ་གསོལ་བ་ཐོབ་ལ། སྔར་གྱི་དེའི་འོག་ན་མར་གཏིང་རིང་དུ་བྲུས་དང་། ལྷ་མོ་དུལ་སོལ་མ་སྲིན་མོ་མཆེ་བ་གཙིགས་པ་འདྲ་བ་ཞིག་ཡོད་ཀྱི། དེ་ལ་འཇིགས་པ་མེད་པར་ང་ལ་གསོལ་བ་ཐོབ། ཨཱོཾ་བཛྲ་མཎྜ་ལ་མུམ། སངས་རྒྱས་ཆོས་དབྱིངས་རྣམ་པར་གཤེགས། །བདེ་སྡུག་རྟོག་པ་མི་མངའ་བས། །གང་ཡང་ཁྱོད་ལ་གོས་པ་མེད། །སླར་ཡང་གཟུགས་སྐུས་འགྲོ་དོན་མཛོད། །ཅེས་སྨྲོས་ལ། མི་རྐང་གི་ཚ་ཚལ་པ་དྲི་བཟངས་ཀྱི་ཆུས་བྱུག་པ་ལ་ལྷ་མོའི་ནུ་མ་གཡོན་པའི་སྟེང་ན་ཡི་གེ་ཧྲཱིཿཞིག་ཡོད་ཀྱི་དེ་མ་ཆག་པར་བརྐོས་ལ་དེ་ལྷ་མོའི་སྤྱི་བོར་ཞོག །དེའི་ཤུལ་དུ་བསྐོས་ལ་དེ་ནས་བྱུང་བ་ལྟར་གྱིས། དེ་ཐོན་པ་དང་ལྟས་དང་ཆོ་འཕྲུལ་སྣ་ཚོགས་ཡོང་བས་ང་ལ་དེའི་དུས་སུ་མོས་གུས་གྱིས། གསོལ་བ་ཐོབ། ལྷམ་མགོ་ཐོག་ཏུ་ཞོག །གོས་མགོ་མཇུག་བཟློག་ལ་ཕྱིར་ནུར་བྱེད་ཅིང་ངག་ཏུ་ཧྲིང་ཧྲིང་ཞེས་ཟེར་གྱིན་ཤོག །དེ་ལྟར་བྱས་ན་འཁོར་ལོ་ལུས་ལ་བཅངས་པ་ཙམ་གྱི་དབང་དུ་འདུ། དེ་ནས་ཤུལ་དུ་འབྲེང་སྟེ་འོང་། དེ་དུས་ལྷ་འདྲེས་པར་ཆོད་འོང་བས། པཎྜི་ཏ་ཕྲག་དོག་ཅན་རྣམས་ཀྱི་ངན་སྔགས་བྱས་བསད་དུ་འོང་བས་ཟོན་བྱ་དགོས། དེ་ལྟར་གྱིས་གསུང་པ་ལྟར་བྱས་པས། དཔལ་མོ་གསེར་གྱི་སྙིང་ཐག་ཅན་གྱི་སྒྲུབ་ཐབས་གཏེར་ནས་ཐོན། བསྙེན་སྒྲུབ་བྱས་པས་པཎྜི་ཏ་འབུམ་ཕྲག་གསུམ་པ་དབང་དུ་གྱུར་ནས་བོད་དུ་གདན་དྲངས་པའི་ལོ་རྒྱུས་སྣང་ཞིང་། བོད་དུ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཤོག་དྲིལ་མ། བློན་པོའི་བཀའ་ཆེམས་ཟླ་བ་འདོད་འཇོ། བཙུན་མོའི་བཀའ་ཆེམས་དར་དཀར་གསལ་བ་ལ་སོགས་དང་། ལྷ་སའི་དཀར་ཆག་རྣམས་ཀ་བ་བུམ་པ་ཅན་དུ་སྦས་ནས་ཡོད་པ་ལ། ཇོ་བོའི་དགོངས་པ་ལ་གཙུག་ལག་ཁང་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཅིག་འོང་ཐང་བ་ལ་དགོངས་པའི་ཚེ། ལྷ་ས་མིའི་རྟེན་ཅན་གྱི་མཁའ་འགྲོ་མ་ཞིག་ཡོད་པ་དེས་ཇོ་བོ་ལ་ལུང་བསྟན་ཏེ། སྤྱན་སྔ་རྣལ་འབྱོར་པས་ལག་ཆ་ཐོགས་ཏེ་གཏེར་ནས་ཕྱུངས། འདི་ལ་བདག་པོ་ཤིན་ཏུ་གཉན་པ་ཅིག་འདུག་པས་འཕྲལ་དུ་བྲིའོ་གསུངས་ནས། གུང་ཐང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ་སོགས་པ་མི་གསུམ་གྱི་བྲིས་ནས་སླར་ཡང་ཀ་བའི་ཁོང་སེང་དུ་ཕྱི་མོ་རྣམས་སྦས་སོ་ཞེས་རྣམ་ཐར་ཆེན་མོ་ན་སྣང་ཞིང་། འབྲོམ་གྱི་མཛད་པའི་བསྟོད་པར་ཡང་། གང་དུ་རྒྱལ་པོའི་བཀའ་ཆེམས་གཏེར་དུ་སྦས། །མཁའ་འགྲོའི་གཏེར་ཁུངས་ཁྱེད་ལ་བསྟན་པ་ལས། །ཤེས་འབྱུང་། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་ཀྱང་ཆོས་རྒྱལ་གྱི་བཀའ་ཆེམས་སྐོར་འགའ་ཞིག་གཏེར་ནས་ཕྱུངས་པར་སྣང་ངོ་། །ཕན་གནོད་ལས་ཚོགས་ཀྱི་སྐོར་རྣམས་ཀ་བ་ཤིང་ལོ་ཅན