ཡོ་བྱད་ཀྱི་མཚན་ཉིད།
ལྔ་པ་ཡོ་བྱད་ཀྱི་མཚན་ཉིད་ནི། ཀློང་(༡༣)གསལ་ལས། གསང་སྔགས་ཐབས་ཀྱི་ལམ་ཡིན་ཕྱིར། །རྟེན་འབྲེལ་ཡོ་བྱད་རྫས་རྣམས་བསག །ཅེས་པས། འཚོ་བའི་ཡོ་བྱད་ཟས་གོས་མཐའ་གཉིས་སུ་མ་ལྷུང་བ་དང་། བརྟེན་པའི་ཡོ་བྱད་གསང་སྔགས་ཀྱི་དམ་རྫས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་དང་། མཚོན་པའི་ཡོ་བྱད་རྡོ་རྗེ་ དྲིལ་བུ ་ཐོད་རྔ་ལ་སོགས་པ་དང་། མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་ཟབ་མོ་ལ་སོགས་པ་དང་། མཉེས་པའི་ཡོ་བྱད་དབང་ཡོན་གཏོར་ཚོགས་ལ་སོགས་པ་དང་། མཆོག་གི་ཡོ་བྱད་ཐོས་བསམ་སྒོམ་པའི་རྟོག་པ་དང་། དེ་དང་མཐུན་པའི་དཔེ་ཆ་ལ་སོགས་པ་སྟེ། མདོར་ན་བྱང་ཆུབ་བསྒྲུབ་པ་ལ་ཉེ་བར་མཁོ་བའི་མཐུན་རྐྱེན་རྣམས་ཚང་བར་བྱ་སྟེ། དེ་ཉིད་ལས། ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་སོ་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །ཞེས་སོ། །དེའི་ཡོན་ཏན་ནི་སྔ་མ་ལས། ཡོན་ཏན་ཀུན་ལྡན་ཆོས་ཀྱི་དངོས་གྲུབ་འབྱུང་། །ཞེས་སོ། །མ་ཚང་བའི་སྐྱོན་ནི་སྔ་མ་ལས། རྟེན་འབྲེལ་རྫས་མེད་དངོས་གྲུབ་ཡལ་བར་དོར། །ཞེས་སོ།། །།