རྗེས་སུ་གནང་བ་སྤྱི་ལ་འཇུག་པའི་ཆོ་ག
རྗེས་སུ་གནང་བ་སྤྱི་ལ་འཇུག་པའི་ཆོ་ག་བཞུགས་སོ། །རང་ལྷར་བསྙེན་པའམ། རྗེས་སུ་གནང་བ་སྦྱིན་པར་འདོད་པ་སྤྲོས་པ་ཆུང་ངུ་དག་ལ་མཁོ་བའི་སྤྱིའི་ཆོ་ག་བྲི་བར་བྱའོ།། རང་ཉིད་བཅོམ་ལྡན་འདས་འདིའི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ས་བོན་གྱིས་སྙིང་ཀ་མཚན་པར་གྱུར། དེའི་འོད་ཟེར་གྱིས་བླ་མ་དང་ལྷ་འདི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྭ་ས་མཱ་ཛཿ ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻཝིདྱཱ། ཤཔྟ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པའི་བདུན་རྣམ་དག་བྱས་ནས། བཛྭ་མུཿཚོགས་ཞིང་རང་ལ་ཐིམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དངྎ སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དངྎ སྡུག་བསྔལ་མེད་པའི་བདེ་བ་དངྎ བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་ཡིད་དང་འདྲེ་བར་བསྒོམ། བདག་ཉིད། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷཱོཧཾཿ སྟོང་པའི་ངང་ལས། དེ་ནས་ལྷ་སོ་སོའི་མངོན་རྟོགས་བཞིན་བསྐྱེད། སྙིང་ཀར་ས་བོན་སྔགས་ཀྱིས་བསྐོར་བ་ལས་ལྷའི་སྤྲོ་བསྡུ་བྱེད་པར་དམིགས་ལ་མ་ཡེངས་པར་སྙིང་པོ་བཟླ། བདག་བསྐྱེད་དོ། །དེ་ནས་རྡུལ་ཚོན་ནམ་ཚོམ་བུ། ཨོཾ་སྭ་བྷཱ་ཝའི་སྔགས་ཀྱིས་སྦྱངས། སྟོང་པའི་ངང་ལས་ནས་ལྷར་བསྐྱེད། སྔར་བཞིན་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱད་ལྔས་མཆོད། སྲིད་པའི་འཇིགས་རྣམས་སྐྱོབ་པ་དང་། །ཕུན་ཚོགས་དངོས་གྲུབ་ཀུན་སྟེར་བ། །ཡིད་བཞིན་ནོར་ལྟར་རྨད་བྱུང་བའི། །བཅོམ་ལྡན་ཁྱེད་ལ་ཕྱག་འཚལ་ལོ།། ཅེས་བསྟོད། མདུན་བསྐྱེད་བསྐུལ་བའི་བཟླས་པ་བྱས་ཏེ། གཏོར་མ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨ་དྱཱ་ནུཏྤནྣ་ཏྭཏ། ཨོཾ་ཨཱཿཧཱུྃ་གིས་ཕུལ། ཡིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཞུ་བར་བྱའོ། །བསྙེན་པའི་ཚེ། བདག་བསྐྱེད་ཀྱི་བཟླས་པའི་མཐར། མདུན་དུ་སྐད་ཅིག་གིས་བསྐྱེད་ནས་མཆོད་བསྟོད་གཏོར་མ་ཕུལ། འདོད་གསོལ་གྱི་བར་བྱ། བཛྭ་མུཿ གཤེགས། བདག་བསྐྱེད་མི་དམིགས་པར་སྟོང་པར་བཞག དགེ་བ་འདི་ཡིས་མྱུར་དུ་བདག། ཅེས་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། དེ་ནས་རྗེས་གནང་བྱེད་པར་འདོད་པས། སློབ་མ་དྲིའི་ཆུས་བཀྲུས། ཨ་ཀཱ་རོའི་སྔགས་ཀྱིས་བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད། མཎྜྻལ་ཕུལ། ལྷ་འདིའི་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ལྟ་བུ། འདིའི་རྗེས་སུ་གནང་བ་ཞུ་བའི་ཕྱིར་གསོལ་བ་བཏབ་པ་འདིའི་རྗེས་ཟློས་གྱིས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོའི་བདག་ལ་བཀའ་དྲིན་སྩོལ།། ལན་