བཅུ་གསུམ་པ། འབྲས་བུ་ལྷུན་གྲུབ་ཆེན་པོའི་ལེའུ།
༈ དེ་ལྟར་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྒྱུད་སྣོད་རུང་དུ་བྱས་ནས་འབྲས་བུ་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་སྨིན་གྲོལ་ཉེ་(༡༥༢)རྒྱུའི་སྤྱོད་པ་དང་བཅས་པ་མཐར་ཕྱིན་རྗེས། བཅུ་གསུམ་པ་མངོན་དུ་གྱུར་པ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ལེའུ་ལ་སྤྱི་དོན་བཞི་སྟེ། ལམ་མཐར་ཕྱིན་པས་སྐུ་དང་ཡེ་ཤེས་འགྲུབ་པར་བསྟན་པ། སྐུ་དང་ཡེ་ཤེས་བཤད་པ། དེ་དག་དབྱིངས་ལས་བྱུང་ཞིང་དབྱིངས་སུ་ཐིམ་པས་མཇུག་བསྡུ་བ། སྐབས་ཀྱི་དགེ་བ་བསྔོ་བའོ། །སྤྱི་དོན་དང་པོ་ལམ་མཐར་ཕྱིན་པས་སྐུ་དང་ཡེ་ཤེས་འགྲུབ་པར་བསྟན་པ་ནི། དེ་ལྟར་གཞི་དང་ལམ་གྱི་རིམ་པ་ལེགས་པར་བཤད་ནས། ད་ནི་དེ་དག་གིས་གྲུབ་པ་འབྲས་བུའི་དོན་བསྟན་པར་བྱ་སྟེ། བཤད་མ་ཐག་པའི་ཚུལ། དེ་ལྟར་ཐབས་དང་ཤེས་རབ་མཐར་ཕྱིན་ནས། །སྐུ་དང་ཡེ་ཤེས་འཕྲིན་ལས་ལྷུན་གྱིས་གྲུབ། །དེ་ལྟར་ལམ་གྱི་ཡོན་ཏན་རྫོགས་པ་ན་ཁམས་ཀྱི་དྲི་མ་མཐའ་དག་དང་བྲལ་བའི་སངས་རྒྱས་སམ་བྱང་ཆུབ་ཅེས་བྱ་བ་འཐོབ་སྟེ། དེའང་སེམས་ཉིད་འོད་གསལ་བ་ཉི་མའི་དཀྱིལ་འཁོར་ལ་སྒྲིབ་པའི་སྤྲིན་ཚོགས་མཐའ་དག་དེངས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ལྷུན་གྱིས་གྲུབ་པའི་ནུས་པ་ཅི་ཡོད་པ་མངོན་དུ་ཐོབ་པ་ཉིད། །རྒྱུད་བླ་མ་ལས། རང་བཞིན་འོད་གསལ་ཞེས་བརྗོད་གང་ཡིན་ཉི་དང་མཁའ་བཞིན་གློ་བུར་གྱི། །ཉོན་མོངས་ཤེས་བྱའི་སྤྲིན་ཚོགས་སྟུག་པོས་བསྒྲིབས་པ་ལས་ནི་བྲལ་གྱུར་པ། །དྲི་མེད་སངས་རྒྱས་ཡོན་ཏན་ཀུན་ལྡན་རྟག་བརྟན་གཡུང་དྲུང་སངས་རྒྱས་ཉིད། །དེ་ནི་ཆོས་ལ་མི་རྟོག་རྣམ་འབྱེད་ཡེ་ཤེས་དག་ལ་བརྟེན་པས་འཐོབ། །ཅེས་སོ། །དེའི་ཚེ་རང་གི་དོན་དུ་ཆོས་སྐུ་དམ་པ་དབྱིངས་གདོད་མའི་ངང་ན་སྐུ་གསུམ་འདུ་འབྲལ་མེད་པ་བརྙེས་པས་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ་ལས་གཞན་གྱི་མ་ཡིན་པ་རྟེན་གྱི་ཚུལ་དུ་གནས་པ་ནི། དེ་ཉིད་ལས། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པས། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །གཞལ་མེད་གངྒཱའི་བྱེ་མ་ལས་འདས་པ། །བསམ་མེད་མཉམ་མེད་ཡོན་ཏན་རྣམས་དང་ལྡན། །དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། །བག་ཆགས་བཅས་པའི་ཉེས་ཀུན་རྣམས་སྤངས་པའོ། །ཞེས་སོ། །དེའི་དབྱིངས་ན་སྣང་བའི་ཆོས་སྐུ་དང་། དེ་ལས་གདུལ་བྱའི་ངོར་སྣང་བར་འབྱུང་བའི་ལོངས་སྐུ་ཡང་ནམ་མཁའི་ཟླ་བ་འཕེལ་འགྲིབ་མེད་པ་ལྟར་རྟག་ཏུ་བཞུགས་ནས། སྤྲུལ་པའི་སྐུ་འཕྲོ་བའི་འཆར་གཞི་མཛད་པར་དེ་ལས། སྣ་ཚོགས་དམ་ཆོས་འོད་ཟེར་སྣང་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་གྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་ཀྱང་དེ་ཡི་རང་བཞིན་མིན། །འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་པ་དང་། (༡༥༣)འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་སོ། །སྐབས་འདིར་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་གདུལ་བྱ་ལ་མི་སྣང་བ་དབྱིངས་ཀྱི་སྐུ་གསུམ་ཆོས་སྐུ་ཉག་གཅིག་ཏུ་རོ་གཅིག་པ་ནང་དབྱིངས་ཕྲ་བའི་ཡེ་ཤེས་སུ་ཡོད་པ་དང་། དེའི་བྱིན་རླབས་དང་གདུལ་བྱའི་སྨོན་ལམ་ལས་ཕྱིར་གཞན་སྣང་དུ་ཤར་བ་ཡེ་ཤེས་འཕྲིན་ལས་དག་པའི་གཟུགས་སྐུ་གཉིས་སྣང་བ་ནི་མཁའ་ཟླ་དང་ཆུ་ཟླ་ལྟར་ཤེས་པར་བྱའོ། །དེང་སང་ནི། ཁ་ཅིག་གིས་མ་ཕྱེད་པས་སྐུ་གསུམ་གཅིག་ཏུ་ཁས་བླངས་དུས་དབྱིངས་ཀྱི་ཡོན་ཏན་ཐམས་ཅད་གདུལ་བྱ་ལ་སྣང་བར་ཐལ་ཏེ། དེ་དང་ངོ་བོ་གཅིག་པའི་གཟུགས་སྐུ་གདུལ་བྱ་ལ་སྣང་བའི་ཕྱིར་རོ། །འདོད་ན་སངས་རྒྱས་ཁམས་དང་ལ་སོགས་པས་གསལ་ལོ། །དེས་ན་འདི་གཉིས་བྱེ་བྲག་ཤེས་པ་གལ་ཆེའོ། །དེ་ལྟར་ཆོས་སྐུ་དང་གཟུགས་སྐུ་དམ་པ་གཉིས་བརྙེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་དོ། །དེ་ལ་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པས་ནི་དེ་ལྟ་བུའི་སངས་རྒྱས་ནི་ས་བཅུ་རྒྱུན་མཐའི་དྲི་མ་མཐའ་དག་སྤངས་པའི་རྗེས་ལ་འོག་མིན་དུ་སངས་རྒྱས་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་བྱང་སེམས་ས་བཅུ་པའི་སྣང་བ་ལ་སྣང་ཞིང་། སྤྲུལ་པ་དུ་མས་སེམས་ཅན་གྱི་ཁམས་སུ་གང་ལ་གང་འདུལ་དུ་སྟོན་ཏོ་ཞེས་འདོད་དོ། །སྔགས་ཁ་ཅིག་དེ་དང་མཚུངས་ལ། སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ལས་ནི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནི་སངས་རྒྱས་ཉིད་ལས་གཞན་གྱི་སྤྱོད་ཡུལ་དུ་མི་སྣང་སྟེ། སྣང་ན་སངས་རྒྱས་ཉིད་དུ་འགྱུར་ལ། དེའི་ངང་ལས་སྣང་བ་སྤྲུལ་པ་ཆེན་པོ་དང་། སྤྲུལ་པ་སྣ་ཚོགས་པས་གདུལ་བྱའི་དོན་མཛད་པའོ། །སྤྲུལ་པ་ཆེན་པོ་ནི་ས་བཅུ་པའི་སེམས་དཔའ་ལ་སྣང་བའི་ལོངས་སྐུ་ཡིན་ལ། སྣ་ཚོགས་པ་ནི་མཆོག་གི་སྤྲུལ་པ་ལ་སོགས་པ་ཐ་ལམ་པ་རྣམས་ལ་སྣང་ནས་དོན་བྱེད་པའོ་ཞེས་འདོད་པ་ཡིན་ནོ། །དེ་གཉིས་ཀའི་ལུགས་ཀྱི་གནས་ཕུན་སུམ་ཚོགས་པ་འོག་མིན་དུ་བྱང་ཆུབ་བརྙེས་པར་འདོད་དེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཡང་དག་སངས་རྒྱས་བྱང་ཆུབ་ཏུ། །འཚང་རྒྱ་འོག་མིན་གནས་མཆོག་ཏུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་པ་དང་། ཟླ་གསང་ཐིག་ལེའི་རྒྱུད་ལས། འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །ཞེས་སོ། །སངས་རྒྱས་ཕལ་པོ་ཆེ་ལས། འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་ལ། དེ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ནང་དུ་ཆུད་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་ཡིན་ལ། དེ་ནི་དེ་བཞིན་(༡༥༤)གཤེགས་པ་རྣམ་པར་སྣང་མཛད་གང་ཆེན་མཚོའི་ཕྱག་གི་མཐིལ་ན་གནས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་གང་ན་བཞུགས་པ་དེ་ནི་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་བ་ལོངས་སྤྱོད་རྫོགས་པ་སྐུའི་གནས་ཡིན་ལ། དེའི་ནང་ན་ཡོད་པའི་དུམ་བུ་ཐམས་ཅད་ནི་སྤྲུལ་པ་སྐུའི་གནས་ཡིན་ནོ་ཞེས་བཤད་པས། གང་ན་ཡོད་ཅེ་ན། གང་དུ་གློ་བུར་གྱི་དྲི་མ་མཐའ་དག་སྤངས་པས་དབྱིངས་དང་ཡེ་ཤེས་དབྱེར་མེད་ཅིང་སངས་རྒྱས་པ་གང་དུ་བརྙེས་པ་དེ་ཉིད་ཀྱི་ས་ལ་འོག་མིན་དུ་བཤད་དེ། ཕྱོགས་འདི་ཁོ་ནའོ་ཞེས་གཅིག་ཏུ་ཆད་པ་མེད་དོ། །རྨི་ལམ་ཡང་གཉིད་དུ་གང་སོང་གི་གནས་དེར་འོང་བ་ལྟར་ཆོས་མཚུངས་སོ། །ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། དབང་ཕྱུག་ཆེན་པོའི་གནས་མཆོག་དང་། །འོག་མིན་དེ་ཉིད་རྣམ་མཛེས་པ། །ཤེས་པ་གསུམ་པ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་པ་དང་། ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་འབྲངས་པས་ན། །དེ་ལ་གདགས་པས་ཐ་དད་འབྱེད། །ཅེས་སོ། །གནས་དེར་སྟོན་པ་ཤཱཀྱ་ཐུབ་པ་འདི་སངས་རྒྱས་ནས་དུས་འདི་ཙམ་སོང་ཞེས་བསམ་པར་མི་ནུས་ཏེ། ཡེ་ཤེས་རོལ་པའི་རྒྱུད་ལས། ཐོག་མཐའ་མེད་པའི་དུས་དག་ཏུ། །ང་ནི་མངོན་པར་བྱང་ཆུབ་སྟེ། །ཞེས་སོ། །མི་མཇེད་འདིར་ཚེ་ལོ་བརྒྱ་པའི་དུས་སུ་ཐོག་མར་གཙང་མའི་འོག་མིན་དུ་སངས་རྒྱས་པ་ལྟར་བསྟན་ནས། གདོད་འཛམྦུའི་གླིང་དུ་སངས་རྒྱས་པར་སྣང་སྟེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་དེར་སངས་རྒྱ། །གཙང་མའི་གནས་དག་སྤངས་ནས་སུ། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱ། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་སོ། །དེ་ཡང་མི་མཇེད་ཀྱི་གནས་ཐམས་ཅད་བཀོད་པ་མཉམ་དུ་སྣང་སྟེ། ནམ་མཁའི་ཟླ་བ་གཅིག་ཉིད་ཀྱི་རྣམ་པ་ཆུ་སྣོད་བྱེ་བ་ཕྲག་བརྒྱར་དུས་སྔ་ཕྱི་མེད་པར་སྣང་བ་བཞིན་ནོ། །འདི་ཙམ་ཡང་མཚོན་པ་སྟེ། ནམ་མཁའི་མཐའ་ཀླས་པའི་སེམས་ཅན་གྱི་གནས་རིས་སོ་སོར་མཛད་པ་བཅུ་གཉིས་ལ་སོགས་པ་དུས་མཉམ་པ་དང་། མི་མཉམ་པ་དུ་མས་འགྲོ་བའི་དོན་མཛད་པ་ཡིན་ནོ། །གདུལ་བྱའི་ངོར་འོག་མིན་དེ་ལྟ་བུར་སངས་རྒྱས་པར་སྣང་ངོ་། །བཅོམ་ལྡན་འདས་ཉིད་ཀྱི་རང་བཞིན་ནི་ཁམས་གསུམ་ལས་འདས་པས་གདུལ་བྱའི་འཁྲུལ་སྣང་གི་བག་ཆགས་ཀྱི་འོག་མིན་གཟུགས་ཁམས་ལྟ་བུ་དེར་བཞུགས་པ་མ་ཡིན་ཏེ་བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །དེས་ན་རང་སྣང་དག་པའི་འོག་མིན་ཁམས་གསུམ་ལས་འདས་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་བཀོད་པ་(༡༥༥)ཚད་མེད་པ་ཅན་དུ་རྟག་པར་བཞུགས་ཏེ། རྒྱན་སྟུག་པོ་བཀོད་པ་དང་། ངེས་པའི་མདོ་ཕལ་ལ་སྣང་ཞིང་འབྱུང་བ་ནི། གཟུགས་མེད་འདོད་དང་གཟུགས་ཁམས་དང་། །འདུ་ཤེས་མེད་པ་དེ་བཞིན་ཏེ། །གནས་ལས་འདས་ཏེ་སངས་རྒྱས་དབང་། །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །ཞེས་པ་དང་། བརྟན་པ་སྟུག་པོ་འདུས་མ་བྱས། །ཞེས་སོ། །བྱང་ཆུབ་བརྙེས་ཚུལ་ཡང་། དྲི་མ་མཐའ་དག་དང་བྲལ་ནས་བརྙེས་སོ། །དེ་ལ་བྲལ་ལུགས་ནི་གློ་བུར་གྱི་དྲི་མ་སྟེ། དེ་ཡོད་པས་སེམས་ཅན། མེད་པས་སངས་རྒྱས་ཞེས་ཐ་སྙད་བྱས་ཏེ། དེའང་དྲི་མ་རང་བཞིན་པ་སྔར་ཡོད་གསར་དུ་སྤངས་པའམ། ཡོན་ཏན་སྔར་མེད་གསར་དུ་བསྒྲུབས་པ་ནི་ཅི་ཡང་མེད་དོ། །མདོ་སྡེའི་རྒྱན་ལས། སྔ་མ་ཕྱི་མར་ཁྱད་མེད་ཀྱང་། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །ཅེས་སོ། །དེས་ན་གློ་བུར་བ་མཐའ་དག་སྤངས་པར། དེ་ཉིད་ལས། གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པའི་ས་བོན་དུས་རིང་རྟག་ལྡན་པ། །སྤོང་བ་ཤིན་ཏུ་རྒྱ་ཆེན་རྣམ་པ་ཀུན་གྱིས་རབ་ཏུ་བཅོམ་གྱུར་ཅིང་། །གནས་གྱུར་ཆོས་དཀར་ཡོན་ཏན་མཆོག་རབ་ལྡན་པ་ཐོབ་པ་སངས་རྒྱས་ཉིད། །དེ་ནི་མི་རྟོག་ཤིན་ཏུ་རབ་དག་ཡུལ་ཆེན་ཡེ་ཤེས་ལམ་གྱིས་འཐོབ། །ཅེས་སོ། །དེའི་ཚེ་གནས་གྱུར་ཀྱང་ཉོན་མོངས་པ་དག་སྟོབས་ཀྱིས་ཡོན་ཏན་སྣང་བ་ཙམ་ལ་བརྗོད་ཀྱི། རྒྱུ་ཉོན་མོངས་པ་ཉིད་འབྲས་བུ་ཡོན་ཏན་དུ་གནས་གྱུར་ཏེ་མ་དག་པ་དག་པར་སོང་བ་ནི་མི་འདོད་དེ། སྡིག་པ་དང་ཉོན་མོངས་པ་ཀུན་ཏུ་དག་པའི་རྒྱུའམ་ངོ་བོ་མ་ཡིན་མི་སྲིད་དོ། །བྲལ་བྱའི་དྲི་མ་བྲལ་སྟོབས་ཀྱིས་དེའི་ཐད་ཀྱི་ཡོན་ཏན་སྣང་བ་ལ་ལྟོས་ཏེ་གནས་གྱུར་ཙམ་ཞིག་བརྗོད་ན། དུག་ལྔ་གནས་གྱུར་པས་ཡེ་ཤེས་ལྔའོ། །ཀུན་གཞི་གནས་གྱུར་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞིའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ་ཞེས་སོ། །དེ་བཞིན་དུ་ལྷག་མ་གསུམ་ཡང་། དེ་ལས། ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ་ཞེས་སོ། །དེའི་ཚེ་ཕྱི་སྣང་བ་ཞིང་ཁམས་སུ་གནས་གྱུར། ནང་ཕུང་པོ་ལྷ་སྐུར་གནས་གྱུར། གསང་བ་ཚོགས་བརྒྱད་ཡེ་ཤེས་སུ་གནས་གྱུར་པས་རྣམ་པ་ཀུན་ཏུ་སངས་རྒྱས་པའོ། །ངོ་བོའི་རྒྱུ་ནི་དང་པོའི་ཁམས་ལ་ཡོན་ཏན་ཡེ་ལྡན་དུ་ཡོད་པའི་རིགས་དེ་གཉིས་སོ། །དེའང་། རྒྱུད་བླ་ལས། དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་པ་ལ་སོགས་པ་བཤད་ཟིན་ཏོ། །དེའང་ངོ་བོ་(༡༥༦)ཉིད་ཀྱི་སྐུ་སྐུ་གཞན་གསུམ་གྱི་ཆོས་ཉིད་དྲི་མ་མེད་པ་དང་། ཆོས་ཀྱི་སྐུ་སྟོབས་སོགས་ཀྱི་འབྱུང་གནས་དམ་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དཔེས་གང་བ་དང་། སྤྲུལ་པའི་སྐུ་སེམས་ཅན་མཐའ་ཡས་པའི་དོན་མཛད་པ་སྟེ་བཞིར་གསུངས་ཤིང་། དེའི་ཡོན་ཏན་ཡང་དྲུག་ཅུ་རྩ་བཞི་སྟེ། རྒྱུད་བླའི་འགྲེལ་པ་ལས། དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་རྣམ་པ་གཅིག་ཏུ་མངོན་པར་བསྡུས་ཏེ་དྲུག་ཅུ་རྩ་བཞིར་འགྱུར་རོ་ཞེས་སོ། །མདོ་ཁ་ཅིག་ལས་སྐུ་གསུམ་ཡེ་ཤེས་དང་བཅས་པ་སྟེ། གསེར་འོད་དམ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་གསུམ་མངའ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །ཆོས་ཀྱི་སྐུ་ནི་ཡང་དག་པའི་ཡེ་ཤེས་ཉིད་ཙམ་དུ་གནས་པ་ལ་བྱའོ། །སྐུ་གཉིས་པོ་ནི་བཏགས་པ་ཙམ་མོ། །ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ་སྐུ་གཉིས་ཀྱི་གཞི་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དེ་བཞིན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་སངས་རྒྱས་ཀྱི་ཆོས་མེད་པའི་ཕྱིར་རོ། །གསོལ་པ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྣམ་པར་མི་རྟོག་བཞིན་དུ་འཕྲིན་ལས་ལ་མངའ་བརྙེས་པ་གང་ལགས། བཀའ་བསྩལ་པ། དཔེར་ན་ཉི་ཟླ་དང་ཆུ་དང་མེ་ལོང་ལ་རྟོག་པ་མེད་ཀྱང་གཟུགས་བརྙན་འབྱུང་བ་བཞིན་དུ། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱང་མི་རྟོག་པ་བཞིན་དུ་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་མཛད་དོ། །སྤྲུལ་པའི་སྐུ་ནི། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །ཆོས་ཀྱི་སྐུ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ་ཞེས་པ་དང་། མདོ་སྡེའི་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང་། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པའི་རྟེན་ཡི་ནོ། །ཞེས་པ་དང་། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་སོ། །རྒྱུད་བླ་མ་དང་མངོན་རྟོགས་རྒྱན་ལས་སྔར་སྨོས་པ་ལྟར་སྐུ་བཞིར་གསུངས་ཏེ། རྒྱུད་བླ་ལས། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །གཞལ་མེད་གྲངས་མེད་བསམ་མེད་པ། །མཉམ་མེད་དག་པའི་མཐར་ཐུག་པའི། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །ཞེས་པ་དང་། འདིར་ནི་དང་པོ་ཆོས་སྐུ་སྟེ། །ཕྱི་མ་དག་ནི་གཟུགས་ཀྱི་སྐུ། །ནམ་མཁའ་ལ་ནི་གཟུགས་གནས་བཞིན། །དང་པོ་ལ་ནི་ཐ་མ་གནས། །ཞེས་སོ། །གསང་སྔགས་ཁ་ཅིག་ལས་སྐུ་(༡༥༧)གསུམ་བདེ་བ་ཆེན་པོ་དང་བཞིར་འདོད་དེ། བརྟག་གཉིས་ལས། སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོས་བརྗོད། །ཅེས་སོ། །ཡང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་ནི་སྐུ་ལྔར་བཤད་དེ་འདི་སྐད་དུ། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་སོ། །དེ་ཐམས་ཅད་ཀྱང་རིགས་དང་ཡོན་ཏན་གྱི་དབྱེ་བསྡུ་ཙམ་ལས། དོན་ལ་ཐ་དད་པ་མེད་དེ་སངས་རྒྱས་ཀྱི་སའི་ཆོས་ཀྱི་བསྡུ་ཚུལ་སོ་སོ་བ་ཙམ་ལས་ངོ་བོ་གཅིག་ཡིན་པའི་ཕྱིར་རོ་ཞེས་བཤད་པར་བྱའོ། །
