ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་
(༡) ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སྙིང་པོའི་དོན་མངོན་སུམ་ལམ་གྱི་བཤད་སྲོལ་དང་སྦྱར་བའི་རྣམ་པར་འགྲེལ་པ་ཕྱིར་མི་ལྡོག་པ་སེང་གེའི་ང་རོ་ཞེས་བྱ་བ་བཞུགས་སོ།། །།ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འཁྲུལ་མེད་ལུགས་བཟང་དང་སྦྱར་བའི་རྣམ་པར་བཤད་པ་ཕྱིར་མི་ལྡོག་པ་སེང་གེའི་ང་རོ་ཞེས་བྱ་བ། དཔལ་ལྡན་བླ་མ་བྱམས་མགོན་ཐུགས་རྗེའི་དབང་ཕྱུག་གི་ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཆགས་ཐོགས་དྲི་མ་མེད་པ་ཡིས། །ཆོས་ཚུལ་རྒྱ་མཚོའི་ཕ་རོལ་གཤེགས་ནས་འཇིགས་མེད་རྒྱལ་ཚབ་སར་བཞགས་པ། །གསང་གསུམ་ཟླ་གཞོན་འཕགས་ཚོགས་ལྷ་བརྒྱའི་རྒྱུ་སྐར་དབུས་ན་མཛེས་དེ་དང་། །དབྱེར་མེད་བྱམས་མགོན་བླ་མར་ཕྱག་མཆོད་སྤྲིན་ཕུང་རྒྱ་མཚོས་བསྙེན་
(༢)བཀུར་བགྱི། །ས་བཅུའི་དབང་ཕྱུག་ཞལ་ལས་དམ་ཆོས་ཀྱི། །བདུད་རྩིའི་རྒྱུན་གྱིས་ཐུགས་རྒྱུད་རབ་གང་བ། །མ་ཕམ་འཕགས་པ་ཐོགས་མེད་མཆེད་གཉིས་དང་། །རིང་ལུགས་འཁྲུལ་མེད་སྐྱོང་བ་རྣམས་ལ་འདུད། །སྦས་པ་གསལ་མཛད་མངའ་བདག་མཻ་ཏྲི་པ། གདམས་ངག་བརྒྱུད་འཛིན་གཟུ་བཙན་རྣམ་གཉིས་དང་། །འདི་དོན་མཐར་ཐུག་གྲུབ་པའི་ཤིང་རྟ་ཆེ། །དྭགས་རྒྱུད་གསེར་གྱི་ཕྲེང་བར་རབ་ཏུ་བསྔགས། །མཁྱེན་ལྡན་དབུས་ན་ཐམས་ཅད་མཁྱེན་པ་དངོས། །བསྟན་འཛིན་རྣམས་ལས་འགྲན་མེད་བསྟན་པའི་བདག །གངས་ཅན་ཐུབ་དབང་རང་བྱུང་རྒྱལ་བ་དང་། །བསྟན་པའི་ཉིན་བྱེད་སྙིང་གི་པད་མཚོར་རོལ། །དྲི་བཅས་སྙིང་པོ་མཁའ་ལྟར་ཀུན་ཁྱབ་ཅིང་། །བློ་བུར་དྲི་བྲལ་ཡོན་ཏན་མངོན་གྱུར་པས། །སངས་རྒྱས་ཕྲིན་ལས་རྟག་ཏུ་མཛད་པ་ཡི། །འཁོར་འདས་ཀུན་གྱི་གཤིས་ལུགས་ལ་ཕྱག་འཚལ། །རྒྱལ་བའི་དགོངས་པ་མཐར་ཐུག་སྙིང་པོའི་དོན། །རྒྱལ་ཚབ་བྱམས་པས་ལེགས་པར་བཀྲལ་བའི་གཞུང་། །རྗེས་དཔག་རིགས་པའི་འཆད་ཚུལ་གྲགས་ཆེར་ཡང་། །མངོན་སུམ་ལམ་བྱེད་སངས་རྒྱས་ཐེག་པའི་ཚུལ། །རྟོག་གེ་དམན་པའི་སྐལ་པར་མ་ཤོང་བ། །མདའ་བསྣུན་ཡབ་སྲས་བརྒྱུད་པའི་ཁྱད་ཆོས་ཉིད། །ངེས་དོན་སྙིང་པོའི་ཤིང་རྟ་མཆོག་རྣམས་ཀྱིས། །བདེན་པར་གསུངས་པའི་དོན་བཞིན་དབྱེ་བར་བྱ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་ཤཱཀྱའི་དབང་པོའི་ལེགས་པར་གསུངས་པའི་ཆོས་ཚུལ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་བླ་མའམ་རྩེ་མོར་གྱུར་པ། ཕྱིར་མི་ལྡོག་པ་སེང་གེའི་སྒྲ་སྙིང་པོའི་གཏམ་སྟོན་པའི་དགོངས་འགྲེལ། བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོ་འདི་འཆད་པ་ལ་གཉིས། གཞུང་བཤད་པ་ལ་ངེས་གནས་
(༣)སྟེར་བའི་སྤྱི་དོན་མདོར་བསྡུ། གཞུང་དངོས་ཀྱི་ཚིག་དོན་རྒྱས་པར་བཀྲོལ་བའོ། །དང་པོ་ལ་བརྒྱད། བཤད་བྱའི་ངོ་བོ་ངོས་བཟུང་། དེ་ཉིད་གང་ལ་བརྟེན་པའི་ཁུངས། གང་གིས་མཛད་པའི་སློབ་དཔོན། གང་ལས་བརྒྱུད་པའི་རིམ་པ། གང་ཞིག་བཤད་བྱའི་དོན། ཇི་ལྟར་འཆད་པའི་ཚུལ། དབུ་ཞབས་ཀྱི་བསྡུས་པའི་དོན། དེ་ལྟར་བཤད་པའི་དགོས་འབྲེལ་བསྟན་པའོ། །དང་པོ་ནི། སྤྱིར་ཆོས་དབྱིངས་གཉིས་སུ་མེད་པའི་ཡེ་ཤེས་ཀུན་ལ་ཁྱབ་པ་ནི་རིགས་ཀྱི་རང་བཞིན། དེ་གློ་བུར་གྱི་སྒྲིབ་གཉིས་སྤངས་པའི་དག་པ་གཉིས་ལྡན་ནི་ཆོས་སྐུའི་རང་བཞིན། དེ་ཐོབ་བྱེད་སྤྲོས་པ་ཀུན་བྲལ་གྱི་ལྟ་བ་དང་རྣམ་པར་མི་རྟོག་པའི་སྒོམ་པ་ནི་ལམ་གྱི་རང་བཞིན། དེ་གསུམ་པོ་སྟོན་བྱེད་རྫོགས་པའི་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་བཀའ་ནི་གཞུང་བླ་མའམ་དམ་པར་གྱུར་པ་ཡིན་ལ། གཞུང་དེ་ལ་ཞིབ་མོར་དཔྱད་ན་གསུམ་ཡོད་དེ། དང་པོ་ནི། སངས་རྒྱས་ཀྱི་རང་སྣང་གི་གསུང་དབྱངས་གཉིས་མེད་ཀྱི་ཡེ་ཤེས་ཉིད་རྣམ་པ་ཐམས་ཅད་པར་ཤར་བའི་ནང་ཚན་གྱི་ཐེག་ཆེན་མདོ་སྡེའི་ངག་གི་རྣམ་པ་དོན་དམ་པ་དེ་ཡིན་ལ། འདི་ནི་རང་བཞིན་རྣམ་དག་གམ་བྲལ་འབྲས་ཆོས་སྐུ་དང་ངོ་བོ་གཅིག་གོ །གཉིས་པ་ནི། འཕགས་པ་དང་སོ་སོ་སྐྱེ་བོ་རྣམས་ཀྱི་ཡིད་ལ་སྒྲ་སྤྱིའི་རྣམ་པར་ཤར་བའི་མིང་ཚིག་ཡི་གེ་ཚོགས་པ་དང་ལྡན་པའི་ཐེག་ཆེན་གྱི་མདོ་སྡེའོ། །གསུམ་པ་ནི། དེ་དང་མཐུན་པར་ངག་ཏུ་བརྗོད་པའི་སྒྲ་ཚིག་ལ་གཞུང་ཐེག་ཆེན་ངེས་དོན་གྱི་མདོ་རྒྱུད་ཅེས་བྱའོ། །ཕྱི་མ་འདི་གཉིས་ནི་རང་བཞིན་འབྲས་བུ་ལམ་གསུམ་ལས་ངོ་བོ་ཤིན་ཏུ་ཐ་དད་མོད་ཀྱི། སངས་རྒྱས་རྣམས་ཀྱི་སྨོན་ལམ་ལས་བྱུང་བ། ཆོས་ཀྱི་སྐུ་ཡི་རྒྱུ་མཐུན་པ། སྒྲིབ་གཉིས་སྤོང་བར་བྱེད་པའི་ནུས་མཐུ་ཅན་ཡིན་པའི་ཕྱིར། ཟག་མེད་ཀྱི་ཆོས་དང་། རྣམ་པར་བྱང་བའི་དམིགས་པ་དང་ཡོངས་གྲུབ་ཀྱི་ཁོངས་སུ་གཏོགས་པ་ཤེས་པར་བྱའོ། །དེ་ལྟ་བུའི་གཞུང་ཐེག་ཆེན་གྱི་ཚོགས་ཇི་སྙེད་པའང་བཀའ་དང་བསྟན་བཅོས་གཉིས་སུ་འདུ་སྟེ། ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་པ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་
(༤)རིང་གནས་པར་འགྱུར། །ཅེས་སོ། །དེ་ལ་བཤད་བྱའི་གཞུང་རྒྱུད་བླ་མ་འདི་ཉིད་གང་དུ་ངོས་བཟུང་ཞེ་ན། རྣམ་པ་གཅིག་ཏུ་ན་རྗེས་སུ་གནང་བའམ་བྱིན་གྱིས་བརླབས་པའི་བཀར་ངོས་བཟུང་ཡང་རུང་སྟེ། རྒྱལ་བ་ཉིད་ཀྱི་ཅོད་པན་དབུ་ལ་བཞག་ནས་ཆོས་སྟོན་པའི་རྒྱལ་ཚབ་ཏུ་མངའ་གསོལ་བའི་ཕྱིར་དང་། །སྡུད་པ་ལས། ཛམྦུ་འི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབས་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་ཇི་སྙེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བསྟན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡིས་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་གསུངས་པའི་ཕྱིར། །འོན་ཀྱང་རྗེ་བཙུན་ཉིད་ཀྱིས། བསྟན་པ་འདིའི་སྟོན་པ་ཐུབ་པའི་དབང་པོའི་གསུང་རབས་ཀྱི་དགོངས་པ་འགྲེལ་པའི་དབང་དུ་མཛད་དེ། བསྟན་བཅོས་ཀུན་གྱི་ལུས་ནི་མདོར་བསྡུ་ན། །ཞེས་བསྟན་བཅོས་སུ་ཞལ་གྱི་བཞེས་པ་ལྟར་འཆོས་སྐྱོབས་ཡོན་ཏན་གཉིས་ལྡན་གྱི་བསྟན་བཅོས་ཡིན་ལ། དེའང་དགོངས་འགྲེལ་གྱི་བསྟན་བཅོས་རྩོམ་པ་པོ་མཐའ་ཡས་པ་ལས། རྒྱལ་ཚབ་ས་བཅུའི་དབང་ཕྱུག་བྱམས་པ་དང་རིགས་གསུམ་མགོན་པོ་ལྟ་བུ་འཇིག་རྟེན་འདི་ན་མ་མཆིས་པས། དེ་དག་གི་གསུང་རྣམས་ཀྱང་སངས་རྒྱས་ཀྱི་གསུང་རབ་དང་རྣམ་དབྱེར་མེད་པས་བྱང་ཆུབ་སེམས་འགྲེལ་ཅེས་འཕགས་བོད་མཁས་གྲུབ་ཐམས་ཅད་ཀྱིས་ཐལ་མོ་སྤྱི་བོར་ཟུམ་པ་སྟེ། དེ་ལྟ་བུའི་བསྟན་བཅོས་ཆེན་པོ་དེ་ནི་འདིར་བཤད་པར་བྱ་བའི་ངོ་བོ་ཡིན་ནོ། །གཉིས་པ་ནི། རྒྱལ་བ་རང་བྱུང་ཞབས་དང་། ཀུན་མཁྱེན་དོལ་པོ་ཡབ་སྲས་རྣམས་ཀྱིས་འཁོར་ལོ་ཐ་མ་ངེས་དོན་སྙིང་པོའི་མདོའི་མདོ་རྣམས་ལ་གཙོ་བོར་བརྟེན་པར་བཞེད་དེ། དེའང་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་པར་གཟིགས་ཤིང་། ཆོས་ལ་ཁོང་ཁྲོ་བ་སོགས་སྒྲིབ་པ་བཞིས་བསྒྲིབས་པས་སེམས་ཅན་རྣམས་ཀྱིས་རང་ལ་སངས་རྒྱས་ཀྱི་ཁམས་ཡོད་པར་མ་ཤེས་པའི་དབང་གིས་རང་
(༥)ཉིད་ཞུམ་པ་དང་། གཞན་ལ་བརྙས་པ་ལ་སོགས་པའི་ཉེས་པ་ལྔས་འཁོར་བའི་རྒྱ་མཚོར་འཁོར་བའང་གཟིགས་ནས། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་པ་དང་དེའི་སྒྲིབ་བྱེད་ཀྱི་དྲི་མ་སེལ་བའི་ཐབས་འབའ་ཞིག་གདུལ་བྱའི་དབང་པོའི་རིམ་པ་དང་འཚམས་པར་མི་གསལ་བ་དང་གསལ་བ་དང་ཆེས་གསལ་བའི་ཚུལ་དུ་སྟོན་པའི་ཆོས་སྒོ་མཐའ་ཡས་པ་གསུངས་པ་རྣམས་ཀྱི་ནང་ནས་མཆོག་གམ་མཐར་ཐུག་ཏུ་གྱུར་པ། ཐེག་པ་མཐའ་དག་ལ་ཡང་དག་པར་ཞུགས་པས་རྒྱུད་སྦྱངས་ཟིན་པའི་བྱང་ཆུབ་སེམས་དཔའ་དབང་རྣོན་ཤིན་ཏུ་སྨིན་པ་རྣམས་ཀྱི་དབང་དུ་མཛད་པའི་ངེས་དོན་གྱི་མདོ་སྡེ་དགོངས་པ་ངེས་འགྲེལ། ལང་ཀར་གཤེགས་པ། རྒྱན་སྟུག་པོ། ཕལ་པོ་ཆེ་སྟེ་སེམས་ཙམ་གྱི་མདོ་བཞིར་གྲགས་པ་ཆོས་ཉིད་དོན་དམ་བདེན་གྲུབ་ཏུ་སྟོན་པ་རིགས་པ་ཐུན་མོང་བ་རྣམས་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། རྔ་བོ་ཆེ། སོར་མོའི་ཕྲེང་བ་ལ་ཕན་པ། ལྷ་མོ་དཔལ་ཕྲེང་གིས་ཞུས་པ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ། མྱ་ངན་ལས་འདས་པ་ཆེན་པོ། དཀོན་མཆོག་སྤྲིན། རབ་ཞི་རྣམ་ངེས། གསེར་འོད་དམ་པ། སྤྲིན་ཆེན་པོ། དཀོན་མཆོག་སྤྲིན་ལ་སོགས་པ་དེ་བཞིན་གཤེགས་པའི་སྙིང་པོ་དང་། ཡང་དག་པའི་དབྱིངས། མི་འགྱུར་བའི་ཆོས་སྐུ། རྟག་བརྟན་གཡུངས་དྲུང་། དོན་དམ་པའི་ཡོན་ཏན་སོགས་གདོད་ནས་རང་ཆས་སུ་བཞུགས་པའི་གྲུབ་མཐའ་ཐུན་མོང་མ་ཡིན་པ་གསང་གཏམ་ཞིབ་མོར་མཛད་པ་རྣམས་ནི་ཐམས་ཅད་མཁྱེན་པ་ཉག་གཅིག་གི་སྤྱོད་ཡུལ་ཡིན་པའི་ཕྱིར། རྟོག་གེ་པ་དང་ཉན་ཐོས་སོགས་ཀྱིས་ལྟ་ཅི་སྨོས། འཕགས་པའི་ས་ལ་གནས་པས་ཀྱང་ཇི་བཞིན་མི་རྟོགས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ལུས་ཅན་རྣམས་ཀྱི་ནི། །བསམ་མི་ཁྱབ་པར་རྟོག་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །གང་ཕྱིར་གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་སྔོན་མཐོང་མ་མྱོང་། །བཙས་པའི་ཁྱིམ་གནས་བུ་ཆུང་གི །ཉི་མའི་
(༦)གཟུགས་བཞིན་འཕགས་པས་ཀྱང་། ཞེས་གསུངས་པའི་ཕྱིར། དེས་ན་དབང་བརྟུལ་སྐལ་པ་དམན་པ་རྣམས་རྗེས་སུ་བཟུང་ཞིང་མ་རྟོགས་པ་དང་། ལོག་པར་རྟོགས་པས་བསྒྲིབ་པར་མི་འགྱུར་བའི་ཕྱིར་མདོ་སྡེ་ཟབ་མོ་དེ་དག་གི་བརྗོད་བྱ་མཐའ་དག་རྡོ་རྗེའི་གནས་བདུན་དུ་བསྡུས་ནས་གསལ་བར་སྟོན་པའི་བསྟན་བཅོས་སུ་མཛད་པར་བཞེད་དོ། །རོང་སྟོན་ཤེས་བྱ་ཀུན་གཟིགས་སོགས་ཀྱིས་འཁོར་ལོ་ཐ་མ་ཁོ་ན་ལ་རྟེན་པའི་དགོངས་འགྲེལ་ཙམ་མ་ཡིན་གྱི་ངེས་དོན་སྟོན་པའི་མདོ་སྡེ་སྤྱི་འགྲེལ་དུ་བཞེད་དེ། སྙིང་རྗེ་ཆེན་པོ་བསྟན་པ། ལྷག་བསམ་བསྟན་པ། དམ་ཆོས་པད་དཀར་སོགས་དངོས་སུ་བཅོ་ལྔ་ཙམ་བགྲངས་པར་མཛད་དོ། །གསུམ་པ་ནི། བསྟན་བཅོས་རྩོམ་པ་པོ་རབ་འབྲིང་ཐ་མ་གསུམ་ཞེས་མཁས་པ་རྣམས་ལ་གྲགས་པ་ལས། འདིར་ནི་ཤེས་བྱའི་གནས་ལ་མཁས་པ་དང་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ལ་བསྔགས་པ་བརྗོད་པ་ཙམ་མ་ཡིན་པ། ངེས་པའི་དོན་དུ་བསྐལ་པ་ཞིང་རྡུལ་གྱི་བྱེ་མ་སྙེད་ཀྱི་སྔ་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་ཟིན་ནའང་། ཚུལ་སྟོན་དུ་ས་བཅུ་ཆོས་ཀྱི་སྤྲིན་ལ་སྐྱེ་བ་གཅིག་གི་ཐོགས་པའི་བྱང་སེམས་ཀྱི་སྐུར་བཞུགས་ཤིང་རྒྱལ་ཚབ་ཆེན་པོའི་གནས་ལ་དབང་བསྐུར་བ་བརྙེས་པ། སངས་རྒྱས་ཀྱི་ཞིང་སྦྱོང་བ་དང་སེམས་ཅན་ཡོངས་སུ་སྨིན་པ་དང་ཕ་རོལ་ཏུ་ཕྱིན་པ་བཅུའི་སྤྱོད་པ་མཐར་ཕྱིན་པས་བསྐལ་བཟང་རྣམ་འདྲེན་ལྔ་པར་འབྱོན་པར་ཆས་པ། ད་ལྟ་སངས་རྒྱས་དང་མཚུངས་པའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་ལ་དབང་བསྒྱུར་བ་རྒྱལ་བ་ཉིད་དང་ཉེ་བའི་སྲས་མི་ཕམ་བྱམས་པ་མགོན་པོས། ཐུབ་པའི་དབང་པོའི་སྤྱན་སྔར་དམ་ཆོས་འཛིན་སྤེལ་སྐྱོང་བར་མཛད་པའི་སེང་གེའི་སྒྲ་ཆེན་པོ་ཇི་ལྟར་བསྒྲགས་པ་ལྟར། གསུང་རབ་ཀྱི་དོན་ལ་ཆགས་ཐོགས་མེད་པའི་སྤྱན་དང་མངོན་པར་ཤེས་པས་ཐོག་མར་མངོན་པར་རྟོགས་པའི་རྒྱན་མཛད་ནས་ངེས་དོན་དབུ་མ་ཆེན་པོའི་ཆོས་སྐད་རགས་པ་ཉིད་མདོ་ཙམ་དུ་བསྟན། དེ་ནས་མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད་དུ་གསལ་ཞིང་རྒྱས་པར་བཤད། མཐར་རྒྱུད་བླ་མར་སྙིང་པོའི་མདོ་དོན་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ཞིབ་མོ་ཉིད་གཏན་ལ་
(༧)ཕབ་པར་མཛད་དོ། །དེ་ལ་སློབ་དཔོན་སེང་གེ་བཟང་པོས་བྱམས་ཆོས་སྡེ་ལྔ་སློབ་དཔོན་ཐོགས་མེད་ཀྱི་དོན་དུ་མཛད་པར་བཞེད་ལ། ཨ་བྷ་ཡས་བཀའ་བསྡུའི་དུས་སུ་མཛད་པར་འཆད་དོ། །བསྟན་བཅོས་དེ་དག་ཛམྦུའི་གླིང་དུ་སྣང་བར་མཛད་པ་པོ་ནི། སློབ་དཔོན་ཤཱནྟི་པས་དབུ་མའི་རྒྱན་ལས་ས་གསུམ་པ་འོད་བྱེད་ལ་གནས་པར་བཤད་པའི་འཕགས་པ་ཐོགས་མེད་ཞབས་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ཡི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོའང་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་འདི། །སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་པའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་དེ། །བྱང་ཆུབ་ཐོབ་པར་འགྱུར་པ་ཡིན། །ཅེས་ལུང་གིས་བསྟན་པ་དེ་ཉིད་ཀྱིས་མི་ལོ་བཅུ་གཉིས་སུ་འཕགས་པ་བྱམས་པ་བསྒྲུབས་པས་གྲུབ་ནས་རྗེས་སུ་བཟུང་སྟེ་དགའ་ལྡན་དུ་མི་ལོ་ལྔ་བཅུའི་ཡུན་ལ་བཞུགས། བྱམས་པ་ལས་ཐེག་པ་ཆེན་པོའི་སྡེ་སྣོད་མཐའ་དག་གསན། ཁྱད་པར་བྱམས་པའི་ཆོས་སྡེ་ལྔ་གནང་བ་ཛམྦུའི་གླིང་དུ་སྤྱན་དྲངས། ས་སྡེ་ལྔ་སོགས་བསྟན་བཅོས་མང་དུ་མཛད། ཁྱད་པར་རྒྱུད་བླ་མའི་འགྲེལ་བར་ཐུན་མོང་མ་ཡིན་པའི་གྲུབ་མཐའ་གསལ་ཞིང་རྒྱས་པར་བཤད་པས་ཤིང་རྟ་ཆེན་པོའི་ལམ་སྲོལ་དུ་གྲགས་ཤིང་། གཅུད་འབུམ་སྡེ་གོ་དགུ་ཐུགས་ལ་བཞུགས་པའི་མཁས་མཆོག་དབྱིག་གཉེན་ཞབས་ཀྱིས་ཀྱང་བསྟན་བཅོས་རྒྱ་ཆེར་མཛད་པའི་ནང་ནས་ཉི་ཁྲིའི་འགྲེལ་བ་གནོད་འཇོམས་དང་། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་རྣམས་ནས་ངེས་དོན་དབུ་མའི་གྲུབ་མཐའ་རྩལ་དུ་བཏོན་པར་མཛད་པས་ལུགས་འདིའི་གསལ་བྱེད་ཆེན་པོ་ཡིན་ཀྱང་དེང་སང་འདི་ནས་བརྒྱུད་པ་མི་བཞུགས་སོ། །བཞི་པ་ནི། དེ་ལྟར་ངེས་དོན་དབུ་མའི་གྲུབ་མཐའ་སྤྱི་ཙམ་དང་། བྱམས་
(༨)ཆོས་གསུམ་པོ་ཕྱོགས་གླང་དང་བློ་གྲོས་བརྟན་པ་སོགས་སློབ་བརྒྱུད་བཟང་ལ་མང་བ་རྣམས་ཀྱིས་རྒྱ་ཆེར་སྤེལ་ཡང་། ཐུན་མོང་མ་ཡིན་པ་དེ་ནི་གཞན་གྱི་བློར་ཤོང་དཀའ་བས་སློབ་མ་མཆོག་རྣམས་ལ་སྙན་ནས་སྙན་དུ་བརྒྱུད་ཅིང་བླ་མ་དང་ཆོས་ཉིད་རྣམ་འབྱེད་ཀྱི་དཔེ་གཏེར་དུ་སྦས་སོ། །དེས་ན་རྒྱན་གཉིས་དང་། དབུས་མཐའ་རྣམ་འབྱེད་གསུམ་པོ་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་དཔལ་བརྩེགས་དང་ཞང་ཡེ་ཤེས་སྡེ་རྣམས་ཀྱིས་བསྒྱུར་བཤད་མཛད་ལ། རྒྱུད་བླ་མ་ཆོས་ཉིད་རྣམ་འབྱེད་རྩ་འགྲེལ་རྣམས་ནི་དུས་ཕྱིས་མངའ་བདག་མཻ་ཏྲི་པས་མཆོད་རྟེན་ཞིག་གི་བུག་པར་འོད་འབྱུང་བ་གཟིགས་ཏེ། དེ་ན་ཅི་ཡོད་བཙལ་བས་བསྟན་བཅོས་རྣམས་ཀྱི་གླེགས་བམ་བྱུང་། རྗེ་བཙུན་བྱམས་པ་ལ་གསོལ་བ་བཏབ་པས་སྤྲིན་ཀྱི་མཐོང་དུ་མངོན་སུམ་བྱོན་ཏེ་ལུང་ལེགས་པར་རྩལ། དེས་པཎྜི་ཏ་དགའ་བའི་གྲགས་པ་ལ་གནང་། དེ་སྤྲང་པོའི་ཆས་ཀྱིས་ཁ་ཆེར་བྱོན་པ་ན། དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་གདུང་རབ་མང་པོར་པཎྜི་ཏ་བརྒྱུད་མར་བྱོན་པ་ལས་བྲམ་ཟེ་རིན་ཆེན་རྡོ་རྗེ་ཞེས་ཕྱི་ནང་གི་གྲུབ་མཐའ་མཐའ་དག་ལ་མཁས་ཤིང་གྲུབ་པའང་བརྙེས་པས་དབུས་ཀྱི་ཀ་ཆེན་དང་པོར་གྲགས་པ་དེའི་སྲས་པཎྜི་ཏ་སུ་ག་ཏ་ཞེས་བྱ་བའི་སྲས་ཆེ་བ་པཎྜི་ཏ་སཛྫ་ན་སྟེ་སྐྱེ་བོ་དམ་པར་གྲགས་པ་དེས་མཁས་པ་ཡིན་པར་ངོ་ཤེས་ནས་བསྟན་བཅོས་གཉིས་པོ་གསན། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྔོག་ལོ་བློ་ལྡན་ཤེས་རབ་ཀྱི་ཁ་ཆེའི་ཡུལ་དུ་ཆོས་ལ་ཐུགས་སྦྱོང་མཛད་པའི་སྐབས་སུ་གསན་ནས་གནས་དེ་ཉིད་དུ་བོད་ཀྱིས་སྐད་ལ་བསྒྱུར་ནས་བོད་ཡུལ་དུ་བཤད་པ་རྒྱ་ཆེར་མཛད། དེའི་སྔོན་དུ་བསྐལ་པ་བཟང་པོའི་བྱང་སེམས་མཁས་པ་ཆེན་པོ་ཇོ་བོ་རྗེ་ལ་ཡེར་པའི་གནས་བརྟེན་བྱང་ཆུབ་འབྱུང་གནས་ཀྱིས་གསོལ་བ་བཏབ་སྟེ་ནག་ཚོ་ལོ་ཙཱ་ཚུལ་ཁྲིམས་རྒྱལ་བས་བསྒྱུར། དེ་ལ་བརྟེན་ནས་ཤར་བ་ཆེན་པོས་བཤད་པ་མཛད་ཀྱང་ཕྱིས་སློབ་མ་ཕལ་ཆེར་རྔོག་འགྱུར་ལ་དགའ་བས་དེ་ལ་བརྟེན་པ་བཅས་བཤད་པ་ཚར་གཉིས་རེ་མཛད་པར་གྲགས་ཕྱིས་པ་ཚབ་ལོ་ཙཱ་དང་མར་པ་ངོ་པ་སོགས་མང་པོས་རྒྱུད་བླ་མ་བསྒྱུར་ཡང་དེ་ལ་བརྟེན་པའི་འཆད་ཉན་རིང་དུ་མ་བྱུང་བར་མངོན། རྔོག་ལོ་ཆེན་པོས་རྒྱུད་བླ་མའི་འགྲེལ་པ་ལ་ཊཱིཀ་ཆུང་མཛད། དེ་ལ་བརྟེན་ནས་ཉིད་ཀྱི་སློབ་མ་གྲོ་
(༩)ལུང་བ་བློ་གྲོས་འབྱུང་གནས་དང་། ཞང་ཚེ་སྤང་པ་ཆོས་ཀྱི་བླ་མས་ཊཱིཀ་རེ་རེ་མཛད། དེ་གཉིས་ལ་བརྟེན་ནས་ཞང་གི་སློབ་མ་ཉང་བྲན་བ་ཆོས་ཀྱི་ཤེས་རབ་ཀྱིས་འགྲེལ་པ་མཛད་ཅིང་ཕྱིས་ནས་ཕྱྭ་པ་ཆོས་སེང་། དེའི་སློབ་མ་ གཙང ་ནག་པ་བརྩོན་འགྲུས་སེང་གེ་དང་དར་འབགས་པ་སྨྲ་བའི་སེང་གེ་སོགས་ཀྱིས་ཀྱང་འགྲེལ་པ་མང་དུ་མཛད་ལ། དེ་དག་གི་རྗེས་འབྲངས་བློ་གྲོས་མཚུངས་མེད་དང་། ཕག་གྲུ་རྒྱལ་མཚན་བཟང་པོ། རོང་སྟོན་ཤེས་བྱ་ཀུན་གཟིགས་སོགས་མཁས་པ་དུ་མས་འགྲེལ་པའི་གླེགས་བམ་གྱིས་བོད་ཁམས་ཀུན་ཁྱབ་པར་མཛད་པ་ཐམས་ཅད་རྔོག་ལོ་ཆེན་པོའི་རྗེས་སུ་འབྲངས་བ་ལ་ཆོས་སྐད་ཟར་ཟུར་མི་མཐུན་པ་མང་ངོ་། །ཡང་། གྲྭ་པ་མངོན་ཤེས་ཀྱི་མཁན་བུ་བཙན་ཁ་བོ་ཆེ་ཞེས་གྲགས་པའང་ལོ་ཙཱ་ཆེན་པོ་དང་ལྷན་ཅིག་ཁ་ཆེར་བྱོན། སཛྫ་ན་ལ་ཁོ་བོས་བཅོམ་ལྡན་འདས་བྱམས་པའི་ཆོས་རྣམས་ལ་འཆི་ཆོས་བགྱི་པ་ལགས་པས་གདམས་པ་བཅས་ཏེ་ཐུགས་ལ་གདགས་པར་ཞུས་པས་གཟུས་དགའ་བའི་རྡོ་རྗེས་ལོ་ཙཱ་བ་བྱས་ནས་བྱམས་ཆོས་ལྔ་པ་ཐམས་ཅད་གསུངས། རྒྱུད་བླ་མ་ལ་གདམས་པའང་ལེགས་པར་གནང་བས་བཙན་དྲི་མེད་ཤེས་རབ་ཀྱིས་བོད་དུ་བྱོན་ཏེ་དབུས་ གཙང ་རྣམས་སུ་བཤད་པ་མཛད། གཟུས་དགའ་བའི་རྡོ་རྗེས་རྒྱུད་བླ་མ་ལ་སཛྫ་ནའི་གསུང་དང་མཐུན་པ་རྒྱུན་ཊཱིཀ་མཛད་ཅིང་ཆོས་ཉིད་རྣམ་འབྱེད་རྩ་འགྲེལ་ཡང་བསྒྱུར། འདི་ལ་བྱམས་ཆོས་སྒོམ་ལུགས་པའང་གྲགས་ཤིང་ཐུན་མོང་མ་ཡིན་པའི་བཤད་པ་དང་ཉམས་ལེན་གྱི་ཁྱད་པར་འཕགས་པ་ཡིན་ལ། །ལུགས་སྲོལ་དེ་དག་ལས་བྱུང་ཡང་ཡེ་ཤེས་ཀྱི་གཟིགས་པས་མ་ཕམ་པའི་དགོངས་པ་ཇི་བཞིན་དུ་རྟོགས་པ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་རྒྱུད་བླ་མའི་ས་བཅད་བསྡས་དོན་མཛད་པ་ལ། ཀརྨ་དཀོན་གཞོན་སོགས་ཀྱི་རྒྱས་པར་བཀྲལ་ཞིང་། ཀརྨ་ཕྲིན་ལས་པ་ཆེན་པོས་སྦྱོར་དག་བཀོད་པའི་འགྲེལ་བ་མཛད། འགོས་ལོ་ཆེན་པོ་གཞོན་ནུ་དཔལ་གྱིས་ཀྱང་ཐོགས་མེད་ཞབས་ཀྱིས་འགྲེལ་པ་ལ་འགྲེལ་བཤད་ཤིན་ཏུ་རྒྱས་པར་མཛད་པ་ལུགས་འདི་དང་མཐུན་པ། ཀུན་མཁྱེན་དོལ་བོ་པ་ཆེན་པོས་ཐུན་མོང་མ་ཡིན་པའི་སྲོལ་ཕྱེས་ཏེ་འགྲེལ་པའི་རྗེས་སུ་འབྲངས་ནས་སློབ་བརྒྱུད་སྤྱི་དང་བྱེ་བྲག་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་སོགས་ཀྱི་བཤད་པ་དང་ཉམས་ལེན་གྱིས་གཞུང་བཙུགས་པའི་
(༡༠)འགྲེལ་བའི་ལུང་རྒྱུན་ད་ལྟ་བར་བཞུགས་པ་དང་། ཕྱིས་སུ་དཔལ་ཆེན་པོ་ཆོས་ཀྱི་དོན་གྲུབ་ལས་ཀུན་གཟིགས་ཆོས་ཀྱི་འབྱུང་གནས་ཀྱིས་གསན་ཏེ་བཤད་པ་ལན་མང་དུ་མཛད་པའི་རྒྱུན་ལས་མཁས་པའི་དབང་པོ་ཟུར་མང་ལྷ་ལུང་པ་ཀརྨ་བསྟན་འཕེལ་གྱིས་མཆན་ཊཱིཀ་མཛད་པའི་བཤད་རྒྱུན་ཀྱང་ལེགས་པར་ནོས་ཏེ་དེ་དག་ལས་འདིར་ནི་གཙོ་བོར་རྒྱལ་བ་རང་བྱུང་ཞབས་ཀྱི་རྗེས་སུ་འབྲངས་བ་ཡིན་ནོ། །ལྔ་པ་ནི། བཅོམ་ལྡན་འདས་ཀྱིས། སེམས་ཅན་ཐམས་ཅད་ནི་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ་ཞེས་གསུངས་པའི་སྙིང་པོའི་དོན་ཉིད་བཤད་གཞིར་བྱས། དེ་འཆད་པའི་ཚུལ་ལ་རྒྱ་བོད་གཉིས་སུ་ལུང་རིགས་སྒོམ་པ་སོ་སོའི་རྗེས་སུ་འབྲངས་བའི་སྲོལ་མི་འདྲ་བ་མཐའ་ཡས་ཀྱང་། ངེས་དོན་དབུ་མའི་སློབ་དཔོན་རྣམས་འདི་ལྟར་བཞེད་དེ། ཆོས་འཁོར་རྣམ་པ་གསུམ་ཀའི་ངེས་དོན་ཇི་སྙེད་པ་ནི་བདག་མེད་པ་གཉིས་སུ་འདུ། དེའི་དོན་མཐར་གཏུགས་ན་གང་ཟག་གི་དབང་དུ་བྱས་པ་དང་ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀྱིས་སྟོང་པ་ཡིན་ལ། སྟོང་ཚུལ་མེད་པར་དགག་པ་ཙམ་མ་ཡིན་པར་དབུས་མཐའ་རྣམ་འབྱེད་ལས། གང་ཟག་དང་ནི་ཆོས་རྣམས་ཀྱི། དངོས་པོ་མེད་འདིར་སྟོང་པ་ཉིད། དེ་དངོས་མེད་པའི་དངོས་ཡོད་པ། དེ་ཉིད་དེ་ལ་སྟོང་པ་ཉིད། ཅེས་གསུངས་པ་ལྟར་མ་ཡིན་པར་དགག་པའི་སྟོང་ཚུལ་རང་རིག་རང་གསལ་གྱི་ངོ་བོ་ལ་སྐབས་འདིར་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བསྟན་པར་མཛད་ཅིང་། དེ་ཉིད་ངེས་པའི་དོན་གྱི་རྡོ་རྗེ་ཡིན་ལ། རྡོ་རྗེ་དེ་ཉིད་གནས་སྐབས་ཀྱི་དབྱེ་བས་གསུམ་དུ་འགྱུར་ཏེ། མ་དག་མ་དག་དག་པ་དང་། ཤིན་ཏུ་རྣམ་དག་གོ་རིམ་བཞིན། སེམས་ཅན་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་འབྱུང་བ་ལྟར་གློ་བུར་གྱི་དྲི་མ་མ་དག་པ་འཁོར་བའི་གནས་སྐབས་སུ་སེམས་ཅན་དུ་བརྗོད་ཅིང་དབྱིངས་དེ་ལའང་རིགས་སམ་ཁམས་བདེ་གཤེགས་སྙིང་པོ་ཞེས་བྱ། དག་པ་དང་མ་དག་པ་གཉིས་ཀ་ལྡན་པའི་སྐབས་སུ་ལམ་ཞུགས་ཀྱི་གང་ཟག་ཏུ་བརྗོད་ཅིང་དབྱིངས་ཀྱི་ལྡོག་ཆ་ནས་ཆོས་དང་དགེ་འདུན་ཏུ་འགྱུར་ཏེ། དཔེར་ན་མཐོང་ལམ་གྱི་ཡེ་ཤེས་ཙམ་ལྡོག་ནས་དགེ་འདུན་དང་། བར་ཆད་
(༡༡)མེད་ལམ་གྱི་ཆ་ནས་ལམ་དང་། རྣམ་པར་གྲོལ་བའི་ལམ་ཁྱད་པར་དང་བཅས་པའི་ཆ་ནས་འགོགས་པའི་བདེན་པའོ། །ཤིན་ཏུ་རྣམ་དག་སངས་རྒྱས་ཀྱི་སྐབས་སུ་བདེ་བར་གཤེགས་པ་སོགས་བརྗོད་ཅིང་དབྱིངས་དེའང་ཆོས་ཀྱི་སྐུ་ཞེས་བྱ་སྟེ། དེ་ལ་ལྡོག་པས་ཕྱེ་ན་བྱང་ཆུབ་དང་། ཡོན་ཏན་དང་། ཕྲིན་ལས་ཏེ་གསུམ་མོ། །དེས་ན་ནང་གསེས་ཀྱི་དབྱེ་བས་རྡོ་རྗེའི་གནས་བདུན་ཏུའང་གསུངས་ཤིང་། འཁོར་ལོ་ཕྱི་མ་གཉིས་ཀྱི་ངེས་དོན་མཐའ་དག་དེར་འདུས་པར་རྟོགས་པར་བླ་མོད། དང་པོའི་ངེས་དོན་གང་ཟག་གི་བདག་མེད་པ་ཇི་ལྟར་འདུ་ན། དམན་ལམ་གྱི་སྦྱོང་གཞི་སྦྱོངས་བྱེད་སྦྱངས་འབྲས་གསུམ་ཀ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དུ་འདུ་བ་ཡིན་ནོ། །དེས་ན་བསྟན་བཅོས་འདིའི་བསྟན་བྱའི་གཙོ་བོ་དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཡིན་པ་དང་། དེ་ལ་འཁོར་ལོ་གསུམ་གྱི་ངེས་དོན་མཐའ་དག་འདུ་བ་ཤེས་པར་བྱས་ནས། སྙིང་པོ་དེའང་གང་ཡིན་སྙམ་ན་སྤྱིར་གསུང་རབ་རྣམས་ལས་སྦྲོས་པ་དང་བྲལ་བའི་སྟོང་པ་ཉིད་དང་། སེམས་ཀྱི་རང་བཞིན་འོད་གསལ་བ་དང་། ཀུན་གཞིའི་རྣམ་པར་ཤེས་པ་དང་། བྱང་ཆུབ་སེམས་དཔའ་འམ་སེམས་ཅན་ཏེ་རྣམ་པ་བཞི་ལ་བརྗོད་པར་མཛད་ཅིང་། འདི་ཉིད་ལས་ཆོས་སྐུ་དང་། དེ་བཞིན་ཉིད་དང་། རིགས་ཏེ་རང་གི་མཚན་ཉིད་གསུམ་དང་། སྤྱིའི་མཚན་ཉིད་རྣམ་པར་མི་རྟོག་པ་དང་དོན་རྣམ་པ་བཞི་ལ་བཤད་པའོ། །དེ་དག་རྣམས་ཀྱང་གོང་སྨོས་གནས་སྐབས་གསུམ་གྱི་དབང་དང་དྲང་ངེས་ལ་དགོངས་པའི་བརྗོད་ཚུལ་ཡིན་ལ། དེ་དག་གང་ནས་བཤད་ཅིང་གང་ཟག་གང་གི་རྩལ་དུ་བཏོན་སྙམ་ན། སྤྲོས་བྲལ་ནི་འཁོར་ལོ་བར་པ་ཡན་ཆད་ཀྱི་ངེས་དོན་ཡིན་ཅིང་འཕགས་པ་ཀླུ་སྒྲུབ་རྗེས་འབྲངས་དང་བཅས་པས་ལུང་རིགས་ཀྱི་སྒོ་མང་པོས་གསལ་བར་མཛད། འོན་ཀྱང་སྟོང་པ་ཉིད་དང་རང་བཞིན་ལ་སོགས་པའི་མཚན་གཞི་ནི་དབུ་མ་རིག་ཚོགས་ལས་བཤད་པ་རིག་པའི་སྟོབས་ཀྱིས་རྙེད་པའི་མེད་པར་དགག་པ་ཉིད་དུ་འཕགས་ཡུལ་གྱི་ཐལ་རང་གི་སློབ་དཔོན་ཕལ་ཆེར་གཞེད་ཅིང་བོད་ཀྱི་དབུ་མ་རང་སྟོང་སྨྲ་བ་རྣམས་ནི་མེད་དགག་ཁོ་ནར་ནན་གྱི་བསྒྲུབས། དེ་ལྟ་བུའི་སྟོང་པ་ཉིད་ལ་དེ་བཞིན་གཤེགས་པའི་
(༡༢) སྙིང་པོར་ལེགས་ལྡན་ཞབས་ཀྱིས་རྟོག་གེ་འབར་བར་བཤད་ཅིང་ཟླ་བས་ཀྱང་དོན་གྱིས་བཞེད་པ་དང་། རྣམ་གྲོལ་སྡེ་དང་སེང་གེ་བཟང་པོས་མེད་དགག་གི་སྟོང་ཉིད་ལ་རིགས་དང་ངོ་བོ་ཉིད་ཀྱི་སྐུ་དང་། ཡེ་ཤེས་སྙིང་པོས་ཆོས་སྐུར་ཡང་བཤད་པས་དོན་གྱིས་སྙིང་པོར་བཞེད་པ་ཡིན་ནོ། །འོན་ཀྱང་རྗེས་དཔག་ཚད་མས་རྙེད་པའི་མེད་པར་དགག་པའི་སྟོང་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ནད་ཆེན་དུ་གསུངས་ཏེ། དེ་ཉིད་ཀྱང་རྣམ་པར་རྟོག་པའི་འཆིང་བ་ཆེན་པོར་གྱུར་པའི་ཕྱིར། དེས་ན་འཁོར་ལོ་ཐ་མར་རྣམ་པར་མི་རྟོག་པ་ལ་འཇུག་པའི་དོན་གྱིས་ཀྱང་ཁྱད་པར་འཕགས་སོ། །སེམས་ཀྱི་རང་བཞིན་འོད་གསལ་བ་ནི་འཁོར་ལོ་བར་མཐའ་གཉིས་དང་སྔགས་རྒྱུད་རྣམས་ནས་གསལ་བར་གསུངས་ཤིང་། རྒྱུད་བླ་མ་དང་མདོ་སྡེ་རྒྱན། །ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པ་དང་སེམས་ཀྱི་རྡོ་རྗེའི་བསྟོད་པ། བྱང་ཆུབ་སེམས་འགྲེལ་སོགས་ནས་དེ་ཉིད་སྙིང་པོ་ཡིན་པ་གསལ་ལ་རྒྱས་པར་བཤད་དོ། །ཀུན་གཞིའི་རྣམ་ཤེས་ལ་གཤེགས་སྙིང་དུ་བཤད་པ་ནི། །ལང་ཀར་གཤེགས་པ། རྒྱན་སྟུག །དཔལ་ཕྲེང་གིས་ཞུས་པ། རྡོ་རྗེ་གུར་ལ་སོགས་པ་ལས་མང་དུ་འབྱུང་ཞིང་། སེམས་ཙམ་པའི་སློབ་དཔོན་རྣམས་ཀྱིས་སྐུ་ཇི་བཞིན་པར་ཁས་ལེན་ནོ། །སེམས་ཅན་སྙིང་པོར་བཤད་པ་ནི་སྒྲོན་གསལ་ལས། སེམས་ཅན་ཐམས་ཅད་ནི་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ནོ། ཞེས་དང་། འདི་ཉིད་ལས། ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཡིན། །ཅེས་སོགས་གསུངས་སོ། །འདི་ཉིད་གསུངས་པའི་དོན་རྣམས་འོག་ཏུ་རྒྱས་པར་འབྱུང་ཡང་། འདིར་མདོ་ཙམ་སྨོས་ན། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འདྲས་ཉེར་བཏགས་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །ཞེས་སངས་རྒྱས་ཀྱི་ཡེ་ཤེས་སེམས་ཅན་གྱི་ཚོགས་ཐམས་ཅད་ལ་ཞུགས་པའི་ཕྱིར་སེམས་ཅན་ལ་ཞུགས་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ་ལ་དེ་བཞིན་གཤེགས་པའི་སྙིང་པོར་བརྗོད་པ་དང་གཅིག །སེམས་ཀྱི་རང་བཞིན་གློ་བུར་གྱི་དྲི་མ་མེད་པའི་དེ་བཞིན་ཉིད་དེ་ནི་སངས་རྒྱས་དང་སེམས་
(༡༣)ཅན་ཐམས་ཅད་ལ་ཁྱད་པར་མེད་པར་ཡོད་པའི་ཕྱིར་དེ་ལའང་སྙིང་པོར་གསུངས་པ་དང་གཉིས། སེམས་ཅན་ལ་ཡོད་པའི་ཕུང་པོ་ལ་སོགས་པ་སངས་རྒྱས་དང་འདྲ་བའི་ཆ་གང་ཡིན་པ་དེ་སངས་རྒྱས་ཀྱི་རིགས་ཡིན་ཏེ། རིགས་ནི་ཤིན་ཏུ་འདྲ་བའི་དོན་ཏེ། དེའི་ཕྱིར་རིགས་ལ་དེ་བཞིན་གཤེགས་པའི་མིང་བཏགས་ནས་སྙིང་པོར་བཤད་པ་སྟེ་གསུམ་ནི་རིམ་བཞིན་ཆོས་སྐུ། དེ་བཞིན་ཉིད། རིགས་ཞེས་གསུངས་པ་དེ་ཡིན་ལ། དང་པོ་ནི། དེ་བཞིན་གཤེགས་པ་དངོས་ཡིན་ལ་སེམས་ཅན་གྱི་སྙིང་པོ་བཏགས་པ་བ་དང་། བར་པ་ནི་སངས་རྒྱས་སེམས་ཅན་གཉིས་ཀའི་ཆ་འཛིན་པས་དེ་བཞིན་གཤེགས་པ་དང་སྙིང་པོ་གཉིས་ཀ་དངོས་ཡིན་ལ། ཐ་མ་ནི་སྙིང་པོ་དངོས་ཡིན་ཅིང་དེ་བཞིན་གཤེགས་པ་བཏགས་པ་བ་ཡིན་པ་འགོས་ལོས་བཞེད་ཅིང་། རྣམ་པར་མི་རྟོག་པ་ནི་གནས་བཞི་སྤྱི་ལ་འཇུག་པའང་ཤེས་པར་བྱའོ། །རིགས་དང་ཁམས་དང་ས་བོན་སོགས་རྣམ་གྲངས་སུ་གྱུར་ཅིང་ཁམས་ཞེས་པ་རྒྱུའི་དོན་མ་ཡིན་ཏེ་མ་གསལ་བའི་ཚུལ་གྱིས་སྙིང་པོ་ཞེས་པའི་སྒྲ་དོན་ཀྱང་གནས་པས་ཁམས་ཞེས་བྱ་སྟེ་པད་ངན་ནང་སངས་རྒྱས་སོགས་དཔེ་དགུ་དོན་དགུ་པོ་རྣམས་ངོ་བོ་དངོས་གནས་སུ་ཡོད་པ་ལ་ཕྱི་ནས་སྒྲིབ་བྱེད་གཞན་གྱིས་བསྒྲིབས་ཏེ་གནས་པས་ཁམས་ཀྱི་དཔེར་མཛད་ཅིང་། ཆོས་དབྱིངས་དེ་རིགས་དང་ཁམས་སུའང་བསྟན་པ་ཡིན་ནོ། །གརྦྷའི་སྒྲ་ཤུན་པས་གཡོགས་པའི་དབུས་ན་ཡོད་པ་ལ་འཇུག་པས། དེ་བཞིན་ཉིད་དེ་གཞི་དུས་སུ་གློ་བུར་གྱི་དྲི་མས་བསྒྲིབས་ཤིང་དེའི་དབུས་ན་ཡོད་པར་སྣང་བ་དང་། ཧྲྀ་ད་ཡ་ཞེས་པ་བཅུད་དམ་མཆོག་ལ་འཇུག་པས། དེ་བཞིན་ཉིད་དེ་ཉིད་ཆོས་ཀུན་གྱི་བཅུད་དམ་མཆོག་ཏུ་གྱུར་པ་དང་། སཱ་ར་སྲ་ཞིང་བརྟན་པ་ལ་འཇུག་པས། དེ་བཞིན་ཉིད་ནམ་དུའང་འགྱུར་བ་མེད་པའི་དོན་དུ་བཟུང་བར་བྱའོ། །དྲུག་པ་ནི། སྤྱིར་གཞི་དུས་སུ་ཤེས་བྱའི་གནས། ལམ་དུས་སུ་ལྟ་བའི་ཡུལ། འབྲས་དུས་སུ་ངོ་བོ་ཉིད་ཀྱི་སྐུ་སྟེ་གསུམ་ཀའང་ཆོས་དབྱིངས་ཡེ་ཤེས་ཀྱི་སྟེང་ནས་འཇོག་པ་ནི་རྗེ་བཙུན་བྱམས་པའི་གཞུང་མཐའ་དག་གི་བཞུགས་ཚུལ་ཡིན་ཏེ། དཔེར་ན། མངོན་རྒྱན་དུ། སྒྲིབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་། །ཞེས་པ་ཉིད་སྦྱང་གཞིར་བཞག་ནས། །
(༡༤)སྦྱོང་བྱེད་སྒྲིབ་པ་བཞིའམ་སྦྱོར་བ་བཞི། སྦྱང་བྱ་མཐོང་སྒོམ་གྱི་སྤང་བྱ་མཐའ་དག་སྤངས་པའི་འབྲས་བུ་ཆོས་ཀྱི་སྐུ་ཐོབ་པར་འཆད། འདིར་སྦྱང་གཞི་ཁམས་བདེ་བར་གཤེགས་པའི་སྙིང་པོ། སྦྱོང་བྱེད་ཆོས་ལ་མོས་པ་སོགས་བཞིའི་མིང་ཅན་དང་ཡོངས་སྦྱོང་དྲུག་ཅུས་སྦྱང་བྱ་ཆགས་སོགས་དྲི་མ་དགུ་དང་སྒྲིབ་པ་གསུམ། ཆོས་ལ་ཁོང་ཁྲོ་སོགས་བཞི་པོ་སྦྱངས་བའི་བྲལ་འབྲས་ཆོས་སྐུ་ཡོན་ཏན་ཕྲིན་ལས་བཅས་མངོན་དུ་འགྱུར་བར་བཤད་པས། དེ་དག་ཆོས་སྐད་ཀྱི་ཁྱད་པར་ཙམ་ལས་དོན་གཅིག་ཏུ་འབབས་པ་ཡིན་ནོ། །དེས་ན་གཞི་དུས་སུ་འཁོར་འདས་སོ་སོའི་བག་ཆགས་འཇོག་པའི་རྟེན་ཀུན་གཞིའི་རྣམ་བཞག་དང་། ལམ་དུས་སུ་གློ་བུར་གྱི་དྲི་མ་སྤང་བྱར་བཤད་ནས། རང་བཞིན་རྣམ་དག་གི་ཆ་སོ་སོ་རང་རིག་པའི་ཡེ་ཤེས་མྱོང་བྱར་ཁས་ལེན་པ་དང་། འབྲས་དུས་སུ་གནས་འགྱུར་མཐར་ཐུག་པའི་ཡེ་ཤེས་ཡོད་པར་བསྒྲུབ་པ་ལ་ཁྱད་པར་མེད་དེ། གཞུང་འདིའི་བཤད་གཞི་དེ་ལྟར་ལ། འཆད་ཚུལ་གྱི་རིམ་པ་གཉིས་སུ་བྱུང་སྟེ། དབུ་མའི་གཞུང་ལ་བསྟེན་པ་རྗེས་སུ་དཔག་པའི་ལམ་གྱིས་བཤད་པ་དང་། སྙིང་པོའི་དོན་མངོན་སུམ་གྱི་ལམ་གྱིས་བཤད་པའོ། །དང་པོ་ནི། རྔོག་ལོ་ཙཱ་བ་ཆེན་པོ་རྗེས་འབྲང་དང་བཅས་པའི་བཤད་སྲོལ་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ནི་དོན་དམ་པའི་བདེན་པར་བཞེད་དེ་ནི་རིག་པའི་ཚོགས་ལས་བཤད་པའི་མེད་པར་དགག་པའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་དུ་ཁས་བླངས། དོན་དམ་བདེན་པ་དེའང་ལོ་ཙཱ་བ་ཆེན་པོ་དང་ གཙང ་ནག་པས་སྒྲ་དང་རྟོག་པའི་དངོས་ཡུལ་ཡིན་པ་ལྟ་ཞོག །ཞེན་པའི་ཡུལ་དུའང་མི་རུང་གསུངས། སློབ་དཔོན་ཕྱ་པ་ནི་དོན་དམ་བདེན་པ་ནི་དངོས་པོ་རྣམས་བདེན་པས་སྟོང་བའི་མེད་དགག་དེ་ཉིད་ཡིན་ཅིང་སྒྲ་རྟོག་གི་ཞེན་པའི་ཡུལ་དུའང་རུང་བར་བཞེད། ཡོན་ཏན་རང་བཞིན་གྱིས་ལྡན་པའི་དོན་ཀྱང་སྟོང་ཉིད་དེ་ལ་དམིགས་ན་ཡོན་ཏན་ཐམས་ཅད་རང་བཞིན་གྱིས་འདུ་བ་ལ་དེར་བཏགས་པ་དང་། རྣམ་པར་བྱང་བའི་རྒྱུ་མཚན་རྣམ་བྱང་གི་ཡེ་ཤེས་ཀྱིས་དམིགས་པ་བདག་མེད་གཉིས་ལ་བྱས་ནས་དེ་གསར་དུ་བཞག་ཏུ་མེད་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་ཀུན་ཉོན་གྱིས་སྒྲོ་
(༡༥)བཏགས་པའི་གང་ཟག་དང་ཆོས་ཀྱི་བདག་ལ་བྱས་ནས་ཉོན་་མོངས་ཀྱིས་དམིགས་པ་དེ་གཏན་ནས་མ་གྲུབ་པས་སྔར་ཡོད་ཕྱིས་བསལ་དུ་མེད་པ་ལ་འཆད་པ་དང་། ཆོས་ཀྱི་སྐུས་ཁྱབ་པའི་དོན་ཀྱང་སེམས་ཅན་གྱིས་ཆོས་སྐུ་དེ་ཐོབ་ཏུ་རུང་བའི་དོན་ཡིན་པར་བཤད་དོ། །གཉིས་པ་ནི། ལོ་ཙཱ་གཟུ་བཙན་རྣམ་གཉིས་ལས་བརྒྱུད་པའི་བྱམས་ཆོས་སྒོམ་ལུགས་པ་རྣམས་དང་། མངའ་བདག་མཻ་ཏྲི་ཞབས་ཀྱིས་བྲམ་ཟེ་ཆེན་པོ་ཡབ་སྲས་ཀྱི་གདམས་ངག་བརྙེས་ནས་སྔགས་དང་རྗེས་སུ་མཐུན་པའི་ཕར་ཕྱིན་གྱི་མན་ངག་དེ་ཁོ་ན་ཉིད་བཅུ་པ་སོགས་མཛད། དེ་ལས་རྗེ་མར་པས་གསན་ཏེ། ཐེག་པའི་མཐར་ཐུག་སྙིང་པོའི་དོན། མཐའ་བྲལ་ཡིད་ལ་མི་བྱེད་པ། ཆོས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་བགྱིས། ཞེས་སོགས་གསུངས་པ་དང་། རྗེ་སྒམ་པོ་པའི་ཞལ་ནས། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོ་འདིའི་གཞུང་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡིན་ནོ། །ཞེས་གསུངས་ཤིང་ཐར་པ་རིན་པོ་ཆེའི་རྒྱན་སོགས་དེ་ཉིད་ཀྱི་གསུངས་རབ་རྣམས་སུའང་གསལ་བར་མཛད་པའི་རྗེས་སུ་དཔལ་ལྡན་ཕག་མོ་གྲུབ་པ་ཡབ་སྲས། རྒྱལ་བ་གཉིས་པ་རང་བྱུང་ཞབས་སོགས་སྙིང་པོའི་དོན་མངོན་སུམ་དུ་གཟིགས་པའི་ས་བཅུའི་དབང་ཕྱུག་རྣམས་གཅིག་ཏུ་འབྲང་བར་མཛད་ཅིང་། སྐྱོབས་པ་འཇིག་རྟེན་གསུམ་གྱི་མགོན་པོས་ཀྱང་སྙིང་པོའི་དོན་འདི་ཉིད་ལས་བཙམས་ཏེ་རྨད་དུ་བྱུང་བའི་ཆོས་འཁོར་བསྐོར་བ་དང་། དེ་ཉིད་ཀྱི་སྐུའི་སྐྱེ་བ་ཕྱི་མ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་ཀྱང་ངེས་དོན་སྙིང་པོའི་བཀའི་བསྡུ་བ་བཞིན་པ་མཛད་པ་དང་། བྲི་ལུང་པ་ཆེན། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ། ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་ཀྱང་ཞལ་གྱིས་བཞེས་ཚུལ་ཕྲན་བུ་ཙམ་ལས་ལྟ་བའི་གནད་གཅིག་ཏུ་འབབ་པ་ཁོ་ན་ཡིན་ཅིང་། གཞན་ཡང་མངའ་བདག་མཻ་ཏྲི་པའི་དངོས་སློབ་པཎྚི་ཏ་བཛྲ་པཱ་ིས། དེ་ཁོ་ན་ཉིད་བཅུ་པ་རྩ་འགྲེལ་སོགས་བོད་དུ་རྒྱ་ཆེར་བཤད་པ་རྣམས་ཀྱང་འདི་ཉིད་ཀྱི་དོན་སྟོན་པའི་ཕྱག་ཆེན་གྱི་བཀའ་སྲོལ་ཡིན་པ་དང་། མཻ་ཏྲི་པའི་དངོས་སློབ་དམ་པ་སངས་རྒྱས་ཀྱིས་ཀྱང་ངོ་བོ་ཕ་རོལ་ཏུ་ཕྱིན་པ། གསང་སྔགས་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་ཆེན་པོའི་ཆོས་ལ་དམ་ཆོས་
(༡༦)སྡུག་བསྔལ་ཞི་བྱེད་ཅེས་བྱ་བའི་མཚན་གསོལ་ནས་བོད་དུ་སྔ་ཕྱིར་གསུངས་པ་རྣམས་ཀྱང་དོན་སྔ་མ་དང་མཚུངས་པས། མདོར་ན་མངའ་བདག་མཻ་ཏྲི་གུ་བྷ་ནས་བརྒྱུད་པའི་བཤད་པ་དང་གདམས་ངག་གི་བཀའ་སྲོལ་ཐམས་ཅད་ནི་ཚིག་གི་བརྗོད་ཕྱོགས་ཙམ་ལས་དོན་གཅིག་ཏུ་འབབས་པའོ། །དེ་ལྟར་ན་དེ་དག་གི་བཞེད་པའི་སྙིང་པོ་བདེ་གཤེགས་སྙིང་པོ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་ཡིན་ལ། དེ་ཉིད་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ཚེ་རིགས་ཞེས་བྱ་ཞིང་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བརྗོད་ཅིང་། ཀླུ་རྒྱལ་རྒྱ་མཚོའི་གཏིང་ནས་མཐོ་རིས་སུ་འཛེགས་པའི་དཔེས་ལམ་དང་འབྲས་བུའི་ཆོས་ལའང་ཡར་སྙེགས་པ་དང་། སངས་རྒྱས་པའི་ཚེ་ཆོས་སྐུ་ཞེས་བྱ་ཞིང་སྙིང་པོ་མངོན་དུ་འགྱུར་པ་ཡིན་ལ། ཚངས་པའི་རྣམ་འཕྲུལ་ས་ལ་འབབས་པའི་དཔེས་འཁོར་བའི་ཆོས་ལའང་མར་འགེབས་པ་དང་། དེ་དག་གི་ཚེ་གློ་བུར་གྱི་དྲི་མ་མ་དག་པ་དང་། དག་པའི་ཁྱད་པར་མ་གཏོགས་སེམས་ཅན་གྱི་ཁམས་དང་ཆོས་ཀྱི་སྐུའི་ཆོས་ཉིད་ཀྱི་ངོ་བོ་ལ་བཟང་ངན་དང་འགྱུར་བ་མེད་པའི་ཆ་ནས་དེ་བཞིན་ཉིད་དུ་གཅིག་པ་ནི། བཅོམ་ལྡན་ས་སྟེང་བཞུགས་ནས་སྲིད་གསུམ་སྐུའི་སྣང་བས་ཁྱབ་པའི་དཔེས་བསྟན། དེ་དག་ཅུང་ཟད་དབྱེ་ན། རིགས་ལ་རང་བཞིན་གནས་རིགས་དང་རྒྱས་འགྱུར་རིགས་གཉིས། སྔ་མ་ནི་དབུལ་པོའི་ཁྱིམ་གྱི་གཏེར་བཞིན་སེམས་ཅན་གྱི་རྒྱུད་ལ་ཐོག་མ་མེད་པ་ནས་སྙིང་པོའི་ཚུལ་དུ་བཞུགས་པ་དང་། ཕྱི་མ་ནི་རིགས་ཀྱི་ནུས་པ་གཞིར་གནས་པ་ལ་འབྲས་བུ་ཅན་གྱི་ལྗོན་ཤིང་གསར་དུ་བཙུགས་ནས་བསྐྱེད་པ་བཞིན་སློབ་ལམ་དུ་ཐོས་སོགས་ཀྱི་དགེ་བ་ཡང་དག་པར་བླངས་པས་ཡོན་ཏན་གོང་དུ་འཕེལ་བ་སྟེ་དང་པོས་ངོ་བོ་ཉིད་སྐུ་དང་། ཕྱི་མས་ལོངས་སྤྲུལ་ཐོབ་པའི་རྒྱུ་བྱེད་དོ། །རྒྱས་འགྱུར་གྱི་རིགས་གཞིའམ་རྒྱུར་གནས་པ་ནི་ཀུན་མཁྱེན་རང་བྱུང་ཞབས་ཀྱིས་བཞེད་པའོ། །ཆོས་སྐུ་ལའང་དངོས་དང་དེ་རྟོགས་པའི་རྒྱུ་མཐུན་གཉིས་ལས། དང་པོ་ནི་དག་པ་གཉིས་ལྡན་གྱི་ཆོས་སྐུ་མཚན་ཉིད་པ་དང་། ཕྱི་མ་ནི་ཟབ་མོ་དོན་དམ་དང་ཀུན་རྫོབ་སྣ་ཚོགས་པའི་ཚུལ་བསྟོན་པའི་གསུངས་རབ་རྣམས་སོ། །དེ་བཞིན་ཉིད་ལ་གསུངས་རབ་སྤྱི་ལས་དོན་དམ་
(༡༧)པའི་དེ་ཁོ་ན་ཉིད་དང་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་གཉིས་སུ་གསུངས་ཤིང་། སྤྱིར་སྙིངཔོ་གསུམ་ལ་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་རྣམ་པ་དྲུག་ཏུ་འགྱུར་བ་འགོས་ལོ་ཆེན་པོས་བཞེད་དོ། །གཞུང་འདིའི་དགོངས་པས་དེ་བཞིན་ཉིད་ལ་དབྱེ་བ་མེད་དེ་སེམས་ནས་སངས་རྒྱས་ཀྱི་བར་དུ་རིགས་འདྲ་རྒྱུན་མ་ཆད་པར་གནས་པའི་སེམས་ཀྱི་ཆོས་ཉིད་དམ་རང་བཞིན་དེ་ཉིད་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དོ། །ཞེས་དང་། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་སོ། །དེ་ལ་མིང་གི་བརྡ་དང་དཔེ་སྣ་ཚོགས་ཀྱིས་བསྟན་ཏེ་མདོ་ལས་ཤེས་རབ་ཕར་ཕྱིན། དོན་དམ་བདེན་པ། ཡང་དག་པའི་མཐའ། གནས་ལུགས་རང་བཞིན། འགྱུར་མེད་ཡོངས་གྲུབ། ཆོས་ཉིད། སེམས་ཉིད། སྟོང་ཉིད་ལ་སོགས་པ་དང་། སྔགས་ཀྱི་ཐེག་པར། དང་པོའི་མགོན་པོ། ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཐེག་ལེ་ཆེན་པོ། རང་བཞིན་འོད་གསལ། ཕྱག་རྒྱ་ཆེན་པོ་སོགས་རྣམ་གྲངས་དུ་མར་གསུངས་སོ། །སེམས་ཀྱི་རང་བཞིན་འོད་གསལ་དེ་ལ་སྒྲིབ་བྱེད་གློ་བུར་གྱི་དྲི་མ་སྤྲིན་ལྟ་བུས་བསྒྲིབས་ཏེ། དེའང་རང་བཞིན་རྣམ་དག་དང་དུས་སྔ་ཕྱི་མེད་པར་གསེར་དང་གཡའ་བཞིན་ལྷན་ཅིག་སྐྱེས་པ་གཟུང་འཛིན་གཉིས་སྣང་གི་ཤེས་པ་ནི། ཀུན་གཞིའི་རྣམ་ཤེས། གཞན་དབང་། ཀུན་རྫོབ་འཁྲུལ་པ། མ་རིག་བག་ཆགས་ཀྱིས་སོགས་མིང་དུ་མར་བཏགས་པ་དེ་ཡིན་ལ། དེ་ལས་ཆོས་ལ་ཁོང་ཁྲོ་བ་སོགས་སྒྲིབ་པ་རྣམ་བཞི་བྱུང་བས་གནས་ལུགས་མི་རྟོགས་ཤིང་འཁོར་བར་འཆིངས་ལ། ཐེག་མཆོག་ལ་མོས་པ་སོགས་རྒྱུ་བཞིས་གནས་ལུགས་ཡང་དག་པར་རྟོགས་ཏེ་གློ་བུར་གྱི་དྲི་མ་དྲུངས་ཕྱུང་སྟེ་སངས་རྒྱས་ཀྱི་སྙིང་པོ་མངོན་དུ་གྱུར་པ་ནི་ཆོས་སྐུ་ཞེས་བྱའོ། །རང་བཞིན་འོད་གསལ་དེ་ལ་གཟོད་མ་ནས་དྲི་མས་གོས་མ་མྱོང་བས་བསལ་བྱ་ཅིའང་མེད་དེ་དྲི་མ་ནི་བཅོས་མ་གློ་བུར་ཡིན་པས་ཁམས་ལ་སྟོང་པ་དང་། ཡོན་ཏན་རང་ཆས་ཀྱི་ངོ་བོ་ཡིན་པས་སྔར་མེད་གསར་དུ་བཞག་པར་བྱ་བ་མེད་དེ་རྣམ་པར་དབྱེ་བ་མེད་པའི་
(༡༨)མཚན་ཉིད་ཡིན་པས་ཁམས་མི་སྟོང་སྟེ། དཔེར་ན་མཁྲིས་ནད་ཅན་གྱི་དུང་སེར་པོར་མཐོང་བའི་ཚེ་དུང་གི་དངོས་གནས་ལ་སེར་པོས་སྟོང་ཞིང་དཀར་པོས་མི་སྟོང་པ་བཞིན་ནོ། །དེའི་དོན་ཐོས་བསམ་གྱིས་གཏན་ལ་འཕེབས་པའི་ཚེ། ཡང་དག་མཐའ་ནི་འདུས་བྱས་ཀྱིས། རྣམ་པ་ཐམས་ཅད་དབེན་པ་སྟེ། ཞེས་པ་ལྟར་གཞན་སྟོང་གི་རིག་པས་དཔྱོད་ཅིང་། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། ཞེས་སོགས་ཀྱི་བསྒོམ་པས་ཉམས་སུ་མྱོང་བྱ་གཉིས་སྟོང་གི་ཡེ་ཤེས་ལ་བཞེད་པ་ནི། རྗེ་བཙུན་ས་སྐྱ་པས། མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་བླངས་བ་ཞེས་པ་དང་གནད་གཅིག་ལ་བཤད་སྲོལ་འདི་འཛིན་པའི་སྐྱེས་ཆེན་རྣམས་ལ་དབུ་མ་གཞན་སྟོང་པ་ཞེས་གྲགས་ཤིང་། དེའང་གཞན་གྱི་སྟོང་པའི་བརྡ་ཁྱད་ཙམ་མདོ་ལས་ཀྱང་དངོས་སུ་གསུངས་པ་དང་། བོད་འདིར་གྲུབ་ཆེན་ཡུ་མོས་གསལ་སྒྲོན་སྐོང་བཞི་མཛད་པ་ནས་བརྗོད་སྲོལ་དེ་བྱུང་ལ། དེའི་སྒྲ་དོན་རྒྱ་ཆེར་རྒྱས་པ་ནི་ཀུན་མཁྱེན་དོལ་པོ་པ་ཡབ་སྲས་ལ་བྱུང་བ་དང་། དེ་དག་གི་ལྟ་སྒོམ་གྱི་གནད་ལ་མི་མཐུན་པ་གང་ཡང་མེད་ཀྱང་གནས་སྐབས་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ། གྲུབ་མཐའི་ཞལ་བཞེས་ཁྱད་པར་འགའ་ཞིག་ཡོད་པ་དང་། ཁྱད་པར་ཀུན་མཁྱེན་ཇོ་ནང་པས་དེ་བཞིན་གཤེགས་པའི་སྙིང་པོ་ གཙང ་རྟག་བདེ་བ་བདག་དམ་པའི་ཕ་རོལ་དུ་སོན་པ་སྒྲ་ཇི་བཞིན་པར་འཆད་པ་ལ། བློས་བཞག་པའི་བདེན་གྲུབ་ཏུ་གོ་ནས་བོད་ཀྱི་སྨྲ་བ་པོ་ཐམས་ཅད་ཀྱིས་དགག་པ་བརྗོད་ཀྱང་། དེའི་རྟག་པ་སོགས་ཀྱི་དོན་དབྱིངས་འགྱུར་བ་མེད་པ་ལ་དགོངས་ཤིང་དེ་ཉིད་སྤྲོས་མཚན་ལས་གྲོལ་ཞིང་སྒྲ་རྟོག་ལས་འདས་པ་དང་མི་རྟོག་ཡེ་ཤེས་མ་འཁྲུལ་པའི་ཡུལ་དུ་བཞེད་པ་དང་། དེ་ཉིད་རིག་པས་དཔྱད་བཟོད་ཡིན་པས་དཔྱད་པ་རང་གིས་འཁྲུལ་ཏེ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པའི་གཟུགས་བརྙན་ལ་ཕྱག་རྒྱ་ཆེན་མོ་
(༡༩)བརྗོད་པ་སོགས་དང་མཚུངས་པར་གསུངས་སོ། །མདོར་ན་རྗེས་དཔག་དང་མངོན་སུམ་ལམ་གྱི་འཆད་ཚུལ་འདི་གཉིས་ཀྱི་རྩ་བ། བདེ་གཤེགས་སྙིང་པོ་ཡོད་མེད་དང་། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི །ནམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཅེས་པའི་དོན་ལ་ཁ་ཕྱིར་བལྟས་ནང་བལྟས་ཀྱི་གོ་བ་ལས། དཔྱད་པ་དང་སྒོམ་དོན་གཉིས་སུ་སོང་བ་ཡིན་ནོ། །བདུན་པ་ལ་གཉིས། བསྡུས་དོན་དངོས་དང་། ཞར་བྱུང་ལམ་གྱི་འགྲེལ་བཤད་པའོ། །དང་པོ་ནི། གཞུང་ལས། སངས་རྒྱས་ཆོས་ཚོགས་སོགས་ཀྱི་དབུ་ཞབས་ཀྱི་བསྡུས་པའི་དོན་བསྟན་ཅིང་། སངས་རྒྱས་ལས་ཆོས་སོགས་ཀྱིས་སྔ་ཕྱིའི་གོ་རིམ་གྱི་འགྲེལ་པ་བསྟན་ཏེ། དེའང་ཤེས་བྱའི་ཁོང་ན་འགྲན་ཟླ་བྲལ་བའི་དངོས་པོ་མི་བསླུ་བ་ནི་རྫོགས་པའི་སངས་རྒྱས་ཉག་གཅིག་ཡིན་ཏེ། གློ་བུར་གྱི་དྲི་མ་རྣམ་པར་དག་པའི་སྟོབས་ཀྱིས་རང་བྱུང་གི་ཐམས་ཅད་གཟིགས་པར་འགྱུར་པས་སངས་རྒྱས་ཉིད་བརྗོད་བྱ་ཀུན་གྱི་གཙོ་བོ་ཡིན་ལ། དམ་པའི་ཆོས་ནི། རྒྱལ་བ་ཉིད་ཀྱིས་ཇི་ལྟར་གཟིགས་པ་ཁོ་ན་གཞན་ལ་ཐུགས་བརྩེ་བས་ལམ་གྱི་ཚུལ་དུ་གསུངས་པ་དང་། དགེ་འདུན་ནི། ཇི་སྐད་དུ། ཁྱོད་ནི་གང་ནས་གཤེགས་པ་ཡི། །ལམ་དེ་ཉིད་ནས་སློབ་མའང་མཆི། །ཞེས་པའི་ཚུལ་གྱིས་ལམ་དེ་ལ་ཞུགས་ཤིང་རྗེས་སུ་སློབ་པ་ཁོ་ན་ཡིན་པས་ནང་པ་སངས་རྒྱས་པའི་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱིས་དཀོན་མཆོག་གསུམ་གྱི་ངོ་བོ་ཡོན་ཏན་བྱེད་ལས་ལ་སོགས་པ་འཆད་པ་ཁོ་ན་ཡིན་པས། འདིར་དེ་དག་གི་དོན་མདོར་སྦྱར་ནས་ཐོག་མ་ཉིད་དུ་བཤད་གཞིར་མཛད་པ་སྟེ། དེའང་སངས་རྒྱས་ནི་འདུས་མ་བྱས་པ། ལྷུན་གྲུབ། གཞན་རྐྱེན་གྱིས་མི་རྟོག་པ་སྟེ་རང་དོན་བྱང་ཆུབ་པའི་ཡོན་ཏན་གསུམ། མཁྱེན་བརྩེ་ནུས་པས་གཞན་དོན་མཛད་