། སྦྲུལ་མགོ་ཅན། སྤྲེའུའི་མགོ་ཅན། སེང་མགོ་ཅན་རྣམས་ན་ཡོད་པ། བླ་མ་ཞང་དང་། ཇོ་གདན་དཀོན་མཆོག་གྲགས་གཉིས་ཀྱི་འགའ་རེ་ཕྱུངས་ཤིང་། ཤས་ཆེ་ནི་གཏེར་ན་བཞུགས་པ་ཉིད་དོ། །གཞན་ཡང་རོ་སྙོམས་སྐོར་དྲུག་ནི། ཏི་བུ་བས་རྒྱ་གར་འོ་མའི་རྒྱ་མཚོ་ན། གདམ་ངག་མར་གྱི་སྙིང་པོ་འདི། །རྒྱུད་སྡེ་རྣམས་ན་གབ་ནས་ཡོད། །པཎྜི་ཏ་ཡི་ལོང་གཏམ་བྱས། །གྲུབ་ཐོབ་རྣམས་ཀྱི་ཁོང་སྙིང་ཡིན། །དུར་ཁྲོད་འགྲིམས་པའི་གོ་ཆ་ཡིན། །ཀུ་སུ་ལུ་པའི་སྨན་སྦྱོར་ཡིན། །ནཱ་རོ་པཎ་ཆེན་གྱི་རྟོགས་པ་ཡིན། །པཎྜི་ཏ་དང་ཀུ་སུ་ལུ། །གཞན་ལ་འདི་འདྲ་མེད་པ་སྟེ། །སྣོད་ལྡན་ཁྱོད་ལ་བསྟན་པ་ཡིན། །གདམས་ངག་བཤད་ལ་དུས་ཚོད་དགོས། །ད་ལྟ་བསྟན་པའི་དུས་མིན་པས། །མཁའ་འགྲོ་ལྷ་འདྲེ་ཐམས་ཅད་ལ། །གཏད་གཉེར་གྱིས་ལ་གཏེར་དུ་སྦོས། །སྐྱེ་བ་གསུམ་གྱི་འོག་རོལ་དུ། །སྣོད་ལྡན་གང་ཟག་ལན་དུ་འོང་། །དེའི་ལག་ཏུ་གཏད་ཅིག་གྱིས། །སྨོན་ལམ་ཐོབ་ལ་སྦོས་ཤིག་གསུངས། །ཞེས་པ་ལྟར་རས་ཆུང་བས་ལྷོ་བྲག་མཁར་ཆུར་སྦས་པ། ཕྱིས་འགྲོ་མགོན་གཙངས་པ་རྒྱ་རས་ཀྱི་གཏེར་ནས་ཕྱུངས་པ་དང་། སེམས་ཁྲིད་ཡིད་བཞིན་ནོར་བུ་རྗེ་སྒོམ་པོ་པ་དང་སྐྱེས་བུ་ཡེ་ཤེས་རྡོ་རྗེས་མཚོ་མཎྜལ་ནག་པོ་ལ་གཏེར་དུ་སྦས་པ། དུང་མཚོ་རས་པས་གཏེར་ནས་ཕྱུངས་པ་དང་། རྗེ་མར་པ་ལོ་ཙཱ་བ་ཆེན་པོའི་ཆོས་དྲུག་སྲས་མཁར་མ་ཉིད་ཀྱི་ཕྱག་གི་སྲིན་ལག་ལས་ཁྲག་ཕྱུངས་ཏེ་བྲིས་ནས་མཁར་གྱི་བྱ་ཕུག་ལ་སྦས་པ་མི་རབ་བདུན་ནས་འདོན་པའི་ཁ་བྱང་ཡོད་པ། མར་པའི་སྲས་དགེ་འདུན་གྱི་སེང་འབྲོ་རིན་ཆེན་དབང་ཕྱུག་ལ་གཏད། དེ་ནས་བླ་མ་གྱང་གསར་པ་ལ་བྱུང་སྟེ། དེའི་སྲས་རྒྱལ་ཚའི་ལག་ནས་གུ་རུ་ཆོས་དབང་གི་ཕྱག་ཏུ་བྱུང་སྟེ་གཏེར་ནས་ཕྱུང་པ་དང་། ཆོས་རྒྱལ་གྱི་བློན་པོ་ལྷ་བཟང་སྐྱིད་དཔལ་གྱི་རྣམ་ཐོས་སྲས་དྲག་པོའི་སྒྲུབ་སྐོར་བྱ་རྒོད་གཤོངས་ཀྱི་གཙུག་ལག་ཁང་དུ་སྦས་པ་གཉལ་བ་ཉི་མ་ཤེས་རབ་ཀྱི་གཏེར་ནས་ཕྱུངས་པ་དང་། པུ་ཏྲ་མིང་སྲིང་སྒྲུབ་སྐོར་བསམ་ཡས་སུ་སྦས་པ་ལྷ་བཙུན་བྱང་ཆུབ་འོད་ཀྱི་ཕྱུངས་པ་ལ་སོགས་གསར་མ་བ་དག་ལ་ཡང་གཏེར་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་ཡོད་པས་ན། དཔེ་བརྒྱུད་དང་གཏེར་བརྒྱུད་གསར་རྙིང་གཉིས་ག་ལ་ཁྱད་པར་མ་མཆིས་པར་ཡོད་དོ། །གཏེར་མ་འདི་གསར་རྙིང་གཉིས་ག་ལ་ཁྱད་པར་མེད་པར་ཡོད་ཀྱང་། དེང་སང་བོད་ཀྱི་དགེ་བའི་བཤེས་གཉེན་རྣམས་གཏེར་ཆོས་ལ་བཙིགས་ཆེར་མི་མཛད་པ་ནས་ཡི་གེ་ཅུང་ཟད་ཞིབ་པར་བྱས་སོ། །ཁྱབ་བདག་རྒྱལ་བའི་དབང་པོ་ཀརྨ་པ། །ཐམས་ཅད་མཁྱེན་པ་སངས་རྒྱས་དངོས་ཀྱི་གསུངས། །སྡེབས་ལེགས་དོན་སྙིང་འབྲེལ་ཆགས་རྡོ་རྗེའི་ཚིག །སོ་སྐྱེའི་བློ་ཡི་ནམ་ཡང་བཟློག་དཀའ་བ། །དེང་འདིར་མེ་དང་སྤྲ་བ་ཇི་བཞིན་དུ། །ཕྲད་པ་ཙམ་གྱི་གཞོམ་པར་བྱས་པ་ཡང་། །ཕན་བདེའི་ལམ་སྟོན་རྗེ་བཙུན་ས་སྐྱ་པ། །བརྒྱུད་པར་བཅས་པའི་མཁས་གྲུབ་བླ་མའི་ཚོགས། །དེ་བཞིན་བསྟན་པའི་སྲོག་ཤིང་ཞལ་ལུ་པ། །རྗེས་འབྲངས་བཅས་པའི་བླ་མའི་ཚོགས་རྣམས་དང་། །ཀུན་བཟང་གཉིས་པ་ཡོངས་འཛིན་ངག་དབང་གྲགས། །སངས་རྒྱས་ཀུན་དངོས་བླ་མ་དེ་རྣམས་ཀྱི། །དྲིན་ལས་བྱུང་ཕྱིར་བདག་བློའི་ནུས་པས་མིན། །དེ་ཕྱིར་ལེགས་པར་བཤད་གང་བླ་མའི་དྲིན། །བཀའ་དྲིན་དྲན་པས་རྟག་པར་ཕྱག་འཚལ་ལོ། །ནོངས་པར་བཤད་གང་བདག་བློའི་ཉེས་པ་སྟེ། །མཁས་པའི་སྐྱེ་བོ་རྣམས་ལ་བཟོད་པར་གསོལ། ༈ ཡང་སྨྲས་པ། ཀརྨ་པའི་སྐུ་སྐྱེའི་གོང་མ་དགའ་རབ་རྡོ་རྗེའི་སློབ་མ་ཏོག་ཙེ་རང་གྲོལ་དང་། དེ་རྗེས་འཕགས་པ་ཀླུ་སྒྲུབ་ཏུ་གྱུར་པ་ནི་པདྨ་གསུང་གི་རིག་འཛིན་ཡིན་ལ། བོད་དུ་ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས་ཨོ་རྒྱན་ཆེན་པོའི་དངོས་སློབ་ཡིན་ཞིང་རྟ་མགྲིན་གྱི་སྒྲུབ་ལུང་བྱིན་པས་གྲུབ་པ་བརྙེས། མ་འོངས་པའི་དུས་སུ་ཀརྨཱ་པ་ཞེས་འགྲོ་བ་མཐའ་ཡས་པ་འདུལ་བར་ལུང་བསྟན་པ་ཐོབ། དེའི་འོག་ཏུ་ཇོ་བོ་ཆེན་པོ་རྗེ་ཨུ་རྒྱན་གྱི་གསུང་གི་སྤྲུལ་པ་དེའི་སློབ་མ་པུ་ཏོ་བར་འཁྲུངས། དེ་ནས་རྗེ་དྭགས་པོ་ལྷ་རྗེ་ཨུ་རྒྱན་གྱི་སྤྲུལ་པ་དེའི་སློབ་མ་ཀརྨ་དུས་གསུམ་མཁྱེན་པར་གྲགས། ཀརྨ་པག་ཤི་ནི་ཨུ་རྒྱན་ཆེན་པོའི་སྤྲུལ་པར་ཡང་ཞལ་གྱི་བཞེས་ཏེ། རེས་འགའ་ཨོ་རྒྱན་པདྨ་ཡིན། །རེ་འགའ་ས་ར་ཧ་པ་ཡིན། །ཞེས་སོགས་གསུངས་ནས་རྒྱ་ནག་གི་རྒྱལ་པོ་གྲུབ་རྟགས་ཀྱི་སྒོ་ནས་བཏུལ། ཁམས་ཀཿཐོག་པ་བྱམས་པ་འབུམ་ལས་བསྙེན་པར་རྫོགས། མ་མོ་དང་། ཕུར་པ་དང་། རྫོགས་ཆེན་གསན། རྙིང་མ་བ་རྣམས་ཀྱི་འདོད་པ་སོ་སོར་འབྱེད་པ་ལ་ལུང་ཨ་ནུ་ཡོ་ག་ལ་རྟེན་ནས་དགོངས་འདུས་ཀྱི་དོན་སོ་སོར་དབྱེ་བ་དང་། ཨ་ནུ་ཡོ་གའི་ཆིངས་དང་། སྐུ་ལྔ་ཡོངས་སུ་རྫོགས་པ་དང་། རྫོགས་པ་ཆེན་པོའི་དབང་གི་ཆུ་བོ་དང་། ཀུན་ཏུ་བཟང་པོའི་བྱུང་ཚུལ་དང་། གཞན་ཡང་རྙིང་མ་ལ་ཡིག་ཆ་མང་དུ་མཛད་དོ། །དེ་རྗེས་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ་ནི། གཉན་རས་དགེ་འདུན་འབུམ་གུ་རུ་ཇོ་འབེར་གྱི་དངོས་སློབ་དང་། སྔགས་འཆང་ངོ་ནག་པ། དབུ་རྩེ་བ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། སྣམ་ཐོན་པ་གཞོན་ནུ་འབུམ། ཟུར་བྱམས་པ་སེང་གེ། རིག་འཛིན་ཀུ་མཱ་རཱ་ཛ་སོགས་རྙིང་མའི་བླ་མ་མང་དུ་བསྟེན། རྙིང་མ་ལ་ཡིག་ཆ་མང་དུ་མཛད། སྙིང་ཐིག་གི་ཁྲིད་ཡིག་མཛད་པར་ཡང་། གུ་རུ་ཇོ་འབེར་སང་གྷ་ལཀྵ་དང་། །དཔལ་ལྡན་རང་བྱུང་རྡོ་རྗེ་ཡན་ཆད་དུ། །རིག་འཛིན་བརྒྱུད་པ་བཅུ་བདུན་ཉིད་ལས་ཐོས། །ཐུང་བརྒྱུད་ཀུན་བཟང་རྡོ་རྗེ་སེམས་དཔའ་དང་། །དགའ་རབ་རྡོ་རྗེ་ཤྲཱི་སེང་ཧ་དང་། །བི་མ་མི་ཏྲ་མན་ངག་གནད་དང་བཅས། །དག་པའི་སྣང་བས་མངོན་སུམ་གཟིགས་གྱུར་ཏེ། །རྣལ་འབྱོར་དབང་ཕྱུག་རང་བྱུང་རྡོ་རྗེ་ཡི། །མ་འདྲེས་ཡོངས་རྫོགས་ཚུལ་དུ་ནོས་པའི་ཕྱིར། །བྱིན་བརླབས་བརྒྱུད་པ་དྲུག་ཏུ་འདུས་པ་ཡིན། །ཞེས་པ་དང་། རྒྱལ་བས་གསུངས་པའི་དམ་ཆོས་ཀུན་གྱི་བཅུད། །ལུང་དང་རྟོགས་པར་འགྲེལ་པ་གསང་སྔགས་དོན། །རྫོགས་རིམ་སྙིང་ཕྱུངས་མངོན་སུམ་ལྟ་བའི་གནད། །མན་ངག་ཐེམས་དང་མཐུན་པར་བདག་གི་སྡེབས། །ཞེས་གསུངས། ཐུགས་དམ་གྱི་གཙོ་བོ་རྫོགས་ཆེན་ལ་མཛད། རྗེ་ཉིད་ཀོང་ཡུལ་ན་བཞུགས་དུས། རྫོགས་ཆེན་སྙིང་ཐིག་འདི་ལ་པདྨ་འབྱུང་གནས་ནས་བརྒྱུད་པ་ཞིག་འོང་ཐང་བ་ལ་དགོངས་ནས་གསོལ་བ་བཏབ་པས་སྤྲུལ་སྐུ་ལས་འབྲེལ་རྩལ་གྱི་གཏེར་གྱི་མཁའ་འགྲོ་སྙིང་ཐིག་གི་ཤོག་སེར་ཕྱག་ཏུ་བྱུང་། དག་པའི་སྣང་བ་ལ་ཨུ་རྒྱན་དངོས་ལས་དབང་དང་གདམས་པ་ཐོབ། འབྲོང་ངུར་བ་མཁན་པོ་རྒྱན་དང་། གཡུང་སྟོན་པ་སོགས་ལ་གནང་ནས་དར་བར་མཛད་དོ། །དེ་རྗེས་རྗེ་རོལ་པའི་རྡོ་རྗེས་ཀྱང་སྤྲུལ་སྐུ་སངས་རྒྱས་གླིང་པ་ལ་དེའི་གཏེར་ཆོས་རྣམས་གསན་ཞིང་ཐུགས་ཉམས་སུ་བཞེས་སོ། །རྗེ་དེ་བཞིན་གཤེགས་པས་ཀྱང་། སྙིང་ཐིག་རྣམ་གཉིས་དང་། བླ་མ་དགོངས་འདུས་རྣམས་གསན་ཞིང་ཐུགས་ཉམས་སུ་བཞེས། དེ་རྗེས་རྗེ་མཐོང་བ་དོན་ལྡན་གྱིས་ཀྱང་། དཀའ་བཞི་པ་རིན་ཆེན་བཟང་པོ་ལ་སྙིང་ཐིག་དང་དགོངས་འདུས་གསན་ཅིང་། ཉང་ལུགས་ཀྱི་རྟ་ནག་ལ་ཐུགས་དམ་གཙོ་བོར་མཛད། དེ་རྗེས་རྗེ་ཆོས་གྲགས་རྒྱ་མཚོས་ཀྱང་། གུ་ཤྲི་དཔལ་འབྱོར་དོན་གྲུབ་སོགས་ལ་དགོངས་འདུས་དང་སྙིང་ཐིག་ལ་སོགས་བཀའ་གཏེར་མང་དུ་གསན། དེ་ལྟར་རྗེ་གོང་མ་རྣམས་ཀྱི་བརྣོག་ཆོས་ཡང་དག་པ་ཡིན་པར་རང་རང་གི་རྣམ་ཐར་དུ་འབྱུང་ཞིང་། རྗེ་ཉིད་ཀྱིས་ཀྱང་རྩེས་ཐང་བསྒོམ་པ་ལ། ཨུ་རྒྱན་ཆེན་པོའི་སྐུར་སྟོན་པར་མཛད་པ་ཉིད་ཀྱིས་ན། ཀརྨ་པ་རང་ལུགས་ཀྱི་གྲུབ་མཐའ་ནས་གཞལ་ན་ཡང་སྔགས་རྙིང་མ་ལ་མ་དག་པའི་ཆ་ཅི་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་རྒྱལ་དབང་ཐམས་ཅད་མཁྱེན་པ་མི་བསྐྱོད་རྡོ་རྗེ་ཉིད་ཀྱིས། ཏིལ་སྒྲོའི་བླ་མ་རྫོགས་ཆེན་པ་ལ་བཟློ་བ། ཞེས་པའི་ཆབ་ཤོག་ན་བཀའ་ལུང་དགོངས་པ་ཅན་སྣ་ཚོགས་པ་དང་། ཆབ་ཤོག་སྣེའུ་གདོང་རྩེར་གནང་བ་ཞིག་ན། །དིང་སང་དབུ་རུ་བྱང་ཕྱོགས་རྒྱུད་འདི་ན། །གཏེར་སྟོན་ལྕང་ལོ་ཅན་སོགས་བདུད་སྤྲུལ་གྱི། །ཞེས་སོགས་ལྟ་དགོངས་ཀྱི་དྲོད་ཚད་ཅི་འདྲའམ་མ་སྙམ་གཟིགས་པའི་ཚིག་དང་། དྲི་བའི་ཚུལ་འདི་དག་ནི་སྔགས་རྙིང་མའི་དོགས་པ་ཐམས་ཅད་སེལ་ཞིང་དྲུང་འབྱིན་པར་བྱེད་པ་ཟབ་ཅིང་རྒྱ་ཆེ་ལ་གཏིང་དཔག་དཀའ་བའི་ཚུལ་གྱི་དྲི་བར་མཛད་དེ། རྙིང་མ་བ་དག་ཐོས་བསམ་བསྒོམ་གསུམ་ལ་འབད་པ་འདོན་ཕྱིར་བསྩལ་བ་ཡིན་པས་ན། འདི་དག་གི་དོན་སྤྱིས་ཕྱིན་པར་རྒྱུད་ལ་འབྱོར་ན་གསང་སྔགས་སྔ་འགྱུར་གྱི་དཀའ་བའི་གནས་མཐའ་དག་གཏན་ལ་ཕེབས་པར་འགྱུར་བའི་ཕྱིར་ངེས་པར་བཀའ་དྲིན་ཆེན་པོའི་སྒོ་ནས་མཛད་པ་ཡིན་ན་ཡང་། དེ་ལྟ་བུར་མ་གོ་བའི་རིག་ཅན་ཤིན་ཏུ་མང་བ་ཞིག་སྣང་ལ། སྔགས་བཙུན་ལྷ་དགོངས་མཐར་ཕྱིན་པ་རྣམས་ལ་ནི། སངས་རྒྱས་སྟོང་བྱོན་ཏེ་ཁྱོད་ཀྱི་དེ་ཆོས་མིན་ནོ་ཞེས་གསུངས་ཀྱང་བཟློག་པར་མི་ནུས་ཏེ། བློ་གྲོས་རབ་བརྟན་གྱི་ཞུས་པའི་མདོ་ལས། གང་ལ་དད་ཅིང་མོས་པ་རྩེ་གཅིག་པ་དེ་ལ་གང་གི་མི་བརྫི་བ་སྟེ། དེའི་དྲུང་དུ་བདུད་ཀྱི་སངས་རྒྱས་སུ་བསྒྱུར་ནས་འོང་སྟེ་དེ་ནི་ཁྱོད་ཀྱི་མ་ཡིན་ནོ་ཞེས་བཟློག་པར་བྱེད་བསྒྱུར་བར་བྱེད་ཀྱང་དེ་ནི་དེ་ལས་གཡོ་བར་མི་བྱེད་དོ། །དེ་ཡང་འབྱུང་བ་ཆེན་པོ་གཞན་དུ་འགྱུར་བ་ཡང་སྲིད་ཀྱི། དད་པའི་སྟོབས་ལ་མོས་པ་དེ་ནི་སྟོབས་དེ་ལས་འབྲལ་བར་མི་བྱེད་དོ། །ཞེས་གསུངས་པ་ལྟར་མོད། བདག་ལྟ་བུའི་རྙིང་མ་བའི་གཟུགས་བརྙན་ཚིག་དོན་གྱི་གོ་གཞི་མ་ཆགས་ལྷ་རེའི་ལས་བྱང་བུ་ཙམ་རེ་བློ་འཛིན་བྱས་ནས་རང་གཞན་གྱི་དོན་བྱེད་བློ་དང་། གཞན་དག་འདྲ་བའི་སྙིང་མ་བ་ཕྲན་བུ་དག་གི་བཀའ་ཤོག་འདི་མཐོང་ཐོས་བྱུང་ན་དོག་པའི་གནས་མི་ཆོད་པར་ཡུལ་ཁྱད་པར་ཅན་ལ་སྐུར་བ་བཏབ་པ་དང་། ཆོས་སྤོངས་བའི་ལས་བསགས་ཏེ། གསར་མའི་ཆོས་རྣམས་ཀྱང་འཆལ་བ་དང་། བསླབ་པ་དང་རང་གཟོ་ཅན་གྱི་རང་གཟོ་བྱས་པའི་མང་ངོ་སྐུར་འདེབས་བྱེད་པ་དང་། དེ་དག་གི་རྗེས་སུ་འབྲངས་ནས་ཆོས་སྤོངས་ལས་བསགས་པར་འགྱུར་ཏོ། །ཀུན་མཁྱེན་ཆེན་པོས། གསང་འདུས་ལ་སོགས་པའི་རྒྱུད་དང་ཕྱག་རྒྱ་ཆེན་པོ་གཞོབ་རྡོག་པས་རྫིས་པ་དང་འདྲ་ཟེར་བའང་རྫོགས་ཆེན་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་དང་ཕྱག་ཆེན་གྱི་ལམ་ཁྱད་དུ་གསོད་པ་ཡིན་པའི་རྫོགས་པ་ཆེན་པོ་ཆོས་མིན་དུ་སྒྲུབ་པ་རྣམས་དང་ཁྱད་མེད་དོ། །ཞེས་བྱ་བའི་ཉེས་པ་དང་ལྡན་པ་དེའི་ཕྱིར་སྨྲས་པ་ཡིན་ནོ། །དེ་ལ་ཆོས་སྤོངས་པའི་ལས་ནི་ཤིན་ཏུ་ལྕི་བ་སྟེ་འདི་དག་ནི་རང་བཟོར་བྱས་པ་ཡིན་ནོ། །ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལ་བདག་གི་སེམས་ཀྱི་གནས་བསྟན་ལ་མ་ཕེབ་པར་རྣམ་པར་འཁྲུལ་ནས་འདི་སྐད་དུ་འདི་ནི་སངས་རྒྱས་ཀྱི་གསུངས་མ་ཡིན་ཏེ། རོ་གསང་བའི་བདག་པོའི་མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་འགྲོ་བ་རིག་པར་བྱ་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་