སྤྱི་དོན་གཉིས་པ་སྐུ་དང་ཡེ་ཤེས་བཤད་པ་ལ། ཞི་བ་བརྙེས་ཚུལ། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་ནང་གསལ་དུ་བཞུགས་ཚུལ། དབྱེ་བ་རྒྱས་པར་བཤད་པ་གསུམ་ལས། ཞི་བ་བརྙེས་པའི་ཚུལ་ནི། ད་ནི་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་པར་གཞག་པ་ཉིད་བརྗོད་དེ། ཞི་བ་བརྙེས་པའི་ཚུལ་དང་། སྐུའི་རབ་ཏུ་དབྱེ་བ་ལས། རེ་ཞིག་དང་པོ་བཤད་པ་ནི། ལམ་གྱི་ཡེ་ཤེས་དག་པ་མཐར་ཐུག་པ་དེའི་ཚེ་སྤང་བྱ་ཁམས་གསུམ་པའི་རྒྱུད་ཀྱིས་བསྡུས་པའི་གཟུང་བ་དང་འཛིན་པའི་རྣམ་པ་ཅན་རྟོག་པ་དང་དཔྱོད་པའི་རང་བཞིན་གྱི། སེམས་དང་སེམས་བྱུང་ཀུན་གཞིར་བཅས་པ་ཀུན། །ཆོས་ཀྱི་དབྱིངས་སུ་འཇུག་པ་རབ་ཞིའི་ཚེ། །དབྱིངས་དང་ཡེ་ཤེས་གཉིས་མེད་རོ་གཅིག་གྱུར། །དེ་ཚེ་དག་པ་གཉིས་ལྡན་སྤྲོས་ཀུན་ཞི། །གཡོ་བྱེད་གཟུང་འཛིན་གྱི་རྣམ་པས་བསྡུས་པའི་སེམས་སེམས་བྱུང་ནི་ཁམས་གསུམ་པའི་ས་པ་སྟེ། ཡེ་ཤེས་སྙིང་པོའི་བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་པ་ལྟ་བུ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་སེམས་ཉིད་འོད་གསལ་བ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པའི་ངང་དུ་ཞི་ཞིང་ཐིམ་པ་དེའི་ཚེ། དབྱིངས་གདོད་མའི་གཞི་དང་ཡེ་ཤེས་ཐིམ་བྱའི་རིག་པ་གཉིས་སུ་མེད་པར་འདྲེས་ཏེ་རོ་གཅིག་ཏུ་གྱུར་པ་ནི་ཡེ་ནས་དྲི་མ་མེད་པ་རང་བཞིན་རྣམ་དག་དང་། གློ་བུར་གྱི་དྲི་མ་ཆ་དང་བཅས་པ་དག་པ་ཉིས་ལྡན་གྱི་ཆོས་སྐུ་དམ་པ་སྟེ། སྤྲིང་ཡིག་བདུད་རྩིའི་ཐིགས་པ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །ཤེས་བྱ་སྤྲོས་བྲལ་དེ་ཉིད་དང་། །དབྱེར་མེད་ཡེ་ཤེས་རྣམ་འདྲེས་པ། །དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཆོས་སྐུ་ཞེས་བྱར་བརྗོད། །ཅེས་པ་སྟེ། དེའི་དུས་སུ་སེམས་བྱུང་གི་འཇུག་པ་རྒྱུན་ཆད་ནས་ཡེ་ཤེས་ཆེན་པོར་རོ་གཅིག་སྟེ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེས་པ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོ། །
དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་ནང་གསལ་དུ་བཞུགས་ཚུལ་ནི། དེའི་ཚེ་ཆོས་སྐུ་སྤྲོས་པའི་མཐའ་བྲལ་ཞི་བ་ཆེན་པོ་མངོན་དུ་བརྙེས་པས། ཤིན་ཏུ་སྐྱེ་མེད་འོད་(༡༥༨)གསལ་སྙིང་པོའི་ངང་། །གནམ་གང་ཟླ་བ་དབྱིངས་སུ་ནུབ་པ་ལྟར། །ཕྲ་བའི་ཡེ་ཤེས་མཁའ་དབྱིངས་པདྨོར་འཁྱིལ། །གང་དུའང་མི་རྟོག་ཞི་བ་བརྙེས་པའི་ཚེ། །དག་པ་མཐར་ཐུག་པ་སྟེ། འོད་གསལ་གཞིའི་ངང་དུ་ཕྱིན་པས། དབྱིངས་ནམ་མཁའི་ངང་དུ་ཡེ་ཤེས་གནམ་གང་གི་ཟླ་བ་ནང་གསལ་ཐམས་ཅད་མཁྱེན་པའི་ཆ་ཡོན་ཏན་གྱི་རྟེན་ནམ་འཆར་གཞིར་གནས་པ་ལས། ཕྱིར་སྣང་ལོངས་སྐུའམ་གདུལ་བྱའི་སྣང་ངོར་སྣང་བ་ནི་ཡེ་ཡོད་པ་མ་ཡིན་ཏེ། མཐའ་བཞིའི་དྲི་མ་ལས་འདས་པ་ཆོས་སྐུ་ཉག་གཅིག་གི་དུས་ཡིན་པའི་ཕྱིར་རོ། །གནམ་གང་ན་ནམ་མཁའ་ལ་ཟླ་བ་ཡོད་ཀྱང་གཞན་གྱིས་བལྟར་རུང་བའི་མངོན་གསལ་དུ་མེད་པ་བཞིན་དུ་ཆོས་སྐུའི་ཡེ་ཤེས་མཁའ་དབྱིངས་སུ་འཁྱིལ་པ་ཤིན་ཏུ་ཕྲ་ཞིང་ཟབ་པའང་དེ་བཞིན་ཏེ། ཡེ་ཤེས་སྣང་བ་ལས། དབྱིངས་སུ་འཁྱིལ་པས་མཐོང་དུ་མེད། །མེད་པ་མིན་ཏེ་ཕྲ་བའི་ཕྱིར། །ཆོས་ཀྱི་སྔོན་རོལ་ཟླ་བ་བཞིན། །ཟབ་པ་ཞི་བ་ཆེས་ཕྲ་བའོ། །ཞེས་སོ། །
དབྱེ་བ་རྒྱས་པར་བཤད་པ་ལ་མི་འགྱུར་རྡོ་རྗེའི། མངོན་པར་བྱང་ཆུབ། ཞི་བ་ཆོས་ཀྱི། ལོངས་སྤྱོད་རྫོགས་པའི། ཅིར་ཡང་སྤྲུལ་པའི་སྐུ་དང་ལྔ་ལས། མི་འགྱུར་རྡོ་རྗེའི་སྐུ་ནི། ད་ནི་དབྱེ་བ་རྒྱས་པར་བཤད་པ་ལ་ལྔ་ལས། དང་པོ་མི་འགྱུར་རྡོ་རྗེའི་སྐུ་ནི། བསམ་བརྗོད་སྤྲོས་པའི་ཡུལ་ལས་འདས་པའི། ཆོས་ཉིད་མི་དམིགས་དུས་གསུམ་འཕོ་འགྱུར་མེད། །རང་བཞིན་གདོད་ནས་དག་པའི་ཆ་དེ་ལ། །མི་འགྱུར་རྡོ་རྗེའི་སྐུ་ཞེས་བརྗོད་པ་སྟེ། །གཞི་དབྱིངས་ཟད་པའི་ཆོས་ཉིད་མཐར་ཐུག་པའོ། །དེའང་གཞི་གདོད་མའི་ཆོས་དབྱིངས་འོད་གསལ་བ་སངས་རྒྱས་ཀྱི་བགྲོད་པ་མཐར་ཐུག་དེའི་ཆོས་ཉིད་འཕོ་འགྱུར་མེད་པའི་ཆ་དེ་ལ་མི་འགྱུར་རྡོ་རྗེའི་སྐུ་ཞེས་བརྗོད་དེ། ཡེ་ཤེས་དྲྭ་བ་ལས། དབྱིངས་ཀྱི་དག་པ་རྡོ་རྗེའི་སྐུ། །མི་འགྱུར་མི་ཤིགས་བསམ་ལས་འདས། །ཞེས་སོ། །
མངོན་པར་བྱང་ཆུབ་པའི་སྐུ་ནི། སྐུ་གཉིས་པ་མངོན་པར་བྱང་ཆུབ་པ་ནི་སྤངས་རྟོགས་མཐར་ཐུག་གི་ངོ་བོ་སྟེ། འདི་ལྟར། རང་བཞིན་གློ་བུར་སྒྲིབ་གཉིས་རྣམ་དག་ཅིང་། །ཐམས་ཅད་མཁྱེན་པའི་ཆོས་ཚུལ་རྒྱ་མཚོ་བརྙེས། །སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་པས། །སྟོབས་སོགས་ཕ་རོལ་ཕྱིན་པའི་ཆས་གཞལ་ན། །མངོན་པར་བྱང་ཆུབ་སྐུ་ཞེས་བཏགས་པ་སྟེ། །མ་འདྲེས་ཡོན་ཏན་འཆར་གཞི་མཐར་ཐུག་པའོ། །སེམས་ཉིད་འོད་གསལ་བ་མཐར་ཐུག་གི་ཚེ་དག་པ་ཉིས་ལྡན་གྱི་ཆ་ལ་རྟོགས་པའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། ཆོས་མ་འདྲེས་པ་བཅོ་བརྒྱད། ཐུགས་རྗེ་ཆེན་པོ། ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་སྔར་སྨོས་པའི་མཁྱེན་རབ་དང་བརྩེ་བའི་ནུས་པ་ཡོད་པའི་ཆ་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐུ་ཞེས་བྱ་སྟེ་མ་འདྲེས་པའི་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞི་གང་ཡིན་པའོ། །ཡེ་དྲྭ་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས་པས་ཆུབ་པ་(༡༥༩)ཉིད། །གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར། །མངོན་པར་བྱང་ཆུབ་སྐུར་བརྗོད་པའོ། །ཞེས་སོ། །སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིགས་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨའི་འདབ་ལྟར་རྒྱས། །ཞེས་པ་དང་། རྒྱུད་བླ་ལས། སངས་རྒྱས་ཉིད་ནི་དབྱེར་མེད་པ། །དག་པའི་ཆོས་ཀྱིས་རབ་ཕྱེ་བ། །ཉི་མཁའ་བཞིན་ཏེ་ཡེ་ཤེས་དང་། །སྤངས་པ་གཉིས་ཀྱི་མཚན་ཉིད་དོ། །འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །རང་བཞིན་གྱིས་ནི་མ་གྲུབ་དང་། །ཁྱབ་དང་གློ་བུར་བ་ཉིད་ཀྱིས། །ཉོན་མོངས་ཤེས་བྱའི་སྒྲིབ་པ་ནི། །སྤྲིན་དང་འདྲ་བར་བརྗོད་པ་ཡིན། །སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་སོ། །
ཆོས་ཀྱི་སྐུ་ལ་བཞི་ལས། རང་བཞིན་བཤད་པ་ནི། སྐུ་གསུམ་པ་ཞི་བ་ཆོས་ཀྱི་སྐུ་ནི་དབྱིངས་མཐའ་ལས་འདས་པའི་ངང་ན་ཤིན་ཏུ་ཕྲ་བའི་ཡེ་ཤེས་སྐུ་དང་ཡེ་ཤེས་ཀྱི་སྙིང་པོ་ཟླ་བ་མཁའ་དབྱིངས་སུ་ནུབ་པའི་ཆ་ཙམ་དུ་གནས་པ་ནི། ཤེས་བྱའི་ཡུལ་ལ་དེ་བློ་མི་འཇུག་ཅིང་། །ཤེས་བྱེད་བློ་ལ་འཛིན་པ་མི་དམིགས་ཀྱང་། །ནང་གསལ་མཁའ་དབྱིངས་ནུབ་པའི་ཟླ་བ་ལྟར། །ཐིམ་ལ་མ་རྨུགས་ཕྲ་བའི་ཡེ་ཤེས་མཆོག །
ཐམས་ཅད་མཁྱེན་ཆས་འཆར་གཞི་ངོ་བོའི་ཚུལ། །དེ་ལས་གཟུགས་སྐུ་རྣམ་མཁྱེན་མཆེད་འགྱུར་ཞིང་། །གཞན་ལ་སྣང་མཛད་ཡོན་ཏན་གཏེར་ཡིན་ཕྱིར། །ཤིན་ཏུ་ཆེས་ཕྲའི་ཡེ་ཤེས་རབ་ཞིའི་ཆས། །ཞི་བ་ཆོས་ཀྱི་སྐུ་ཞེས་རབ་ཏུ་བརྗོད། །དབྱིངས་སེམས་ཉིད་ནམ་མཁའི་ངང་དུ་ཡེ་ཤེས་རོ་གཅིག་ཏུ་འདྲེས་པ་གནམ་གང་ལྟ་བུའི་ཚེ་ན། སྤྲོས་པའི་ཚོགས་རྣམས་ཞི་ལ་ཐམས་ཅད་མཁྱེན་ཆ་མ་འགགས་པས་ཐིམ་ལ་མ་རྨུགས་པ་ཞེས་བྱ་སྟེ། ནང་གསལ་གྱི་ཡེ་ཤེས་མཉམ་གཞག་གི་ཆ་ལ། ཕྱིར་གསལ་གྱི་ཡེ་ཤེས་མཆེད་པའི་སྙིང་པོ་བྱེད་པ་སྟེ། ཡུལ་དང་ཡུལ་ཅན་གཉིས་སུ་འཛིན་པ་མེད་ཀྱང་། རྟོག་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་ནི་ཞི་བ་ཆོས་ཀྱི་སྐུ་ཞེས་བརྗོད་དེ། སྒྱུ་འཕྲུལ་བླ་མ་ལས། ཆེས་ཕྲའི་ཡེ་ཤེས་ནམ་དུ་གསལ། །དམིགས་མེད་འཆར་གཞི་ཆོས་ཀྱི་སྐུ། །ཞེས་པ་དང་། རྒྱུད་བླ་ལས། དྲི་མེད་རྣམ་པར་རྟོག་མེད་དང་། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །ཞེས་སོ། །དེའང་སྟོང་རྐྱང་ལ་ཆོས་སྐུར་མི་འདོད་དེ་རིག་པའི་ཡེ་ཤེས་མ་ཡིན་པའི་ཕྱིར་རོ། །ཆོས་ཉིད་ལ་ཆོས་སྐུར་འདོད་པ་ལྟར་ན་རྡོ་རྗེའི་སྐུ་སྟེ་བཤད་ཟིན་ཏོ། །
ཡུལ་ལ་མི་འཇུག་ཅིང་མུ་བཞི་ལས་འདས་པ་ནི། སྐུ་གསུམ་པོ། འདི་དག་ཕྱི་རོལ་ཡུལ་ལ་མི་འཇུག་ཅིང་། །ཆད་པ་མ་ཡིན་(༡༦༠)ཤིན་ཏུ་ཕྲ་བའི་ཕྱིར། །རྟག་དང་ཆད་སོགས་མུ་བཞིའི་མཐའ་ལས་འདས། །སྨྲ་བསམ་བརྗོད་མེད་ཕ་རོལ་ཕྱིན་པའི་ངང་། །སྟོང་པའི་རང་བཞིན་དམིགས་པ་རབ་ཞི་བས། །རྒྱལ་བ་རྣམས་ལས་གཞན་གྱི་སྤྱོད་ཡུལ་མིན། །བསམ་དུ་མེད་པ་སྟེ། དེའང་དབྱིངས་ནང་གསལ་དུ་གནས་པའི་སྐུ་འདི་གསུམ་ནི་ཕྱིར་གསལ་དུ་འཆར་བའི་རྟེན་ཡིན་པ་ཉིད་དང་། རྟག་པ་མ་ཡིན་ཏེ་དམིགས་བསམ་གྱི་ཡུལ་དུ་མེད་པའི་ཕྱིར་དང་། ཆད་པ་མ་ཡིན་ཏེ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མུ་མ་ཡིན་ཏེ་རྟག་ཆད་མ་གྲུབ་པས་དེའི་མུ་ཁེགས་པའི་ཕྱིར་རོ། །དེའང་འཆར་གཞི་བྱེད་པས་ན་རྒྱལ་སྲས་སར་གནས་རྣམས་དང་། སེམས་ཅན་གྱི་ཚོགས་ལ་གཟུགས་སྐུ་མིག་ལ་སྣང་བ་དང་། རྣ་བར་ཆོས་གསུང་ཐོས་པ་དང་། འཕགས་པའི་ཚུལ་ཁྲིམས་ཀྱི་དྲི་སྣོམ་པ་དང་། ཆོས་ཀྱི་རོ་མྱོང་བ་དང་། ཏིང་ངེ་འཛིན་བདེ་བའི་རོ་སྣང་བ་དང་། རྟོག་དཔྱོད་ཀྱི་ཤེས་རབ་ཀྱིས་ཆོས་ལ་འཇལ་བ་རྣམས་འབྱུང་བའི་རྒྱུ་བྱེད་པ་ཡང་ནང་གསལ་གྱི་ཡེ་ཤེས་ཟླ་བ་དབྱིངས་སུ་ནུབ་པ་ལྟ་བུའི་ནམ་མཁའ་བཞིན་དུ་གནས་པ་ལས་བྱུང་བས་སངས་རྒྱས་ལས་གཞན་གྱི་སྤྱོད་ཡུལ་མ་ཡིན་ཏེ། རྒྱུད་བླ་ལས། ཟག་པ་མེད་ཁྱབ་འཇིགས་མེད་ཆོས་ཅན་ཏེ། །བརྟན་ཞི་རྟག་པར་འཕོ་མེད་གནས་ཡིན་ནོ། །དེ་བཞིན་གཤེགས་པ་མཁའ་བཞིན་དམ་པ་ཡིས། །དབང་པོ་དྲུག་དོན་ཉམས་སུ་མྱོང་བའི་རྒྱུ། །འབྱུང་མེད་གཟུགས་དོན་བལྟ་དང་གཏམ་བཟང་ནི། །གཙང་མ་མཉན་དང་བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ཏིང་འཛིན་རེག་བདེ་ཉམས་མྱོང་དང་། །རང་གི་ངོ་བོ་ཉིད་ཀྱིས་ཟབ་པའི་ཚུལ། །རྟོགས་པའི་རྒྱུར་གྱུར་ཞིབ་མོར་བསམ་པ་ན། །དོན་དམ་བདེ་མཛད་དེ་བཞིན་གཤེགས་པ་ནི། །ནམ་མཁའ་བཞིན་དུ་རྒྱུ་མཚན་རྣམས་དང་བྲལ། །ཞེས་པ་དང་། རང་གཞན་དོན་རྟེན་དེ་ལ་ནི། །བསམ་མི་ཁྱབ་སོགས་ཡོན་ཏན་ལྡན། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ལུས་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་རྟོགས་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཞེས་སོ། །
ཆོས་ཀྱི་དབྱིངས་སུ་ཞི་བར་བཞུགས་ཚུལ་ནི། དེ་ལྟ་བུའི་ཡེ་ཤེས་མངའ་བའི་ཆ་ལ་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱ་སྟེ། དེ་ཉིད། ཆོས་དབྱིངས་ཕོ་བྲང་ཤིན་ཏུ་སྐྱེ་མེད་ན། །དུས་གསུམ་རྒྱལ་བ་ཐམས་ཅད་རྟག་བཞུགས་ཀྱང་། །གཅིག་གིས་གཅིག་མི་གཟིགས་ཏེ་ཆོས་ཉིད་ཕྱིར། །རང་བཞིན་ཟབ་ཞིར་བཞུགས་ཞེས་གསུངས་པ་ཡིན། །དེ་ཉིད་ངང་དུ་རྒྱལ་རྣམས་དགོངས་ཀློང་གཅིག །བུམ་མཁའ་སྔ་ཕྱིའི་ནམ་མཁའ་གཅིག་པ་བཞིན། །དེ་ལྟར་ནང་གསལ་གྱི་(༡༦༡)དུས་ན་ཆོས་ཉིད་ཀྱི་ཞིང་ན་སྟོན་པ་ཀུན་ཏུ་བཟང་པོ་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་གཞལ་མེད་ཁང་པར་དུས་གསུམ་མམ་བཞིའི་སངས་རྒྱས་ཐམས་ཅད་དང་དགོངས་པ་སྔ་ཕྱི་མེད་པར་གཅིག་ཏུ་བཞུགས་པ། བུམ་པ་སྔ་ཕྱིའི་ནམ་མཁའ་འདྲེས་པ་བཞིན་ཡེ་ནས་དབྱེར་མེད་པ་ཉིད་དུས་དེར་རོ་གཅིག་ཏུ་གྱུར་ནས་ཆོས་ཉིད་དམིགས་མེད་དུ་བཞུགས་པས། སངས་རྒྱས་རྣམས་ཀྱང་གཅིག་གིས་གཅིག་གི་ཆོས་ཉིད་དེ་ཉིད་མི་གཟིགས་ཏེ་གཟིགས་བྱ་གཟིགས་བྱེད་ཀྱི་ཡུལ་ལས་འདས་པ་རྟག་ཏུ་ལྷུན་གྱིས་གྲུབ་པར་བཞུགས་པའི་ཕྱིར་རོ། །གསང་སྙིང་ལས། གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང་། །ཞེས་སོ། །
ཆོས་སྐུ་ཡེ་ཤེས་ཀྱི་ཚོགས་སུ་བསྟན་པ་ནི། ཚུལ། འདི་ནི་ཆོས་ཉིད་སྟོང་པ་ཤེས་རབ་དང་། །ཡེ་ཤེས་ཚོགས་དང་རྫོགས་རིམ་མཐར་ཐུག་པའོ། །དེའང་ཡེ་ཤེས་ཀྱི་ཚོགས་མཐར་ཐུག་པ་ཤེས་རབ་རྫོགས་པའི་རིམ་པ་སྟོང་པ་ཉིད་བསྒོམས་པས་སེམས་ཉིད་ཀྱི་སྒྲིབ་པ་བསལ་བའི་ཚེ་ནང་གསལ་ཆོས་སྐུ་མཐའ་དབུས་མེད་པའི་དབྱིངས་རྫོགས་པར་མངོན་དུ་བྱེད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་བཤད་པའི་དོན་ཏོ། །