(༢༠)པའི་ཡོན་ཏན་གསུམ་སྟེ་དོན་གཉིས་དབྱེ་གཞིར་བྱས། དབྱེ་དོ་དྲུག་ཏུ་བགྲངས་པའི་ཡོན་ཏན་བརྒྱད། ཆོས་འགོག་བདེན་ལ་བསམ་མེད་གཉིས་མེད་རྟོག་མེད་གསུམ། ལམ་བདེན་ལ་དག་གསལ་གཉེན་པོའི་ཕྱོགས་གསུམ། དགེ་འདུན་ལ་ཇི་ལྟ་ཇི་སྙེད་སོ་སོ་རང་གིས་རིག་པ་སྟེ་རིག་པའི་ཡོན་ཏན་གསུམ། ཆགས་ཐོགས་དམན་པའི་སྒྲིབ་པ་ལས་གྲོལ་བ་སྟེ་གྲོལ་བའི་ཡོན་ཏན་གསུམ། དེ་དག་ལའང་དབྱེ་གཞི་དབྱེ་ངོ་སྔར་ལྟར་སྦྱར་བས་རྣམ་གྲངས་བརྒྱད་བརྒྱད་ཀྱི་ཡོན་ཏན་གྱིས་ཡོན་ཏན་ཅན་མཆོག་གསུམ་སོ་སོའི་ངོ་བོ་བཤད། གནས་སྐབས་སྐྱབས་གསུམ་དུ་དབྱེ། མཐར་ཐུག་གི་སྐྱབས་སངས་རྒྱས་ཉག་གཅིག་ཏུ་བསྒྲུབ། དཀོན་མཆོག་གི་སྒྲ་དོན་བཅས་ཀྱིས་ཐོབ་བྱ་དཀོན་མཆོག་གི་རྣམ་བཞག་གསལ་བར་མཛད། དེའི་རྗེས་སུ་གང་ཞིག་ཡོད་པ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡུལ་དཀོན་མཆོག་གསུམ་འགྲུབ་པར་འགྱུར་བའི་དབང་དུ་མཛད་ནས། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། དྲི་མེད་སངས་རྒྱས་ཡོན་ཏན་རྒྱལ་བའི་མཛོད། །ཅེས་ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པ་སྟེ། དེའང་རྟོགས་པར་བྱ་བའི་གནས་དྲི་མ་དང་བཅས་པའི་ཁམས་རང་བཞིན་རྣམ་དག །རྟོགས་པ་རང་གི་ངོ་བོའི་གནས་དྲི་མ་མཐའ་དག་དང་བྲལ་བའི་བྱང་ཆུབ། རྟོགས་པ་དེའི་ཡན་ལག་གི་གནས་བྱང་ཆུབ་དང་འབྲེལ་བའི་ཡོན་ཏན། གཞན་དག་ཀྱང་རྟོགས་པར་བྱེད་པའི་གནས་ཡོན་ཏན་གྱི་ནུས་པ་ཕྲིན་ལས་ཏེ་གནས་བཞིར་ཤེས་བྱ་མཐའ་དག་བསྡུས་པ་ཡིན་ལ། དེ་དག་གི་དང་པོ་དཀོན་མཆོག་དེའི་རིགས་བཅས་དེ་བཞིན་ཉིད་ཀྱི་དབང་དུ་མཛད་ནས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པའི་ཕྱིར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་སོགས་ཤློ་ཀ་གཅིག་ཏུ་གཏན་ཚིག་གསུམ་བཀོད་ཅིང་། གཏན་ཚིག་རེ་རེས་ཀྱང་སངས་རྒྱས་ཀྱི་སྙིང་པོ་ཡོད་པ་བསྒྲུབ་པར་ནུས་ཀྱང་གདུལ་བྱ་སོ་སོའི་དབང་དུ་མཛད་ནས་རྣམ་གྲངས་དུ་གསུངས། ཕྱི་མ་
(༢༡)ཐམས་ཅད་འདི་ལས་འཕྲོས་པའི་དོན་འབའ་ཞིག་ཡིན་ཅིང་། དེའང་ཆོས་ཉིད་དོན་དམ་པའི་བདེན་པ་ཆོས་དབྱིངས་རང་བཞིན་རྣམ་དག་གི་དགོངས་པའི་དོན་ལེགས་པར་རྣམ་པར་ཕྱེ་སྟེ་གཏན་ལ་འབེབས་པའི་བསྡུས་དོན་གྱི་སྙིང་པོ། མདོ་སྡེ་སོ་སོའི་དགོངས་པས་རྣམ་བཞག་བཅུར་གཏན་ལ་ཕབ་པ་དང་། སྙིང་པོའི་མདོའི་དགོངས་པས་དཔེ་དགུ་དང་སྦྱར་བ། དེ་ཉིད་གཏན་ལ་དབབ་ཚུལ། སྙིང་པོ་བསྟན་པའི་དགོས་པ་ཅན་གྱིས་བསྡུས་པ་ལས། དང་པོ་ནི། ངོ་བོ་རྒྱུ་འབྲས་སོགས་ཤློ་ཀ་གཅིག་འབྱུང་སྟེ། གཞིའི་ཆོས་སྐུ་དེ་བཞིན་ཉིད་རིགས་ཁམས་རང་བཞིན་རྣམ་དག་ངོ་བོའི་དོན་དང་། ཁམས་ལ་ཡོད་པའི་གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཐབས་མོས་པ་སོགས་ལམ་གྱི་ཆོས་སྐུའི་རྒྱུའི་དོན་དང་། དབྱིངས་དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་ཏེ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་ཐོབ་པ་འབྲས་བུ་ཆོས་སྐུའི་དོན་དང་། རིགས་ཡོད་པའི་རྒྱུ་མཚན་གྱིས་འཁོར་བའི་སྐྱོན་མཐོང་ནས་ཡིད་འབྱུང་བ་དང་། མྱང་འདས་ཀྱི་ཡོན་ཏན་མཐོང་ནས་ཐོབ་པའི་འདོད་པ་སྐྱེ་བ་ལས་ཀྱི་དོན་དང་། ཁམས་དེ་ལ་རྒྱུའི་ཡོན་ཏན་མོས་པ་སོགས་དང་འབྲས་བུའི་ཡོན་ཏན་མངོན་ཤེས་སོགས་མངའ་བ་ལྡན་པའི་དོན་དང་། རྟེན་གྱི་གང་ཟག་ཆོས་ཅན་ཐ་དད་པའི་སྒོ་ནས་བརྟེན་པ་ཆོས་ཉིད་ཀྱང་གནས་སྐབས་གསུམ་གྱི་དབྱེ་བ་ལ་འཇུག་པ་འཇུག་པའི་དོན་དང་། རང་བཞིན་ལ་ཁྱད་པར་མེད་ཀྱང་གང་ཟག་གསུམ་གྱིས་གནས་སྐབས་ཀྱི་དབྱེ་བས་མིང་ཙམ་ཐ་དད་པར་སྟོན་པ་གནས་སྐབས་ཀྱི་དོན་དང་། དེ་གསུམ་རང་སྤྱིའི་སྒོ་ནས་ཆོས་དབྱིངས་ནམ་མཁའ་ལྟར་ཁྱབ་པ་ཀུན་ཏུ་འགྲོ་བའི་དོན་དང་། ཆོས་ཅན་སྐྱེ་འགག་འཕེལ་འགྲིབ་བྱེད་ཀྱང་ཆོས་ཉིད་ལ་དེ་དག་བྲལ་བ་མི་འགྱུར་བའི་དོན་དང་། གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ཏུ་བྲལ་སྨིན་གྱི་ཡོན་ཏན་ཚད་མེད་པ་རྣམས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཉི་མ་དང་འོད་ཟེར་ལྟར་གནས་པ་རྣམ་པར་དབྱེར་མེད་པའི་དོན་ཏེ། དོན་བཅུ་པོ་དེས་ཀྱང་གང་ཟག་གཅིག་སངས་རྒྱས་བསྒྲུབ་པའི་གཞི་ལམ་འབྲས་བུ་ཚང་བར་བསྟན། གཉིས་པ་ནི། སངས་
(༢༢)རྒྱས་པད་ངན་སོགས་ཀྱིས་བསྟན་ཏེ། བྱིས་པ་སོ་སྐྱེ་ནས་རྒྱུན་མཐའི་བར་དུ་ཡོད་པའི་ཉོན་ཤེས་ཀྱི་སྒྲིབ་པ་རྣམས་པདྨ་མདོག་ངན་སོགས་སྒྲིབ་བྱེད་དྲི་མའི་དཔེ་དགུ་དང་། ཆོས་སྐུ་དེ་བཞིན་ཉིད་རིགས་ཀྱི་རང་བཞིན་གསུམ་པོ་ནི་སངས་རྒྱས་སོགས་པ་སྒྲིབ་བྱ་ཆོས་དབྱིངས་ཀྱི་དཔེ་དགུ་དང་སྦྱར་ནས་བཤད། གསུམ་པ་ནི། ཆོས་ཉིད་དོན་དམ་པའི་གནས་ལུགས་དེ་ཉིད་འཇིགས་ཚོགས་ལ་ལྟ་བ་བྱིས་པའི་སྐྱེ་བོ། ཕྱིན་ཅི་ལོག་ཏུ་ལྟ་བ་ཉན་རང་། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེང་བ་བྱང་སེམས་ལས་དང་པོ་པ་རྣམས་ཀྱིས་དད་པ་བསྐྱེད་པ་ལས་ཇི་བཞིན་མི་རྟོགས་ལ། བསལ་བཞག་མེད་པའི་ཤེས་རབ་ཟབ་མོས་རྟོགས་པར་བསྟན། བཞི་པ་ནི། འཕགས་པས་ལྟ་བར་དཀའ་བའི་བདེ་གཤེགས་སྙིང་པོ་སོ་སྐྱེ་ལ་བསྟན་པའི་དགོས་པ་དང་། འཁོར་ལོ་བར་པར་ངོ་བོ་ཉིད་མེད་པར་གསུངས་པ་དང་། འཁོར་ལོ་ཐ་མར་སྙིང་པོ་ཡོད་པར་གསུངས་བའི་འགལ་བ་སྤངས་པ་རྣམས་ཀྱིས་ལེའུ་དང་པོ་གྲུབ། དེ་ནས་ཆོས་ཀྱི་དབྱིངས་དེ་དྲི་མ་མཐའ་དག་དང་བྲལ་བ་ལས་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་ལ་གནས་མ་ལུས་པ་ཡོངས་སུ་གྱུར་པ་དྲི་མ་མེད་པའི་དེ་བཞིན་ཉིད་ཀྱི་དབང་དུ་བྱས་ནས་རྟོགས་པའི་ངོ་བོ་བྱང་ཆུབ་ནི། དག་ཐོབ་སོགས་དང་། ངོ་བོ་རྒྱ་སོགས་ཀྱིས་བསྟན་ཏེ། ཆོས་དབྱིངས་རང་བཞིན་རྣམ་དག་དེ་ཉིད་གློ་བུར་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་ནས་དག་པ་གཉིས་ལྡན་ཏུ་གནས་ཡོངས་སུ་གྱུར་པ་ནི་ངོ་བོའི་དོན་དང་། དེ་ཐོབ་པར་བྱེད་པའི་ཐབས་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པ་དང་། རྗེས་ཐོབ་འཇིག་རྟེན་པའི་ཡེ་ཤེས་གཉིས་ཟུང་འབྲེལ་ཏུ་སྒོམ་པ་གནས་འགྱུར་བྱེད་རྒྱུའི་རྐྱེན་གྱི་དོན་དང་། ཡེ་ཤེས་དེ་དག་གོམས་པ་མཐར་ཕྱིན་པ་ལས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དྲི་མ་ཟད་ཅིང་བྲལ་ཏེ་མི་སྐྱེ་བའི་ངང་ནས་སྤངས་རྟོགས་ཡོངས་སུ་རྫོགས་པ་འབྲས་བུའི་དོན་དང་། ཉོན་སྒྲིབ་བྲལ་བས་ཟག་བཅས་ཀྱི་རྒུད་པ་ཐམས་ཅད་ལས་འདས་ཏེ་
(༢༣)ཟག་པ་མེད་པའི་འབྱོར་བ་མཐའ་ཡས་པ་ཐོབ་པས་རང་དོན་ཕུན་སུམ་ཚོགས་པ་གྲུབ་ཅིང་། ཤེས་སྒྲིབ་བྲལ་བས་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པའི་གཞན་དོན་ཕུན་སུམ་ཚོགས་པ་ནི་ལས་ཀྱི་དོན་དང་། དོན་གཉིས་དེ་དག་འགྲུབ་པར་བྱེད་པའི་རྟེན་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཚད་མེད་པ་མངའ་བ་ནི་ལྡན་པའི་དོན་དང་། ཡོན་ཏན་དེ་ལྡན་གྱི་བྱང་ཆུབ་དེ་ཉིད་འཕགས་ཆེན་རྣམས་ཀྱིས་ཀྱང་མི་རྟོགས་ཤིང་གཏིང་དཔག་དཀའ་བས་ཟབ་པ་ཆོས་སྐུ་དང་། ཀུན་ལ་ཁྱབ་པས་རྒྱ་ཆེ་བ་ལོངས་སྐུ་དང་། སྐལ་པ་དང་མཐུན་པར་གཞན་དོན་འབའ་ཞིག་མཛད་པ་བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱིས་རབ་ཏུ་དབྱེ་བ་ནི་འཇུག་པའི་དོན་དང་། སྐུ་གསུམ་པོ་དེའང་ནམ་མཁའི་མཐའ་དང་འགྲོ་བའི་ཁམས་ཇི་སྲིད་པའི་དུས་དང་མཚུངས་པར་འཇུག་ཅིང་གནས་པ་ནི་རྟག་པའི་དོན་དང་། སངས་རྒྱས་ཀྱི་རང་བཞིན་སྐུ་གསུང་ཐུགས་ཀྱི་གསང་བ་ནི་སངས་རྒྱས་ཉིད་ལས་གཞན་པའི་སྤྱོད་ཡུལ་དུ་མ་གྱུར་ཅིང་རྟོགས་པར་དཀའ་བ་ནི་བསམ་གྱིས་མི་ཁྱབ་པའི་དོན་ཏེ། དེ་ལྟར་དོན་བརྒྱད་ཀྱི་སྒོ་ནས་བཤད་པས་ལེའུ་གཉིས་པ་གྲུབ། ཆོས་དང་ཆོས་ཉིད་རྣམ་པར་བྱེད་པ་ཉིད་ལེའུ་འདིའི་འགྲེལ་པ་ལྟ་བུར་ཡོད་དེ་དེར་ཆོས་ཉིད་དང་། འདིར་དྲི་མེད་དེ་བཞིན་ཉིད་ཅེས་གསུངས་པ་དོན་གཅིག་ཅིང་། ཆོས་ཉིད་ཀྱི་མཚན་ཉིད་སོགས་རྣམ་པ་དྲུག་ཏུ་བསྡུས་པའི་དོན་ལས། དང་པོ་ཤེས་བྱ། བར་པ་གཞི་བསྒོམ་བྱ། ཐ་མ་འབྲས་བུ་སྟེ་རྣམ་པ་གསུམ་དུ་འགྱུར་བས་རྒྱས་པ་དེ་ཉིད་དུ་རྟོགས་པར་བྱའོ། །དེ་ནས་བྱང་ཆུབ་ཆེན་པོ་ལ་གནས་པ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པ་རྟོགས་པའི་ཡན་ལག་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་དབང་དུ་མཛད་ནས། རང་དོན་གཞན་དོན་སོགས་ཀྱི་རང་དོན་དོན་དམ་ཆོས་སྐུ་ལ་ཡོད་པའི་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས། གཞན་དོན་ཀུན་རྫོབ་གཟུགས་སྐུ་ལ་ཡོད་པའི་རྣམ་སྨིན་གྱི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ་བསྡོམས་པས་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་སྐུ་གཉིས་དང་
(༢༤)སྦྱར་ཏེ་རྣམ་གྲངས་བསྟན། དེ་ནས་སྟོབས་ཉིད་མ་རིག་སྒྲིབ་ལ་སོགས་ཀྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སྟོབས་བཅུ། འཇིགས་པ་མེད་པའི་སེང་གེ་ལྟ་བུའི་མི་འཇིགས་པ་བཞི། གཞན་དང་ཐུན་མོང་མ་ཡིན་པ་ནམ་མཁའ་ལྟ་བུའི་མ་འདྲེས་པ་བཅོ་བརྒྱད་དེ་སྤང་བྱ་དག་པ་ལས་བྱུང་བ་ཆོས་སྐུའི་ཡོན་ཏན། ལེགས་གནས་འཁོར་ལོས་མཚན་པ་སོགས་ཀྱིས་མཚན་བཟང་སུམ་ཅུ་རྩ་གཉིས་ཡོན་ཏན་རྫོགས་པ་ལས་ཐོབ་པ་གཟུགས་སྐུའི་ཡོན་ཏན་རྣམས་དཔེ་དོན་ཞིབ་མོར་སྦྱར་ཏེ་བཤད་པས་ལེའུ་གསུམ་པ་གྲུབ། དམ་ནས་ཡོན་ཏན་དེ་དག་ཐོབ་པའི་ནུས་པས་རྒྱལ་བའི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་དབང་དུ་མཛད་ནས། གཞན་གྱིས་རྟོགས་བྱེད་ཕྲིན་ལས་ཀྱི་དོན་ལ། གདུལ་བྱའི་ཁམས་སོགས་ཀྱིས། གདུལ་བྱ་གང་གི་ཆེད་དུ་འཇུག་པ་དང་། ཐབས་གང་གིས་འདུལ་བ་དང་། གདུལ་བའི་བྱ་བ་གང་ཡིན་པ་དང་། གདུལ་བྱ་གནས་པའི་ཡུལ་གང་དུ་གཤེགས་པ་དང་། སྐབས་སུ་བབས་པའི་དུས་གང་གི་ཚེ་འདུལ་བ་རྣམས་ལ་རྣམ་པར་རྟོག་པའི་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་པའི་ཕྲིན་ལས་བསྟན་ལ། ངེས་འབྱིན་སོགས་ཀྱིས་ཕྲིན་ལས་འབྱུང་བའི་ངེས་པར་འབྱིན་པའི་རྒྱུ་དང་། དེ་ཉིད་ཉེ་བར་སྟོན་པའི་རྐྱེན་དང་། རྒྱུ་རྐྱེན་དེ་ལས་འབྲས་བུ་འགྲུབ་པའི་ཚུལ་དང་། འབྲས་བུ་དེའི་ཕྲིན་ལས་འཇུག་པའི་ཡུལ་དང་། དེ་དག་གི་སྤང་བྱའི་སྒྲིབ་པ་དང་། དེ་གཅོད་བྱེད་ཀྱི་རྐྱེན་ལ་རྟོག་པ་མེད་པར་ངང་གིས་འཇུག་པས་རྒྱུན་མི་འཆད་པ་སྟེ་དཔེ་དོན་སྦྱར་ཏེ་རྒྱུ་གསུམ་གྱིས་རྟོག་པའི་ཕྲིན་ལས་བསྟན། རྣམ་པར་མི་རྟོག་པ་ལས་རྟག་ཁྱབ་ཀྱི་ཕྲིན་ལས་འབྱུང་བ་ཇི་ལྟར་མི་འགལ་སྙམ་པའི་ཐེ་ཚོམ་བཅད་པའི་ཕྱིར། བརྒྱ་བྱིན་རྔ་སྤྲིན་སོགས་དཔེ་དགུས་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པ་ཕྱོགས་རེ་ནས་མཚོན་ཅིང་ཐམས་ཅད་དུ་མི་མཚུངས་པས་དཔེ་ལས་འདས་པར་བསྟན་པས་ལེའུ་བཞི་པ་གྲུབ། དེ་ལྟར་བསྟན་བཅོས་དངོས་གཞི་གྲུབ་ནས་སླར་ཡང་བསྡུས་དོན་དང་འབྲེལ་བར་བསམ་གྱིས་མི་ཁྱབ་པའི་གནས་བཞི་ལ་མོས་པ་ཙམ་གྱིས་སྦྱིན་ཚུལ
(༢༥) སྒོམ་གསུམ་གྱི་ཡོན་ཏན་ལས་ཁྱད་པར་འཕགས་པའི་ཡོན་ཏན་དང་། ཇི་ལྟར་བཙམས་པའི་ཚུལ་འཕྲོས་དོན་དང་། མཐར་བསྔོ་སྨོན་གྱིས་བསྡུས་པའི་དོན་ཀྱང་གསལ་བར་མཛད་དེ། འདི་ནི་ཤིན་ཏུ་རྒྱས་པ་ཆེན་པོ་དང་རྨད་དུ་བྱུང་བའི་གསུང་རབ་དང་འབྲེལ་བའི་དབང་གིས་དོན་གཅིག་ཉིད་དཔེ་དོན་རྟགས་གསུམ་གྱི་སྒོ་ནས་ཡང་ཡང་བསྐྱར་བར་མཛད་པ་ཉིད་དོ། །གཉིས་པ་ནི། ཐེག་པ་མཆོག་གི་ལམ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དེད་དཔོན་ལྟ་བུར་སྔོན་དུ་འགྲོ་བའི་ཕྱིར་སེམས་དེ་ཡང་དག་པར་བླང་བའི་རིམ་པ་དང་མཐུན་པ་ཡིན་ཏེ། བྱང་ཆུབ་སེམས་ནི་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་རྒྱུ་བྱས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་རྐྱེན་བྱས་ནས་སྐྱེ་བས་དེ་ཉིད་ཐོག་མར་བསྟན། སེམས་བསྐྱེད་པའི་དམིགས་པ་ནི་གཞན་གྱི་དོན་དང་བྱང་ཆུབ་ཡིན་ལ། གཞན་ནི་གང་གི་ཆེད་དུ་སེམས་བསྐྱེད་པའི་སེམས་ཅན་རྣམས་ཡིན་པས་དྲི་བཅས་ཀྱི་དེ་བཞིན་ཉིད་ཐོག་མར་བསྟན་ཅིང་། གཞན་དོན་དངོས་ཕྲིན་ལས་ཀྱིས་བསྟན། དེའི་རྒྱུ་བྱང་ཆུབ་དང་། དེས་གཞན་དོན་བྱེད་པའི་ཡན་ལག་ཡོན་ཏན་རྣམས་སོ་སོའི་ལེའུས་བསྟན་ཏོ། བདུན་པོ་ཐམས་ཅད་ཀྱང་བདེན་པ་གཉིས་ཀྱི་ཚུལ་གྱིས་ཤེས་པར་བྱ་དགོས་ཏེ། དོན་དམ་གྱི་དཀོན་མཆོག་སངས་རྒྱས། ཀུན་རྫོབ་ཆོས་དང་དགེ་འདུན། དོན་དམ་གྱི་བདེ་གཤེགས་སྙིང་པོ་འོད་གསལ་སྟོང་ཉིད། ཀུན་རྫོབ་ཡང་དག་པར་བླངས་པའི་རིགས། དོན་དམ་གྱི་བྱང་ཆུབ་ངོ་བོ་ཉིད་སྐུ། ཀུན་རྫོབ་གཟུགས་སྐུ་གཉིས། དོན་དམ་བྲལ་བ་དང་ཀུན་རྫོབ་རྣམ་སྨིན་གྱི་ཡོན་ཏན། དོན་དམ་ཆོས་སྐུའི་ཕྲིན་ལས་དང་ཀུན་རྫོབ་གཟུགས་སྐུའི་ཕྲིན་ལས་རྣམས་སུ་དབྱེར་ཡོད་པའང་ཤེས་པར་བྱའོ། །བརྒྱད་པ་ནི། དེ་ལ་བསྟན་བཅོས་ཆེན་པོ་འདིའི་བརྗོད་བྱ་ལ་སོགས་པ་གང་ཞེ་ན། དཀོན་མཆོག་གསུམ་དང་ཁམས་དང་བྱང་ཆུབ་ཡོན་ཏན་ཕྲིན་ལས་དང་བཅས་པ་སྟེ་ཐེག་ཆེན་སྙིང་པོའི་མདོ་དོན་མཐའ་དག་བསྡུས་པ་
(༢༦)ཐོས་བསམ་གྱིས་ཤིན་ཏུ་རྟོགས་པར་དཀའ་བས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་གནས་བདུན་ནི་བརྗོད་པར་བྱ་བ། ཚིག་དོན་དེ་ཉིད་དང་པོར་ཐོས་པའི་ཤེས་རབ་ཀྱིས་རྗོད་བྱེད་ཀྱི་ཚིག་གོ །བར་དུ་བསམ་པའི་ཤེས་རབ་ཀྱིས་དོན་སྤྱིའི་ཚུལ་དུ་ངེས་པ་རྙེད་ནས་དབུལ་པོའི་ཁྱིམ་ལ་ཡོད་པའི་གཏེར་གྱི་ཁ་བྱང་ཐོབ་པ་དང་འདྲ་བར་ངེས་དོན་སྙིང་པོའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཚད་མ་གསུམ་དང་རྟོན་པ་བཞི་ལ་བརྟེན་ནས་བདེ་བླག་ཏུ་འཇུག་ནུས་པ་ནི་དགོས་པ། དེ་ལྟར་ཞུགས་ནས་དད་པ་རྣམ་གསུམ་སྔོན་དུ་འགྲོ་བས་སྙིང་པོའི་དོན་ལ་བསྒོམ་བྱུང་གི་ཤེས་རབ་བསྐྱེད་པས་ས་འོག་གི་གཏེར་ལག་ཏུ་ཐོབ་པ་དང་འདྲ་བར་སྙིང་པོ་ཆོས་ཉིད་ཀྱི་བཞུགས་ཚུལ་ཐོག་མར་རྗེས་མཐུན་པ་མཉམ་སུ་མྱོང་། རིམ་གྱིས་ཇེ་གསལ་དུ་སོང་ནས་མཐར་རྟོག་བྲལ་མ་འཁྲུལ་བར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དྲི་མ་མེད་པ་སྐྱེས་ཏེ་གློ་བུར་གྱི་དྲི་མ་བྲལ་བའི་རང་བཞིན་རྣམ་དག་ཆོས་ཀྱི་སྐུ་མངོན་དུ་འགྱུར་བ་ནི་ཉིང་དགོས། ཉིང་དགོས་དགོས་པ་ལ་རགས་ལས། དགོས་པ་བརྗོད་བྱ་ལ་རགས་ལས་པས་སྔ་མ་མེད་ན་ཕྱི་མ་མི་འབྱུང་བ་བདག་གཅིག་དེ་བྱུང་གི་འབྲེལ་པ་མེ་དང་དུ་བའམ་ཉི་མ་དང་འོད་བཞིན་ཏུ་གྲུབ་པ་ནི་འབྲེལ་བའོ། །དེ་དག་གི་སྤྱི་དོན་ཅུང་ཟད་བསྟན་ནས། རྩ་བའི་གཉིས་པ་གཞུང་དངོས་ཀྱི་ཚིག་དོན་རྒྱས་པར་བཀྲོལ་བ་ལ་གསུམ། དོན་དང་མཐུན་པའི་མཚན་དང་ཕྱག །དོན་མཆོག་ལྡན་པའི་བསྟན་བཅོས་དངོས། དོན་དེ་ལེགས་པར་བསྒྱུར་ཚུལ་ལོ། །དང་པོ་ལ་གཉིས། མཚན་དང་འགྱུར་ཕྱག་གོ །མཚན་ལའང་གཉིས། སྐད་གཉིས་ཤན་སྦྱར་ཏེ་བཀོད་པ་དང་། དེའི་དོན་བཤད་པའོ། དང་པོ་ནི། རྒྱ་གར་ནས། བསྟན་བཅོས། ཞེས་འབྱུང་སྟེ། རྒྱ་ཆེ་བའི་ཡུལ་གྱི་བྱེ་བྲག་ཁ་དོག་ཆས་གོས་དཀར་པོ་ལ་གཙོར་བྱེད་པས་རྒྱ་དཀར་པོའམ་མིང་མཐའ་འདྲེན་ཚུལ་གྱིས་རྒྱ་གར་ཅེས་གྲགས་པ། སངས་རྒྱས་བྱོན་པའི་གནས་འཕགས་ཡུལ་ན་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས། སཾ་སྐྲྀ་ཏ་སྟེ་ལེགས་པར་སྦྱར་བ་ལྷའི་སྐད་དུ། མ་ཧཱ་ཡཱ་ན་ཞེས་སོགས་འབྱུང་བ། བོད་
(༢༧)ཀྱི་སྐད་དུ་བསྒྱུར་བ། མ་ཧཱ་ནི་ཆེན་པོ། ཡཱ་ན་ནི་ཐེག་པ། ཨུཏྟཱ་ར་ནི་བླ་མ། ཏནྟྲ་ནི་རྒྱུད། ཤཱ་སྟྲ་ནི་བསྟན་བཅོས་སོ། །གཉིས་པ་ནི། ཐེག་པ་ནི་འདིས་འདེགས་པས་ན་རྒྱུའི་ཐེག་པ་དང་། འདིར་འདེགས་པས་ན་འབྲས་བུའི་ཐེག་པ་སྟེ་ཆེ་ཆུང་སྤྱི་ལ་འཇུག་པའོ། །ཆེན་པོ་ནི་དམིགས་པ་དང་། སྒྲུབ་པ་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་མཁས་དང་། གྲུབ་པ་དང་། ཕྲིན་ལས་ཏེ་ཆེན་པོ་བདུན་དང་ལྡན་པ་སྟེ་འདི་ཉིད་བྱེ་བྲག་ལ་འཇུག་གོ །རྒྱུད་ནི་རྗོད་བྱེད་ཚིག་གི་རྒྱུད་ལྟར་ན་ཚིག་དང་ཡི་གེ་རྒྱུན་ཆགས་པའི་དོན་ཏེ་རྒྱུན་ཆགས་གསུམ་པ་འདོན་ཅེས་གྲགས་པ་ལྟར་རམ། བརྗོད་བྱའི་དབང་དུ་བྱས་ན་བདེ་བར་གཤེགས་པའི་སྙིང་པོ་དེ་ནི་གཞི་ལམ་འབྲས་བུའི་གནས་སྐབས་གསུམ་དུ་རྒྱུན་ཆགས་པས་སོ། །བླ་མ་ནི་རྗོད་བྱེད་ལྟར་ན་ཕྱི་མའི་དོན་ཏེ་གསོ་རིག་ལ་སྨན་དཔྱད་ལག་ལེན་ཏུ་བསྒྲིལ་བ་ལ་ཕྱི་མའི་རྒྱུད་ཅེས་གྲགས་པ་ལྟར་འདིར་དགོངས་པའི་དོན་ཟབ་སྙིང་པོར་དྲིལ་ནས་སྟོན་པའམ། བརྗོད་བྱ་ལྟར་ན་གོང་ན་མེད་པའི་དོན་ཏེ། ཐེག་པ་བླ་ན་མེད་པ་སྟོན་པས་སོ། །བསྟན་བཅོས་ནི། སྤྱིར་སློབ་མ་རྣམས་འཆོས་པ་དང་། ཁྱད་པར་དུ་རྒྱུ་ཉོན་མོངས་ལས་འཆོས་ཤིང་། འབྲས་བུ་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པ་སྟེ། རྣམ་བཤད་རིག་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པ་ལྟར་རོ། །འདིར་མིང་ནི་དཔེ་དང་། གྲངས་དང་། གཞུང་ཚད་དང་། ཞུ་བ་པོ་དང་། ཡུལ་དང་། དུས་དང་། བརྗོད་བྱ་ལས་བཏགས་པ་སོགས་མང་དུ་ཡོད་པ་ལས། འདི་ནི་བརྗོད་བྱ་དང་བྱེད་ལས་ལས་བཏགས་པར་བཞེད་དོ། །གཉིས་པ་ནི། སངས་རྒྱས་ནས། ཕྱག་འཚལ་ལོ། །ཞེས་འབྱུང་སྟེ། སངས་རྒྱས་ཀྱི་སྐད་དོད་བུདྡྷ་ནི་མ་རིག་པའི་གཉིད་སངས་པའི་སྤངས་པ་ལ་འཇུག་སྟེ། དཔེར་ན་གཉིད་སད་པ་ལྟ་བུའོ། །ཡང་ན་ཤེས་བྱ་ལ་བློ་རྒྱས་པའི་རྟོགས་པ་ལ་འཇུག་སྟེ། པདྨ་ཁ་བྱེ་བ་ལྟ་བུའོ། །ཤེས་རབ་ཀྱིས་བྱང་ཆུབ་དང་སྙིང་
(༢༨)རྗེས་སེམས་ཅན་ལ་དམིགས་པས་སམ། བྱང་ཆུབ་ཀྱི་ཆེད་དུ་སེམས་པས་སྲན་ཐུབ་པས་བྱང་ཆུབ་སེམས་དཔའ་སྟེ། སེམས་དཔའི་སྒྲ་ཆགས་པ་དང་སོས་པ་དང་སྙིང་སྟོབས་ལ་འཇུག་པས་སོ། །དེ་ཐམས་ཅད་ལ་སྒོ་གསུམ་གུས་པས་འདུད་ཅིང་ཕྱག་འཚལ་བ་སྟེ། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་འགྱུར་མཛད་པའི་ཐོག་མར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ནས་བསྟན་བཅོས་བསྒྱུར་བ་དེ་བཞིན་དུ། བདག་ཅག་རྣམས་ཀྱིས་ཀྱང་འདོད་པའི་ལྷ་ལ་ཕྱག་བྱས་ནས་རྩོམ་འཆད་སོགས་ལ་འཇུག་པར་བྱ་བ་རྗེས་སུ་གདམས་པའོ། །གཉིས་པ་བསྟན་བཅོས་དངོས་བཤད་པ་ལ་གསུམ། ལུས་རྣམ་པར་བཞག་པ། ཡན་ལག་རྒྱས་པར་བཤད་པ། བཤད་པ་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་གསུམ། བསྟན་བཅོས་ཀྱི་ལུས་རྡོ་རྗེའི་གནས་བདུན་དུ་བསྟན་པ། དེའི་ཁུངས་མདོ་དང་སྦྱར་བ། གོ་རིམ་གྱིས་འབྲེལ་བ་བསྟན་པའོ། །དང་པོ་ནི། སངས་རྒྱས་ནས་། འདི་དག་གོ །ཞེས་གསུངས་ཏེ། ཐོབ་པར་བྱ་བ་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་དོན་དང་། འདོད་ཆགས་དང་བྲལ་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་དམ་པའི་ཆོས་ཀྱི་དོན་དང་། ཡེ་ཤེས་གཉིས་དང་ལྡན་པས་ཕྱིར་མི་ལྡོག་པའི་ཚོགས་འཕགས་པའི་དགེ་འདུན་གྱི་དོན་དང་། དེ་རྣམས་ཐོབ་པའི་ཚུལ་ཡང་དག་པར་རྟོགས་པར་བྱ་བའི་སེམས་ཅན་གྱི་ཁམས་སམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་དོན་དང་། རྟོགས་པའི་ངོ་བོ་ཁམས་དེ་ཉིད་དྲི་མ་མཐའ་དག་གིས་དག་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་དོན་དང་། རྟོགས་པའི་ཡན་ལག་བྱང་ཆུབ་ཆེན་པོ་དང་འབྲེལ་པ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་ཡོན་ཏན་གྱི་དོན་དང་། གཞན་གྱིས་རྟོགས་པར་བྱེད་པའི་ཐབས་ཡོན་ཏན་གྱི་ནུས་པ་སངས་རྒྱས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་དོན་ཐ་མའམ་ཕྱི་མར་བསྟན་པ་དང་བཅས་སྟེ། འཆད་པར་འགྱུར་པའི་བསྟན་བཅོས་མཐའ་དག་གི་ཡན་ལག་ཀུན་གྱི་
(༢༩)ལུས་སམ་དངོས་པོ་ནི་མདོར་བསྡུས་པའི་ཚུལ་གྱིས་བསྟན་ན། བརྗོད་བྱ་ཟབ་མོ་ཐོས་བསམ་གྱི་ཤེས་པས་ཕིགས་པར་དཀའ་བའི་ཕྱིར་རྫས་ཀྱི་དངོས་པོ་རྡོ་རྗེ་རིན་པོ་ཆེ་ལྟ་བུ་བདུན་དང་། རྗོད་བྱེད་ཡི་གེ་རྣམས་ཀྱང་དེ་དག་གི་ལམ་གསལ་བར་སྟོན་ཅིང་གོ་བར་བྱེད་པས་ན་གནས་ཞེས་བྱ་སྟེ། བརྗོད་བྱ་རྣམས་རིམ་གྱིས་རྟོགས་པའི་གཞིའམ་རྟེན་དུ་འགྱུར་པའི་ཕྱིར་བརྗོད་བྱ་དང་མཚུངས་པར་གྲངས་བདུན་གྱིས་བསྟན་པ་འདི་དག་གོ །གཉིས་པ་ནི། འདི་དག་ནས་། དབྱེ་བ་ལས། ཞེས་གསུངས་ཏེ། རྡོ་རྗེའི་གནས་བདུན་པོ་འདི་དག་རང་གི་མཚན་ཉིད་དམ་ངོ་བོ་ཉིད་ཀྱིས་བར་མ་ཆད་དུ་རྗེས་སུ་འབྲེལ་བར་འདིར་བསྟན་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པ་ཞེས་གྲགས་པའི་མདོར། གླིང་གཞི་ལས་ནི་རྡོ་རྗེའི་གནས་དང་པོ་དཀོན་མཆོག་གསུམ་བསྟན་པར་རིག་པར་བྱ་སྟེ། དེ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་པ་ལ་སོགས་པས་སོ། །ལྷག་མའི་གནས་བཞི། གླེང་གཞིའི་རྗེས་སུ་བློ་ལྡན་བྱང་ཆུབ་སེམས་དཔའ་ལམ་གྱི་ཆོས་ཡོན་ཏན་གྱི་དྲི་མ་ཡོངས་སུ་སྦྱོར་བ་དྲུག་ཅུ་བསྟན་པས་དང་པོར་སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་ངལ་བ་ཙམ་དུ་ཟད། །ཅེས་གསུངས་པ་ལྟར། དྲི་མ་སྦྱང་བའི་གཞི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་སྙིང་པོར་ཡོད་པ་ལས། དེ་མངོན་དུ་འགྱུར་བའི་ཆེད་དུ་ཡོངས་སུ་སྦྱོར་བའི་ཚུལ་སྟོན་པར་འཐད་པའི་ཕྱིར་རོ། །ཡོངས་སུ་སྦྱོང་བ་དྲུག་ཅུ་པོ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་དང་། སྣང་བ་རྣམ་པ་བརྒྱད་དང་། སྙིང་རྗེ་ཆེན་པོ་བཅུ་དྲུག་དང་། ཕྲིན་
(༣༠)ལས་སུམ་ཅུ་རྩ་གཉིས་སོ། །དེ་ནས་རྡོ་རྗེའི་གནས་ཕྱི་མ་གསུམ་ནི་རྒྱལ་བའི་ཆོས་ཀྱི་དབྱེ་བ་བརྒྱད་ཅུ་བསྟན་པ་ལས་རིག་པར་བྱ་སྟེ། དེ་ཡང་དབྱིངས་བསྟན་པའི་རྗེས་སུ་བྱང་ཆུབ་ཆེན་པོའི་སྙིང་རྗེ་རྣམ་པ་བཅུ་དྲུག་བསྟན་པ་ལས་བྱང་ཆུབ་གསལ་བར་མཛད་དོ། །དེའི་རྗེས་སུ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པས་ཡོན་ཏན་གསལ་བར་མཛད་དེ་འཆད་པར་འགྱུར་པ་ལྟར་རོ། །དེའི་རྗེས་སུ་དེ་བཞིན་གཤེགས་པའི་ཕྲིན་ལས་བླ་ན་མེད་པ་སུམ་ཅུ་རྩ་གཉིས་བསྟན་པས་ཕྲིན་ལས་གསལ་བར་མཛད་དེ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ལས་ནི་སུམ་ཅུ་རྩ་གཉིས་པོ་འདི་དག་གོ་ཞེས་ལས་དང་ལས་ཅན་ལྷན་གཅིག་ཏུ་གསུངས་པས་སོ། །འདིར་སྡུད་པའི་སྒྲས་གནས་བདུན་པོ་མདོ་སོ་སོ་ནས་གསུངས་པའི་ཚུལ་ཡང་བསྟན་པ་ཁ་ཅིག་གིས་བཤད་དེ། དེའང་དཀོན་མཆོག་གསུམ་ནི་ལྷག་པའི་བསམ་པ་བསྟན་པའི་མདོ་ལས་གསུངས་སོ། ཁམས་ནི་འཕེལ་བ་དང་འགྲིབ་པ་མེད་པའི་མདོ་ལས་གསུངས་སོ། །བྱང་ཆུབ་ནི་དཔལ་ཕྲེང་གི་མདོ་ལས་གསུངས་སོ། །ཡོན་ཏན་ནི་འཕེལ་འགྲིབ་མེད་པའི་མདོ་ལས་གསུངས་སོ། །ཕྲིན་ལས་ནི་བདེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱི་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་ལས་གསུངས་སོ། །གསུམ་པ་ནི། སངས་རྒྱས་ནས། རྣམ་དང་ལྡན། ཅེས་འབྱུང་སྟེ། གང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་པ་ལས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་འབྱུང་ཞིང་། ཆོས་བསྟན་པ་ལྟར་བསྒྲུབ་པ་ལས་སློབ་མ་འཕགས་པའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་འབྱུང་ལ་ཚོགས་དགེ་འདུན་དུ་གྱུར་པ་ལས། དེ་རྣམས་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་རྒྱུར་གྱུར་པའི་ཁམས་ཐོབ་པ་སྟེ་ཡོད་པ་དེའི་དྲི་མ་སྦྱངས་པའི་མཐར་སངས་རྒྱས་ཀྱི་ཡེ་ཤེས་དེ་ཐོབ་པ་ནི་བྱང་ཆུབ་མཆོག་ཐོབ་པ་ཡིན་པས། དེ་ལ་སྟོབས་སོགས་ཀྱི་ཡོན་ཏན་དང་ལྡན་
(༣༡)ཞིང་ཡོན་ཏན་དེས་བདག་རྐྱེན་བྱས་ནས་སེམས་ཅན་ཀུན་གྱི་དོན་བྱེད་པ་ཕྲིན་ལས་ཀྱི་ཆོས་རྣམས་དང་ལྡན་པ་འབྱུང་བའི་ཕྱིར་བསྟན་བཅོས་ཀྱི་གོ་རིམ་དེ་ལྟར་དུ་འཐད་པས་གྲུབ་པའོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། ཐོབ་བྱ་དཀོན་མཆོག་གསུམ། ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་བཞི། སྟོན་པ་སངས་རྒྱས། བསྟན་པ་དམ་ཆོས། དེ་འཛིན་དགེ་འདུན་གྱི་ངོ་བོ། །སྐྱབས་གསུམ་གྱི་རྣམ་དབྱེ་བསྟན་པའོ། །དེའི་དང་པོ་ལ་གསུམ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། དེའི་དོན་ཕྱེ་སྟེ་བཤད་པ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ནི། གང་ལ་ནས། དེ་ལ་འདུད། ཅེས་གསུངས་ཏེ། སངས་རྒྱས་གང་ཞིག་ཐོག་མར་སྐྱེ་བ་དབུས་སུ་གནས་པ་མཐའ་མར་འགག་པ་རྣམས་མེད་པས་འདུས་མ་བྱས་ཤིང་། སྤྲོས་པ་དང་རྣམ་རྟོག་ཐམས་ཅད་ཉེ་བར་ཞི་བས་ལྷུན་གྱིས་གྲུབ་པ། སངས་རྒྱས་ཉིད་སློབ་དཔོན་མེད་པར་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྣམ་པར་སངས་རྒྱས་པས་གཞན་རྐྱེན་གྱིས་རྟོགས་པ་མ་ཡིན་པ་སྟེ་རང་དོན་གྱི་ཡོན་ཏན་དང་། མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱ་ལ་བློ་གྲོས་རྒྱས་པས་མཁྱེན་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པ་ནས་ནི། ཡོན་ཏན་དང་པོ་གསུམ་མ་རྟོགས་པ་རྣམས་ལ་དེ་རྟོགས་པའི་ཕྱིར་དུ་འཁོར་བར་འཇིགས་པ་མེད་པ་ཆོས་ཉིད་ཀྱི་དོན་རྟག་པའི་ལམ་སྟོན་པ་བརྩེ་བ་དང་། མཁྱེན་བརྩེའི་རལ་གྲི་མཆོག་བསྣམས་ནས་སྡུག་བསྔལ་གྱི་རྩ་བ་མིང་གཟུགས་ཀྱི་མྱུ་གུ་གཅོད་པར་མཛད་ཅིང་། མཁྱེན་བརྩེའི་རྡོ་རྗེ་མཆོག་བསྣམས་ནས་འཇིགས་ལྟ་སྔོན་དུ་འགྲོ་བའི་ལྟ་བ་སྣ་ཚོགས་པའི་ནགས་འཐིབས་པོས་བསྐོར་བའི་ལས་འབྲས་དང་བདེན་པ་ལ་ཐེ་ཚོམ་པའི་རྩིག་པ་འཇིག་པར་མཛད་ནུས་པ་སྟེ། གཞན་དོན་གྱི་ཡོན་ཏན་དང་ལྡན་པས་སོ། །དེ་ན་དེ་ལ་གུས་པ་ཆེན་པོས་འདུད་དོ། །གཉིས་པ་ནི། འདུས་མ་ནས། སངས་རྒྱས་ཉིད། ཅེས་གསུངས་ཏེ། བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་
(༣༢)དང་ལྡན་པའི་སངས་རྒྱས་ཉིད་སྟོན་པ་སྟེ། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་ཤིང་འགྱུར་བ་མེད་པའི་ཡོན་ཏན་དང་འབད་རྩོལ་མེད་པས་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་། རང་གིས་རིག་པས་གཞན་གྱི་རྐྱེན་གྱིས་རྟོག་པ་མིན་པའི་ཡོན་ཏན་དང་། དེ་གསུམ་དང་ལྡན་པས་མཁྱེན་པའི་ཡོན་ཏན་དང་། གཞན་ཡང་དེ་ལ་འགོད་པས་ཐུགས་བརྩེ་བའི་ཡོན་ཏན་དང་། གཞན་གྱི་སྡུག་བསྔལ་རྒྱུ་འབྲས་སྤོང་བས་ནུས་པར་ལྡན་པའི་ཡོན་ཏན་དེ་རྫས་ཀྱིས་དབྱེ་བ་དྲུག་གམ་ལྡོག་པས་ཕྱེ་ན་སྔ་མ་གསུམ་རང་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་། ཕྱི་མ་གསུམ་གཞན་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་གཉིས་ཏེ་ཐམས་ཅད་བསྡུ་ན་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་དོ། །ཞེས་པའོ། །གསུམ་པ་ནི། ཐོག་མ་ནས། གཞན་དོན་ཡིན། ཅེས་གསུངས་ཏེ། བསྟོད་པར་བསྟན་པ་རྒྱུ་མཚན་བྱས། དབྱེ་བར་བསྟན་པ་རྣམས་རིམ་པར་བསྒྲུབ་པའི་སྒོ་ནས་འཆད་དེ། སངས་རྒྱས་ནི་ཐོག་མ་དབུས་མཐའ་གསུམ་པོར་འདུས་བྱས་ཀྱི་ཆོས་སྐྱེ་གནས་འཇིགས་གསུམ་མེད་པའི་རང་བཞིན་ཡིན་པའི་ཕྱིར་འདུས་མ་བྱས་པའོ། །སྤྱིར་འདུས་མ་བྱས་ཀྱི་སྒྲས་བསྟན་པ་ལ་བཞི་སྟེ། རྒྱུ་རྐྱེན་གྱིས་སྐྱེ་འགག་ཡོད་མེད་དང་། །ལས་ཉོན་གྱི་སྐྱེ་འགག་ཡོད་མེད་དང་། །ཡིད་ཀྱི་ལུས་ཀྱིས་སྐྱེ་བ་དང་། །བསམ་གྱིས་མི་ཁྱབ་པའི་འཆི་བའི་འགག་པ་ཡོད་མེད་དང་། །གདུལ་བྱ་ལ་སྐྱེ་འགག་དུ་སྣང་བ་ཡོད་མེད་ལ་འདུས་མ་བྱས་སུ་བྱས་པའོ། །དེ་ལས་སྐབས་འདིར་སངས་རྒྱས་ཆོས་སྐུ་གདུལ་བྱ་ལ་སྐྱེ་འགག་ཏུ་སྣང་བ་མེད་པའི་འདུས་མ་བྱས་ཡིན་པ་རང་སྟོན་བཞེད་དོ། །དེས་ན་འདུས་མ་བྱས་པའི་ཡོན་ཏན་དང་ལྡན་པར་གོ་དགོས་ཀྱི་འདུས་མ་བྱས་སུ་ཁས་བླངས་ན་མཁྱེན་བརྩེ་ནུས་ལྡན་དང་འགལ་བའང་ཤེས་པར་བྱའོ། །ལུས་ངག་གི་སྤྲོས་པ་དང་སེམས་ཀྱི་རྣམ་པར་རྟོག་པ་ལ་སོགས་པ་འབད་རྩོལ་མ་ལུས་པ་ཉེ་བར་ཞི་བ་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཡིན་པའི་ཕྱིར་ན་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཞེས་བྱ་བར་བརྗོད་དོ། །སོ་སོར་རང་གིས་རིག་པའི་རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ན་གཞན་གྱིས་བརྗོད་
(༣༣)པ་ལ་སོགས་པའི་རྐྱེན་གྱིས་རྟོགས་པར་བྱ་བ་མིན་པའོ། །དེ་ལྟར་འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་རྣམ་པ་གསུམ་དང་ལྡན་པའི་ཆོས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་རྟོགས་པའི་ཕྱིར་ན་མཁྱེན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའོ། །གདུལ་བྱ་གཞན་དག་ཀྱང་དག་པ་མཐར་ཕྱིན་པ་དེ་ལ་དགོད་པའི་ཆེད་དུ་སྐལ་པ་དང་མཐུན་པར་འཇིག་རྟེན་ལས་འདས་པའི་ལམ་གསལ་བར་སྟོན་པར་མཛད་པའི་ཕྱིར་ན་ཐུགས་བརྩེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ནུས་པའི་ཕྲིན་ལས་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་བཤད་མ་ཐག་པའི་ཡེ་ཤེས་དང་ཐུགས་རྗེ་གཉིས་པོ་ཡིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་དང་། དེའི་རྒྱུ་ཉོན་མོངས་པ་མཐའ་དག་སྤོང་བར་ནུས་པའི་ཕྱིར་རོ། །དེ་ལ་ཡོན་ཏན་དང་པོ་གསུམ་གྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བསྟན་ལ། ཕྱི་མ་གསུམ་གྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་བསྟན་ཏོ། །གཉིས་པ་ཆོས་བཤད་པ་ལ་བཞི། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། དེའི་དོན་ཕྱེ་སྟེ་བཤད་པ། དེ་དག་འགོག་ལམ་གཉིས་སུ་བསྡུ་བ། དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད་པའོ། །དང་པོ་ནི། གང་ཞིག་ནས། དེ་ལ་འདུད། ཅེས་གསུངས་ཏེ། དམ་པའི་ཆོས་གང་ཞིག་འགོག་བདེན་གྱི་དབང་དུ་བྱས་ནས། ཆོས་དབྱིངས་དེ་བཞིན་ཉིད་རང་བཞིན་དོན་དམ་པའི་བདེན་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པའི་ཕྱིར་མེད་པ་ཆད་པའི་མཐར་ལྷུང་བ་མིན་ཞིང་། ཀུན་རྫོབ་གློ་བུར་བའི་དངོས་པོར་གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་ཡོད་པ་རྟག་པའི་མཐར་ལྷུང་བ་མིན་ལ། དེ་དག་སོ་སོ་མ་ཡིན་པས་ཡ་གྱལ་ཁེགས་པའི་ཕྱིར་དང་ཕན་ཚུན་འགལ་བའི་ཕྱིར་ན་ཡོད་མེད་གཉིས་ཀ་ཚོགས་པའི་གཞི་མཐུན་པའང་མ་ཡིན་ཞིང་། ཡོད་མེད་གཉིས་ཡིན་མ་གྲུབ་པས་དེ་བཀག་པའི་ཡོད་མེད་གཉིས་ཀ་ལས་གཞན་པ་གཉིས་མ་ཡིན་དུའང་བརྟགས་པར་མི་ནུས་ཕྱིར་མུ་བཞིའི་སྤྲོས་པ་ལས་རྣམ་པར་གྲོལ་བ་དང་། བརྡ་དང་ཐ་སྙད་ཀྱིས་བརྗོད་དུ་མེད་ཅིང་ངག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་
(༣༤)པས་ངེས་པའི་ཚིག་དང་བྲལ་བ་དང་། དཔེ་དང་གཏན་ཚིགས་ལ་སོགས་པས་བསྟན་པར་བྱ་བ་དང་། གཞན་རིག་གི་སྤྱོད་ཡུལ་མ་ཡིན་པས་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་བསམ་དུ་མེད་པ་ཉིད་དང་། འཁོར་བའི་རྩ་བ་ལས་དང་ཉོན་མོངས་པ་དག་ཞི་བས་གཉིས་སུ་མེད་པ་ཉིད་དང་། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ཉེ་བར་ཞི་བར་རྟོག་པ་མེད་པ་ཉིད་དོ། །ལམ་བདེན་གྱི་དབང་དུ་བྱས་ནས། ཉོན་མོངས་བག་ཆགས་དང་བཅས་པའི་དྲི་མ་མེད་པས་རྣམ་པར་དག་པ་ཉིད་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་འོད་ཟེར་གྱི་སྣང་བ་དང་ལྡན་པས་གསལ་བ་ཉིད་དང་། དམིགས་པར་བྱ་བའི་ཡུལ་ཀུན་ལ་སྡུག་པ་ལ་འདོད་ཅིང་ཆགས་ད་དང་། མི་སྡུག་པ་ལ་ཁྲོ་ཞིང་སྡང་བ་དང་། བར་མ་ལ་རྨོངས་ཤིང་གཏི་མུག་པའི་རབ་རིབ་མུན་པ་ལྟ་བུ་རྣམས་པར་འཇོམས་པར་མཛད་པས་གཉེན་པོར་གྱུར་པ་ཉིད་དེ། དོན་གསུམ་གྱིས་དམ་པའི་ཆོས་ཉི་མ་ལྟ་བུར་གྱུར་པ་དེ་ལ་དད་པས་འདུད་དོ། །གཉིས་པ་ནི། བསམ་མེད་ནས། ཅན་དེ་ཆོས། ཞེས་གསུངས་ཏེ། བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་ཆོས་དཀོན་མཆོག་སྟོན་པ་སྟེ། ཐ་སྙད་པའི་ཤེས་པས་བསམ་དུ་མེད་པ་དང་། ལས་དང་ཉོན་མོངས་པ་གཉིས་མེད་པ་དང་། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་མེད་པ་སྟེ་ཡོན་ཏན་གསུམ། ངོ་བོ་ལ་དྲི་མས་དག་པ་དང་ཆོས་ཐམས་ཅད་སྣང་བར་བྱེད་པས་གསལ་བ་དང་དུག་གསུམ་གྱི་གཉེན་པོའི་ཕྱོགས་སུ་གྱུར་པ་ཉིད་ཀྱིས་ཡོན་ཏན་གསུམ་རྫས་ཀྱི་དབྱེ་བ་དྲུག་གམ། ལྡོག་པས་ཕྱེ་ན་སྔ་མ་གསུམ་འབྲས་བུ་གང་ཞིག་འདོད་ཆགས་དང་བྲལ་བར་བྱ་བ་འགོག་པའི་བདེན་པ་དང་། ཕྱི་མ་གསུམ་རྒྱུ་གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་སྟེ། རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་དང་བཅས་པའི་ཡོན་ཏན་བརྒྱད་དང་ལྡན་པ་དེ་ནི་དམ་པའི་ཆོས་སོ་ཞེས་
(༣༥)ཞེས་པའོ། །གསུམ་པ་ནི། ཆགས་བྲལ་ནས། གྱིས་རིག་བྱ། ཞེས་གསུངས་ཏེ། འདོད་ཆགས་དང་བྲལ་བ་ཉིད་ལ་ཆོས་ཞེས་བརྗོད་པ་གང་ཡིན་པ་དེ་ནི་ཆགས་པ་བྲལ་བའི་འབྲས་བུས་འགོག་པའི་བདེན་པ་དང་། ཆགས་པ་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་དག་གིས་བསྡུས་པ་ཡིན་ལ། གོ་རིམ་ཇི་ལྟ་བ་བཞིན་དུ་བདེན་པ་གཉིས་པོ་དེ་དག་ཀྱང་བསམ་མེད་གཉིས་མེད་རྟོག་མེད་ཀྱི་ཡོན་ཏན་གསུམ་གྱིས་དག་པ་གཉིས་ལྡན་འགོག་པའི་བདེན་པ་བསྟན་པར་རིག་པར་བྱ་ཞིང་། དག་གསལ་གཉེན་པོའི་ཡོན་ཏན་གསུམ་གྱིས་དག་པར་བྱེད་པ་ལམ་གྱི་བདེན་པ་བསྟན་པ་རིག་པར་བྱའོ། །བཞི་པ་ནི། བརྟག་མིན་ནས། ཉི་བཞིན་ནོ། །ཞེས་གསུངས་ཏེ། གོང་དུ་བསྟོད་པར་བཤད་པ་རྒྱུ་མཚན་དུ་བྱས། དེའི་དབྱེ་བ་རིམ་གྱིས་སྒྲུབ་ཅིང་འཆད་པ་སྟེ། དེ་ལ་ཐོ་བྱའི་ཆོས་འགོག་པའི་བདེན་པ་ནི་ཡོད་མེད་སོགས་མུ་བཞིར་འཛིན་པའི་རྟོག་པས་བརྟག་པར་བྱ་བའི་ཡུལ་མིན་པའི་ཕྱིར་དང་། སྒྲ་དང་ཐ་སྙད་ངེས་པའི་ཚིག་ལ་སོགས་པས་བརྗོད་པར་བྱ་བའི་ཡུལ་མིན་པའི་ཕྱིར་དང་། འཕགས་པས་མཉམ་པར་བཞག་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མཁྱེན་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྒྱུ་གསུམ་གྱིས་འཇིག་རྟེན་པའི་བློས་བསམ་དུ་མེད་པ་ཉིད་ཡིན་ཞིང་། ལས་ཟག་པ་དང་བཅས་པ་དང་། དེ་ཀུན་ནས་སློང་བའི་ཉོན་མོངས་པ་ཞི་བ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པ་ཉིད་ཡིན་ལ། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ཞི་བའི་ཕྱིར་རྟོག་པ་མེད་པ་ཡིན་ནོ། །དེ་ནི་ལྷག་བཅས་ཀྱི་སྒྲའོ། །དེ་ཐོབ་བྱེད་ཀྱི་རྒྱུ་མཐོང་སྒོམ་གྱི་ལམ་གྱི་ཡོན་ཏན་དག་པ་དང་། སོགས་ཁོངས་ནས་གསལ་བ་དང་གཉེན་པོས་སྟེ་རྣམ་པ་གསུམ་ནི་ཆོས་མཐུན་པ་གསུམ་གྱིས་ཉི་མ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ཡིན་ནོ། །ཇི་ལྟར་མཐུན་ན། ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་བཞིན་དུ་ལམ་བདེན་ལ་ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བ་དང་། གཟུགས་གསལ་བར་བྱེད་པ་བཞིན། ཡོན་ཏན་གྱི་ཆོས་རྣམས་སམ། ཤེས་བྱའི་རྣམ་པ་ཐམས་ཅད་སྣང་བར་བྱེད་པ་
(༣༦)དང་། མུན་པ་འཇོམས་པའི་གཉེན་པོ་བྱེད་པ་བཞིན་དུ་དེ་བཞིན་ཉིད་མཐོང་བའི་གེགས་ཐམས་ཅད་ཀྱི་གཉེན་པོ་བྱེད་པའི་ཕྱིར་རོ། །གསུམ་པ་དགེ་འདུན་བཤད་པ་ལ་གསུམ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། ཡོན་ཏན་དེ་དག་གཉིས་སམ་དྲུག་ཏུ་སྒྲུབ་པ། དེ་རྣམས་སྦྱར་ཏེ་རྒྱས་པ་བཤད་པའོ། །དང་པོ་ནི། སེམས་དེ་ནས། དེ་ལ་འདུད། ཅེས་གསུངས་ཏེ། ཚོགས་དགེ་འདུན་རྣམས་ལས་ཁྱད་པར་དུ་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། རང་གི་སེམས་དེ་ནི་གཉེན་པོ་རང་བཞིན་གྱི་འོད་གསལ་བ་མངོན་སུམ་དུ་གྱུར་པས་ན་སྤང་བྱ་ཉོན་མོངས་པའི་ངོ་བོ་གདོད་མ་ནས་སྐྱེ་བ་མེད་པར་གཟིགས་པས་བྱང་ཆུབ་སེམས་དཔའ་གང་དག་འགྲོ་བ་ཀུན་གྱི་རང་བཞིན་གང་ཟག་དང་ཆོས་ཀྱི་བདག་མེད་པའི་མཐའ་འམ་ཆོས་ཉིད་སྤྲོས་པ་ཞི་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་སྒོ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཆོས་ཅན་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོའམ་ཆོས་སྐུ་ཁྱབ་པར་རྗེས་སུ་ཞུགས་པར་གཟིགས་པའི་སྒོ་ནས་ཇི་སྙེད་པ་མཁྱེན་པའི་གཤིས་ཏེ་ཡེ་ཤེས་གཉིས་ནི་རིག་པའི་ཡོན་ཏན་དང་། དེ་དག་ཀྱང་རིམ་པ་ལྟར་ཡུལ་ལ་ཆགས་པ་དང་ཐོགས་པའི་སྒྲིབ་པ་མེད་པའི་བློ་གྲོས་ཏེ་འཇིག་རྟེན་ལས་འདས་པའི་ཤེས་རབ་མངའ་བའི་སྒོ་ནས་སེམས་ཅན་རྣམས་ཀྱི་ཆོས་དབྱིངས་རྣམ་པར་དག་པ་མཁྱེན་པ་དང་། དེ་སེམས་ཅན་མཐའ་ཡས་པ་ལ་ཁྱབ་པར་མཁྱེན་པའི་ཡུལ་ཅན་དང་ལྡན་པའི་ཕྱིར་ཤེས་བྱ་མཐའ་དག་ལ་ཡེ་ཤེས་གཟིགས་པ་རྣམ་པར་དག་པ་མངའ་བ་གྲོལ་བའི་ཡོན་ཏན་དང་ལྡན་པ་དེ་ལའང་དང་བས་འདུད་དོ། །གཉིས་པ་ནི། ཇི་ལྟ་ནས། དང་ལྡན་ཉིད། ཅེས་གསུངས་ཏེ། བཤད་མ་ཐག་པའི་གཞུང་འདིས། ཡོན་ཏན་གཉིས་དང་ལྡན་པའི་དགེ་འདུན་དཀོན་མཆོག་སྟོན་པ་སྟེ། ཡུལ་ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ལ་དམིགས་ནས་འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པར་ནང་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་གཟིགས་པ་ཆགས་
(༣༧)པའི་སྒྲིབ་པས་དག་པའི་ཕྱིར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་དང་། ཡུལ་ཆོས་ཅན་སེམས་ཅན་ཇི་སྙེད་པ་ཐམས་ཅད་ལ་ཆོས་ཀྱི་དབྱིངས་ཁྱབ་པར་ཡོད་པ་ལ་དམིགས་ནས་འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པར་ནང་སོ་སོ་རང་གི་ནི་ཡེ་ཤེས་ཀྱི་གཟིགས་པ་ཐོགས་པའི་སྒྲིབ་པས་དག་པའི་ཕྱིར་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་དེ། དེ་དག་དང་ལྡན་པའི་ཕྱིར་བློ་ལྡན་བྱང་ཆུབ་སེམས་དཔའ་རྫོགས་པའི་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ཚོགས་དགེ་འདུན་དཀོན་མཆོག་རྣམས་ཉན་རང་ལས་མཆོག་ཏུ་གྱུར་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་ཡོན་ཏན་དང་ལྡན་པ་ཉིད་དོ་ཞེས་པའོ། །ཡང་ན་ཇི་ལྟ་བ་དང་ཇི་སྙེད་པ་དང་ནང་གི་ཡེ་ཤེས་ཀྱི་གཟིགས་པ་དང་ལྡན་པའི་ཕྱིར་རིག་པའི་ཡོན་ཏན་གསུམ་དང་། ཆགས་སྒྲིབ་ཐོགས་སྒྲིབ་གཉིས་ཀྱིས་དག་པའི་ཕྱིར་དང་བླ་ན་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་གྲོལ་བའི་ཡོན་ཏན་གསུམ་སྟེ་དྲུག་གི་སྟེང་དབྱེ་གཞི་རིག་གྲོལ་གཉིས་བསྣན་པའི་ཡོན་ཏན་བརྒྱད་ལྡན་ནི་བློ་ལྡན་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་ཚོགས་སུ་གྱུར་པའོ། །དེ་ལ་སྔ་མ་ནི་རྒྱ་འབྲེལ་གྱི་དགོངས་པ་སོར་བཞག་ཡིན་ལ། ཕྱི་མ་ནི་བོད་སྔ་མའི་བཤད་སྲོལ་དང་བསྟུན་དའོ། །གསུམ་པ་ལ་བཞི། ཇི་ལྟ་རྟོགས་ཚུལ། ཇི་སྙེད་རྟོགས་ཚུལ། རྣམ་དག་གི་ཁྱད་པར། དེ་སྐྱབས་གནས་ཀྱི་མཆོག་ཏུ་བཤད་པའོ། །དང་པོ་ནི། འགྲོ་བ་ནས། ཟད་ཕྱིར་རོ། །ཞེས་གསུངས་ཏེ། འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གདོད་མ་ནས་སྤྲོས་པ་ཞི་བའི་ཆོས་ཉིད་ཅན་དུ་སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པའི་ཕྱིར་ན་བྱང་འཕགས་རྣམས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་ལྡན་པ་ཉིད་དེ། དེའང་སེམས་རང་བཞིན་གྱིས་ནི་ཡོངས་སུ་དག་ཅིང་འོད་གསལ་བར་རྟོགས་པའི་ཕྱིར་དང་། དེ་གློ་བུར་གྱི་ཉོན་མོངས་པ་གདོད་མ་ནས་མ་སྐྱེས་པས་ཟད་ཅིང་འགགས་པར་རྟོགས་པའི་ཕྱིར་རོ། །གཉིས་པ་ནི། ཤེས་བྱ་ནས། ཡོད་པ་ཉིད། ཅེས་གསུངས་ཏེ། ཡུལ་ཤེས་བྱའི་དངོས་པོ་ཐམས་ཅད་དང་དེའི་མཐར་ཐུག་དེ་བཞིན་
(༣༨)ཉིད་རྟོགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་བློས་ཐམས་ཅད་མཁྱེན་པའི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཇི་སྙེད་པ་ཐམས་ཅད་ལ་རང་བཞིན་དུ་ཁྱབ་པར་ཡོད་པ་སོ་སོ་རང་རིག་ཡེ་ཤེས་ཀྱི་མངོན་སུམ་དུ་མཐོང་བས་ན་བྱང་འཕགས་རྣམས་ལ་ཆོས་ཅན་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡོད་པ་སྟེ་དེ་དང་ལྡན་པ་ཉིད་དོ། །མཐོང་བ་དེའང་ས་དང་པོ་ནས་སྐྱེ་སྟེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་རྟོགས་པའི་ཕྱིར་རོ་ཞེས་འགྲེལ་པར་གསུངས་སོ། །གསུམ་པ་ནི། དེ་ལྟར་ནས། དག་པ་ཡིན། ཅེས་གསུངས་ཏེ། དེ་ལྟར་ཡེ་ཤེས་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་གང་ཡིན་པ་དེ་ནི་གཞན་དང་ཐུན་མོངས་མ་ཡིན་པར་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ཉིད་ཡིན་ཞིང་། དེ་ཡང་ཐམས་ཅད་ལ་ཁྱབ་པར་རང་བཞིན་གྱིས་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ལ་འཇུག་པས་ཆགས་པ་དང་བཅས་པ་ཉོན་མོངས་པའི་སྒྲིབ་པ་མེད་པས་ཇི་ལྟ་བ་དང་། དེ་ཤེས་བྱའི་དངོས་པོ་ཐམས་ཅད་ལ་ཁྱབ་པར་རྟོགས་པས་ཐོགས་པ་དང་བཅས་པའི་ཤེས་བྱའི་སྒྲིབ་པ་མེད་པས་ཇི་སྙེད་པ་མཁྱེན་པའི་ཕྱིར། ཡེ་ཤེས་གཉིས་པོ་དེ་ནི་ཉི་ཚེ་བའི་ཡེ་ཤེས་ཀྱིས་མཐོང་བ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །བཞི་པ་ནི། ཡེ་ཤེས་ནས། སྐྱབས་ཡིན་ནོ། །ཞེས་གསུངས་ཏེ། ཡེ་ཤེས་གཉིས་ཀྱི་གཟིགས་པ་རིག་པའི་ཡོན་ཏན་དང་ཆགས་ཐོགས་ཀྱི་སྒྲིབ་པ་དག་པ་གྲོལ་བའི་ཡོན་ཏན་དང་ལྡན་པས་ན། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་ལ་ཉེ་བའི་ཕྱིར་ཆོས་ཉིད་མངོན་སུམ་དུ་མཐོང་བའི་འཕགས་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་རྣམས་ནི་ལུས་ཅན་ཀུན་འཁོར་བར་སྡུག་བསྔལ་གྱི་ཚོར་བ་ལས་སྐྱོབ་པའི་སྐྱབས་གནས་སུ་གྱུར་པ་ཡིན་ནོ། །བཞི་པ་སྐྱབས་གསུམ་གྱི་རྣམ་དབྱེ་བསྟན་པ་ལ་གསུམ། སྐྱབས་གསུམ་དུ་བཞག་པའི་དགོས་པ། མཐར་ཐུག་གི་སྐྱབས་ཡིན་མིན། དཀོན་མཆོག་གི་སྒྲ་དོན་བཤད་པའོ། །དང་པོ་
(༣༩)ནི། སྟོན་པ་ནས། བཞག་པ་ཡིན། ཅེས་གསུངས་ཏེ། སྐྱབས་གནས་གསུམ་དུ་རྣམ་པར་བཞག་པའི་དོན་ནི། སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་ཐེག་པ་ཆེན་པོ་པ་སངས་རྒྱས་ཉིད་དོན་དུ་གཉེར་བ་རྣམས་དང་། བྱེད་པ་གསུམ་གྱི་ནང་ནས་སངས་རྒྱས་ལ་རྐང་གཉིས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐྱབས་གནས་གསུམ་གྱི་ནང་ནས་སངས་རྒྱས་ཉིད་སྐྱབས་གནས་དང་པོར་རྣམ་པར་བཞག་པ་ཡིན་ཅིང་། དེ་བཞིན་ཏུ་དམ་པའི་ཆོས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས་རང་སངས་རྒྱས་ཀྱི་ཐེག་པ་པ། རང་ཉིད་རྟེན་འབྲེལ་ཟབ་མོའི་ཆོས་རྟོགས་ཤིང་ཐོབ་པར་འདོད་པ་རྣམས་དང་། ཆོས་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དེ་ཉིད་སྐྱབས་གནས་གཉིས་པར་རྣམ་པར་བཞག་པ་ཡིན་ལ། སློབ་པ་དགེ་འདུན་གྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས། ཉན་ཐོས་ཀྱི་ཐེག་པས་གཞན་གྱིས་བསྟན་པའི་རྗེས་སུ་འབྲང་སྟེ་དེ་ཉིད་ཐོབ་པར་འདོད་པ་རྣམས་དང་། དགེ་འདུན་ལ་ཚོགས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དེ་ཉིད་སྐྱབས་གནས་གསུམ་པར་བཞག་པ་ཡིན་ཏེ། མདོར་བསྡུ་ན། དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གནས་གསུམ་དུ་རྣམ་པར་བཞག་པ་འདི་ནི་སེམས་ཅན་རྣམས་རིམ་གྱིས་གཞུག་པའི་དོན་ཏུ་བསྟན་པར་གསུངས་སོ། །གཉིས་པ་ནི། སྤང་ཕྱིར་ནས། མཐར་ཐུག་ཕྱིར། ཅེས་གསུངས་ཏེ། དེ་ལྟར་ན་སྐྱབས་གནས་གསུམ་ཀ་མཐར་ཐུག་གི་སྐྱབས་ཡིན་ནམ་ཞེ་ན་མ་ཡིན་ཏེ། ལུང་གི་ཆོས་རྣམས་ཆུ་བརྒལ་བའི་གཟིངས་ལྟར་སྤངས་བྱ་ཡིན་པའི་ཕྱིར་དང་། རྟོགས་པའི་ཆོས་ལ་གཉིས་ལས། སློབ་ལམ་རྣམས་རྟོགས་པ་གོང་ནས་གོང་དུ་འཕོ་བས་བསླུ་བ་སྟེ་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། སློབ་པ་
(༤༠)དང་ཐེག་དམན་གྱི་འགོག་བདེན་རྣམས་མཐར་ཐུག་གི་ཡོན་ཏན་དུ་མེད་པའི་ཕྱིར་དང་། སློབ་པ་འཕགས་པ་དང་ཐེག་དམན་དགྲ་བཅོམ་པའི་དགེ་འདུན་རྣམས་སྒྲིབ་པའི་འཇིགས་པ་དང་བཅས་པའི་ཕྱིར། འཇིགས་མེད་ཁྱུ་མཆོག་གི་སར་མ་ཕྱིན་པས་རང་ཉིད་ཀྱང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ཡིན་པའི་ཕྱིར་ན། སློབ་པའི་ལུང་རྟོགས་ཀྱི་ཆོས་རྣམ་པ་གཉིས་དང་སློབ་པ་འཕགས་པའི་ཚོགས་རྣམས་གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ངེས་པ་དམ་པའི་དོན་ཏུ་མཐའ་ཡས་པའི་འགྲོ་བ་ཡི་སྐྱབས་མཐར་ཐུག་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ། ཐུབ་པ་སངས་རྒྱས་ནི་འདོད་ཆགས་དང་བྲལ་བ་མཐར་ཕྱིན་པ་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་། ཚོགས་དགེ་འདུན་ཀྱང་དེའི་ཡོན་ཏན་ཐོབ་ན་མཐར་ཐུག་པའི་ཕྱིར་རོ། །འདིར་སངས་རྒྱས་ལ་མི་ཟད་པའི་སྐྱབས་རྟག་པའི་སྐྱབས་གཡུང་དྲུང་གི་སྐྱབས་དོན་དམ་པའི་སྐྱབས་ཞེས་བཤད་དེ་འཆི་བ་དང་སྐྱེ་བ་དང་རྒ་བ་མེད་ཅིང་མི་སླུ་བའི་དོན་དང་རིམ་བཞིན་སྦྱར་བ་ཡིན་ལ་དེའང་འཕགས་པ་དཔལ་ཕྲེང་གི་མདོའི་དགོངས་པའོ། །གསུམ་པ་ནི། འབྱུང་བ་ནས། དཀོན་མཆོག་ཉིད། ཅེས་གསུངས་ཏེ། དཀོན་མཆོག་ཅེས་པའི་སྒྲ་དོན་གང་ཡིན་སྙམ་ན་རཏྞའི་སྒྲ་ལས་རིན་པོ་ཆེ་དང་ཆོས་མཐུན་པ་རྣམ་པ་དྲུག་གིས་དེར་བཏགས་པ་སྟེ། ཇི་ལྟར་ནོར་བུ་རྙེད་པར་དཀའ་བ་དང་། ངོ་བོ་ལ་དྲི་མ་མེད་པ་དང་། དགོས་འདོད་འབྱུང་བའི་མཐུ་དང་ལྡན་པ་དང་། མཛེས་པས་རྒྱན་དུ་གྱུར་པ་དང་། རིན་པོ་ཆེ་བཅོས་མ་ལས་མཆོག་ཏུ་གྱུར་པ་དང་། བསྟོད་སྨད་སོགས་ཀྱིས་མི་འགྱུར་བ་དེ་ལྟར་སྐྱབས་གསུམ་པོ་འདི་ཡང་དགེ་རྩ་མ་བསྐྲུན་པ་རྣམས་དང་བསྐལ་པ་མང་པོར་ཡང་མི་འཕྲད་པས་འབྱུང་བ་དཀོན་པའི་ཕྱིར་དང་། སྒྲིབ་གཉིས་ཀྱི་དྲི་མ་མེད་པའི་ཕྱིར་དང་། མངོན་ཤེས་སོགས་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་དང་། འཇིག་རྟེན་པའི་བསམ་པ་དགེ་བ་ཐམས་ཅད་རྒྱུ་ཡིན་པས་རྒྱན་དུ་གྱུར་པའི་ཕྱིར་དང་། འཇིག་རྟེན་ལས་འདས་པས་འཇིག་རྟེན་
(༤༡)ལས་མཆོག་ཉིད་ཀྱི་ཕྱིར་དང་ལས་ཉོན་སོགས་ཀྱིས་འདུས་མ་བྱས་པས་འགྱུར་བ་མེད་པའི་ཕྱིར་རིན་པོ་ཆེ་དང་འདྲ་བས་དཀོན་མཆོག་ཅེས་པའི་སྒྲ་ཉིད་ཀྱིས་བསྟན་པའོ། །རྩ་བའི་གཉིས་པ་ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། ཐུན་མོངས་སྤྱིར་བསྟན་པ། བྱེ་བྲག་སོ་སོར་བཤད་པའོ། དང་པོ་ལ་བཞི། གནས་བཞི་སངས་རྒྱས་ཀྱི་ཡུལ་བསྟན་པ། དེ་བསམ་གྱིས་མི་ཁྱབ་པ་བསྟན་པ། དེའི་རྒྱུ་མཚན། རྟོགས་ཚུལ་རྒྱུ་རྐྱེན་གྱིས་དོན་བསྡུ་བའོ། །དང་པོ་ནི། དྲི་བཅས་ནས། ཡུལ་ཉིད་དོ། །ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་དེ་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་སེམས་ཅན་གྱིས་གནས་སྐབས་ལ་དེ་བཞིན་གཤེགས་པའི་སྙིང་པོར་གསུངས་པ་གང་ཡིན་པ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དང་། སྙིང་པོ་དེ་ཉིད་ལམ་གོམས་པ་ལས་གློ་བུར་དྲི་མ་མཐའ་དག་དང་བྲལ་པ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་སངས་རྒྱས་ཀྱི་སའི་གནས་སྐབས་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་གསུང་པ་དྲི་མ་མེད་པའི་དེ་བཞིན་ཉིད་དང་། ཆོས་སྐུ་དེ་ཉིད་དང་འབྲེལ་པའི་སྟོབས་སོགས་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་སངས་རྒྱས་ཀྱི་ཆོས་གང་ཡིན་པ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་དང་། དེའི་ནུས་པས་སོ་སོ་དང་མཐུན་པར་བླ་ན་མེད་པའི་ཕྲིན་ལས་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སྒྲུབ་པ་གང་ཡིན་པ་རྒྱལ་བའི་མཛད་པ་སྟེ། དེ་ལྟར་རྒྱུ་དང་རྐྱེན་གྱི་གནས་བཞི་པོ་གང་ལས་འབྲས་བུ་དཀོན་མཆོག་དགེ་བ་གསུམ་འབྱུང་བའི་ཚུལ་འདི་ནི། ཉན་རང་འཕགས་པ་སོགས་ཀྱིས་བསམ་ཀྱིས་མི་ཁྱབ་སྟེ་ཆོས་ཉིད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་མཐར་ཐུག་པ་དང་ལྔན་པས་སངས་རྒྱས་
(༤༢)རྣམས་ཀྱི་སྤྱོད་ཡུལ་ཁོ་ན་ཉིད་ཡིན་ནོ། །གཉིས་པ་ནི། དཀོན་མཆོག་ནས། བསམ་མི་ཁྱབ། ཅེས་གསུངས་ཏེ། འབྲས་བུ་དཀོན་མཆོག་གསུམ་པོ་འདི་འབྱུང་ཞིང་འགྲུབ་པའི་རིགས་ཏེ། རྒྱུ་དང་རྐྱེན་དུ་གྱུར་པའི་གནས་བཞི་པོ་འདི་དག་གི་ཇི་ལྟ་བའི་དོན་ནི། ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་གཟིས་པ་སངས་རྒྱས་རྣམས་ཁོ་ནའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་ཞིང་། དེ་དག་གི་དོན་ཡང་། ཁམས་ལ་སོགས་པ་རྣམ་པ་བཞི་པོ་འདི་རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ་འཆད་པར་འགྱུར་བའི་རྒྱུ་མཚན་བཞི་དང་ལྡན་པ་ཡིས་ནི་ཕལ་པ་རྣམས་ཀྱིས་ཇི་ལྟ་བ་བཞི་དུ་བསམ་གྱིས་མི་ཁྱབ་བོ། །གསུམ་པ་ནི། དག་དང་ནས། མི་རྟོག་ཕྱིར། ཅེས་གསུངས་ཏེ། གཅིག་ཆར་དུས་གཅིག་ཏུ་སེམས་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་དག་པ་ཡང་ཡིན་ལ། གནས་སྐབས་གློ་བུར་གྱི་དྲི་མས་ཀུན་ནས་ཉོན་མོངས་པ་དང་ལྡན་པ་ཡང་ཡིན་པའི་བསམ་གྱིས་མི་ཁྱབ་པ་ཁམས་ཀྱི་དོན་དང་། སྔར་གློ་བུར་དྲི་མས་ཀུན་ནས་ཉོན་མོངས་པ་ཅུང་ཟད་ཀྱང་མེད་པ་ཡང་ཡིན་ལ། ལམ་གོམས་པ་ལས་ཕྱིས་དྲི་མ་མཐའ་དག་གིས་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་ཡང་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་ཀྱི་དོན་དང་། དོན་དམ་པའི་ཡོན་ཏན་རྣམས་མཐའ་གཅིག་ཏུ་ཀུན་ནས་ཉོན་མོངས་པ་དང་བཅས་པ་སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡང་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་དུ་ཡོད་པའང་ཡིན་ལ་སངས་མ་རྒྱས་བར་དུ་ནུས་པ་མི་འབྱིན་པས་མངོན་ཏུ་གྱུར་པའང་མ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡོན་ཏན་གྱི་དོན་དང་། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་ཅིང་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་གདུལ་བྱའི་སྐལ་བ་དང་མཐུན་པར་རེ་འདོད་སྒྲུབ་པ་ཡང་ཡིན་ལ། འདི་དང་འདི་བྱའོ་སྙམ་པ་ལ་སོགས་པའི་རྣམ་པར་མི་རྟོག་པའང་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཕྲིན་ལས་ཀྱི་དོན་ཏེ། འགལ་བ་གཉིས་གཞི་གཅིག་ལ་འདུ་བ་ལྟར་སྣང་བས་སོ། །དོན་ལ་མི་འགལ་ཏེ། ཁམས་དྲི་མའི་ངོ་བོ་ཉིད་ཀྱིས་སྟོང་པའི་རང་བཞིན་རྣམ་
(༤༣)དག་ཡིན་ལ། མ་དག་པ་ནི་བློ་བུར་གྱི་དྲི་མ་དང་ལྡན་པ་དང་། སྔར་མེད་པ་ནི་དྲི་མ་ཁམས་ཀྱི་རང་བཞིན་དུ་མེད་པ་ཡིན་ལ། ཕྱིས་དག་པ་ནི་དྲི་མ་གསེར་ལ་གཡའ་དག་པའི་ཚུལ་གྱི་དབང་དུ་བྱས་པ་དང་། སོ་སྐྱེའི་གནས་སྐབས་ན་མེད་ནའང་ཕྱིས་དྲི་མས་རྣམ་པར་དག་པ་ན་ཆོས་ཉིད་ལ་རྣམ་པར་དབྱེ་བ་མེད་པའི་ཚུལ་ཀྱིས་ལྡན་པའི་ཕྱིར། དོན་ལ་མི་འགལ་ཏེ། སོ་སྐྱེའི་གནས་སྐབས་སུ་དྲི་མས་མ་དག་པས་ཡོན་ཏན་མེད་ཀྱང་ཕྱིས་དྲི་མས་དག་པ་ན་ཆོས་ཉིད་ལ་ཡོན་ཏན་འབྲལ་མི་རུང་བའི་ཚུལ་དུ་ཡོད་པའི་ཕྱིར་དཔེར་ན་གསེང་གཡས་མ་དག་པའི་གནས་སྐབས་སུ་འོད་མེད་ཀྱང་ཕྱིས་འོད་དབྱེར་མེད་དུ་འཇུག་པ་ལྟ་བུ་དང་། ཕྲིན་ལས་ནི་འོག་གི་རང་ལེ་ནས་དཔེ་དགུས་བསྟན་པར་འགྱུར་བ་ལྟར་རོ། །བཞི་པ་ནི། རྟོགས་བྱ་ནས། རྐྱེན་ཡིན་ནོ། །ཞེས་གསུངས་ཏེ། དེ་ལྟར་དོན་གནས་བཞི་བོ་འདིས་ཀྱང་ཤེས་བྱ་ཐམས་ཅད་བསྡུས་པ་སྟེ། དེ་ལ་དྲི་མ་དང་བཅས་པའི་ཁམས་ནི་རྟོགས་པར་བྱ་བའི་གནས། དྲི་བྲལ་བྱང་ཆུབ་ནི་རྟོགས་པ་རང་གི་ངོ་བོའི་གནས། བྱང་ཆུབ་དང་འབྲེལ་བའི་ཡོན་ཏན་རྣམས་ནི་རྟོགས་པ་དེའི་ཡན་ལག་གི་གནས། དེའི་ནུས་པ་ཕྲིན་ལས་ནི་གཞན་དག་གིས་ཀྱང་ཁམས་དེ་རྟོགས་པར་བྱེད་པའི་གནས་དོན་ལ། དེའི་ཕྱིར་གནས་བཞི་པོ་འདི་དག་ལས་གོ་རིམ་ཇི་ལྟ་བ་བཞིན་དུ་གནས་གཅིག་སྟེ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དེ་ནི་དག་པར་བྱ་བའི་རྒྱུ་ཡིན་ཏེ། དེ་དྲི་མས་རྣམ་པར་དག་པ་ལས་དཀོན་མཆོག་གསུམ་འབྱུང་བའི་ཕྱིར་རོ། །གནས་ཕྱི་མ་གསུམ་ནི་དག་པང་བྱེད་པའི་རྐྱེན་ཡིན་ནོ། །གཉིས་པ་གནས་བཞི་སོ་སོའི་ངོ་བོ་བཤད་པ་ལ་བཞི། རྟོགས་བྱ་ཁམས། རྟོགས་པ་བྱང་ཆུབ། ཡན་ལག་ཡོན་ཏན། བྱེད་པ་ཕྲིན་ལས་ཀྱི། དེའི་དང་པོ་ཁམས་ཀྱི་ངོ་བོ་བཤད་པ་ལ་བཞི། ཁམས་ཀྱི་དོན་མདོར་བསྟན་པ། དགོངས་དོན་རྒྱས་པར་བཤད་པ། ངོ་བོ་མི་འགྱུར་ཡང་དྲི་མ་སྦྱོང་བ་དཔེས་བསྟན་པ། ཁམས་བསྟན་པའི་དགོས་པའོ། །དང་པོ་ནི། རྫོགས་སངས་ནས། སྙིང་པོ་ཅན། ཅེས་གསུངས་ཏེ།
(༤༤)རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི། ཆོས་ཐམས་ཅད་ལ་འཕྲོ་ཞིང་ཁྱབ་པའི་ཕྱིར་དང་། འཁོར་འདས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་རྣམ་པར་དབྱེ་བ་མེད་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་རིགས། ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་སྒྲིབ་པ་སྦྱང་རུང་དུ་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར་ན་ལུས་ཅན་ཀུན་ཀྱང་ཐོག་མ་མེད་པ་ཉིད་ནས་དུས་རྟག་ཏུ་རྒྱུན་མ་ཆད་ད་ར་དོན་དམ་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཏེ། མདོ་ལས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་ལྟར་རོ། །འདི་ལ་རྔོག་ལོ་ཆེན་པོས། རིམ་པ་ལྟར་འབྲས་བུ་དང་རང་བཞིན་དང་རྒྱུའི་བདེ་གཤེགས་སྙིང་པོ་སྟེ། དང་པོ་ཆོས་སྐུ་ནི་དེ་བཞིན་གཤེགས་པ་དངོས་ཡིན་ལ། སེམས་ཅན་གྱི་སྙིང་པོ་ནི་བརྟགས་པ་བ་ཡིན་ཞིང་། སེམས་ཅན་རྣམས་ཀྱིས་ཐོབ་ཏུ་རུང་བའི་ཕྱིར་ཁྱབ་པར་བཤད་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པ་དང་སེམས་ཅན་གཉིས་ཀའི་སྙིང་པོ་དངོས་ཏེ། དེ་བཞིན་ཉིད་རང་བཞིན་རྣམ་དག་ཙམ་གྱི་ལྡོག་པ་ནས་གཉིས་ཀ་ལ་དངོས་སུ་ཡོད་པའོ། །གསུམ་པ་ནི། དེ་བཞིན་གཤེགས་པ་དེའི་རྒྱུ་ཡིན་པས་དེར་བཏགས་ལ། སེམས་ཅན་གྱི་སྙིང་པོ་ནི་དངོས་སོ། །ཞེས་བཤད་དོ། །འདིར་འཕགས་པ་ཐོགས་མེད་ཀྱིས། མདོར་བསྡུ་ན་དོན་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འདྲས་ཉེར་བཏགས་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། དོན་དེ་གསུམ་རྣམ་པ་ཐམས་ཅད་དུ་དོན་གང་གིས་གསུང་རབ་ཐམས་ཅད་དུ་ཁྱད་པར་མེད་པར་བསྟན་པར་འགྱུར་བ་དེའི་དབང་དུ་བྱས་ཏེ་བཤད་པར་བྱའོ། །འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་
(༤༥)པའི་ཆོས་ཀྱི་སྐུས་འཕྲོ་བའི་དོན་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྣམ་པར་དབྱེར་མེད་པའི་དོན་དང་། དེ་བཞིན་གཤེགས་པའི་རིགས་ཡོད་པའི་དོན་གྱིས་སོ། །ཞེས་སོགས་གསུངས་སོ། །འབྲེལ་བའི་དཔེ་རྒྱུན་ཁ་ཅིག་ཏུ་ཚིགས་བཅད་འདི་མ་བྱུང་ཡང་། འགོས་ལོ། །དཀོན་གཞོན། རོང་སྟོན་སོགས་ཀྱིས་རྒྱས་པར་དྲངས་ཤིང་འཆད་པ་དང་། ཇོ་ནང་རྗེ་བཙུན་ཆེན་པོ་སོགས་ཀྱིས་རྒྱས་པར་འགྲེལ་ཡང་ད་ལྟའི་དཔེ་རྒྱུན་རྣམས་སུ་ཆད་པར་མངོན་ནོ། །གཉིས་པ་ལ་གསུམ། སྡོམ་ཚིག་གིས་མདོར་བསྟན། དེའི་དོན་རྒྱས་པར་དབྱེ། བཤད་པའི་དོན་བསྡུ་བའོ། །དང་པོ་ནི། ངོ་བོ་ནས། ཡིན་ཅེས་བྱ། ཞེས་གསུང་ཏེ། ངོ་བོ་དང་རྒྱུ་ལས་དག་པའི་དོན། འབྲས་བུ་དང་བྱེད་ལས་འགྲུབ་པའི་དོན། ཡོན་ཏན་གྱི་ཚོགས་དང་ལྡན་པའི་དོན། གང་ཟག་གི་དབྱེ་བས་འཇུག་པའི་དོན། གནས་སྐབས་ཀྱི་མིང་ཙམ་ཕྱེ་བའི་དོན། དེ་བཞིན་ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན། དུས་རྟག་ཏུ་འགྱུར་བ་མེད་པའི་དོན། ཡོན་ཏན་རྣམས་རྣམ་པར་དབྱེ་བ་མེད་པའི་དོན་ཏེ། དོན་རྣམ་པ་བཅུ་ནི་ཚོས་ཉིད་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་དགོངས་པའི་དོན་ལེགས་པར་རྣམ་པར་ཕྱི་སྟེ་གཏན་ལ་འབེབས་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ་བརྒྱད། ངོ་བོ་དང་རྒྱུའི་དོན། འབྲས་བུ་དང་ལས་ཀྱི་དོན། ལྡན་པའི། འཇུག་པའི། གནས་སྐབས་ཀྱི། ཀུན་ཏུ་འགྲོ་བའི། མི་འགྱུར་བའི། དབྱེ་བ་མེད་པའི་ཡོན་ཏན་གྱི་དོན་ནོ། །དང་པོ་ལ་གཉིས། དག་བྱ་དག་བྱེད་ཐུན་མོང་དུ་བསྟན། སོ་སོའི་ངོ་བོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནས། རིན་ཆེན་ནས། ལས་བྱུང་བ། ཞེས་གསུངས་ཏེ། ནོར་བུ་རིན་པོ་ཆེ་དང་ནམ་མཁའ་དང་ཆུ་བོ་རྣམས་རང་བཞིན་གྱིས་དག་པ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་ཀྱང་རྟག་ཏུ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པའི་དྲི་མ་མེད་ཅིང་རྣམ་པར་དག་པ་ནི་ངོ་བོ་ཉིད་ཀྱི་དོན་ཡིན་ལ། ཐེག་པ་ཆེན་
(༤༦)པོའི་ཆོས་ལ་མོས་པ་དང་བདག་མེད་རྟོགས་པའི་ལྷག་པའི་ཤེས་རབ་དང་བདེ་བ་དང་ལྡན་པའི་ཏིང་ངེ་འཛིན་ཚད་མེད་པ་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་རྣམས་ནི་གློ་བུར་གྱི་དྲི་མ་རྣམ་པར་དག་པར་བྱེད་པའི་རྒྱུ་ཡིན་ཞིང་། དེ་རྣམས་ལས་བྱུང་བ་ནི་རྟོགས་པ་བྱང་ཆུབ་ཏུ་ཤེས་པར་བྱའོ། །གཉིས་པ་ལ་གཉིས། དག་བྱ་ངོ་བོའི་དོན། དག་བྱེད་རྒྱུའི་དོན་ནོ། །དང་པོ་ནི། མཐུ་དང་ནས། ཆོས་མཐུན་ཉིད། ཅེས་གསུངས་ཏེ། གོང་དུ་བཤད་པའི་རང་བཞིན་གསུམ་པོ་སོ་སོའི་རང་གི་མཚན་ཉིད་ལས་བརྩམས་ཏེ་ཆོས་སྐུ་ནི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པའི་མཐུ་དང་ལྡན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་ཞིང་། དེ་བཞིན་ཉིད་ནི་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་ན་ནམ་མཁའ་དང་ཆོས་མཐུན་ལ། རིགས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེས་བརླན་པ་དང་བཅས་པའི་ངོ་བོའི་རང་ཡིན་པའི་ཕྱིར་ཆུའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །གསུམ་ཀའི་སྤྱིའི་མཚན་ཉིད་ལས་བརྩམས་ནས་གཏན་དུ་དྲི་མ་མེད་ཅིང་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་དང་། ནམ་མཁའ་དང་ཆུ་རྣམས་རང་བཞིན་གྱིས་དག་པའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་དོ། །གཉིས་པ་ལ་གཉིས། སྤོང་བྱ་སྒྲིབ་པ་བཞི་སྤོང་ཚུལ་དང་། གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ་ལོ། །དང་པོ་ནི། ཆོས་ལ་ནས། རྣམ་བཞི་ཉིད། ཞེས་གསུངས་ཏེ། སྤྱིར་སེམས་ཅན་གྱི་རིས་ལ་སྲིད་པ་འདོད་པ། སྲིད་བྲལ་འདོད་པ། གཉིས་ཀ་མི་འདོད་པ་དང་གསུམ་ཡོད་པས། རྟེན་དེའི་རྒྱུད་ལ་འབྱུང་བའི་སྒྲིབ་པ་སྤང་བྱ་རྣམ་པ་བཞི་ཡོད་དེ། ཐེག་པ་ཆེན་པོའི་ཆོས་ལ་ཁོང་ཁྲོ་བ་དང་། གང་ཟག་ལ་སོགས་པའི་བདག་ཏུ་བལྟ་བ་དང་། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་རང་ཉིད་ཞི་བདེ་འདོད་པ་དང་། སེམས་ཅན་གྱི་དོན་སྒྲུབ་པ་ལ་ལྟོས་པ་མེད་པ་ཉིད་གོ་རིམ་བཞིན་ཏུ། སྲིད་པ་འདོད་པ་རིགས་ཆད་དང་། འཁོར་བར་ངེས་པར་ལྟུང་བ་འདོད་
(༤༧)ཆེན་པ་དང་། སྲིད་བྲལ་འདོད་ཀྱང་ཐབས་མ་ཡིན་པ་ལ་ཞུགས་པ་མུ་སྟེགས་པ་དང་། སྲིད་བྲལ་འདོད་ཅིང་ཐབས་ལ་ཞུགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་འགྱུར་བའི་གེགས་སྒྲིབ་པ་རྣམ་པ་བཞི་ཡིན་ཏེ། དེའང་དང་པོས་ཆོས་ཀྱི་སྐུ་ གཙང ་བ། གཉིས་པས་བདག་དམ་པ། གསུམ་པས་བདེ་བ་དམ་པ། བཞི་པས་ཆོས་སྐུ་རྟག་པ་དམ་པ་ལ་སྒྲིབ་པར་བྱེད་ཅིང་། དེ་རྣམས་དག་པར་བྱེད་པའི་རྒྱུ་ནི་དམ་པའི་ཆོས་ལ་ལྷག་པར་མོས་པ་རྣམས་དང་། ལ་སོགས་པའི་སྒྲས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཏིང་ངེ་འཛིན་ཚད་མེད་པ་དང་། སྙིང་རྗེ་ཆེན་པོ་སྟེ་ལམ་གྱི་ཆོས་ནི་རྣམ་པ་བཞི་པོ་ཉིད་ཡིན་ནོ། །གཉིས་པ་ནི། ཐེག་མཆོག་ནས། རྗེས་སྐྱེས་སྲས། ཞེས་གསུངས་ཏེ། དཔེར་ན་འཁོར་ལོས་སྒྱུར་རྒྱལ་གྱི་སྲས་ནི་རྒྱལ་པོའི་ས་བོན་དང་། དེའི་བཙུན་མོ་དམ་པ་དང་། དེའི་མངལ་གྱི་གནས་མ་ཉམས་པ་དང་། སྐྱེད་བསྲིང་པའི་མ་མ་ཁྱད་པར་ཅན་ཏེ་རྒྱུ་བཞིས་རྒྱལ་པོའི་གདུང་འཚོབ་པར་བྱེད་ནུས་པ་བཞིན་ཏུ། ཐེག་པ་མཆོག་ལ་མོས་པ་ནི་སངས་རྒྱས་ཀྱི་ས་བོན་དང་། གནས་ལུགས་རྟོགས་པའི་ཤེས་རབ་ནི་སངས་རྒྱས་ཀྱི་ཆོས་བསྐྱེད་པར་བྱེད་པའི་མ་དང་། ནམ་མཁའ་མཛོད་སོགས་བསམ་གཏན་གྱི་བདེ་བ་ནི་འཕེལ་བྱེད་ཡིན་པས་མངལ་གྱི་གནས་ལྟ་བུ་དང་། སྙིང་རྗེ་ཆེན་པོ་སྐྱེད་བསྲིང་བྱེད་ཡིན་པས་མ་མ་ལྟ་བུ་སྟེ། ཆོས་བཞི་ལས་སྐྱེས་པ་ཅན་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་རྒྱལ་བའི་སྲས་ཞེས་བྱ་བ་ཡིན་ཏེ། ཐུབ་པའི་རྗེས་སུ་སྐྱེས་ཤིང་གདུང་འཚོབ་པར་ནུས་པའི་ཕྱིར་རོ། །གཉིས་པ་འབྲས་བུ་དང་ལས་ཀྱི་དོན་ལ་གཉིས། འཐོབ་བྱ་འཐོབ་བྱེད་ཐུན་མོང་དུ་བསྟན་པ་དང་། སོ་སོའི་ངོ་བོ་ཁྱད་པར་དུ་བཤད་པའོ། །དང་པོ་ནི། གཙང ་བདག་ནས། ལས་ཅན་ནོ། །ཞེས་གསུངས་ཏེ། དོན་དམ་པའི་དབྱིངས་དེ་ཁྱད་པར་གཉིས་དང་ལྡན་ཏེ་ གཙང ་བ་དམ་པ་དང་བདག་དམ་པ་བདེ་བ་དམ་པ་རྟག་པ་དམ་པ་ཉིད་ནི་ཡོན་ཏན་བཞིའི་ཕ་རོལ་ཏུ་ཕྱིན་འབྲས་བུའི་ཁྱད་པར་དང་། འཁོར་བའི་སྡུག་བསྔལ་ལས་ཡིད་
(༤༨)འབྱུང་ཞིང་ཞི་བ་མྱང་འདས་ཐོབ་པར་འདུན་པ་དང་སྨོན་པའི་ལས་ཅན་ཡིན་པས་བྱེད་ལས་ཀྱི་ཁྱད་པར་ཏེ་རྣམ་པ་གཉིས་དང་ལྡན་པའོ། །གཉིས་པ་ལ་གཉིས། ཐོབ་བྱ་འབྲས་བུའི་དོན་དང་། ཐོབ་བྱེད་ལས་ཀྱི་དོན་ནོ། །དང་པོ་ལ་གསུམ། སྤང་བྱ་ཕྱིན་ཅི་ལོག་སྤོང་ཚུལ། སྤང་པས་འབྲས་བུ་བཞི་འཐོབ་ཚུལ། ཐོབ་པས་མཐའ་གཉིས་ལས་གྲོལ་ཚུལ་ལོ། །དང་པོ་ནི། འདི་དག་ནས། ཕྱེ་བ་ཉིད། ཅེས་གསུངས་ཏེ། མོས་པ་དང་ཤེས་རབ་དང་བསམ་གཏན་དང་སྙིང་རྗེ་སྟེ་ཆོས་ཀྱི་དབྱིངས་དག་པར་བྱེད་པའི་རྒྱུ་བཞི་པོ་འདི་དག་གི་འབྲས་བུ་ནི་མདོར་བསྡུ་ན་རྣམ་པ་བཞི་ཡིན་ཏེ་ཆོས་ཀྱི་སྐུ་ལ་བྱིས་པས་ གཙང ་བདག་བདེ་དང་རྟག་པར་མངོན་པར་ཞེན་པ་སྟེ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་རྣམ་པ་བཞི་པོ་དེ་ལས་ལྡོག་པ་ཉན་རང་གིས་མི་ གཙང ་བདག་མེད་སྡུག་བསྔལ་མི་རྟག་པར་ཞེན་པས་དེའི་གཉེན་པོར་ཆོས་སྐུ་ གཙང ་སོགས་བཞིའི་ཕ་རོལ་ཏུ་ཕྱིན་པར་བྱེད་པས་རབ་ཏུ་ཕྱེ་བ་ཉིད་ཐོབ་བོ། །གཉིས་པ་ནི། དེ་ནི་ནས། རྟོགས་ཕྱིར་རྟག །ཅེས་གསུངས་ཏེ། འབྲས་བུ་སངས་རྒྱས་ཀྱི་ཆོས་སྐུ་དེ་ནི་སྤྱིའི་མཚན་ཉིད་རང་བཞིན་གྱིས་གདོད་མ་ནས་ཡོངས་སུ་དག་པའི་ཕྱིར་དང་། ཁྱད་པར་གྱི་མཚན་ཉིད་གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པའི་ཕྱིར་ གཙང ་བའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། མུ་སྟེགས་ལ་སོགས་པས་བརྟགས་པའི་བདག་ཏུ་འཛིན་པའི་སྤྲོས་པ་དང་། ཉན་ཐོས་ལ་སོགས་པས་བརྟགས་པའི་བདག་མེད་པར་འཛིན་པའི་སྤྲོས་པ་མཐའ་དག་ཉེ་བར་ཞི་བས་ཏེ། དམ་པའི་བདག་གི་ཕ་རོལ་དུ་ཕྱིན་པ་ཡིན་ཞིང་། སྡུག་བསྔལ་མ་ལུས་པ་འགགས་པས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང་། ཀུན་འབྱུང་མཐའ་དག་སྤངས་པས་དེའི་རྒྱུ་མ་རིག་བག་ཆགས་ཀྱི་སའི་ཉོན་མོངས་པ་དང་། ཟག་པ་མེད་པའི་ལས་ཐམས་ཅད་ཀྱང་ལོག་ཅིང་ཟད་པའི་ཕྱིར་བདེ་བའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ། །འབྲས་བུ་དང་མྱ་ངན་ལས་འདས་པ་ལ་བླང་དོར་ཐ་དད་མ་ཡིན་པ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་དོན་གཉིས་རྒྱུན་མི་འཆད་ཅིང་རྟག་
(༤༩)པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །འདིར་ཀུན་མཁྱེན་དོལ་པོ་པ་ཆེན་པོས། དེའང་དོན་དམ་པའི་དབྱིངས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། འཁོར་བ་མི་རྟག་པའི་སྐྱོན་དབྲི་བར་བྱ་བ་ཅུང་ཟད་ཀྱང་མེད་པས་ཆད་པའི་མཐར་མ་ལྷུང་ཞིང་། གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། མྱ་ངན་ལས་འདས་པ་རྟག་པའི་ཡོན་ཏན་བསྣན་པར་བྱ་བ་ཅུང་ཟད་ཀྱང་མེད་པས་རྟག་པའི་མཐར་མ་ལྷུང་བས། མཐའ་གཉིས་དང་བྲལ་བའི་མྱ་ངན་ལས་འདས་པ་ཉིད་དུ་གྲུབ་བོ། །ཞེས་གསུངས་སོ། །གསུམ་པ་ནི། བདག་སྲིད་ནས། འདའ་མི་འགྱུར། ཅེས་གསུངས་ཏེ། ཕུང་པོ་ལ་བདག་ཏུ་སྲེད་ཅིང་ཆགས་པ་བག་ལ་ཉལ་དང་བཅས་པ་མ་ལུས་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅད་དེ་སྤངས་པའི་ཕྱིར་འདོད་ཆེན་པ་བཞིན་ཏུ་སྲིད་པའི་མཐར་ལྷུང་བ་མ་ཡིན་ལ། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སྲེད་ཅིང་ཆགས་པས་དེ་དག་གི་དོན་སྒྲུབ་པའི་ཕྱིར་བརྩེ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དང་རང་སངས་རྒྱས་བཞིན་དུ་སྡུག་བསྡལ་ཞི་བ་ཙམ་ཐོབ་པའི་མཐར་ལྷུང་བ་ཡང་མིན་པ་དེ་ལྟར་ན། བདག་མེད་རྟོགས་པས་ཤེས་རབ་ཀྱི་བློ་དང་། སེམས་ཅན་ལ་དམིགས་པའི་བརྩེ་བ་སྙིང་རྗེ་ཆེན་པོ་སྟེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཐབས་ཁྱད་པར་ཅན་གཉིས་པོ་དེ་དག་ལ་བརྟེན་ནས་གོམས་པ་བྱེད་པའི་རྒྱལ་སྲས་འཕགས་པ་རྣམས་ནི་སྲིད་པ་འཁོར་བའམ་ཞི་བ་མྱ་ངན་ལས་འདས་པ་གང་རུང་གི་མཐའ་ལ་གནས་པར་མི་འགྱུར་ཞིང་མི་གནས་པའི་མྱ་ངན་ལས་འདས་པ་མངོན་ཏུ་བྱེད་པ་ཡིན་ནོ། །གཉིས་པ་ཐོབ་བྱེད་ལས་ཀྱི་དོན་ལ་གཉིས། རིགས་ཀྱི་ལས་ལྡོག་པའི་སྒོ་ནས་བསྟན་པ་དང་། ནུས་པའི་ཁྱད་པར་རྗེས་འགྲོའི་ཚུལ་གྱིས་བསྟན་པའོ། །དང་པོ་ནི། གལ་ཏེ་ནས། མེད་པར་འགྱུར། ཅེས་གསུངས་ཏེ། རྟག་པ་མཐའ་བཟུང་པའི་ཚུལ་གྱིས་གལ་ཏེ་སངས་རྒྱས་ཀྱི་ཁམས་མེད་ན་སྐྱེ་བོ་སུའང་འཁོར་བའི་སྡུག་བསྔལ་ལ་སྐྱོ་བར་མི་འགྱུར་ཞིང་མྱ་ངན་ལས་འདས་པ་ལ་ཐབ་པར་འདོད་པའི་བློ་དང་
(༥༠)ཐོབ་པའི་ཐབས་འཚལ་པའི་དོན་གཉེར་དང་ཐོབ་ན་བསམ་པའི་སྨོན་པའང་མེད་པར་འགྱུར་བ་ལས་སྐྱོ་བ་བསྐྱེད་པ་སོགས་ཡོད་པ་དེ་རིགས་ཀྱི་བྱེད་ལས་ཡིན་པའི་ཕྱིར་རིགས་ཡོད་པར་གྲུབ་བོ། །གཉིས་པ་ནི། སྲིད་དང་ནས། མེད་ཕྱིར་རོ། །ཞེས་གསུངས་ཏེ། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། མཐུན་པའི་ཡུལ་ན་གནས་པ་དང་། སྔོན་དགེ་བ་བྱས་པ་དང་། ཡང་དག་པའི་སྨོན་ལམ་བཏབ་པ་སྟེ་འཁོར་ལོ་བཞི་དང་ལྡན་པའི་གང་ཟག་སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པ་དག་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དེ་དང་དེའི་སྡུག་བསྔལ་བ་དང་། བདེ་བའི་སྐྱོན་དང་ཡོན་ཏན་དག་མཐོང་ནས་སྲིད་པ་སྡུག་བསྔལ་ཀྱི་སྐྱོན་གྱི་ཡིད་འབྱུང་བ་དང་། མྱང་ངན་ལས་འདས་པའི་བདེ་བའི་ཡོན་ཏན་ལ་སྤྲོ་བ་འདི་དག་ནི་སངས་རྒྱས་ཀྱི་རིགས་ཡོད་པ་ལས་འབྱུང་བ་ཡིན་ནོ། །རྒྱུ་མཚན་ནི། གང་གི་ཕྱིར་ཞེ་ན། བླང་དོར་གྱི་བློ་དེ་དག་རེ་ཤིག་རྒྱས་འགྱུར་གྱི་རིགས་མེད་པའི་ལོག་སྲེད་ཅན་དག་ལ་ནི་ཇི་སྲིད་ཐེག་པ་གསུམ་ལ་གང་ཡང་རུང་བའི་ཆོས་ལ་མོས་པ་མ་སྐྱེས་པ་དེ་སྲིད་དུ་སྲིད་ཞིའི་སྐྱོན་ཡོན་མཐོང་བ་འདི་མེད་པའི་ཕྱིར་རོ། །འདིར་རང་བཞིན་གནས་རིགས་མེད་པ་ནི་མི་སྲིད་པས་དབྱེ་བ་ཕྱེ་ནས་འཆད་པ་འདི་ལེགས་ཤིང་། རིགས་མ་སད་པ་ལ་རིགས་མེད་པའི་སྒྲས་བསྟན་པར་བཤད་པའང་སྣད་ངོ་། །གསུམ་པ་ལྡན་པའི་དོན་ལ་གཉིས། རྒྱུ་འབྲས་གྱི་ཡོན་ཏན་ཐུན་མོང་དུ་བསྟན། སོ་སོའི་ངོ་བོ་ཁྱད་པར་བཤད་པའོ། །དང་པོ་ནི། རྒྱ་མཚོ་ནས། མར་མེ་བཞིན། ཅེས་གསུངས་ཏེ། ཁམས་དེ་ལ་རྒྱུ་དང་འབྲས་བུའི་ཡོན་ཏན་རྣམ་པ་གཉིས་དང་ལྡན་ཏེ། དེ་ལ་རྒྱུའི་ཡོན་ཏན་ནི། དཔེར་ན་རྒྱ་མཚོ་ཆེན་པོ་སྣོད་ཡངས་པར་རིན་པོ་ཆེ་དང་ཆུ་དཔག་མེད་འདུ་བ་བཞིན། དེ་བཞིན་གཤེགས་པའི་ཁམས་ཀྱང་མོས་པའི་སྣོད་དང་ཤེས་རབ་དང་ཏིང་ངེ་འཛིན་གྱི་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པ་དང་སྙིང་རྗེའི་ཆུ་མི་ཟད་པའི་གནས་ཡིན་ལ། འབྲས་བུའི་ཡོན་ཏན་ནི། མངོན་ཤེས་དང་པོ་ལྔ་དང་ཟག་མེད་ཀྱི་ཡེ་ཤེས་དང་སྤངས་པ་རྣམས་དབྱེར་
(༥༡)མེད་པའི་ཡོན་ཏན་དང་ལྡན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དཔེར་ན། མར་མེ་ལ་སྣང་བ་དྲོ་བ་ཁ་དོག་གི་ཆོས་གསུམ་དབྱེར་མེད་པ་བཞིན་ནོ། །གཉིས་པ་ལ་གཉིས། རྒྱུའི་ལྡན་པ་དང་། འབྲས་བུའི་ལྡན་པའོ། །དང་པོ་ནི། ཆོས་སྐུ་ནས། མཚུངས་པར་བསྟན། ཅེས་གསུངས་ཏེ། ཆོས་སྐུ་རྣམ་པར་དག་པའི་རྒྱུ་མོས་པ་དང་། རྒྱལ་བའི་ཡེ་ཤེས་ཐོབ་པའི་རྒྱུ་ཤེར་ཏིང་དང་། ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུའམ་ཁམས་ནི་སྙིང་རྗེ་སྟེ་དེ་མ་ལུས་པ་བསྡུས་ཤིང་གནས་པའི་ཕྱིར་ན། སྣོད་ཡངས་པ་དང་རིན་ཆེན་དང་ཆུ་ཡི་དཔེ་སྟེ། ཆོས་མཐུན་པ་གསུམ་པོ་ཡིས་ཆོས་ཀྱི་དབྱིངས་འདི་རྒྱ་མཚོ་ཆེན་པོ་དང་ནི་མཚུངས་པ་བསྟན་ཏོ། །གཉིས་པ་ནི། དྲི་མེད་ནས། ཆོས་མཚུངས་ཉིད། ཅེས་གསུངས་ཏེ། རང་བཞིན་གྱིས་དྲི་མ་མེད་པའི་གནས་ཁམས་བདེ་གཤེགས་སྙིང་པོ་ལ། མངོན་ཤེས་དང་པོ་ལྔ་ཡིས་མི་མཐུན་ཕྱོགས་ཀྱི་མུན་པ་འཇོམས་པ་དང་། ཟག་མེད་ཡེ་ཤེས་ཀྱིས་སྒྲིབ་པ་དང་། དྲི་མ་མེད་པའི་སྤངས་པ་དག་ལ་འོད་གསལ་བས་ཁྱད་པར་གྱི་ཆོས་མཚུངས་དེ་དག་ཉིད་དང་། སྤྱིའི་ཆོས་མཚུངས་མར་མེའི་ཁྱད་ཆོས་གསུམ་དབྱེར་མེད་པ་བཞིན་དུ་མི་སློབ་པའི་ཆོས་བདུན་པོ་འདི་དག་ཁམས་དང་རྣམ་པར་དབྱེ་བ་མེད་པར་ལྡན་པའི་ཕྱིར་དཔེར་ན་མར་མེའི་སྣང་བ་དང་དྲོ་བ་དང་མདོག་རྣམས་དང་དེ་དག་དབྱེར་མེད་གནས་པ་དང་ཆོས་མཚུངས་པ་ཅན་སྟེ། དེས་ན་མི་སློབ་པའི་ཆོས་བདུན་པོ་ཁམས་ཀྱི་འབྲས་བུར་ལྡན་པ་འབྲས་བུའི་ལྡན་པ་ཡིན་ནོ། །བཞི་པ་འཇུག་པའི་དོན་ལ་གཉིས། རྒྱུ་མཚན་མདོར་བསྟན་པ། དེ་རྒྱས་པར་བཤད་པའོ། དང་པོ་ནི། སོ་སོ་ནས། འདི་བསྟན་ཏོ། །ཞེས་གསུངས་ཏེ། །སོ་སོ་སྐྱེ་བོའི་དེ་བཞིན་ཉིད་དང་། འཕགས་པའི་དེ་བཞིན་ཉིད་དང་། རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་གསུམ་དུ་རབ་ཏུ་དབྱེ་བའི་འཇུག་པ་ལས་བརྩམས་ནས་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པ་ཐམས་ཅད་མཁྱེན་པས་གདུལ་བྱར་གྱུར་པའི་སེམས་ཅན་སྐལ་པ་དང་ལྡན་པ་རྣམས་ལ། རྒྱལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་རང་བཞིན་
(༥༢༈༈གྱིས་རྣམ་པར་དག་པ་འདི་ཤིན་ཏུ་གསལ་བར་བསྟན་ཏོ། །གཉིས་པ་ནི། སོ་སོ་ནས། སྤྲོས་མེད་ཉིད། ཅེས་གསུངས་ཏེ། བློའི་འཇུག་ཚུལ་གསུམ་གྱི་ཁྱད་པར་ཡོད་དེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་རྟག་པར་འཛིན་པས་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་འཇུག་ཅིང་། བདེན་པ་བཞི་མཐོང་བའི་སློབ་པ་འཕགས་པ་རྣམས་ཕྱིན་ཅི་ལོག་དེ་ལས་ཟློག་པ་སྟེ་རྟག་འཛིན་མངོན་གྱུར་པ་སྤངས་པའི་ཚུལ་གྱིས་འཇུག་པ་དེ་བཞིན་གཤེགས་པ་ནི་སྒྲིབ་གཉིས་སྤངས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་ཅིང་སྤྲོས་པ་མེད་པ་ཉིད་དུ་འཇུག་པ་སྟེ། དེ་ལྟར་རྟེན་གྱི་གང་ཟག་གསུམ་དུ་རྣམ་པར་དབྱེ་བའི་སྒོ་ནས་བརྟེན་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱང་རྣམ་པ་གསུམ་དུ་འགྱུར་རོ། །འདི་མན་ཆད་དོན་རྣམ་པ་བཞིས་ནི་འཇུག་པའི་དོན་ཉིད་ཚུལ་གཞན་གྱིས་འཆད་པའང་ཤེས་པར་བྱའོ། །ལྔ་པ་གནས་སྐབས་ཀྱི་དོན་ལ་གཉིས། སྐབས་གསུམ་དུ་མིང་འདོགས་ཚུལ་དང་། མིང་གསུམ་གྱིས་དོན་དྲུག་བསྡུས་ཚུལ་ལོ། །དང་པོ་ནི། མ་དག་ནས། ཞེས་བརྗོད་དོ། །ཞེས་གསུངས་ཏེ། དོན་དམ་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་གློ་བུར་གྱི་དྲི་མ་ཅུང་ཟད་ཙམ་མ་དག་པའི་གནས་སྐབས་དང་། མཐོང་སྒོམ་གྱི་སྤང་བྱ་ཐམས་ཅད་ཀྱིས་ནི་མ་དག་ལ་ཅི་རིགས་པ་དག་པའི་གནས་སྐབས་དང་། སྒྲིབ་གཉིས་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་གསུམ་དུ་གོ་རིམ་བཞིན་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་ཐ་དད་པ་གསུམ་གྱིས་བརྗོད་ཅིང་བསྟན་ཏོ། །འདི་ནི་འཇུག་ཚུལ་གསུམ་ཡོད་པ་དེ་ལྟ་ན། དེ་བཞིན་ཉིད་ལ་རིགས་མི་འདྲ་བའི་དབྱེ་བ་ཡོད་དམ་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར་དུ་གཟུང་འདི་གསུངས་པ་ཡིན་ནོ། །གཉིས་པ་ནི། ངོ་བོ་ནས། བསྟན་པ་ཡིན། །ཅེས་གསུངས་སྟེ། ངོ་བོ་ཉིད་ཀྱི་དོན་ལ་སོགས་པའི་སྒྲས་རྒྱུའི་དོན་དང་། འབྲས་བུའི་དོན་དང་ལས་ཀྱི་དོན་དང་ལྡན་པའི་དོན་དང་འཇུག་པའི་དོན་ཏེ། དོན་འདི་དྲུག་གིས་ནི་བསྡུས་ནས་གོང་དུ་རྒྱས་པར་)༥༣
(བཤད་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་འདི་ནི། མ་དག་པ་དང་། མ་དག་དག་པ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་གསུམ་པོ་དག་ཏུ་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་གསུམ་གྱིས་ནི་བཏགས་ནས་ཐ་དད་པ་ཙམ་དུ་བསྟན་པ་ཉིད་ཡིན་གྱི། དོན་གྱི་ངོ་བོ་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དྲུག་པ་ཀུན་ཏུ་འགྲོ་བའི་དོན་ལ་གཉིས། ངོ་བོ་བསྟན་པ་དང་། རྣམ་དབྱེ་བཤད་པའོ། །དང་པོ་ནི། ཇི་ལྟར་ནས། འགྲོ་བ་ཉིད། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན་རྟོག་པ་མེད་ཅིང་སྒྲིབ་པ་མེད་པའི་བདག་ཉིད་ཅན་གྱི་ནམ་མཁའ་གཟུགས་ཅན་ཐམས་ཅད་ལ་དབྱེར་མེད་པར་ཀུན་ཏུ་རྗེས་སུ་སོང་ཞིང་ཁྱབ་པ་ལྟར། སེམས་ཀྱི་རང་བཞིན་འོད་གསལ་གདོད་མ་ནས་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་དུ་གང་ཟག་གི་གནས་སྐབས་ཐམས་ཅད་ལ་དབྱེར་མེད་ཅིང་ཀུན་ཏུ་འགྲོ་བར་ཁྱབ་པ་ཉིད་དོ། །གཉིས་པ་ནི། དེ་སྤྱིའི་ནས། ནམ་མཁའ་བཞིན། ཅེས་གསུངས་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དམ་ཆོས་ཉིད་ཡིན་པའི་ཕྱིར་ཉེས་པ་དང་བཅས་པའི་སོ་སོ་སྐྱེ་བོ་དང་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དང་། ཡོན་ཏན་མཐར་ཐུག་པའི་དེ་བཞིན་གཤེགས་པའི་གནས་སྐབས་ཐམས་ཅད་ལ་མཚུངས་པར་རྗེས་སུ་ཞུགས་ཤིང་ཁྱབ་པ་ཡིན་ཏེ། དཔེར་ན་གཟུགས་ཀྱི་རྣམ་པ་དམན་པ་སའི་སྣོད་དང་། བར་མ་ཟངས་ཀྱི་སྣོད་དང་། མཆོག་གསེར་གྱི་སྣོད་ཐམས་ཅད་ལ་ནམ་མཁའ་རྗེས་སུ་སོང་ཞིང་ཁྱབ་པ་བཞིན་ནོ། །བདུན་པ་མི་འགྱུར་བའི་དོན་ལ་གཉིས། ངོ་བོ་མདོར་བསྟན་པ། གནས་སྐབས་གསུམ་དུ་མི་འགྱུར་བའི་རྒྱས་བཤད་དོ། །དང་པོ་ནི། ཉེས་པ་ནས། ཆོས་ཉིད་དོ། །ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་ལ་གནས་སྐབས་གསུམ་དུ་ཡོད་ཀྱང་འགྱུར་མེད་མིན་པའི་སྐྱོན་མེད་དེ། མ་དག་པའི་གནས་སྐབས་སུ་ཉེས་པ་རྣམས་སྤང་རུང་གི་བློ་བུར་བ་ཉིད་དང་ལྡན་གྱི། བདེན་པར་གྲུབ་པ་ནི་མིན་པ་དང་། དག་པའི་གནས་སྐབས་སུ་གྱུར་པའི་ཡོན་)༥༤
(ཏན་གྱི་རང་བཞིན་རྣམས་ལྷུན་གྲུབ་ཉིད་དུ་ལྡན་གྱི་གསར་དུ་སྐྱེས་པ་མིན་པའི་ཕྱིར། སྔར་མ་དག་པའི་གནས་སྐབས་ཇི་ལྟ་བ་བཞིན་དུ་ཕྱིས་རྣམ་པར་དག་པའི་གནས་སྐབས་ན་ཡང་དེ་བཞིན་དུ་གནས་ཤིང་ནམ་ཡང་འགྱུར་བ་མེད་པ་ནི་ཆོས་ཀྱི་དབྱིངས་འདིའི་ཆོས་ཉིད་དམ་རང་བཞིན་ནོ། །གཉིས་པ་ལ་གསུམ། མ་དག་པའི། མ་དག་ལ་དག་པའི། ཤིན་ཏུ་དག་པའི་གནས་སྐབས་སུ་མི་འགྱུར་པའོ། །དང་པོ་ལ་བཞི། ངོ་བོ་ལ་དྲི་མས་མ་གོས་པ། ཆོས་ཅན་ལ་སྐྱེ་འཇིག་སྣང་བ་དང་། ཆོས་ཉིད་ལ་འཇིགས་པས་མི་གནོད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱས་བཤད་དོ། །དང་པོ་ནི། ཇི་ལྟར་ནས། གོས་པ་མེད། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན་འདུས་མ་བྱས་པའི་ནམ་མཁའ་གཟུགས་ཅན་འདུས་བྱས་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་སོང་བ་ཡིན་ཡང་ཕྲ་བ་སྟེ་གཟུགས་ཅན་རགས་པ་མ་ཡིན་པའི་ཕྱིར། གཟུགས་ཀྱི་ཉེས་པ་མི་རྟག་པ་ལ་སོགས་པས་ནམ་ཡང་ཉེ་བར་གོས་པ་མེད་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ལ་སེམས་ཀྱི་རང་བཞིན་དུ་ཁྱབ་པར་གནས་པའི་འོད་གསལ་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ཡང་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། སེམས་ཅན་གྱི་ཉེས་པ་ཉོན་མོངས་པ་ལ་སོགས་པས་ནམ་ཡང་ཉེ་བར་གོས་པ་མེད་དོ། །གཉིས་པ་ནི། ཇི་ལྟར་ནས། སྐྱེ་ཞིང་འཇིག །ཅེས་གསུངས་ཏེ། ཇི་ལྟར་ཕྱི་རོལ་སྣོད་ཀྱི་འཇིག་རྟེན་རྣམས་གནས་སྐབས་ཐམས་ཅད་དུ་ནམ་མཁས་གོ་འབྱེད་པ་ལ་བརྟེན་ནས་ནི། དང་པོར་སྐྱེ་ཞིང་མཐར་འཇིག་པར་སྣང་བ་དེ་བཞིན་ཏུ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་ཆོས་དབྱིངས་ཀྱི་ཡོན་ཏན་ལ་བརྟེན་ནས་སེམས་ཅན་གྱི་དབང་པོས་མཚོན་པ་ཕུང་ཁམས་སྐྱེ་མཆེད་རྣམས་ནི་དང་པོ་སྐྱེ་ཞིང་མཐར་འཇིག་པར་སྣང་ཡང་ཆོས་ཉིད་བདེ་གཤེགས་སྙིང་པོ་ལ་སྐྱེ་འཇིགས་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། ཇི་ལྟར་ནས། མེས་མི་འཚིག །ཅེས་གསུངས་ཏེ། དཔེ་ཇི་ལྟར་ན་འདུས་བྱས་ཀྱི་དངོས་པོ་རྣམས་དུས་མཐའ་དད་དམྱལ་བ་དང་རང་བཞིན་པའི་མེ་གསུམ་གྱིས་འཚིག་ཀྱང་འདུས་མ་བྱས་པའི་ནམ་ )༥༥
(མཁའ་མེ་གསུམ་པོ་རྣམས་ཐམས་ཅད་ཀྱིས་སྔོན་ཆད་ནམ་ཡང་ཚིག་པ་མེད་པ་དེ་བཞིན་དུ་སེམས་ཅན་རྣམས་འཆི་བ་ལ་སོགས་པའི་མེ་གསུམ་གྱིས་འཚིག་ཀྱང་སྙིང་པོ་ཆོས་ཀྱི་དབྱིངས་འདི་ནི་འཆི་བ་དུས་མཐའི་མེ་དང་། ན་བ་དམྱལ་བའི་མེ་དང་། རྒ་བ་རང་བཞིན་པའི་མེ་དང་གསུམ་པོ་རྣམས་ཀྱིས་ནམ་ཡང་མི་འཚིག་པ་ཉིད་དོ། །བཞི་པ་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱས་པར་བཤད་པ་ལ་གསུམ། དཔེ་དོན་སྦྱར་ཏེ་བསྐྱེད་པའི་ཚུལ་བསྟན། ངོ་བོ་མཐའ་བྲལ་དྲི་མེད་བཤད། སྐྱེ་འཇིག་དཔེ་དོན་བསྡུ་བའོ། །དང་པོ་ལ་བཞི། དཔེ། དོན། དེ་གཉིས་སྦྱར་བ། བསྐྱེད་པའི་ཚུལ་ལོ། །དང་པོ་ནི། ས་ནི་ནས། གནས་མ་ཡིན། །ཅེས་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཆགས་ཤིང་གནས་པའི་ཚེ་སའི་དཀྱིལ་འཁོར་ཆེན་པོ་ནི་ཆུའི་དཀྱིལ་འཁོར་ལ་བརྟེན་ལ་ཆུ་ནི་རླུང་གི་དཀྱིལ་འཁོར་ལ་བརྟེན་ཅིང་རླུང་ནི་ནམ་མཁའ་ལ་རབ་ཏུ་གནས་པ་སྟེ་བརྟེན་ཡང་ནམ་མཁའ་ནི་རླུང་དང་ཆུ་དག་དང་སའི་ཁམས་རྣམས་ལ་གནས་པ་མ་ཡིན་ཏེ། ནམ་མཁའ་ནི་རྒྱུ་རྐྱེན་ལ་ལྟོས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་བཞིན་ནས། གནས་པ་མེད། ཅེས་གསུངས་ཏེ། དཔེ་བསྟན་པ་དེ་བཞིན་ཏུ་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་ཟག་བཅས་ཀྱི་དབང་པོ་དྲུག་ཡུལ་དྲུག་དང་བཅས་པ་རྣམས་ལས་དང་ཉོན་མོངས་པ་དག་ལ་གནས་ལ། ལས་དང་ཉོན་མོངས་པ་ནི་བདག་ཏུ་འཛིན་བ་སོགས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་རྟག་ཏུ་གནས་ཤིང་། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ནི་སེམས་ཀྱི་དག་པ་རང་བཞིན་གྱིས་འོད་གསལ་བ་དེ་ལ་རབ་ཏུ་གནས་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ནི་བློ་བུར་བའི་ཆོས་རྣམས་ཐམས་ཅད་ལ་ཡང་གནས་པ་མེད་དེ། སེམས་ཀྱི་རང་བཞིན་འོད་གསལ་དེ་འདུས་མ་བྱས་ཡིན་པས་སོ། །གསུམ་པ་ནི། ས་དང་ནས། གནས་པ་མེད། །ཅེས་གསུངས་ཏེ། སའི་དཀྱིལ་འཁོར་ཆུ་ལ་བརྟེན་ནས་ཆགས་པ་དང་འདྲ་བར་ཉེ་བར་ལེན་པ་དང་བཅས་པའི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་པོ་རྣམས་)༥༦
(ལས་དང་ཉོན་མོངས་པ་ལ་བརྟེན་ནས་འགྲུབ་པར་ཤེས་པར་བྱ་ཞིང་ཆུའི་ཁམས་ཀྱིས་སའི་དཀྱིལ་འཁོར་འགྲུབ་པའི་རྐྱེན་བྱེད་པ་དང་འདྲ་བར་ལུས་ཅན་རྣམས་ཀྱི་ལས་ཟག་པ་དང་བཅས་པ་དང་། ཉོན་མོངས་པ་རྣམས་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་འགྲུབ་པར་བྱེད་པའི་རྐྱེན་དུ་ཤེས་པར་བྱ་སྟེ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་ལས་དང་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར་རླུང་གི་ཁམས་ཀྱིས་ཆུའི་དཀྱིལ་འཁོར་གྱི་རྟེན་བྱེད་པ་དང་འདྲ་བར་བལྟ་ཞིང་རིག་པར་བྱའོ། །སེམས་ཀྱི་རང་བཞིན་དེ་བཞིན་གཤེས་པའི་སྙིང་པོ་ནི་ནམ་མཁའི་ཁམས་ཀྱིས་ཐམས་ཅད་ཀྱི་རྟེན་བྱེད་ཀྱང་གང་ལ་ཡང་མི་གནས་པ་བཞིན་དུ་གློ་བུར་བ་རྣམས་ཀྱི་བརྟེན་བྱེད་ཀྱང་རང་གི་ངོ་བོ་དེ་ཉིད་གཞི་གང་ལ་ཡང་བརྟེན་པ་ཅན་མ་ཡིན་ཞིང་གང་དུ་ཡང་གནས་པ་མེད་དོ། །བཞི་པ་ནི། ཚུལ་བཞིན་ནས། འགྱུར་བ་ཡིན། ཅེས་གསུངས་ཏེ། རླུང་གི་དཀྱིལ་འཁོར་ནམ་མཁའ་ལ་གནས་པ་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་རྟོག་ནི་སེམས་ཀྱི་རང་བཞིན་འོད་གསལ་ལ་སྒྲིབ་བྱེད་དུ་གནས་ལ། རླུང་གིས་ཆུ་བརྟེན་པ་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་བྱེད་ཀྱིས་ལས་དང་ཉོན་མོངས་པ་བསྐྱེད་པའི་གོ་སྐབས་རབ་ཏུ་ཕྱེ། ཆུའི་དཀྱིལ་འཁོར་བསྲུབས་པ་ལས་ས་གཞི་བྱུང་བ་ལྟར་ལས་དང་ཉོན་མོངས་པ་ཆུ་ལྟ་བུ་ལས་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཟག་པ་དང་བཅས་པ་སྡུག་བསྔལ་གྱིས་བསྡུས་པའི་སྐྱེ་བ་རྣམས་འབྱུང་བའི་ཕྱིར། སྣོད་ཀྱི་འཇིག་རྟེན་དེ་འཇིག་པ་དང་ཆགས་པ་ལྟར་དུ་ཟག་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་སྐྱེ་བ་དང་འཇིག་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ་གཉིས། ངོ་བོ་སྐྱེ་འགག་མེད་པ་དང་། དེ་ལ་དྲི་མས་དག་པའི་ཚུལ་ལོ། །དང་པོ་ནི། སེམས་ཀྱི་ནས། ཡོད་མ་ཡིན། ཅེས་གསུངས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་འདུས་མ་བྱས་པ་ལྟར་ཉེར་ལེན་གྱི་རྒྱུ་ལ་ལྟོས་པ་མེད་ཅིང་། ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པ་མེད་དེ་དེས་ན་དེ་དག་ཚོགས་ )༥༧