གསུམ་གྱིས་གསོལ་བ་བཏབ། སློབ་དཔོན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ལྟ་བུ། འདིར་གསལ་བའི་སྤྱན་སྔར་སྐྱབས་སུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་སྙམ་པས་འདིའི་རྗེས་ཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་ལན་གསུམ། ཁྱེད་རང་རྣམས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾཿ མི་དམིགས་པ་སྟོང་པའི་ངང་ལས་ལྷ་སོ་སོའི་མངོན་རྟོགས་ཇི་ལྟ་བ་བསྐྱེད་པ་སྐུའི་རྗེས་གནང་ངོ་། །སློབ་དཔོན་ལྷར་གསལ་བའི་ཐུགས་ཀ་ནས་སྔགས་འཕྲེང་བྱུང་བ་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་ནས་ཞུགས་ཏེ་སྙིང་ཁའི་ས་བོན་གྱི་མཐར་འཁོད་པའི་མོས་པ་གྱིས་བྱས་ཏེ་འཕྲེང་བ་གཏད། སྔགས་རྣམས་ལན་གསུམ་ལ་སོགས་པ་ཟློས་སུ་བཅུག རྡོ་རྗེ་དང་བཅས་པའི་ལག་པས་མེ་ཏོག་སྤྱི་བོར་བཞག་སྟེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ནུས་པ་བརྟན་པར་མཛད་དུ་གསོལ།། ཅེས་བརྗོད་ཁྲོམ་ཆེན་པོར་མེ་ཏོག་གཏོར། དེ་ནས་སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ།། ཅེས་བརྗོད། གསུང་གི་རྗེས་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོའི་ངང་དུ་ཅུང་ཟད་མཉམ་པར་ཞོག་ཅེས་བསྒོ་ནས་ཡིད་ཇི་ཙམ་གནས་པ་བསྒོམ་དུ་གཞུག་པ་ཐུགས་ཀྱི་རྗེས་གནང་ངོ་། །ལྷ་འདིའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་གནས་པར་བྱོས་ཤིག་ཅེས་བསྒོ། སློབ་མས་ཀྱང་། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད།། ཅེས་བརྗོད། རྗེས་གནང་ངོ་། །རིགས་གཏད་ཙམ་བྱེད་ན། སློབ་མས་ཕྱག་ཕུལ། སློབ་དཔོན་གྱི་བདག་ལ་ལྷ་འདིའི་རིག་པ་གཏད་པ་སྩལ་དུ་གསོལ་ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་འཕྲེང་བ་ཐོན། ཁྱེད་རང་རྣམས་ཀྱི་ཁ་ནས་བརྒྱུད་དེ་སྙིང་ཁར་འཁོད་པའི་མོས་པ་བགྱིས་བྱས་ཏེ། སྔགས་ཀྱི་རྗེས་ཟློས་མན་གསུང་གི་རྗེས་གནང་ཇི་ལྟ་བར་བྱའོ།། །། འབྱུང་པོ་འདུལ་བྱེད་སྒོམ་པར་འདོད་པས། སྟོང་པའི་ངང་ལས། ཟླ་བའི་གདན་ལ་ཧཱུྃ་ལས་པདྨ་འདབ་བརྒྱད་དེའི་སྟེང་དུ་ཨ་ལས་ཟླ་བ་ཧཱུྃ་གི་མཚན་པ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་མཐིང་ནག་རྩེ་ལྔ་པ། དེ་ལས་ཁྲོ་བོའི་རྒྱལ་པོ་འབྱུང་པོ་འདུལ་བྱེད་ཁ་དོག་ནག་པོ་འབར་བའི་འཕྲེང་བ་འཁྲིག་པའི་འོད་ཅན། གཏུམ་པོ་ཆེན་པོ་ཁམས་གསུམ་ཟད་པར་མཛད་པ། རྩ་བའི་ཕྱག་གཉིས་ཀྱི་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་མཛད་པ། འོག་མ་གཉིས་ཀྱི་རྡོ་རྗེ་དང་ཞགས་པ་བསྣམས་པ། འཇིགས་པར་བྱེད་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ན་བཟའ་སྔོན་པོ་དང་སྟག་གི་ཤམ་ཐབས་ཅན་ཞབས་གཡོན་བརྐྱང་བས་འབྱུང་པོ་གཞན་གྱིས་མི་ཐུབ་པ་མནན་ཏེ་བཞུགས་པ། འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་བཅིངས་ནས་སྙིང་མགྲིན་མཛོད་སྤུ་རྣམས་སུ་བསྲུང་བའི་དོན་དུ་རེག་པར་བྱའོ། །བསྒོམ་པས་ངལ་ན་སྙིང་ཁར་ཟླ་བ་ལ་སྔགས་འཕྲེང་ནག་པོ་མེ་འབར་བ་ལས་ཁྲོ་བོ་སྤྲོ་བ་དང་བསྡུ་བར་དམིགས་ཏེ། ཧཱུྃ་བཛྭ་ཕཊ྄ཿ ཅེས་བཟླའོ།། །། ༢ ཨུ་ཙརྻ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉི། ཀླུ་འབུམ། གཉན་ཁྲིའི་སྟེང་དུ་ཧཱུྃ་མཐིང་ནག །དེ་ལས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ། དེ་ལས་ཕྱག་ན་རྡོ་རྗེ་ཨུ་ཙརྻ་སྐུ་མདོག་མཐིང་ཤུན་དྲི་མ་མེད་པ་ལྟ་བུ་ཤིན་ཏུ་གཏུམ་ཞིང་འཇིགས་པར་བྱེད་པའི་སྐུ་ཅན་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་སྤྲས་ཤིང་། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་འཕྱར་ཞིང་། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། བ་སྤུའི་བུ་ག་ནས་རྡོ་རྗེའི་ཆར་དང་། ཁྲོ་བོ་དང་། བྱ་ཁྱུང་གི་ཚོགས་སྤྲོ་བ། ཡེ་ཤེས་ཀྱི་མེའི་ཀློང་ན་བཞུགས་པའི་སྙིང་ཁར་རྡོ་རྗེ་རྩེ་དགུ་པ། ལྟེ་བར་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་སྙིང་ཁར་རྡོ་རྗེ། དེའི་ལྟེ་བར་ཧཱུྃ་ལ་སྔགས་འཕྲེང་དམར་ནག་གིས་བསྐོར་བ་ལས་འོད་འཕྲོས། ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ བཛྭ་ཨ་བྷི་ཥིཉྩྨ་ཧཱུྃ། དེ་ནས་སྔགས་འཕྲེང་ལས། ཁྲོ་བོ་དང་བྱ་ཁྱུང་རྡོ་རྗེའི་ཆར་དང་མེའི་ཕུང་པོར་སྤྲོས་པས་གདོན་བགེགས་བརྡུངས་བཏགས་གཞོབ་ཏུ་བསྲེག་པར་བསམ་གྱིན། ཨུ་ཙརྻ་ཡཀྵ་སེ་ན་ཨངྐུ་ཤ་ཛཿཛཿཧཱུྃ་ཧཱུྃཕཊ྄། ཅེས་བཟླས་སོ།། །། ༣ སྤྱན་རས་གཟིགས་སེང་གེ་སྒྲ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པཾ་ལས་པདྨ། ཨ་ལས་ཟླ་བ། ཨ་དཀར་པོ་ལས་སེང་གེ་དཀར་པོའི་སྟེང་དུ་ཨཾ་ལས། པད་དཀར་ཟེའུ་འབྲུར་སྲཱིཿདཀར་པོ་ལས། རྗེ་བཙུན་སེང་གེ་སྒྲ་ཟླ་ཤེལ་གྱི་མདངས་ཅན། ཕྱག་གཡོན་སར་བཙུགས་པ། གཡས་ཆོས་འཆད་དཀའ་ཐུབ་པའི་ཆ་ལུགས་འཛིན་པ། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའི་གཡས་ན་སྦྲུལ་དཀར་པོས་དཀྲིས་པའི་རྩེ་གསུམ་དཀར་པོ། གཡོན་ན་པདྨ་ལངས་པའི་སྟེང་ན་འབར་བའི་རལ་གྲི་འཕྱར་བའི་མདུན་དུ་མེ་ཏོག་གིས་གང་བའི་ཐོད་པ་དཀར་པོ། རལ་པའི་ཟུར་ཕུད་འོད་དཔག་མེད་ཀྱིས་བརྒྱན་ཏེ་འོད་ཟེར་གྱི་པ་ཏྲའི་ཁོང་ན་དེ་བཞིན་གཤེགས་པ་སྤྲིན་རྣམ་པར་འཕྲོ་བ་བསྒོམ་པར་བྱའོ། །དེ་ནས་སྙིང་ཁར་ཟླ་བ་ལ་སྲཱིཿསྔགས་ཀྱིས་བསྐོར་བ་ལ་དམིགས་ཏེ། ཨོཾ་ཨཱཿསྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ྄ ཅེས་བཟླས་སོ།། །། ༤ ཡེ་ཤེས་ཁྱུང་ཁྲ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉིའི་གདན་ལ་ཀྵིཾ་ལས་ཡེ་ཤེས་ཁྱུང་ཁྲ་སྤྱི་བོ་ལྗང་། དཔྲལ་བ་ནག