ལོངས་སྤྱོད་རྫོགས་པའི་སྐུ་ལ་མདོར་བསྟན་དང་རྒྱས་བཤད་གཉིས་ལས། མདོར་བསྟན་པ་ནི། ད་ནི་སྐུ་བཞི་པ་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པ་ནི་ནང་གསལ་གྱི་དབྱིངས་ནམ་མཁའ་ལྟ་བུ། དེ་ཉིད་ངང་ལས་རང་སྣང་ལོངས་སྤྱོད་རྫོགས། །གནས་དུས་སྟོན་པ་ཆོས་འཁོར་ཕུན་ཚོགས་ལས། །དབྱིངས་ནང་གསལ་ཆོས་ཉིད་ཀྱི་ངང་ལས་ཕྱིར་གསལ་དུ་རང་སྣང་བའི་ལོངས་སྐུ་ངེས་པ་ལྔ་ལྡན་སྣང་བ་ནི་རྒྱལ་ཚབ་ཀྱི་སྟོན་པ་རིགས་ལྔ་སྟེ་སྟོང་གཟུགས་ལྟར་སངས་རྒྱས་ཉིད་ཀྱི་སྣང་བ་ལས་གཞན་དང་ཐུན་མོང་མ་ཡིན་པའོ། །ཞིང་འདིའི་གཞལ་ཡས་ཁང་པ་ལ་སོགས་པ་ནི་རང་སྣང་གཞིའི་འོད་གསལ་ལས་གྲུབ་ཀྱི། ག་ཤེད་ན་རང་མཚན་པ་ཡོད་པ་ནི་མ་ཡིན་ཏེ། སྒྱུ་འཕྲུལ་ལམ་རིམ་ལས། ལྷུན་རྫོགས་རིག་པ་རང་སྣང་བའི། །ཞིང་དང་གཞལ་ཡས་གདན་ཁྲི་རྒྱན། །འོད་ཟེར་དུ་མར་སྣང་བ་སྟེ། །ཞེས་སོ། །
རྒྱས་པར་བཤད་པ་ལ་གནས་དུས་སྟོན་པ་ཆོས་འཁོར་སྣང་བ་མཇུག་བསྡུ་བ་དང་ས་བཅུ་པས་ཀྱང་མི་མཐོང་ཞིང་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་དུ་བསྟན་པ་དགུ་ལས། གནས་ཕུན་སུམ་ཚོགས་པ་ལའང་གསུམ་སྟེ། །ངོ་བོ་ནི། དེ་ལ་དང་པོ། གནས་ནི་འོད་གསལ་སྟུག་པོ་བཀོད་པའི་ཞིང་། །ལྔ་ལྡན་འོད་ཀྱིས་ལྷུན་སྟུག་གསལ་ཞིང་འཚེར། །འཇའ་ཚོན་གདངས་གསལ་ནམ་མཁའ་གང་བ་བཞིན། །སྟེང་འོག་ཕྱོགས་མཚམས་ནམ་མཁའི་དབྱིངས་ཁྱབ་པར། །གཞལ་མེད་ཁང་མཛེས་སྒོ་བཞི་རྟ་བབས་ལྡན། །རྩིག་པ་ལྔ་དང་ཕ་གུ་དྲྭ་ཕྱེད་དང་། །མདའ་ཡབ་པུ་ཤུ་གཙང་ཁང་ཕྱུར་བུས་མཛེས། །རང་སྣང་འོད་(༡༦༢)གསལ་སྟུག་པོ་བཀོད་པ་རྣམ་དག་བདེ་བའི་ཞིང་ནི། སྙིང་གའི་ཡེ་ཤེས་ཀྱི་འོད་ལྔ་རང་གསལ་བའི་གཞི་མཐར་ཐུག་པའི་ཚེ་སྣང་བ་སྟེ། སྟེང་འོག་ཕྱོགས་མཚམས་ཀྱི་ནམ་མཁའ་ཐམས་ཅད་འོད་ཁྱིམ་བཀོད་ལེགས་པའི་ར་བ་དང་གུར་གྱི་སྣང་བ་ཁ་དོག་ཕྱེད་པས་གསལ་བ་དང་འོད་ལྔ་བཀྲག་ཏུ་འཚེར་བ་མེ་ལོང་གི་ངོས་ལ་ཉི་མ་ཤར་བ་ལྟ་བུའི་དབུས་ན། ཡེ་ཤེས་རིན་པོ་ཆེའི་གཞལ་མེད་ཁང་འོག་གཞི་ཡེ་ཤེས་ཀྱི་འཁོར་ལོའི་སྟེང་ན་ནམ་མཁའི་དབྱིངས་ཁྱབ་པར་གྲུ་བཞི་ལྷམ་པར་སྣང་བའི་རྩེ་མོ་བུམ་པ་ཟླུམ་པོ་གཙང་ཁང་ཕྱུར་བུའི་ཡ་ཕིབས་ཅན་རིན་པོ་ཆེ་འབར་བའི་ཏོག་གིས་བརྒྱན་པའི་རྡོ་རྗེ་ཕྱེད་པས་མཛེས་པ། རྩིག་པ་ལྔའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོ་བསྒྲིགས་ཤིང་། མདའ་ཡབ་ཕྱིར་འཕྱང་གི་བད་ཀྱི་གདུང་སྣ་ལས་ནོར་བུ་དང་མུ་ཏིག་གི་དྲྭ་བ་དྲྭ་ཕྱེད་ཉི་ཟླའི་འཕྱོང་དང་བཅས་པ་ཕྱིར་འཕྱང་བ། མདའ་ཡབ་ཀྱི་སྟེང་ན་པུ་ཤུ་མཆོད་རྟེན་བརྩེགས་པ་དཀར་པོས་མཛེས་པར་བྱས་པ། སྒོ་བཞི་སྒོ་ཁྱུད་དང་བཅས་པ་ཕྱོགས་བཞིར་སྣང་བའི་གློ་འབུར་བཞིས་བརྒྱན་པ། རྟ་བབས་བང་རིམ་བཞི་སྣམ་ཕྲན་དང་བཅས་པ་འོད་ལྔའི་ར་བས་མཛེས་པ་སྟེ། གསང་སྙིང་ལས། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ། ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་གཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་། སོ་སོ་མ་ཡིན་ངོ་བོ་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་པ་ཞེས་བྱའོ། །
རྒྱན་ནི། གཞལ་ཡས་ཁང་དེའི་རྒྱན་ཡང་། རིན་པོ་ཆེ་དང་དར་གྱི། འཕན་གདུགས་རྔ་ཡབ་དྲིལ་བུའི་ཕྲེང་བ་དང་། །བླ་རེ་རྒྱལ་མཚན་ལ་སོགས་ནམ་མཁའ་གང་། །འདོད་ཡོན་ལྷ་མོ་མཆོད་པའི་སྤྲིན་འཕྲོ་ཞིང་། །འོད་ཟེར་འཁྱིལ་པས་ཕྱི་ནང་ཀུན་ཏུ་ཁྱབ། །དབུས་དང་ཕྱོགས་བཞི་སོ་སོའི་ཁ་དོག་ལ། །མཐུན་པའི་རྒྱན་དང་ཁ་དོག་རྣམ་པར་བཀྲ། །ཆེ་ཆུང་མ་ངེས་གང་བལྟས་དེ་ལྟར་སྣང་། །གྲངས་ནི་ཚད་མེད་ནམ་མཁའི་དབྱིངས་ཀུན་ཁྱབ། །ཇི་ལྟར་ཏིལ་གྱི་གང་བུ་ཕྱེ་བ་བཞིན། །གཞལ་ཡས་ཁང་པ་བརྒྱན་པའི་དར་ཟབ་རིན་པོ་ཆེའི་འཕན་དང་། གདུགས་དང་། བླ་རེ་དང་། རྒྱལ་མཚན་ལ་སོགས་པས་ནམ་མཁའ་གང་བར་བརྒྱན་ཞིང་། མཆོད་པའི་ལྷ་མོས་འདོད་ཡོན་གྱི་སྤྲིན་འཁྲིགས་པས་ཕྱོགས་བཅུ་གང་བར་རང་བྱུང་བ། གཞལ་ཡས་ཁང་པའི་དབུས་མཐིང་ག་ལ་སོགས་པ་ཡེ་ཤེས་ཀྱི་ཕྱོགས་ཚོན་གསལ་ཞིང་། གྲངས་མང་བ་ཏིལ་གྱི་གང་བུ་ཁ་བྱེ་བ་ཙམ་དུ་ནམ་མཁའི་མཐས་གར་ཁྱབ་ཐམས་ཅད་དུ་ཁྱབ་ཅིང་། ཚད་འདི་ཙམ་ཞེས་མ་ངེས་པས་གང་བལྟས་པ་དེ་ཙམ་དུ་(༡༦༣)སྣང་ཡང་མཐའ་མི་མངོན་ལ། འོད་ཟེར་འཁྱིལ་པས་མིག་འཕྲུལ་ལྟར་སྣང་ལ་རང་བཞིན་མེད་པ་སྟེ། གསང་སྙིང་ལས། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུའི་རྒྱན་དང་། གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། དྲི་སྣ་ཚོགས་དང་། རོ་སྣ་ཚོགས་དང་། རེག་བྱ་སྣ་ཚོགས་ཀྱིས་ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ། མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པས་བཀླུབས་པ་ཞེས་སོ། །
གང་ན་ནི། གཞལ་ཡས་ཁང་པ། ཀུན་གྱི་ནང་ན་སེང་གེ་གླང་ཆེན་རྟ། །རྨ་བྱ་ཤང་ཤང་ཉི་ཟླ་པདྨས་སྤྲས། །ཡོན་ཏན་གྱི་བརྡ་དོན་དུ་མ་མཚོན་པའི་ཕྱིར་གདན་ཁྲི་དེ་དག་ཏུ་སྣང་བ་ཡང་། དེ་ལས། མི་འཇིགས་པ་སེང་གེའི་ཁྲི་དང་། སྟོབས་གླང་པོ་ཆེའི་ཁྲི་དང་། རྫུ་འཕྲུལ་རྟའི་ཁྲི་དང་། དབང་རྨ་བྱའི་ཁྲི་དང་། ཐོགས་པ་མེད་པ་ནམ་མཁའ་ལྡིང་གི་ཁྲི་དང་། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ་ཞེས་སོ། །
དུས་ཕུན་སུམ་ཚོགས་པ་ནི། གཉིས་པ། དུས་ནི་མ་ངེས་གཞི་རྫོགས་འཕོ་འགྱུར་མེད། །དུས་གསུམ་དུས་མེད་ཀུན་ཏུ་བཟང་པོའི་དུས། །ཐམས་ཅད་མཉམ་རྫོགས་ཆོས་ཉིད་གདལ་བ་ཆེ། །རང་བཞིན་གདོད་ནས་དག་པའི་ངང་ཉིད་དོ། །དུས་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ཆོས་ཉིད་སྤྲོས་པ་དང་བྲལ་བ་དུས་གསུམ་འཕོ་འགྱུར་མེད་པ་ཀུན་ཏུ་བཟང་པོའི་དུས་རང་བཞིན་རྫོགས་པ་ཆེན་པོའི་ངང་སྟེ། མཚན་བརྗོད་ལས། དུས་གསུམ་དུས་མེད་རྟོགས་པར་གནས། །ཞེས་པའི་དུས་སོ། །
སྟོན་པ་ཕུན་སུམ་ཚོགས་པ་རང་བཞིན་དབྱིངས་ཀྱི་སྐུ་དང་རིག་པ་གདངས་ཀྱི་སྐུ་ནི། གནས་དེར་བཞུགས་པའི། སྟོན་པ་མཚན་རྫོགས་དཔེ་བྱད་འབར་བའི་སྐུ། །རྣམ་སྣང་མི་བསྐྱོད་རིན་འབྱུང་འོད་དཔག་མེད། །དོན་གྲུབ་ལྔ་པོ་ལྔ་ལྔས་བསྐོར་བ་ལ། །ནམ་མཁའི་དབྱིངས་ཕྱུག་རྡོ་རྗེ་མཱ་མ་ཀཱི། །སངས་རྒྱས་སྤྱན་དང་གོས་དཀར་དམ་ཚིག་སྒྲོལ། །ཡབ་ཡུམ་མཉམ་སྦྱོར་སོ་སོའི་རྒྱན་རྣམས་རྫོགས། །མཐིང་ག་དཀར་སེར་དམར་ལྗང་འོད་ཟེར་འཕྲོ། །འོག་གཞི་ཞི་བ་སྟེང་གཞི་ཁྲོ་བོའི་ཚུལ། །བུདྡྷ་བཛྲ་རཏྣ་པདྨ་ཀར། །ཧེ་རུ་ཀ་དཔལ་ལྔ་ལྔས་བསྐོར་བ་ཡང་། །ཀྲོ་དྷཱི་ཤྭ་རཱི་ལྔ་དང་མཉམ་པར་སྦྱོར། །དེ་སོགས་རྣམ་པ་བརྗོད་ཀྱིས་མི་ལང་ངོ་། །ཞི་བའི་སངས་རྒྱས་བཞི་བཅུ་རྩ་གཉིས་ཀྱི་གཙོ་བོ་རིགས་ལྔ་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ་ཡང་ཚུལ་དགུས་འོག་གཞི་ལ་བཞུགས་ཏེ། སྒྱུ་འཕྲུལ་རྔམ་གློག་ལས། དེ་ལྟའི་སྐུ་མཆོག་རེ་རེ་ལ། །ཚུལ་དགུ་དག་དང་ལྡན་པ་སྟེ། །མཉེན་དང་ལྕུག་དང་འཁྲིལ་བག་དང་། །ལྡེམ་བག་ཆགས་དང་གཞོན་ཚུལ་ཅན། །གསལ་དང་འཚེར་དང་ལྷུན་སྟུག་དང་། །གཟི་བྱིན་འབར་བར་རབ་ཏུ་གནས། །ཞེས་སོ། །དེའང་མཚན་དང་དཔེ་བྱད་འབར་བར་བཞུགས་སོ། །སྟེང་གཞི་ལ་ཁྲོ་བོ་རིགས་ལྔ་ཡང་ཚུལ་དགུས་བཞུགས་སོ། །(༡༦༤)གང་ཞེ་ན། གལ་བོ་ཆེ་ལས། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཚུལ་གྱིས་བསྒྱིངས་པའོ། །ཞེས་སོ། །དཀྱིལ་འཁོར་ཡང་། སྔ་མ་ལས། དུར་ཁྲོད་ཆེན་པོའི་གནས་ཆེན་དུ། །རཀྟའི་དབའ་རླབས་འཁྲུགས་པའི་དཀྱིལ། །ཀེང་རུས་རི་རབ་འབར་བའི་སྟེང་། །མེ་འབར་བསྲེགས་པའི་ཀློང་དཀྱིལ་ན། །དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །ཚད་དང་རྒྱ་ཡོངས་མ་ཆད་པ། །ཕྱི་ནང་མེད་པར་གསལ་བའི་འོད། །འཁོར་ལོ་འབར་བ་རྩིབས་བཞི་པ། །གྲུ་ཆད་འབར་བ་བཞིས་བརྒྱན་ཞིང་། །གྲུ་བཞི་སྒོ་ཁྱུད་འབར་བས་མཛེས། །བར་ཁྱམས་གཉིས་ནི་འབར་བར་གསལ། །ཉི་ཟླ་སྦྲུལ་དང་ཐོད་པས་བརྒྱན། །ཁྱུ་མཆོག་དང་ནི་མ་ཧེ་གཟིག །སྟག་དང་གཏུམ་པོ་དོམ་དག་གི། །སྡེར་མོས་དྲེགས་པ་བརྒྱ་བྱིན་དང་། །ཚངས་པ་དབང་ཕྱུག་བཟུང་བ་ཡི། །གདན་ཆེན་རྣམས་ཀྱང་གསལ་བའོ། །འབུས་སུ་འཇིགས་བྱེད་ཆེན་པོ་ནི། །ཞེས་པ་ལ་སོགས་པ་གསུངས་སོ། །འགྱུར་ལ་ལར། སྟག་དང་གཏུམ་པོ་དོམ་དག་ནི། །ཟུང་སྟེང་བརྒྱ་བྱིན་ཚངས་པ་ཡི། །གདན་ཆེན་རྣམས་ཀྱང་གསལ་བའོ། །ཞེས་འབྱུང་བ་ནི་ཤིན་ཏུ་དག་པར་མངོན་ནོ། །ཞི་ཁྲོའི་དཀྱིལ་འཁོར་ནི་ནམ་མཁའི་མཐའ་དང་མཉམ་པ་ཀུན་ཏུ་ཁྱབ་པས་བསམ་གྱིས་མི་ཁྱབ་བརྗོད་ལས་འདས་པའོ། །དེ་ལ་མཚན་དཔེའི་དོན་ནི་ལོངས་སྐུའི་ངོ་བོ་ཡིན་པས་གང་ཞེ་ན། དང་པོ་མཚན་སུམ་ཅུ་རྩ་གཉིས་ནི། རྒྱུད་བླ་ལས། ལེགས་གནས་འཁོར་ལོས་མཚན་པ་དང་། །ཡངས་དང་ཞབས་ལོང་མི་མངོན་དང་། །སོར་མོ་རིང་དང་ཕྱག་ཞབས་ནི། །དྲྭ་བ་ཡིས་ནི་འབྲེལ་བ་དང་། །པགས་འཇམ་གཞོན་ཤ་ཅན་ལེགས་ཉིད། །སྐུ་ནི་བདུན་དག་མཐོ་བ་དང་། །བྱིན་པ་ཨེ་ན་ཡ་འདྲའི་གསང་། །གླང་པོ་བཞིན་དུ་སྦུབས་སུ་ནུབ། །རོ་སྟོད་སེང་གེའི་དང་འདྲ་དང་། །ཐལ་གོང་བར་མེད་རྒྱས་པ་དང་། །དཔུང་མགོ་ལེགས་ཟླུམ་ཕྱག་འཇམ་ཞིང་། །ཟླུམ་ཞིང་མཐོ་དམན་མེད་པ་དང་། །ཕྱག་རིང་ཡོངས་སུ་དག་པའི་སྐུ། །འོད་ཀྱི་དཀྱིལ་འཁོར་དང་ལྡན་དང་། །མགྲིན་པ་དྲི་མེད་དུང་འདྲ་དང་། །འགྲམ་པ་རི་དྭགས་རྒྱལ་པོ་འདྲ། །ཚེམས་ནི་བཞི་བཅུ་མཉམ་པ་དང་། །རབ་དཀར་ཚེམས་ཐགས་བཟང་བ་དང་། །རྣམ་དག་ཚེམས་མཉམ་ཉིད་དང་ནི། །མཆེ་བ་རབ་མཆོག་དཀར་བ་ཉིད། །ལྗགས་རིང་མཐའ་མེད་བསམ་མེད་པ། །རོ་བྲོ་བ་ཡི་མཆོག་ཉིད་དང་། །རང་བྱུང་ཀ་ལ་པིངྐ་ཡི། །སྒྲ་དང་ཚངས་པའི་དབྱངས་ཉིད་དང་། །སྤྱན་བཟང་ཨུཏྤལ་ཁྱུ་མཆོག་རྫི་འདྲ་དང་། །ཞལ་མཛེས་དྲི་མེད་མཛོད་སྤུ་དཀར་ལྡན་པ། །གཙུག་ཏོར་དབུར་ལྡན་དག་ཅིང་སྲབ་པ་དང་། །པགས་པ་གསེར་གྱི་མདོར་འདྲ་སེམས་ཅན་མཆོག །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། །སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་པ་དང་། །(༡༦༥)དབུ་སྐྲ་དྲི་མེད་རིན་ཆེན་མཐོན་མཐིང་བཞིན། །ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། །ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ། །བསམ་མི་ཁྱབ་འབར་སུམ་ཅུ་རྩ་གཉིས་སོ། །འདི་དག་སྟོན་པས་མི་དབང་མཚན་དུ་གསུངས། །ཞེས་སོ། །
དཔེ་བྱེད་བཟང་པོ་བརྒྱད་ཅུ་ནི། མངོན་རྟོགས་རྒྱན་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམས། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་པ་དང་། །ཀུན་ནས་བལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབས་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་ཉིད་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་དང་མ་འཛིངས་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་སོ། །
ཆོས་ཕུན་སུམ་ཚོགས་པ་ནི། བཞི་པ། ཆོས་ནི་རང་བཞིན་རྫོགས་པ་ཆེན་པོའི་ངང་། །སྨྲ་བསམ་བརྗོད་དུ་མེད་པའི་ཀློང་ཉིད་དོ། །སྣང་བ་དེའི་ཚེ་གཅིག་དང་དུ་མ་མེད་པའི་ཆོས་ཕུན་སུམ་ཚོགས་པ་བརྗོད་དུ་མེད་པ་ནི། ཀུན་བྱེད་ལས། ཆོས་ནི་རང་བཞིན་རྫོགས་པ་ཆེན་པོ་སྟེ། །སྙིང་པོ་ལྷུན་འབྱམས་སྨྲ་བསམ་(༡༦༦)བརྗོད་ལས་འདས། །ཞེས་པ་ལྟར་རོ། །
འཁོར་ཕུན་སུམ་ཚོགས་པ་ལ་གཉིས་ལས། ཞི་བའི་འཁོར་ནི། ལྔ་པ། འཁོར་ནི་ཉིད་ལས་མི་གཞན་རང་སྣང་འཁོར། །སེམས་དཔའ་བརྒྱད་དང་དེ་བཞིན་སེམས་མ་བརྒྱད། །སྒོ་བ་བཞི་དང་སྒོ་མ་རྣམ་པ་བཞི། །ཞི་བ་རང་བཞིན་བཞི་བཅུ་རྩ་གཉིས་ལས། །དྲུག་ནི་གཞན་ལ་སྣང་ཕྱིར་སྤྲུལ་པ་སྟེ། །གཉིས་ནི་དབྱིངས་ན་གནས་ཕྱིར་ཆོས་ཀྱི་སྐུ། །རང་སྣང་ཞི་བ་ལོངས་སྐུ་སུམ་ཅུ་བཞི། །ཁྱད་པར་འཁོར་ནི་ཉི་ཤུ་བཞིར་གནས་སོ། །རང་སྣང་ལོངས་སྐུའི་ཞིང་ན་གཙོ་འཁོར་དུ་སྣང་ཡང་བཟང་ངན་མེད་པས་ཡེ་ཤེས་གཅིག་གི་རོལ་པར་རང་ཤར་བ་སྟེ། སྒྱུ་འཕྲུལ་རྒྱ་མཚོ་ལས། རང་སྣང་རྒྱལ་བ་སེམས་སྩོགས་དང་། །དང་པོའི་སངས་རྒྱས་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །ཞེས་སོ། །དེ་ལ་ཞི་བའི་སངས་རྒྱས་བཞི་བཅུ་རྩ་གཉིས་ལས། ཀུན་བཟང་ཡབ་ཡུམ་ནི་ནང་གསལ་ཆོས་སྐུའི་སྟོན་པར་དབྱིངས་ན་བཞུགས་པས་འདིར་མི་སྣང་ངོ་། །ཐུབ་པ་དྲུག་ནི་གདུལ་བྱའི་སྣང་བས་བསྡུས་པས་འདིར་མི་སྣང་ངོ་། །གཙོ་བོ་ལྔར་བྱས་ན་ཡུམ་དང་བཅུ་དབུས་ཀྱི་གཙོ་བོ་ལ། སེམས་དཔའ་བརྒྱད། སེམས་མ་བརྒྱད། སྒོ་བ་ཡབ་ཡུམ་བརྒྱད་དེ་ཉི་ཤུ་རྩ་བཞི་ཡིན་ལ། གཙོ་བོ་རྣམ་སྣང་ཡབ་ཡུམ་དུ་བྱས་དུས། རིགས་བཞི་ཡབ་ཡུམ་བརྒྱད་དང་སུམ་ཅུ་རྩ་གཉིས་ནི་འཁོར་དུ་རང་སྣང་བའོ། །
ཁྲོ་བོའི་འཁོར་ནི། དེ་བཞིན་དུ་སྟེང་གཞི། ཁྲོ་བོའི་འཁོར་ནི་ཀཽ་སིང་ཕྲ་མེན་བརྒྱད། །སྒོ་སྐྱོང་བཞི་དང་དབང་ཕྱུག་ཉི་ཤུ་བརྒྱད། །ཁྲོ་བོ་རང་བཞིན་ལྔ་བཅུ་རྩ་བརྒྱད་ལས། །ཁྱད་པར་འཁོར་ནི་བཞི་བཅུ་བརྒྱད་དང་བཅས། །འབར་བའི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །ཤིན་ཏུ་མི་བཟད་གར་དགུས་རོལ་པའོ། །གཙོ་བོ་ཡབ་ཡུམ་ལྔར་བྱས་ན་འཁོར་བཞི་བཅུ་རྩ་བརྒྱད་ལ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་དང་བཅས་ཏེ་གཉིས་སུ་བྱས་ན་ལྔ་བཅུ་རྩ་དྲུག་འཁོར་དུ་རང་སྣང་བ་ཐམས་ཅད་ཀྱང་འཇིགས་སུ་རུང་བའི་རྔམ་སྟབས་འབར་བས་ནམ་མཁའི་དཀྱིལ་ན་བཞུགས་པ་སྟེ། སློབ་དཔོན་ཆེན་པོས། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་། །དགོད་དང་གཤེ་དང་དྲག་ཤུལ་ཆེན་པོ་དང་། །སྙིང་རྗེ་རྔམ་དང་ཞི་བའི་ཚུལ་སྟོན་པ། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ་ཕྱག་འཚལ། །ཞེས་གསུངས་པ་ལྟར་གནས་སོ། །