(པ་ལའང་ལྟོས་པ་མེད་ཅིང་། དེའི་ཕྱིར་དང་པོ་སྐྱེ་བ་དང་མཐར་འཇིག་པ་དང་། བར་དུ་གནས་པའང་ཡོད་པ་མ་ཡིན་པས་འདུས་བྱས་ཀྱི་ཆོས་གསུམ་གྱིས་ནམ་ཡང་འགྱུར་བ་མེད་པ་ཉིད་དོ། །གཉིས་པ་ནི། སེམས་ཀྱི་ནས། མོངས་མི་འགྱུར། ཅེས་གསུངས་ཏེ། འགྲོ་བ་རྣམས་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་དེ་བཞིན་གཤེགས་པའི་སྙིང་པོ་གང་ཡིན་པ་དེ་ནི་ནམ་མཁའི་རང་བཞིན་སྤྲིན་དང་དུ་བ་ལ་སོགས་པས་མི་འགྱུར་བ་བཞིན་དུ། སྒྲིིབ་པ་དག་པ་དང་མ་དག་པ་ལ་སོགས་པས་ནམ་ཡང་འགྱུར་བ་མེད་པ་ཉིད་དེ། ཡང་དག་པ་མིན་པར་འཛིན་པའི་རྟོག་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་བསྡུས་པ་སྤང་རུང་གློ་བུར་གྱི་དྲི་མ་རྣམས་ཀྱིས་ཆོས་ཉིད་དེ་གཏན་དུ་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞིང་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །གསུམ་པ་ལ་གཉིས། སྐྱེ་འཇིག་བྲལ་བའི་ཚུལ་བསྡུ་བ་དང་། འཇིག་ཚུལ་བསྡུ་བའོ། །དང་པོ་ནི། ལས་དང་ནས། འཚིག་མི་འགྱུར། ཅེས་གསུངས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས་འདི་ནི། ལས་དང་ཉོན་པའི་ཆུའི་ཚོགས་དང་ཚུལ་མིན་ཡིད་བྱེད་ཀྱི་རླུང་སོགས་ཀྱིས་མངོན་པར་འགྲུབ་ཅིང་བསྐྱེད་པ་མ་ཡིན་ལ། འཆི་བ་དུས་མཐའི་མེ་དང་ན་བ་དམྱལ་མེ་དང་རྒ་བ་ཐ་མལ་པའི་མེ་མི་བཟད་པས་ཀྱང་འཚིག་ཅིང་འཇིག་པར་མི་འགྱུར་ཏེ། འདུས་མ་བྱས་པའི་རང་བཞིན་གཞན་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། དུས་མཐའ་ནས། ཤེས་པར་བྱ། །ཞེས་གསུངས་ཏེ། དུས་མཐའི་མེ་དང་དམྱལ་བའི་མེ་དང་ཐ་མལ་པའི་མེ་གསུམ་པོ་འཆི་བ་དང་ན་བ་དང་རྒ་བའི་མེ་གསུམ་པོ་རིམ་པ་བཞིན་ཏུ་འདྲ་བར་ཤེས་པར་བྱ་སྟེ། དུས་མཐའི་མེས་སྣོད་ཀྱི་འཇིག་རྟེན་འཇིག་པ་བཞིན་དུ་འཆི་བའི་མེས་ཚེ་འདིའི་ཕུང་པོ་)༥༨
(འཇིག །དམྱལ་མེས་སྡུག་བསྔལ་བསྐྱེད་པ་བཞིན་དུ་ན་བའི་མེས་ཀྱང་དེ་བསྐྱེད། ཐ་མལ་པའི་མེས་འདུ་བྱེད་སྨིན་པར་བྱེད་པ་བཞིན་ཏུ་རྒ་བའི་མེས་ཕུང་པོ་སྨིན་པར་བྱེད་པའི་ཕྱིར་རོ། །གཉིས་པ་མ་དག་ལ་དག་པའི་གནས་སྐབས་སུ་མི་འགྱུར་བའི་དོན་ལ་གཉིས། སྐྱེ་སོགས་ཀྱིས་མི་འགྱུར་བའི་དོན་དངོས་བསྟན་པ། ས་བཅུར་རྒྱལ་སྲས་ཀྱི་ཡོན་ཏན་ངོས་བཟུང་བའོ། །དང་པོ་ལ་གཉིས། མི་འགྱུར་ཡང་འགྱུར་བར་སྣང་ཚུལ། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། སྐྱེ་འཆི་ནས། བསྐྱེད་ཕྱིར་སྟོན། ཅེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཕུང་པོ་གསར་དུ་གྲུབ་པའི་སྐྱེ་བ་དང་། རྒྱུན་འགགས་པའི་འཆི་བ་དང་། སྡུག་བསྔལ་བསྐྱེད་པའི་ན་བ་དང་། རྒྱུན་འགྱུར་བའི་རྒ་བ་རྣམས་ལས་གྲོལ་བ་ཡིན་ཏེ། དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་འདི་ཡི་རང་བཞིན་ནམ་གནས་ལུགས་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ཏེ་གནས་པའི་ཕྱིར་རོ། །ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལ་སོགས་པའི་ཕོངས་ཤིང་སྡུག་བསྔལ་བ་དང་བྲལ་བ་རྣམ་པར་དག་ཅིང་འགྱུར་བ་མེད་པ་ཡང་ཡིན་ལ། དེ་ལྟ་ན་ཡང་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་རྟོགས་པ་དེའི་རྒྱུས་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྡུག་བསྔལ་མཐའ་དག་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་དེ་གནས་པའི་ཕྱིར། གཞན་དོན་དུ་སྨོན་ལམ་ལ་སོགས་པའི་དབང་གིས་བསམ་བཞིན་སྲིད་པར་སྐྱེ་བ་དང་། རྟག་འཛིན་ལས་བཟློག་པའི་ཆེད་དུ་འཆི་བ་དང་། ན་བ་དང་རྒ་བ་ལ་སོགས་པས་བརྟེན་ཅིང་འཁོར་བར་གནས་པས། གཞན་སྣང་ལ་མ་དག་ཅིང་འགྱུར་བ་དང་བཅས་པར་ཡང་སྟོན་པ་ཉིད་དོ། །གཉིས་པ་ལ་གཉིས། སྡུག་བསྔལ་གྱིས་འགྱུར་བ་མེད་ཚུལ། སྙིང་རྗེ་ལས་འགྱུར་བར་སྣང་ཚུལ་ལོ། །དང་པོ་ནི། འཕགས་)༥༩
(པས་ནས། དེ་མེད། ཅེས་གསུངས་ཏེ། བྱང་སེམས་འཕགས་པའི་ཚོགས་རྣམས་ཀྱིས་རང་དབང་མེད་པར་འཆི་བ་དང་ན་བ་དང་རྒ་བའི་སྡུག་བསྔལ་རྣམས་རྩ་བ་ནས་སྤངས་པ་ཡིན་ཏེ། དེ་དག་གི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལས་དང་ཉོན་མོངས་དང་དེའི་དབང་གིས་འཁོར་བར་སྐྱེ་བ་ཡིན་ལ། བྱང་ཆུབ་སེམས་དཔའ་དེ་ལ་ནི་རྒྱུ་དེ་རྣམས་མེད་པའི་ཕྱིར་འབྲས་བུ་སྡུག་བསྔལ་གྱིས་འགྱུར་བ་དེའང་མེད་དོ། །གཉིས་པ་ནི། ཡང་དག་ནས། མཆི་བར་སྟོན། ཅེས་གསུངས་ཏེ། རྒྱལ་སྲས་འཕགས་པ་རྣམས་ཆོས་ཀྱི་དབྱིངས་སྐྱེ་བ་མེད་ཅིང་འགྱུར་བ་མེད་པ་ཇི་ལྟ་བ་བཞིན་དུ་ཡང་དག་པ་མངོན་སུམ་དུ་མཐོང་པའི་ཕྱིར། འཁོར་བར་རང་དབང་མེད་པར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ལས་འདས་ཤིང་རྣམ་པར་གྲོལ་བར་འགྱུར་ཀྱང་། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་པ་ལས་ནི་བསམ་བཞིན་དུ་སྲིད་པར་སྐྱེ་བ་དང་། འཆི་བ་དང་ན་བ་དང་རྒ་བ་ལ་སོགས་པ་རྣམ་པར་འགྱུར་བ་དུ་མའི་སྣང་བར་སྟོན་ཅིང་སྐལ་བ་དང་མཐུན་པར་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་ཡིན་ནོ། །གཉིས་པ་ས་བཅུར་རྒྱལ་སྲས་ཀྱི་ཡོན་ཏན་ངོས་བཟུང་བ་ལ་ལྔ། དང་པོ་སེམས་བསྐྱེད་སྐྱེས་པའི། སྤྱོད་པ་མཆོག་ལ་ཞུགས་པའི། ཕྱིར་མི་ལྡོག་པ་ཐོབ་པའི། སྐྱེ་བ་ཐ་མལ་གྱུར་པའི་ཡོན་ཏན་དོན་གཉིས་འགྲུབ་པའི་ཁྱད་པར་བསྟན་པའོ། །དང་པོ་ནི། རྒྱལ་སྲས་ནས། སྙིང་རྗེའི་མཆོག །ཅེས་གསུངས་ཏེ། ས་དང་པོ་ལ་གནས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་འགྱུར་བ་མེད་པའི་ཆོས་ཉིད་སེམས་རང་བཞིན་འོད་གསལ་འདི་མངོན་སུམ་དུ་རྟོགས་ནས་ལས་ཉོན་གྱི་སྐྱེ་འཆི་ལས་གྲོལ་ཡང་གདུལ་བྱ་མ་རིག་པས་ཤེས་རབ་ཀྱི་མིག་ལྡོངས་པ་རྣམས་ཀྱིས་སྐྱེ་བ་དང་འཆི་བ་ལ་སོགས་པ་དག་ཏུ་ནི་)༦༠
(མཐོང་ནས་དེ་རྣམས་ཀྱི་དོན་བྱེད་པ་གང་ཡིན་པ་དེ་ངོ་མཚར་ཞིང་རྨད་དུ་བྱུང་བའི་མཛད་པ་ཉིད་དོ། །དེ་བཞིན་ཏུ་སྡིག་ཏོ་མི་དགེ་བའི་ཆོས་ལས་རིང་དུ་འཕགས་པའི་སྤྱོད་ཡུལ་སེམས་ཉིད་མངོན་སུམ་དུ་མཐོང་བའི་ལམ་ཐོབ་ནས་ལས་ཉོན་གྱི་སྐྱེ་འཆི་ལས་གྲོལ་ཡང་བྱིས་པ་སོ་སྐྱེའི་སྤྱོད་ཡུལ་དུ་སྐྱེ་བ་སོགས་རྣམ་འཕྲུལ་དུ་མ་སྟོན་ཅིང་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་དེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་འགྲོ་བ་མ་ལུས་པའི་གཉེན་ནམ་རྩ་ལག་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྡུ་བའི་དངོས་པོས་གཞན་གྱི་དོན་སྒྲུབ་པའི་ཐབས་ལ་མཁས་པ་དང་། དེ་ཀུན་ནས་སློང་བའི་སྙིང་རྗེ་ཆེན་པོ་ནི་མཆོག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་ནི། དེ་ནི་ནས། ཆོས་མ་གོས། ཞེས་གསུངས་ཏེ། ས་གཉིས་པ་ནས་བདུན་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི། ཤེས་རབ་ཀྱི་སྟོབས་ཀྱིས་འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་ཀྱང་། སྙིང་རྗེའི་དབང་གིས་འཇིག་རྟེན་ལས་མ་གཡོས་པར་གདུལ་བྱ་འཇིག་རྟེན་པ་རྣམས་ཡོངས་སུ་སྨིན་པའི་དོན་དུ་འཇིག་རྟེན་ན་སྐྱེ་བ་ལ་སོགས་པའི་ཚུལ་བཟུང་ནས་འཇིག་རྟེན་གྱི་ཉེས་པའི་དྲི་མས་ཅུང་ཟད་ཀྱང་མ་གོས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་སྤྱོད་དེ། དཔེ་ཇི་ལྟར་ན་མེ་ཏོག་པདྨ་རྣམས་ཆུའི་ནང་དུ་སྐྱེས་པ་ཡིན་ཀྱང་ཆུའི་སྐྱོན་ནམ་དྲི་མ་ལ་སོགས་པས་གོས་པ་མེད་པ་དེ་བཞིན་དུ་རྒྱལ་སྲས་འཕགས་པ་འདི་ནི་གཞན་དོན་ལ་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་སྐྱོན་གྱིས་ཆོས་ཉོན་མོངས་པ་ལ་སོགས་པ་རྣམ་ཀྱིས་ནམ་ཡང་མི་གོས་པ་ཉིད་དོ། །གསུམ་པ་ནི། བྱ་བ་ནས། ཞུགས་པའང་ཡིན། ཅེས་གསུངས་ཏེ། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་བྱ་བ་བསྒྲུབ་པ་ལ་དུས་རྟག་ཏུ་རང་གི་བློ་འབད་རྩོལ་མེད་པར་དཔེར་ན་བུད་ཤིང་སྐམ་པོ་ལ་མེ་སྟོབས་ལྡན་རང་ཤུགས་ཀྱིས་འབར་བ་ )༦༡
(བཞིན་དུ་ནི་འབར་བའི་ཚུལ་གྱིས་འཇུག་པ་དང་། དེར་མ་ཟད་དེ་དང་ཅིག་ཅར་དུ་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་བསམ་གཏན་ཏིང་ངེ་འཛིན་གྱི་སྙོམས་འཇུག་ལ་དུས་རྟག་ཏུ་རྒྱུན་མི་འཆད་པར་སྙོམས་པར་འཇུག་པའང་ཡིན་ཏེ། མི་རྟོག་ཡེ་ཤེས་ལ་དབང་སྒྱུར་ཐོབ་པའི་ཕྱིར་རོ། །བཞི་པ་ནི། སྔོན་གྱི་ནས། ཡང་དག་འཇུག །ཅེས་གསུངས་ཏེ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྔོན་ས་དགུ་པ་མན་ཆད་ཀྱི་སྨོན་ལམ་ལ་སོགས་པའི་འཕན་པའི་དབང་གིས་ལྷུན་གྱིས་གྲུབ་པར་འཇུག་པ་དང་ནི། ཀུན་སློང་གི་རྣམ་པར་རྟོག་པ་ཐམས་ཅད་གནས་ཡོངས་སུ་གྱུར་པའི་ཚུལ་གྱིས་སྤངས་ཏེ་བྲལ་བའི་ཕྱིར་ན། སྲིད་པ་ཐ་མ་པ་དེ་ནི་གདུལ་བྱ་ལུས་ཅན་རྣམས་ཡོངས་སུ་སྨིན་པའི་དོན་དུ་འབད་པ་དང་རྩོལ་བ་བྱེད་དགོས་པ་ཡོད་པ་མ་ཡིན་ཞིང་། དེ་ལྟར་ན་ཡང་གསུང་གི་ཕྲིན་ལས་བསམ་པ་དང་མཐུན་པར་ཆོས་བསྟན་པ་དང་། སྐུ་ཡི་ཕྲིན་ལས་སྐལ་བ་དང་མཐུན་པར་གཟུགས་ཀྱི་སྐུའི་སྤྲུལ་པ་རྣམ་པ་དུ་མ་སྟོན་པ་དག་དང་ནི། གཞན་དོན་གྱི་སྤྱོད་པ་རླབས་པོ་ཆེ་དང་། འཆག་པ་དང་བཞེངས་པ་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་པ་རྣམས་ཀྱིས་ཀྱང་རུང་སྟེ། གདུལ་བྱ་གང་ཞིག་ཚུལ་ཇི་ལྟར་ཐབས་གང་གིས་འདུལ་བ་རྣམས་རྒྱལ་སྲས་དེས་ནི་ཕྲིན་ལས་དེ་ཇི་ལྟར་ནོས་པ་ད་ལྟ་ཉིད་དུ་ཡང་དག་པར་རབ་ཏུ་ཤེས་སོ། །འབད་པ་མེད་ཅིང་སྣ་ཚོགས་པར་འཇུག་པ་དེ་ལྟར་ན་ཡུལ་ནམ་མཁའི་མཐའ་ཀླས་ཀྱི་འགྲོ་བ་མཐའ་ཡས་པ་རྣམས་ལ་དུས་རྟག་ཏུ་ཚུལ་འབད་རྩོལ་མེད་པས་ལྷུན་གྱིས་གྲུབ་པར་ཐམས་ཅད་དུ་དོན་ཡོད་ཅིང་ཐོགས་པ་མེད་པའི་སྒོ་ནས་བྱེད་པ་པོ་བློ་ལྡན་བྱང་ཆུབ་སེམས་དཔའ་དེ་ཡིས་ནི། ཆེད་དུ་བྱ་བ་གདུལ་བྱ་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་ཆེད་དུ་རང་གི་ངོ་བོས་དེ་དག་གི་དོན་སྒྲུབ་པའི་ཕྲིན་ལས་ནི་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་འཇུག་པ་ཉིད་དོ། །ལྔ་པ་ནི། བྱང་ཆུབ་ནས། ཁྱད་དེ་ཉིད། ཅེས་གསུངས་ཏེ། ས་བཅུ་པ་)༦༢
(ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྲིན་ལས་འཇུག་པའི་ཚུལ་འདི་ནི་རྗེས་ཐོབ་ཏུ་གཞན་ཡོངས་སུ་སྨིན་པར་བྱེད་པ་ལ་ལྟོས་ནས་སྤངས་རྟོགས་མཐར་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་དང་ཡང་གདུལ་བྱར་གྱུར་པའི་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཡང་དག་པར་སྒྲོལ་བ་ལ་འཇིག་རྟེན་ན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པས་མཉམ་པ་ཉིད་ཡིན་ཏེ། མངོན་པར་ཤེས་པ་དྲུག་དང་། དབང་བཅུ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་འཐོབ་པའི་ཕྱིར་རོ། །གཞན་དོན་ལ་སངས་རྒྱས་དང་མཚུངས་པ་དེ་ལྟ་མོད་ཀྱི་རང་དོན་སྤངས་རྟོགས་ཀྱི་ཡོན་ཏན་ལ་ལྟོས་ནས་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། དཔེར་ན་སའི་དཀྱིལ་འཁོར་ཆེན་པོ་དང་རྡུལ་ཕྲན་ཀྱི་ཁྱད་པར་ཙམ་དང་། རྒྱ་མཚོ་ཆེན་པོ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུའི་ཁྱད་པར་གང་ཡིན་པ་དེ་ཙམ་དུ་རྫོགས་པའི་སངས་རྒྱས་ཀྱི་མཐར་ཕྱིན་པའི་ཡོན་ཏན་དང་བྱང་ཆུབ་སེམས་དཔའ་ས་བཅུ་པའི་ལམ་གྱི་ཡོན་ཏན་གྱི་ཁྱད་པར་ཡང་དེ་ཙམ་ཤིན་ཏུ་ཆེ་བ་ཉིད་དོ། །ཞེས་སོ། །འདིར་ས་དང་སྦྱོར་ཚུལ་ཐོགས་མེད་འགྲེལ་ཆེན་གྱི་དགོངས་དོན་ཀུན་མཁྱེན་དོལ་པོ་པས་གསལ་བར་མཛད་པ་ལྟར་ཡིན་ལ། ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས། སྔོན་གྱི་འཕེན་པའི་སོགས་ཤློ་གཉིས་ཀྱིས་ས་དགུ་པར་སྤྱོད་པའི་བྱང་སེམས་འབད་རྩོལ་དང་བྲལ་བ་དང་། སོ་སོ་ཡང་དག་རིག་པ་ཐོབ་པའི་ཚུལ་བསྟན་པ་དང་། དེ་ལྟར་ནམ་མཁའི་སོགས་ཀྱིས་ས་བཅུ་པའི་བྱང་སེམས་གཞན་དོན་ཚད་མེད་པའི་ཡོན་ཏན་བསྟན་པར་བཞེད་པའི་ཁྱད་པར་ཙམ་ཡོད་དོ། །གསུམ་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་ནའང་འགྱུར་པ་མེད་པའི་ཚུལ་ལ་གཉིས། འགྱུར་མེད་ཀྱི་རྒྱུ་མཚན་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། གཞན་འགྱུར་ནས། མི་རྟོག་ཕྱིར། ཅེས་གསུངས་ཏེ། ཆོས་དབྱིངས་ཤིན་ཏུ་རྣམ་དག་གི་གནས་སྐབས་ཆོས་ཀྱི་སྐུ་དེ་ནི། ལུས་གཞན་དོར་ནས་གཞན་དུ་འགྱུར་བ་མིན་པའི་བདག་ཉིད་རྟག་པའི་ )༦༣
( དོན་ཅན་ཡིན་ཏེ། ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་མི་ཟད་པའི་དོན་དམ་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་རྣམས་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་འགྲོ་བ་ཐམས་ཅད་ཀྱི་མི་བསླུ་བའི་སྐྱབས་གནས་མཆོག་ཏུ་གྱུར་པ་བསྟན་པའི་དོན་ཅན་ཡིན་ཏེ། ཕྱི་མའི་མཐའ་མེད་པ་མུར་ཐུག་པ་འཁོར་བ་ཇི་སྲིད་བར་སྐྱོབ་པའི་ཡོན་ཏན་རྣམ་དང་ལྡན་པའི་ཕྱིར་རོ། །དྲི་མ་མེད་པའི་ཆོས་དབྱིངས་དེ་ནི་དུས་རྟག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རང་བཞིན་ཞི་བའི་དོན་ཅན་ཡིན་ཏེ། དེ་དག་གི་ཉེས་དམིགས་དང་ཕན་ཡོན་ལ་རྣམ་པར་མི་རྟོག་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །གཏན་དུ་འཇིག་པ་མེད་པའི་ཆོས་ཉིད་གཡུང་དྲུང་གི་དོན་ཅན་ཉིད་ཀྱང་ཡིན་ཏེ། ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པའི་རང་བཞིན་གྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །གཉིས་པ་ལ་གསུམ། སྐྱེ་སོགས་བྲལ་བའི་དམ་བཅའ་དང་རྟགས་བརྗོད། དེའི་དོན་བསྡུས་ཏེ་བཤད་རྟགས་སོགས་སུ་འཇོག་པའི་རྒྱུ་མ་མཚན་བསྟན་པའོ། །དང་པོ་ལ་གཉིས། སོ་སོར་མདོར་བསྟན། སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ནི། སྐྱེ་བ་ནས། གཡུང་དྲུང་ཕྱིར། ཅེས་གསུངས་སྟེ། རྣམ་དག་འོད་གསལ་ཆོས་ཀྱི་སྐུ་འདི་ནི་དང་པོར་སྐྱེ་བ་མེད་ཅིང་མཐར་འཆི་བ་མེད་ལ་བར་དུ་ན་བའི་གནོད་པ་མེད་པ་དང་འགྱུར་བ་དང་རྒ་བ་མེད་པ་ཉིད་ཡིན་ཏེ་དེ་ནི་གོ་རིམ་ཇི་ལྟ་བ་བཞིན་ཏུ་རྟགས་པའི་ཕྱིར་དང་བརྟན་པའི་ཕྱིར་དང་ཞི་བའི་ཕྱིར་དང་གཡུང་དྲུང་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ནི་ནས། རྒ་བ་མེད། ཅེས་གསུངས་སྟེ། སྙིང་པོ་ཆོས་ཀྱི་སྐུ་དེ་ནི་ཐ་ལམ་པའི་སྐྱེ་བ་ལ་སོགས་པས་ནམ་ཡང་མི་འགྱུར་བ་ལྟ་ཅི་སྨོས་ཏེ། ཐོག་མར་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་ཀྱང་སྐྱེ་བ་མེད་པ་ཉིད་ཡིན་ཏེ། མི་འགྱུར་ཞིང་རྟག་པའི་ཕྱིར། དེ་བཞིན་དུ་ཐ་མར་བསམ་གྱིས་མི་ཁྱབ་པར་ཡོངས་སུ་འགྱུར་བའི་འཆི་འཕོ་བ་ཡིས་ཀྱང་དབྱིངས་དེ་ནི་མི་འཆི་བ་ཉིད་ཡིན་ཏེ། མི་བསླུ་ཞིང་བརྟེན་པའི་ཕྱིར། བར་དུ་མ་རིག་པའི་ )༦༤
(བག་ཆགས་ཀྱི་སྒྲིབ་པ་ཕྲ་མོའི་ནད་རྣམས་ཀྱིས་ཀྱང་གནོད་པ་མེད་པ་ཉིད་ཡིན་ཏེ། གཉིས་འཛིན་ལ་སོགས་ཞི་བ་ཉིད་ཀྱི་ཕྱིར་རོ། །ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་རྣམས་ཀྱིས་ཀྱང་། མི་འཇིགས་པའི་རང་བཞིན་གཡུང་དྲུང་ཉིད་ཡིན་པའི་ཕྱིར་ན་རྒ་བའི་ཆོས་མེད་པ་ཉིད་དོ། །གཉིས་པ་དོན་བསྡུས་ཏེ་བཤད་པ་ནི། དེ་ཚིག་ནས། དོན་ཤེས་བྱ། ཞེས་གསུངས་ཏེ། དེ་ལྟར་ཚིགས་བཅད་དེ་རྣམས་ལས། གཞན་འགྱུར་ཞེས་སོགས་དང་། དེ་ནི་ཡིད་ཀྱིས་སོགས་ཚིག་གཉིས་ཀྱིས་རྟག་པའི་དོན་དང་། དེ་བཞིན་དུ་འགྲོ་སྐྱབས་ཞེས་སོགས། བསམ་མི་ཁྱབ་ཅེས་སོགས་ཚིག་གཉིས་ཀྱིས་བརྟན་པའི་དོན་དང་། དེ་ནི་རྟག་ཏུ་ཞེས་སོགས་དང་། བག་ཆགས་ཞེས་སོགས་ཚིག་གཉིས་ཀྱི་ཞི་བའི་དང་། འཇིག་མེད་སོགས་དང་ཟག་མེད་སོགས་ཚིག་གཉིས་ཀྱིས་གཡུང་དྲུང་གིས་དོན་བཞི་པོ་སྔ་ཕྱི་གོ་རིམ་ཇི་ལྟ་བ་བཞིན་ཏུ། ཆོས་ཉིད་རྒྱུ་རྐྱེན་ཀྱིས་འདུས་མ་བྱས་པའི་དབྱིངས་ལ་རྟག་པ་དང་། ལ་སོགས་པའི་ཁོངས་ནས་བརྟན་པ། ཞི་བ། གཡུང་དྲུང་གི་དོན་རྣམས་མདོ་ཇི་ལྟ་བ་བཞིན་ཏུ་ཤེས་པར་བྱའོ། །གསུམ་པ་ནི། མི་ཟད་ནས། གཡུང་དྲུང་ཉིད། ཅེས་གསུངས་ཏེ། ཆོས་སྐུ་རང་བཞིན་རྣམ་དག་དེ་ནི། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་མི་ཟད་པའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་ཕྱིར་ནམ་ཡང་གཞན་ཏུ་འགྱུར་པ་མིན་པའི་བདག་ཉིད་རྟག་པའི་དོན་དང་ལྡན་པ་དང་། འཁོར་བའི་མཐའི་མུ་དང་མཚུངས་པར་རྒྱུན་མི་འཆད་ཅིང་རྗེས་སུ་འཛིན་པའི་ཕྱིར། གཏན་དུ་མི་བསླུ་བའི་སྐྱབས་ཀྱི་བདག་ཉིད་བརྟན་པའི་དོན་དང་ལྡན་པ་དང་། མཐའ་གཉིས་སུ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པའི་ཕྱིར། སྲིད་ཞི་གཉིས་སུ་མེད་པའི་ཆོས་ཉིད་ཞི་བའི་དོན་དང་རྒྱུ་རྐྱེན་གྱིས་མ་བཅོས་ཤིང་འདུས་མ་བྱས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་ན། གཏན་དུ་འཇིགས་པ་མེད་པའི་དོན་ནི་གཡུང་དྲུང་གི་དོན་དང་ལྡན་པ་ཉིད་དོ། །སྤྱི་དོན་བརྒྱད་པ་ཡོན་ཏན་དབྱེར་ )༦༥
(མེད་པའི་དོན་བསྟན་པ་ལ་གཉིས། མིང་དོན་གྱི་སྒོ་ནས་མདོར་བསྟན། དེ་དག་གི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། གང་ཕྱིར་ནས། འདས་པ་མེད། ཅེས་གསུངས་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་ཞིང་། དེ་བཞིན་དུ་དེ་ནི་དེ་བཞིན་གཤེགས་པ་ཡང་ཡིན་ལ། དེ་ནི་འཕགས་པའི་བདེན་པ་དང་། དོན་དམ་པའི་མྱ་ངན་ལས་འདས་པ་ཡང་ཡིན་པས་དེ་རྣམས་མིང་གི་རྣམས་གྲངས་ཙམ་ཡིན་པ་དེའི་ཕྱིར། དཔེར་ན་ཉི་མའི་དཀྱིལ་འཁོར་དང་འོད་ཟེར་དག་དབྱེར་མེད་པ་བཞིན་དུ། ཡོན་ཏན་བཞི་པོ་དེ་དང་དབྱེར་མེད་པས་ངོ་བོ་ཉིད་སྐུ་ལ་མྱང་འདས་སུ་འཇོག་པས་སམ། སྟོབས་བཅུ་ལ་སོགས་པའི་དོན་དམ་པའི་ཡོན་ཏན་རྣམས་རྣམ་པར་དབྱེར་མེད་པས་ན་རྫོགས་པའི་སངས་རྒྱས་ཉིད་ལས་མ་གཏོགས་པའི་མྱ་ངན་ལས་འདས་པ་མཚན་ཉིད་པ་གཞན་མེད་པ་ཉིད་དོ། །གཉིས་པ་ལ་གསུམ། མིང་གི་རྣམ་གྲངས་རྒྱས་བཤད། དོན་གྱི་ངོ་བོ་རྒྱས་བཤད། དེ་དག་དཔེ་ཡིས་རྒྱས་པར་བཤད་པའོ། དང་པོ་ལ་གཉིས། དོན་གྱི་དབང་གིས་མིང་བརྟགས་པ། དེ་རྣམས་དོན་དང་སྦྱར་བའོ། །དང་པོ་ནི། མདོར་ན་ནས། རིག་པར་བྱ། ཞེས་གསུངས་ཏེ། མདོར་བསྡུས་ན་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནི། འཆད་པར་འགྱུར་བའི་དོན་གྱི་ཆ་ཐ་དད་པའི་རབ་ཏུ་དབྱེ་བ་རྣམ་པ་བཞིས་དེ་དང་མཐུན་པར་ཆོས་ཀྱི་སྐུ་ལ་སོགས་པ་བཤད་མ་ཐག་པའི་མིང་གི་རྣམ་གྲངས་བཞིར་ནི་རིག་པར་བྱའོ། །གཉིས་པ་ནི། སངས་རྒྱས་ནས། ཞི་ཉིད་དོ། །ཞེས་གསུངས་ཏེ། དྲི་མ་མེད་པའི་དབྱིངས་དེ་ཉིད། སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་དང་རྣམ་པར་དབྱེར་མེད་པའི་དོན་དང་ལྡན་པའི་ཆ་ནས་ཆོས་ཀྱི་སྐུ་ཞེས་པ་དང་། སངས་རྒྱས་དེའི་རིགས་ཐོག་མ་མེད་པ་ནས་གནས་པའི་ཆོས་ཉིད་དེ་ཇི་ལྟ་བ་བཞིན་མངོན་སུམ་དུ་ཐོབ་ )༦༦
(པའི་དོན་དང་ལྡན་པའི་ཆ་ནས་དེ་བཞིན་གཤེགས་པ་ཞེས་པ་དང་། སྙིང་པོ་དེ་ཉིད་ནམ་ཡང་བརྫུན་པ་མེད་ཅིང་རྟག་ཏུ་བསླུ་བ་མེད་ལ་གཞན་དུ་མི་འགྱུར་བའི་ཆོས་ཉིད་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དོན་དང་ལྡན་པའི་ཆ་ནས་འཕགས་པའི་བདེན་པ་ཞེས་པ་དང་། དབྱིངས་དེ་ཉིད་ཡེ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མ་མཐའ་དག་ཉེ་བར་ཞི་བ་ཉིད་ཀྱི་དོན་དང་ལྡན་པའི་ཆ་ནས་མྱ་ངན་ལས་འདས་པ་ཉིད་ཀྱི་སྒྲས་བརྗོད་དོ། །གཉིས་པ་དོན་གྱི་ངོ་བོའི་རྒྱས་བཤད་ལ་གཉིས། གཉིས་མེད་ཀྱི་དོན་དང་། ཐར་པའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། རྣམ་ཀུན་ནས། གཉིས་མེད་ཉིད། ཅེས་གསུངས་སོ། །ཤེས་བྱ་ཇི་ལྟ་བ་དང་ཇི་སྙིད་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པས་མངོན་པར་རྫོགས་པར་བྱང་ཆུབ་པའི་རྟོགས་པའི་ཆ་དང་། གློ་བུར་དྲི་མ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པའི་ཆ་སྟེ་ཡོན་ཏན་གཉིས་མཐར་ཕྱིན་པའི་ཕྱིར། སྔ་མའི་ཆ་ནས་རྫོགས་པའི་སངས་རྒྱས་དང་། ཕྱི་མའི་ཆ་ནས་མྱ་ངན་ལས་འདས་པར་གདགས་པ་དག་ནི་ཐ་སྙད་ཙམ་དུ་ཐ་དང་ཀྱི་སྙིང་པོའི་དོན་གཅིག་ལ་འདུ་བའི་ཕྱིར། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་ཏུ་རྣམ་པར་དབྱེར་མེད་ཅིང་གཉིས་སུ་མེད་པ་ཉིད་དོ། །གཉིས་པ་ནི། རྣམ་པ་ནས། དེ་བཞིན་གཤེགས། ཞེས་གསུངས་ཏེ། ཡོན་ཏན་མ་ཚང་པ་མེད་པས་རྣམ་པ་ཐམས་ཅད་པ་དང་། ཡོན་ཏན་གྱི་དབྱེ་བ་མཐའ་ཡས་པས་གྲངས་མེད་པ་དང་། གྲངས་དང་མཐུ་དཔག་པར་མི་ནུས་པས་བསམ་དུ་མེད་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་དྲི་མ་མེད་པ་སྟེ་ཡོན་ཏན་འདི་བཞི་དང་དབྱེར་མེད་པའི་མཚན་ཉིད་ཅན་གྱི་ཆོས་སྐུ་མངོན་སུམ་དུ་གྱུར་པ་ནི་ཐར་པ་མྱ་ངན་ལས་འདས་པ་མཐར་ཕྱིན་པ་ཞེས་བྱ་སྟེ། ཐར་པ་མཚན་ཉིད་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་དེ་བཞིན་གཤེགས་པ་ཉིད་ཀྱང་ཡིན་ནོ། །གསུམ་པ་དེ་དག་དཔེ་ཡིས་ངེས་པར་ )༦༧
(བྱེད་པ་ལ་གཉིས། མ་ངེས་པ་རི་མོའི་དཔེ་དང་། ངེས་པ་ཅན་ཉི་མའི་དཔེས་བསྟན་པའོ། །དང་པོ་ལ་གཉིས། དཔེ་དང་། དོན་ནོ། །དང་པོ་ནི། ཇི་ལྟར་ནས། དཔེར་བྱས་སོ། །ཞེས་གསུངས་ཏེ། གོང་དུ་བཤད་པའི་ཡོན་ཏན་བཞི་པོ་འགྲུབ་པའི་རྒྱུ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་པས། དེ་རི་མོ་མཁན་གྱི་དཔེས་བསྟན་པ་ནི། ཇི་ལྟར་རི་མོ་འབྲི་བར་བྱེད་པ་མང་པོ་སོ་སོར་མགོ་སོགས་ཡན་ལག་གཞན་དང་གཞན་ལ་ཁྱད་པར་དུ་མཁས་པ་དག་འདུས་ནས་གང་ཞིག་མགོ་སོགས་ཡན་ལག་གང་ཤེས་པ་དེས་ཡན་ལག་གཞན་ངོས་བར་ཟིན་པ་མེད་པ་སྟེ་མི་ཤེས་པར་འགྱུར་བ་རྣམས་ཚོགས་པ་ན་དེ་ནས་སའི་མངའ་བདག་རྒྱལ་པོས་དེ་དག་ལ་རས་ནི་བྱིན་ནས་བཀའ་ཡིས་རས་འདི་ལ་ཁྱེད་ཀུན་གྱིས་རྒྱལ་པོ་ང་ཡི་གཟུགས་ནི་གྱིས་ཤིག་ཅེས་གསུངས་པ་ན། དེ་ནས་བཀའ་སྩལ་དེ་ནི་ཐོས་པར་གྱུར་ཏེ། རང་རང་གིས་གང་ཤེས་པའི་རི་མོ་བྲི་བའི་ལས་ལ་རབ་ཏུ་སྦྱོར་རོ། །རི་མོ་བྲི་བ་དེ་ལ་མངོན་པར་སྦྱོར་བའི་རི་མོ་པ་རྣམས་ལས་མགོ་ཤེས་པ་ལྟ་བུ་གཅིག་ཡུལ་གཞན་ཞིག་ཏུ་སོང་བར་གྱུར་ན། མགོ་བྲི་མཁན་དེ་ནི་ཡུལ་གཞན་དུ་སོང་པས་ན་དེ་མ་ཚང་བའི་ཕྱིར་ན་རྒྱལ་པོའི་གཟུགས་ཀྱི་རི་མོ་དེ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་མི་འགྱུར་བ་བཞིན་ཞེས་གཙུག་ན་རིན་ཆེན་གྱིས་ཞུས་པ་ལས་དཔེར་བྱས་སོ། །གཉིས་པ་ནི། དེ་རྣམས་ནས། གཟུགས་སུ་བརྗོད། ཅེས་གསུངས་ཏེ། རི་མོ་དེ་རྣམས་འབྲི་བར་བྱེད་པས་མཚོན་པའི་དོན་ནི་གང་ཡིན་ཞེ་ན། གང་ལའང་ཆགས་པ་མེད་པའི་སྦྱིན་པ་དང་། ཉེས་པའི་དྲི་མ་མེད་པའི་ཚུལ་ཁྲིམས་དང་། ནམ་དུའང་འཁྲུལ་པ་མེད་པའི་བཟོད་པ་དང་། ལ་སོགས་པའི་སྒྲས་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། དམིགས་པ་ལ་རྩེ་གཅིག་པའི་བསམ་གཏན་དང་། ཆོས་རབ་ཏུ་རྣམ་པར་)༦༨
(འབྱེད་པའི་ཤེས་རབ་སྟེ། ཐབས་ཀྱི་རྣམ་པས་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ནི་ལེགས་པར་བྲིས་པའི་རྒྱལ་པོའི་གཟུགས་ཡོངས་སུ་རྫོགས་པ་ལྟ་བུར་བརྗོད་དོ། །གཉིས་པ་ངེས་པ་ཅན་ཉི་མའི་དཔེ་ལ་གཉིས། ཆོས་མཐུན་བརྗོད་པ་དང་སངས་རྒྱས་ཉིད་མྱ་ངན་ལས་འདས་པར་བསྟན་པའོ། །དང་པོ་ནི། ཤེས་རབ་ནས། རྣམས་དང་མཚུངས། ཞེས་གསུངས་ཏེ། ཡོན་ཏན་རྣམ་པ་བཞི་དང་དབྱེར་མེད་པའི་ཤེས་རབ་གང་ཡིན་པ་དང་། ཡེ་ཤེས་གང་ཡིན་པ་དང་། རྣམ་པར་གྲོལ་བ་གང་ཡིན་པ་རྣམས་ནི་གོ་རིམ་ཇི་ལྟ་བར་གསལ་བར་བྱེད་པ་དང་། འཕྲོ་བར་བྱེད་པ་དང་། དག་པར་བྱེད་པའི་ཕྱིར་དང་གསུམ་ཀ་ཡང་ཐ་དད་པ་མེད་པའི་ཕྱིར་ན་འོད་གསལ་བ་དང་། ཟེར་འཕྲོ་བ་དང་། ཉི་མའི་དཀྱིལ་འཁོར་དག་པ་དང་། དེ་གསུམ་ཐ་དད་མེད་པ་རྣམས་དང་ཆོས་མཚུངས་པ་ཡིན་ནོ། །གཉིས་པ་ནི། དེས་ན་ནས། མི་ནུས་བཞིན། ཅེས་གསུངས་ཏེ། རྒྱས་པར་བཤད་པ་དེ་ལྟ་བས་ན། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པའི་ཡེ་ཤེས་གཟིགས་པ་མངའ་བ་རྫོགས་པའི་སངས་རྒྱས་ཉིད་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མྱ་ངན་ལས་འདས་པ་མཐར་ཕྱིན་པ་མི་ཐོབ་སྟེ། དཔེར་ན་འོད་གསལ་བ་དང་འོད་ཟེར་འཕྲོ་བཞིན་པ་སྤངས་ནས་ནི་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་ལྟ་བར་མི་ནུས་པ་བཞིན་ནོ། །གསུམ་པ་བཤད་པའི་དོན་བསྡུ་བ་ནི། དེ་ལྟར་ནས། བཅུ་ཞེས་བརྗོད། ཅེས་གསུངས་ཏེ། གང་དུ་རྒྱས་པར་བཤད་པའི་ཚུལ་དེ་ལྟར་ཆོས་ཉིད་རྒྱལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་དེ་ནི་གཏན་ལ་འབེབས་པའི་ཚུལ་ལམ་རྣམ་པར་བཞག་པ་ནི་ངོ་བོའི་དོན་ནས་ཡོན་ཏན་དབྱེར་མེད་པའི་དོན་གྱི་བར་རྣམ་པ་བཅུ་ཞེས་བྱ་བས་ལེགས་པར་བརྗོད་ཅིང་གསལ་བར་བྱས་སོ། །གསུམ་པ་ངོ་བོ་མི་འགྱུར་ཡང་དྲི་མ་སྤྱོད་པའི་དཔེ་བསྟན་པ་ལ་ལྔ། མཚམས་ )༦༩
(སྦྱར་བ། དཔེ་དགུས་དྲི་མ་དང་རྒྱལ་བའི་སྙིང་པོ་བསྟན་པ། དྲི་མ་སྦྱོང་བའི་ཚུལ། ཇི་ལྟར་རྟོགས་པའི་རིམ་པ། སྙིང་པོ་ཉིད་བསྟན་པའོ། །དང་པོ་ནི། ཉོན་མོངས་ནས། ཤེས་པར་བྱ། ཞེས་གསུངས་ཏེ། ཐོག་མ་མེད་པ་ནས་ཉེ་བར་གནས་ཀྱང་མ་འབྲེལ་བའི་རང་བཞིན་གློ་བུར་གྱི་དྲི་མ་ཉོན་མོངས་པའི་སྦུབས་བྱེ་བའི་ནང་ན་གནས་པ་རང་བཞིན་དག་པའི་ཆོས་ཉིད་སྙིང་པོ་དེ་རྣམ་པ་གསལ་བར་མཚོན་པར་བྱེད་པའི་དཔེ་དགུ་པོ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ལ་གཉིས། བསྒྲིབ་བྱ་སྒྲིབ་བྱེད་དཔེ་དོན་སེལ་ནས་བརྗོད་པ་དང་། སོ་སོར་བརྗོད་པའོ། །དང་པོ་ནི། སངས་རྒྱས་པད་ངན་ནས། ཁམས་འདི་གནས། ཞེས་གསུངས་ཏེ། སངས་རྒྱས་ཀྱི་སྐུ་གཟུགས་བཟང་པོ་པདྨ་ངན་པའི་སྦུབས་ནང་ཡོད་པ་དང་། སྦྲང་རྩིའི་བཅུད་སྲོག་ཆགས་སྦྲང་མའི་ཚོགས་དུ་མའི་དབུས་ན་ཡོད་པ་དང་། འབྲས་བུའི་ཤུན་པའམ་སྦུན་པ་ལ་སྙིང་པོ་འབྲུ་ཡོད་པ་དང་། མི་ གཙང ་བའི་ནང་ནས་གསེར་དང་དབུལ་པོའི་ཁྱིམ་གྱིས་ལ་རིན་པོ་ཆེའི་གཏེར་དང་ཤིང་གི་འབྲས་བུ་ཆུང་ངུ་ལས་ལྗོན་ཤིང་གི་མྱུ་གུ་སོགས་སྐྱེ་བ་དང་། གོས་ཧུལ་གྱི་ནང་ན་རྒྱལ་བའི་སྐུ་གཟུགས་དང་། བུད་མེད་མདོག་ངན་མའི་ལྟོ་བ་ན་མིའི་བདག་པོ་འཁོར་ལོས་བསྒྱུར་བ་དང་། ལུག་བཏང་དུས་ཀྱིས་འདམ་ལ་ནང་ན་རིན་པོ་ཆེའི་གཟུགས་ཡོད་པ་ཇི་ལྟ་བ་དེ་བཞིན་དུ། གློ་བུར་གྱི་ཉོན་མོངས་པའི་དྲི་མས་བསྒྲིབས་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཁམས་དྲི་མེད་ཀྱི་དབྱིངས་འདི་ཉིད་ངེས་པར་གནས་སོ། །གཉིས་པ་ནི། དྲི་མ་ནས། མཚུངས་པ་ཉིད། ཅེས་གསུངས་ཏེ། ཁམས་རང་བཞིན་རྣམ་དག་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་ནི་མེ་ཏོག་པ་པདྨ་དང་སྲོག་ཆགས་སྦྲང་མ་དང་གྲ་མ་ལ་སོགས་པའི་སྦུན་པ་དང་། མི་ གཙང ་བའི་རྫས་དང་།)༧༠
(སའི་ཕུང་པོ་དང་། འབྲས་ཤུན་དང་། གོས་རུལ་པོ་དང་། མགོན་མེད་པ་ལ་སོགས་པའི་སྡུག་བསྔལ་འབར་བས་མངོན་པར་གདུང་བའི་བུད་མེད་ངན་མ་དང་། ས་འདམ་ནག་པོའི་ཁམས་རྣམས་དང་མཚུངས་ལ། སངས་རྒྱས་ཀྱི་སྐུ་དང་སྦྲང་རྩི་དང་འབྲུ་ལ་སྙིང་པོ་དང་གསེར་སྦྲམ་དང་རིན་པོ་ཆེའི་གཏེར་དང་ནྱ་གྲོ་དྷ་ལས་སོགས་པའི་ལྗོན་ཤིང་དང་། རིན་ཆེན་ལས་བྱས་པའི་སྐུ་གཟུགས་དང་། གླིང་བཞིའི་བདག་པོ་འཁོར་ལོས་སྒྱུར་བའི་མཆོག་དང་རིན་ཆེན་གསེར་གྱི་གཟུགས་བསྙན་རྣམས་དང་དྲི་མ་མེད་ཅིང་རྣམ་པར་དག་པའི་ཁམས་མཆོག་ཏུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་མཚུངས་པ་ཉིད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་དགུ། པདྨ་དང་སངས་རྒྱས་ཀྱི་དཔེ་དོན། སྦྲང་མ་དང་སྦྲང་རྩི། སྤུན་པ་དང་འབྲས། མི་ གཙང ་བ་དང་གསེར། ས་དང་གཏེར། ཤུན་པ་དང་མྱུ་གུ། གོས་ཧྲུལ་དང་སྐུ། མི་མོ་དང་འཁོར་བསྒྱུར། ས་འདམ་དང་གསེར་གྱི་སྐུ་སྟེ་ཐམས་ཅད་ལ་དཔེ་དོན་བྱེད་ལས་གསུམ་གསུམ་གྱིས་བསྟན་ཅིང་། དགུ་པོ་རེ་རེ་བཞིན་དཔེ་བཤད་པ། དོན་བསྟན་པ། དཔེ་དོན་སྦྱར་ནས་དོན་བསྡུ་བ་སྟེ་གསུམ་གསུམ་དུ་ཡོད་དོ། །དེ་ལྟར་ན་དཔེ་དོན་དང་པོ་ལ་གསུམ། དཔེ། དོན། དེ་གཉིས་སྦྱར་བའོ། །དང་པོ་ནི། ཇི་ལྟར་མདོག་ངན་ནས། འབྱིན་བྱེད་པ། ཅེས་གསུངས་ཏེ། དེ་ལ་མཚོན་བྱེད་ཀྱི་དཔེ་བསྟན་པ་ནི། ཇི་ལྟར་ན་མདོག་ངན་ཞིང་དྲི་མི་ཞིམ་པའི་པདྨ་ཟུམ་པའི་ཁོང་ན་མཚན་བཟང་སྟོང་གིས་འབར་བའི་དེ་བཞིན་གཤེགས་པའི་སྐུ་གནས་པ་ནི། དྲི་མ་མེད་པའི་ལྟའི་མིག་གི་མངོན་ཤེས་དང་ལྡན་པའི་མི་འགའ་ཞིག་གིས་མཐོང་ནས་ཆུ་སྐྱེས་ཀྱི་འདབ་མའི་སྦུབས་ནས་སངས་རྒྱས་ཀྱི་སྐུ་དེ་འབྱིན་པར་བྱེད་པ་ལྟར་རོ། །ཅེས་སོ། །གཉིས་པ་ནི། དེ་བཞིན་ནས། གྲོལ་བར་བྱེད། ཅེས་གསུངས་ཏེ། དེས་མཚོན་པའི་དོན་བྱེད་ལས་དང་བཅས་པ་ནི། དཔེ་དེ་བཞིན་དུ། བདེ་བར་གཤེགས་པ་རྣམས་ཀྱི་སྲོག་ཆགས་ཐ་ན་མནར་མེད་ )༧༡
(ན་གནས་པ་རྣམས་ལའང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་རང་གི་སེམས་ཅན་གསལ་བའི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཡོད་པར་གཟིགས་ཏེ། སྒྲིབ་པ་མེད་ཅིང་ཕྱི་མའི་མཐའ་འཁོར་བའི་མུར་ཐུག་གི་བར་གནས་པའི་ཤེས་རབ་དང་ཐུགས་རྗེ་དང་ཕྲིན་ལས་ཀྱི་བདག་ཉིད་ཅན་དེས་གདུལ་བྱ་གློ་བུར་གྱི་སྒྲིབ་པ་ལས་ནི་གྲོལ་བར་བྱེད་དོ། །གསུམ་པ་ནི། ཇི་ལྟར་མི་སྡུག་ནས། འཇོམས་པར་མཛད། ཅེས་གསུངས་ཏེ། གོང་དུ་བསྟན་པའི་དཔེ་དོན་དེ་ཉིད་སླར་ཡང་ལེགས་པར་སྦྱར་ཏེ་གསལ་བར་མཛད་པ་ནི། ཇི་ལྟར་ན། མི་སྡུག་པའི་པདྨ་ཁ་ཟུམ་པའི་ལྟེ་བ་ལ་བཞུགས་པའི་བདེ་བར་གཤེགས་པའི་སྐུ་དེ་ནི་པདྨ་དེའི་ཁོང་ན་གནས་པར་ལྷའི་མིག་ལྡན་འགའ་ཞིག་གིས་མཐོང་ནས་དེ་དབྱུང་པའི་ཕྱིར་དུ་པདྨའི་འདབ་མ་གཅོད་པར་བྱེད་པ་ཇི་ལྟ་བར། འདོད་ཆགས་ཞེ་སྡང་སོགས་དྲི་མའི་སྦུབས་ཀྱིས་བསྒྲིབས་པའི་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་འགྲོ་བ་ཐམས་ཅད་ལ་ཡོད་པ་གཟིགས་ཏེ། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་ཚད་མེད་པའི་ཐུགས་རྗེའི་དབང་གིས། ཐུབ་པ་སངས་རྒྱས་རྣམས་ཀྱང་སྐུའི་སྒྲིབ་བྱེད་པད་འདབ་སེལ་བ་དེ་བཞིན་ཏུ་གློ་བུར་གྱི་སྒྲིབ་པ་དེ་རྣམས་ནི་འཇོམས་པའི་ཕྲིན་ལས་མཛད་དོ། །དཔེ་དོན་གཉིས་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་སྲོག་ཆགས་ནས། བྱེད་པ་བཞིན། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། སྲོག་ཆགས་སྦྲང་མའི་ཚོགས་ཀྱིས་བསྐོར་བའི་དབུས་ན་གནས་པའི་སྦྲང་རྩི་ནི་སྐྱེས་བུ་བརྟག་པ་དང་། ཐབས་ལ་མཁས་པ་སྦྲང་རྩི་དེ་ཉིད་དོན་དུ་གཉེར་བ་ཡིས། སྦྲང་མའི་དབུས་ན་སྦྲང་རྩི་ཡོད་པ་དེ་མཐོང་ནས་དུ་བ་གཏོང་བ་སོགས་ཐབས་ཀྱིས་སྦྲང་རྩི་དེ་དང་སྲོག་ཆགས་ཀྱི་ཚོགས་རྣམས་ཀུན་ནས་རབ་ཏུ་བྲལ་བར་བྱས་ནས་སྦྲང་རྩི་ཐོབ་པར་བྱེད་པ་བཞིན་ནོ། །ཅེས་སོ། །གཉིས་པ་ནི། དྲང་སྲོང་ནས། མཛད་པ་ཡིན། ཅེས་གསུངས་ཏེ། དྲང་སྲོང་ཆེན་པོ་སངས་ )༧༢
(རྒྱས་ཀྱི་ཆོས་ཀུན་མཁྱེན་པའི་སྤྱན་གྱིས་ནི་རིག་པའི་ཁམས་ཉོན་མོངས་པའི་སྦུབས་སུ་ཆུད་པ་སྦྲང་རྩི་སྦྲང་མས་བསྐོར་བ་དང་འདྲ་བ་འདི་སེམས་ཅན་ཐམས་ཅད་ལ་ཡོད་པར་གཟིགས་ནས་དེ་རྟོགས་པར་བྱེད་པ་དེའི་སྒྲིབ་པ་སྦྲང་མ་འདྲ་བ་རྣམས་གཏན་ནས་མེད་པར་རབ་ཏུ་སྤོང་བའི་ལམ་སྟོན་པར་ཆོས་སྐུ་མངོན་སུམ་དུ་གྱུར་པ་མཛད་པ་ཡིན་ནོ། །གསུམ་པ་ནི། ཇི་ལྟར་སྦྲང་རྩི་ནས། སྐྱེས་བུ་བཞིན། ཅེས་གསུངས་ཏེ། ཇི་ལྟར་ན། སྦྲང་རྩི་སྲོག་ཆགས་སྦྲང་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བསྒྲིབས་པ་ན་སྦྲང་རྩི་དོན་གཉེར་གྱི་སྐྱེས་བུ་ཐབས་ལ་མཁས་པའི་མི་དེས་སྦྲང་མ་དེ་དག་ཐབས་ཀྱི་སྒོ་ནས་བསལ་ཏེ་ཇི་ལྟར་འདོད་པ་བཞིན་ཏུ་སྦྲང་རྩིའི་བྱ་བ་བྱེད་པ་དེ་བཞིན་ཏུ། སེམས་ཅན་རྣམས་ལ་ཡོད་པའི་ཟག་པ་མེད་པའི་ཤེས་པ་བདེ་སྙིང་དྲི་མེད་སྦུབས་སུ་ཆུད་པ་ནི་སྦྲང་མས་བསྐོར་བའི་སྦྲང་རྩི་དང་འདྲ་བས་ཁམས་ལ་སྒྲིབ་བྱེད་ཀྱི་ཉོན་མོངས་པ་སྦྲང་མ་འདྲ་བ་དེ་འཇོམས་པའི་ཐབས་ལ་མཁས་པའི་རྒྱལ་བ་དེ་སྦྲང་རྩི་དོན་གཉེར་གྱི་སྐྱེས་བུ་ཐབས་ལ་མཁས་པ་ཇི་ལྟ་བ་བཞིན་ནོ། །དཔེ་དོན་གསུམ་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་སྤུན་ལྡན་ནས། དེ་འབྱིན་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། སྦུན་པ་དང་ལྡན་པའི་འབྲས་བུའི་སྙིང་པོ་ནི་མི་རྣམས་ཀྱིས་ནི་ལོངས་སྤྱོད་བྱར་མི་འགྱུར་བས་ཟས་སོགས་ལོངས་སྤྱོད་བྱ་དོན་ཏུ་གཉེར་བའི་མི་གང་ཡིན་པ་དེ་དག་གིས་ནི་སྦུན་པའི་ནང་ནས་འབྲས་བུ་དེ་འབྱིན་དགོས་པ་ལྟར། ཅེས་སོ། །གཉིས་པ་ནི། དེ་བཞིན་ནས། དུ་མི་བྱེད། ཅེས་གསུངས་ཏེ། དེ་བཞིན་དུ། སེམས་ཅན་རྣམས་ལ་ཡོད་པའི་ཉོན་མོངས་ཀྱི་དྲི་མ་དང་འདྲེས་པའི་རྒྱལ་བའི་སྙིང་པོའང་ཇི་སྲིད་དུ་ཉོན་མོངས་པའི་དྲི་མ་དང་འདྲེས་པ་ལས་མ་གྲོལ་བ་དེ་སྲིད་དུ་རྒྱལ་བའི་མཛད་པ་སྲིད་པ་གསུམ་དུ་སྟོན་པར་མི་བྱེད་ཅིང་སྒྲིབ་པ་དང་བྲལ་བ་ལ་སངས་རྒྱས་ཀྱི་ཕྲིན་ལས་སྤྲོ་བ་ཉིད་དོ། །གསུམ་པ་ནི། ཇི་ལྟར་སཱ་ལུ་ནས། འགྱུར་བ་ཡིན། ཅེས་གསུངས་ཏེ། ཇི་ལྟར་ )༧༣
(ན་འབྲས་སཱ་ལུ་དང་བྲ་འོ་དང་ནས་ཀྱི་འབྲས་བུའི་སྙིང་པོ་སྦུན་པ་ལས་མ་ཕྱུང་པ་གྲ་མ་ཅན་སྦུན་པ་བསལ་བ་སོགས་ལེགས་པར་མ་སྒྲུབས་པ་མི་རྣམས་ཀྱིས་ནི་ལོངས་སྤྱོད་བྱའི་བཟའ་བ་ཞིམ་པོར་མི་འགྱུར་བ་ཇི་ལྟར། དེ་བཞིན་ཏུ་སེམས་ཅན་ལ་ཡོད་པའི་ཆོས་ཀྱི་དབང་ཕྱུག་བདེ་གཤེགས་སྙིང་པོ་དེ་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ལུས་ལ་ཡོད་པ་དེའི་ཚེ་བཀྲེས་ཤིང་ཉོན་མོངས་པ་བྲུ་བས་ཉེས་པའི་འགྲོ་བ་རྣམས་ལ་དམ་པའི་ཆོས་ཀྱི་དགའ་བའི་རོ་སྟེར་བར་འགྱུར་བ་མ་ཡིན་ནོ། །དཔེ་དོན་བཞི་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་རབ་ཏུ་ནས། སྨྲ་བ་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། ཕན་ཚུན་ལམ་སྲང་དུ་རབ་ཏུ་རྒྱུ་ཞིང་འགྲོ་བའི་ཚེ་མིའི་སྐྱེས་བུ་འགའ་ཞིག་གིས་བརྗེད་ངས་པ་ལ་སོགས་པའི་དབང་གིས་གསེར་སྦྲམ་ཆེན་པོ་ཞིག་ལྗན་ལྗིན་རུམ་པའི་གནས་སུ་ལྷུང་བར་འགྱུར་ལ། ལོ་དུ་མར་ཡང་མི་འཇིག་ཅིང་མེད་པར་མི་འགྱུར་བའི་ཆོས་ཅན་གྱི་གསེར་དེ་ནི་ལྗན་ལྗིན་གྱི་ནང་དེར་མི་འཇིག་པ་སྔར་གྱི་དེ་ཀ་བཞིན་དུ་ལོ་བརྒྱ་ཕྲག་མང་པོ་དག་ཏུ་གནས་པ་དེ་ལྷའི་མིག་རྣམ་པར་དག་པ་དང་ལྡན་པའི་ལྷ་ཡིས་ལྗིན་ལྗིན་གྱི་ནང་དེར་གསེར་སྦྲམ་ཡོད་པ་མཐོང་ནས་མི་གསེར་འདོད་པ་ཞིག་ལ་ལྗན་ལྗིན་གྱི་ཁྲོད་འདི་ན་ཡོད་པའི་གསེར་སྦྲམ་རིན་པོ་ཆེའི་མཆོག་འདི་དྲི་མ་སྦྱངས་ཏེ་རིན་ཆེན་གྱིས་བསྒྲུབ་པར་བྱ་བའི་རྒྱན་ལ་སོགས་པ་སྒྲུབ་པར་གྱིས་ཤིག་ཅེས་སྨྲ་བ་ལྟར། ཅེས་སོ། །གཉིས་པ་ནི། དེ་བཞིན་ཐུབ་པས་ནས། ཆུ་ཆར་འབེབས། ཞེས་གསུངས་ཏེ། དེ་བཞིན་ཏུ། རྫོགས་པའི་སངས་རྒྱས་ཐུབ་པ་ཆེན་པོས་ཀྱང་མི་ གཙང ་བ་དང་འདྲ་བའི་ཉོན་མོངས་པའི་འདམ་རྫབ་ཏུ་བྱིང་པའི་སེམས་ཅན་གྱི་ཡོན་ཏན་བདེ་སྙིང་ནི་འགྲོ་བ་ཐམས་ཅད་ལ་ཡོད་པར་གཟིགས་ནས་ཉོན་མོངས་པའི་འདམ་དེ་དག་པར་བྱ་བའི་ཕྱིར་དུ་སྐྱེ་དགུ་རྣམས་ལ་དམ་པའི་་ཆོས་ཀྱི་ཆུའི་ཆར་པ་ཆེན་པོ་འབེབས་པར་མཛད་དོ། །གསུམ་པ་ནི། ཇི་ལྟར་ལྗན་ལྗིན་ )༧༤
(ནས། ཆོས་སྟོན་ཏོ། །ཞེས་གསུངས་ཏེ། ཇི་ལྟར་ན། ལྗན་ལྗིན་རུལ་པའི་གནས་སུ་ལྟུང་བའི་གསེར་ནི་ལྷ་ཡིས་མཐོང་བར་གྱུར་ནས་གསེར་དེའི་དྲི་མ་ཀུན་ཏུ་དག་པར་བྱ་བའི་ཕྱིར་མཆོག་ཏུ་མཛེས་པའི་གསེར་དེ་མི་ལ་ནན་གྱིས་སྟོན་ཅིང་དག་པར་བྱེད་འཇུག་པ་ཇི་ལྟ་བར། དེ་བཞིན་ཏུ། རྒྱལ་བ་ཐམས་ཅད་མཁྱེན་པས་ཉོན་མོངས་པ་མི་ གཙང ་བ་ཆེན་པོའི་ནང་དུ་ལྟུང་བར་གྱུར་པའི་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་རིན་པོ་ཆེ་དང་འདྲ་བ་སེམས་ཅན་རྣམས་ལ་ཡོད་པར་གཟིགས་ནས་སྙིང་པོ་དེ་དག་པར་བྱ་བའི་ཕྱིར་དུ་ལུས་ཅན་རྣམས་ལ་སྐལ་པར་འཚམས་པའི་ཆོས་སྟོན་པར་མཛད་དོ། །དཔེ་དོན་ལྔ་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་མི་དབུལ་ནས། མི་སྨྲ་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། མི་དབུལ་པོ་ཞིག་གི་ཁྱིམ་ནང་གིས་འོག་ན་མི་ཟད་པའི་གཏེར་ཆེན་པོ་ནི་ཡོད་པར་གྱུར་ལ་མི་དེས་གཏེར་དེ་ཡོད་པར་མ་ཤེས་ཤིང་གཏེར་དེའང་མི་དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་བས་མི་དེ་དབུལ་བའི་སྡུག་བསྔལ་མྱོང་དགོས་པ་ལྟར། ཅེས་སོ། །གཉིས་པ་ནི། དེ་བཞིན་ཡིད་ཀྱི་ནས། འདིས་མྱོང་ངོ་། །ཞེས་གསུངས་ཏེ། དེ་བཞིན་ཏུ། སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ནང་དུ་ཆུད་པའི་བདེ་སྙིང་རིན་པོ་ཆེའི་གཏེར་རང་བཞིན་གྱིས་དྲི་མ་མེད་ལ། སྔར་མེད་ཀྱི་ཡོན་ཏན་གསར་དུ་བཞག་པ་དང་སྤང་བྱ་བདེན་པ་བ་བསལ་དུ་མེད་པའི་ཆོས་ཉིད་ཀྱང་རང་ལ་ཡོད་པ་མ་རྟོགས་པས་ན་ཡོན་ཏན་མངོན་དུ་གྱུར་པའི་འབྱོར་བས་དབུལ་བ་འཁོར་བའི་སྡུག་བསྔལ་ནི་རྣམ་པ་མང་པོ་དུས་རྒྱུན་དུ་སྐྱེ་དགུ་འདི་རྣམས་ཀྱིས་ཉམས་སུ་མྱོང་ངོ་། །གསུམ་པ་ནི། ཇི་ལྟར་དབུལ་པོའི་ནས། ཡང་དག་བལྟམས། ཞེས་གསུངས་ཏེ། ཇི་ལྟར་ན། དབུལ་པོའི་ཁྱིམ་ནང་གི་སའི་འོག་ཏུ་ནི་རིན་པོ་ཆེའི་གཏེར་ཆུད་པར་གྱུར་པའི་མི་དེ་ལ་ནི་རིན་ཆེན་གྱི་གཏེར་དེ་ཡིས་བདག་འདི་ན་ཡོད་ཅེས་བརྗོད་པར་མི་བྱེད་ཅིང་གཏེར་ཡོད་པ་དེ་ནི་མི་དབུལ་པོ་དེ་ཡིས་ཤེས་པ་མ་ཡིན་པས་དབུལ་བའི་ )༧༥
(སྡུག་བསྔལ་ལས་མ་ཐར་བ་ལྟར། དེ་བཞིན་དུ། ཆོས་སྐུའི་གཏེར་རང་གི་ཡིད་ཀྱི་ཁྱིམ་ན་གནས་ཀྱང་དེ་མ་རྟོགས་པའི་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་ཡིན་ཏེ། དེ་དག་རྣམས་ཀྱིས་རང་ལ་གནས་པའི་ཆོས་སྐུའི་གཏེར་མངོན་ཏུ་ཐོབ་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་ནི། དྲང་སྲོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཡང་དག་པར་བལྟམས་ནས་དམ་པའི་ཆོས་སྟོན་པར་མཛད་དོ། །དཔེ། དོན། དྲུག་པ་ལ་གསུམ། དཔེ་དོན་སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་ཨ་མྲ་ནས། འགྲུབ་པ་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། ཨ་མྲ་དང་ནྱ་གྲོ་དྷ་ལ་སོགས་པ་ཤིང་གི་འབྲས་བུ་ལྤགས་ཤུན་གྱི་ནང་དུ་ཆུད་ཀྱང་ཤིང་སྡོང་བསྐྱེད་པའི་ནུས་པ་ཡོད་པའི་ཤིང་གི་ས་བོན་མྱུ་གུ་བསྐྱེད་པ་ལ་གེགས་ཀྱིས་འཇིག་པ་མེད་པའི་ཆོས་ཅན་རྐྱེན་ས་གཤིན་པོ་རྨོས་པ་དང་ཆུ་ལུད་དྲོད་སོགས་ཚོགས་པ་དང་ལྡན་པ་ལས་ལྗོན་ཤིང་གི་རྒྱལ་པོ་ཕུན་སུམ་ཚོགས་པ་དང་ལྡན་པའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར། ཅེས་སོ། །གཉིས་པ་ནི། སེམས་ཅན་རྣམས་ཀྱི་ནས། དངོས་པོར་འགྱུར། ཅེས་གསུངས་ཏེ། སེམས་ཅན་རྣམས་ཀྱི་མ་རིག་པ་སོགས་ཉོན་མོངས་པའི་འབྲས་ཤུན་གྱི་ལྤགས་པའི་སྦུབས་ཀྱི་ནང་དུ་ཆུད་པའི་ཆོས་སྐུའི་ཁམས་སམ་དབྱིངས་དགེ་བ་གང་ཡིན་པ་དེ་ཡང་མཐུན་རྐྱེན་ཚང་བ་ལས་ལྗོན་ཤིང་འགྲུབ་པ་དེ་བཞིན་ཏུ་ཚོགས་གཉིས་ཀྱི་དགེ་བའི་རྐྱེན་དེ་དང་དེ་ལ་བརྟེན་ནས་ས་ལམ་རིམ་གྱིས་བགྲོད་དེ་ཐུབ་པའི་རྒྱལ་པོ་སངས་རྒྱས་ཀྱི་དངོས་པོར་འགྱུར་བ་ཡིན་ནོ། །གསུམ་པ་ནི། ཆུ་དང་ནས། འགྱུར་བ་ཡིན། ཅེས་གསུང་ཏེ། འབྱུང་བ་ཆུས་བརླན། ཉི་མའི་འོད་ཀྱིས་སྨིན། རླུང་གིས་འཕེལ། སས་བརྟེན། དུས་འདས་པས་ནུས་པ་ཐོན། ནམ་མཁས་གོ་ཕྱེ་བ་སོགས་རྐྱེན་དེ་རྣམས་ཀྱིས། ཏ་ལ་དང་ཨ་མྲའི་འབྲས་བུ་ལྤགས་ཤུན་གྱི་སྦུབས་ཀྱི་གསེབ་ན་གནས་པ་ལས་ཤིང་གི་སྡོང་པོ་རིམ་གྱིས་སྐྱེ་བ་ཇི་ལྟ་བར། སེམས་ཅན་རྣམས་ )༧༦
(ཀྱི་ཉོན་མོངས་པའི་འབྲས་བུའི་ལྤགས་ཤུན་གྱི་ནང་དུ་ཆུད་པའི་རྫོགས་པའི་སངས་རྒྱས་ཀྱི་ས་བོན་མྱུ་གུ་འདྲ་བ་ཡང་། རྐྱེན་ཚོགས་པ་ལས་ཤིང་སྐྱེ་བ་དེ་བཞིན་ཏུ་ཚོགས་གཉིས་ཀྱི་དགེ་བའི་རྐྱེན་དེ་དང་དེ་ལས་མཐོང་ལམ་དུ་ཆོས་ཀྱི་མྱུ་གུ་མཐོང་། སྒོམ་ལམ་དུ་འཕེལ། མི་སློབ་ལམ་དུ་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། དཔེ་དོན་བདུན་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་རིན་ཆེན་ནས། སྨྲ་བ་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། རིན་ཆེན་རིན་ཐང་མེད་པ་ལས་བྱས་པའི་རྒྱལ་བའི་སྐུ་གཟུགས་གོས་ཧྲུལ་དྲི་ངན་གྱིས་ནི་གཏུམས་པར་གྱུར་པ་ལམ་གྱི་བཞི་མདོ་ཞིག་ན་གནས་པ་མི་རྣམས་ཀྱི་མ་ཤེས་པར་འགོང་བ་སོགས་སུ་གྱུར་པ་ན་ལམ་དེ་ན་ཡོད་པར་ལྷ་ཡིས་མཐོང་ནས་སྐུ་དེ་དེ་ལས་གྲོལ་བར་བྱ་བའི་ཕྱིར་སྐུ་གཟུགས་ལམ་ན་གནས་པའི་དོན་དེ་མི་དེ་རྣམས་ལ་སྨྲ་ཞིང་སྟོན་པར་བྱེད་པ་ལྟར། ཅེས་སོ། །གཉིས་པ་ནི། ཐོག་མེད་ནས། ཐབས་སྟོན་མཛད། ཅེས་གསུངས་ཏེ། ཐོག་མ་མེད་པ་ནས་དུག་གསུམ་སོགས་བག་ཆགས་རྣམ་པ་སྣ་ཚོགས་པའི་ཉོན་མོངས་ཀྱི་གོས་ཧྲུལ་གྱིས་གཏུམས་པའི་བདེ་གཤེགས་སྙིང་པོའི་དངོས་པོ་ཉིད་དུད་འགྲོ་ལ་ཡང་ཡོད་པ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ནས། སྐུ་གཟུགས་ཀྱི་སྒྲིབ་བྱེད་སེལ་བ་དེ་བཞིན་ཏུ་སྙིང་པོ་ཆོས་ཀྱི་དབྱིངས་དེ་གློ་བུར་གྱི་སྒྲིབ་པ་ལས་ཐར་བར་བྱ་བའི་དོན་དུ་ལམ་ཉམས་སུ་ལེན་པའི་ཐབས་དམ་པའི་ཆོས་ཀྱི་སྒོ་མཐའ་ཡས་པ་སྟོན་པར་མཛད་དོ། །གསུམ་པ་ནི། ཇི་ལྟར་རིན་ཆེན་ནས། ཆོས་སྟོན་མཛད། ཅེས་གསུངས་ཏེ། ཇི་ལྟར་ན། རིན་ཆེན་རང་བཞིན་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་དྲི་མ་ངན་པའི་གོས་ཀྱི་གཏུམས་པ་ལམ་གྱི་བཞི་མདོར་གནས་པ་མིས་ངོ་མ་ཤེས་པ་ན་ལྷའི་མིག་གིས་མཐོང་ནས་སྐུ་གཟུགས་གོས་ཧྲུལ་ལས་ཐར་པའི་ཕྱིར་དུ་མི་རྣམས་ལ་འདི་ན་སྐུ་གཟུགས་ཡོད་ཅེས་སྟོན་པ་ལྟར། དེ་བཞིན་ཏུ་ཉོན་མོངས་པའི་གོས་ཧྲུལ་གྱིས་གཏུམས་པའི་སངས་རྒྱས་ཀྱི་ཁམས་འཁོར་བའི་ལམ་ན་གནས་པ་དེ་དུད་འགྲོ་ )༧༧
