རིམ་ཁང་དང་པོ། བྱུང་ཚུལ་གཏན་ལ་འབབ་པ།
༄༅། །ཡཱ ན གྲ ར ཏྣ ཀོ ཥ ནཱ མ བི ཛ ཧཱ ར མ྄།
༄༅། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས་སོ། །
༄༅། །རྒྱ་གར་སྐད་དུ། ཡཱ་ན་ཨ་གྲ་རཏྣ་ཀོ་ཥ་ནཱ་མ། བོད་སྐད་དུ། ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ཕུན་སུམ་ཚོགས་ལྔ་མངའ་དབང་རྫོགས་པའི་ཀུན་ཏུ་བཟང་། །རྒྱལ་ཚབ་རིགས་ལྔ་གངས་ཆེན་མཚོ་དེ་དེད་དཔོན་དམ་པའི་སྟོན་པར་བཅས། །རིག་འཛིན་རྣམ་ལྔ་སྙན་བརྒྱུད་ཚོགས་གང་ལྷར་བཅས་འཇིག་རྟེན་གསུམ་གྱི་རྒྱན། །དཔལ་ལྡན་བཀྲ་ཤིས་བདེ་ལེགས་མཛད་དེ་ཀུན་ནས་དགའ་བའི་གཙུག་གིས་མཆོད། །གདོད་ནས་རྣམ་དག་སྤྲོས་ཀུན་ཞི་བའི་མཁའ་ལ་ཉེ་བར་མཛེས་པ་གང་། །རང་བཞིན་(༢)རྟག་བཞུགས་འོད་གསལ་རྟ་བདུན་སྐུ་གསུམ་ཡོན་ཏན་རྣམ་འགྲོས་ཅན། །སྲིད་ཞིར་མི་གནས་ཀུན་ལ་རྗེས་ཞུགས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །རྣམ་ཀུན་མཆོག་ལྡན་རྡོ་རྗེ་རྩེ་མོ་བདེ་གཤེགས་སྙིང་པོ་དེ་ལ་འདུད། །ཆོས་ཚུལ་ཉི་མ་དྲི་མེད་རྒྱ་ཆེ་དཔག་ཡས་ནམ་མཁའི་རྒྱན་གྱུར་ལས། །བླ་མེད་རབ་གསང་རྡོ་རྗེའི་ཐེག་པ་ཀུན་ལས་འཕགས་སོ་ནོར་བུའི་དཔལ། །དེ་དག་ནང་ནས་ཆེས་མཆོག་དམ་པ་རང་བཞིན་རྫོགས་པ་ཆེན་པོའི་རྩེ། །མངོན་སུམ་སྙིང་པོའི་དེ་ཉིད་མཚོན་དེས་དེ་རིང་བདག་བློའི་པད་མཚོར་སྐྱོངས། །བསྟན་པ་རྒྱ་མཚོ་ཆུ་སྲིན་འཛིན་ཁྲིའི་གནས། །ཀུན་ལས་མཆོག་གྱུར་རྡོ་རྗེ་སྙིང་པོའི་དབྱིངས། །ཟབ་ཅིང་རྒྱ་ཆེའི་གནས་རྣམས་གསལ་བྱེད་པ། །ཐེག་མཆོག་རིན་ཆེན་མཛོད་ཀྱི་རྣམ་བཤད་བྱ། །
གང་གི་ཚེ་ཆོས་ཀྱི་སྐུའི་བདུད་རྩི་བརྙེས་ནས། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་མངོན་དུ་གྱུར་ཏེ། ཆོས་ཀྱི་ཚུལ་རྒྱ་མཚོ་གསུངས་པ་དག་ཀྱང་སྟོན་པ་དང་། གནས་དང་། བསྟན་པའི་དབང་གིས་རྣམ་པ་གསུམ་དུ་རིགས་བསྡུ་བས་རྣམ་པར་གཞག་པ་ནི། གནས་ཕུན་སུམ་ཚོགས་པ་ཆོས་ཉིད་འོད་གསལ་གྱི་གཞི། སུས་ཀྱང་མངོན་པར་འདུས་མ་བྱས་པའི་ཡོན་ཏན་བཀོད་པ་ལས་རང་སྣང་བ་ལྷུན་གྲུབ་རིན་པོ་ཆེའི་ཞིང་ཁམས་ན། སྟོན་པ་ཕུན་སུམ་ཚོགས་པ་མངའ་དབང་རྫོགས་པའི་རྒྱལ་བ་ཀུན་ཏུ་བཟང་པོ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་དང་ལྷན་ཅིག །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་ཏེ། བསྟན་པ་རྒྱུ་(༣)འབྲས་བྱ་རྩོལ་ལས་འདས་པ་ཆོས་ཀྱི་སྐུའི་རང་བཞིན། ཆོས་ཉིད་བྱ་རྩོལ་ལས་འདས་པའི་དུས། ནང་གསལ་ཕྲ་བའི་ཡེ་ཤེས་སུ་གདོད་མའི་དབྱིངས་ན་བཞུགས་པའོ། །དེ་ཉིད་ཀྱི་ངང་ངམ་བྱིན་རླབས་ལས་རང་སྣང་སྟུག་པོ་བཀོད་པའི་ཞིང་ཁམས། ཕྱིར་གསལ་འོད་ལྔས་བརྒྱན་པ་ནང་རིགས་ལྔ་སོ་སོའི་སྟོན་པ་རང་སྣང་དཀྱིལ་འཁོར་གྱི་རོལ་པར་ཤར་བ་ན། བསྟན་པ་ཆོས་ཉིད་འོད་གསལ་རྫོགས་པ་ཆེན་པོ་རང་སྣང་ལྷུན་གྱིས་གྲུབ་པའི་དུས་ན། རང་ཆས་ཡེ་ཤེས་ཆེན་པོར་བཞུགས་ཏེ། ལས་དག་པའི་གདུལ་བྱ་རྣམས་ཀྱི་ཡང་སྤྱོད་ཡུལ་ལས་འདས་པ་རང་སྣང་བའོ། །དེ་ཉིད་ཀྱི་རྩལ་ལམ་བྱིན་རླབས་ལས་མཚན་རྫོགས་རྡོ་རྗེ་འཆང་གི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པར་སྟོན་པ་དྲུག་པ་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་སྐུའི་རྣམ་པར་བཞེངས་ཏེ། འཁོར་ཕུན་སུམ་ཚོགས་པ་ས་ལ་གནས་པ་དང་། རིག་པ་འཛིན་པ་དང་། མཁའ་འགྲོ་མ་དང་། གྲུབ་པ་དང་། རང་སྣང་ཡོངས་སུ་བཀོད་པའི་ཚོགས་ལ་བསམ་གྱིས་མི་ཁྱབ་པའི་དུས་ན་ཆོས་ཕུན་སུམ་ཚོགས་པ་འབྲས་བུ་རྡོ་རྗེའི་ཐེག་པ་རྒྱུད་སྡེ་རྒྱ་མཚོ་ཇི་སྙེད་གསུངས་པར་མཛད་པ་དང་། གནས་ཕུན་སུམ་ཚོགས་པ་འགྲོ་དྲུག་རང་སྣང་ལ་སྣང་བ་སོ་སོ་ན། སྟོན་པ་ཕུན་སུམ་ཚོགས་པ་སྤྲུལ་པའི་སྐུ་གང་ལ་གང་འདུལ་གྱི་རྣམ་པས་དེད་དཔོན་དམ་པའི་རྣམ་པར་ཤར་ཏེ། ལས་དང་སྨོན་ལམ་དག་པའི་དུས་ན་ཆོས་ཕུན་སུམ་ཚོགས་པ་མདོ་སྡེ་དང་། འདུལ་བ་དང་། མངོན་པའི་སྡེ་སྣོད་ཐེག་པ་སྣ་ཚོགས་སུ་སྟོན་པར་སྣང་བའོ། །དེ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་ནི་འབྲས་བུ་རྡོ་རྗེའི་ཐེག་པར་འཇུག་པའི་རྒྱུ་དང་ཐབས་སུ་བསྟན་ཞིང་། གསང་སྔགས་རྡོ་རྗེའི་ཐེག་པ་ཡོངས་སུ་རྫོགས་པའི་རྩེ་མོའམ་འབྲས་བུ་དམ་པ་ནི་རང་བཞིན་རྫོགས་པ་ཆེན་པོ་བླ་ན་མེད་པའི་ཐེག་པ་ཡིན་ལ། དེའི་གནས་ངེས་པ་ནི་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པ་ཆེན་པོ་རྡོ་རྗེའི་གནས་ངོ་མཚར་རྨད་དུ་བྱུང་བའི་བདག་ཉིད་དོ། །དེ་ལྟར་གསང་བ་རྒྱལ་པོའི་མཛོད་ལས། གདོད་མའི་མགོན་པོ་མངོན་པར་བྱང་ཆུབ་ནས་ཞིང་ཁམས་ཇི་ལྟར་བཀོད་པའི་ཚུལ་རྒྱ་མཚོ་དང་། ཞིང་འདིར་རྡོ་རྗེ་འཆང་གི་རྣམ་པར་འཕྲུལ་