རང་སྣང་གཞན་སྣང་བཤད་པ་ནི། དེ་ལྟར་སྒྱུ་འཕྲུལ་དྲྭ་བ་ཞི་ཁྲོའི་དཀྱིལ་འཁོར་བཀོད་པ་ལས། ཚུལ། གཞན་ཡང་ལུས་གྲུབ་དཀྱིལ་འཁོར་ཇི་སྙེད་པ། །དེ་སྙེད་རང་སྣང་ལོངས་སྐུའི་ཞིང་ཁམས་ཡིན། །གཞན་སྣང་གདུལ་བྱའི་ཞི་ཁྲོ་ཇི་སྙེད་པ། །སྤྲུལ་སྐུས་བསྡུས་ཕྱིར་རང་སྣང་ལོངས་སྐུ་མིན། །འདི་ལྟར་གསང་བ་འདུས་པ་དང་། ཀྱེའི་རྡོ་རྗེ་དང་། འཁོར་ལོ་བདེ་མཆོག་ལ་སོགས་པའི་རྒྱུད་བླ་ན་མེད་པ་ལས་ལུས་གྲུབ་ཀྱི་དཀྱིལ་འཁོར་གསུངས་པ་ཡང་རང་སྣང་ལོངས་སྐུའི་སྣང་བ་ཡིན་གྱི་གཞན་ལ་སྣང་བ་མ་ཡིན་ནོ། །ཁ་ཅིག་ལས་(༡༦༧)བགེགས་དང་ལོག་འདྲེན་འདུལ་བའི་དོན་དུ་ཁྲོ་བོའི་དཀྱིལ་འཁོར་སྤྲོས་པ་དག་ནི་སྤྲུལ་པའི་སྐུ་ཡིན་གྱི་འོག་མིན་གྱི་ཞིང་གི་དཀྱིལ་འཁོར་མ་ཡིན་ཏེ། བགེགས་དེ་དག་གི་རང་སྣང་གི་དཀྱིལ་འཁོར་ཡིན་པའི་ཕྱིར་རྨི་ལམ་བཞིན་ནོ། །
དེ་དག་གི་མཇུག་བསྡུ་བ་ནི། ད་ནི་མཇུག་བསྡུ་བ་བསྟན་པ་ནི། རང་སྣང་ལོངས་སྐུའི་སྣང་བ་ཆེན་པོ་རང་བཀོད་པ། དེ་ལྟར་ཕུན་སུམ་ཚོགས་པ་རྣམ་ལྔའི་ཞིང་། །ཐམས་ཅད་རང་སྣང་ཡིན་ཕྱིར་བཟང་ངན་མེད། །ཀུན་ཀྱང་གསལ་འཚེར་ལྷུན་སྟུག་འོད་ཟེར་འཕྲོ། །ལྷམ་མེ་ལྷན་ནེ་ལྷང་ངེའི་ཚུལ་གྱིས་བཞུགས། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཏེ། །གཅིག་གིས་གཅིག་གཟིགས་དེ་ཡི་བསྔགས་པ་བརྗོད། །ཡེ་ཤེས་ཕྱིར་གསལ་དུ་སྣང་བའི་ཞིང་གི་གཙོ་འཁོར་ལ་བཟང་ངན་མེད་དེ་རྒྱུད་གཅིག་གིས་བསྡུས་པའི་རྨི་ལམ་བཟང་ངན་ནམ་གཙོ་འཁོར་དུ་སྣང་ཡང་དོན་ལ་བཟང་ངན་མེད་པ་བཞིན། དོན་ནང་ན་ཡོད་པའི་རྟགས་ཕྱིར་ཤར་བའི་ཞིང་དང་གཞལ་ཡས་ཁང་དང་འོད་དང་གཙོ་འཁོར་ལ་སོགས་པ་རྣམས་སྒྲིབ་པ་མཐའ་དག་དང་བྲལ་བའི་སངས་རྒྱས་ཀྱི་རྒྱུད་གཅིག་གིས་བསྡུས་པའི་རོལ་པ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་ཐུགས་རྣམ་པར་མི་རྟོག་པས་ལྷམ་མེ་བ་དང་། གསུང་བརྗོད་བྲལ་ཆེན་པོས་ལྷན་ནེ་བ་དང་། སྐུ་གཟི་བརྗིད་ཆེན་པོས་ལྷང་ངེ་བར་བཞུགས་པ་ཡིན་ནོ། །འདི་དག་ཕྱིར་སྣང་དུ་མཐོང་བ་དག་པའི་སྤྱན་གྱི་དཀྱིལ་འཁོར་ལ་རང་སྣང་བའི་ཕྱིར། སངས་རྒྱས་ཐམས་ཅད་གཅིག་གིས་གཅིག་བསྒྲིབས་པ་མེད་པར་གཟིགས་པས་ཡོན་ཏན་དང་བསྔགས་པ་བརྗོད་རེས་མཛད་པ་ཡིན་ནོ། །
དག་པ་ས་བཅུས་ཀྱང་མི་མཐོང་བའི་ཚུལ་ནི། སྣང་བ་འདི་ཉིད་ས་བཅུའི་སྒྲིབ་པ། དེ་ལྟར་ཡིད་འོང་ཀུན་ནས་བཀོད་པའི་ཞིང་། །དག་པའི་གདུལ་བྱ་ཡིས་ཀྱང་མཐོང་མི་ནུས། །ས་དང་པོ་ནས་བཅུ་པའི་བར་གྱི་སེམས་དཔའ་རྣམས་ཀྱིས་ཀྱང་སངས་རྒྱས་ཉིད་ཀྱི་རང་སྣང་བའི་ལོངས་སྐུ་མི་མཐོང་སྟེ། ད་དུང་སྒྲིབ་པ་མཐའ་དག་དང་མ་བྲལ་བའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་ཀྱི་ཁམས་དང་ཡོན་ཏན་དང་འཕྲིན་ལས་ལ་སོགས་པ་ནམ་མཁའི་དབྱིངས་ཁྱབ་པར་མཐའ་ཡས་པས་ཀྱང་བལྟ་བར་མི་ནུས་ཏེ། རང་གི་ས་པ་ཙམ་ལས་ཡོན་ཏན་མཐའ་དག་ལ་གཟིགས་པ་དག་པའི་བློ་མིག་མ་ཐོབ་པའི་ཕྱིར་རོ། །རྒྱུད་བླ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཡོན་ཏན་སངས་རྒྱས་འཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ཞེས་པ་དང་། དག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོག་གནས་མིན་ཕྱིར་ངང་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་པ་དང་། བླ་མེད་ཡེ་ཤེས་ཐུགས་རྗེ་ཆེ་སོགས་ཡོན་ཏན་གྱིས། །ཡོན་ཏན་ཕ་རོལ་ཕྱིན་པའི་རྒྱལ་བ་བསམ་མི་ཁྱབ། །དེས་ན་(༡༦༨)རང་བྱུང་རྣམས་ཀྱི་ཐ་མའི་ཚུལ་འདི་ནི། །དྲང་སྲོང་ཆེན་པོ་དབང་ཐོབ་རྣམས་ཀྱིས་ཀྱང་རིག་མིན། །ཞེས་སོ། །
སངས་རྒྱས་ཁོ་ནའི་སྤྱོད་ཡུལ་དུ་བསྟན་པ་ནི། འོ་ན་སུ་ཡི་ཡུལ་ཡིན་ཞེ་ན། རང་སྣང་སྟོང་གཟུགས་བཞིན་དུ་བསམ་མི་ཁྱབ། །དུས་གསུམ་རྒྱལ་བ་རྣམས་ཀྱི་རང་སྣང་ངོ་། །འདི་ལྟར་རླུང་དབུ་མར་ཆུད་པའི་ཚེ་རྣལ་འབྱོར་པ་རྣམས་ལ་སྟོང་པ་ཉིད་ཀྱི་གཟུགས་བརྙན་རང་ལ་སྣང་ཡང་གཞན་གྱིས་མི་མཐོང་བ་བཞིན་དུ། སངས་རྒྱས་ལ་སྣང་བའི་ཞིང་སྣང་དེ་ཡང་བྱང་ཆུབ་སེམས་དཔས་མི་མཐོང་ཡང་སངས་རྒྱས་ལ་རྟག་པ་རྒྱུན་གྱི་ཁོར་མོར་སྣང་སྟེ། ལྷུན་གྱིས་གྲུབ་པའི་དབྱིངས་ཀྱི་སྣང་བ་ཡིན་པའི་ཕྱིར་རོ། །གསང་སྙིང་ལས། ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་བསམ་ཡས་མཆོག །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཞིང་ཁམས་བསམ་ཡས་རྣམ་དག་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང་། །རྒྱ་ཆེན་གསུང་ལས་དོན་འབྱུང་བའང་། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་སོ། །དེ་ལ་ཡེ་ཤེས་ཀྱི་ཐིག་ལེ་ནི་སངས་རྒྱས་ཀྱི་མཐོང་བ་དག་པའི་སྤྱན་ཏེ། མཚན་བརྗོད་ལས། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་པའོ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ་ནི་རང་སྣང་གི་ཞིང་འཇའ་འོད་གདངས་གསལ་བའོ། །བསམ་གྱིས་མི་ཁྱབ་པ་ནི་སྣང་བ་དེ་འདྲ་བ་སངས་རྒྱས་གཞན་རྣམས་ཀྱི་སྣང་བ་ལ་སྣང་བའོ། །བསམ་ཡས་མཆོག་ཀྱང་དེ་ཉིད་དེ་ཚད་མེད་པའོ། །ཕྱོགས་བཅུ་ནི་ཤར་ལ་སོགས་པ་དང་། འདས་མ་འོངས་ད་ལྟར་གྱི་སངས་རྒྱས་གསུམ་དང་མ་ངེས་པ་འོག་མིན་ན་བཞུགས་པའི་སངས་རྒྱས་ཏེ་དུས་བཞིར་རྫོགས་པའི་རང་སྣང་ངོ་། །དེ་ཡང་ཞིང་ཁམས་བསམ་ཡས་རྣམ་དག་དང་ཞེས་པ་རང་སྣང་གི་ཞིང་སྟེ་སངས་རྒྱས་གཅིག་གིས་གཅིག་གཟིགས་སོ་ཞེས་པའོ། །རྒྱ་དང་བྲལ་བའི་གཞལ་ཡས་ལ་སོགས་པ་ནི་འོད་གསལ་རང་སྣང་གི་ཞིང་ངོ་། །གསུང་ལས་དོན་འབྱུང་བ་ནི་བརྗོད་དུ་མེད་པའི་གསུང་དེ་ཉིད་ཁོ་ན་གསུང་གི་དོན་དེ་གོ་བར་མཛད་པའོ། །མཐུན་པའི་ཡེ་ཤེས་ནི་གཙོ་འཁོར་རྟོགས་པ་གཅིག་ངོ་བོ་གཅིག་དབྱེར་མེད་པར་མཐུན་པའོ། །རང་སྣང་བ་ནི་སངས་རྒྱས་དེ་ཉིད་ཀྱི་སྤྱན་ལ་སྣང་གི་སེམས་དཔའ་ལ་སོགས་པ་གཞན་ལ་མི་སྣང་ངོ་ཞེས་པ་མཚོན་པའོ། །
སྤྲུལ་པའི་སྐུ་ལ་ཡང་མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི། མདོར་བསྟན་པ་ནི། སྐུ་ལྔ་པ་སྤྲུལ་པའི་སྐུ་ནི་རྒྱལ་སྲས་འཕགས་པ་ལ་སོགས་པ་ཞི་བའི་གླིང་དུ་འཁྲིད་པར་བྱེད་པས་དེད་དཔོན་དམ་པའི་སྟོན་པ་ཞེས་བྱ་སྟེ། དེའང་གདུལ་བྱ་མཆོག་ལ་སྣང་བ་གཟུགས་བརྙན་ལོངས་སྐུ་དང་། ཕལ་པ་ལ་སྣང་བ་སྣ་ཚོགས་སྤྲུལ་པ་གཉིས་ལས། དང་པོ་ནི་འོག་མིན་ལ་སོགས་པའི་ངེས་པ་(༡༦༩)ལྔ་ལྡན་དུ་སྣང་ལ། གཉིས་པ་ནི་བཟོ་ལ་སོགས་པ་སོ་སོའི་སྐྱེ་བོ་དང་ཉན་རང་གི་དོན་མཛད་པའོ། །སྤྲུལ་པ་དེ་གཉིས་གང་ལས་འཆར་ཞེ་ན། རང་སྣང་ལོངས་སྐུའི་ཞིང་། དེ་ཉིད་ངང་ལས་གདུལ་བྱའི་འཇིག་རྟེན་དུ། །འདུལ་བྱེད་སྟོན་པ་རིམ་གྱིས་སྣང་བ་ནི། །རང་བཞིན་འགྲོ་འདུལ་སྣ་ཚོགས་སྤྲུལ་པའི་སྐུ། །རྣམ་པ་གསུམ་གྱིས་འགྲོ་བའི་དོན་མཛད་དོ། །རང་སྣང་གི་ངང་ལས་སླར་གདུལ་བྱ་ལ་སྣང་བའི་སྐུ་མཆེད་ནས་འགྲོ་བའི་དོན་མཛད་དེ། དེའང་རང་བཞིན་སྤྲུལ་པ་དང་། འགྲོ་འདུལ་སྤྲུལ་པ་དང་། སྣ་ཚོགས་སྤྲུལ་པའོ། །
རྒྱས་པར་བཤད་པ་ལ་རང་བཞིན་འགྲོ་འདུལ་སྣ་ཚོགས་སྤྲུལ་སྐུ་གསུམ་གྱི། རང་བཞིན་སྤྲུལ་སྐུ་ལ་ཡང་གནས་དང་སྟོན་པ། ཡེ་ཤེས། ཆོས་དང་འཁོར། དུས། སྦྱང་བྱའི་ཁྱད་པར། ཞིང་དངོས་དང་དྲུག་ལས། གནས་དང་སྟོན་པ་ནི། ཐོག་མར་སེམས་དཔའ་རྣམས་ལ་སྣང་བ་གཟུགས་བརྙན་ལོངས་སྐུའི་སྟོན་པ་ནི་རང་སྣང་ལོངས་སྐུ་དང་ཆ་འདྲ་ལ་དངོས་མ་ཡིན་པ་བཞིན་དང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྟེ། ཕུན་སུམ་ཚོགས་པ་ལྔས་བཤད་པར་བྱ་བའི་ཚུལ་ལས། དེ་ཡང་རང་བཞིན་སྤྲུལ་སྐུའི་སྟོན་པ་ནི། འོག་མིན་མངོན་དགའ་དཔལ་ལྡན་པདྨ་བརྩེགས། །ལས་རབ་གྲུབ་པའི་འཇིག་རྟེན་རྣམ་པ་ལྔར། །རྣམ་སྣང་མི་བསྐྱོད་ལ་སོགས་རིགས་ལྔའི་སྐུ། །མཚན་དང་དཔེ་བྱད་འོད་ཟེར་འབར་བ་ལ། །ཞི་དང་ཁྲོ་ཚུལ་དཔག་མེད་ཚུལ་འཆར་བས། །འགྲོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད། །དག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡེ་ཤེས་ལྔ་དང་སྐུ་ལྔ་ཐོབ་པར་བྱེད་ཅིང་། ཉོན་མོངས་པ་ལྔ་སྦྱོང་བ་ལ་ལྟོས་ནས་རིགས་ལྔའི་སྟོན་པ་དང་ཞིང་དང་ཆོས་དང་གྲོགས་ལ་སོགས་པར་སྣང་བ་སྟེ། དབུས་འོག་མིན་ན་སྟོན་པ་རྣམ་པར་སྣང་མཛད་དང་། ཤར་མངོན་དགར་རྡོ་རྗེ་སེམས་དཔའ་དང་། ལྷོ་དཔལ་དང་ལྡན་པར་རིན་ཆེན་འབྱུང་གནས་དང་། ནུབ་པདྨ་བརྩེགས་པའམ་བདེ་བ་ཅན་ན་འོད་དཔག་མེད་དང་། བྱང་ལས་རབ་གྲུབ་པར་དོན་ཡོད་གྲུབ་པ་རྣམས་མཚན་དཔེ་འབར་བའི་སྐུ་ཆུའི་ཟླ་བ་ལྟར་རང་སྣང་ལོངས་སྐུའི་ཅི་འདྲ་བར་སྣང་བ་སྟེ། རྒྱུད་བླ་ལས། ཇི་ལྟར་སྤྲིན་མེད་ནམ་མཁའི་ཟླ་བའི་གཟུགས། །སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱིས་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཞེས་སོ། །ཇི་ལྟར་ན། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པའི་ཚུལ་ལོ། །དེའང་ནང་གསལ་ལས་རང་སྣང་བའི་ལོངས་སྐུ་ནམ་མཁའི་ཟླ་བ་ལྟ་བུའི་གཟུགས་བརྙན་སེམས་དཔའ་ལ་སྣང་བ་ནི་ལོངས་སྤྱོད་རྫོགས་སྐུ་གཉིས་པ་སེམས་དཔའ་རྣམས་ཚིམ་པར་བྱེད་པ་དང་། སྤྲུལ་སྐུ་(༡༧༠)རྣམས་རྣམ་པར་དག་པའི་དབྱིངས་ལ་བརྟེན་པས་རིང་བ་དང་ཉེ་བ་ཞེས་བརྗོད་དེ། རྒྱུད་བླ་ལས། མཐོང་ན་ཚིམ་བྱེད་ཡོན་ཏན་གང་། །སུམ་ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་གཟུགས་སྐུ་གཉིས་ལ་བརྟེན། །དག་ལས་ཉེ་དང་རིང་རྣམས་ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁར་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་སོ། །དེའང་དག་དབྱིངས་ལོངས་སྐུ་སངས་རྒྱས་ཀྱིས་མཐོང་བ་དང་། གཟུགས་བརྙན་ལོངས་སྐུ་སེམས་དཔས་མཐོང་བ་གཉིས་སོ། །ཞར་ལ་མཆོག་གི་སྤྲུལ་པ་མཚན་དཔེས་བརྒྱན་པ་ཡང་དེའི་ཆ་མཐུན་ཡིན་པས་སོ་སོའི་སྐྱེ་བོ་ལ་སོགས་པས་མཐོང་བ་ལ་སྦྱར་བ་ཡིན་ནོ། །
ཡེ་ཤེས་ལའང་མདོར་བསྟན་རྒྱས་བཤད་གཉིས་ལས། མདོར་བསྟན་པ་ནི། སེམས་དཔའ་ལ་སྣང་བའི་ལོངས་སྐུ། དེ་ཡང་ཡེ་ཤེས་ལྔ་ལྔའི་རང་བཞིན་ཏེ། །ཆོས་དབྱིངས་མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་རྣམ་པ་ལྔ་པོ་ཡང་། །རེ་རེའི་འཁོར་དུ་བཞི་བཞི་ལྡན་པ་སྟེ། །ཐམས་ཅད་རོ་མཉམ་གཅིག་གི་ངང་ཉིད་དོ། །སྟོན་པ་ལྔ་ལ་ཡེ་ཤེས་ལྔ་ལྔ་སྟེ་ཉི་ཤུ་རྩ་ལྔ་ལྡན་པ་ཡང་རང་བཞིན་རྒྱུད་གཅིག་གི་ངང་ལས་མ་གཡོས་སོ། །འདི་ལྟར་རྣམ་སྣང་ལ་ཆོས་དབྱིངས་ཡེ་ཤེས། མི་བསྐྱོད་པ་ལ་མེ་ལོང་ཡེ་ཤེས། རིན་འབྱུང་ལ་མཉམ་ཉིད་ཡེ་ཤེས། སྣང་མཐའ་ལ་ཀུན་རྟོག་ཡེ་ཤེས། དོན་གྲུབ་ལ་བྱ་གྲུབ་ཡེ་ཤེས་གཙོ་བོར་ལྡན་ལ་གཞན་བཞི་པོ་འཁོར་དུ་ལྡན་པ་ཡིན་ནོ། །
རྒྱས་པར་བཤད་པ་ལ་ལྔ་ལས། ཆོས་དབྱིངས་ཡེ་ཤེས་ནི། ཡེ་ཤེས་དེ་དག་གང་ཞེ་ན། དང་པོ། ཆོས་དབྱིངས་ཡེ་ཤེས་ཤིན་ཏུ་མི་གཡོ་བ། །གཟུང་འཛིན་སྤྲོས་པའི་མཐའ་ལས་འདས་པ་ཡིན། །གཏི་མུག་དབྱིངས་སུ་ཞི་བས་སྤྲོས་པ་དང་བྲལ་བ་ནམ་མཁའ་ལྟ་བུའི་ཡེ་ཤེས་ཏེ། སངས་རྒྱས་ཀྱི་སའི་མདོ་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་དཔེར་ན་ནམ་མཁའི་གཟུགས་སུ་གྱུར་པ་ཐམས་ཅད་ན་ཡོད་ཀྱང་དེའི་རང་བཞིན་བརྗོད་པར་བྱ་བ་མ་ཡིན་པས་སྣ་ཚོགས་སུ་མེད་པར་རོ་གཅིག་གོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་ཤེས་བྱ་ཐམས་ཅད་ལ་ཡོད་ཀྱང་བརྗོད་པར་བྱ་བ་མ་ཡིན་པས་སྣ་ཚོགས་མ་ཡིན་པའི་ཕྱིར་རོ་གཅིག་གོ་ཞེས་སོ། །
མེ་ལོང་ཡེ་ཤེས་ནི། ཡེ་ཤེས་གཉིས་པ། མེ་ལོང་ཡེ་ཤེས་གསལ་སྟོང་འཆར་གཞིའི་ཚུལ། །ཡེ་ཤེས་ཀུན་གྱི་འབྱུང་གནས་ཆེན་པོ་ཡིན། །ཀུན་གཞིའི་རྣམ་པར་ཤེས་པ་རྣམ་ཤེས་གཞན་རྣམས་ཀྱི་མཆེད་པའི་འཆར་གཞི་ཅན་དབྱིངས་སུ་ནུས་པ་ལས་ཡེ་ཤེས་ལྷག་མ་གསུམ་གྱི་འཆར་གཞིར་གྱུར་པ་མེ་ལོང་དག་པའི་ངོས་ལྟ་བུ་གཟུང་འཛིན་གྱི་དྲི་མ་མེད་པ་ནི། དེ་ཉིད་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི་དཔེར་ན་མེ་ལོང་གི་ངོས་ལ་གཟུགས་བརྙན་སྣང་ཡང་ཡོད་པ་མ་ཡིན་ཏེ་རྩོལ་བ་ཡང་མེད། མངོན་པར་འདུ་བྱ་བ་ཡང་(༡༧༡)མེད་དོ། །དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་ཐམས་ཅད་མཁྱེན་པའི་གཟུགས་བརྙན་སྣ་ཚོགས་བྱུང་ཡང་ཡོད་པ་མ་ཡིན་ཏེ་རྩོལ་བ་དང་མངོན་པར་འདུ་བྱ་བ་མེད་དོ་ཞེས་པ་དང་། མདོ་སྡེའི་རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སོ། །
མཉམ་ཉིད་ཡེ་ཤེས་ནི། གསུམ་པ། མཉམ་ཉིད་ཡེ་ཤེས་ཆོས་ཀུན་མཉམ་པའི་ངང་། །འཁོར་འདས་གཉིས་མེད་མཉམ་རྫོགས་ཆེན་པོ་ཡིན། །ང་རྒྱལ་དབྱིངས་སུ་ཞི་བས་བདག་གཞན་མཉམ་པ་ཉིད་དུ་མཁྱེན་ཅིང་འཁོར་འདས་གཉིས་སུ་མེད་པ་ནི། མདོ་དེ་ཉིད་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་ཁོང་དུ་ཆུད་ཅིང་བདེ་བ་དང་སྡུག་བསྔལ་རོ་གཅིག་པས་མཉམ་པར་གྲུབ་པའོ་ཞེས་པ་དང་། སྔ་མ་ལས། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །སྒོམ་པ་དག་པ་ལ་འདོད་དེ། །མི་གནས་ཞི་བར་ཞུགས་པ་ནི། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་སོ། །