(ལ་ཡང་ཡོད་པར་གཟིགས་ནས་དེ་ཉོན་མོངས་པའི་གོས་ཧྲུལ་ལས་ཐར་བར་བྱ་བའི་ཕྱིར་རྒྱལ་བས་ཆོས་སྟོན་པར་མཛད་དོ། །དཔེ་དོན་བརྒྱད་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་མི་མོ་ནས། མི་ཤིས་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། མི་མོ་གཟུགས་བྱད་ངན་ཞིང་མགོན་དང་སྐྱབས་མེད་པ་འགའ་ཞིག་མགོན་མེད་པ་རྣམས་ཀྱི་འདུག་གནས་འགྲོན་ཁང་དང་གཞི་མདོ་ལ་སོགས་པ་རྣམས་སུ་ནི་འདུག་པར་གྱུར་ལ་རང་གི་མངལ་གྱི་འཁོར་ལོས་སྒྱུར་བའི་རྒྱལ་བོའི་དཔལ་དང་ལྡན་པར་གྱུར་པའི་ཁྱེའུ་མཚན་དང་ལྡན་པ་ནི་འཛིན་པར་བྱེད་པས་ཀྱང་མངལ་སྦུབས་ཀྱིས་བསྒྲིབས་པའི་ཕྱིར་རང་ཉིད་ཀྱི་ལྟོ་བ་ན་ཡོད་པའི་སེམས་ཅན་དེ་མིའི་བདག་པོ་ཡིན་པར་མི་ཤེས་པས་གཞན་གྱིས་བརྙས་པ་ལ་སོགས་པའི་འཇིགས་པ་དང་བཅས་ཤིང་སྡུག་བསྔལ་བར་གྱུར་པ་ལྟར་ཞེས་པའོ། །གཉིས་པ་ནི། སྲིད་པར་ནས། མངལ་གནས་བཞིན། ཅེས་གསུངས་ཏེ། སྲིད་པ་འཁོར་བའི་གནས་རྣམ་པ་སྣ་ཚོགས་པར་སྐྱེ་བ་རྣམས་སྡུག་བསྔལ་དང་བཅས་པའི་ཕྱིར། མགོན་དང་སྐྱབས་མེད་པའི་ཁྱིམ་ན་གནས་པ་ཇི་ལྟ་བ་བཞིན་ཏེ། གློ་བུར་གྱི་ཉོན་མོངས་པ་མ་དག་པའི་སེམས་ཅན་རྣམས་ནི་མགོན་སྐྱབས་ཡོད་ཀྱང་མ་ཤེས་པའི་ཕྱིར་མངལ་ན་རྒྱལ་པོ་དང་ལྡན་པའི་བུད་མེད་ཇི་ལྟ་བ་བཞིན་ཡིན་ཞིང་། བུད་མེད་དེ་ལ་རྒྱལ་པོ་གང་ཞིག་ཡོད་པས་མགོན་དང་བཅས་པར་འབྱུང་བ་ལྟར། སེམས་ཅན་དེ་ལ་ཆོས་ཉིད་གང་ཞིག་ཡོད་པས་མགོན་གྱི་མཆོག་དང་བཅས་པར་གྱུར་པ་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི་མ་མེད་པའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་དེ་མངོན་སུམ་དུ་འགྱུར་པས་ན་འཇིགས་པ་ཐམས་ཅད་ལས་སྐྱོབས་པའི་ཕྱིར་བུད་མེད་དེའི་མངལ་ན་གནས་པའི་རྒྱལ་པོ་ཇི་ལྟ་བ་བཞིན་ནོ། །གསུམ་པ་ནི། ཇི་ལྟར་བུད་མེད་ནས། གཞི་ལ་གནས། ཞེས་གསུངས་ཏེ། ཇི་ལྟར་ན། བུད་མེད་ལུས་ལ་དྲི་མ་དང་བཅས་པའི་གོས་གྱོན་ཞིང་མི་སྡུག་པའི་གཟུགས་དང་ལྡན་པ་ )༧༨
(ཞིག་ས་བདག་འཁོར་སྒྱུར་རང་གི་མངལ་ན་གནས་ཀྱང་། དེ་མ་ཤེས་པར་མགོན་མེད་པའི་ཁང་པར་བསྡད་ནས་དབུལ་བ་དང་བརྙས་པ་སོགས་སྡུག་བསྔལ་གྱི་མཆོག་ཉམས་སུ་མྱོང་བ་ལྟར། དེ་བཞིན་དུ། བདག་རང་གི་སེམས་ཀྱི་ནང་ན་གནས་པའི་མགོན་སྐྱབས་བདེ་གཤེགས་སྙིང་པོ་ཡོད་པར་གྱུར་ཀྱང་དེ་མ་ཤེས་པས་མགོན་སྐྱབས་མེད་དོ་སྙམ་པའི་བློ་དང་ལྡན་པའི་འགྲོ་བ་ཉོན་མོངས་པའི་དབང་གིས་ཡིད་མ་ཞི་བ་རྣམས་སྡུག་བསྔལ་གྱི་གཞི་འཁོར་བ་ལ་གནས་པར་གྱུར་ཏོ། །དཔེ་དོན་དགུ་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་ནང་གི་ནས། སེལ་བྱེད་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། ས་འདམ་ནག་པོའི་ནང་གི་གསེར་ཞུན་མ་བླུག་པའི་གཟུགས་ཡན་ལག་རྒྱས་པ་ཡིད་འོང་ཞི་བས་མཛེས་པ་དག་ཕྱི་རོལ་ས་ཡི་རང་བཞིན་འདམ་གྱིས་གཡོགས་པ་ཅན་དེ་མཐོང་ནས་ནང་དུ་གསེར་གྱི་གཟུགས་ཡོད་པ་དེ་ཤེས་པ་དག་ནང་གི་གསེར་གྱི་གཟུགས་ལ་ཡོད་པའི་ས་འདམ་སྦྱང་པའི་ཕྱིར་ཕྱི་རོལ་གྱི་སྒྲིབ་གཡོགས་ས་འདམ་སེལ་བར་བྱེད་པ་ལྟར། །ཅེས་སོ། །གཉིས་པ་ནི། རང་བཞིན་ནས། བྱང་ཆུབ་མཆོག །ཅེས་གསུངས་ཏེ། དཔེ་དེ་བཞིན་ཏུ། སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ལ་དྲི་མ་རྣམས་ཀྱང་ནི་འབྲལ་རུང་གི་གློ་བུར་བར་ནི་རྣམ་པར་གཟིགས་པར་གྱུར་ནས་རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས་ས་འདམ་ལྟ་བུའི་སྒྲིབ་པ་དག་ལས་སྦྱོང་ཞིང་སེལ་བར་མཛད་པའི་རྒྱལ་བ་རྣམས་བྱང་ཆུབ་མཆོག་ཏུ་སངས་རྒྱས་ནས་དམ་པའི་ཆོས་སྟོན་པར་མཛད་དོ། །གསུམ་པ་ནི། ཇི་ལྟར་དྲི་མེད་ནས། སེལ་བར་མཛད། ཅེས་གསུངས་ཏེ། ཇི་ལྟར་ན། དྲི་མ་མེད་ལ་རྣམ་པར་དག་ཅིང་གསེར་བཟང་འོད་འབར་ལས་བྱས་ཤིང་ལུག་གཏོང་པའི་དུས་ཀྱི་འདམ་ནག་པོའི་ནང་དུ་ཆུད་པར་གྱུར་པའི་གཟུགས་བརྙན་མཛེས་ཤིང་ཞི་བ་དེའི་རང་བཞིན་ལྷ་བཟོ་པ་མཁས་པས་རིག་ནས་ཕྱིའི་ས་འདམ་དག་སེལ་བར་བྱེད་པ་ལྟར། དེ་བཞིན་ )༧༩
(ཏུ། ཤེས་བྱ་ཀུན་མཁྱེན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། ཡོངས་སུ་དག་པའི་གསེར་དང་འདྲ་བ་རང་བཞིན་གྱིས་ཞི་བའི་ཡིད་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཉིད་ནི་མཁྱེན་པར་གྱུར་ནས་སྒྲིབ་པ་སེལ་བའི་ཐབས་སུ་ཆོས་འཆད་པའི་ཚུལ་གྱིས་ས་འདམ་སེལ་བའི་རྡེག་སྤྱད་འདྲ་བར་སྒྲུབ་པས་ཁམས་རྟོག་པའི་གེགས་སྒྲིབ་པ་དག་ནི་སེལ་བར་མཛད་པ་ཉིད་དོ། །གསུམ་པ་དོན་བསྡུ་བ་ནི། པདྨ་ནས། ཡིན་པར་བརྗོད། ཅེས་གསུངས་ཏེ། པདྨ་མདོག་ངན་པ་དང་སྲོག་ཆགས་བུང་བ་དང་། འབྲུའི་སྦུན་པ་དང་ནི་མི་ གཙང ་བའི་འདམ་དང་། ས་གཞི་དང་ཤིང་གི་འབྲས་ཤུན་དང་། གོས་རུལ་དྲི་མ་ཅན་དང་། བུད་མེད་ཀྱི་མངལ་དང་། ས་འདམ་ནག་པོའི་སྦུབས་ན་ཡང་ཞེས་པ་རྣམས་ཀྱིས་སྒྲིབ་བྱེད་དྲི་མའི་དཔེ་དགུའི་དོན་བསྡུས་ལ། མཚན་དཔེས་བརྒྱན་པའི་སངས་རྒྱས་ཇི་ལྟ་བ་བཞིན་དང་། རོ་བཅུད་དང་ལྡན་པའི་སྦྲང་རྩི་ཇི་ལྟ་བ་བཞིན་དང་། འབྲས་ལ་སོགས་པའི་སྙིང་པོ་ཇི་ལྟ་བ་བཞིན་དང་། གཞན་དུ་མི་འགྱུར་བའི་གསེར་སྦྲམ་ཇི་ལྟ་བ་བཞིན་དང་། ཟད་མི་ཤེས་པའི་གཏེར་ཆེན་པོ་ཇི་ལྟ་བ་བཞིན་དང་། འབྲས་བུ་དང་བཅས་པའི་ལྗོན་ཤིང་ཇི་ལྟ་བ་བཞིན་དང་། རིན་ཆེན་གྱི་སྐུ་གཟུགས་མཛེས་པ་ཇི་ལྟ་བ་བཞིན་དང་། འཁོར་ལོ་ཡིས་དབང་བསྒྱུར་བའི་རྒྱལ་པོ་ཇི་ལྟ་བ་བཞིན་དང་། གསེར་བཟང་པོའི་གཟུགས་བརྙན་ཇི་ལྟ་བ་བཞིན་དུ་ཞེས་པ་རྣམས་ཀྱིས་བསྒྲིབ་བྱ་སྙིང་པོའི་དཔེ་དགུ་བསྡུས་ཏེ་བསྟན་ནས། དཔེ་དེས་མཚོན་པའི་དོན་ནི། སེམས་ཅན་གྱི་ཁམས་དེ་བཞིན་ཉིད་ཀྱི་སྒྲིབ་བྱེད་ཉོན་མོངས་པའི་སྦུབས་རྣམས་ནི་རང་བཞིན་གྱིས་ལྡན་ལ་མ་འབྲེལ་བས་ན་གློ་བུར་བ་ཡིན་ཡང་ཆོས་ཀྱི་དབྱིངས་དང་ལྷན་ཅིག་ཐོག་མ་མེད་པ་ནས་ཉེ་བར་གནས་པ་ཡང་ཡིན་ལ། དེ་རྣམས་གང་ན་ཡོད་པ་དེ་ན་སེམས་ཅན་གྱི་སེམས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་དྲི་མ་མེད་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ཐོག་མ་མེད་པ་ནས་ཉེ་བར་གནས་ )༨༠
(པ་ཡིན་པར་བརྗོད་དོ། །གསུམ་པ་དྲི་མ་སྤྱོད་ཚུལ་གསུམ། དྲི་མ་དགུ་བསྟན་པ། གང་ཟག་གང་གི་རྒྱུད་ལ་ཡོད་པ། དྲི་མའི་ཚུལ་རྒྱས་བཤད་དོ། །དང་པོ་ནི། ཆགས་དང་ནས། མཐའ་ཡས་འདས། ཞེས་གསུངས་ཏེ། མི་གཡོ་པའི་ལས་ཀྱི་རྐྱེན་བྱེད་པ་འདོད་ཆགས་དང་ཞེ་སྡང་དང་དེ་ཁོ་ན་ཉིད་ལ་རྨོངས་པ་གཏི་མུག་གི་བག་ཆགས་རྣམ་པ་གསུམ་དང་། བསོད་ནམས་དང་བསོད་ནམས་མིན་པའི་ལས་ཀྱི་རྐྱེན་བྱེད་པ་དུག་གསུམ་པོ་དེའི་ཀུན་ལྡང་དྲག་པོ་སྟེ་མངོན་གྱུར་པ་གསུམ་ཀ་གཅིག་ཏུ་བྱས་པ་དང་། ཡིད་ཀྱི་རང་བཞིན་གྱི་ལུས་འཕེན་བྱེད་ཀྱི་རྐྱེན་བྱེད་པ་མ་རིག་བག་ཆགས་ཀྱི་ས་དང་། མཐོང་ལམ་ཙམ་གྱི་སྤང་བྱ་དང་། སྒོམ་ལམ་ཙམ་གྱི་སྤང་བྱ་དང་། མ་དག་ས་བདུན་ལ་གནས་པའི་གང་ཟག་གི་རྒྱུད་ལ་བརྟེན་པ་དག་ས་བསྐྱེད་པ་ཙམ་གྱི་སྤང་བྱ་དང་། དག་པའི་ས་ལ་གནས་པའི་གང་ཟག་གི་རྒྱུད་ལ་བརྟེན་པ་རྒྱུན་མཐའི་སྤང་བྱ་རྣམས་ཏེ། ཆོས་དབྱིངས་རང་བཞིན་རྣམ་དག་དེ་ལ་སྒྲིབ་བྱེད་གློ་བུར་གྱི་དྲི་མ་རིགས་ཀྱི་སྒོ་ནས་མདོར་བསྡུ་ན་རྣམ་པ་དགུ་ཡོད་པ་ནི་པདྨའི་སྦུབས་དང་སྦྲང་མ་ལ་སོགས་པ་དཔེ་རྣམ་པ་དགུས་ནི་གོ་རིམ་ཇི་ལྟ་བར་རབ་ཏུ་བསྟན་ཏེ། ཁམས་དེ་ལ་སྒྲིབ་པར་བྱེད་པ་ཉེ་བའི་ཉོན་མོངས་པའི་སྦུབས་ཀྱིས་ནི་རྫས་ཀྱི་དབྱེ་བས་རབ་ཏུ་ཕྱེ་ན་བརྒྱད་ཁྲི་བཞི་སྟོང་དང་། དབྱེ་བ་མཐའ་ཡས་པ་ལས་འདས་པ་ལ་སོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དབྱེ་བ་མཐའ་ཡས་པ་བཞིན་ནོ། །ཆགས་སོགས་ནས། ཡང་དག་བསྟན། ཅེས་པའི་བར་ནི་བཤད་མ་ཐག་པ་ཉིད་གསལ་བར་བྱེད་པ་འགྲེལ་བའི་ཚིག་ཡིན་པས་གོ་སླའོ། །གཉིས་པ་ནི། དྲི་འདི་ནས། མ་དག་ཉིད། ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་རྣམ་པ་དགུ་པོ་འདི་དག་གིས་བསྒྲིབ་པར་བྱ་བ་སེམས་ཅན་གྱི་རིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགྲ་བཅོམ་པ་རྣམས་དང་། )༨༡
(ཐུན་མོང་དུ་སློབ་པའི་ལམ་གནས་པ་རྣམས་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས་རྣམ་པར་མ་དག་པ་ཉིད་དེ། དེ་ཡང་གོ་རིམ་ཇི་ལྟ་བཞིན་དུ་སྒྲིབ་པ་དང་པོ་བཞིའི་དུག་གསུམ་གྱི་བག་ཉལ་རྣམས་ཀྱིས་ཁམས་གོང་མའི་བྱིས་པ་རྣམས་མ་དག་ཅིང་། དེ་དག་ཀུན་ནས་ལྡང་བ་དྲག་པོས་འདོད་ཁམས་ཀྱི་བྱིས་པ་རྣམས་མ་དག་པ་དང་། མ་རིག་བག་ཆགས་ཀྱི་ས་གཅིག་གིས་དགྲ་བཅོམ་པ་རྣམས་མ་དག་པ་དང་ནི། དེ་བཞིན་མཐོང་བས་སྤང་བར་བྱ་བ་རྣམས་དང་། བསྒོམ་པས་སྤང་བར་བྱ་བ་གཉིས་ཀྱིས་སོ་སོའི་སྐྱེ་བོ་སློབ་པ་དང་། འཕགས་པ་སློབ་པ་གཉིས་མ་དག་པ་དང་། མ་དག་པའི་ས་བདུན་ལ་བརྟེན་པའི་དྲི་མ་དང་། དག་པ་ས་གསུམ་ལ་བརྟེན་པའི་དྲི་མ་གཉིས་ཀྱིས་མཐར་མ་ཕྱིན་པ་དང་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་མ་དག་ཅིང་། གང་ཟག་དེ་དང་དེ་ལ་སྤང་བྱ་དེ་དང་དེ་གཙོ་ཆེ་བར་ལྡན་པས། ཆོས་ཀྱི་དབྱིངས་མཐར་ཐུག་པ་མངོན་སུམ་དུ་འགྱུར་བའི་གེགས་བྱས་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ་དྲི་མ་སྦྱོང་བའི་ཚུལ་བསྟན་པ་ལ་བདུན། བག་ལ་ཉལ་གསུམ་གྱི་ཚུལ། ཀུན་ལྡང་དྲག་པོའི་ཉེས་པ། མ་རིག་བག་ཆགས་ཀྱི་སའི་སྐྱོན། ཐེག་པ་ཐུན་མོང་གི་མཐོང་སྤང་དང་སྒོམ་སྤང་། ཁྱད་པར་ས་བདུན་གྱི་དྲི་མ། རྡོ་རྗེ་ལྟ་བུས་གཞོམ་བྱ། དོན་བསྡུ་བའོ། །དང་པོ་ནི། ཇི་ལྟར་འདམ་སྐྱེས་ནས། །སྦུབས་ཀྱིས་བསྒྲིབས། ཞེས་གསུངས་ཏེ། ཇི་ལྟར་ན། མེ་ཏོག་པདྨ་འདམ་རྫབ་ལས་གསར་དུ་སྐྱེས་ཏེ་ལྟ་བ་པོའི་མདུན་དུ་གྱུར་མ་ཐག་པ་ན་ཡིད་རབ་ཏུ་དགའ་བར་བྱེད་པ་དང་། ཕྱི་ནས་རིང་པོ་མི་ཐོགས་པར་བརྙིངས་ཤིང་དགའ་བ་མེད་པར་གྱུར་པ་ལྟར་ཉོན་མོངས་པ་འདོད་ཆགས་ཀྱི་བག་ལ་ཉལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེས་པའི་ཆགས་པ་མངོན་སུམ་དུ་གྱུར་པ་ན་དགའ་བ་དང་། ཕྱི་ནས་འགག་པ་ན་དགའ་བ་མེད་པའི་ཕྱིར་པདྨ་མཐོང་བའི་དགའ་བ་དེ་བཞིན་ནོ། །ཞེས་པས་འདོད་ཆགས་ཀྱི་བག་ལ་ཉལ་ནི་པདྨ་ལྟ་བུ་དང་། ཇི་ལྟར་ན། སྦྲང་རྩི་ལ་ཆགས་པའི་སྲོག་ཆགས་སྦྲང་མ་ནི་ )༨༢
(གཞན་གྱིས་སྦྲང་རྩི་བླངས་པ་ན་ཡིད་ཞེ་སྡང་གིས་ཤིན་ཏུ་འཁྲུགས་ཏེ་ཁའི་མདུང་བརྡེག་ཅིང་ཟུག་རྔུ་བསྐྱེད་པ་ལྟར། དེ་བཞིན་ཏུ་ཉོན་མོངས་པ་ཞེ་སྡང་གི་བག་ལ་ཉལ་འཕེལ་བ་ལས་ཁོང་ཁྲོ་མངོན་ཏུ་སྐྱེས་པ་ན་ཡང་། རང་གཞན་གྱི་སྙིང་ལ་སྡུག་བསྔལ་ཟུག་རྔུ་བསྐྱེད་པར་བྱེད་དོ། །ཞེས་པས་ཞེ་སྡང་གི་བག་ལ་ཉལ་ནི་སྦྲང་མ་ལྟ་བུ་དང་། ཇི་ལྟར་ན་འབྲས་ལ་སོགས་པ་འབྲུའི་སྙིང་པོ་ནི་ཕྱི་རོལ་གྱི་གྲ་མ་དང་གོང་བུ་ལ་སོགས་པའི་སྦུན་པས་སྒྲིབ་པས་མི་མཐོང་བ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་དོན་མཐོང་བ་ཡང་མ་རིག་གཏི་མུག་གི་བག་ལ་ཉལ་ལ་སོགས་པ་སྒོ་ངའི་སྦུབས་དང་འདྲ་བ་རྣམས་ཀྱིས་བསྒྲིབས་པས་མི་མཐོང་བར་བྱས་སོ། །ཞེས་གཏི་མུག་གི་བག་ལ་ཉལ་ནི་སྦུན་པ་ལྟ་བུར་གསུངས་སོ། །གཉིས་པ་ནི། ཇི་ལྟར་མི་ གཙང ་ནས། མི་ གཙང ་འདྲ་ཞེས་གསུངས་ཏེ། ཇི་ལྟར་ན། མི་ གཙང ་བའི་དངོས་པོ་ནི་ཡིད་དུ་འོང་བའི་མི་མཐུན་པའི་ཕྱོགས་ཉམ་ང་བའི་གནས་ཡིན་པ་དེ་བཞིན་ཏུ་འདོད་པའི་ཁམས་ལ་ཆགས་པ་དང་བཅས་པ་རྣམས་ཀྱིས་འདོད་པའི་ཡོན་ཏན་བརྟེན་པ་ལ་སོགས་པ་ཉེས་སྤྱོད་མང་པོའི་རྒྱུ་ཡིན་པའི་ཕྱིར། ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་ལྡང་བ་སྟེ་མངོན་གྱུར་དྲག་པོ་རྣམས་ནི་མི་ གཙང ་བའི་ཕུང་པོ་ཆེན་པོ་དང་འདྲ་བར་ཉོན་མོངས་ཤིང་ཡིད་འབྱུང་བར་བྱ་བའི་གནས་ཡིན་ནོ། །ཞེས་པས་དུག་གསུམ་མངོན་གྱུར་དེ་ལ་མི་ གཙང ་བ་ལྟ་བུར་གསུངས་སོ། །གསུམ་པ་ནི། ཇི་ལྟར་ས་སོགས་ནས། ས་ཡིས་བསྒྲིབས། ཞེས་གསུངས་ཏེ། ཇི་ལྟར་ན། ནོར་ཟད་མི་ཤེས་པའི་གཏེར་ཆེན་པོ་ནི་ས་མང་པོས་སྒྲིབས་ཤིང་སྦས་པ་ན་དབུལ་པོ་རྣམས་ཀྱིས་ནོར་ཡོད་པར་མི་ཤེས་ཤིང་གཏེར་དེ་ནི་མི་ཐོབ་པ་ལྟར། ཇི་བཞིན་དུ་དབུལ་པོ་དང་འདྲ་བའི་སྐྱེ་བོ་རྣམས་ལ་ཡོན་ཏན་ཟད་མི་ཤེས་པ་དང་ལྡན་པའི་རང་བྱུང་གི་ཡེ་ཤེས་མཐོང་བ་ཉིད་མ་རིག་བག་ཆགས་ཀྱི་ས་ཡིས་བསྒྲིབས་པས་མི་)༨༣
(མཐོང་བར་བྱས་སོ། །ཞེས་མ་རིག་བག་ཆགས་ཀྱིས་བསྡུས་པ་ནི་ས་ལྟ་བུར་བཤད་དོ། །བཞི་པ་ནི། ཇི་ལྟར་མྱུག་སོགས་ནས། མཚུངས་པར་བསྟན། ཅེས་གསུངས་ཏེ། ཇི་ལྟར་ན། ལྗོན་ཤིང་མྱུ་གུ་དང་སྡོང་བུ་ཡལ་ག་ལ་སོགས་པ་རིམ་གྱིས་སྐྱེ་བས་ས་བོན་གྱི་ཤུན་པ་རྣམས་རིམ་གྱིས་གཅོད་པར་བྱེད་པ་ལྟར། དེ་བཞིན་དུ་ཆོས་ཀྱི་དབྱིངས་དོན་དམ་པའི་དེ་ཁོ་ན་ཉིད་རིམ་གྱིས་མཐོང་པ་ཡིས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་རིམ་གྱིས་ལྡོག་པར་འགྱུར་རོ་ཞེས་པས་མཐོང་སྤངས་རྣམས་ནི་འབྲས་ཤུན་ལྟ་བུ་དང་། འཕགས་པའི་ལམ་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་དང་འབྲེལ་བ་ལས་ཕུང་པོ་ལྔ་བདག་དང་བདག་གིར་འཛིན་པའི་འཇིགས་ཚོགས་སུ་ལྟ་བ་ལ་སོགས་པའི་སྤང་བྱའི་སྙིང་པོའམ་གཙོ་བོ་མཐོང་བས་སྤངས་བར་བྱས་པ་དགྲ་བཅོམ་པ་རྣམ་གྱི་རྒྱུད་ལ་ཡོད་པ་ཆོས་ཉིད་མངོན་སུམ་གྱིས་མཐོང་ཟིན་སྒོམ་པའི་ལམ་ཡེ་ཤེས་ཀྱིས་སྤང་བར་བྱ་བ་ནི། རགས་པ་ཟད་པའི་ལྷག་མ་ཡིན་པའམ་དྲི་མ་དང་བཅས་པའི་གོས་རུལ་པ་དག་དང་མཚུངས་པར་བསྟན་ཏོ། །ཞེས་པས་སྒོམ་སྤངས་རྣམས་གོས་རུལ་པ་ལྟ་བུར་གསུངས་སོ། །ལྔ་པ་ནི། ས་བདུན་ནས། རྣམ་པར་སྨིན་པ་བཞིན། ཅེས་གསུངས་ཏེ། མ་དག་པའི་ས་བདུན་པ་ལ་བརྟེན་པའི་དྲི་མ་རྣམས་ནི་མཐོང་བྱ་ལ་སྒྲིབ་ཅིང་འབད་རྩོལ་དང་བཅས་པས་མངལ་སྦུབས་ཀྱི་དྲི་མ་དག་དང་མཚུངས་ལ། མངལ་སྦུབས་བྲལ་པ་དང་འདྲ་བར་དྲི་མ་དེ་དག་ལས་རྣམ་པར་གྲོལ་བ་ལས་ས་བརྒྱད་པ་ལ་སོགས་པར་འབད་རྩོལ་མེད་ཅིང་། ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྨིན་ཞིང་སྐྱེས་པ་ཇི་ལྟ་བ་བཞིན་ནོ། །ཞེས་ས་བདུན་པ་ལ་བརྟེན་པའི་དྲི་མ་ནི་མངལ་སྦུབས་ལྟ་བུར་གསུངས་སོ། །དྲུག་པ་ནི། ས་གསུམ་ནས། གཞོམ་བྱ་ཡིན། ཅེས་གསུངས་ཏེ། དག་པ་ས་གསུམ་ལ་རྗེས་སུ་འདྲེལ་བའི་དྲི་མ་ཕྲ་མོ་ )༨༤
(རྣམས་ནི་འབད་རྩོལ་མེད་པར་སྤངས་བར་ནུས་པས་གསེར་གྱི་གཟུགས་ས་འདམ་ཅུང་ཟད་ཀྱིས་གོས་པ་བཞིན་དུ་ཤེས་པར་བྱ་སྟེ། དེ་ཡང་གཉེན་པོ་བདག་ཉིད་ཆེན་པོ་རྣམས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་པར་བྱ་བ་ཡིན་ནོ། །ཞེས་དག་ས་གསུམ་ལ་བརྟེན་པའི་དྲི་མ་ནི་ས་འདམ་ལྟ་བུར་གསུངས་སོ། །བདུན་པ་ནི། དེ་ལྟར་ནས། དག་དང་མཚུངས། ཞེས་གསུངས་ཏེ། གོང་དུ་ཆོས་མཐུན་རྒྱས་པར་སྦྱར་བའི་ཚུལ་དེ་ལྟར་ན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཆོས་ཀྱི་དབྱིངས་ལ་སྒྲིབ་བྱེད་གློ་བུར་གྱི་དྲི་མ་རྣམ་པ་དགུ་ནི། གོ་རིམ་ཇི་ལྟ་བ་བཞིན་དུ་པདྨ་དང་སྦྲང་མ་ལ་སོགས་པའི་དཔེ་དགུ་པོ་གང་དག་དང་ཆོས་མཚུངས་པ་ཉིད་དོ། །འདི་རྣམས་སོ་སོར་ཆོས་མཐུན་ཡོད་པས་དཔེ་དོན་སྦྱར་བ་ཡིན་གྱི། དོན་གང་གི་སྒྲིབ་བྱེད་དུ་བཤད་པ་དེ་ཁོ་ན་ལས་གཞན་ལ་མི་སྒྲིབ་པ་ནི་མ་ཡིན་ནོ། །བཞི་པ་ཇི་ལྟར་རྟོགས་པའི་རིམ་པ་ལ་གསུམ། དཔེ་དགུས་མཚོན་ཚུལ་མདོར་བསྟན་པ། དེའི་དོན་སོ་སོར་དབྱེ་བ་ཕྱེས་པའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། རང་བཞིན་ནས། ཆོས་མཚུངས་སོ། །ཞེས་གསུངས་ཏེ། འཆད་པར་འགྱུར་བའི་རང་བཞིན་རྣམ་པ་གསུམ་གྱིས་བསྡུས་པའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སངས་རྒྱས་ཀྱི་སྐུ་དང་སྦྲང་རྩི་ལ་སོགས་པ་སྙིང་པོ་མཆོན་པར་བྱེད་པའི་དཔེ་དགུ་པོ་རྣམས་དང་ཆོས་མཚུངས་སོ། །གཉིས་པ་ནི། འདི་ཡི་ནས། ཤེས་པར་བྱ། ཞེས་གསུངས་ཏེ། ཆོས་དབྱིངས་བདེ་གཤེགས་སྙིང་པོ་འདིའི་རང་བཞིན་གསུམ་གང་ཞེ་ན། འོད་གསལ་བ་ཆོས་སྐུའི་རང་བཞིན་དང་། མི་འགྱུར་བ་དེ་བཞིན་ཉིད་ཀྱི་རང་བཞིན་དང་། སངས་རྒྱས་འགྲུབ་པའི་རིགས་ཀྱི་རང་བཞིན་སྟེ་རྣམ་པ་གསུམ་མོ། །རང་བཞིན་གསུམ་པོ་དེ་ནི་དཔེ་དགུས་མཚོན་ནས་ཤེས་དགོས་ཏེ། སངས་རྒྱས་སོགས་དཔེ་དང་པོ་གསུམ་གྱིས་ཁམས་ཆོས་སྐུའི་རང་བཞིན། གསེར་གྱི་དཔེ་གཅིག་གིས་དེ་བཞིན་ཉིད་ཀྱི་རང་བཞིན། གཏེར་སོགས་དཔེ་ཕྱི་མ་ལྔ་རྣམས་ཀྱིས་ནི་རིགས་ཀྱི་རང་བཞིན་ཏུ་ཤེས་པར་བྱའོ། །གསུམ་པ་རྒྱས་པར་བཤད་པ་ལ་བཞི། )༨༥
(ཆོས་སྐུའི་དཔེ་དོན། དེ་བཞིན་ཉིད་ཀྱི་དཔེ་དོན། རིགས་ཀྱི་དཔེ་དོན། དེ་དག་དད་པས་རྟོགས་ཚུལ་ལོ། །དང་པོ་ལ་གཉིས། ཆོས་སྐུའི་རྣམ་དབྱེ་བསྟན་པ། དེ་དག་དཔེ་དང་སྦྱར་བའོ། །དང་པོ་ནི། ཆོས་སྐུ་ནས། སྟོན་པའོ། །ཞེས་གསུངས་ཏེ། རང་བཞིན་ཆོས་སྐུ་དེ་ལའང་དངོས་བཏགས་ཀྱིས་དབྱེ་ན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་དྲི་མ་མེད་ཅིང་རང་བཞིན་གྱིས་འོད་གསལ་བ་ཉིད་སངས་རྒྱས་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་མཚན་ཉིད་པ་རྟོགས་པ་ཆོས་སྐུ་དང་། དེ་རྟོགས་པའམ་ཐོབ་པའི་རྒྱུ་མཐུན་པ་གདུལ་བྱའི་སྐལ་པ་ཇི་ལྟ་བར་རྣམ་པར་རིག་པ་འབྱུང་བའི་ལུང་གི་ཆོས་རྣམས་ནི་བཏགས་པ་བསྟན་པ་ཆོས་སྐུའོ། །དེ་དག་ནི་བརྗོད་བྱ་རྗོད་བྱེད་དམ་འབྲས་བུ་དང་རྒྱུའི་སྒོ་ནས་དབྱེ་བར་མཛད་པའོ། །བསྟན་པ་ཆོས་སྐུ་དེ་ལའང་ནང་གསེས་སུ་དབྱེ་ན། དེ་ཁོ་ན་ཉིད་དོན་དམ་པའི་བདེན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བརྩམས་ཏེ། ཟབ་པའི་ཆོས་ཀྱི་ཚུལ་སྟོན་པ་དང་། སེམས་ཅན་སྣ་ཚོགས་པའི་བསམ་པ་དང་མཐུན་པར་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ནས་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ཡག་བཅུ་གཉིས་ལས་བརྩམས་ཏེ་རྒྱ་ཆེ་བ་སྣ་ཚོགས་པའི་ཚུལ་ནི་སྟོན་པ་སྟེ་རྣམ་པ་གཉིས་སོ། །གཉིས་པ་ནི། འཇིག་རྟེན་ནས། བཞིན་ཤེས་བྱ། ཞེས་གསུངས་ཏེ། རྟོགས་བྱ་རང་བཞིན་རྣམ་དག་ཆོས་ཀྱི་སྐུ་དེ་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པའི་ཕྱིར་འཇིག་རྟེན་འདི་ལ་མཚོན་པར་ནུས་པའི་དཔེ་ནི་འགའ་ཡང་མི་དམིགས་པས་པདྨའི་ནང་ན་གནས་པའི་དེ་བཞིན་གཤེགས་པ་རང་བྱུང་གི་སྐུ་ཉིད་དང་ཁམས་རང་བཞིན་གྱིས་རྣམ་པར་དག་པ་གཉིས་པོ་ཕྱོགས་རེ་ཙམ་འདྲ་བ་ཉིད་དུ་བསྟན་པ་ཡིན་ལ། དེ་རྟོགས་པའི་རྒྱུ་མཐུན་པ་གཏིང་དཔག་དཀའ་ཞིང་ཕན་ཡོན་དང་ལྡན་པས་ཕྲ་མོ་ཟབ་མོ། །དོན་དམ་པའི་ཚུལ་བསྟན་པ་ནི་ )༨༦
(ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་སྟོན་པའི་ཕྱིར་སྦྲང་རྩི་རྣམས་མངར་ཞིང་ཞིམ་པ་ཉིད་དུ་རོ་གཅིག་པ་ཇི་ལྟ་བ་བཞིན་ཏེ། རྒྱ་ཆེ་བ་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ཐབས་ཀྱི་རྣམ་པ་སྣ་ཚོགས་པའི་ཚུལ་བསྟན་པ་ནི་སྙིང་པོའི་དོན་རྟོགས་པའི་ཆེད་དུ་རིམ་གྱིས་དྲང་པའི་དོན་སྣ་ཚོགས་དང་འབྲེལ་བའི་ཕྱིར། ཤུན་པ་སྣ་ཚོགས་པའི་སྦུབས་ན་ཉེ་བར་སྤྱད་བྱ་འབྲུའི་སྙིང་པོ་གནས་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་དེ་བཞིན་ཉིད་ཀྱི་དཔེ་དོན་བསྟན་པ་ནི། རང་བཞིན་ནས། བརྗོད་པ་ཡིན། ཅེས་གསུངས་ཏེ། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཉོན་མོངས་པས་སྡུག་བསྔལ་བ་མཐའ་ཡས་པ་དང་རྗེས་སུ་འབྲེལ་བ་ན་ཡང་རྣམ་པར་དག་ཅིང་འོད་གསལ་བ་འགྱུར་བ་མེད་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་ཞིང་། དེ་ཉིད་གསེར་བཟང་པོ་མི་འགྱུར་བ་དང་འདྲ་བར་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞན་དུ་འགྱུར་བ་མེད་པ་དང་། གསེར་མཛེས་ཤིང་རྒྱན་དུ་བསྒྱུར་རུང་བ་དང་འདྲ་བར་རང་བཞིན་གྱིས་དགེ་ཞིང་མཆོག་ཏུ་གྱུར་པ་དང་། གསེར་གྱི་ངོ་བོ་ལ་དྲི་མ་མེད་པ་དང་འདྲ་བས་གདོད་མ་ནས་ཉོང་མོངས་པ་མེད་ཅིང་རྣམ་པར་དག་པའི་ཕྱིར་ན་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་འདི་གསེར་བཟང་པོ་རྣམས་ཀྱི་ནི་གཟུགས་དང་ཆོས་མཚུངས་པར་བརྗོད་པ་ཡིན་ནོ། །གསུམ་པ་རིགས་ཀྱི་དཔེ་དོན་ལ་གསུམ། རིགས་གཉིས་དཔེར་བསྟན། དེ་ལས་སྐུ་གསུམ་ཐོབ་ཚུལ་བཤད། དེ་རྣམས་དཔེ་དང་སྦྱར་བའོ། །དང་པོ་ནི། གཏེར་དང་ནས། མཆོག་ཉིད་དོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་རིགས་ཞེས་བྱ་བའི་རང་བཞིན་དེ་ལའང་རྣམ་བ་གཉིས་སུ་ཤེས་པར་བྱ་སྟེ། འབད་རྩོལ་གྱིས་བསྒྲུབས་པ་མ་ཡིན་པས་ས་འོག་གི་གཏེར་དང་མཚུངས་པ་ཐོག་མ་མེད་པ་ནས་སེམས་ཀྱི་རང་བཞིན་དུ་གནས་པའི་རིགས་དང་། འབྲས་བུའི་ཤིང་རྐྱེན་གྱིས་གསར་དུ་འཕེལ་བ་བཞིན་དུ་ཐོས་བསམ་གྱི་རྐྱེན་གྱིས་ཡང་དག་པར་བླང་བ་ལས་ནུས་ )༨༧
(པ་མཆོག་ཏུ་འགྱུར་བ་རྒྱས་འགྱུར་གྱི་རིགས་དང་གཉིས་སུ་ཡོད་པ་ཉིད་དོ། །གཉིས་པ་ནི། རིགས་འདི་ནས། ཕྱི་མ་གཉིས། ཞེས་གསུངས་ཏེ། རྒྱུ་རང་བཞིན་དང་རྒྱས་པའི་རིགས་འདི་གཉིས་ལས་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུམ་མ་ཐོབ་པར་འདོད་པ་ཡིན་ལ། དེ་ཡང་དང་པོར་རང་བཞིན་དུ་གནས་པའི་རིགས་དེ་ཉིད་ཡེ་ཤེས་ཀྱི་ཚོགས་མང་པོས་མཐར་ཕྱིན་པར་བྱས་ནས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ལས་སྐུ་དང་པོ་དག་པ་གཉིས་ལྡན་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ནི་འཐོབ་པ་སྟེ། གཉིས་པ་རྒྱས་འགྱུར་གྱི་རིགས་འཕེལ་བ་ལས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ཡིས་ནི་སྐུ་ཕྱི་མ་གདུལ་བྱ་ཉེ་བ་དང་རིང་པ་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་གཉིས་པོ་ཐོབ་བོ། །སྐབས་འདིར་རྗེ་ཕྲིན་ལས་ཞབས་ཀྱིས། དེང་སང་བྱམས་ཆོས་པ་ཕལ་ཆེ་བས། རྒྱས་འགྱུར་གྱི་རིགས་འདུས་བྱས་སུ་ཁས་བླངས་ཏེ། དེའི་ཤེས་བྱེད་དུ། ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་གསུངས་པ་འདི་དྲངས་ནས། དགེ་རྩ་ཡང་དག་པར་བླངས་པ་རྒྱས་འགྱུར་གྱི་རིགས་ཡིན་ནོ་ཞེས་རི་བོང་གི་ཅལ་ལྟར་སྒྲོགས་པར་བྱེད་མོད། དཔལ་རང་བྱུང་གི་ཞལ་སྔ་ནས། ནང་དོན་དུ། ཡང་རྒྱས་འགྱུར་གྱི་རིགས་དེ་གསར་དུ་བྱུང་བ་སྙམ་དུ་ཁ་ཅིག་སེམས་ན། དེ་ལྟ་མ་ཡིན་ཏེ་ཞེས་སོགས་གསུངས་པ་དང་གཞུང་འདི་དགོངས་པ་གཅིག་པས་དགེ་རྩ་ཡང་དག་པར་བླངས་པ་རྒྱས་འགྱུར་གྱི་རིགས་སུ་མི་བཞེད་དོ། དེ་ཐོག་མ་མེད་པ་ནས་ཡོད་ཀྱང་སེམས་ཅན་གྱི་སྐབས་སུ་སྒྲིབ་པས་བསྒྲིབས་ཏེ་རྣམ་སྨིན་དང་ཕྲིན་ལས་མ་རྒྱས་པའི་ཕྱིར་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་མི་ནུས་ལ། སློབ་ལམ་དུ་བསོད་ནམས་ཀྱི་ཚོགས་ཀྱི་དགེ་རྩ་ཡང་དག་པར་བླངས་པས་རིགས་དེའི་ནུས་པ་རྒྱས་པར་འགྱུར་བས་སངས་རྒྱས་པའི་སྐབས་སུ་སྒྲིབ་པ་དག་ནས་རྣམ་སྨིན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་གཟུགས་སྐུའི་ཕྲིན་ལས་རྒྱས་པས་འགྱུར་བའི་ཕྱིར། ཡང་དག་སོགས་ཀྱི་གཞུང་ )༨༨
(གསུངས་པ་ཡིན་ལ། འདིར་འབྲས་བུའི་ཤིང་བཞིན་དུ་ཞེས་གསུངས་པ་འདི་ཡང་གོང་དུ། ཇི་ལྟ་ཨ་མྲ་ལ་སོགས་ཤིང་འབྲས་ལ། ཞེས་སོགས་ཚིགས་བཅད་གཉིས་གསུངས་པ་དང་དོན་གཅིག་པས་དཔེ་དགུ་དོན་དགུའི་སྐབས་སུ་གསུངས་པའི་ཤུན་པ་དང་མྱུ་གུའི་དཔེས་བསྟན་པའི་རིགས་དེ་ཡང་དགེ་རྩ་ཡང་དག་པར་བླངས་པ་དེ་ཡིན་པར་འདོད་དགོས་པས་ཧ་ཅང་ཐལ་ཆེས་སམ་སྙམ་མོ། །ཞེས་གསུངས་སོ། །གསུམ་པ་ནི། ངོ་བོ་ཉིད་ནས། གཟུགས་ལྟ་བུ། ཞེས་གསུངས་ཏེ། དོན་དམ་ངོ་བོ་ཉིད་སྐུ་རང་བཞིན་གྱིས་འོད་གསལ་ཞིང་ཡོན་ཏན་གྱི་དཔལ་གྱིས་མཆོག་ཏུ་མཛེས་པ་ནི་རིན་ཆེན་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་དང་འདྲ་བར་ཤེས་པར་བྱ་སྟེ། གདོད་མ་ནས་རང་བཞིན་གྱིས་ནི་གྲུབ་པ་ཡིན་ཞིང་འབད་རྩོལ་གྱིས་གསར་དུ་བྱས་པ་མིན་པའི་ཕྱིར་དང་། སྟོབས་ལ་སོགས་པའི་ཡོན་ཏན་གྱི་རིན་ཆེན་ཟད་མི་ཤེས་པ་རྣམས་ཀྱི་གཏེར་ལྟ་བུ་ཡིན་པའི་ཕྱིར་རོ། །ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐེག་པ་ཆེན་པོའི་རྒྱལ་སྲིད་ཀྱི་དཔལ་འབྱོར་ཆེན་པོ་དང་ལྡན་པའི་ཕྱིར་དག་པ་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་ནི་འཁོར་ལོས་བསྒྱུར་པའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་གླིང་བཞི་ལ་སོགས་པའི་འབྱོར་པ་ལ་ལོངས་སྤྱོད་པ་ཇི་ལྟ་བ་བཞིན་ནོ། །དོན་དམ་པའི་སྐུ་མངོན་སུམ་དུ་གྱུར་པའི་ནུས་པ་ལ་བརྟེན་ནས་གདུལ་བྱའི་བློ་ངོར་གང་ལ་གང་འདུལ་གྱི་གཟུགས་བརྙན་གྱི་ནི་རྣམ་པ་ཙམ་ཤར་བའི་རང་བཞིན་ཡིན་པའི་ཕྱིར། ཐུན་མོངས་སུ་སྣང་བ་སྤྲུལ་པའི་སྐུ་ནི་གསེར་གྱི་གཟུགས་བརྙན་ལྟ་བུའོ། བཞི་པ་ནི། རང་བྱུང་ནས། མཐོང་བ་མེད། ཅེས་གསུངས་ཏེ། གདོད་ནས་ལྷུན་གྱིས་གྲུབ་ལ་རྐྱེན་གྱིས་མ་བསྐྱེད་པ་རང་བྱུང་སངས་རྒྱས་རྣམས་ཀྱི་སྙིང་པོ་དོན་དམ་པ་དེ་ནི་ )༨༩
(སེམས་ཅན་ཐམས་ཅད་ལ་ཡོད་ཀྱང་། སོ་སྐྱེ་དང་ཉན་རང་བྱང་སེམས་གསར་ཞུགས་རྣམས་ཀྱིས་ཡིད་ཆེས་པའི་ལུང་ལ་བརྟེན་ནས་དད་ཅིང་མོས་ལ་ཡིད་ཆེས་པ་ཉིད་ཀྱིས་དོན་སྤྱིའི་ཚུལ་དུ་རྟོགས་པར་བྱ་བ་ཡིན་གྱི་ཇི་ལྟ་བ་བཞིན་མངོན་སུམ་དུ་མཐོང་ཞིང་རྟོགས་པ་མ་ཡིན་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་འོད་འབར་བ་ཡིན་ཀྱང་མིག་མེད་པས་ནི་མཐོང་བ་མེད་པ་བཞིན་ནོ། །ལྔ་པ་སྙིང་པོ་ཉིད་བསྟན་པ་ལ་གཉིས། ངོ་བོ་དང་། སྟོང་མི་སྟོང་གི་ཚུལ་ལོ། །དང་པོ་ནི། འདི་ལ་ནས། རྣམ་པར་གྲོལ། ཅེས་གསུངས་ཏེ། རང་བཞིན་རྣམ་དག་ཁམས་བདེར་གཤེགས་སྙིང་པོ་འདི་ལ་ཁམས་ཀྱི་རང་བཞིན་ཏུ་གྲུབ་པའི་དྲི་མ་སྔར་ཡོད་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་སྐྱོན་ཅི་ཡང་མེད་དེ། གདོད་མ་ནས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་ཏུ་རྣམ་པར་བྱང་བའི་ཡོན་ཏན་སྔར་མེད་བཞག་པར་བྱ་བའང་ཅུང་ཟད་མེད་དེ། སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་གདོད་མ་ནས་ལྷུན་གྱིས་གྲུབ་ཅིང་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡུལ་མཐའ་གཉིས་དང་བྲལ་བ་ཡང་དག་པའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་ཡུལ་ཅན་དོན་དམ་ཤེས་པའི་ཤེས་རབ་ཡང་དག་པ་ཉིད་ཀྱིས་མངོན་སུམ་དུ་བལྟས་ཤིང་མཉམ་པར་བཞག་པ་ལས་གོམས་པ་རབ་ཏུ་གྱུར་པ་དང་། ཡང་དག་པའི་ཆོས་ཉིད་ཇི་ལྟ་བའི་དོན་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རིམ་གྱིས་སྐྱེས་ནས་སྤང་བྱ་གློ་བུར་གྱི་དྲི་མ་ལས་རྣམ་པར་གྲོལ་བ་ཐོབ་སྟེ། དེ་ཡང་མཐོང་ལམ་དུ་མཐོང་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང་། སྒོམ་ལམ་དུ་སྒོམ་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང་། མཐར་ཕྱིན་པའི་ལམ་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མཐའ་དག་ལས་རྣམ་པར་གྲོལ་བར་འགྱུར་རོ། །གཉིས་པ་ནི། རྣམ་དབྱེར་ནས། སྟོང་མ་ཡིན། ཅེས་གསུངས་ཏེ། བསལ་བཞག་དང་བྲལ་བའི་སེམས་ཀྱི་གནས་ལུགས་དེ་མཐའ་འབྲལ་ཡིན་ཏེ། ཁམས་དེ་དང་རྣམ་པར་དབྱེ་བ་ )༩༠
(སྟེ་འབྲལ་རུང་བ་དང་བཅས་པའི་མཚན་ཉིད་ཅན་གློ་བུར་པའི་དྲི་མ་དག་གིས་ཁམས་དེ་སྟོང་བས་ཡོད་པ་སྒྲོ་འདོགས་ཀྱི་མཐའ་དང་བྲལ་ལ། ཁམས་དེ་དང་རྣམ་པར་དབྱེ་བས་འབྲལ་རུང་དུ་མེད་པའི་མཚན་ཉིད་ཅན་བླ་ན་མེད་པའི་ཡོན་ཏན་གྱི་ཆོས་སྟོབས་སོགས་ཀྱིས་ཁམས་དེ་སྟོང་པ་མ་ཡིན་པས་ན་མེད་པ་སྐུར་འདེབས་ཀྱི་མཐའ་དང་བྲལ་བ་ཡིན་ལ། ཕུན་ཚུན་འགལ་བའི་ཕྱིར་ཡོད་མེད་གཉིས་ཡིན་གྱི་མཐའ་ལས་ཀྱང་གྲོལ་ཞིང་། དེ་ཉིད་ཀྱི་ཕྱིར་དེ་དགག་པའི་གཉིས་མ་ཡིན་གྱི་མཐའ་ལས་ཀྱང་གྲོལ་བས་མཐའ་གཉིས་སམ་མུ་བཞི་ལས་རྣམ་པར་གྲོལ་བའི་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པའི་ཚུལ་ནི་འདི་ཁོ་ན་ཉིད་དོ། །རྩ་བའི་བཞི་པ་ཁམས་བསྟན་པའི་དགོས་པ་བསྟན་པ་ལ་གཉིས། དྲིས་ལན་གྱི་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དྲི་བ་དང་ལན་ནོ། །དང་པོ་ནི། སྤྲིན་དང་ནས། ཅི་སྟེ་གསུངས། ཞེས་གསུངས་ཏེ། འགྲེལ་བའི་མཚམས་སྦྱར་དུ། གལ་ཏེ་དེ་ལྟར་ཆགས་པ་མེད་པའི་མཐར་ཕྱིན་པའི་ས་ལ་གནས་པ་འཕགས་པའི་མཆོག་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་ཅིང་ཁམས་འདི་བལྟ་བར་དཀའ་བ་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ལས་བརྩམས་ཏེ་བསྟན་པ་འདིས་ཅི་བྱ་ཞེ་ན། ཞེས་ཁོང་ནས་བསླང་བའི་དྲི་བ་དང་། ཚིག་ཟིན་གྱི་དྲི་བ་ནི། དཔེར་ན་སྣང་ཡང་མི་བདེན་ཅིང་རང་བཞིན་མེད་པ་སྤྲིན་པ་དང་རྨི་ལམ་དང་སྒྱུ་མ་བཞིན་དུ། བཀའ་བར་པ་མཚན་ཉིད་མེད་པ་སྟོན་པའི་མདོ་སྡེ་རྒྱལ་པའི་ཡུམ་རྒྱས་འབྲིང་ལ་སོགས་པ་དེ་དང་དེར་ཤེས་པར་བྱ་བ་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་སྣང་ཡང་རྣམ་པ་མ་ལུས་པ་ཀུན་ཏུ་སྟོང་ཞིང་རང་བཞིན་མེད་པའོ། །ཞེས་རྒྱ་ཆེར་གསུངས་ནས་སླར་བཀའི་ཐ་མ་དོན་དམ་རྣམ་པར་ངེས་པའི་གསུངས་རབ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་རབ་ཏུ་མང་པོ་འདིར་རྒྱལ་བ་རྫོགས་པའི་སངས་རྒྱས་བདེན་པ་གསུངས་བ་རྣམས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་ )༩༡
(འོད་གསལ་བ་གདོད་མ་ནས་ལྷུན་གྱིས་གྲུབ་པར་ཡོད་དོ་ཞེས་ཅི་སྟེ་གསུངས། སྔ་ཕྱི་འགལ་བ་གསུངས་མི་རིགས་པ་མ་ཡིན་ནམ་ཞེ་ན། གཉིས་པ་ནི། སེམས་ཞུམ་ནས། དོན་དུ་གསུངས། ཞེས་གསུངས་ཏེ། མདོ་སྔ་ཕྱི་དགོངས་པ་མི་འགལ་བའི་ཚུལ་འོག་ཏུ་འཆད་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པར་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པའི་དགོས་པ་གཞུང་འདིས་འཆད་པ་ཡིན་ནོ། །དེས་ན་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་གསུངས་པ་ལ་དགོས་པ་ཡོད་དེ། རང་ཉིད་བྱང་ཆུབ་ཏུ་བརྩོན་པའི་གེགས་སེམས་ཞུམ་པ་དང་གཞན་ལ་བརྩེ་བའི་གེགས་སེམས་ཅན་དམན་པ་ལ་བརྙས་པ་དང་། ཡང་དག་པའི་གནས་ལུགས་སུ་མི་འཛིན་པར་ཕྱིན་ཅི་ལོག་ཏུ་འཛིན་པ་དང་ཡང་དག་པའི་ཆོས་བདེ་གཤེགས་སྙིང་པོ་ལ་སྐུར་བ་འདེབས་པ་དང་། བདག་ཉིད་ལྷག་པར་ཆགས་པ་སྟེ་སྐྱོན་ལྔ་པོ་འདི་གང་དག་ལ་ཡོད་པ་དེ་དག་གི་སྐྱོན་དེ་རྣམས་སྤང་བའི་དོན་ཏུ་གསུངས་པའི་ཕྱིར་རོ། །གཉིས་པ་རྒྱས་བཤད་ལ་གསུམ། བཀའ་བར་པར་ཇི་ལྟར་བསྟན་པའི་དགོངས་པ། ཐ་མར་ཁམས་བསྟན་པའི་རྒྱུ་མཚན། དེ་རྒྱས་བཤད་དོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཡང་དག་ནས། བཞིན་ཏུ་བརྗོད། ཅེས་གསུངས་ཏེ། བཀའ་བར་པར་ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་པའི་དགོངས་པ་གང་ཞེ་ན། གནས་ལུགས་ཡང་དག་པའི་མཐའ་ནི་འདུས་བྱས་གློ་བུར་གྱི་དྲི་མས་རྣམ་པ་ཀུན་ཏུ་དབེན་པ་ལ་དགོངས་ཏེ། ཉོན་མོངས་པའི་ཉོན་མོངས་དང་ལས་ཀྱི་ཉོན་མོངས་དང་ལས་ཉོན་དེ་དག་གི་རྣམ་སྨིན་གྱི་ཕུང་པོ་སོགས་དོན་དུ་སྣང་བ་སྐྱེ་བའི་ཉོན་མོངས་པ་རྣམས་བདེན་པར་མ་གྲུབ་པ། སྤྲིན་པ་དང་ལ་སོགས་པས་རྨི་ལམ་དང་སྒྱུ་མ་དང་སྤྲུལ་པ་བཞིན་ཏུ་བརྗོད་པར་མཛད་དོ། །གཉིས་པ་ནི། ཉོན་མོངས་ནས། སྤྲུལ་པ་བཞིན། ཅེས་གསུངས་ཏེ། འདོད་ཆགས་སོགས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་རྣམས་ནི་སྤྲིན་པ་དང་འདྲ་སྟེ། སེམས་ཀྱི་རང་བཞིན་ )༩༢
(ནམ་མཁའ་ལྟ་བུ་ལ་ཁྱབ་ཅིང་གློ་བུར་བ་ཡིན་པའི་ཕྱིར་དང་། ཆགས་སོགས་ཀྱིས་ཀུན་ནས་བསླངས་པའི་མི་དགེ་བ་སོགས་བྱ་བ་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྨི་ལམ་གྱི་ལོངས་སྤྱོད་བཞིན་ཡིན་ཏེ། བློ་ཕྱིན་ཅི་ལོག་གིས་བསྐྱེད་ཅིང་འཁྲུལ་པའི་དམིགས་པ་ཡིན་པའི་ཕྱིར་དང་། ཉོན་མོངས་པ་དང་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུས་ཕུང་སོགས་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི། སྒྱུ་མ་དང་སྤྲུལ་པ་བཞིན་ཡིན་ཏེ། རྐྱེན་ལ་ལྟོས་ཤིང་བདེན་པ་མེད་པའི་ཕྱིར་རོ། །གཉིས་པ་ཐ་མར་ཁམས་བསྟན་པའི་རྒྱུ་མཚན་ནི། སྔར་ནི་ནས། བསྟན་པ་ཡིན། ཅེས་གསུངས་ཏེ། གདུལ་བྱ་རྣམས་རིམ་གྱིས་དྲང་བའི་ཕྱིར། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འགའ་ཞིག་གཟུགས་སོགས་བདེན་པར་ཡོད་དམ་སྙམ་དུ་མངོན་པར་ཞེན་དེ་སྤང་བའི་ཆེད་དུ་སྔར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དང་སྣང་ཡང་བཞིན་མེད་པ་སྤྲིན་དང་རྨི་ལམ་དང་སྒྱུ་མ་ལྟ་བུའོ་ཞེས་དེ་ལྟར་ངོ་བོ་ཉིད་མེད་པ་གཙོ་ཆེར་སྟོན་པའི་རྣམ་བཞག་མཛད་ནས། དེ་ཙམ་གྱིས་བརྩོན་པ་མི་འདོར་བས་སླར་ཡང་མཆོག་ཏུ་ཟབ་པ་སྟོན་པས་ན། བླ་མའམ་འཁོར་ལོ་གསུམ་ལས་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་སྟོན་པས་ན་ཕྱི་མ་སྟེ། ཆོས་ཀྱི་དབྱིངས་རྒྱུན་མི་འཆད་པ་སྟོན་པས་ན་རྒྱུད་དང་འདྲ་བར་མཐར་ཐུག་པའི་དོན་འཆད་པའི་སྐབས་འདིར་ནི་སེམས་ཞུམ་པ་སོགས་ཉེས་པ་ལྔ་པོ་རྣམས་སྤངས་ནས་སྤྲོ་བ་ལ་སོགས་པའི་ཡོན་ཏན་རྣམས་ཐོབ་པར་བྱ་བའི་ཕྱིར་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཐམས་ཅད་ལ་ཁྱབ་པར་ཡོད་པ་ཉིད་དོ་ཞེས་དཔེ་དང་རྒྱུ་མཚན་ལ་སོགས་པ་རྣམ་པ་མང་པོས་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །གསུམ་པ་དེ་རྒྱས་པར་བཤད་པ་ལ་གཉིས། ཉེས་པ་ལྔ་ཇི་ལྟར་འབྱུང་ཚུལ། སྐྱོན་ལྔ་སྤངས་པས་ཡོན་ཏན་ཐོབ་ཚུལ་ལོ། །དང་པོ་ནི། )༩༣
(འདི་ལྟར་ནས། ཐོབ་མི་འགྱུར། ཅེས་གསུངས་ཏེ། འདི་ལྟར་སངས་རྒྱས་ཀྱི་སྙིང་པོ་དེ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་དོ་ཞེས་བྱ་བར་མ་བསྟན་ན་ཐོས་པར་ཡང་མི་འགྱུར་ལ། དེ་ལྟར་མ་ཐོས་པར་བདག་ལྟ་བུས་བླ་ན་མེད་པའི་བྱང་ཆུབ་གང་ལས་ཐོབ་སྙམ་དུ་རང་ལ་བརྙས་ཤིང་སྒྱིད་ལུགས་པའི་ཉེས་པ་ཡིས་སེམས་ནི་ཞུམ་ཞིང་ཡིད་ཆད་པ་འགའ་ཞིག་ལ་རང་གི་རང་བཞིན་དོན་དམ་པའི་སངས་རྒྱས་མངོན་སུམ་དུ་འགྱུར་བར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་ནི་སྐྱེ་བར་མི་འགྱུར་བའི་ཉེས་པ་འབྱུང་ཞིང་། ཡང་གང་ལ་ལ་ཞིག་ལ་གཞན་དོན་དུ་སངས་རྒྱས་སྒྲུབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཙམ་སྐྱེས་པས་ཀྱང་། བདག་ནི་ཐེག་པ་ཆེན་པོ་ལ་གནས་པས་མཆོག་གམ་རབ་ཅེས་བྱ་བར་རློམ་ཞིང་སེམས་ཁེངས་པ་ན། གཞན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་ལ་དེ་བཞིན་ཉིད་ཡོད་པར་མ་ཤེས་པས་འདི་དག་ནི་དམན་པའོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག་པའི་ཉེས་པ་འབྱུང་ལ། དེ་ལྟར་སངས་རྒྱས་ཀྱི་སྙིང་པོ་མེད་པར་སེམས་པའི་གང་ཟག་དེ་ལ་ནི་སྒྲོ་འདོགས་སྐུར་འདེབས་དང་བྲལ་བ་ཡང་དག་པའི་ཤེས་པ་མི་སྐྱེ་བ་དེས་ན་ཡང་དག་པ་མིན་པ་ཀུན་རྫོགས་གློ་བུར་གྱི་དྲི་མ་རྣམས་བདེན་པར་ཡོད་པར་འཛིན་ཅིང་སྒྲོ་འདོགས་པའི་ཉེས་པ་དང་། ཡང་དག་པའི་དོན་ཆོས་གྱི་དབྱིངས་དོན་དམ་པའི་ཡོན་ཏན་དང་བཅས་པ་ལྷུན་གྱིས་གྲུབ་པར་གནས་པ་ནི་རིགས་པར་མི་འགྱུར་བས་སྐུར་བ་འདེབས་པའི་ཉེས་པའང་འབྱུང་སྟེ། ལེགས་པར་དཔྱད་ན་རྒྱུ་དང་རྐྱེན་གྱིས་བཅོས་མ་དང་སྤང་རུང་གློ་བུར་བ་ཉིད་ཡིན་པའི་ཕྱིར་སེམས་ཅན་གྱི་སྐྱོན་གློ་བུར་གྱི་དྲི་མ་དེ་ཡང་དག་པར་ཡོད་པ་ཉིད་མིན་ཞིང་ཡང་དག་པར་ན་ཉེས་པ་གློ་བུར་བ་དེ་གང་ཟག་དང་ཆོས་ཀྱི་བདག་གཉིས་སུ་མེད་པའི་ཕྱིར་སྟོབས་ལ་སོགས་པའི་དོན་དམ་པའི་ཡོན་ཏན་རྣམས་རང་བཞིན་གྱིས་རྣམ་པར་དག་པར་ཡོད་པ་ཉིད་ཡིན་ནོ། །དེ་ལྟར་ཡང་དག་པ་མིན་པའི་ཉེས་པ་གློ་བུར་བ་རྣམས་རང་བཞིན་དུ་ཡོད་པར་འཛིན་ཅིང་སྒྲོ་འདོགས་ལ། ཡང་དག་པའི་ཡོན་ཏན་དང་བཅས་པའི་ཆོས་ཀྱི་དབྱིངས་གདོད་མ་ནས་ལྷུན་གྱིས་གྲུབ་པར་གནས་པ་ལ་མེད་དོ། །ཞེས་སྐུར་བ་འདེབས་པས་ )༩༤
(ན་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་དང་སེམས་ཅན་ནི་རང་བཞིན་དོན་དམ་པའི་སངས་རྒྱས་སུ་མཚུངས་པར་མཐོང་བའི་བྱམས་པ་ཆེན་པོ་ཐོབ་པར་མི་འགྱུར་ཞིང་། བདག་ལ་ཆགས་པ་ལྷག་པའི་ཉེས་པ་རྣམས་འབྱུང་ངོ་། །ཞེས་པ་སྟེ། དེ་བས་ན་ཉེས་པ་དེ་དག་སྤང་བའི་དོན་དུ་ཆོས་ཀྱི་དབྱིངས་གསལ་བར་བསྟན་པ་ཡིན་ནོ། །སྐབས་འདིར་རྗེ་མི་སྐྱོད་རྡོ་རྗེས། འདི་ལ་གངས་ཅན་གྱི་མཁས་པ་འགའ། རྒྱུད་བླ་མར་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ལ་ཡོད་ཅེས་གསུངས་པ་དེ་དྲང་བའི་དོན་ཡིན་ལ། ཅིའི་ཕྱིར་ན་དགོས་པ་སྐྱོན་ལྔ་སྤངས་པའི་ཕྱིར་གསུངས་པར་འདོད་ལ། དེ་ལྟར་ན་སྐྱོན་ལྔ་སྤངས་མི་དགོས་པར་འགྱུར་ཏེ། སེམས་ཅན་དམན་པ་ལ་བརྙས་པ་ན་ཡང་སྐྱོན་མིན་དེ། སེམས་ཅན་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་དང་། ཡང་དག་པར་བདེ་གཤེགས་སྙིང་པོར་ཆོས་འཛིན་པ་ལ་དགོས་པ་མེད་དེ། དེ་དྲང་བའི་དོན་ཡིན་པ་དང་། ཆོས་སྐུ་བདེ་གཤེགས་སྙིང་པོ་ལ་སྐུར་བ་བཏབ་པའང་སྐྱོན་མེད་དེ། ཡེ་ནས་མེད་པ་ལ་སྐུར་འདེབས་ཀྱི་མཐར་མི་ལྷུང་བས་གནས་ཚུལ་བརྗོད་པའི་ཕྱིར་དང་། སེམས་ཞུམ་པའང་འོས་པར་འགྱུར་ཏེ། བདེ་གཤེགས་སྙིང་པོ་རང་རྒྱུད་ལ་མེད་པས། སེམས་མི་ཞུམ་པའི་འཛིན་སྟངས་འཆད་པའང་དོན་ལ་མི་གནས་པའི་འཛིན་པ་ཡིན་པས་སོ། །གཞན་ཡང་དེ་ལྟར་བྱས་ན། འཕགས་པ་ཐོགས་མེད་ལ་སོགས་པའང་ཚད་ལྡན་གྱི་སྐྱེས་བུར་མི་འགྱུར་ཏེ། བཅོམ་ལྡན་འདས་དང་། བྱམས་པ་ལ་སོགས་ཀྱི་གསུངས་དགོས་པ་དང་དངོས་ལ་གནོད་བྱེད་ཡོད་པའི་དམ་པའི་ཆོས་རྣམས་ལུགས་འདིར་དགོངས་པ་ཅན་མིན་པར་བཀྲལ་བས་སོ། །དེས་ན་འཕགས་པ་ཐོགས་མེད་སྐྱོབ་ལ་འགོམ་པར་ནུས་པའི་རྗེས་སུ་འབྲང་བར་མི་ནུས་པས། ཁོ་བོ་ཅག་རྣམས་ནི་འཕགས་པ་ཉིད་ཀྱི་རྗེས་སུ་འབྲང་བར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། འདི་ལྟར་ནས། མྱུར་དུ་འཐོབ། ཅེས་གསུངས་ཏེ། འདི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་དེ་ནི་སེམས་ )༩༥
(ཅན་ཐམས་ཅད་ལ་ཁྱབ་པར་ཡོད་དོ་ཞེས་བྱ་བར་ངེས་པའི་དོན་གྱི་གསུང་རབ་རྣམས་ལས་བསྟན་ཅིང་གདུལ་བྱར་གྱུར་པ་རྣམས་ཀྱིས་ལེགས་པར་ཐོས་པ་ལས། རང་གི་རང་བཞིན་མངོན་སུམ་དུ་གྱུར་པ་ནི་བྱང་ཆུབ་ཆེན་པོའོ་སྙམ་པས་ལམ་གྱི་དཀའ་སྤྱད་ལ་སྤྲོ་བ་དང་། གཞན་གྱི་རང་བཞིན་ཡང་སངས་རྒྱས་སུ་ཤེས་པས་སྟོན་པ་ཇི་ལྟ་བ་བཞིན་དུ་གུས་པ་དང་། ཀུན་རྫོབ་གློ་བུར་གྱི་དྲི་མ་བདག་གཉིས་སུ་མེད་པ་ལ་མེད་པར་ཤེས་པའི་ཤེས་རབ་དང་། དོན་དམ་ཆོས་ཀྱི་དབྱིངས་རང་བཞིན་དུ་ཡོད་པ་ལ་ཡོད་པར་ཤེས་པའི་ཡེ་ཤེས་དང་། བདག་གཞན་གྱི་རང་བཞིན་སངས་རྒྱས་སུ་མཚུངས་པར་མཐོང་བ་ལས་གཞན་ལ་ཕན་པར་འདོད་པའི་བྱམས་པ་ཆེན་པོ་རྣམས་སྐྱེ་ཞིང་། དེ་ལྟར་ཡོན་ཏན་ཀྱི་ཆོས་ལྔ་སྐྱེས་པའི་ཕྱིར་ཕན་ཡོན་དེ་དག་ལས་ནི་སེམས་ཞུམ་པ་ལ་སོགས་པ་ཁ་ན་མ་ཐོ་བ་མེད་ཅིང་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཚུངས་པར་ལྟ་སྟེ། སྐྱོན་བློ་བུར་གྱི་དྲི་མ་རྣམས་མེད་ཅིང་ཡོན་ཏན་རང་བཞིན་གྱིས་དག་པ་དང་ལྡན་པ་རྣམས་ཡོད་པར་རྟོགས་པ་དང་། བདག་ཉིད་དང་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཚུངས་པར་མཐོང་བའི་བྱམས་པ་ཆེན་པོ་དེ་ལས་ལམ་རིམ་གྱིས་བསྒྲུབས་པས་འབྲས་བུ་དོན་གཉིས་མཐར་ཕྱིན་པ་བླ་ན་མེད་པའི་སངས་རྒྱས་ཉིད་ནི་གདོན་མི་ཟ་བར་མྱུར་དུ་འཐོབ་པར་འགྱུར་རོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། རྟོགས་བྱའི་གཞི་དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་སྟེ། ལེའུ་དང་པོའི་རྣམ་པར་བཤད་པ་གྲུབ་བོ། །སྤྱི་དོན་གཉིས་པ་རྟོགས་པ་བྱང་ཆུབ་བསྟན་པ་ལ་གསུམ། བཤད་བྱ་དོན་གྱི་ངོ་བོ་མདོར་བསྟན། འཆད་ཚུལ་སྡོམ་དུ་བསྡུ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ནི། དག་ཐོབ་ནས། ཇི་ལྟ་ཉིད། ཅེས་གསུངས་ཏེ། ལམ་མཐར་ཕྱིན་པའི་འབྲས་བུ་རྟོགས་པའི་ངོ་བོ་བྱང་ཆུབ་དེ་ནི་ཁྱད་པར་གྱི་ཆོས་བརྒྱད་དང་ལྡན་ཏེ། སྒྲིབ་པས་དག་པ་དང་། ལམ་ )༩༦
(སྒོམ་སྟོབས་ཀྱིས་ཐོབ་པ་དང་། སྤང་བྱ་དང་བྲལ་བ་དང་། རང་གཞན་གྱི་དོན་བསྒྲུབ་པ་དང་། དེའི་རྟེན་སྟོབས་སོགས་དང་ལྡན་པ་དང་། ཟབ་པ་ཆོས་སྐུ་དང་རྒྱ་ཆེ་བ་ལོངས་སྐུ་དང་བདག་ཉིད་ཆེན་པོ་སྤྲུལ་སྐུ་རྣམས་ཀྱི་དབྱེ་བ་དང་། འཁོར་བ་ཇི་སྲིད་དུ་གནས་པ་དུས་དང་། ཆོས་ཉིད་ཇི་ལྟ་བའི་རང་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། ངོ་བོ་ནས། རྣམ་པར་བཞག །ཅེས་གསུངས་ཏེ། དེ་ལྟར་ན་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལས་སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བ་དག་པ་གཉིས་ལྡན་ངོ་བོ་ཉིད་ཀྱི་དོན་དང་། དེ་ཐོབ་པར་བྱེད་པ་མཉམ་བཞག་དང་རྗེས་ཐོབ་ཀྱི་ལམ་ཉམས་སུ་ལེན་པ་རྒྱུའི་དོན་དང་། ལམ་བསྒོམས་པ་ལས་སྒྲིབ་པ་གཉིས་ཀྱི་དྲི་མ་དང་བྲལ་བ་འབྲས་དོན་དང་། སྒྲིབ་པ་སྤངས་པ་ལས་རང་གཞན་གྱི་དོན་གཉིས་འགྲུབ་བར་བྱེད་པ་ལས་ཀྱི་དོན་དང་། དེ་དག་གི་རྟེན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་དང་ལྡན་པའི་དོན་དང་། དེ་ཡང་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ་སྐུ་གསུམ་གྱི་རབ་ཏུ་དབྱེ་བས་འཇུག་པའི་དོན་དང་། དེ་རྣམས་ཀྱང་འགྲོ་བ་དང་ནམ་མཁའ་ཇི་སྲིད་པར་རྟག་པའི་དོན་དང་། མཐར་ཕྱིན་པ་ཇི་ལྟ་བའི་ཚུལ་ནི་ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་དོན་ཏེ། དོན་བརྒྱད་པོ་རྣམས་ཉིད་ཀྱིས་འབྲས་བུ་མཐར་ཐུག་པ་སངས་རྒྱས་ཀྱི་སར་ནི་རྣམ་པར་བཞག་པ་ཡིན་ནོ། །གསུམ་པ་ལ་བདུན། ངོ་བོ་དང་རྒྱུ་རྒྱས་པར་བཤད་པ། འབྲས་བུ། ལས། ལྡན་པ། འཇུག་པ། རྟག་པ། བསམ་གྱིས་མི་ཁྱབ་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དག་པ་འཐོབ་ཚུལ་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། རང་བཞིན་ནས། བརྟེན་ནས་འཐོབ། ཅེས་གསུངས་ཏེ། དག་པ་གཉིས་ལྡན་གྱི་སངས་རྒྱས་དེ་རང་བཞིན་གྱིས་འོད་གསལ་བའོ་ཞེས་ངེས་དོན་གྱི་ལུང་ལས་བརྗོད་པ་གང་ཡིན་པའི་བྱང་ཆུབ་དེ་ནི། ཁྱད་པར་བཞི་དང་ལྡན་ཏེ། ཡེ་ཤེས་ཉི་མ་བཞིན་དུ་རྒྱས་པ་དང་། སྤངས་པ་)༩༧
(ནམ་མཁའ་བཞིན་དུ་དག་པ་ངོ་བོ་ཉིད་ཀྱི་ཁྱད་པར་དང་། གློ་བུར་གྱི་དྲི་མ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྤྲིན་ཚོགས་སྟུག་པོ་ལྟ་བུ་ཡིས་ནི་བསྒྲིབས་པར་གྱུར་པའི་དྲི་མ་མེད་པ་སྒྲིབ་པ་སྦངས་པའི་ཁྱད་པར་དང་། དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་སོགས་ཀུན་དང་ལྡན་ལ་རྟག་བརྟན་གཡུང་དྲུང་གི་ངོ་བོར་གྱུར་པའི་སངས་རྒྱས་ཉིད་མངོན་ཏུ་གྱུར་པ་ཡོན་ཏན་ལྡན་ཚུལ་གྱི་ཁྱད་པར་དང་། བྱང་ཆུབ་དེ་ནི་མཉམ་བཞག་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་ཐོབ་ཤེས་བྱ་རྣམ་པར་འབྱེད་པའི་ཡེ་ཤེས་དག་གིས་ལམ་ཉམས་སུ་བླངས་པ་ལ་བརྟེན་ནས་ཐོབ་པ་རྒྱུའི་ཁྱད་པར་སྟེ་རྣམ་པ་བཞི་དང་ལྡན་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་བཞི། ངོ་བོ་ཉིད་དང་། ཡོན་ཏན་ལྡན་པའི་ཚུལ་དང་། སྒྲིབ་པའི་དོན་དང་། དེ་བྲལ་བའི་རྒྱུའོ། །དང་པོ་ནི། སངས་རྒྱས་ནས་མཚན་ཉིད་དོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཉིད་ནི་རང་བཞིན་རྣམ་པར་དག་པའི་ངོ་བོ་ཐམས་ཅད་དབྱེར་མེད་པས་གནས་པ་ལས་མཐར་གློ་བུར་གྱི་དྲི་མ་དང་ཡང་བྲལ་ནས་དག་པ་གཉིས་དང་ལྡན་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་ཉི་མ་རང་བཞིན་གྱིས་འོད་གསལ་བ་དང་། ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱི་རང་བཞིན་དབྱེར་མེད་པའི་ཡོན་ཏན་འོད་གསལ་བའི་རྟོགས་པ་དང་སྒྲིབ་པ་གཉིས་རྣམ་པར་དག་པའི་སྤངས་པ་སྟེ་སྤངས་རྟོགས་ཕུན་སུམ་ཚོགས་པ་གཉིས་ཀྱི་མཚན་ཉིད་དང་ལྡན་པ་ཉིད་དོ། །གཉིས་པ་ནི། འོད་གསལ་ནས། ལྡན་པ་ཉིད། ཅེས་གསུངས་ཏེ། ཟག་པ་མེད་པའི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་ཆོས་སྐུ་དེ་ནི་རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་བྱས་པ་མིན་ཞིང་། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དུ་དབྱེར་མེད་པར་འཇུག་པ་ཅན་ཡང་ཡིན་ལ། དེ་ཉིད་ཆུ་བོ་གང་གཱའི་ཀླུང་གི་ནི་རྡུལ་གྱི་གྲངས་ལས་ཀྱང་འདས་ཤིང་ཚད་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་ལ་སོགས་པའི་ཆོས་རྣམས་ )༩༨
(ཀུན་དང་གདོད་མ་ནས་ལྷུན་གྱིས་གྲུབ་པར་ལྡན་པ་ཉིད་ཡིན་ནོ། །གསུམ་པ་ནི། རང་བཞིན་ནས། བརྗོད་པ་ཡིན། ཅེས་གསུངས་ཏེ། དྲི་མ་རྣམས་རང་བཞིན་གྱིས་ནི་གདོད་མ་ནས་བདེན་པར་མ་གྲུབ་པའི་ཕྱིར་དང་། མ་དག་པའི་གནས་སྐབས་ཐམས་ཅད་ལ་ཁྱད་པར་བྱེད་པའི་ཕྱིར་དང་། སྤང་དུ་རུང་བས་གློ་བུར་བ་ཉིད་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་གསུམ་པོ་རྣམས་ཀྱིས་ཐར་པའི་གེགས་ཉོན་མོངས་པའི་སྒྲིབ་པ་དང་། ཐམས་ཅད་མཁྱེན་པའི་གེགས་ཤེས་བྱའི་སྒྲིབ་པ་གཉིས་པོ་དག་སེམས་ཅན་གྱི་གནས་སྐབས་དེར་སྤྲིན་གྱིས་ཉི་མ་དང་ནམ་མཁའ་ལ་སྒྲིབ་པ་དང་འདྲ་བར་རང་བཞིན་འོད་གསལ་ལ་བསྒྲིབས་པར་བརྗོད་པ་ཡིན་ནོ། །བཞི་པ་ནི། སྒྲིབ་པ་ནས། ཡེ་ཤེས་འདོད། ཅེས་གསུངས་ཏེ། ཉོན་ཤེས་ཀྱི་སྒྲིབ་པ་གཉིས་པོ་དང་བྲལ་བ་ཡིས་འབྲས་བུ་རྣམ་པར་གྲོལ་བ་དང་། ཆོས་ཀྱི་སྐུ་མངོན་སུམ་དུ་བྱེད་པའི་རྒྱུ་ནི་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གཉིས་ཟུང་དུ་འབྲེལ་བར་བསྒོམས་པ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་བཞག་ཏུ་ཁམས་གསུམ་པའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམས་པས་གཙོ་ཆེར་ཉོན་མོངས་པའི་སྒྲིབ་པ་སྦྱོང་བ་དང་། དེ་ཡི་ནི་རྗེས་ཐོབ་ཏུ་ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པ་ཤེས་བྱ་ཇི་སྙེད་པའི་དོན་རྣམ་པར་འབྱེད་པའི་ཡེ་ཤེས་བསྒོམས་པས་གཙོ་ཆེར་ཤེས་བྱའི་སྒྲིབ་པ་སྦྱོང་བས་དེ་དག་ནི་ཡེ་ཤེས་གཉིས་ཡིན་པར་འདོད་དོ། །དེ་ལ་ཤློ་ཀ་དང་པོ་གསུམ་ནི་དག་པ་གཉིས་ལྡན་ངོ་བོའི་དོན་དང་། ཕྱི་མ་གཅིག་ནི་འཐོབ་བྱེད་ཡེ་ཤེས་རྒྱུའི་དོན་བསྟན་པ་ཤེས་པར་བྱའོ། །གཉིས་པ་འབྲས་བུ་རྒྱས་པར་བཤད་པ་ལ་གཉིས། དྲི་མེད་དཔེ་ཡིས་མདོར་བསྟན། དེའི་རྒྱུ་མཚན་རྒྱས་པར་བཤད་པའོ། །དང་པོ་ལའང་གཉིས། ཉོན་སྒྲིབ་གྲོལ་འབྲས་དང་། ཤེས་སྒྲིབ་གྲོལ་འབྲས་སོ། །དང་པོ་ནི། དྲི་མེད་ནས། དེ་ཉིད་དོ། །ཞེས་གསུངས་ཏེ། དཔེར་ན་རྙོགས་པའི་དྲི་མ་མེད་ཅིང་ཆུ་མང་པོ་དང་ལྡན་ལ་རིམ་གྱིས་རྒྱས་པའི་ )༩༩
(མེ་ཏོག་པདྨས་ཁྱབ་པར་ཁེབས་པའི་མཚོ་མཛེས་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་འདོད་ཆགས་ལས་རྣམ་པར་གྲོལ་བ་དང་། གཟའ་སྒྲ་གཅན་གྱི་ཁ་ནང་ནས་ཐར་བའི་ཟླ་བ་ཡོངས་སུ་རྫོགས་ཤིང་ཉ་གང་བ་ལྟ་བུ་ཉོན་མོངས་པ་ཞེ་སྡང་ལས་གྲོལ་བ་དང་། སྤྲིན་གྱི་ཚོགས་སྟུག་པོ་དང་འདྲ་བའི་ཉོན་མོངས་གཏི་མུག་གི་ཉེས་པ་ལས་རྣམ་པར་གྲོལ་བའི་རྒྱུ་མཚན་གྱིས་ཉི་མའི་དཀྱིལ་འཁོར་འོད་གསལ་བ་ལྟ་བུར་ནི་གློ་བུར་གྱི་དྲི་མ་མེད་ཅིང་སྤངས་རྟོགས་ཕུན་སུམ་ཚོགས་པའི་ཡོན་ཏན་མཐར་ཐུག་པ་རྣམས་དང་ལྡན་པའི་ཕྱིར་ཇི་ལྟ་བ་དང་ཇི་སྙེད་པ་གཟིགས་པའི་འོད་ཟེར་གྱི་སྣང་བ་དང་ལྡན་པའི་རྫོགས་པའི་སངས་རྒྱས་དེ་ཉིད་དོ། །གཉིས་པ་ནི། ཐུབ་པ་ནས། རྒྱལ་བ་ཉིད། ཅེས་གསུངས་ཏེ། ཇི་ལྟར་ན་པདྨའི་སྦུབས་ལས་གྲོལ་བའི་ཐུབ་པ་ཁྱུ་མཆོག་སངས་རྒྱས་ཀྱི་སྐུ་དང་། སྦྲང་མ་དང་བྲལ་བའི་སྦྲང་རྩི་དང་། སྦུན་པ་དང་བྲལ་བའི་སྙིང་པོ་དང་། ལྗན་ལྗིན་དང་བྲལ་བའི་རིན་ཆེན་གསེར་དང་། ས་འོགས་དང་བྲལ་བའི་གཏེར་དང་། ས་བོན་ལས་སྐྱེས་པའི་ལྗོན་པ་དང་། གོས་ཧྲུལ་དང་བྲལ་བའི་དྲི་མ་མེད་པའི་རིན་ཆེན་ལས་གྲུབ་པའི་བདེ་གཤེགས་ཀྱི་སྐུ་དང་ནི། མངལ་ནས་བཙས་པའི་ས་བདག་འཁོར་བསྒྱུར་དང་། ས་འདམ་དང་བྲལ་བའི་གསེར་གྱི་གཟུགས་བརྙན་དང་འདྲ་བ་བཞིན་དུ་སྤང་བྱ་ཤེས་བྱའི་སྒྲིབ་པ་མཐའ་དག་ལས་རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། མཉམ་བཞག་དང་རྗེས་ཐོབ་ཀྱིས་ཐོབ་པའི་འབྲས་བུ། དུག་གསུམ་དག་པའི་འབྲས་བུ། དོན་དཔེ་དགུ་དང་སྦྱར་བའོ། །དང་པོ་ནི། ཆུ་མཚོ་ནས། ཡིན་པར་བསྟན། ཅེས་གསུངས་ཏེ། དྲི་མེད་ཆུ་ལྡན་གྱི་མཚོ་སོགས་ཁྱད་ཆོས་གསུམ་དང་ལྡན་པ་བཞིན་དུ་འདོད་ཆགས་སོགས་གློ་བུར་གྱི་ཉོན་མོངས་པ་གསུམ་དག་ནས་བསམ་གཏན་སོགས་གཉེན་པོ་གསུམ་ཐོབ་ )༡༠༠
(པའི་ཐབས་ནི་མདོར་བསྡུ་ན། མཉམ་བཞག་མི་རྟོག་པའི་ཡེ་ཤེས་ཀྱི་བྲལ་བའི་འབྲས་བུ་ཡིན་པར་རབ་ཏུ་བརྗོད་ལ། ཤེས་སྒྲིབ་སྤངས་པས་ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་ནི་ངེས་པར་ཐོབ་པའི་ཐབས། མཉམ་བཞག་དེའི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཐོས་སོགས་གོམས་པ་བྱས་པ་ཡི་འབྲས་བུ་ཡིན་པར་བསྟན་ཏོ། །གཉིས་པ་ནི། འོདད་ཆགས་ནས། ཉི་མ་བཞིན། ཅེས་གསུངས་ཏེ། རང་གི་རྒྱུད་ལ་ཁམས་གསུམ་པའི་རྗེས་སུ་ཆགས་པའི་འདོད་ཆགས་སེམས་རྙོགས་པར་བྱེད་པའི་རྡུལ་དང་འདྲ་བ་རྣམས་ནི་མ་ལུས་པར་སྤངས་པའི་ཕྱིར་དང་། གདུལ་བྱ་གཞན་མང་པོ་ཡི་ནི་རྒྱུད་མེ་ཏོག་པདྨ་དང་འདྲ་བ་ལ་ཆོས་བསྟན་པས་བསམ་གཏན་ཏིང་ངེ་འཛིན་གྱི་ཆུ་ནི་འབབ་ཅིང་ཞི་གནས་ལྷག་མཐོང་གིས་བརླན་པར་བྱེད་པའི་ཕྱིར་དང་། དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ་ནི་ཆུ་དག་པས་ཡོངས་སུ་གང་ཞིང་པདྨ་མང་པོས་ཁེབས་པའི་རྫིང་བུ་ཡིད་དུ་འོང་བ་དང་མཚུངས་པ་ཡིན་ལ། རང་གི་རྒྱུད་ཡིད་དུ་མི་འོང་བ་ལ་ཀུན་ནས་མནར་སེམས་པའི་ཞེ་སྡང་གདུག་པ་ཅན་སྒྲ་གཅན་ལྟ་བུའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་གཞན་རྒྱུད་ལ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང་། ཕན་པ་དང་ཕྲད་པར་འདོད་པའི་བྱམས་པ་ཆེན་པོ་འོད་ཟེར་དང་འདྲ་བ་རྣམས་ཀྱིས་གདུལ་བྱའི་འགྲོ་བ་མཐའ་དག་ལ་ཁྱབ་པར་མཛད་དེ་རྗེས་སུ་འཛིན་པའི་ཕྱིར་ན་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ་ནི་དྲི་མ་མེད་པའི་ཟླ་བ་ཉ་གང་བ་གཟའ་ལས་ཐར་བ་ཇི་ལྟ་བ་བཞིན་ཡིན་པ་དང་། རང་གི་རྒྱུད་ཁམས་གསུམ་པའི་མི་ཤེས་པ་གཏི་མུག་སྤྲིན་གྱི་ཚོགས་སྟུག་པོ་དང་འདྲ་བའི་སྒྲིབ་པ་ལས་རྣམ་པར་གྲོལ་པས་གདུལ་བྱའི་འགྲོ་བ་ཤིན་ཏུ་མང་བར་དེ་དག་གི་རྒྱུད་དང་མཐུན་པར་ཆོས་བསྟན་པས་ཡེ་ཤེས་ཀྱི་འོད་ཟེར་རྣམས་ཀྱིས་མི་ཤེས་པའི་མུན་པ་མཐའ་དག་ )༡༠༡
(སེལ་བར་མཛད་པའི་ཕྱིར། དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་ཉིད་དེ་ནི་དྲི་མ་མེད་ཅིང་འོད་གསལ་བའི་ཉི་མ་སྤྲིན་ལས་གྲོལ་བ་ཇི་ལྟ་བ་བཞིན་ཡིན་ནོ། །གསུམ་པ་ནི། མི་མཉམ་ནས། རྒྱལ་གསེར་བཞིན། ཅེས་གསུངས་ཏེ། དག་པ་གཉིས་ལྡན་མཐར་ཕྱིན་གྱི་བྱང་ཆུབ་དེ་ནི་གཞན་གང་དང་ཡང་མི་མཉམ་ཞིང་སངས་རྒྱས་ཁོ་ན་དང་མཉམ་པའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་ཕྱིར་དང་དམ་པའི་ཆོས་ཟབ་མོའི་རོ་བཅུད་ཕུན་སུམ་ཚོགས་པ་ནི་གདུལ་བྱའི་སྐྱེ་བོ་ལ་སྦྱིན་པར་མཛད་པའི་ཕྱིར་དང་། སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་ཤུན་པ་དང་ནི་བྲལ་བའི་ཕྱིར། གོ་རིམ་བཞིན་པདྨ་ལས་འཐོན་པའི་བདེ་བར་གཤེགས་པ་དང་། སྦྲང་མ་དང་བྲལ་བའི་སྦྲང་རྩི་དང་། སྤུན་པ་ལས་བྱུང་བའི་འབྲས་བུའི་སྙིང་པོ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་ཏུ། རང་བཞིན་གྱིས་དྲི་མ་མེད་ཅིང་གློ་བུར་བའི་སྐྱོན་ལས་ཀྱང་རྣམ་པར་དག་པའི་ཕྱིར་དང་། ཡོན་ཏན་གྱི་ནོར་རྫས་ཟད་མི་ཤེས་པ་རྣམས་ཀྱིས་ནི་གདུལ་བྱའི་དབུལ་བ་དང་ཕོངས་པ་མཐའ་དག་སེལ་བར་བྱེད་པའི་ཕྱིར་དང་། གདུལ་བྱ་རྣམས་ལ་སྡུག་བསྔལ་ལས་རྣམ་པར་གྲོལ་བའི་བདེ་ཆེན་གྱི་འབྲས་བུ་སྦྱིན་པར་བྱེད་པའི་ཕྱིར་ན་མི་ གཙང ་བས་དག་པའི་གསེར་བཟང་པོ་དང་། སའི་སྦུབས་ནས་འཐོན་པའི་གཏེར་ཆེན་པོ་དང་། འབྲས་བུ་དང་བཅས་པའི་ཤིང་ལྗོན་པ་ཇི་ལྟ་བ་བཞིན་ཡིན་ལ། དགོས་འདོད་འབྱུང་བའི་རིན་ཆེན་ལྟ་བུར་ཡོན་ཏན་ཚད་མེད་པ་དང་ལྡན་པའི་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པའི་ཕྱིར་དང་། གདུལ་བྱའི་གཙོ་བོ་རྐང་གཉིས་པ་རྣམས་ཀྱི་བདག་པོའམ་འདྲེན་པ་མཆོག་ཏུ་གྱུར་པ་ལོངས་སྤྱོད་ཛོགས་པའི་སྐུ་ཐོབ་པའི་ཕྱིར་དང་། རིན་ཆེན་གསེར་ལས་བྱས་པའི་གཟུགས་བརྙན་གྱི་རྣམ་པ་ལྟ་བུར་རྣམ་འཕྲུལ་སྣ་ཚོགས་པའི་སྤྲུལ་པའི་སྐུ་སྟོན་པའི་ཕྱིར་ན། གོས་ཧྲུལ་དང་བྲལ་བའི་རིན་ཆེན་གྱི་སྐུ་དང་། མངལ་སྦུབས་དང་བྲལ་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ས་འདམ་དང་)༡༠༢
(བྲལ་བའི་གསེར་གྱི་གཟུགས་བརྙན་ཇི་ལྟ་བ་བཞིན་ནོ། །དེའི་ཤོ་ལོ་ཀ་དང་པོས་འབྲས་བུ་མཐར་ཕྱིན་པ་དང་། གཉིས་པས་སྒྲིབ་པ་ལས་གྲོལ་བ་དང་། གསུམ་པས་སྐུ་གསུམ་ཡོངས་སུ་རྫོགས་པའི་སངས་རྒྱས་ཉིད་བསྟན་ཏོ། །གསུམ་པ་ལས་རྒྱས་པར་བཤད་པ་ལ་གཉིས། དོན་གཉིས་འགྲུབ་ཚུལ་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ངོ་བ་ཉིད་ཀྱི་ལས་དང་། ཆོས་ཐམས་ཅད་ཀྱིས་དག་པའི་ལས་སོ། །དང་པོ་ནི། ཟག་པ་མེད་ནས། མྱོང་བའི་རྒྱུ། ཞེས་གསུངས་ཏེ། ཟག་པ་བག་ཆགས་དང་བཅས་པ་ཅུང་ཟད་ཀྱང་མེད་པའི་སྤངས་པ་མཐར་ཕྱིན་པ་དང་། ཤེས་བྱ་ཇི་ལྟ་བ་དང་། ཇི་སྙེད་པ་མཐའ་དག་ལ་ཁྱབ་པའི་རྟོགས་པ་མཐར་ཕྱིན་པ་སྟེ། སྤངས་རྟོགས་ཕུན་སུམ་ཚོགས་པ་དང་ལྡན་པའི་དོན་དམ་པའི་སངས་རྒྱས་དེ་ནི་གཏན་དུ་འཇིག་པ་མེད་ཅིང་འདུས་མ་བྱས་པའི་ཆོས་ཅན་ཡིན་ཏེ། རྒ་ནད་སྐྱེ་འཆི་མེད་པས་བརྟན་པ་དང་ཞི་བ་དང་རྟག་པ་དང་འཕོ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་ཐོབ་པ་ནི། རང་གི་དོན་མཐར་ཕྱིན་པར་བྱེད་ལ། དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་གནས་ཡིན་པས་གཞན་གྱི་དོན་མཐར་ཕྱིན་པར་བྱེད་དེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་གཤེགས་པའི་སངས་རྒྱས་ནི་འདུས་མ་བྱས་ནམ་མཁའ་རང་གི་ངོ་བོ་དོན་བྱེད་པ་མ་ཡིན་ཀྱང་གཟུགས་མཐོང་བ་ལ་སོགས་པའི་གོ་འབྱེད་པས་བྱ་བ་འཇུག་པ་ཇི་ལྟ་བ་བཞིན་དུ་སྐལ་པ་དང་ལྡན་པའི་སྐྱེ་བོ་དམ་པ་ཡི་དབང་པོ་དྲུག་མཆོག་ཏུ་གྱུར་པ་ལ་སོ་སོ་དང་མཐུན་པའི་སྤྱོད་ལམ་གྱི་དོན་ཉམས་སུ་མྱོང་ཞིང་རྟོགས་པར་འགྱུར་བའི་རྒྱུ་མཛད་པའི་ཕྱིར་རོ། །གཉིས་པ་ནི། འབྱུང་མེད་ནས། རྣམས་དང་བྲལ། ཅེས་གསུངས་ཏེ། ཀུན་རྫོབ་ཙམ་དུ་སྔོན་ཚོགས་བསགས་པའི་མཐུས་འབྱུང་བ་ལས་གྱུར་པ་མེད་པའི་གཟུགས་སྐུ་སོགས་དོན་སྣ་ཚོགས་པ་ལ་བལྟ་བ་དང་། ཐེག་ཆེན་གྱི་ཆོས་ཀྱི་གཏམ་བཟང་པོ་ནི་ གཙང ་མ་ )༡༠༣
(མཉན་པ་དང་། བདེ་བར་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་ གཙང ་མ་སྣོམ་པ་དང་། འཕགས་པ་ཆེན་པོའི་ལོངས་སྤྱད་བྱ་དམ་ཆོས་ཀྱི་བདུད་རྩིའི་རོ་མྱོང་བ་དང་། ཏིང་ངེ་འཛིན་གྱི་ས་ཐོབ་པའི་ཤིན་སྦྱངས་ལས་བྱུང་བའི་རེག་བྱའི་བདེ་བ་ཉམས་སུ་མྱོང་བ་དང་། རང་གི་ངོ་བོ་ཉིད་ཀྱིས་དམ་པའི་ཆོས་ཀྱི་ཚུལ་རྟོགས་པའི་རྒྱུར་གྱུར་པའི་ཕྱིར་ན། དོན་དམ་དཔྱོད་བྱེད་ཀྱི་རིག་པས་ཞིབ་མོར་བསམ་ན་དོན་དམ་པའི་བདེ་བ་སྦྱིན་པར་མཛད་པའི་བདེ་བར་གཤེགས་པ་ནི་ནམ་མཁའ་བཞིན་ཏུ་འབྲས་བུ་བསྐྱེད་པར་བྱེད་པའི་རྒྱུ་མཚན་རྣམས་དང་བྲལ་ཡང་གདུལ་བྱ་ལ་དགེ་ལེགས་ཐམས་ཅད་སྐྱེད་པར་མཛད་དོ། །འདིར་རོང་ཊིཀ་ལས། རྒྱ་སྐད་ལ་བྷཱུ་དྷི་ཞེས་བྱ་བ་འབྱུང་མེད་དང་དབང་འབྱོར་གཉིས་ཀ་ལ་འཇུག་པས། འབྱུང་མེད་དུ་བསྒྱུར་ཡང་། དོན་དབང་འབྱོར་དུ་བསྒྱུར་ན་ལེགས་པས། དབང་འབྱོར་བའི་གཟུགས་ཀྱི་དོན་ལ་བལྟ་བ་ཞེས་བཤད་དོ། །གཉིས་པ་རྒྱས་བཤད་ལ་གསུམ། དོན་གཉིས་འགྲུབ་ཚུལ་རྣམ་དབྱེ་བཅས་སྦྱར་བསྟན། རང་དོན་ཕུན་ཚོགས་དང་། གཞན་དོན་ཕུན་ཚོགས་ཁྱད་པར་དུ་བཤད་པའོ། །དང་པོ་ནི། མདོར་ན་ནས། གནས་ཉིད་ཕྱིར། ཅེས་གསུངས་ཏེ། སྐུ་གཉིས་ཀྱི་བྱེད་ལས་མདོར་བསྡུ་ན། སློབ་ལམ་དུ་མཉམ་རྗེས་ཀྱི་ཡེ་ཤེས་གཉིས་པོའི་ལས་སུ་ཤེས་པར་བྱ་སྟེ། མཉམ་གཞག་ཏུ་ཇི་ལྟ་བ་བསྒོམས་པས་སྤངས་བྱ་ལས་རྣམ་པར་གྲོལ་བའི་སྐུ་སྤངས་པ་མཐར་ཐུག་ནི་རྫོགས་པར་ཐོབ་པ་དང་། རྗེས་ཐོབ་ཏུ་ཇི་སྙེད་པའི་ཚུལ་ལ་ཕྱིན་ཅི་མ་ལོག་པར་བསླབས་པས་ཆོས་ཀྱི་སྐུ་རྟོགས་པ་མཐར་ཐུག་ནི་ཡོངས་སུ་སྦྱོང་བར་བྱས་པའོ། །དེ་ལ་སྒྲིབ་པ་ལས་རྣམ་པར་གྲོལ་བའི་སྐུ་དང་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཆོས་ཀྱི་སྐུ་དག་ནི་སོ་སོར་ཟག་པ་མེད་པ་དང་ཁྱབ་པའི་རྣམ་པ་གཉིས་པོ་རེ་རེ་དང་ལྡན་ཞིང་། ཐུན་མོང་དུ་འདུས་མ་བྱས་པའི་རྣམ་པ་གཅིག་དང་ལྡན་པར་ཤེས་པར་བྱ་སྟེ། འདི་ལྟར་རྣམ་པར་གྲོལ་བའི་སྐུ་ནི་ཟག་པ་ཅུང་ཟད་ཀྱང་མེད་པའི་སྤངས་བ་དང་ལྡན་ )༡༠༤
(པའི་ཕྱིར་དང་། ཆོས་ཀྱི་སྐུ་ནི་ཤེས་བྱ་མཐའ་དག་ལ་ཁྱབ་པའི་རྟོགས་པ་དང་ལྡན་པའི་ཕྱིར་དང་། གཉིས་ཀ་རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་དག་གིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཅིང་། དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་གནས་ཉིད་ཡིན་པའི་ཕྱིར། གཞན་གྱི་དོན་ཕུན་སུམ་ཚོགས་པའང་བྱེད་དོ། །གཉིས་པ་ནི། ཉོན་མོངས་ནས། ཤེས་པར་བྱ། ཞེས་གསུངས་ཏེ། ཀློ་བུར་གྱི་ཉོན་མོངས་པ་རྣམས་ནི་བག་ཆགས་དང་བཅས་པ་མ་ལུས་པ་རྩ་བ་ནས་འགགས་ཤིང་སྤངས་པའི་ཕྱིར་རྣམ་པར་གྲོལ་བའི་སྐུ་ནི་ཟག་པ་མེད་པའི་རྣམ་པ་དང་ལྡན་པ་ཡིན་ཏེ། དེ་བཞིན་དུ་ཇི་ལྟ་བ་མཁྱེན་པ་ནི་ཕྱིན་ཅི་ལོག་ཟད་པས་ཡུལ་ལ་ཆགས་པ་མེད་པའི་ཕྱིར་དང་། ཇི་སྙེད་པ་མཁྱེན་པ་ནི་རྣམ་པ་ཐམས་ཅད་མངོན་སུམ་དུ་གྱུར་པས་ཡུལ་ལ་ཐོགས་པ་མེད་པའི་ཕྱིར་ན་ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་རྟོགས་པས་ཤེས་བྱ་མཐའ་དག་ལ་ཁྱབ་པའི་རྣམ་པ་དང་ལྡན་པ་ཉིད་དུ་འདོད་ཅིང་གཉིས་ཀའང་གཏན་དུ་འཇིག་པའམ་འགྱུར་བ་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པའི་རྣམ་པ་དང་ལྡན་པ་ཉིད་དོ། །དེ་ལ་འཇིག་པ་མེད་པ་ཉིད་ནི་འདུས་མ་བྱས་ཀྱི་རྒྱུ་མཚན་མདོར་བསྟན་པ་སྟེ། བརྟན་པ་དང་སོགས་པའི་སྒྲས་ཞི་བ་དང་རྟག་པ་དང་འཕོ་བ་མེད་པ་རྣམས་ཀྱིས་ནི་འཇིག་པ་མེད་པ་དེ་རྒྱས་པར་བཤད་པ་ཉིད་དོ། །དེའང་ལྡོག་ཕྱོགས་ངོས་བཟུང་ནས་འཆད་པས་འདུས་བྱས་ཀྱི་དངོས་པོ་རྣམས་ལ་འཇིག་པའི་ཚུལ་རྣམ་པ་བཞིར་ཤེས་པར་བྱ་སྟེ། བརྟན་པ་ལས་བཟློགས་སྟེ་མི་བརྟན་པ་དང་། སོགས་པའི་སྒྲས་ཞི་བའི་ཟློག་པ་ལ་མ་ཞི་བ་དང་། རྟག་པའི་ཟློག་པ་མི་རྟག་པ་དང་། འཕོ་མེད་ཀྱི་ཟློག་པ་འཕོ་བ་རྣམས་སུ་ཡོད་པའི་ཕྱིར་རོ། །འཕོ་བ་གང་ཞེ་ན། འདུ་བྱེད་རྣམས་ཡོངས་སུ་སྨིན་ནས་རྙིང་ཞིང་རུལ་ཏེ་མྱགས་པའི་རྒ་བ་དང་། ཁམས་རྣམ་པར་འགྱུར་བ་ )༡༠༥
(སྡུག་བསྔལ་བའི་ན་བ་དང་། སྲིད་པ་སྔ་མ་རྒྱུན་ཆད་ཅིང་ཕྱི་མ་འགྲུབ་པའི་སྐྱེ་བ་དང་། བསམ་གྱིས་མི་ཁྱབ་ཅིང་རྣམ་པ་སྣ་ཚོགས་པར་འགྱུར་བའི་འཆི་འཕོ་སྟེ་བཞིའོ། །རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་ལ་ནི་འཇིག་པ་བཞི་པོ་དེ་རྣམས་མེད་པའི་ཕྱིར་ན། རིམ་པ་ལྟར་བརྟན་པ་དང་། ཞི་བ་དང་། རྟག་པ་དང་། འཕོ་བ་མེད་པའི་བདག་ཉིད་ཡིན་པར་ཤེས་པར་བྱའོ། །གསུམ་པ་ནི། དྲི་མེད་ནས། རྒྱུ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལྟར་དྲི་མ་མེད་པའི་སྤངས་བ་དང་ཡེ་ཤེས་མངོན་སུམ་དུ་གྱུར་པའི་རྟོགས་པ་དེ་དག་ནི་གདུལ་བྱའི་སྐལ་པ་དང་མཐུན་པ་རྣམས་ཀྱི་རྒྱུད་ལ་དཀར་པོ་དགེ་བའི་ཆོས་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་འབྱུང་བའི་རྟེན་ནམ་གཞི་ཡིན་པའི་ཕྱིར་ན་གཞན་དོན་ཕུན་སུམ་ཚོགས་པའི་གནས་ཀྱང་ཡིན་ནོ། །དེ་ཡང་དཔེ་ཇི་ལྟར་ན་སྐྱེད་བྱེད་ཀྱི་རྒྱུ་མིན་ཅིང་གཟུགས་སོགས་ཀྱི་མཚན་མེད་པའི་ནམ་མཁའ་ནི་མིག་གི་དབང་པོས་གཟུགས་མཐོང་བ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི། རིམ་པ་བཞིན་རྣ་བས་སྒྲ་ཐོས་པ་དང་། ལ་སོགས་པའི་སྒྲས་སྣས་ཚོར་བ་དང་། ལྕེས་མྱོང་བ་དང་། ལུས་ཀྱིས་རེག་པ་དང་། ཡིད་ཀྱིས་རྟོག་པའི་གོ་འབྱེད་པའི་སྒོ་ནས་རྒྱུ་ཡིན་པར་འཇོག་པ་ལྟར། དོན་དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་གཉིས་པོ་མཐོང་བ་ལ་སྒྲིབ་པ་མེད་པར་འགྱུར་བའི་སྦྱོར་ལམ་ཉམས་སུ་བླངས་པ་ལས་བློ་གྲོས་ཟབ་ཅིང་བརྟན་པ་རྒྱལ་བའི་སྲས་སྐལ་པ་དང་ལྡན་པ་རྣམས་ཀྱི་དབང་པོ་དྲུག་མཆོག་ཏུ་གྱུར་པའི་སྤྱོད་ཡུལ་གྱི་དོན་ལ་ཀུན་རྫོབ་ཏུ་གཟུགས་ཀྱི་སྐུ་མཐོང་བ་ལ་སོགས་པའི་དབང་གིས་མཚན་དང་དཔེ་བྱད་ལ་སོགས་པ་ཟག་པ་མེད་པའི་ཡོན་ཏན་སྐྱེ་བའི་རྒྱུ་བྱེད་ཅིང་། དོན་དམ་དུ་ཆོས་སྐུ་མཐོང་བ་ལ་སོགས་པས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཟག་པ་མེད་པའི་ཡོན་ཏན་མཐའ་ཡས་པ་དག་མངོན་སུམ་དུ་སྐྱེ་བ་ཡི་ནི་རྒྱུ་བྱེད་པ་ཡིན་ནོ། །བཞི་པ་ལྡན་པའི་དོན་ལ་གཉིས། )༡༠༦
(མིང་གི་རྣམ་གྲངས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། བསམ་མེད་ནས། དྲི་མ་མེད། ཅེས་གསུངས་ཏེ། ཐོས་པ་ལ་སོགས་པས་བསམ་དུ་མེད་པ་ཉིད་དང་། སྐྱེ་བ་མེད་པས་རྟག་པ་དང་། རྒ་བ་མེད་པས་བརྟན་པ་དང་། ན་བ་མེད་པས་ཞི་བ་དང་། འཆི་བ་མེད་པས་གཡུང་དྲུང་ཉིད་དང་། སྡུག་བསྔལ་མེད་པས་རབ་ཏུ་ཞི་བ་དང་། ཇི་སྙེད་པ་མཁྱེན་པས་ཤེས་བྱ་ལ་ཁྱབ་པ་དང་། ཇི་ལྟ་བ་མཁྱེན་པས་རྟོག་པ་དང་བྲལ་བ་དང་། ཉོན་མོངས་པའི་སྒྲིབ་པ་སྤངས་པས་ནམ་མཁའ་བཞིན་དུ་ཆགས་པ་མེད་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པས་ཡུལ་དུས་ཀུན་ཏུ་ཐོགས་པ་མེད་པ་དང་། སྙོམས་འཇུག་གི་སྒྲིབ་པ་སྤངས་པས་རྩུབ་པའི་རེག་བྱ་སྤངས་པ་ཉིད་དང་། གཟུགས་དང་བྲལ་བས་བལྟར་མེད་པ་དང་། མཚན་མ་དང་བྲལ་བས་གཟུང་དུ་མེད་པ་དང་། རང་བཞིན་གྱིས་དག་པས་དགེ་བ་དང་། གློ་བུར་གྱི་དྲི་མ་དག་པས་དྲི་མ་མེད་པ་ཉིད་དེ། དོན་དམ་པའི་ཡོན་ཏན་གྱི་རྣམ་གྲངས་བཅོ་ལྔ་དང་ལྡན་པ་དེ་ནི་བྱང་ཆུབ་ཆེན་པོ་ཐོབ་པའི་སངས་རྒྱས་ཉིད་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཡོན་ཏན་གང་ལ་ལྡན་ཚུལ་གྱི་མདོར་བསྟན། ལྡན་པའི་ཡོན་ཏན་ངེས་བར་བྱ་བའོ། །དང་པོ་ནི། རྣམ་གྲོལ་ནས། ཡོན་ཏན་ལྡན། ཅེས་གསུངས་ཏེ། སྤངས་བ་དང་རྟོགས་པའི་བདག་ཉིད་རྣམ་པར་གྲོལ་བའི་སྐུ་དང་། ཆོས་ཀྱི་སྐུ་གཉིས་པོ་དག་གིས་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་བསྟན་ཏེ། སྤང་བྱའི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བ་རང་གི་དོན་འགྲུབ་ཅིང་། རྟོགས་པའི་ཆོས་སྐུའི་ཡོན་ཏན་ལ་བརྟེན་པའི་ཕྲིན་ལས་ཀྱིས་གཞན་དོན་འགྲུབ་པའི་ཕྱིར་རོ། །དེ་ལྟར་རང་གི་དོན་དང་གཞན་གྱི་དོན་གཉིས་ཀ་འགྲུབ་པའི་རྟེན་དུ་གྱུར་པའི་སྐུ་གཉིས་པོ་དེ་ལ་ནི་བློས་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཡོན་ཏན་གྱི་ཆོས་བཅོ་ལྔ་དང་ལྡན་པར་ཤེས་པར་བྱའོ། །གཉིས་པ་ལའང་གཉིས། ཟབ་པའི་རྒྱུ་མཚན་རྒྱས་པར་བཤད་པ་དང་། )༡༠༧
(ཕྱི་མ་རྣམས་ཀྱི་རྒྱུ་མཚན་བཤད་པའོ། །དེའི་དང་པོ་ལ་གསུམ། བསམ་མི་ཁྱབ་ཚུལ་སྤྱིར་བསྟན། ཁྱད་པར་རྒྱས་པར་བཤད། རྒྱུ་མཚན་དཔེ་དང་སྦྱར་བའོ། །དང་པོ་ནི། ཐམས་ཅད་ནས། རྟོགས་པར་བྱ། ཞེས་གསུངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་སངས་རྒྱས་ཀྱི་བྱང་ཆུབ་ནི། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་གསུམ་གྱི་སྤྱོད་ཡུལ་དུ་མིན་པའི་ཕྱིར་ན་མཐར་ཐུག་པ་ཡེ་ཤེས་ཀྱི་སྐུ་དེ་སངས་རྒྱས་ལས་གཞན་པའི་ལུས་ཅན་རྣམས་ཀྱིས་ནི་འདིའོ་ཞེས་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པར་རྟོགས་པར་བྱའོ། །ཞེས་སམ། ཡང་ན། ཡེ་ཤེས་ལུས་ཅན་འཕགས་པ་འོག་མ་རྣམས་ཀྱིས་བསམ་གྱི་མི་ཁྱབ་པར་རྟོགས་པར་བྱ་ཞེས་པའོ། །གཉིས་པ་ནི། ཕྲ་ཕྱིར་ནས། ཡུལ་མ་ཡིན། ཅེས་གསུངས་ཏེ། དོན་དམ་པའི་སངས་རྒྱས་དེ་ནི་ཤིན་ཏུ་ཆེས་ཕྲ་ཞིང་རྟོགས་པར་དཀའ་བའི་ཕྱིར་ན་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྤྱོད་ཡུལ་དུ་གྱུར་པ་མིན་ཏེ། དེ་བཞིན་དུ་དོན་དམ་པའི་བདེན་པ་སོ་སོ་རང་རིག་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ན་བསམ་བྱུང་གི་ཤེས་རབ་དང་། ཆོས་ཉིད་དེ་བཞིན་ཉིད་ཟབ་ཅིང་གཏིང་དཔག་དཀའ་བའི་ཕྱིར་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བའི་ཤེས་རབ་ལ་སོགས་པ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ནོ། །གསུམ་པ་ནི། གང་ཕྱིར་ནས། འཕགས་པས་ཀྱང་། ཞེས་གསུངས་ཏེ། དེ་ལྟར་རྟོགས་པར་དཀའ་བའི་རྒྱུ་མཚན་གང་གི་ཕྱིར་ཞེ་ན། གཟུགས་སྣ་ཚོགས་པ་ལ་དམུས་ལོང་རྣམས་ཀྱིས་སྔར་ཅུང་ཟད་ཀྱང་མཐོང་མ་མྱོང་བ་ཇི་ལྟ་བ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོ་མ་ལུས་པས་དྲི་མ་མེད་པའི་དེ་བཞིན་ཉིད་དེ་སྔོན་ཅུང་ཟད་ཀྱང་མངོན་སུམ་དུ་མཐོང་མ་མྱོང་བའི་ཕྱིར་དང་། བཙས་མ་ཐག་པའི་ཁྱིམ་ན་གནས་པའི་བུ་ཆུང་གིས་ཉི་མའི་འོད་ཟེར་གྱི་གཟུགས་ཅུང་ཟད་མཐོང་ཡང་ཡོངས་སུ་རྫོགས་པར་བལྟ་ )༡༠༨
(མི་ནུས་པ་བཞིན་དུ། རྒྱལ་སྲས་འཕགས་པ་ས་བཅུ་པ་ལ་གནས་པས་ཀྱང་ཆོས་ཀྱི་སྐུ་ཅུང་ཟད་མངོན་སུམ་དུ་མཐོང་ཡང་། ཡོངས་སུ་རྫོགས་པར་མངོན་སུམ་དུ་བལྟ་མི་ནུས་པའི་ཕྱིར་རོ། །གཉིས་པ་ཕྱི་མ་རྣམས་ཀྱི་རྒྱུ་མཚན་བཤད་པ་ལ་གསུམ། མི་འགྱུར་པའི་ཡོན་ཏན། སྤངས་རྟོགས་ཀྱི་ཡོན་ཏན། དག་པའི་ཡོན་ཏན་བཤད་པའོ། །དང་པོ་ནི། སྐྱེ་དང་ནས། གནས་ཕྱིར་རོ། །ཞེས་གསུངས་ཏེ། དྲི་མ་མེད་པའི་སངས་རྒྱས་དེ་གདོད་མ་ནས་རྒྱུ་རྐྱེན་ལས་སྐྱེ་བ་དང་བྲལ་བའི་ཕྱིར་རྟག་པའི་ཡོན་ཏན་དང་ལྡན་པ་སྟེ། གང་ལ་སྐྱེ་བ་མེད་པ་དེ་ལ་འགག་པ་མེད་པའི་ཕྱིར་ན་བརྟན་པའི་ཡོན་ཏན་དང་ལྡན་པ་ཡིན་ཅིང་། སྐྱེ་འགག་གཉིས་ཀྱིས་མ་ཞི་བར་བྱེད་པ་མེད་པའི་ཕྱིར་ན་སངས་རྒྱས་དེ་ཞི་བའི་ཡོན་ཏན་དང་ལྡན་པ་སྟེ། དེ་བས་ན་གཡུང་དྲུང་གི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཆོས་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པ་གདོད་མ་ནས་གནས་ཤིང་འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། རབ་ཞི་ནས། བྲལ་བ་ཡིན། ཅེས་གསུངས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་དེ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་བདེ་བ་ཆེན་པོའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། སྤང་བྱ་མ་ལུས་པ་འགགས་པའི་འགོག་པའི་བདེན་པ་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར་ན་ཇི་སྙེད་པ་མཁྱེན་པའི་ཤེས་བྱ་མཐའ་དག་ལ་ཁྱབ་པའི་ཡོན་ཏན་དང་ལྡན་པ་ཉིད་ཡིན་ཞིང་། དམིགས་པ་དང་མཚན་མ་གང་ལ་ཡང་གནས་པ་མེད་པའི་ཕྱིར་ན། ཇི་ལྟ་བ་མཁྱེན་པ་རྟོག་པ་མེད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ་དག་ནི་བདེ་བ་དང་རྟོགས་པའི་ཁྱད་པར་རོ། །གཞན་ཐར་པའི་གེགས་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཇི་ལྟ་བའི་དོན་ལ་ཆགས་པ་མེད་པའི་ཡོན་ཏན་དང་། ཐམས་ཅད་མཁྱེན་པའི་གེགས་ཤེས་བྱའི་སྒྲིབ་པ་ཀུན་མ་ལུས་པ་རྣམ་པར་དག་པའི་ཕྱིར་ཇི་སྙེད་པའི་དོན་ལ་ཐམས་ཅད་དུ་ནི་ཐོགས་པ་མེད་པའི་ཡོན་ཏན་དང་། )༡༠༩
(བྱིང་རྒོད་གཉིས་ལ་སོགས་པའི་སྙོམས་འཇུག་གི་སྒྲིབ་པ་མེད་པས་ལུས་སེམས་འཇམ་ཞིང་ཏིང་ངེ་འཛིན་ལས་སུ་རུང་བའི་ཕྱིར་རྩུབ་པའི་རེག་བྱ་དང་བྲལ་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །གསུམ་པ་ནི། དེ་གཟུགས་ནས། སྤངས་ཕྱིར་རོ། །ཞེས་གསུངས་ཏེ། བྱང་ཆུབ་དེ་རྡུལ་ཕྲ་རབ་བསགས་པའི་གཟུགས་མེད་ཅིང་འདུས་བྱས་ཀྱི་ཆོས་ལས་རྣམ་པར་འདས་པའི་ཕྱིར། ཐ་མལ་པའི་དབང་པོས་བལྟ་བར་མེད་དེ། རྟགས་དང་གཏན་ཚིགས་ལ་སོགས་པའི་སྤྲོས་པའི་མཚན་མ་མེད་ཅིང་རྣམ་ཤེས་ཀྱི་ཆོས་ལས་རྣམ་པར་དག་པའི་ཕྱིར། ཐ་མལ་པའི་བློས་གཟུང་དུ་མེད་པ་དང་། དོན་དམ་པའི་དགེ་བའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དང་ལྡན་པའི་ཕྱིར་དང་། ཤིན་ཏུ་དྲི་མ་མེད་པས་ཡོན་ཏན་དང་ལྡན་པ་ཡིན་ཏེ། གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་ནས་རྣམ་པར་དག་པའི་ཕྱིར་རོ། །ལྔ་པ་འཇུག་པའི་དོན་ལ་གཉིས། མཚན་ཉིད་ཀྱི་རྣམ་གྲངས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ལ་བཞི། ངོ་བོ་གང་གིས་རྟོགས་པ་དང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་ཁྱད་པར་མདོར་བསྟན་པའོ། །དང་པོ་ནི། ཐོག་མ་ནས། པ་ཡིས་མཐོང་ཞེས་གསུངས་ཏེ། ཐོག་མར་སྐྱེ་བ་དབུས་སུ་གནས་པ་མཐར་འགག་པ་མེད་པ་སྟེ་འདུས་མ་བྱས་པའི་མཚན་ཉིད་དང་། དབྱིངས་རིག་ཐ་དད་དུ་རྣམ་པར་དབྱེ་བ་མེད་པ་ཐ་དད་མེད་པའི་མཚན་ཉིད་དང་། སྒྲོ་སྐུར་གྱི་མཐའ་གཉིས་ལ་མེད་པ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དང་། སྒྲིབ་གསུམ་དང་བྲལ་བ་རྣམ་པར་དག་པའི་མཚན་ཉིད་དང་། རང་བཞིན་གྱིས་དྲི་མ་མེད་ཅིང་རྟོག་གེ་པའི་རྣམ་རྟོག་གི་ཡུལ་དུ་མེད་པ་འོད་གསལ་བའི་མཚན་ཉིད་དེ་མཚན་ཉིད་ལྔ་དང་ལྡན་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པའི་ཆོས་སྐུ་དེ་ཉིད་མངོན་སུམ་དུ་རྟོགས་པ་ནི། ཆོས་ཉིད་ལས་ལྡང་བ་མེད་པའི་ཚུལ་དུ་མཉམ་པར་བཞག་པའི་རྣལ་འབྱོར་པ་དེ་བཞིན་ )༡༡༠
(གཤེགས་པ་དེ་ཡིས་ཇི་ལྟ་བར་མཐོང་བ་ཉིད་དོ། །གཉིས་པ་ནི། གཞལ་མེད་ནས། སྤངས་པའོ། །ཞེས་གསུངས་ཏེ། ཚད་གཞལ་དུ་མེད་པ་དང་། གྲངས་གང་གཱའི་བྱེ་མ་སྙེད་ལས་འདས་པ་དང་། ཟབ་པས་བསམ་དུ་མེད་པ་དང་། གཞན་དང་མཉམ་པ་མེད་པ་སྟེ་རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་བཞི་དང་ལྡན་ཅིང་། དེ་བཞིན་གཤེགས་པའི་དྲི་མ་མེད་པའི་དབྱིངས་ཆོས་ཀྱི་སྐུ་དེ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པའི་ཉེས་པ་མ་ལུས་པ་སྤངས་བའི་ཕྱིར་སྤངས་བ་ཕུན་ཚོགས་ཀྱི་ཡོན་ཏན་གཅིག་སྟེ་དེ་ལྟར་ཡོན་ཏན་ལྔ་དང་ལྡན་པར་རིག་པར་བྱའོ། །གསུམ་པ་ནི། སྣ་ཚོགས་ནས། རང་བཞིན་ཡིན། ཅེས་གསུངས་ཏེ། ཟབ་པ་དང་རྒྱ་ཆེ་བས་སྣ་ཚོགས་པའི་དམ་པའི་ཆོས་སྟོན་པ་མངའ་བ་གསུང་བརྗོད་པ་རྒྱུན་མི་འཆད་པ་དང་། མཚན་དཔེའི་འོད་ཟེར་མངའ་བའི་སྐུས་སྣང་བ་སྣ་ཚོགས་སྟོན་པ་སྐུ་སྟོན་པ་རྒྱུན་མི་འཆད་པ་དང་། འགྲོ་བ་གདུལ་བྱའི་རྒྱུད་ལ་རྣམ་པར་གྲོལ་བའི་དོན་བསྒྲུབ་པ་ལ་བརྩོན་པ་ཐུགས་ཀྱི་མཛད་པ་རྒྱུན་མི་འཆད་པ་དང་། མཛད་པ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་བཞིན་ཏེ་འབད་རྩོལ་མེད་པར་མཛད་པ་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པ་དང་། གདུལ་བྱ་ལ་སྣ་ཚོགས་པའི་དངོས་པོར་སྣང་ཡང་སྣ་ཚོགས་པ་དེའི་ངོ་བོའམ་རང་བཞིན་མིན་པར་སྟོན་པ་སྟེ་ལོངས་སྤྱོད་རྫོགས་པའི་སྐུར་ཡོན་ཏན་ནམ་ཁྱད་ཆོས་ལྔ་དང་ལྡན་པའོ། །བཞི་པ་ནི། འཇིག་རྟེན་ནས། ཁམས་བཞིན་ནོ། །ཞེས་གསུངས་ཏེ། འཇིག་རྟེན་པ་རྣམས་དང་པོར་ཞི་བ་མྱང་འདས་ཀྱི་ལམ་ལ་འཇུག་པར་བྱེད་པ་དང་། བར་དུ་ཐེག་ཆེན་ལ་རབ་ཏུ་སྨིན་པར་བྱེད་པ་དང་། མཐར་བྱང་ཆུབ་ཏུ་ལུང་སྟོན་པས་གྲོལ་བར་བྱེད་པའི་རྒྱུར་གྱུར་པ་སྟེ་ཁྱད་ཆོས་གསུམ་དང་ལྡན་པའི་གཟུགས་སྐུ་སྟེ་སྤྲུལ་པའི་སྐུ་སྣ་ཚོགས་སུ་སྣང་བ་རྣམས་ནི། འཇིག་རྟེན་འདིར་ནི་འཁོར་བ་ཇི་སྲིད་པར་རྟག་ཏུ་གནས་ཏེ། ཆོས་དབྱིངས་ལ་རྒྱུན་མི་འཆད་པར་གནས་པའི་ཕྱིར། དཔེར་ན། ནམ་མཁའི་ཁམས་སུ་འདོད་གཟུགས་ཀྱི་ཁམས་ཀྱི་ )༡༡༡
(སྣོད་བཅུད་གནས་པ་བཞིན་ནོ། །གཉིས་པ་དོན་རྒྱས་པར་བཤད་པ་ལ་གསུམ། ཐུན་མོང་གི་དབྱེ་བ། སོ་སོའི་རྣམ་བཞག་དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། རང་བྱུང་ནས། དག་གིས་འཇུག །ཅེས་གསུངས་ཏེ། གཞན་རྐྱེན་ལ་རགས་མ་ལུས་པས་ན་རང་བྱུང་རྣམས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པ་ནི་ཡེ་ཤེས་དང་ལྡན་པ་ལ་སྤངས་རྟོགས་མཐར་ཕྱིན་པའི་ཆ་ནས་སངས་རྒྱས་ཉིད་ཅེས་གང་བརྗོད་པར་བྱ་བ་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པས་མཆོག་ཏུ་མྱ་ངན་ལས་འདས་ཤིང་། རྟོག་གེའི་སྤྱོད་ཡུལ་ལས་འདས་པས་བསམ་དུ་མེད་པ་དང་། འཁོར་བའི་གཡུལ་ལས་རྒྱལ་བས་དགྲ་བཅོམ་པ། སོ་སོ་རང་གིས་རིག་པའི་བདག་ཉིད་དུ་གྱུར་པ་ཞེས་མིང་གི་རྣམ་གྲངས་བདུན་གྱིས་བརྗོད་པའི་བྱང་ཆུབ་ཆེན་པོ་དེ་ལ་དབྱེ་བ་བྱས་ནས། རྟོགས་པར་དཀའ་བས་ཟབ་པ་དང་། མཐུ་དང་ལྡན་པས་རྒྱ་ཆེ་བ་དང་། སྐལ་པ་དང་མཐུན་པས་བདག་ཉིད་ཆེན་པོའི་ཡོན་ཏན་གྱི་ཆོས་གསུམ་པོ་རྣམས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་གོ་རིམ་བཞིན་དུ་ཟབ་པ་རང་བཞིན་ནམ་ངོ་བོ་ཉིད་ཀྱི་སྐུ་དང་། ལ་སོགས་པའི་སྒྲས་རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་པོ་དག་གིས་རང་གཞན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇུག་གོ །གཉིས་པ་རྣམ་བཞག་ལ་གསུམ། ངོ་བོ་ཆོས་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་པའི་སྐུའི་རྣམ་བཞག་གོ །དང་པོ་ལའང་གཉིས། མཚན་ཉིད་དང་ཡོན་ཏན་མདོར་བསྟན། དེ་དག་གི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་ནས། རིགས་པར་བྱ། ཞེས་གསུངས་ཏེ། དེ་ལྟར་མཐར་ཐུག་གི་བྱང་ཆུབ་ལ་སྐུ་གསུམ་དུ་དབྱེར་ཡོད་པ་དེ་ལ་སངས་རྒྱས་རྣམས་ཀྱི་རང་དོན་ཕུན་སུམ་ཚོགས་པ་ངོ་བོ་ཉིད་ཀྱི་སྐུ་འདུས་མ་བྱས་པ་ལ་སོགས་པའི་མཚན་ཉིད་དམ་ཁྱད་པར་ལྔ་དང་ལྡན་ཞིང་ཡོན་ཏན་ཤིན་ཏུ་མང་ཡང་མདོར་བསྡུ་ན་གཞལ་དུ་མེད་པ་ལ་སོགས་པའི་ཡོན་ཏན་རྣམ་པ་ལྔ་ )༡༡༢
(དང་ནི་དབྱེར་མེད་པར་ལྡན་པ་ཉིད་དུ་རིག་པར་བྱའོ། །གཉིས་པ་རྒྱས་བཤད་ལ་གཉིས། མཚན་ཉིད་ལྔ་བཤད་པ། ཡོན་ཏན་ལྔ་བཤད་པའོ། །དང་པོ་ནི། འདུས་མ་ནས། འོད་གསལ་བའོ། །ཞེས་གསུངས་ཏེ། དོན་དམ་ངོ་བོ་ཉིད་སྐུ་དེ་འདུས་བྱས་ཀྱི་ཆོས་སྐྱེ་གནས་འཇིག་པ་རྣམས་ཀྱིས་དབེན་པས་འདུས་མ་བྱས་པ་དང་། ཟག་པ་མེད་པའི་ཆོས་དབྱིངས་དང་། མཐར་ཕྱིན་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་འདྲེས་པས་རྣམ་པར་དབྱེར་མེད་པ་དང་། མེད་པ་སྒྲོ་འདོགས་དང་ཡོད་པ་སྐུར་བ་འདེབས་པའི་མཐའ་གཉིས་པོ་དག་ནི་རྣམ་པར་སྤངས་པ་དང་། སེར་སྣ་སོགས་ཉོན་མོངས་པའི་སྒྲིབ་པ་དང་། ཉོན་མོངས་པ་ཅན་མ་ཡིན་ཡང་ཤེས་བྱ་ཤེས་པའི་གེགས་སུ་གྱུར་པ་ཤེས་བྱའི་སྒྲིབ་པ་དང་། དེའི་ཁྱད་པར་ཏིང་ངེ་འཛིན་ལ་ཇི་ལྟ་བར་འདོད་པ་བཞིན་སྙོམས་པར་འཇུག་པ་མི་ཤེས་པ་སྙོམས་འཇུག་གི་སྒྲིབ་པ་གསུམ་ལས་ནི་ངེས་པར་གྲོལ་ཏེ། སྒྲིབ་པ་མེད་པའི་མཚན་ཉིད་དང་། ཉོན་མོངས་པའི་དྲི་མ་མེད་ཅིང་རྣམ་པར་རྟོག་པའི་སྤྱོད་ཡུལ་དུ་མེད་པ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ལ་རྟག་ཏུ་སྙོམས་པར་འཇུག་པའི་རྣལ་འབྱོར་པ་མཐར་ཕྱིན་པ་རྣམས་ཀྱི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། ཟབ་པའི་ཆོས་ཀྱི་དབྱིངས་གདོད་མ་ནས་ངོ་བོ་ཉིད་ཀྱིས་ནི་རྣམ་པར་དག་པའི་ཕྱིར་ན་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་དེ་ཁྱད་པར་ལྔ་དང་ལྡན་པའོ། །གཉིས་པ་ནི། གཞལ་མེད་ནས། གོ་རིམ་བཞིན། ཅེས་གསུངས་ཏེ། རྟགས་ཀྱིས་གཞལ་དུ་མེད་པ་དང་། གྲངས་ཀྱིས་བགྲང་དུ་མེད་པ་དང་། བློས་བསམ་དུ་མེད་པ་དང་། གཞན་དང་མཉམ་པ་མེད་པ་དང་། རྣམ་པར་དག་པ་མཐར་ཐུག་གི་ཡོན་ཏན་ལྔ་པོ་རྣམས་དང་ཡང་དག་པར་ན། ངོ་བོ་ཉིད་ཀྱི་སྐུ་དེ་དབྱེར་མེད་པར་ལྡན་པ་ཡིན་ཏེ། དེ་ཡང་ངོ་བོ་ནམ་མཁའ་ལྟར་རྒྱ་ཆེ་བའི་ཕྱིར་དང་གྲངས་འདིའོ་ཞེས་ཡོངས་སུ་ཆད་པ་མེད་པའི་ )༡༡༣
(ཕྱིར་དང་། རྣམ་པ་ཐམས་ཅད་དུ་རྟོག་གེའི་སྤྱོད་ཡུལ་ནི་མིན་པའི་ཕྱིར་དང་། སངས་རྒྱས་འབའ་ཞིག་ལ་མངའ་བའི་ཡོན་ཏན་ཡིན་པའི་ཕྱིར་དང་། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །དེ་བས་ན་གཞལ་དུ་མེད་པ་ལ་སོགས་པའི་ཡོན་ཏན་རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ་རྒྱ་ཆེ་བ་ལ་སོགས་པའི་རྒྱུ་མཚན་ལྔ་དང་སྦྱར་ཏེ་རིག་པར་བྱའོ། །གཉིས་པ་ལོངས་སྐུ་བཤད་པ་ལ་གསུམ། རྣམ་བཞག་རྒྱས་པར་བཤད་པ། ཆོས་ལྔ་བསྡུས་ཏེ་བསྟན་པ། ཁྱད་པར་རྐྱེན་ལས་སྣང་ཚུལ་ལོ། །དང་པོ་ནི། སྣ་ཚོགས་ནས། རྣམ་པར་གནས། ཞེས་གསུངས་ཏེ། ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་སྣ་ཚོགས་པའི་ཆོས་ཀྱི་འབྱོར་པ་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་དང་། སྤྲུལ་པ་ཙམ་མ་ཡིན་ཀྱི་མཚན་དཔེས་བརྒྱན་པའི་རང་གཞན་གྱི་ཆོས་སུ་ནི་གདུལ་བྱ་ལས་དག་པ་ལ་རྟག་ཏུ་སྣང་བའི་ཕྱིར་དང་། ཐུགས་རྗེ་ཆེན་པོ་རྣམ་པར་དག་པའི་རྒྱུ་མཐུན་པའི་འབྲས་བུ་འགྲོ་བའི་དོན་རྒྱུན་མི་འཆད་པར་མཛད་པའི་ཕྱིར་དང་། རྣམ་པར་རྟོག་པ་དང་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་ཕྲིན་ལས་འཇུག་པས། གདུལ་བྱའི་འདོད་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རེ་བ་ཡོངས་སུ་སྐོང་པའི་ཕྱིར་དང་། ཡིད་བཞིན་ཀྱི་ནོར་བུ་གཞིའི་དབང་གིས་ཁ་དོག་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོར་མིན་པ་བཞིན་ཏུ་གདུལ་བྱའི་དབང་གིས་སྣ་ཆོགས་པའི་རྫུ་འཕྲུལ་གྱིས་རྣམ་པར་རོལ་ཡང་དེའི་ངོ་བོར་མ་གྲུབ་སྟེ་དེ་ལྟར་ཁྱད་པར་ལྔ་དང་ལྡན་པའི་ཚུལ་གྱིས་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུར་རྣམ་པར་གནས་པ་ཡིན་ནོ། །གཉིས་པ་ནི། བརྗོད་སྟོན་ནས། རྣམ་ལྔར་བརྗོད། ཅེས་གསུངས་ཏེ། གསུངས་གི་གདམས་ངག་བརྗོད་པ་དང་། སྐུའི་སྣང་བ་སྟོན་པ་དང་། ཐུགས་རྗེའི་ཕྲིན་ལས་མཛད་པ་རྣམས་རྒྱུན་མི་འཆད་པ་དང་། དེ་དག་ལ་འབད་རྩོལ་གྱིས་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པ་དང་། སྐལ་པའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་ཉིད་ )༡༡༤
(མིན་པ་སྟོན་པ་སྟེ། ཆོས་ལྔ་པོ་དེ་དག་ལ་ལོངས་སྤྱོད་རྫོགས་པའི་སྐུ་འཆད་པའི་སྐབས་འདིར་ནི་སྣ་ཚོགས་པ་ལ་སོགས་པའི་ཁྱད་པར་རྣམ་པ་ལྔར་བརྗོད་པར་བྱའོ། །གསུམ་པ་ནི། ཇི་ལྟར་ནས། མིན་པར་སྣང་། ཞེས་གསུངས་ཏེ། དཔེ་ཇི་ལྟར་འོག་གཞིའི་རས་ཀྱི་ཚོན་ནི་ཁ་དོག་སྣ་ཚོགས་པའི་རྐྱེན་གྱིས་སྟེང་གི་ནོར་བུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་པ་དེའི་དངོས་པོ་མིན་ཡང་། དང་བའི་དབང་གིས་སྣ་ཚོགས་སུ་སྣང་བ་ལྟར། དོན་དེ་བཞིན་ཏུ་གདུལ་བྱའི་འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང་མོས་པ་ལ་སོགས་པའི་རྐྱེན་སྣ་ཚོགས་པས་ཐུགས་རྗེ་ཆེན་པོས་སྐྱེ་དགུ་ལ་ཁྱབ་པའི་བདག་ཉིད་རྫོགས་པའི་སངས་རྒྱས་རྣམས་ཀྱང་སྣ་ཚོགས་པ་དེའི་དངོས་པོ་མིན་ཡང་ཁ་དོག་དང་ཚད་ལ་སོགས་པའི་རྣམ་པར་འཕྲུལ་པར་སྣང་ངོ་། །གསུམ་པ་སྤྲུལ་སྐུའི་རྣམ་བཞག་ལ་གཉིས་མཆོག་གི་སྤྲུལ་སྐུས་མཛད་པ་བཅུ་གཉིས་སྟོན་ཚུལ། དེའི་བྱེད་ལས་གདུལ་བྱ་རིམ་གྱིས་འདྲེན་ཚུལ་ལོ། །དང་པོ་ནི། ཐུགས་རྗེ་ནས། གནས་པར་སྟོན། ཅེས་གསུངས་ཏེ། སྟོན་ཅེས་པ་བཤད་གཞིར་དྲངས། རྒྱུ་གང་གི་ཕྱིར་མཛད་པ་སྟོན་ནོ། །མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པོས་རྗེས་སུ་བཟུང་བར་བཞེད་པའི་རྒྱུ་ལས་སོ། །ཚུལ་ཇི་ལྟར་སྟོན་ན། འཇིག་རྟེན་གྱི་ཁམས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱར་གྱུར་པའི་འཇིག་རྟེན་མ་ལུས་པ་ཀུན་ལ་ལེགས་པར་གཟིགས་ནས་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་ངང་དུ་མཉམ་པར་བཞག་པ་ལས་ནམ་ཡང་མ་གཡོས་པར་རོ། །དོན་གང་དག་སྟོན་ན། སྤྲུལ་པའི་རང་བཞིན་རྣམ་པ་སྣ་ཚོགས་པ་རྣམ་ཀྱིས་རྨད་དུ་བྱུང་བའི་མཛད་པ་བཅུ་གཉིས་ཡང་དག་པར་སྟོན་པ་སྟེ། དེ་ཡང་ཤཱཀྱའི་རྒྱལ་པོ་ལྟ་བུ་ལ་ཉེ་བར་མཚོན་ན་བདག་ཉིད་ཆེན་པོ་དེས་མཛད་པའི་གཞི་ཐོག་མར་དགའ་ལྡན་པའི་ལྷའི་སྐྱེ་བ་དམ་པ་ཏོག་དཀར་ཞེས་བྱ་བར་མངོན་པར་སྐྱེ་བའི་ཚུལ་བསྟན་ནས་ལྷའི་ )༡༡༥
(ཚོགས་རབ་ཏུ་མང་པོ་སྨིན་གྲོལ་ལ་བཀོད་པ་དང་། དེ་ནས་མཛད་པ་བཅུ་གཉིས་ཀྱི་དང་པོ་དགའ་ལྡན་གྱི་གནས་ནས་རྫམྦུའི་གླིང་དུ་འཕོ་བ་དང་། ཡུམ་གྱི་ལྷུམས་སུ་འཇུག་པ་དང་། ལྷུམས་ནས་བལྟམས་པ་དང་། བཟོ་ཡི་གནས་ལ་མཁས་པ་དང་། ༈ བཙུན་མོའི་འཁོར་གྱི་ནང་ན་དགྱེས་པར་རོལ་པ་དང་། བཙུན་མོ་དང་བཅས་པའི་ཁབ་ནས་ངེས་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་དུ་གཤེགས་པ་དང་། བདུད་ཀྱི་སྡེ་དཔུང་དང་བཅས་པ་བྱམས་པའི་ཤུགས་ཀྱིས་འཇོམས་པ་དང་། མངོན་པར་རྫོགས་པར་ནི་བྱང་ཆུབ་ཆེན་པོ་བརྙེས་པ་དང་། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་སྟེ་བཅུ་གཉིས་པོ་རྣམས་སོ། གནས་གང་དུ་སྟོན་ན། ཡོངས་སུ་མ་དག་པའི་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་ལ་སོགས་པ་མཐའ་ཡས་པ་རྣམས་སུའོ། །དུས་ཇི་སྲིད་སྟོན་ན། གདུལ་བྱ་འཁོར་བའི་སྲིད་པ་ཇི་སྲིད་གནས་པའི་བར་དེ་སྲིད་དུ་རྒྱུན་མི་འཆད་ཅིང་ལྷུན་གྱིས་གྲུབ་པར་སྟོན་ཏོ། །གཉིས་པ་ལ་གསུམ། ཕལ་པ་ཐེག་དམན་ལ་འཇུག་ཚུལ། ཐེག་དམན་ཐེག་ཆེན་གྱིས་སྨིན་ཚུལ། ཐེག་ཆེན་རྣམ་གྲོལ་ལ་སྦྱོར་ཚུལ་ལོ། །དང་པོ་ནི། མི་རྟག་ནས། རབ་འཇུག་མཛད། ཅེས་གསུངས་ཏེ། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་མཆོག་ཏུ་ཞི་ཞིང་བདེ་བའོ། །ཞེས་པ་ལ་སོགས་པ་ཆོས་རྣམས་ཀྱི་སྡོམ་ཆེན་པོ་རྣམས་སྟོན་པའི་སྒྲ་ཡིས་གདུལ་བྱ་གདུལ་བའི་ཐབས་མཁྱེན་པ་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་སེམས་ཅན་འཁོར་བ་ལ་ཆགས་པ་རྣམས་ལ་སྲིད་པ་གསུམ་གྱི་ཉེས་དམིགས་མང་དུ་གསུངས་ཤིང་། སྐྱོ་བ་སྐྱེད་ནས་རེ་ཤིག་དང་པོ་འཁོར་བའི་སྐྱོན་ཉེ་བར་ཞི་བ་ཙམ་གྱིས་མྱ་ )༡༡༦
