ལུས་མེད་མཁའ་འགྲོའི་ཆོས་སྡེའི་རྣམ་པར་བཤད་པ་ཆོས་ཀྱི་ཉིང་ཁུ།
ལུས་མེད་མཁའ་འགྲོའི་ཆོས་སྡེའི་རྣམ་པར་བཤད་པ་ཆོས་ཀྱི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མཁའ་ལ་སྤྱོད་པ་ཀུན་གྱི་ཐིག་ལེ་རྡོ་རྗེའི་ལམ་དུ་མེ་བོ་ཆེ། །རྣམ་པར་སྣང་བའི་དངོས་པོ་ཐམས་ཅད་མཛད་པའི་རྦ་རླབས་འབྱམས་ཀླས་པ། །རྣལ་འབྱོར་རྣམས་ཀྱི་གཟིགས་པའི་ཕྱི་མོ་རྟག་ཏུ་སད་པ་རྣམས་ཀྱི་གཉེན། །ཤེས་རབ་ཕ་རོལ་ཕྱིན་མར་འདུད་དོ་མ་ལུས་ལེགས་པའི་བཀའ་དྲིན་སྩོལ། །ཨོ་རྒྱན་དྷ་ན་ཀོ་ཤའི་མཚོའི། །ལེགས་བཤད་པདྨོའི་རྩེར་འཐོན་པ། །འདིས་མཐུ་མཚུངས་པ་མེད་པ་ནི། །རྒྱ་བོད་ཀུན་ན་གང་ཡང་ངོམས། །དེ་བསྙེན་ཆོ་གས་ཁ་སྦྱོར་སྐུ། །བདེ་བར་ལོན་ཤེས་དགའ་བ་ཡི། །ཉི་འོད་ཀྱིས་གཟི་པུཎྜྻ་རཱི། །ལྷ་གནས་མནྡ་ར་བར་སོང་། །འདིར་གང་བཤད་པར་བྱ་ན། ལྷ་མོ་བཅོ་ལྔ་དབང་བཞི་བརྡ་ཡིས་མཚོན། གང་གིས་འཆད་ན་ལུས་མེད་མཁའ་འགྲོའི་ཆོས་སྡེས། ཚུལ་ཇི་ལྟར་བཤད་ན། འཁོར་ལོ་སྡོམ་པའི་རྩ་རྒྱུད་ཉུང་ངུ་བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་དང་བཅས་པ་ནས་བཤད་པ་བཞིན་དུའོ། །དེ་འདིར་བཤད་པའི་རྒྱུ་མཚན། བཤད་པ་དངོས་གཉིས་ལས། དང་པོ་ནི། རྗེ་བཙུན་མར་མི་རས་དྭགས་བཞིས། རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་གདམས་ངག་དང་། བྱིན་རླབས་དང་འབྲེལ་བ་སྙན་རྒྱུད་ཀྱི་གདམས་ངག་ཞེས་གསུངས་པའི་དང་པོ་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཞེས་བྱ་བ་བཀའ་བརྒྱུད་གོང་མ་རྣམས་སངས་རྒྱས་ཀྱི་གོ་འཕང་དུ་བྱོན་པའི་གཞུང་ལམ་ཆེན་པོ་དེ་ཡིན། དེ་ནི་རྒྱུད་ནས་བཤད་པའི་ལམ་ཐམས་ཅད་གཏན་ལ་ཕབ་པ་ཡིན་པས་རྒྱུད་དང་འབྲེལ་བ་སྟེ། དཔེར་ན་སྨན་པས་རྒྱུད་ནས་བཤད་པའི་སྨན་ཐམས་ཅད་བསགས་པ་དང་འདྲ། གཉིས་པ་སྙན་ རྒྱུད་ནོར་བུ་སྐོར་གསུམ ་ཞེས་པ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་དེར་བགྲོད་པའི་གསེབ་ལམ་སྟེ། གང་ཟག་གཅིག་སངས་རྒྱ་བའི་ཆ་རྐྱེན་ཚང་ལ་མ་ནོར་བ་བསྟན་ནས་དེས་དེ་བྱིན་གྱིས་རློབ་ནུས་པས་བྱིན་རླབས་དང་འབྲེལ་བ་སྟེ། ནད་ལ་སྨན་སྦྱོར་སྡེ་བྱས་ནས་གཏོང་བ་ལྟ་བུ་དེའི་གནད་མ་གོ་བར་སྡོམ་ གསུམ་རབ་དབྱེའི་སྤྱི་ཊིག་བྱེད་པ་དག་ཐང་ཆད་དོ། །སྙན་རྒྱུད ་དེ་ཉིད་ལའང་ཡི་གེ་ལ་དགའ་བ་འགས་རྙོག་པ་བླང་སྟེ་ལྷ་མོ་བཅོ་ལྔ་ཞེས་པའི་གཙོ་མོ་ཞལ་བཞི་ཕྱག་བཅུ་གཉིས་མ་ལ་བྱས་པ་རྗེས་བཙུན་གོང་མ་རྣམས་དང་མ་མཐུན་པས་དེ་དར་བ་དགག་པར་འདོད་པ་དང་། རྗེ་བཙུན་རྣམས་ལུས་མེད་མཁའ་འགྲོ་མའི་སྒྲུབ་ཐབས་དེའི་རྩ་བར་མཛད་པ་དར་བའི་ཆེད་དུའོ། །དེ་བས་ན་སྒྲུབ་ཐབས་འདི་ཡུམ་བཀའ་རྒྱས་པ་དང་། ལྷ་བདུན་མའི་གཞུང་འབྲིང་པོ་དང་། ཇོ་བོ་ནཱ་རོ་པའི་ཞལ་གྱི་གདམས་པའི་བརྒྱུད་པའི་རྗེས་སུ་གནང་བ་ཞེས་པ་བསྡུས་པ་ལྷན་ཅིག་སྐྱེས་མའི་སྒྲུབ་ཐབས་ཏེ། དང་པོ་ཉེ་སྙིང་། གཉིས་པ་གོ་ཆ། གསུམ་པ་སྙིང་པོའི་སྔགས་ཀྱིས་སྒྲུབ་པར་རྩ་རྒྱུད ་ལས་གསུངས་སོ། །ཕག་ནག་ནི་འདི་དང་འབྲེལ་མེད། ཡོད་ན་སྙན་ རྒྱུད་གཞུང་ཆུང་ལས་ཡུམ་བཀའ་གསུམ ་དུ་བསྡུས་ནས་གསུངས་པ་དང་འགལ་ལོ། །ནཱ་རོ་མཁའ་སྤྱོད་མ་ཞེས་གྲགས་པའི་གཞུང་ཡང་འདི་ཁ་ཡིན་ཏེ། འདི་ལས་གཞན་ལྷ་མོ་དེའི་ཞལ་ཕྱག་བཞུགས་སྟངས་ཇི་ལྟ་བར་བཤད་པའི་གཞུང་བོད་ཙམ་ལ་མེད། ས་ལུགས་པ་ལ་རྩ་བ་མེད་པ་འདི་ཡང་ཕམ་ཐིང་པ་ལསམཆེད་ནས་འོངས་སོ། །གཞན་བདེན་གཉིས་ཞལ་གྱི་གཞུང་འདི་གསང་བ་འདུས་པ་སངས་རྒྱས་དངོས་ལ་ཞུ་མཁན་གྱི་ཨིནྡྲ་བྷཱུ་ཏིས་མཛད། དེ་ལས་ཞལ་གཉིས་མ་ཆེ་བ་དང་། དོན་གྲུབ་མ་ཆེ་ཆུང་གྱེས། དབུ་བཅད་ཆེ་ཆུང་བསྣན་ནས་གཞུང་དྲུག་བྱེད་པ། རིགས་ལྡན་ཁྱབ་འཇུག་སྦས་པས་མཛད་པ་སོགས་གཞུང་མང་ཡང་འདིའི་ལུགས་མིན་ནོ། །འདིའི་ལྷ་བདུན་གྱི་གཞུང་དམར་ཆུང་མའི་རྩ་བ་གཉིས་པར་བཀོད་པ་རིགས་པ་མ་ཡིན་ཏེ། དམར་ཆུང་མ་ནི་ཏྲི་ས་ར་ཧས་བྱས། དེས་ཀོང་ནི་རུ་བ། དེའི་སློབ་མ་ཞིག་གིས་བོད་དུ་སྤྱན་དྲངས་པ་ཡིན་ལ། བརྒྱུད་པ་འདིའི་ལུགས་མིན། དེ་ལ་བརྡ་བཞི་སྟོན་པ་མེད་དེས་ན་དགའ་སྡོང་པའི་སྡོམ་གསུམ་འགྲེལ་ཆེན་དུ། དྭགས་པོ་རིན་པོ་ཆེ་དཔོན་སློབ་ལ་དབང་གནང་རྒྱུ་མ་བྱུང་། དེས་སློབ་མ་གཞན་ལ་ཤོར། དེའི་ཚེ་སློབ་མའི་གྲངས་སུ་ཀོང་ནི་རུ་བ་ཡོད་པས་ཁོང་གིས་ང་ལ་འདི་ལྟ་བུ་ཡོད་བྱས་ནས་དེ་བྱས་པས་བརྡ་བཞིའི་དབང་འདི་བྱུང་ངོ་ཞེས་སྦྱར་བ་ནི། ཀོང་ནི་རུ་བ་རྩད་མ་ཆོད་པ་དང་། དེ་ལྟ་བུའི་གཏམ་ཁོང་ལས་སུས་ཀྱང་མ་ཐོས་པ་དང་། དྭགས་པོ་ལ་དེ་ལྟ་བུ་སྨྲས་ཆོག་སྟེ་རས་ཆུང་པ་སོགས་མི་ལའི་སློབ་མ་གཞན་ལའང་གནང་བས་རང་གི་རྫུན་ཕུག་སྡིབ་པ་སོགས་ཀྱིས་རྒད་པོ་རང་གི་རླུང་ཉམས་སུ་ཤེས་ལ། ས་ཆེན་གྱི་གསང་སྔགས་ཐམས་ཅད་འཛིན་པར་དེ་ཉིད་ཀྱི་བཤད་པ་ཕག་མོ་གྲུ་པའང་བཞུགས་པ་དེས་ཀྱང་མ་ཤེས་པས་ས་ཆེན་ཀྱང་སྨད་དོ། །རྣམ་བཤད་འདི་ལ་སྡེ་སྣོད་དང་འགལ་བ་མང་བས་བྱེད་པ་པོ་མཁས་པར་ཡང་མ་གཏོགས་སོ། །ལུས་མེད་མཁའ་འགྲོ་ཞེས་བྱ་བ་ལུས་མེད་པའི་སྒྲ་ལྷང་ལྷང་ཞིག་གོ་སྙམ་པའང་བཞད་གད་ཀྱི་གནས་ཡིན། ལུས་མེད་ཀྱི་སྒྲ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཆོས་གང་ལུས་གཟུགས་མེད་པ་ནི། །དེ་ནི་སངས་རྒྱས་སྐུ་ལུས་སོ། །སུ་དག་ཆོས་ཀྱི་སྐུ་མཐོང་བ། །དེ་དག་གིས་ནི་འདྲེན་པ་མཐོང་། །ཞེས་གསུངས་པས་ལུས་མེད་ཆོས་སྐུ་ཡིན་པས་ལུས་མེད་མཁའ་འགྲོ་མ་བྱས་པ་དང་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བྱས་པ་དོན་གཅིག་གོ །དེ་སྒྲུབ་པའི་ཐབས་ཀྱི་གཞུང་དེ་ལས་འཕྲོས་པའི་ཆོས་སྡེ་འདི་དག་ནི་འཆད་པ་པོ་ཡང་དེ་ཡིན་ལ། དེ་དུས་ཀྱི་ཉན་པ་པོ་སློབ་དཔོན་ཆེན་པོ་ཏིལླི་པ་ཡིན། འཕྲོས་པའི་ཆོས་ལས་རྩ་རླུང་དྲ་མིག་འཁོར་ལོ། བདེ་ཆེན་གསུང་གི་རིན་ཆེན། རིག་པ་ཡེ་ཤེས་སྒྲོན་མ། རོ་སྙོམས་ཕྱིའི་མེ་ལོང་དང་བཞི་རས་ཆུང་པས་སྤྱན་དྲངས་པས་བརྒྱུད་པ་ལ་མར་པ་དང་ཏི་ཕུ་གཉིས་ཀ་བྱུང་བ་ཡིན། རས་ཆུང་པས་ཏི་བུ་པ་ལས་ལུས་མེད་མཁའ་འགྲོའི་ཆོས་སྡེ་ཚང་བར་གསན་ནོ། །གཉིས་པ་བཤད་པ་དངོས་ལ། མཚོན་བྱ་འབྲས་བུའི་རྡོ་རྗེ་རྣལ་འབྱོར་མ་དང་། མཚོན་བྱེད་ལམ་གྱི་རྡོ་རྗེ་རྣལ་འབྱོར་མ་བཤད་པ་གཉིས་ལས། དང་པོ་ནི། རྗེ་བཙུན་གོང་མ་རྣམས་ཀྱི་དུས་ན་ཆོས་ཚན་གསུམ་མཛད་པས་གཞུང་འཁྲུགས་སྟབས་སུ་བཞུགས་ལ། འདིར་འཁྲུགས་སྡེབས་ཏེ་མངོན་རྟོགས་སུ་བཤད་ན་འཆད་སླ་སློབ་མས་གཟུང་བདེ་བ་ཡིན་ནོ་སྙམ་དེ་ལྟར་བཤད་དོ། །དེ་ཡང་། གང་ཞིག་འཇིགས་རུང་དུར་ཁྲོད་ཆེན་པོར་ཕཊ྄་ཕཊ྄་རྔམ་པའི་སྒྲ་སྒྲོག་ཅིང་། །མཁའ་འགྲོ་ཟ་བྱེད་མུན་པའི་ནང་ན་ཟླ་ཤར་ལྟ་བུར་རབ་ཏུ་འབར། །ཧཱུྃ་ཧཱུྃ་ཞེས་བརྗོད་ཤ་ཟ་རོ་ལངས་མ་མོའི་ཚོགས་རྣམས་སྐྲག་མཛད་པ། །གསང་སྔགས་གསང་མཛོད་མངའ་བདག་བདེ་ཆེན་རྒྱལ་བའི་ཡུམ་གྱི་སྐུ་ལ་འདུད། །ཅེས་མཆོད་པར་བརྗོད་ནས། རང་བཞིན་ཆོས་དབྱིངས་རྣམ་དག་དབྱེར་མེད་བདེ་བ་ཆེན་པོའི་ཀློང་། དག་པ་ཆོས་ཀྱི་འབྱུང་གནས་རྡོ་རྗེའི་བཙུན་མོ་སྟེ། རང་བཞིན་གྱི་རྒྱུད་ནི་ཆོས་ཀྱི་དབྱིངས་རང་བཞིན་ཀྱིས་དག་པ་ཆོས་ཐམས་ཅད་ལ་ལོགས་སུ་དབྱེ་རྒྱུ་མེད་པ་སྒྲོན་མེ་དང་འོད་ཟེར་ལྟ་བུའོ། །དེ་ཡང་འགྱུར་བ་མེད་པས་ཐབས་བདེ་བ་ཆེན་པོ། དེ་ལ་གཞན་གྱིས་སྒྲིབ་པ་དང་། དེས་གཞན་ལ་སྒྲིབ་ཡེ་མ་མྱོང་བའི་དག་པའི་ཆ་དེ་ཁ་ཆོས་ཐམས་ཅད་འབྱུང་བའི་གནས་ཡིན་པས་ཤེས་རབ་བམ་རྡོ་རྗེའི་བཙུན་མོ། དེས་གསང་སྔགས་ཀྱི་རྒྱུད་སྡེར་དངོས་སམ་ཡིད་ཀྱི་རིག་མ་དག་ཀྱང་རང་འོད་ཀྱི་རིག་མར་བཞག་གོ །ཐབས་ཤེས་དེ་གཉིས་ཁ་སྦྱར་བས་རྣལ་འབྱོར། གང་ལས་ཆོས་ཐམས་ཅད་འབྱུང་བས་མ་ཞེས་དེའི་ཕྱིར་རྡོ་རྗེ་རྣལ་འབྱོར་མའོ། །དེ་ཡང་ཀུན་སྤྱོད་ལས། དེས་ན་ཧེ་རུ་ཀ་དཔལ་རྒྱུད། །སེམས་རྒྱུད་དྲི་མེད་ཡིན་པར་བཤད། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཐབས་དང་ཤེས་རབ་སྦྱོར་བ་ལས། །དེ་ཉིད་དང་ནི་ཐམས་ཅད་བྱུང་། །ཞེས་སོ། །དེ་རང་གི་རྣལ་འབྱོར་གྱིས་མངོན་སུམ་དུ་མ་གྱུར་པ་དེ་ཚུན་ནི་གཞིའི་མིང་བཏགས་མངོན་སུམ་དུ་བྱས་ནས་འབྲས་བུའི་མིང་བཏགས་པར་ཟད་ཀྱི། དོན་ལ་ཐ་དད་པ་མེད་པས་གཞི་འབྲས་དབྱེར་མེད་དོ། །འབྲས་བུའི་ཚེ་གློ་བུར་གྱི་དྲི་མ་དག་ལ། སྔ་མའི་གནས་སྐབས་ན་མ་དག་པས་ཐ་དད་པར་ཅིས་མ་སོང་སྙམ་ན། གློ་བུར་གྱི་དྲི་མ་ནི་ཡོད་མ་མྱོང་བས་མེད་བཞིན་དུ་སྣང་བ་ཞེས་བྱ། དེ་དང་ནམ་ཡང་འགྲོགས་མ་མྱོང་བས་དེ་ཀ་དག་པ་ཡིན་པས། རང་བཞིན་རྣམ་དག་སྟེ། ཡེ་དག་ཡེ་གྲོལ་ཞེས་བྱ་བའི་དོན་ནོ། །འབྲས་བུའི་གནས་སྐབས་དེ་ཡང་རྒྱལ་བ་རྣམས་ཀྱི་རྟག་ཏུ་མཉམ་གཞག་འོད་གསལ་ཆེན་པོས་དང་། དུས་གསུམ་རྟག་ཏུ་རྒྱུན་མི་ཆད་པས་སངས་རྒྱས་སྐུ་གསུམ། རྣམ་པ་མེད་པའི་འོད་གསལ་གཟིགས་པ་ལས་རྒྱུན་མི་ཆད་པས། དེ་ལ་མངོན་པར་བྱང་ཆུབ་པ་ཞེས་བྱ། དེས་གཞན་དོན་རྒྱུན་ཆད་མི་སྲིད་པ་དང་། གཞན་ལ་ཕན་པའི་སྐབས་ཐམས་ཅད་འབྱེད་པའི་ཕྱིར་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་པའི་གཟུགས་ཅན་དུ་རྫོགས་པས་ན་མི་སློབ་པའི་ཟུང་འཇུག །མདོ་ལས། རང་དོན་ཆོས་སྐུ་ལས་གཞན་དོན་གཟུགས་ཀྱི་སྐུ་གཉིས་འཆར་བ་ཞེས་བྱའོ། །དེ་ཁ་རིག་མའི་སྐྱེས་བུ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་ཐོབ་བྱ་མཐར་ཐུག་ཡིན་ནོ། །དེ་རྣལ་འབྱོར་གྱི་མངོན་སུམ་དུ་འགྱུར་བ་ཡང་དེ་ཉིད་ལས་གཞན་དུ་མ་གཡོས་པ་དེ་ལ་མ་ཡེངས་པ་ཞེས་བྱ་དེ་ལམ་གྱི་བདེན་པའི་ངོ་ཏི་རང་ཡིན་པས། དེས་རྡོ་རྗེ་ཐེག་པ་ལ་འབྲས་བུ་ལམ་བྱེད་དམ་རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པ་ཞེས་བྱའོ། །དེས་ན་ཡེ་ཉོན་མོངས་མ་མྱོང་བས་ཉོན་མོངས་ལྟར་སྣང་བ་མི་སྤོང་། དེ་ཇི་བཞིན་དུ་བཞག་པས་རང་གྲོལ་དུ་མི་འགྲོ་ཁ་མེད། དེས་དེ་ལ་རང་བཞིན་ཡོངས་ཤེས་ཞེས་ཀྱང་བཏགས་སོ། །དེས་ལམ་མདོར་བསྟན། རྒྱས་པར་བཤད་པ་ལ། དེ་རང་བཞིན། བདག་གཞན་དབྱེར་མེད་ངོ་བོ་ཉིད་དཔལ་ལྷུན་གྲུབ་དབྱེར་མེད་སྤྲོས་དང་བྲལ། །ཞེས་གསུངས་ཏེ། དེ་ནི་བཤད་ཟིན་གྱི་སྐུ་གསུམ་ཡིན་པས་དེའི་རང་བཞིན་དུ་བྱེད་པ་སྨིན་གྲོལ་སེམས་ཀྱི་རྒྱ་མདུད་བཤིག་པ་དང་། དམ་ཚིག་རང་སེམས་མེ་ལོང་གཉིས། བདག་གཞན་དབྱེར་མེད་ཀྱི་བསྐྱེད་རིམ་སྟེ། དེ་དག་གཞན་རྣལ་འབྱོར་གྱི་དེ་ཉིད་གསུམ་དུ་བཤད་པས་དང་། ངོ་བོ་ཉིད་རྩ་རླུང་ཐིག་ལེ་རྣམ་ཤེས་ཡིན། དཔལ་ནི་ཤྲཱི་གཉིས་མེད་ཀྱི་དོན་ཡིན་པས་དངོས་པོར་གནས་པ་ལམ་དུ་བྱེད་པ་རྩ་རླུང་དྲ་མིག་འཁོར་ལོ། བདེ་ཆེན་གསུང་གི་རིན་ཆེན། རང་གྲོལ་ཕྱག་རྒྱ་ཆེན་པོ་གསུམ་ལྷུན་གྲུབ་ཐོད་བརྒལ་གྱི་ཉམས། དབྱེར་མེད་འོད་གསལ་དུ་བཅུག་ལ། སྤྲོས་དང་བྲལ། དེ་ནས་ཟུང་འཇུག་ཏུ་ལོངས་པ་སྟེ། དེ་ལའང་སློབ་མི་སློབ་གཉིས་ཡོད་པས་སྤྱོད་པ་ཆུ་ལ་རལ་གྲི །རིག་པ་ཡེ་ཤེས་སྒྲོན་མ། དམ་རྫས་རྟོགས་པའི་ཉི་མ། རོ་སྙོམས་ཕྱིའི་མེ་ལོང་རྣམས་བསྟན་པ་ཡིན་ནོ།། །།གཉིས་པ་མཚོན་བྱེད་ལམ་གྱི་རྡོ་རྗེ་རྣལ་འབྱོར་མ་ལ། སྨིན་གྲོལ་སེམས་ཀྱི་རྒྱ་མདུད་བཤིག་པ། དམ་ཚིག་རང་སེམས་མེ་ལོང་ལྟ་བ། རིམ་གཉིས་མཉམ་པར་གཞག་པའི་དོན་བསྟན་པ་གསུམ་ལས། དང་པོ་ལ། དཔོན་སློབ་ཀྱི་འབྲེལ། དབང་བཞི་བརྡས་མཚོན་པ། དེ་ལ་རྩོད་པ་སྤང་བ་དང་གསུམ་ལས། དང་པོ་ནི། འབད་དེ་ནུས་པ་སྐྱེས་པ་དང་། སློབ་མ་རྗེས་སུ་འཛིན་འདོད་པས། རྗེ་བཙུན་གྱིས། སོ་ནམ་རང་དོན་མ་གྲུབ་པའི། །གཞན་དོན་འགྲུབ་པ་དཀའ་མོ་ཡིན། །ཞེས་གསུངས་པས་ན་སློབ་དཔོན་ནུས་པ་དང་ལྡན་པ་ཞིག་དགོས། དེ་ཡང་རབ་རྟོགས་པས་བདག་རྒྱུད་གྲོལ་བ་སྟེ། དེས་ཐུགས་རྗེས་གཞན་རྒྱུད་གྲོལ་ཚུལ། དེའི་རྟེན་འབྲེལ་ལས་བྱས་ཚད་ཐབས་མཁས་སུ་འགྲོ །དེས་འབྲེལ་ཚད་དོན་ལྡན་དུ་འགྱུར་བ་ཡིན། འབྲིང་བདག་བྱིན་གྱིས་རློབས་པ། ཐ་མ་སྔགས་ཀྱི་ནུས་པ་རྙེད་པའོ། །དེ་ཡང་སངས་རྒྱས་རྣམས་ཀྱི་སྔོན་སློབ་ལམ་དུ་རྫོགས་སྨིན་སྦྱང་གསུམ་མཛད་པའི་ནུས་པས་ཕྱིས་སངས་རྒྱས་པའི་དུས་ན་གདུལ་བྱ་རྣམས་བདེ་བླག་ཏུ་གྲོལ་བ་ལྟ་བུའོ། །དེ་སམྦུ་ཊ་ལས། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་གསུངས་སོ། །སློབ་མ་ རྒྱུད་ནས་དག་མ་དག་འདྲེས་མ་གསུམ ་གསུངས་པའི་དང་པོ་དེ་ལའང་། སྤྲོས་པ་ལ་དགའ་བ་དང་། སྤྲོས་པ་མེད་པ་ལ་དགའ་བ་གཉིས་ཀྱི་དང་པོ་སྙན་རྒྱུད་གཞུང་གི་གདུལ་བྱ། འདིར་ཕྱི་མའོ། གཉིས་པ་ལ། གང་དང་འབྲེལ་བའི་དཀྱིལ་འཁོར་སྒྲུབ་པ། དེར་བྱིན་གྱིས་བརླབ་པ། བརྡ་དོན་གཏན་ལ་དབབ་པ་དང་གསུམ། དང་པོ་ནི། བློ་ལྡན་དོན་ལ་ཡང་ཡང་གསོལ། །སློབ་མས་རྗེས་སུ་འཛིན་པར་གསོལ་བ་བཏབ། །འདོད་པའི་ཚེ་ལ་རྣལ་འབྱོར་པས། །སྔར་བཤད་འཁོར་ལོའི་བདག་ཉིད་ལ། །མཆོད་ཅིང་བཟླས་པ་བྱས་གྱུར་ནས། །འདོད་པའི་གནས་སྐབས་བཅུས་ཚེས་བཅུ། དེ་ཡང་ཕྱོགས་གཉིས་ཀྱི་དབྱེ་བས་གཉིས་ཏེ། རྩ་རྒྱུད་ལས། མར་གྱི་ངོ་ཡི་ཚེས་བཅུ་དང་། །ཟླ་བ་ཡར་ངོའི་གང་གྱུར་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །རྡོ་རྗེ་ཕག་མོ་མྱོས་བྱེད་ཤ་རྣམས་ཀྱི། །སྐྱེ་བོ་གུས་པས་དེ་རྣམས་མཆོད་བྱས་ནས། །ཧེ་རུ་ཀ་དཔལ་མངོན་དགར་འགྱུར་བ་ལ། །མགུ་བའི་ཐུགས་ཀྱི་མཆོག་ནི་སྩོལ་གྱུར་ཏེ། །ཞེས་གསུངས་སོ། །སྔར་བཤད་ནི་སྒྲུབ་ཐབས་ཀྱི་སྔོན་དུ་བཤད་པ། འཁོར་ལོ་ནི་སིནྡྷུ་རའི་དཀྱིལ་འཁོར་བྲིས་ལྷར་བསྒྱུར་དེ་ལ་མཆོད་བསྟོད་བྱ་བའི་བར་གཞན་གྱི་དེ་ཉིད། བདག་ཉིད་ལ་འགོད་པ་བདག་གི་དེ་ཉིད། མཆོད་ནས་ཞེས་པ་རྣལ་འབྱོར་གྱི་དེ་ཉིད། དེ་ཚོགས་ཀྱི་འཁོར་ལོའི་འདུས་པ་དང་གཞོན་ནུ་མ་མཆོད་པ། །དེ་ནས་བཟླས་པ་རྣམས་སོ། །གཉིས་པ་ནི། སྨིན་གྲོལ་སེམས་ཀྱི་རྒྱ་མདུད་བཤིག །གང་གིས་བཤིག་པ། ཕྱི་ནང་གསང་བ་མཐར་ཐུག་པའི། དབང་གིས། ཕྱི་བུམ་དབང་། ནང་གསང་དབང་། གསང་བ་ཤེས་རབ་ཡེ་ཤེས། མཐར་ཐུག་དབང་བཞི་པའོ། །གང་བཤིག་པ། རྣམ་པར་རྟོག་པའི་རྒྱ། མདུད་པ། ལུས་ངག་ཡིད་ཡེ་ཤེས་ཚུལ་མིན་དུ་རྟོག་པས་སད་རྨི་གཉིད་འཐུག་བཞི་པའི་གནས་སྐབས་བཞི་བསྐྱེད་པ་དེས་འཁོར་བར་དམ་པོར་འཆིང་བས་རྒྱ་མདུད་ལྟ་བུའོ། །ཚུལ་ཇི་ལྟ་བུར་བཤིག་པ་ནི། སེམས་ཉིད་རང་གྲོལ་དུ། ཞེས་པས། ཚུལ་བཞིན་དུ་བརྡ་འཕྲོད་ན་ཚུལ་མིན་ཡིད་བྱེད་འཇིག་སྟེ། བདེན་པོ་ཤེས་པས་རྫུན་ཞིག་པ་ལྟ་བུའོ། །དེ་ཀ་ཨ་བྷི་ཥིཉྩྨའམ་ཨ་བྷི་ཥེ་ཀ་གཏོར་བ་དང་བླུགས་པས་དབང་ངོ་། །རྟོག་པའི་དྲ་བ་བཤིག་པར་བྱ་བ་ནི་གཏོར་བའི་སྒྲ་དོན། རང་བཞིན་མེད་པའི་ངང་ལ་གཞག་ནི་བླུགས་པའི་སྒྲ་དོན། དེ་བས་ན་འདི་ཁོ་ནས་གྲོལ་བ་ནི་མ་རིག་པ་ལས་ཟློག་སྟེ་རིག་པའི་ཡེ་ཤེས་ཤར་བ་ཡིན་ཏེ། དེ་ལ་བདེན་པ་མཐོང་བ་ཞེས་བྱ། གཞན་དུ་སྨིན་པ་ཙམ་སྟེ། སྨིན་པའང་འབྲས་སྨིན་པ་རྡོལ་སླ་བ་ལྟ་བུ། རིམ་གཉིས་ལ་ཅུང་ཟད་ལྟོས་པ་ད་ལྟ་སྦྱོར་ལམ། རྣག་རྡོལ་བ་ལྟ་བུར་གྲོལ་བ་མཐོང་ལམ། རྨ་གསོ་བ་ལྟ་བུ་སྒོམ་ལམ། གསོས་ཟིན་པ་ལྟ་བུར་སངས་རྒྱས་པ་རྟོགས་པར་བྱའོ། །མོད་ལ་གྲོལ་བ་དང་རིམ་པ་ལ་ཅུང་ཟད་བལྟོས་པའང་། དཔེར་ན་མི་དོན་དུ་གཉེར་བ་ལ། གཉེར་མཁན་མཚན་མ་ལ་མཁས་པ་དང་མི་མཁས་པས། གཉེར་བ་དེ་དང་བཅར་ཕྲད་ན་སྔ་མས་བདེ་བླག་ཏུ་ཤེས་ལ། ཕྱི་མས་ཤེས་པ་ལ་ད་དུང་རྐྱེན་གཞན་གྱིས་བརྡ་འཕྲོད་པ་ཞིག་དགོས་པ་ལྟ་བུ། ཆོ་ག་རྒྱས་བསྡུས་དགོས་པ། དོན་དུ་གཉེར་བྱ་དང་བཅར་ཕྲད་པ་དང་། གྲོང་ཁྱེར་ལྟ་བུར་ཚོལ་དགོས་པའི་ཁྱད་བཞིན་སྒྲིབ་བྱེད་ཀྱི་རྐྱེན་ཉུང་བ་དང་མང་བའི་ཁྱད་པར་རོ། །སྣོད་རུང་ཙམ་རྡོ་རྗེ་ཐེག་པའི་སྒོར་འཇུག་པ་ལ་སྤྲོ་བ་ཆེ་བ། སྨིན་པ་ཙམ་རྡོ་རྗེ་ཐེག་པའི་སྒོར་ཡེ་ཤེས་མཐོང་བའི་རྒྱུ་ཚོགས་གྲངས་ཚང་བའི་ཁྱད་ཡིན། སྨིན་པ་མཚན་ཉིད་པ་མཐོང་ལམ་ལ་གཞག་པ་ནི་སངས་རྒྱས་ཀྱི་རྒྱུ་གྲུང་པོ་དེ་ནས་རྙེད་པ་ལ་དགོངས་ཏེ་འདི་རྒྱུ། སྒོམ་ལམ་ལམ། སངས་རྒྱས་འབྲས་བུར་བྱས་ནས་རྒྱུ་དབང་ལམ་དབང་འབྲས་བུའི་དབང་ཞེས་བཞག །མདོར་ན་ཐབས་གང་གིས་དབང་དོན་གྱི་ཡེ་ཤེས་རྙེད་པའི་ཐབས་དེ་ཁ་ལ་དབང་ཟེར་ཏེ་སྔར་མི་དབང་བ་ལ་དབང་བས་དབུལ་པོའི་སྒྱེད་བུ་གསེར་དུ་ངོ་ཤེས་པ་ལྟ་བུའོ། །འོ་ན་ཕ་རོལ་ཏུ་ཕྱིན་པར་ཡང་། དབང་ཡོད་པ་དང་མདོ་སྔགས་ཁྱད་མེད་པར་འགྱུར་རོ་སྙམ་ན། དོན་ལ་ཕར་ཕྱིན་དུ་དབང་ཡོད་ཀྱང་དེའི་མིང་གསལ་བར་མ་མཛད། ལངྐར་གཤེགས་པའི་མདོར་ས་དང་པོར་བྱིན་གྱིས་བརླབ་པའི་དབང་དང་། ས་བཅུ་པར་འོད་ཟེར་ཆེན་པོའི་དབང་བསྐུར་བཤད་པའི་སྒྲོས་གཉིས་བྱུང་། མདོ་སྔགས་ཀྱང་ལམ་ཐག་རིང་པོ་བསྐོར་བ་དང་གསེབ་ལམ་དུ་འགྲོ་བའི་ཁྱད་ཙམ་ནི་དངོས་ཟིན་ལ་འཐད་པ་ཡིན། གཞན་མདོ་མདོར་བསྟན། སྔགས་རྒྱས་བཤད་ཡིན་པས་དོན་ལ་ཁྱད་པར་མི་འདོད། དེས་ན་དབང་བསྐུར་བ་ཟེར། ས་ཚོན་ཞིག་བྲིས། དབང་ཆོག་གི་ཚིག་འགའ་ཞིག་གྱེར་རྫས་འགའི་གཏོང་ལེན་བྱེད་པར་བཟུང་བ་དེ་ལྟ་བུ་མུ་སྟེགས་ལ་ཡང་ཡོད་དེ། དོ་ཧར། དབང་རྣམས་བསྐུར་ཞིང་སློབ་མའི་ཡོན་རྣམས་ལེན་ཞེས་གསུངས། དེས་ན་དབང་དོན་གར་སོང་མ་བལྟས་པར་དབང་ཐོབ་བོ་ཞེས་མ་མཛེར་ཞིག་གོ །འདིར་ཆོ་གའི་བྱ་བ་ཉུང་ངུས་དབང་བཞི་པོ་བསྐུར་བ་ཡིན། དེ་ཡང་། སྡོམ་པའི་བྱ་བ་སྔོན་འགྲོ་བས། སྡོོམ་པ་བྱིན། སྟེར་རྒྱུའི་སྡོམ་པ་མོས་པའི་དུས་བདེན་པ་གཉིས་ལ་དམིགས། རྣམ་པའི་དུས་ན་སེམས་ཟླ་བ་དང་རྡོ་རྗེར་བསྐྱེད། བྱིན་རླབས་ཀྱི་དུས་དེ་གཉིས་མངོན་སུམ་དུ་བྱེད་ལ་དེས་ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་ཟུང་འཇུག་ཏུ་སོང་བ་སྟེ། སྡོམ་འབྱུང་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །སྐུ་དང་གསུང་དང་ཐུགས་ཀྱིས་ལས། །རྣམ་ཀུན་མཆོག་ཏུ་སྡོམ་པའོ། །སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །ཞེས་པས་སོ། །སློབ་མས་ཡོན་ཕུལ་མགོན་ལ་བཏུད། །མཎྜྻལ་འཇུག་ཡོན་གསོལ་བ་བཏབ། །དེ་ལ་བླ་མས་བལྟས་ནས་ནི། །བླ་མ་སློབ་མ་གཉིས་ཀ་ལྷར་ལྟ་བ། བདེ་གནས་ནི་སྤྱི་བོ། འཁོར་ལོ་ནི་སྐུ་རྡོ་རྗེ་ཡིན་ལ། དེ་འདིར་ཨོཾ་ཡིག་གི་རྣམ་པར་ཞུགས་པ། འབར་བ་སྤྲོ་ནི། དེའི་འོད་ཟེར་སྤྲོ་བསྡུས་སྐུ་རྡོ་རྗེ་ཉེ་བར་གནས་པའི་ལུས་ལ་བསམ། སློབ་མའི་ལུས་ལ་ཞུགས་པར་བསམ་པས་ལུས་ལ་ཕེབས་ནས་ལུས་ཐ་མལ་པའི་གནས་སྐབས་ལས་བཟློག་ནས་སྐུའི་བྱ་བ་བྱེད་པར་འགྱུར་རོ། །དེ་ལ་སྔགས་དང་། དེ་བཞིན་སློབ་མ་ལ་མགྲིན་པར་གནས་པའི་གསུང་རྡོ་རྗེ་ཨཱཿཡིག་གི་སྤྲོ་བསྡུས་གསུང་རྡོ་རྗེ་ངག་ལ་ཞུགས་པས་ངག་ལ་ཕེབས་ནས་ངག་ཐ་མལ་པའི་གནས་སྐབས་ལས་བཟློག་ནས་གསུང་གི་བྱ་བ་བྱེད་པར་འགྱུར་རོ། །རྡོར་འཛིན་བྱིན། སྙིང་གར་གནས་པའི་ཐུགས་རྡོ་རྗེ་ཧཱུྃ་ཡིག་གི་སྤྲོ་བསྡུས་ཐུགས་རྡོ་རྗེ་ཡིད་ལ་ཞུགས་པས་ཡིད་ལ་ཕེབས་ནས་ཡིད་ཐ་མལ་པའི་གནས་སྐབས་ལས་བཟློག་ནས་ཐུགས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །མཆོད་པའི། ཀ་པཱ་ལའི་བདུད་རྩིས་ཡེ་ཤེས་རྡོ་རྗེ་ལུས་ངག་ཡིད་གསུམ་ལ་ཁྱབ་བྱེད་དུ་ཞུགས་པས་རྡོ་རྗེ་སེམས་དཔའ་ཕེབས་ནས་སྒོ་གསུམ་མ་རིག་པ་ལས་ཤིན་ཏུ་ལོག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ཡིན་ནོ། །འཁོར་ལོ། སིནྡྷུ་རའི་དཀྱིལ་འཁོར་བསྟན་ནས་སྙིང་གར་བྱུག་དེ་ཞུ་བའི་ཐིག་ལེ་གནས་གསུམ་དུ་བྱ་སྟེ་བྱིན་གྱིས་རློབས་པ་མཚོན་པའི་ཕྱིར་དུའོ། །ཡེ་ཤེས་པ་ཕེབས་མ་ཕེབས་མཚན་མས་བརྟག་དགོས་པས་མཚན་མ་ནི། ཐར་གྱིས་བབས་ན་བ་སྤུ་ལྡང་། །མཆི་མ་འབྱུང་སོགས་ཡེ་ཤེས་སྐྱེ། །ཞེས་པའོ། །དེ་ལྟར་བྱིན་གྱིས་རློབས། །དཀྱིལ་འཁོར་མཐོང་བ་དེ་ལ། །རྗེས་སུ་གནང་བ་བྱིན་ནས་ནི། །མཆོག་གི་སྣོད་དུ་བྱིན་གྱིས་རློབས། །དེ་ནས་བརྡས་དབང་བཞི་མཚོན་པར་བྱ་བས་འདི་ལ་ཕག་མོ་བརྡ་བཞིའི་དབང་ཞེས་བྱའོ། །དེ་ཡང་ཅུང་ཟད་ཆོ་གའི་སྤྲོས་པ་ཡོད་པ་སྟེ། གཞན་ལྷ་བདུན་ལྷན་ཅིག་སྐྱེས་མ་ལ། བྱིན་གྱིས་བརླབ་པ་བཞི་ཁོ་ན་ལས་མི་མཛད་དོ། །རྣལ་འབྱོར་རྒྱུད་མན་གྱི་དཀྱིལ་ཆོག་ཐམས་ཅད་ཀྱི་དབང་བསྐུར་གྱི་མགོར་བྱིན་འབེབས་པ་འདི་བཤད་པ་ནི་མདོར་བསྟན་ནམ་དབང་གི་ལུས་རྣམ་གཞག་ལྟ་བུ་ཡིན་གསུང་ངོ་། །གསུམ་པ་ནི། དེ་ལྟ་བུའི་དབང་བསྐུར་རྩ་བའི་ རྒྱུད་ལས། མཚལ་ཆེན་ལན་གསུམ ་བཟླས་པ་ཡི། །དེ་རྣམས་སུ་ནི་ཐིག་ལེ་བྱ། །སློབ་མ་ཡི་ནི་གདོང་ཕྱེ་ལ། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ལྷ་གང་གི་ནི་གནས་གང་ཡིན། །དེ་དེར་ཡང་དག་བསྟན་པར་བྱ། །ཞེས་པ། དེ་ཉིད་རྡོ་རྗེ་མཁའ་འགྲོར། རྡོ་རྗེ་དབང་བསྐུར་བ་བརྡའི་རིམ་པར་ཕྱེ་བ་སོ་བཞི་པ་དང་བརྡའི་རོལ་པ་དང་དམ་ཚིག་དང་སྡོམ་པའི་ཆོ་གའི་རིམ་པར་ཕྱེ་བ་སོ་དྲུག་པ་དང་། རྡོ་རྗེ་སེམས་དཔའི་དབུགས་དབྱུང་བ་དང་རང་བཞིན་ངེས་པར་བསྟན་པའི་རིམ་པར་ཕྱེ་བ་ལྔ་བཅུ་པ་རྣམས་ཀྱིས་རྒྱས་པར་བཤད་པ་ནི། དང་པོར། གང་གི་རྟག་ཏུ་སྔགས་སྦྱིན་པ། །གང་གི་ཆོ་ག་དེ་བཞིན་བྱ། །ཐོད་པ་འཕྲེང་བ་དབུ་རྒྱན་དང་། །དེ་བཞིན་སངས་རྒྱས་གཙུག་ནོར་བུ། །པདྨ་དཔལ་གྱི་ནགས་རྩ་བ། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་རང་བཞིན་འགྲོ །མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱས་རང་བཞིན་འགྱུར། །ཞེས་གསུངས་པའི་རྐང་པ་དང་པོ་གཉིས་རྩ་རྒྱུད་ལས་ཀྱང་བྱུང་ཞིང་སྔགས་སྦྱིན་པའི་དོན་སྔགས་ཀྱི་ཐིག་ལེའི་སྤྲོ་བསྡུ་བསྟིམ་པ་ཡིན་པས་སྐུ་གསུང་ཐུགས་བྱིན་རླབས་བསྟན། ཐོད་པའི་བདུད་རྩིས་དབང་བསྐུར་ལ། སོ་དྲུག་པར། སྒྲུབ་པ་པོ་ཡི་ལག་གཡོན་གྱིས། །པདྨའི་སྣོད་ནི་བཟུང་ནས་སུ། །ལག་པ་གཡས་པ་བ་དན་ནི། །གསུམ་པར་བྱས་ཏེ་བསྒོམ་པར་བྱ། །ཁམས་ཀྱི་རང་བཞིན་ཐམས་ཅད་དང་། །དེ་བཞིན་སྲོག་དང་རྩ་ལས་བྱུང་། །མངོན་པར་འདུས་བྱས་ལེགས་བྲིས་པ། །སློབ་དཔོན་ཀུན་ལ་སྦྱིན་པར་བྱ། །ཞེས་པས་བསྟན། སྟོན་རྒྱུའི་བརྡ། ཐོད་པ་དང་ཕྲེང་བའམ་མདའ་གཞུ་དབུ་རྒྱན་ནི་རྡོ་རྗེ་རྒྱ་གྲམ། སངས་རྒྱས་ནི་བཅོམ་ལྡན་འདས་མའི་དོན་དམ་པའི་ཞལ་ཏེ་ཕག་གདོང་། གཙུག་གི་ནོར་བུའོ། །ཡང་ཐོད་པ་ལ་པདྨ། དཔལ་རྒྱ་གྲམ། འཕྲེང་བ་ལ་ནགས། ནོར་བུ་ལ་རྩ་བ་ཞེས་ཀྱང་གསུངས་སོ། །སྐུ་ཕེབས་ན་བུམ་དབང་གི་བརྡར་གོ །དེ་ཡང་། དབང་པོ་ཀུན་ལས་བྱུང་བ་ཡི། །དམ་ཚིག་ཐོད་པ་ཞེས་བྱར་བརྗོད། །མཛེས་མ་འཕྲེང་བ་ཞེས་བཤད་དེ། །དེ་ཁོ་ན་ཉིད་དབུ་རྒྱན་མིང་། །གཙུག་གི་ནོར་བུ་དབང་བསྐུར་ཏེ། །སངས་རྒྱས་ཞེས་བྱ་རྗེས་གནང་ཡིན། །ཧེ་རུ་ཀ་ཡི་དབང་བསྐུར་བའོ། །འདི་ལ་དྲང་ངེས་གཉིས་ཀྱི་དམ་ཚིག་གསུམ་སོགས་ལ་སྦྱར་བ་ནི་དྲང་དོན། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་དབང་དུ་རབ་ཏུ་བརྗོད། །དང་། སློབ་མ་ཆེར་གྱུར་ཤེས་ནས་ནི། །སྟོན་པས་དེ་ལ་གནང་བ་སྦྱིན། །ཞེས་པ་ལྟར་གོ་བ་ངེས་དོན། དང་པོ་རྣལ་འབྱོར་རྒྱུད་ལའང་གྲགས་པས་དང་། ཕྱི་མ་རྣལ་འབྱོར་མའི་རྒྱུད་ཁོ་ན་ལས་སོ། །གསུང་ཕེབས་ན་གསང་དབང་དུ་གོ་སྟེ། ཐོད་པ་ལུས་ཞེས་བྱ་བ་སྟེ། །འཕྲེང་བ་རྐང་པའི་མིང་ཅན་ཡིན། །དབུ་རྒྱན་བྷ་ག་ཞེས་བྱར་བརྗོད། །སངས་རྒྱས་ཁུ་བ་ཞེས་བརྗོད་དེ། །གཙུག་གི་ནོར་བུ་བདེ་བར་བཤད། །རྡོ་རྗེ་པདྨའི་དབང་བསྐུར་བའོ། །འདིར་རྐང་པ་ནི་ལིང་གར་ཤེས་སོ། །ཐུགས་ཕེབས་ན་ཤེས་རབ་ཡེ་ཤེས་སུ་གོ་སྟེ། ཐོད་པ་དབང་གཉིས་དམ་ཚིག་སྟེ། །འཕྲེང་བ་སྔགས་ཀྱི་བདག་པོར་བརྗོད། །བཅུ་དྲུག་ཐིག་གིས་ཐིག་བཏབ་པའི། །སྟོང་པ་དབུ་རྒྱན་ཞེས་བྱར་བཤད། །ཨ་ལ་སོགས་པའི་མ་མོ་རྣམས། །སངས་རྒྱས་ཞེས་བྱའི་སྒྲ་རུ་འགྱུར། །དེ་རྣམས་དབུས་ཀྱི་བདེ་བ་གང་། །དེ་ནི་གཙུག་གི་ནོར་བུར་བརྗོད། །རིགས་རྣམས་ཀུན་གྱི་ཐམས་ཅད་དུ། །རྟག་ཏུ་དབང་བསྐུར་དེ་ལྟ་བུ། །ཞེས་སོ། །ཡེ་ཤེས་ཕེབས་ན་དབང་བཞི་པར་གོ་སྟེ། །དཔལ་ཞེས་བྱ་བ་དགའ་བ་སྟེ། །བདེ་བ་སངས་རྒྱས་སུ་ནི་བརྗོད། །པདྨ་པདྨ་ཉིད་ཡིན་ལ། །ནགས་ནི་སྐྱ་རེངས་ཞེས་བྱར་གྲགས། །རྩ་བ་བྱང་ཆུབ་སེམས་ཡིན་ནོ། །ཞེས་པས་ཕྱིའི་མངོན་བྱང་མཚོན་བྱེད་ནང་གི་མངོན་བྱང་མཚོན་བྱར་བྱས་ཏེ་བསྟན་པ་དང་། པདྨ་ལྟེ་བའི་འཁོར་ལོ་སྟེ། །ནགས་སོགས་ཨ་ནི་མ་མོ་ཡིན། །རྩ་བ་ཐར་པ་སྟེར་བྱེད་པ། །བརྡ་ཡི་སངས་རྒྱས་ཕྱག་རྒྱ་ཡིན། །དབང་བཞི་པའི་ཡེ་ཤེས་ངོ་མ་བསྟན། །ལྟེ་བ་མཚོ་སྐྱེས་ཞེས་བྱ་སྟེ། །ནགས་ཞེས་བྱ་བ་ངག་ཡིད་ལ། །རྩ་བ་ལུས་ཀྱི་བླ་དྭགས་ཡིན། །སངས་རྒྱས་སེམས་ཀྱི་བརྡ་ཡིན་ཏེ། །གཅིག་པུ་ངེས་པའི་རྣལ་འབྱོར་ཡིན། །དབེན་པ་རྟོག་པ་སྤངས་པ་སྟེ། །སྦས་པ་གསལ་བར་བྱས་པའོ། །ཞེས་པས་ངོ་མ་དེ་ཡང་མས་བརྟེན་གྱི་དེ་ཉིད་བཅུ་དྲུག་རིག་པར་ཕྱེ་སྟེ་བཤད་པ་ཡིན་ནོ། །དེ་དག་དབང་རྣོན་ཉིད་ལ་བློའི་ཁྱད་པར་ཡོད་པས་གོ་ལུགས་དེ་ལྟར་གྲུབ་པ། དཔེར་ན་མི་ཞིག་གིས་གཞན་ལ་ལག་པའམ་ཁའམ་མིག་འགྲོས་ཀྱིས་བྱ་བ་བསྟན་ན། ཕ་རོལ་པོ་ཤེས་པ་དང་ལྡན་ན་དེ་རིག་སྟེ་དོན་འགྲུབ། རྨོངས་ན་མ་ཡིན་པ་བཞིན། འདིར་ཡང་སྐལ་བ་དང་ལྡན་ན་རིག །མི་ལྡན་ན་མ་ཡིན། རིག་པ་དེ་ཁ་དབང་དོན་གྱི་ཡེ་ཤེས་མངོན་སུམ་དུ་བྱས་པ་ཡིན་པས་དེ་ལས་ལོགས་སུ་དབང་བསྐུར་རྒྱུ་མེད་པས། དེ་ཉིད་དུ། གང་དང་གང་གི་ལྷ་ཡི་མཆོག །དེ་དང་དེ་ནི་སློབ་དཔོན་འགྲོ །གང་དང་གང་ལ་ལྷག་མོས་པ། །དེ་དང་དེ་ཡི་དབང་བསྐུར་བྱ། །དབང་ནི་རྣམ་པ་བཞི་དག་ཏུ། །ཡང་དང་ཡང་དུ་སོ་སོར་བཤད། །གང་ཞིག་སྔར་ནི་བཤད་པ་རྣམས། །དེ་དག་ཀུན་གྱི་བརྗོད་པ་ཡིན། །རྣལ་མའི་སྦྱོར་བ་རྟོགས་བྱའི་ཕྱིར། །བཅོས་མ་ཡིས་ནི་སྒོམ་པ་དང་། །བཅོས་མ་ཡིས་ནི་བཟླས་པ་བྱ། །རྣལ་མའི་སྦྱོར་བ་རྟོགས་གྱུར་ན། །བཅོས་མའི་སྦྱོར་བ་ཕྱི་རོལ་པས། །རྣལ་མའི་སྦྱོར་བ་རྟོགས་གྱུར་ན། །བཅོས་མ་དག་ནི་མི་བྱའོ། །དཔེར་ན་གཟིངས་ལ་འཇུས་ནས་ནི། །ཆུ་ཡི་ཕ་རོལ་འགྲོ་བར་བྱེད། །ཕ་རོལ་ཕྱིན་ནས་འདོར་བ་ལྟར། །བཅོས་མ་དག་ཀྱང་དེ་བཞིན་ནོ། །དཀྱིལ་འཁོར་ལ་སོགས་ལས་གང་ནི། །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་བསྔགས། །དངོས་གྲུབ་དེ་ཀུན་འདིར་གནས་པས། །རྒྱལ་བའི་དངོས་ཉིད་རིག་ལ་མིན། །གང་ཡང་སྒྲ་ཤེས་བསྟན་བཅོས་རྣམས། །དྲང་སྲོང་རྣམས་ཀྱིས་བྱས་པ་ལྟར། །རང་གི་སེམས་ནི་འཇུག་བྱེད་པའི། །སྐྱེས་བུ་བཅོས་མའི་བྱ་བ་རྣམས། །རྒྱུན་གྱི་རྗེས་སུ་འབྲངས་ནས་ནི། །འབད་པས་སྡུག་བསྔལ་སློང་བར་བྱེད། །དེ་ཕྱིར་དཀྱིལ་འཁོར་ལ་སོགས་པ། །བྱ་བའི་ཆོ་ག་ལ་འབད་པ། །ཐར་པ་དང་བྲལ་ཕྱི་རོལ་ཏེ། །སྐྱེས་བུ་ཉོན་མོངས་འབའ་ཞིག་བྱེད། །ཅེས་གསུངས། ཐམས་ཅད་དུ་ལས་རིམ་རྒྱས་པ་ཁོ་ན་དགོས་པ་མ་ཡིན་པ་འདིས་བཤད། བསྡུས་པ་ཁོ་ནས་ཀྱང་མ་ཡིན་ཏེ་གོང་དུ་གསུངས་པས་གདུལ་བྱའི་ཁམས་དང་མོས་པ་དང་བག་ལ་ཉལ་ཤེས་པས་སྟོན་པར་བྱའོ། །དེ་ལྟ་བུའི་དབང་རྣོན་དང་པོ་ཁོ་ན་གོ་ལ་གཞན་མ་གོ་ན་དེ་ལ་མཐར་གྱིས་སློབ་དགོས་པས་བཅོས་མ་དང་བཅས་པ་ནས་འཁྲིད་དོ། །གཉིས་པ་གོ་ན་རས་ཆུང་པས་བསྣམས་པ་རྣམས་ཏེ། རྩ་རླུང་དྲ་མིག་འཁོར་ལོས་རྩ་རླུང་ཐིག་ལེ་མི་ཤིགས་པའི་ཐིག་ལེར་སྦྱངས། དེ་འོད་གསལ་དུ་གཞུག་པའི་ཕྱིར་རིག་པ་ཡེ་ཤེས་སྒྲོན་མ་བསྟན། དེ་ལས་ཟུང་འཇུག་ཏུ་གྱུར་པའི་སློབ་པའི་དུས་རོ་སྙོམས་ཕྱིའི་མེ་ལོང་དེ་ནས་དངོས་གྲུབ་ཆེན་པོའི་ཉེར་རྒྱུར་བདེ་ཆེན་གསུང་གི་རིན་ཆེན་བཤད་པས་གང་ཟག་དེ་སངས་རྒྱས་སུ་འགྱུར་བ་ཡིན་པས་འཁྲིད་ལུགས་གཉིས། གསུམ་པ་གོ་ན། དམ་རྫས་རྟོགས་པའི་ཉི་མས་ཞུ་བདེ་དང་ཡུལ་རབ་འབྲིང་གསུམ་བསྲེས། དེ་ནས་སྤྱོད་པ་ཆུ་ལ་རལ་གྲིས་བོགས་དབྱུང་། རང་གྲོལ་ཕྱག་རྒྱ་ཆེན་པོས། སྐད་ཅིག་གཅིག་གིས་བྱེ་བྲག་བྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱ། །ཞེས་པ་ལྟར། དང་པོར་ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་དང་། དེ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པར་བྱ་བས་ཁྲིད་ལུགས་གསུམ། བཞི་པ་གོ་ན། དེས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཤེས་པས་དམ་ཚིག་རང་སེམས་མེ་ལོང་བསྟན། དེ་དེའི་དངོས་གྲུབ་ཆེན་པོའི་ཉེར་རྒྱུར་འགྲོ་བ་ཡིན། འདིས་འཁྲིད་ལུགས་བཞིའོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ནི། རབ་དབྱེ་མཛད་པས། རྡོ་རྗེ་ཕག་མོའི་བྱིན་རླབས་འདི། །མར་པ་ལྷོ་བྲག་པ་ལ་མེད། །ཅེས་སྦྱོར། དེ་ལ་མེད་དམ་སྙམ་དགོངས་པ་དེ་ལ་རྒྱུ་མཚན་རི་བོང་རྭའི་རྣོ་བརཏལ་དང་མཚུངས་སོ། །དོགས་པ་འཁྲུངས་པ་ཡང་བརྡའི་དབང་བཞི་འདི་འདྲ་མི་རིགས་སོ་སྙམ་དུ་ཟད་པས་འཁོར་ལོ་སྡོམ་པ་རྩ་བཤད་ཀྱི་ཕྱོགས་ལ་རྒྱུ་མ་གསལ་བར་མཛད་པའོ། །དེ་ལ་རྡོ་རྗེ་ཕག་མོ་ཅི་འཆད་ཀྱང་རྩོད་སྤོང་བྱེད་པ་ནི་མ་ཤེས་པ་སྟེ། རྩོད་པ་འདིའི་ཕྱོགས་སྔ་མར་གང་བླངས་མ་ཐིངས་པ་ཡིན། དེས་ན་བརྡ་བཞིའི་དབང་འདིས་ཕྱོགས་སྔ་མར་བྱས་པ་ཡིན་ཏེ། དེ་ཉིད་ཀྱིས། འདི་ལ་ཕག་མགོ་ལ་སོགས་པའི། །དབང་བསྐུར་བྱ་བ་ཡོད་ཅེས་ཟེར། །ཅེས་བཤད་པས་སོ། །དེ་ཡང་རྒྱུད་དང་མཐུན་ན་བླང་དུ་རུང་ཞེས་པས། མི་མཐུན་ཞེས་དང་མཐུན་ཞེས་ཁ་ཚོན་གཅོད་མ་ནུས་པས་དགག་པ་པོ་རང་ཚར་བཅད་ཀྱི་གནས་སུ་ལྷུང་ངོ་། །རྩོད་པ་གཉིས་པ། སྡོམ་པ་གསུམ་ལྡན་བྱར་མི་རུང་ཞེས་དང་། སྐུ་བཞིའི་ས་བོན་ཐེབས་མི་ནུས། དང་། ཕྱི་དང་ནང་གི་རྟེན་འབྲེལ་གྱི། །སྟོབས་ཀྱི་དཀྱིལ་འཁོར་འབྱུང་བ་ཡིན། །འདི་ལ་རྟེན་འབྲེལ་སྒྲིག་མི་ནུས། །དེས་ན་སངས་རྒྱས་རྣམས་ཀྱིས་བཀག །ཅེས་སྒྲུབ་བྱེད་དུ་བྱས་ནས། དེ་ཕྱིར་འདི་ནི་བྱིན་རླབས་ཙམ། །ཡིན་གྱི་སྨིན་པར་བྱེད་པ་མིན། །ཞེས་པས་འདི་སྨིན་བྱེད་དབང་དུ་འདོད་པ་བཀག་པ་ཡིན། རྗེས་གནང་ལའང་དེའི་དབུར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་བྱུང་བས་སྡོམ་པ་གསུམ་ལྡན་ནུས། །འདིར་མི་ནུས་པའི་རྒྱུ་མཚན་མེད་པ་དང་། རྡོ་རྗེ་མཁའ་འགྲོར་འདི་ཀ་དབང་བཞིར་བསྒྲུབས་ཤིང་། ཨིནྡྲ་བྷཱུ་ཏིས། ཡེ་ཤེས་གྲུབ་པར་འདིས་དབང་གོ་མི་ཆོད་སྙམ་པ་དགག་པ་དང་། ད་ེཉིད་འདུས་པ་ཡན་ཆོད་ཀུན་ཏུ། རྡོ་རྗེ་ཡེ་ཤེས་བླ་མེད་པ། །ད་ལྟ་ཉིད་དུ་འབབ་པར་ཤོག །ཅེས་བྱིན་དབབ་རྒྱུ་དེ་ཀ་ལ་རྡོ་རྗེ་སེམས་དཔའ་དབབ་པར་བཤད་པ་དང་། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་མངོན་གྱུར་དུ་ཕེབས་ནུས་པས་ས་བོན་ཐེབས་མི་ཐེབས་རྩད་མ་དགོས་པ་དང་། ཐམས་ཅད་དུ་འདི་ཁ་དཀྱིལ་འཁོར་ཆེན་པོ་ན་གསང་བའི་འཇུག་པ་ཡིན་པར་བཤད་པས་འདི་ལ་དཀྱིལ་འཁོར་ཐམས་ཅད་འབྱུང་བ་དང་། སངས་རྒྱས་ཀྱི་བྱིན་རླབས་དབང་དུ་མ་བཀག་པའི་ཁར་གནང་བ་ཁོ་ནར་ཟད་པས་ཞར་བའི་ལྟ་ཁྱེར་རོ། །སྐུ་བཞི་མངོན་གྱུར་དུ་ཕེབས་པར་དྲི་མ་མེད་པའི་འོད་ལས། འདིར་སྐུ་ཕེབས་པ་ནི། རྣལ་འབྱོར་དང་ལྡན་པ་ཞེས་པ་ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་ན་རང་བཞིན་ཡོན་ཏན་དབང་གིས་ཞེས་པ་དྲག་པོ་དང་ཞི་བའི་རང་བཞིན་གྱིས་སློབ་མ་སྐུའི་བྱ་བ་བྱེད་པ་སྟེ། ཇི་ལྟར་ཁྲོ་བོ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའ་ལ་འགྲོ་བ་དང་། ས་འོག་ཏུ་འགྲོ་བར་མཛད་པ་དེ་བཞིན་དུ་སློབ་མས་བྱེད་ཅིང་། དཀྱིལ་འཁོར་ལ་སོགས་པ་མ་མཐོང་བ་སྐྱེད་པར་བྱེད་དེ། མཆོག་གི་ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླབ་པར་གྱུར་པས་རི་བོ་འབྱིན་པ་ལ་སོགས་སྐུའི་བྱ་བ་བྱེད་དོ། །དེ་བཞིན་དུ་གསུང་ཕེབས་པས་ནི་སྲིད་གསུམ་དང་ཀླུ་དང་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་སྨྲ་བ་པོ་རུ་འགྱུར་ཏེ། ལྷའི་གསུང་རྡོ་རྗེས་བྱིན་གྱིས་བརླབས་པའི་སློབ་མ་རྨོངས་པ་ཡང་འཇམ་དཔལ་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ་ཞེས་པ་ངེས་པའོ། །དེ་བཞིན་དུ་མཆོག་གི་ལྷའི་ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་ཐམས་ཅད་དང་། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་མ་མཐོང་བ་ཐམས་ཅད་སློབ་མས་ཤེས་པར་འགྱུར་ཞེས་པ་ཐུགས་ཕེབས་པའི་ངེས་པས་སོ། །ཅི་སྟེ་སྐྱེ་བ་སྔ་མའི་བག་ཆགས་ཀྱི་སྟོབས་ཀྱིས་ཁ་ཅིག་ལ་ཡེ་ཤེས་ཕེབས་པར་འགྱུར་ཏེ། དེའི་ཚེ་དཀྱིལ་འཁོར་ལས་གྲུབ་པར་འགྱུར་ཞིང་སངས་རྒྱས་སུ་འགྱུར་རོ། །བླ་མ་ཡི་ཡང་བླ་མ་ཞེས་པ་མངོན་པར་ཤེས་པ་ལྔ་ཐོབ་པ་དང་ས་བཅུའི་དབང་ཕྱུག་ཏུ་འགྱུར་རོ། །སངས་རྒྱས་ཞེས་པ་ནི་ཉེ་བར་བཏགས་པའི་ཚིག་སྟེ་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུ་ཞེས་པ་ཡང་དེ་ཡིན་ནོ། །སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཀྱི་མཚན་ཉིད་ངེས་པའོ། །ཞེས་གསུངས་པས་སོ། །རྩོད་པ་གསུམ་པ། དབང་བསྐུར་མེད་པར་བྱིན་རླབས་བཀག །དང་། དབང་བསྐུར་མེད་པར་བྱིན་བརླབ་ན། །དམ་ཚིག་ཉམས་པར་ཐུབ་པས་གསུངས། །ཞེས་སྦྱར་བ་འདི་གསང་སྔགས་ཀྱི་དཀྱིལ་ཆོག་ཀུན་ན་དབང་བསྐུར་གྱི་སྔོན་འཇུག་པའི་དུས་སུ་བྱིན་འབེབས་བྱེད་པ་དང་འགལ་ལ། རང་ཉིད་ཀྱང་རྒྱུའི་དབང་ལ་སོགས་པ་ཅི་བསྐུར་ཀྱང་དེ་ལྟར་མཛད་པས་ཧ་ཅང་ཐལ་བའི་ཚིག་འདི་བསེར་མ་གཡོས་པའི་རྟགས་སུ་སྣང་ངོ་། །དེ་དག་དམ་ཚིག་ཉམས་ན་ནི་གསང་སྔགས་སྟོན་པ་ཐམས་ཅད་ཨ་རྫི་རྫི་དམྱལ་བར་ཕེབས་ཡོད་ཅི་དྲག་ན་འདྲིའོ། །རྡོ་རྗེ་ཕག་མོ་ཉིད་ལས་ཀྱང་། །དབང་བསྐུར་ཐོབ་ཅིང་དམ་ཚིག་ལྡན། །དེ་ལ་བྱིན་བརླབ་བྱ་བར་གསུངས། །ཞེས་པའང་འདིའི་གཞུང་ལ་མེད། གཞན་གྱི་གཞུང་དྲངས་ནས་དམ་ཚིག་དང་འགལ་བར་སྨྲ་མི་འཚལ། དབང་བསྐུར་མེད་པར་ལམ་ཟབ་མོ། །བསྒོམས་པས་སངས་རྒྱས་ཐོབ་སྙམ་ན། །དབང་བསྐུར་མེད་པར་ལམ་ཟབ་མོ། །སྒོམ་པ་ངན་འགྲོའི་རྒྱུ་རུ་གསུངས། །མདོ་ལུགས་ལ་ཟབ་མོ་སྟོང་པ་ཉིད་ཉམས་བ་ཞེས་མཛད་པ་པོ་ཐམས་ཅད་ངན་སོང་གསུམ་པོ་གར་སོང་ཡོང་། མ་སོང་ནི་ཅིས་གསུངས། སྔགས་ལུགས་ལའོ་སྙམ་ན་བྱང་ཆུབ་ཕྱོགས་སོ་བདུན་སོགས་ཐུན་མོང་བའི་སྒོམ་པ་ལ་གོམས་པར་བྱེད་པ་ཐམས་ཅད་ལའང་མཚུངས་སོ། །དེས་ན་གྲུབ་ཐོབ་ཐམས་ཅད་ཀྱང་། །ཕྱོགས་རེའི་སྟོབས་ཀྱིས་གྲོལ་བ་མིན། །དབང་དང་རིམ་གཉིས་ལས་བྱུང་བའི། །ཡེ་ཤེས་སྐྱེས་པས་གྲོལ་བ་ཡིན། །འདི་ཡང་རང་ཚིག །དེས་ན་གང་ཟག་དབང་པོ་རབ། །དབང་བསྐུར་ཉིད་ཀྱིས་གྲོལ་བར་གསུངས། །ཟེར་བ་དང་། ས་ཆེན་གྱི་ལམ་ཟབ་བླ་མར། བླ་མས་ཚིག་གཅིག་མ་བསྟན། སློབ་མས་ཚིག་གཅིག་མ་ཉན་པར་དཔོན་སློབ་ཀྱི་རྟེན་འབྲེལ་འགྲིག་པས་གྲོལ་བར་བཤད་པ་སོགས་དང་འགལ་བས་གཞུར་བ་མེད་བཞིན་པར་འདི་སྐད་ཕེབས་པའང་ཅི་ཡིན་སྙམ་མོ།། །།གཉིས་པ་དམ་ཚིག་རང་སེམས་མེ་ལོང་བལྟ་བ་ལ་གསུམ་སྟེ། ཕོ་ཉའི་གཙང་སྦྲ། ཟླ་བའི་གཙང་སྦྲ། སྣོད་གཅིག་ཏུ་ཟ་བའི་གཙང་སྦྲ་ལས། དང་པོ་ནི། བྱ་དང་བྱ་མིན་ཡོངས་ཤེས་པས། །རྡོ་རྗེ་མཁའ་འགྲོའི་རིམ་པར་ཕྱེ་བ་སོ་དྲུག་པར། ཉིན་རེའམ་ཡང་ན་ཟླ་རེའམ། །ཡང་ན་དེ་བཞིན་ལོ་རེར་ནི། །ཇི་བཞིན་བྱིན་གྱིས་བརླབས་ནས་ནི། །ཕྱག་རྒྱའི་དངོས་གྲུབ་འཇུག་པར་འགྱུར། །ཞེས་པ། མི་བྱ་བ་ནི། པདྨ་མཆོག་ལ་རེག་བྱེད་པ། །ལོ་ཅིག་བར་དུའང་མ་བྱས་ན། །སྒྲུབ་པོས་དམ་ཚིག་སྤངས་འགྱུར་ཏེ། །དེས་ན་དམ་ཚིག་སྤངས་ནས་སུ། །སླར་ཡང་མི་བྱའི་སྡོམ་པ་བླང་། །གཞན་དུ་སྔགས་དང་ཕྱག་རྒྱ་ནི། །རིམ་པ་འབྲས་བུ་མེད་པར་འགྱུར། །ཞེས་པ་སྟེ། སྔ་མ་དེ་ལས་མི་འདའ་བ་དམ་ཚིག །ཕྱི་མ་མི་བྱ་བར་སྡོམ་པས་སྡོམ་པ་སྟེ། དེས་རིམ་པར་ཕྱེ་བ་འདི་ལ་དམ་ཚིག་དང་སྡོམ་པའི་ཆོ་གའི་རིམ་པར་ཕྱེ་བ་ཞེས་བཞག་གོ །དམ་ཚིག་རང་སེམས་མེ་ལོང་ལྟ། དེ་ལ་གསུམ་གྱི་དང་པོ་གང་ལ་ལྟ་ན། སེམས་ཉིད་རང་གསལ་མེ་ལོང་ལ། ཅིའི་ཕྱིར་ལྟ་ན། །དབང་གི་འབྲས་བུ་མཐར་ཕྱིན་པར་བྱ་བའི་ཆེད་དུ། ཚུལ་ཇི་ལྟར་ལྟ། ལོག་རྟོག་འཁོར་བའི་དྲི་མ། རྡོ་རྗེ་མཁའ་འགྲོར། ལག་པས་འཕེན་པ་ཞེས་བྱ་བ་ནི། རང་གི་ལྷར་དམིགས་ཏེ་དམ་ཚིག་དབང་དུ་བྱ་བའི་ཕྱིར་འགྲོ་བ་དང་འོང་བར་བྱེད་པའོ། །རླུང་གནད་དེར། ལག་པ་གཡོན་པ་ནི་སྣ་སྒོ་གཡོན་པ་སྟེ་བསྡུ་བའོ། །ཞེས་པས་རྩ་གསུམ་གྱི་སྣ་གསང་བའི་རྡོ་རྗེ་ནོར་བུ་བྷ་གར་གཏོད་པ་ལ་གཡོན་བརྐྱང་མའི་རླུང་གིས་དགའ་བྲལ་གྱི་བདེ་བ་ཉམས་ནས་ཁམས་གསུམ་འཁོར་བའི་རྣམ་རྟོག་སྐྱེད་པ་ཡིན་ནོ། །གཉིས་པ་ཕྱིས་ཞེས་པ་དེ། རྣམ་པར་རྟོག་པའི་རྡུལ་དེ་ཕྱི་བར་བྱ་བའོ། །ཚུལ་གང་གིས་ཕྱི་ན། དེར། འཕངས་ནས་སླར་ནི་གཟུང་བ་དང་། །ཞེས་བྱ་བ་ནི་ཕྱག་རྒྱར་བཅུག་སྟེ་བསླད་ནས་ཐལ་བར་བྱས་ལ་སླར་ཡང་གཟུང་བ་ཞེས་བྱ་བ་ལ་སོགས་པའི་ཡི་གེས་རང་ཉིད་བཀུག་ནས་བསླང་སྟེ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ནམ་མཁའི་ངོས་ཐམས་ཅད་ཡོངས་སུ་ཁྱབ་པའི་དུ་བ་ལྟ་བུའི་ཡེ་ཤེས་དེར་བཀུག་ཅིང་གསོས་ཏེ་དམ་བཅའོ་ཞེས་སོ། །རླུང་གནད་དེར། ལག་པ་གཡས་པ་ཞེས་བྱ་བ་ནི་སྣ་སྒོ་གཡས་པ་སྟེ། དེ་ནས་སྤྲོ་བར་བྱའོ། །ཞེས་སོ། །དེ་ནི་གཡས་པ་ར་སཱ་ནའི་རླུང་གིས་གྱེན་དུ་ཟློག་པའི་ཚེ་བྱང་སེམས་རོ་མར་བཅུག་པས་འདོད་པའི་དབང་ཕྱུག་ཀ་མ་ཏྭ་ཏྟར་འགྱུར་རོ། གསུམ་པ། ཨ་ཧཾ་སྲོག་རྩོལ་སམྦུ་ཊར། །ཞེས་པས། ཁྲོ་བོའི་གཟུགས་སུ་བསྒོམས་ནས་སུ། །ལྷ་ཡི་དབང་པོ་གཞུར་བྱས་ནས། །ཀླུ་དབང་བཱ་སུ་ཏ་ཡི་རྒྱུད། །གློག་ནི་མདའ་རུ་བསམ་བྱ་སྟེ། །མེ་ལྕེ་འབར་བ་མདེའུར་བྱ། །སྒྲོ་ནི་རླུང་ཞེས་བྱ་བ་སྟེ། །རྣམ་པ་ལྔར་ནི་འགུགས་པ་ཡིན། །ཞེས་པའི་རྐང་པ་དང་པོ་གསུམ་ལུས་གནད་ཏེ་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་བཅས། གྲུ་མོ་བརྒྱང་ཉྭ་བཞི་སྒྲིམ། ཚངས་དབྱུག་སྲང་། རྒྱུ་མ་ཕོ་བར་དྲང་། བཞིན་རས་ཁྲོ་བོ་ལྟ་བུ། ཨོག་ལྐོས་མདུད་དྲག་པོར་མནན་པའོ། །རླུང་གནད་དེར་མི་ཕེན་པ་ཞེས་བྱ་བ་ནི། རང་གི་སྙིང་གའི་ཡིག་འབྲུ་ལ་སྣ་སྒོའི་ལམ་ནས་བྱུང་སྟེ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །ཞེས་སོ། །དམིགས་པ་གློག་ནི། ལྟེ་བའི་དུས་ཀྱི་མེའི་སྤྲོ་བསྡུ་བྱ་བ། །དེ་ནི་སྟེང་འོག་གཅིག་ཏུ་སྦྱར་བས་ཡོན་པོ་བསྲངས་པས་ཚེ་འཕེལ་བ་བེ་ཤ་ཏྭ་ཏྟར་འགྱུར་རོ། །གཉིས་པ་ནི། གདོད་ནས་དག་པ་སྐུ་བཞིའི་རྒྱུད། དེ་ཡང་དབུས་མ་ཨ་ཝ་དྷཱུ་ཏཱི་རླུང་གིས་བྱང་སེམས་སྐུ་བཞིའི་ས་བོན་དེ་ཉིད་དུ་ཚུད་པའི་ཚེ་མི་ཟད་པ་བསམ་གཏན་གྱི་བདེ་བ་ནཻ་རཉྫྱ་ན་ཏྭ་ཏྟ་ཞེས་བྱ་བ་བཞིར་འགྱུར་རོ། །གསུམ་པ་ནི། དྲི་མེད་རིག་གསལ་དག་པ་ལས། །སྣང་མེད་རིག་ཙམ་རྒྱུན་དུ་ལྟོས། །དེ་ལ་སྟོང་པ་ཉིད་ཀྱི་རྒྱས་བཏབ་པས་ཟག་པ་མེད་པའི་རཱ་མ་ཏྭ་ཏྟར་འགྱུར་ཏེ། དེས་ལུས་ངག་ཡིད་ཡེ་ཤེས་ཀྱི་ཐིག་ལེ་བཞི་བཞི་སྒྲིབ་བྲལ་དུ་འཛིན་པས་དེ་ཉིད་བཅུ་དྲུག་རིག་སྟེ་སངས་རྒྱའོ། །དེའི་ཕྱིར་དམ་ཚིག་འདི་དངོས་གྲུབ་ཀྱི་རྒྱུར་བསྐྱང་བར་བྱ་བ་སྟེ། རྩ་ རྒྱུད་ལས། གཙང་སྦྲ་གསུམ ་དུ་ཤེས་བྱ་ཞིང་། །རང་གི་རྒྱུད་བཞིན་རྣལ་འབྱོར་གནས། །རིགས་དང་རིགས་མིན་ངོར་མི་ལྟ། །སྤྱི་གཙུག་ལ་སོགས་བཅིང་བ་སྤངས། །ཕོ་ཉའི་གཙང་སྦྲ་དང་པོ་ཡིན། །གཉིས་པ་ཞི་བ་ཡིན་པར་བརྗོད། །སྣོད་གཅིག་ཏུ་ནི་ཟ་བ་ནི། །གཙང་སྦྲ་གསུམ་པ་ཡིན་པར་བཤད། །རྣལ་འབྱོར་པ་ཡིས་རྟག་པ་རུ། །གཙང་སྦྲ་འདི་དག་རྟག་ཏུ་བསྐྱང་། །གཙང་མ་དག་པའི་རིམ་ཐོབ་ན། །དངོས་གྲུབ་གང་ལ་འབྱུང་བར་འགྱུར། ཞེས་སོ།། །།གསུམ་པ་རིམ་གཉིས་མཉམ་པར་བཞག་པ་ལ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ལ། གཞན་གྱི་དེ་ཉིད་སྒྲུབ་པ། བདག་གི་དེ་ཉིད་ཉེ་བར་སྒྲུབ་པ། རྣལ་འབྱོར་གྱི་དེ་ཉིད་སྒྲུབ་པ་ཆེན་པོ་གསུམ་ལས། དང་པོ་ནི། སྒྲུབ་ཐབས་ལས། སྒྲུབ་པ་ལུས་ཀྱི་སྤྲུལ་པར་བཞུགས། །རབ་ཏུ་འབར་བས་ཕྱོགས་ཀུན་གསལ། །སངས་རྒྱས་རྣམས་ནི་བསྐུལ་བར་མཛད། །ཅིར་ཡང་མི་རྟོག་གསལ་གྱུར་ཅིག །རང་བཞིན་དབྱིངས་ལས་མ་གཡོས་པར། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །རྒྱལ་བ་ཀུན་གྱི་སྙིང་པོ་མཆོག །དེ་ལ་ཕྱག་འཚལ་ཕྱག་འཚལ་འདུད། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་མེད་ཆོས་ཀྱི་ལུས་ཡིན་ཕྱིར། །རྣམ་མེད་རྣམ་པའི་གཟུགས་ཅན་མ། །དེ་ཡི་སྒྲུབ་ཐབས་གསལ་བར་བརྗོད། །ཅེས་པས་ཤིས་པར་བརྗོད་པ་དང་། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བ་ཚིགས་སུ་བཅད་པ་རེས་གསུངས་ནས། སྔོན་དུ་བྱ་བའི་རིམ་པ། ཡིད་དང་མཐུན་པས་སེམས་ཁྲིད་ནས། །བློ་གྲོས་ཆེན་པོས་བདེ་ལ་འཇུག །བྱ་འོས་རང་གི་མགོན་ལ་བཏུད། །དེ་ཁོ་ན་ཡང་མངོན་དུ་བྱ། །རྒྱུད་ནས་བསྔགས་པའི་གནས་སུ་མཐུན་པའི་གྲོགས་དང་བཅས་ཏེ་རྣལ་འབྱོར་གྱི་ཡོ་བྱད་ཚང་བར་བསགས་ནས་གཞན་གྱི་དོན་འབའ་ཞིག་བསམས་ཏེ་བདེ་བའི་སྟན་ལ་འདུག་པས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད། བླ་མ་རྡོ་རྗེ་སེམས་དཔར་ངེས་པ་བརྟན་པོས་རྣལ་འབྱོར་བྱ་བ་ནི། ངོ་བོ་བླ་མ་རྣམ་པ་རྡོ་རྗེ་སེམས་དཔའ་དེ་བཞིན་ངོ་བོ་གསོལ་འདེབས་རྣམ་པ་ཡིག་བརྒྱ། ངོ་བོ་བྱིན་རླབས་རྣམ་པ་བདུད་རྩི་ཕྱི་མའང་རྡོ་རྗེ་མཁའ་འགྲོར། ཡང་ན་ཉན་ཐོས་ལ་སོགས་པའི་གནས་ཐམས་ཅད་སྲེགས་པས་ན་ནམ་མཁའ་སྟེ། ནམ་མཁའ་དེར་བདུད་རྩིའི་རང་བཞིན་གྱི་རྒྱུ་ཞིང་ལོངས་སྤྱོད་པས་ན། ནམ་མཁར་ཀུན་ཏུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་གསུངས། དེས་ན་འདིར་ངོ་བོའི་སྒོ་ནས་བླ་མ། རྣམ་པའི་སྒོ་ནས་ཡི་དམ། བྱེད་ལས་ཀྱི་སྒོ་ནས་མཁའ་འགྲོ་ཡིན་ལ། བྱིན་རླབས་དངོས་གྲུབ་འཕྲིན་ལས་ཀྱི་རྩ་བ་གསུམ་གཅིག་ཏུ་འགྲུབ་པའོ། །དེ་ནས་དམ་ཚིག་གི་རིལ་བུ་བཏབ་པའི་ཆང་བྱིན་གྱིས་བརླབ་པའི་ཕྱིར་ལག་མཆོད་བྱ་སྟེ། དཔའ་བོ་ཡི་གེ་དྲུག་གིས་སྦར། །ཤེས་རབ་རིམ་པ་ལྔ་ཡི་མཐིལ། །སྐྱོན་བྲལ་ཡེ་ཤེས་ལྔ་ནི་དངོས། །དབུས་ནས་བརྩམས་ནས་བསྲུང་བ་དྲུག །འཁོར་ལོ་སྡོམ་པའི་རིམ་བཞིན་གསལ། །རྩ་རྒྱུད་ཀྱི་ལེའུ་སོ་གཅིག་པར་ལག་མཆོད་བསྟན་ལ་ལྷ་དང་ཡི་གེ་འདམ་ངར་བསྟན་པ་དེ་བཞིན་དུ་བྱ་བ་ཡིན་ནོ། །དེ་ནས་རྒན་པོ་མིང་མེད་ཀྱི། །ཐབས་དང་ཤེས་རབ་གྲིམས་པ་ལས། །གཙང་སྦྲ་རྣམས་ཀྱི་ཐོག་མའོ། །རྒན་པོ་དང་མིང་མེད་ཐབས་ཤེས་སྦྱར་བའི་བརྡ་ཡིན། དེ་ལ་མཆོད་ཅིང་དེ་དག་ཞུ་བའི་ཁུ་བ་ཀ་པཱ་ལར་བླུག་བདུད་རྩིར་བྱས། དེ་ནས་ཅུང་ཟད་མྱང་བས་ཁ་དག་པར་བྱ་བའོ། །འཁོར་བའི་སོགས་དགུས་སིནྡྷུ་རའི་དཀྱིལ་འཁོར་བྲི་བ་བསྟན་ལ། དེའི་དང་པོ། འཁོར་བའི་རང་བཞིན་ཡོངས་ཤེས་པས། །སྣ་ཚོགས་གཟུགས་བརྙན་འཆར་བ་ལ། །གཉིས་ཀྱི་བྲི་གཞི་མེ་ལོང་། །བདེ་གཤེགས་དྲུག་པས་གཟེར་བཏབ་སྟེ། །ཞེས་པ་རིགས་དྲུག་མཚོན་པ་ཆོས་འབྱུང་ཟུར་དྲུག །ཆགས་པའི་ཉམས་ཀྱིས་ཀུན་ཏུ་བརྡལ། །མངོན་བརྗོད་ལས། རྗེས་སུ་ཆགས་པ་དམར་པོའི་མདོག །ཅེས་གསུངས་པས་སིནྡྷུ་ར་བརྡལ་བ་ཡིན། ཤེས་རབ་ཆང་སྟེ་བྲི་རྫས། ཛམ་བུ་ཆུ་བོ་ཅན། བྲི་བྱེད་གསེར་གྱི་སྨྱུ་གུ །རང་བཞིན་རིགས་ཀྱི་རྣམ་པར་བཀོད་ནས་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་བྃ་བཀོད་པ་ཡིན་ལ། འགྱུར་མེད་གསུམ་དང་རང་གཟུགས་སྔགས། །ཞེས་པས་ལྷག་མ་བཅུ་གསུམ་ཡང་། ཟླ་ཚེས་ཐིག་ལེས་སྤྲས་པར་བཀོད་དེ་སྐུ་གསུང་ཐུགས་མཚོན་པའོ། །ཇི་དགོད་པ། གསལ་བའི་འབྲུ་ཚོགས་རིམ་པ་ནི། །སྡེ་ཚན་བརྒྱད་ཀྱི་དང་པོ་རྣམས། །འདིར་དབྱངས་སྡེ་ཚན་གཅིག་ཏུ་བྱས་པས་སྡེ་བརྒྱད། སྤྲུལ་པའི་འཁོར་ལོར་བཀོད་ནས་ནི། །སྤྲུལ་པ་ནི་དབྱིབས་དེའི་འཁོར་ལོ་ལ་བཀོད་པར་བྱའོ། །དེ་ཡང་དཀྱིལ་འཁོར་དེ་བདག་གི་མདུན་ངོས་སྟེགས་བུ་གཙང་མ་ལ་མཉྫྱི། དེའི་ཁར་ཀ་པཱ་ལ་བདུད་རྩིས་གང་བ། དེའི་སྟེང་དུ་བཞག་ནས་དར་དམར་པོའི་གུར་ཕུབ། མཐའ་མ་རྣམས་མཆོད་པ་ལྷ་གྲངས་ཀྱིས་བསྐོར་རོ། །དེ་རྩ་རྒྱུད་ལས། དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ །སྔགས་པས་ཆོ་ག་བཞིན་དུ་བྲི། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །འདིར་སྔགས་ཚིག་ནི་འདི་ཡིན་ཏེ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་ཚན་ལ་ནི་ཡོངས་སྡོམས་པ། །བཞི་བཞི་རུ་ནི་ཤེས་བྱ་ལ། །ཐུབ་པ་མཆོག་གི་རེ་མིག་ལ། །དེར་གནས་དཔའ་བོ་བཏུ་བར་བྱ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའོ། །འགོད་བྱ་ལ་ཡི་གེ་བརྒྱད་ལས་མེད་དམ་སྙམ་སྐྱེ་སྲིད་པས། འདིར། ཨཱ་ལི་ཀཱ་ལིི་མཉམ་བྱས་ནས། །ཞེས་གསུངས་པས། མ་ནིང་སྤངས་པའི་ཨཱ་ལི་ལ་ཚན་པ་བདུན། ཀ་སོགས་ལ་ཚན་པ་བདུན་ཡོད་པས་མཉམ་པ་སྟེ། རྡོ་རྗེ་མཁའ་འགྲོའི་རིམ་པར་ཕྱེ་བ་ལྔ་བཅུ་པར། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཞེས་བྱ་བ་ནི། ཨཾ་ཨིཾ་ཨུཾ་ཨེཾ་ཨོཾ་ཨཾ་ཨཿཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཏེ་ཞེས་གསུངས་སོ། །བཞི་བཞི་ཞེས་པ་འདིར་ཕྱོགས་བཞི་མཚམས་ཀྱི་བཞི་ཞེས་བྱས་ནས་ཆོས་འབྱུང་གི་ནང་དུ་པདྨ་འདབ་མ་བརྒྱད་པ་བཤད། ཐུབ་པ་མཆོག་གི་རེ་མིག་ནི་བདུན་ཏེ། འདབ་མ་དྲུག་པ་ལྟེ་བ་དང་བཅས་པ་གཅིག་འགོད་པའམ། ཡང་ན་རྡོ་རྗེ་མཁའ་འགྲོ་ལས་དེ་མ་བཤད་པས། པདྨ་ཕྱི་བརྒྱད་པ་དང་ནང་བཞི་པ་རང་དུ་བྱས་ནས་སྟེང་འོག་གཙོ་མོའི་སྟེང་འོག་ཏུ་སྦྱར་ཀྱང་རུང་། དེ་ལ་གུག་བྱེད་ཅན་བཞི་ནང་མར་ལུགས་འབྱུང་དེ་གཡོན་སྐོར། སྡེ་བརྒྱད་ཀྱི་དང་པོ་ཕྱོགས་དང་། མཚམས་གཡས་སྐོར་དུ་རིམ་པ་བཞིན་འགོད། ཐ་མ་གཉིས་དཀར་དམར་གྱི་གང་བ་ཡིན་པས་དང་པོ་སྟེང་། ཕྱི་མ་འོག །ཕྱི་མ་འདི་ལ་ཚེག་དྲག་ཡོད་པས་ཐིག་ལེ་མི་སྦྱར། འདབ་མ་དྲུག་པར་བྱེད་པའི་ཚེ་སྟེང་མ་ནུབ་ཀྱི་གཡོན། འོག་མ་ཤར་མའི་གཡས། རྔོག་པ་སྟེང་འོག་ཕྱི་མའི་ཤར་ནུབ་ཀྱི་པདྨའི་ཕྱི་མཐའ་ལ་འགོད་དེ་གསུམ་གདམ་པའོ། །རྣལ་འབྱོར་ལ་ཞུགས་ནས་དེ་དག་ལྷར་བསྒྱུར་བ་རྡོ་རྗེ་མཁའ་འགྲོའི་ལུང་དྲངས་པའི་དེ་མ་ཐག་ཏུ། རབ་ཏུ་སྦྱོར་བ་རྒྱས་པ་ནི། །སྒྲུབ་པ་སྒྲུབ་པོ་རྣམས་ལ་བཤད། །པདྨ་གར་དབང་བསྒྱུར་ནས་སུ། །བུ་མོའི་གནས་ལ་འདུག་པར་བསམ། །ཨེ་ཞེས་བྱ་དང་བམ་ཞེས་པ། །ལ་ཞེས་བྱ་བ་གསུམ་པ་དེ། །ཞེས་གསུངས་པའི་ཨེ་གཞན་ཝཾ་གི་བདག་ལ་རྣལ་འབྱོར་གྱི་དེ་ཉིད་བཤད་པ་ཡིན་ནོ། །ལྷ་ནི། ལུགས་ལས་བྱུང་བའི་རིམ་པས་ནི། །གཙོ་བོ་གཉིས་དང་ཕྱོགས་ནི་བཀོད། །མཚམས་ནས་ལུགས་ལས་བཟློག་པ་ཡིས། །དཀྱིལ་འཁོར་ཀུན་གྱི་བདག་པོར་འགྱུར། །བརྟན་པའི་སེམས་ཀྱི་མངག་གཞུག་བཞིས། །རྡོ་རྗེ་ལྷ་མོ་བཀུག་ལ་བསྟིམ། །གླུ་གར་རོལ་མོ་བསྟོད་པས་བརྒྱན། །བྱ་བ་གཞན་སོགས་ཤེས་པར་བྱ། །དེ་ཡང་རྩ་རྒྱུད་ལེའུ་རྩ་དྲུག་པར། །ལུགས་འབྱུང་ལུགས་ལས་ཟློག་པ་ཡི། །ཕོ་ཉ་མོ་ཀུན་ཡང་དག་གནས། །འོག་དང་སྟེང་གི་དངོས་གྲུབ་སྟེར། །བདག་གི་ཕོ་ཉ་མོ་ཀུན་འགྲོ །ཕོ་ཉ་མོ་དེས་དོན་ཀུན་སྟེར། །ཞེས་གསུངས། བདག་གི་ཕོ་ཉ་མོ་ཞེས་པ་རྣལ་འབྱོར་མ་བཅུ་གཉིས་རྡོ་རྗེ་ཕག་མོ་རིགས་ལྡན་མའི་དབྱེ་བ་ཡིན་པས། ཕག་མོ་ཡི་ནི་རིགས་ལས་བྱུང་། །རྣལ་འབྱོར་མ་ནི་བཅུ་གཉིས་དང་། །ཞེས་གསུངས་པ་དང་། སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན། །དང་། ཀཱ་ཀའི་གདོང་སོགས་བརྒྱད་པོ་ནི། །གྲོལ་དང་དད་པ་འཕེལ་བྱེད་པ། །ཞེས་གསུངས་སོ། །གཉིས་པ་བདག་གི་དེ་ཉིད་ཉེ་བར་སྒྲུབ་པ་ནི། ཐམས་ཅད་ནམ་མཁའི་མཚན་ཉིད་ཏེ་སོགས་ཚིགས་བཅད་ཀྱིས་སྭ་བྷཱ་ཝའི་སྔགས་དོན་རྣམ་པར་ཐར་པའི་སྒོ་བཞི་བཤད་པ་ཡིན་ལ། རྐང་པ་དང་པོས་མཚན་མ་མེད་པའི་རྣམ་པར་ཐར་པ། ནམ་མཁའ་ལ་ཡང་མཚན་ཉིད་མེད། སྨོན་མེད། ནམ་མཁའ་དང་ནི་མཉམ་སྦྱོར་བས། སྟོང་ཉིད། ཀུན་ཀྱང་མཉམ་པ་ཉིད་དུ་གསལ་གྱིས་འདུས་མ་བྱས་པའི་རྣམ་པར་ཐར་པ་བསྟན་ནོ། །དེར་རྗེས་གྲུབ་པ་ལུས་ཀྱི་དཀྱིལ་འཁོར་དུ། །རང་གནས་བརྡལ་བ་དབུགས་བྲལ་སྙིང་ག་དེར། །ཚ་ཟེར་སྟེང་དུ་ཞེས་ཆོས་འབྱུང་གདན་དང་བཅས་པ་ལྔ་པའི་གསུམ་པ་ལ། ནམ་མཁའ་བསིལ་ཟེར་རབ་རྒྱན་སྤྲོས་པ་ལས། །འཁོར་འདས་སྙིང་པོ་བདེ་བའི་རང་གཟུགས་ཅན། །རྩེ་གཅིག་ཞལ་གྱིས་ཕྱོགས་བཅུར་གཟིགས་པར་མཛད། །དུས་གསུམ་མཉམ་ཉིད་འབར་བའི་སྤྱན་དང་ལྡན། །བརྐྱང་བསྐུམ་གར་མཛད་ཕྱག་རྒྱ་ལྔ་ཡིས་སྤྲས། །ཞེ་སྡང་རབ་ཏུ་རྒྱས་པ་ཡིས། །འབར་བའི་མཚོན་ཆ་འོག་ཏུ་གདེངས། །འདོད་ཆགས་ཆེན་པོའི་མེ་འབར་བས། །ཆོས་ཀྱི་རྒྱལ་མཚན་ཕྲག་པར་བཀལ། །གཏི་མུག་ཆེ་ལ་གནས་པ་ཡིས། །པད་སྣོད་དཀར་པོས་ནམ་མཁའ་འཇོ། །ཉམས་དགུ་གར་གྱི་རོལ་པ་ཡིས། །བདེ་གཤེགས་མ་ལུས་དགྱེས་པར་མཛད། །ཆེ་བའི་ང་རྒྱལ་དྲེགས་པ་ཡིས། །མགུལ་པར་མགོ་བོ་ཚར་དུ་དངར། །ཕྲག་དོག་ཆེ་ལ་གནས་པ་ཡིས། །སངས་རྒྱས་སྤྲིན་ནི་རབ་ཏུ་འཕྲོ། །བནྡྷུ་རཱི་ཀཱའི་མདོག་འདྲ་བས། །འབར་བའི་འཕྲེང་བ་ཀུན་ཏུ་འཁྲིགས། །ཕྱོགས་གོས་བརྒྱད་གཉིས་ལོ་ཡི་ཚད། གཙོ་མོ། མངག་གཞུག་འཁོར་ལོ་ལ་སོགས་སྔ་མ་ལྟར། སྟོང་ཉིད་དེའི་གདངས་ལ་རང་བཞིན་གྱིས་རྟེན་གཞལ་ཡས་ཁང་དུ་གྲུབ་པའི་ལུས་ཀྱི་ལྟེ་བར་ཆོས་འབྱུང་གི་དཀྱིལ་འཁོར་བསམས་ནས་ལྷར་བསླང་ནས་མཆོད་པ་རྫོགས་པའི་བར་ནི་ཚིགས་བཅད་དྲུག་པོས་བསྟན་ནོ། །སྒོམ་པའི་དུས་ལ། ས་འོག་གི་ལྷ་མོ་དབུ་མཐུར་བསྟན་མི་མཛད་པར་འོག་གི་གདོན་གྱི་ཚོགས་སྡིགས་པའི་ཕྱིར་ཞལ་མཐུར་དུ་ལྟ་བ་ཡིན། དེ་དག་སྟོང་པ་ཉིད་ཀྱི་རང་གདངས་འཇའ་ཚོན་ཙམ་དུ་ལྟ་ཡི། ཐ་མལ་པའི་ལྷ་ལྟ་བུར་ནི་མ་ཡིན་ནོ། །དེས་སྣང་བའི་ངོས་ནས་ལྷ་དེ་ལ་སེམས་རྩེ་གཅིག་པ་ནི་དོན་མཚན་བཅས་ཀྱི་ཞི་གནས་ཡིན། དེའི་སྟེང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་ཞིག་བྱུང་ན་དེ་ཤེས་བཞིན་ནོ། །དེས་ཐ་མལ་གྱི་ཆ་སྦྱངས། དེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པར་མཐོང་བས་སྣང་བའི་ཆ་སྦྱངས། དེ་ཡང་སྣང་བའི་ངོ་ན་ཡོད། །ཞེན་རྒྱུའི་ངོ་ན་མེད་པས་འཇའ་ཚོན་ལྟ་བུས་ཞེན་པ་སྦྱངས་ནས་བསྐྱེད་རྫོགས་ཟུང་འཇུག་ཏུ་སོང་། དེ་ཀ་ལ་བསྐྱེད་རིམ་སྒྱུ་མ་ཞེས་གསུངས་སོ། །ལྡང་བར་འདོད་ན་མགོན་ལ་བཏུད། །མུཿཞེས་དགེ་བ་བསྔོ་བར་བྱ། །འདི་མཐར་བཤད་པ་ནི་རིམ་གཉིས་གདན་ཐོག་གཅིག་ལ་སྒོམ་པའི་དབང་དུ་ཡིན་ལ་གཞན་འདིར་རོ། །གསུམ་པ་ནི། སྤྲོ་དང་བསྡུ་བར་བྱེད་པ་ཡིས། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །མཁས་པས་ཇི་ལྟར་རིགས་པ་ཡིས། །དངོས་གྲུབ་ཅེས་གསུངས་པ་ནི། །ལྷའི་འཁོར་ལོ་ལ་སེམས་ཟིན་ཚུལ་དེ་ལྟ་བུ་ཞིག་བྱུང་ནས་ཚོགས་ཀྱི་དཀྱིལ་འཁོར་བརྩམས་ཏེ་འཕྲིན་ལས་རྣམ་པ་བཞིས་ཇི་ལྟར་འོས་པ་དང་དངོས་གྲུབ་རྣམ་པ་བརྒྱད་ལས་གང་འདོད་པ་བསྒྲུབ་པར་བྱའོ། །དེ་ཡང་རྩ་རྒྱུད་ཀྱི་སོ་དྲུག་པའི་ལུང་འཕྲོར། མཐོང་དང་དེ་བཞིན་རེག་པ་དང་། །ཙུམྦྷ་ན་དང་རྟག་པར་འཁྱུད། །སྦྱོར་བའི་གནས་ཀྱི་ཁྱད་པར་ཉིད། །ཇི་སྙེད་རྣལ་འབྱོར་ཚོགས་རྣམས་ནི། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །ཅེས་པས་གསུངས། མཚན་མའི་རིམ་བཞིན་བསམ་ཞེས་པས། གཞོན་ནུ་མ་མཆོད་པ་སྟེ་དེ་ལས་མཚན་མ་རྟགས་དགེ་མི་དགེ་ཤེས་པར་བྱ་བའོ། །འདིའི་མཚན་མ་སྡོམ་འབྱུང་ལས་རྒྱས་པར་གསུངས། །དེ་ཡང་རྩ་རྒྱུད་ཀྱི་ལུང་འཕྲོས་དེ་ཉིད་དུ། བདེན་པ་ཐམས་ཅད་སྦྱིན་བྱ་སྟེ། །གཞན་དུ་ཡང་ནི་མ་ཡིན་ནོ། །མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་ཕོ་ཉ་མོར་གནས་ལ། །ཞེས་པས་སོ། །དེའི་དེ་མ་ཐག་ཏུ། གང་གིས་རྟག་ཏུ་སྔགས་སྦྱིན་པ། །གང་གིས་ཆོ་ག་དེ་བཞིན་བྱ། །ཞེས་གསུངས། དེ་དག་རྩ་རྒྱུད་ལས་མཐར་ཆགས་སུ་མ་བཤད་པས་སྦས་པར་སོང་། བཤད་རྒྱུད་རྡོ་རྗེ་མཁའ་འགྲོར་གསལ་བར་ཕྱུང་སྟེ། དེའི་རིམ་པར་ཕྱེ་བ་སོ་བཞི་པར། དེ་ནས་ཡང་དག་བཤད་བྱ་བ། །རྒྱུད་དུ་སྦས་པ་ངེས་པར་བྱ། །དེ་ནས་ཐམས་ཅད་ཆོས་འབྱུང་བར། །སྣ་ཚོགས་ལྟེ་བར་མི་ཤིགས་དགེ །བྲིས་ནས་ཆོ་ག་བཞིན་དུ་སྔགས། །ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །སྡེ་ཚན་ལ་ནི་ཐིམ་པར་བྱ། །དེར་གནས་པ་ལས་དཔའ་བོ་ནི། །འདོད་པའི་དོན་ཀུན་སྒྲུབ་བྱེད་བཏུ། །ཡེ་ཤེས་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པ་ཐོབ་འགྱུར་གདོན་མི་ཟ། །འོག་དང་སྟེང་གྲུབ་རྟག་ཏུ་སྟེར། །བདག་གི་ཕོ་ཉ་མོ་ཀུན་འགྲོ །ཕོ་ཉ་མོ་དེས་གྲུབ་ཀུན་སྟེར། །མཐོང་དང་དེ་བཞིན་རེག་པ་དང་། །ཙུམྦྷ་ན་དང་རྟག་པར་འཁྱུད། །སྦྱོར་བའི་གནས་ཀྱི་ཁྱད་པར་ཉིད། །ཇི་སྙེད་རྣལ་འབྱོར་ཚོགས་རྣམས་ནི། །ཐམས་ཅད་དངོས་གྲུབ་བྱེད་པར་བཤད། །བདེན་པ་ཐམས་ཅད་སྦྱིན་བྱ་སྟེ། །གཞན་དུ་ནམ་ཡང་མ་ཡིན་ནོ། །མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་ཕོ་ཉ་མོར་གནས་ལ། །གང་ཞིག་རྟག་ཏུ་སྔགས་སྦྱིན་པ། །རང་གི་ཆོ་ག་ཇི་བཞིན་བྱ། །ཐོད་པ་འཕྲེང་བ་དབུ་རྒྱན་དང་སོགས་གསུངས་སོ། །དེ་ཉིད་ གསུམ་དུ་བཤད་པ་ནི་རྩ་རྒྱུད ་ཀྱི། དབུགས་མ་མཆོག་གི་དབུགས་དབྱུང་བ། །དྲི་ཡི་ཆུ་དང་བཅས་པ་ཡིས། །རྟག་ཏུ་རིགས་ལྡན་མ་མཆོད་བྱ། །ཞེས་པའི་དོན་རྡོ་རྗེ་མཁའ་འགྲོའི་ཞེ་གཉིས་པར། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པ་སྒོམ་པ་པོས་དུས་བཞིར་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་དང་། རྣམ་པར་ཐར་པ་སྒོ་བཞིའི་བདག་ཉིད་ཅན་ཇི་སྲིད་སྟོང་པ་ཉིད་ཀྱི་ང་རྒྱལ་ནས་གཟུང་སྟེ་གཟུགས་ཡོངས་སུ་རྫོགས་པའི་བར་དུ་ངེས་པར་བྱས་པས་མཆོད་པར་བྱ་བའོ། །དཔའ་བོ་དང་ནི་སྙོམས་འཇུག་པ། །ཞེས་བྱ་བ་ནི། གཞན་ཡོངས་སུ་རྫོགས་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་སྟེ། དུས་ཀྱི་ངེས་པ་མེད་ཅིང་ཐོག་མ་དང་ཐ་མ་མེད་པའི་ང་རྒྱལ་གྱིས་རྟག་ཏུ་གནས་པ་རྣམས་ཀྱིས་ཅི་ཞིག་བྱ་ཞེ་ན། ཡིད་ནི་ནང་དུ་ཆུད་པའི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པ་མོའི་ཤེས་རབ་དང་ཇི་ལྟ་བ་བཞིན་དུ་མཉམ་པར་སྦྱོར་བ་དང་ལྡན་པས་མཆོག་ཏུ་དགའ་བ་རྣམ་པར་སྤྲོ་སྟེ། གནས་པས་ཚིམ་པར་བྱ་བའི་བར་དུའོ། །དེ་ལྟར་མཆོད་པས་མཐའ་མ་མཆོག་དང་བར་མ་སྟེ། ཐ་མ་ནི་ཆགས་པ་ཆེན་པོའི་ཚུལ་ལོ། །དེ་ཡང་རྡོ་རྗེ་ཅན་གྱིས་ཐམས་ཅད་བསྡུས་ནས་བཙུན་མོའི་བྷ་ག་བདེ་བ་ཅན་དུ་སྤྲོས་ལ། དེར་དཀྱིལ་འཁོར་བྲི་བར་བྱ་བ་དང་སྦྱར་བ་སྟེ། གཞན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པའོ། །བར་མ་ནི་བདག་གི་དེ་ཁོ་ན་ཉིད་དེ་རྡོ་རྗེ་འཛིན་པས་འཁོར་ལོ་ཐམས་ཅད་རང་གི་དབུས་སུ་བསྡུས་ལ། རྡོ་རྗེ་ཀུན་གྱི་རང་བཞིན་དུ་བྱས་པ་ཆོ་ག་དེས་སྒོམ་པ་ནི་མཆོག་གོ་ཞེས་གསུངས་པའི་དེ་ཉིད་གསུམ་ལ་བསྐྱེད་རིམ་གྱི་ཕྱོགས་དང་། རྫོགས་རིམ་གྱི་ཕྱོགས་གཉིས་སུ་བསྟན་པས་རྫོགས་རིམ་ཀྱང་དེའི་ཆིངས་དང་ལྡན་པར་བཤད་དོ། །གཉིས་པ་ལ། གཞན་གྱི་དེ་ཉིད་ཆོས་སྐུ། བདག་གི་དེ་ཉིད་ལོངས་སྤྱོད་རྫོགས་པ། རྣལ་འབྱོར་གྱི་དེ་ཉིད་སྤྲུལ་པའི་སྐུའི་ལམ་དུ་བཤད་པ་གསུམ་ལས། དང་པོ་ལ། རྩ་རླུང་དྲ་མིག་འཁོར་ལོས་དྲོད་སྐྱེད། བདེ་ཆེན་གསུང་གི་རིན་ཆེན་གྱིས་རྩེ་མོར་བགྲོད། རང་གྲོལ་ཕྱག་རྒྱ་ཆེན་པོས་བཟོད་པ་བསྒྲུབ། སྤྱོད་པ་ཆུ་ལ་རལ་གྲིས་ཆོས་ཀྱི་མཆོག་ཐོབ་པར་བྱ་བ་བཞི་ལས། དང་པོ་ལ། ལམ་གྱི་དྲོད་ཚད་བསྟན། དེར་བགྲོད་པའི་ཐབས་བཤད་པ་གཉིས་ལས། དང་པོ་ནི། ཆོས་ཀྱི་ཚོགས་ནི་ཆོས་ཀྱི་ལུས། །ཞེས་པ་དང་བཅས་ནས་ཆོས་ཀྱི་སྐུར་བསྒྱུར་བས་དམིགས་པའི་ཚོགས་དང་བཅས་པས་གཞན་སྣང་ལམ་དུ་བྱེད་པས་ཆོས་ཀྱི་སྐུའི་ལམ་གཞན་གྱི་དེ་ཉིད་དུ་བཞག་སྟེ། རྩ་རྒྱུད་ལས། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་ཆོས་སྐུ་ལས་ལོངས་སྤྱོད་རྫོགས་པ་འབྱུང་བའི་གོ་རིམ་གྱིས་འདི་སྔར་བཤད་པས། རྡོ་རྗེ་མཁའ་འགྲོར། ཡེ་ཤེས་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་པ་ཐོབ་འགྱུར་གདོན་མི་ཟ། །ཞེས་གསུངས་སོ། །དེ་ཡང་། སྲིན་པོའི་ཞལ་ནས་བསྐྱོད་པ་ཡི། །རང་བྱུང་གསལ་བས་དངོས་པོ་བསྲེགས། །བདེ་བ་དཔག་མེད་བསྒྱུར་འཕྲོ་བས། །དེའི་རྐང་པ་དང་པོ་ནི་དམ་ཚིག་བརྐྱངས་པས་རྩ་དུལ་བའི་དབང་གིས་སྲོག་ཐུར་འདྲེས། དེས་ཐུར་སེལ་གནས་པ་ནས་རླུང་དབུ་མར་འཇུག །དེས་གཏུམ་མོ་རང་བྱུང་གི་མེ་འབར། དེས་རྩ་ཐམས་ཅད་བསྲེགས་དྲོད་སྐྱེས་ནས། ཁམས་རྣམས་བཞུ་བའི་བདེ་བ་མཐའ་ཡས་རྙེད་པ་ནི་སྦྱོར་བའི་ལམ་དྲོད་ཅེས་བྱའོ། །གཉིས་པ་ལ། ཡོན་པོ་བསྲངས་སུ་འཇུག་པ། ལོག་པ་མལ་དུ་བསད་པ། བུ་མ་དང་སྤྲད་པ་གསུམ་ལས། དང་པོ་ནི། རང་བྱུང་གིས་དེ་ལྟ་བུར་མ་གྱུར་ན་སྦྱོར་བའི་སྟོབས་ཀྱིས་བསྒྲུབ་དགོས་ལ། དེའི་སྦྱོར་བ་ནི། རྩ་རླུང་དྲ་མིག་འཁོར་ལོ་བསྐོར། །ཞེས་པ་འདི་ཡིན། འདི་ལ་རྩ་ནི་ལུས་ལ་གནས་པ་སྟེ། །སྤྱིར་ལུས་ལ་རགས་ཕྲ་ཤིན་ཏུ་ཕྲ་བའི་རྩ་ཡོད་པ་ལས། འདིར་རགས་པའི་དབང་དུ་བྱས་ནས། ཨ་ཝ་དྷཱུ་ཏཱི་ལ་ལ་ནཱ། །ར་སཱ་ན་སྟེ་དབྱེ་བ་ཡང་། །འཁོར་ལོ་བཞི་རུ་གནས་པའོ། །ཞེས་གསུངས་ཏེ། རྡོ་རྗེ་མཁའ་འགྲོའི། གྲུ་བཞི་པ་དང་རྣོན་པོ་དང་། །དེ་བཞིན་ཀུན་ནས་ཟླུམ་པོ་སྟེ། །ཞེས་དང་། ལྔ་བཅུ་པར། བརྡ་ཡིས་བཤད་པ་བརྗོད་པར་བྱ། །གྲུ་བཞི་ལ་སོགས་ཞེས་བྱ་ལ། །གྲུ་བཞི་པ་ནི་ཟུར་བཞི་སྟེ། །ལ་ཡིག་དབང་ཆེན་དཀྱིལ་འཁོར་རོ། །འདབ་མ་ཅན་ནི་གྲུ་གསུམ་སྟེ། །མེ་ཡི་དཀྱིལ་འཁོར་རམ་ལས་བྱུང་། །དེ་བཞིན་ཀུན་ནས་ཟླུམ་པོ་ནི། །བ་དང་ཡ་ཞེས་བྱ་བར་བཤད། །བསྒྲུབ་པར་བྱ་ལ་དཀྱིལ་འཁོར་དག །ཡི་གེ་དང་བཅས་བསམས་ཏེ་བསྒྲུབས། །ཞེས་པ་བཞིན། རྣམ་སྣང་གི་ཆོས་བདུན་བཅས། ལུས་བཅོམ་ལྡན་འདས་མ་སྟོང་རར་བྱས་པའི་དབུས་ན་རྩ་གསུམ་སྲོག་ཤིང་འཁོར་ལོ་གདུགས་རྩིབས་ལྟ་བུའི་དབུས་ན་གནས་པའི་མི་ཤིགས་པའི་ཐིག་ལེ་བཞི་དང་བཅས་པ་བསམ། གཉིས་པ་ནི། དྲ་བ་ཞེས་བྱ་འབྲེལ་བ་སྟེ། །རླུང་ནི་ལས་ཀུན་བྱེད་པ་ཅན། །ཞེས་པ་རྡོ་རྗེ་མཁའ་འགྲོའི་ལུང་སྔ་མའི་འཕྲོར། གཡས་ཕྱོགས་ནས་ནི་བསྐོར་ནས་སུ། །སྟེང་དང་དེ་བཞིན་འོག་ཏུ་ནི། །རིམ་གྱིས་སྣོན་ཅིང་དྲག་ཏུ་སྣོན། །ལྔ་བཅུ་པར། ཐམས་ཅད་དངོས་པོ་གསུམ་ཡིན་ཏེ། །ཡན་ལག་མི་གསལ་འོད་ལྡན་གང་། །དེ་ནི་ཡན་ལག་གསལ་ཞིང་འབར། །སྙིང་གི་ཐམས་ཅད་འཛིན་པ་གང་། །དེ་ནི་ཡན་ལག་སྒྲུབ་པར་བརྗོད། །ཅེས་པ་འབྱུང་འཇུག་གནས་པ་གསུམ། སྔ་མའི་གཡས་ནི་འདིར་སྟེང་སྒོ་སྟེང་དང་རིམ་གྱིས་སྣོན་ཅིང་ཞེས་སྦྱར་ནས་བཤད་དེ། སྟེང་ནས་བརྔུབས་ཏེ་འོག་རླུང་ཅུང་ཟད་ཐེན་ནས་ཁ་སྦྱར་འོག་ལྟེ་བར་ཙམ་ཐུབ་འཛིན་ཅིང་དམིགས་པ་ལྟེ་བའི་མི་ཤིགས་པའི་འཁོར་ལོ་ལའོ། །དེ་ནས་འོག་ནས་རིམ་པ་བཞིན་ས་ཆུ་ལ་ཐིམ་པ་ལ་སོགས་པའི་རིམ་པས་མཐར་དཔྲལ་བའི་འཁོར་ལོར་དགག་པར་བྱའོ། །དེ་ཡང་ལྔ་བཅུ་པའི་འཕྲོས་དེར། སྙིང་ནི་པདྨ་ཞེས་བཤད་དེ། །པདྨ་དེ་ནི་ཀུན་གྱིས་མཆོད། །ཐམས་ཅད་འཛིན་པ་མགོ་བོ་ཡིན། །ཀླད་པ་ནས་ནི་ཀུན་ཏུ་རྒྱུ། །ཞེས་སོ། ལྔ་ཡི་བདག་ཉིད་བཅུ་མིང་སྟེ། །རླུང་སེམས་གཉིས་སུ་མེད་པར་ནི། །ཞེས་པས། སྔར་གྱི་དྲག་ཏུ་སྣོན་ཞེས་པའི་འཕྲོར། འབིགས་པ་བཅུ་ཡི་རྒྱལ་མཆོག་གིས། །ཁམས་གསུམ་རྒྱལ་སྲིད་ཆེན་པོ་ལ། །རྣམ་པར་རྒྱལ་ཞིང་ལོངས་སྤྱོད་འགྱུར། །འདིར་འབིགས་པ་བཅུ་ཞེས་པ་ནི། རྩ་བའི་རླུང་ལྔ་ཡན་ལག་གི་རླུང་ལྔ་འགགས་པ་ཡིན་ཏེ། ཀུན་ཏུ་རྒྱུ་ཞེས་པའི་འཕྲོར། གང་གི་སྟོབས་ནི་གང་ཡིན་པ། །དེ་ནི་དེ་ཚེ་སྦྱར་བར་བྱ། །གནས་ནི་རྣམ་པ་དུ་མར་བཤད། །ཤ་དང་པུ་སྐར་བུང་བ་སོགས། །འདིར་ཡང་རིམ་པ་དེ་ཉིད་ཀྱི། །སེམས་ནི་འབུགས་པ་སྔོན་འགྲོ་བའི། །བདག་གི་གདན་ལ་སོགས་པ་ཡིན། །རང་ཉིད་ཀྱིས་ནི་རྟོགས་པར་སླ། །དང་། གསང་བའི་གནས་ཀྱི་ངེས་པ་ནི། །ཤ་ནི་འབུགས་པར་ངས་བཤད་དེ། །ལྟེ་བའི་འབུགས་ནི་པུས་ཀཱ་ར། །སྙིང་ག་བུང་བ་ཞེས་བྱ་སྟེ། །གེ་སར་འབུགས་པ་དཔྲལ་བ་ཡིན། །མིག་སོགས་གཡོ་བ་ཞེས་བྱ་སྟེ། །དབང་པོའི་ཚོགས་ནི་གཡུལ་འགྱེད་པ། །མི་ཡི་བདག་པོ་བསད་པར་བྱ། །དེ་དག་ཀུན་གྱི་མན་ངག་ནི། །བླ་མའི་ཁ་ལས་ངེས་པར་བྱ། །ཞེས་གསང་གནས་ནས་ལྟེ་བ་སོགས་སུ་སྲོག་འགགས་པས་མཐར་རླུང་སེམས་དཔྲལ་བའི་ཐིག་ལེར་ཆུད་པས་རྣམ་པར་ཤེས་པ་ཡུལ་ལ་མི་འཇུག་སྟེ། རྣལ་འབྱོར་གྱི་སྟོབས་ཀྱིས་འགོགས་པར་གྱུར་པའི་ཕྱིར་རོ། །གསུམ་པ་ནི། མི་རྟོག་འཁོར་ལོ་བསྐོར་བར་བྱ། །ཞེས་པས། དེ་དུས་གསང་གནས་ནས་རང་བྱུང་གི་གཏུམ་མོ་འབར། དེས་སྤྱི་བོའི་ཐེག་ལེ་བཞུ་ལ། སྔར་གྱི་འོག་ཏུ་ནི། དྲག་ཏུ་སྣོན་ཞེས་སྦྱར་ནས་རླུང་སེམས་གསང་བའི་འཁོར་ལོར་བཅིང་། དེས་ཕལ་པའི་ཁམས་ཐམས་ཅད་ལྕགས་ཀྱི་ཁམས་ལ་གསེར་འགྱུར་གྱི་རྩིས་རེག་པ་ལྟ་བུར་དངས་མར་བསྒྱུར་བ་ཡིན་པས་རྡོ་རྗེ་མཁའ་འགྲོར། སྒྲུབ་པོས་འདིར་ནི་ཡི་གེ་བསམ། མེ་མར་གྱི་ནི་རྩེ་ལྟར་བྱ། རྩེ་མོ་ལྟ་བུ་ཞེས་བྱ་བ་ལ། ཤི་རཿནི་མགོ་བོ་སྟེ་ཀླད་པའི་གོང་བུའོ། རྩེ་མོ་ནི་མེའི་རྩེ་མོ་སྟེ་དེས་མར་གསར་བུམ་པར་བཅོས་པ་ལྟར་ཐམས་ཅད་དུ་བཞུ་བར་བྱའོ། །སྔགས་ཀྱི་མར་མེ་འདི་ཡིས་ནི། །སྐད་ཅིག་གིས་ནི་འདར་བར་འགྱུར། །ཞེས་པའི་འདར་བ་ནི། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩ་ཐམས་ཅད་བསྐུལ་བས་ཕུང་པོ་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ལ་ཏིལ་ལ་མར་ཁུ་ལྟ་བུར་ཁྱབ་པའི་སེམས་ཀྱིས་ཐིག་ལེ་ཞུ་བར་གྱུར་ནས་གསང་བར་འབབ་པའོ། །དེ་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་མཁའ་འགྲོར། ལྟ་བ་འཆང་བ་ལ་གཏད་དེ། །མྱུར་དུ་འཕངས་ན་གྲུབ་པའི་མཆོག །མདའ་གཞུས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །ཞེས་དང་། འཆང་བས་འབེམ་ནི་བསྒྲིབས་ནས་སུ། །ཞེས་བྱ་བ་ནི་དབང་དུ་བྱ་བའི་དོན་ནོ། །འགྱེད་པ་ཞེས་བྱ་བ་ནི་དགུག་པའོ། །དེ་ལ་འཆང་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་རླུང་ངོ་། །མིག་སྡངས་པ་ནི་བཞིན་འཛུམ་པ་དང་བཅས་པའོ། །ལྟ་བ་འཆང་བ་ལ་གཏད་ཅེས་བྱ་བ་ནི་ཤི་བ་རྣམས་ཀྱང་འཚོ་བར་བྱེད་པ་ཡིན་ནོ། །ཚུལ་དེས་ཡིད་ནང་དུ་བཅུག་པས་བྱང་སེམས་འཆིང་བར་འགྱུར་བའམ་མ་གྱུར་ན་རྣལ་འབྱོར་འོག་མ་འདི་ལ་བསླབ་པར་བྱའོ། །གཉིས་པ་བདེ་ཆེན་གསུང་གི་རིན་ཆེན་གྱིས་རྩེ་མོར་བགྲོད་པ་ལ། ལམ་གྱི་དྲོད་ཚད་ངོས་བཟུང་། དེར་བགྲོད་པའི་ཐབས་བཤད་པ་གཉིས་ལས། དང་པོ་ནི། ནམ་མཁའ་བདེ་བའི་ཕོ་བྲང་དུ་ནི་སྤྱི་བོ། མེ་ལས་ནི་དེར་གཏུམ་མོ་རང་བྱུང་གི་མེས་བསྲེགས་པ། རང་སྔགས་འགྱུར་མེད་གསུམ་ནི་ཞུ་བ་ལུས་ངག་ཡིད་ཀྱི་ཐིག་ལེ་གསང་བའི་འཁོར་ལོར་འབབ་པའི་བདེ་བ་ལ་རིམ་པ་བཞིན། དགའ་བ་མཆོག་དགའ་ཁྱད་དགའ། དུས་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་། རྣམ་པར་སྨིན་པའི། རྣམ་པར་ཉེད་པ་སྐད་ཅིག་མ་ཆགས་པའི་ཕྱོགས་རིག་ལ། བཞི་པ་ལྷན་སྐྱེས་མ་རིག་པའི་སྐབས། དེ་རིག་པར་བྱ་བའི་ཕྱིར། རྫ་མཁན་འཁོར་ལོ་ལྟ་བུར་བསམ། ཡང་དབབ་ཅིང་ཡང་ཟློག་པས་སོ། །ཚུལ་གང་གིས་ཞེ་ན། གཉིས་པ་ལ། དབྱིབས་ཀྱི་ཕྱག་རྒྱ། ལུས་ཀྱི་ཕྱག་རྒྱ། འཛིན་པའི་ཕྱག་རྒྱ། འགུགས་པའི་ཕྱག་རྒྱ། འགེངས་པའི་ཕྱག་རྒྱ་སྟེ་ལྔ་ལས། དང་པོ་ནི། བདེ་ཆེན་གསུང་གི་རིན་ཆེན་ཆོངས། །ཟག་བཅས་ལུས་ཀྱི་བདེ་བ་ལ། །ཞེས་པ་གཞན་ལུས། རང་ལུས་གཉིས་བཤད་པའི་གཞན་གྱི་ལུས་ཀྱི་ཕྱག་རྒྱ་ལ་རྡོ་རྗེ་མཁའ་འགྲོར། དབྱིབས་ཀྱི་ཕྱག་རྒྱ་ཞེས་གསུངས་ཏེ། ལྟོང་རྒྱུད་སྦྱོར་བ་ལ་སོགས་པ། །མེ་ཏོག་དག་ནི་བསྡུས་པ་འདྲ། །ཞེས་དང་། །ད་ནི་ཕྱག་རྒྱ་བརྗོད་པར་བྱ། །ས་ནི་ཕྱག་རྒྱས་གདབ་པར་བྱ། །མཉམ་པ་རྐང་གཉིས་བཤིབས་པ་སྟེ། །ཡངས་པ་རྒྱ་ཆེར་སྐྱེད་པ་ཡིན། །ཟླུམ་པོ་དཀྱིལ་འཁོར་ལྟ་བུར་བྱ། །གཡོན་པ་ཅུང་ཟད་བསྐུམ་པ་ནི། །གཡས་པ་བརྐྱང་ཞེས་བྱ་བ་སྟེ། །གཡོན་བརྐྱང་གཡོན་པ་བསྲངས་ནས་ནི། །གཡས་པ་ཅུང་ཟད་བསྐུམ་པའོ། །མདའ་གཞུའི་རིག་བྱེད་ཆོ་ག་ཡི། །མཚོན་ཆ་ཐམས་ཅད་འཕངས་པར་བྱ། །འདི་ནི་དབྱིབས་ཀྱི་ཕྱག་རྒྱ་ཡིན། དང་། སླར་ཡང་ཨེ་ནི་གཞུར་བྱས་ཏེ། །བམ་ཞེས་བྱ་བ་མདའ་ཡིན་ནོ། །མདའ་གཞུའི་རིག་བྱེད་སྦྱོར་བ་ཡིས། །སྔར་བཤད་ཇི་བཞིན་གནས་པར་བྱ། དང་། རོལ་པ་འགྲོས་ནི་དལ་བ་སྟེ། །ཞེས་ཕྱག་རྒྱ་དང་སྦྱར་བ་འདུག་སྟངས་ཀྱི་ཆོ་ག་དབབ་ཚུལ་བཤད་དོ། །གཉིས་པ་ནི། རང་ལུས་ཏེ། གྲིམས་པ་ཉིད་དང་སྲན་འཛུགས་དང་། །མཉེས་ཤིང་ཡན་ལག་བརྟན་པ་དང་། །རྒྱ་ཆེར་འགེངས་ཤིང་རྣམ་པར་དག །ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན། །འདི་ཡིས་ལུས་ལ་བརྒྱན་ནས་ནི། །རིམས་དང་དུག་དང་དབྱིག་དུག་དང་། །མཁའ་འགྲོས་གཙེས་དང་གདོན་རྣམས་ཀྱིས། །ནམ་ཡང་ཚུགས་པར་མི་འགྱུར་རོ། དང་། ད་ནི་ལུས་ཀྱི་མཚན་ཉིད་རྣམས། །ཕྱག་རྒྱ་རབ་ཏུ་བཤད་པར་བྱ། །གྲིམས་པ་ནི་ལྷོད་པ་སྟེ་སྙིང་སྟོབས་དང་ལྡན་པའོ། །སྲན་འཛུགས་པ་ནི་བརྟན་ཞིང་བརྩོན་འགྲུས་དང་ལྡན་པའོ། །མཉེས་པ་ཞེས་བྱ་བ་ནི་མཛེས་ཤིང་སྙན་པར་སྨྲ་བའོ། །ཡན་ལག་བརྟན་ཞེས་བྱ་བ་ནི་ཕྱག་རྒྱས་རྨ་སྲོལ་ཆེར་དོད་པའི་ངང་ཚུལ་ཅན་ནོ། །རྒྱ་ཆེར་འགེངས་ཤིང་རྣམ་པར་དག་ཅེས་བྱ་བ་ལ་འགེངས་པ་ནི་ཡོངས་སུ་རྫོགས་པ་སྟེ་ཚད་དང་ལྡན་ཞིང་ཡིད་དུ་འོང་བའི་ལུས་འཛུམ་པ་དང་བཅས་ཤིང་མཐུན་པར་འཇུག་པའོ། །ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན་ཞེས་བྱ་བ་ནི་རབ་ཏུ་རྫོགས་པའི་ངང་ཚུལ་ཅན་ནོ། །རིམས་དང་དུག་དང་དབྱིག་དུག་དང་། །བསམ་གཏན་སྦྱོར་བས་དགུག་པར་བྱ། །ཞེས་གསུངས། །ཉོན་མོངས་པ་གསུམ་མམ་ལྔ། བསམ་གཏན་ལ་སྦྱར་བས་དུག་མེད་པར་བྱེད་པ་སྟེ། གང་གི་ཞེ་ན། བདེ་བ་རང་རིག་གསལ་བ་སྟེ། །ཞེས་པས་རྡོ་རྗེ་མཁའ་འགྲོར། མདའ་གཞུས་རྣམ་པར་རྒྱལ་བ་ཡི། །འབུགས་པའི་མཚན་ཉིད་བཤད་པར་བྱ། །སྨིན་མའི་དཀྱུས་ནི་གཞུ་ཡིན་ཏེ། །བཟློག་སྟེ་ལྟ་བ་མདའ་ཡིན་ནོ། །འགུགས་པ་རང་གི་སེམས་ཀྱིས་ནི། །གཞན་སེམས་དོན་ལ་གཏད་པ་ཡིན། །ཞེས་པས་རང་རིག་གི་གནད་ཀྱི་བདེ་བ་དེ་དུས་ལྟ་སྟངས་གཏོད་དེ་ལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་འཆར་དེས་རྒྱས་ཐེབས། དེས་དེ་ལྷན་སྐྱེས་སུ་གཞག་གོ །ཚུལ་འདིས་མོད་ལ་བྱང་ཆུབ་ཀྱི་སེམས་ལུས་ཀྱི་གནས་ཐམས་ཅད་དུ་གང་བར་འཛིན་ནུས་པར་འགྱུར་ལ། མ་རིག་པའི་ཁ་བདག་དག་ན་གྱེན་དུ་རེངས་པས་མས་བརྟན་གྱི་དགའ་བ་སོགས་སུ་འགྱུར་བས་ན། ཟག་མེད་སེམས་ཀྱི་བདེ་བ་འཆར། །བདེ་སྟོང་དབྱེར་མེད་རོ་སྙོམས་པས། །ཆེན་པོ་བླ་མ་དམ་པར་གསུངས། །དེ་ནི་ཁམས་གསུམ་གྱི་བླ་མ་ལས་བླ་མར་གྱུར་པས་བླ་མ་དམ་པར་གསུངས་ཏེ། ལྷ་དང་མི་ཡི་བདེ་བ་ནི། །བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་སམ། བླ་མ་ལས་ཀྱང་བླ་མ་སྟེ་ཞེས་པའོ། །རྡོ་རྗེ་མཁའ་འགྲོར། རང་གི་སྙིང་གར་གཞུ་བདུངས་ནས། །གཡས་སུ་རབ་ཏུ་སྐོར་བྱེད་ཅིང་། །མདའ་འཕངས་ན་ནི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་བདེ་བ་ལ་རང་རིག་གིས་ཁ་བདག་པ་ལ་ཡང་རང་རིག་དེ་ཉིད་འཇིག་རྟེན་པའི་དྲན་ཤེས་སུ་བས་ན། དེའི་ཚེ་ལྷན་སྐྱེས་དེ་ཡས་བརྟན་པའི་ལྷན་སྐྱེས་ཞེས་བྱ། དེ་མངོན་དུ་བྱས་པས་ཐིག་ལེ་གང་དགའ་བར་འདྲེན་ནུས་པ་དང་སྤྱི་བོ་ནས་རྡོ་རྗེ་ཁ་ཚུན་གང་བར་འཛིན་ནུས་སོ། །དེ་ལ་དངས་མ་ནི་དེས་བཟློག་ལ་རྫས་ཀྱི་ཐིག་ལེ་རགས་པ་མ་ཡིན་པས་སྦྱོར་བ་ལྷག་མ་རྣམས་དགོས་པ་ཡིན་ནོ། །གཞན་དུ་ནི་ཡས་འོངས་ཙམ་དུ་ཟད་པས་འཛིན་པ་ལ་སོགས་པ་ཐམས་ཅད་སྦྱོར་བའི་སྟོབས་སོ། །བདུད་རྩི་ཞལ་མཉེས་སྙིང་པོ། འདི་ཡང་རྟེན་གྱི་སྟོབས་ཀྱིས་ཏེ། དེའི་རྩ་བྱ་གདོང་མའི་བདུད་རྩི་རྡོ་རྗེའི་ཞལ་དུ་གསོལ་ན། གསོལ་ཚུལ་རྩ་གཉིས་ཕྲད་པས་རླུང་གཉིས་ཁ་སྦྱར། དེས་ཐིག་ལེ་གཉིས་འཛོམ་སྟེ་དུང་ཅན་མའི་སྒོ་རང་བྱེ་བ་དེ་ཉིད་ནས་ཞུགས་པས་རྡོ་རྗེ་ཉི་མའི་བཅུད་ལེན་དུ་གྱུར་ཏེ་སྙིགས་མ་ཐམས་ཅད་མོད་དམ་ལན་འགས་སྙིགས་མ་མཛད་པས་འཇའ་ལུས་ཐོབ་པར་བྱེད་པའི་ཕྱིར་ན། རིན་ཆེན་ལྟ་བུར་རང་གཞན་དོན། །འབྱུང་བ་སྐལ་ལྡན་དམ་པས་ཆོངས། །སྒོ་འདིས་ཕྱག་རྒྱ་དེ་ཡང་རྣལ་འབྱོར་པ་ཇི་ལྟ་བ་བཞིན་འགྱུར་བ་ཡིན་ནོ། །འདི་ཡང་རྡོ་རྗེ་མཁའ་འགྲོར། སྒྲུབ་པ་པོ་ཡི་ལག་གཡོན་སོགས་ཀྱིས་བཤད། བྱིན་རླབས་བཞི་པའི་བརྡ་དོན་དུ་སོང་ངོ་། །གསུམ་པ་ནི། རྡོ་རྗེ་མཁའ་འགྲོར། སྣ་དྲུང་བར་དུ་ཟླུམ་པོར་ནི། །ཅི་རིགས་པར་ནི་ལེགས་པར་གཟུང་། །ཡི་གེ་ཨོཾ་གྱི་ཁར་དྲངས་ཏེ། །ཇི་སྲིད་ཡི་གེ་ཨཱཿབརྗོད་པ། །དེ་སྲིད་བར་དུ་བཟུང་བར་བྱ། །བུམ་པ་ཅན་དང་རྡོ་རྗེའི་བཟླས་པས་འཛིན་པའོ། །བཞི་པ་ནི། ཤར་ཕྱོགས་ལེགས་པར་བསྲངས་ནས་ནི། །ནུབ་ཕྱོགས་ཅུང་ཟད་བཀུག་ནས་སུ། །གཞུ་རྒྱུད་དལ་བུས་དྲངས་ན་ནི། །འགྲོ་བ་ཐམས་ཅད་འགུགས་པར་འགྱུར། །ཐམས་ཅད་འགུགས་པའི་ཕྱག་རྒྱའོ། །ཤར་ནུབ་མདུན་རྒྱབ་བོ། །ལྔ་པ་ནི། ཅི་རིགས་པར་ནི་དྲངས་ནས་ནི། །ཆོ་ག་བཞིན་དུ་གཟུང་ནས་སུ། །དེས་ནི་ཅུང་ཟད་དབྱེ་བར་བྱ། །འགེངས་པ་ཐམས་ཅད་འགྲུབ་པར་འགྱུར། །འགེངས་པའི་ཕྱག་རྒྱའོ། །དེའི་ཕྱིར་འདི་ལ་མཚོན་ཆ་ལྔའི་ཕྱག་རྒྱ་ཞེས་གསུངས་སོ། །གསུམ་པ་རང་གྲོལ་ཕྱག་རྒྱ་ཆེན་པོས་བཟོད་པ་བསྒྲུབ་པ་ལ། ལམ་གྱི་དྲོད་ཚད་ངོས་གཟུང་། དེར་བགྲོད་པའི་ཐབས་བཤད་པ་གཉིས་ལས། དང་པོ་ནི། དངོས་མེད་དངོས་པོའི་རང་བཞིན་ཅན། ཆོས་འདི་ལྟར་གནས་པ་ཐམས་ཅད་ནི་སེམས་ལས་གཞན་མེད་དེ་ཞེས་གཏན་ལ་འབེབས་པས་དངོས་མེད། མིང་ཙམ་དུ་ཟད་དོ་སྙམ་པ་དངོས་པོའི་རང་བཞིན་གཏན་ལ་འབེབས། དེའི་ཕྱིར་སེམས་ལས་གཞན་མེད་པར་བློས་རིག་ནས་སེམས་ཙམ་ལ་གནས་པས། བདག་ལྟའི་བུད་ཤིང་བསྲེགས་ནས་ནི། །བདག་ཏུ་ལྟ་བ་དང་བྲལ་ཏེ། །དེ་ནི་རྟག་པར་ལྟ་བ་ཡིན་ལ། འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་དུ་བྱེད་པ་ལ་གནས་པ་ཡིན་པས་སོ། །དེ་བས་ན་བདག་ཏུ་ལྟ་བ་དང་མེད་པར་ལྟ་བ་དག་ཟློག་པའི་གཙོ་བོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བར་ཤེས་པའོ། །དམིགས་པ་མེད་པར་བྱ་བའི་ཕྱིར། །དེས་ནས་གཟུང་བ་ཕྱི་རོལ་གྱི་དོན་འདི་མེད་པར་གཏན་ལ་ཕེབས་པ་ནི། འདི་སྒྲུབ་པའི་ཐབས་སོ། །གཉིས་པ་ལ། རྩ་བའི་ཁྱིམ་བསྟན། དེར་བཙོན་བུ་ལྕགས་སུ་བཅུག །དེ་གཉིས་མེད་ཀྱི་ཁྲིམས་ལ་སྦྱར་བ་ལས། དང་པོ་ནི། རང་གྲོལ་ཕྱག་རྒྱ་ཆེན་པོ་ལྟོས། །རང་སེམས་གཉིས་མེད་ཕྱག་རྒྱ་དེ། །ཇི་ལྟར་སྤྲེའུ་ཁང་སྟོང་སྐར་ཁུང་མང་པོ་ཅན་དུ་བཅུག་ན། དེས་སྡོད་མི་ཚུགས་པར་ཐམས་ཅད་དུ་ཉུག་ཉུག་བྱས་པ་ཕྱི་རོལ་ནས་བལྟས་ན་སྤྲེའུ་མང་པོ་ཡོད་པ་འདྲའོ། །དེ་བཞིན་དུ་དྷཱུ་ཏིའི་ཁྱིམ་ནས་རྣམ་པར་ཤེས་པ་རང་གི་བཞོན་པ་ལ་ཞོན་ནས་དབང་པོའི་ལམ་དུ་འཐོན་པས་གཟུགས་སྒྲ་ལ་སོགས་པ་ཕྱི་རོལ་ལྟར་མཆེད་པའི་དོན་ཐམས་ཅད་བྱུང་སྟེ། བྱུང་བ་དེ་ཐམས་ཅད་སེམས་ཁོ་ན་དེར་སྣང་བ་ཉིད་ཡིན་པས་གཉིས་སུ་མེད་དོ། །གང་གཉིས་སུ་དབྱེ་བ་མེད་པ་དེ་ནི་ཕྱག་རྒྱ་སྟེ། ཕྱག་རྒྱ་དེས་ཐེབས་པ་ཐམས་ཅད་ནི་ཆེན་པོ་སྟེ་གོང་ན་གཞན་མེད་པས་སོ། །དེ་ཡང་རྡོ་རྗེ་མཁའ་འགྲོར། སྔགས་ནི་བླ་མས་བསྟན་པ་སྟེ། །ཕྱག་རྒྱ་དེ་ནི་བསྟན་པ་ཡིན། །དེ་ཉིད་རྟག་ཏུ་སྦྱོར་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཞེས་སོ། །གཉིས་པ་ནི། ཇི་ལྟར་སྤྲེའུ་དེ་ལྕགས་སུ་བཅུག་ན་ཕྱི་རོལ་དུ་མི་སྣང་བ་ལྟར། རྣམ་ཤེས་དེ་སྙིང་ཁའི་ཁང་བུར་ཆོས་ལ་སེམས་པའི་དྲན་པས་བཅིངས་ཤིང་ཤེས་བཞིན་གྱིས་གཞུར་ན་གཉིས་སུ་སྣང་བ་ལས་ལྡོག་གོ །ཇི་ལྟ་བུས་དྲན་པའི་ཐག་པས་བཅིང་ན། གྲོལ་བ་སེམས་ཉིད་ངང་དུ་གྲོལ། །ཞེས་པའང་ལུང་སྔ་མའི་འཕྲོར། འདི་དག་ཐམས་ཅད་མི་རྟོག་ལ། །མི་རྟོག་པ་ཡང་མ་ཡིན་ཏེ། །རྟོག་པ་མེད་པའི་རང་བཞིན་གྱིས། །མི་རྟོག་པ་ནི་བརྟགས་པ་ཡིན། །ཞེས་པ་དེ་རྟོག་པ་ལ་སོགས་པའི་རྐྱེན་གྱི་བཅོས་བསླད་མེད་པར་བཞག་པ་ཡིན། དེས་སེམས་ཡུལ་ལ་མི་འཆོར། སེམས་ཡུལ་ལ་མ་ཡིན་ན་རང་བཞིན་སྣ་ཚོགས་པ་འདི་སྣང་བའི་གཞི་མེད། དེ་དག་མི་སྣང་བར་ཉོན་མོངས་པ་དང་བྲལ་བར་འགྱུར་བས་སེམས་དེ་རྣམ་པར་དབེན་པའམ་སྟོང་པའི་ཡེ་ཤེས་སུ་མཐོང་བ་ཡིན་ནོ། །གསུམ་པ་ནི། ཕྱག་ནི་སྟོང་པའི་ཡེ་ཤེས་ཡིན། །རྒྱ་ནི་འཁོར་བའི་རྒྱུ་དང་བྲལ། །ཐལ་བྱུང་གི་སྟོང་གཞི་ཡེ་ཤེས་མཐོང་བ་དེ་ཉིད་ཕྱག་གི་དོན། དེས་ན་དེ་ལ་གཟུང་བའི་རྣམ་པ་དང་འཛིན་པའི་རྣམ་པ་གང་ཡང་མི་དམིགས་པས་འཁོར་རྒྱུ་བྲལ་བའི་དོན། དེ་ལྟར་གཟུང་འཛིན་གཉིས་མེད་པ་འདི་གཞན་གྱིས་གཏན་ལ་མི་ཕེབས། རང་གི་རིག་པ་རང་གསལ་བ། །ཆེན་པོ་ཟུང་དུ་འཇུག་པ་ཡིན་གྱི། དོན་དེ་ལྟ་བུའི་རང་མྱོང་དང་སོ་སོ་སྐྱེ་བོ་ཐ་མལ་པའི་དབང་སོགས་ཀྱི་རྟོག་མེད་དུ་གཟུགས་སོགས་གཟུང་བའི་རང་རིག་གི་མྱོང་བ་འདྲའམ་སྙམ་ན་མི་འདྲ་སྟེ། ཚུལ་མིན་གྱིས་བསླད་པ་ཡོད་མེད་ཀྱི་ཁྱད་ཡོད་དེ། དཔེར་ན་སྔར་འདྲིས་པ་དང་། འདྲིས་ཡེ་མེད་པའི་མངོན་སུམ་ལ་མི་གཅིག་ཅིག་ཆར་སྣང་བ་ལྟ་བུའོ། །དེས་ན་དེ་འདྲའི་ཉམས་མྱོང་སོ་སྐྱེ་ཀུན་ལ་ཡོད་སྙམ། སྒོམ་གྱི་ཉམས་མྱོང་སྨོད་པའང་རང་གི་མཚང་སྟོན་པའོ། །དེ་ལྟ་བུ་གཏན་ལ་ཕེབས་ནས། ངོ་བོ་རང་བཞིན་མཚན་ཉིད་དེ། ངོ་བོ་གཉིས་སུ་མེད་པ། རང་བཞིན་སྐྱེ་བ་མེད་པ། མཚན་ཉིད་འགག་པ་མེད་པས། བདེ་ཆེན་སྒྲིབ་བྲལ་ངང་དུ་བལྟོས་ཏེ། བདེ་བ་འཆར་བའི་དུས་སུ་སྔར་གྱི་མྱོང་བ་དེ་ལས་མ་གཡོས་པར་བྱ་བ་སྟེ། དེས་ཉོན་མོངས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱང་ཤེས་པར་ནུས་ཤིང་དེ་ལ་སྤང་ཐོབ་མེད་པས་སྲིད་ཞི་མཉམ་པ་ཉིད་དུ་སོང་བ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་འདི་ཁའི་ངོ་ཏི་ཆོས་ཀྱི་ཕྱག་རྒྱ་ཡིན། གོ་ཚུལ་གྱི་དབང་ལས་ཕྱག་ཆེན་མཚན་ཉིད་པར་འགྱུར་བའང་ཡོད་དོ། །གཞི་པ་སྤྱོད་པ་ཆུ་ལ་རལ་གྲིས་ཆོས་ཀྱི་མཆོག་ཐོབ་པར་བྱ་བ་ལ། ལམ་ཀྱི་དྲོད་ཚད་ངོས་བཟུང་། དེར་བགྲོད་པའི་ཐབས་བཤད་པ་གཉིས་ལས། དང་པོ་ནི། འབད་མེད་རྣམ་པ་ངང་གིས་གསལ། སྔར་གྱི་རང་གསལ་བ་དེས་རྩ་རླུང་དྭངས་པས་རྟགས་དང་ལྡན་པས་རྟགས་ཅན་འོད་གསལ་དུ་གྱུར་པ། དེས་ཡུལ་སྣང་འདི་ལ་རྒྱས་ཐེབས་པས། སྒྲ་སོགས་རྐྱེན་གྱིས་མི་འཕྲོག་པ། དེ་ལ་རྐྱེན་གྱིས་གཡོ་མི་ནུས་པར་གྱུར་ན་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་པ། འདིས་ཕྱག་རྒྱ་དང་སྦྱར་བའི་དུས་སུ་བདེ་བ་མྱོང་དུས་དེ་ཉིད་དུ་འོད་གསལ་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པར་བསྒྱུར་ནུས་པས། དུ་བ་ལ་སོགས་རིམ་ཤེས་ནས། །ཞེས་སོ། །གཉིས་པ་དེར་བགྲོད་པའི་ཚུལ་ལ། སྦྱང་བྱ་ཆུ། སྤྱོད་པ་རལ་གྲི །ཇི་ལྟར་འདེབས་པ་བཤད་པ་གསུམ་ལས། དང་པོ་ནི། སྤྱོད་པ་ཆུ་ལ་རལ་གྲི་རྒྱོབ། །གང་དང་གང་སྣང་དེ་དག་ལ། །ཞེས་པས། འགྲོ་འཆག་ཉལ་བ་ལ་སོགས་པའི་སྤྱོད་པ་དང་། རྒྱུ་མི་རྒྱུ་ལ་སོགས་པའི་དམིགས་པ་དང་། དུག་ལྔ་དུག་གསུམ་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ཀྱི་སྟེང་དུ་སྤྱོད་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོར། དབང་པོ་གང་དང་གང་ལམ་ནས། །དེ་དང་དེ་ཡི་རང་བཞིན་འགྲོ །ཞེས་པས་སོ། །གཉིས་པ་ནི། འདུས་པར། རྣལ་འབྱོར་པ་ཡིས་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །ཅེས་པ་བཞིན། སྤྱད་དུ་མེད་པའི་ངང་ཉིད་ལ། །སྤྱད་པར་གྱིས་ཤིག་རྣལ་འབྱོར་པ། །ལྟ་ལྟངས་བཅུན་ན། སེམས་རང་གསལ་བ་དེ་རྟགས་ཀྱི་ཁྱད་པར་དུ་བྱས་པ་ཞིག་ཏུ་མཐོང་དེ་ལ་སྒྱུ་ལུས། སྒྱུ་མ་ལྟ་བུའི་ལུས་དེ་དང་ཅི་དམིགས་པ་བསྲེས་ནས་མཉམ་པར་གཞག་པས། སྣང་བ་ཚུགས་མི་ཐུབ་པར་ཁམས་གསུམ་པ་ཐམས་ཅད་སྒྱུ་མ་ཙམ་དུ་འཆར་རོ། །དེས་འཇིག་རྟེན་གྱི་གཟུགས་ཕྲ་རགས་ཐམས་ཅད་ཤེས་པ་བཞིན་རྣ་བ་སྣ་ལྕེ་ལུས་ཐམས་ཅད་ཀྱི་སྒོར་བཅིངས་པས་སྒྲ་རྣམ་པ་སྣ་ཚོགས་པ་དྲི་རོ་རེག་བྱའི་ཁྱད་པར་ཅི་ཡོད་པ་ཤེས་ཏེ། ཤེས་པ་དེའི་བློ་ངོ་ན་ཨ་འཐས་སུ་མེད་ཀྱི་སྣང་ཙམ་དུ་ཟད་པས། བུད་ཤིང་མང་པོའི་མེ་བཞིན་ཉོན་མོངས་པ་སོགས་ཤུགས་ཆེ་བ་ལྟར་སྒྱུ་མ་ལྟ་བུ་རྒྱ་ཆེ་བས་ཐམས་ཅད་ལ་མ་ཆགས་པ། མི་ཆགས་པ་ཆགས་པ་མེད་པ། ཆགས་པ་ཉིད་ཀྱང་མ་ཡིན་པའི་ཆགས་ཆེན་གྱི་སྤྱོད་པར་འགྱུར་བས། སྤྱད་དུ་མེད་པ་སྤྱད་པའི་མཆོག་སྟེ། སྣང་བ་ཐུག་ཕྲད་རང་གྲོལ་དུ་ཤེས་པས་སོ། །གསུམ་པ་ནི། ཆུ་ལ་རལ་གྲི་གང་བཏབ་པ། །རྨིག་མེད་དག་ཏུ་འགྲོ་བ་བཞིན། །ཉམ་ང་མེད་པའི་རལ་གྲི་ཡིས། །སྦས་དང་བརཏལ་ཞུགས་ཀུ་སུ་ལུ། །མཉམ་རྗེས་མེད་པར་སྤྱོད་པར་བྱ། །སྦས་དང་ཞེས་པ་ཀུན་བཟང་དེ་ཡང་རྡོ་རྗེ་མཁའ་འགྲོར། ལྷ་ཡི་རྒྱན་དང་ཡང་དག་ལྡན། །ཕྱག་རྒྱའི་མཚན་མས་རྣམ་པར་ཀླུབས། །སངས་རྒྱས་རྣལ་འབྱོར་སྡོམ་སྐྱེས་པས། །སྐལ་བ་བཟང་པོའི་གར་ཆེན་བྱ། །ཞེས་པས་ཚོགས་ཀྱི་དཀྱིལ་འཁོར་དུ་བསྒྲུབ་པ་ཆེན་པོས་རྒྱལ་པོ་ཨིནྡྲ་བྷཱུ་དྷི་ལྟ་བུའམ། རྒྱལ་པོ་ཛ་ལྟ་བུར་སྤྱོད་པ་སྟེ། སྤྲོས་པ་དང་བཅས་པའི་སྤྱོད་པ་ཆེན་པོའོ། །ཀུ་སུ་ལུ་ཞེས་པ་ནི། དེ་ཉིད་དུ། གལ་ཏེ་དེ་དག་མ་འབྱོར་ན་ཇི་བཞིན་བྱིན་གྱིས་བརླབས་ནས་ཞེས་བྱ་བ་བདག་ཉིད་གཅིག་པུས་བདེ་བའི་སྦྱོར་བས་དམ་ཚིག་བསྐྱང་བར་བྱ་ཞེས་བྱ་བའི་དོན་ནོ། །བརཏལ་ཞུགས་ནི། སྤྱོད་པ་དེ་ཚོགས་སུ་དབྱུང་བ་སྟེ། ནག་པོ་སྤྱོད་པའམ་དཔལ་ནཱ་རོ་པ་ལྟ་བུ་སྟེ། གསང་བ་གྲུབ་པར། ཚོགས་ཀྱི་དབང་ཕྱུག་གཟུགས་བྱས་ནས། །མཐར་སྐྱེས་ནང་དུ་འཇུག་པར་བྱ། །ཞེས་པ་དེའོ། །མཉམ་རྗེས་མེད་པར་སྤྱོད་པ་ནི་ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་ཆེན་པོའི་ཉེར་རྒྱུར་ཏེ། འོན་ཀྱང་དེ་དག་གི་ཚུལ་རྒྱས་པ་ནི་ནཱ་རོ་པའི་སྤྱོད་པ་ཆོས་ཀྱི་གླུར་བཤད་པ་ལྟར་རོ། །དེ་ལྟར་སྤྱོད་པ་བཞིའི་རིམ་པ་ལ་མི་སྤྲོ་ན། རིག་པ་སེམས་ཀྱི་སྤྱད་པར་གྱིས་ཏེ། ཟ་འཆག་བཤད་གསུམ་མིན་པ་ཐ་མལ་བའི་སྐབས་ཡེ་མེད་པར་མཉམ་གཞག་ལ་སྤྱོད་པས་སྒྱུ་མའི་སྣང་བ་ཟད་དེ་ཡང་དག་པའི་མཐའ་མ་འོད་གསལ་དུ་འཇུག་པ་ཡིན་ནོ།། །།གཉིས་པ་བདག་གི་དེ་ཉིད་ལོངས་སྤྱོད་རྫོགས་པ་ལ། ལམ་གྱི་དྲོད་ཚད་བསྟན། དེར་རིག་པ་ཡེ་ཤེས་ཀྱི་སྒྲོན་མ་བལྟམས་ནས་འཇུག་པ་གཉིས་ལས། དང་པོ་ནི། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །བླ་མའི་བྱིན་རླབས་ལམ་ཡིན་ཕྱིར། །དངོས་པོའི་སྟོབས་ཀྱིས་ཞུགས་པ་ན། །རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། བླ་མེད་བྱིན་རླབས་ཀྱིས་དབང་དུས་སོགས་ཀྱི་མངོན་སུམ་དུ་རྟོགས་པ་ནི་མཐོང་བའི་ལམ་ཡིན་ནོ། །གཉིས་པ་ལ་རིག་པའི་ཁྱིམ་དུ། ཡེ་ཤེས་ཀྱི་སྒྲོན་མ་བལྟམས་ཏེ། ཟུང་འཇུག་གི་ལྷ་མཆོད་པར་བྱ་བ་གསུམ་ལས། དང་པོ་ནི། རིག་པ་སེམས་ཀྱི་རྒྱལ་པོ་སྟེ། ལྷུན་གྲུབ་ངང་དུ་འདིར་རྣམ་མེད་འོད་གསལ་དང་རྣམ་བཅས་སྒྱུ་ལུས་ཁ་སྦྱོར་བས་ལོངས་སྤྱོད་རྫོགས་པའི་ལམ་དུ་བཞག་པ་བཞིན། རྩ་རྒྱུད་ལས། སྒྲ་ཡི་ཚུལ་ལས་ངེས་འབྱུང་རྣམས། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་བ་ཞེས། དེ་ཡང་སེམས་རང་བཞིན་གྱི་འོད་གསལ་བ་ནི་རྒྱུན་ཆད་མེད་ཀྱང་ཚུལ་བཞིན་མ་ཡིན་པ་དག་གི་བསླད་པ་ཅན་ལ། སྤྲིན་བར་གྱི་ཉི་མ་བཞིན་རང་བཞིན་སྣ་ཚོགས་པ་འདི་དག་འཆར་ནུབ་ཀྱི་བར་ན་ཅུང་ཟད་རེ་འཆར། དེ་ལ་འོད་གསལ་མ་ཞེས་བྱ། དེ་དང་ཕྲད་ཀྱང་དེ་ཉིད་དུ་མ་རིག་པ་ནི་ཚུལ་བཞིན་མ་ཡིན་པ་དེའི་བློ་ངོར་ཡིན་དེ་ཐལ་བྱུང་གི་སྟོང་པར་ཡོད་དོ། །དེས་ན་འདི་ལའང་ཐ་མལ་གྱི་ཤེས་པ་ཞེས་བྱ་དེ་ལ་ཡེ་ཇི་བཞིན་པ་དང་། ཇི་བཞིན་པ་མ་ཡིན་པ་གཉིས་བྱུང་བ་ཡིན་ནོ། །ཐལ་བྱུང་གི་སྟོང་པ་དེ་ཡང་རིག་པར་དཀའ་བས་ཕལ་མོ་ཆེ་ལ་དེ་རྟོག་མེད་ཀྱི་ཤེས་པ་ཧད་པོ་ལུང་དུ་མ་བསྟན་པའི་ངོ་བོར་ཡོད། ཐལ་བྱུང་ཙམ་རིག་པ་སེམས་རྣམ་པར་དབེན་པ་སྒྱུ་ལུས་ཀྱི་འཆར་གཞི་དེ་ཡིན། དེ་ལས་སྒྱུ་ལུས་སུ་འཆར་བ་དེ་འོད་གསལ་བར་འཇུག་ཁར་དེ་རྣམས་གཅིག་ཏུ་འདྲེས་ནས། འོད་ཟེར་ལྔའི་ཚོགས་སུ་སྣང་ལ། དེ་ནས་དཀར་དམར་ནག་གསུམ་དུ་གྱུར་ནས། ཐ་མ་ན་གཉིད་ཀྱིས་ལོག་པ་ལྟ་བུ་དེའང་སྣང་བ་སེམས་སེམས་བྱུང་མ་རིག་པ་ལ་ཐིམ་ཚུལ། དེ་ལས་གཉིད་ལོག་པ་སད་པ་ལྟ་བུ་ཐུག་ཕྲད་པ་དེ་ངོས་ཟིན་ན་འོད་གསལ་རྟོགས་སོ་ཞེས་བྱའོ། །གཉིས་པ་ནི། ཡེ་ཤེས་ཀྱི། སྒྲོན་མེ་གཉིས་སུ་མེད་པར་སྦར། །མ་རིག་པ་ཡི་མུན་བསལ་ནས། །དེ་ངོ་ཤེས་ན་དེ་ཉིད་ལས་གཞན་མེད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ཞེས་བྱ། དེ་དག་ཐམས་ཅད་རོ་གཅིག་ཏུ་འགྱུར་བ་ཡང་། བླ་མ་དམ་པའི་ཞལ་སྔ་ནས་བྱིན་གྱིས་བརླབས་ཤིང་ལམ་གནང་བར་མཛད་པ་དེ་ལ་གོམས་པར་བྱས་པ་ལས་འབྱུང་བས་བུ་ཡིན་ནོ། །ལམ་དེ་ཡང་རྡོ་རྗེ་མཁའ་འགྲོར། མི་རྟོག་པས་ནི་འཚང་མི་རྒྱ། །རྟོག་དང་བཅས་པས་ཀྱང་དེ་བཞིན། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །ཡིད་འདོད་རྣམས་ཀྱི་དེ་ཉིད་འགྱུར། །རྒྱུ་དང་འབྲས་བུའི་རང་བཞིན་ནི། །དམ་པ་ཉིད་དུ་ཡོད་མིན་ཅིང་། །རང་བཞིན་གསལ་བ་ཉིད་ཀྱི་ཕྱིར། །སྟོང་པ་ཉིད་ཀྱང་མ་ཡིན་ནོ། །རང་བཞིན་དབྱེ་བ་ཐམས་ཅད་ཀྱི། །རྣམ་པ་དག་ནི་རྣམ་གནས་པ། །རྒྱ་མཚོ་ལ་ནི་རིན་ཆེན་བཞིན། །ཐོག་མ་མེད་པའི་ཚུལ་ཅན་ཡིན། །འཇིག་རྟེན་དག་ཏུ་ཐ་སྙད་སྤྱོད། །འཇིག་རྟེན་ལས་འདས་དེ་དང་འགལ། །ཡོད་དང་མེད་ཅེས་བྱ་བ་ནི། །རང་བཞིན་ཉིད་དུ་ཤེས་པ་མིན། །འདི་ཡི་ཚུལ་གྱི་རབ་རྟོགས་པ། །རྫོགས་དང་བྲལ་བས་གྲོལ་བ་མིན། །ཞེས་སོ། །དེ་ཡང་། སྒྱུ་མར་འཆར་བ་ལ་མི་ལྟ་བར་དེ་སྣང་མཁན་གྱི་སེམས་ཀྱི་ངང་ལ་སྤང་གཉེན་གྱི་ལྷད་མ་བཅུག་པ། ཇི་བཞིན་པ་དེ་བཞིན་དུ་གཞོག་པ་སྟེ། དེས་སྒྱུ་མ་འོད་གསལ་དུ་ཐིམ་པར་འགྱུར་རོ། །གསུམ་པ་ནི། ཡེ་ཤེས་དྲི་བྲལ་སྣང་བས་ཁྱབ། །ཅེས་པས་འོད་གསལ་དེ་ལ་རེ་ཞིག་གནས་ནས་སླར་ལུགས་ཟློག་གི་སྣང་བ་གསུམ་གྱིས་ལངས་ནས་དག་པའི་སྒྱུ་ལུས་སུ་གྲུབ་བོ། །དེ་ཡང་འོད་གསལ་འཆར་བའི་ཚེ་སྙིང་གའི་འཁོར་ལོའི་སྲོག་ཤིང་དུ་རླུང་སེམས་ཐམས་ཅད་འདུ། ལྡང་བའི་ཚེ་དེ་ལས་དབང་སོགས་སུ་ལྡང་བ་ཉིད་དང་། དེའི་ཚེ་རྣལ་འབྱོར་པའི་ལུས་ཀྱི་ཁམས་ཐམས་ཅད་མི་ཤིགས་པའི་ཐིག་ལེར་འབྱོངས་པའི་ཕྱིར་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ལྷའི་སྐུར་གྱུར་པས་སྔར་གྱི་ལུས་རྙིང་པ་དོར་བ་དཔེར་ན་སྦྲུལ་པགས་པ་བརྗེས་པ་ལྟ་བུའི་ཐ་སྙད་གཞག་ཅིང་གཞན་སྙིང་དབུས་དེ་ནས་ལུས་གསར་པ་ཞིག་འཐོན་པ་འབུའི་ཁོག་ནས་སྦྲང་བུ་ལྟ་བུར་འདོད་པ་དག་ནི་རྒོད་སྤྲོའོ།། །།གསུམ་པ་རྣལ་འབྱོར་གྱི་དེ་ཉིད་སྤྲུལ་པ་སྐུའི་ལམ་དུ་བཤད་པ་ལ། དམ་རྫས་རྟོགས་པའི་ཉི་མ་ལྡེ་བ། རོ་སྙོམས་ཕྱིའི་མེ་ལོང་ལྟ་བ་གཉིས་ལས། དང་པོ་ལ། ལམ་གྱི་དྲོད་ཚད། དེར་བགྲོད་པའི་ཐབས་གཉིས་ལས། དང་པོ་ནི། འཁོར་འདས་ངོ་བོ་གཉིས་མེད་ལ། །རང་གཟུགས་གཞན་དུ་སྣང་བས་ན། །དེ་ཉིད་རིག་པས་གྲོལ་བའི་ཕྱིར། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པས། རྣམ་མེད་རྣམ་པ་ཀུན་ལྡན་ཡང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པས་འོད་གསལ་དེ་རང་ཤེས་བཞིན་དུ་ལངས་པའི་སྒྱུ་ལུས་གཉིས་ཟུང་དུ་འཇུག །དེ་ཡང་འོད་གསལ་ཉིད་རང་གཟུགས་གཞན་དུ་སྣང་བ་སྟེ། དཔེར་ན་ཆུ་ཁྱག་པར་སོང་བ་ལྟ་བུའོ། །དེས་ན་དེ་ཁོ་ན་ཉིད་འོད་གསལ་བ་ལ་གནས་པ་གོམས་ན་གཟུགས་དེ་ཤས་ཇེ་ཆུང་དུ་འགྲོ་སྟེ་ནམ་ཟླ་དྲོད་རིམ་གྱིས་ཁྱག་པ་ཆུང་དུ་འགྲོ་བ་ལྟ་བུ། དེའི་ཕྱིར་སློབ་པའི་ཟུང་འཇུག་གམ་སྒོམ་པའི་ལམ་ལ་སའི་རིམ་པ་དུ་མར་གཞག་ལ། གཞག་ཀྱང་ངོ་བོ་ཁྱད་མེད་པ་ཡིན་ནོ། །སོ་སོ་ལ་ངོ་སྐལ་གྱི་སྤང་བྱ་སྤང་ཚུལ་རེ་ཡོད། དེས་རྟོགས་པ་ན་ཕར་འགྲོ་བས། ངོ་བོ་ལ་ཁྱད་པར་མེད་པ་འདི་མི་འགྲུབ་བོ་སྙམ་ན། དོགས་པར་མི་བྱ་སྟེ། དཔེར་ན་ཉི་མའི་འོད་ཀྱིས་མུན་པ་སེལ། ཉི་འོད་སླེབ་ཆེ་ཆུང་སྐྱ་རེང་གསུམ་ནས་ཉི་ཤར་གྱི་བར་ལ་མུན་པ་དེངས་ཚུལ་ཐ་དད་ཀྱང་། ཉི་མའི་འོད་ལ་ཁྱད་མེད་དེ་ཅུང་ཟད་ཤར་བ་དང་ཇེ་ཆེར་ཤར་བའི་ངོས་ནས་དེ་སྐད་བཞག་ཆོག་པ་ལྟ་བུའོ། །གཉིས་པ་ལ་དམ་རྫས་མར། རྟོགས་པའི་ཉི་མས། ཡང་དག་པའི་མཐར་བཞུ་བ་ གསུམ་ལས། དང་པོ་ནི། འདི་ཡང་རྩ་རྒྱུད ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་དྲ་བའི་སྡོམ་པ་ཡིན། །ཞེས་པས་ཟུང་འཇུག་སྤྲུལ་པ་སྐུའི་ལམ་དུ་གཞག་གོ །དམ་རྫས་རྟོགས་པའི་ཉི་མ་ལྡེ། །བདེ་ཆེན་རང་སེམས་སྤྲོས་དང་བྲལ། །རྩ་རླུང་བྱང་སེམས་མི་འགྱུར་བས། །གཉིས་མེད་རྡོ་རྗེ་གང་གིས་རྟོགས། །དེ་ནི་རྫས་ཀྱི་དམ་པའི་མཆོག །དེ་ལྟར་ཟུང་འཇུག་ཏུ་གྲུབ་པའི་དུས་ཀྱི་སྒྱུ་མ་ཙམ་གྱི་སྣང་ཆ་ནི་ལས་དང་ཉོན་མོངས་པའི་རྒྱུ་རྐྱེན་གྱིས་འདུས་བྱས་པ་མ་ཡིན། འོ་ན་གང་གིས་འདུས་བྱས་ནས་སྣང་ཞེ་ན། །རྩ་རླུང་ཐིག་ལེ་མི་ཤིགས་པའི་ཐིག་ལེར་སྦྱང་རིམ་གྱིས་སོ། །དེས་དེ་དག་གི་སྣང་བ་ལའང་དམན་པར་མཆོག་གི་འགྲོས་བྱུང་ངོ་། །དེ་ནི་རྡོ་རྗེ་མཁའ་འགྲོར། གང་གི་དབང་པོ་རྫས་ཡིན་ཏེ། །ཤིན་ཏུ་མཉམ་པར་གཞག་སྟེ་སྒྲུབ། དབང་པོ་མིག་ལ་སོགས་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། ཕྱི་ལྟར་སྣང་བ་སྣ་ཚོགས་པ། །རྟོགས་པའི་ཉི་མ་ཞེས་གསུངས་ཏེ། རྡོ་རྗེ་མཁའ་འགྲོར། མཆོག་ཏུ་མཉམ་བཞག་སྦྱོར་བ་ཡིས། །ཐམས་ཅད་སངས་རྒྱསརང་བཞིན་འགྱུར། །ཞེས་གསུངས་ནས་དེའི་དོན་དེ་ཉིད་དུ། རིགས་པའི་སྦྱོར་བ་ལམ་ཡིན་ཏེ། །གང་དང་གང་གི་རང་བཞིན་དེས། །དེ་དང་དེ་ཡི་དངོས་པོ་ཡི། །བདེ་བ་ཉིད་དུ་བསྒྲུབ་པར་བྱ། །བདེ་བ་སེམས་ཞེས་བྱ་བ་སྟེ། །དེ་ཉིད་དུ་ནི་དགའ་བདེ་སོགས། །སྡུག་བསྔལ་གྱིས་ནི་འགྲུབ་མི་འགྱུར། །བདེ་བ་ཡིས་ནི་འགྲུབ་པར་བཤད། །ཤིན་ཏུ་བདེ་བའི་སྒྲུབ་ཐབས་ནི། །ཐོས་དང་བསམ་གཏན་སོགས་སྦྱངས་པས། །དམན་པ་དག་ནི་གང་གིས་ཀྱང་། །སྒྲུབ་པར་ནུས་པ་མ་ཡིན་ཏེ། །སྐྱེ་བོ་ཐབས་དང་བྲལ་བས་ན། །ཚུལ་ངན་དམན་པ་དཀའ་བས་བསྒྲུབ། །བདག་ཉིད་བསྒྲུབ་པ་དང་བྲལ་བས། །སྐལ་མེད་ངལ་བ་དོན་མེད་ཅིང་། །དེ་ལ་དངོས་གྲུབ་ཅེས་མི་བརྗོད། །ཨ་ས་མ་ཞེས་བྱ་བ་ནི། །དཔེ་དང་ཟླ་མེད་པའོ། །ཨ་དྷི་ཏ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་སྦྱོར་བའོ། །ཐམས་ཅད་སངས་རྒྱས་རང་ཉིད་འགྱུར། །ཞེས་བྱ་བ་ནི། །དངོས་པོ་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སུ་མཚོན་ཞིང་འཇུག་པའོ། །སྣང་བ་གང་ཤར་ཀྱི་སྟེང་དུ་ཡང་དག་པའི་དྲན་པ་དང་། ཡང་དག་པའི་རྟོག་པས་མེ་ལོང་ལ་ཧས་བཏབ་པ་འདུ་བ་ལྟ་བུར་སྣང་བ་ཐིམ་པའི་འོད་གསལ་ཉིད་ལ་ཡང་དང་ཡང་དུ་འཇུག་པ་དེ་ཡིན་ནོ། །གསུམ་པ་ནི། གཅིག་ལ་ལྡེ། དེ་ལ་གསལ་འགྲིབ་མེད་པ་ཡིན། དེས་ཐམས་ཅད་ཡང་དག་མཐའ་ལ་བཅུག་པས་སྣང་བའི་ཚོགས་ཟད་པར་འགྱུར་ཏེ། མི་ཟད་དུ་དེ་དག་གཏི་མུག་གིས་བསྒྲིབས་པའི་སྣང་བ་ཡིན། འདིས་ནི་གཏི་མུག་བཅོམ་པ་ཡིན་པའི་ཕྱིར་རོ། །གཉིས་པ་རོ་སྙོམས་ཕྱིའི་མེ་ལོང་ལ་མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། ཨེ་མ་ཧོ། པདྨ་རིན་ཆེན་ཆུ་བོའི་གཞུང་། །ཉི་མ་མེ་དང་ཤེལ་དང་མཚུངས། །སེང་གེ་གླང་ཆེན་རི་དྭགས་ལྟར། །ཨེ་མ་ཧོ། སྐལ་ལྡན་རྣམས་ཀྱིས་རྟོགས་པར་གྱིས། །ཨེ་མ་ཧོ། ཤ་ཟ་སྨྱོན་པ་ཅེ་སྤྱང་བཞིན། །ནམ་མཁའ་སྤྲིན་དང་གློག་བཞིན་དུ། །རོ་ལངས་ས་ར་ས་བུ་ཆུང་། །ཨེ་མ་ཧོ། སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོང་། །ཨེ་མ་ཧོ། རྒྱལ་པོ་བློན་པོ་འབངས་དང་ནི། །བཙུན་མོ་བྲན་དང་རྟ་མཆོག་དང་། །གཅེར་བུ་བརླིང་བ་ལམ་ཆེན་ཏེ། །སྐལ་ལྡན་རྣམས་ཀྱིས་ཐོབ་པར་གྱིས། །ཞེས་བསྟན་ཏོ། །གཉིས་པ་ལ། དགྲ་བོ་གཡུལ་ངོར་འཇོམས་པ། ཁྱབ་གདལ་གྱི་རྒྱལ་སྲིད་བཅད་པ། མཐར་ཐུག་གི་གོ་སར་བཀོད་ནས་དབང་སྒྱུར་བ་གསུམ་ལས། དང་པོ་ནི། སྒོ་གསུམ་རབ་ཏུ་བཅིངས་པ་ཡི། །ཆོས་ཐམས་ཅད་སྒོ་གསུམ་ལྟ་སྒོམ་སྤྱོད་པ་གསུམ་ལས་ནི་འདའ། དེ་ལ་པདྨ་རིན་ཆེན་ཆུ་བོ་གསུམ་ལྟ་བའི་བརྡ་སྟེ། པདྨ་འདམ་གྱིས་མ་གོས་པ་ལྟར་སེམས་ཉིད་ལ་འཁོར་བའི་དྲི་མས་མ་གོས་པའོ། །ནོར་བུ་རིན་ཆེན་ནི་གང་འདོད་པ་ཐམས་ཅད་ལྷུན་གྲུབ་ཏུ་འབྱུང་བ་ལྟར་དུ་སྐུ་གསུམ་གཞན་དོན་དུ་འབྱུང་ངོ་། །ཆུ་བོ་ལ་རྒྱུན་ཆད་མེད་པ་བཞིན། རང་སེམས་ཆོས་ཉིད་ཀྱི་དབྱིངས་ལ་རྒྱུན་ཆད་མེད་པར་གནས་པའོ། །ཉི་མ་མེ་དང་ཤེལ་དང་གསུམ་སྒོམ་པའི་བརྡ་སྟེ། ཉི་མ་ལ་དྲོ་མི་དྲོ་མེད་པ་བཞིན་ཕྱི་ནང་མེད་ལ་འཕོ་འགྱུར་མེད་པའོ། །མེས་རྟེན་འབྲེལ་ཚོགས་པས་རྩི་ཤིང་ནགས་ཚལ་རྣམས་སྲེག་པ་ལྟར་དུ། རང་གི་རིག་པའི་ཡེ་ཤེས་ཀྱི་མེ་སྦར་བས་རྣམ་རྟོག་ཐམས་ཅད་སྲེག་པར་བྱེད་པའོ། །ཤེལ་ལ་ཕྱི་ནང་གསལ་འགྲིབ་མེད་པ་བཞིན་དུ། རང་གི་སེམས་ལ་ཕྱི་ནང་གསལ་འགྲིབ་མེད་པའོ། །སེང་གེ་གླང་ཆེན་རི་དྭགས་སྤྱོད་པའི་བརྡ་སྟེ། སེང་གེ་ལ་ཉམ་ང་མེད་པ་བཞིན་རྩལ་གསུམ་སེམས་ལ་རྫོགས་པ། གླང་པོ་ཆེ་ལ་དོགས་པ་མེད་པ་ལྟར་ཉོན་མོངས་རྣམ་རྟོག་ལ་ཐོག་བརྫིས་བྱེད་པའོ། །རི་དྭགས་ནགས་ན་རྒྱུ་བ་ལྟར། གནས་ངེས་མེད་བྱ་རྟེན་མི་བཅའ་བའོ། །དེས་རྣམ་པར་ཤེས་པ་ཐམས་ཅད་ཟད་པར་བྱེད་པས། རྒྱལ་པོའི་གྲོང་ཁྱེར་རབ་ཏུ་དཀྲུགས་ཞེས་སྦྱར་རོ། །གཉིས་པ་ནི། རོ་སྙོམས་ཕྱིའི་མེ་ལོང་ལྟ། འབྱུང་བ་ཕྱིའི་རོ་སྙོམས་དང་། ཤ་ཟ་སྨྱོན་པ་ཅེ་སྤྱང་གསུམ་ནི་ཕྱི་ལུས་ཀྱི་རོ་སྙོམས་ཀྱི་བརྡ་སྟེ། ཤ་ཟ་གང་བདེར་འཕྱོ་བ་བཞིན། བདེ་སྡུག་གཉིས་པོ་རོ་སྙོམས་པར་བྱའོ། །སྨྱོན་པ་དྲན་མེད་དུ་གནས་པ་བཞིན་དུ། རྟོག་མེད་དུ་རིག་པའི་ཉམས་སྐྱོང་བའོ། །ཅེ་སྤྱང་གི་མིག་གིས་ཕྱི་ནང་མེད་པར་མཐོང་བ་བཞིན་དུ་སེམས་ཀྱིས་སེམས་བྱ་ར་བྱའོ། །ནམ་མཁའ་སྤྲིན་དང་གློག་དང་གསུམ། ནང་ཏིང་ངེ་འཛིན་གྱི་བརྡར་བསྟན་ཏེ། ནམ་མཁའ་དུས་གསུམ་དུས་མེད་དུ་གནས་པ་ལྟར་དུ་རང་སེམས་ནམ་མཁའ་ལྟ་བུར་གོ་བར་བྱའོ། །སྤྲིན་ནི་དབྱིངས་སུ་ཡལ་བ་ལྟར་དུ་རྣམ་རྟོག་ཐམས་ཅད་རང་ཡལ་དུ་བྱའོ། །གློག་གི་སྐད་ཅིག་གིས་འཁྱུག་པ་ལྟར་རིག་པ་སྐད་ཅིག་མའི་ཉམས་མྱོང་སྐྱོང་བར་བྱའོ། །ཉམས་ནི་བདེ་སྡུག་རྣམ་པ་བཞི། རོ་ལངས་ས་ར་ས་བུ་ཆུང་གསུམ་གསང་བ་བརཏལ་ཞུགས་ཀྱིས་རོ་སྙོམས་པའི་བརྡ་སྟེ། རོ་ལ་རྟོག་པ་མེད་པ་ལྟར་དུ་རྟོག་པས་ཀྱང་རྟོག་མེད་དུ་སྤྱོད་པའོ། །ས་ར་ས་གཏད་རྩ་མེད་པ་བཞིན་དུ་རྟོག་པས་ཕྱོགས་མེད་པར་སྤྱོད་པའོ། །བུ་ཆུང་གདོལ་བའི་སྤྱོད་པ་བཞིན་དུ་ལུས་འདི་ཉིད་ངོ་ཚ་དང་བྲལ་བར་སྤྱོད་པའོ། །དེ་ལྟར་གསུམ་ནི། སྐྱེ་བ་མེད་པས་མེ་ལོང་ལ། །དྲན་པའི་རྡུལ་གྱིས་བཀབ་པ་དེ། །དྲན་མེད་རིག་པའི་ཉམས་ཀྱིས་ཕྱིས། །ཞེས་པའི་དོན་ནོ། །གསུམ་པ་མཐར་ཐུག་གི་གོ་སར་བཀོད་ནས་དབང་བསྒྱུར་བ་ནི། སེམས་ཀྱི་མེ་ལོང་དག་པ་ལས། །སྣང་བ་གཉིས་མེད་ལྟ་བ་ལ། །རྒྱལ་པོ་བློན་འབངས་གསུམ་གྱིས་ཟུང་འཇུག་གི་བརྡ་བསྟན་ཏེ། དཔེར་ན་རྒྱལ་པོ་ནི་མཆོག་ཏུ་གྱུར་པས་གཞན་དབང་དུ་འདུ་བར་འགྱུར་བ་དང་འདྲ་བར་རྣལ་འབྱོར་པས་རང་སེམས་ཆོས་ཀྱི་སྐུ་དང་། རིག་པ་གཉིས་སུ་མེད་པར་ལྷུན་གྲུབ་རྒྱལ་པོ་ལྟར་རྟོགས་པའོ། །བློན་པོ་དེ་རྒྱལ་པོ་དང་མི་འབྲལ་བར་གནས་པ་ལྟར། རང་གི་རིག་པའི་ཡེ་ཤེས་དེ་སྣང་སྟོང་གཉིས་ཀ་གཅིག་གི་གཅིག་མི་སྟོང་མ་ཡེངས་ལྷུན་གྱིས་གྲུབ་པ་ཡིན། འབངས་ཀྱིས་རྒྱལ་པོའི་བྱ་བ་བྱེད་པ་ལྟར་དུ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་གཞན་དོན་བྱེད་པའོ། །རྣམ་རྟོག་ཤུགས་འབྱུང་དྲི་མ་ཕྱིས། བཙུན་མོ་བྲན་དང་རྟ་མཆོག་གསུམ་ཤེས་རབ་གྱི་བརྡར་བསྟན་པ་སྟེ། བཙུན་མོ་ནི། རྒྱལ་པོ་དེ་བཙུན་མོ་ལ་བརྩེ་བ་ལྟར། རིག་པ་དང་སྣང་བ་མི་འབྲལ་བར། གཅིག་ལ་གཅིག་ཐིམ་པའི་བརྡ་དང་བཅས་ནས་གྲོལ་བའོ། བྲན་ནི་ཤེས་རབ་སྟོང་པ་ཉིད། ཐབས་བདེ་བ་ཆེན་པོ་དང་དབྱེར་མེད་པ་ལམ་དུ་ཁྱེར་བའོ། །རྟ་མཆོག་གི་དཔེ་ནི་རྣལ་འབྱོར་པས་མ་བཅོས་པའི་དོན་ལ་བྱ་རྩོལ་མེད་པ་རྩིས་གདབ་དང་བྲལ་བ་བྱ་བའོ། །རང་གསལ་དྲི་མེད་མེ་ལོང་ལྟོས། གཅེར་བུ་བརླིང་བ་ལམ་ཆེན་གསུམ་སྐུ་གསུང་ཐུགས་ཀྱི་བརྡར་བསྟན་པ། གཅེར་བུ་ནི་གོས་མེད་པ་ལྟར་དུ་རྣལ་འབྱོར་པས་ཀྱང་དྲི་མ་དང་བྲལ་བར་བྱའོ། །བརླིང་བ་ནི་མ་བཅོས་པའི་ཤེས་པ་གང་གིས་ཀྱང་མ་བསྐྱོད་པའོ། །ལམ་ཆེན་པོ་ནི། ལམ་དུ་ཞུགས་ནས་རྡོ་རྗེ་གདན་དུ་ཕྱིན་པ་དང་འདྲ་བར་རེ་དོགས་བྲལ་བའི་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ཟུང་འཇུག་གི་དོན་ནོ། །དེ་ཡང་རང་བཞིན་ཆོས་ཉིད་ཀྱི་དབྱིངས་ནས་ཉིད་གནས་པ། སྣང་བ་དག་པར་འཆར་བ། སེམས་འོད་གསལ་དུ་སོང་བ། སྐུ་གསུམ་ལྷུན་གྱིས་གྲུབ་པ། ངོ་བོ་སྤྲོས་པ་དང་བྲལ་བ། སྐྱེ་མེད་ཡིན་པས་བཙལ་དུ་མེད་པའོ། །དེ་དག་རྡོ་རྗེ་མཁའ་འགྲོར། དུས་དྲུག་ཏུ་ནི་བསྟན་པ་དག །རྟག་ཏུ་རྣམ་པར་མི་རྟོག་གནས། །རྡོ་རྗེ་སེམས་སོགས་རྒྱལ་བ་རུ། །དེ་ཡི་རང་བཞིན་ཡོངས་ཤེས་བྱ། དང་། རང་བཞིན་དེ་དག་རྫོགས་པར་ནི། །གང་ཞིག་གྱུར་པའི་རྣལ་འབྱོར་པས། །སྒྲུབ་པོ་རྣམས་ཀྱི་ལས་རྣམས་ནི། །ཐམས་ཅད་བྱེད་འགྱུར་གདོན་མི་ཟ། དང་། དུས་ཀུན་སེམས་ལ་གནས་པ་སྟེ། དང་། རྣལ་མའི་ལམ་ལ་བརྟེན་ན་ནི། །ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ། །སྐྱོན་དང་ཡོན་ཏན་འཕེལ་བྱེད་པའི། །འཁོར་བ་དང་ནི་མྱ་ངན་འདས། །བདེ་བ་དང་ནི་སྡུག་བསྔལ་དངོས། །ལྷན་ཅིག་སྐྱེས་པར་ཡང་དག་གནས། །ཞེས་པས་གསུངས་ཏེ། ལྷན་ཅིག་སྐྱེས་པ་ནི་རིག་མའི་སྐྱེས་བུ་ཞེས་སྔར་བཤད་པ་དེའོ། །དེ་ལྟར་སྒྲུབ་པའི་ཐབས་འདི་ནི་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་གསུངས་པས་དེ་ཉིད་དུ། ཨོ་རྒྱན་ལས་འོངས་རིམ་པ་འདི། །གཞན་དུ་བརྗོད་པར་མི་བྱའོ། །སྐུ་གསུམ་དབྱེར་མེད་མཆོག་གི་དོན། །སྐྱེས་པས་འགྲོ་བ་ཁྱབ་བྱེད་དོ། །སྡོམ་པ་རྒྱ་མཚོའི་རྗེས་འགྲོ་བས། །ཉེ་བའི་སྙིང་པོ་བསྒོམ་དང་བཟླས། །འཇིགས་དང་སྐལ་ངན་མི་མཐུན་སེལ། །རིམ་གཉིས་འདོད་པའི་འབྲས་བུ་སྟེར། །ཕྱོགས་མེད་ངོ་མཚར་རྨད་བྱུང་གཙོ། །རང་བྱུང་གྲོལ་བའི་ཡེ་ཤེས་མཆོག །ས་གསུམ་གནས་པའི་འགྲོ་བ་རྣམས། །ནམ་ཡང་ཁྱེད་དང་བྲལ་མ་གྱུར། །ལུས་མེད་མཁའ་འགྲོའི་སྒྲུབ་ཐབས་རྫོགས་སོ། །ཞེས་བྱུང་། འཕྲོས་པའི་ཆོས་སྡེ་སློབ་དཔོན་ཏིལླི་པ་ཚུར་འབྱོན་པའི་ལམ་དུ་སྟེ། དེའི་གཞུག་ཏུ། ཨེ་མ་ཧོ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མས། །ནམ་མཁའ་སྟོང་པའི་ངང་ལས་ནི། །བརྡ་སྐད་བྲག་ཆ་ཇི་བཞིན་དུ། །སྟོང་པའི་ངང་ལས་སྙིང་རྗེའི་སྒྲ། །དབྱེར་མེད་བདེ་ཆེན་ངང་དུ་བསྒྲགས། །སྐལ་ལྡན་བློ་ཡི་པདྨོ་དེ། །ཡེ་ཤེས་ཉི་མ་ཤར་བ་ཡིས། །རང་གྲོལ་ཤུགས་འབྱུང་ཁ་འཛུམ་ཕྱེ། །བློ་ལྡན་དྲི་མེད་གཟི་བརྗིད་ཁྱོད། །པུ་ལ་ཧ་རིའི་དགོན་པ་རུ། །བྷཱུ་ཏིའི་མ་རིག་མུན་སེལ་ལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །དེ་སྐད་ཏཻ་ལོ་པས་ནཱ་རོ་པ་ལ་གསུངས་སོ་ཞེས་འབྱུང་། གཉིས་པའི་གཤམ་དུ། རྣལ་འབྱོར་དབང་ཕྱུག་ཏིལླི་ཆེན་པོ་ཡིས། །རྒྱལ་གྱི་རི་ཞེས་གྲགས་པར་བདག་ལ་གནང་། །གསང་སྔགས་སྙིང་པོ་ལུས་མེད་མཁའ་འགྲོ་ཡི། །ཆོས་སྐོར་མ་ལུས་དེ་རུ་རྫོགས་པར་གནང་། །ནམ་མཁའི་ཁམས་ནས་སྐུ་ལུས་མི་སྣང་བར། །མཁའ་ལ་རང་སྒྲ་བཞིན་དུ་རྡོ་རྗེའི་ཚིག །ཟབ་མོའི་མན་ངག་ནཱ་རོ་བདག་ལ་གནང་། །ལྔ་བརྒྱའི་ཐ་མར་གྱུར་ཚེ་ས་སྟེངས་སུ། །སྣོད་ལྡན་རྣམས་ཀྱི་པདྨ་དམ་པ་དང་། །ཁ་བ་ཅན་ལྗོངས་ཁྱོད་ཀྱི་སློབ་མ་ཡིས། །འདུལ་བར་འགྱུར་ཞེས་བླ་མའི་གསུང་ལས་ཐོས། །འགྲོ་ཀུན་བདེ་མཆོག་འབྲས་བུ་རྒྱས་གྱུར་ཅིག །ཅེས་བཤད་དོ། ཨེ་མ་རྒྱུད་སྡེའི་གསང་ཚིག་རྣམས། །ཇི་བཞིན་འབྱེད་ནུས་འདི་སྙམ་ནས། །མཁའ་འགྲོའི་ཕྱག་གི་གཅེས་པའི་དཔེ། །མ་ལུས་བདག་གི་མདུན་དུ་བཀོད། །དེ་ཕྱིར་བྱང་ཆུབ་སྙིང་པོའི་སྒོམ་ཆེན་པ། །འདིར་འདོད་ཆོས་ལམ་འགྲིམ་ལ་ངལ་བསོའི་སྟེགས། །ལེགས་བཤད་གསེར་ཁྲི་དངོས་གཙང་ཡིད་འབབ་པ། །རྒྱུད་དོན་ཏ་ལའི་གྲིབ་བསིལ་འཛིན་འདི་སྤྲུལ། །དེ་ལྟར་ངག་དབང་ནོར་བུས་ལུས་མེད་མཁའ་འགྲོའི་ཆོས་སྡེའི་རྣམ་པར་བཤད་པ་ཆོས་ཀྱི་ཉིང་ཁུ་ཞེས་བྱ་བ་གནམ་མཚོ་དོ་བ་སྟོན་སྒོམ་སེང་གེ་སྲབ་མེད་དུ་འཕྱོ་བ་ཆོས་གྲུབ་དཔལ་བཟང་པོས་སྒྲུབ་པ་སྙིང་པོར་བྱེད་པའི་སྲོལ་ཆེར་གཟུང་བའི་བྱ་དགར་སྦྱིན་པའི་ཡི་གེ་པ་ནི་གྲོ་མོ་བ་བློ་གྲོས་རྣམ་རྒྱལ་ལོ། །དགེ་བས་ཐམས་ཅད་ནམ་མཁའ་རྡོ་རྗེ་གྲོང་དུ་འགྲོ་བར་གྱུར་ཅིག་གོ། །།ཀུན་མཁྱེན་བླ་མའི་གསུང་འབུམ་ཁ་སྐོང་རིགས། །མཛོད་ཁྲི་ཐབས་མཁས་བཞེང་དགེས་དོན་བརྒྱུད་ཀྱི། །བསྟན་པ་འཕེལ་རྒྱས་སྐུ་གཤེགས་དཔལ་ལྡན་གཙོས། །འབྲེལ་ཐོག་མཁའ་མཉམ་བྱང་ཆུབ་མྱུར་ཐོབ་ཤོག། །།མངྒལཾ།། །།