པས་ཞི་བ་བརྙེས་པའི་ཚུལ་དང་། སྤྲུལ་པའི་སྐུ་སྤྲོས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ལས། དང་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་མ་ཕྱེ་མི་འབྱེད་འབྱེད་པ་མེད་པ་ཀུན་གྱི་སྔོན་རོལ་དུ། མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཉིད། དབྱིངས་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་ཏེ། གཞི་ལས་འཕགས་པའི་སྐད་ཅིག་ལ་རང་སྣང་དུ་ངོ་ཤེས་པས་རང་བྱུང་གི་ཆོས་གསུམ་གྱིས་ལྷུན་གྲུབ་རིན་པོ་ཆེའི་སྦུབས། གདོད་མའི་ཟད་ས་ཀ་(༤)དག་ཆེན་པོ། གཞོན་ནུ་བུམ་པ་སྐུའི་ཞིང་ལ་བཙན་ས་ཟིན་ཏེ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ནས་ཆོས་ཀྱི་སྐུའི་རང་བཞིན་དུ་སངས་རྒྱས་ཏེ་ནང་གསལ་དུ་བཞུགས་སོ། །དེའི་རྩལ་ལམ་བྱིན་རླབས་ལས་ཡེ་ཤེས་ལྔས་གདལ་བའི་ཞིང་ཁམས་རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པའི་དཀྱིལ་འཁོར་ནམ་མཁའི་མཐས་ཀླས་པ་རིགས་ལྔ་སོ་སོར་རང་སྣང་དུ་བཀོད་དེ་གདུལ་བྱའི་ཡུལ་ལས་འདས་པར་བཞུགས་སོ། །དེ་ནས་རིང་ཞིག་ན་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་བའི་རྩལ་ལས་འགྲོ་བ་རྨི་ལམ་དང་འདྲ་བ་འཁྲུལ་རྒྱུ་མེད་བཞིན་དུ་འཁྲུལ་པ་ལྟར་སྣང་བ་རྣམས་གཡོ་བར་གཟིགས་ནས། བརྩེ་བའི་ཐུགས་རྗེ་སྐྱེས་ཏེ་འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པ་ནི། རང་སྣང་ལོངས་སྤྱོད་རྫོགས་པ་སྐུའི་སྣང་ཆ་ལས་རིགས་ལྔའི་རྒྱལ་བ་གངས་ཆེན་མཚོའི་སྐུ་ནམ་མཁའི་མཐས་ཀླས་པར་བཀོད་པ་རྣམས་ཀྱི། ཕྱག་རྒྱ་རིན་པོ་ཆེའི་འཁོར་ལོ་དང་། རྡོ་རྗེ་དང་། ནོར་བུ་དང་། པདྨ་དང་། རྒྱ་གྲམ་དུ་སྣང་བའི་ཁོང་གསེང་ལས་པདྨ་འཁྲུངས་པའི་སྟེང་གི་ཆ་ལ་ཞིང་ཁམས་ཉི་ཤུ་རྩ་ལྔ་དང་། བ་སྤུའི་ཁུང་རྣམས་ལས་སྤོས་ཆུའི་རྒྱུན་གངས་ཆེན་མཚོར་འབབ་པའི་དབྱིངས་ན། ས་དང་། ཆུ་དང་། མེ་དང་། རླུང་གི་རྡུལ་ཕྲ་བ་སྙེད་ཇི་སྙེད་པའི་གོ་ཐམས་ཅད་ན། སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། འགྲོ་བའི་ལས་ཀྱི་ཞིང་ཁམས་ཐ་དད་པ། ཟླུམ་པོ་དང་། གྲུ་བཞི་པ་དང་། ནར་མོ་དང་། ཟླ་གམ་ལ་སོགས་པ་གཟུགས་དང་བཀོད་པ་ཚད་མེད་བསམ་གྱིས་མི་ཁྱབ་པ་སྣང་བར་མཛད་པ་ནི། ནམ་མཁས་གང་དུ་ཁྱབ་པ་དེ་ཙམ་དུ་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་དང་། དེ་དག་ལས་ཤར་བའི་ཞིང་ཁམས་ཀྱིས་ཁྱབ་པར་མཛད་ནས། རྟག་པ་རྒྱུན་གྱི་འཁོར་མོར་འགྲོ་བའི་དོན་མཛད་པ་ནི། ཐོག་མའི་ཀུན་ཏུ་བཟང་པོ་གཅིག་གི་གདུལ་ཞིང་དང་མཛད་པ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་ལྟར་རྒྱ་ཆེ་ཞིང་། ཐོག་མའི་དུས་འདི་ཙམ་ཞིག་ནས་བྱུང་ངོ་ཞེས་ལོ་དང་བསྐལ་པ་ཞིང་གི་རྡུལ་རྒྱ་མཚོས་དཔག་པར་མི་ནུས་ཤིང་། མཐར་གྱིས་མཛད་པ་འདི་ཙམ་ན་རྫོགས་སོ་ཞེས་ཕྱི་མའི་མཐའ་གཞལ་བར་མི་ནུས་པས། མི་གཡོ་ལྷུན་གྲུབ་ཆེན་པོའི་ཞིང་ཁམས་རྒྱ་མཚོའི་སྙིང་པོ་ཅན་ན། རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་འཁོར་འདས་ཀུན་གྱི་བླ་མར་ཐོག་མ་མེད་པའི་དུས་སུ་བྱོན་ནས། སྐུ་གསུམ་གྱི་སྣང་བ་ལ་ཞིང་ཁམས་མི་འདྲ་བ་གསུམ་དུ་བཀོད་པ་ནི། ཆོས་ཀྱི་སྐུའི་དུས་ན། འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཞེས་བྱ། རང་སྣང་ལོངས་སྤྱོད་རྫོགས་པ་སྐུའི་དུས་ན་ཚངས་པ་རྔ་སྒྲའི་ཞིང་ཁམས་ཞེས་བྱ། སྤྲུལ་པ་སྐུའི་དུས་ན་ཚངས་ཆེན་གྱི་བསྐལ་པའམ་ཞིང་ཁམས་ཞེས་བྱའོ། །འདིའི་གོ་ན་ཀུན་ཏུ་བཟང་པོ་ཉིད་ཀྱིས་སྤྲུལ་པའི་སངས་རྒྱས་དང་། དེས་བྱིན་གྱིས་བརླབས་པས་སངས་རྒྱས་པའི་སྟོན་པ་དུས་(༥)གསུམ་དུ་གཤེགས་པ་རྣམས་དང་། སེམས་ཅན་གྱི་ཁམས་ཐམས་ཅད་ཡོད་དེ། གདུལ་ཞིང་ཤིན་ཏུ་རྒྱ་ཆེ་བ་ཉིད་དོ། །དེའང་ས་ཆུ་མེ་རླུང་ནམ་མཁས་གར་ཁྱབ་ཐམས་ཅད་ཚངས་ཆེན་གྱི་བསྐལ་པའི་ཁོངས་སུ་འདུ་ལ། དེ་ན་སེམས་ཅན་གྱི་འཁྲུལ་སྣང་ལ་རྡུལ་ཕྲན་རེའི་གོ་ནའང་ཞིང་ཁམས་གྲངས་མེད་ཚད་ལས་འདས་པ་སྣང་བ་ན། ལས་དག་པའི་སྣང་བ་ལ་སངས་རྒྱས་ཀྱི་མཛད་པ་ཆེན་པོ་སྣ་ཚོགས་སུ་སྣང་ཞིང་། སླར་མྱ་ངན་ལས་འདས་པ་དང་། བསྟན་པ་གནས་པ་དང་། ལམ་བསྒྲུབ་པ་ལ་སོགས་པ་མཐོ་རིས་དང་ཐར་པའི་བདེ་འབྲས་སྤྱོད་ལ་མ་དག་པ་རྣམས་ལ་བསྟན་པ་ནུབ་པ་དང་། ངན་སོང་དུ་སྣང་བ་དང་། བསྐལ་པ་འཇིག་པ་ལ་སོགས་པ་བདེ་སྡུག་གི་སྣང་བ་སྣ་ཚོགས་ལ་སྤྱོད་པ་ནི། རྨི་ལམ་ལྟ་བུའོ། །དེ་ལྟར་རྡུལ་ཕྲན་རེའི་གོ་ནའང་རི་དང་གླིང་ལ་སོགས་པའི་ཞིང་ཁམས་ཆེན་པོར་སྣང་བ་ནི། འགྲོ་བའི་འཁྲུལ་སྣང་སྟེ་དོན་ལ་མེད་པ་གསལ་སྣང་ཡིན་པས་འཐད་པ་ཡིན་ནོ། །ཇི་སྐད་དུ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སྐྲ་རྩེའི་ཁྱོན་ལའང་སངས་རྒྱས་མང་པོ་ནི། །གངྒཱའི་ཀླུང་གི་བྱེ་མ་ཅི་ཡོད་སྙེད། །རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་བསྐལ་མི་མཉམ། །སྐྲ་ཡི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་བཞུགས། །འདྲེས་པ་མེད་ཅིང་གནོད་པར་གྱུར་པ་མེད། །དེ་དག་གནས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚོ་དང་ལྟེང་ཀ་རྣམས། །འདྲེས་པ་མེད་ཅིང་གནོད་པར་འགྱུར་མེད་དེ། །དེ་ལྟར་རྒྱལ་བའི་ཆོས་ནི་བསམ་མི་ཁྱབ། །དེ་ཡི་གནས་སུ་རི་བོ་དུ་མ་སྟེ། །ཁོ་ར་ཁོར་ཡུག་ལྷུན་པོ་རབ་ལྷུན་དང་། །བཏང་ཟུང་དང་ནི་བཏང་ཟུང་ཆེན་པོ་དང་། །འབིགས་བྱེད་བྱ་རྒོད་ཕུང་པོ་གངས་ཀྱི་རི། །གནས་དེར་སེམས་ཅན་དམྱལ་བ་མི་བཟད་པ། །ཚ་དང་རབ་ཏུ་ཚ་བ་ཉམས་མི་དགའ། །དེ་ན་སེམས་ཅན་དམྱལ་བའི་ཚོར་བ་ནི། །སྡུག་བསྔལ་དེ་དག་རྗེས་སུ་མྱོང་བར་བྱེད། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་ཁང་། །དེ་དག་དཔག་ཚད་བཅུ་གཉིས་ཉམས་དགའ་བ། །ལྷ་རྣམས་སྟོང་ཕྲག་མང་པོ་དག་གིས་ཀྱང་། །ལྷ་ཡི་དགའ་བས་ཤིན་ཏུ་བདེ་བ་མྱོང་། །དེ་ཡི་གནས་སུ་སངས་རྒྱས་རྣམས་བཀྱེ་ཞིང་། །འཇིག་རྟེན་རིག་པའི་བསྟན་པ་འབར་བར་སྣང་། །དེ་ཡི་གནས་ཉིད་ན་ཡང་ཆོས་ནུབ་ཅིང་། །འདྲེན་པ་མྱ་ངན་འདས་པའི་སྒྲ་ཡང་ཐོས། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །འདོད་པའི་ཡོན་ཏན་དག་ལ་དགའ་མྱོས་ནས། །ཕྱིར་སད་ནས་ཀྱང་དེ་ཡི་འདོད་མ་མཐོང་། །དེ་ནི་རྨི་ལམ་ཡིན་པ་དེ་ཡིས་ཤེས། །དེ་བཞིན་མཐོང་ཐོས་རིག་དང་བྱེ་བྲག་ཕྱེད། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། །ཞེས་སོ། །དེ་ལྟར་རྡུལ་གཅིག་(༦)གི་གོ་སའི་འཇིག་རྟེན་དེ་ན་སྣང་བའི་རྡུལ་ཕྲ་བ་ལའང་སེམས་ཅན་གྱི་ཞིང་དང་བཀོད་པ་ཚད་མེད་དེ། སངས་རྒྱས་ཀྱི་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་ནི་ཆེས་ཉུང་གིས། ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་སེམས་ཅན་མཐོང་བ་ནི་དེ་བས་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི་ཉན་ཐོས་རྣམ་པར་ཐར་པ་བརྒྱད་ལས། བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བརྒྱད་ལས་བསམ་གཏན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་བས་ནི། དེ་བཞིན་གཤེགས་པའི་སྤྱན་གྱིས་ཤིང་རྟའི་འཕང་ལོ་ཙམ་གྱིས་སའི་ཁྱོན་ལ་གཟིགས་པ་ཆེས་མང་ངོ་ཞེས་གསུངས་སོ། །དེ་ལྟར་ན་ནམ་མཁས་གར་ཁྱབ་ཀྱི་གནས་ན་སེམས་ཅན་གྱིས་ཁྱབ་ལ། དེ་དག་ལ་སངས་རྒྱས་ཀྱི་སྤྲུལ་པས་ཁྱབ་ནས་དོན་མཛད་པ་ཐམས་ཅད་ཀྱང་། ལ་ལ་ནི་སྟོན་པ་ཀུན་ཏུ་བཟང་པོའི་སྤྲུལ་པས་དངོས་སུ་དོན་མཛད་ལ། ལ་ལར་རྒྱུད་གཞན་གྱིས་བསྡུས་པའི་སངས་རྒྱས་ཀྱིས་དོན་མཛད་པ་དེ་དག་ཀྱང་། དང་པོ་ཀུན་ཏུ་བཟང་པོས་ལམ་བསྟན་ནས་སེམས་བསྐྱེད་དུ་བཅུག་པ་ལས་བྱུང་བས། ཀུན་ཏུ་བཟང་པོས་བརྒྱུད་ནས་དོན་མཛད་པ་ཞེས་བྱའོ། །འདི་དག་བསྟན་བཅོས་འགའ་ཞིག་ཏུ། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཞེས་འབྱུང་བའི་གོ་རིམ་གྱི་དགོངས་པ་ཡིན་ནོ། །
གཉིས་པ་ཞིང་འདིར་རྡོ་རྗེ་འཆང་གིས་ཞི་བ་བརྙེས་པའི་ཚུལ་ལ། ཁ་ཅིག་ཐོག་མའི་མགོན་པོ་ལས། རྒྱུད་ཐ་དད་པའི་སེམས་ཅན་གྱིས་སེམས་བསྐྱེད་པ་ཡིན་ནོ་ཞེས་འདོད་པ་ནི་མི་རིགས་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། དང་པོའི་རྒྱལ་བ་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །ཞེས་པ་དང་། འདི་ནི་སྟོན་པ་རྡོ་རྗེ་འཆང་། །སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་ཞིང་འདིའི་འགྲོ་བའི་དོན་དུ་ཐོག་མའི་དུས་སུ་ཀུན་ཏུ་བཟང་པོ་ཉིད་ཀྱི་རྣམ་འཕྲུལ་གྱིས་སོ་སོ་སྐྱེ་བོས་སེམས་བསྐྱེད་པ་ལྟར་བསྟན་ནས་སངས་རྒྱས་པའི་ཚུལ་དང་མཛད་པ་རྒྱ་ཆེན་པོའི་རོལ་པ་བཀྱེ་བ་ཡིན་ནོ། །འདི་ལྟ་བུའི་ཚུལ་ནི་ཐུན་མོང་གི་མདོ་སྡེ་དག་ལས་ཀྱང་གྲགས་ཏེ། ཡབ་སྲས་མཇལ་བ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་པ་དང་། ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་། །(༧)སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོ་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཞེས་གསུངས་པ་བཞིན་ནོ། །དེའི་ཕྱིར་ཐོག་མའི་མགོན་པོས་ཞིང་འདི་གདུལ་བར་དགོངས་ནས་རྣམ་པར་འཕྲུལ་པས་སེམས་བསྐྱེད་པའི་ཚུལ་བསྟན་པ་དེ་ཡང་། བསྐལ་པ་བཟང་པོ་འདི་ལ་ལྟོས་ནས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཞིང་ཁམས་རང་བཞིན་རྣམ་པར་བཀོད་པ་ཞེས་བྱ་བར། སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོ་ལ་གསེར་གྱི་རྡོ་རྗེ་གཅིག་ཕུལ་ནས་ཐུགས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །དེ་ནས་སྐྱེ་བ་གཉིས་ན་བྱང་ཕྱོགས་རླུང་གི་གཡོ་བ་བཀོད་པ་ཞེས་བྱ་བར་ཁྱིམ་བདག་ལེགས་སྦྱིན་གྱི་སྲས་ནོར་བུའི་ཕྲེང་བ་ཞེས་བྱ་བར་གྱུར་ནས། སངས་རྒྱས་འཁོར་ལོ་ལེགས་པར་སྤྱོད་པའི་ཉེ་དྲུང་དུ་འཁོད་དེ་ཆོས་ཉན་ཏོ། །དེ་ནས་ཤི་འཕོས་ནས་བདེ་བས་མྱོས་པའི་གླིང་དུ་གློག་གི་འོད་ཅེས་བྱ་བའི་སྲས་སུ་འཁྲུངས་ཏེ་བྲམ་ཟེའི་ཁྱེའུ་ལེགས་བྱིན་ཞེས་བྱའོ། །དེའི་ཚེ་སངས་རྒྱས་དགེ་བའི་བློ་གྲོས་ལ་ལོ་ལྔའི་བར་དུ་ཆོས་ཉན་ཅིང་ལོ་བདུན་དུ་ཏིང་ངེ་འཛིན་རྩེ་གཅིག་ལ་མཉམ་པར་བཞག་ནས། ལོ་བདུན་ཅུ་རྩ་ལྔ་ན་ནོར་བུ་རིན་པོ་ཆེའི་ཕུང་པོ་རྣམ་པར་བཀོད་པ་ཞེས་བྱ་བའི་རིའི་རྩེ་མོ་ལ་མངོན་པར་རྫོགས་པར་སངས་རྒྱ་བའི་ཚུལ་བསྟན་ནས། ཆོས་ཀྱི་སྐུའི་དགོངས་པ་ལ་བསྐལ་པ་ཆེན་པོ་གཅིག་ཏུ་བཞུགས་པ་ལས། རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རྒྱན་དང་ཁ་དོག་གི་འཁོར་ལོར་རང་བྱོན་ནོ། །འོད་ཟེར་གྱི་འཕྲོ་འདུ་ལས་མཛད་པ་སུམ་ཅུ་རྩ་དྲུག་གི་རྒྱུད་རང་བྱུང་ཞིང་། གནས་པ་འོད་ཀྱི་ཐིག་ལེ་ལས་གནས་ཕུན་སུམ་ཚོགས་པ་དྲུག་ཅུར་གནས་ཤིང་། སངས་རྒྱས་ཀྱི་སྐུ་འབུམ་ཕྲག་ཁྲག་ཁྲིག་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ལང་བ་རྣམས་རང་སྣང་ཞིང་། རིགས་ལྔའི་སངས་རྒྱས་སུ་སྣང་བ་དག་གི་ལྗགས་ཀྱི་དབང་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་ཐམས་ཅད་ཀྱང་རང་བྱུང་གི་ཡི་གེ་དྲུག་གི་སྒྲར་གྲགས་པས་མཛད་པ་མེད་པའི་ཐུགས་རྗེ་ཕྱོགས་བཅུར་འཕྲོས་སོ། །དེ་ཉིད་ཀྱི་ངང་ལས་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་གཙོ་འཁོར་དང་བཅས་པ་གྲངས་མེད་པ་ཆོས་ཉིད་ཀུན་ཏུ་བཟང་པོའི་ལོངས་སྤྱོད་དུ་འདུས་པ་དང་། རྫོགས་པ་ཆེན་པོའི་སྐུར་འོད་འབར་རོ། །དེ་བཞིན་དུ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་ལ་སོགས་པ་སོ་སོའི་དཀྱིལ་འཁོར་དང་བཅས་པ་གྲངས་མེད་བརྗོད་དུ་མེད་པ་དང་བཅས་པ། ཉིད་ཀྱི་ལོངས་སྤྱོད་དུ་འདུས་ཤིང་རྫོགས་པ་ཆེན་པོའི་སྐུར་འོད་འབར་རོ། །དེའི་ཚེ་འོད་ཁྱིམ་རྣམ་པར་དག་པ་ཤིན་ཏུ་བཀོད་ལེགས་པའི་གནས་ཁང་བུ་བརྩེགས་པ་ན། སྟོན་པ་རྣམ་པར་དག་པ་རང་ཤེས་རིག་པའི་རྒྱལ་པོ་རྣམ་པར་སྣང་མཛད་གངས་ཆེན་(༨)མཚོ་ཞེས་བྱ་བ། དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཏུ་བྱུང་སྟེ། སྐུ་གསུང་ཐུགས་བྱས་པ་མེད་པའི་བསྟན་པ་རིན་པོ་ཆེའི་ངང་ལས་མི་གཡོ། མི་འབྱུང་། མི་གནས། མི་ལེན། མི་འདོར། མི་བསྐྱོད་པ་ཉིད་དུ་རང་བྱུང་ངོ་། །དེའི་ཚེ་གདུལ་བྱ་མ་ཡིན་འདུལ་བྱེད་རིན་པོ་ཆེ་མཛེས་པའི་འཁོར་ཚོམ་བུ་འབུམ་ཕྲག་གྲངས་མེད་པ་ཡང་། ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། འཕྲིན་ལས་ཉིད་ལས་འཕྲོ་ཞིང་འདུས་སོ། །དེ་ལྟར་སྣང་བ་ཀུན་ཀྱང་སྟེང་དང་། འོག་དང་། ཕྱོགས་བཅུའི་འཇིག་རྟེན་མ་ཡིན་ཞིང་། ཐམས་ཅད་ཀྱང་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་རང་སྣང་རྣམ་པར་དག་པ་རང་ཤར་བའི་སངས་རྒྱས་ཀྱི་ཞིང་ཁམས་དག་པར་གསལ་བར་གྱུར་ཏོ། །དེ་ཉིད་ཀྱི་སྣང་ཆ་ལས་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་སྐུར་བྱུང་བ་ནི། སེམས་བསྐྱེད་པའི་རྟེན་དུ་རྡོ་རྗེ་ཕུལ་བ་ལས་བྱུང་བའོ། །དེ་ཡང་བསོད་ནམས་རྣམ་པར་དག་པས་སྐུ་སྣང་ལ་རང་བཞིན་མེད་པ། བསགས་པ་རྣམ་པར་དག་པས། ཐུགས་ཀྱི་ཤེས་རབ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ལ་སྤྱོད་པའོ། །དེ་ལྟར་ཆོས་ཀྱི་སྐུའི་དུས་ན་གནས་ཆོས་ཀྱི་དབྱིངས་དམིགས་བསམ་རྣམ་པར་དག་པ་ན། སྟོན་པ་ཀུན་ཏུ་བཟང་པོ་རང་བཞིན་གྱི་མཛད་པ་མ་ལུས་པ་རྫོགས་པར་མཛད་ཅིང་བཞུགས་པ་ཡང་། འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་དཔག་ཏུ་མེད་པ་རྣམས་དང་ལྷན་ཅིག་བསྟན་པ་དངོས་རང་བཞིན་རྫོགས་པ་ཆེན་པོ་ཆོས་ཉིད་ཀྱི་རྡོ་རྗེ་སུས་ཀྱང་འདུས་མ་བྱས་པ་ཉིད། དུས་ཆོས་ཉིད་ལ་མཐོང་བ་རྣམ་པར་དག་པའི་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ལྔར་བཞུགས་སོ། །
འདིའི་དུས་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་སུམ་ཅུ་རྩ་དྲུག་ལས། སྐུའི་ཕྱིའི་མཛད་པ་བཞི་ནི། མི་འགྱུར་བ་དང་། མི་འོང་བ་དང་། མི་འགྲོ་བ་དང་། མི་གནས་པ་ཉིད་དོ། །ནང་གི་བཞི་ནི། མི་སྣང་བ་དང་། མི་མཛད་པ་དང་། མི་འཕྲོ་བ་དང་། མི་འདུ་བའོ། །གསང་བའི་བཞི་ནི། ལྷང་ངེ་བ་དང་། ལྷན་ནེ་བ་དང་། ལྷག་གེ་བ་དང་། ཐལ་ལེ་བའོ། །