ཀུན་རྟོག་ཡེ་ཤེས་ནི། བཞི་པ། ཀུན་རྟོག་ཡེ་ཤེས་ཤེས་བྱ་མ་འདྲེས་མཁྱེན། །ཇི་སྙེད་ཇི་བཞིན་གཟིགས་པ་རྣམ་དག་ཡིན། །འདོད་ཆགས་དབྱིངས་སུ་ནུབ་པས་སོ་སོར་རྟོག་པའི་ཡེ་ཤེས་ཤེས་བྱ་ཇི་ལྟ་བ་གཤིས་སྟོང་པ་ཉིད་དང་། ཇི་སྙེད་པ་སྣང་བ་སྣ་ཚོགས་པའི་ངོ་བོ་རྒྱུ་འབྲས་ཐམས་ཅད་མཁྱེན་པ་སྟེ། མདོ་དེ་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི་དཔེར་ན་འཇིག་རྟེན་གྱི་ཁམས་ན་གླིང་དང་ཉི་ཟླ་ལ་སོགས་པ་སོ་སོར་ཕྱེ་བ་ཡིན་ནོ། །དེ་བཞིན་དུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དང་། རྒྱུ་དང་འབྲས་བུར་བཅས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་གྲུབ་པ་སོ་སོར་མཁྱེན་ཏོ་ཞེས་པ་དང་། མདོ་སྡེའི་རྒྱན་ལས། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་ཅིང་། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པའི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་སོ། །
བྱ་གྲུབ་ཡེ་ཤེས་ནི། ལྔ་པ། བྱ་གྲུབ་ཡེ་ཤེས་འཕྲིན་ལས་ཕུན་སུམ་ཚོགས། །ཤེས་བྱ་ཀུན་ལ་རྟག་ཐོགས་མེད་པ་ཡིན། །ཕྲག་དོག་དབྱིངས་སུ་ནུབ་པས་འགྲོ་བའི་དོན་མཛད་པར་ཐོགས་པ་མེད་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་ནི། མདོ་དེ་ཉིད་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི་དཔེར་ན་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་གྲུབ་པར་བྱེད་དོ། །དེ་བཞིན་དུ་བྱ་བ་གྲུབ་པའི་ཡེ་ཤེས་ནི་སྐུ་དང་གསུང་དང་ཐུགས་ཀྱིས་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པར་མཛད་པའོ་ཞེས་པ་དང་། སྔ་མ་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང་། །(༡༧༢)དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་དོན་ཀུན་འགྲུབ་པའོ། །ཞེས་སོ། །
ཆོས་དང་འཁོར་ནི། བཞི་པ། གདུལ་བྱའི་འཁོར་ནི་ས་བཅུའི་སེམས་དཔའ་ལ། །ཆོས་ནི་ཏིང་འཛིན་འོད་ཟེར་རབ་བཀྱེ་བས། །ས་དེའི་སྒྲིབ་པ་སྦྱོང་བའི་བློ་སྐྱེས་ནས། །སེར་སྣ་ལ་སོགས་སྤངས་ཏེ་རྒྱལ་ལ་བལྟ། །ད་དུང་དེ་འདྲའི་སྟོན་པ་རྣམ་དག་དང་། །བདག་ཉིད་ཁྱད་པར་མཐོང་ནས་སྒྲིབ་པ་སྦྱོང་། །ཀུན་ཏུ་འོད་ཀྱི་བར་དུ་འགོད་པ་སྟེ། །གཟུགས་བཟང་མེ་ལོང་བསྟན་པས་དོན་མཛད་དོ། །འཁོར་ཕུན་སུམ་ཚོགས་པ་ནི་ས་བཅུ་པའི་བྱང་ཆུབ་སེམས་དཔའ་སྟེ། འགྲེལ་ཆུང་ལས། བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་རྣམས་དང་ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པར་ཉེ་བར་སྤྱོད་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ་ཞེས་སོ། །དེའང་ཆོས་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོ་འོད་ཟེར་བཀྱེ་བས་སྣང་བར་མཛད་དེ། མེ་ལོང་བལྟས་པས་བྱད་ཀྱི་དྲི་མ་སེལ་བ་ལྟར། སེམས་དཔའ་དེས་སྟོན་པ་ལོངས་སྐུ་ལ་བལྟས་པས་རང་གིས་དེའི་སྒྲིབ་པ་མཐོང་ནས་སེར་སྣ་ལ་སོགས་པ་རིམ་པས་སྦྱངས་ཏེ་སྟོན་པ་ལ་བལྟ་ཞིང་། དེ་དང་བདག་དག་མ་དག་ཁྱད་ཞུགས་པར་མཐོང་ནས། སླར་ཡང་གོ་བ་བརྡས་མཚོན་པའི་ཆོས་ནང་ཤར་དུ་འབྱུང་བར་བྱིན་གྱིས་རློབ་ཅིང་འོད་ཟེར་བཀྱེ་བས་སྒྲིབ་པ་སེལ་བར་བྱེད་དོ། །གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང་། །དེ་ནས་ས་བཅུ་རིམ་གྱིས་འབྱང་། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་སོ། །
དུས་ནི། ལྔ་པ། དུས་ནི་འགྲོ་གྲོལ་བར་དུ་རྒྱུན་མི་འཆད། །ལོངས་སྐུའི་ཞིང་ན་ཁོར་མོར་སྣང་བ་ཡིན། །སེམས་དཔའ་ས་བཅུ་ལ་བཞུགས་པ་རྣམས་བྱང་ཆུབ་མ་ཐོབ་པ་དེ་སྲིད་དུ་བཞུགས་པས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དུས་ཏེ་རྟག་པ་རྒྱུན་གྱི་ཁོར་མོར་བཞུགས་པ་ཡིན་ཏེ། འཇུག་པ་ལས། འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །ཅེས་པ་དང་། རྒྱུད་བླ་ལས། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་སོ། །
ཞིང་དང་སྟོན་པས་སྦྱང་བྱའི་ཁྱད་པར་ལ་གཉིས་ལས། རྣམ་སྣང་གི་ནི། ཚུལ། དེ་ལྟར་རིགས་ལྔར་ངེས་པའི་རང་བཞིན་ཡང་། །གདུལ་བྱའི་གཏི་མུག་ཤས་ཆེར་སྦྱོང་བའི་ཚེ། །ཞིང་ནི་འོག་མིན་སྟོན་པ་རྣམ་སྣང་ལ། །ཆོས་ནི་ཆོས་དབྱིངས་(༡༧༣)ཡེ་ཤེས་རྣམ་པར་དག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲི་མ་ཉོན་མོངས་པ་ལྔའི་རིམ་པས་སྟོན་པ་དང་ཆོས་ལྔར་སྣང་བའི་དང་པོ་གཏི་མུག་གི་དྲི་མ་སྦྱོང་དུས་རྣམ་སྣང་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཆོས་འོག་མིན་དུ་ཐོས་པའི།
རིགས་གཞན་བཞིའི་ནི། ཚུལ། དེ་བཞིན་ཞེ་སྡང་སྦྱང་ཕྱིར་མི་བསྐྱོད་ཞིང་། །ང་རྒྱལ་རིན་འབྱུང་འདོད་ཆགས་འོད་དཔག་མེད། །ཕྲག་དོག་སྦྱང་ཕྱིར་དོན་གྲུབ་སྣང་བ་ཡིན། །ཞེ་སྡང་ལ་མི་བསྐྱོད་པས་མེ་ལོང་ཡེ་ཤེས་ཀྱི་ཆོས་སྟོན་ལ། ང་རྒྱལ་ལ་རིན་འབྱུང་གིས་མཉམ་པ་ཉིད་དང་། འདོད་ཆགས་ལ་འོད་དཔག་མེད་ཀྱིས་སོ་སོར་རྟོག་པ་དང་། ཕྲག་དོག་ལ་དོན་ཡོད་གྲུབ་པས་བྱ་གྲུབ་ཡེ་ཤེས་བསྟན་པས་སྦྱོང་བ་ཡིན་ནོ། །དེའང་ས་བཅུ་པོ་ལ་རིགས་ལྔ་ཆོས་ལྔ་གནས་གྱུར་ལྔ་གསུངས་ཏེ། མཐོང་ལམ་གྱི་དུས་སུ་ཀུན་བཏགས་པའི་གཏི་མུག་གནས་གྱུར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རབ་ཏུ་དགའ་བའི་ས་ཐོབ་རྣམ་སྣང་མཐོང་། སྒོམ་ལམ་ཆུང་ངུ་གསུམ་དུ་ང་རྒྱལ་གནས་གྱུར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་རིན་འབྱུང་མཐོང་། འབྲིང་གསུམ་དུ་རྣམ་པ་ཐམས་ཅད་པའི་འདོད་ཆགས་གནས་གྱུར་སོ་སོར་རྟོག་པའི་ཡེ་ཤེས་ཐོབ་སྣང་བ་མཐའ་ཡས་མཐོང་། ཆེན་པོའི་ས་བརྒྱད་པ་ལ་ཞེ་སྡང་གི་ས་བོན་རྟོག་པའི་ཟུག་རྔུ་དང་ཀུན་གཞིའི་རྣམ་ཤེས་གནས་གྱུར་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཐོབ་མི་བསྐྱོད་པ་མཐོང་། དགུ་པ་དང་བཅུ་པར་ཕྲག་དོག་གི་ས་བོན་དག་སྒོ་ལྔའི་ཞིང་དག་པར་སོ་སོར་ཡང་དག་རིག་བཞིས་སེམས་ཅན་གྱི་དོན་བྱེད་པའི་འཕྲིན་ལས་ཕུན་སུམ་ཚོགས་པ་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་དོན་གྲུབ་མཐོང་ནས་འོད་ཟེར་ཆེན་པོས་དབང་བསྐུར་ཏེ་སངས་རྒྱས་ཀྱི་མཛད་པ་ཆེན་པོ་རྫོགས་པར་འགྱུར་བ་ཉིད། སྒྱུ་འཕྲུལ་མངོན་བྱང་ལས། དག་པ་ས་ཡིད་དབང་ཉིད་ཕྱིར། །སྟོན་པ་ལྔ་དང་ཆོས་རབ་ལྔ། །ཡེ་ཤེས་ལྔ་ཡོངས་རྫོགས་པ་ལས། །རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ། །ཞེས་སོ། །དེའི་འགྲེལ་བ་ཇི་ལྟ་བ་བཞིན་བཀོད་དོ། །
ཞིང་དངོས་ལ་གསུམ་ལས། འཁོར་དང་སྟོན་པའི་ཁྱད་ཀྱིས་ཕྱེད་སྤྲུལ་ནི། གཞན་སྣང་རིགས་ལྔའི་ཞིང་དང་སྟོན་པར་སྣང་བས་སེམས་དཔའི་དོན་མཛད་པའི་ཚུལ་འདི་ཉིད། དེ་ལྟར་སྟོན་པ་ལོངས་སྤྱོད་རྫོགས་ན་ཡང་། །འཁོར་སོགས་སྟོན་པ་ཉིད་ལས་གཞན་ཡིན་པས། །ཐམས་ཅད་ལོངས་སྤྱོད་རྫོགས་མིན་དེ་ཡི་ཕྱིར། །ཕྱེད་སྤྲུལ་ཉིད་དེ་རང་བཞིན་སྤྲུལ་པའི་སྐུ། །དག་པའི་འགྲོ་བ་རྣམས་ལ་སྣང་བ་ཡིན། །སར་གནས་རྣམས་ལས་གདུལ་བྱ་གཞན་ལ་མིན། །དེ་ཕྱིར་ཕྱེད་སྣང་སྤྲུལ་པའི་སྐུ་ཞེས་བྱ། །ལོངས་སྐུ་མཚན་ཉིད་པའི་ཞིང་ན་ཐམས་ཅད་བཟང་ངན་མེད་པར་རྫོགས་པས་རྟག་ཏུ་འཕོ་འགྱུར་མེད་ལ། སེམས་དཔའ་ལ་སྣང་བའི་ལོངས་སྐུ་ནི་གཟུགས་བརྙན་དུ་མཚན་དཔེ་ལ་སོགས་པ་སྟོན་པའི་ལོངས་སྤྱོད་རྫོགས་(༡༧༤)པར་སྣང་ཡང་འཁོར་དང་ཞིང་ལ་སོགས་པ་གཞན་དུ་སྣང་ཞིང་ས་བཅུ་པའི་སྣང་བས་བསྡུས་པ་ཡིན་པས་ཕྱེད་སྤྲུལ་ལོངས་སྐུ་ཞེས་བྱ་བར་ཉི་ཟླ་ཁ་སྦྱོར་ལ་སོགས་པའི་རྒྱུད་དུ་གསུངས་སོ། །ཞིང་འདི་ཡང་ས་བཅུ་པའི་སེམས་དཔའ་ལས་གཞན་ལ་མི་སྣང་བའི་ཕྱིར་ཡང་ཕྱེད་སྤྲུལ་ཞེས་བྱ་ལ། ལོངས་སྐུར་སྣང་ཡང་དངོས་རང་སྣང་ལས་གཞན་མ་ཡིན་པས་དེའི་གཟུགས་བརྙན་ཕྱེད་པ་ལྟར་སྣང་བའི་ཕྱིར་ནའང་ཕྱེད་སྤྲུལ་ཞེས་བྱ་སྟེ་རང་སྣང་གི་རང་བཞིན་འཕྲུལ་པས་རང་བཞིན་སྤྲུལ་པའི་སྐུ་ཞེས་ཀྱང་བཤད་དོ། །
ཞི་བའི་ཞིང་བཞི་ནི། དེ་ལྟ་བུའི། ཞིང་དེ་ཁོད་མཉམ་ཡིད་འོང་གཞལ་མེད་ཁང་། །རིན་ཆེན་བདུན་ལྡན་འོད་ཟེར་ཕྱོགས་བཅུར་འཕྲོ། །པདྨ་ལས་སྐྱེས་རྒྱལ་སྲས་དཔག་ཏུ་མེད། །ལོངས་སྤྱོད་སྣ་ཚོགས་འདོད་དགུའི་ཆར་པ་འབབ། །དུས་བཞིར་ཆོས་གསུང་དྲི་མེད་གཡེར་ཁའི་སྒྲ། །དཔག་བསམ་རིན་ཆེན་ཆུ་མཚོས་རབ་ཏུ་མཛེས། །འདི་ནི་ཞི་བ་རང་བཞིན་སྤྲུལ་པ་ཡིན། །རིགས་ལྔའི་ཞིང་དེ་ན་རིན་པོ་ཆེ་སྣ་བདུན་གྱི་ས་གཞི་ལ་གཞལ་མེད་ཁང་འོད་ཟེར་རབ་ཏུ་འབར་བ་རིན་པོ་ཆེའི་དྲྭ་བས་བརྒྱན་པ་དང་། ཏ་ལའི་ལྗོན་པར་དྲིལ་བུ་ཚར་དུ་བསྒྲེངས་པ་ལས་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་སོགས་པའི་ཆོས་ཀྱི་སྒྲ་སྔར་མ་ཐོས་པ་ཉོན་མོངས་པའི་གནོད་པ་ཞི་བར་བྱེད་པ་རྣམས་རང་འབྱུང་བ། རྫིང་བུ་ཡན་ལག་བརྒྱད་ལྡན་སྤྲུལ་པའི་ཆུ་བྱས་བརྒྱན་པར་རྩེ་བ་ལས་ཉོན་མོངས་པའི་གདུང་བ་སེལ་བ་དང་། གང་ཅི་འདོད་པ་ཐམས་ཅད་ནམ་མཁའ་ལས་ཆར་དུ་འབབ་པ་ལ་སོགས་ཏེ་སངས་རྒྱས་ཀྱི་མཐུ་དང་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྨད་དུ་བྱུང་བས་བསྐྲུན་པའི་རྒྱུ་ལས་བྱུང་བའི་བཀོད་པ་ཚད་མེད་པ་ནི་མི་འཁྲུགས་པའི་ཞིང་གི་ཡོན་ཏན་བཀོད་པ་དང་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་བཀོད་པ་ལ་སོགས་པའི་མདོ་ལས་རྒྱས་པར་འབྱུང་བ་བཞིན་ནོ། །དེ་དག་ཀྱང་རང་གི་དགེ་བའི་སེམས་ཀྱི་སྣང་བ་ཙམ་ལས་གཞན་དག་རྟོག་འདོད་ཅན་མ་དག་པས་ལོགས་ཤིག་ཏུ་བགྲོད་ནས་ཕྱིན་དུ་ཡོད་པ་མ་ཡིན་ཏེ། དགེ་བའི་བག་ཆགས་ལས་རྨི་ལམ་བཟང་པོ་འབྱུང་བ་ལྟར་སེམས་དཔའ་རྣམས་ལ་རང་སྣང་བ་ནི་སངས་རྒྱས་ཀྱི་ཕྱེད་སྤྲུལ་དང་ཐུན་མོང་དུ་སྤྱོད་པ་མཐུན་པར་སྣང་བའོ། །གསང་སྙིང་ལས། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟས་པ་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། །དེ་ལ་བུ་ཡི་ངང་དུ་བྱུང་། །ཞེས་གསུངས་པ་བཞིན་ནོ། །
མཁའ་སྤྱོད་ཀྱི་ཞིང་ནི། ཞི་བ་རང་བཞིན་སྤྲུལ་པའི་སྐུ་སེམས་དཔའ་སར་བཞུགས་པ་རྣམས་ལ་སྣང་བ། དེ་བཞིན་(༡༧༥)ཁྲོ་ཚུལ་དཀྱིལ་འཁོར་དཔག་ཏུ་མེད། །མཁའ་འགྲོའི་སྤྲིན་ཕུང་འཕྲོ་བའི་མཁའ་སྤྱོད་གནས། །ཧེ་རུ་ཀ་དཔལ་རིགས་ལྔའི་ཞིང་ཁམས་ཉིད། །གསང་སྔགས་གྲུབ་ལ་རབ་ཏུ་སྣང་བ་ཡིན། །འདི་ནི་དེང་སང་བདེ་ཆེན་མཁའ་སྤྱོད་ཅེས། །མཁས་གྲུབ་རྣམས་ལ་རབ་ཏུ་གྲགས་པ་ཡིན། །ནང་གསལ་ལས་རང་སྣང་ཕྱིར་གསལ་དུ་བཞེངས་པ་ཁྲོ་བོ་རིགས་ལྔའི་དཀྱིལ་འཁོར་ལས་ཟླ་བའི་གཟུགས་བརྙན་ཆུར་སྣང་བ་བཞིན་དུ་གསང་སྔགས་ཀྱི་རིག་པ་འཛིན་པའི་ས་ལ་བཞུགས་པའི་གང་ཟག་ཚེ་ལ་དབང་བ་དང་། ཕྱག་རྒྱ་ཆེན་པོའི་རིགས་འཛིན་རྣམས་ལ་དུག་ལྔ་སྦྱོང་བའི་ཕྱིར་སྐུ་དང་ཡེ་ཤེས་ལྔའི་ཆོས་རང་བྱུང་དུ་སྣང་བ་ལས། གཏི་མུག་འདུལ་བའི་ཚེ་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་བུདྡྷ་ཧེ་རུ་ཀའི་དཀྱིལ་འཁོར་འོག་མིན་དུ་གསལ་ཞིང་། དེར་བགྲོད་ནས་མཁའ་འགྲོ་དང་རྣལ་འབྱོར་གྱི་དབང་ཕྱུག་རིག་པ་འཛིན་པ་གཞན་རྣམས་དང་སྐལ་བ་གཅིག་པས་ཚོགས་ཀྱི་དགའ་བ་དང་སྔགས་ཀྱི་ལྟ་སྤྱོད་རླབས་པོ་ཆེ་ལ་སྤྱོད་པའོ། །དེ་བཞིན་དུ་རྡོ་རྗེའི་ཞིང་ན་བཛྲ་ཧེ་རུ་ཀ་དང་། རིན་པོ་ཆེའི་ཞིང་ན་རཏྣ་ཧེ་རུ་ཀ་དང་། པདྨའི་ཞིང་ན་པདྨ་ཧེ་རུ་ཀ་དང་། ལས་ཀྱི་ཞིང་ན་ཀརྨ་ཧེ་རུ་ཀའི་དཀྱིལ་འཁོར་དང་ཞིང་གི་བཀོད་པ་དང་། མཁའ་འགྲོ་གྲུབ་པ་ཅན་གྱི་གྲོགས་དང་། མཁའ་ལ་སྤྱོད་པ་དང་། ས་ལ་སྤྱོད་པ་དང་། སྔགས་ལས་སྐྱེས་པ་དང་། ཞིང་སྐྱེས་ལ་སོགས་པའི་རྡོ་རྗེ་རྣལ་འབྱོར་མའི་ཚོགས་དང་སྐལ་པ་མཉམ་ཞིང་། སྟོང་གྲོགས་བྱེད་པས་འཆི་ཀར་ཞིང་དེར་གདུགས་དང་རྒྱལ་མཚན་དང་རོལ་མོའི་སྤྲིན་ཕུང་གིས་བསུ་ཞིང་། རིགས་འཛིན་གྱི་བླ་མ་རྣམས་ཀྱིས་གཟིགས་ནས་དྲངས་ཏེ་རིགས་འཛིན་གྱི་གྲལ་ལ་འཇོག་པའི་གནས་ལྔ་ནི་བདེ་ཆེན་མཁའ་སྤྱོད་ཅེས་གྲགས་ཏེ། ས་ཐོབ་པ་རྣམས་དང་སྐལ་བ་མཚུངས་པའི་ཞིང་དང་ཆོས་དང་སྟོན་པ་དང་གྲོགས་སུ་གཅིག་པས་རང་རང་གི་ལྟ་བ་དང་ཏིང་ངེ་འཛིན་གྱི་དངོས་གྲུབ་ཅན་གང་ན་སྤྱོད་པ་ལས་གཞན་ཞིག་ཏུ་མི་བསམ་སྟེ། རིན་ཆེན་རྒྱ་མཚོ་ལས། སར་བཞུགས་རྣམས་ལ་སྣང་བ་བཞིན། །རིག་པ་འཛིན་ལ་ཁྲོ་བོའི་ཞིང་། །མཁའ་སྤྱོད་ཡོན་ཏན་ཚོགས་ཆེན་པོ། །གྲུབ་པའི་མཚན་མས་བརྒྱན་པ་ཞིག །དངོས་གྲུབ་ཡ་མཚན་ཆེན་པོར་སྣང་། །ཞེས་སོ། །འདི་ཉིད་དུ་ལམ་སྦྱོང་བའི་རིག་པ་འཛིན་པ་རྡོ་རྗེ་བླ་མ་རྣམས་བཞུགས་སོ་ཞེས་གྲགས་པ་ཡིན་ནོ། །
