སྙིགས་དུས་རྣལ་འབྱོར་གཟུགས་འཛིན་སྤྲང་བན་ཚེ་དབང་ནོར་བུ་བདག་ཉིད་ཕྱོགས་ཀུན་རྒྱུ་བའི་རྟོགས་བརྗོད་ལས་འཕྲོས་སྐྱོ་ཤས་གླུ་དབྱངས་སྣ་ཚོགས་པདྨའི་ཕྲེང་བ།
༄༅། །སྙིགས་དུས་རྣལ་འབྱོར་གཟུགས་འཛིན་སྤྲང་བན་ཚེ་དབང་ནོར་བུ་བདག་ཉིད་ཕྱོགས་ཀུན་རྒྱུ་བའི་རྟོགས་བརྗོད་ལས་འཕྲོས་སྐྱོ་ཤས་གླུ་དབྱངས་སྣ་ཚོགས་པདྨའི་ཕྲེང་བ་བཞུགས་སོ། །
༈ དུས་སྙིགས་མར་རྣལ་འབྱོར་གཟུགས་བརྙན་ཙམ་དུ་འཛིན་པའི་དཀོར་ཟན་སྙོམས་ལས་མཁན་ཚེ་དབང་ནོར་བུའི་དཔལ་གྱི་རྒྱ་མཚོ་བདག་ཉིད་སྣང་བ་སྒྱུ་མའི་ལྟད་མོར་ཕྱོགས་ཀུན་རྒྱུ་བའི་རྟོགས་བརྗོད་ཀྱུ་རུ་ལུགས་སུ་ས་བོན་ཙམ་ངེས་པར་བྱུང་བ་སྐྱོ་ཤས་ཀྱི་གླུ་དབྱངས་སྨོས་པ་སྣ་ཚོགས་པདྨའི་ཕྲེང་བ་ཞེས་བྱ་བ་འདི་ལྟ་སྟེ།
ཨོཾ་སྭཱ་སྟི། བླ་མེད་བླ་མ་འཁྲུལ་སྤངས་ཡེ་ཤེས་རྒྱས། །དཔེ་དང་དོན་སྦྱོར་སྐྱོབ་པའི་དཔལ་དམ་པ། །རྒྱལ་བའི་བསྟན་སྤྱོད་ཚོགས་ཞིང་རྒྱལ་བ་པོ། །དཀོན་པའི་མཆོག་གྱུར་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་བ་རབ་འབྱམས་དཀྱིལ་འཁོར་ཀུན་འདུས་གཙོ། །མཚོ་སྐྱེས་རྡོ་རྗེ་མཚུངས་མེད་འགྲོ་བའི་མགོན། །དྲན་མཆོག་བདེ་ཆེན་འཁོར་ལོའི་དབང་ཕྱུག་ཆེ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །ཀྭ་ཡེ་རང་ཚུལ་རང་གིས་ཅུང་གླེང་ན། །སྐྱོན་གྱུར་ཉོན་མོངས་ཆུ་གཏེར་རབ་འཁྲུགས་ཤིང་། །ཡོན་ཏན་ཕུན་ཚོགས་ནོར་དང་མི་ལྡན་པ། །ཚེ་དབང་ནོར་བུར་གྲགས་པའི་ཏིར་རྒན་བདག །ཕ་ནི་གཉིད་ཆང་ལ་སྲེད་ཞེ་སྡང་ཆེ། །ཁོག་དྲང་གཡོ་སྒྱུ་ཆུང་ཞིང་དགེ་ལ་མོས། །མ་ནི་ངང་ཐུང་ང་རྒྱལ་སེར་སྣ་ཆེ། །གཞུངས་བཟང་དད་གུས་ལྷ་སྔགས་བཟླ་ལ་མོས། །དེ་ལྟའི་ཕ་མ་སྐྱོན་ཡོན་གཉིས་ལྡན་པ། །མགོན་དང་མཚོ་ཞེས་བྱ་བ་གཉིས་ཀྱི་བུར། །ཀཿཐོག་ལྷོ་ཕྱོགས་འཇང་ཆུ་ཉེ་བའི་གཡོན། །སྐྱེ་མ་ཐག་ཏུ་དམ་ཆོས་འཕྲད་པར་སྐྱེས། །པད་འབྱུང་བཻ་རོའི་ཐུགས་ཀྱི་སྤྲུལ་པ་ཆེ། །ཟབ་གཏེར་མངའ་བདག་བདེ་ཆེན་གླིང་པ་ཡི། །དབང་བསྐུར་མིང་གནང་སྐལ་བར་ལྡན་པ་ཡི། །སྐྱེས་བུ་འོང་བར་ལུང་བསྟན་གཟེངས་ཡང་བསྟོད། །ཆུང་ངུ་ལོ་ཤས་དུས་སུ་སྔོན་གནས་ཚུལ། །གསལ་བར་དྲན་ཞེས་ཁོང་ཚོའི་ངག་ལས་ཐོས། །ང་རང་ཡིད་ལ་ཅི་བྱས་ཆ་ནི་མེད། །ཡིད་ལ་ངེས་པར་ལྷ་བསྒོམ་སྔགས་བཟླ་དང་། །ཁྱད་པར་སེམས་ངོ་ཐོད་བརྒལ་བསྐྱང་ཚུལ་སྤྲོ། །གཏེར་སྟོན་གནས་སྒོ་ཕྱེ་ཚུལ་རྩེད་མོར་སྤྱོད། །སེམས་གསལ་སྣང་བ་ཞེན་མེད་རྨི་ལམ་འདྲ། །དངོས་ཉམས་རྨི་ལམ་ལྷ་དང་འདྲེ་མང་མཐོང་། །གཞན་གྱི་ཡིད་ལ་ཅི་བསམ་འགའ་ཡང་ཤེས། །དེ་དག་བྱིས་པའི་ཚུལ་གྱི་སྤྱོད་ཚུལ་ཡིན། །ཚུལ་འདི་སྔོན་ལས་འཕྲོ་བཟང་ཅུང་ཟད་ཅིག །ཡིན་པར་སྲིད་ཙམ་མཐའ་མ་བཀག་ནའང་། །ནར་སོན་བླ་མའི་གཟུགས་བརྙན་ཙམ་ཞིག་འདི། །བཟུང་མཐུས་ཡོན་ཏན་རྒྱབ་ཀྱིས་རབ་ཕྱོགས་ཏེ། །ལྷ་ཆོས་འོད་མཆོག་བ་ལང་སྤྱོད་དུ་གཞོལ། །འདི་སྣང་ཆོས་བརྒྱད་ཤར་རིའི་ཕྲག་ནས་འཕོས། །བཟང་རྫུ་ཁེ་གྲགས་དབྱར་མཚོ་བཞིན་དུ་རྒྱས། །དམ་པའི་རྣམ་ཐར་སྟོན་མཇུག་རྩི་ཐོག་འདྲ། །འཕྲལ་བསམ་རང་མགོ་བསྐོར་ན་སྐྱིད་སྐྱིད་ལ། །ཕུག་བསམ་ཕྱི་མ་དྲན་ཚེ་གློ་སྙིང་འདར། །རང་གི་རང་ཉིད་ཚུལ་འདི་ཞིབ་བསམ་ན། །སྐྱོ་ཞིང་སྡུག་བསྔལ་རྒྱུ་ལས་གཞན་ཅི་ཞིག །ཀྭ་ཡེ་ད་དུང་བདག་ཚུལ་མདོ་ཙམ་སྨྲ། །ཆུང་ངུའི་སྐབས་སུ་སྔོན་གནས་ཅུང་དྲན་པས། །དེ་དུས་སྤྲུལ་པའི་སྐུ་རུ་ཡིན་མིན་ཞེས། །སྣ་ཚོགས་གླེང་གྱུར་འགའ་ཡང་འགའ་ཡིས་ནི། །གྲུབ་ཆེན་པད་མ་ནོར་བུའི་སྤྲུལ་སྐུ་དེ། །ཡུལ་འདིར་མི་འཁྲུངས་ལུང་བསྟན་ཡོད་དོ་སྐད། །ལ་ལས་བླ་མ་གནས་རིགས་འདེམ་ནུས་ཏེ། །ཨ་མགོན་རང་གའི་བུར་སྐྱེ་མི་སྲིད་ཟེར། །ལ་ལས་ཕ་མས་ངག་བསླབ་བཟོ་བཅོས་ཀྱིས། །སྤྲུལ་མིན་སྤྲུལ་པའི་སྐུ་རུ་རྫུ་འདུག་ཟེར། །ལ་ལས་ཨ་ཁུ་གོང་མའི་གྲྭ་རྒན་གཤིས། །དེ་ཚོས་བསླབ་ནས་གང་དྲན་བརྗོད་འདུག་ཟེར། །ལ་ལས་སྤྲུལ་སྐུ་ཡིན་ཀྱང་སྔོན་གནས་ཚུལ། །འདི་ཙམ་གསལ་བ་འདྲེ་ཡི་བསླུས་སམ་ཤེས། །ལ་ལས་རོང་སྟོན་བུ་དང་ཚ་བོ་ཀུན། །གང་ཆེ་གང་དྲག་སྤྲུལ་སྐུར་བཟོ་འདུག་ཟེར། །གང་ལྟར་ང་ཡི་སྐྱེ་ས་དམན་སྟབས་ཀྱིས། །སྤྲུལ་སྐུའི་མིང་ཙམ་ལས་ཀྱིས་གྲགས་པ་དེ། །ཀུན་གྱིས་ཞེ་ཁྲེལ་ཧབ་དགོད་རྒྱུར་བདག་བྱས། །ཡུན་རིང་རྒྱུས་ཡོད་འགྲོགས་པའི་གྲོགས་པོ་འགས། །སྐྱེ་བ་དྲན་ཚུལ་བག་ཆགས་བཟང་པོ་བཅས། །སྤྲུལ་སྐུ་བསླུ་མེད་འདུག་ཅེས་བསྟོད་པར་བྱས། །གོང་མའི་དབོན་ཉེ་གྲྭ་ཚང་གང་གིས་ཀྱང་། །སྤྲུལ་སྐུ་ཡིན་མིན་ཐེ་ཚོམ་བཅད་ཙམ་ཡང་། །མ་མཛད་ཚེ་ན་བདག་རྐྱེན་སྨོས་ཅི་དགོས། །གྲུབ་རྟགས་རྡོ་ལ་ཞབས་རྗེས་བཞག་གྱུར་པའི། །གྲུབ་ཆེན་པདྨ་ནོར་བུར་གྲགས་པ་དེའི། །སྤྲུལ་སྐུར་བདག་འདྲ་སྤྲང་ཕྲུག་མུ་ཏོ་ཞིག །ཡིན་ཡང་གང་ཡིན་མིན་པར་ཐུགས་རེ་བདེན། །དེས་ན་གཏེར་སྟོན་ཁྱུང་གྲགས་རྡོ་རྗེ་ཞེས། །གྲགས་དེས་སྤྲལ་སྐུ་མིན་པར་གསུང་མཐོན་པོར། །བསྒྲགས་དེ་རང་གིས་རང་ལ་བརྟག་པའི་ཚེ། །རྗེས་སུ་ཡི་རང་ལན་གྲངས་བརྒྱ་བརྒྱར་འབུལ། །འོན་ཀྱང་ཕྱི་དུས་བདག་ཉིད་རོལ་ལམ་དུ། །ཡོད་སྐབས་གཏེར་ཆེན་མཆོག་སྟེ་སྟག་བུ་རུ། །གདུལ་བྱར་ཕེབས་སྐབས་འཁྲུལ་མེད་སྤྲུལ་སྐུ་རུ། །ཡིན་ཞེས་རྡོ་རྗེའི་གསུང་གིས་བསྒྲགས་མཛད་པ། །སྐལ་མེད་བདག་འདྲ་ལས་ངན་སྤྲུལ་བརྫུ་ཡང་། །ཆོས་ལ་སྤྲོ་བ་བསྐྱེད་ཕྱིར་རྗེས་བཟུང་ཚིག །གནང་འདུག་སེམས་ནས་གུས་པའི་ཐལ་སྦྱར་ལས། །མ་མཆིས་དེ་དག་འཕྲལ་ཚུལ་ཅུང་ཟད་ལགས། །དེ་བས་གཞན་གྱུར་རང་ཉིད་བྱིས་པའི་དུས། །བཟུང་ནས་དེང་དུས་ལྔ་ཕྲག་ལྔ་ལོ་བར། །དགེ་སྡིག་བཟང་ངན་དགའ་སྡུག་ལེགས་ཉེས་ཚུལ། །ཞིབ་པར་བརྗོད་པ་བགྲང་གིས་མི་ལོངས་ཤིང་། །སྨྲས་ཀྱང་ཀུན་གྱི་ཁོང་ཁྲེལ་རྒྱུ་བསྐྱེད་ལས། །ལེགས་བཤད་ཡོན་ཏན་ཚིག་དོན་མི་འབྲེལ་བར། །སྣག་ཤོག་ཆུད་ཟོས་ཁོ་ནའི་རྒྱུས་ཅི་བྱ། །དེས་ན་རྒྱས་པར་འདི་རུ་མི་སྨོས་ཀྱི། །མདོ་ཙམ་བདེ་སྡུག་གླེང་མོའི་ཚུལ་བཤད་ནས། །རང་ལོ་བདུན་པའི་སྐབས་སུ་སྒྱུ་མ་ཡི། །ཉམས་སྐྱེས་བཅུ་གསུམ་ལོན་དུས་འདྲེན་པ་རྗེ། །རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་བདེ་གླིང་ཞབས། །བདག་གིས་མགོ་བོས་རེག་བྱས་དམ་པ་དེའི། །དྲུང་དུ་ཕྱག་ཆེན་གནས་ལུགས་ཡིད་བཞིན་ནོར། །དོན་བརྒྱུད་མ་ཉམས་སྟོད་འབྲུག་སྨར་ཚང་ཟུང་། །ཆུ་བོ་གཅིག་འདྲེས་གདམས་པ་ལྷད་མེད་དང་། །ཐེག་ཀུན་རྩེ་མོ་འོད་གསལ་རྡོ་རྗེ་སྙིང་། །གསང་ལས་ཆེས་གསང་ཡང་གསང་བླ་མེད་པ། །རྫོགས་ཆེན་ཀློང་གསལ་ཌཱ་ཀི་སྙིང་ཏིག་བཅས། །སྔོན་འགྲོ་ཁྱོན་གཅིག་བྱེ་བྲག་མན་ངག་གནད། །མ་འདྲེས་མ་ནོར་མ་ཆུག་མ་ཐོར་བར། །ཇི་བཞིན་བྱང་ཆུབ་སར་སྦྱོར་ལམ་སྣེ་ཉིད། །ཚུགས་པར་ཁྲིད་མཛད་བཀའ་དྲིན་བརྗོད་པ་ན། །ནམ་མཁའི་མཐའ་རུ་མ་ཤོང་དེ་བས་ཅི། །འོན་ཀྱང་རང་ཉིད་ཆོས་ལ་ལས་འཕྲོ་དབེན། །སྙིང་རུས་བརྩོན་འགྲུས་དག་གིས་མ་ཕེར་བས། །ཉམས་རྟོག་ཅི་བཞིན་མཐའ་རུ་མ་ཕྱིན་ཀྱང་། །གོལ་ཤོར་ལོག་ནོར་ལམ་ལ་མ་སོང་བས། །དགེ་སྦྱོར་འཁྲུལ་མེད་སྐྱོང་ཤེས་ཙམ་འདི་གྱུར། །དེ་ཡང་བདག་གི་ཉམས་ལེན་སྐྱེ་ལུགས་འདི། །ཉམས་རྟོགས་སྐྱེ་བུལ་སྐྱེས་པ་ས་ཆོད་ཆེ། །རྩལ་རྫོགས་དཀའ་ཡང་ཕྱིན་ཅི་མ་ལོག་འཆར། །དེས་ན་གང་ཟག་རིམ་སྐྱེས་རབ་ཏུ་རྟོགས། །ཐོག་མར་སེམས་འཛིན་བསྟེན་ལ་རིག་པ་ཉིད། །སྔོན་བསུ་རྗེས་གཅོད་ད་ལྟའི་རྟོག་དཔྱོད་ཀྱི། །མ་རྙོགས་རང་བབ་རང་གྲོལ་ཉིད་བཞག་པས། །གནས་ཆ་དང་པོ་རི་གཟར་ཆུ་ལྟར་འཆགས། །རིམ་བཞིན་གནས་ཡུན་ཐུང་ཡང་གསལ་དྭངས་ཤིང་། །ད་དུང་འགྱུ་དུས་ཕལ་ཆེར་ངོ་མ་ཤེས། །ངེས་པར་འདི་ཡིས་བསྒོམ་གོ་མི་ཆོད་ཀྱང་། །རང་གིས་བསྒོམ་ཡིན་སྙམ་ནས་བྲོད་སྐྱེ་འདུག །དེ་ནས་ལུས་བདེ་སེམས་གསལ་རྗེན་ཧྲིག་གེ །རྣམ་རྟོག་གང་ཤར་ཕལ་ཆེར་ཐུག་འཕྲད་གྲོལ། །མཚན་མོའི་རྨི་ལམ་སྐབས་འགར་དགེ་སྦྱོར་ཟིན། །གནད་ལ་རང་དབང་ཚུད་འདྲ་དགའ་སྤྲོ་འཆར། །དེང་སང་བསྒོམ་ཆེན་འགའ་ཡི་ཐུགས་དམ་མཐིལ། །འདི་འདྲར་གཏད་ཚོད་འདུག་ཀྱང་ལམ་འདི་ནི། །འདུས་བྱས་དགེ་བ་རྣམས་ཀྱི་མཆོག་ཡིན་པས། །སྲིད་རྩེའི་ཞི་བདེ་གྲུབ་པའི་ཐབས་ཟབ་ཀྱང་། །མྱ་ངན་འདས་པའི་ས་དང་རྒྱང་ཐག་རིང་། །དེ་བས་ཆོས་ཉིད་དོན་ལ་གཟིགས་འཚལ་ཞུ། །དེ་ཡི་མུས་སུ་དགེ་སྦྱོར་ཁོ་ན་ཞིག །སྐྱོང་རྒྱུ་བྱུང་ན་རྟོགས་ལྡན་ཡོངས་འདུག་སྟེ། །ཉམས་ལེན་དེ་ཙམ་རང་ལོ་བཅུ་གསུམ་ཞུགས། ཁུ་བོ་ལྷ་སྐྱབས་གོང་མའི་གྲྭ་རྒན་ཞེན། །ཆེ་གཤིས་སྟག་དབོན་བསྐལ་བཟང་དྲུང་ཕྱིན་ནས། །སྤྲང་ཕྲུག་བདག་འདྲ་སྤྲུལ་སྐུ་ཡིན་ཟོབ་ཀྱི། །བསྐུལ་ནས་ཕྱག་མཛོད་ཚེ་མགོན་བདག་བསུར་བཏང་། །རྐྱེན་དེས་འཇང་ཆུ་རི་བཀྲའི་དགོན་དུ་ཕྱིན། །ལོ་གཅིག་འདུ་བྱས་བདེ་སྡུག་སྣ་ཚོགས་ཅིག །ཉམས་མྱོང་སླར་ཡང་བསྭོ་དགོན་རོལ་ལམ་དུ། །རྩ་བའི་བླ་མའི་དྲུང་ཕྱིན་འདི་སྣང་ལ། །རྒྱབ་ཕྱོགས་ལྷ་ཆོས་ཁོ་ནར་དྲིལ་སེམས་ཡང་། །གྲོགས་ངན་རྐྱེན་དང་བདུད་ཀྱི་ཕྱེ་གཏོར་ལ། །གཡེང་བའི་འགྱོད་པ་དེང་དུས་འཕྱིས་སུ་སོང་། །བར་སྐབས་དགེ་སྦྱོར་ཅུང་ཟད་བྱེད་ཁུལ་གྱིས། །ཉམས་ཀྱི་འཆར་ཚུལ་ལྷོང་གྲོལ་སྣ་ཚོགས་པ། །ཞིབ་པར་འདི་རུ་བརྗོད་པར་མི་ལང་ཞིང་། །མདོ་ཙམ་གང་གི་ཉམས་ལེན་དེ་ཡི་འཕྲོ། །ཞི་གནས་དྭངས་ཆ་ལྷག་མཐོང་རྩལ་གྱིས་ཟིན། །རིམ་བཞིན་སེམས་དང་སེམས་བྱུང་དབྱེར་མེད་པ། །གང་ཤར་ཤར་གྲོལ་རང་ངོ་རང་གསལ་བར། །རྗེན་ཅེར་ལྷེན་ནེ་སྐྱེ་འགག་མཐའ་བྲལ་བ། །ཞི་ལྷག་བསམ་གཏན་ཤེས་རབ་ཟུང་འཇུག་ཉིད། །རང་སེམས་རྣལ་མར་ཅུང་ཟད་འབྱོར་ཙམ་གྱུར། །དེ་ནི་རྟོགས་ཚོད་འོལ་བཞག་མ་ཡིན་པར། །ཉམས་མྱོང་སེམས་ལ་རྡོ་རུས་གཏུགས་ཚུལ་བྱས། །གཞན་ཡང་དྲན་མཆོག་ཞབས་དེའི་བཀའ་དྲིན་གྱིས། །བསྐྱེད་རིམ་ལྷ་སྔགས་ཏིང་འཛིན་དམ་པ་དང་། །རྫོགས་རིམ་ཕོ་ཉ་ཐབས་ལམ་རིམ་པ་སོགས། །གང་འདོད་ཡིད་བཞིན་རྨད་བྱུང་བསྩལ་བར་མཛད། །མདོར་ན་རྗེ་བཙུན་མཆོག་དེའི་བྱིན་རླབས་ཆབ། །བདག་སོགས་བུམ་པར་ཅུང་ཟད་བལྟམས་བྱས་མཐུས། །བདག་ལ་སྤངས་རྟོགས་ཡོན་ཏན་ཕྲན་བུའི་ཚོགས། །མཆིས་པ་མ་ལུས་དེ་དྲིན་ཁོ་ནར་སྨྲ། །རང་གི་རང་ལ་སྤྱད་ཚེ་ལས་ངན་པ། །བདག་འདྲར་དམ་པ་དེ་ཡི་བ་སྤུ་གཅིག །བྱེ་བ་ཐེར་འབུམ་གཤག་ཚལ་ཡེ་ཤེས་རྩལ། །འཕོ་བ་ཡིན་ཞེས་སྨྲ་སྤོབས་ཞུམ་ལགས་ཀྱང་། །གཞན་ངོར་སྣང་ཚུལ་བླུན་དང་དད་ཅན་འགའ། །ཡུན་རིང་འགྲོགས་པའི་མཆེད་གྲོགས་རེ་ཟུང་གིས། །བདག་ལུས་རྗེ་བཙུན་མཆོག་དེའི་སྐུར་མཐོང་ཞིང་། །རང་གིསའང་འཕྲིག་པའི་རྗེས་འབྲང་དཔག་ཞིག་དང་། །ཁྱད་པར་རིག་འཛིན་དངོས་ཀྱི་ཞལ་ནས་ཀྱང་། །རྡོ་རྗེའི་གསུང་མཆོག་གསང་བའི་ཚིག་འགའ་ཟུང་། །བདག་ལ་ལན་མང་གསུང་བའི་དོན་མཐུན་པས། །རྒྱུད་ལ་ཡེ་ཤེས་ཅུང་འཕོས་སེམས་ཙམ་འགྱུར། །དེས་ན་རང་ལོ་བཅུ་དྲུག་སྐབས་སོན་དུས། །རིག་འཛིན་མཆོག་གི་སྐུ་དངོས་གདུལ་བྱ་ནི། །རྫོགས་ཚུལ་ལེ་ལོ་ཅན་རྣམས་སུན་དབྱུང་ཕྱིར། །ཧོར་ཟླ་བཅུ་གཅིག་གནམ་སྟོང་ཐོ་རེངས་དུས། །གཟུགས་སྐུའི་ཆུ་ཤེལ་ཆོས་ཉིད་སྟོང་ལ་བསྡུས། །བདེ་ཆེན་པདྨའི་སྦུབས་སུ་གཤེགས་གྱུར་པ། །ཐོས་མ་ཐག་ཏུ་བདག་སྙིང་གས་པ་ལྟར། །རབ་ཏུ་མྱ་ངན་ཁང་བུ་དམ་པོར་ཆུད། །ལུས་འདར་སར་འགྲེ་གདོང་པ་མཆི་མས་བརླམས། །ཀྱེ་མ་ཀྱེ་ཧུད་སྡུག་རེ་བསྔལ་སྨྲས་ཤིང་། །དམ་པ་དེ་ཡི་ཞལ་མཇལ་གསུང་ཐོས་ཀྱང་། །རང་ཉིད་ལས་ངན་ལེ་ལོ་སྙོམས་ལས་པས། །ཆོས་བཞིན་སྤྱོད་པ་བརྩོན་པས་མ་འཕེར་ནས། །ཉམས་རྟོགས་ཀློང་དུ་མ་གྱུར་ཅེ་རེར་ལོང་། །གང་དུ་བཙལ་ཡང་ཡོངས་འཛིན་དེ་མཚུངས་པར། །རྙེད་དཀའ་ད་ནི་བདག་གསོན་ཅི་ཞིག་བྱ། །དམ་ཆོས་མི་འགྲུབ་སྒྱུ་ལུས་སྡུག་གོག་འདི། །བདེ་བར་གཤེགས་པའི་དགོངས་པ་མ་རྫོགས་ཚུན། །བོར་ན་རེས་དགའ་རེས་སྐྱིད་སྙམ་པ་ཞིག །ཞེ་ཕུགས་རུས་པའི་གཏིང་ནས་ཡང་ཡང་ཤར། །ཀྱེ་མ་དེ་ལྟར་སེམས་ཡང་ཕན་ཅི་ཡོད། །རྟགས་སྣང་ལེ་ལོའི་མངོན་མཚན་དེར་མཐོང་ཡང་། །འགྱོད་པ་ཕྱིས་སོང་རང་ཉིད་ཨ་ཐང་ཆད། །བསམ་བཞིན་སྐྱོ་ཤས་གནས་ལས་ཅི་ཞིག་གུ །བླ་མའི་སྐུ་བརྙན་སྒྱུ་མའི་ཟློས་གར་འདྲ། །ཞལ་མཇལ་གསུང་ཐོས་རྨི་ལམ་སད་པ་འདྲ། །གྲྭ་ཚང་བྱེས་བྲལ་ཚོང་འདུས་མགྲོན་པོ་འདྲ། །རང་ཉིད་ཅི་བྱ་མེད་པ་དྭ་ཕྲུག་འདྲ། །ཕན་བཏགས་གྲོགས་པོ་ཉིན་མོའི་སྐར་མ་འདྲ། །དོན་མེད་གནོད་བསྐྱལ་མུན་འཚུབ་རྒྱུ་སྐར་འདྲ། །ཕན་མེད་བཏང་སྙོམས་བཞག་པ་ས་རྡུལ་འདྲ། །བྱས་པ་དོན་མེད་སྲན་ཆུང་བཀབ་པ་འདྲ། །བླ་མར་དུང་ཡང་ཞལ་མཇལ་གསུང་ཐོས་མེད། །སྡུག་བསྔལ་ཚེ་ཡང་བྱ་བའི་ཐབས་ནི་མེད། །གདམས་ཟབ་མ་ཞུས་འགྱོད་ཀྱང་ཕན་པ་མེད། །ཅི་ལྟར་བསམ་ཀྱང་སེམས་ཁྲེལ་ཉིད་ལས་མེད། །འདི་སྣང་བྱ་བ་སྒྱུ་མ་སྨིག་རྒྱུ་འདྲ། །མཐོང་བཞིན་རང་བློ་དྲེད་འདི་ཨ་རེ་འགྱོད། །བླ་མའི་ཞལ་རས་ཨུ་དུམ་ཝ་ར་འདྲ། །མཇལ་དུས་སྐྱིད་པར་མི་ཤེས་ཨ་རེ་འགྱོད། །བླ་མའི་གསུང་ནི་འཆི་མེད་བདུད་རྩི་འདྲ། །ཅི་ཐོས་དྭངས་བླང་མི་ཤེས་ཨ་རེ་འགྱོད། །བླ་མ་ཡིད་བཞིན་དབང་གི་རྒྱལ་པོ་འདྲ། །ཅི་འདོད་གསོལ་བཏབ་མི་ཤེས་ཨ་རེ་འགྱོད། །བླ་མ་གཏན་བདེའི་སར་སྐྱེལ་གྲུ་རྫིང་འདྲ། །འཁོར་བའི་ཆུ་བརྒལ་མི་ཤེས་ཨ་རེ་འགྱོད། །བླ་མ་ཉོན་མོངས་ནད་སེལ་སྨན་སྡོང་འདྲ། །གང་དགོས་མྱོང་བར་མ་ཤེས་ཨ་རེ་འགྱོད། །ཀྱེ་མ་ཀྱེ་ཧུད་བདག་འདྲའི་ལས་ངན་པ། །བླ་མའི་སྐུ་ནི་རྟགས་སྣང་ངང་དུ་འབྱམས། །དམ་པའི་ཆོས་ནི་ཡིད་སྨོན་ངང་དུ་ལུས། །བྱ་བ་སྔོན་སོང་འགྱོད་པ་ཅི་ཞིག་ཕན། །ཉིན་མོའི་ཟས་འགག་མཚན་མོར་གཉིད་མི་ཁུག །རང་གི་རང་ལ་བསམ་ཞིང་སེམས་སྐྱོ་སྡུག །བླ་མ་བཞུགས་དུས་སྐྱིད་དགའ་མ་ཤེས་ཤིང་། །སྙོམས་ལས་དབང་སོང་མཚང་དེ་མཐོང་ན་ཡང་། །ནམ་མཁའ་སྤར་མོ་མི་འཁྱིག་ཅི་བྱར་ཡོད། །སེམས་ཁྲེལ་བྱེད་པ་རང་སྒྱིད་ལུག་པའི་རྒྱུ། །བླ་མ་བཞུགས་དུས་དམ་ཆོས་སྙིང་པོ་ལ། །སྙིང་རུས་འབད་པར་མ་ནུས་འདི་དུས་སུ། །སྡུག་བསྔལ་སྙིང་སྲོག་གས་ཙམ་བྱས་ན་ཡང་། །རང་ཉིད་ངལ་བའི་རྒྱུ་ལས་གཞན་ཅི་ཞིག །འོན་ཀྱང་སྡུག་བསྔལ་ཕལ་དང་མི་མཚུངས་ཏེ། །སྡུག་བསྔལ་བྱས་པས་ཚེ་འདས་གཞན་ལ་གནོད། །བླ་མའི་ཆེད་དུ་སྡུག་བསྔལ་ཅུང་ཟད་དང་། །མཆི་མ་སྲན་ཙམ་རླག་གྱུར་མི་དེ་ཡིས། །བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་ཀུན། །ཡོངས་སུ་དག་པར་འགྱུར་ཞེས་རྒྱལ་བས་གསུངས། །དེས་ན་བླ་མའི་ཆེད་དུ་སྡུག་བསྔལ་ནི། །གང་བྱས་དོན་ལྡན་ཡིན་པས་ཤེས་པར་བྱོས། །རང་ཆེད་བླ་མའི་ཐུགས་སུན་ཡུད་ཙམ་དང་། །བསྐལ་པར་མཚམས་མེད་ལྔ་སྤྱོད་མཉམ་པར་གསུངས། །ཚུལ་འདི་ཤེས་ན་སྤང་བླངས་བྱེད་པར་གཅེས། །གང་ཡང་བླ་མ་བཞུགས་དུས་དགྱེས་ཐབས་དང་། །དམ་ཚིག་ཚུལ་ལྡན་ཆོས་ལ་མ་བརྩོན་ན། །འདས་རྗེས་ཞེ་འགྱོད་འཕྱིས་སོང་ཤེས་པར་གྱིས། །ཀྱེ་མ་གསོན་དང་ལས་ངན་བདག་འདྲ་ཡི། །བླ་མ་བཞུགས་དུས་ལེ་ལོ་སྙོམས་ལས་དང་། །རྟག་སྣང་ཞེན་པས་གཤེགས་རྗེས་ཞེ་འགྱོད་ཆེར། །བྱུང་ཚུལ་བརྗོད་འདི་ཀུན་གྱིས་ཨེ་གོ་བསམ། །ཀྭ་ཡེ་གསོན་དང་བླ་མ་མཚན་ལྡན་གྱི། །གྲྭ་འཁོར་བྱེད་པའི་མཆེད་གྲོགས་དང་ཕྱིས་ཚོ། །བསླབ་བྱ་ཡིན་ཁུལ་བླུན་པོའི་འཆལ་ཚིག་ཅིག །བརྗོད་པར་ཐུགས་སུན་མི་གནང་དྭངས་བླངས་འོས། །དེང་སང་དུས་ངན་སྙིགས་མ་ལྔ་བདོ་འདིར། །ཆོས་བཞིན་སྤྱོད་པ་རི་བོང་རྭ་དང་མཚུངས། །དུག་ལྔ་རག་ཅིང་གཡོ་སྒྱུའི་ལས་ལ་མཁས། །བདེན་སྨྲ་ཆོས་བཞིན་སྤྱོད་ལ་དད་པ་ཉུང་། །དེས་ན་ཚོགས་དབེན་གྲྭ་ཚོགས་གང་ན་ཡང་། །བསླབ་གསུམ་ངོས་ལྐོག་མཚུངས་པ་རུས་སྦལ་སྤུ། །ཆོས་ལ་མོས་པའི་གང་ཟག་དམ་པ་ཡང་། །དེ་འདྲའི་གྲོགས་དང་འགྲོགས་ཚེ་སྤྱོད་ངན་པ། །འགོ་བར་འགྱུར་བས་བག་ཡོད་ཡིད་བསྡམ་ཞིང་། །སྡིག་ཅན་གྲོགས་པོ་དུག་སྦྲུལ་བཞིན་དུ་སྤོངས། །ལེ་ལོ་རྣམ་གཡེང་ཅན་དང་རྒྱང་ཐག་བསྲིང་། །འདི་སྣང་ཞེན་པ་ཅན་དང་འགྲོགས་མི་འཚལ། །
ཀྱེ་ཧོ། གྲོགས་པོ་ཚོ་རྣམས་ཁོ་བོར་ཚུར་གསོན་དང་། །སྣང་བ་འདི་ནི་སྒྱུ་མའི་གྲོང་ཁྱེར་འདྲ། །མི་རྟག་ཆོས་ཅན་འདི་ལ་ཡི་རེ་འཕྱ། །རྫོགས་པའི་སངས་རྒྱས་རྣམས་ནི་མཚན་དཔེ་ཡི། །རབ་བརྒྱད་རྡོ་རྗེའི་སྐུ་མཆོག་ཡེ་ཤེས་ཞལ། །མཐའ་ཡས་ནམ་མཁའི་མཐར་ནི་ཟད་སྲིད་ཀྱང་། །སྐུ་ཡི་མཐར་ནི་མཛད་མི་ཤེས་འདའ་དཀའ། །མཆོག་ཀྱང་འདུས་བྱས་མཚན་ཉིད་བསྟན་པའི་ཕྱིར། །མཛད་པ་མཐའ་མ་མི་རྟག་ཚུལ་བསྟན་ཏེ། །བཟང་པོ་མཐོང་བསྐལ་འདིར་ཡང་སངས་རྒྱས་ལ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་ཆེ། །ཤཱཀྱ་ཐུབ་སོགས་མྱ་ངན་འདས་ལ་བསམ། །དེ་བས་བསོད་ནམས་མཐུ་ཡིས་ལྷ་ཆེན་པོ། །ཚངས་པ་དབང་ཕྱུག་ཁྱབ་འཇུག་བརྒྱ་བྱིན་དང་། །འཁོར་ལོས་བསྒྱུར་རྣམས་རང་དབང་མ་མཆིས་པར། །སྡུག་བསྔལ་ཆེ་དང་བཅས་ཏེ་འཆི་གྱུར་ན། །སེམས་ཅན་བསོད་ནམས་ཕྲན་བུའི་ཆུ་བུར་ལུས། །ཐོབ་འདི་མྱུར་བ་ཉིད་དུ་ཅིས་མི་འཇིག །ཕྱི་ནང་གསང་བ་མི་རྟག་ཚུལ་འདི་འདྲ། །མཐོང་ཡང་མི་འཇིགས་སྙིང་སྲན་ཅན་རེ་སྡུག །འཇིག་རྟེན་ཁམས་འདིར་རྟག་པ་མཐོང་ཐོས་སམ། །མི་ཚེའི་ཡུན་ནི་སྐད་ཅིག་ཡུད་ཙམ་སྟེ། །ཡུད་ཙམ་མི་ལ་ཡུད་ཙམ་ཉིད་ནས་རོ། །མངོན་སུམ་སྣང་བ་འདིར་ལྟོས་ཨ་ཙ་མ། །རྫོགས་སངས་རྒྱས་རྣམས་སྙིགས་དུས་འགྲོ་བ་ལ། །ཕན་གདགས་བླ་མའི་སྐུ་རུ་སྟོན་རྣམས་ཀྱང་། །སྐྱེ་རྒ་ན་དང་འཆི་བའི་ཚུལ་བསྟན་ལྟོས། །འདི་སྣང་ཞེན་པ་ཅན་རྣམས་ཨ་ཙ་མ། །ཀྱེ་ཧུད་དེང་སང་གྲྭ་འཁོར་བཙུན་གཟུགས་འགའ། །དཔོན་སློབ་ཡིན་ཁུལ་བླ་མ་མིན་ན་ཡང་། །བླ་མའི་ཡོན་ཏན་མི་རྟག་སྐྱོན་ལ་བརྟགས། །མི་གཟུགས་བྱ་སྤྱོད་འགྲན་སེམས་མཉམ་འགྲོགས་བྱེད། །དམ་ཚིག་ངོས་དང་ལྐོག་གཉིས་མི་མཚུངས་སྤྱོད། །དད་པ་ཁ་དང་ཞེ་གཉིས་སོ་སོར་འཇོལ། །མི་རྟག་འཆི་བ་ཆ་ཙམ་མི་དྲན་པར། །འདི་སྣང་ཡུད་ཙམ་བདེ་ཐབས་སྐྱིད་ཐབས་དང་། །ཁ་རྒྱབ་ཕྱི་ཐབས་ཁེ་དྲག་སྒྲུབ་པའི་ཐབས། །རབ་འབད་བག་ཡངས་མགོ་ཤོར་རྩེ་རྒྱུར་འབྲང་། །ཆང་ལ་ཞེན་ཅིང་བུད་མེད་དག་ལ་གདུང་། །གཉིད་ལ་དགའ་ཞིང་རོ་ཉལ་སྙོམས་ལས་སྤྲོ། །ཉེས་ལྟུང་མི་རྩི་དཀོར་ལ་རྔམས་ཟས་བྱེད། །ཆོག་ཤེས་མེད་པར་རྒྱུ་རྫས་གང་འཆོར་བྱེད། །ཁ་གཅིག་ཆོས་ཕྱིར་བླ་མ་བསྟེན་ཁུལ་དུ། །དྲུང་དུ་བསྡད་ཀྱང་དམ་ཚིག་མི་བསྲུང་ཞིང་། །ཡོན་ཏན་སྙིང་པོ་བསྒོམ་ལ་མི་བྱེད་པར། །གྱེར་འཆམ་རིག་གནས་ལ་གཉེར་རེ་དོགས་བསྒྲུབ། །ཁ་གཅིག་ངོས་ལ་དད་ཁུལ་ཞེ་ས་འབུལ། །ཞི་ཞི་གུས་གུས་ཁ་འཇམ་གཏིང་སྐྱོན་བཅས། །དམ་ཆོས་ཆོག་ཤེས་མེད་པར་ཞུ་བྱས་ཏེ། །ལྐོག་ཏུ་མི་ཆོས་གཤེ་འབར་དམ་ཚིག་ཉམས། །ལ་ལ་དབང་གི་དམ་ཚིག་བསྲུང་སྡོམ་མཚམས། །ཁེ་ཉེན་སྐྱོན་ཡོན་མི་ཤེས་མཚར་འདོད་དང་། །རྩེད་མོའི་རྣམ་པར་མཚུངས་སེམས་དབང་ལུང་ཞུ། །ཕན་ལས་ཉེས་ལྟུང་ཆེ་བའི་རྒྱུ་རབ་བསགས། །ཀྱེ་ཧུད་དབང་ཆོས་ཞུ་བ་གྲངས་མང་ཡང་། །དམ་ཚིག་མི་འཛིན་ལམ་ཁའི་རྡོ་བཞིན་བོར། །བཀུར་བསྟི་ཞབས་ཏོག་མྱ་ངན་ཐང་གི་ཆབ། །དད་མོས་ཇི་བཞིན་དགུན་གཞུག་མེ་ཏོག་འདྲ། །ཁ་གཅིག་རང་ཉིད་རིག་གནས་ཅུང་ཟད་ལ། །བློ་ཁ་ཕྱོགས་པར་ཁེངས་ཤིང་དྲེགས་བྱས་ཏེ། །བླ་མས་དབང་ཆོས་བཤད་ལ་བློ་མ་རྫོགས། །བྱིན་རླབས་མ་ཞུགས་ཉམས་ཆགས་རྒྱུར་འགྲོ་མང་། །ཁ་གཅིག་རྟོག་གེའི་ཤེས་རབ་ཕྲན་བུ་ཡིས། །བླ་མའི་མཚན་ཉིད་བརྟག་པའི་ཁུལ་བྱས་ཏེ། །ཡིད་གཉིས་ཐེ་ཚོམ་མང་པོའི་རྒྱར་ཆུད་ཅིང་། གཤེ་བསྐུར་ངན་བརྗོད་ངན་འགྲོར་གཡེང་བ་མང་། །ལ་ལ་བླ་མས་རང་ལ་བདག་རྐྱེན་བཟང་། །བྱས་ན་དད་པ་མ་བྱས་ལོག་པར་སྨོན། །ལ་ལས་ཞབས་ཏོག་ཕྲན་བུ་འགྲུབ་ན་ཡང་། །དེ་ལ་ངས་བྱས་དྲིན་དང་དྲིན་ལན་རྩོད། །ལ་ལས་མཆེད་གྲོགས་ནང་དུ་བླ་མ་ཡི། །བདག་རྐྱེན་ཆེ་ཆུང་ཆེན་ཆུན་བཞིན་དུ་འདྲེན། །ལ་ལས་རང་ཉིད་ཆེ་དང་གྲགས་འདོད་ཀྱིས། །མཐོ་དམན་དགའ་སྡུག་ཆུ་ཚན་བཞིན་དུ་ཁོལ། །ལ་ལས་རང་ལ་ཡོན་ཏན་མ་མཆིས་པར། །བླ་མས་བདག་རྐྱེན་མ་བྱུང་རེ་ཁེངས་བྱེད། །ལ་ལས་རང་སྔོན་བསོད་ནམས་མ་མཆིས་བཞིན། །གདུལ་བྱ་འདོད་སྨོན་ཆེ་འདོད་རླུང་ལྟར་འཚུབས། །ལ་ལས་བླ་མའི་ཕྱག་རྫས་འདོད་ཡོན་ལ། །ཉེས་ལྟུང་མི་རྩི་དུད་འགྲོ་ཚྭ་ལྟར་རྔམས། །ལ་ལས་གཡོ་སྒྱུས་བླ་མའི་དབུ་རྨོངས་བྱས། །ཕྱག་རྫས་དཀོར་ལ་ཐབས་ཀྱིས་བྲུ་ཇག་རྒྱུགས། །ལ་ལ་བླ་མས་ཕན་བྱའི་བསླབ་བྱ་ལ། །ལོག་པར་རྟོགས་ནས་འཁོན་དུ་བཟུང་བར་བྱེད། །ལ་ལས་བླ་མ་ཉེ་འབྲེལ་ཕ་ཁུ་རུ། །མཐོང་ནས་མཉམ་འགྲོགས་དམ་དང་འགལ་བར་བྱེད། །ལ་ལ་བླ་མར་ཚོད་ཡོད་བརྙས་ཆོས་ཀྱིས། །ཐུགས་སུན་དབྱུངས་ནས་ངན་འགྲོའི་རྒྱུ་རང་བསགས། །ལ་ལ་ཐོག་མར་ཞབས་ཕྱི་ལེགས་བསྒྲུབ་མཐར། །མ་ལེགས་སྤྱོད་ཅིང་དམ་ཚིག་རབ་ཉམས་བྱེད། །མདོར་ན་དེང་སང་དུས་བསྐལ་ངན་པའི་མཐུས། །གྲྭ་ས་རྒན་གཞོན་སུ་ལ་བལྟས་ཀྱང་རུང་། །མི་རྟག་འཆི་དྲན་དངོས་པོར་ཞེན་ལོག་དང་། །ཆོས་ལ་སྙིང་རུས་མཐར་ཕྱིན་སུ་མ་མཐོང་། །ཕ་ཚོའི་ཚིས་དང་ཉེ་འབྲེལ་གཟའ་ཚང་ཚིས། །འབད་རྩོལ་ཟང་ཟིང་ཆེད་དུ་སྲོག་བློས་བཏང་། །བླ་མ་མཇལ་བས་བུད་མེད་གདོང་སྐྱ་ཞིག །མཐོང་ན་ཡིད་དགའ་འཛུམ་གྱིས་བསུ་བ་མང་། །གདམས་ཟབ་གཅིག་ལས་ཆང་ཕོར་གང་འདེམ་ཞིང་། །བླ་མའི་གསུང་བས་ཁྲམ་ཤམ་ཚིག་ལ་རྩི། །བདེ་སྐྱིད་བྱུང་ན་བླ་མའི་དྲིན་མི་ཤེས། །སྐྱིད་ནས་སྐྱིད་འདོད་རྒྱས་ཤིང་རྒྱས་པར་འདོད། །འདི་བས་ལྷག་གཅིག་གཞན་ན་ཡོད་དོ་བསམ། །དཔེ་ལུང་གཞན་ལེགས་བསྒྲངས་ཤིང་བླ་མར་འབར། །དགེ་སྦྱོར་བསྐུལ་མ་ཆོས་ཁྲིམས་བསྒྲིགས་པ་ལ། །ཡིད་མི་དགའ་ཞིང་དེ་ལ་དགྲ་རུ་འཛིན། །བླ་མའི་ཆེད་དུ་དཀའ་ལས་ཅུང་ཟད་ཅིག །བྱུང་བ་རྐྱེན་མི་ཐེག་ཤིང་སྡུག་བསྔལ་གྱིས། །ཆེ་ཤོས་བརྩིས་ནས་རྟག་ཏུ་ཡུས་ཆེ་བསྒྲངས། །རང་དོན་ཚོང་ཁེ་མདོ་དབུས་བསྒྲོད་པའི་སར། །ཚ་གྲང་བཀྲེས་སྐོམ་སྡུག་བསྔལ་བཟོད་མེད་ཀྱི། །གཅེས་སྲོག་ཆད་ཀྱང་ངལ་མེད་དང་དུ་བླངས། །འཇིག་རྟེན་བྱ་བར་མི་ཚེ་བསྐྱལ་ན་ཡང་། །ད་དུང་ངོམ་མེད་དེ་ལ་རབ་ཏུ་གདུངས། །དགེ་སྦྱོར་མཚམས་བསྒྲུབ་བམ་ནི་བླ་མ་ཡི། །ཞབས་ཕྱི་ཟླ་ཤས་ཙམ་ཞིག་བསྒྲུབ་པ་ན། །སུན་དུབ་ངལ་སྣང་བྱེད་ཅིང་ངས་བྱས་ཀྱི། །དྲིན་བརྩི་ངོམ་སོ་ཁྱེར་སོ་རྒྱུན་དུ་བྱེད། །གྲྭ་ས་འགའ་ཞིག་འཕྲལ་ཕུགས་བསམ་པ་ལ། །གཞིགས་མི་ཤེས་པར་བག་མེད་ཅི་དགར་སྤྱོད། །ལ་ལ་རྒན་ཡང་བསམ་པ་མ་རྫོགས་པར། །བྱིས་པའི་རྩེད་གྲོགས་ལེགས་ཉེས་མཁྱེན་རྒྱ་དབེན། །གྲྭ་ས་འགའ་ཞིག་ཡོན་ཏན་བསླབ་ཁུལ་ཡང་། །གནས་ལུགས་མི་གཉེར་ཚེ་འདིའི་ཤེས་བྱར་འབད། །བླ་མས་དམ་ཆོས་འཆད་ཀྱང་བློ་དྲེད་ནས། །ཆུ་ནང་རྡོ་ལྟར་སེམས་ལ་འགོ་མ་ཐུབ། །ལ་ལས་ཁ་ནས་བཤད་བཤད་ཆོས་སྨྲ་ཡང་། །རང་རྒྱུད་མ་ཕན་ནེ་ཙོའི་ཆོས་བཤད་འདྲ། །ཁ་ཅིག་དམ་ཚིག་རྒྱུ་འབྲས་ཤེས་བཞིན་དུ། །བསྲུང་སྡོམ་མི་བྱེད་རྡོ་རྗེ་དམྱལ་བར་བསྒྲུབ། །ཕལ་ཆེར་དམ་ཚིག་སླ་དུས་བསྲུང་ཟོལ་ལ། །དཀའ་དུས་རྒྱུ་འབྲས་དམ་ཚིག་རྒྱབ་ཏུ་བོར། །གང་ལྟར་མི་རྟག་འཆི་བ་མི་དྲན་ཞིང་། །དགེ་སྡིག་རྒྱུ་འབྲས་སྐྱོན་ཡོན་མ་ཤེས་བཞིན། །དམ་ཚིག་གཉན་པོའི་ཁེ་ཉེན་མ་ཤེས་ན། །ཉོན་མོངས་རང་ཁར་ཡན་ཚེ་ཚུལ་དེ་འདྲ། །ཟད་པའི་མཐའ་མེད་བརྗོད་ཀྱིས་ཅི་ཕྱིར་ལང་། །གྲྭ་ཚང་མཚང་ལ་བདག་གིས་རྒོལ་མིན་ཡང་། །སྐྱོན་མ་ཤེས་ན་ཡོན་ཏན་བསྒྲུབ་མེད་པས། །ཅུང་ཟད་སྨྲས་འདི་བརླང་པོའི་ཚིག་གྱུར་ནས། །མཆེད་གྲོགས་རྣམས་ཀྱི་ཐུགས་འཁྲུགས་རྐྱེན་སོང་ན། །བདག་ཉིད་རབ་ཏུ་གནོང་ངོ་བཟོད་འཚལ་ཞིང་། །གང་ཞིག་ཆོས་ལ་སྙིང་ནས་སྤྱོད་པ་རྣམས། །སྤྱོད་ངན་དེ་འདྲ་ཆ་ཤེས་ཡང་སྤང་འཚལ། །མི་ཚེ་མུན་པར་གློག་འགྱུ་འདྲ་བ་འདི། །རྟག་སྣང་ཚེ་འདིའི་རྣམ་གཡེང་ཁོ་ན་ལ། །རབ་འབྱམས་ཕན་ངེས་བསླབ་བྱར་ཉན་མཁན་དཀོན། །རང་སེམས་གྱོང་པོ་འདི་ལ་སུས་ཅི་ཕན། །ཀྱེ་ཧུད་དུས་ངན་སྙིགས་མ་ལས་ཡང་སྙིགས། །འདི་དུས་བདག་སོགས་སྤྱོད་ཚུལ་འདི་ལྟོས་དང་། །བསམ་བཞིན་མཆི་མ་ཤོར་བའི་རྒྱུ་ལས་ནི། །གཞན་མེད་འཆི་བ་ཐོགས་བབ་ནམ་འོང་ཨང་། །ཆོས་མེད་བན་དེ་འཆི་ཁར་འགྱོད་པ་ནི། །མགོ་བོ་ཆད་ནས་གསོ་བྱེད་བཙལ་བ་འདྲ། །དེ་བས་ད་དུས་ལོང་སྐབས་སྤྲིན་བར་གྱིས། །ཉི་ཤུར་ཙམ་འདིར་ཆོས་ལ་འབད་རེ་རན། །ཀྱེ་ཧོ་གྲོགས་དག་ཁོ་བོར་ཚུར་གསོན་དང་། །རང་གིས་རང་ཉིད་ཆོས་ལ་མ་བསྐུལ་ན། །ཆོས་ལ་བསྐུལ་འདེབས་བྱེད་མཁན་མི་གཅིག་ཀྱང་། །འོང་བར་དཀའ་འོ་རང་བསམ་ཐེག་རེ་རན། །དེ་བས་ད་དུས་བླ་མའི་དྲུང་སྡོད་དུ། །གྲྭ་ཚང་རྩེ་དགའ་ཧ་བཞད་ཀུ་རེའི་ངང་། །ཉིན་མོའི་སྣང་བ་ཁ་ཡེངས་མིག་ཡེངས་འབྱམས། །ཟད་མེད་ལས་དང་མཚན་མོར་གཉིད་ལ་སྲེད། །དབེན་པར་མཚམས་བསྒྲུབས་བྱེད་ཁུལ་སྡོད་ན་ཡང་། །རོ་ཉལ་སྙོམས་ལས་བག་ཡངས་ཅི་དགའི་ངང་། །གཉིས་འཛིན་འཁྲུལ་རྟོག་མང་པོ་རྒྱ་ཡན་འབྱམས། །དོན་མེད་བྱི་བ་ཁུང་དུ་ཉལ་འདྲ་ཞིང་། །ཚོགས་དབེན་གང་དུའང་དེ་དང་དེ་འདྲའི་ངང་། །མི་ཚེ་ཡུད་ཙམ་གར་སོང་ཆ་མེད་པར། །དམ་ཆོས་ཐོས་ལོ་སྒོམ་ལོ་ཙམ་བྱས་ཀྱང་། །དོན་དམ་རྒྱལ་པོའི་གདན་ས་སྨོན་འདྲར་ལུས། །མཚན་ལྡན་བླ་མ་མི་ཚེ་ཡུན་བསྟེན་ཡང་། །ཡོན་ཏན་མ་གོས་ཆུ་དང་དངུལ་ཆུ་འདྲ། །ནམ་ཞིག་ཚེ་ན་རང་ཉིད་ཐོག་བབས་སུ། །འཆི་དུས་བབ་ནས་བློ་སྙིང་འདར་བའི་ཚེ། །ཆོས་ལ་མ་འབད་མི་ཚེ་སྟོང་ཟད་དུ། །སོང་བའི་མཚང་མཐོང་འགྱོད་ཀྱང་ཅི་ཞིག་ཕན། །ཡང་ན་རང་གི་རྩ་བའི་བླ་མ་མཆོག །རེ་ལྟོས་ཡུལ་དེ་གཤེགས་སོ་འདས་སོ་ཞེས། །མཐོང་ཐོས་གྱུར་ཚེ་བདེན་ནམ་མི་བདེན་ནམ། །ཨ་ཀྱང་མི་བདེན་རྨི་ལམ་ཨེ་ཡིན་ཨང་། །སྙམ་ཞིང་སེམས་སྐྱོ་ཡིད་འཕྱ་སྡུག་ལྷང་ལྷང་། །གྲྭ་ཚང་རྣམས་ཀྱང་བསམ་པ་སོ་སོར་བྱེད། །ཆོས་བཞིན་སྤྱོད་པ་རྣམས་ནི་རི་ཁྲོད་འགྲིམ། །སྒོམ་ཆེན་རྣམས་ནི་མཚམས་ཁང་བཟུང་དུ་འགྲོ། །མདོ་མེད་རྣམས་ནི་ས་མཐར་འཁྱར་ནས་འགྲོ། །ཁྲེལ་མེད་ཆོས་དྲེད་དཀོར་ལ་ཧབ་ཤ་བཀྱེད། །ལ་ལས་གོས་བརླམ་ལ་ལས་གསེར་ལ་བརླམ། །ལ་ལས་ཇ་དར་ལ་ལས་གསེར་དངུལ་བརླམ། །ལ་ལས་སྐུ་གཟུགས་ལ་ལས་པུསྟི་བརླམ། །ལ་ལས་གྲྭ་འཁོར་ལ་ལས་དགོན་གཞིས་བརླམ། །ལ་ལས་མཆོད་ཆ་ལ་ལས་སྣོད་སྤྱད་བརླམ། །ལ་ལས་སྦྲ་གུར་ལ་ལས་སྒོ་ནོར་བརླམ། །མི་རྟག་པ་ཡི་ངོ་སྤྲད་མངོན་སུམ་ཤར། །གྲྭ་ཚང་ཕལ་ཆེར་ཚོང་འདུས་མགྲོན་ལྟར་གྱེས། །བསྒོམ་ཆུང་གསར་པ་རྣམས་ནི་བསྒོམ་ནི་ཡལ། །བསྒོམ་ཆེན་རྟོགས་ལྡན་རྟོགས་པའི་བསྐུལ་མ་འདེབས། །མདོར་ན་བསམ་ཤེས་ལྡན་པའི་གྲྭ་པ་རྣམས། །ཞེ་འགྱོད་མང་པོའི་ཤུགས་རིང་ནར་ནར་འབྱིན། །ཆོས་འདོད་རྣམས་ཀྱི་དམ་ཆོས་མ་ཞུས་འགྱོད། །ཤེས་རབ་ཅན་གྱི་དྲི་བ་མ་བྱས་འགྱོད། །དབང་བསྐུར་འདོད་རྣམས་ཕྱག་ལེན་མ་བྱས་འགྱོད། །མན་ངག་འདོད་ཀུན་ཞལ་ཤེས་མ་ཞུས་འགྱོད། །བསམ་ཆུང་རྣམས་ནི་ཕན་གནོད་མི་ཤེས་པར། །ཅི་མ་སྙམ་པ་ཅི་དགའི་ངང་དུ་སྤྱོད། །བླ་མ་བཞུགས་དུས་ཆགས་ཉམས་སོང་བ་འགའ། །དྲན་པས་རྗེས་སླེབ་བཤགས་སྦྱང་མ་འགྲུབ་འགྱོད། །ལ་ལས་བླ་མས་ཅི་གསུང་མ་བསྒྲུབ་འགྱོད། །ལ་ལས་འབྲལ་མེད་ཞབས་ཏོག་མ་བསྒྲུབ་འགྱོད། །ལ་ལས་བསྒོམ་ལ་བརྩོན་པ་མ་བྱས་འགྱོད། །ལ་ལས་ཡོན་ཏན་བསླབ་སྦྱངས་མ་བྱས་འགྱོད། །ལ་ལས་བླ་མས་རང་ལ་བདག་རྐྱེན་བཟང་། །མཛད་དུས་སྐྱིད་པར་མ་ཤེས་རབ་ཏུ་འགྱོད། །གང་ལྟར་ལོག་པའི་བདུད་རིགས་གད་མོ་འབྱིན། །དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་མྱ་ངན་བྱེད། །ཞིང་བཅུ་ཚང་བ་རྣམས་ཀྱི་སྐྱིད་གླུ་བླང་། །རེ་ལྟོས་བྱེད་པའི་བྲན་འཁོར་སྡུག་ཤིང་བསྔལ། །བསྟན་བཤིག་དགྲ་བོ་རྣམས་ཀྱིས་ཞལ་རས་འཛུམ། །བསྟན་འཛིན་སྐྱེས་བུ་རྣམས་ཀྱིས་ཐུགས་ཁྲེལ་བྱེད། །རང་གི་ཕྱོགས་ལ་ཞེན་ཀུན་ཡི་མུག་སྐྱེ། །བླ་མར་སྙིང་བརྩེ་བྱེད་ཀུན་མཆི་མ་བླགས། །གྲྭ་པ་དམ་ཉམས་ཁ་གཅིག་དགའ་སྤྲོ་བྱེད། །ཉེ་གནས་དཀོར་ཟན་འགའ་ཞིག་ཁོང་དགོད་ཤོར། །ཆོས་མིན་འདོད་རྣམས་བག་ཡངས་སྤྱོད་ཅིང་བདེ། །ཕལ་ཆེར་དགའ་སྡུག་མེད་པར་བཏང་སྙོམས་གནས། །དེ་འདྲའི་དུས་གཅིག་ངེས་པར་འབྱུང་བ་སྟེ། །སྔོན་བྱོན་རིག་འཛིན་གྲུབ་ཐོབ་བཀའ་བརྒྱུད་ཀྱི། །བླ་མའི་ཚོགས་རྣམས་གཤེགས་བཞུད་མ་ཐོས་སམ། །ད་ཡང་ཉེ་བར་མཐོང་འདི་བསམ་གཞིག་འཚལ། །དེ་བས་མཆེད་གྲོགས་གྲྭ་འཁོར་ལེགས་དགོངས་དང་། །ད་ལྟ་བླ་མ་སངས་རྒྱས་མཇལ་དུས་འདིར། །མི་ལ་སྙིང་ཡོད་སྙིང་ལ་རུས་པ་ཐོན། །ཆོས་ལ་འབད་པ་མཛོད་ཅིག་སྐལ་ལྡན་ཚོ། །ཨེ་མ་ཆོས་ལ་སེམས་པའི་མཆེད་གྲོགས་ཚོ། །བསླབ་བྱའི་སྙིང་པོ་འདི་དག་ཐུགས་ཞོག་དང་། །དེང་སང་བླ་མ་བསྟེན་པའི་སློབ་མའམ། །ཉེ་གནས་གྱུར་གང་བླ་མར་མཉམ་འགྲོགས་ལས། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད། །ཡིན་པར་ཤེས་པའི་མི་ནི་ཤིན་ཏུ་དཀོན། །ལ་ལ་ཐོག་མར་ཅུང་ཟད་དད་ན་ཡང་། །ཡུན་གྲོགས་ཅུང་ཟད་རྐྱེན་གྱིས་ལོག་ལྟ་མང་། །བླ་མར་སྐྱོན་གྱིས་ཆ་ཤས་ཅི་མཐོང་ཡང་། །ཐམས་ཅད་རང་སེམས་འཁྲུལ་པའི་སྐྱོན་ཁོ་ན། །རབ་རིབ་ཅན་གྱིས་འབྲས་ལ་སྐྲ་ཤད་དང་། །མཁྲིས་ཅན་དུང་ལ་སེར་པོར་མཐོང་བ་བཞིན། །རང་སྐྱོན་འདི་ཉིད་ནང་ནས་མ་དག་པར། །ཕྱི་ནས་སྐྱོན་གྱི་སྣང་བ་ཟད་མེད་འཆར། །སངས་རྒྱས་ཉེ་གནས་དགེ་སློང་ལེགས་སྐར་གྱིས། །ཤཱཀྱ་ཐུབ་པ་སྐྱོན་གྱི་ཕུང་པོར་མཐོང་། །རང་སེམས་འཁྲུལ་པའི་སྐྱོན་དུ་གྱུར་པ་ལ། །སངས་རྒྱས་དངོས་སུ་མཇལ་དང་ཚུལ་དེ་འདྲ། །དེས་ན་བླ་མར་སྐྱོན་འདུག་སེམས་པ་ཀུན། །བླ་མར་སྐྱོན་མེད་རང་སེམས་སྐྱོན་ཡིན་ནོ། །གང་ཞིག་བླ་མས་བཀའ་བཀྱོན་ཕྱག་འབེབས་སོགས། །རང་ལ་གནོད་པ་སྐྱལ་བ་མཐོང་བ་ཡང་། །རང་ཉིད་ལས་སྒྲིབ་ངན་པའི་སྐྱོན་གྱིས་ནི། །དེ་ལྟར་མཛད་པའི་སྣང་བ་འཆར་བ་ཡིན། །ཅི་ཞེས་དམྱལ་བའི་སེམས་ཅན་ཉོན་མོངས་པས། །ཀུན་ཏུ་བཟང་པོ་གཤིན་རྗེའི་རྒྱལ་པོར་མཐོང་། །དམ་ཆོས་གསུང་བ་རྒྱོབ་གསོད་སྒྲ་རུ་གོ །དེ་ཡང་རང་གི་སེམས་འཁྲུལ་སྣང་བ་ལས། །ངེས་པར་བདེན་ན་ལྕགས་བསྲེགས་སུ་ཡིས་བཟོ། །གཤིན་རྗེ་རང་ཡང་སེམས་ཅན་བསྲེག་བཏུབ་ཀྱིས། །ལས་དེའི་སྡུག་བསྔལ་མེ་ཡི་མི་འཇིག་བསམ། །དེ་ཀུན་དམྱལ་སེམས་རང་གི་འཁྲུལ་སྣང་ཡིན། །དེས་ན་བླ་མས་བཀའ་བཀྱོན་བརྡུང་བཙོག་ཀུན། །རང་ལས་ངན་པའི་སྣང་བར་ངོས་བཟུང་ལ། །ལོག་པར་མི་བལྟ་སྡིག་སྒྲིབ་ཕྱགས་མ་རུ། །ཤེས་ནས་དྭངས་བར་གྱིས་དང་དོན་ཆེན་འགྲུབ། །ལེགས་པར་སོམས་དང་འཁོར་བ་ཐོག་མེད་ནས། །བརྡེག་བཙོག་སྡུག་བསྔལ་སྐྱེ་འཆི་གྲངས་མེད་པ། །བྱས་ཀུན་ངལ་བ་དོན་མེད་ཁོ་ན་སྟེ། །ད་རེས་ཐར་པའི་ལམ་སྟོན་བླ་མ་ཡི། །བརྡེག་བཙོག་ཚིག་རྩུབ་ཅི་དང་ཅི་མཛད་པ། །རྣམ་ཀུན་བྱང་ཆུབ་རྒྱུ་རེ་ངེས་འགྱུར་ན། །བྱ་བའི་སྙིང་པོ་དོན་ཆེན་འགྲུབ་པ་སྟེ། །བཀའ་བཀྱོན་བརྡུང་བཙོག་འདི་རང་བཀའ་དྲིན་ཆེ། །བཀའ་བཀྱོན་ཚིག་རྩུབ་དམ་ཆོས་ཁྱད་འཕགས་ཡིན། །ཕྱག་འབེབ་བརྡུང་བཙོག་དབང་བསྐུར་སྙིང་པོ་ཡིན། །དེ་དོན་གོ་ནས་ལྷག་པར་དད་གུས་པ། །སྲི་ཞུ་གྱིས་དང་རྫོགས་པའི་སངས་རྒྱས་འགྲུབ། །སྤྱིར་ནི་མཚན་ལྡན་བླ་མ་དམ་པ་ཡིས། །གྲྭ་སློབ་ཉེ་གནས་ཆོས་ལ་སྤྱོད་བཞིན་དུ། །སྐྱོན་གྱུར་ཕྲན་བུ་ཙམ་ཡང་སུན་ཕྱུངས་ནས། །མི་མཉེས་ཚུལ་བསྟན་བཀའ་བཀྱོན་མཛད་ཡུལ་དེས། །ཐུགས་ལ་གཅེས་ཤིང་ཐར་པ་འགྲུབ་རྟགས་ཡིན། །གྲྭ་འཁོར་ཆོས་མིན་སྤྱོད་ཅིང་ལོག་ལྟ་ཅན། །དམ་ཉམས་རྣམས་ལ་མི་དགྱེས་ཚུལ་མེད་པར། །ངོ་བསྲུང་ཟང་ཟིང་གནས་སྦྱིན་བཅས་བྱེད་ཡུལ། །དེ་ནི་ཐར་པའི་ལམ་ཐག་ཡོང་ཆད་དེ། །ངན་འགྲོར་བསྒྲོད་ཅིང་ཐུགས་དཀའ་མི་དགྱེས་ཤིང་། །ཐུགས་རྗེ་མི་འཛིན་པ་ཡི་རྟགས་ཡིན་པས། །འདི་དག་གལ་ཆེན་གནད་ཡིན་ཤེས་པར་གྱིས། །དེ་འདྲའི་དགོངས་པ་ཅན་གྱི་མཛད་སྤྱོད་ལ། །ཁ་ཅིག་མི་མོས་སྣང་བ་ཤར་བ་དང་། །རྣལ་འབྱོར་ལ་ལ་བདུད་ཀྱི་བར་གཅོད་ཀྱིས། །སེམས་ལ་ང་ཡིས་དད་གུས་ཞབས་ཏོག་བྱས། །ཆོས་བཞིན་འདི་ལྟར་སྤྱོད་ཀྱང་མི་དགྱེས་ཤིང་། །བཀའ་བཀྱོན་བརྡུང་བཙོག་སྤྱོད་པས་འདི་འདྲ་བསྐྱེད། །ཁོང་ཚོས་དམ་འགལ་ཆོས་མིན་སྤྱོད་ན་ཡང་། །དགྱེས་འདུག་སྙམ་ནས་ལོག་ལྟ་སྐྱེ་བའམ། །ཡང་ན་བདག་ལ་ཟས་གོས་མི་སྟེར་ཞིང་། །གཞན་ལ་ཕངས་མེད་འདི་འདྲ་བྱིན་སྙམ་འཁྲུགས། །ལ་ལ་གཞན་ལ་གདམས་ངག་ཟས་སྟེར་འདུག །ང་ལ་མི་སྟེར་སྙམ་ནས་ཉམས་ཆག་བསགས། །དེ་དང་དེ་འདྲ་ཆགས་སྡང་སྣང་བའི་ཚོགས། །གང་ཤར་བདུད་ཀྱི་བྱིན་གྱིས་བརླབ་པ་སྟེ། །དེ་སྐྱོན་ངེས་བཟུང་རྣལ་འབྱོར་རབ་རྣམས་ཀྱིས། །ཆགས་སྡང་གཞི་མེད་རྩ་བྲལ་ལམ་དུ་ཁྱེར། །འབྲིང་གི་བླ་མ་རང་རིག་དབྱེར་མེད་བསྲེ། །ཏིང་ངེ་འཛིན་གྱིས་དབང་བླངས་བཤགས་པ་བྱ། །ཐ་མས་བླ་མར་དངོས་སུ་འགྱོད་བཤགས་ཕུལ། །ཞེ་བཅད་དམ་བཅའ་དྲག་པོས་བསྲུང་སྡོམ་བྱ། །དེ་ལྟར་བྱས་པས་ཉམས་ཆག་སོར་ཆུད་ཅིང་། །བདུད་ཀྱང་ཁ་སྐྱེངས་བར་ཆད་བརྩམས་མི་ནུས། །བླ་མའི་ཐུགས་དགྱེས་རང་གི་མཆོག་ཐུན་ཐོབ། །གཅེས་པའི་བསླབ་བྱ་ཡིན་ནོ་ཡིད་ལ་བཟུང་། །ཀྱེ་མ་ཧོ། དལ་འབྱོར་སྙིང་པོ་ལེན་པ་དམ་ཆོས་ཡིན། །དམ་ཆོས་རྩ་བ་དགེ་བའི་བཤེས་གཉེན་ཡིན། །ཚེ་གཅིག་སངས་རྒྱས་ཐོབ་བྱེད་གསང་སྔགས་ཆོས། །དེ་སྟོན་རྩ་བའི་བླ་མ་རབ་གཉན་པས། །དམ་ཚིག་བསྲུང་མཚམས་ཁེ་ཉེན་དུག་སྦྲུལ་མགོའི། །ནོར་བུ་བཞིན་དུ་ཕུང་འཚེང་གཉིས་འགྲུབ་པས། །བག་ཡོད་དྲན་པས་དུས་རྟག་ཟིན་བཞིན་དུ། །དམ་ཚིག་སྲོག་པས་ལྷག་མཛོད་སྙིང་གཏམ་ཡིན། །བླ་མའི་མཚན་ཉིད་ཐོག་མར་བརྟགས་པ་ལ། །དབང་ཆོས་ཞུས་རྗེས་བརྟག་པར་མི་རུང་སྟེ། །བཟང་རུང་ངན་རུང་ལྷའམ་བདུད་ཀྱང་རུང་། །ཅི་མཛད་དག་སྣང་སྦྱོང་ཞིག་སྙིང་གཏམ་ཡིན། །བླ་མའི་མཛད་པ་འཕྲིན་ལས་བཞིའི་རྗེས་འགྲོས། །ཞེ་སྡང་འདོད་ཆགས་གཏི་མུག་དུག་ལྔའི་ཚུལ། །སྤྱོད་ཀུན་ལོག་པར་མི་བལྟ་རྒྱལ་བ་ཡི། །མཛད་པར་བལྟ་བར་བྱའོ་སྙིང་གཏམ་ཡིན། །ཅི་ཞེས་ཞེ་སྡང་ཚུལ་གྱིས་སྲོག་བཅད་ཀྱང་། །ཤཱཀྱ་ཐུབ་པ་རྫོགས་སངས་རྒྱས་པའི་དུས། །དུར་ཁྲོད་གནས་སུ་གཤིན་རྗེ་གཤེད་ཆེན་པོར། །སྐུར་བསྟན་བདུད་སྡེ་ཕྱེ་མར་གཞོམ་བྱས་ཤིང་། །དེ་བཞིན་འདོད་ཆགས་གདུང་བའི་ཚུལ་གྱིས་ནི། །བདེ་མཆོག་འཁོར་ལོ་སྡོམ་པ་དགྱེས་རྡོ་རྗེ། །གསང་བ་འདུས་པ་དུས་ཀྱི་འཁོར་ལོ་དང་། །རྟ་མཆོག་ཡང་ཕུར་ཧེ་རུ་ཀ་ཡི་ཚོགས། །རིགས་ལྔ་བདེ་བར་གཤེགས་བཅས་དུས་རྟག་པར། །ལྷན་སྐྱེས་གསང་བའི་ཡུམ་དང་འབྲལ་མེད་པར། །རྡོ་རྗེ་པདྨ་ཟུང་སྦྱོར་འཁྲིལ་སྙོམས་ལྟོས། །རྒྱལ་བ་རྣམས་ཀྱི་མཛད་པ་དེ་འདྲ་དང་། །བླ་མའི་མཛད་པ་མཚུངས་པར་ཤེས་གྱིས་ཤིག །གཞན་ཡང་རྒྱ་གར་རིག་འཛིན་ཆེན་པོ་བརྒྱད། །གྲུབ་ཆེན་བརྒྱད་ཅུ་སོགས་དང་བོད་ཡུལ་དུ། །རྗེ་འབངས་ཉེར་ལྔ་སྤྲུལ་པའི་གཏེར་སྟོན་དང་། །མར་རྔོག་ས་ངོར་ཀམ་འབྲུག་འབྲི་སྟག་གིས། །སྐྱེས་བུ་མཆོག་རྣམས་བདེ་ཆེན་སྐྱེད་པ་ཡི། །གསང་བའི་ཡུམ་ལ་དགྱེས་བཞིན་བརྟེན་ནས་ནི། །དགའ་བ་བཅུ་དྲུག་རོ་ལ་མྱོང་བ་དང་། །གྲུབ་ཐོབ་བིརྺ་པ་དང་ཤ་ཝ་རི། །བྱཱ་ལི་པ་དང་རྒྱལ་བ་ཞང་སོགས་ཀྱིས། །བྱ་དང་རི་དྭགས་སྲོག་ཆགས་ལིང་བྱེད་ཅིང་། །ཞེ་སྡང་དྲག་པོའི་ཚུལ་གྱིས་གཡུལ་འཁྲུགས་མཛད། །དེ་བཞིན་ལཱ་ཝ་པ་སོགས་གྲུབ་ཆེན་འགའ། །ལོ་ཟླ་ཞག་དུས་མང་པོར་ཐུན་གཅིག་དང་། །གཉིད་ཅིང་རྟག་ཏུ་གཉིད་ལ་བརྩོན་པ་སོགས། །རིགས་གྲུབ་རྣམས་ཀྱི་མཛད་སྤྱོད་དཔག་དཀའ་དང་། །ཉི་ཤུ་རྩ་བཞིའི་གནས་ནས་ཡེ་ཤེས་ཀྱི། །མཁའ་འགྲོས་ཆང་འཚོང་ཚོས་འཚོང་སྨད་འཚོང་མ། །ཤན་པ་གདོལ་པ་རྒས་ཁོག་མི་སྡུག་པར། །སྤྲུལ་ནས་གདུལ་བྱར་ཕན་གདགས་དུ་མ་སོགས། །སངས་རྒྱས་རྣམས་ཀྱི་མཛད་སྤྱོད་སྣ་ཚོགས་པ། །མཐའ་ཡས་རོལ་པ་དུ་མར་འཆར་བ་ཉིད། །ཚད་བཟུང་ལས་འདས་སྤྱོད་པའི་རྣམ་གྲངས་ཀྱིས། །འགྲོ་རྣམས་དོན་མཛད་ཐོས་ཤིང་ཤེས་བྱས་ཏེ། །དེས་ན་རང་གི་རྩ་བའི་བླ་མ་ཡི། །མི་དགྱེའི་རྣམ་པ་ཅི་དང་ཅི་མཛད་ཀྱང་། །འཁྲུལ་པ་མི་མངའ་ཉེས་པའི་སྐྱོན་བྲལ་བས། །དད་གུས་མོས་པ་རབ་ཏུ་བརྟན་པར་བྱོས། །དེ་ལྟར་དཔལ་ལྡན་རྩ་བའི་བླ་མ་ཡི། །སྐུ་གསུང་ཐུགས་སྤྱོད་དགེ་དང་མི་དགེའི་ལས། །ཐམས་ཅད་རྒྱལ་བའི་མཛད་པར་དྭངས་བླངས་ཤིང་། །ཆོས་ནས་ཆོས་བཞིན་སྤྱོད་མཛད་སྙིང་གཏམ་སྟེ། །ཁ་ཅིག་བླ་མ་གྲུབ་ཐོབ་མཛད་སྤྱོད་རྗེས། །དཔག་ནས་ཉོན་མོངས་བག་ཡངས་སྤྱོད་པ་ལ། །སློབ་བུ་བློ་ཆུང་ཞུགས་པར་མི་བྱ་སྟེ། །མི་དགེའི་སྤྱོད་པ་ཆ་ཤས་སྤང་ཡང་འཚལ། །ཅི་ཞེས་རྨ་བྱས་བཙན་དུག་ཟ་བ་ལ། །དཔག་ནས་ཁྭ་ཏས་བཙན་དུག་ཟོས་ན་འཆི། །དེ་བཞིན་གསང་སྔགས་ལྟ་སྤྱོད་དགོངས་པའི་ཕུག །མ་ལོན་བག་མེད་སྤྱོད་པ་འཆོལ་ཉོག་ལ། །གསང་སྔགས་སྤྱོད་པར་རློམ་ཞིང་ཁས་འཆེ་ན། །མཚམས་མེད་ལྔ་ལ་བསྐལ་པར་སྤྱོད་པ་ཡི། །སྡིག་པ་འདི་ཆེ་རྡོ་རྗེ་དམྱལ་བ་རུ། །ལྟུང་བར་ངེས་པར་རབ་ཏུ་འཛེམ་པར་གྱིས། །ཀྭ་ཡེ། ལེགས་པར་གསོན་དང་དེང་དུས་གྲོགས་པོ་ཚོ། །ཆོས་ལ་བསམ་ནས་བཙུན་པའི་གྲལ་ཞུགས་ཤིང་། །གདམས་ངག་བསམ་ནས་བླ་མ་བསྟེན་པ་ཀུན། །བསླབ་བྱའི་གཙོ་བོ་འདི་ཀོ་ཡིད་གཟུང་འཚལ། །རང་རེ་མི་ཚེ་སྤྲིན་བར་ཉི་ཤར་ཙམ། །སྐད་ཅིག་ཙམ་དེའི་བདེ་འདིར་མ་ཞེན་པར། །གཏན་བདེའི་ཞིང་དུ་ཐར་འདོད་བརྩོན་པ་ཆེ། །རབ་བསྐྱེད་ལུས་ངག་དགེ་བའི་ལས་ལ་འཁོལ། །སྣང་བ་སྒྱུ་མའི་ལྟད་མོར་ཨ་མ་འཐས། །མི་རྟག་འཆི་བ་སྙིང་ནས་དྲན་པར་གྱིས། །ངན་སོང་གནས་གསུམ་སྡུག་བསྔལ་དཔག་དཀའ་ཞིང་། །ཚེ་ཡི་ཚད་ཀྱང་བགྲང་བར་ནུས་མིན་གྱི། །ད་རེས་མཐོ་རིས་གནས་སུ་ཡུད་ཙམ་ཞིག །ཕྱིན་ཆད་སླད་མར་དེ་རུ་འཁོར་བའི་རྒྱུ། །དེ་བས་ད་ལྟ་ཐར་པ་ཆེན་པོའི་སར། །འཁོད་ཐབས་མྱུར་དུ་བསྒྲུབ་པའི་དུས་ལ་བབ། །དེ་རིང་སང་ཉིན་མི་འཆིའི་གདེང་མེད་པས། །དགེ་བའི་ལས་ལ་ད་ལྟ་ཉིད་གྱིས་ཤིག །མཁར་ཞིང་བང་མཛོད་ནོར་ཕྱུགས་ཉེ་འབྲེལ་ཡང་། །འཆི་དུས་ཤུལ་ལུས་རང་ཉིད་གཅིག་པུར་འགྲོ། །རང་གི་དགེ་སྡིག་ཅི་བྱས་རང་ལ་སྨིན། །གྲོགས་མེད་ཕ་རོལ་འགྲོ་ངེས་འདི་ལ་བསམ། །དེ་ན་དུས་དེར་ཕན་ཐབས་ཟབ་མོ་ཞིག །སྒྲུབ་པའི་དུས་ནི་ད་ལྟ་ཡིན་ངེས་སོ། །ཕན་ཐབས་རྒྱལ་བས་གསུང་པ་གྲངས་མང་དོན། །བསྡུ་ན་སྤྱོད་པ་སྡོམ་པ་རྣམ་པ་གསུམ། །བསྒོམ་པའི་གཙོ་བོ་ལམ་འབྲས་ཕྱག་ཆེན་དང་། །ལྟ་བའི་གཙོ་བོ་དབུ་མ་རྫོགས་པ་ཆེ། །དེ་ལ་སྤྱོད་པ་སྡོམ་པ་རྣམ་གསུམ་ཡང་། །འདུལ་བ་དང་བསྟུན་སོ་སོར་ཐར་པ་ཡང་། །རྩ་བ་མི་དགེ་བཅུ་སྤང་དགེ་བཅུ་བསྒྲུབ། །ཡང་སྙིང་རྩ་བཞི་ཆང་ལྔ་སྤང་བ་གཙོ། །རྩ་བ་སྲོག་བཅད་སྤང་ནས་ཞི་དུལ་སྤྱོད། །རྩ་བ་མ་བྱིན་ལེན་སྤང་བག་ཡོད་སྤྱོད། །རྩ་བ་བུད་མེད་སྤྱད་སྤང་ཁྲེལ་ཡོད་སྤྱོད། །རྩ་བ་རྫུན་སྨྲ་སྤང་ནས་དྲང་པོར་བརྗོད། །ཆང་ནི་རྒྱལ་བས་ཡང་ཡང་བཀག་པ་ལ། །ཤེས་བྱས་ཧ་ལའི་དུག་ལྟར་སྤང་བ་གཅེས། །འདི་དག་མ་སྤངས་ཉེས་ལྟུང་སྤང་ཕན་ཡོན། །བཀའ་བསྟན་བལྟས་ནས་སྤངས་བླང་ནན་ཏན་སྤྱོད། །ཐེག་ཆེན་རྩ་བ་བྱང་སེམས་བསླབ་སྤྱོད་ཀྱང་། །རྩ་བ་ཚད་མེད་བཞི་དང་ཕྱིན་དྲུག་བསྒྲུབ། །ཡང་སྙིང་བྱམས་པ་སྙིང་རྗེས་གཞན་ཕན་བསྒྲུབ། །དེ་ཡང་གཞན་ལ་འདི་ཕྱི་བདེ་ཐབས་ཉིད། །གསང་སྔགས་རྩ་བ་དམ་ཚིག་སྤྱོད་པ་ཡང་། །རྩ་བ་སྐུ་གསུང་ཐུགས་གསང་ཉིད་བསྲུང་འདུ། །ཡང་སྙིང་ལྷ་བསྙེན་བླ་མ་དགྱེས་ཐབས་ཡིན། །དེ་ཡང་རྡོ་རྗེ་སློབ་དཔོན་གསུང་བསྒྲུབ་གཙོ། །དེས་ན་ཐོག་མར་བླ་མ་གུས་པས་བསྟེན། །བར་དུ་ཅི་གསུངས་བཀའ་བཞིན་གུས་པས་བསྒྲུབ། །མཐའ་རུ་དམ་སེལ་མེད་པར་ཉམས་ལེན་དྲིལ། །རི་ཁྲོད་དབེན་པ་བསྟེན་འཚལ་སྙིང་གྲོས་ལ། །ད་དུང་གལ་ཆེ་གནད་གྱུར་འདི་སྐད་སྨྲ། །སྙིང་རྗེས་ཀུན་སླང་རྒྱལ་བསྟན་ཕན་པ་ལས། །གཞན་སྲོག་འཚེ་བ་སྤང་བ་རབ་ཏུ་གཅེས། །ངན་སྔགས་བསྒྲུབ་པར་མི་འཚལ་སྙིང་གྲོས་ཡིན། །བསྟན་པའི་ཞབས་ཏོག་གཞན་ཕན་དགེ་རླབས་ཆེན། །འགྲུབ་ན་མ་རྟོགས་མ་བྱིན་ལེན་སྤང་གཅེས། །རྒྱལ་བཀས་གནང་ངམ་གདུང་བརྒྱུད་འཛིན་ཆེད་དམ། །རྩ་རླུང་གྲོགས་ལས་མི་གཙང་སྤྱོད་སྤང་གཅེས། །འགྲོ་ཕན་དོན་ཆེན་བསྒྲུབ་དང་གསང་སྤྱོད་ཆེད། །མ་གཏོགས་རྫུན་ཚིག་མི་སྨྲ་ཤིན་ཏུ་གཅེས། །རྩབཞི་ཆང་ལྔ་མདོ་སྔགས་ཐུན་མོང་དུ། །རབ་སྡོམ་མཛད་དེ་འདི་ཉིད་ཡལ་དོར་ན། །ཆོས་པ་ཡིན་ཞེས་མིང་གིས་ཅི་ཞིག་ཕན། །དཔེར་ན་སྡོང་པོ་བཅད་པའི་ཡལ་གའམ། །ས་བོན་བསྲེག་པའི་སྙེ་མ་དག་དང་མཚུངས། །ཁ་ཅིག་ལྟ་བ་རྟོགས་ཚེ་རྒྱུ་འབྲས་ལ། །རྩིང་སྤྱོད་ཆོག་ཅེས་བདུད་ཀྱིས་ཚིག་སྨྲ་སྟེ། །ལྟ་བ་རྟོགས་ཚེ་རྒྱུ་འབྲས་རྩིང་ཆོག་ན། །ཤཱཀ་ཐུབ་སྤྱོད་ལམ་གསུངས་དང་བཅས་པ་ཡི། །རྒྱུ་འབྲས་ཁོ་ནར་ཕྲ་ཞིབ་མཛད་པས་ན། །ཤཱཀ་ཐུབ་ལྟ་བ་མ་མཐོང་སྨྲ་ལགས་སམ། །དེ་བས་མུ་ཅོར་སྨྲ་བ་སྙིང་རེ་རྗེ། །སྔགས་ནས་དུག་ལྔ་མི་སྤང་གསུངས་པ་ཡང་། །སྙིང་རྗེས་ཞེ་སྡང་ཞེན་བྲལ་འདོད་ཆགས་དང་། །འོད་གསལ་གཏི་མུག་བྱར་མེད་ང་རྒྱལ་དང་། །རང་གྲོལ་ཕྲག་དོག་དུག་ལྔ་ཡེ་ཤེས་ལྔར། །ཤར་བའི་ཕྱིར་ལས་ཉོན་མོངས་རང་ག་མ། །སྤྱོད་ཅེས་རྒྱུད་སྡེ་གང་ནའང་གསུངས་པ་མེད། །ཆང་ཡང་རྟེན་འབྲེལ་རྫས་དང་བག་ཡོད་དུ། །རྟེན་ལས་ཆང་འཐུང་ར་རོ་འཁྲུལ་སྣང་བ། །འབྱམས་པར་གྱིས་ཞེས་རྒྱུད་ལུང་གང་ནའང་མེད། །རང་གི་ཉོན་མོངས་མགོ་མ་ནོན་པ་ལ། །སྔགས་སྤྱོད་ཁ་གཡར་འདུལ་ཁྲིམས་རྩིས་མེད་དོར། །ལྟ་བ་རྟོགས་པའི་གདེང་དང་མི་ལྡན་པར། །བག་མེད་འཆོལ་ཉོག་ངང་དུ་རྩིང་སྤྱོད་དང་། །ཐོ་ཅོ་གྲུང་པོའི་བྱ་བ་བྱེད་པ་ནི། །འདི་དག་གསང་སྔགས་བསྟན་ལ་དམའ་བྱེད་ལས། །སྔགས་དོན་ཅུང་ཟད་ཙམ་ཡང་མ་གོ་འཁྲུལ། །འོན་ཀྱང་རྒྱལ་བའི་སྤྲུལ་པ་སྣ་ཚོགས་སྤྱོད། །ཚུལ་གྱིས་འགྲོ་བ་འདུལ་བྱེད་ཡོད་སྲིད་པས། །དེ་དག་རྣམས་ལ་སྐྱོན་བརྗོད་མ་ལགས་ཤིང་། །དེ་བས་ཚུལ་ངན་འདི་འདྲ་སྤང་འཚལ་གནད། །གཞན་ཡང་དེང་དུས་མཐུ་རྫས་སྔགས་ཀྱིས་ནི། །མི་སྲོག་བཅད་ལ་ཉེས་པ་མེད་སྨྲ་ཐོས། །དེ་ནི་རྒྱུ་འབྲས་མ་གོ་འཁྲུལ་ཚབ་ཆེ། །ཅི་ཞེས་ཤཱཀྱའི་རིགས་ལ་སངས་རྒྱས་དེས། །སྡིག་པ་བགྱིས་དང་ཡི་རང་བྱས་པ་གཉིས། །ཉེས་པ་མཉམ་ཞེས་གསུངས་ན་རང་ཉིད་ཀྱིས། །ལུས་ངག་སེམས་ཀྱིས་འབད་དེ་སྦྱོར་བའི་ལས། །ཉེས་པའི་རྣམ་པར་སྨིན་པ་ཅིས་མི་འབྱུང་། །པདྨ་སྐྱེས་དེས་སྔགས་པས་མཐུ་བསྒྲུབས་ཤིང་། །སྒྲུབ་ཁང་གོས་གོན་མཐུ་རྫས་བསོགས་གསུངས་དང་། །རྒྱལ་བས་གདུག་བྱམས་རྩ་ལྟུང་བཅུར་གསུང་རྣམས། །སངས་རྒྱས་བསྟན་དང་ཉེས་མེད་སེམས་ཅན་ལ། །འཚེ་བར་བྱེད་པ་བསྒྲལ་ནས་བསྟན་པ་མཆོག །གཉེན་ཕྱིར་བྱེད་ལས་རང་འདོད་རུང་མ་གསུངས། །སྤྱིར་ཡང་ཞིང་བཅུ་བསྒྲལ་བར་གསུང་པ་ཡང་། །ལས་ངན་དེ་དག་མཚམས་མེད་རྣམ་སྨིན་གྱི། །དགེ་ཟད་ཐར་པའི་དཔྱང་ཐག་ཆད་པ་ལ། །མངོན་སྤྱོད་མཐུ་ཡིས་མྱུར་དུ་བསྒྲལ་བྱས་ཏེ། །ཐར་པ་བྱང་ཆུབ་ས་བོན་བཞག་གནས་ནི། །དག་པའི་ཞིང་དུ་དྲངས་པའི་དགོངས་པ་ཡིན། །དེ་བས་རང་དང་རྩ་བའི་བླ་མའི་སྐུར། །འཚེ་ན་མ་གཏོགས་ངན་སྔགས་ནུས་པའི་མཐུས། །གཞན་སྲོག་མི་གཅོད་ཁོ་བོས་སྙིང་གྲོས་འདེབས། །འདི་ཡང་གལ་ཆེ་གནད་ཡིན་ཐུགས་བཞག་འཚལ། །མདོར་ན་དགེ་སྒྲུབ་སྡིག་སྤོང་རྒྱུ་འབྲས་ཞིབ། །ཀུན་གྱི་རྩ་བ་རང་སེམས་གྱོང་པོ་བཏུལ། །ཞི་དུལ་བཟོད་ལྡན་བྱ་སྤྱོད་རབ་བརྩོན་པར། །ངོ་ལྐོག་མེད་པར་མཚུངས་པ་སྤྱོད་པའི་གཙོ། །བསྒོམ་པའི་གཙོ་བོ་ལམ་འབྲས་ཕྱག་ཆེན་ཡང་། །མཚན་བཅས་སྒོམ་པ་ལམ་འབྲས་ཐབས་ཀྱི་གནད། །ཡེ་ཤེས་དྷུ་ཏཱི་རླུང་སེམས་གཉིས་མེད་དུ། །རབ་ཆུབ་ཐིག་ལེ་ཟག་བྲལ་དབྱིངས་ཐིམ་ཞིང་། །མཚན་བྲལ་བསྒོམས་པ་ཕྱག་རྒྱ་ཆེན་པོ་ནི། །གནས་ལུགས་གཉུག་མ་བརྗོད་མཚན་སྤྲོས་ཚོགས་ལས། །རབ་འདས་ངོ་བོར་ཅིར་སྣང་ཆོས་སྐུའི་ལམ། །མ་གཡེང་མི་སྒོམ་ཉམས་ལེན་རྩ་བ་ཡིན། །ལྟ་བའི་གཙོ་བོ་དབུ་མ་རྫོགས་ཆེན་ཡང་། །མཐའ་བྲལ་དབུ་མ་ཉིད་དུའང་མི་དམིགས་པ། །གཅིག་དང་ཐ་དད་ཡིད་བློའི་སྤྲོས་ཞི་བ། །ཆོས་ཉིད་སྐྱེ་འགག་ཟག་བྲལ་རྒྱ་ཆེ་མཆོག །རྫོགས་ཆེན་ཀ་དག་བློ་འདས་ཆོས་སྐུའི་ཐུགས། །མངོན་སུམ་ཉིད་མྱོང་གསང་ལས་ཆེས་གསང་བ། །ཁྲེགས་ཆོད་ཐོད་རྒལ་རང་བྱུང་རིག་པའི་དོན། །བརྡའ་དག་ཟུང་འཇུག་རྩོལ་བྲལ་ཉམས་ལེན་གཙོ། །མདོར་ན་ཆོས་ཚིག་དཔེ་ལ་མ་ལུས་པར། །རང་རིག་དོན་ལ་ཉམས་མྱོང་ཁོ་ཐག་གནད། །ཆོད་ན་འདི་ཕྱི་བར་དོ་གསུམ་གང་རུང་། །གྲོལ་བའི་གདེང་ཡོད་ཆུག་དང་དེ་རང་ཆོག །ལྟ་སྒོམ་སྤྱོད་གསུམ་གཞི་ལམ་འབྲས་བུ་སོགས། །མང་མང་བཤད་ཀུན་ཚིག་ཡིན་མ་འབྱམས་པར། །བླ་མ་མཚན་ལྡན་ཞལ་གདམས་རང་ཉིད་ཀྱི། །སྙིང་བུར་བརྩོན་བསྐྱེད་བསྒོམ་ཞེས་སྙིང་གཏམ་སྟེ། །ཀྱེ་མ། དེང་སང་དུས་ངན་སྙིགས་མའི་དུས། །བདག་གི་དེ་སྐད་སྨྲ་བས་ཅི་ཞིག་ཕན། །སྔོན་བྱོན་ད་ལྟར་བཞུགས་པར་གྱུར་པ་ཡི། །སྐྱེས་མཆོག་མི་ཡི་སངས་རྒྱས་དངོས་བྱོན་དུས། །གྱུར་པ་རྣམས་ཀྱི་གདུལ་བྱར་ཕན་པའི་ཕྱིར། །གསུང་མགུར་ཞལ་གདམས་དྲང་ངེས་གདམས་པ་ཆེ། །དུ་མ་གསུང་ཡང་དེ་ལ་ཅི་ལྟ་བ། །སྤྱོད་པ་ཉིན་སྐར་དང་མཚུངས་དེ་བས་ཀྱང་། །རྒྱལ་གསུང་འགའ་ཞིག་བྲ་ཕྱིའི་ཚངས་སྟན་དུ། །རྩིས་མེད་དོར་གྱུར་འདི་འདྲ་ཀྱེ་མ་ཧུད། །དེ་བས་སྤྲང་བན་མུ་ཏོ་བདག་འདྲ་བས། །ཕན་འདོད་བསླབ་བྱ་ཡིན་ཁུལ་བརྗོད་པ་ནི། །དོན་མེད་ཐང་སྟོང་ཁྱི་ཟུག་ཅིར་མི་ཡོང་། །ལར་ཡང་ཐར་པ་དགེ་བའི་ཆོས་ཅི་ཡིན། །བཤད་ལས་ཚོང་ཁེ་གཡོ་སྒྱུ་ཟོལ་ཟོག་ཚིག །གུས་པར་ཉན་འདིར་བསམ་ཞིང་ཡིད་རེ་མུག །དེ་བས་ཆོས་བཞིན་སྤྱོད་འདོད་མཆེད་གྲོགས་ཚོ། །བག་མེད་འཁྲུལ་པའི་ཚིག་རྗེས་མི་འབྲང་བར། །བདེན་སྨྲར་གུས་ཉན་རྣམ་པར་དགེ་བ་ལ། །འབད་པར་འཚལ་ཞེས་བདག་གི་གྲོས་ཆེན་དེ། །དེ་སྐད་ད་ལྟའི་དུས་དང་ཕྱིས་འབྱུང་གིས། །བླ་མའི་ཉེ་གནས་གྲྭ་འཁོར་གྱུར་རྣམས་ལ། །སྐྱོ་བས་བསྐྱེད་དེ་ངེས་པར་འབྱུང་བའི་གཏམ། །ཆ་ཤས་ཙམ་ཞིག་སྐབས་འདིར་སྨྲ་བྱེད་འདི། །བདེན་པར་བརྗོད་ལ་རྩུབ་མོའི་ཚིག་ཀྱང་མེད། །དགེ་བར་བསྐུལ་ལས་འཁྲུལ་པའི་གཏམ་ཡང་མིན། །དེས་ན་ཚིག་དོན་ལེགས་པར་བསམ་གཞིག་སྟེ། །འཆི་དྲན་ཆོས་འབད་བླ་མ་མཉེས་བགྱིད་འཚལ། །ཞེས་པ་ཞར་བྱུང་ཚིགས་སུ་གླེང་བྱས་ཏེ། །ད་ནི་གང་འཕྲོས་བླུན་རྒན་བདག་སྤྱད་ཚུལ། །ཅུང་ཟད་ཙམ་ཞིག་སླར་ཡང་སྨྲ་བྱེད་ན། །བཅུ་དྲུག་ལོ་མཇུག་རྩ་བའི་བླ་མ་མཆོག །གཤེགས་པའི་རྐྱེན་དང་ཕྱི་ནང་གསང་བའི་ཚུལ། །དུ་མས་ཡིད་སྐྱོ་ཡིད་བསུན་རབ་བྱུང་ཕྱིར། །ཁྱད་པར་བསམ་བློ་ཉིན་མཚན་ཁ་སྦྱོར་ཡང་། །དལ་འབྱོར་མི་ལུས་རྙེད་དཀའ་ད་རེས་ཙམ། །ཐོབ་དུས་འདི་རུ་ཁ་གཏིང་མེད་པ་ཡིས། །ཆོས་ཅིག་བྱས་ནས་གཏན་བདེའི་མདུན་མ་ཞིག །འགྲུབ་མ་ཐུབ་ན་ཕྱི་མ་ཅི་ལྟ་བུ། །འགྱུར་བ་ཆ་མེད་མུན་ཁུང་མདའ་དང་འདྲ། །དེས་ན་མི་ཚེ་སྐད་ཅིག་ཡུད་ཙམ་དེར། །ཐབས་མཁས་འཇིག་རྟེན་ཆོས་བརྒྱད་དང་བསྟུན་ནས། །དགོན་གནས་མགོ་འཛིན་བླ་མའི་མིང་བཟུང་སྟེ། །རང་མགོ་གཡོག་ན་ཕྲལ་དུ་སྐྱིད་གྱུར་ཀྱང་། །ལོ་བརྒྱ་ཐོག་གཅིག་ཟད་ལ་ཤོར་བ་ཡིན། །ཕྱི་མ་ངན་འགྲོར་སྡུག་བསྔལ་བཟོད་མེད་པར། །མྱོང་བར་གྱུར་ན་ཡུད་ཙམ་བདེ་སྐྱིད་ཀྱི། །ཅི་ཕན་དེ་བས་ཆོས་ལ་གནས་དགོས་ངེས། །ཆོས་ཀྱང་དྲང་ངེས་བྱེ་བྲག་ཤིན་ཏུ་མང་། །དྲང་དོན་མཚན་ཉིད་ཐེག་པ་བཟང་ན་ཡང་། །གྲངས་མེད་མང་པོར་ཚོགས་བསགས་སྒྲིབ་སྦྱངས་ནས། །བྱང་ཆུབ་སྒྲུབ་འདི་ཧ་ཅང་རྒྱང་ཐག་རིང་། །ངེས་པའི་དོན་འགྱུར་སྔགས་ཀྱི་ཐེག་པ་ཡང་། །ཕྱི་རྒྱུད་བྱ་སྤྱོད་རྣལ་འབྱོར་སྤྲོས་བཅས་ཀྱི། །བསྐྱེད་བཟླས་ཏིང་འཛིན་རིམ་པ་ལེགས་ན་ཡང་། །སྐྱེ་བ་གྲངས་ཆེན་བྱང་ཆུབ་སྙིང་པོ་འགྱངས། །ནང་ རྒྱུད་མ་ཧཱ་ཨ་ནུ་བསྐྱེད་རྫོགས་ཆོས། །རྡོ་རྗེ་གསུམ ་སྦྱངས་རྩ་རླུང་ཐིག་ལེའི་གནད། །བརྫུན་པར་བྱེད་འདི་ངོ་མཚར་ཆེ་ན་ཡང་། །བློས་བྱས་སྒྲིབ་དང་མ་བྲལ་ཅུང་ཟད་བུལ། །དེས་ན་ཚེ་གཅིག་སངས་རྒྱས་རྡོ་རྗེ་སྙིང་། །རྫོགས་ཆེན་སེམས་སྡེ་ཕྱག་རྒྱ་ཆེན་པོའི་དོན། །རྫོགས་ཆེན་ཀློང་སྡེ་འོད་གསལ་ཡེ་ཤེས་གཤིས། །རྫོགས་ཆེན་མན་ངག་ཁྲེགས་ཆོད་ཀ་དག་ཆེ། །ཡང་གསང་བླ་མེད་ཐོད་རྒལ་མངོན་སུམ་དུ། །སྣང་བ་བློ་འདས་ཀུན་བཟང་ཐུགས་ཀྱི་སྙིང་། །ཐེག་དགུའི་རྩེ་མོ་དེ་ལ་རབ་ཞུགས་ནས། །འདི་ཕྱི་བར་དོ་གྲོལ་བ་ཐོབ་ཕྱིར་ལས། །ཀུན་རྫོབ་ཆོས་གྱུར་ཕྱི་ཡི་རིག་པའི་གནས། །སྒྲ་སྙན་མངོན་བརྗོད་ཟློས་གར་སྡེབ་སྦྱོར་དང་། །སྨན་རྩིས་འཁྱུད་དཔྱད་མོ་པྲ་རྫས་སྔགས་མཐུ། །བཟོ་དང་མཚན་ཉིད་རིག་པ་ལ་སོགས་ཀུན། །ད་ལྟ་ཡུད་ཙམ་མཁས་གྲགས་མཛེས་ན་ཡང་། །ནམ་ཞིག་འཆི་བའི་དུས་ལ་བབ་པའི་ཚེ། །ཤེས་བྱར་གྱུར་པ་དེ་དག་གང་གིས་ཡང་། །བདེ་འགྲོ་མཐོ་རིས་ཐོབ་ནུས་འགའ་ཞིག་ལས། །རང་སེམས་འཁྲུལ་པ་སངས་བར་མི་ནུས་ཀྱི། །བྱང་ཆུབ་ཆེན་པའི་གོ་འཕང་འགོད་ནུས་མིན། །དེ་བས་ཤེས་བྱའི་ཡོན་ཏན་རིག་གནས་ལ། །གཉེར་བའི་དོན་མེད་ཇི་བཞིན་བྱང་ཆུབ་ཀྱི། །ཉམས་ལེན་སྙིང་པོ་ནང་གི་རིག་པའི་གནས། །གཅིག་ཤེས་ཀུན་གྲོལ་གནད་དེ་བསྒོམ་གདུང་ཡང་། །དེ་སྟོན་བླ་མ་མཚན་ལྡན་མ་འཕྲད་ན། །ཅི་ལྟར་བྱས་ཀྱང་ཐར་ལམ་མི་ཟིན་པས། །དེས་ན་དེང་སང་དུས་ཀྱི་སྙིགས་མ་འདིར། །མཚན་ལྡན་བླ་མ་མཆོག་གྱུར་ཕལ་ཆེར་གཤེགས། །ཞལ་བཞུགས་པ་ལ་ས་ཐག་རིང་པའི་སྟབས། །རང་ཉིད་ལུས་ཟུངས་མ་རྫོགས་ཕྱིན་མ་ནུས། །ལ་ལ་སྐུ་བགྲེས་མྱ་ངན་འདའ་ཉེ་བས། །ཆོས་ཀྱང་ཐོབ་དཀའ་གདམས་པ་རྫོགས་མི་ནུས། །ལ་ལ་ཁམ་ཆེ་ཆོས་ཀྱང་ཞིབ་མི་ཐོབ། །ལ་ལ་ཁྲིད་ལུང་ཙམ་གྱུར་བློ་མ་ཁེངས། །ལ་ལ་བླ་མ་ངོ་བོ་བཟང་ན་ཡང་། །སྐུ་ན་མ་སྨིན་བསླབ་སྦྱོང་རྩལ་མ་རྫོགས། །འགའ་ཞིག་ལྟ་དགོངས་ཆེ་བའི་སྙན་གྲགས་ཀྱང་། །ལེགས་བརྟག་ཚེ་ན་བྱིས་པའི་འཇའ་ཚོན་མཐོང་། །འགའ་ཞིག་རྟོགས་ལྡན་ཉམས་ཁྲིད་བཙུན་ཁུལ་ཡང་། །གཏན་ལ་ཕབ་ཚེ་ཁུངས་མེད་བླུ་བསྒོམ་མང་། །ལ་ལ་བཤད་རྒྱུའི་ཚིག་ལ་མཁས་ན་ཡང་། །དོན་དང་མ་འབྲེལ་ནད་ལ་སྨན་བཤད་འདྲ། །ལ་ལ་ཉམས་མྱོང་དོན་ལ་མཁས་གྲགས་ཀྱང་། །རྣམ་རྟོག་མ་བྲལ་བྱ་གཤོག་ཡ་བྲལ་འདྲ། །མདོར་ན་རང་ཉིད་མཐོང་ཐོས་ཤེས་རབ་ཆུང་། །ལྐོག་གྱུར་མངོན་པར་ཤེས་པ་མ་ཐོབ་ཕྱིར། །བླ་མ་གང་བསྟེན་བསམ་ནས་སེམས་བསྔལ་ཞིང་། །རང་དབང་ཆོས་ལ་མ་ཐོབ་སྡུག་བསྔལ་མྱོང་། །ཆོས་ཕྱིར་ཕྱོགས་མེད་རྒྱལ་ཁམས་འགྲིམས་འདོད་ཀྱང་། །ཉེ་འབྲེལ་བླ་སློབ་གྲྭ་འཁོར་རྣམས་བཤོལ་ངོས། །བཟློག་པར་མ་ནུས་ཅི་བྱས་ཐབས་མེད་དུ། །གྱུར་ན་རེ་ཞིག་འབྲི་འཇགས་ས་ཕྱོགས་དེར། །འདུག་པས་རིམ་གཉིས་རྣམ་གཡེང་ལྷ་བུའི་བདུད། །འདོད་ཡོན་གདུལ་བྱ་ཇེ་ལས་ཇེ་ཆེར་འཕེལ། །མི་ཚེ་ལོ་གྲངས་ཞག་རེ་བཞིན་དུ་ཟད། །ཆོས་ལ་བརྩོན་འགྲུས་སང་བྱེད་གནང་བྱེད་ལུས། །ཆགས་འཛིན་སྡང་འཁྲུགས་ཞེན་པ་ཇེ་ཆེར་སོང་། །རྣམ་གཡེང་མི་ཆོས་རིམ་གྱིས་ཡར་ཡར་འཕེལ། །འཁྲུལ་པའི་རྟོག་ཚོགས་བུ་ཡུག་ལྟར་དུ་འཚུབ། །སེམས་ལ་འདོད་སྨོན་མང་པོ་རླུང་ལྟར་ལྡང་། །དེ་དང་དེ་འདྲའི་འཁྲུལ་སྣང་རབ་འབྱམས་ནས། །མི་རྟག་འཆི་བ་དེ་ཡང་སྐབས་རེ་བརྗེད། །དད་པ་དག་སྣང་དེ་ཡང་རིམས་ཀྱིས་དྲེད། །ཉམས་མྱོང་བསྒོམ་པ་དེ་ཡང་ཕར་ཕར་ཡལ། །སྐབས་རེར་རི་ཁྲོད་བརྟེན་པར་འདོད་ན་ཡང་། །རང་དབང་མི་ཐོབ་མི་ཁོམས་ལས་ལ་འབྱམས། །གྲྭ་འཁོར་ཡོན་བདག་བླ་སློབ་ཕལ་ཆེ་བས། །རང་དོན་མི་དགོས་ཁྱོད་ཀྱིས་སྔོན་དུས་གྲུབ། །ད་རེས་སྤྲུལ་སྐུ་འགྲོ་དོན་ཕྱིར་དུ་ཡིན། །འགྲོ་དོན་བོར་ནས་རང་ཉིད་ཞི་བདེ་དེ། །ཐེག་དམན་ཉན་རང་ལམ་དུ་མི་གོལ་ལམ། །དེ་བས་འགྲོ་དོན་གྱིས་ཞེས་བསྐུལ་འདེབས་ཤིང་། །ཀུན་གྱིས་རང་ལ་བསྟོད་སྙན་ཚིག་བཟང་པོས། །རང་ཉིད་གློ་བོ་དགའ་བར་བྱེད་གྱུར་ནས། །དེ་འདྲའི་སྐབས་སུ་རང་ཡང་བདུད་ཀྱིས་བྱིན། །རང་ཉིད་སྤང་རྟོགས་ཡོན་ཏན་མེད་བཞིན་དུ། །རང་མཐོང་ང་རྒྱལ་བསམ་པ་སྙིང་ནས་ཤར། །ཚུལ་འདིར་བསམ་ཞིང་དེང་སང་རང་ཉིད་བྲེད། །སྐབས་རེ་རང་གིས་བསམ་གཞིག་བཏང་བའི་ཚེ། །རྒྱང་བའི་ས་ནི་ཁོ་ཚོས་བཤོལ་བཏབ་ཅིང་། །འདི་རུ་འདུག་ཚེ་མི་ཁོམ་བྲེལ་བས་གཡེང་། །ད་ནི་ཆོས་མེད་མི་ཚེ་སྟོང་ཟད་དུ། །ནམ་འཆི་ཨ་སྙམ་རང་གྲོས་འདི་སྐད་བཏབ། །
ཀྱེ་མ། གསོན་འཚལ་ཚེ་དབང་ནོར་བུ་བ། །སྒྱུ་མའི་ལྟད་མོར་བྱིས་པ་ཞེན་ཞེན་ནས། །མཐའ་མེད་གཡེང་འཁྱམས་སྔ་མ་དེ་ཙམ་ཡིན། །ད་དུང་རང་གྲོས་རང་ལ་བཏབ་རེ་རན། །འཆི་བདག་བདུད་པོ་ཞེས་པ་སྒྲ་བོ་ཆེ། །སྟོན་གཞུགས་ལྷག་པ་བཞིན་དུ་ཚུར་ཚུར་ཉེ། །འཆི་ལ་ན་ཚོད་རྒན་གཞོན་ཅི་ཡང་མེད། །ནམ་འཆི་ཆ་མེད་ལྷ་ཆོས་སྒྲུབས་རེ་རན། །གལ་ཏེ་མི་ཚེ་རིང་ཡང་གཞོན་དུས་སུ། །དམ་པའི་ཆོས་ཞིག་སྙིང་ནས་མ་འབད་ན། །ན་སོ་གྱུར་ཚེ་འབྱུང་བའི་ཚོགས་རྒུད་ཅིང་། །སེམས་འཐིབ་དབང་པོ་ཉམས་ཚེ་ཆོས་དྲན་ཡང་། །བསྒོམ་པའི་ལོང་མེད་ཉམས་ལེན་རྩལ་རྫོགས་དཀའ། །དེ་བས་དེང་དུས་ཆོས་ལ་འབད་རེ་རན། །
ཀྱེ་མ། བྱས་པ་དོན་མེད་མགོ་འཁོར་སྨྱོན་པའི་ལས། །བག་ཆགས་འཁྲུལ་ཞེན་སྔ་མ་དེ་ཙམ་ཡིན། །ད་ནི་འཁྲུལ་མེད་བྱང་ཆུབ་བསྒྲུབ་འདོད་ན། །མཚན་ཉིད་ལྡན་པའི་བླ་མ་བསྟེན་པ་དང་། །སྤྲོས་མེད་དབེན་པའི་རི་ཁྲོད་འགྲིམས་པའི་ཕྱིར། །ཕ་ཡུལ་བདུད་ཀྱི་བཙོན་ར་སྤངས་རེ་རན། །གཡའ་རི་གངས་ཁྲོད་མི་མེད་ལུང་སྟོང་དུ། །བྱ་དང་རི་དྭགས་བག་ཡངས་རྒྱུ་བའི་ས། །ལྷུང་ལྷུང་ཆུ་སྒྲ་འཇམ་པར་འབབ་པའི་ངོགས། །རང་བཞིན་ཤུགས་ཀྱིས་བསམ་གཏན་འཕེལ་བའི་སར། །གྲོགས་མེད་གཅིག་པུར་ད་དུང་རྒྱུ་རེ་རན། །དགྲ་མེད་གཉེན་མེད་ཆགས་སྡང་ཞེན་པ་མེད། །ཕན་མེད་གནོད་མེད་རེ་དང་དོགས་པ་མེད། །འཁྲུལ་མེད་འཛིན་མེད་གནས་ལུགས་སྙིང་བོའི་དོན། །མངོན་རྟོགས་རང་གཞན་དོན་གཉིས་མྱུར་འགྲུབ་ཕྱིར། །ཕྱོགས་མེད་ཡངས་པའི་རྒྱལ་ཁམས་འགྲིམས་ནས་ནི། །དམ་པ་མཆོག་གྱུར་བསྟེན་པའི་དུས་ལ་བབས། །འཕྲལ་སྣང་ལེགས་ལེགས་བསླུ་བྲིད་བདུད་ཀྱི་ལས། །རང་དོན་མ་འགྲུབ་ཤི་གསོན་དཀོར་ལ་འབག །མི་ཆོས་བླ་གཟུགས་མི་གཙང་དར་བཏུམ་འདྲ། །མི་རྟག་འདུས་བྱས་ལུས་འདི་བོར་ཙམ་ན། །དཀར་ནག་ལས་འབྲས་བསླུ་མེད་འཆར་བའི་ཚེ། །ཀྱེ་ཧུད་བླ་གཟུགས་ཁྱོད་ལ་མགོན་སུ་ཞིག །དེ་བས་དེང་དུས་ཐར་ལམ་བསྙེག་རེ་རན། །ཅེས་སོགས་སྐྱོ་བས་གླུ་དབྱངས་མང་བླངས་ནས། །རང་ལ་རང་གི་ཆོས་ཕྱིར་བསྐུལ་ན་ཡང་། །རེ་ཞིག་མི་ཆོས་བླ་བའི་གཟུགས་བཟུང་མཐུས། །བླ་མ་བསྟེན་དང་དབེན་པ་འགྲིམ་པའི་ཐབས། །མ་རྙེད་ལེ་ལོ་བཏང་སྙོམས་ངང་དུ་ནི། །རང་ལོ་ཉེར་གཉིས་ཉེ་ལ་སླེབ་ཀྱི་བར། །སྐབས་སུ་བསོད་སྙོམས་བླ་མའི་ཞབས་ཏོག་བྱས། །སྐབས་སུ་གྲོང་ཆོག་ཡོན་བདག་ངོ་ལོན་བྱས། །སྐབས་སུ་ཡུལ་སྡེ་མི་སྡེ་འཁྲུགས་པ་བསྡུམ། །སྐབས་སུ་ཡི་དམ་བསྙེན་བསྒྲུབ་ཉུང་རེ་བྱས། །སྐབས་སུ་འགྲོ་དོན་ཡིན་ཁུལ་ཁྲིད་ཆོས་བཤད། །བདེ་སྡུག་མྱོང་བ་ཕལ་ཆེར་རོ་སྙོམས་བསྒོམ། །སྤྱོད་པ་བླ་མ་དཀོན་མཆོག་དགྱེས་ཐབས་དང་། །ཟས་ནོར་རྣམས་ལ་སྲེད་ཞེན་ཆུང་བར་བསླབ། །སུ་འབྲེལ་རྣམ་དཀར་ལ་སྦྱོར་གང་ནུས་དང་། །གཡོ་སྒྱུ་ཟོལ་ཟོག་རང་འདོད་ཉུང་བར་བསླབ། །ཁེ་དྲག་ཕྲག་དོག་གྱུར་པ་སྤངས་ཐབས་དང་། །ཆོས་ཀྱི་སྤྱོད་པ་ཅི་འདྲེས་བྱས་ནའང་། །སྔོན་ཚེ་འཁྲུལ་པའི་བག་ཆགས་ངན་གོམས་དང་། །ཆོས་ཉིད་དོན་ལ་བརྟན་པ་མ་ཐོབ་ཕྱིར། །ཕྱི་ཚུལ་ལྟར་སྣང་བླ་གཟུགས་བཟུང་ནའང་། །རང་སྐྱོན་རང་གིས་བརྟག་ཚེ་རང་ཉིད་ཀྱིས། །ཤེས་རྒྱུད་གྱོང་པོ་དུག་ལྔ་ཤུགས་ཀྱིས་རགས །དེས་ན་སྤྱོད་པ་དགེ་སྡིག་དཀར་ནག་ཆོས། །འདྲེས་མ་ཆལ་ཆོལ་མ་ངེས་ངང་དུ་སོང་། །དེ་འདྲས་མཚན་ལྡན་བླ་མ་མ་མཇལ་ཞིང་། །དབང་ཁྲིད་ཆོས་ཀྱང་ཉུང་ལས་མ་ཐོབ་སྟེ། །སྡུག་བསྔལ་མཚན་མོའི་གཉིད་ཀྱང་ཕལ་ཆེར་ཡེངས། །རང་ལོ་ཉེར་གསུམ་སྣེ་ལ་ཟིན་པའི་ཚེ། །དགོས་མེད་སྙིང་ནས་ཤར་ཏེ་གླུ་འདི་བླངས། །
ཨེ་མ་ཧོ། ལེགས་པར་སོམས་དང་ཚེ་དབང་ནོར་བུ་བ། །དལ་འབྱོར་བཅོ་བརྒྱད་བརྒྱན་པའི་མ་ལུས་འདི། །ཡང་ཡང་ཐོབ་དཀའ་བསྐལ་བ་ད་རེས་ཙམ། །དོན་མེད་གསེར་གླིང་སྟོང་ལོག་ཅང་སྲིད་དམ། །མི་ཚེ་འདི་ནི་ཡུད་ཙམ་ཉིད་ཡིན་ཏེ། །ལུས་ནི་མི་རྟགས་ཁང་རྒན་འགྱེལ་ཉེན་འདྲ། །ངག་གི་མི་རྟག་ཚོང་འདུས་སྒྲ་སྙན་འདྲ། །སེམས་ནི་མི་རྟག་ནམ་མཁའི་སྤྲིན་དང་འདྲ། །ནམ་འཆི་ཆ་མེད་འདི་སྣང་བྱ་བ་འདི། །དགོས་པ་མེད་དོ་ཞེན་པ་བཏང་རེ་རན། །བཅའ་བཅའ་བཀོད་བཀོད་དགོན་གནས་གདན་ས་ཡང་། །སྟོན་མཇུག་མེ་ཏོག་བྱིས་པ་རློམ་པ་འདྲ། །རང་ཉིད་འཆི་ཚེ་དགོན་གནས་ཤུལ་དུ་ལུས། །བྱས་པའི་སྙིང་པོ་སྒྱུ་མའི་ལྟད་མོ་འདྲ། །དེ་བས་དབེན་གནས་འདུ་འཛི་ཉུང་བའི་སར། །གཏན་གྱི་འདུན་མ་ལྷ་ཆོས་སྒྲུབ་རེ་རན། །མཛེས་མཛེས་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཀྱང་། །ཧ་ཅང་སྲེད་ན་ཆགས་སྡང་འཆིང་ཞེན་རྒྱུ། །འཆི་དུས་དེ་དག་དགོས་མེད་ཤུལ་དུ་ལུས། །ཡུད་ཙམ་སྣང་ཞེན་བྱིས་པ་འཇའ་འདེད་འདྲ། །དེས་ན་ཟང་ཟིང་རྟེན་གྱིས་དགོས་པ་ཅི། །གཏན་གྱི་སྙིང་པོ་དམ་ཆོས་བསྒྲུབ་རེ་རན། །བརྩེ་བརྩེ་དུང་དུང་ཕ་མ་ཉེ་འབྲེལ་ཡང་། །འཆི་དུས་བབ་ཚེ་བརྩེ་བས་བཤོལ་དུ་མེད། །ཚོང་འདུས་མགྲོན་ལྟར་སོ་སོར་ཕྱེས་ནས་འགྲོ །དེ་བས་གཏན་གྲོགས་བླ་མ་བསྟེན་རེ་རན། །གྲྭ་འཁོར་ཟང་ཟིང་མི་ཆོས་མཛེས་ན་ཡང་། །ཐར་པའི་གྲོགས་མིན་ཆགས་སྡང་འཁྲུལ་བའི་རྒྱུ། །འགྲོ་དོན་དུས་མིན་རྣམ་གཡེང་ལྷ་བུའི་བདུད། །རིང་དུ་སྤངས་ནས་ལྷ་ཆོས་དྲིལ་རེ་རན། །བློ་ཐག་རང་གིས་རང་ཉིད་མ་བཅད་ན། །ཐར་པའི་གྲོགས་བྱེད་ཉིན་མོའི་སྐར་མ་ཙམ། །ཆོས་ཀྱི་ཕྱི་བཤོལ་བྱེད་པ་རབ་ཏུ་མང་། །དེ་བས་བསམ་འདི་དེང་དུས་བསྒྲུབ་དུས་བབ། །ཅེས་སྨྲ་རྩེན་ཆེན་དགོན་ནས་བླ་རྒན་ལ། །བཀའ་ཞུས་རིག་འཛིན་རོལ་པའི་རྡོ་རྗེ་མཆོག །ཞལ་མཇལ་འདུན་པས་གློ་བུར་ཉིད་ཆས་ནས། །བ་ཟལ་ཕྱིན་ཚེ་མཆོག་སྤྲུལ་བླ་མ་རྗེས། །བཤོལ་མཐུས་རེ་ཞིག་མཚམས་སྡད་དེ་སྐབས་སུ། །རིག་འཛིན་ཆེན་པོ་ཞི་བར་མྱ་ངན་འདས། །ཐོས་ནས་སྡུག་བསྔལ་བསམ་མི་ཁྱབ་བྱུང་ཞིང་། །ཅིས་ཀྱང་རང་ཡུལ་སྡོད་འདོད་མ་ཤར་ནས། །དབྱར་དུས་བབ་ཚེ་གྲོགས་པོ་གཉིས་ཁྲིད་དེ། །རིག་འཛིན་དེ་ཡི་རྩ་བའི་བླ་མ་རུ། །གྱུར་ཅིང་ཆོས་བདག་རྣམས་ཀྱི་གཙོ་བོ་མཆོག །ཆེ་ཚང་ཞེས་གྲགས་མཁས་ཤིང་གྲུབ་དེའི་དྲུང་། །སོང་སྟེ་དེ་སྔོན་ངོ་ཤེས་མེད་ཡུལ་དུ། །བྱེས་འགྲོ་བྱེད་མ་མྱོང་ཞིང་དཀོན་མཆོག་གི །ཐུགས་རྗེས་དཀའ་ཚེགས་མེད་པར་སྐུ་མདུན་སླེབ། །གྲོགས་གཉིས་ཕྱིར་ལོག་རང་ཉིད་གཅིག་པུ་རུ། །ཟླ་ངོ་གསུམ་འདུག་གནས་ལུགས་ཐུགས་ཀྱི་མཛོད། །ཕྱག་ཆེན་སྙན་བརྒྱུད་ཡིད་བཞིན་ནོར་བུའི་ཁྲིད། །སྦྱོར་དངོས་རྗེས་གསུམ་ཚང་ལ་རྒྱས་པར་ཐོབ། །དེ་ཞར་ཀརྨ་སི་ཏུ་ཆོས་འབྱུང་བའི། །ཞལ་མཇལ་ཆོས་འབྲེལ་རང་བྱུང་སྨོན་ལམ་མནོས། །རིག་འཛིན་ཆེན་པོའི་རིགས་གཅུང་ཆོས་ཀྱི་སྲས། །ཞལ་ཚབ་རུང་ངེས་ཨོ་རྒྱན་མཚན་འཆང་དྲུང་། །གཏེར་གསར་ཕྱག་རྡོར་ཐེམ་ཆེན་ཐེམ་མེད་དང་། །མཁའ་འགྲོ་སེང་གདོང་སྒྲུབ་སྐོར་ཡོངས་རྫོགས་ཐོབ། །གར་དབང་སྤྲུལ་སྐུ་ལ་ཡང་དབང་འབྲེལ་ནོས། །དེ་ནས་སླར་ཡང་རང་གི་ཕ་ཡུལ་ནས། །ཞང་པོ་ཤི་བའི་སྐད་མ་སླེབ་པ་དང་། །གྲྭ་པ་འབྲུག་གྲགས་དེ་ཀར་བདག་གི་སར། །སྡོད་མ་འདོད་ནས་བླ་མ་རྣམ་གཉིས་ཀྱིས། །ཤོག་ཅེས་ནན་ཆགས་གསུང་འཕྲེང་ཡོད་རྫུས་ནས། །རང་ཡུལ་ལོག་ནས་བ་ཟལ་དགོན་ཕྱིན་པས། །ཚད་རིམས་ནད་ཀྱི་རང་ཉིད་འཆིར་ཐུག་ཚེ། །ནད་ཉིད་རོ་སྙོམས་བསྲེ་ལ་ཨེ་ནུས་ཚད། །དེ་ཚེ་ཟུག་གཟེར་དེ་ཡང་སྟོང་ལྷང་ངེ་། །ངོ་བོའི་གཤིས་ལ་ནད་དང་མ་ནད་ཅེས། །ཐ་སྙད་ཚིག་དང་མཚན་མ་ལས་འདས་དང་། །རང་མདངས་རྟེན་འབྲེལ་འབྱུང་བཞི་འཁྲུགས་པ་ཡི། །ཟུག་གཟེར་འགག་མེད་བཀྲ་མདངས་ཁྱུག་སེ་རྒྱུགས། །ན་ཞེས་ཀུན་རྟོག་ཟུག་གཟེར་དྲག་པོ་དང་། །རང་རིག་ངོ་བོ་རྗེན་ནེ་གཟོ་མེད་གཉིས། །ལྷན་སྐྱེས་མཉམ་ཉིད་ཐ་དད་བློ་ཡིས་ནི། །མ་རྙོག་ངང་དུ་གང་ཤར་སྐྱེ་འགག་ལས། །འདས་གྱུར་མཐའ་བྲལ་གཉུག་མའི་ཆོས་ཉིད་ལ། །མཉམ་བཞག་རང་འབབ་ཀློང་སྐྱོང་གང་ནུས་བྱ། །ཟླ་གཅིག་ཙམ་སོང་ནད་དེ་ལས་ཐར་དེ། །དེ་འཕྲལ་བླ་མ་སྙུན་པའི་ཞབས་ཕྱི་བསྒྲུབ། །བསྙེན་གྲོལ་ཚེ་ན་བདག་ཉིད་རྩེན་ཆེན་དུ། །བསུ་བ་ཡེ་ཤེས་བློ་གྲོས་དཔོན་སློབ་རྣམས། །ཕེབས་བྱུང་དེ་དུས་བླ་མ་པད་དབང་གི །རྣལ་གྱི་སྣང་བར་རྔ་ཡབ་དཔལ་རི་ཡི། །ཕོ་བྲང་བཀོད་པ་རིག་འཛིན་གཙོ་འཁོར་བཅས། །ཡ་མཚན་སྣང་བ་གསལ་བར་གྱུར་པ་དང་། །ལུང་བསྟན་རྗེས་གནང་འགའ་རེ་བྱུང་བར་འདུག །གཞན་ཡང་དག་སྣང་འགའ་རེ་ཤར་བར་མངོན། །དེ་ནས་རྩེན་དུ་འགྲོ་ཞོར་པེའུ་ལུང་ཕྱིན། །འདི་སྐབས་ཉེ་གནས་བར་ཆད་དབང་སོང་ནས། །བློ་སུན་ཡིད་དཀྲུག་སེམས་མི་བདེ་བ་བྱུང་། །ལས་དབང་འཁྲུལ་སྣང་འདི་ལ་ཡིད་རེ་སྐྱོ། །མྱུར་དུ་རྩེན་ཆེན་བླ་མའི་སྐུ་ཞབས་སླེབ། །སྤྲོ་བའི་དྲི་མེད་དགྱེས་པའི་སྤྱན་རས་འཛུམ། །དེ་ཡི་དབྱར་ངོས་ནག་པ་ཟླ་བ་ལ། །རྒྱལ་བའི་སྲས་གྱུར་དྷརྨཱ་པ་ལ་དང་། །སྤྲུལ་སྐུ་པདྨ་ཛྙཱ་ན་ས་སིདྡྷི། །ཨོ་རྒྱན་ཀརྨ་དྷི་ར་དྷ་ར་དང་། །བླ་མ་དམ་པ་པྲ་ནི་དྷ་ན་དང་། །རང་སློབ་སྔ་ཤོས་དྷརྨཱ་དྷ་ར་ཎི། །ཡོངས་དྲིལ་བླ་སློབ་བདུན་ཅུ་ལྷག་ཙམ་ལ། །གསང་ལས་ཆེས་གསང་བླ་མེད་རྫོགས་པ་ཆེའི། །ཁྲིད་བཏབ་འདི་བས་སྔོན་དུ་ཁོ་བོ་ཡིས། །ཁྲིད་བཀའ་ལན་གྲངས་འགའ་རེ་བྱས་ན་ཡང་། །རྟེན་འབྲེལ་གནད་ཀྱིས་འདི་དུས་གང་འཛོམས་པའི། །ཚོམ་བུ་དེ་རྣམས་དམ་སེལ་མ་བྱུང་ན། །ངེས་པར་ཐར་པའི་ལམ་རྐང་ཚུགས་གོ་སེམས། །རང་ཡང་འདི་སྐབས་རྨི་ལམ་སྣང་བ་རུ། །ཀུན་བཟང་བི་མའི་ཐུགས་སྤྲུལ་ཀུན་མཁྱེན་ཞབས། །མཇལ་ནས་སྙིང་ཏིག་སྐོར་བཞིའི་བཀའ་གཏད་དང་། །རྫོགས་ཆེན་གདམས་པ་གཞན་ལ་སྟོན་རྗེས་གནང་། །སྔགས་ཀྱི་མ་མོས་སྲུང་སྐྱོབ་ཞལ་བཞེས་བྱུང་། །རང་གི་ཉམས་ལེན་འདི་དུས་སྔར་བས་བོག །རབ་ཐོན་ཐེ་ཚོམ་ཁུ་ཁྲིག་དང་བྲལ་ཏེ། །རིག་པ་རང་ངོར་ཟང་ཀ་རྗེན་པ་མཐོང་། །སྔོན་ཚེ་འཁྲུལ་སྣང་ཚོར་དང་མ་ཚོར་ནས། །དམ་ཚིག་འགལ་ཉམས་གྱུར་པ་བཤགས་པའི་ཕྱིར། །སཱཙྪ་འདོད་གསོལ་ལྡན་པ་གྲངས་ལྡན་དང་། །ཁྱད་པར་རྟེན་གསུམ་དྲུང་དུ་དུས་ཆེན་སོགས། །ཕྱག་དང་སྨྲེ་བཤགས་ཕུལ་ཞིང་ཕྱིན་ཆད་དུ། །སྡོམ་པའི་ཕྱིར་དུ་དམ་བཅའ་བཅུ་གསུམ་བླང་། །དེ་ནས་བཟུང་སྟེ་ཟང་ཟིང་བསྡུ་བྱེད་པ། །འགྲོ་དོན་མིང་བཏགས་གྲོང་འབྱམས་ཟོབ་ཚོང་སྟེ། །གཏན་ནས་སྤང་པའི་ནུས་པ་མ་རྙེད་ཀྱང་། །འཕྲལ་དུ་ཆག་མེད་བསོད་སྙོམས་འབུལ་སྡུད་དང་། །གྲོང་ཆོག་གདན་འདྲེན་བྱ་བ་ཕལ་ཆེར་བོར། །གར་ཕྱིན་འགྲོ་བ་རང་འདོད་མེད་ཁུལ་གྱིས། །དབང་ཆོས་ཕྲན་བཤད་དགེ་བའི་ལས་ལ་བསྐུལ། །སྐབས་སུ་ཁྲིད་གདམས་བསྟན་ནས་འགྲོ་ཕན་དང་། །སྐབས་སུ་བསྟན་དོན་དྲག་སྔགས་ཁ་ཡར་བསྒྲུབ། །སྐབས་སུ་ཡི་དམ་ལྷ་ཡི་བསྙེན་བསྒྲུབ་དང་། །སྐབས་སུ་རང་ཉམས་བོག་འདོན་གང་ནུས་བྱས། །མདོར་ན་རྣམ་དཀར་ལས་ལ་རྒྱལ་བ་ཡི། །གསུང་པའི་སྤྱོད་པར་རང་གི་ལུས་ངག་ཡིད། །གང་ནུས་ལ་ཡང་འབད་པའི་ཁུལ་དུ་བྱས། །དེ་སྐབས་ཡུལ་དེའི་འགྲོ་བ་ཁ་ཅིག་ནི། །གུས་ཤིང་དད་དུང་བདག་ལ་ཐལ་སྦྱར་ཞིང་། །ཁ་ཅིག་མི་མོས་གཤེ་སྐུར་སྣ་ཚོགས་དང་། །མི་ངན་འདི་ཉིད་མ་ཤི་ཨང་ཟེར་ཐོས། །ལ་ལས་འདྲེ་འདི་ཡུལ་འདིར་མེད་ན་ཟེར། །དེ་དང་དེ་འདྲ་འཁོར་བའི་སྣང་བ་ནི། །སྒྱུ་མ་ལྟ་བུ་ཅི་ཡང་འཆར་བའི་རྒྱུ། །ཞེན་མེད་ཆོས་ཉིད་འོད་གསལ་དག་པའི་ཀློང་། །ལམ་དུ་འཁྱེར་མཛོད་རང་གིས་རང་ལ་གདམས། །དེ་ནས་མཛེས་བྱེད་ཆུ་ཡོས་དབྱར་ར་བ། །དུས་ཆེན་ས་གར་རིག་འཛིན་ཆེན་པོའི་གདུང་། །ཧྲིལ་པོར་མཆོད་རྟེན་སྒྲོམ་དུ་ཞུགས་པ་དེ། །ཞུགས་ལ་ཞེན་པའི་རྡོ་རྗེ་སློབ་དཔོན་ནི། །པད་དབང་གིས་མཛད་རྒྱལ་ཐེབ་བདག་གིས་བྱས། །ཐུན་མོང་ཐུན་མིན་ཡ་མཚན་ལྟས་བཟང་པོས། །སྐལ་ལྡན་ཐམས་ཅད་རབ་དགའི་ས་ལ་བཀོད། །དེ་རྗེས་བདག་ཉིད་མཚམས་སུ་བསྡད་བྱས་སྐབས། །ཀཿཐོག་རྡོ་རྗེ་གདན་གྱི་ཆོས་ཀྱི་རྗེ། །རྒྱལ་དབང་བསོད་ནམས་ལྡེའུ་བཙན་མཚན་འཆང་དེ། །ས་གའི་ཚེས་ལྔར་དགོངས་པ་དབྱིངས་ཐིམ་པའི། །སྐད་ཐོས་པ་ཡི་སེམས་ངལ་རབ་གཡོས་ཤིང་། །འཕྲལ་དེར་ཀཿཐོག་གཉེར་པ་རྟ་མགྲིན་ཞེས། །དགོངས་རྫོགས་མཆོད་བསྔོ་ཆེད་དུ་བྱུང་བ་ལས། །སྤྲུལ་སྐུ་འབྱུང་འགྱུར་སྨོན་ལམ་བྲིས་ཏེ་བསྐུར། །དེ་ནས་རང་སེམས་སྔར་ནས་ཕ་ཡུལ་ལ། །ཡིད་སུན་བཞིན་དུ་ལྷག་པར་བླ་མ་རྣམས། །གཤེགས་འགྱུར་རྐྱེན་དེས་རེ་ཞིག་ཕྱོགས་མེད་དུ། །གནས་བསྐོར་རྟེན་མཇལ་བླ་མ་བསྟེན་པའི་ཕྱིར། །འགྲོ་བའི་བློ་ཐག་སྙིང་གི་དཀྱིལ་ནས་བཅད། །སྤྱིར་ཡང་རང་དོན་མ་གྲུབ་འགྲོ་དོན་འདིས། །བེའུ་སྦྲེལ་གཡང་དུ་ལྷུང་དང་ཅི་ཞིག་ཁྱད། །དེ་བས་རང་དོན་ཅི་བཞིན་སྐྱོང་དགོས་སེམས། །ཅི་ཞེས་འགྲོ་དོན་དུས་ལ་བབས་མ་བབས། །ཚད་ནི་རང་དོན་ཟད་དང་མ་ཟད་ཡིན། །རང་དོན་ངེས་པར་ཟད་ཚེ་འགྲོ་དོན་དུ། །བབས་པས་གཞན་དོན་སྐེ་རགས་བཅིང་དུས་ཡིན། །དེ་བས་བདག་ནི་རང་འདོད་མ་ཟད་ལས། །རང་དོན་སྣང་བ་གཞན་ལས་ཆེ་ཞིང་མཁྲེགས། །དེ་ཚེ་འགྲོ་དོན་མིང་བཏགས་འ་འུར་ནི། །འཁྲུལ་ལ་འཁྲུལ་སྣོན་ངན་འགྲོའི་རྒྱུར་བསགས་ངེས། །འདི་ནི་ཁ་ཙམ་ཚིག་ཙམ་མ་ཡིན་ཏེ། །སྙིང་ཁུང་རུས་པའི་གཏིང་ནས་མིན་རེ་སྐན། །དེང་སང་ཁ་ཅིག་ཕྱི་ཚུལ་བཙུན་ཁུལ་ལ། །རང་ཉིད་སངས་རྒྱས་དངོས་འདྲར་རློམ་པ་མང་། །ཕྱི་ལ་མ་བལྟ་ནང་གི་མཚན་ཉིད་བརྟག །རང་སེམས་རང་ལྟོས་རང་མཚང་ཕུད་པར་གཅེས། །ཡང་ཅིག་དེང་སང་བདག་འདྲའི་སེར་གཟུགས་འགའ། །སྦྱངས་པ་སྔོན་སོང་ད་ལྟ་མི་དགོས་སྐད། །དེ་ལྟ་ན་ཡང་བསྐལ་བཟང་སངས་རྒྱས་དེས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །གྲགས་མེད་གསུམ་དུ་སྒྲིབ་པ་སྦྱངས་བྱས་ལས། །སྐྱེ་བ་གཅིག་གི་དགེ་བས་ངོམ་མ་གསུངས། །མཐར་ཡང་གཟིགས་སྟངས་ལྔ་ཡིས་འཛམ་གླིང་འདིར། །གླིང་བཞི་འཁོར་ལོས་བསྒྱུར་རིགས་གོ་ཏམ་གདུང། །ཟས་གཙང་སྲས་འཁྲུངས་རྒྱལ་བུ་དོན་གྲུབ་དེས། །ཁྱིམ་མེད་རབ་བྱུང་ནཻ་ར་ཉྫཱ་ནའི་འགྲམ། །ལོ་དྲུག་དཀའ་བ་སྤྱད་ནས་སངས་རྒྱས་ཐོབ། །དེས་ན་སངས་རྒྱས་ལས་ལྷག་རང་ཅག་མིན། །ཚེ་འདིར་དགེ་སྒྲུབ་སྡིག་སྤངས་དམ་ཆོས་ལ། །འབད་པ་ནན་དུ་བྱ་འཚལ་གྲོས་ཆེན་གདབ། །ད་དུང་གསོན་དང་རྫོགས་ཆེན་ཐོས་གྲོལ་ལ། །སྦྱངས་བསྒྲོད་མི་དགོས་ཟེར་བ་འགའ་ཡང་ཐོས། །དེ་ལྟར་ཐོས་གྲོལ་བཀའ་དྲིན་གྱིས་བསྐྱངས་ཀྱང་། །རྫོགས་ཆེན་སྟོན་པ་དགའ་རབ་རྡོ་རྗེ་ཞེས། །རྡོ་རྗེ་སེམས་དཔའ་རིག་འཛིན་ཚུལ་སྣང་དེ། །རི་བོ་སྣང་བྱེད་བྱ་བར་ལོ་མང་པོར། །ཏིང་འཛིན་དོན་ལ་མཉམ་པར་བཞག་ཅེས་པ། །རྫོགས་ཆེན་བླ་མེད་ལོ་རྒྱུས་རྣམས་ནས་གསུངས། །དེ་བཞིན་འཇིག་རྟེན་འདི་ན་འགྲན་བྲལ་བ། །མཚོ་སྐྱེས་བླ་མ་རྡོ་རྗེ་འཆང་ཆེན་ཡང་། །གསང་སྔགས་སྒྲུབ་དང་ཉམས་ལེན་དཀའ་སྤྱད་ཚུལ། །དཔག་མེད་རྡོ་རྗེའི་ལྕེས་ཀྱང་བརྗོད་ནུས་མིན། །གཞན་ཡང་རྒྱ་བོད་རིག་འཛིན་གྲུབ་ཆེན་དགུའི། །བསྒྲུབ་ལ་དཀའ་སྤྱད་སྙིང་རུས་མཛད་ཚུལ་དང་། །སོ་ཟུར་སྣུབ་༼གནུབས༽དང་དམ་བཙང་བྱམས་པ་འབུམ། །ཀློང་སྡེའི་བླ་བརྒྱུད་རྩང་རྒན་མི་ཕམ་མྱང་སྟོན་ཤ་བ་ཅན། །མྱང་བན་ལྕེ་བཙུན་༼མན་ངག་སྙིང་ཐིག་༽བླ་བརྒྱུད་ཀུན་མཁྱེན་མཆོག་སོགས་པས། །ཆོས་ལ་ཉམས་ལེན་དཀའ་སྤྱད་ཚུལ་དཔག་མེད། །རྒྱལ་བ་གོང་མ་སྐྱེས་ཆེན་དེ་ཚོ་ཡིས། །རྫོགས་ཆེན་ཡིན་ནོ་ཐོས་ཆོག་ཡིན་ནོ་ཞེས། །བག་མེད་རོ་ཉལ་ངང་དུ་འཇའ་ལུས་སྐུར། །གཤེགས་པ་མིན་པས་ཚུལ་འདི་ཤེས་བགྱིད་འཚལ། །ཁ་ཅིག་རྫོགས་ཆེན་ས་ལམ་རྩི་བ་མེད། །གཅིག་ཆོད་ཡིན་ཞེས་སྨྲ་བ་འགའ་ཐོས་ཏེ། །དེར་བརྟེན་ཁ་ཅིག་ཡི་མི་རང་བ་དང་། །ཁ་ཅིག་གནས་ལུགས་སོམ་ཉིར་ལུས་པ་མཐོང་། །དེ་ལྟར་གྱུར་ན་བླ་མེད་ཁྲེག་ཆོད་དང་། །དོན་མཐུན་རྫོགས་ཆེན་སེམས་སྡེར་ཉམས་རིམ་བཞི། །གནས་དང་མི་གཡོ་མཉམ་ཉིད་ལྷུན་གྲུབ་ཞེས། །རེ་རེ་ལ་ཡང་གཡོ་གོམས་བརྟན་ཐོབ་པ། །སྦྱངས་ཁམས་དབང་གིས་གསུམ་གསུམ་དབྱེ་བར་མཛད། །འདི་དང་ཕྱག་ཆེན་རྣལ་འབྱོར་བཞི་རིམས་རྣམས། །མཐུན་སྦྱོར་ཀཿཐོག་དམ་པ་ཡབ་སྲས་དང་། །མཁས་གྲུབ་མང་པོས་མཛད་པའི་གཞུང་མང་ཡོད། །དེ་བཞིན་ཐོད་རྒལ་སྣང་བ་བཞི་ཞེས་པ། །མངོན་སུམ་སྣང་བ་མཐོང་ལམ་དོན་མཐུན་དང་། །གོང་འཕེལ་སྒོམ་ལམ་ཚད་ཕེབས་བླ་མེད་ལམ། །ཟད་པ་ཆོས་ཟད་མྱ་ངན་འདས་པ་སྟེ། །དེ་དག་རེ་རེ་ལ་ཡང་རིམ་གྱི་དབང་། །སྣང་བ་མཆེད་དང་ཉེར་མཆེད་ཐོབ་ཉེར་ཐོབ། །བཞི་བཞིར་དབྱེ་བ་བཅུ་དྲུག་ས་རུ་གསུངས། །ཐེག་པ་ཆུང་ངུའི་ས་ལམ་ཕྲ་ཞིབ་ཆེ། །དེ་བས་གཅིག་ཆར་ཞེས་གྲགས་སྐྱེས་བུ་ནི། །ངོ་སྤྲོད་རྟོགས་དང་རྩལ་རྫོགས་དུས་མཉམ་པས། །གཅིག་ཆོད་གྲངས་མེད་ས་ལམ་མེད་པ་མིན། །དེ་འདྲ་གསར་རྙིང་ཡོངས་ལ་རེ་འགའ་ཙམ། །དེས་ན་ཁ་འབྱམས་ལྟ་གདེངས་མི་འཆལ་བར། །ཡང་དག་གནས་ལུགས་ངེས་པའི་སྒྲོ་འདོགས་ཆོད། །འོན་ཀྱང་རྫོགས་ཆེན་ཐོས་པའི་ཕན་ཡོན་ནི། །བསམ་མི་ཁྱབ་པར་རྒྱལ་བས་བསྔགས་ན་ཡང་། །མ་བསྒོམ་ཕྱི་བཤོལ་སངས་རྒྱས་རྒྱང་ཐག་རིང་། །ཅི་སྐད་ཆོས་རྗེ་ཡང་དགོན་པ་ཆེན་པོས། །གང་ཟག་རང་ཉིད་རྫོགས་ཆེན་མ་གྱུར་པས། །དམ་ཆོས་རྫོགས་ཆེན་གྱུར་ཀྱང་ཅི་ཞིག་ཕན། །གསུངས་པའི་དོན་དེ་ཡིད་ལ་འཆང་བྱེད་ནས། །རྫོགས་ཆེན་ཐོས་ཆོག་གོ་ཡུལ་མ་བཞག་པར། །ཉམས་ལེན་གནད་ཕུར་ཚེ་གཅིག་ཀུན་བཟང་གི །དགོངས་པ་མངོན་གྱུར་སྐུ་གསུམ་ལྷུན་གྲུབ་མཛོད། །དེ་བས་དམ་ཆོས་གཞན་ལས་ཆེས་འཕགས་ཀྱང་། །རང་གི་ཉམས་ལེན་དག་གིས་མ་ཕེར་ན། །གླེན་མོས་སྒྱེད་པོ་གསེར་དུ་བཙུགས་པ་དང་། །དབུལ་པོའི་ཁྱིམ་དུ་ནོར་གཏེར་མོད་དང་མཚུངས། །ཀྭ་ཡེ་ད་དུང་དེང་སང་འདི་སྐད་དོ། །ཁ་ཅིག་ཟབ་གདམས་ཕྱག་རྒྱ་ཆེན་པོའི་སྐོར། །ཞུགས་ལོ་ཐོས་ལོ་ཙམ་བྱས་ཞག་ཟླ་ཙམ། །སོང་ཚེ་བདག་ནི་རྩེ་གཅིག་སྤྲོས་བྲལ་དང་། །རོ་གཅིག་སྒོམ་མེད་ཡིན་ཁས་བླངས་འགའ་མཐོང་། །ཧེ་ཧེ་བླ་མར་དད་གུས་གསོལ་འདེབས་དང་། །བསྒོམ་ལ་སྙིང་རུས་ཞག་གཅིག་མི་དགོས་པར། །དེ་འདྲའི་ངང་དུ་རྟོགས་ལྡན་ཡོངས་ཚོད་ན། །ང་འདྲའི་ལེ་ལོ་ཅན་ཚོ་སྐྱིད་རེ་བྲོ། །ཨ་ཀྱང་སྔོན་བྱོན་རྒྱལ་བའི་མཛད་སྤྱོད་ལ། །དཔག་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི། །སྤྲུལ་པ་གུང་ཐང་མི་ལ་རས་པ་དེ། །ལོ་གྲངས་བཞི་བཅུར་བླ་མའི་ཞབས་ཏོག་བྱས། །བྲག་དཀར་རྟ་སོར་མི་ལོ་བཅུ་གསུམ་བར། །གྲོགས་མེད་དཀའ་ཐུབ་བསྒྲུབ་ལ་སྙིང་རུས་བཏོན། །གཞན་ཡང་བསྒྲུབ་གནས་དུ་མར་དཀའ་སྤྱད་མཐར། །དགུང་ལོ་རེ་གཅིག་ཆུ་ཕོ་༼ལ་ལར་དགུང་སྙིང་ལྕགས་འབྲུག་ཏུ་གསུངས་པ་ལྟར་ན་དོན་གསུམ་ཡིན། ༽འབྲུག་གི་ལོར། །མགྲིན་པའི་རྩ་མདུད་ཞིག་ནས་རོ་གཅིག་རྟོགས། །བརྒྱ་ཅུ་རྩ་བཞི་མྱ་ངན་འདའ་བའི་དུས། །རོ་གཅིག་ཆེ་ཡིན་ལྷག་མའི་རྣལ་འབྱོར་རྣམས། །མངོན་དགའི་གནས་སུ་སྦྱངས་བ་ཡིན་ནོ་ཞེས། །རྒྱལ་བ་ཡང་དགོན་དཔའ་བོ་གཙུག་ལག་དང་། །སྟག་ལུང་བཀྲ་ཤིས་དཔལ་གྲུབ་རྣམས་ཀྱིས་གསུངས། །ཡང་ཅིག་མཉམ་མེད་དྭགས་པོ་ལྷ་རྗེ་ཞེས། །སྔོན་དུས་བྱང་ཆུབ་སེམས་དཔའ་ཟླ་འོད་ཞལ། །ད་ལྟ་ཨ་ཤཱ་ཀ་ཞེས་ཞིང་ཁམས་སུ། །རྫོགས་སངས་རྒྱས་གྱུར་དྲི་མ་མེད་པའི་འོད། །གྱུར་པ་དེས་ཀྱང་བསྒོམ་མེད་ཆེན་མོ་རུ། །ཞལ་བཞེས་རེས་གནང་རེས་མི་གནང་བ་རུ། །མཛད་ཅེས་སི་ཏུ་མཆོག་གི་སྤྲུལ་པའི་སྐུ། །ཀུན་མཁྱེན་ཆོས་ཀྱི་འབྱུང་དེས་བདག་ལ་གསུངས། །གཞན་ཡང་དེ་སློབ་དུས་མཁྱེན་ཕག་གྲུ་དང་། །འབྲི་འབྲུག་གཡའ་སྟག་སྨར་ཚལ་གྲགས་པ་ཡི། །རྒྱལ་བ་གོང་མར་གྱུར་ཚེ་ཞེན་ལོག་དང་། །མོས་གུས་དཀའ་སྤྱད་སྙིང་རུས་མཛད་ནས་ནི། །ཕྱག་རྒྱ་ཆེན་པོ་རྟོགས་པར་གསུང་པ་ལས། །བླ་མར་དད་དམ་གུས་གསོལ་མི་དགོས་པར། །ཆོས་ལ་ཐོས་ཆོག་རོ་ཉལ་བག་མེད་དང་། །ཕྱག་ཆེན་རྟོག་གོ་གྲོལ་ལོ་ཡེ་མ་གསུངས། །དེས་ན་སྔོན་བྱོན་སྐྱེས་མཆོག་དེ་དག་ལས། །ལྷག་ཞེས་ཁས་ལེན་ནུས་པ་དིང་ཡོད་དམ། །དེ་དག་དྲང་དོན་བརྡའ་ཆོས་ཡིན་ནོ་སྐད། །རྒྱལ་བས་དྲང་དོན་གདུལ་བྱ་དྲང་ཕྱིར་ཡིན། །རང་རེ་རྒྱལ་བ་དེ་དག་གདུལ་བྱ་རུ། །ཡིན་ན་དེ་ཡི་རྗེས་སློབ་ཅིས་མི་དགོས། །ད་དུང་ཁ་ཅིག་ལྟ་དགོངས་མཐོ་དྲག་ན། །ས་ལམ་དམན་ལ་ཆ་རྒྱུས་མེད་དོ་སྐད། །ཧ་ཧ་ཚིག་འདི་མཁས་གྱུར་གྱིས་གསན་ན། །ཐུགས་ནས་ཁྲེལདགོད་རྒྱུར་རྐྱེན་ཅིས་མི་འགྱུར། །ལྷུན་པོ་ཁ་ནས་གླིང་བཞིར་ལྟད་མོ་དང་། །རི་ཆེན་རྩེ་ནས་རི་ཕྲན་ལྟད་མོ་རུ། །མངོན་འདིར་བལྟོས་ལ་སྨྲ་བ་དེ་གྱིས་ཤིག །ཀུན་བཟང་རྡོར་འཆང་ཤཱཀ་ཐུབ་པད་འབྱུང་སོགས། །ས་ལམ་དམན་ལ་ཕྲ་ཞིབ་གསུངས་འདིར་སྤྱོད། །རྒྱ་གར་ས་ར་ཧ་དང་ཏེ་ལོ་པ། །བོད་དུ་གླིང་རས་རང་བྱུང་མཁའ་སྤྱོད་སོགས། །གཅིག་ཅར་སྐྱེས་བུ་མཆོག་གྱུར་དེ་ཚོ་ཡི། །ལྟ་བ་མཐོ་དྲག་ས་ལམ་དམན་པ་ལ། །ཆ་རྒྱུས་མེད་ཅེས་གཏན་ནས་གསུངས་པ་མེད། །དེས་ན་ཚིག་འདི་མཁས་པས་སྤང་བར་འོས། །ཡང་གཅིག་དེང་སང་ཕྱོགས་རེར་ཞེན་པ་འགས། །རྒྱལ་བ་གོང་མའི་དཀའ་སྤྱད་དེ་འདྲ་ཡིན། །རྟོགས་ཚུལ་དེ་འདྲར་གྱུར་ཚེ་དེང་དུས་ཀྱིས། །རྟོགས་པ་སྐྱེ་ཞེས་སྨྲ་འདི་མི་བདེན་པར། །གཟུང་དང་ཁ་གཅིག་ལས་འཕྲོ་ལྡན་པ་ཡི། །སྐྱེས་བུ་མཆོག་གྱུར་རྣམས་ཀྱང་ཚེ་འདི་ལ། །བརྩོན་འགྲུས་དཀའ་སྤྱད་མ་བྱས་རྟོགས་པ་ནི། །མི་ཤར་ཞེས་པའི་ཁ་ཚོན་གཅོད་པ་ཡི། །སྤོབས་པ་སྐྱེ་བར་གྱུར་པ་མང་མཐོང་སྟེ། །དེ་ལ་བླུན་པོ་ཁོ་བོས་སེམས་པ་ནི། །ཚེ་འདིར་མི་རྟོགས་ཕྱི་མར་རྟོགས་དགོས་ན། །ཐེག་པ་ཐུན་མོང་རྣམས་དང་ཅི་ཁྱད་ཅིང་། །གསང་སྔགས་ཚེ་གཅིག་ཉེ་ལམ་དོན་དང་འགལ། །དེས་ན་ཚེ་འདིར་མི་རྟོག་སྨྲ་མི་འོས། །རྒྱལ་བ་རྒྱལ་སྲས་མཛད་པ་དཔག་དཔའ་བ། །རྒྱལ་བ་ཉིད་མིན་གཞན་གྱིས་རྟོགས་མ་གསུངས། །དེ་ཚེ་གང་ཟག་མཆོག་ཏུ་གྱུར་པ་ཡི། །དཀའ་སྤྱད་སྙིང་རུས་ཁོ་ནར་རག་མ་ལུས། །སངས་རྒྱས་མཛད་པ་མཐའ་གཅིག་མི་བཀག་སྟེ། །སྣང་མཛད་སྐུ་ཚེ་གྲངས་ལས་འདས་པ་དང་། །ཚོགས་ཆེན་གཙོ་བོ་སྐུ་ཚེ་ཉིན་གཅིག་ཚད། །ཤཱཀ་ཐུབ་དཀའ་བ་ལོ་དྲུག་བར་དུ་སྤྱད། །བྱམས་པས་དཀའ་སྤྱད་མེད་པར་རྫོགས་འཚང་རྒྱ། །དེ་དག་ཚུལ་དོན་རྒྱལ་ལས་གཞན་གྱིས་མིན། །སངས་རྒྱས་མཛད་པ་དེ་སྟེ་རྒྱལ་བའི་སྲས། །སྐྱེས་བུ་རྣམས་ཚུལ་དེ་དང་མི་འདྲ་ཞེས། །ཐ་ན་རྒྱ་བོད་རིག་འཛིན་གྲུབ་ཐོབ་ནི། །གཅིག་ཆར་རྟོགས་གྲོལ་གྱུར་པ་གྲངས་མེད་ཡོད། །མཉམ་མེད་འཚོ་བྱེད་ཁོ་ནའི་དྲུང་དུ་ཡང་། །མཇལ་བའི་ལམ་དང་སྒམ་པོའི་རི་མཐོང་དང་། །གཟིམས་སྤྱིལ་མཐོང་དང་ཞལ་མཇལ་ཚིག་རེ་ཡིས། །སྤྲོས་བྲལ་རོ་གཅིག་སྒོམ་མེད་སྐྱེས་པ་མང་། །དེ་འདྲར་མཉམ་མེད་མཆོག་དེའི་ཞལ་ནས་ཀྱང་། །རྣ་བ་སྔོན་ཡོད་པ་ལས་རྭ་རྗེས་སྐྱེས། །མཐོང་བའི་དཔེ་བཞིན་བཀའ་བརྒྱུད་སྔ་མ་ཡི། །དཀའ་སྤྱད་ལྟ་བུ་མ་དགོས་དེང་དུས་སུ། །བདག་གི་སློབ་མ་རྟོགས་པ་རྟོགས་མགྱོགས་པ། །ཡིན་ཞེས་རྡོ་རྗེའི་གསུང་གིས་བསྒྲགས་པ་དང་། །གླིང་རས་ཕག་གྲུར་ཞག་གསུམ་ཁྲིད་བསྐྱངས་པས། །སྒོམ་མེད་སྐྱེས་དང་རྒྱལ་སྲས་སྤོམ་བྲག་པ། །དགུང་ལོ་གསུམ་ནས་རང་བྱུང་སྒོམ་མེད་སྐྱེས། །རྒོད་རས་ཁྲིད་བསྐྱངས་ཞག་བདུན་སྤྲོས་བྲལ་རྟོགས། །ཡང་དགོན་དགུང་ལོ་བདུན་ལ་སྤྲོས་བྲལ་རྟོགས། །གྲུབ་ཐོབ་ཨོ་རྒྱན་པ་ཡི་རྒོད་ཚང་གི །གཟིམ་སྤྱིལ་མཐོང་མ་ཐག་ཏུ་སྤྲོས་བྲལ་རྟོགས། །ཆུ་ཕུར་ཤཱཀ་རིན་དགུང་ལོ་གསུམ་དུས་ནས། །སྤྲོས་དང་བྲལ་བའི་རྟོགས་པ་ཤར་རོ་སྐད། །དེ་བཞིན་གསར་མའི་སྐྱེས་ཆེན་དུ་མ་དང་། །རྙིང་མའི་གཏེར་གྲུབ་གྱུར་པ་མང་པོ་ཞིག །སྤྲོས་བྲལ་རོ་ཅིག་སྒོམ་མེད་ཅིག་ཆར་དུ། །ཤར་བའི་ལོ་རྒྱུས་ཡ་མཚན་རྣམས་ལ་གཟིགས། །དེས་ན་གང་ཟག་མཆོག་ཏུ་གྱུར་པ་ཞིག །སྤྲོས་བྲལ་རོ་གཅིག་སྒོམ་མེད་རྟོགས་པ་ལ། །དཀའ་སྤྱད་སྡུག་རྩིར་བླུན་ལས་མི་འདུག་ཅེས། །སྒྲོ་སྐུར་རྒྱུ་འདི་སྤང་བར་འོས་སམ་སྙམ། །ཁྱད་པར་སྙིགས་མ་ལྔ་མཐར་ཐུག་དུས་འདིར། །འདུལ་བསྟན་གཟུགས་བརྙན་ཙམ་ཡིན་མཁས་ལ་གྲགས། །ཐེག་ཆེན་མར་མེ་འཆི་ཁ་ལྟར་གསལ་དང་། །ཁྱད་པར་རྫོགས་ཆེན་ཀུན་བཟང་ཐུགས་ཀྱིས་འདུལ། །དུས་ཡིན་ཞེས་སུ་སྙིང་ཐིག་ནས་གསུངས་པས། །སྙིགས་དུས་རྟོགས་པ་མི་སྐྱེ་ཁས་ལེན་འདི། །རང་ཉིད་ངལ་བའི་རྒྱུ་རུ་འགྱུར་རམ་སེམས། །གཞན་ཡང་མདོ་ཁམས་ཀཿཐོག་མི་རིང་བར། །གནས་གྱུར་གང་ཟག་ཁས་ལེན་ཁ་ཅིག་གིས། །ཡབ་སྲས་སྤྲུལ་སྐུ་ཡིན་ཞེས་ཆེན་པོ་ཡི། །གོ་སར་ཕྱུང་ནས་ཞུགས་གྱུར་འདི་འདྲ་དང་། །གཏེར་སྟོན་ཡིན་ནོ་དེ་སྲས་ཡིན་ནོ་ཞེས། །གྲགས་དང་སྟག་བུར་བླ་མའི་མིང་འཛིན་འགའི། །ཆོས་ཁྲིད་བཤད་འདི་ཐོས་དང་བསམ་ཙམ་གྱིས། །དོན་དང་མི་ལྡན་ཅི་ཕྱིར་རང་ཅག་ལྟར། །བསྒོམ་ལ་ཚེ་འདིར་སྦྱངས་ཡུན་མ་ནུས་ཤིང་། །ཐོས་བསམ་སྒོམ་དང་རྒྱབ་གྱེས་ཡིན་ནོ་ཞེས། །སྨྲ་བའི་སྙིང་ཁམས་བསྐྱེད་པ་འགའ་ཐོས་ཏེ། །དེ་ལྟར་ཐོས་ན་རྒྱ་བོད་རིག་གྲུབ་ཚོ། །ལྔ་རིག་ལ་བྱང་བསྐྱེད་རྫོགས་རྟོགས་འབྲས་བུ། །ཚེ་འདིར་འོད་ཕུང་ཡལ་བ་གྲངས་མེད་ཅིང་། །པད་འབྱུང་ཀླུ་སྒྲུབ་རྣམ་པར་ཐར་ལ་གཟིགས། །ཤེས་རབ་ཅན་བསྒོམ་ཁྱུང་ཆེན་ས་ཆོད་དང་། །ཤེས་རབ་མེད་བསྒོམ་བྱིའུ་ཆུང་རྩལ་རླབས་སུ། །རྒྱལ་བས་གསུངས་ཏེ་སྒོམ་པའི་སྔོན་འགྲོ་ནི། །ཐོས་བསམ་ཡིན་ནོ་ཐུགས་ལ་དགོངས་འཚལ་ལོ། །དམར་ནས་ཞྭ་སོགས་མཆོག་གི་སྤྲུལ་སྐུ་རྣམས། །སྐྱེས་མ་ཐག་ནས་ཉམས་རྟོགས་ཤར་བ་ལས། །རྩལ་རྫོགས་མངོན་མཁྱེན་གྲུབ་རྟགས་སྟོན་ལ་ལྟོས། །གཏེར་སྟོན་ཉི་ཤར་དབྱུགས་པས་མི་ཁེབས་ཀྱི། །སྟག་བུར་བླུན་རྒན་བླ་གཟུགས་བདག་ཙམ་ལས། །གཞན་ཀུན་འོད་གསལ་རྫོགས་ཆེན་སྙིང་པོ་ཡི། །དོན་གྱི་རང་གཞན་མ་བསླུས་གདིང་ལ་འཁོད། །ཐོས་བསམ་གསང་སྔགས་རྙིང་བསྟན་རྩ་ལག་ཏུ། །གྱུར་ལ་གཤེ་ཡང་དགོངས་པ་ཅི་དགྱེས་མཛོད། །སྤྱིར་ཡང་མི་ཤེས་སྐྱེ་བོའི་ཚོགས་རྣམས་ལ། །མཁས་པས་བརྟག་མིན་རང་བཞིན་བཏང་སྙོམས་སོ། །
ཀྭ་ཡེ། སོ་སོ་སྐྱེ་གྱུར་མི་ཤེས་བླུན་བདག་གི །ཆོས་ཀྱི་མཚན་ཉིད་རྟོགས་པའི་མིག་ཟུམ་ཡང་། །རྒྱལ་བ་གོང་མའི་གསུང་གི་རྗེས་འབྲངས་ཏེ། །ཆ་ཤས་སྨྲས་འདི་སྙིང་གཏམ་ཡིན་ཁུལ་ཏེ། །མདོར་ན་རྟོགས་པ་ཤར་རོ་མི་ཤར་ཞེས། །འདི་དག་ཐམས་ཅད་ཐ་སྙད་ཚིག་ཡིན་གྱི། །ཐ་སྙད་ཚིག་ཀུན་ཕྱི་ཡི་ཤུན་པར་མཐོང་། །གསང་སྔགས་ཆོས་ནི་བྱིན་རླབས་ལམ་པ་ཡིན། །བྱིན་རླབས་མོས་གུས་ལམ་ཡིན་དོན་དེས་ན། །མ་ནོར་མ་འཁྲུལ་ཡང་དག་བླ་མ་ལ། །ལྷད་མེད་ཆུགས་མེད་གདམས་པ་ལེགས་མནོས་ནས། །གསོལ་འདེབས་སྙིང་ཁུང་གཏིང་ནས་ཕར་བཏབ་ན། །བྱིན་རླབས་དབང་མེད་སྙིང་དཀྱིལ་འཆར་ནས་འོང་། །བླ་མར་སྙིང་ནས་དད་མོས་མ་སྐྱེས་ན། །ཁ་ཙམ་གསོལ་འདེབས་དོན་མེད་ཅ་ཅོ་ཡིན། །ཡང་དག་རྟོགས་པ་རྒྱལ་པོའི་ཁྲིར་སྨོན་འདྲ། །བཀའ་བ་སྤྱད་དང་མ་སྤྱད་ཞེས་པ་དང་། །སྔོན་སྦྱངས་ཡོད་མེད་སྨྲ་བ་ཐང་ཆད་རྒྱུ། །ཚིག་རྗེས་མ་འབྲངས་གནས་ལུགས་དོན་ལ་སོམས། །དད་མོས་གུས་པ་ཆོས་ཀྱི་རྩ་བ་ཡིན། །བྱམས་དང་སྙིང་རྗེ་ཆོས་ཀྱི་གཞི་མ་ཡིན། །རྒྱུ་འབྲས་དམ་ཚིག་ཆོས་ཀྱི་སྲོག་ཤིང་ཡིན། །ཕྱིར་མི་ལྡོག་པ་ཆོས་ཀྱི་སྐྱེལ་སོ་ཡིན། །རྟོགས་པའི་ངོ་བོ་རིག་པ་གཉུག་མ་ཡི། །ཤེས་པ་རང་ངོ་རང་གི་ཤེས་པ་སྟེ། །དེ་ནི་བླ་མའི་ཐུགས་རྗེས་དག་ལ་བརྟེན། །མཐོང་འདི་དཔེ་བྲལ་ཡེ་ཤེས་ཆེན་པོར་གྲགས། །རྟོགས་དང་མི་རྟོགས་བློ་ཡི་ལྟོས་གཞི་འདི། །ངེས་དོན་སྙིང་པོ་སྒྲིབ་པའི་དྲི་མ་ཡིན། །དེས་ན་རྟོགས་ཆུག་མ་རྟོགས་ན་ཡང་ཆུག །རང་རིག་མ་བཅོས་ཟང་ཀ་རྗེན་པ་ལ། །སྤང་བླངས་རེ་དོགས་དགག་སྒྲུབ་ལས་འདས་པར། །མ་གཡེང་རྒྱུན་སྤྱོད་གདམས་པའི་སྙིང་པོ་ཡིན། །ཁ་ལ་བཤད་པ་དཔེ་ཡིས་མཚོན་པ་དང་། །བློ་ཡི་དཔྱད་དང་ཡིན་མིན་ཁུ་འཕྲིག་དང་། །གྲུབ་མཐའི་ཐ་སྙད་ཚིགས་སུ་གྱུར་པ་ཀུན། །ཡང་དག་རྟོགས་པའི་ཚེ་ན་རྫུན་པོ་ཆེ། །བླ་མའི་བྱིན་རླབས་སྙིང་ལ་ཞུགས་པའི་མི། །རང་སེམས་རང་གིས་མཐོང་བའི་རྣལ་འབྱོར་ལ། །ཆོས་ཉིད་བདེན་མཐོང་ཞེས་པའི་སྒྲ་བོ་ཆེ། །ཕ་རྒན་བཀའ་བརྒྱུད་གོང་མའི་གཤེགས་ཤུལ་ཏེ། །རིང་པོའི་བར་མིན་རང་སེམས་དྲུང་ན་ཡོད། །ཡུན་དུ་འགོར་མིན་སྐད་ཅིག་བསྒྲོད་ལམ་ཡིན། །དེ་ལྟར་མ་རྟོགས་བྱིས་པའི་ཚོགས་འགའ་ཡིས། །རྒྱལ་བ་གོང་མས་དབང་རིམ་གདུལ་བྱའི་དོན། །དཀའ་བ་སྤྱད་དང་དཀའ་བ་མི་སྤྱད་ཚུལ། །དྲང་དོན་གཙོ་དང་ངེས་དོན་གཙོར་སྟོན་ཚུལ། །མཛད་པ་དུ་མ་བརྒྱད་ཁྲི་བཞི་སྟོང་སྒོ། །བཅུ་གཉིས་ཡན་ལག་རྒྱུ་འབྲས་ཐེག་ཆེ་ཆུང་། །དགོངས་དང་ལྡེམ་པོ་མ་སྦས་ཆོས་ཉིད་དོན། །དཔག་པར་དཀའ་སྟེ་རྒྱལ་དང་དེ་སྲས་ཀྱིས། །ལེགས་མཛད་མཐའ་དཔོག་སྐྱེ་མཐའ་བྱང་ཆུབ་ཤིང་། །དྲུང་དུ་རྒྱལ་དེ་ལས་ནི་ནམ་མཁའི་མཐས། །སྙེགས་མི་དེ་སྲས་གྱུར་པ་ཕལ་གྱིའང་མིན། །དེས་ན་གང་ཟག་ཆོས་ཀྱི་ཚུལ་གྱུར་པ། །མཐའ་དེར་འཐས་ནས་རྟ་ལྗང་དབྱུག་འགེབས་བཞིན། །ཆོས་སྤང་ལས་གྱུར་ངན་འགྲོའི་རྒྱུ་ལྕི་བར། །འགྱུར་ལ་རྟག་ཏུ་ཀུན་གྱིས་སྤང་བར་བྱ། །ཡང་དག་དོན་ལ་སྒྱུ་མའི་རྩེད་མོ་བཞིན། །སུས་བཀག་སུས་སྒྲུབ་མཉམ་ཉིད་དོན་ལ་ལྟོས། །
ཀྱེ་མ། བདག་འདྲ་སེར་གཟུགས་མཁས་མིན་བླུན་ལས་ཀྱང་། །ཆེས་བླུན་རྐང་གཉིས་ལུས་ལ་རྐང་བཞིའི་སེམས། །གྱུར་པ་ཁོ་བོས་ཕྱི་ནང་གཞན་གསུམ་དང་། །དྲང་ངེས་ཆོས་ཚུལ་དབྱེ་ནུས་མ་ལགས་ཀྱང་། །དེང་སང་དུས་དབང་ཕྱོགས་འདིར་བདག་མཚུངས་རིས། །འགའ་ཡི་མུ་ཅོར་ཚིག་གི་སྐྱེ་བོའི་ཚོགས། །རྣམ་རྟོག་དུ་མ་སློང་བའི་རྒྱུར་མཐོང་སྟེ། །དེ་དག་ལས་ངན་འཛད་ནུས་བདག་མེད་ཀྱང་། །མཐའ་རེར་འཛིན་པའི་ཞགས་པ་བཀྲོལ་འདོད་ནས། །གང་ཤར་བླུན་ཚིག་གླུ་རུ་བླངས་པ་འདི། །ཐོས་བསམ་སྒོམ་པའི་ཡོན་ཏན་ཆེར་དབེན་ཀྱང་། །བླ་མའི་བྱིན་རླབས་མཐུ་ལས་ཆ་ཤས་ཙམ། །ཐོས་མྱོང་ལས་བྱུང་ཚིགས་སུ་སྨྲས་པ་ཡིན། །བྲེ་མོ་འཁྱལ་ཚིག་བརྗོད་པ་མིན་ཁུལ་ཏེ། །མཁས་མགུ་སྡེབ་སྦྱོར་བླུན་དགུའི་ངོ་འཇམ་མེད། །དོན་མེད་རྫུན་ཚིག་བརླངས་པོའི་ཚིག་ཀྱང་མེད། །དེས་ན་རྣལ་འབྱོར་ཉམས་ལེན་སྤང་ལྗོངས་ལ། །ལེགས་བཤད་ཆུ་ཀླུང་མེ་ཏོག་སྣ་ཚོགས་བཀྲ། །དོན་གྱིས་མ་རྒྱུ་ཆ་ཤས་མཆིས་སྲིད་ན། །བློ་ལྡན་ར་ཡི་གཉིས་པའི་དགའ་སྟོན་མཛོད། །
ཀྱེ་མ་ཧོ། གྲོགས་ཚོ་ད་དུང་བདག་ལ་ཚུར་གསོན་དང་། །དེང་སང་དུས་བསྐལ་སྙིགས་མའི་མཐའ་ལ་ཐུག །ཚེ་ཡང་སུམ་ཅུ་ཁ་རལ་ཉིད་གྱུར་འདིར། །ནམ་འཆི་ཆ་མེད་ཚེ་ཚད་ངེས་བཟུང་མེད། །མྱུར་བ་ཉིད་དུ་འཆི་བར་ཐེ་མི་ཚོམ། །དེ་བས་བདག་ནི་ཉི་ཤུ་རྩ་གྲངས་ཟིན། །ཚེ་ཡི་ཚད་ཀྱང་འཁྱོལ་ལ་ཉེ་བ་སྟེ། །ཁ་ཆེམས་ཡིན་ནོ་སྙིང་གཏམ་ཚིག་འདི་སྨྲ། །ཐུན་མོང་དལ་བ་ཁྱད་པར་འབྱོར་པ་བཅུ། །གསང་སྔགས་ངེས་པའི་དོན་དང་འཕྲད་པའི་ལུས། །འདི་འདྲ་བསྐལ་པ་གྲངས་མེད་བསམ་ཡས་ལས། །ད་རེས་ཙམ་ཡིན་ཆུད་ཟོས་བཏང་ཕོད་དམ། །དམྱལ་བའི་སེམས་ཅན་རྣམས་ནི་མཐོང་གྱུར་ཚེ། །ཡི་དྭགས་བྱོལ་སོང་ལུས་གྱུར་སྲིད་པ་ཙམ། །བྱོལ་སོང་ཁ་འཐོར་ལྷ་མིའི་གནས་སུ་སྟེ། །དེར་བལྟས་མི་ལུས་སྲིད་ཙམ་འདི་ལ་བསམ། །དབྱར་དུས་ཤ་ཡི་ཕུང་པོ་ས་གཞིའི་ཁྱོན། །ཁེངས་པ་མ་ལུས་འབུ་ཡི་རང་བཞིན་གྱིས། །ས་གཞི་ཁེངས་གྱུར་བར་མ་དོའི་སེམས་ཅན། །གྱུར་པ་དེ་ཡང་ཉུང་ངུ་ཉིད་ཡིན་ལ། །དེ་ལ་དཔག་ཚེ་མི་ལུས་སྲིད་པ་ཙམ། །ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུར་མཐོང་། །མི་ལུས་ཙམ་གྱུར་འགྲོ་བ་འདིར་ལྟོས་དང་། །དམ་ཆོས་དར་སར་སྐྱེས་གྱུར་སྲིད་པ་ཙམ། །དམ་ཆོས་དར་སར་སྐྱེས་ཀྱང་ཆོས་ཀྱི་སྒོར། །ཞུགས་པར་གྱུར་པ་ཉིན་མོའི་སྐར་མ་ཙམ། །ཆོས་སྒོར་ཞུགས་ཀྱང་ཆོས་བཞིན་སྤྱོད་པ་ནི། །རུས་སྦལ་སྤུ་ལྟར་དཀོན་གྱུར་ཀྱེ་མ་ཧུད། །ཚེ་འདིར་སྒྱུ་མའི་འཁྲུལ་སྣང་ཉིད་ལ་འབྱམས། །རྙེད་དཀའ་མི་ལུས་དོན་མེད་ཆུད་ཟོས་བཏང་། །ཕྱི་མ་གར་སྐྱེའི་ཆ་ནི་མ་མཆིས་ཏེ། །མུན་ཁུང་ལོང་བའི་མདའ་ལྟར་ཡ་རེ་ཆ། །ཀྱེ་མ་སྙིང་ལྡན་གྲོགས་ཚོ་འདིར་དགོངས་དང་། །ངན་སོང་གནས་ཀྱི་སྡུག་བསྔལ་སྐད་ཅིག་ཡང་། །མི་ལ་བརྒྱ་སྟོང་ཕྱེ་བ་དུ་མ་ལ། །མི་ཚེ་བདེ་བ་རིང་ཡང་ལོ་བརྒྱ་སྟེ། །དེ་ཡང་མི་སྐྱོལ་གློ་བུར་དུ་མས་འཇིག །དེ་བས་གཏན་གྱི་ལམ་བཟང་ཐེག་པ་ཆེ། །བྱང་ཆུབ་མཆོག་གི་གོ་འཕང་འཁོད་འདོད་ཀུན། །ཚེ་འདིར་ཆོས་ལ་སྙིང་རུས་བྱེད་རེ་རན། །དེང་སང་དུས་ངན་སྙིགས་མ་ཚེ་ཐུང་འདིར། །ཐོས་བསམ་མང་པོ་བྱེད་པའི་ལོང་མེད་ཀྱི། །ཡང་དག་སྙིང་པོ་ཕྱག་རྫོགས་ཉམས་ལེན་ལ། །དྲིལ་བར་མཛོད་ཅིག་ཁོ་བོའི་སྙིང་གཏམ་ཡིན། །སྙིགས་མའི་དུས་འདིར་མཚན་ལྡན་བླ་མ་དཀོན། །འདྲ་མིན་བཟང་ངན་བརྡར་ཤ་ལེགས་གཅོད་ལ། །གཅིག་ཆོག་རྒྱལ་པོ་མཚན་ལྡན་རྙེད་དུས་དེར། །ལེ་ལོ་མེད་པར་ཆོས་མཛོད་སྙིང་གཏམ་ཡིན། །འཁྲུལ་མེད་གཏེར་ལུང་གོང་མས་ཟིན་པ་དང་། །རྩོད་བྲལ་གྲུབ་བརྙེས་དམ་པས་ཐག་གཅོད་པའི། །སྐྱེས་བུ་རྣམས་ཀྱི་མཛད་སྤྱོད་ཅི་འདྲ་ཡང་། །བརྟག་དཔྱད་མེད་པར་ཆོས་མཛད་སྙིང་གཏམ་ཡིན། །གང་ཡང་རང་གིས་དབང་ཆོས་མ་འབྲེལ་སྔོན། །ཤེས་རབ་ལྡན་པས་བརྟག་དཔྱད་བྱེད་པ་ལས། །དབང་གདམས་འབྲེལ་ནས་ལྷ་བདུད་སུ་ཡིན་ཆུག །ཐེ་ཚོམ་མི་འཚལ་མོས་མཛོད་སྙིང་གཏམ་ཡིན། །སྤྱིར་ཡང་གསང་སྔགས་གེགས་ཀུན་ཐེ་ཚོམ་ཡིན། །བརྟག་དཔྱད་མང་པོ་ངན་འགྲོའི་རྒྱུ་རུ་འགྱུར། །ཚད་མའི་ཁུངས་ལྡན་མངོན་ཤེས་མེད་ཕྱིན་ཆད། །བརྟག་དཔྱད་མ་མང་ཁོ་བོའི་སྙིང་གཏམ་ཡིན། །སྤྱིར་ནི་རྣམ་དཔྱོད་མཐོང་རྒྱ་ཆེ་བ་ལས། །བླུན་པོ་དད་པ་བརྟན་ན་དངོས་གྲུབ་མྱུར། །གསུངས་པས་དག་སྣང་ཕྱོགས་མེད་སྦྱོངས་བ་དང་། །ཐག་ཆོད་ཆོས་གཅིག་ཆོག་མཛོད་སྙིང་གཏམ་ཡིན། །གྲྭ་འཁོར་མཆེད་གྱུར་ནང་དུ་སྡོད་པའི་ཚེ། །མཐོ་དམན་ང་རྒྱལ་ཕྲག་དོག་ཀུན་སྤངས་ལ། །ཞི་དུལ་འཇམ་ལྡན་ཀུན་དང་མཐུན་བྱེད་མཁས། །ཉོན་མོངས་ལས་བསགས་མི་རུང་སྙིང་གཏམ་ཡིན། །རྒྱལ་བས་གསུངས་པའི་སྡེ་སྣོད་མང་པོ་ཡང་། །མདོར་བསྡུས་བདག་འཛིན་འཁྲུལ་པ་ཞིག་ཐབས་ཡིན། །དེ་དོན་ཆོས་ཀུན་གཙོ་བོ་ཕྱག་རྫོགས་ཏེ། །ཉམས་ལེན་གནད་དུ་ཕུར་ཅིག་སྙིང་གཏམ་ཡིན། །ཟང་ཟིང་བསགས་ནས་འདུས་བྱས་དགེ་བ་ཆེ། །སྤྱོད་པ་ཕལ་ཆེར་དགེ་དོན་སྡིག་བསགས་མང་། །དེ་བས་རྒྱལ་དགོངས་དགེས་པ་བསྒྲུབ་པས་བསྒྲུབས། །ཟག་བྲལ་དགེ་སྒྲུབ་མཆོག་ཡིན་སྙིང་གཏམ་ཡིན། །འཇིག་རྟེན་ཐབས་མཁས་མི་ཆོས་རྣམ་དཔྱོད་དང་། །མཛེས་བཙུན་ཚིག་བཅས་སྙན་གྲགས་བསྐྱེད་པ་འདི། །འཕྲལ་ལེགས་ནམ་ཕུག་དོན་མེད་ལས་ངལ་ཡིན། །སྙོམས་ཆུང་བག་ཡོད་སྤྱོད་མཛོད་སྙིང་གཏམ་ཡིན། །རྩོད་པ་ཅན་གྱི་གནས་དགོན་བརྟེན་པ་དང་། །ཁེ་གྲགས་ཆེ་བའི་གྲོང་དུ་བསྡད་པ་འདི། །ཉོན་མོངས་ཤུགས་ཀྱིས་འཕེལ་བྱེད་ས་བོན་ཏེ། །རིང་དུ་སྤངས་བར་མཛོད་ཅིག་སྙིང་གཏམ་ཡིན། །མིག་སེར་ཅན་གྱི་གྲོགས་དང་འགྲོགས་པ་དང་། །རྒྱུད་ངན་མི་ལ་གྲོགས་པོ་བྱེད་པ་འདི། །ཆགས་སྡང་ཞོར་དུ་འཕེལ་བའི་རྒྱུ་ཡིན་པས། །རིང་དུ་སྲིངས་བྱས་ལེགས་སོ་སྙིང་གཏམ་ཡིན། །འདུ་འཛི་ཟང་ཟིང་ཟས་གོས་མང་པོ་ཡི། །གྲྭ་འཁོར་བསྡུད་འདི་བསྟན་པ་ཡིན་སེམས་ཡང་། །སྙིགས་དུས་ཆོས་བཞིན་ལྡན་པ་རབ་དཀོན་ཞིང་། །རང་དོན་བར་ཆད་རྒྱུར་འགྱུར་སྙིང་གཏམ་ཡིན། །ཡུལ་སྡེ་འཁྲུགས་བསྡུམ་ཁ་མཁས་ཕྱག་ཡངས་ཤིང་། །ཀུན་གྱིས་བཀུར་བྱེད་རང་མཐོང་བཅས་པ་འདི། །འཕྲལ་དུ་ཡིན་ཡིན་འདྲ་བའི་བླ་གཟུགས་ཏེ། །ནམ་ཕུག་དགོས་ཆུང་དབེན་བསྟེན་སྙིང་གཏམ་ཡིན། །ཤ་ཆང་ལོངས་སྤྱོད་འདུ་ལོང་སྤེལ་བ་འདི། །མི་ཚེ་ཡུད་ཙམ་མཆིན་པ་སྐྱིད་ལགས་ཀྱང་། །ནམ་ཕུག་དཀོར་གྱི་རྣམ་སྨིན་རང་ཉིད་ལ། །ལྕི་ངེས་བག་མེད་སྤངས་འཚལ་སྙིང་གཏམ་ཡིན། །ལྟར་སྣང་མཛེས་པའི་མངའ་རིས་འཁོར་འབངས་འདི། །འཇིག་རྟེན་སྣང་བར་མི་ཁ་ཆོད་ན་ཡང་། །སྙིང་པོ་མེད་ཅིང་ཆོས་མིན་འཕེལ་བའི་རྒྱུ། །ཆོས་བཞིན་རི་ལ་སྤྱོད་ལེགས་སྙིང་གཏམ་ཡིན། །ཕན་པར་རེ་ནས་རང་གི་ཟས་གོས་ཀྱིས། །བསྐྱང་པའི་གྲོགས་འགའ་མཐར་ནི་དགྲར་འགྱུར་མང་། །དེ་བས་གྲོགས་ལ་རེ་དོགས་ཆགས་སྡང་སྤངས། །གང་བྱུང་ཆོག་ཤེས་མཛོད་ཅིག་སྙིང་གཏམ་ཡིན། །རང་གི་བློ་གཏད་ཁེལ་སེམས་བྱས་ན་ཡང་། །སྙིང་གྲོས་བྲིས་ནས་མིས་ཀྱང་བློ་བརྐུ་བས། །དུས་ངན་འདི་འདྲར་སུས་ཀྱང་བློ་ཁེལ་དཀའ། །བློ་གཏད་དཀོན་མཆོག་གསུམ་མཛོད་སྙིང་གཏམ་ཡིན། །ཡིན་མིན་མཁས་དང་གྲོས་ཞིབ་ལེགས་ན་ཡང་། །སྙིགས་དུས་མི་རྣམས་ཁྲེལ་མེད་གཡོ་སྒྱུ་མཁས། །རང་གི་བརྟག་དཔྱད་ཡིན་ངེས་གདིང་ཚོད་ཚེ། །རང་ཐག་རང་གིས་ཆོད་འཚལ་སྙིང་གཏམ་ཡིན། །ཁུངས་མེད་མི་ལ་འདུན་གྲོས་བྱེད་པ་དང་། །ཁ་མང་མི་ལ་གསང་གྲོས་བཤད་པ་ནི། །ཐ་མ་བརྗོད་ངན་འབྱུང་བའི་གཞི་མ་ཡིན། །ངག་ལ་བག་དང་ལྡན་འཚལ་སྙིང་གཏམ་ཡིན། །རྒྱུད་ངན་མི་ལ་ཆེ་བཀུར་བྱེད་པ་དང་། །མདོ་མེད་མི་ལ་གཉེར་ཁ་གཏད་པ་འདི། །ཐ་མ་འཐབ་འཁོན་ཁྲོ་འཁྲུགས་རྒྱུ་རུ་འགྱུར། །དེ་འདྲ་རང་སར་འཇོག་ལེགས་སྙིང་གཏམ་ཡིན། །སེམས་ངན་མི་ལ་ཕན་ཆེར་བཏགས་པ་དང་། །ལོག་ལྟ་ཆེ་ལ་ཉེ་གནས་བཅོལ་བ་ཡིས། །མཐར་ནི་སྒྲོ་སྐུར་ངན་པའི་རྒྱུར་འགྱུར་བས། །ཐབས་ཀྱིས་བསྐྱངས་ལེགས་ཁོ་བོའི་སྙིང་གཏམ་ཡིན། །འདོད་པོ་ཆེ་ལ་ལས་སྒོ་གཉེར་གཏད་དང་། །ཁོག་ཆུང་མི་ལ་གཏམ་བཤད་བཅོལ་བ་ནི། །ཐ་མ་ཞེ་སུན་ཟེར་རའི་རྒྱུ་རྐྱེན་ཡིན། །བཏང་སྙོམས་བཞག་མཛོད་ཁོ་བོའི་སྙིང་གཏམ་ཡིན། །གཞུང་ངན་མི་ལ་བཟང་ལེན་རེ་བ་དང་། །ཁྲེལ་མེད་མི་ལ་བློ་གཏད་བྱས་པ་ནི། །དོན་མེད་རང་ཡིད་ཆད་པའི་རྒྱུ་རུ་འགྱུར། །ཕན་གནོད་མ་རེ་བབ་ཞོག་སྙིང་གཏམ་ཡིན། །དགེ་མེད་མི་ལ་རྒྱུ་འབྲས་བསྲུང་རེ་དང་། །དྲེད་མེད་ཆོས་མེད་དམཚིག་བསྲུང་རེ་ནི། །རང་སེམས་རང་གིས་ངལ་བའི་ལས་སུ་ཆེ། །རིང་དུ་སྤང་བ་ཁོ་བོའི་སྙིང་གཏམ་ཡིན། །ངོ་འཇོ་ཅན་གྱིས་ཆོས་བྱེད་བརྗོད་པ་དང་། །ཆགས་སྲེད་ཅན་གྱིས་བློས་གཏང་ཡིན་ཞེས་འདི། །རང་མཚང་རང་གིས་སྟོན་པའི་རྒྱུ་རྐྱེན་ཡིན། །དེ་འདྲའི་ཚོགས་རྗེས་མ་འབྲང་སྙིང་གཏམ་ཡིན། བླ་མར་གུས་མེད་གདམས་ངག་ལ་གདུང་དང་། །བརྩོན་འགྲུས་མི་ལྡན་ཆོས་ལ་སྲེད་པ་ནི། །མཐར་ནི་ཆོས་ཀྱི་རྐང་འདྲེན་གཞི་ཡིན་པས། །ངོ་བསྲུངས་ཟས་ཚིག་གིས་བསྐྱངས་སྙིང་གཏམ་ཡིན། །ལས་མེད་རེ་བ་ཆེན་པོ་བྱེད་པ་དང་། །མགུ་འཁོང་རགས་པའི་རིགས་སུ་གྱུར་པ་དེ། །རིང་པར་བཏང་སྙོམས་ངང་དུ་མ་བཞག་ན། །དཔོན་སློབ་སེམས་སུན་གཞི་ཡིན་སྙིང་གཏམ་ཡིན། །དམ་ཚིག་ངོ་ལྐོག་བྱེད་པའི་ལས་ངན་དང་། །དཀོར་སྲེད་ལྐོག་ལབ་མཁས་པའི་མི་ངན་འདི། །རྒྱང་གྲགས་བཅུ་ཡི་ཕ་རོལ་མ་བསྐྲད་ན། །གྲོགས་ཀུན་སྤྱོད་ངན་དེ་འགོ་སྙིང་གཏམ་ཡིན། །གྲྭ་ཚང་ནང་སེལ་ཕྲ་མ་མཁན་པོ་དང་། །ཟ་འདོད་འགུལ་ཚེར་རོ་ཉལ་དགའ་བ་དང་། །ཁོང་ཁྲོས་གཞན་གྱིས་སེམས་རྒྱུད་སད་བྱེད་རྣམས། །ནང་འཁྲུགས་རྒྱུ་ཡིན་སྤང་མཛོད་སྙིང་གཏམ་ཡིན། །དོན་མེད་སྨྲ་བ་མང་པོ་བྱེད་པ་དང་། །དྲང་པོའི་ཚིག་ལ་ལན་མེད་སྨྲ་སྒོ་དོག །འདི་དག་སེམས་དཀྲུག་བསྐྱེད་པའི་རྒྱུ་ཡིན་པས། །ལྷོད་བཞག་ངང་བོར་ལེགས་སོ་སྙིང་གཏམ་ཡིན། །རང་དོན་ཚད་ལ་མ་རྫོགས་གདུལ་བྱ་ཆེ། །ཟང་ཟིང་སྙན་གྲགས་འར་འུར་ལྷ་བུའི་བདུད། །རང་ཉིད་འཁོར་བར་སྐྱུར་བའི་ཞགས་པ་ཡིན། །རང་དོན་དབེན་པ་འགྲིམས་ཤིག་སྙིང་གཏམ་ཡིན། །ཆོས་ཉིད་དོན་གྱི་བཟོད་པ་མ་ཐོབ་པར། །གྲོགས་འཁོར་མང་པོའི་ནང་དུ་འདུག་པ་འདི། །ཁྲོ་འཁྲུགས་ཆགས་སྡང་མང་པོ་བསྐྱེད་རྒྱུ་སྟེ། །རི་ཁྲོད་འགྲིམས་ལེགས་ཁོ་བོའི་སྙིང་གཏམ་ཡིན། །སེམས་དང་མི་མཐུན་གྲོགས་དང་ནན་ཆེ་བས། །འགྲོགས་ཀྱང་བློ་མི་བདེ་བའི་རྒྱུ་ཡིན་གྱི། །གཅིག་པུར་གནས་ན་རང་བློ་བདེ་བའི་རྒྱུ། །ཆོས་མིན་གྲོགས་སྤངས་ལེགས་སོ་སྙིང་གཏམ་ཡིན། །རང་འདོད་ཞེ་ཡི་ཕུག་ཏུ་འཆང་བ་ཡི། །ཕྱི་ཐག་མེད་པའི་མཛའ་བོ་བསྟེན་པ་འདི། །འདོད་དོན་རླུང་གིས་ཁྱེར་བའི་རྒྱུ་རྐྱེན་ཡིན། །རང་ཚུགས་ཟིན་པར་གྱིས་ཤིག་སྙིང་གཏམ་ཡིན། །ཡོན་བདག་ངོ་བསྲུང་མི་ཆོས་བཙུན་པོ་འདི། །རང་སེམས་རང་གིས་འཆིང་བའི་ཞགས་པ་ཡིན། །རང་བབས་ཆོས་མཐུན་སྤྱོད་པ་མ་གཏོགས་པ། །ངོ་འཛིན་ཆེ་གཉེར་མི་བྱེད་སྙིང་གཏམ་ཡིན། །འཇིག་རྟེན་ལས་ཀུན་སྙིང་པོ་མ་མཆིས་ཏེ། །ལེགས་པར་ལྟར་སྣང་ཉེས་པའི་རྒྱུ་བསྐྱེད་པས། །འདི་སྣང་བྱ་བ་ཤུགས་ཀྱིས་རྒྱང་བསྲིངས་ནས། །ཐར་པ་མཆོག་ལམ་ཞུགས་མཛོད་སྙིང་གཏམ་ཡིན། །འབད་པས་བརྩམས་པའི་ཟང་ཟིང་མཆོད་སྦྱིན་དང་། །སེམས་བསྐྱེད་མ་ཟིན་འདུས་བྱས་དགེ་འགའ་ཡང་། །ཐབས་ཀྱིས་མ་སྤྱད་ཆགས་སྡང་བསྐྱེད་རྒྱུ་སྟེ། །རང་བབ་སྤྱོད་མཛོད་ཁོ་བའི་སྙིང་གཏམ་ཡིན། །སྙིང་རིང་གྲོགས་དང་ཆོས་ལ་བློ་དྲེད་དང་། །ཟུར་ཟ་ཕྱིན་ཅི་ལོག་བློ་གསལ་བ་དང་། །འགྲོགས་ན་ལས་ངན་རྒྱུ་བསགས་གཞི་ཡིན་པས། །དེ་འདྲ་འབྲེལ་ཐག་བཅད་ལེགས་སྙིང་གཏམ་ཡིན། །དམ་ལ་མི་གནས་བློ་དྲེད་བྱེད་མཁན་དང་། །ཚོད་ཡོད་བརྙས་བཅོས་ངན་མཁྲེགས་གྲོགས་པོ་དེ། །ཉོན་མོངས་ཞོར་བསགས་ངན་སོང་གཏིང་རྡོ་ཡིན། །གཏན་ནས་སྤང་མཛོད་ཁོ་བའི་སྙིང་གཏམ་ཡིན། །ཞེན་མེད་ཟང་ཟིང་ཚོགས་བསགས་གཞི་ཡིན་ཀྱང་། །ཧ་ཅང་མོད་ན་དགྲ་བོ་མང་བའི་རྒྱུ། །རྔམ་སེམས་ཆེ་ན་རང་སྲོག་སྐྱེལ་བའི་གཞི། །ཞེན་པ་ཆུང་མཛོད་ཁོ་བོའི་སྙིང་གཏམ་ཡིན། །ཟས་ནོར་ཚོང་སྐྱེལ་རྒྱ་དབུས་མདོ་བསྒྲོད་འདི། །འཕྲལ་དུ་མངའ་ཐང་བདེ་སྐྱིད་ཡིན་ཁུལ་ལ། །ནམ་ཕུག་ཆ་མེད་སྦྲང་མའི་རྩི་དང་འདྲ། །ཆོག་ཤེས་ལྡན་པར་མཛོད་ཅིག་སྙིང་གཏམ་ཡིན། །དགྲ་བཏུལ་གཉེན་སྐྱོང་རང་རྒྱལ་གཞན་ཕམ་ལས། །བརྩོན་འདི་འཕྲལ་དུ་མི་ཁ་ཆོད་འདྲ་ཡང་། །རང་སེམས་གཟེ་རེ་རེ་དོགས་སྡུག་བསྔལ་གཞི། །ཐར་པའི་གེགས་ཆེ་སྤང་མཛོད་སྙིང་གཏམ་ཡིན། །ལྷ་མཆོད་རྟེན་བཞེངས་ཁྲོམ་ཚོགས་བསྡུ་བ་འདི། །འབྲེལ་ཚད་རྣམ་དཀར་དོན་ལྡན་མཐུ་མེད་ན། །ལས་འདི་ཕལ་ཆེར་འཁོར་བའི་རྒྱུར་འགྱུར་མཐོང་། །དེ་བས་སྤྲོས་མེད་དགེ་འདྲིལ་སྙིང་གཏམ་ཡིན། །འདི་སྣང་ཡུད་ཙམ་བདེ་བདེ་སྐྱིད་སྐྱིད་ཀྱི། །བྱ་བ་འདི་ཡིས་གཏན་ཆས་བསླུ་ངེས་པས། །སྲོག་འཚོ་ཙམ་གྱི་ཟས་དང་ལྷག་སྐྱོབས་ཀྱི། །གོས་ཙམ་མ་གཏོགས་བདེ་སྐྱིད་ཆེད་གཉེར་སྤངས། །འཆི་དུས་ཕན་ངེས་དགོངས་འཚལ་སྙིང་གཏམ་ཡིན། །ཚེ་འདིའི་སྙན་པ་སྐད་ཅིག་བྲག་ཆ་འདྲ། །མངོན་མཐོའི་སྟོབས་འབྱོར་སྟོན་གཞུགས་ལྷོ་སྤྲིན་འདྲ། །འཕྲལ་སྣང་མིག་མཛེས་འཇའ་ཡི་ལྟད་མོ་འདྲ། །མི་རྟག་སོམ་དང་ཆོས་རན་སྙིང་གཏམ་ཡིན། །འཁོར་བའི་ལས་ལ་ཟིན་པའི་མཐའ་ཡང་མེད། །མ་ཤིའི་བར་དུ་བྲེལ་བ་སངས་དུས་མེད། །དམ་ཆོས་གལ་བྱུང་ངང་དུ་ལུས་པ་འདི། །ཀྱེ་ཧུད་ད་ལྟ་ཆོས་གྱིས་སྙིང་གཏམ་ཡིན། །ད་དུང་གསོན་དང་འདི་སྐད་སྨྲ། །དེང་སང་གངས་རིའི་ལྗོངས་འདིའི་ཚུལ། །དུ་མ་ལྡན་ཀུན་སངས་རྒྱས་བསྟན་པ་ལས། །ཕྱི་རོལ་པ་ཡི་ཆོས་ལུགས་ཆེར་མ་མཆིས། །དེས་ན་འགྲོ་བ་དབང་ཁམས་ཅི་སྙེད་པ། །འདུལ་ཕྱིར་ཐེག་པའི་རྣམ་གྲངས་མང་པོར་སྤྲུལ། །ཀུན་ཀྱང་བྱང་ཆུབ་སྙིང་པོར་སྦྱོར་བྱེད་དེ། །སྤང་བླང་མ་བྱེད་དག་སྣང་ཕྱོགས་མེད་གཅེས། །ཁྱད་པར་རྫོགས་པའི་རིམ་པ་ཆེར་གྲགས་པ། །བྱང་ཆུབ་སེམས་མཆོག་ལ་བཀོད་བློ་སྦྱངས་དང་། །མཐའ་བྲལ་དམིགས་མེད་ཟབ་མོ་དབུ་མའི་གཞུང་། །སྔགས་ལམ་གསང་བ་རིམ་ལྔའི་གདམས་པ་ཆེ། །མ་ཡ་དབྱིབས་ཀྱི་རྣལ་འབྱོར་རྣམ་པ་གསུམ། །དགྱེས་རྡོར་རྫོགས་རིམ་ནཱ་རོ་ནི་གུ་ཡི། །ཆོས་དྲུག་བིར་ཝའི་བཞེད་པ་ལམ་འབྲས་དང་། །དང་པོའི་སངས་རྒྱས་དུས་འཁོར་རྫོགས་རིམ་དུ། །སངས་རྒྱས་པ་ལ་མངོན་སྦྱོར་སྦྱོར་དྲུག་དང་། །སྡུག་བསྔལ་ཞི་བར་བྱེད་པའི་ཞི་བྱེད་དང་། །འཁྲུལ་སྣང་བདག་འཛིན་གཞིག་བྱེད་གཅོད་ཡུལ་དང་། །མཉམ་ཉིད་གཉུག་མའི་ངོ་བོ་ཕྱག་རྒྱ་ཆེ། །ཐམས་ཅད་རྫོགས་གྱུར་འགྲན་བྲལ་རྫོགས་ཆེན་སྟེ། །དེ་ཀུན་གཞི་མཐུན་བྱང་ཆུབ་སེམས་བསྐྱེད་ཡིན། །དེ་ཀུན་ལམ་མཐུན་ཚོགས་བསགས་སྒྲིབ་སྦྱང་ཡིན། །མན་ངག་གནད་མཐུན་དད་མོས་གུས་པ་ཡིན། །བསྲུང་བྱ་མདོ་འདུས་སྡོམ་དང་དམ་ཚིག་ཡིན། །སྤྱོད་པ་དོན་མཐུན་རྒྱུ་འབྲས་བླང་དོར་ཡིན། །འབྲས་བུ་མཐར་གཅིག་མངོན་རྫོགས་སངས་རྒྱས་ཡིན། །ལྟ་བ་མི་མཉམ་ངོ་གདོང་རྩལ་གྱི་ཁྱད། །བསྒོམ་ཚུལ་མི་གཅིག་ཐུན་མོང་ཁྱད་དང་མཆོག །གྱུར་པས་ལམ་ལ་ཉེ་རིང་དུ་མར་སྣང་། །ཀུན་གྱི་ཡང་རྩེ་ཕྱག་རྫོགས་ཉིད་ཡིན་ལ། །དེ་ཡང་ཕྱག་རྒྱ་ཆེན་པོ་ཞེས་གྲགས་ནི། །ངོ་བོ་སྤང་བླངས་བློ་མཚན་སྤྲོས་པའི་ཚོགས། །ཡོངས་བྲལ་གཉུག་མ་ལྷན་སྐྱེས་ཡེ་ཤེས་ཁམས། །ཡིད་ལ་མི་བྱེད་ཆོས་ཉིད་རྣལ་མ་ཉིད། །ལམ་དུ་བྱེད་པ་ཕྱག་ཆེན་རྩ་བ་ཡིན། །དེ་ཉིད་འབྱུང་གནས་འགྲོ་བའི་གཞི་རྩ་གཅོད། །གཞི་མེད་རྩ་བྲལ་སྣང་བ་རང་གི་སེམས། །སེམས་ཉིད་སྟོང་པ་སྟོང་ཉིད་ཟུང་འཇུག་དང་། །རྣམ་ཀུན་མཆོག་ལྡན་གདོད་ནས་དག་པ་ཆེར། །གོ་དང་མྱོང་བ་རྟོགས་དང་མངོན་དུ་གྱུར། །མཐའ་རུ་ཕྱིན་པའི་དབང་དུ་བྱས་ནས་ནི། །བསམ་གྱིས་མི་ཁྱབ་གསང་བའི་རྒྱུད་དོན་དང་། །བསྟུན་ནས་ས་ལམ་ཚོད་འཛིན་རྣལ་འབྱོར་བཞིར། །རྒྱ་བོད་རིགས་གྲུབ་འགའ་ཡིས་བཀྲལ་བ་དང་། །ཁྱད་པར་ཡོངས་སུ་གྲགས་ཆེ་དྭགས་པོ་རྗེའི། །ཁྱད་ཆོས་ཉིད་དུ་སྣང་བ་དེ་ཉིད་ལས། །དེ་རྗེས་ཞུགས་གྱུར་གྲུབ་གནས་གསལ་མཛད་དེ། །དེ་ལ་དབྱེ་ལུགས་བག་གཅིག་མ་འདྲ་སྟེ། །ཕག་ཚལ་ཀམ་འབྲུག་འབྲི་སྟག་སོ་སོ་ལ། །ཀུན་ཀྱང་དོན་མཐུན་བབས་ས་གཅིག་ལགས་ཀྱང་། །དེང་སང་མ་རྟོགས་རྟོགས་དང་མ་གྲུབ་གྲུབ། །ཚུལ་འགའི་རང་རང་རྟོགས་ཉམས་དང་མཐུན་པར། །ཡིན་སྐད་མཉམ་མེད་རྣལ་འབྱོར་དོན་ལ་སྒྲིབ། །འོན་ཀྱང་སྤང་བླངས་ཤན་འབྱེད་བདག་འདྲས་མིན། །རང་གིས་མ་རྟོགས་གཞན་ལ་ཅི་ཞིག་སྨྲ། །དེ་ཡང་རྒྱལ་གོང་རྡོར་གསུང་སོར་བཞག་སྟེ། །བསམ་བཟང་གཞན་ཕན་སྲིད་མཉམ་འདི་སྐད་བརྗོད། །དེ་ཡང་སྤངས་རྟོགས་མཆོག་ལྡན་བླ་མ་ཡི། །བརྒྱུད་པ་བྱིན་ལྡན་དམ་སེལ་དྲི་མེད་པའི། །མཚན་ལྡན་བླ་མ་ཡང་དག་མཆོག་གི་དྲུང་། །འཁོར་བར་ཡིད་སུན་བྱང་ཆུབ་སྙིང་པོ་ལ། །གུས་ལྡན་སློབ་མ་མཚན་ཉིད་ལྡན་པ་ཡི། །ཚེ་འདིའི་རྣམ་གཡེང་རྒྱབ་ཏུ་དོར་བྱས་ཏེ། །ཆོས་ལ་ཆིག་དྲིལ་གདམས་པར་ངེས་ཤེས་བསྐྱེད། །བསྒྲུབ་ལ་བརྩོན་འགྲུས་སྙིང་རུས་ངར་འདོན་ཞིང་། །ཡོན་ཏན་ཆེ་གྲགས་ལོ་འདོད་མ་སོང་ཞིང་། །གང་བསྒྲོད་ལྟོས་གཞི་མེད་པར་ཉམས་ལེན་ལ། །འབད་ཚེ་བླ་མའི་བྱིན་བརླབས་ཞུགས་གྱུར་ཏེ། །ཉམས་རྟོགས་རྣལ་འབྱོར་གང་ཟག་དབང་ཁྱད་ཀྱི། །གཅིག་ཆར་རིམ་གྱིས་ཐོད་རྒལ་ཉིད་འཆར་ཏེ། །དེ་ཡང་རིམ་གྱིས་དབང་བཏང་ལྟར་དོན་ན། །ཐོག་མར་སེམས་ཉིད་མི་གནས་གནས་པའི་ཐབས། །མཚན་བཅས་མཚན་མེད་དུ་མའི་ཐབས་ཀྱིས་ནི། །གནས་པ་དང་པོ་བར་པ་མཐར་གྱིས་ནི། །རྒྱ་མཚོ་རླུང་གིས་མི་བསྐྱོད་ལྟར་དུ་ཆགས། །དེ་ལྟར་གནས་པས་ཞི་བ་ཉིད་རྙེད་ནས། །འགྱུ་ཐོག་རང་གྲོལ་ལྷག་མཐོང་རྩལ་གྱིས་ཟིན། །གནས་འགྱུ་དབྱེར་མེད་རྩེ་གཅིག་ངོ་བོ་མཐོང་། །དེ་ལ་བར་མ་ཆད་པར་ཉམས་བླངས་པས། །རིམ་བཞིན་གོམས་ཐོབ་རྟེན་ལ་ཆེ་འབྲིང་ཆུང་། །བསྒྲོད་དེ་དེ་ལ་མདོ་ཕྱོགས་ས་ལམ་དང་། །མཐུན་པར་སྦྱོར་ན་ཚོགས་དང་སྦྱོར་ལམ་གྱིས། །ངེས་འབྱེད་བཞི་དང་མཐུན་པར་གོང་མས་གསུངས། །དེ་ཡང་རྩེ་གཅིག་ཞེས་དོན་སེམས་གནས་པ། །ཐུན་ཐུབ་ངང་དུ་འགྱུར་རྩལ་འགག་མེད་ཆ། །ཤར་བ་རང་ངོ་ཤེས་ཤིང་སྣང་བ་སེམས། །ཉམས་མྱོང་རྣལ་མ་རྒྱུད་ལ་འབྱོར་བས་གྲགས། །དེ་བས་དེང་སང་ཁ་ཅིག་ཞི་གནས་པ། །འཐུག་ལྡིང་བློས་བྱས་གོ་བའི་ཚིག་ཙམ་ལས། །འགྱུ་བ་ཕྲ་རགས་ངོ་མ་མཐོང་བ་ཡི། །རྩེ་གཅིག་ངོ་སྤྲོད་འདི་ནི་བདག་བློ་ཚོམ། །གཞན་ཡང་རྣམ་རྟོག་རྗེས་དེད་གཟུང་འཛིན་གྱིས། །ཕྲ་རགས་ངོ་མཐོང་རློམ་ནས་འཁྲུལ་སྣང་གི །འཕྲེང་རྒྱུན་སྐོར་ལ་ལྷག་མཐོང་འདོད་པ་ནི། །གྲུབ་ཐོབ་གོང་མའི་གསུང་དང་རྒྱབ་གྱེས་མངོན། །དེ་ལ་སོགས་ཏེ་འདྲ་མིན་ནོར་གོལ་ས། །འགའ་ལ་ཞེན་པ་དེང་སང་མང་མཐོང་ཡང་། །རང་སྐྱོན་མ་དག་གཞན་སྐྱོན་བརྗོད་ནུས་མིན། །དེ་བས་བཏང་སྙོམས་ཉེར་བཞག་རྒྱལ་བས་གནང་། །
ཀྱེ་ཧོ། རྩེ་གཅིག་རྣལ་འབྱོར་ཞེས་གྲགས་དེ་ཉིད་ནི། །མཚོན་བྲལ་དཔེ་མེད་རང་བྱུང་ཡེ་ཤེས་ཁམས། །རྣམ་རྟོག་འཁྲུལ་སྣང་དྲི་མ་གློ་བུར་གྱིས། །རིང་པོར་སྒྲིབས་ཏེ་དེ་རིང་བླ་མའི་དྲིན། །དྲི་མ་དག་པ་ཅུང་ཟད་ཕྱིས་པའི་མཐུས། །རང་ངོ་རང་མཐོང་ཡིད་བཞིན་ནོར་བུ་དེ། །རང་ལ་ཡོད་པ་དེང་དུས་ཤེས་བྱུང་སྟེ། །དབུལ་མོའི་གཏེར་རྙེད་ལྟ་བུའི་་་་་་༼འདི་ནས་མ་དཔེ་ལྡེབས་མ་གཅིག་ཆད༽