གསུང་གི་ཕྱིའི་མཛད་པ་བཞི་ནི། བརྗོད་དུ་མེད་པ་དང་། བསྟན་དུ་མེད་པ་དང་། བལྟར་མེད་པ་དང་། ཅུང་ཟད་མེད་པའོ། །ནང་གི་བཞི་ནི། རང་བཞིན་དུ་དང་། གྱི་ན་འདའ་དང་། ཡུལ་ཅན་མ་ཡིན་པ་དང་། དུ་མ་མེད་པའོ། །གསང་བའི་བཞི་ནི། སོ་མ་དང་། གཉུག་མ་དང་། རྣལ་མ་དང་། མ་བཅོས་པའོ། །
ཐུགས་ཀྱི་ཕྱིའི་མཛད་པ་བཞི་ནི། དྲི་མ་མེད་པའི་ཏིང་ངེ་འཛིན་དང་། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ཡིད་བཞིན་གྱི་ནོར་བུའི་ཏོག་གི་ཏིང་ངེ་འཛིན་ནོ། །ནང་གི་བཞི་ནི། རྒྱལ་མཚན་གྱི་རྩེ་མོ་རྣམ་པར་རོལ་པ་དང་། གློག་གི་ཕྲེང་བ་དང་། འཁོར་ལོ་(༩)ཆེན་པོ་དང་། འོད་འབར་བའི་ཏིང་ངེ་འཛིན་ནོ། །གསང་བའི་བཞི་ནི། ཕྱག་རྒྱ་ཟིལ་གྱིས་གནོན་པ་དང་། འབར་ཆེན་མཉམ་པ་དང་། ཆོས་ཉིད་སྣ་ཚོགས་པ་དང་། རྣམ་པར་བཀོད་པ་རང་སྣང་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །དེ་དག་ཀྱང་དོན་བྱ་བྱེད་ཀྱི་མཛད་པ་ནི་མ་ཡིན་གྱི། ཡོན་ཏན་གྱི་ངོ་བོ་དང་རྩལ་དུ་ཤར་བའི་ཆར་གྱུར་པས་མཛད་པ་ཞེས་བྱའོ། །
དེ་ནས་ལོངས་སྤྱོད་རྫོགས་པའི་སྐུར་རང་བྱོན་ཏེ། སྔར་གྱི་སྣང་བ་དང་ཐུགས་རྗེའི་འཆར་ཚུལ་མ་འགགས་པའི་རྩལ་གྱི་རོལ་པ་ལས། གནས་རྣམ་དག་སྟུག་པོ་བཀོད་པར། སྟོན་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་མཉམ་གཞག་གི་ཕྱག་མཐིལ་ནས་པདྨའི་སྡོང་པོ་འཁྲུངས་པའི་འདབ་མ་དང་ཕྲུམ་ཕྲུམ་རྣམས་ཀྱི་སྟེང་ན་ཞིང་ཁམས་ཉི་ཤུ་རྩ་ལྔ་རེ་བརྩེགས་མར་གནས་པའི་སྣང་བ་རྣམས་ཁ་དོག་དང་རྣམ་པ་ཐ་དད་ཆུ་ཟླ་འདྲ་བ་ལ། བརྩེགས་མ་ཐམས་ཅད་ཀྱང་ཡས་མན་དུ་རྒྱ་ཐེབ་བརྩེགས་པ་ལྟ་བུ་ལ། ཕན་ཚུན་ཟ་འོག་གི་གུར་ཁྱིམ་བཀྲམ་པ་ལྟ་བུ་རྣམས་ན། རིགས་ལྔའི་སངས་རྒྱས་ཀྱི་སྐུ་ཡང་སྣ་ཚོགས་རྣམ་གྲངས་དཔག་ཏུ་མེད་དོ། །ཞབས་སྐྱིལ་ཀྲུང་མན་ཆད་ལ་སྤོས་ཆུའི་རྒྱུན་དཔག་ཏུ་མེད་པ་ན། ཞིང་ཁམས་བཅུ་དྲུག་བཅུ་དྲུག་གནས་པའང་བརྩེགས་མ་སྟེ། ཡས་མན་དུ་རིན་པོ་ཆེའི་གདུགས་བརྩེགས་པ་ལྟ་བུ་ལ། ཕན་ཚུན་འབྲུའི་ཕུང་པོ་བཀྲམ་པ་ལྟ་བུ་ནའང་རིགས་ལྔའི་སངས་རྒྱས་ལ་སོགས་པ་དཔག་ཏུ་མེད་དོ། །
གཞན་ཡང་འོད་ཟེར་བ་སྤུའི་ཁུང་བུ་ཐམས་ཅད་ནས་འཕྲོས་པའི་ཀློང་ནའང་ཞིང་དང་སྟོན་པའི་རྣམ་གྲངས་མཐའ་ཡས་ཤིང་ཚད་མེད་པ་དཔག་ཏུ་མེད་དོ། །དེ་ལྟར་ལོངས་སྐུའི་ཞིང་ན། བསྟན་པ་དངོས་གསུང་རང་བྱུང་གི་ཡི་གེ་སུས་ཀྱང་བྱས་པ་མེད་པ་བསྟན་པ་ཐམས་ཅད་ཀྱི་བུ་དང་ལྷན་ཅིག་སྣང་བ་དེ་དག་བཞུགས་པ་ཡང་། ཆོས་ཉིད་ལ་འགྱུར་བ་མེད་པའི་དུས་ཏེ། ལོངས་སྤྱོད་རྫོགས་པ་སྐུའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་སུམ་ཅུ་རྩ་དྲུག་ཏུ་རང་ཤར་བ་ལས། སྐུའི་ཕྱིའི་མཛད་པ་བཞི་ནི། སྐུ་སྣང་ལ་རང་བཞིན་མེད་པས་གདོས་བཅས་དག་པར་མཛད། ཡེ་ཤེས་ཀྱི་ཞལ་ཕྱག་རྫོགས་པས་སྐུ་རང་གི་ངོ་བོར་རྫོགས་པར་མཛད། འོད་ཀྱི་ཞལ་ཕྱག་གསལ་བས་རང་སྣང་གྲོལ་བར་མཛད། ཤེས་རབ་ཀྱི་ཞལ་ཕྱག་གསལ་བས་མཁྱེན་པ་རྫོགས་པར་མཛད་དོ། །ནང་གི་བཞི་ནི། མཚན་སུམ་ཅུ་རྩ་གཉིས་འོད་ཀྱི་རྣམ་པར་སྣང་བས་སྐུའི་ཡོན་ཏན་རྫོགས་པར་མཛད། དཔེ་བྱད་བརྒྱད་ཅུ་མངའ་བས་ཆོས་ཉིད་རྫོགས་པར་མཛད། འོད་ཟེར་གྱི་ཚོགས་འཕྲོ་བས་ཁྱད་པར་གྱི་ཡོན་ཏན་རྫོགས་པར་མཛད། ཞལ་ཀུན་ཏུ་ཐལ་ལེར་བཞུགས་པས་ལོངས་སྤྱོད་རྫོགས་པའི་མཚན་ཉིད་རྫོགས་པར་མཛད་དོ། །གསང་བའི་བཞི་ནི། མདུན་དང་རྒྱབ་མེད་པར་(༡༠)བཞུགས་པས་སྣང་ཆ་རྫོགས་པར་མཛད། ནང་ནས་བལྟས་ན་ཕྱི་གསལ་བས་སྟོང་ཆའི་ཡོན་ཏན་རྫོགས་པར་མཛད། ཕྱི་ནས་བལྟས་ན་ནང་གསལ་བས་གཉིས་སུ་མེད་པའི་ཡོན་ཏན་རྫོགས་པར་མཛད། རྩེ་མོ་ཕྱོགས་ཀུན་ཏུ་ཟང་ཐལ་བར་བཞུགས་པས་མི་གནས་འགག་པ་མེད་པའི་ཡོན་ཏན་རྫོགས་པར་མཛད་དོ། །
གསུང་གི་ཕྱིའི་མཛད་པ་བཞི་ནི། རང་བྱུང་གི་ཡི་གེ་དྲུག་ལྗགས་ལས་འཕྲོས་པས་དཔག་ཏུ་མེད་པའི་ཆོས་ཉིད་ཀྱི་མཛད་པ་རྫོགས་པར་མཛད། དེ་ཡབ་ཀྱི་ཞལ་དུ་ཞུགས་པས་མཚན་མ་མེད་པའི་ཆོས་ལ་ལོངས་སྤྱོད་པར་མཛད། ཡུམ་གྱི་མཁའ་ལས་འཐོན་པས་གཉིས་སུ་མེད་པའི་ཆོས་ཉིད་ལ་སྤྱོད་པར་མཛད། དེ་ཉིད་འཕྲོ་ཞིང་འདུ་བས་རང་བཞིན་མེད་པའི་མཛད་པ་རྫོགས་པར་མཛད་དོ། །ནང་གི་བཞི་ནི། རང་གི་ངོ་བོས་བཤད་པས་བརྗོད་དུ་མེད་པའི་སྒྲ་ལ་དབང་སྒྱུར་བར་མཛད། ཚིག་མ་ཡིན་པས་སྨྲ་བསམ་ལས་འདས་པའི་ཆོས་ཉིད་ལ་ལོངས་སྤྱོད་པར་མཛད། དོན་གོ་བར་སྣང་བས་འདུ་མི་བྱེད་པའི་ཆོས་ཉིད་ལ་ལོངས་སྤྱོད་པར་མཛད། འོད་ཟེར་དུ་མ་ཞལ་ལས་འཕྲོ་བས་གདུལ་བྱ་དང་འདུལ་བྱེད་ཀྱི་ཆོས་ལ་ལོངས་སྤྱོད་པར་མཛད་དོ། །གསང་བའི་བཞི་ནི། སྐུའི་སྦྱོར་བ་དག་པས་རང་བྱུང་གི་ཆོས་ལ་སྤྱོད་པར་མཛད། གསུང་གི་སྦྱོར་བ་དག་པས་ཟག་པ་མེད་པའི་ཆོས་ལ་སྤྱོད་པར་མཛད། ཐུགས་ཀྱི་སྦྱོར་བ་དག་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ལོངས་སྤྱོད་པར་མཛད། ཞལ་གྱི་སྦྱོར་བ་དག་པས་ཐམས་ཅད་མཁྱེན་པའི་ཆོས་ལ་ལོངས་སྤྱོད་པར་མཛད་དོ། །