འགྲོ་འདུལ་སྤྲུལ་སྐུ་ལ་བདུན་ལས། ཐུབ་པ་དྲུག་ཏུ་བསྟན་པ་ནི། གཉིས་པ་འགྲོ་འདུལ་སྤྲུལ་པ་ཡང་འགྲོ་བ་སོ་སོའི་གནས་རིས་སུ་དེའི་སྣང་བ་དང་མཐུན་པས་དོན་མཛད་པའི་སྟོན་པར་སྣང་བ་ནི། སྔར་སྨོས་པ་བཞིན་འོག་མིན་གྱི་ལོངས་སྤྱོད་རྫོགས་པའི་སྐུའི་གནས་དྲུག་ནས་འོད་ཟེར་དྲུག་འགྲོ་བ་དྲུག་གི་གནས་སུ་འཕྲོས་པའི་རྩེ་མོ་ལས་ཡི་གེ་འཕྲེང་བའི་(༡༧༦)འཁོར་ལོ་སོ་སོའི་སྟོན་པར་སྣང་བས་དོན་མཛད་དོ་ཞེས་ཤེས་པར་བྱ་བ་ནི། ལོངས་སྐུའི་ཞིང་། དེ་ཉིད་ངང་ལས་འགྲོ་འདུལ་སྤྲུལ་པའི་སྐུ། །འགྲོ་དྲུག་གནས་སུ་རང་རང་སྟོན་པར་སྣང་། །དེ་ཡང་བརྒྱ་བྱིན་ཐགས་བཟང་རིས་དང་ནི། །ཤཱཀྱ་ཐུབ་པ་སེང་གེ་རབ་བརྟན་དང་། །ཁ་འབར་དེ་བ་ཨ་ཝ་གླང་མགོ་སེ། །ཐུབ་པ་དྲུག་གིས་ཕྱོགས་བཅུའི་ཞིང་རྣམས་སུ། །འགྲོ་བ་དྲུག་གི་རྒྱུད་དྲུག་སོ་སོར་སྦྱོང་། །ལོངས་སྐུའི་འོད་ཟེར་ལས་ཡི་གེ་འཕྲེང་བའི་འཁོར་ལོ་འགྲོ་བ་དྲུག་གི་གནས་སུ་སྟོན་པར་འཕྲོས་ཏེ། ལྷའི་གནས་སུ་དབང་པོ་བརྒྱ་བྱིན་ལ་སོགས་པ་ལྷའི་ཐུབ་པ་དང་། ལྷ་མ་ཡིན་གྱི་གནས་སུ་ཐགས་བཟངས་རིས་ལ་སོགས་པ་དང་། མིའི་གནས་སུ་ཐུབ་པ་ཆེན་པོ་ལ་སོགས་པ་དང་། དུད་འགྲོའི་གནས་སུ་སེང་གེ་རབ་བརྟན་ལ་སོགས་པ་དང་། ཡི་དྭགས་ཀྱི་གནས་སུ་ཁ་འབར་དེ་བ་ལ་སོགས་པ་དང་། དམྱལ་བའི་གནས་སུ་ཨ་ཝ་གླང་མགོ་ལ་སོགས་པ་སོ་སོའི་འདུལ་བྱེད་གང་ཡིན་པར་ལྷུན་གྱིས་གྲུབ་པས། གཡོ་བ་དང་འབད་པའི་རྩོལ་བ་མི་མངའ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་ནི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་དང་། འགྲོ་བའི་དཀར་པོ་རྣམ་པར་འཕེལ་བའི་རྒྱུ་ལས་བྱུང་བ་སྟེ་ཆུ་དང་ཟླ་གཟུགས་དང་ཟླ་བའི་དཀྱིལ་འཁོར་གསུམ་དང་ཆོས་མཚུངས་པར་སྣང་སྟེ། ཟླ་བ་ལ་གཟུགས་བརྙན་འཇོག་པའི་ནུས་པ་ཡོད་པ་ལྟར་ལོངས་སྐུའི་ཟླ་བ་ལ་གདུལ་བྱའི་ངོར་སྤྲུལ་པ་འབྱུང་བའི་ནུས་པ་ཡོད་པ་དང་། ཆུ་སྣོད་ལ་གཟུགས་བརྙན་འཛིན་པའི་ནུས་པ་ཡོད་པ་ལྟར་གདུལ་བྱ་ལ་སྤྲུལ་པ་སྣང་བའི་བསོད་ནམས་ཡོད་པ་དང་། དེ་གཉིས་འཛོམ་དུས་ཆུ་ཟླ་འབད་རྩོལ་མེད་པར་འཆར་བ་ལྟར་གདུལ་བྱ་ཡོད་དུས་སྟོན་པའི་ཟླ་བ་ལས་སྤྲུལ་པའི་གཟུགས་བརྙན་སྐད་ཅིག་ཀྱང་མི་ཡོལ་བར་འབྱུང་བ་སྟེ། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་པ་ལྟར་ཕྱོགས་བཞི་སྟེང་འོག་དང་བཅས་པའི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐས་ཀླས་པ་དྲུག་གི་སྟེང་འོག་ཕྱོགས་མཚམས་དང་བཅས་པ་ན་འགྲོ་བ་དྲུག་ཇི་སྙེད་ཡོད་པ་དག་རང་གི་ལས་ཀྱིས། མཐོ་རིས་རྣམས་གྱེན་དུ་མགོ་བསྟན་ནས་འགྲོ་བ་དང་། དུད་འགྲོལ་ཕྲེད་ལ་བསྟན་པ་དང་། དམྱལ་བ་ཡི་དྭགས་མཐུར་ལ་བསྟན་ནས་འགྲོ་བ་བདེ་སྡུག་སྣ་ཚོགས་ལ་སྤྱོད་པ་ཇི་སྙེད་པ་ཐམས་ཅད་ཀྱི་དོན་མཛད་པ་ལ་ཐུབ་པ་གྲངས་མེད་ཚད་མེད་བསམ་གྱིས་མི་ཁྱབ་པ་སྣང་བ་ནི། གསང་སྙིང་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག །དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ། །འཐོན་ནས་(༡༧༧)ཀྱང་ལས་ཀྱི་དབང་གིས་སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེ་འདུལ་བ་རྣམ་པ་བཞིས་འགྲོ་བའི་དོན་མཛད་དེ་ཞེས་སོ། །འདུལ་བ་བཞི་ནི་སྐུ་བསོད་ནམས་ཆེན་པོས་འདུལ་བ་དང་། གསུང་ཐེག་པ་སྣ་ཚོགས་ཀྱི་ཆོས་ཀྱིས་འདུལ་བ་དང་། ཐུགས་མངོན་པར་ཤེས་པ་ཆེན་པོས་འདུལ་བ་དང་། འཕྲིན་ལས་བསམ་གྱིས་མི་ཁྱབ་པས་འདུལ་བའོ། །ཡོན་ཏན་ནི་ཀུན་ལ་ཁྱབ་པས་ལོགས་སུ་མ་བགྲངས་སོ། །དང་པོ་ནི་མཛད་པ་བཅུ་གཉིས་ལ་སོགས་པས་འདུལ་བ་སྟེ། རྒྱུད་བླ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སོ། །གསུང་གིས་འདུལ་བ་ནི། སྔ་མ་ལས། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་བྱང་ཆུབ་ཀྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ་ཞེས་སོ། །དེའང་ཤཱཀྱ་ཐུབ་པ་ལྟ་བུའི་འཁོར་གྱི་ཁྱམས་སུ་གསུང་དབྱངས་ཡན་ལག་དྲུག་ཅུས་རང་རང་གི་མོས་པ་ཅི་ཡོད་པ་དེ་འདྲ་བ་གསུང་གཅིག་ལས་དུས་གཅིག་ཏུ་སེམས་ཅན་ཐ་དད་ཀྱི་བསམ་པས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་སྔ་ཕྱི་མེད་པར་སྒྲ་བརྙན་བཞིན་དུ་ཐོས་པར་འགྱུར་རོ། །སྤྲུལ་སྐུའི་གསུང་ལྟར་སྣང་ཡང་སྒྲ་ཚིག་རང་མཚན་པ་མེད་དེ། གདུལ་བྱའི་བློ་དང་སངས་རྒྱས་ཀྱི་བྱིན་རླབས་ལས་རང་སྣང་བ་ཉིད། རྒྱུད་བླ་ལས། ཇི་ལྟར་སྒྲ་བརྙན་གྱི་ནི་སྒྲ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་བཟོ་མེད་པ། །ཕྱི་དང་ནང་ན་མི་གནས་ལྟར། །དེ་ལྟར་དེ་བཞི་གཤེགས་པའི་གསུང་། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་མེད་བཟོ་མེད་ཅིང་། །ཕྱི་དང་ནང་ན་གནས་མ་ཡིན། །ཞེས་སོ། །གསུང་དེ་ཉིད་གདུལ་བྱའི་རྣ་བར་ཡན་ལག་དྲུག་ཅུའི་དབྱངས་སུ་ཐོབ་པ་སྟེ། དགོངས་འདུས་ལས། འདི་ལྟ་སྟེ། ཚངས་པ་ལྟ་བུ་དང་། སིལ་སྙན་ལྟ་བུ་དང་། གླུ་གར་ལྟ་(༡༧༨)བུ་དང་། ཀ་ལ་པིངྐ་ལྟ་བུ་དང་། འབྲུག་གི་དབྱངས་ལྟ་བུ་དང་། སྒྲ་བརྙན་ལྟ་བུའོ། །ལངྐའི་བདག་པོ། ཡན་ལག་ནི་འདི་ལྟ་སྟེ། འདུ་ཤེས་བསྐྱེད་པ་དང་། རྣམ་པར་རིག་པ་དང་། མཉན་པར་འོས་པ་དང་། མི་མཐུན་པ་མེད་པ་དང་། ཤིན་ཏུ་ཟབ་པ་དང་། རྗེས་སུ་འབྱུང་བ་དང་། གང་གིས་མི་ཚུགས་པ་དང་། རྣ་བར་སྙན་པ་དང་། རྣམ་པར་མ་འཁྲུགས་པ་དང་། ཤིན་ཏུ་གསལ་བ་སྟེ། རྣམ་གྲངས་ཀྱི་སྒོ་རེ་རེ་གང་བྱུང་བ་དེ་དང་དེར་ཡན་ལག་ཀུན་རྫོགས་པར་འབྱུང་ངོ་ཞེས་སོ། །རྩ་བ་དྲུག་ལ་ཡན་ལག་བཅུ་བཅུ་འཇུག་པས་དྲུག་ཅུར་འགྱུར་རོ། །དེ་ལྟར་དྲུག་ཅུ་པོ་རྣམས་ཀྱི་རང་བཞིན་བཅུ་ནི། དེ་ལས། ལངྐའི་བདག་པོ། དེ་ལ་རང་བཞིན་གང་ཞེ་ན་འདི་ལྟ་སྟེ། གདངས་སུ་ཆེ་བ་དང་། ཡོངས་སུ་ཁྱབ་པ་དང་། གོ་བར་མྱུར་བ་དང་། ཐེ་ཚོམ་གཅོད་པ་དང་། གཅིག་ལ་གཟིགས་པ་མཉམ་པ་དང་། ཉི་ཚེར་སྟོན་པ་དང་། ཀུན་ནས་འཇུག་པ་དང་། འདུན་པ་བསྐྱེད་པ་དང་། ཁྱད་དུ་ཞུགས་པ་དང་། ཐམས་ཅད་འདུལ་བའོ་ཞེས་སོ། །རང་བཞིན་བཅུ་པོ་རེ་རེ་ལ་རྩ་བའི་དྲུག་པོ་བསྒྲེས་ནའང་དྲུག་ཅུར་འགྱུར་ལ། དྲུག་ཅུ་དྲུག་ཅུར་བསྒྲེས་པས་དབྱངས་ཀྱི་ཡན་ལག་སྟོང་དུ་འགྱུར་བས་དབྱངས་ཀྱི་ཡན་ལག་རྒྱ་མཚོ་ཞེས་བྱའོ། །དེ་ལྟར་སངས་རྒྱས་མཆོག་གི་སྤྲུལ་པའི་གཟུགས་བརྙན་མཐོང་བ་ཡང་བཻཌཱུརྱའི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙན་སྣང་བ་ལྟར་འགྲོ་བའི་ལས་དག་པའི་སེམས་སྣང་ལ་སྣང་བ་སྟེ། རྒྱུད་བླ་ལས། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་མེད་དང་། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཅེས་སོ། །ཐུགས་ཀྱི་འདུལ་བ་ནི། གསང་སྙིང་ལས། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་གསན་པ་དང་། རྫུ་འཕྲུལ་གྱི་ཚོགས་ཀུན་ཏུ་དོན་སྤྱོད་པ་དང་། ཟག་པ་མེད་པའི་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་ཞེས་སོ། །དེའང་གཟིགས་པ་ལྷའི་མིག་གི་མངོན་ཤེས། གསན་པ་རྣ་བའི་མངོན་ཤེས། ཟག་མེད་ཀྱི་མངོན་ཤེས། གཞན་གྱི་སེམས་ཤེས་པའི་མངོན་ཤེས། དུས་བཞི་མཁྱེན་པ་ཚེ་རབས་དུ་མ་དྲན་པས་སྔོན་གྱི་གནས་དྲན་པའི་མངོན་ཤེས། རྫུ་འཕྲུལ་གང་གིས་འགྲོ་བ་འདུལ་བ་དེར་སྟོན་པ་རྫུ་འཕྲུལ་གྱི་མངོན་ཤེས་དང་དྲུག་གི་རིམ་པ་ཐམས་ཅད་ཐུགས་ཀྱི་རྗེས་སུ་འགྲོ་ཞིང་མཁྱེན་ནས་དོན་མཛད་པས་ཐུགས་ཀྱིས་འདུལ་བ་ཡིན་ནོ། །འཕྲིན་ལས་ཀྱིས་(༡༧༩)འདུལ་བ་ནི། དེ་ལས། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་། བསམ་གྱིས་མི་ཁྱབ་པ་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ་ཞེས་སོ། །དེའང་དེ་ལྟ་བུའི་སྐུ་གསུང་ཐུགས་ཀྱི་རིམ་པ་རེ་རེའང་བསམ་གྱིས་མི་ཁྱབ་པའི་ཚོགས་ཅན་གྱིས་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ཁྱབ་པར་དོན་མཛད་པའོ། །དེའང་སྐུ་གསུང་ཐུགས་ གསུམ་གྱིས་དངོས་སུ་དོན་མཛད་པ་དང་། འཕྲིན་ལས་ཀྱིས་དངོས་དང་བརྒྱུད ་པ་ཐམས་ཅད་ནས་མཛད་པས་ཐ་དད་དུ་བཤད་པ་ཡིན་ནོ། །
སྤྲུལ་པ་དང་ཡང་སྤྲུལ་བཤད་པ་ནི། དེ་ལྟར་འགྲོ་བའི་ཁམས་དྲུག་ཏུ་དོན་མཛད་པའི་ཐུབ་པ་དྲུག་སྨོས་པ། དེ་ཡང་གཙོ་བོའི་གྲངས་ཏེ་སྤྲུལ་པ་དང་། །ཡང་སྤྲུལ་རྣམས་ནི་བསམ་གྱིས་མི་ཁྱབ་སྟེ། །ལྷ་ཡི་གནས་སུའང་གནས་རིས་སོ་སོ་རུ། །ཚངས་དང་དབང་ཕྱུག་འོག་མིན་བར་སྙེད་དུ། །རང་རང་འདུལ་བྱེད་སྟོན་པའི་ཚུལ་རྣམས་སྣང་། །ཐུབ་པ་དྲུག་ཅེས་སྨོས་པ་ནི་སེམས་ཅན་གྱི་རིགས་དྲུག་ཏུ་འདུས་པ་འདུལ་བ་ལ་དགོངས་ལ། དབང་པོ་བརྒྱ་བྱིན་ལ་སོགས་པའི་མིང་དྲུག་ནི་མཚོན་པ་ཙམ་སྟེ། དབྱིངས་ནས་སྤྲུལ་པ་དང་། སྤྲུལ་པ་དེས་ཀྱང་ཡང་སེམས་ཅན་གྱི་ངོར་སྤྲུལ་པ་བཀྱེ་བ་ཚད་མེད་པས་དོན་མཛད་དེ། ལྷའི་གནས་སུའང་རྒྱལ་ཆེན་བཞི་ནས་འོག་མིན་གྱི་བར་ལྷ་གནས་སོ་སོའི་གཙོ་བོས་འདུལ་བར་བྱེད་ལ།
གང་ལ་གང་འདུལ་དུ་བསྟན་པ་ནི། དེ་བཞིན་དུ། མི་ལའང་གང་འདུལ་དེ་ལ་དེར་སྣང་སྟེ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང་། །རྒྱལ་པོ་ལ་སོགས་སྤྲུལ་ནས་མི་རྣམས་འདུལ། །ལྷ་མིན་གནས་སུའང་སོ་སོའི་འདུལ་བྱེད་དང་། །དུད་འགྲོའི་རིས་སུའང་བྱ་ལ་བྱར་སྣང་ཞིང་། །རི་དྭགས་རྣམས་ལ་སེང་གེ་མཆོག་ལ་སོགས། །སོ་སོའི་འདུལ་བྱེད་སྟོན་པ་བསམ་མི་ཁྱབ། །དེ་བཞིན་ཡི་དྭགས་དམྱལ་བའི་འཇིག་རྟེན་དུ། །རང་རང་མཐུན་པའི་གཟུགས་ཀྱིས་དོན་མཛད་དོ། །འདི་ལྟར་མིའི་འཇིག་རྟེན་དུའང་ཐུབ་པ་གཅིག་པུར་མ་ཟད་དེ། རྒྱལ་རིགས་དང་། བྲམ་ཟེ་དང་། བུད་མེད་ལ་སོགས་པ་ཚད་མེད་པས་འདུལ་ཞིང་། ཐུབ་པ་གཅིག་པུས་ཀྱང་ཉན་ཐོས་དང་། རང་སངས་རྒྱས་དང་། རྒྱལ་པོ་ལ་སོགས་པར་སྤྲུལ་ནས་དོན་མཛད་པ་བཞིན་ནོ། །དེ་བཞིན་དུ་དུད་འགྲོ་ལ་ཡང་བྱས་འདུལ་བ་ལ་བྱ། རི་དྭགས་ཀྱིས་འདུལ་བ་ལ་སེང་གེ་ལ་སོགས་པའོ། །དམྱལ་བ་དང་ཡི་དྭགས་ནའང་དེ་དང་མཚུངས་ཏེ་སེམས་ཅན་གྱིས་གར་ཁྱབ་ཏུ་སངས་རྒྱས་ཀྱི་སྤྲུལ་པས་དོན་མཛད་པ་སྟེ། ཕལ་པོ་ཆེ་ལས། ཀྱེ་རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ་འགྲོ་བ་གང་གིས་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། །འདི་ལྟ་སྟེ། (༡༨༠)དབང་སྒྱུར་གྱི་གནས་སུ་ནི་ལྷའི་བདག་པོ་དབང་སྒྱུར་དུ་སྤྲུལ་ནས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་ལེན་དུ་འཇུག་གོ་ཞེས་པ་ནས། དགེ་སྦྱོང་དང་། བྲམ་ཟེ་དང་། ཡི་དྭགས་དང་། དམྱལ་བ་པའི་གཟུགས་ཀྱིས་འདུལ་བ་རྣམས་ལའང་དེའི་གཟུགས་སུ་སྤྲུལ་ཞིང་དོན་མཛད་དོ། །ཞེས་སོ། །
ཡེ་ཤེས་ཀྱིས་དོན་མཛད་ཚུལ་ལའང་གཉིས་ཀྱི། སོ་སོར་དོན་མཛད་ཚུལ་ནི། ཚུལ། དེ་ལྟར་འགྲོ་འདུལ་རྣམས་ལ་ཡེ་ཤེས་གཉིས། །ཇི་ལྟ་ཇི་སྙེད་མཁྱེན་པའི་རྣམ་པ་སྟེ། །ཆོས་ཉིད་དང་ནི་ཆོས་ཅན་མ་འདྲེས་པར། །སོ་སོར་མཁྱེན་ནས་གདུལ་བྱའི་དོན་གཉིས་མཛད། །འགྲོ་བ་འདུལ་བ་དང་མཆོག་གི་སྤྲུལ་པའི་ཡེ་ཤེས་ནི། ཆོས་ཉིད་ལ་ལྟོས་ཏེ་ཇི་ལྟ་བ་དང་། ཆོས་ཅན་ལ་ལྟོས་ཏེ་ཇི་སྙེད་པ་མཁྱེན་པ་སྟེ།
མཁྱེན་ཚུལ་ནི། འདི་ལྟར། ཇི་ལྟའི་ཡེ་ཤེས་སྟོང་པའི་མངོན་མཁྱེན་ནས། །འགྲོ་ལ་ཉེ་བར་ཞི་བའི་ཆོས་སྟོན་ཞིང་། །ཇི་སྙེད་ཡེ་ཤེས་སེམས་དང་དབང་པོ་སོགས། །མ་འདྲེས་མཁྱེན་ནས་ཆོས་ཚུལ་བསམ་ཡས་སྟོན། །དེའང་ཆོས་ཉིད་སྟོང་པའི་ངོ་བོ་ཉིད་དུ་མཁྱེན་ནས་སེམས་ཅན་རྣམས་ལ་རང་བཞིན་གྱིས་མ་སྐྱེས་པའི་ཆོས་སྟོན་ཏོ། །ཡུམ་བར་མ་ལས། ཀྱེ་སེམས་ཅན་དག་ཚུར་ཤོག །ཆོས་ཐམས་ཅད་ནི་རང་བཞིན་གྱིས་མ་སྐྱེས་པ་སྟེ་ཁྱེད་ཅི་ཞིག་གིས་ཉོན་མོངས་པ་ཞེས་ཆོས་སྟོན་ཅིང་སྟོང་པ་ཉིད་ལ་སོ་སོར་རྟོག་ལ་ཞེས་སོ། །ཇི་སྙེད་པས་གདུལ་བྱའི་ཁམས་དང་དབང་པོ་དང་བག་ལ་ཉལ་ཐམས་ཅད་གཟིགས་ནས་དེ་དང་མཐུན་པའི་ཆོས་སྟོན་པ་སྟེ། དེ་ཉིད་ལས། ངས་སེམས་ཅན་གྱི་ཁམས་ལ་རྣམ་པར་གཟིགས་ནས་སེམས་ཅན་ཀུན་ནས་ཉོན་མོངས་པ་ཅན་དེ་དག་གི་ཉོན་མོངས་པ་རབ་ཏུ་གདུལ་བའི་ཕྱིར་ཆོས་བསྟན་ཏོ་ཞེས་པ་ལ་སོགས་པའོ། །
མ་དག་པའི་འགྲོ་ལ་སྣང་ཚུལ་ནི། དེ་ལྟར་ཐུབ་པ་དྲུག་གིས་སྤྲུལ་པ། འདི་ནི་མ་དག་འགྲོ་ལ་སྣང་བ་སྟེ། །ཞིང་ནི་འགྲོ་དྲུག་འཇིག་རྟེན་དྲུག་རྣམས་སུ། །སྟོན་པ་འགྲོ་འདུལ་རང་སྣང་མཐུན་པ་ཡིས། །ཆོས་ནི་མ་ངེས་ཐེག་པ་སྣ་ཚོགས་ཉིད། །དུས་ནི་གདུལ་བྱའི་སྐལ་བ་མཚུངས་པར་སྣང་། །དེ་ཡང་སྤྲུལ་སྐུའི་གནས་ནི་སེམས་ཅན་གྱི་སྣང་བའི་གནས་གང་ཡིན་པར། སྟོན་པ་དེའི་སྣང་བ་དང་མཐུན་པས། ཆོས་ཀྱང་སེམས་ཅན་གྱི་བློ་རྟོག་དང་དབང་པོ་ཐ་དད་པའི་དབང་གིས་ཐེག་པ་སྣ་ཚོགས་སུ་སྟོན་པ་གནས་དང་འཁོར་རྣམས་ཚོགས་པའི་དུས་དེར་གསུངས་སོ། །ཀུན་བྱེད་ལས། སྤྲུལ་པའི་སྐུ་ཡིས་འདུལ་བའི་ཞིང་ཁམས་ནི། །འཛམ་བུའི་གླིང་ནི་བྱེ་བ་ཕྲག་བརྒྱ་སོགས། །རང་བྱུང་ཡེ་ཤེས་ཐུགས་རྗེས་རྒྱུད་དྲུག་འདུལ། །ཞེས་པ་དང་། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། །འདུལ་བ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན། །གཏི་མུག་འདུལ་བའི་གཉེན་པོར་(༡༨༡)གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་གསུམ་མཉམ་ཉི་ཁྲི་ཆིག་སྟོང་གསུངས། །སྤྱི་རུ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་། །དུག་གསུམ་གཉེན་པོས་འདུལ་ཕྱིར་གསུངས་པ་ཡིན། །ཞེས་སོ། །