དུད་འགྲོའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། གང་ཞིག་ཆོས་མཆོག་གཙོ་བོ་སྟེ། །རྒྱལ་བའི་གསུངས་པ་ཆོས་ཀྱི་མཛོད། །ས་སྟེང་མིས་ནི་སྤོང་བྱེད་པ། །དེ་ནི་མནར་མེད་དམྱལ་བ་འགྲོ། །བསྐལ་བ་ཆེན་པོ་དེ་མཚེ་བཅས། །རྣམ་པ་དུ་མར་དབྱེ་བ་བསྟན། །ནམ་ཞིག་གང་དུ་འབྱུང་བ་ནི། །མིའི་ལུས་ནི་སྐྱེ་ན་ཡང་། །དབུལ་ཞིང་ནད་མང་བླུན་པ་དང་། །ཀླ་ཀློ་དག་ཏུ་སྐྱེ་བར་འགྱུར། །འཇིག་རྟེན་སྨད་པར་འགྲོ་བ་སྟེ། །དེ་ནི་མཛེ་ཅན་ནད་པར་འགྱུར། །ལྐུག་ཅིང་འོན་པ་ཡན་ལག་ཉམས། །བློ་ཉམས་ལོང་བ་ཉིད་དང་ནི། །རྩུབ་ཅིང་རྟག་ཏུ་འཇིགས་པའི་གཟུགས། །ས་སྟེང་ཡི་དྭགས་ལྟ་བུར་སྣང་། །གོས་ངན་སེམས་ནི་ངན་པ་དང་། །སེན་མོ་དང་ནི་ལུས་ཀྱང་ངན། །སྲིན་བུ་རྣམས་ནི་ཟོས་པ་དང་། །ཤུ་བ་གཡན་པ་ཡན་ལག་ལྡན། །མདོ་སྡེ་འདི་དག་སྤང་བར་ན། །གང་དང་གང་གི་འགྲོ་བར་འགྲོ། །དེ་དང་དེར་ནི་སྐྱེ་བ་ནི། །བློ་ངན་རྨོང་པ་སྐྱེ་བར་འགྱུར། །ཞེས་གསུངས་ཞིང་། བདོག་པོ་ཉུང་ངུ་རྒྱུད་ལས་ཀྱང་། །མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཡུལ་གྱི་གདུལ་བྱ་ལ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོས་ཆོས་འདི་བསྟོན་པ་ལ། །གལ་ཏེ་མོས་པ་མ་གྱུར་ཀྱང་། །སྨད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་གསུངས་ཤིང་། གསང་བ་གྲུབ་པ་ཀྱང་། རྡོ་རྗེ་ཐེག་པ་ལ་སྨོད་པ། །དེ་ནི་ངན་འགྲོ་འགྲོ་བར་འགྱུར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །མ་གུས་པར་ནི་བྱེད་པ་གང་། །བདེར་གཤེགས་མཚན་མ་ལ་བསྟེན་བྱ། །དེ་ནི་ངེས་པར་མནར་མེད་འགྲོ། །ཞེས་བཤད་པའི། བརྟེན་པ་གཞི་དང་བརྟགས་པ་གསུམ་གྱི་ལེགས་པར་མ་རྟགས་ཤིང་དོན་མ་རྟོགས་པར་སྒྲ་ཙམ་ལ་རྟེན་པ་ཆོས་མ་ཡིན་ཞེས་སྤོངས་བ་མ་ཡིན་ནོ། །དེ་བས་ན་སྣོད་དང་མི་ལྡན་པ་ལ་གསང་སྔགས་ཀྱི་བསྟན་ན་རང་གི་དམ་ཚིག་ཉམས་ཤིང་གཞན་ཡང་ཆོས་སྤོང་གི་ལས་ལ་སྦྱོར་བས་གཉིས་ཀ་ངན་འགྲོ་འགྲོ་སྟེ། དེ་ཉིད་བསྡུས་པའི་རྒྱུད་ལས་ཁྱོད་ཀྱི་ཕྱག་རྒྱ་ལ་མི་མཁས་པ་གཞན་དུ་སུ་ཡང་རུང་བ་ལ་ཕྱག་རྒྱ་གང་ཡང་རུང་བ་བསྟན་པར་མ་བྱེད་ཅིང་། དེ་ཅིས་ཕྱིར་ཞེ་ན། དེ་ནི་འདི་ལྟར་དཀྱིལ་འཁོར་ཆེན་པོ་མ་མཐོང་བའི་སེམས་ཅན་དེ་དག་གི་ཕྱག་རྒྱ་བཅིང་བ་བྱས་ན་དེའི་ཚེ་དེ་དག་གྲུབ་པར་མི་འགྱུར་རོ། །དེ་ནས་དེ་དག་ཐེ་ཚོམ་དུ་གྱུར་ཏེ། གནོད་པ་མ་སྤངས་བ་མྱུར་བ་ཉིད་དུ་དུས་བྱས་ཏེ་དམྱལ་བ་ཆེན་པོ་མནར་མེད་པ་ཞེས་བྱ་བ་ལྟུང་བར་འགྱུར་རོ། །ཁྱོད་ཀྱི་ཀྱང་ངན་སོང་དུ་འགྲོ་བར་འགྱུར་རོ། །ཞེས་གསུངས་སོ། །ཚུལ་འདི་ལ་པཎ་ཆེན་ཐམས་ཅད་མཁྱེན་པ་བུ་སྟོན་གྱི་རྒྱུད་སྡེ་སྤྱིའི་རྣམ་བཞག་ལས་དོན་འདི་ཉིད་ཐུགས་ལ་བཞག་ནས་སྔོན་གྱི་སློབ་དཔོན་གྱི་དབང་པོ་དང་། དེའི་སློབ་མ་སློབ་དཔོན་མཐོ་བཙུན་ཙོ་ཡགས་ཀྱིས་ཀྱང་། སྐལ་བ་ངན་པ་ལ་གསང་སྔགས་ཀྱི་ཚུལ་སྟོན་པ་ལ་དགག་པ་མཛད་ཅིང་། བོད་ཀྱི་རྒྱལ་བློན་ས་ཆེན་པོ་ལ་བཞུགས་པ་དག་གིས་ཀྱང་། ཕྱི་རབས་ཀྱི་སེམས་ཅན། ལྡེམས་པོར་དགོངས་པའི་དོན་ཟབ་མོ་མ་རྟོགས་པར། སྒྲ་ཇི་བཞིན་པ་ལ་ཚད་མར་བཟུང་སྟེ། ཐབས་ཤེས་རབ་ཀྱི་རྣལ་འབྱོར་ཅུང་ཟད་ཀྱང་མེད་ཅིང་། སྤངས་བསྲུང་གི་དམ་ཚིག་སྣ་གཅིག་ཀྱང་མི་སྡོམ་པར། གསང་སྔགས་ལ་བསྙད་བཏགས་ནས། མུ་སྟེགས་འཆོལ་བའི་རྒྱུད་ལྟར་བག་མེད་པའི་སྤྱོད་པས་སངས་རྒྱས་ཀྱི་བསྟན་པ་ཉམས་སྨས་པར་བྱེད་པ། རང་གཞན་ཕུང་བའི་ཚུལ་ལ་འཇུག་པར་གཟིགས་ནས། སྨད་ནས་བཀའ་སྩལ་པ་མ་གཏོགས་རྣལ་འབྱོར་ཆེན་པོའི་རྒྱུད་བསྒྱུར་དུ་མེད་པར་བཀས་བཅད་པ་ཡིན་ནོ། །ཞེས་གསུངས་པས་ན། གསང་སྔགས་ཟབ་མོའི་དོན་བློར་མི་ཤོང་བའི་རིགས་ཅན་རྣམས་དང་། དོན་མ་གོ་བ་རྣམས་ནི་ཆོས་སྤོང་བའི་ལས་བསོག་པ་ཤ་སྟག་ཏུ་ངེས་པས། མཁས་པའི་སྐྱེ་བོ་སྐལ་པ་ཅན་བློ་གྲོས་དང་ལྡན་པ་རྣམས་ཀྱི་དེ་ལྟ་བུའི་སྒོར་ནམ་ཡང་འཇུག་པར་མི་བྱའོ། །བཀའ་གསང་རྨད་བྱུང་བླ་མེད་རྫོགས་པ་ཆེ། །སངས་རྒྱས་ཡེ་ཤེས་མངོན་སུམ་སྟོན་པའི་ཆོས། །ཐ་སྙད་ཚིག་གི་དུག་ཆུས་ཡིད་དཀྲུགས་པའི། །རྟོག་གེ་སྨྲ་བའི་སྤྱོད་ཡུལ་མ་ཡིན་མོད། །གང་དག་འདི་ལ་ལོག་པར་ལྟ་བའི་ཚོགས། །བདུད་སྡེ་དཔུང་དང་བཅས་ཏེ་ལྟར་སྣང་གི། །ལུང་རིགས་བསྐལ་པ་བརྒྱ་རུ་སྨྲ་ན་ཡང་། །སྐལ་བཟང་སུ་ཞིག་བ་སྤུ་གཡོ་ནུས་སམ། །སྦྱངས་དང་སྐྱེས་སྟོབས་ཡོན་ཏན་དམན་ན་ཡང་། །རྗེ་བཙུན་བླ་མ་རྣམས་ཀྱི་བཀའ་དྲིན་ལས། །ཟབ་མོའི་དོན་ལ་དགེ་བའི་སྤོབས་པ་ཐོབ། །ལོག་ལྟ་ཅན་རྣམས་ད་དུང་གཞོམ་པར་བྱ། །ཆབ་ཤོག་འདི་ལ་སྔོན་ཆད་དྲི་བའི་ལན། །རིམ་པ་གསུམ་ཙམ་མཛད་པ་མཐོང་མོད་ཀྱི། །དྲི་བའི་དགོངས་དོན་ཚུལ་བཞིན་མ་ལོན་པས། །དྲིས་ལན་དགོས་མེད་ཚིག་དང་ཟུར་ཟའི་གཏམ། །ཁོ་ན་ཉིད་ལས་དོན་གཞན་མ་བསྟན་པས། །རང་དང་རང་འདྲའི་འགྲོ་ལ་ཕན་ཕྱིར་དུ། །སྨྲས་ཀྱི་མཁས་གཞན་དགྱེས་སྙམ་རློམ་པའང་མེད། །བདེ་གཤེགས་དགོངས་སྤྱོད་ཟབ་མོ་ལྷུར་ལེན་པའི། །སྔགས་བན་ཆེན་པོ་རྣམས་ལའང་འདིས་ཅི་འཚལ། །དེ་ལྟའང་རྨངས་ཞེན་རྫུན་གྱི་མ་སྦགས་པར། །རྒྱལ་བའི་ལུང་ལ་བརྟེན་ནས་བཀོད་པ་ཡི། །དགེ་བ་དེ་ཡིས་བདག་དང་འགྲོ་བ་རྣམས། །བདེ་གཤེགས་ཆོས་ཚུལ་བསམ་མི་ཁྱབ་པའི་སྒོ། །གང་ལའང་ལོག་རྟོག་ནམ་ཡང་མི་སྐྱེ་བར། །རང་རང་བློ་དང་འཚམས་པའི་ལམ་ཞུགས་ཏེ། །དག་སྣང་མི་ཟད་རྒྱན་གྱི་འཁོར་ལོ་ལ། །ཡོངས་སུ་སྤྱོད་པའི་ཐུབ་དབང་དེ་མཚུངས་ཤོག །ཅེས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་མི་བསྐྱོད་རྡོ་རྗེའི་ཆབ་ཤོག་གི་དྲི་བའི་ལན་དུ་གསོལ་བ་ལུང་དང་རིགས་པའི་འབྲུག་སྒྲ་ཞེས་བྱ་བ། དཔལ་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གདུལ་བྱ་ཙམ་དུ་གཏོགས་པ་ལྷ་རྗེ་བློ་གྲོས་བཟང་པོས་འཛིན་བྱེད་ཀྱི་ལོ་ས་ག་ཟླ་བའི་ཚེས་བཅུ་ལ་མོན་ཡུལ་བུམ་ཐང་བསམ་གཏན་གླིང་དུ་རྫོགས་པར་བཀོད་པའོ། །འདིས་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག །དགེའོ། །ༀ་སྭ་སྟི། མི་འཇིགས་བཞི་བརྙེས་བདེན་གསུང་སེང་གེའི་སྒྲས། །ཕས་བརྒོལ་གླང་པོ་སྟོང་གི་ཀླད་འགེམ་པ། །ཐུབ་དབང་རྡོ་རྗེ་འཆང་དང་དབྱེར་མེད་པའི། །དཔལ་མགོན་བླ་མའི་ཞབས་ལ་ཕྱག་བགྱིའོ། །གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དེ། །འཁོར་འདས་ཀུན་གྱི་སྔོན་རོལ་བྱང་ཆུབ་ནས། །ཕྱིར་གསལ་ལྷན་གྲུབ་ཐུགས་རྗེ་བཀོད་པའི་སྤྲིན། །ཆོས་ཀྱི་དབྱིངས་མཉམ་ཕ་མཐའ་སུ་ཡིས་དཔོག །དོན་དམ་དབྱིངས་སུ་སྤྲོས་མཚན་ཀུན་བྲལ་ཡང་། །ཀུན་རྫོབ་སྣང་ངོར་གདུལ་བྱའི་བློ་རིམ་བཞིན། །གང་འདུལ་ཐེག་པའི་དབྱེ་སྒོ་བགྲངས་ཡས་ཀྱང་། །མཐར་ཐུག་སྐྱེལ་སོ་ཐེག་གཅིག་འབྲས་བུའི་རྩེ། །ཡེ་ཤེས་མངོན་བྱེད་དབང་རབ་ཅིག་ཅར་ལམ། །གྲོལ་བ་དྲུག་ལྡན་རྡོ་རྗེ་རྩེ་མོའི་སྲོལ། །གྲུབ་ཐོབ་བྱེ་བའི་གཤེགས་ཤུལ་ཟླ་མེད་ཕུལ། །སྔོན་བྱོན་དམ་པའི་དྲིན་ལས་དེང་ཡང་གནས། །འདི་ནི་སྐལ་པ་མཆོག་འགའི་སྤྱོད་ཡུལ་ལས། །ཕལ་གྱིས་རྟོགས་དཀའ་ཡིད་བཞིན་ནོར་བུ་ཡང་། །དམན་པས་མི་རྙེད་རྙེད་ཀྱང་མི་མགུ་སྟེ། །གླང་རྫིས་ཕུལ་གསུམ་སྦྱིན་ཞེས་ཟེར་བ་བཞིན། །དེ་སླད་ཕྱོགས་འདིར་སྔོན་ཆད་རྩོད་པའི་ཁུལ། །རྨད་དུ་བྱུང་ཡང་སྨག་ལ་ཉི་ཟླ་བཞིན། །ལོག་རྟོག་སྐྱོན་གྱིས་ནམ་ཡང་སྒྲིབ་པ་མེད། །བསྲེག་བཅད་བརྡར་བའི་གསེར་བཞིན་ལྷག་པར་མངོན། །འཇིག་རྟེན་དབང་ཕྱུག་རྒྱལ་དབང་སརྦ་ཛྙཱར། །འདི་དང་འདི་འདྲའི་དོག་གནས་མི་འཚལ་ཡང་། །སྔོན་མེད་ལེགས་བཤད་སྒོ་བརྒྱ་འབྱེད་སླད་དུ། །དྲི་བ་འདི་ཡང་ཐབས་མཁས་མཛད་པར་ངེས། །འཇིག་རྟེན་མིག་གཅིག་སྣང་མཛད་སྒྱུ་མའི་གར། །སོག་བཟློག་མཁས་པའི་ལེགས་བཤད་སྤར་གྱི་འཕྲུལ། །འཇམ་པའི་རྡོ་རྗེའི་བཀའ་ལུང་རྗེས་སྒྲུབ་ཕྱིར། །བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་སྤེལ། །དགེ་བས་བསྟན་འཛིན་ཞབས་བརྟན་མཛད་ཕྲིན་འཕེལ། །དགེ་འདུན་སྡེ་རྒྱས་བཤད་སྒྲུབ་བསྟན་པ་དར། །བོད་ཁམས་བདེ་སྐྱིད་མཐའ་དམག་དུས་འཁྲུགས་ཞི། །རྫོགས་ལྡན་ཉི་མ་གསར་དུ་འཆར་གྱུར་ཅིག །ཅེས་པའང་རྣམ་དཀར་འདུ་བྱེད་པ་པོ་གཞན་ཕན་ཆོས་ཀྱི་བློ་གྲོས་རང་ཉིད་ཀྱིས་བྲིས་པ་སརྦ་དཱ་མངྒ་ལམ།། །།