ཐུགས་ཀྱི་ཕྱིའི་མཛད་པ་བཞི་ནི། མངོན་པར་འདུ་མི་བྱེད་པའི་ཏིང་ངེ་འཛིན་གྱིས་བྱ་བ་དང་རྟོག་པའི་མཛད་པ་མཁྱེན་པར་མཛད། ཡེ་ཤེས་ཀྱི་མཐོང་བ་དག་པའི་ཏིང་ངེ་འཛིན་གྱིས་མཉམ་གཞག་གི་མཁྱེན་པ་རྫོགས་པར་མཛད། ཆོས་ཉིད་རྣམ་པར་དག་པའི་ཏིང་ངེ་འཛིན་གྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་མཁྱེན་པར་མཛད། ཟག་པ་ཟད་པའི་ཏིང་ངེ་འཛིན་གྱིས་རྣམ་པར་དག་པའི་རོལ་པ་རྫོགས་པར་མཛད་དོ། །ནང་གི་བཞི་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་དཔེ་ལ་ལོངས་སྤྱོད་པར་མཛད། མཉམ་པ་ཉིད་ཀྱིས་དོན་ལ་ལོངས་སྤྱོད་པར་མཛད། སོ་སོར་རྟོག་པས་དབང་པོ་ལ་ལོངས་སྤྱོད་པར་མཛད། བྱ་བ་གྲུབ་པས་ཆོས་དང་བྲལ་བ་ལ་ལོངས་སྤྱོད་པར་མཛད་དོ། །གསང་བའི་བཞི་ནི། གསལ་སྟོང་དབྱེར་མེད་དུ་བཞུགས་པས་འཁོར་འདས་གཉིས་མེད་དུ་གསལ་བར་མཛད། སྣང་སྟོང་དབྱེར་མེད་དུ་བཞུགས་པས་ཡུལ་ཤེས་གཉིས་མེད་དུ་མཛད། རིག་སྟོང་དབྱེར་མེད་དུ་བཞུགས་པས་གཟུང་འཛིན་གཉིས་མེད་དུ་མཛད། ཡུལ་སེམས་དབྱེར་མེད་དུ་བཞུགས་པས་གཟུང་འཛིན་གྱི་རྟོག་མཐའ་ཆོད་པར་མཛད་དོ། །
གསུམ་པ་སྤྲུལ་པའི་སྐུ་སྤྲོས་པས་(༡༡)འཁོར་ལོ་བསྐོར་བའི་ཚུལ་ནི། དེ་ནས་ལོངས་སྐུའི་སྣང་ཆ་ལས་སྤྲུལ་པའི་སྐུར་བྱོན་པ་ནི་གནས་རིས་བཅུ་གཉིས་སུ་སྟོན་པ་བཅུ་གཉིས་མངོན་པར་སྤྲུལ་ནས་བྱོན་པ་རྣམས་ཏེ། ཕུན་སུམ་ཚོགས་པ་ལྔ་ལྔའི་རང་བཞིན་དང་བཅས་པའོ། །འདི་དག་གི་དུས་ན་སྤྲུལ་པ་ཆེན་པོ་གསུམ་སྣང་བས་ཀྱང་འགྲོ་བ་ལ་ཕན་པ་མཛད་པ་ནི། སྤྲུལ་སྐུས་གདུལ་བའི་གནས་འཛམ་བུའི་གླིང་འདིར། ཆོས་སྐུའི་བསྟན་པ་དངོས་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་རྡོ་རྗེ་ཚེ་ལོ་དཔག་མེད་ནས་ད་ལྟའི་བར་གྱི་མི་རྣམས་ཀྱི་ཕྱག་གང་བ་དང་། ལོངས་སྐུའི་བསྟན་པ་དངོས་རང་བྱུང་བསྟན་པ་བུ་གཅིག་གི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་ཡི་གེ་གླེགས་བམ་སོར་བཞི་པ་ཆོས་ཀྱི་རང་སྒྲ་གྲག་པ་དང་། སྤྲུལ་སྐུ་བཅུ་གཉིས་པོའི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་སུས་ཀྱང་མ་བྱས་པར་འཁྲུངས་པའི་སྐུ་གཟུགས་འགྲོ་བའི་ལུས་བོངས་དང་མཉམ་པ་སྟེ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དེ་གསུམ་ནི་སུས་ཀྱང་མ་བྱས་པས་མི་འཇིག་པ། བྱིན་རླབས་ལས་རང་ཤར་བས་རྫུ་འཕྲུལ་དང་ཡོན་ཏན་དཔག་ཏུ་མེད་ལ། གང་དང་ཕྲད་པ་འབྱུང་བ་རང་དེངས་སུ་གྲོལ་བར་བྱེད་པའི་འཕྲིན་ལས་མངའ་བའོ། །དེ་ཡང་ཐུགས་ཀྱི་རྟེན་རྡོ་རྗེ་དེ་ནི་འགྲོ་བ་གང་དག་ནད་ཞི་བར་འདོད་པ་རྣམས་ཀྱི་ནད་མེད་པ་ནས། འདོད་པ་བསྐང་ཞིང་ཐར་པ་ལ་སྦྱོར་བའོ། །གསུང་གི་རྟེན་རང་བྱུང་གི་ཡི་གེ་དེ་དང་ཕྲད་པ་དེ་ནི། ཕྲད་པ་དང་སྒྲ་ཐོས་པ་ཙམ་གྱིས་གྲོལ་བའོ། །འདིའི་གླེགས་བམ་བྲིས་ནས་འཆང་བའང་འབད་པ་མེད་པར་གྲོལ་བའི་འཕྲིན་ལས་ཡོད་དོ། །སྐུ་དེ་ནི་གང་དང་ཕྲད་པའི་ལུས་འོད་གསལ་དུ་གྲོལ་བའི་འཕྲིན་ལས་བྱེད་པའོ། །འདི་དག་གང་ན་ཡོད་ཅེ་ན། སྐུ་གསུང་ཐུགས་ཀྱི་བསྟན་པའི་དུས་ཀྱིས་གནས་ཐ་དད་པ་ན་གནས་སོ། །དེའང་ཚེ་ལོ་དཔག་མེད་ནས་སྟོང་ཐུབ་པའི་དུས་ཕན་ཆད་ལ་སྐུས་འདུལ་བའི་བསྟན་པ་སྟེ། ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གསུམ་ཡོད་དོ། །དེ་ནས་ཚེ་ལོ་བདུན་ཅུ་པའི་བར་དུ་གསུང་གིས་འདུལ་བའི་བསྟན་པ་སྟེ། ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གཅིག་གོ། །དེ་ནས་ཚེ་ལོ་བཅུ་པའི་བར་དུ་ཐུགས་ཀྱིས་འདུལ་བའི་བསྟན་པ་སྟེ། ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གཅིག་གོ། །ཚེ་ལོ་དེ་དག་གི་བར་དུ་ལོ་དེ་ཙམ་ཡོད་ཀྱི་དུས་མ་ཡིན་གྱི། བསྟན་པ་དེ་དག་གིས་འདུལ་བའི་ལོ་གྲངས་བཤད་པ་ཡིན་ནོ། །དེའང་སྐུའི་བསྟན་པའི་དུས་ན་རྡོ་རྗེ་དེ་ནི་ཨུ་རྒྱན་གྱི་ཡུལ་རྒྱ་མཚོ་ལན་ཚྭའི་རོ་དང་ལྡན་པའི་གླིང་ན་ཡོད་དེ། སྐབས་སུ་འོད་དང་སྒྲ་དང་དགེ་སློང་རྫུ་འཕྲུལ་དང་ལྡན་པའི་སྤྲུལ་པ་གྲངས་མེད་པ་འབྱུང་བར་བྱེད་དོ། །ཡི་གེ་ནི་རྡོ་རྗེ་གདན་གྱི་དཔག་ཚད་ལྔ་བརྒྱའི་སྟེང་གི་ནམ་མཁའ་ལ་མཁའ་འགྲོ་མ་རྣམས་ཀྱིས་བཟུང་(༡༢)ནས་གནས་སོ། །སྐུ་ནི་དེ་དང་ལྷན་ཅིག་བཞུགས་སོ། །གསུང་གི་བསྟན་པའི་དུས་ན། རྡོ་རྗེ་ནི་རི་མ་ལ་ཡ་ལག་ན་རྡོ་རྗེའི་གནས་ན་གནོད་སྦྱིན་གྱི་རྒྱལ་པོ་རྣམས་ཀྱིས་ཕྱག་བྱེད་དོ། །ཡི་གེ་ནི་རྡོ་རྗེ་གདན་གྱི་སྟེང་གི་ནམ་མཁའ་ན་མཁའ་འགྲོ་མས་བཟུང་ནས་གནས་སོ། །སྐུ་ནི་ས་གཅིག་ཏུ་མ་ངེས་ཏེ་འཛམ་བུའི་གླིང་འཁོར་བར་འཕར་ཞིང་། ལྷ་དང་མིའི་འདུ་བ་ཁྱད་པར་ཅན་གྱི་མཆོད་པའི་ཞིང་བྱེད་ཅིང་། སྐབས་སུ་བསྟན་པ་ལ་གནོད་པ་བྱུང་བའི་ཚེ། སྐུ་ལས་འོད་དང་། ཞལ་ནས་ཧཱུྃ་དང་། སྤྱན་ལས་མེ་བྱུང་བས་ཟློག་པར་བྱེད་དོ། །ཐུགས་ཀྱི་བསྟན་པའི་དུས་ན་རྡོ་རྗེ་ནི་རྡོ་རྗེ་གདན་གྱི་ནམ་མཁའ་ལ་གནས་སོ། །ཡི་གེ་ནི་རབ་ཏུ་ཁྲོས་པ་དྲང་སྲོང་གི་ཕུག་ན་གནས་སོ། །སྐུ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་། ལག་ན་རྡོ་རྗེའི་ཁང་པ་བརྩེགས་པ་ཞེས་བྱ་བའི་ཡང་ཐོག་ན་གནས་སོ། །དེ་ལྟ་བུའི་སྤྲུལ་པ་གསུམ་གནས་པས་འཛམ་བུའི་གླིང་གཞན་ལས་ཆེས་འཕགས་སོ། །
གནས་རིས་བཅུ་གཉིས་སུ་སྤྲུལ་སྐུ་བཅུ་གཉིས་བྱོན་པའི་ཚུལ་ནི། རྡོ་རྗེ་འཆང་ཉིད་ལོངས་སྐུ་ལས་སྤྲུལ་པའི་སྐུར་འགྲོ་བ་རྣམས་ཀྱི་ཕུང་པོ་ལྔ་དག་པར་བྱ་བའི་ཕྱིར། ཕུན་སུམ་ཚོགས་པ་ལྔའི་རང་བཞིན་ལན་བཅུ་གཉིས་སུ་སྣང་བར་མཛད་པའི། དང་པོ། ཡུལ་དགའ་ལྡན་བརྩེགས་པར། གནས་ཕུན་སུམ་ཚོགས་པ་མེ་ཏོག་པད་མའི་ལྟེ་བ་ལ། སྟོན་པ་ཕུན་སུམ་ཚོགས་པ་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ཉིད་བྱོན་ཏེ། བསྐལ་པ་བཟང་པོ་འདི་སངས་རྒྱས་སྟོང་དང་སེམས་དཔའ་གཉིས་ཀྱིས་འདུལ་བའི་མཚོན་བྱེད་དུ་འོད་ཀྱི་སྣང་བའི་སངས་རྒྱས་སྟོང་དང་རྩ་གཉིས་ཀྱིས་བསྐོར་བའི་འཁོར་ཕུན་སུམ་ཚོགས་པ་ལ། བསྟན་པ་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར་གྱི་རྒྱུད། ཚེ་ལོ་དཔག་མེད་ཀྱི་དུས་སུ་གསུངས་ཏེ། ལྷའི་བུ་དགའ་བྱེད་དབང་ཕྱུག་དང་། ཉི་མ་རབ་ཏུ་སྣང་བྱེད་གཉིས་ཀྱིས་སྡུད་པ་པོ་མཛད་དོ། །
གཉིས་པ། གནས་ཕུན་སུམ་ཚོགས་པ་འཇིག་རྟེན་མི་མཇེད་དུ། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་ཉིད་འོད་ལྔའི་སྒོ་ང་ལས་འཁྲུངས་ཏེ། འཁོར་མཁའ་འགྲོ་མ་འབུམ་ཕྲག་གཉིས་ལ། ཆོས་ཕུན་སུམ་ཚོགས་པ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ རྒྱུད་ལྔ། ཚེ་ལོ་བྱེ་བ་གཅིག་ཐུབ་པའི་དུས་སུ་གསུངས་སོ། །
གསུམ ་པ་ནི། གནས་ཕུན་སུམ་ཚོགས་པ་དྲོད་གཤེར་འདུས་པ་འོད་ཀྱིས་སྤུངས་པར། སྟོན་པ་ཕུན་སུམ་ཚོགས་པ་འཇིགས་པ་སྐྱོབ་པའི་ཡིད་ཅེས་བྱ་བ། འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ། ཆོས་ཕུན་སུམ་ཚོགས་པ་འཁོར་བ་དོང་སྤྲུགས། རྨ་བྱ་མཇིང་བསྣོལ། འབྱུང་བཞི་ཟད་པའི་རྒྱུད་རྣམས་ཚེ་ལོ་འབུམ་པའི་དུས་སུ་གསུངས་སོ། །
བཞི་པ་ནི། གནས་ཕུན་སུམ་ཚོགས་པ་ཆགས་འབྱུང་མངལ་དུ་སྣང་བར། སྟོན་པ་གཞོན་ནུ་རོལ་པ་རྣམ་པར་བརྩེ་བས། འཁོར་གནོད་སྦྱིན་དང་བྲག་སྲིན་སྟོང་ཕྲག་གཅིག་ལ། ཆོས་སེམས་སྡེ་(༡༣)རྩ་བའི་རྒྱུད་ལྔ། ཡན་ལག་གི་རྒྱུད་དྲུག་སྟེ་བཅུ་གཅིག་ཚེ་ལོ་བརྒྱད་ཁྲི་པའི་དུས་སུ་གསུངས་སོ། །
ལྔ་པ་ནི། གནས་ཕུན་སུམ་ཚོགས་པ་འཚོ་བྱེད་གཞོན་ནུའི་ལྡུམ་རར། སྟོན་པ་དྲུག་པ་རྡོ་རྗེ་འཆང་གིས། འཁོར་སངས་རྒྱས་རབས་བདུན་དུ་སྣང་བ་རང་བཀོད་ནས། ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག །ཚེ་ལོ་བདུན་ཁྲི་པའི་དུས་སུ་གསུངས་སོ། །
དྲུག་པ་ནི། གནས་ཕུན་སུམ་ཚོགས་པ་རི་རབ་ཀྱི་བྱང་ཕྱོགས་དུར་ཁྲོད་མེ་རི་འབར་བར། སྟོན་པ་ཕུན་སུམ་ཚོགས་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཆེན་པོས། འཁོར་ཕུན་སུམ་ཚོགས་པ་བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་བདུན་དང་། མཁའ་འགྲོ་མ་དང་། ལྷ་དང་ཀླུ་ལ་སོགས་པ་དཔག་ཏུ་མེད་པ་ལ། ཆོས་ཕུན་སུམ་ཚོགས་པ་རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་སོགས་པ་མངོན་སུམ་འོད་གསལ་གྱི་རྒྱུད་རྣམས་དང་། གཞན་ཡང་དཔག་ཏུ་མེད་པ་རྣམས་ཚེ་ལོ་དྲུག་ཁྲི་པའི་དུས་ན་གསུངས་སོ། །
བདུན་པ་ནི། གནས་ཕུན་སུམ་ཚོགས་པ་སྲིན་པོའི་ཡུལ་རུ་ལུའི་སྒྲ་དང་ལྡན་པའི་ཕུག་ཏུ། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོས། འཁོར་སྲིན་པོ་བྱེ་བ་གཅིག་ལ། ཆོས་རགས་པ་འདུལ་བའི་རྒྱུད་བཅུ་ལ་སོགས་པ། ཚེ་ལོ་ཁྲི་པའི་དུས་སུ་གསུངས་སོ། །
བརྒྱད་པ་ནི། གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་གསེར་འོད་དམ་པས། འཁོར་འཕགས་པ་ཉན་ཐོས་གྲངས་མེད་པ་ལ། ཆོས་འདུལ་བ་ཁྲི་ཕྲག་དཔག་ཏུ་མེད་པ། ཚེ་ལོ་ལྔ་སྟོང་པའི་དུས་སུ་གསུངས་སོ། །
དགུ་པ་ནི། གནས་ཕུན་སུམ་ཚོགས་པ་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ། བྱང་ཆུབ་ཀྱི་ཤིང་དྲུང་དུ། སྟོན་པ་བརྩེ་བས་རོལ་པའི་བློ་གྲོས་ཀྱིས། འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ། ཆོས་འཕྲ་རྒྱུད་བདུན་པ་ལ་སོགས་པ། ཚེ་ལོ་སྟོང་གི་དུས་སུ་གསུངས་སོ། །
བཅུ་པ་ནི། གནས་ཕུན་སུམ་ཚོགས་པ་བྱ་རྒོད་སྤུངས་པར། སྟོན་པ་འོད་སྲུངས་བགྲེས་པོས། འཁོར་ཚེ་དང་ལྡན་པ་སྐར་མ་འོད་བཟང་ལ་སོགས་པ་བདུན་ལ། ཆོས་མདོ་སྡེ་དང་། ཀྲཱི་ཡ་དང་། ལུང་ཨ་ནུ་ལ་སོགས་པ་ཁྲི་ཕྲག་བརྒྱད། ཚེ་ལོ་ལྔ་བརྒྱ་པའི་དུས་སུ་གསུངས་སོ། །
བཅུ་གཅིག་པ་ནི། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་གདན་དུ། སྟོན་པ་མངོན་རྫོགས་རྒྱལ་པོས། འཁོར་རིགས་གསུམ་མགོན་པོ་ལ། ཆོས་ངེས་པ་དོན་གྱི་ཐེག་པ་འབའ་ཞིག་ཚེ་ལོ་སུམ་བརྒྱ་པའི་དུས་སུ་གསུངས་སོ། །
བཅུ་གཉིས་པ་ནི། གནས་ཕུན་སུམ་ཚོགས་པ་ཝཱ་རཱ་ཎ་སཱི་ལ་སོགས་པར། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པས། ཆོས་ཕུན་སུམ་ཚོགས་པ་སྡེ་སྣོད་གསུམ་ལ་སོགས་པ། འཁོར་ཕུན་སུམ་ཚོགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུ་ལ་སོགས་པ་ལ། དུས་ཕུན་སུམ་ཚོགས་པ་ཚེ་ལོ་བརྒྱ་པའི་དུས་སུ་གསུངས་སོ། །དེ་དག་ཀྱང་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། (༡༤)ཐོག་མ་མེད་པའི་དུས་ཀྱི་ཚེ། །ང་ཡི་ནོར་བུ་རིན་ཆེན་སྟོར། །ནོར་བུ་སྟོར་བའི་རང་བཞིན་གྱིས། །མུན་སྣང་གཉིས་ཀྱི་མཚམས་ནས་འོངས། །རྐྱེན་བཞི་དམིགས་པ་མ་དག་པས། །དགའ་ལྡན་བརྩེགས་པའི་ཡུལ་དུ་འོངས། །རྟེན་ནི་པདྨ་དག་པ་ཡིན། །གསང་སྔགས་རྒྱུད་ཆེན་བསྟན་པ་བཙུགས། །ཉེ་བའི་འཁོར་ནི་མི་འཁྲུགས་པའོ། །རྒྱུད་ཀྱི་རྒྱལ་པོ་ཐལ་འགྱུར་བཤད། །ཅེས་པ་ལ་སོགས་པ་དང་། ཨ་ཏི་བཀོད་པ་ཆེན་པོ་ལས་གསུངས་པ་གཡུ་ཡིག་ཅན་དུ་དྲངས་པ་ལས་ཀྱང་རྒྱ་ཆེར་འབྱུང་ངོ་། །
འདི་དག་གིའང་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཛད་པ་སུམ་ཅུ་རྩ་དྲུག་ལས། སྐུའི་ཕྱིའི་མཛད་པ་བཞི་ནི། སྡུག་བསྔལ་གྱི་ཆུ་བོ་བཞི་སྤོང་བ་ལ་དགོངས་ནས། བལྟམས་པ་དང་། འཕོང་དང་། སྒྱུ་རྩལ་འགྲན་པ་དང་། མངོན་པར་བྱུང་བ་དང་། བསོད་སྙོམས་ལ་སྤྱོད་པ་རྣམས་སོ། །ནང་གི་བཞི་ནི། འཁོར་དང་ལོངས་སྤྱོད་སྤང་བ་ལ་དགོངས་ནས། རྟ་མཆོག་དང་། ཤིང་རྟ་དོར་བ་དང་། སྙིང་པོ་བྱང་ཆུབ་ཏུ་འགྲོ་བ་དང་། འོད་ཟེར་བཀྱེ་བ་དང་། མཚོན་ཆའི་ཆར་པ་མེ་ཏོག་ཏུ་སྒྱུར་བ་རྣམས་སོ། །གསང་བའི་བཞི་ནི། བསྟན་པའི་ཐ་མ་ཏིང་ངེ་འཛིན་གྱིས་འདུལ་བ་ལ་དགོངས་ནས། དཀའ་ཐུབ་མཛད་པ་དང་། རི་བོ་གསེར་ལྡན་དུ་ཏིང་ངེ་འཛིན་གྱི་སྒྲ་འབུམ་ཕྲག་བརྒྱ་ཉི་ཤུ་སྐད་ཅིག་ལ་མངོན་དུ་མཛད་པ་དང་། རིན་པོ་ཆེ་ཟ་མ་ཏོག་གི་ཏིང་ངེ་འཛིན་ལ་རྟག་ཏུ་བཞུགས་པ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བྱང་ཆུབ་པ་རྣམས་སོ། །
གསུང་གི་ཕྱིའི་མཛད་པ་བཞི་ནི། མདོའི་སྡེ། དབྱངས་སུ་བསྙད་པ། ལུང་བསྟན་པ། ཚིགས་སུ་བཅད་པའི་སྡེ་བཞིའོ། །ནང་གི་བཞི་ནི། ཤིན་ཏུ་རྒྱས་པ། སྐྱེས་པ་རབས། གླེང་གཞི་བརྗོད་པ། དེ་ལྟར་བྱུང་བ་བཞིའོ། །གསང་བའི་བཞི་ནི། ཆེད་དུ་བརྗོད་པ། རྟོགས་པ་བརྗོད་པ། གཏན་ལ་ཕབ་པར་བསྟན་པ། རྨད་དུ་བྱུང་བའི་སྡེ་རྣམས་སོ། །
ཐུགས་ཀྱི་ཕྱིའི་མཛད་པ་བཞི་ནི། དཔའ་བར་འགྲོ་བ། རིན་པོ་ཆེའི་ཏོག་རྣམ་པར་རོལ་པ། ཟ་མ་ཏོག་གི་ཏིང་ངེ་འཛིན་ནོ། །ནང་གི་བཞི་ནི། ཡུལ་ཀུན་ལ་འཇུག་པ། མངོན་པར་སྣང་བ། གཙུག་གི་ནོར་བུ། རྒྱལ་མཚན་རྩེ་མོ་ཡོངས་སུ་བཀོད་པའི་ཏིང་ངེ་འཛིན་ནོ། །གསང་བའི་བཞི་ནི། འགྱུ་བ་དག་པ། ཟབ་མོ་སྣང་བ། རིན་ཆེན་སྒྲོན་མེ། མཆོག་ཏུ་ལེགས་པའི་ཏིང་ངེ་འཛིན་ནོ། །དེ་ལྟར་སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་སྐུ་རྣམས་ལ་བསྡོམས་པས་མཛད་པ་བརྒྱ་རྩ་བརྒྱད་དུ་སྣང་བ་ནི། རྡོ་རྗེ་འཆང་ཡོན་ཏན་རྫོགས་པའི་བདག་ཉིད་གཅིག་གི་མཛད་པ་ཞེས་བྱའོ། །འདི་དག་ནི་རྒྱལ་བ་དགོངས་པས་བརྒྱུད་པའི་རིམ་པ་ཞེས་བྱ་སྟེ། རྡོ་རྗེ་འཆང་གཅིག་དུས་ཐ་དད་པར་བྱོན་པ་ཙམ་ལས། དགོངས་པའམ་རྒྱུད་གཅིག་གི་བསྡུས་པ་ཞེས་བྱའོ། །དེ་བཞིན་དུ་སླད་ཀྱིས་འབྱོན་(༡༥)པའི་བསྐལ་བཟང་གི་འདྲེན་པ་རྣམས་རྣམ་འཕྲུལ་ཐ་དད་ཀྱང་ངོ་བོ་རྡོ་རྗེ་འཆང་འདི་ཁོ་ནའི་རང་བཞིན་དུ་གཅིག་པ་ཡིན་ནོ། །ཞར་ལ་རིགས་འཛིན་བརྡས་བརྒྱུད་པ་དང་། གང་ཟག་སྙན་ཁུང་དུ་བརྒྱུད་པའི་རིམ་པ་ནི། སོ་སོའི་ཡི་གེ་དང་ལོ་རྒྱུས་ཆེན་མོ་ཉིད་དུ་རྟོགས་པར་བྱའོ། །དེ་དག་གིས་སྟོན་པ་དང་བསྟན་པའི་བབས་ལུགས་ལེགས་པར་བཤད་པའོ། །ཐེག་པའི་མཆོག་རིན་པོ་ཆེའི་མཛོད་ལས། བྱུང་ཚུལ་གཏན་ལ་དབབ་པ་སྟེ་རིམ་ཁང་དང་པོའོ།། །།