མ་དག་པའི་སྣང་པ་ལ་ཤར་ཚུལ་ནི། བཤད་མ་ཐག་པའི་ཚུལ། དེ་ལྟར་འགྲོ་དྲུག་འཇིག་རྟེན་དྲུག་པོ་ཡང་། །ལས་དང་བག་ཆགས་དགེ་སྡིག་རྒྱུ་འབྲས་ཀྱིས། །བདེ་སྡུག་མཐོ་དམན་རྣམ་པ་སྣ་ཚོགས་ཉིད། །སྟོན་པ་དྲུག་ཀྱང་འགྲོ་སེམས་འང་སྣང་སྟེ། །རྨི་ལམ་ནང་གི་སངས་རྒྱས་སེམས་ཅན་བཞིན། །ངོ་བོ་དག་ཀྱང་རྣམ་པ་མ་དག་པས། །སྣ་ཚོགས་སྣང་ལ་ཐུགས་རྗེའི་རོལ་པར་ཤར། །འགྲོ་བའི་ལས་དང་བག་ཆགས་དགེ་བས་མཐོ་རིས་དང་། མི་དགེ་བས་ངན་སོང་དུ་འཁོར་ཞིང་བདེ་སྡུག་སྣ་ཚོགས་སུ་མྱོང་བ་རྨི་ལམ་ནང་གི་སྣང་བ་ལྟ་བུ་འདི་ནི་མ་རིག་པའི་གཉིད་སངས་པའི་སངས་རྒྱས་ཀྱི་བྱིན་རླབས་དང་། རང་རང་གི་དགེ་བའི་ལས་ཀྱི་སྣང་བ་ལ་སངས་རྒྱས་ཀྱི་སྤྲུལ་པ་ཐུབ་པ་བཅོམ་ལྡན་ལ་སོགས་པས་དོན་མཛད་པ་དེ་ཡང་རྨི་ལམ་ལྟ་བུ་སྟེ། སེམས་ཅན་གྱི་རང་སྣང་ལས་དོན་མ་གྲུབ་པ་ཉིད་རྨི་ལམ་དུ་སྤྲུལ་པ་བཀྱེ་བ་བཞིན་སྣང་བ་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། ངས་ནི་རྨི་ལམ་ལྟ་བུའི་འགྲོ་བ་ལ། །རྨི་ལམ་ལྟ་བུར་སྤྲུལ་ནས་ཆོས་བསྟན་ཡང་། །ངོ་བོ་མེད་དེ་རང་བཞིན་གཉིས་སུ་མེད། །བདག་མེད་སྟོང་པ་གསོག་ཏུ་རིག་པར་བྱ། །ཞེས་དང་། ཡུམ་བར་མ་ལས། རབ་འབྱོར། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་སོ། །འཁྲུལ་སྣང་གི་སྣོད་བཅུད་བརྫུན་པ་ལྟར་དེ་ལ་སྣང་བའི་སངས་རྒྱས་ལ་སོགས་པའང་བརྫུན་ལ། ཡོད་པ་མ་ཡིན་པ་སྟེ་མེད་བཞིན་སྣང་བའི་ཕྱིར་རྨི་ལམ་གྱི་སངས་རྒྱས་དང་སེམས་ཅན་བཞིན་ནོ། །དེས་ན་འཁོར་འདས་རྨི་ལམ་ལྟ་བུར་སྣང་དུས་འདིར་ངོ་བོ་ཡེ་ནས་དག་པའི་སངས་རྒྱས་ཡིན་ཡང་། རྣམ་པ་འགྲོ་དྲུག་གི་སེམས་ཅན་དང་། དེ་འདུལ་བའི་སྟོན་པའང་དེ་དག་གི་གཟུགས་ངན་པ་ལ་སོགས་པར་སྣང་བའི་ཕྱིར་རོ། །སྣང་ཡང་དབྱིངས་གཅིག་གདོད་ནས་དག་པས་གཉིས་སུ་མེད་པ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་སུས་ཤེས་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་པ་ལྟར་རོ། །དེ་ལྟ་བུའི་སེམས་ཅན་ལ་སངས་རྒྱས་ཀྱི་ཐུགས་རྗེས་གཟིགས་པ་ཡང་གདུལ་བྱ་དང་འདུལ་བྱེད་དུ་འབྲེལ་ནས་དོན་མཛད་དེ། ལོག་རྟོག་བག་ཆགས་དང་བཅས་པ་དག་ནས་དབྱིངས་སུ་ཞི་བ་བརྙེས་ཀྱང་ཡེ་ཤེས་བརྩེ་བ་ཆེན་(༡༨༢)པོས་སེམས་ཅན་ཐམས་ཅད་ས་ལེར་གཟིགས་ནས། དོན་མེད་པ་ལ་བདག་ཏུ་གཟུང་བས་འཁྲུལ་པ་རྣམས་སྙིང་རྗེའི་ཡུལ་དུ་དགོངས་ཏེ་ཐབས་ཀྱིས་འདྲེན་ཞིང་ལྷུན་གྱིས་གྲུབ་པའི་མཛད་པ་ཡང་འབད་རྩོལ་མེད་པར་རང་གིས་འབྱུང་བའི་ནུས་པ་ཡེ་ལྡན་དུ་ཤར་བས་དོན་མཛད་པ་ཉིད། གསང་སྙིང་ལས། ལོག་པར་རྟོག་བརྟགས་རྣམ་དག་ཅིང་། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་སོ། །
དེ་དག་ཀྱང་ཚད་མེད་པའི་ཐུགས་རྗེ་ལྡན་པ་ནི། སྤྲུལ་པའི་སྐུ་ཆེན་པོ་རྣམ་པ་དྲུག་པོ། །འདི་ནི་ཚད་མེད་ཐུགས་རྗེའི་སྤྲུལ་པ་ཡིན། །སྲིད་པ་ཇི་སྲིད་འཕྲིན་ལས་རྒྱུན་མི་འཆད། །དབྱིངས་ཀྱི་ངང་ནས་ཡེ་ཤེས་ཀྱི་ངོ་བོ་ཚད་མེད་པའི་ཐུགས་རྗེའི་བྱིན་རླབས་ལས་རང་སྣང་བའི་སྤྲུལ་པས་སེམས་ཅན་གྱི་དོན་མཛད་པ་དེ་ཡང་། གདུལ་བྱའི་ཁམས་དང་། དེ་འདུལ་བའི་ཐབས་དང་། དེའི་གཉེན་པོ་དང་། དུས་ལ་བབ་པ་ན་བསྙེལ་བ་མི་མངའ་བར་འདུལ་བས་དོན་མཛད་པ་ཡང་འབད་རྩོལ་མེད་པར་ཆུ་ཟླ་སྣང་བ་ལྟར་འབྱུང་སྟེ། རྒྱུད་བླ་ལས། གདུལ་བྱའི་ཁམས་དང་གདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་འདུལ་བའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་སོ། །དེའང་ངན་སོང་བ་དག་མཐོ་རིས་ལ་བཀོད་ནས་ཐར་པའི་སར་འདྲེན་པ་དང་། མཐོ་རིས་པ་དག་གིའང་གནོད་འཚེ་སྐྱོབ་ཅིང་ཕན་བདེ་མཛད་ནས་ཐར་པ་ལ་འགོད་པ་དང་། ལམ་ལ་མ་ཞུགས་པ་རྣམས་འཇུག་པ་དང་། ཞུགས་པ་རྣམས་གོང་ནས་གོང་དུ་ཡོན་ཏན་ལ་སྦྱོར་བ་དང་། ས་བཅུའི་རྗེས་ལ་སངས་རྒྱས་ལ་དགོད་པ་སྟེ། མདོར་ན་སེམས་ཅན་ལ་ཇི་ལྟ་བུས་སྐད་ཅིག་ཙམ་བདེ་བར་འགྱུར་བ་དེ་ཡང་མཛད་ནས་རིམ་གྱིས་བྱང་ཆུབ་གསུམ་ལ་སོ་སོའི་སྐལ་བ་ཇི་ལྟ་བ་བཞིན་འགོད་པས། འཁོར་བ་ནས་འདྲེན་ཞིང་སྡུག་བསྔལ་ལས་སྐྱོབ་པའི་འཕྲིན་ལས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་དངོས་དང་བརྒྱུད་ནས་མཛད་དེ། མངོན་རྟོགས་རྒྱན་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ཀྱི་རྒྱུན་མི་འཆད་པར་འདོད། །ཅེས་སོ། །རྣམ་པ་ནི་དཔེ་དགུས་མཚོན་པ་སྟེ། བརྒྱ་བྱིན་མཐོང་དུས་སྨོན་པ་སྐྱེ་བ་ལྟར་སངས་རྒྱས་མཐོང་ནས་སེམས་དང་བས་སྨོན་ཞིང་ཚོགས་གཉིས་སྤྱོད་པ་དང་། ལྷའི་རྔ་སྒྲས་བག་མེད་པ་ལས་སློང་ཞིང་འཇིགས་པ་སེལ་བ་ལྟར་ཆོས་ཀྱི་རྔ་སྒྲས་བག་མེད་པ་དང་འཁོར་བའི་འཇིགས་པ་སེལ་བ་དང་། སྤྲིན་ལྟར་ཆོས་ཆར་འབེབས་པས་རྒྱུད་ཀྱི་དགེ་བ་སྤེལ་བ་དང་། ཚངས་པ་གནས་ལས་མ་བསྐྱོད་པར་ལྷའི་གནས་སུ་སྣང་བ་ལྟར་ཆོས་སྐུ་ལས་མ་གཡོས་བཞིན་དུ་གཟུགས་སྐུས་དོན་མཛད་པ་དང་། ཉི་མ་ལྟར་གདུལ་བྱའི་པདྨོ་འཛུམ་ཞིང་མུན་པ་སེལ་བ་དང་། ནོར་བུ་ལྟར་རྣམ་པར་མི་རྟོག་པས་གཞན་དོན་མཛད་པ་དང་། སྒྲ་བརྙན་ལྟར་དབྱངས་གཅིག་དྲུག་ཅུར་གོ་(༡༨༣)བས་དོན་མཛད་དུས་ཉིད་ནས་སྒྲ་ཚིག་ཏུ་མེད་པ་དང་། ནམ་མཁའ་ལྟར་རང་བཞིན་སྤྲོས་པ་མེད་པའི་ཆོས་ཀྱི་སྐུས་འཆར་གཞིའི་གོ་ཕྱེ་བས་དོན་མཛད་པ་དང་། ས་ལྟར་འགྲོ་བའི་དགེ་བའི་ལོ་ཐོག་ཐམས་ཅད་འཕེལ་བའི་དོན་མཛད་པ་སྟེ། རྒྱུད་བླ་ལས། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་རིགས། །རིན་ཆེན་ལྷ་དབང་སྣང་བཞིན་སྟོན་པ་སྟེ། །ལེགས་པར་འདོམས་མཛད་ལྷ་ཡི་རྔ་དང་འདྲ། ཁྱབ་བདག་མཁྱེན་དང་བརྩེ་ཆེན་སྤྲིན་ཚོགས་ནི། །མཐའ་ཡས་འགྲོ་བ་སྲིད་རྩེའི་བར་དུ་ཁྱབ། །ཚངས་བཞིན་ཟག་མེད་གནས་ལས་མི་བསྐྱོད་པར། །སྤྲུལ་པ་རྣམ་པ་དུ་མ་རབ་ཏུ་སྟོན། །ཉི་བཞིན་ཡེ་ཤེས་སྣང་བ་རབ་སྤྲོ་གང་། །རྣམ་དག་རིན་ཆེན་ཡིད་བཞིན་ནོར་འདྲའི་ཐུགས། །རྒྱལ་བ་རྣམས་ཀྱི་གསུང་དེ་བྲག་ཅ་བཞིན་དུ་ཡི་གེ་མེད། །སྐུ་ནི་ནམ་མཁའ་ལྟ་བུར་ཁྱབ་དང་གཟུགས་མེད་རྟག་པ་ཉིད། །ས་བཞིན་འགྲོ་བའི་དཀར་པོའི་ཆོས་ཀྱི་སྨན་རྣམས་མ་ལུས་པའི། །རྣམ་པ་ཀུན་ཏུ་གཞིར་གྱུར་པ་ནི་སངས་རྒྱས་ས་ཡིན་ནོ། །ཞེས་སོ། །
སྣ་ཚོགས་སྤྲུལ་སྐུ་ལ་གསུམ་ལས། བཟོ་སྤྲུལ་པས་འགྲོ་དོན་ཕུན་སུམ་ཚོགས་པར་མཛད་ཚུལ་ནི། སྤྲུལ་པའི་སྐུ་གསུམ་པ་ནི་བེམས་པོར་སྣང་བས་དོན་མཛད་པ་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་སྤྲུལ་པ་དང་། འགྲོ་འདུལ་ལ་སོགས་པས་དེ་ལྟར་སྤྲུལ་པ་ཡིན་ནོ་ཞེས་བཤད་པ་ཡང་། འགྲོ་འདུལ་སྤྲུལ་པའི་དུས་དང་ཡེ་ཤེས་ཀྱིས་དོན་མཛད་པ་ནམ་མཁའ་ལྟ་བུའི་འཕྲིན་ལས་ཕུན་སུམ་ཚོགས་པ། དེ་ཉིད་ངང་ལས་སྣ་ཚོགས་སྤྲུལ་པའི་སྐུ། །སེམས་མེད་བེམས་པོའི་ཚུལ་གྱིས་སྣང་བ་སྟེ། །རིས་སུ་བྲིས་དང་འབུར་དང་རང་བྱོན་དང་། །ཡི་གེ་ལ་སོགས་མཆོད་པའི་རྟེན་དང་ནི། །པདྨ་དཔག་བསམ་ཤིང་དང་སྐྱེད་མོས་ཚལ། །ཁང་བཟངས་མཆོག་དང་ཀུན་དགའི་ར་བ་དང་། །སྤྲུལ་པའི་གྲོང་དང་གྲུ་གཟིངས་ཟམ་པ་དང་། །མར་མེ་ནོར་བུ་ཟས་གོས་བཞོན་པ་སོགས། །འགྲོ་བའི་དོན་མང་བྱེད་པའི་བེམས་པོར་སྣང་། །ཇི་ལྟར་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའི་སྐུས་དོན་མཛད་པའི་བྱེ་བྲག་ལ། རིས་སུ་བྲིས་པ་དང་། འབུར་དུ་དོད་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་རང་བྱོན་དུ་སྣང་བ་དང་། ཡི་གེ་དང་། ལྷ་དང་མཆོད་རྟེན་ལ་སོགས་པ་གང་ཞིག་མཐོང་བ་ཙམ་གྱིས་དད་པའི་གདུང་ཤུགས་གཡོ་བས་ཐར་པའི་ས་བོན་འཇོག་པ་དང་། དེས་མཚོན་ནས་དེ་འདྲའི་རྟེན་གྱིས་རྣམ་པ་ཐམས་ཅད་ཀྱིས་འགྲོ་བའི་རྒྱུད་ལ་དགེ་བ་སྤེལ་བས་སངས་རྒྱས་ཀྱི་སྤྲུལ་པར་བསྡུ་སྟེ། སྙན་གྱི་གོང་རྒྱན་དུ། ད་ནི་སྙིགས་མའི་དུས་ཀྱི་ཚེ། །བཟོ་དང་ཡི་གེའི་གཟུགས་སུ་འདུག །ང་ཡིན་སྙམ་དུ་དད་པར་བྱོས། །ཞེས་པ་དང་། མདོ་སྡེའི་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་(༡༨༤)ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་ནོ། །ཞེས་སོ། །བཟོ་ནི་བཟོའི་རྣམ་པར་སྣང་བ་བཤད་མ་ཐག་པ་རྣམས་སོ། །སྐྱེ་བ་ནི་སེམས་ཅན་ལ་དངོས་སུ་ཕན་པ་དེའི་ལུས་སུ་སྤྲུལ་པ་སྟེ། མུ་གེའི་ཚེ་ཉ་བོ་ཆེ་དང་། ནད་ཀྱི་ཚེ་སྲོག་ཆགས་དེས་པ་དང་། སྲིན་མོའི་གླིང་དུ་རྟའི་རྒྱལ་པོ་བ་ལ་ཧ་ལ་སོགས་པར་སྤྲུལ་ནས་དོན་མཛད་པའོ། །མཆོག་གི་སྤྲུལ་པ་ནི་མཛད་པ་བཅུ་གཉིས་སྟོན་པའོ། །དེ་བཞིན་དུ་པདྨ་དང་། དཔག་བསམ་གྱི་ཤིང་དང་། སྐྱེད་མོས་ཚལ་དང་། ཁང་བཟངས་དང་། རབ་ཏུ་བྱུང་བའི་ཀུན་དགའ་ར་བ་དང་། ཚོང་པ་མྱ་ངམ་གྱི་ཐང་ལ་འཁྱམས་དུས་གྲོང་ཁྱེར་དུ་སྤྲུལ་པ་དང་། ཆུ་ཆེན་པོ་ལ་གྲུ་དང་གཟིངས་དང་ཟམ་པར་སྤྲུལ་པ་དང་། གསང་ཆེན་ཐབས་མཁས་ལས་ནགས་སུ་མཚན་མོ་ལམ་འཁྱམས་པའི་ཚོང་པ་ལ་སྒྲོན་མར་སྤྲུལ་ནས་ལམ་བསྟན་པ་ལྟ་བུ་དང་། མུ་གེའི་ཚེ་ནོར་བུར་སྤྲུལ་ནས་ཁ་ཟས་ལ་སོགས་པའི་ཆར་ཕབ་པ་དང་། ཤིང་རྟའམ་གླང་པོ་ཆེ་ལ་སོགས་པ་བཞོན་པར་སྤྲུལ་ནས་སེམས་ཅན་ལ་གང་ལ་གང་ཕན་ཁོ་ན་བསྒྲུབ་པ་ནི་དཀོན་མཆོག་བརྩེགས་པ་ལ་སོགས་པའི་མདོ་སྡེ་རྣམས་ལས་གསུངས་ཤིང་། ཁྱད་པར་དུ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པའི་མདོ་ལས། འཇམ་དཔལ། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཏུ་མཐོང་བས་གདུལ་བར་བྱ་བ་ཡིན་ན་གསེར་གྱི་ཁ་དོག་ཏུ་སྣང་ངོ་ཞེས་པ་ནས། སྐྱེད་མོས་ཚལ་དང་། ནོར་བུ་དང་། སྨན་དང་། རིག་སྔགས་དང་། ཉེ་བར་མཁོ་དགུའི་ཡོ་བྱད་དུ་སྣང་བས་གདུལ་བར་བྱ་བ་ཡིན་ན་དེ་དང་དེའི་གཟུགས་དང་ཁ་དོག་ཏུ་སྣང་ངོ་ཞེས་རྒྱ་ཆེར་གསུངས་ཏེ།
གནས་སྐབས་དང་མཐར་ཐུག་གི་མངོན་མཐོ་ངེས་ལེགས་ལྷུན་གྲུབ་ཏུ་འབྱུང་ཚུལ་ནི། དེ་ལྟར་སྣང་བ་དེས། གནས་སྐབས་དགའ་སྐྱིད་བདེ་བའི་གནས་མཛད་ནས། །མཐར་ཐུག་ཞི་བའི་ལམ་ལ་འགོད་པས་ན། །སྣ་ཚོགས་སྤྲུལ་པས་འགྲོ་དོན་ལྷུན་གྱིས་གྲུབ། །སྤྲུལ་པའི་རོལ་པ་དེས་ཀྱང་གནས་སྐབས་སུ་སེམས་ཅན་སོ་སོའི་ཡིད་དགའ་བ་དང་། ལུས་དང་ངག་བདེ་བས་སྐྱིད་པར་མཛད་པའི་མཐར་སངས་རྒྱས་ཀྱི་ས་ལ་སྦྱོར་བས་ན་སྣ་ཚོགས་སྤྲུལ་པའི་སྐུ་ཡང་དོན་དང་མཛད་པ་ཤིན་ཏུ་ཆེན་པོ་ལྷུན་གྱིས་གྲུབ་པ་སྟེ། རྒྱུད་བླ་ལས། སྣང་བ་དེ་ནི་ཤིན་ཏུ་ཡང་། །རྟོག་པ་མེད་ཅིང་གཡོ་བ་མེད། །དེ་ལྟ་མོད་ཀྱི་ས་སྟེང་ན། །དོན་ཆེན་གྱིས་ནི་ཉེ་བར་གནས། །ཞེས་སོ། །
སྤྱི་དོན་གསུམ་པ་དེ་དག་དབྱིངས་ལས་བྱུང་ཞིང་དབྱིངས་སུ་ཐིམ་པས་མཇུག་བསྡུ་བ་ནི། ད་ནི་སྐུ་དེ་དག་གི་བྱ་བ་དང་མཛད་པ་དབྱིངས་ལས་བྱུང་ཞིང་དབྱིངས་སུ་ཐིམ་པའི་ཚུལ་གྱིས་མཇུག་བསྡུ་བ་ནི། སངས་རྒྱས་ལ་བརྟེན་པའི། གདུལ་བྱ་མེད་ན་འདུལ་བྱེད་དབྱིངས་སུ་ནུབ། །རང་སྣང་ལོངས་སྐུ་ཆོས་སྐུའི་ངང་དུ་ཐིམ། །ཆུ་སྣོད་(༡༨༥)མེད་ན་ཆུ་ཟླ་མཁའ་ལ་ཐིམ། །ཚེས་ཀྱི་དབང་གིས་ཟླ་བ་དབྱིངས་སུ་ནུབ། །གནམ་གང་ཟླ་བ་འཕེལ་འགྲིབ་མེད་པ་བཞིན། །གདུལ་བྱ་ཡོད་ལ་སྔོན་བཞིན་རིམ་གྱིས་སྣང་། །འདི་ནི་འབྲས་བུ་ལྷུན་གྱིས་གྲུབ་པ་ཡིན། །ཇི་ལྟར་ཆུ་སྣོད་མེད་དུས་ཟླ་བའི་ངང་དུ་ཆུ་ཟླའི་གཟུགས་བརྙན་རང་ཐིམ་པ་ལྟར་གདུལ་བྱའི་ཆུ་སྣོད་མེད་ན་དེའི་ངོར་སྣང་བའི་སངས་རྒྱས་སྤྲུལ་སྐུའི་ཟླ་གཟུགས་རང་སྣང་ལོངས་སྐུའི་ངང་ཙམ་ལས་མེད་པས་དེར་ཐིམ་པའོ་ཞེས་བཏགས་ཀྱང་གཅིག་ནས་འོངས་ཏེ་གཅིག་ཏུ་ཐིམ་པ་ལྟར་མ་ཡིན་ནོ། །ཟླ་བའང་གནམ་གང་གི་ཚེ་ན་ནང་གསལ་དུ་ཐིམ་པ་ལྟར་རང་སྣང་གི་ལོངས་སྐུའང་ནང་གསལ་ཆོས་སྐུའི་དབྱིངས་སུ་ཐིམ་པས་ཡེ་ཤེས་དབྱིངས་སུ་འཁྱིལ་པ་ཞེས་བྱའོ། །དེའི་ཚེ་སོ་སོ་རང་རིག་པའི་ཡེ་ཤེས་ཉིད་ཕྲ་བའི་ཡེ་ཤེས་སུ་གྱུར་པས་ཤིན་ཏུ་མཉམ་པར་གཞག་པའི་གནས་སྐབས་སོ། །དབུ་མ་ལས་དེའི་ཚེ་འཇུག་པ་ཆོས་ཀྱི་དབྱིངས་སུ་ཞི་བས་གང་དུའང་དམིགས་སུ་མེད་པ་འགོག་པ་དམ་པའི་ངང་ལ་མཉམ་པར་གཞག་པའོ་ཞེས་འདོད་ལ། རྒྱུད་བླ་མ་ལ་སོགས་པ་ནས་མཉམ་པར་གཞག་པའི་ཡེ་ཤེས་ཞེས་འདོད་དོ། །ཡང་གདུལ་བྱ་ཡོད་ན་གཡོ་བ་དང་འབད་པའི་རྩོལ་བ་མེད་པར་སྐད་ཅིག་གིས་ཕྱི་གསལ་དུ་རང་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་རྣམས་སྔ་ཕྱི་མེད་པར་དོན་མཛད་པ་སྔ་མ་བཞིན་མི་རྟོག་པའི་ངང་ནས་འབྱུང་ངོ་། །འདི་ལ་དབུ་མ་ནས་སྔོན་གྱི་སྨོན་ལམ་ལས་གཞན་སྣང་དུ་དོན་མཛད་ཅེས་འདོད་ལ། རྒྱུད་བླ་མ་ལ་སོགས་པ་ནས་རྗེས་ཐོབ་ཏུ་དོན་མཛད་ཀྱང་མཉམ་གཞག་གི་ངོ་བོ་ལས་མ་གཡོས་པ་ཞེས་འདོད་དེ། རྒྱུད་བླ་ལས། མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་པ་དང་། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང་། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །དེ་ལྟ་མོད་ཀྱི་ས་རྡུལ་དང་། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་སོ། །
སྤྱི་དོན་བཞི་པ་སྐབས་ཀྱི་དགེ་བ་བསྔོ་བ་ནི། ད་ནི་དགེ་བ་སེམས་ཅན་གྱི་ཕྱིར་བསྔོ་བ་ནི། ཇི་སྐད་བཤད་པའི་ཚུལ། དེ་ལྟར་ཞི་བ་མཆོག་གི་རང་བཞིན་གྱིས། །འགྲོ་ཀུན་སེམས་ཉིད་འོད་གསལ་དབྱིངས་གཞོལ་ཏེ། །སྲིད་ཞིའི་མཐར་འཛིན་ཉེས་ཆའི་དྲི་མ་ཡིས། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །ཅེས་སྨོན་ཏེ། སྙིང་པོའི་དེ་ཁོ་ན་ཉིད་ཀྱི་དགེ་བས་འགྲོ་བ་ཐམས་ཅད་སྲིད་ཞིའི་མཐར་འཛིན་པས་དུབ་པའི་སེམས་ཉིད་ཐམས་ཅད་མཁྱེན་པའི་བདེ་བ་ཚད་མེད་པས་དབང་འབྱོར་བའི་ས་ལ་ངལ་སོས་ཤིག་ཅེས་པའོ། །རབ་དཀར་ཀུ་མུ་ཏ་རྣམས་རྒྱས་བྱེད་པ། །སྟོན་ཀའི་མཚན་མོ་དཀར་བའི་ཟླ་གཟུགས་བཞིན། །དགེ་བ་རབ་མཆོག་ཉོན་མོངས་གདུང་སེལ་བས། །འགྲོ་ཀུན་སེམས་ཀྱི་རྙོག་པ་ཞི་བར་ཤོག །ཉོན་(༡༨༦)མོངས་མཚོ་སྔོན་སྡུག་བསྔལ་དབུ་ཕྲེང་ཅན། །ཉེས་ཆའི་བཞད་རྣམས་ལྡིང་བ་གང་ཡིན་པ། །སེམས་དགེའི་འོད་སྟོང་ཤར་བས་རབ་བསྐམས་ཏེ། །རྒྱལ་བའི་འབྱོར་པས་ཡོངས་གང་མཐོང་བར་ཤོག །སེམས་ཀྱི་རབ་རིབ་གློ་བུར་སྒྲིབ་པའི་སྤྲིན། །ཀུན་སྦྱོར་འཆིང་བའི་རྣམ་འགྲོས་རབ་བརྟན་པ། །ཡེ་ཤེས་རླུང་གིས་ཕྱོགས་བཅུར་གཏོར་བྱས་ཏེ། །འོད་གསལ་བྱང་ཆུབ་ཉི་མ་མཐོང་བར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། འབྲས་བུ་ལྷུན་གྲུབ་ཆེན་པོའི་ལེའུ་སྟེ་བཅུ་གསུམ་པའི་འགྲེལ་པའོ།། །།