མགྲིན་པ་དམར། སྙིང་ཁ་དཀར། ལྟེ་བ་མན་སེར་པོ་རྡོ་རྗེའི་གཤོག་པ་ཅན། ཕྱག་གདེངས་ནས་སྦྲུལ་ཆེན་རིགས་ལྔ་ཟ་བ། གཏུམ་པོ་རིན་པོ་ཆེའི་རྒྱན་གྱིས་རྣམ་པར་བརྒྱན་པ། འགྱིང་ཞིང་བག་དང་ལྡན་པ་མེའི་ཀློང་ན་བཞུགས་པའི་གནས་ལྔར་རིམ་པ་བཞིན་ཨོཾ་པ་ཀྵིཾ་སྭཱ་ཧཱས་མཚན་པ་ཐུགས་ཀར་ཉི་མ་ལ་ཀྵིཾ། དེའི་མཐར་སྔགས་དེ་ཉིད་ཀྱིས་བསྐོར་བར་དམིགས་ལ་བཟླ་བར་བྱའོ།། །། ༥ རི་ཁྲོད་མ་ལོ་མ་གྱོན་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉིའི་གདན་ལ་པཾ་སེར་པོ་ལས་རྡོ་རྗེ་པཾ་གྱིས་མཚན་པ་དེ་ལས་བཅོམ་ལྡན་འདས་རི་ཁྲོད་མ་ལོ་མ་གྱོན་མ་ཅན་སྐུ་མདོག་གསེར་བཙོ་མ་ལྟ་བུ། སྤྱན་གསུམ་མངའ་བའི་ཞལ་གཡས་དཀར་གཡོན་དམར་དབུས་སེར་བ་བཞད་ཅིང་ཁྲོ་བ་གཞོན་ཤ་རྒྱས་ཤིང་ཅུང་ཟད་ལྟོ་འཕྱང་བ་འགྱིང་ཞིང་སྒེག་པའི་སྐུ། ལོ་མ་དང་རྨ་བྱའི་མདོངས་ཀྱི་ཤམ་ཐབས་ཅན། ཕྱག་དྲུག་གི་གཡས་པ་གསུམ་སྣ་ཚོགས་རྡོ་རྗེ། དགྲ་ཧྶ། མདའ། གཡོན་པ་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ཡལ་ག་དང་ལྷན་ཅིག་པའི་རྨ་བྱའི་མདོངས། གཞུ་བསྣམས་པ། མེ་ཏོག་བཅིངས་པའི་རལ་པའི་ཅོད་པན་ལ་མི་བསྐྱོད་པ་བཞུགས་པ་ཉི་མའི་འོད་ཅན། བགེགས་མནན་ཏེ་ཞབས་གཡས་ཙོག་པུ། གཡོན་པུས་བཙུགས་རྟིང་པ་གསང་གནས་ལ་བརྟེན་ཏེ་བཞུགས་པ། སྙིང་ཁར་ཟླ་བ་ལ་དབུས་སུ་བཾ། མཐར། ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རི་སརྦ་ཛྷ་ར་པྲ་ཤ་མ་ན་སྭཱ་ཧཱ། ཅེས་བསྐོར་བ་བཟླ་བར་བྱའོ།། །། ༦ དུག་སེལ་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་ཛཾ་ཡིག་སེར་པོ་ལས་འཕགས་མ་དུག་སེལ་མ་སྐུ་མདོག་སེར་མོ། སྔོ་དཀར་སེར་བའི་ཞལ་གསུམ་སྦྲུལ་མགོ་བདུན་གྱིས་མཛེས་པ། ཕྱག་དྲུག་གི་གཡས་ན། རལ་གྲི །རྡོ་རྗེ། མདའ། གཡོན་གསུམ་ན། སྡིགས་མཛུབ་དང་བཅས་པའི་ཞགས་པ། དུག་གི་མེ་ཏོག གཞུ་བཀང་བ། སྦྲུལ་དང་མཛེས་པའི་གོས་དང་རྒྱན་གྱིས་བརྒྱན་པ། གཞོན་ནུའི་མཚན་ཉིད་ཅན་མི་བསྐྱོད་པས་དབུ་བརྒྱན་ཞིང་རོལ་པའི་སྟབས་ཀྱིས་བཞུགས་པར་བསམ་ལ། ཨོཾ་ཛཾ་གུ་ལཱི་སརྦ་ཥི་བ་པྲ་ཤ་མ་ནི་ཕུཿསྭཱ་ཧཱ། ཅེས་བཟླའོ།། །། ༧ འཇམ་དཔལ་སྨྲ་བའི་སེང་གེ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ་མུཾཿཡིག་དམར་སེར་ལས་སེང་གེའི་སྟེང་ན་བཞུགས་པའི་འཇམ་པའི་དབྱངས་སྐུ་མདོག་གསེར་གྱི་མདོག་ལྟ་བུ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་གྲི་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིས་མཚན་པའི་ཨུཏྤ་ལའི་སྡོང་པོ་འཛིན་པའི་ཕྱག་གཉིས་བཤད་པའི་ཕྱག་རྒྱ་མཛད་ཅིང་མི་བསྐྱོད་པས་དབུ་བརྒྱན་པ། གཞོན་ནུའི་རྣམ་པ་ཅན། སྒེག་ཅིང་འཛུམ་ལ་ཞི་བ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྙིང་ཁར་ཟླ་བ་ལ་སྔགས་བཀོད་ནས། ཨོཾ་ཝ་གི་ཤྭ་རི་མུཾ། ཅེས་བཟླའོ།། །། ༨ འཇམ་དབྱངས་དཀར་པོ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། གླང་པོ་ཆེའི་ཁྱུས་མཛེས་ཤིང་མེ་ཏོག་དང་རིན་པོ་ཆེའི་ཤིང་དང་། མྱུ་གུའི་མཆོག་ཐམས་ཅད་ཀྱིས་བརྟེན་པའི་ནེའུ་གསིང་མཐོན་ཁའི་དབུས་སུ་བཾ་ལས་བདུད་རྩིའི་རྒྱ་མཚོ། སྐད་སྙན་པའི་ཆུ་བྱ་དང་པདྨ་འཁྲིགས་པའི་དབུས་ཀྱི་སྡོང་བུའི་ཟེའུ་འབྲུར་ཟླ་བ་ལ་ཨ་ལས་འཇམ་པའི་དབྱངས་མཛེས་པ་སྟོན་ཀའི་ཟླ་བའི་རྣམ་པ་ཅན་ཟུར་ཕུད་ལྔ་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན། གཡོན་ཨུཏྤ་ལའི་སྡོང་བུ་ཤེར་ཕྱིན་གྱི་པོ་ཏིས་བརྒྱན་པ་བསྣམས་པ། བརྒྱད་གཉིས་ཀྱིས་ལང་ཚོའི་དཔྱིད་ཀྱིས་འགྱིང་ཞིང་རྒྱན་གྱིས་བརྒྱན་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླ་ལ་བཞུགས་པ། སྙིང་ཁར་ཟླ་བའི་འཁོར་ལོའི་ལྟེ་བར་ཨ། རྩིབས་དྲུག་ལ། ཨོཾ་ཝཀཀྱཻ་དནྣ་མཿ ཅེས་བཀོད་ནས། འཁོར་ལོ་གཡས་དང་ཡིག་འབྲུ་གཡོན་དུ་འཁོར་བར་དམིགས་ཏེ་བཟླའོ།། །། ༩ དབྱངས་ཅན་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་སྲཱིཿཡིག་ལས་དབྱངས་ཅན་མ་བཅུ་གཉིས་ཀྱི་ལང་ཚོ་ཅན། ཟླ་བ་ཆུ་ཤེལ་གྱི་མདངས། ནུ་མ་འབུར་ཞིང་། སྐེད་པ་བྱིན་གྱིས་ཕྲ་བ། རྒྱན་ཐམས་ཅད་ཀྱི་བརྒྱན་ཅིང་མཚར་སྡུག་གི་སྙིང་པོར་ཕྱིན་པ། འཇམ་པའི་ཕྱག་གཉིས་རིན་པོ་ཆེའི་རྒྱུད་མངས་བསྒྲེང་བ། ཞོ་འཐུང་བྱིས་པ་དང་མཚུངས་པ་ཅུང་ཟད་ཙོག་པུར་ཟླ་བ་ལ་བཞུགས་པ། སྙིང་ཁར་ཟླ་བ་ལ་ས་བོན་བཀོད། དེའི་འོད་ཀྱི་སྤྲོ་བསྡུ་ལ་དམིགས་ཏེ། སྲཱིཿ ཅེས་བཟླའོ།། །། ༡༠ མི་གཡོ་བ་དཀར་པོ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉིའི་གདན་ལ་ཧཱུྃ་ཡིག་དཀར་པོ་ལས་མི་གཡོ་བ་སྐུ་མདོག་གངས་ཀྱི་རིའི་དུམ་བུ་འཁྲུག་པ་ལྟ་བུ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་ལ་ཟླུམ་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཡས་རལ་གྲི་འཕྱར་ཞིང་། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། ཞབས་གཡས་ཙོག་པུ། གཡོན་ཉི་མའི་དཀྱིལ་འཁོར་ལ་རབ་ཏུ་བཙུགས་པ། ལྷའི་ན་བཟའ་མནབས་པ། སྙིང་ཁར་འཁོར་ལོ་རྩིབས་བཅུ་པའི་དབུས་སུ་ཧཱུྃ། རྩིབས་ལ། ཨོཾ་ཙཎྜྻ་མཧཱ་རོ་ཥ་ཎ་ཧཱུྃ་ཕཊ྄ཿ ཅེས་བཀོད་དེའི་སྤྲོ་བསྡུ་ལ་དམིགས་ནས་བཟླ་བར་བྱའོ།། །། ༡༡ ཕག་དཀར་ཤེས་རབ་གསལ་བྱེད་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉི་ལ་སྲཱིཿལས་ཕག་མོ་ཤེས་རབ་གསལ་བྱེད་མཆེ་བ་ཅུང་ཟད་གཙིགས་པ་སྤྱན་གསུམ་དམར་ཞིང་སྒེག་པ་ལ་སོགས་པའི་ཉམས་དང་ནུ་འབུར་རྒྱས་པ། ཕྱག་གཡས་བ་དན་དང་བཅས་པའི་རྡོ་རྗེ་འོག་ཏུ་བསྣུན་ཅིང་ཁྲག་གིས་གང་བའི་པདྨའི་སྣོད་ཞལ་གྱེན་དུ་ཕྱོགས་པས་འཐུང་ཞིང་། ཁ་ཊྶཱཾ་དཀར་པོ་རྩེ་མོ་གཅིག་པ། གཡོན་པའི་ཕྲག་པར་བཀལ་བ། དབུ་སྐྲ་ཕྱེད་བཅིངས་པ་སྣ་ཚོགས་པའི་མེ་ཏོག་གིས་མཛེས་ཤིང་རྡོ་རྗེ་ནག་པོའི་འཕྲེང་བ་གཉིས་ཀྱི་དབུས་སུ་ཐོད་འཕྲེང་དང་ཟུར་ཕུད་གསུམ་བཅིངས་པ། ཕྱག་རྒྱ་ལྔས་བརྒྱན་ཅིང་མགོ་རློན་ལྔ་བཅུའི་དོ་ཤལ་དུ་བྱས་པ། གཅེར་མོ་གཡས་བརྐྱང་གིས་ཉི་མའི་གདན་ལ་གནས་པ། ཉི་མའི་འོད་ལྟ་བུ་རབ་ཏུ་འཕྲོ་བས་སྤྲུལ་པ་སྣ་ཚོགས་པས་ཕྱོགས་བཅུའི་འགྲོ་དོན་མཛད་པར་བསྒོམ་པ་ནས། སྙིང་ཁར་ཉི་མ་ལ་སྲཱིཿཡིག་བཀོད་དེ་སྤྲོ་བསྡུ་ལ་དམིགས་ནས་བཟླའོ།། །། ༡༢ འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་མའི་རིག་པ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་བསིལ་ཟེར་བྱེད་པའི་སྙིང་པོ་ལྟ་བུ་ཞལ་གཅིག་ཞི་ཞིང་འཛུམ་པ། རལ་པའི་ཟུར་ཕུད་འོད་དཔག་ཏུ་མེད་པས་བརྒྱན་ཅིང་། ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ་རྒྱལ་བའི་དབང་པོ་ཀུན་གྱི་ཕྱག་རྒྱ་ཐུགས་ཀར་གནས་པ། འོག་མ་གཉིས་ཀྱི་གཡས་ན་བགྲང་འཕྲེང་དང་། གཡོན་ཆུ་སྐྱེས་ཀྱི་སྡོང་བུ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་མཛེས་སྡུག་གི་དཔྱིད། དར་གྱི་ན་བཟས་ཀླུབས་པ། ཀུནྡ་འབར་བ་ལྟ་བུའི་འོད་ཟེར་གྱི་ཁོངས་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། སྙིང་ཁར་ཟླ་བ་ལ་ས་བོན་སྔགས་འཕྲེང་བཀོད་སྤྲོ་བསྡུ་ལ་དམིགས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ་བར་བྱའོ།། །། ༡༣ སྒྲོལ་དཀར་ཡིད་བཞིན་གྱི་འཁོར་ལོ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་ཏཱཾ་དཀར་པོ་ལས་སྟོན་ཟླ་ལྟ་བུའི་སྒྲོལ་དཀར་ཡིད་བཞིན་གྱི་འཁོར་ལོ་མཛེས་སྡུག་གི་དཔྱིད་བསྡུས་པ། སྤྱན་བདུན་མངའ་བ། ཞལ་གཅིག་ཕྱག་གཉིས་མའི་གཡས་མཆོག་སྦྱིན། གཡོན་ཨུཏྤལ་དཀར་པོའི་སྡོང་པོ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྙིང་ཁར་ཡིད་བཞིན་གྱི་འཁོར་ལོས་མཚན་པར་དམིགས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཅེས་བཟླའོ།། །། ༡༤ སྒྲོལ་མ་སྔོན་མོ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་ཏཱཾ་ལྗང་ཁ། མརྒད་ཀྱི་མདངས་འཛིན་པའི་འཕགས་མ་སྒྲོལ་མ་མཛེས་པ་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པ། རིན་པོ་ཆེའི་རྒྱན་གྱིས་ཡིད་དུ་འོང་བར་འགྱིང་བཞིན་པ། བཅུ་དྲུག་གི་ལང་ཚོ་ཅན། ཕྱག་གཡས་མཆོག་སྦྱིན་དང་། གཡོན་ཨུཏྤལ་མཐིང་ཁའི་སྡོང་པོ་འཛིན་པ། ཟུར་ཕུད་ལ་དོན་ཡོད་གྲུབ་པས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྙིང་ཁར་ཟླ་བ་ལ་ཏཱཾ་ཡིག་དང་སྔགས་འཕྲེང་ལྗང་ཁུ་གཏད་དེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཅེས་བཟླའོ།། །། ༡༥ གཙུག་ཏོར་རྣམ་པར་རྒྱལ་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་བྷྲཱུྃ་དཀར་པོ་ལས་བཅོམ་ལྡན་འདས་གཙུག་ཏོར་རྣམ་པར་རྒྱལ་མ་ཟླ་བ་ལྟ་བུར་དཀར་བ། གཡས་ཞལ་སེར་པོ་ཞི་བ། གཡོན་ཞལ་ནག་པོ་ཁྲོ་བ། རྩ་ཞལ་མཆེ་བས་མ་མཆུ་མནན་ཅིང་སྤྱན་གསུམ་པ། གཡས་ཀྱི་ཕྱག་བཞིར་སྣ་ཚོགས་རྡོ་རྗེ་དང་། པདྨ་ལ་གནས་པའི་སངས་རྒྱས་དང་། མདའ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་གྱི་ཕྱག་བཞིར། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། མི་འཇིགས་པའི་ཕྱག་རྒྱ་དང་། གཞུ་དང་། བུམ་པ་གང་བ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་ཅིང་སྒེག་པའི་ཉམས་ལྡན། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ནས། མཆོད་རྟེན་གྱི་ཕུག་གི་ནང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གསལ་བཏབ་ནས། ཟླ་བ་ལ་སྔགས་འཕྲེང་བཀོད། ཨོཾ་བྷྲཱུཾ་སྭཱ་ཧཱ། ཅེས་སམ་གཟུངས་བཟླའོ།། །། ༡༩ གཙུག་ཏོར་གདུགས་དཀར་མོ་ཅན་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ། ཨོཾ་དཀར་པོ་ལས་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ། གཡས་སྔོ། གཡོན་དམར། དབུས་དཀར་བའི་ཞལ། སྤྱན་གསུམ་མངའ་བ། ཕྱག་དྲུག་གི་གཡས་ན། འཁོར་ལོ། ལྕགས་ཀྱུ། གཞུ། གཡོན་ན་རྡོ་རྗེ། ཞགས་པ། མདའ། ཁྲོ་མོའི་ཉམས་གདོན་ཐམས་ཅད་འཇོམས་པར་མཛད་པ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་ཅིང་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པ། སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བ་ལ་སྔགས་འཕྲེང་བཀོད། ཨོཾ་སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛི་ཏེ་སརྦ་གྲ་ཧ་ཎཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧ་ན་ཧ་ན་དྲཱུཾ་དྲཱུཾ་ཧཱུྃ་ཧཱུྃ་ཕཊ྄ཿཕཊ྄ཿསྭཱ་ཧཱ། ཅེས་བཟླའོ།། །། ༡༩ སོ་སོ་འབྲང་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ། པྲཾ་སེར་པོ་ལས་སོ་སོ་འབྲང་མ་སྐུ་མདོག་ཤིན་ཏུ་སེར་བ་རིན་པོ་ཆེའི་ཅོད་པཎ་ཅན། སེར་དཀར་སྔོ་དམར་བའི་ཞལ། སྤྱན་གསུམ་མངའ་བ་དང་ལྡན་པ། ཕྱག་གཡས་པ་བཞིས། རལ་གྲི། འཁོར་ལོ། རྩེ་གསུམ། མདའ། གཡོན་པ་བཞིས། ཞགས་པ། དགྲ་ཧྶ། །རྡོ་རྗེ། གཞུ། ལང་ཚོས་སྙེམས་ཤིང་རིན་པོ་ཆེའི་རྒྱན་དང་ལྷའི་ན་བཟའ་འཛིན་པས་རོལ་པའི་སྟབས་ཀྱིས་བཞུགས་པ་བསྒོམས་ལ། སྙིང་ཁར་ཟླ་བ་ལ་སྔགས་འཕྲེང་བཀོད་དེ། ཨོཾ་མ་ཎི་དྷ་རི་བཛྭ་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། ཅེས་བཟླའོ།། །། ༡༨ ཀུ་རུ་ཀུལླེ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ་སྲཱིཿདམར་པོ་ལས་ཨུཏྤལ་དམར་པོའི་ཟེའུ་འབྲུར་ཉི་མ་ལ་སྲཱིཿམཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་ཀུ་ རུ་ཀུལླེ་སྐུ་མདོག་དམར་པོ་ཞལ་གཅིག་ཤིན་ཏུ་ཁྲོ་ཞིང་སྤྱན་གསུམ་དམར་ཟླུམ་གཡོན ་དུ་ལྟ་བ། རོའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། གཞོན་ཞིང་སྟག་ཤམ་ཅན། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་འོད་དཔག་ཏུ་མེད་པ་བཞུགས་པ། རྩ་བའི་ཕྱག་གཉིས་ཀྱི་མེ་ཏོག་དམར་པོའི་གཞུ་དང་ཨུཏྤ་ལའི་མདེའུ་ཅན་གྱི་མདའ་རྣ་བའི་རྩར་འགེངས་པ། ཕྱག་ལྷག་མ་གཉིས་ཀྱིས་ཨུཏྤ་ལའི་ཞགས་པ་དང་ལྕགས་ཀྱུ་བསྣམས་པ་བསྒོམས་ནས། ཨོཾ་ཀུ་རུ་ཀུལླེ་སྲཱིཿསྭཱ་ཧཱ། ཅེས་བཟླའོ།། །། ༡༩ ནོར་རྒྱུན་མ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླའི་གདན་ལ་བཾ་ལས་ནོར་རྒྱུན་མ་སྐུ་མདོག་གསེར་ལྟ་བུ། ནོར་སྦྱིན་གྱི་བུ་མོ་བརྒྱད་གཉིས་ལོན་པའི་བྱིན་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་མཆོག་སྦྱིན། གཡོན་འབྲས་ཀྱི་སྙེ་མ་བསྣམས་པ། མི་བསྐྱོད་པས་དབུ་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པར་བསྒོམས་ལ། ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ། ཅེས་བཟླའོ།། །། ༢༠ ཛམྦྷ་ལ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་ཛཾ་ལས་ཛམྦྷ་ལ་གསེར་ལྟ་བུ། སྐུ་ཐུང་ཞིང་ལྷུ་ལག་རགས་པ་ལྟོ་བ་འཕྱང་བ། ཕྱག་གཡས་ན་བ་ཛི་པུ་ར་ཀ་དང་། ཕྱག་གཡོན་ན་རིན་པོ་ཆེའི་ཆར་རབ་ཏུ་འབབ་པའི་ནེའུ་ལེ་བསྣམས་པ། སངས་རྒྱས་ལྔའི་ཅོད་པཎ་ཅན། ཞབས་གཉིས་ཀྱིས་དུང་གི་མགོ་དང་པདྨའི་ཡལ་གའི་གཏེར་ཆེན་པོ་དག་མནན་ནས་རོལ་པའི་སྟབས་ཀྱིས་བཞུགས་པ། ཨུཏྤ་ལ་སྔོན་པོ་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྐྱེད་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྟྲ་ཡ་སྭཱ་ཧཱ། ཅེས་བཟླས་ལ། ཆུ་སྦྱིན་ཡང་བྱའོ།། །། ༢༡ ཛམྦྷ་ལ་ནག་པོ་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཟླ་ལ་ཧཱུྃ་ལས་ཛམྦྷ་ལ་ནག་པོ་ལོ་ལྔ་ལོན་པའི་བྱིས་པ་ལྟ་བུ་གཅེར་བུ་རྟགས་བསྒྲེང་ཞིང་ལྟོ་བ་འཕྱང་བ་གེལ་བ་རྒྱན་གྱིས་བརྒྱན་ཞིང་། ཕྱག་གཡས་པས་ཐོད་པ་ཁྲག་གིས་གང་བ་འཛིན་པ་ལ་ཞལ་མངོན་པར་ཕྱོགས་པ། ཕྱག་གཡོན་པ་བརླའི་སྟེང་དུ་རིན་པོ་ཆེ་སྐྱུགས་པའི་ནེའུ་ལེ་ཁ་ཐུར་དུ་བསྟན་པ་བསྣམས་པ། ཤིན་ཏུ་ཁྲོས་པའི་ནོར་སྦྱིན་སེར་པོ་གན་རྐྱལ་བསྒྱེལ་བའི་ཁར་གཡོན་བརྐྱང་གིས་བཞུགས་པ། ཐུབ་པ་མི་བསྐྱོད་པས་དབུ་རྒྱན་པར་གསལ་བཏབ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མཧཱ་ཡཀྵ་སེ་ནཱ་པ་ཏཱ་ཡེ། ཏདྱ་ཐཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཅེས་བཟླའོ།། །། ༢༢ རྣམ་སྲས་སྒོམ་པར་འདོད་པས། སྟོང་པའི་ངང་ལས། པད་ཉིའི་གདན་ལ་བཻ་ལས་སེང་གེ་ལ་ཆིབས་པའི་རྣམ་ཐོས་སྲས་གསེར་གྱི་རི་བོ་ལྟ་བུར་བརྗིད་ཅིང་། གནོད་སྦྱིན་གྱི་བྱིན་ཆགས་པ། རིན་པོ་ཆེའི་གོ་ཁྲབ་ལ་སོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཕྱག་གཡས་སྟག་གི་རྒྱན་མཚན། གཡོན་ནོར་བུ་སྐྱུགས་པའི་ནེའུ་ལེ་དཀུར་བརྟེན་ཅིང་། རྒྱལ་པོ་ཆེན་པོ་རོལ་པས་བཞུགས་པར་བསྒོམ། ཨོཾ་བཻ་ཤྲ་ཝ་ཎཱ་ཡ་སྭཱ་ཧཱ། ཅེས་བཟླའོ། །པདྨ་དཀར་པོས་སྦྱིན་པར་བྱས་པའི་ཡི་གེ་དགེའོ།། །།