སྒྲོལ་མ་སྔོན་མོའི་སྒྲུབ་ཐབས་འདོད་དགུའི་འདོད་འཇོ།
སྒྲོལ་མ་སྔོན་མོའི་སྒྲུབ་ཐབས་འདོད་དགུའི་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །གང་གི་མིང་རྣམས་དྲན་པས་སེམས་ཅན་རྣམས། །རྟག་པར་བསྒྲལ་བས་འཇིག་རྟེན་ཁམས་ཉིད་དུ། །རྒྱལ་བའི་ཚོགས་ཀྱིས་སྒྲོལ་མར་བསྒྲགས་དེ་ཡིས། །ཀུན་ནས་བདག་ལ་བདེ་ལེགས་མཛད་གྱུར་ཅིག། འདིར་སྔགས་པས་སྔ་བར་ལངས་ནས་ཁྲུས་དང་གཙང་སྦྲ་ལ་གནས་པས། ཡིད་དུ་འོང་བའི་ས་ཕྱོགས་སུ། དྲིའི་ཆག་ཆག་བཏབ། མེ་ཏོག་བཟང་པོ་གཅལ་དུ་བཀྲམ། སྟན་འཇམ་པོ་དང་། མདུན་དུ་བྲིས་པའམ་འབུར་དུ་དོད་པའི་འཕགས་མའི་སྣང་བརྙན་ལ་མཆོད་པའི་རྫས་ཅི་འབྱོར་བཤམས་ནས། སྐྱིལ་མོ་ཀྲུང་གིས་གནས་པས། རང་གི་སྙིང་གར་ཨ་ལས་བསིལ་ཟེར་བྱེད་པའི་དཀྱིལ་འཁོར། དེའི་དབུས་སུ་ཡིད་དུ་འོང་བའི་ཨུཏྤལ་སྔོན་པོའི་ཟེའུ་འབྲུ་ནང་དུ་དིམ་པ་རི་བོང་གི་མཚན་མ་མེད་པའི་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ལྗང་ཁུ་ལས་འཕྲོས་པའི་འོད་གསེར་བཙོ་མ་ལྟ་བུས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། དེ་དག་ན་བཞུགས་པའི་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་གྱུར། དེ་ནས། བླ་ན་མེད་པའི་མཆོད་པ་བདུན་མཚོན་པའི་ཚིགས་སུ་བཅད་པ་འདིས་མཆོད་པར་བྱ་སྟེ། སྡིག་པ་ཐམས་ཅད་བདག་གིས་བཤགས་པར་གྱི། །དགེ་ལ་མཆོག་ཏུ་དགའ་བས་རྗེས་ཡི་རང་། །བཅོམ་ལྡན་དམ་ཆོས་འཁོར་ལོ་བསྐོར་བ་དང་། །སྐྱེ་བོའི་དོན་ཕྱིར་བཞུགས་པར་གསོལ་བ་འདེབས། །དཀོན་མཆོག་རིན་ཆེན་གསུམ་ལ་མངོན་དད་པས། །བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་མཆི། །དམ་པའི་ལམ་དེ་ཡང་དག་བསྟན་པར་བགྱི། །དགེ་བ་བསྒྲུབས་པ་རྫོགས་པའི་བྱང་ཆུབ་བསྔོ། །ཨོཾ་ཨཱཿཧཱུྃ་ཞེས་པས་གཤེགས་སུ་གསོལ་ནས། སྙིང་ཐག་པས་ཚད་མེད་པ་བཞི་འདི་ལྟར་བསྒོམ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །དེ་ནས། རྣམ་པར་རྟོག་པ་མཐའ་དག་སྤངས་ཏེ་རྩེ་གཅིག་པའི་རྒྱུན་ལ་མཉམ་པར་གཞག་ནས། ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པའི་སྔགས་འདིས་བྱིན་གྱིས་བརླབ་བོ།། ཨོཾ་སྭབྷཱཝ་ཤུདྡྷཱཿ སརྦ་དྷརྨཱཿ སྭབྷཱཝ་ཤུདྡྷཱཱོཧཾ། ཆོས་ཐམས་ཅད་བདག་མེད་པའི་སྟོང་པ་ཉིད་དུ་བལྟས་ནས། སྟོང་པ་ཉིད་ཀྱི་སྔགས་འདིས་བྱིན་གྱིས་བརླབ་བོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱན་བཛྭ་སྭབྷཱཝ་ཨཱཏྨ་ཀཱོཧཾ། སྟོང་པ་ཉིད་ལས་སྔོན་ན་གནས་པའི་བསིལ་ཟེར་བྱེད་པའི་དཀྱིལ་འཁོར། དེའི་དབུས་སུ་ཡིད་དུ་ཡོང་བའི་ཨུཏྤལ་སྔོན་པོའི་ཟེའུ་འབྲུའི་ནང་དུ་དིམ་པ་རི་བོང་གི་མཚན་མ་མེད་པའི་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ལྗང་གུ་ལས། རང་ཉིད་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་མརྒཏ་ཀྱི་མཚོ་ལྟ་བུར་ལྗང་ཞིང་མཛེས་པ་ཐམས་ཅད་ཀྱི་དཔྱིད་དུ་གྱུར་པའི་བཞིན་འཛུམ་པ། ཨུཏྤལ་སྔོན་པོའི་ཞགས་པ་ལྟ་བུའི་སྤྱན་ཞི་བས་གཟིགས་ཤིང་། ཡོངས་འདུའི་མེ་ཏོག་གི་སྙེ་མ་དང་། ལྷའི་གསེར་གྱི་ཅོད་པན་བཅིངས་པའི་ཟུར་ཕུད་དོན་ཡོད་གྲུབ་པའི་རིན་པོ་ཆེས་བརྒྱན་པ། ཡིད་བཞིན་གྱི་ནོར་བུའི་རྣ་ཆ་དང་། མགུལ་རྒྱན། ཡིད་དུ་འོང་བའི་དོ་ཤལ་གྱིས་ཤིན་ཏུ་ལྕི་བའི་ནུ་མ་ཟུང་སྤྲས་ཤིང་། དྲི་མ་མེད་པའི་འོད་ཟེར་འཕྲོ་བའི་སྨད་རྒྱན་ཐམས་ཅད་ཀྱིས་ཀླུབས་པ། གདུ་བུས་ཉེ་བར་མཛེས་པའི་ཕྱག་གཡས་མཆོག་སྦྱིན། གཡོན་པའི་མཐེབ་སྲིན་གྱི་ཨུཏྤལ་ལའི་སྡོང་བུ་ཁ་ཕྱེ་བ་ཐུགས་ཀར་འཛིན་པ། པཉྩྨ་ལི་ཀའི་དོ་ཀེར་དང་ཤམ་ཐབས་ཅན། བཅུ་དྲུག་པའི་ལང་ཚོས་མཆོག་ཏུ་སྒེག་ཅིང་། འཛམ་བུའི་གསེར་གྱི་འོད་ཟེར་བྱེ་བ་ཕྲག་བརྒྱ་འབར་བ། ཤིང་རྟའི་འཁོར་ལོའི་ཚད་ཙམ་པའི་ཆུ་སྐྱེས་དཀར་པོའི་སྟེང་། ཀུ་མུ་ཏའི་གཉེན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་སྐུར་གྱུར་པ་ཇི་སྲིད་འདོད་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས། ཐུགས་ཀར་བསིལ་ཟེར་བྱེད་པའི་དཀྱིལ་འཁོར། དེའི་དབུས་སུ་ཡིད་དུ་འོང་བའི་ཨུཏྤལ་སྔོན་པོའི་ཟེའུ་འབྲུའི་ནང་དུ་དིམ་པ་རི་བོང་གི་མཚན་མ་མེད་པའི་ཟླ་བ་ལ་གནས་པའི་ཏཱཾ་ཡིག་ལྗང་ཁུ་ལས་འཕྲོས་པའི་འོད་གསེར་བཙོ་མ་ལྟ་བུས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའི་བཅོམ་ལྡན་འདས་མ་ཡེ་ཤེས་སེམས་དཔའ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པར་གྱུར་པ་ལ། ཚུལ་འདི་ལྟ་བུས་མཆོད་པར་བྱ་སྟེ། ཡན་ལག་བརྒྱད་ལྡན་ལྷ་ཡི་རྫིང་བུ་ནས། འཆི་མེད་བུ་མོའི་ལག་པད་ཀྱིས་བཅུས་ཏེ། །ཡིད་འོང་སྣོད་དུ་བསྐྱིལ་བ་སྤོས་ཀྱི་ཆུས། །བཅོམ་ལྡན་འདས་མའི་སྐུ་ལ་ཁྲུས་བགྱིའོ། །ཨོཾ་ཨཱརྻ་ཏཱ་རེ་ཨརྒྷཾ་པྲ་ཏཱིཙྪ་སྭ་ཧཱ། ལྷ་མིའི་འདོད་དགུའི་རྨད་བྱུང་མེ་ཏོག་འཕྲེང་། །ཀུན་ཏུ་བཟང་པོའི་རྣམ་ཐར་ཇི་ལྟ་བ། །དེ་ལྟར་གྱུར་པའི་མཆོད་པའི་སྤྲིན་ཕུང་གིས། །འཕགས་མའི་དཀྱིལ་འཁོར་རྣམ་པར་བརྒྱན་པར་བགྱི། །པུཥྤེ། བདུག་པའི་སྤོས། དྷཱུ་པེ། སྣང་བྱེད་སྒྲོན། ཨཱ་ལོ་ཀེ །དྲི་ལྡན་ཆུ། གནྡྷེ། བདུད་རྩི་ཟས། ནཻ་ཝིདྱཱ། རྒྱུད་མངས་ལ་སོགས་སྒྲ་སྙན་ཀུན་སྦྲེང་ཞིང་། །གླིང་ བུ་རྣམས་བསྒྱུར་རྔ་འཁར་རྫ་རྔ་བརྡུང་། །ཡན་ལག་འབུམ་ལྡན་སིལ་སྙན་ཕེག་རྡོབ་འཁྲོལ། །དུང་འབུད་དྲིལ ་བུའི་སྒྲ་ཅན་མི་ཟད་པ། །ག་མ་ཀས་བཅིངས་དགའ་བའི་གླུ་དབྱངས་དང་། །གློག་འཕྲེང་ལྟར་གཡོ་མེ་ན་ཀ་ཡི་གར། །མ་ལུས་སྦྱར་བ་མིག་དང་རྣ་བ་དང་། །སྙིང་ལ་བདུད་རྩི་སྦྱིན་པས་ཟླ་མཚུངས་པ། །བརྒྱ་བྱིན་ཐོགས་པའི་ནོར་བུ་ལས་གྲུབ་ཅིང་། །རི་དབང་རོལ་པའི་མཚོ་དང་རི་བོ་བདུན། །གླིང་ཆེན་བཞི་དང་ཉེ་བའི་གླིང་ཕྲན་བརྒྱད། །རྒྱ་མཚོ་ཁོར་ཡུག་རིར་བཅས་བཀོད་པའི་མཆོག །ཕྱོགས་ལས་རྒྱལ་བྱེད་གསེར་གྱི་རྩིབས་སྟོང་ཅན། །བུད་མེད་དམ་པ་མཚན་བརྒྱན་འོད་ཟེར་གཡོ། །གླང་ཆེན་མཆེ་བ་དྲུག་ལྡན་གངས་རིར་མཚུངས། །རྟ་མཆོག་རྨ་བྱའི་མགྲིན་ལྟར་འཚེ་བ་དང་། །ནོར་བུ་རེ་སྐོང་ཉི་མ་ལྟ་བུར་གསལ། །འདོད་དགུའི་ཡོན་ཏན་མཛོད་འགེངས་ནོར་གྱི་བདག །དམག་དཔོན་དཔའ་སྡེ་ལྡན་དང་ཉེ་བའི་བདུན། །དཔལ་གྱི་བེའུ་འཁོར་ལོ་པདྨའི་སྡོང་། །རྒྱལ་བའི་མཚན་མ་གདུགས་དཀར་གཏེར་གྱི་བུམ། །གཡས་སུ་འཁྱིལ་དང་གསེར་ཉ་འཛིན་ལྷ་མོ། །གཞན་ཡང་བཀྲ་ཤིས་རྫས་སུ་བྱིན་རླབས་བརྒྱད། །འདོད་འཇོའི་བ་དང་མ་རྨོས་འཁྲུངས་ལོ་ཏོག །བུམ་པ་བཟང་དང་དཔག་བསམ་ཡོངས་འདུའི་ཤིང་། །ཡིད་བཞིན་ནོར་བུ་འཛད་མེད་ནམ་མཁའི་མཛོད། །གཉིས་སྐྱེས་ཡིད་འོང་རི་དྭགས་མཆོག་གི་ཁྱུ། །ཞོན་པར་འོས་པ་ཇི་སྙེད་མཆིས་དེ་སྙེད། །ཁམས་གསུམ་དབང་པོ་རང་རིགས་སྡེར་བཅས་པ། །སྣ་ཚོགས་ཟ་འོག་རྒྱལ་མཚན་དེ་བཞིན་འཕན། །མུ་མེད་བླ་བྲེ་ཡོལ་བ་དར་དཔྱངས་པའི། །མདའ་མཛེས་རྣམ་པ་མང་པོའི་རིན་ཆེན་གདུགས། །བ་དན་ཕྱེ་ཕུར་མུ་ཏིག་དྲ་བའི་མཆོག །ནོར་བུའི་རྒྱལ་པོ་ལས་བྱས་གཞལ་མེད་ཁང་། །ལྷ་ཡི་མལ་ཁྲི་གདན་དང་དམ་པའི་རྒྱན། །ཡོངས་འདུ་ལས་འོངས་རེག་ན་བདེ་བའི་གོས། །རོ་བརྒྱ་སྦྱར་བའི་གཡོས་དང་བཏུང་བའི་ཚོགས། །ལྷ་མིའི་ཡོད་པའི་ཡོན་ཏན་རྨད་བྱུང་བ། །འདོད་དགུའི་དཔལ་འབྱུང་ཡོད་དོས་བདག་མཆོད་ན། །ཡིད་ལ་དགོས་པའི་མཆོག་རྣམས་དེང་སྦྱིན་མཛོ།། དེ་ནས། ཕྱག་འཚལ་ཉི་ཤུ་རྩ་གཅིག་གིས་བསྟོད་ཅིང་། །མཚན་བརྒྱ་རྩ་བརྒྱད་འདིས་ཀྱང་བསྟོད་པར་བྱའོ།། ཨོཾ། དགེ་བ་ཅན་ནི་གཟི་བརྗིད་ཆེ། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །དབྱངས་ཅན་མ་ནི་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །གསོ་བྱེད་མ་དང་རྒྱས་བྱེད་མ། །སྭཱ་ཧཱ། ཨོཾ་གྱི་རྣམ་པ་འདོད་གཟུགས་མ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །གཡུལ་ལས་སྒྲོལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །འཕགས་མ་སྒྲོལ་མ་ཡིད་འོང་མ། །རྫ་རྔ་དུང་ནི་རྒྱས་པ་མོ། །རིག་པའི་རྒྱལ་མོ་ཚིག་སྙན་མ། །ཟླ་བའི་གདོང་ཅན་དཀར་མོ་ཅན། །མི་ཕམ་གོས་ནི་སེར་མོ་ཅན། །སྒྱུ་མ་ཆེན་མོ་དཀར་ཆེན་མ། །སྟོབས་མོ་ཆེ་ལ་ཕ་རོལ་བྱིན། །རྩུབ་མོ་ཆེན་མོ་གཏུམ་ཆེན་མོ། །སྡང་བའི་སེམས་ཅན་རླག་བྱེད་མ། །རབ་ཏུ་ཞི་བ་ཞི་བའི་གཟུགས། །རྣམ་པར་རྒྱལ་བ་འབར་བའི་འོད། །གློག་གི་འཕྲེང་བའི་རྒྱལ་མཚན་ཅན། །རལ་གྲི་འཁོར་ལོ་གཞུ་ཐོགས་མཚོན། །མཚོན་བྱེད་རེངས་བྱེད་ནག་མོ་ནི། །མཚན་མོ་ནག་མོ་མཚན་སྤྱོད་མ། སྲུང་བྱེད་རྨོངས་བྱེད་ཞི་བ་མོ། །མཛེས་མ་དགེ་མ་འདྲ་བའི་ལྷ། །ཚངས་པ་མོ་དང་རིག་བྱེད་མ། །གསང་བ་མོ་ནི་བྲག་ཕུག་གནས། །བཀྲ་ཤིས་དོན་བྱེད་ཞི་བ་མོ། །སྐྱེ་ནས་རིག་བྱེད་ཡིད་མགྱོགས་མ། །ཐོད་པ་ཅན་ནི་ཤུགས་ཆེན་མ། །ཚངས་པ་བདེན་མ་གཞན་མི་རྒྱལ། །དེད་དཔོན་ཆེན་པོ་སྙིང་རྗེར་གནས། །ཆུད་ཟོས་ལམ་ནི་རབ་སྟོན་མ། །མཆོག་སྟེར་དོན་བྱེད་སྟོན་པ་མོ། །བུད་མེད་གཟུགས་ལ་དཔག་མེད་གནོན། །རི་ཁྲོད་མ་དང་རྣལ་འབྱོར་མ། །གྲུབ་མ་གཏུམ་མ་བདུད་རྩི་མ། །ངེས་མ་ནོར་ཅན་བསོད་ནམས་མ། །སྐལ་ཆེན་སྐལ་བཟང་མཛེས་སྟོན་མ། །མཐར་བྱེད་སྐྲག་བྱེད་འཇིགས་བྱེད་མ། །དྲག་དང་བརཏལ་ཞུགས་ཆེན་མོ་དག །འགྲོ་ལ་གཅིག་ཏུ་ཕན་པར་བརྩོན། །སྐྱབས་བྱེད་གུས་ལ་གསང་བ་མོ། །ངག་གི་དབང་ཕྱུག་ཞི་ཕྲ་མ། །རྟག་པ་ཀུན་འགྲོ་རྗེས་འགྲོ་མ། །དོན་ཀུན་སྒྲུབ་བྱེད་བཟང་པོ་མ། །གསང་བྱེད་གསོད་བྱེད་ནོར་སྟེར་མ། །མི་འཇིགས་བསོད་ནམས་གོའུ་ཏ་མི།། དེ་ནས་ཐལ་མོ་སྦྱར། གུང་མོ་བསྒྲེངས་པའི་ཚིགས་གསུམ་པའི་སྟེང་དུ་མཛུབ་མོའི་རྩེ་མོ་བཞག མཐེ་བོང་མཉམ་པར་གཤིབས་པ་ཡང་ཚིགས་དེ་དང་ཉེ་བར་བཀོད། །མིང་མེད་ནང་དུ་བཀུག མཐེའུ་ཆུང་སྦྱར་བ་བརྐྱང་བ་ཨུཏྤལ་ཁ་བྱེ་བའི་ཕྱག་རྒྱ་སྟེ། དེ་བཅིངས་པ་ཉིད་ཀྱིས་ཡེ་ཤེས་སེམས་དཔའ་མཉེས་པར་བྱས་ནས། ཡེ་ཤེས་སེམས་དཔའ་དེ་ཉིད་དམ་ཚིག་སེམས་དཔའི་གཟུགས་ཀྱི་ནང་དུ་ཞུགས་ནས་གཉིས་སུ་མེད་པར་གྱུར། དེ་ནས། སྙིང་གའི་ས་བོན་ལས། སྒྲོལ་མ་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐར་ཐུག་པ་ཐམས་ཅད་དུ་འཕྲོས་པས། དེ་དག་ན་གནས་པའི་སེམས་ཅན་རྣམས་ལ་རིན་པོ་ཆེའི་ཆར་ཕབ་པས་དབུལ་བ་བསལ་ཞིང་། ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པ་སོགས་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱིས་འགྲོ་བའི་དོན་མཛད། ཁམས་གསུམ་པ་དེ་དག་ཀྱང་སྒྲོལ་མའི་སྐུར་གྱུར་ཏེ། ཏཱཾ་ཡིག་གི་འོད་ཀྱིས་དེ་སྙེད་པའི་ཡེ་ཤེས་པ་བཀུག སླར་ཕྱག་རྒྱ་བཅིངས་པས། དམ་ཚིག་པ་དེ་དག་གི་ནང་དུ་ཞུགས་ཏེ། གཉིས་སུ་མེད་པར་བསམས་པའི་སྤྲོ་བ་དང་བསྡུ་བའི་རིམ་པ་འདི་ཇི་སྲིད་ངལ་བར་མ་གྱུར་པ་དེ་སྲིད་བསྒོམ་བར་བྱའོ། །ངལ་ན། སྙིང་གའི་ས་བོན་གྱི་མཐར་མདུན་ནས་གཡས་སུ་འཁོར་བའི་རིག་སྔགས་ཀྱི་རྒྱལ་མོ། །ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ། མརྒཏ་ཀྱི་འཕྲེང་བ་ལྟ་བུ་ལ་དམིགས་ཏེ་ བཟླས་པར་བྱའོ། །དེ་ནས། བསམ་གཏན་ལས་ལངས་ནས་འགྲོ་བ་རྣམས་སྒྲོལ་མའི་སྐུར་བལྟ་ཞིང་ང་རྒྱལ་བྱས་ནས་ཇི་ལྟར་བདེ་བར་གནས་པས། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་བྱ་བ་ལ་སོགས་པས་བསྔོ་བར་བྱའོ།། འདིས་དངོས་གྲུབ་ཆེན་པོ་བརྒྱད་རང་ཉིད་ཀྱི་ཕྱོགས་སུ་ལྷུང་བར་བྱེད་དོ། །དེར་ཅི་ཟད། བཅོམ་ལྡན་འདས་མ་མངོན་དུ་མཐོང་ནས། ཡིད་ལ་འདོད་དགུ་སྟེར་བར་མཛད་ལ། མང་པོ་སྨྲས་པས་ཅི་ཞིག་བྱ། མཆོག་ཏུ་རྙེད་པར་དཀའ་བའི་སངས་རྒྱས་ཀྱང་དེའི་ལག་པའི་མཐིལ་ན་གནས་སོ། །སློབ་མ་རྗེས་སུ་འཛིན་པ་ལ་སོགས་པའི་ཚེ། མདུན་བསྐྱེད་བསྒྲུབ་པ་ནི། བའི་ལྕི་བ་སར་མ་ལྷུང་བའམ། དྲིའི་ཆུས་སྦྱངས་པའི་པདྨ་འདབ་མ་བརྒྱད་པའི་མཎྜྻལ་བྱས་ལ། ཨོཾ་བཛྭ་རེ་ཁེ་ཧཱུྃ་ཞེས་པས་བསྲུང་བར་བྱའོ། །དེ་ནས། མཎྜྻལ་གྱི་དབུས་ཀྱི་ཚོམ་བུ། ཨོཾ་སྭབྷཱཝས་སྦྱངས་ནས། སྐྱིལ་ཀྲུང་ཕྱེད་པས་བཞུགས་པའི་སྐུར་གྱུར། ཐུགས་ཀ་ནས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། ཅེས་པའི་བར་གཞན་སྔར་བཞིན་ལས། རང་ཉིད་ཅེས་པ་འཇོག་པ་ཙམ་མོ། །དེ་ནས། ཨུཏྤལ་ཁ་བྱེ་བའི་ཕྱག་རྒྱ་བཅིངས། ཡེ་ཤེས་སེམས་དཔའ་དེ་ཉིད་དམ་ཚིག་སེམས་དཔའི་གཟུགས་ཀྱི་ནང་དུ་ཞུགས་ནས་གཉིས་སུ་མེད་པར་གྱུར། དེ་ལ་སྔར་བཞིན་མཆོད་བསྟོད་བྱ། དེ་ནས། བུམ་རྫས་བཏབ་པའི་བུམ་པ་བཟང་པོ་རས་ཀྱིས་མགུལ་དཀྲིས་པ་ཁ་རྒྱན་ཅན་མཎྜྻལ་གྱི་སྟེང་དུ་བཞག་ལ། ཨོཾ་སྭ་བྷཱ་ཝ་ནས། སྟོང་པ་ཉིད་ལས། བུམ་པ་བཟང་པོའི་ནང་དུ་བསིལ་ཟེར་བྱེད་པའི་བར་མདུན་བསྐྱེད་བཞིན་ལ། དེའི་མཐར་སྔགས་བཟླས་ཏེ་བཅོམ་ལྡན་འདས་མ་འོད་དུ་ཞུ་བ་གོང་བུའི་ལྷར་གྱུར་བར་བསམ་མོ། །དེ་ནས། སློབ་མ་དྲིའི་ཆུས་ཁྲུས་བྱས། གྲལ་ལ་འཁོད། མཎྜྻལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་གྱིས་གསོལ་བ་བཏབ། བླ་མ། བཅོམ་ལྡན་འདས་མ་སྒྲོལ་མར་གསལ་བའི་སྤྱན་སྔར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ་གྱིས་སྡོམ་པ་བླང་། དེ་ནས་སློབ་མ་ཨོཾ་སྭ་བྷཱ་ཝ་ནས། ཡེ་ཤེས་པ་དང་བསྲེ་བའི་བར་མདུན་བསྐྱེད་བཞིན་བསྒོམ་དུ་བཅུག སླར་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ལས་སྤྲོས་པའི་དབང་གི་ལྷས་བུམ་པ་སྤྱི་བོར་བཀོད་དེ། གཟུངས་སྔགས་ཀྱིས་དབང་བསྐུར། དེའི་ཚེ་དངོས་སུ། སློབ་དཔོན་གྱིས་བུམ་པ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་ཏེ་སློབ་མའི་སྤྱི་བོར་བཞག བུམ་པའི་ཆུ་བྱིན་ནས། རིན་པོ་ཆེའི་ཕྱག་རྒྱས་སྤྱི་བོར་གཏུག རཏྣ་ཨ་བྷི་ཥིཉྩྨ་མཱཾ། ཞེས་བརྗོད་པར་བྱའོ། དེ་ནས་བླ་མའི་ཞལ་ནས། སྔགས་ཀྱི་འཕྲེང་བ་འཐོན། སློབ་མའི་ཁ་ནས་ཞུགས་སྙིང་གའི་ས་བོན་གྱི་མཐར་འཁོད་པར་མོས་པས། སྙིང་པོ་བརྒྱ་རྩ་བརྒྱད་བཟླས། བཅོམ་ལྡན་འདི་ལ་སོགས་དང་། བཅོམ་ལྡན་བདག་གིས་ཞེས་བརྗོད་དུ་བཅུག །དེ་ནས། སློབ་མའི་མོས་གུས་ཀྱིས་དཀྱིལ་འཁོར་གྱི་ལྷ་མོ་སྤྱི་བོར་བྱོན་ནས་ཐིམ། མཚན་མ་མེད་པ་ལ་མཉམ་པར་འཇོག་ཏུ་གཞུག་གོ། མཎྜྻལ་དང་ཡོན་འབུལ་ལོ། །དེ་ལྟར། བཅོམ་ལྡན་འདས་སྒྲོལ་མའི་ཆོ་ག་འདོད་དགུའི་འདོད་འཇོ་ཞེས་བྱས་བ། དཔེ་མེད་བསྲུང་བའི་གཞུང་དང་མཐུན་པར། པད་མ་དཀར་པོས་སྦྱར་བའོ། །སརྦ་མངྒ་ལཾ།། །།