ཡོངས་སུ་རྫོགས་པ་མཇུག་གི་དོན་ལ་ལྔ་སྟེ། ལེགས་པར་བཤད་པའི་དགེ་བ་རྒྱ་ཆེར་བསྔོ་བ་ནི། དེ་ལྟར་ཚིག་དོན་མཐའ་དག་གི་རིམ་པ་ལེགས་པར་གཏན་ལ་ཕབ་ཟིན་ནས། ད་ནི་བསྟན་བཅོས་ཡོངས་སུ་རྫོགས་པའི་སྐབས་ལས། གཞན་དོན་དུ་བསོད་ནམས་བསྔོ་བ་ནི། ཐོག་མར་མཚན་བཤད་པ་ནས་བརྩམས་ཏེ། འབྲས་བུ་མཐར་ཐུག་པའི་དོན་བཤད་པའི་བར་གྱི་ཚིག་དོན་བཀོད་ལེགས་པ། དེ་ལྟར་ལེགས་བཤད་བསོད་ནམས་སྤྲིན་ཆེན་ལས། །ཞི་བདེའི་རང་བཞིན་ཆར་གྱི་ཚོགས་མང་པོས། །ས་གསུམ་འགྲོ་བའི་དགེ་ལེགས་རབ་རྒྱས་ཏེ། །རྒྱལ་བའི་འབྱོར་ཚོགས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པ་སྟེ། རབ་ཏུ་ཡངས་ཤིང་དྲི་མ་མེད་པའི་ཡིད་མཁར། ལེགས་པར་བཤད་པའི་སྤྲིན་ཕུང་ཆེན་པོ། ཐོས་པ་དང་། བསམ་པ་དང་། སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་འབྲུག་སྟོང་སྒྲོགས་ཤིང་། ལུང་དང་། རིགས་པ་དང་། མན་ངག་གི་གློག་ཕྲེང་བཟང་པོ་འགྱུ་བ་ལས་འཐོན་པའི། ཞི་བདེའི་དགེ་བ་ཆར་གྱི་ཚོགས་བསིལ་བར་འབབ་པས། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་སེམས་ཅན་གྱི་སེམས་ཀྱིས་གཞི་ཆོས་ཁམས་དགེ་བ་སྙིང་པོའི་ས་བོན་ཅན་གྱི་རྒྱུད་བརླན་པས། ཆེས་ཆེར་གོང་དུ་འཕེལ་བའི་ནུས་པ་མཐར་ཕྱིན་པ་སངས་རྒྱས་ཀྱི་བྱང་ཆུབ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་དང་འཕྲིན་ལས་ཆེན་པོས་མངའ་དབང་རྫོགས་པར་ཤོག་ཅིག་ཅེས་པའོ། །
བརྩམ་དགོས་པའི་རྒྱུ་མཚན་ནི། བརྩམས་པའི་ཚུལ་བརྗོད་པ་ནི། དུས། དེང་སང་ཕལ་གྱི་བློ་མིག་མ་དག་པས། །སྔགས་དང་ཕ་རོལ་ཕྱིན་གཞུང་སོ་སོའི་ལམ། །འགལ་བར་འཛིན་པས་གཅིག་ཏུ་སྡུད་མི་ཤེས། །དེ་ཕྱིར་དེ་དག་ཕྱོགས་རེའི་མིག་ཅན་ཡིན། །སྔོན་གྱི་མཁས་གྲུབ་ཆེན་པོ་རྣམས་ནི་གཤེགས་ལ། དེ་དག་གི་གཞུང་ལུགས་ཆེན་པོ་རྣམས་ཀྱང་རིང་ཞིག་ནས་རང་རང་གི་དོན་རྟོག་གིས་དཀྲུགས་པས་གསལ་བར་མེད་ལ། སྔགས་ཀྱི་རྒྱུད་སྡེ་ཆེན་པོ་རྣམས་དང་། ཕ་རོལ་ཏུ་ཕྱིན་པའི་གཞུང་སོ་སོའི་ལམ་གྱི་དགོངས་པ་ཤིན་ཏུ་བརླིང་བས། མང་དུ་མ་ཐོས་ཤིང་རྟོག་གེའི་ངན་རྟོག་ཙམ་གྱིས་དཀྲུགས་ནས་བླུན་པོ་མཁས་པའི་མངོན་རློམ་ཅན་རྣམས་ཀྱིས་འགལ་བར་འཛིན་པས། དགོངས་པ་ཟབ་མོ་རྣམས་གཅིག་ཏུ་བསྡུ་བར་མི་ཤེས་པའི་ཕྱིར། (༡༨༧)ཅུང་ཟད་རེའི་ཚིག་ཙམ་ལྷུར་ལེན་པས་ཕྱོགས་རེའི་མིག་ཅན་དུ་གྱུར་པ་ཡིན་ནོ། །
མདོ་སྔགས་གཉིས་ཀྱི་གཞི་ལམ་འབྲས་བུའི་དོན་མ་ནོར་བར་བསྟན་ཚུལ་ནི། ཚུལ་དེ་དག་མཐོང་ནས། གཞུང་། འདིར་ནི་རྒྱུ་འབྲས་ཐེག་པའི་ཟབ་དོན་མཆོག །གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་པའི་ཐབས། །གངས་རི་ཐོད་དཀར་ཨོ་རྒྱན་རྫོང་གནས་སུ། །དྲི་མེད་འོད་ཟེར་ཤར་བས་ལེགས་པར་བཀོད། །བསྟན་བཅོས་འདིར་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པའི་ངེས་དོན་གཞི་ལམ་འབྲས་བུ་དང་བཅས་པ་དང་། འབྲས་བུ་གསང་སྔགས་ཀྱི་ཐེག་པའི་གཞི་ལམ་འབྲས་བུའི་དོན་རྣམས། མདོ་དང་། རྒྱུད་དང་། ལུང་དང་། རིགས་པ་དང་། མན་ངག་གི་གནས་བསྟན་པ་ལས་ཇི་སྐད་འབྱུང་བ་དང་། བླ་མ་དམ་པ་ལས་འོངས་པའི་ཟབ་མོའི་དེ་ཁོ་ན་ཉིད་ཀྱི་དོན་རྣམས་གཅིག་ཏུ་བསྡུས་ཏེ། གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་གྲུབ་གནས་དམ་པར་བཀོད་པ་ཡིན་ནོ། །རི་དེ་ཡང་འོན་ཅང་རྡོ་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་གི་བྱང་ཤར་ན་ཡོད་དེ། སྔོན་གངས་རིའི་ཟེ་བས་བརྒྱན་ཞིང་ཟླ་བའི་གོས་དཀར་གྱིས་གཡོགས་པ་འདྲ་བ་ལས། དུས་ཀྱི་དབང་གིས་དེང་སང་ནི་རྩེ་མོ་བྲག་རིའི་ར་བས་མཛེས་པའོ། །ངོགས་རྣམས་སྨན་ལྗོངས་དང་ཆུ་གཙང་འབབ་པ། མེ་ཏོག་དང་སྨན་དྲི་ཞིམ་པོ་རྒྱས་པའི་ལྷོ་ཕྱོགས་ན་རྒྱ་ཤུག་གི་ནགས་ཚལ་ལྗང་གུ་རྨ་བྱའི་མགྲིན་པ་འདྲ་བས་བརྒྱན་པའི་མཐོངས་ན། གྲུབ་པས་བརྟེན་པའི་ནགས་ཁྲོད་རང་བྱུང་པདྨས་བྱིན་གྱིས་བརླབས་པས་ཨོ་རྒྱན་རྫོང་ཞེས་བཏགས་པ་གང་ཡིན་པའོ། །བསྟན་བཅོས་འདི་ཡང་སྙིང་པོའི་དོན་གཅིག་ཏུ་ངེས་པ་བསྟན་པའི་མཛོད་ཀྱི་ནོར་བུ་ཡིན་པས་སྤྱི་བོས་བླང་བར་རིགས་ཏེ། རྒྱུད་བླ་ལས། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་། །གང་དག་མོས་དགེ་ཕུན་ཚོགས་དང་ལྡན་བློ། །དེ་དག་རྗེས་སུ་གཟུང་ཕྱིར་འདི་བཤད་དོ། །ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ། །བརྟེན་ནས་མིག་དང་ལྡན་པས་བལྟ་བ་བཞིན། །དེ་བཞིན་དོན་ཆེན་ཆོས་སྤོབས་འོད་མཛད་པ། །ཐུང་ལ་བརྟེན་ནས་འདི་ནི་རབ་ཏུ་བཤད། །གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་ལེགས་པར་གསུངས་སོ། །
དགེ་བ་རྒྱ་ཆེར་སྤེལ་ཕྱིར་ཤིས་བརྗོད་ཀྱི་རྒྱན་དགོད་པ་ནི། དེ་ལྟར་ལུང་དང་རིགས་པའི་རྗེས་སུ་འབྲངས་ཏེ་ཕྱིན་ཅི་མ་ལོག་པར་མཐོང་བའི་བློ་གྲོས་ཀྱིས། ལེགས་པར་བཤད་པའི་རྒྱ་མཚོ་རྨད་དུ་(༡༨༨)བྱུང་བའི་ཚུལ་གང་ཆེན་མཚོ་བཀོད་པའི། དགེ་བ་དེ་ཡིས་སྲིད་པའི་སེམས་ཅན་རྣམས། །མ་ལུས་ཉེར་ཞིའི་གོ་འཕང་མཆོག་ཐོབ་ནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡིས། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བྱེད་པར་ཤོག །ཅེས་པ་ནི་ཤིས་པ་བརྗོད་པའི་རྒྱན་ཏེ། ཟབ་ཅིང་རྒྱ་ཆེ་བའི་བསྟན་བཅོས་བཀོད་པ་ལས་བྱུང་བའི་དགེ་བ་མཆོག་ཏུ་གྱུར་པ་དེས། ཁམས་གསུམ་རིགས་དྲུག་སྲིད་པ་གསུམ་གྱིས་བསྡུས་པའི་འགྲོ་བ་ཇི་སྙེད་པ་ཐམས་ཅད་འབད་པ་དང་རྩོལ་བ་མེད་པར་ཞི་བའི་གོ་འཕང་ཀུན་ཏུ་བཟང་པོ་ཐོབ་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས། ཕྱོགས་དང་། དུས་དང་། གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པའི་འོད་ཟེར་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་དཔག་གིས་མི་ལང་བསམ་གྱིས་མི་ཁྱབ་པ་དག་ཀུན་ནས་འཕྲོ་བར་གྱུར་ཅིག་ཅེས་གྲགས་པར་བྱས་པ་ཡིན་ནོ། །
དེ་ལྟར་ཡོན་ཏན་མཆོག་རབ་ཤིན་ཏུ་རྨད་བྱུང་མཐོ་རིས་ས་སྟེང་རྣམ་བརྒྱན་པ། །ལེགས་བཤད་འོད་ཀྱི་དཀྱིལ་འཁོར་ཉི་གཞོན་དམར་བས་ཡིད་མཁའི་ལམ་ལ་རབ་གནས་ཤིང་། །མཐའ་ཡས་འགྲོ་བར་ཉེར་ཞིའི་གོ་འཕང་བླ་མེད་སྣང་བ་དཔེ་མེད་འཆར་བ་གང་། །ས་གསུམ་སྐྱེ་དགུའི་ཡེ་ཤེས་སྒྲོན་མར་བགྱིས་ཏེ་དེང་སང་བདག་གིས་སྦྱར་བ་ལགས། །ཆོས་ཚུལ་འདི་ནི་ཟབ་ཅིང་རྒྱ་ཆེ་ཆུ་སྲིན་འཛིན་ཁྲིའི་གནས་འདྲ་ཞིང་། །ལེགས་བཤད་འོད་སྟོང་ཀུན་ནས་འཕྲོ་བས་རྟ་བདུན་རྒྱས་པའི་དཀྱིལ་འཁོར་འདྲ། །འདོད་དགུའི་རེ་བ་མཐའ་ཡས་རྫོགས་ལྡན་ཡིད་བཞིན་ནོར་བུའི་མཆོག་འདྲ་ཞིང་། །སྣ་ཚོགས་འདོད་སྟེར་རོལ་པ་ཅན་ཏེ་བདེ་གཤེགས་དབང་པོའི་གོ་འཕང་བཞིན། །མ་ལུས་མི་ལུས་ལུས་པ་མེད་པའི་སྤྲིན་ཆེན་སྙིང་པོ་དམ་པ་ནི། །ཕན་མཛད་ཕན་བདེའི་བདེ་ལེགས་གྱུར་པ་རྟག་ཏུ་བྱེད་པ་གཅིག་ཏུ་གྱུར། །ཡེ་ཤེས་མཚོ་བསིལ་སྔོན་མེད་གང་དེར་ལྷ་བརྒྱའི་གང་ཆེན་མཚོ་མིན་ཞིང་། །མཐའ་ཡས་འོད་ཟེར་དྲྭ་བ་སྤེལ་ལེགས་གང་ཡིན་དེ་ཡང་དེ་བཞིན་ནོ། །འདི་ནི་མདོ་རྒྱུད་བལྟ་བའི་མེ་ལོང་སྟེ། །ལུང་རིགས་མན་ངག་དུ་མའི་མཛོད་ཁང་མཆོག །ཐར་གླིང་སྣང་བྱེད་ཉི་མའི་སྙིང་པོ་སྟེ། །མ་རིག་མུན་པ་སེལ་བའི་སྒྲོན་མ་ཡིན། །ཕྱི་རབས་སྐལ་བཟང་བྱང་ཆུབ་འདོད་པ་དག །ཡི་གེ་འདི་ལ་རྟག་ཏུ་ནན་ཏན་མཛོད། །མདོ་རྒྱུད་མན་ངག་སྙིང་པོ་འདིར་ཚང་ཞིང་། །ཟབ་དོན་བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་མཆིས། །བདག་བློའི་འདབ་བཟང་སྙིང་པོའི་ནམ་མཁའ་ཡངས་པ་ལ། །ཐབས་དང་ཤེས་རབ་ཚིག་དོན་གཤོག་ཡངས་རབ་བརྐྱང་སྟེ། །ཆེས་ཆེར་གོང་དུ་ཐར་པའི་གྲོང་ཁྱེར་རབ་འགྲོ་ཞིང་། །བྱང་ཆུབ་ཞི་བ་རྡུལ་བྲལ་ཆུ་ངོགས་བགྲོད་པ་སྙམ། །དཔལ་ལྡན་པདྨའི་མཁྱེན་བརྩེའི་མཚོ་ཆེན་ལས་འཁྲུངས་པ། །གང་གི་རྗེས་ཞུགས་དྲི་མེད་འོད་ཟེར་སྟོང་ལྡན་ནི། །འགྲོ་ཀུན་སྣང་བྱེད་ཡིད་མཁའི་མུན་པ་རབ་(༡༨༩)བཅོམ་ནས། །གདོད་མའི་མཁའ་དབྱིངས་སྒྲིབ་པ་མེད་དེར་གནས་པ་ཡིན། །གང་གི་མཚན་མོ་ཞི་དབྱིངས་སྣང་བ་དེ་མཐོང་ཚེ། །རྔ་སྒྲའི་དབྱངས་བཞིན་སྒྲིབ་མེད་གསུང་གི་རྗེས་འགྲོ་བས། །རི་རབ་མར་མེའི་རྒྱལ་མཚན་རྒྱལ་བ་དེར་འགྱུར་ཞེས། །དབུགས་ཆེན་འབྱིན་པ་དེ་ཡང་དཔལ་ལྡན་པདྨ་སྐྱེས། །གང་གི་མཚན་ཙམ་དྲན་པ་ཉིད་ཀྱིས་འཁོར་བའི་འཇིགས་ལས་སྒྲོལ་མཛད་པ། །དེ་ཡི་བྱིན་རླབས་ཞུགས་པ་ཉིད་ཀྱིས་དངོས་པོ་མཚན་མར་འཛིན་པ་མེད། །གཉིས་མེད་ཆོས་གསུང་ཐོས་པ་ཉིད་ཀྱིས་མི་སྐྱེའི་བཟོད་ལ་སྦྱོར་མཛད་པ། །དེ་ཡི་དགེ་བས་རྟག་ཏུ་སྐྱོང་ཞིང་འགྲོ་ཀུན་ཉེར་འཚོའི་གཞིར་གྱུར་ཅིག །ལེགས་གསུངས་དཔལ་ལྡན་ཡོན་ཏན་མཆོག་མངའ་ཚངས་པའི་རྣམ་གྲོལ་རབ་གསལ་བ། །དཔག་མེད་རྒྱལ་བ་སྔ་ཕྱིའི་གཤེགས་ཤུལ་རྒྱུ་འབྲས་ཐེག་པ་ཟབ་མོའི་དོན། །ལུང་རིགས་མན་ངག་བཞོན་པས་རབ་བསྐྱོད་ངེས་དོན་ཤིང་རྟ་ཆེན་པོའི་སྲོལ། །གང་ཡིན་འདི་ནི་ཟབ་མོའི་དོན་ཏེ་བློ་ཆེན་ལྡན་རྣམས་མགུ་བྱེད་ཡིན། །སྐྱེ་བ་སྔོན་རབས་དུས་ནས་ཆོས་དཀར་གྱི། །དགེ་ཚོགས་རྨད་བྱུང་ལས་བསྐྱེད་ལས་འཕྲོ་ཅན། །སློབ་མ་བཟང་པོ་གཞོན་ནུ་སངས་རྒྱས་ཀྱིས། །བསྐུལ་བའི་ངོར་ནི་བདག་གིས་འདི་བཀོད་དོ། །གངས་རིའི་ར་བས་ལེགས་པར་བསྐོར་བའི་དབུས། །སྔོན་གྱི་ཆོས་རྒྱལ་དམ་པས་བསྟེན་པའི་རི། །རང་བྱུང་པདྨ་རྒྱལ་པོའི་གནས་མཆོག་ཏུ། །ཕྱི་རབས་དོན་ཕྱིར་ཕན་པའི་ཆོས་འདི་བཀོད། །དགེ་བ་དེ་ཡིས་བདག་དང་འགྲོ་ཀུན་འོད་གསལ་སྙིང་པོའི་གྲུར་ཞུགས་ཏེ། །སྒྲིབ་པའི་རྒྱ་མཚོ་ཤིན་ཏུ་བརྒལ་དཀའ་སྐད་ཅིག་ཡུད་ཀྱིས་རབ་སྒྲོལ་ནས། །རྒྱལ་བའི་གོ་འཕང་ཤིན་ཏུ་རྨད་བྱུང་རིན་ཆེན་སྙིང་པོའི་གླིང་སོན་ཏེ། །སྲིད་ཞིའི་རྒུད་པ་མཐའ་དག་རབ་བསལ་རྫོགས་སངས་ཡོན་ཏན་ལ་རེག་ཤོག །གང་ཡང་འགྲོ་བས་འབད་མ་དགོས་པར་བདག་གི་དགེ་བས་ཡོངས་གྲོལ་ཞིང་། །ཅུང་ཟད་ཙམ་ཡང་བསྒྲུབས་པ་མེད་པར་རྒྱལ་བའི་འབྱོར་པ་ཕུན་ཚོགས་ལྡན། །དེ་ལྟར་དེ་བཞིན་བརྩོན་པ་མེད་ཀྱང་མྱུར་དུ་སྲིད་པའི་མཚོ་བརྒལ་ནས། །ཡོང་ཡེ་ཕྱམ་གཅིག་འཁོར་བ་སྟོངས་ནས་ཞི་བའི་གྲོང་ཁྱེར་གང་བར་ཤོག །གནས་སྐབས་ཀུན་ཏུ་དགེ་བ་འདི་ཡིས་ནི། །འཇིག་རྟེན་ཁམས་ཀུན་འབྱོར་ཞིང་ལྷ་ཡུལ་བཞིན། །ཡིད་ལ་བསམས་པ་ཙམ་གྱིས་དགེ་འགྲུབ་ཅིང་། །ཐར་པའི་ལམ་བཟང་སྣང་བ་འཛིན་པར་ཤོག །སུ་ཡང་སྡུག་བསྔལ་འཚེ་བ་མི་མཐོང་ཞིང་། །རང་གི་བདེ་བ་དམ་པས་ཉེར་འཚོ་བ། །ལྷ་ཡུལ་ས་སྟེང་ས་འོག་ཀུན་ཁྱབ་སྟེ། །མཐར་ཡང་འོད་དཔག་མེད་པའི་གནས་ཐོབ་ཤོག །འགྲོ་བའི་དོན་གང་ཆོས་དང་མཐུན་འགྲུབ་ཅིང་། །ཚུལ་མིན་ཡིད་ལ་བྱེད་པ་རྣམ་བྲལ་ཏེ། །བྱམས་སོགས་རྒྱལ་སྲས་དམ་པའི་རྗེས་འགྲོ་བས། །མྱུར་དུ་བྱམས་(༡༩༠)མགོན་ཞབས་དྲུང་སྐྱེ་བར་ཤོག །བདག་གི་རྩོམ་པ་ཐམས་ཅད་དོན་ཡོད་ཅིང་། །སེམས་ཅན་ཚོགས་རབ་སྲིད་ལས་སྒྲོལ་བའི་ཕྱིར། །སྐད་ཅིག་མི་དལ་བརྩོན་པ་མཐས་ཡས་ཀྱིས། །སྲིད་གསུམ་ཞི་བའི་དགོན་པར་འཁྲིད་པར་ཤོག །བདག་གི་བདེ་བས་སེམས་ཅན་ཀུན་བདེ་ཞིང་། །སེམས་ཅན་སྡུག་བསྔལ་བདག་གིས་ཁུར་ཁྱེར་ཏེ། །འགྲོ་བ་དེ་ཀུན་ཡོངས་སུ་སྟོངས་ཀྱི་བར། །བདག་གིས་འདྲེན་པའི་དེད་དཔོན་བྱེད་པར་ཤོག །ནམ་ཡང་བདེ་མེད་འཁོར་བ་སྦྲུལ་གདུག་གླིང་། །མེ་ཆེན་འོབས་དང་འདྲ་བའི་ཁྲོད་འདི་ལས། །ལུས་ཅན་བསིལ་བའི་ཙན་དན་ནགས་ཁྲོད་དུ། །སངས་རྒྱས་པད་ཚལ་སྦྱོང་བས་ཉེར་གནས་ཤོག །མི་རྟག་མི་གཙང་སྡུག་བསྔལ་བདག་ཏུ་འཛིན། །ཕྱིན་ཅི་ལོག་བཞི་བརྩོན་པའི་འགྲོ་བ་ཀུན། །བདག་གི་མཐུ་ཡིས་རྒྱལ་བའི་སར་གཞོལ་ཏེ། །མ་ལུས་ཡོན་ཏན་ཚོགས་རབ་རྫོགས་པར་ཤོག །ནགས་ནང་མེ་ཏོག་བུང་བ་འཕུར་ལྡིང་ཞིང་། །རྨ་བྱ་གྲག་པས་ཟེ་བ་བསྐྱོད་པ་དེར། །ཞི་བའི་བསམ་གཏན་བདེ་བས་ཡོངས་གང་ཞིང་། །སྲོག་དང་བཅས་པའི་ལུས་འདི་གཡོ་བར་ཤོག །ཆུ་གཙང་འབྲས་བུའི་གདང་མང་གྲིབ་བསིལ་ཅན། །འཁྲི་ཤིང་སྨན་ལྗོངས་བྲག་རིའི་དྲུང་དེར་ནི། །གཅིག་པུར་ཡིད་ལ་བྱེད་པ་ཀུན་སྤངས་ཏེ། །ཐར་པའི་བྱང་ཆུབ་བདུད་རྩི་བརྙེས་པར་ཤོག །ནགས་རླུང་གཡོ་བས་མེ་ཏོག་གྲིབ་ཤིང་བསྐྱོད་པ་ཡིས། །ལོ་མ་ལྷགས་པ་ལྷ་རྫས་ཆར་པ་འབབ་པ་བཞིན། །བསམ་གཏན་པ་དེ་སྒྲ་མེད་ཞི་བའི་དགའ་བ་ཡིས། །ཏིང་འཛིན་མི་བརྙིངས་འོད་གསལ་འདུས་མ་བྱས་འགྲུབ་ཤོག །པདྨ་ལ་འཁོར་བུང་བ་དང་ནི་གདངས་སྙན་བྱ་ཚོགས་སྒྲོགས་པ་ལས། །གཞན་པའི་ཅ་ཅོ་ཉེ་བར་ཞི་གྱུར་དབེན་ཞིང་ཉམས་དགའི་ནགས་ཁྲོད་དེར། །འདྲིས་དང་འདུ་འཛིའི་སྐྱེ་བོ་མི་མཐོང་གཅིག་པུར་ཞི་ལ་སེམས་གཞོལ་བས། །ལྷམ་མེ་ལྷན་ནེ་ལྷང་ངེར་གནས་ཤིང་ཚེ་འདི་དོན་ཡོད་བྱེད་པར་ཤོག །དེ་ལྟར་ལེགས་གསུངས་ཞི་བའི་ཆོས་དང་དག་པའི་སྨོན་ལམ་རྒྱ་ཆེ་བས། །མཚོ་ཆེན་ཡངས་གསལ་སྲིད་རྩེར་ཁྱབ་ཅིང་བདེ་དགའི་ཡོན་ཏན་ཚོགས་རབ་འབྲས། །ལྷ་ཡུལ་ས་སྟེང་མཐོ་རིས་བརྒྱན་པས་ངན་སོང་བ་དག་རབ་སྟོངས་ཏེ། །མངོན་མཐོ་ངེས་པར་ལེགས་པའི་ལམ་སོང་རྫོགས་པའི་སངས་རྒྱས་འགྲུབ་པར་ཤོག །ཆོས་ཚུལ་འདི་ཡང་མཁའ་བཞིན་རྒྱ་ཆེ་ཀུན་ལ་ཁྱབ་ཅིང་ཡིད་བཞིན་རེ་བ་རྣམ་སྐོང་ལ། །ས་བཞིན་འགྲོ་བའི་རྟེན་དང་ཉེར་འཚོའི་གྲུ་ཆེན་སྲིད་མཚོ་ལས་སྒྲོལ་དེད་དཔོན་བླ་མེད་བཞིན། །གདུང་སེལ་ཆོས་ཆར་བདུད་རྩིའི་ཆུ་བཞིན་ཡིད་མཁར་གཟུངས་སྤྲིན་སྙན་པས་ལྷ་ཡི་རྔ་སྒྲ་བཞིན། །མ་རིག་མུན་སེལ་ཐར་གླིང་སྣང་བས་ཉི་ཟླའི་མཆོག་བཞིན་གྲགས་པས་བཀྲ་ཤིས་བྱེད་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ཞེས་བྱ་བའི་འགྲེལ་པ་ཤིང་རྟ་ཆེན་པོ་ཞེས་བྱ་བ་(༡༩༡)དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝས་རྗེས་སུ་གཟུང་ཞིང་བདེ་བར་གཤེགས་པའི་བཀའ་རབ་འབྱམས་ལ་མང་དུ་ཐོས་པའི་ནོར་གྱིས་ཕྱུག་པ་ཐེག་པ་མཆོག་གི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས། བྲག་དམར་ཟངས་ཡག་ནམ་མཁའི་རྫོང་བོད་ཀྱི་རི་བོ་རྩེ་ལྔ་གཏེར་ཀ་དུ་མས་བརྒྱན་ཅིང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་སུ་སྦྱར་བ་རྫོགས་སོ།། །།
དགེའོ། །དགེའོ། །དགེའོ།། །།