(ངན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ་ཡང་རབ་ཏུ་འཇུག་པར་མཛད་དོ། །གཉིས་པ་ནི། ཞི་བའི་ནས། སྨིན་མཛད་དེ། ཞེས་གསུངས་ཏེ། རང་ཉིད་ཀྱིས་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་པའི་ཐབས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ་རབ་ཏུ་ཞུགས་པ་ལས་དགྲ་བཅོམ་པ་དང་རང་བྱང་ཆུབ་ཐོབ་པ་ན། མཐར་ཕྱིན་པའི་གོ་འཕང་མ་ཐོབ་ཀྱང་མྱ་ངན་ལས་འདས་པ་ཐོབ་བོ་སྙམ་པའི་འདུ་ཤེས་ཅན་རྣམས་ལ། དམ་པའི་ཆོས་པདྨ་དཀར་པོའི་མདོ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་རྣམས་ལས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པར་སྟོན་པའི་ཐེག་པ་ནི་གཅིག་ཁོ་ན་ཡིན་ལ། དེ་བགྲོད་པའི་མྱ་ངན་ལས་འདས་པའང་གཅིག་ཁོ་ནའོ་ཞེས་པར་བསྟན་པ་ཡིས། ཉན་རང་དེ་དག་བྱང་ཆུབ་མཐར་ཐུག་མ་ཐོབ་པ་ལ་ཐོབ་པར་འཛིན་པ་དེ་ལས་བཟློག་སྟེ་ཐབས་སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ལ་བརྟེན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་གཟུང་བས་ཐེག་པ་གསུམ་ལས་མཆོག་ཏུ་གྱུར་པ་ཐེག་པ་ཆེན་པོ་ལ་སྨིན་པར་མཛད་དེ་ཡང་དག་པའི་ལམ་ལ་བཀོད་པར་མཛད་དོ། །གསུམ་པ་ནི། བྱང་ཆུབ་མཆོག་ཏུ་ལུང་སྟོན་ནོ། །ཞེས་གསུངས་ཏེ། དེ་ལྟར་ཐེག་པ་ཆེན་པོའི་ལམ་ལ་རིམ་གྱིས་སྨིན་པར་མཛད་ནས་ས་བརྒྱད་པ་ལ་སོགས་པ་ཐོབ་པ་དང་། རྣམ་པར་གྲོལ་བའི་བྱང་ཆུབ་གསུམ་ལས་མཆོག་ཏུ་གྱུར་པ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ལུང་སྟོན་པར་མཛད་པ་སྟེ། དེ་ཡང་ཞིང་དང་མིང་དང་ནི། དུས་དང་བསྐལ་པའི་མིང་དང་ནི། འཁོར་དང་དམ་པའི་ཆོས་དག་དང་། གནས་པའི་སྒོ་ནས་དེར་འདོད་དོ། ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །གསུམ་པ་དོན་བསྡུ་བ་ལ་གཉིས། རྒྱུ་མཚན་དང་སྤྱར་ཏེ་གསུམ་དུ་བསྡུ་བ། གནས་ཚུལ་དང་སྤྱར་ཏེ་གཉིས་སུ་བསྡུ་བའོ། །དང་པོ་ནི། ཟབ་ )༡༡༧
(དང་ནས། ཆེ་ཞེས་བྱ། ཞེས་གསུངས་ཏེ། ཕྲ་ཞིང་རྟོགས་པར་དཀའ་བས་ན་ཟབ་པའི་ཕྱིར་དང་། གཞན་གྱི་དོན་སྒྲུབ་པའི་མཐུ་ནི་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དང་། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་བསམ་པའི་དོན་དང་མཐུན་པར་བསྟན་པས་འཁོར་བ་རབ་ཏུ་འདྲེན་པའི་ཕྱིར་ན། སྐུ་གསུམ་པོ་འདི་དག་གྲངས་ཅི་ལྟ་བ་བཞིན་ཏུ་སྦྱར་ཏེ་ཟབ་པ་ངོ་བོ་ཉིད་ཀྱི་སྐུ་དང་། རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་རྣམས་སུ་ཤེས་པར་བྱའོ། །གཉིས་པ་ནི། འདིར་ནི་ནས། ཐ་མ་གནས། ཞེས་གསུངས་ཏེ། སངས་རྒྱས་ཀྱི་སྐུ་འཆད་པའི་སྐབས་འདིར་ནི་དང་པོ་ཟབ་པའི་སྐུ་དེ་ཆོས་ཀྱི་སྐུར་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཞིང་། གཞན་རིག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཕྱི་མ་ལོངས་སྤྲུལ་གཉིས་ནི་གཟུགས་ཀྱི་སྐུ་ཡིན་ཏེ་སྐལ་པ་དང་མཐུན་པར་གདུལ་བྱ་ལ་སྣང་བའི་ཕྱིར་རོ། །དེ་དག་ཀྱང་དཔེར་ན་འདུས་མ་བྱས་ནམ་མཁའི་དབྱིངས་ལ་ནི་འདུས་བྱས་ཀྱི་གཟུགས་སྣ་ཚོགས་གནས་པ་ཇི་ལྟ་བ་བཞིན་དུ། དང་པོ་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་དབྱིངས་ལ་ནི་ཐ་མ་གཟུགས་ཀྱི་སྐུ་སྣ་ཚོགས་སུ་སྣང་བ་དག་གནས་པ་ཡིན་ནོ། །དྲུག་པ་རྟག་པའི་དོན་བཤད་པ་ལ་གསུམ། རྒྱ་མཚན་མདོར་བསྟན། དེ་དོན་རྒྱས་པར་བཤད། སྤྱིའི་དོན་བསྡུ་བའོ། །དང་པོ་ནི། རྒྱུ་མཐའ་ནས། མགོན་པོ་རྟག །ཅེས་གསུངས་ཏེ། ཚོགས་གཉིས་ལ་སོགས་པའི་རྒྱུ་མཐའ་ཡས་པ་དང་། གདུལ་བྱ་སེམས་ཅན་ལ་ཟད་མཐའ་མེད་པ་དང་། བརྩེ་བ་ཆེན་པོས་རྒྱུན་མི་འཆད་པ་དང་། རྫུ་འཕྲུལ་གྱི་རྐང་པ་ལ་དབང་འབྱོར་བ་དང་། འཁོར་འདས་མཉམ་པ་ཉིད་དུ་མཁྱེན་པ་དང་། ཟག་མེད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པ་སྟེ་རྒྱུ་མཚན་བདུན་གྱིས་གཟུགས་ཀྱི་སྐུ་ལ་གཞན་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་ཅིང་། འཆི་བདག་གི་བདུད་བཅོམ་པ་དང་འདུས་བྱས་ཀྱི་ངོ་བོ་མེད་པ་དང་འཇིག་རྟེན་པ་རྣམས་ཀྱི་སྐྱབས་དང་མགོན་པོར་ )༡༡༨
(གྱུར་པ་སྟེ་རྒྱུ་མཚན་གསུམ་གྱིས་ཆོས་ཀྱི་སྐུ་འགྱུར་བ་མེད་པས་རྟག་པ་ཡིན་ཏེ། མདོར་ན་རྒྱུ་མཚན་བཅུས་དེ་བཞིན་གཤེགས་པའི་སྐུ་གསུམ་པོ་འདི་རྣམས་རྟག་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། གཟུགས་སྐུ་རྟག་པའི་རྒྱུ་བདུན། ཆོས་སྐུ་རྟག་པའི་རྒྱུ་གསུམ་བཤད་པའོ། །དང་པོ་ནི། ལུས་དང་ནས། གོས་མེད་ཕྱིར། ཅེས་གསུངས་ཏེ། དེ་ལ་སངས་རྒྱས་ཀྱི་གཟུགས་སྐུ་གཞན་དོན་ཏུ་འཁོར་བར་གནས་པའི་རྒྱུ་བཞི་ཡོང་དེ། བསྐལ་པ་གྲངས་མེད་གསུམ་དུ་ལུས་དང་སྲོག་དང་ལོངས་སྤྱོད་རྣམས་བཏང་ནས་ཚོགས་གཉིས་ཀྱིས་བསྡུས་པའི་དམ་པའི་ཆོས་འཛིན་པར་མཛད་ཕྱིར་དང་། རྒྱུ་མཐའ་ཡས་པ་ཚང་ཡང་དགོས་པ་མེད་དམ་ཞེ་ན། གཞན་དོན་ཏུ་རྟག་ཏུ་གནས་དགོས་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དུ་དང་པོར་སེམས་བསྐྱེད་པ་ན་གདུལ་བྱ་མ་ལུས་པ་འཁོར་བ་ལས་བསྒྲལ་བར་དམ་བཅས་པའི་དོན་མཐར་ཕྱིན་པར་མཛད་དགོས་པས་གདུལ་བྱ་ལ་ཟད་པ་མེད་པའི་ཕྱིར་དང་། དགོས་པ་ཡོད་ཀྱང་ཐུགས་བཞེད་མེད་དམ་ཞེ་ན། གཞན་དོན་མཛད་པའི་བཞེད་པ་ཡོད་དེ། སངས་རྒྱས་ཉིད་ནི་ལས་ཉོན་གྱིས་ གཙང ་བ་དང་ཤེས་སྒྲིབ་ཀྱིས་དག་པའི་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་པའི་ཕྱིར་དང་། གཞན་དོན་མཛད་བཞེད་ཀྱང་སྐུ་ཚེའི་འཕེན་པས་མི་འཁྱོངས་སམ་ཞེ་ན། གཞན་དོན་ལ་རྟག་ཏུ་གནས་པར་ནུས་ཏེ། རྫུ་འཕུལ་གྱི་རྐང་པའི་ནུས་པ་དང་ལྡན་པས་གཟུགས་སྐུའི་སྣང་བ་སྟོན་པ་ནི་རྫུ་འཕྲུལ་རྐང་པ་དེ་ཡིས་འཁོར་བ་ཇི་སྲིད་དུ་གནས་པར་སྤྱོད་ནུས་པའི་ཕྱིར་རོ། །འཇིག་རྟེན་མི་འདོར་བའི་རྒྱུ་གསུམ་ཡོད་དེ། གཞན་དོན་ཏུ་རྟག་ཏུ་གནས་པ་ཡོད་ཀྱང་། འཁོར་འདས་ལ་བླང་དོར་ཐ་དད་དུ་བལྷ་བ་ཡོད་ན་འཁོར་བ་འདོར་བར་མི་འགྱུར་རམ་ཞེ་ན། འཁོར་འདས་ལ་བླང་དོར་མི་མངའ་སྟེ། ཤེས་བྱའི་གནས་ཚུལ་ཇི་ལྟ་བ་བཞིན་དུ་མཁྱེན་པས་འཁོར་བ་དང་མྱ་ངན་ལས་འདས་པ་བླང་དོར་གཉིས་སུ་འཛིན་པ་ལས་གྲོལ་བའི་)༡༡༩
(ཕྱིར་དང་། འཁོར་བར་གནས་ན་འཁོར་བའི་སྡུག་བསྔལ་གྱིས་གནོད་དམ་ཞེ་ན་མི་གནོད་དེ། རྟག་ཏུ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་ཏིང་འཛིན་གྱི་བདེ་བ་ཕུན་གསུམ་ཚོགས་པ་དང་ལྡན་པའི་ཕྱིར་དང་། སྡུག་བསྔལ་གྱིས་མི་ གནོད་ཀྱང་དེའི་ཉེས་པས་གོས་སམ་ཞེ་ན། འཁོར་བའི་ཉེས་པས་གོས་མི་སྲིད་དེ། འཇིག་རྟེན་ན་ནི་གཞན་དོན་ལ་སྤྱོད་པ་ན་འཇིག་རྟེན་གྱི་ཆོས་ལས་དང་ཉོན་མོངས་སྡུག་བསྔལ་སོགས་ཀྱི་གོས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། འཆི་མེད་ནས། འཐད་ཕྱིར་རོ། །ཞེས་གསུངས་ཏེ། སངས་རྒྱས་ཆོས་ཀྱི་སྐུ་རྟག་ཅིང་མི་འགྱུར་བའི་རྒྱུ་མཚན་གསུམ་ཡོད་དེ། འཆི་འཕོ་བ་མེད་པས་ཞི་བའི་གནས་ཆོས་སྐུ་ཐོབ་པ་ལ་འཆི་བདག་གི་བདུད་རྒྱུ་བ་མེད་པའི་ཕྱིར་དང་། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་རང་བཞིན་ཅན་གྱི་ཐུབ་པའི་ཆོས་སྐུ་ནི་གདོད་མ་ནས་སྐྱེ་འཆི་སོགས་རབ་ཏུ་ཞི་བའི་ཕྱིར་དང་། སྐྱབས་མེད་པའི་སེམས་ཅན་མཐའ་ཡས་པ་རྣམས་ཀྱི་ནི་སྐྱབས་དང་མགོན་དང་དཔུང་གཉེན་ལ་སོགས་པ་མཐར་ཐུག་པ་འཐད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དང་པོ་ནི། རྟག་པ་ཉིད། ཅེས་གསུངས་ཏེ། རྒྱུ་མཐའ་ཡས་པ་སོགས་དང་པོ་ནི་ཡི་ནི་རྒྱུ་མཚན་རྣམ་པ་བདུན་གྱིས་གཟུགས་ཀྱི་སྐུའི་གཞན་དོན་རྟག་ཏུ་རྒྱུན་མི་འཆད་པ་ཉིད་ཡིན་ཏེ། འཆི་བའི་བདུད་བཅོམ་སོགས་རྒྱུ་མཚན་ཕྱི་མ་གསུམ་ཀྱིས་སྟོན་པ་སངས་རྒྱས་ཀྱི་ནི་ཆོས་ཀྱི་སྐུ་འགྱུར་བ་མེད་ཅིང་རྟག་པ་ཉིད་བསྟན་པ་ཡིན་ནོ། །དེ་དག་ཀྱང་རྒྱན་ལས། རང་བཞིན་དང་ནི་རྒྱུན་མི་འཆད། རྒྱུན་གྱི་དེ་དག་རྟག་པ་ཉིད། ཅེས་གསུངས་པས། ཆོས་སྐུ་རང་བཞིན་གྱི་རྟག་པ། ལོངས་སྐུ་རྒྱུན་མི་འཆད་པའི་རྟག་པ། སྤྲུལ་སྐུ་རྒྱུན་གྱི་རྟག་པར་བཤད་པ་ཇི་ལྟ་བ་བཞིན་ནོ། །བདུན་པ་བསམ་མི་ཁྱབ་པའི་དོན་བཤད་པ་ལ་གཉིས། བསམ་མི་ཁྱབ་ཚུལ་མདོར་བསྟན་པ། དེའི་རྒྱུ་མཚན་རྒྱས་པར་བཤད་པའོ། །དང་པོ་ནི། ངག་ཡུལ་ནས། བསམ་མི་ཁྱབ། ཅེས་གསུངས་ཏེ། དྲི་མ་མེད་པའི་དེ་བཞིན་ )༡༢༠
(བྱང་ཆུབ་ཆེན་པོ་དེ་ཉིད་ངག་གིས་བརྗོད་པའི་ཡུལ་མིན་པའི་ཕྱིར་དང་། དོན་དམ་གྱིས་བསྡུས་པའི་ཕྱིར་དང་། རྟོག་པ་འཇུག་པའི་གནས་མིན་པའི་ཕྱིར་དང་། དཔེ་ལས་འདས་པའི་ཕྱིར་དང་། བླ་ན་མེད་པའི་ཕྱིར་དང་། སྲིད་ཞིས་མ་བསྡུས་པའི་ཕྱིར། རྒྱལ་བ་རྫོགས་པའི་སངས་རྒྱས་ཁོ་ནའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དེ་ཉིད། ས་བཅུ་པ་ལ་གནས་པའི་འཕགས་པ་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་བོ། །གཉིས་པ་རྒྱས་བཤད་ལ་གསུམ། གཏན་ཚིག་བརྒྱད་རིམ་པར་བཤད། རྒྱུ་དྲུག་གི་དོན་བསྡུ། དེ་རྟོགས་པར་དཀའ་བའི་ཚུལ་བཤད་པའོ། །དང་པོ་ནི། བསམ་མེད་ནས། མེད་ཕྱིར་རོ། །ཞེས་གསུངས་ཏེ། སྐུ་གསུམ་ཡོངས་སུ་རྫོགས་པའི་བྱང་ཆུབ་དེ་ཉིད། ས་བཅུ་པ་ལ་གནས་པས་ཀྱང་བསམ་དུ་མེད་པ་ཡིན་ཏེ། ངག་གིས་བརྗོད་དུ་མེད་པའི་ཕྱིར། བརྗོད་དུ་མེད་དེ། ངག་གིས་ཡུལ་ལ་ཀུན་རྫོབ་ཀྱིས་ཁྱབ་པ་ལས་དོན་དམ་ཡིན་པའི་ཕྱིར། དོན་དམ་ཡིན་ཏེ། ཀུན་རྫོབ་ལ་རྟོགས་པའི་ཡུལ་གྱིས་ཁྱབ་པ་ལ་རྟོག་པས་བརྟག་བྱ་མིན་པའི་ཕྱིར། རྟོག་པས་བརྟག་པར་བྱ་བ་མིན་ཏེ། རྟོག་པའི་ཡུལ་ལ་དཔེ་ལས་དཔག་ཏུ་རུང་བས་ཁྱབ་པ་ལ། རྟགས་དང་དཔེས་རྗེས་སུ་དཔག་བྱ་མིན་པའི་ཕྱིར། རྗེས་སུ་དཔག་པར་བྱ་བ་མིན་ཏེ། དཔེ་ལས་དཔག་ཏུ་རུང་བ་ལ་དཔེ་དང་ཆོས་མཐུན་ཡོད་པས་ཁྱབ་པ་ལས་བླ་ན་མེད་པ་སྟེ། དེ་དང་མཚུངས་པ་མེད་པའི་ཕྱིར། བླ་ན་མེད་པ་ཡིན་ཏེ། བླ་ན་ཡོད་པ་ལ་སྲིད་ཞིའི་བསྡུས་པས་ཁྱབ་པ་ལས་སྲིད་ཞིས་མ་བསྡུས་པའི་ཕྱིར། སྲིད་ཞིས་མ་བསྡུས་ཏེ། སྲིད་ཞིའི་མཐའ་ལ་ཡང་གནས་པ་མེད་པའི་ཕྱིར་ཏེ། ཞི་བ་ལ་ཡོན་ཏན་དང་། སྲིད་པ་ལ་སྐྱོན་དུ་རྟོགས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། རྒྱུ་ལྔ་ནས། བསམ་མི་ཁྱབ་པའོ། །ཞེས་གསུངས་ཏེ། ངག་ཡུལ་མིན་ཕྱིར་ཞེས་པ་ལ་སོགས་པའི་རྒྱུ་མཚན་ལྔ་པོ་དག་གིས་ཤིན་ཏུ་ཕྲ་ཞིང་ཟབ་ལ་གཏིང་དཔག་དཀའ་བའི་ཕྱིར་ཆོས་ཀྱི་སྐུ་ཕལ་པ་རྣམས་ཀྱིས་འདིའོ་ཞེས་བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་བསྟན་པ་སྟེ་སྲིད་ཞིས་མ་བསྡུས་པའི་ཕྱིར་ཞེས་ )༡༢༡
(པའི་རྒྱུ་མཚན་དྲུག་པས་སྲིད་ཞིའི་ཆོས་སྐྱེ་འགག་ལ་སོགས་པ་སྣང་ཡང་དེའི་དངོས་པོར་བདེན་པ་མིན་པའི་ཕྱིར་གཟུགས་ཀྱི་སྐུའི་རྣམ་འཕྲུལ་མཐའ་ཡས་པ་རྣམས་བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་བསྟན་པའོ། །གསུམ་པ་ནི། བླ་མེད་ནས། ཀྱང་རིག་མིན། ཅེས་གསུངས་ཏེ། བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་ཆེན་པོ་སོགས་ཀྱི་ཡོན་ཏན་གྱི་སྒོ་ནས་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་འཁོར་འདས་ཀྱི་མཐའ་ལ་མི་གནས་པའི་རྒྱལ་བ་ཆོས་སྐུ་དང་གཟུགས་སྐུ་བསམ་གྱིས་མི་ཁྱབ་པ་དེས་ན་རང་བྱུང་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་དོན་བརྒྱད་ཡོད་པའི་ཐ་མ་བསམ་གྱིས་མི་ཁྱབ་པའི་ཚུལ་ལམ། ཡང་ན་སེམས་དང་པོར་བསྐྱེད་པ་ལ་ལྟོས་ནས་ཐ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་ནི་དྲང་སྲོང་ཆེན་པོ་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་ས་བཅུ་པ་ལ་གནས་པ་རྣམས་ཀྱིས་ཀྱང་ཇི་བཞིན་རིག་པ་མིན་ནོ། །འདི་དབང་བསྐུར་གྱི་སྐད་དོད་ཡོད་པས་དབང་བཅུ་ཐོབ་པ་ས་བརྒྱད་པ་ཐོབ་པས་ཀྱང་རིག་པ་མིན་ཞེས་སྦྱོར་བ་སྐབས་ཀྱི་དོན་མིན་ནོ། །ཞེས་རོང་སྟོན་སྨྲ་བའི་སེང་གེས་གསུངས་སོ། །ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། རྟོགས་པའི་ཐབས་བྱང་ཆུབ་བསྟན་པའི་སྐབས་ཏེ་གཉིས་པའི་རྣམ་པར་བཤད་གྲུབ་བོ། །སྤྱི་དོན་གསུམ་པ་དེའི་ཡན་ལག་ཡོན་ཏན་བཤད་པ་ལ་གཉིས། སྐུ་གཉིས་དང་སྦྱར་ཏེ་གྲངས་ཀྱི་དབྱེ་བ་མདོར་བསྟན། ཕྱེ་བའི་ཡོན་ཏན་རྒྱས་པར་བཤད་པའོ། །དང་པོ་ལའང་གཉིས། སྐུ་དང་ཡེ་ཤེས་ཕྱེ་སྟེ་བསྟན། དེ་དག་སོ་སོར་སྦྱར་བའོ། །དང་པོ་ནི། རང་དོན་ནས། བཞི་འདི་དག །ཅེས་གསུང་ཏེ། སངས་རྒྱས་ཞེས་བྱ་བའང་རང་དོན་ཕུན་སུམ་ཚོགས་པ་དང་། གཞན་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་རྟེན་རང་དོན་དམ་པ་ཆོས་ཀྱི་སྐུ་དང་ནི། དེ་ལ་བརྟན་པའི་གཞན་དོན་ཀུན་རྫོབ་གཟུགས་ཀྱི་སྐུ་དེ་ཉིད་དེ། སྐུ་གཉིས་ཀྱི་བདག་ཉིད་ཅན་ཡིན་ཞིང་། དེ་དག་ལ་ཡོད་པ་ལ་བརྟེན་པའི་ཡོན་ཏན་ལ་ཕྱེ་ནའང་ཆོས་སྐུ་ལ་ཡོད་པ་བྲལ་བའི་ )༡༢༢
(འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་། གཟུགས་སྐུ་ལ་ཡོད་པ་རྣམ་པར་སྨིན་པའི་འབྲས་བུ་ནི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ། གཉིས་ཀ་བསྡོམས་པ་ལས་ཡོན་ཏན་གྱི་དབྱེ་བ་དྲུག་ཅུ་རྩ་བཞི་པོ། འདི་དག་ཡིན་ནོ། །གཉིས་པ་ནི། བདག་ཉིད་ནས། དག་དང་ལྡན། ཅེས་གསུངས་ཏེ། བདག་ཉིད་ཀྱི་ནི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱོར་བའི་ཞིང་ལྷུན་གྱིས་གྲུབ་པའི་གནས་སམ་གཞི་ནི་འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་དུ་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ཉིད་ཡིན་ཏེ། དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་ཀྱི་བརྡ་ཙམ་ཐ་སྙད་ཙམ་དུ་བསྟན་པའི་གཟུགས་ཀྱི་སྐུ་ནི་གདུལ་བྱ་ཕ་རོལ་པོ་རྣམས་ཀྱི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་ཞིང་ལྷུན་གྱིས་གྲུབ་པའི་གནས་སམ་གཞི་ཡིན་ལ། དེ་དག་ལས་དང་པོར་གྱུར་པའི་ཆོས་ཀྱི་སྐུ་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་སྒྲིབ་པ་དང་བྲལ་བ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཡོན་ཏན་རྣམས་དང་རྣམ་པར་དབྱེར་མེད་པར་ལྡན་ཞིང་། གཉིས་པ་གཟུགས་ཀྱི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་སྙིང་པོའི་ནུས་པ་རིམ་གྱིས་རྣམ་པར་སྨིན་པའི་ཡོན་ཏན་དང་ཡང་ལྡན་པ་ཉིད་དོ། །གཉིས་པ་ཡོན་ཏན་རྒྱས་པར་བཤད་པ་ལ་བཞི། དཔེ་དོན་སྦྱར་ཏེ་སྡོམ་གྱིས་མདོར་བསྟན། སོ་སོའི་རྣམ་བཞག་རྒྱས་པར་བཤད་པ། དེ་དག་སྟོན་པའི་ལུང་ལས་རྟོགས་ཚུལ། སླར་ཡང་དཔེ་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། སྟོབས་ཉིད་ནས། ཆུ་ཟླ་བཞིན། ཞེས་གསུངས་ཏེ། རྒྱལ་བའི་སྟོབས་བཅུ་པོ་ཉིད་ནི་མ་རིག་པ་སོགས་སྒྲིབ་པ་རྩད་ནས་འཇོམས་པ་ལ་སུས་ཀྱང་འཇོམས་མི་ནུས་པའི་ཕྱིར་རྫས་ཀྱི་དངོས་པོ་རྡོ་རྗེ་བཞིན་ཡིན་ལ། མི་འཇིགས་པ་བཞི་པོ་ཉིད་ནི། འཁོར་གྱི་ནང་དུ་བག་ཚ་བ་མེད་པའི་ཕྱིར་ན་རི་དྭགས་ཀྱི་རྒྱལ་པོ་སེངྒེ་བཞིན་ཡིན་པ་དང་། དེ་བཞིན་གཤེགས་པའི་མ་འདྲེས་པ་བཅོ་བརྒྱད་ནི་གཞན་དང་ཐུན་མོང་མ་ཡིན་པས་ནམ་མཁའ་འབྱུང་བཞི་དང་ཐུན་མོང་མ་ཡིན་པ་བཞིན་ཡིན་ལ། )༡༢༣
(ཐུབ་པའི་གཟུགས་སྐུར་བསྟན་པ་རྣམ་པ་གཉིས་པོ་ནི་ཆུ་ཟླ་བཞིན་ཡིན་ཏེ། མོས་པའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོར་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ལ་གཉིས། བྲལ་འབྲས་བཤད་པ། སྨིན་འབྲས་བཤད་པའོ། །དེའི་དང་པོ་ལའང་གསུམ། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་བཤད་པའོ། །དང་པོ་ལ་གཉིས། མཚོན་བྱ་དོན་གྱི་ངོ་བོ་ངོས་བཟུང་། མཚོན་བྱེད་དཔེ་ཡིས་ངེས་པར་བྱེད་པའོ། །དང་པོ་ནི། གནས་དང་ནས། རྣམ་པ་བཅུ། ཞེས་གསུངས་ཏེ། སྔོན་སེམས་བསྐྱེད་དང་སྡོམ་པའི་དམ་བཅའ་བརྟན་པ་ལས། དགེ་བས་རྣམ་སྨིན་ཡིད་དུ་འོང་བ་ཐོབ་པ་ནི་གནས་དང་། རྣམ་སྨིན་ཡིད་དུ་མི་འོང་བ་ཐོབ་པ་ནི་གནས་མིན་པ་སོགས་མཁྱེན་པ་དང་། ལས་འབྲས་སྟོན་པས་ལས་རྣམས་ཀྱི་རྣམ་སྨིན་མཁྱེན་པ་དང་། དབང་བོ་དང་མཐུན་པར་ཆོས་སྟོན་པས་དབང་པོ་མཆོག་དམན་མཁྱེན་པ་དང་། ཁམས་རྣམས་དང་མཐུན་པར་ཞུགས་པས་ཁམས་སྣ་ཚོགས་མཁྱེན་པ་དང་། མོས་པ་དང་མཐུན་པར་ཞུགས་པས་མོས་པ་སྣ་ཚོགས་མཁྱེན་པ་དང་། ཐེག་པ་ཐམས་ཅད་ལ་གོམས་པ་ལས་འཁོར་འདས་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་དང་། ཏིང་ངེ་འཛིན་ལྷུར་བླངས་པས་བསམ་གཏན་སོགས་ཉོན་མོངས་པ་དང་དྲི་མ་མེད་པ་མཁྱེན་པ་དང་། དགེ་བ་ཆུད་མ་གསན་པས་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། སེམས་ཅན་ལ་ལྷག་པའི་བསམ་པ་སོགས་ལས་ལྷའི་མིག་གིས་འཆི་འཕོ་བ་དང་། སྐྱེ་བ་མཁྱེན་པ་དང་། ཟག་པ་ཟད་པའི་དོན་དུ་ཆོས་བསྟན་པས་ཟག་པ་ཟད་ཅིང་ཉོན་མོངས་པ་ཞི་བ་མཁྱེན་པའི་སྟོབས་གྲུབ་པ་སྟེ། རང་རང་གི་རྒྱུད་དང་རྗེས་སུ་མཐུན་པར་སྤང་བྱ་ལས་རྒྱལ་བའི་སྟོབས་ནི་རྣམ་པ་བཅུ་མངོན་སུམ་དུ་གྱུར་པ་རང་གཞན་གྱི་མི་མཐུན་པའི་ཕྱོགས་བདུད་བཞི་འཇོམས་པར་མཛད་པའོ། །གཉིས་པ་ནི། གནས་དང་ནས། རྡོ་རྗེ་བཞིན། ཅེས་གསུངས་ཏེ། རྒྱུ་འབྲས་གནས་དང་གནས་མིན་པ་མཁྱེན་པ་དང་། ལས་དང་རྣམ་པར་སྨིན་པ་བདག་གིར་བྱ་བ་མཁྱེན་པ་དང་། གདུལ་བྱའི་ཁམས་སམ་རིགས་སྣ་ཚོགས་ )༡༢༤
(མཁྱེན་པ་དང་། འགྲོ་བའི་ལམ་ཐ་དད་པ་སྣ་ཚོགས་མཁྱེན་པ་དང་། སེམས་ཅན་གྱི་མོས་པའམ་བསམ་པ་སྣ་ཚོགས་པ་མཁྱེན་པ་དང་། གདུལ་བྱ་རྣམས་ཀྱི་དད་པ་ལ་སོགས་པ་དབང་པོའི་ཚོགས་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་། བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་ཉོན་མོངས་པ་ཅན་དང་། རྣམ་པར་བྱང་བའི་ཁྱད་པར་མཁྱེན་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ལྷའི་མིག་གིས་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་དང་། རང་གཞན་གྱི་ཟག་པ་ཟད་པའི་ཚུལ་མཁྱེན་པའི་སྟོབས་སྟེ་དེ་རྣམས་ཀྱིས་རང་རང་གི་མི་མཐུན་པའི་ཕྱོགས་མི་ཤེས་པ་ལ་སོགས་པའི་སྒྲིབ་པ་གོ་ཆ་སྲ་བ་དང་། རྩིག་པ་བརྟན་པོ་དང་ཤིང་ནགས་འཐིབས་པོ་དང་འདྲ་བ་རྣམས་རིམ་པ་ལྟར་འབིགས་པར་བྱེད་པ་དང་འཇིག་པར་བྱེད་པ་དང་གཅོད་པའི་ཕྱིར་ན། རྒྱལ་བའི་སྟོབས་བཅུ་པོ་གང་ཡིན་པ་དེ་རྣམས་ནི་རྫས་ཀྱི་དངོས་པོ་རྡོ་རྗེ་ཇི་ལྟ་བ་བཞིན་ནོ། །གཉིས་པ་མི་འཇིགས་པ་བཤད་པ་ལ་གསུམ། ངོ་བོ་མདོར་བསྟན། བྱེད་ལས་རྒྱུས་པར་བཤད། དཔེ་ཡིས་ངེས་པར་བྱེད་པའོ། །དང་པོ་ནི། ཆོས་ཀུན་ནས། རྣམ་པ་བཞི། ཞེས་གསུངས་ཏེ། སློབ་ལམ་དུ་སེམས་སྙོམས་པའི་སྒོ་ནས་སེར་སྣ་མེད་པར་ཆོས་བསྟན་པ་དང་། བར་དུ་གཅོད་པའི་ཆོས་ལ་མ་བརྟེན་པ་དང་། དཀར་པོའི་ཆོས་ཀྱི་ལམ་དུ་ཞུགས་པ་དང་། ང་རྒྱལ་མེད་པར་ཆོས་བསྟན་པ་རྣམས་ཀྱི་རྒྱུ་ལས། ཆོས་ཀུན་གྱི་དབྱིངས་སུ་མངོན་པར་རྟོགས་པར་བྱང་ཆུབ་པའོ་ཞེས་རང་དོན་རྟོགས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་རྒོལ་བས་བརྫི་མི་ནུས་པ་དང་། ཐར་པའི་བག་ཆགས་སོགས་ནི་འགོག་པར་བྱེད་དོ། །ཞེས་གཞན་དོན་བར་ཆད་ཀྱི་ཆོས་སུ་བསྟན་པ་ལ་དང་། བྱང་ཕྱོགས་སོ་བདུན་ཐར་པའི་ལམ་ཡིན་པར་སྟོན་པ་གཞན་དོན་ངེས་འབྱིན་གྱི་ལམ་སྟོན་པ་ལ་དང་། སྤང་བྱ་མཐའ་དག་འགགས་པའི་འགོག་པ་བདག་ཉིད་ཀྱིས་ཐོབ་པར་སྟོན་པ་རང་དོན་སྤངས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་ཆོས་མཐུན་ )༡༢༥
(གྱི་རྒོལ་བ་པོ་སུས་ཀྱང་བརྫི་མི་ནུས་པའི་ཕྱིར། ལུས་བདེ་བ་དང་བག་ཚ་བ་མེད་པ་དང་། སེམས་འཇིགས་པ་མེད་པ་ཐོབ་པའི་ཕྱིར། སངས་རྒྱས་རྣམས་ཀྱི་མི་འཇིགས་པའི་ཡོན་ཏན་ནི་རྣམ་པ་བཞི་ཡིན་ནོ། །གཉིས་པ་ནི། བདག་གཞན་ནས། ཐོགས་པ་མེད། ཅེས་གསུངས་ཏེ། དེ་དག་གི་བྱེད་ལས་ནི། བདག་དང་གཞན་གྱི་ཤེས་བྱའི་དངོས་པོ་སྡུག་བསྔལ་གྱི་བདེན་པ་རྣམ་པ་ཀུན་ཏུ་རང་གིས་ཤེས་པ་དང་། གཞན་གྱིས་ཤེས་པ་མཛད་པའི་ཕྱིར་དང་། རང་གཞན་གྱི་སྤང་བྱའི་དངོས་པོ་ཀུན་འབྱུང་གི་བདེན་པ་རང་གིས་སྤངས་པ་དང་། གཞན་སྤོང་བ་ལ་འགོད་པར་མཛད་པའི་ཕྱིར་དང་། བདག་དང་གཞན་གྱིས་བསྟེན་པར་བྱ་བ་ལམ་གྱི་བདེན་པ་རང་གིས་བསྟེན་པ་དང་། གཞན་སྟེན་དུ་འཇུག་པར་མཛད་པའི་ཕྱིར་དང་། རང་དང་གཞན་གྱི་ཐོབ་བྱ་བླ་མེད་འགོག་བདེན་ཤིན་ཏུ་དྲི་མ་མེད་པ་རང་གིས་ཐོབ་པ་དང་། གཞན་གྱིས་ཀྱང་ཐོབ་པར་མཛད་དུ་འཇུག་པའི་ཕྱིར་ན། འཕགས་པའི་བདེན་པ་བཞིའི་དོན་རང་གིས་མངོན་སུམ་དུ་མཛད་ནས་གཞན་ལ་དོན་དེ་ཉིད་བདེན་པར་གསུངས་པའི་ཕྱིར། དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པའི་དཀྱིལ་འཁོར་གང་དུའང་དམ་པའི་ཆོས་གསུངས་པ་ལ་ཐོགས་པ་མེད་པར་འཇུག་གོ །གསུམ་པ་ནི། ཇི་ལྟར་ནས། ལྡན་པར་གནས། ཞེས་གསུངས་ཏེ། ཇི་ལྟར་ན། རི་དྭགས་ཀྱི་དབང་པོ་སེང་གེ་ནགས་ཀྱི་མཐར་རྟག་ཏུ་འཇིགས་པ་མེད་ཅིང་། རི་དྭགས་གཞན་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར། དེ་བཞིན་དུ་འཁོར་གྱི་ཚོགས་ཀྱི་ནང་ན། ཐུབ་པའི་དབང་པོ་མིའི་སེང་གེ་ཡང་འཇིགས་པ་མེད་པར་ལེགས་པར་གནས་ཤིང་། སེམས་ཅན་གཞན་དང་རང་ཉིད་མི་མཉམ་པར་གཟིགས་པས་གཞན་ལ་ལྟོས་པ་མེད་པ་དང་། ཏིང་ངེ་འཛིན་བརྟན་པ་དང་། མ་རིག་བག་ཆགས་ཀྱི་ས་ལས་བརྒལ་བས་རྩལ་དང་ལྡན་པར་གནས་སོ། །གསུམ་པ་མ་འདྲེས་པ་བཤད་པ་ལ་གསུམ། ངོ་བོ་མདོར་བསྟན། བྱེད་ལས་རྒྱས་བཤད་དཔེ་ཡིས་ངེས་པར་བྱ་བའོ། །དང་པོ་ནི། འཁྲུལ་དང་ནས། ཡོན་ཏན་ཡིན། )༡༢༦
(ཅེས་གསུངས་ཏེ། དེ་ལ་སྡེ་ཚན་བཞི་ཡོད་པ་ལས་སྤྱོད་པས་བསྡུས་པ་དྲུག་ནི། སྐུའི་སྤྱོད་པ་ལ་འཁྲུལ་པ་མེད་པ་དང་། གསུང་གི་སྤྱོད་པ་ལ་ཅ་ཅོ་མི་མངའ་བ་སྟེ། དེ་བཞིན་དུ། སྟོན་པ་ལ་ཐུགས་དྲན་པ་ཉམས་པ་མི་མངའ་བ་དང་། མཉམ་པར་མ་བཞག་པའི་ཐུགས་མི་མངའ་བ་དང་། འདུ་ཤེས་སྣ་ཚོགས་ཀྱང་མི་མངའ་བ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བའོ། རྟོགས་པ་མ་འདྲེས་པ་དྲུག་ནི་འདུན་པ་ཉམས་པ་མི་མངའ་བ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཤེས་རབ་དང་། སྒྲིབ་པ་ལས་རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་དང་། རྣམ་གྲོལ་གྱི་ཡེ་ཤེས་གཟིགས་པ་ཉམས་པ་མི་མངའ་བའོ། །འདིར་ཏིང་ངེ་འཛིན་རྣམ་བགྲངས་པ་ནི་མཉམ་པར་མ་བཞག་པའི་ཐུགས་མི་མངའ་བར་འདུས་པར་དགོངས་པའི་ཕྱིར་རོ། །ཕྲིན་ལས་མ་འདྲེས་པ་གསུམ་ནི། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ཐོབ་པའོ། །ཡེ་ཤེས་མ་འགྲེས་པ་གསུམ་ནི། དུས་གསུམ་གྱི་ཤེས་བྱ་ལ་བློ་སྦྱངས་པས་དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པ་ཐོབ་པའོ། །དེ་ལྟར་མ་འདྲེས་པ་བཅོ་བརྒྱད་པོ་འདི་དང་། འདི་དག་ལས་གཞན་ཡང་སྐུ་ཚད་མེད་པ་དང་། སྤྱི་གཙུག་ལྟར་མི་མངོན་པ་དང་། མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་སྐྱོན་ཞི་བར་བྱེད་པ་དང་། མདོ་ལས་ཆོས་གོས་སོར་བཞི་ཙམ་སྐུ་ལུས་ལ་མ་རེག་པ་སོགས་གསུངས་པ་རྣམས་ཀྱང་སྟོན་པའི་མ་འདྲེས་པའི་ཡོན་ཏན་ཡིན་ཏེ། དེ་དག་ཀྱང་སྔོན་སློབ་ལམ་དུ་སེམས་ཅན་ལམ་སྟོར་བ་ལ་མ་ནོར་བའི་ལམ་སྟོན་པ་སོགས་ཀྱི་རྒྱུ་ལས་ཉན་རང་སོགས་ཀྱི་ཡོན་ཏན་དང་མ་འདྲེས་པའི་ཁྱད་པར་རྨད་དུ་བྱུང་བའོ། །གཉིས་པ་ནི། འཁྲུལ་དང་ནས། རྣམས་ཀྱིས་བརྙེས། ཞེས་གསུངས་ཏེ། སྐུ་ལ་འཁྲུལ་པ་དང་། གསུངས་ལ་ཅ་ཅོ་དང་། ཐུགས་ལ་བསྙེལ་བ་དང་། ཐུགས་གཡོ་བ་སྟེ་མཉམ་པར་མ་བཞག་པ་དང་། འཁོར་འདས་ལ་ཐ་དད་ཀྱི་འདུ་ཤེས་དང་། ངང་གིས་ཏེ་མ་བརྟགས་པའི་བཏང་སྙོམས་དྲང་སྲོང་ལ་མེད་དོ། །འདུན་ )༡༢༧
(པ་དང་། བརྩོན་འགྲུས་དང་། དྲན་པ་དང་། རྣམ་དག་དྲི་མེད་ཤེས་རབ་དང་། རྟག་ཏུ་རྣམ་པར་གྲོལ་བ་དང་། ཤེས་བྱའི་དོན་ཀུན་གཟིགས་པ་གྲོལ་པའི་ཡེ་ཤེས་རྣམས་ལས་ནི་ཉམས་པ་མི་མངའོ། །སངས་རྒྱས་གང་གི་སྐུ་དང་། གསུང་དང་། ཐུགས་ཀྱི་ཕྲིན་ལས་གསུམ་པོ་ཐམས་ཅད་རྒྱུའི་ཀུན་སློང་ཡེ་ཤེས་སྔོན་དུ་འགྲོ་ཞིང་། དུས་ཀྱི་ཀུན་སློང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་རྟག་ཏུ་ཐོགས་པ་མེད་པ་ངེས་པར་མཁྱེན་པ་རྒྱ་ཆེན་འཇུག་པ་སྟེ། བཅོ་བརྒྱད་པོ་གང་རྟོགས་པ་སྟེ་ཐོབ་པས་འགྲོ་བར་འཇིགས་པ་མེད་པར་དམ་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་དེ་ནི། གཞན་དོན་ཐུགས་རྗེ་ཆེན་པོ་དང་ལྡན་པ་དང་། རང་དོན་སྤང་བྱའི་དགྲ་ལས་རྒྱལ་བ་ཉིད་དུ་གྱུར་པ་སངས་རྒྱས་རྣམས་ཀྱིས་སྔོན་སོ་སོ་དང་རྗེས་སུ་མཐུན་པའི་ལམ་བསྒོམས་ཤིང་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་མངོན་སུམ་དུ་བརྙེས་སོ། །གསུམ་པ་ནི། སོགས་ནས། ཐུན་མོང་མིན། ཅེས་གསུངས་ཏེ། འབྱུང་བ་ས་ལ་སོགས་བཞི་པོ་ལ་ཡོད་པའི་ཆོས་སྲ་གཤེར་སོགས་གང་ཡིན་པ་འདུས་བྱས་སོ་སོའི་ཆོས་ཉིད་དེ་ནི་ནམ་མཁའ་ལ་ཡོད་པ་མིན་ལ་ནམ་མཁའི་མཚན་ཉིད་ཆོས་གཞན་ལ་སྒྲིབ་པ་མེད་པར་གོ་འབྱེད་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་སོགས་གཟུགས་ཅན་ལ་མེད་པས་ན། ནམ་མཁས་གཟུགས་ཅན་ལ་ཁྱབ་ཀྱང་དེ་དང་ཐུན་མོང་མ་ཡིན་པ་བཞིན་དུ་སངས་རྒྱས་ཀྱི་ཐུགས་རྗེས་སེམས་ཅན་ལ་ཁྱབ་ཀྱང་མ་འདྲེས་པའི་ཡོན་ཏན་སེམས་ཅན་དང་ཐུན་མོང་མ་ཡིན་པའི་ཕྱིར། ཡང་དག་པར་ན་མ་འདྲེས་པའི་ཡོན་ཏན་ནམ་མཁས་ཀྱང་མཚོན་དུ་མེད་དེ། ས་ཆུ་མེ་རླུང་ནམ་མཁའི་ཁམས་རྣམས་ནི་འབྱུང་བ་ཙམ་སོགས་སུ་མཚུངས་པ་འཇིག་རྟེན་ན་ནི་ཐུན་མོང་བ་ཡིན་ལ་སངས་རྒྱས་ཀྱི་མ་འདྲེས་པ་བཅོ་བརྒྱད་ཉིད་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་པ་དག་དང་ཐུན་མོང་དུ་གྱུར་པ་མིན་པས་དཔེ་ལས་ཀྱང་ཁྱད་ཞུགས་སོ། །གཉིས་པ་སྨིན་འབྲས་བཤད་པ་གཉིས། མཚོན་བྱ་)༡༢༨
(མཚན་གྱི་དབྱེ་བ། མཚོན་བྱེད་དཔེ་ཡིས་བསྡུ་བའོ། །དང་པོ་ནི། ལེགས་གནས་ནས། མཚན་ཏུ་གསུངས། ཞེས་གསུངས་ཏེ། རང་བྱུང་སངས་རྒྱས་ནི་མཚན་བཟང་པོ་སོ་གཉིས་དང་ལྡན་ལ། དེ་དག་ཀྱང་གང་ཞེ་ན། སྔོན་སློབ་ལམ་དུ་སྡོམ་པ་ཡང་དག་པར་བླངས་པ་ལ་གནས་པ་དང་། བླ་མ་ལ་སྐྱེལ་བསུ་བྱས་པ་ལས། རུས་སྦལ་བཞིན་དུ་ཞབས་མཐིལ་མཉམ་པར་ལེགས་པར་གནས་པ་ལ་འཁོར་ལོ་རྩིབས་སྟོང་གི་རི་མོས་མཚན་པ་དང་། ཤེར་ཕྱིན་ཏུ་ཕྱག་མཐིལ་ཀྱང་འཁོར་ལོས་མཚན་པར་གསུངས་ཏེ། དེ་ནི་སྦྱིན་པ་ཡང་དག་པར་བཏང་བ་ལས་ཐོབ་པ་ཡིན་ལ། དབྱིབས་ཀྱང་ཕྱག་གི་འཁོར་ལོ་མཚོན་ཆ་ལྟར་རྩེ་མོ་རྣོ་བའི་དབྱིབས་ཅན་དང་ཞབས་ཀྱི་ཅུང་ཟད་ཟླུམ་པའི་དབྱིབས་ཅན་ནོ། །གཞན་ཁྱད་དུ་མ་བསད་ཅིང་དགེ་བའི་ཆོས་ཡང་དག་པར་བླངས་པ་ལས། ཞབས་ཀྱི་གོང་གང་དང་མཉམ་པར་རྟིང་པ་ཡངས་པ་དང་ཞབས་ཀྱི་ལོང་བུ་འབུར་བ་མི་མངོན་པ་དང་། བསད་བྱའི་སེམས་ཅན་འཇིགས་པ་ལས་བསྐྱབས་པ་ལས། སོར་མོ་རིང་བ་མཐིལ་དང་མཉམ་པའི་མཚན་མངའ་བ་དང་། གཞན་འཁོར་ཕྲ་མས་མ་ཕྱེ་བར་རང་འཁོར་བསྡུ་དངོས་བཞིས་རྗེས་སུ་བཟུང་བ་ལས། ཕྱག་དང་ཞབས་ཀྱི་སོར་མོ་ནི་དྲ་བ་ཡིས་ནི་འབྲེལ་བ་དང་། ཁ་ཟས་དང་གོས་སྣ་ཚོགས་པ་བྱིན་པ་ལས། པགས་པ་འཇམ་ཞིང་གཞོན་ཤ་ཅན་ཉིད་དུ་ལེགས་པར་གནས་པ་དང་། འདིར་ཕྱག་ཞབས་ཀྱི་པགས་པ་ཞེས་སྦྱོར་བ་ནི་འོག་ཏུ་ཕྱག་འཇམ་ཞིང་ཟླུམ་ཞིང་མཐོ་དམན་མེད་པ་དང་ཞེས་གསུངས་པ་དང་ཟློས་སོ། །བལྡག་པ་ལ་སོགས་པ་བཟའ་བཏུང་གྱ་ནོམ་པ་བྱིན་པ་ལས་ཕྱག་ཞབས་ཀྱི་ཐལ་གོང་བཞི་དང་ཕྲག་པ་ལྟག་པ་སྟེ་སྐུའི་ཆ་ནི་བདུན་དག་མཐོ་བ་དང་། སངས་རྒྱས་ཀྱིས་གསུངས་པའི་རིག་གནས་ལྔའི་ཆོས་གཟུང་བ་ལས། བྱིན་པ་རི་དྭགས་ཨེཎྱ་ཡ་དང་འདྲ་བར་ཟླུམ་རྒྱས་མཁྲེགས་ལ་བྱིན་གྱིས་ཕྲ་བས་མཛེས་པ་དང་། གསང་ཚིག་བསྲུངས་ཤིང་འཁྲིག་པ་སྤངས་པ་ལས། གསང་བའི་གནས་གླང་པོ་ཆེ་དང་ཁྱུ་མཆོག་བཞིན་དུ་སྦུབས་སུ་ནུབ་པ་)༡༢༩
(དང་། གཞན་ཁྱད་དུ་མ་བསད་ཅིང་རང་གི་དགེ་བ་རྒྱ་ཆེན་པོ་རིམ་གྱིས་སྤྱོད་པ་ལས། རོ་སྟོད་སེང་གེ་འདྲ་བར་རྒྱས་པ་དང་། སྨན་ལ་སོགས་པ་བྱིན་ཞིང་དགེ་བ་ཡང་དག་པར་སྤྱད་པ་ལས། ཐལ་གོང་མ་ཁེངས་པའི་བར་མེད་པར་རྒྱས་པ་དང་། སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བ་ལ་སོགས་པའི་སྒོ་ནས་གཞན་ལ་མི་འཇིགས་པར་བྱིན་པ་ལས། དཔུང་མགོ་ལེགས་པར་ཟླུམ་ཞིང་མཛེས་པ་དང་། གཞན་གྱི་གྲོགས་བྱ་བ་ལ་བརྩོན་པ་ལས། ཕྱག་རེག་བྱ་འཇམ་ཞིང་དབྱིབས་ཟླུམ་ལ་མཐོ་དམན་མེད་པར་མཛེས་པ་དང་། སློང་བ་པོའི་སྐྱེ་བོ་ཕྱིར་མ་སྤངས་པར་སྦྱིན་པའི་ཕྱག་བརྐྱང་པ་ལས། ཕྱག་རིང་པོ་མ་བཏུད་པར་པུས་མོར་སླེབས་པ་དང་། དུས་རྟག་ཏུ་དགེ་བ་བཅུ་པོ་ངོམས་མེད་དུ་སྤྱད་པ་ལས། དྲི་མས་ཡོངས་སུ་དག་པའི་སྐུ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་དང་། ནད་པ་ལ་སྨན་སོགས་བྱིན་ཞིང་སངས་རྒྱས་ལ་བསྔགས་པ་ལས་མགྲིན་པ་ཁ་དོག་དྲི་མ་མེད་ཅིང་དབྱིབས་དུང་དང་འདྲ་བར་མཛེས་པ་དང་། རང་ཉིད་ཀྱིས་ཚིག་བཀྱལ་པ་སྤངས་ཤིང་གཞན་དགེ་བ་ལ་སྦྱོར་བར་བྱས་པ་ལས། འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བ་དང་། སེམས་ཅན་ལ་བསམ་པ་མཉམ་པའི་སྒོ་ནས་ཕྲ་མའི་ཚིགས་སྤངས་བ་ལས། ཚེམས་ནི་བཞི་བཅུ་པོ་སྟེང་འོག་གི་གྲངས་ཉི་ཤུར་མཉམ་པ་དང་། ཕན་ཚུན་མི་མཐུན་པ་བསྲུང་ཞིང་བདེན་ཚིག་ཀུན་ཏུ་སྤྱད་པ་ལས་ཚེམས་རབ་ཏུ་དག་ཅིང་ཐགས་བཟང་བས་བར་མཚམས་མི་མངོན་པ་དང་། གཞན་ལ་ཡིད་དུ་འོང་བའི་ནོར་བྱིན་ཞིང་རང་ཉིད་འཚོ་བ་རྣམ་པར་དག་པ་ལས། ཚེམས་དྲི་མས་རྣམ་པར་དག་ཅིང་མཐོ་དམན་མཉམ་པ་ཉིད་དང་ནི། རང་ཉིད་ཀྱི་སྒོ་གསུམ་གྱི་ལས་བསྲུངས་ཞིང་གཞན་སྐྱེ་བོ་ཐམས་ཅད་བཀུར་བ་ལས། མཆེ་བ་རབ་མཆོག་དཀར་ཞིང་རྣོ་བ་ཉིད་དང་། བདེན་ཚིག་ཁོ་ན་འཇམ་པོས་གསུངས་པ་ལས། ལྗགས་རིང་ཞིང་གསུང་གི་མཐའ་མེད་ལ་དེའི་དོན་བསམ་དུ་མེད་པ་དང་། ནད་པའི་གཡོག་དང་སྨན་སོགས་རོ་བྲོ་བ་བྱིན་པ་ལས། རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང་། འཇམ་ཞིང་དག་པའི་ཚིག་སྨྲས་ནས་སེམས་ )༡༣༠
(ཅན་ཐམས་ཅད་ཀྱིས་དམ་པའི་ཆོས་གོ་བར་བྱས་པ་ལས་ཀ་ལ་པིང་ཀའི་སྒྲ་དང་ཚངས་པའི་དབྱང་ལྟར་སྙན་པའི་གསུང་ཉིད་དང་། བྱམས་པ་དང་ལྡན་པའི་མིག་གིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བལྟས་པ་ལས། སྤྱན་བཟང་པོ་ཨུཏྤལ་སྔོན་པོ་དང་འདྲ་བ་དང་། ཁོང་ཁྲོ་མེད་ཅིང་གཡོ་མེད་པར་བལྟས་པ་ལས། རྫི་མ་ཁྱུ་མཆོག་གི་འདྲ་བར་སྣུམ་ཞིང་མ་འཛིངས་པ་དང་། གང་ཟང་མཆོག་རྣམས་ལ་བསྔགས་པ་ལས། ཞལ་མཛེས་པར་བྱེད་པའི་མཛོད་སྤུ་དཀར་པོ་དྲི་མ་མེད་པ་དང་ལྡན་པ་དང་། གཙུག་ལག་ཁང་སོགས་བྱིན་པ་དང་། བླ་མ་གུས་པར་གཙུག་ཏུ་ཁུར་བ་ལས། གཙུག་ཏོར་བལྟར་མི་མངོན་པ་དབུའི་དབུས་དྲང་པོར་ལྡན་པ་དང་། གཞུང་དག་པ་རྣམས་ལས་དབུས་ལྡན་ཞེས་གསུངས་ཀྱང་ཕལ་ཆེ་བས་དབུ་གཙུག་ཏོར་དང་ལྡན་པ་ཞེས་ཟེར་མོད། འདི་ནི་དབུ་གཙུག་ཏོར་དང་ལྡན་པའི་མཚན་ཙམ་དུ་མ་ཟད། སེམས་ཅན་གྱི་མཚན་ལས་ཁྱད་པར་དུ་གྱུར་པའང་སྟོན་པ་སྟེ། ཐུབ་མཚན་ཡུལ་ན་གནས་པ་དང་། གསལ་ལ་རྫོགས་པས་འཕགས་པ་ཡིན། ཞེས་པ་ལྟར་རོ། །ཆོས་འཚོལ་བ་ལ་སེམས་ལས་སུ་རུང་ཞིང་གཞན་ལ་གནས་ཁང་སོགས་བྱིན་པ་ལས། པགས་པ་དག་ཅིང་སྲབ་པ་དང་། སེམས་ཅན་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་སངས་རྒྱས་ཀྱིས་སྔོན་ཡིད་དུ་འོང་བའི་གོས་སྟན་བྱིན་པ་ལས། པགས་པ་གསེར་གྱི་མདོག་འདྲ་བ་དང་། འདུ་འཛིན་སྤངས་ཤིང་ཆོས་འཚོལ་བ་ལ་སེམས་ལས་སུ་རུང་བ་སོགས་དགེ་བ་ཡང་དག་པར་བླངས་པ་སྤེལ་བ་ལས། བ་སྤུ་རྣམས་ལེགས་པར་ཕྲ་ལ་འཇམ་ཞིང་ཁུང་བུ་རེ་རེ་ནས་སྤུ་རེ་སྐྱེས་པ་སྐུའི་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་དང་། ཀུན་ལ་བརྩེ་ཞིང་རྡེག་པ་དང་མཚན་ཆ་སྤངས་པ་ལས། དབུ་སྐྲ་དྲི་མ་མེད་ཅིང་རིན་ཆེན་མཐོན་མཐིང་བཞིན་ཏུ་སྔོ་བ་དང་། དགོན་པ་དང་ཀུན་དགའ་ར་བ་སོགས་བྱིན་ཞིང་གཞན་ཏིང་ངེ་འཛིན་ལ་སྦྱར་བ་ལས། ནྱ་གྲོ་དྷའི་སྡོང་པོ་རྫོགས་པའི་ལྗོན་ཤིང་གི་དཀྱིལ་འཁོར་དང་འདྲ་བར་སྐུ་ཆུ་ཞིང་ )༡༣༡
(གབ་པ་དང་། སངས་རྒྱས་ཀུན་ཏུ་བཟང་པོ་དཔེ་མེད་པ་དྲང་སྲོང་ཆེན་པོ་དེ་སྲེད་མེད་ཀྱི་བུའི་སྟོབས་མངའ་ཞིང་མཁྲིགས་པའི་སྐུའོ། །དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་གཟི་བརྗིད་རབ་ཏུ་འབར་བ་སུམ་ཅུ་རྩ་གཉིས་པོ་འདི་དག་སྟོན་པས་མི་དབང་སངས་རྒྱས་ཀྱི་མཚན་དུ་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོར་གསུངས་སོ། །གཞུང་འདི་དང་མངོན་རྟོགས་རྒྱན་མཚན་བཟང་གི་ངོས་འཛིན་ཚུལ་མི་འདྲ་བ་རེ་རེ་ཙམ་བྱུང་ཡང་དོན་ནི་འདི་ཡིན་ཏེ། འདིར་སོ་གཉིས་ཀྱི་གྲངས་དེས་བྱེད་པ་ན་སྐུ་ཆེ་ཞིང་དྲང་བས་ཡོན་ཏན་སོ་གཉིས་པོའི་རྟེན་བསྟན་ལ། གཞན་ལ་ལེགས་གནས་འཁོར་ལོས་མཚན་པ་ལ་གཅིག །ཡངས་དང་ཞབས་ལོང་བུ་མི་མངོན་པ་དང་གཅིག །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས་སྐུའི་གྱེན་དུ་གཡས་ཕྱོགས་འཁྱིལ་བ་ལ་གཅིག་ཏུ་འདྲེན་པ་འདི་ནི། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་དགོངས་པར་གནས་སོ། །འོ་ན་སོ་གཉིས་སུ་བསྡུས་ནས་ཅི་ཞིག་བྱེད་ཅེ་ན། འདིར་བཤད་པའི་སོ་དྲུག་པོར་མ་ཟད། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་རྣམ་སྨིན་གྱི་ཡོན་ཏན་ཡིན་ལ། གཞན་ཡང་སློབ་ལམ་དུ་ཚོགས་བསགས་པའི་རྣམ་སྨིན་གྱི་འབྲས་བུ་ཇི་སྙེད་པ་ཐམས་ཅད་རྣམ་སྨིན་གྱི་ཡོན་ཏན་ཡིན་ཀྱང་། འདིར་གཙོ་གང་ཆེའི་རིགས་བསྡུ་བའི་དབང་དུ་མཛད་ནས། ཡེ་ཤེས་ཀྱི་ཚོགས་མཉམ་བཞག་གི་འབྲས་བུའི་དབང་དུ་བྱས་ནས་བྲལ་བའི་ཡོན་ཏན་སོ་གཉིས། བསོད་ནམས་ཀྱི་ཚོགས་རྗེས་ཐོབ་ཀྱི་འབྲས་བུའི་དབང་དུ་བྱས་ནས་རྣམ་སྨིན་གྱི་ཡོན་ཏན་སོ་གཉིས་ཏེ། ཡོན་ཏན་དྲུག་ཅུ་རྩ་བཞིའི་གྲངས་ངེས་མཛད་པ་ནི་རགས་པ་ཙམ་གྱི་དབང་དུ་མཛད་པ་ཡིན་ནོ། །གཉིས་པ་ནི། ཇི་ལྟར་ནས། མཐོང་བར་འགྱུར། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། སྤྲིན་མེད་པའི་དུས་ཀྱི་སྟོན་ཀའི་ཟླ་བའི་གཟུགས་ཡོངས་སུ་རྫོགས་པ་ནམ་མཁའི་དཀྱིལ་དུ་མཐོང་བ་དང་། སྟོན་ཀའི་དུས་ཀྱི་ཆུ་སྔོན་པོ་དྭངས་ཤིང་དྲི་མ་མེད་པའི་མཚོར་ནི་མཐོང་བ་ལྟར་དོན་དེ་བཞིན་དུ་རྒྱལ་སྲས་ས་བཅུ་པ་རྣམས་དང་སློབ་མ་ཕལ་པའི་ཚོགས་རྣམས་ཀྱིས། ཁྱབ་བདག་སངས་རྒྱས་ཀྱི་ལོངས་ )༡༣༢
(སྤྱོད་རྫོགས་སྐུ་དང་སྤྲུལ་པའི་སྐུའི་གཟུགས་གཉིས་པོ་དག་རིམ་པ་ལྟར་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དང་འཇིགས་རྟེན་པའི་དཀྱིལ་འཁོར་གྱི་ནང་དུ་མཐོང་བར་འགྱུར་རོ། །གསུམ་པ་ལུངས་ལས་རྟོགས་ཚུལ་ནི། ཡོན་ཏན་ནས། ཤེས་པར་བྱ། ཞེས་གསུངས་ཏེ། དེ་ལྟར་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད། མཚན་བཟང་སོ་གཉིས་ཏེ་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་འདི་དག །སོ་སོའི་ངོ་བོ་རྒྱུ་དང་བཅས་ཏེ། བཤད་པའི་ཁུངས་ཡོད་དེ། གོང་དུ་བཤད་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་བུ་མོ་རིན་ཆེན་གྱིས་ཞུས་པའི་ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བའི་མདོ་ལས་གསུངས་པ་དེའི་རྗེས་སུ་འབྲངས་ནས་འཆད་པ་ཉིད་ཡིན་པས་ཤེས་པར་བྱའོ། །བཞི་པ་སླར་ཡང་དཔེ་དོན་བསྡུས་ཏེ་བསྟན་པ་ལ་གཉིས། དཔེ་དོན་མཚུངས་པའི་རྒྱུ་མཚན་སྤྱིར་བསྟན། སྦྱར་ཏེ་སོ་སོར་བཤད་པའོ། །དང་པོ་ནི། མི་ཕྱེད་ནས། དཔེས་བསྟན་ཏོ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་བོ་རང་རང་གི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་དང་། མི་འཇིགས་པ་བཞི་ནི་སྤོབས་པ་མི་ཞན་པའི་ཕྱིར་སེང་གེ་དང་མཚུངས་པའི་ཕྱིར། མ་འདྲེས་པ་བཅོ་བརྒྱད་ནི་ཉན་ཐོས་ལ་སོགས་པ་དང་མཚུངས་པ་མེད་ཅིང་ཐུན་མོངས་མ་ཡིན་པའི་ཕྱིར་དང་། མཚན་བཟང་པོ་དང་བཅས་པའི་གཟུགས་སྐུ་གཉིས་ནི་ཆོས་སྐུ་ནམ་མཁའ་དང་འདྲ་བ་ལས་གཡོ་བ་མེད་བཞིན་དུ་གདུལ་བྱ་ལ་སྣང་བའི་ཕྱིར། ཡོན་ཏན་སྡེ་ཚན་བཞི་པོ་རྣམས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་རྫས་ཀྱི་དངོས་པོ་རྡོ་རྗེ་དང་། རི་དྭགས་ཀྱི་དབང་པོ་སེང་གེ་དང་། འདུས་མ་བྱས་ནམ་མཁའ་དང་། རྙོགས་པས་དྭངས་པའི་ཟླ་བའི་དཔེ་བཞི་པོས་བསྟན་ཏོ། །གཉིས་པ་ལ་གཉིས། བྲལ་འབྲས་དང་། སྨིན་འབྲས་བཤད་པའོ། །དེའི་དང་པོ་ལའང་བཞི། སྟོབས་མི་འཇིགས། མ་འདྲེས་པ་རྣམས་ཕྱེ་སྟེ་དཔེ་ཡིས་མཚོན་ཚུལ། བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །དང་པོ་སྟོབས་ལའང་གཉིས། སོ་སོར་དང་། ཐུན་ )༡༣༣
(མོང་གི་མཚོན་ཚུལ་ལོ། །དང་པོ་ནི། སྟོབས་སོགས་ནས། བཅད་ཕྱིར་རོ། །ཞེས་གསུངས་ཏེ། སྟོབས་བཅུ་པོ་རྣམས་ལས་སྟོབས་དང་པོ་དྲུག་དང་བར་མ་གསུམ་དང་། ཕྱི་མ་གཅིག་གིས་རིམ་པ་ཇི་ལྟ་བ་བཞིན་ཏུ་ཤེས་བྱའི་སྒྲིབ་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་དང་། བག་ཆགས་དང་བཅས་པའི་སྒྲིབ་པ་ཀུན་ནས་བསལ་བས་རྡོ་རྗེ་དང་འདྲ་བ་ཡིན་ཏེ། སྒྲིབ་པ་གསུམ་གོ་ཆ་དང་། རྩིག་པ་དང་། ཤིང་བཞིན་དུ་གནས་པ་ལས་སྟོབས་རྣམས་ཀྱིས་རིམ་པ་ལྟར་ཕུག་པ་དང་། བཤིག་པ་དང་བཅད་པར་བྱས་པའི་ཕྱིར་རོ། །གཉིས་པ་ནི། བརླིང་དང་ནས། རྡོ་རྗེ་བཞིན། ཅེས་གསུངས་ཏེ། བརླིང་བ་ཉིད་དང་། སྙིང་པོ་ཉིད་དང་། བརྟན་པ་ཉིད་དང་། མི་ཕྱེད་པ་ཉིད་དེ། ཡོན་ཏན་གྱི་ཆོས་བཞི་དང་ལྡན་པས་ན། དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟོབས་བཅུ་པོ་ཐམས་ཅད་ནི་རྡོ་རྗེ་དང་འདྲ་བ་ཉིད་དོ། །དེ་ཡང་རྒྱུ་མཚན་གང་གི་ཕྱིར་བརླིང་པ་ཡིན་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྙིང་པོ་ཡིན་ཞེ་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་བརྟན་པ་ཡིན་པའི་ཕྱིར། གང་གི་ཕྱིར་བརྟན་པ་ཡིན་ཞེ་ན་རྣམ་པར་རྟོག་པ་དང་མཚན་མ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི་ཕྱེད་པའི་ཕྱིར་རོ། །དེ་ལྟར་ཡང་སྤང་བྱ་ཐམས་ཅད་ནི་འཇོམས་ཤིང་སྤང་བྱས་ནི་སླར་ཡང་མི་ཕྱེད་པའི་ཕྱིར་ན། སྟོབས་བཅུ་པོ་རྫས་ཀྱི་དངོས་པོ་རྡོ་རྗེ་ཇི་ལྟ་བ་བཞིན་ནོ། །གཉིས་པ་མི་འཇིགས་པའི་མཚོན་ཚུལ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། འཇིགས་པ་མེད་ནས། འཇིགས་མི་མངའ། ཞེས་གསུངས་ཏེ། སུ་ལའང་འཇིགས་པ་མེད་པའི་ཕྱིར་དང་གཞན་དག་ལ་ལྟོས་པ་མེད་པའི་ཕྱིར་དང་། བློའི་སྟོབས་རབ་ཏུ་བརྟན་པའི་ཕྱིར་དང་། མི་མཐུན་པའི་ཕྱོགས་འཇོམས་པ་ལ་རྩལ་ནི་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་ཏེ། དེ་ལྟར་ཡོན་ཏན་གྱི་ཆོས་བཞི་དང་ལྡན་པས་ན་ཐུབ་པའི་དབང་པོ་མི་ཡི་སེང་གེ་ནི། སེང་གེ་ཆོས་བཞི་དང་ལྡན་པས་རི་དྭགས་ཀྱི་ནང་དུ་འཇིགས་པ་མེད་པ་ཇི་ལྟ་བ་བཞིན་དུ་འཁོར་གྱི་ཚོགས་མཐའ་ )༡༣༤
(ཡས་པའི་དབུས་སུ་འཇིགས་པ་དང་བག་ཚ་བ་མི་མངའ་བར་གནས་སོ། །གཉིས་པ་ནི། ཀུན་མངོན་ནས། རྩལ་ལྡན་ནོ། །ཞེས་གསུངས་ཏེ། དེ་ལྟར་ཆོས་བཞི་དང་ལྡན་པར་ཡང་གང་གིས་ཤེས་སྙམ་ན་ཤེས་བྱའི་རྣམ་པ་ཀུན་མ་ལུས་པར་མངོན་སུམ་དུ་མཁྱེན་པས་དྲི་བ་ཐམས་ཅད་ལུང་བསྟན་པར་ནུས་པའི་ཕྱིར་ཕས་ཀྱི་རྒོལ་བ་ལ་སོགས་པའི་སྐྱེ་བོ་གང་ལས་ཀྱང་འཇིགས་པ་མེད་པར་ནི་རྣམ་པར་གནས་པ་དང་། སྒྲིབ་པ་ཅི་རིགས་པས་དག་པའི་སེམས་ཅན་ཉན་ཐོས་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་དང་ཡང་བདག་ཉིད་མི་མཉམ་ཞིང་དེ་དག་ལས་ལྷག་པར་གཟིགས་པའི་ཕྱིར་གཞན་སུ་ལའང་ལྟོས་པ་མེད་པ་དང་། ཐུགས་ནི་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་ཐམས་ཅད་ལ་རྣམ་པར་མི་རྟོག་ཅིང་རྩེ་གཅིག་ཏུ་གནས་པའི་ཕྱིར་ན་ཏིང་ངེ་འཛིན་རྟག་ཏུ་བརྟན་པ་དང་། མཆོག་ཏུ་སྤང་དཀའ་བའི་མ་རིག་བག་ཆགས་ཀྱི་སའི་སྒྲིབ་པ་ཤིན་ཏུ་ཕྲ་བ་ལས་ཀྱང་ལེགས་པར་བརྐལ་པའི་ཕྱིར་མི་མཐུན་ཕྱོགས་འཇོམས་པ་ལ་རྩལ་ཕུན་སུམ་ཚོགས་པའི་ཡོན་ཏན་བཞི་དང་ལྡན་པ་ཡིན་ནོ། །གསུམ་པ་མ་འདྲེས་པའི་མཚོན་ཚུལ་ནི། འཇིག་རྟེན་ནས། ནམ་མཁའ་བཞིན། ཅེས་གསུངས་ཏེ། གོང་དུ་མ་འདྲེས་པ་ནམ་མཁའི་དཔེས་སྨོས་པའི་འཕྲོས་དོན་དུ་ས་ཆུ་མེ་རླུང་སོགས་སྨོས་ན། དཔེ་དེ་རྣམས་ཅིའི་ཕྱིར་འགོད་ཅེ་ན། འཇིག་རྟེན་ཐ་མལ་པ་དང་ཉན་ཐོས་དང་། མཐའ་གཅིག་ཏུ་རང་དོན་སྤྱོད་པ་རང་རྒྱལ་དང་། བློ་ལྡན་བྱང་སེམས་དང་། རང་བྱུང་སངས་རྒྱས་རྣམས་གོང་ནས་གོང་དུ་བློ་དག་ནི་ཕྲ་ཞིང་ཟབ་པ་མཆོག་ཏུ་བྱུང་བའི་ཕྱིར་ན་དཔེ་ནི་ས་ཆུ་མེ་རླུང་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཚན་ཉིད་ཇེ་ཕྲ་ལ་སོང་བ་དང་དཔེ་དོན་སྦྱར་བས་རྟོགས་སླ་བའི་ཕྱིར་ས་སོགས་དཔེ་ནི་རྣམ་པ་ལྔ་འགོད་རིགས་པ་དང་། ཡང་ན་སངས་རྒྱས་ཀྱིས་འཇིག་རྟེན་ཀུན་གྱི་ཉེ་བར་འཚོ་བའི་གཞི་བྱེད་པའི་ཕྱིར་དཔེ་དེ་ལྔ་འགོད་རིགས་ཏེ། སས་རྟེན་ཆུས་སྡུད་མེས་སྨིན་རླུང་གིས་མི་འདྲུལ་ནམ་མཁས་དེ་རྣམས་ཀྱི་གོ་འབྱེད་ནས་ཉེ་བར་འཚོ་བ་དང་མཚུངས་ལ། སངས་རྒྱས་ཀྱི་མ་འདྲེས་པའི་ཡོན་ཏན་ནི། འཇིག་ )༡༣༥
(རྟེན་པ་སོ་སོའི་སྐྱེ་བོ་དང་། འཇིག་རྟེན་ལས་འདས་པ་ཉན་རང་དང་བྱང་སེམས་འཕགས་པའི་ཡོན་ཏན་གྱི་མཚན་ཉིད་ལས་འདས་ཤིང་དེ་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར། ནམ་མཁའ་འབྱུང་བ་བཞིའི་མཚན་ཉིད་ལས་འདས་པ་ཇི་ལྟ་བ་བཞིན་ནོ། །བཞི་པ་ནི། དེ་ལྟར་ནས། མེད་ཕྱིར་རོ། །ཞེས་གསུངས་ཏེ། དེ་ལྟར་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་པོ་འདི་རྣམས་དོན་དམ་ཆོས་སྐུས་རབ་ཏུ་ཕྱེ་ཞིང་དེའི་ངང་དུ་དབྱེར་མེད་པར་གནས་པ་སྟེ། དཔེར་ན་ནོར་བུ་རིན་ཆེན་ལས་འོད་འབྱུང་བ་དང་མདོག་གསལ་དང་དབྱིབས་མཛེས་པ་རྣམས་ནོར་བུ་ལས་དབྱེར་མེད་པ་བཞིན་ཏུ་ཡོན་ཏན་སོ་གཉིས་པོ་རྣམས་ཀྱང་ཆོས་སྐུ་ལས་དབྱེ་བ་མེད་པའི་ཕྱིར་རོ། །གཉིས་པ་སྨིན་འབྲས་བཤད་པ་ལ་གཉིས། མཚན་རྣམས་སྐུ་གཉིས་ལ་གནས་ཚུལ། གཟུགས་སྐུ་ཟླ་བའི་དཔེས་མཚོན་ཚུལ་ལོ། །དང་པོ་ནི། མཐོང་ན་ནས། གཉིས་ལ་བརྟེན། ཅེས་གསུངས་ཏེ། མཐོང་ན་ཡིད་ཚིམ་པར་བྱེད་པའི་རྣམ་སྨིན་གྱི་ཡོན་ཏན་གང་ཡིན་པ་མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་རྣམས་ནི་ཆོག་གི་སྤྲུལ་པའི་སྐུ་དང་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ནི་ལོངས་སྤྱོད་པའི་ལོངས་སྐུ་སྟེ་གཟུགས་སྐུ་གཉིས་ལ་བརྟེན་པ་ཡིན་ཏེ། གདུལ་བྱ་ལ་སྣང་བའི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དག་ལས་ནས། རྣམ་པ་གཉིས། ཞེས་གསུངས་ཏེ། གཟུགས་སྐུ་མཐོང་བའི་གེགས་སུ་གྱུར་པའི་སྒྲིབ་པ་རྣམ་པར་དག་པ་ལས་རིང་བའི་གདུལ་བྱ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་ལ་སོགས་པ་དང་། ཉེ་བའི་གདུལ་བྱ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རིམ་པ་ཇི་ལྟ་བར་འཇིག་རྟེན་པའི་འཁོར་གྱི་དཀྱིལ་འཁོར་དུ་ཕལ་པ་རྣམས་ལ་སྤྲུལ་པའི་སྐུ་སྣང་ཞིང་། རྒྱལ་བའི་འཁོར་གྱི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་ནི། དཔེར་ན་ཆུ་དག་པའི་ནང་དུ་ཟླ་བའི་གཟུགས་མཐོང་བ་དང་། ནམ་མཁར་ཟླ་བའི་གཟུགས་མཐོང་བ་ཇི་ལྟ་བ་བཞིན་ཏེ། དེ་ལྟར་མཚན་བཟང་བོས་བརྒྱན་པའི་སྐུ་གཉིས་པོ་དེ་མཐོང་བའི་གདུལ་བྱའི་རིགས་རྣམ་པ་གཉིས་ཡིན་པས་གཟུགས་ཀྱི་སྐུ་མངོན་པར་འདོད་པས་ཀྱང་དག་པའི་སྐལ་བ་དང་ལྡན་པར་ )༡༣༦
(བྱའོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་ཡན་ལག་ཡོན་ཏན་དྲུག་ཅུ་རྩ་བཞི་བསྟན་པའི་སྐབས་ཏེ་ལེའུ་གསུམ་པའི་རྣམ་པར་བཤད་པ་གྲུབ་བོ།། །།སྤྱི་དོན་བཞི་པ་བྱེད་པ་ཕྲིན་ལས་བཤད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དཔེ་དང་སྤྱར་ཏེ་ཤིན་ཏུ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ལྷུན་གྲུབ་ཀྱིས་མདོར་བསྟན། རྒྱུན་མི་འཆད་པའི་མདོར་བསྟན་ནོ། །དང་པོ་ནི། གདུལ་བྱའི་ནས། གྲུབ་པར་འཇུག ། ཅེས་གསུངས་ཏེ། སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ན། གདུལ་བྱ་སེམས་ཅན་མཐའ་ཡས་པའི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་རིགས་སོགས་མཁྱེན་ནས་དེ་དང་མཐུན་པར་གདུལ་བར་བྱ་བའི་ཐབས་གང་ལ་གང་འོས་སྟོན་པ་དང་ནི་གདུལ་བྱའི་ཁམས་སྣ་ཚོགས་པ་དེ་རྣམས་ཀྱི་གདུལ་བའི་བྱ་བ་མངོན་མཐོ་ངེས་ལེགས་ལ་འགོད་པ་དང་། གདུལ་བྱ་དེ་གང་ན་ཡོད་པའི་ཡུལ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་གང་གི་ཚེ་འདུལ་བའི་དུས་སུ་གཤེགས་པ་ལ། ཁྱབ་བདག་རྫོགས་པའི་སངས་རྒྱས་རྣམས་རྟག་ཏུ་རྣམས་པར་རྟོག་པ་ལ་སོགས་པའི་འབད་རྩོལ་མི་མངའ་ཞིང་ལྷུན་གྱིས་གྲུབ་པར་འཇུག་གོ །གཉིས་པ་ནི། ཡོན་ཏན་ནས། རྣམ་པར་གཏོར། ཅེས་གསུངས་ཏེ། ངེས་པར་འབྱིན་པའི་རྒྱུ་གཟུངས་དང་ཏིང་དེ་འཛིན་ལ་སོགས་པ་ཡོན་ཏན་རིན་ཆེན་མཆོག་ཏུ་གྱུར་པའི་ཚོགས་དུ་མ་དང་ལྡན་ཞིང་། དྲི་མ་མེད་པའི་ཡེ་ཤེས་ཀྱི་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། ཉེ་བར་སྟོན་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སེམས་ཅན་རྣམས་སྨིན་པར་བྱེད་པ་ཉི་མའི་འོད་ཟེར་ལྟ་བུ་ཅན་ཏེ། འདིས་འགྲོ་བ་ལམ་གྱི་ཐེག་པ་མ་ལུས་པ་ངེས་པར་བསྒྲུབས་པ་ལས་བྱུང་བ་རྒྱུ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དང་། དེ་དག་གི་འབྲས་བུ་ཕུན་སུམ་ཚོགས་པ་མཐའ་དང་དབུས་མེད་ཅིང་རྒྱ་ཆེ་བས་ནམ་མཁའ་ལྟར་ཁྱབ་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་ཡང་རྒྱལ་བའི་མཛད་པ་རྒྱུན་མི་འཆད་པ་ཡིན་ལ། )༡༣༧
(བྱང་ཆུབ་ཐོབ་ནས་ཀྱང་དོན་དམ་པའི་སངས་རྒྱས་ཉིད་ནི་སྟོབས་ལ་སོགས་པའི་ཡོན་ཏན་རང་བཞིན་གྱིས་དྲི་མ་མེད་པ་དང་ལྡན་པ་གདོད་མ་ནས་གཏེར་དང་འདྲ་བར་སེམས་ཅན་ཀུན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པར་ཡོད་པ་རྣམས་པར་གཟིགས་ནས་དེ་དག་ཡོངས་སུ་འཛིན་པར་མཛད་པའི་ཕྱིར་དང་། དེའི་རྒྱུ་མཚན་ཀྱང་། རྒྱལ་བའི་སྙིང་པོ་ནམ་མཁའ་དང་འདྲ་བ་དེ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤྲིན་གྱི་དྲ་བ་འདྲ་བ་རྣམས་གསལ་དགོས་པའི་ཕྱིར་དང་། དེ་སེལ་བར་བྱེད་པའི་རྐྱེན་ཡང་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཤུགས་རླུང་དྲག་པོ་དང་འདྲ་བ་དག་གིས་དྲི་མའི་སྤྲིན་རྣམས་རྣམ་པར་གཏོར་བར་ནུས་པ་ཉིད་ཀྱི་ཕྱིར་ན་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཡིན་ནོ། །ཞེས་པའོ། །མདོར་ན། ལུས་ཅན་རྣམས་གནས་སྐབས་སུ་ས་བཅུ་དང་ཚོགས་གཉིས་ལ་ཡང་སྦྱོར་ཞིང་། མཐར་ཐུག་བྱང་ཆུབ་ལ་སྦྱོར་ཏེ། དེས་ཀྱང་སེམས་ཅན་རྣམས་ཀྱི་སྒྲིབ་པ་རྣམས་ཐུགས་རྗེས་འཇོམས་བར་མཛད་པའི་ཕྱིར། ཕྲིན་ལས་རྒྱུན་མི་འཆད་པ་ཉིད་དུ་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། ལྷུན་གྲུབ་ཀྱི་དོན་བསྡུས་ཏེ་བསྟན། རྒྱུན་མི་འཆད་པའི་དོན་ཕྱེ་སྟེ་བཤད་པའོ། །དང་པོ་ལ་གཉིས། རྣམ་པར་མི་རྟོག་པ་དང་། ཡུལ་དུས་མི་འགལ་བར་འཇུག་པའོ། །དང་པོ་ནི། གང་གི་ནས། ལྷུན་གྱིས་གྲུབ། ཅེས་གསུངས་ཏེ། གདུལ་བྱ་གང་གི་ཆེད་དུ་འཇུག་པ་དང་། ཐབས་གང་གིས་འདུལ་བ་དང་། གདུལ་བའི་བྱ་བ་གང་ཡིན་པ་དང་། གདུལ་བྱ་གནས་པའི་ཡུལ་གང་དུ་གཤེགས་པ་དང་སྐབས་སུ་བབ་པའི་དུས་སུ་གང་གི་ཚེ་འདུལ་བ་རྣམས་ལ་དེ་དེའི་ཀུན་སློང་གི་རྣམ་པར་རྟོག་པ་སྐྱེ་བ་མིན་ཞིང་འབད་རྩོལ་གྱི་གཡོ་བ་མེད་པའི་ཕྱིར་ན། ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་ཕྲིན་ལས་ནི་དུས་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག་གོ །གཉིས་པ་ནི། གདུལ་བྱའི་ནས། དུས་དེ་དག །ཅེས་གསུངས་ཏེ། མོས་པ་སྣ་ཚོགས་པ་ཅན་གྱི་གདུལ་བྱའི་ཁམས་ནི་གང་ཞིག་ཆེད་དུ་རང་རང་གི་མོས་པ་དང་མཐུན་པར་ཐེག་པ་གསུམ་ལ་སོགས་པས་གདུལ་ )༡༣༨
(པའི་ཐབས་མང་པོ་གང་དག་གིས་འདུལ་བ་ལ་ཡང་ལྷུན་གྱིས་གྲུབ་པར་འཇུག་པ་དང་། གནས་སྐབས་སུ་མངོན་པར་མཐོ་བ་དང་། མཐར་ཐུག་ཏུ་ངེས་པར་ལེགས་པ་ལ་འགོད་པ་ལྟ་བུ་གདུལ་བའི་བྱ་བ་གང་ཡིན་པ་རྣམས་ལ་ཡང་ལྷུན་གྱིས་གྲུབ་པར་འཇུག་པ་དང་། གང་དུ་ནི་ཡུལ་གང་དང་གང་གི་ཚེ་ནི་དུས་ཏེ། གདུལ་བྱ་གང་ན་ཡོད་པའི་ཡུལ་དང་འདུལ་བའི་སྐབས་སུ་བབ་པའི་དུས་སུ་གཤེགས་པ་དེ་དག་ཀྱང་མི་འགལ་ཞིང་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་པའོ། གཉིས་པ་རྒྱུན་མི་འཆད་པའི་དོན་བཤད་པ་ལ་ལྔ། མིང་གི་རྣམ་གྲངས་མདོར་བསྟན། དོན་གྱི་དབྱེ་བ་རྒྱས་པར་བཤད། དེ་དག་དཔེ་ཡིས་མཚན་ཚུལ། དཔེ་དོན་སྦྱར་བའི་རྒྱས་བཤད། བསྡུས་ཏེ་རྒྱུན་མི་འཆད་ཚུལ་ལོ། །དང་པོ་ནི། ངེས་འབྱིན་ནས། མེད་ཕྱིར་རོ། །ཞེས་གསུངས་ཏེ། སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་འཆད་པ་ཡིན་ཏེ། ཕྲིན་ལས་ཀྱི་རྒྱུ་སྔོན་སངས་རྒྱས་ཀྱིས་ཡང་དག་པར་བསྟན་པ་ངེས་འབྱིན་གྱི་ལམ་དང་། ངེས་འབྱིན་དེའི་ཉེ་བར་རྟོན་པ་ཚོགས་གཉིས་དང་། རྒྱུ་རྐྱེན་དེའི་འབྲས་བུ་བྱང་ཆུབ་དང་། འབྲས་བུ་དེའི་རྒྱུ་ཕྲིན་ལས་འཇུག་ཡུལ་ཡོངས་སུ་འཛིན་པ་སེམས་ཅན་དང་། དེའི་རྒྱུད་ལ་གསལ་བྱ་སྒྲིབ་པ་དང་། དེ་གཅོད་པར་བྱེད་པ་ཕྲིན་ལས་ཀྱི་རྐྱེན་ཐུགས་རྗེ་ཆེན་པོ་དང་དྲུག་ལ་ནི་རྣམ་པར་རྟོག་པ་མེད་པར་འབད་མེད་དུ་འཇུག་པའི་ཕྱིར་རོ། །གཉིས་པ་ནི། ངེས་པར་ནས། ཆེན་པོ་ཡིན། ཅེས་གསུངས་ཏེ། དང་པོ་འཁོར་བ་ནས་ཕྱིས་བྱང་ཆུབ་ཀྱི་བར་མཐར་ཐུག་པའི་གོ་འཕངས་དུ་ངེས་པར་འབྱིན་པའི་ལམ་ཕྲིན་ལས་ཀྱི་རྒྱུའི་རྐྱེན་ནི་བྱང་ཆུབ་སེམས་དཔའི་ས་བཅུ་རིམ་པར་བགྲོད་པས་ཏེ། ས་བཅུ་དེ་ཡི་ཡོན་ཏན་གོང་དུ་འཕེལ་ཞིང་ཕྲིན་ལས་ཉེ་བར་རྟོན་པའི་རྐྱེན་ནི་ཐབས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་ཡིན་ཅིང་། རྒྱུ་རྐྱེན་དེ་དག་མཐར་ཕྱིན་པའི་འབྲས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་མཆོག་ཏུ་གྱུར་པ་ཐོབ་པ་ཡིན་ལ། བྱང་ཆུབ་ཐོབ་ནས་ཀྱང་ཕྲིན་ལས་འཇུག་པའི་ཡུལ་སེམས་ )༡༣༩
(ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གཟིགས་ནས་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་དང་། དེའི་རྒྱུ་མཚན་ཀྱང་སྙིང་པོ་དེ་ལ་སྒྲིབ་པར་བྱེད་པ་མཐའ་ཡས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྟེ། གློ་བུར་གྱི་དྲི་མ་རྣམས་གཞོམ་དགོས་པའི་ཕྱིར་དང་། དུས་ཀུན་ཏུ་ནི་སྒྲིབ་པ་དེ་འཇོམས་པར་བྱེད་པའི་རྐྱེན་ནི་ཐུགས་རྗེ་ཆེན་པོས་ལམ་སྟོན་པ་ཡིན་པའི་ཕྱིར་ན། སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་འཆད་པ་ཉིད་དོ། །སྐབས་འདིར་རོང་སྟོན་ཆེན་པོས། དེས་ན་ཕྲིན་ལས་རྒྱུ་གང་རྒྱུན་མི་འཆད་པ་ནི་ས་དང་ཚོགས་སྔོན་དུ་སོང་བ་ལས་སོ། །འབྲས་བུ་གང་ཐོབ་པས་རྒྱུན་མི་འཆད་ན་བྱང་ཆུབ་ཐོབ་པས་སོ། །ཡུལ་གང་ཡོད་པས་རྒྱུན་མི་འཆད་ན་སེམས་ཅན་ཀུན་ལ་བྱང་ཆུབ་སྙིང་པོའི་ཚུལ་དུ་ཡོད་པས་དེའི་སྒྲིབ་པ་ཐུགས་རྗེས་སེལ་བའོ། །ཞེས་ལེགས་པར་བཤད་དོ། །གསུམ་པ་ནི། གནས་ནི་ནས། ཤེས་པར་བྱ། ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་ཕྲིན་ལས་རྒྱུན་མི་འཆད་པའི་རྒྱུ་མཚན་དུ་གྱུར་པའི་དོན་གྱི་གནས་ནི་དྲུག་པོ་འདི་དག་རྣམས་དཔེ་དང་དོན་གོ་རིམ་ཇི་ལྟ་བ་བཞིན་དུ་སྦྱར་ནས་ཤེས་པར་བྱ་སྟེ། དེའང་རྒྱ་མཚོ་ཆེན་པོ་དང་དྲི་མ་མེད་པའི་ཉི་མ་དང་ནི། ནམ་མཁའི་ཁམས་དང་། གཏེར་ཆེན་པོ་དང་། གཏོར་བྱའི་སྤྲིན་ཚོགས་དང་། འཐོར་བྱེད་རླུང་ཆེན་པོའི་ཤུགས་ཇི་ལྟ་བ་བཞིན་ཏུ་ཤེས་པར་བྱའོ། །བཞི་པ་ནི། ཤེས་ཆུ་ནས། རླུང་དང་འདྲ། ཞེས་གསུངས་ཏེ། དྲི་མ་མེད་པའི་ཡེ་ཤེས་ཀྱི་ཆུ་དང་བཅས་ཤིང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་རིན་ཆེན་དང་ལྡན་པའི་ཕྱིར་ན་ངེས་པར་འབྱིན་པའི་རྒྱུ་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་ནི་རྒྱ་མཚོ་ཇི་ལྟ་བ་བཞིན་ཡིན་ལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བས་ཉེ་བར་འཚོ་ཞིང་ཕན་པར་བྱེད་པའི་ཕྱིར་ཉེ་བར་སྟོན་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་དག་ནི་ཉི་མ་ཇི་ལྟ་བ་བཞིན་ཡིན་ཞིང་། ཐམས་ཅད་དུ་ཁྱབ་པས་རྒྱ་ཆེ་བ་དང་མཐའ་དང་དབུས་མེད་པས་ཟབ་པའི་ཕྱིར། དེ་དག་གི་འབྲས་བུ་བྱང་ཆུབ་ཆེན་ )༡༤༠
(པོ་ནི་ནམ་མཁའི་ཁམས་ཇི་ལྟ་བ་བཞིན་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་ཡོན་ཏན་གྱི་འབྱོར་པ་ཟད་མི་ཤེས་པ་དང་བཅས་པ་གདོད་མ་ནས་ལྷུན་གྱིས་གྲུབ་པར་གནས་པའི་ཕྱིར་ཡོངས་སུ་གཟུང་བར་བྱ་བའི་སེམས་ཅན་རྣམས་ཀྱི་ཁམས་རང་བཞིན་གྱི་དག་པའི་དེ་བཞིན་གཤེགས་པའི་སྙིང་པོ་ནི་གཏེར་ཆེན་པོ་དང་འདྲ་ཞིང་། སྤང་རུང་གློ་བུར་བ་ཡིན་པ་དང་རང་བཞིན་ལ་ཁྱབ་པར་བྱེད་པ་དང་། དོན་དམ་པར་བདེན་པར་མ་གྲུབ་པའི་ཕྱིར་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེའི་སྒྲིབ་པ་ཉོན་མོངས་པ་རྣམས་ནི་སྤྲིན་གྱི་ཚོགས་འཐུག་པོ་ཇི་ལྟ་བ་བཞིན་ཡིན་ལ། ཉོན་མོངས་པ་སྤྲིན་དང་འདྲ་བ་དེ་འཐོར་བར་བྱེད་པའི་ལམ་སྟོན་པར་མཛད་པ་ནི་ཉེ་བར་གནས་པའི་ཕྱིར་སྒྲིབ་པ་སྤོང་བའི་རྐྱེན་ཐུགས་རྗེ་ཆེན་པོ་མི་ཟད་ཅིང་རབ་ཏུ་དྲག་པའི་རླུང་གི་ཤུགས་དང་འདྲ་བ་ཡིན་ནོ། །ལྔ་པ་ནི། གཞན་གྱི་ནས། མཛད་མི་འཆང་། ཅེས་གསུངས་ཏེ། སྔོན་སློབ་ལམ་དུ་སེམས་ཅན་མ་ལུས་པར་སྒྲོལ་བར་དམ་བཅས་ཤིང་གཞན་དོན་ཁོ་ནའི་དབང་དུ་བྱས་པའི་ལམ་གྱིས་ངེས་པར་འབྱུང་བར་བྱས་པའི་ཕྱིར་དང་། གཞན་དོན་དུ་བྱང་ཆུབ་ཐོབ་ནས་བདག་ཉིད་དང་སེམས་ཅན་རྣམས་སངས་རྒྱས་ཀྱི་སྙིང་པོ་ཙམ་དུ་མཚུངས་པར་གཟིགས་པས་ཕྲིན་ལས་དོན་ཡོད་པར་མཁྱེན་པའི་ཕྱིར་དང་། སེམས་ཅན་གྱི་ཁམས་ལ་མཐའ་མེད་པས་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་མཛད་པའི་མཛད་པ་ཡོངས་སུ་མ་རྫོགས་པའི་ཕྱིར། འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་སངས་རྒྱས་རྣམས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཉིད་དོ། །རྩ་བའི་གསུམ་པ་དཔེ་དང་སྦྱར་ཏེ་ཤིན་ཏུ་རྒྱས་པར་བཤད་པ་ལ་གཉིས། དཔེའི་དབྱེ་བ་མདོར་བསྟན་པ། དཔེ་དོན་རྒྱས་པར་བཤད་པའོ། །དང་པོ་ནི། བརྒྱ་བྱིན་ནས། ས་བཞིན་ནོ། །ཞེས་གསུངས་ཏེ། སངས་རྒྱས་རྣམས་ཀྱི་ཕྲིན་ལས་རྟོག་མེད་ལྷུན་གྲུབ་རྒྱུན་མི་འཆད་པའི་སྒོ་ནས་གདུལ་བྱའི་སྐལ་བ་དང་འཚམས་པར་འཇུག་པ་དེ་ཉིད་མཚོན་པར་བྱེད་པའི་དཔེ་རྣམ་པ་དགུ་ཡིན་ཏེ། སྐུ་སྟོན་པའི་དཔེ་བཻཌཱུར་གྱི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙེན་སྣང་བ་དང་། གསུང་དམ་)༡༤༡
(ཆོས་འདོམ་པའི་དཔེ་ལྷའི་རྔ་སྒྲ་དང་། མཁྱེན་བརྩེ་ས་ཐམས་ཅད་ལ་ཁྱབ་པའི་དཔེ་སྤྲིན་དང་། སྐུའི་སྤྲུལ་པ་སྣ་ཚོགས་སྟོན་པའི་དཔེ་ཚངས་པ་རང་གནས་ནས་མ་འཕོས་པར་སྤྲུལ་པས་འདོད་ལྷའི་དོན་བྱེད་པ་དང་། ཡེ་ཤེས་སྤྲོ་བའི་དཔེ་ཉི་མ་ལས་འོད་ཟེར་འབྱུང་བ་དང་། ཐུགས་ཀྱི་གསང་བ་བསམ་གྱི་མི་ཁྱབ་པའི་དཔེ་ནོར་བུ་རིན་ཆེན་ལས་དགོས་འདོད་འབྱུང་བ་བཞིན་དང་། དེ་བཞིན་གཤེགས་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་དཔེ་བྲག་ཆའི་སྒྲ་བརྙན་མི་བདེན་བཞིན་དུ་བརྗོད་བྱ་སྣ་ཚོགས་སྟོན་པ་བཞིན་དང་། སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་དཔེ་ནམ་མཁའ་ཅིར་ཡང་མ་གྲུབ་བཞིན་དུ་ཅིར་ཡང་སྣང་བ་དང་ནི་ཐུགས་རྗེས་གཞན་དོན་མཛད་པའི་དཔེ་ས་གཞིས་ཐམས་ཅད་ཀྱི་རྟེན་བྱེད་པ་བཞིན་ནོ། །འདིར་ཀུན་མཁྱེན་དོལ་བོ་པའི་ཞལ་ནས། སངས་རྒྱས་རྣམས་སྐྱེ་བ་དང་འགག་པ་མེད་པ་མེད་པས་རབ་ཏུ་ཕྱེ་བ་འདུས་མ་བྱས་པའི་མཚན་ཉིད་ཅན་ཡིན་ན། དེ་ལས་ཇི་ལྟར་འཁོར་བ་ཇི་སྲིད་དུ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་མཛད་པ་འཇུག་ཅེས་ཐེ་ཚོམ་དང་སོམ་ཉི་སྐྱེས་པ་རྣམས་ཀྱི་འཁྲུལ་པ་སྤངས་ནས་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་མོས་པ་བསྐྱེད་པའི་ཕྱིར། དཔེ་རྣམ་པ་གསལ་བ་མང་པོས་འཆད་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་རྒྱས་བཤད་ལ་གསུམ། སོ་སོའི་ངོ་བོ་དཔེ་དོན་སྦྱར། དགོས་པ་བརྗོད་དེ་སྐབས་དོན་བསྡུ། སླར་ཡང་བསྡུས་ཏེ་ཁྱད་པར་བཤད་པའོ། །དང་པོ་ལ་དགུ། སྐུ་རྣམ་འཕྲུལ་སྟོན་པ། གསུང་གདམས་ངག་བརྗོད་པ། ཐུགས་མཁྱེན་བརྩེས་ཁྱབ་ཚུལ། སྤྲུལ་པ་སྤྲོ་བ། ཡེ་ཤེས་འཇུག་ཚུལ། ཐུགས་ཀྱི་གསང་བ། གསུང་གི་གསང་བ། སྐུའི་གསང་བ། ཐུགས་རྗེ་འཇུག་ཚུལ་བཅས་ཀྱི་དཔེ་དོན་སྤྱར་བའོ། །དེའི་དང་པོ་ལ་ལྔ། དཔེ་བསྟན་པ། དོན་བཤད་པ། དཔེ་རྒྱས་བཤད། དོན་ངོས་གཟུང་བ། བསྡུས་ཏེ་སྐྱེ་འགག་མེད་ཚུལ་བསྟན་པའོ། །དང་པོ་ལའང་གསུམ། སྣང་ཚུལ། བྱེད་ལས། དོན་དུ་གྱུར་པའོ། །དང་པོ་ནི། ཇི་ལྟར་ནས། དེ་མཐོང་ངོ་། །ཞེས་གསུངས་ཏེ། འཛམ་བུའི་གླིང་ )༡༤༢
(པ་བསོད་ནམས་དང་ལྡན་པ་འགའ་ཞིག་ལ་ལྷའི་དབང་པོའི་སྣང་བ་འཆར་ཚུལ་ཡོད་དེ། ཇི་ལྟར་ན། སྔོན་གྱི་དགེ་བའི་མཐུས་རིན་པོ་ཆེ་བཻ་ཌཱུརྻ་དག་པའི་རང་བཞིན་ཅན་དུ་འཛམ་གླིང་གི་ས་གཞིའི་སྟེང་མཐའ་དག་འདིར་གྱུར་ཏེ། ས་གཞི་དེ་ཤིན་ཏུ་དག་ཅིང་དྭངས་པའི་ཕྱིར་དེར་ལྷའི་དབང་པོ་འཁོར་ལྷའི་བུ་མོའི་ཚོགས་དང་བཅས་ཤིང་། གཙོ་བོའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་དང་ལྷའི་གནས་དེ་ལས་གཞན་པ་དགའ་བའི་ཚལ་ལ་སོགས་པ་དག་དང་། ལྷ་དེ་རྣམས་ཀྱི་གཞལ་ཡས་ཁང་བཀོད་པ་སྣ་ཚོགས་པ་དང་། ལོངས་སྤྱོད་བྱའི་ལྷ་རྫས་རྣམ་པ་མང་པོས་གང་བ་དང་བཅས་པ་ས་སྟེང་དེར་སྣང་བ་མིའི་འཇིག་རྟེན་པ་རྣམས་ཀྱིས་མཐོང་ངོ་། །གཉིས་པ་ནི། དེ་ནས་ནས། གནས་པར་གྱུར། ཅེས་གསུངས་ཏེ། དེ་ལྟར་མཐོང་བ་དེ་ནས་འཛམ་བུའི་གླིང་གི་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཚོགས་པ་སའི་སྟེང་ན་གནས་པ་རྣམས་ཀྱིས་ལྷ་དབང་འཁོར་བཅས་འབྱོར་བ་བསམ་གྱིས་མི་ཁྱབ་པའི་སྣང་བ་དེ་ནི་མཐོང་བར་གྱུར་པས་རྐྱེན་བྱས་ཏེ། ངེད་རྣམས་ཀྱང་རིང་པོར་མི་ཐོགས་པར་ལྷ་དབང་འདི་འདྲ་བར་གྱུར་ཅིག་ཅེས་དེ་འདྲ་བའི་སྨོན་ལམ་འདེབས་པར་བྱེད་ཅིང་། ལྷ་དབང་དེ་ཐོབ་པའི་དོན་དུ་སྦྱིན་སོགས་ཀྱི་དགེ་བ་ནི་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཏོ། །དེས་ནི་ལྷ་དབང་དུ་སྣང་བ་དེའང་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་སྟོན་པའོ། །གསུམ་པ་ནི། དེ་དག་ནས། ཉེ་བར་གནས། ཞེས་གསུངས་ཏེ། སྐྱེས་པ་དང་བུད་མེད་དེ་དག་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་དཀར་པོ་དགེ་བའི་ལས་རྣམས་ལེགས་པར་སྤྱད་པ་དེས་ནི། བརྒྱ་བྱིན་ལ་སོགས་པ་མཐོང་བ་འདི་དག་གཟུགས་བརྙན་གྱི་སྣང་བ་ཤར་བ་ཙམ་ཡིན་གྱི་ལྷ་ལ་སོགས་པའི་དངོས་པོ་འདིར་འོངས་པ་ནི་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུར་ཡང་དག་པ་ཤེས་པ་མེད་ཀྱང་གཟུགས་བརྙན་ལ་ངོ་བོར་བཟུང་ནས་དགེ་བ་སྤྱད་པའི་དབང་གིས་ས་ཡི་སྟེང་མིའི་ལུས་ནས་ཤི་འཕོས་ཏེ་རང་གང་འདོད་པའི་ལྟར་ནི་སྐྱེ་བར་འགྱུར་རོ། །སྣང་བ་ཤར་བ་དེ་ནི་ཤིན་ཏུ་འཛམ་བུའི་གླིང་པ་རྣམས་དགེ་བ་ལ་གཞུག་པར་བྱའོ་སྙམ་པའི་ཡང་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཅིང་ )༡༤༣
(འབད་རྩོལ་གྱི་གཡོ་བ་མེད་པ་ཡིན་པ་དེ་ལྟ་མོད་ཀྱི་འོན་ཀྱང་སའི་སྟེང་མིའི་ཡུལ་ན་གནས་པ་རྣམས་དངོས་སུ་དགེ་བ་ལ་སྦྱོར་ཞིང་རྒྱུད་ནས་མངོན་པར་འདོད་པའི་གོ་འཕངས་ལ་སྦྱོར་བས་དོན་ཆེན་པོ་དང་ལྡན་པ་ཉིད་ཀྱིས་ནི་ཉེ་བར་གནས་པ་ཡིན་ནོ། །གཉིས་པ་དོན་བཤད་པ་ལ་གསུམ། སྣང་ཚུལ། དོན་གཉེར། མི་རྟོག་ཀྱང་དོན་བྱེད་པའོ། །དང་པོ་ནི། དེ་བཞིན་ནས། མཐོང་བར་འགྱུར། ཅེས་གསུངས་ཏེ། དཔེ་དེ་བཞིན་དུ་དད་པ་དང་བརྩོན་འགྲུས་ལ་སོགས་པ་རྣམས་ཀྱི་མི་མཐུན་ཕྱོགས་མ་དད་པ་ལ་སོགས་པའི་དྲི་མ་མེད་པ་ཅན་དུ་བྱས་ནས། དད་པ་དང་བརྩོན་འགྲུས་དང་དྲན་པ་ལ་སོགས་པའི་ཡོན་ཏན་རྣམས་རིམ་གྱིས་བསྒོམས་པའི་དབང་གིས་རང་གི་སེམས་དང་བར་ཕྱུར་བ་ལ་སྣང་བ་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡང་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ལྡན་པ་དང་། རེས་འགའ་སྐུ་འཆག་པ་དང་ནི་དེ་བཞིན་དུ་བཞེངས་པ་དང་། གདན་ལ་བཞུགས་པ་དང་། མནལ་བའི་ཕྱིར་གཟིམ་པ་དང་། གཞན་ཡང་གཤེགས་པ་ལ་སོགས་པའི་སྤྱོད་ལམ་རྣམས་པ་སྣ་ཚོགས་པ་མཛད་པ་ཅན་དང་། གདུལ་བྱ་ལ་ཞི་བ་མྱ་ངན་ལས་འདས་པའི་ཆོས་ནི་གསུངས་པ་དང་། རེས་འགའ་ཆོས་མི་གསུངས་པར་ནི་ནང་དུ་ཡང་དག་འཇོག་ལ་མཉམ་པར་བཞག་པར་གྱུར་པ་དང་། རྫུ་འཕྲུལ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་དག་མཛད་པ་དང་འོད་ཀྱི་དཀྱིལ་འཁོར་དང་ལྡན་པས་གཟི་མདངས་ཆེན་པོ་ཅན་ལ་སོགས་པའི་རྣམ་འཕྲུལ་མཐའ་ཡས་པར་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར་རོ། །གཉིས་པ་ནི། དེ་མཐོང་ནས། ཐོབ་པར་བྱེད། ཅེས་གསུངས་ཏེ། དག་པའི་སེམས་ལ་སྣང་བའི་གཟུགས་སྐུ་དེ་མཐོང་ནས་ཀྱང་སངས་རྒྱས་ཐོབ་པ་འདོད་པའི་འདུན་པ་དང་ལྡན་པའི་སྒོ་ནས་སངས་རྒྱས་ཉིད་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་དུ་ཐོས་པ་ལ་སོགས་པའི་དགེ་བ་ལ་རབ་ཏུ་སྦྱོར་ཏེ། དེ་འགྲུབ་བྱེད་ཀྱི་རྒྱུ་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ལ་སོགས་པ་ཡང་དག་པར་བླངས་ནས་ནི་རིམ་གྱིས་གོམས་པར་བྱས་པ་ལས་འདོད་པའི་འབྲས་བུ་མཐར་ཕྱིན་པ་རྫོགས་ )༡༤༤
(པའི་སངས་རྒྱས་ཀྱི་གོ་འཕངས་ཐོབ་པར་བྱེད་དོ། །གསུམ་པ་ནི། སྣང་བ་ནས། མཐོང་བར་འགྱུར། ཅེས་གསུངས་ཏེ། སེམས་དག་པ་ལ་སྣང་བའི་སངས་རྒྱས་དེ་ནི་ཤིན་ཏུ་ཡང་སེམས་ཅན་གྱི་དོན་འདི་དང་འདི་ལྟ་བྱའོ་སྙམ་པའི་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཅིང་། འབད་རྩོལ་གྱིས་ནམ་ཡང་གཡོ་བ་མེད་པ་ཡིན་ལ། དེ་ལྟ་ན་ཡང་སངས་རྒྱས་ཀྱི་གཟུགས་མཐོང་བ་དེ་ནི་འཇིག་རྟེན་ན་གདུལ་བྱ་རྣམས་དངོས་སུ་དགེ་བའི་རྩ་བ་རྒྱ་ཆེན་པོ་ལ་སྦྱོར་ཞིང་། བརྒྱུད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱོར་བས་དོན་ཆེན་པོ་དང་ལྡན་པ་ཉིད་ཀྱིས་ནི་ཉེ་བར་གནས་པ་ཡིན་ལ། གཟུགས་སྐུའི་རྣམ་འཕྲུལ་མཐའ་ཡས་པ་འདི་ནི། རང་གི་སེམས་དག་པ་ལ་དོན་དམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་སྣང་བ་ཙམ་ཡིན་གྱི་མཐར་ཐུག་པའི་སངས་རྒྱས་ནི་མ་ཡིན་ནོ། །ཞེས་བྱ་བར་བྱིས་པ་སོ་སོའི་སྐྱེ་བོས་ཡང་དག་པར་མི་ཤེས་མོད། དེ་ལྟ་ན་ཡང་སངས་རྒྱས་ཀྱི་སྐུ་ཉིད་མཐོང་བ་ལས་ཀྱང་ལྟ་བ་པོའི་གདུལ་བྱ་དེ་དག་ལ་དོན་ཆེན་པོ་ཡོད་པར་འགྱུར་ཏེ། རིམ་གྱི་གཟུགས་ཀྱི་སྐུ་དེ་མཐོང་བ་ལ་བརྟེན་ནས་སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ་ཐེག་པ་ཆེན་པོའི་ཚུལ་ཟབ་མོ་འདི་ལ་གནས་ཤིང་ལམ་ཉམས་སུ་ལེན་པའི་སྐལ་པ་དང་ལྡན་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་དོན་དམ་པའི་སེམས་ཀྱི་རང་བཞིན་འོད་གསལ་བ་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་མངོན་སུམ་དུ་གསལ་བར་མཐོང་བར་འགྱུར་རོ། གསུམ་པ་དཔེ་རྒྱས་པར་བཤད་པ་ནི། ཇི་ལྟར་ནས། འཐོང་བ་ལྟར། ཞེས་གསུངས་ཏེ། ཇི་ལྟར་ན། དགེ་བའི་མཐུས་འཛམ་བུའི་གླིང་གི་ས་ཆེན་པོ་འདི་ཀུན་གཅོང་རོང་ལ་སོགས་པའི་ཉམ་ང་བའི་གནས་གཞན་དང་བྲལ་བ་དྲི་མ་མེད་པའི་བཻ་ཌཱུརྻ་འོད་གསལ་ཞིང་མཛེས་ལ། ནོར་བུ་རིན་པོ་ཆེའི་ཡོན་ཏན་ཐམས་ཅད་ཚང་ཞིང་རྡུལ་ལ་སོགས་པའི་དྲི་མ་དང་བྲལ་བའི་དཔལ་དང་ལྡན་པས་རྒྱན་དུ་བཀོད་པ། སྟེང་ནི་ལག་མཐིལ་ལྟར་མཉམ་པར་གྱུར་ཏེ། ས་གཞི་དེ་ཤིན་ཏུ་དག་པའི་ཕྱིར་དེར་ནི་ལྷའི་དག་པོའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་སོགས་སྣ་ཚོགས་ )༡༤༥
(པ་དང་། ལྷ་དབང་ལྷའི་འཁོར་དང་བཅས་པའི་གཟུགས་བརྙན་ཤར་ཏེ་གསལ་བར་སྣང་ཞིང་། ཕྱིས་རིམ་གྱིས་ས་དེའི་ཡོན་ཏན་དང་བྲལ་བའི་ཕྱིར་གཟུགས་བརྙན་དེ་ནི་སླར་ཡང་མི་སྣང་བ་སོགས་སྐྱེ་འགག་ཏུ་འགྱུར་ལ། གཟུགས་བརྙན་དེ་མཐོང་བའི་དབང་གིས་བརྒྱ་བྱིན་དེའི་དངོས་པོ་ཐོབ་པར་བྱ་བའི་ཕྱིར་བསྙེན་གནས་དང་བདེན་པར་སྨྲ་བ་སོགས་བརྟུལ་ཞུགས་དང་ལོངས་སྤྱོད་ངེས་པར་སྦྱིན་པ་དང་སོགས་ཁོངས་ནས་ཚུལ་ཁྲིམས་དང་སྒོམ་པ་ལ་སོགས་ལ་མངོན་པར་ཕྱོགས་པའི་བུད་མེད་དང་སྐྱེས་པའི་ཚོགས་ལྷར་སྐྱེ་བར་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་ཞིང་ཐལ་མོ་སྤྱར་ནས་སྨོན་ལམ་འདེབས་པ་དེ་ལྟར་གཟུགས་སྐུ་ཐོབ་པའི་ཕྱིར་ལམ་ལ་སློབ་པའོ། །བཞི་པ་དོན་ངོས་བཟུང་བ་ནི། དག་པ་ནས། བསྐྱེད་པར་བྱེད། ཅེས་གསུངས་ཏེ། བརྒྱ་བྱིན་གྱི་གཟུགས་བརྙན་མཐོང་བའི་སྐྱེ་བོ་དེ་ལ་སྨོན་པ་དེ་བཞིན་ཏུ་སངས་རྒྱས་ལ་རབ་ཏུ་དགའ་བའི་སེམས་དང་ལྡན་པའི་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་བླ་མེད་བྱང་ཆུབ་ཏུ་སེམས་རབ་ཏུ་བསྐྱེད་པར་བྱེད་དེ། དག་པའི་བཻ་ཌཱུརྻ་དང་འདྲ་བའི་རང་སེམས་དག་པ་ལ་སྣང་བ་ཤར་བའི་ཐུབ་པའི་དབང་པོ་ཐོབ་པར་བྱ་བའི་དགོས་པ་ཡོད་པའི་ཕྱིར་རོ། །ལྔ་པ་བསྡུས་ཏེ་སྐྱེ་འགག་མེད་ཚུལ་བསྟན་པ་ནི། ཇི་ལྟར་ནས། དེ་མི་ལྟ། ཞེས་གསུངས་ཏེ། དཔེ་ཇི་ལྟར་ན་མིའི་འཇིག་རྟེན་དུ་བཻ་ཌཱུརྻ་ས་གཞི་རྡུལ་ལ་སོགས་པའི་དྲི་མ་མེད་ཅིང་ གཙང ་བར་གྱུར་པ་ལ་ལོངས་སྤྱོད་དང་བཅས་པའི་ལྟའི་དབང་པོའི་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར་དོན་དེ་བཞིན་དུ་གདུལ་བྱའི་འགྲོ་བ་རྣམས་ཀྱི་སེམས་ཀྱི་ས་གཞི་མ་དད་པ་ལ་སོགས་པའི་དྲི་མ་མེད་ཅིང་ གཙང ་བར་གྱུར་པ་ལ་མཚན་བཟང་པོ་དང་བཅས་པའི་ཐུབ་པའི་དབང་པོའི་སྐུའི་གཟུགས་བརྙན་འཆར་ཞིང་། དེ་ལྟར་ན་ཡང་གདུལ་བྱའི་འགྲོ་བར་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་འཆར་བ་དང་ནུབ་པར་སྣང་བ་ནི་མ་དད་པ་ལ་སོགས་པའི་རྙོག་པ་མེད་ཅིང་དང་བར་གྱུར་པའི་རང་གི་སེམས་རབ་ཏུ་འཇུག་པའི་དབང་གིས་གཟུགས་ཀྱི་སྐུ་འཆར་བར་སྣང་བ་དང་། མ་དད་པ་ལ་སོགས་པའི་རྙོག་པ་དང་བཅས་ཤིང་ )༡༤༦
(རྣམ་པར་མ་དག་པའི་རང་གི་སེམས་རབ་ཏུ་འཇུག་པའི་དབང་གིས་གཟུགས་ཀྱི་སྐུ་ནུབ་པར་སྣང་ཞིང་འཇུག་པ་ཡིན་གྱིས། དཔེ་ཇི་ལྟར་ན་མིའི་འཇིག་རྟེན་དག་ན་ས་གཞི་དག་པ་དང་མ་དག་པའི་དབང་གིས་ལྷའི་དབང་པོའི་གཟུགས་བརྙན་འཆར་བ་དང་ནུབ་པར་སྣང་ཡང་ལྷའི་དབང་པོ་རང་ཉིད་རང་གི་གནས་ལས་གཡོ་བ་མེད་པ་ལྟར། དོན་དེ་བཞིན་དུ་གདུལ་བྱ་དག་པ་དང་མ་དག་པའི་དབང་གིས་གཟུགས་ཀྱི་སྐུར་སྐྱེ་བ་དང་འགག་པར་སྣང་ཡང་དོན་དམ་པ་ཆོས་ཀྱི་སྐུ་ལ་ཡོད་པ་སྐྱེ་བ་དང་ཞིག་པ་འགག་པ་ཅེས་བྱ་བ་དེ་ལྟར་ནམ་ཡང་མི་ལྟ་སྟེ། འདུས་མ་བྱས་ཤིང་འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་གསུངས་གདམས་ངག་བརྗོད་པའི་དཔེ་སྦྱར་བ་ལ་དྲུག །དཔེ་འགོད་པ། དོན་བསྟན་པ། དཔེ་དོན་གྱི་བྱེད་ལས། ཁྱད་པར་བརྗོད་པ། ཆོ་འཕྲུལ་གསུམ་དང་སྦྱར་བཤད། གསུང་གི་ནུས་པ་མི་འཇུག་པ་མི་འགལ་བའོ། །དང་པོ་ནི། ཇི་ལྟར་ནས། སྐུལ་བྱེད་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། ལྷའི་ནང་དུ་ལྷ་རྣམས་ཀྱི་སྔོན་གྱི་དཀར་པོ་དགེ་བའི་ལས་ཀྱི་མཐུ་ཡིས་ནི་གྲུབ་པའི་ལྷའི་ཆོས་ཀྱི་ངོ་བོ་ཆེ་ཆོས་ཀྱི་སྒྲ་འབྱིན་པ་ཞེས་བྱ་བ་ཞིག་ནི་རྣམ་པར་རྒྱལ་བའི་ཁང་བཟང་གི་སྟེང་གི་བར་སྣང་ལ་འདུག་སྟེ། དེ་བརྡུང་བ་སོགས་ཀྱི་འབད་རྩོལ་དང་སྒྲ་འབྱུང་བའི་གནས་ལྕེ་རྐན་སོགས་དང་བསམ་བྱེད་ཀྱི་ཡིད་དང་རྟེན་གཟུགས་དང་སྒྲ་སྒྲོགས་སྙམ་པའི་རྣམ་པར་རྟོག་པ་མེད་བཞིན་དུ་རྔ་དེ་ལས་འདུས་བྱས་མི་རྟག་པ་དང་། ཟག་བཅས་སྡུག་བསྔལ་བ་དང་ཆོས་བདག་མེད་པ་དང་མྱང་འདས་ཞི་བའོ་ཞེས་པའི་སྒྲ་ཡང་ནས་ཡང་དུ་འབྱུང་བ་དེ་ཡིས། འདོད་ཡོན་ལ་གཡེངས་པས་བག་མེད་པར་གྱུར་པའི་ལྷ་རྣམས་ཐམས་ཅད་ཆོས་ལ་བསྐུལ་བར་བྱེད་པ་དེ་ལྟར། གཉིས་པ་ནི། དེ་བཞིན་ནས། ཆོས་བསྟན་ཏོ། །ཞེས་གསུངས་ཏེ། དཔེ་དེ་བཞིན་དུ། སྲིད་ཞིའི་ཁྱབ་བདག་རྫོགས་པའི་སངས་རྒྱས་རྣམས། ཆོས་གསུང་པའི་འབད་རྩོལ་སོགས་ལྔ་དང་བྲལ་ཡང་འགྲོ་བ་མ་ལུས་པ་ལ་སངས་རྒྱས་ཀྱི་གསུང་གིས་ཁྱབ་པར་མཛད་དེ། སྐལ་ལྡན་རྣམས་ལ་སྐལ་བ་དང་འཚམ་པར་ཆོས་སྟོན་པར་མཛད་དོ། །གསུམ་པ་ལ་གཉིས། )༡༤༧
(རྒྱས་བཤད། དོན་བསྡུའོ། །དང་པོ་ནི། ཇི་ལྟར་ནས། སྒྲུབ་པར་བྱེད། ཅེས་གསུངས་ཏེ། ཇི་ལྟར་ན། ལྷའི་ནང་ན་ལྷ་རྣམས་ཀྱིས་རྔ་བོ་ཆེའི་སྒྲ་དེ་ལྷ་རང་གི་དགེ་བའི་ལས་ཀྱི་མཐུ་ལས་བྱུང་བ་ལྟར། གདུལ་བྱའི་འཇིག་རྟེན་དུ་ཐུབ་པས་སངས་རྒྱས་རྣམས་ཆོས་གསུང་པར་སྣང་བ་ནི་སེམས་ཅན་རང་གི་བསོད་ནམས་བྱས་པའི་ལས་ལས་བྱུང་བ་ཡིན་ཅིང་། རྔ་སྒྲ་དེ་ནི་སྐྱེས་བུའི་འབད་པ་དང་འབྱུང་བའི་གནས་དང་རྟེན་ལུས་དང་ཀུན་སློང་གི་སེམས་དང་བྲལ་མོད་ཀྱི་དེ་ལྟ་བུའི་རྔ་སྒྲ་དེས་ཇི་ལྟར་ལྷ་རྣམས་ཆོས་ལ་བསྐུལ་ནས་ཞི་བ་སྒྲུབ་པ་ལྟར། དེ་བཞིན་དུ་སངས་རྒྱས་ལ་ནི་ཆོས་སྟོན་པའི་འབད་པ་སོགས་དང་བྲལ་མོད་ཀྱི། དེ་ལྟ་བུ་བུའི་ཆོས་དེས་གདུལ་བྱའི་སྡུག་བསྔལ་ཞི་བ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་དོ། །གཉིས་པ་ནི། ཇི་ལྟར་ནས། ལམ་ཚུལ་བརྗོད། ཅེས་གསུངས་ཏེ། ཇི་ལྟར་ན། ལྷའི་གྲོང་ཁྱེར་རྣམ་རྒྱལ་ཁང་བཟང་ན་བར་སྣང་ལ་ཡོད་པའི་རྔ་བོ་ཆེའི་སྒྲའི་རྒྱུ་ལས་བྱུང་བའི་ལྷ་ལ་མི་འཇིགས་པ་སྦྱིན་པར་བྱེད་པ་དེ་ནི། ལྷ་རྣམས་རྩུབ་འགྱུར་གྱི་ཚུལ་དུ་ཕྱིན་ནས་ཉོན་མོངས་པ་ཞེ་སྡང་བསྐྱེད་དེ་ལྷ་མ་ཡིན་དང་གཡུལ་དུ་འཇུག་པའི་ཚེ་ན། ལྷ་མ་ཡིན་གྱི་དཔུང་ལས་རྒྱལ་བར་བྱེད་ཅིང་། འདོད་ཡོན་ལ་གཡེང་བའི་རྩེད་མོ་སྣ་ཚོགས་པ་སེལ་ཞིང་རིམ་གྱིས་བྱང་ཆུབ་ལ་འགོད་པ་ལྟར། དེ་བཞིན་དུ། གདུལ་བྱའི་འཇིག་རྟེན་དག་ན་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལ་སོགས་པ་དགེ་བ་རྣམས་བསྟེན་པའི་རྒྱུ་ལས་བྱུང་བའི་སངས་རྒྱས་ཀྱི་གསུང་དེས་སེམས་ཅན་རྣམས་ཀྱི་རྒྱུ་ཉོན་མོངས་པ་དང་འབྲས་བུ་སྡུག་བསྔལ་རབ་ཏུ་འཇོམས་ཤིང་སྡུག་བསྔལ་མ་ལུས་པ་ཞི་བ་བླ་ན་མེད་པ་ལམ་གྱི་ཚུལ་ཐེག་པ་ཆེན་པོ་རབ་ཏུ་བརྗོད་པར་མཛད་དོ། །བཞི་པ་ནི། གང་ཕྱིར་ནས། ཁྱད་པར་འཕགས། ཞེས་གསུངས་ཏེ། གང་གི་ཕྱིར་འདུལ་བྱའི་སྐྱེ་བོ་མཐའ་ཡས་པ་ཀུན་ལ་རང་རང་གི་བསམ་པ་དང་མཐུན་པར་ཁྱད་པར་ཉི་ཚེ་བ་མ་ཡིན་པ་ཉིད་དང་། མཐར་ཐུག་ངེས་པར་ལེགས་པའི་གོ་འཕངས་ལ་སྦྱོར་བས་ཕན་པ་ཉིད་དང་། གནས་སྐབས་མངོན་པར་མཐོ་བའི་དགའ་བ་ལ་སྦྱོར་བས་བདེ་བ་ཉིད་དང་། རྫུ་ )༡༤༨
(འཕུལ་གྱི་ཆོ་འཕྲུལ་དང་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་གསུམ་དང་ལྡན་པས་སྡུག་བསྔལ་ལས་ངེས་པར་འབྱིན་པ་ཉིད་དེ། ཡོན་ཏན་གྱི་ཆོས་བཞི་དང་ལྡན་པ་དེའི་ཕྱིར་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱིས་ཆོས་གསུངས་པའི་དབྱངས་ནི་ལྷ་རྫས་ཀྱིས་སིལ་སྙན་ཉི་ཚེ་བ་ཕན་པ་དང་བདེ་བ་དང་ངེས་པར་འབྱིན་པ་མ་ཡིན་པ་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པ་ཉིད་དོ། །ལྔ་པ་ནི། ལྷར་ནི་ནས། བརྟེན་པར་བརྗོད། ཅེས་གསུངས་ཏེ། ལྷའི་གནས་མཐའ་ཡས་པར་ནི་རྔའི་སྒྲ་ཆེན་པོས་ཁྱབ་པར་འགྲོ་བ་ཡིན་ཡང་། དེ་ཉིད་སའི་གཞིར་གནས་པའི་སེམས་ཅན་རྣམས་ཀྱི་རྣ་བར་མི་འགྲོ་བ་ཉི་ཚེ་བ་ཡིན་ལ། སངས་རྒྱས་ཀྱི་ཆོས་གསུངས་བའི་རྔ་སྒྲ་ནི་དུས་ལ་བབ་པ་ན་གདུལ་བྱའི་འཁོར་བ་ན་གནས་པའི་ས་འོག་གི་འཇིག་རྟེན་དག་ཏུའང་ཁྱབ་པར་ཀུན་ཏུ་འགྲོ་བས་ཉི་ཚེ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཁྱད་པར་དུ་འཕགས་སོ། །སྐབས་འདིར་རྗེ་ཕྲིན་ལས་པས། འདིར་བསྟན་པའི་རྔ་སྒྲ་འདི། རྔ་བོ་ཆེ་ལས་གཞན་པའི་ལྷའི་རྔ་སྒྲ་སིལ་སྙན་ཕལ་པའི་ཁོངས་སུ་གཏོགས་པ་དག་གཞུང་དགོས་ཏེ། གཟུང་འདི་གོང་གི་སྐྱེ་ཀུན་པ་ཉིད་དང་། ཞེས་པའི་རྒྱས་བཤད་ཡིན་ལ། གཞུང་སྔ་མ་ཤོ་ལོ་ཀ་གཅིག་པུས་རྔ་བོ་ཆེ་སིལ་སྙན་ཕལ་པ་ལས་ཁྱད་པར་བྱེད་ཆོས་བསྟན་པའི་ཕྱིར། རྔ་བོ་ཆེ་ས་སྟེང་ན་གནས་པའི་མི་ལ་སོགས་པས་མི་ཐོས་པས། སར་གནས་རྣམས་ཀྱི་རྣར་མི་འགྲོ། ཞེས་པའི་ཁོངས་སུ་གཏོགས་སམ་སྙམ་ན། མ་ཡིན་ཏེ། ལྷའི་རྔ་བོ་ཆེའི་སྒྲ་ལས་བྱུང་བའི་ཆོས་ཀྱི་སྡོམ་བཞི་ལ་སོགས་པ་ལྷ་རྣམས་བག་མེད་པ་ལས་བསྐུལ་བའི་ཚིག་མཐའ་དག །དེང་སང་རང་ཅག་རྣམས་ཀྱིས་ཐོས་པ་ཁོ་ནས་གཏམ་དུ་སྨྲ་བཞིན་པ་ཉིད་ན། རང་གིས་རང་ལ་ཅོ་འདྲི་བར་མ་བྱེད་ཅིག །ཅེས་འཆད་དོ། །དེ་བཞིན་ཏུ། ལྷར་ནི་ལྷའི་སིལ་སྙན་གྱི་རྣམ་པ་མི་འདྲ་བ་བྱེ་བ་ཕྲག་མང་པོ་རྣམས་ཀྱང་ཕྱིར་ཞིང་འདོད་ཡོན་གྱི་བདེ་བ་ལ་ཆགས་པའི་མི་མངོན་པར་འཕེལ་བའི་དོན་དུ་སྒྲོགས་པས་ཕན་པ་མ་ཡིན་ལ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་གི་དབྱངས་རྣམ་གྲངས་གཅིག་ )༡༤༩
(ཙམ་གྱིས་ཀྱང་གདུལ་བྱ་སྐལ་པ་དང་ལྡན་པ་རྣམས་ཀྱི་སྡུག་བསྔལ་གྱི་མེ་ཚོགས་རྒྱུ་དང་བཅས་པ་རབ་ཏུ་ཞི་བའི་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུ་འཇུག་པས་ཕན་པ་ཡིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཤིང་། ལྷར་ནི་བཀོད་པ་མཛེས་ཤིང་ཐོས་པ་ཙམ་ལས་ཡིད་དུ་འོང་བའི་སིལ་སྙན་གྱི་སྒྲ་རྣམ་པ་མང་པོ་རྣམས་ཀྱང་། སེམས་ནི་ཡུལ་ལ་རྒོད་པ་དང་རྣམ་པར་གཡེང་བ་འཕེལ་བར་འགྱུར་བའི་རྒྱུ་ཡིན་པས་བདེ་བ་མ་ཡིན་ལ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་དེ་བཞིན་གཤེགས་པའི་གསུང་ནི་གདུལ་བྱ་རྣམས་བསམ་གཏན་དང་ཏིང་ངེ་འཛིན་ལ་སེམས་གཏོད་ཅིང་བསམ་པ་སྐུལ་བར་བྱེད་པའི་རྒྱུ་ཉིད་དུ་གྱུར་པ་བདེ་བ་ཡིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཏེ། མདོར་ན་ལྷ་རྫས་ཀྱི་སིལ་སྙན་རྣམས་ནི་ངེས་པར་འབྱིན་པ་མ་ཡིན་ལ། མ་ལུས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་ལྷ་དང་སར་གནས་པ་མི་ལ་སོགས་པ་རྣམས་ཀྱི་སྡུག་བསྔལ་དང་བཅས་པ་སྤངས་ནས་ཟག་པ་མེད་པའི་བདེ་བ་ཆེན་པོ་འཕེལ་བར་བྱེད་པའི་རྒྱུ་གང་ཡིན་པ་དེ་ནི་ཆོ་འཕྲུལ་གསུམ་དང་ལྡན་པའི་སྒོ་ནས་མ་ལུས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཁྱབ་པར་འགྱུར་བའི་སངས་རྒྱས་ཀྱི་གསུང་དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད་པས་སྡུག་བསྔལ་ངེས་པར་འབྱིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་སོ། །འདིར་ཤློ་ཀ་བཞིས་ཉི་ཚེ་བ་ཡིན་མིན། ཕན་མི་ཕན། བདེ་མི་བདེ། ངེས་པར་འབྱིན་མི་འབྱིན་རྒྱས་པར་བཤད་པའོ། །དྲུག་པ་ནི། ཇི་ལྟར་ནས། འགྱུར་བ་ཡིན། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན་རྣ་བའི་དབང་པོ་དང་བྲལ་བས་ཕྲ་མོའི་སྒྲ་ནི་མི་མྱོང་ཞིང་མི་ཐོས་པ་དེ་བཞིན་ཏུ། སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་གསུངས་དབྱངས་མི་ཐོས་ཤིང་སྒྲའི་ཁྱད་པར་ཐམས་ཅད་ལྷའི་རྣ་བ་ཐོབ་པའི་ཡང་རྣ་བའི་ལམ་དུ་མི་འགྲོ་ཞིང་འགའ་ཞིག་འགྲོ་བ་ལྟར་དེ་བཞིན་ཏུ་སངས་རྒྱས་ཀྱིས་ཆོས་ཤིན་ཏུ་ཕྲ་ཞིང་ཟབ་པ་མཆོག་ཏུ་ཞིབ་མོའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཡང་གདུལ་བྱའི་རིགས་ཐམས་ཅད་ཀྱི་རྣ་བའི་ལམ་དུ་གྱུར་པ་ནི་མ་ཡིན་གྱི་ཉོན་མོངས་པ་མེད་པའི་ཡིད་ཅན་བློ་མཆོག་ཏུ་གྱུར་པ་སྐལ་པ་ཆེན་པོ་དང་ལྡན་ )༡༥༠
(པ་འགའ་ཞིག་གི་རྣ་བའི་ལམ་དུ་འགྱུར་བ་ཡིན་ནོ། །གསུམ་པ་ཐུགས་མཁྱེན་བརྩེས་ཁྱབ་ཚུལ་དཔེ་སྦྱར་ལ་ལྔ། སྤྲིན་གྱི་དཔེ་དོན་མདོར་བསྟན། དེ་ཉིད་རྒྱས་པར་བཤད་པ། སྣོད་ཀྱི་འགྱུར་ཚུལ། འབད་མེད་དུ་འཇུག་པ། སྡུག་བསྔལ་སེལ་བའི་ཆོས་མཐུན་སྦྱར་བའོ། །དང་པོ་ནི། ཇི་ལྟར་ནས། མེད་པར་འབེབས། ཞེས་གསུངས་ཏེ། ཇི་ལྟར་ན། དབྱར་གྱི་དུས་ན་སྤྲིན་གྱིས་ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ་ཆར་ཆུའི་ཕུང་པོ་འབད་པ་མེད་པར་ས་ལ་རྒྱུན་དུ་འབེབས་པ་ལྟར། དེ་བཞིན་ཏུ། རྒྱལ་བའི་ཐུགས་རྗེའི་སྤྲིན་ལས་ནི་དམ་པ་ཆོས་ཀྱི་ཆུའི་ཆར་པ་འགྲོ་བའི་རྒྱུད་ཀྱི་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུར་རྣམ་པར་རྟོག་པ་མེད་པར་འབེབས་པར་མཛད་དོ། །གཉིས་པ་ལ་གཉིས། དཔེ་དོན་བསྟན་པ་དང་། ཆོས་མཚུངས་ཀྱི་སྒོ་ནས་དོན་བཤད་པའོ། །དང་པོ་ནི། ཇི་ལྟར་ནས། ཆར་པ་འབེབས། ཞེས་གསུངས་ཏེ། ཇི་ལྟར་ན། འཇིག་རྟེན་པ་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇུག་པ་ན་རླུང་གིས་བསྐུལ་བ་ལས་སྐྱེས་པའི་ཆུ་ཆར་སྤྲིན་གྱིས་འབེབས་བ་ལྟར། དེ་བཞིན་ཏུ། ཐུགས་བརྩེ་བའི་རླུང་གིས་བསྐུལ་ཏེ་འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཏོག་མངོན་པར་སྤེལ་བའི་ཕྱིར་དུ་སངས་རྒྱས་ཀྱི་སྤྲིན་ལས་དམ་པའི་ཆོས་ཀྱི་ཆར་པ་ཆེན་པོ་འབེབས་པར་མཛད་དོ། །གཉིས་པ་ནི། སྲིད་ལ་ནས། ལོ་ཏོག་རྒྱུ། ཞེས་གསུངས་ཏེ། གདུལ་བྱའི་སྲིད་པ་ལ་མཁྱེན་པ་དང་བརྩེ་བ་ཆེན་པོས་འགྱུར་བ་འཁོར་བ་དང་མི་འགྱུར་བ་མྱང་འདས་ཀྱིས་མ་གོས་པ་ཆོས་དབྱིངས་ཀྱི་ནམ་མཁའི་དཀྱིལ་ན་གནས་ཤིང་ཏིང་ངེ་འཛིན་དང་གཟུངས་ཀྱི་ཆུ་དྲི་མ་མེད་པའི་སྙིང་པོ་ཅན་གྱི་ཆོས་ཆར་འབེབས་པའི་ཕྱིར། ཐུབ་པའི་དབང་པོའི་ཐུགས་རྗེའི་སྤྲིན་ནི་འགྲོ་བའི་དགེ་བའི་ལོ་ཐོག་འཕེལ་བའི་རྒྱུ་ཡིན་ནོ། །གསུམ་པ་ནི། ཇི་ལྟར་ནས། ལྡན་པར་འགྱུར། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། བསིལ་བ་དང་ཞིམ་པ་དང་འཇམ་པ་དང་ཡང་བ་སོགས་ཡན་ལག་བརྒྱད་ལྡན་གྱི་ཆུ་ནི་སྤྲིན་དེ་ལས་ཐོན་པར་རིགས་གཅིག་པ་ཉིད་དུ་བབས་ཀྱང་འོག་གཞིའི་ས་ལ་བ་ཚྭ་ལ་སོགས་པ་ཡོད་པའི་གནས་ཀྱི་བཟང་ངན་དང་འབྲེལ་བས་ཁ་མངར་སོགས་ཤིན་ཏུ་མང་ )༡༥༡
(པོའི་རོར་ནི་འགྱུར་བ་ཇི་ལྟ་བ་བཞིན། དོན་དེ་བཞིན་ཏུ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ཆོས་ཀྱི་ཆུའི་ཆར་སྟོང་ཉིད་རབ་ཡངས་བརྩེ་བ་ཆེན་པོའི་སྤྲིན་གྱི་སྙིང་པོ་ལས་ཐོན་པ་གཅིག་ཉིད་གདུལ་བྱ་འགྲོ་བའི་རྒྱུད་ཀྱི་གནས་ཏེ་མོས་པ་ཐ་དད་པའི་དབྱེ་བ་ལས་ཉན་ཐོས་ཀྱི་ཐེག་པ་སོགས་རྣམ་པ་མང་པོའི་རོ་སྟེ་སྣ་ཚོགས་སུ་སྣང་བ་དང་ལྡན་པར་འགྱུར་རོ། །ཆུའི་ཡན་ལག་བརྒྱད་ནི། འགྲེལ་པ་རྒྱལ་སྲས་མ་ལས། །བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་བ་དང་ནི་དྲི་མ་མེད། །འཐུང་ན་ལྟོ་ལ་མི་གནོད་དང་། །མགྲིན་པ་ལ་ཡང་མི་གནོད་པའོ། །ཞེས་བཤད་པ་ལྟར་རོ། །འདིར་རྗེ་བདུན་པའི་ཞལ་ནས། གསུང་རབ་མ་ལུས་པ་རྒྱལ་བས་ངེས་དོན་འབའ་ཞིག་ཏུ་གསུངས་པ་གདུལ་བྱའི་གོ་ཚུལ་སྣ་ཚོགས་པའི་དབང་གིས་དྲང་དོན་ལ་སོགས་སུ་གོ་བས་དྲང་ངེས་རྣམ་བཞག་གདུལ་བྱ་ལ་ལྟོས་ནས་ཡིན་གྱི། ཆོས་རང་གི་ངོས་ནས་ཐམས་ཅད་ཀྱང་ངེས་དོན་འབའ་ཞིག་ཡིན་ཞེས་གསུངས་པ་ནི་རྒྱུད་བླའི་གཞུང་འདིའི་དགོངས་པ་དཔྱིས་ཕྱིན་པར་སྣང་ལ། དེ་བཞིན་དུ་སློབ་སྤྲིང་ལས་ཀྱང་། ཆོས་ཀྱི་བདུད་རྩི་མྱ་ངན་འདས་པ་མཆོག་གི་རྒྱུ། །རོ་གཅིག་གདུང་བ་སེལ་བ་ཆར་རྒྱུན་བཞིན་ཏུ་འབབ། །དེ་ནི་སྣོད་ལ་བརྟེན་ནས་རོ་རྣམས་ཐ་དད་འགྱུར། །ཞེས་དང་། སློབ་དཔོན་དཔའ་བོས་ཀྱང་། མོས་པ་དུ་མ་དང་ལྡན་པ། །མང་པོ་འཁོར་བར་གྱུར་པ་ལ། །གསུང་གཅིག་བཀའ་ནི་སྩལ་བ་ལས། །དུ་མ་ལྟ་བུར་སྣང་གྱུར་ཏེ། །ཞེས་གསུངས་སོ། །བཞི་པ་འབད་མེད་དུ་འཇུག་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཐེག་པ་ནས། ཡི་དྭགས་འདྲ། ཞེས་གསུངས་ཏེ། སེམས་ཅན་གྱི་རིགས་ལས་ཐེག་པ་མཆོག་དམ་པའི་ཆོས་ཀྱི་ཆར་བབས་པ་ལ་དད་པ་ངེས་པའི་ཕུང་པོ་དང་། དེ་ལ་མོས་མི་མོས་པར་མར་གནས་པ་མ་ངེས་པའི་ཕུང་པོ་དང་ནི། དེ་ལ་སྡང་བ་ལོག་པར་ངེས་པའི་ཕུང་པོ་གསུམ་ནི་རིམ་པ་ལྟར། སོས་ཀའི་དུས་ཆར་བབ་པ་ལ་དགའ་བའི་མི་དག་དང་། དེ་ལ་དགའ་མི་དགའ་བར་མར་གནས་པའི་རྨ་བྱ་དག་དང་ནི། དེ་ལ་སྡང་བའི་ཡི་དྭགས་དང་འདྲའོ། །གཉིས་པ་ལ་གཉིས། )༡༥༢
(དཔེ་དོན་ཆོས་མཚུངས་སུ་སྦྱར་བ་དང་། ལྟོས་པ་མེད་པའི་ཚུལ་ལོ། །དང་པོ་ནི། དཔྱིད་མཐར་ནས། དཔེ་དེ་ཉིད། ཅེས་གསུངས་ཏེ། དཔྱིད་ཀྱི་མཐར་སོས་ཀར་སྤྲིན་མེད་པ་ན་མི་རྣམས་མི་དགའ་བ་དང་ནམ་མཁར་གཏན་དུ་མི་རྒྱུ་བའི་རྨ་བྱ་དེ་དག་བཏང་སྙོམས་སུ་བྱེད་པ་དང་ཡི་དྭགས་དགའ་པ་དང་། དབྱར་གྱི་ཚེ་ས་ལ་ཆར་བབས་པ་ན་མི་རྣམས་དགའ་བ་དང་རྨ་བྱ་དག་བཏང་སྙོམས་དང་། ཡི་དྭགས་ལ་ནི་རྡོ་ཚན་གྱི་ཆར་དུ་འགྱུར་བས་སྡུག་བསྔལ་བྱེད་པ་ལྟར་དུ་སྙིང་རྗེའི་སྤྲིན་ཚོགས་དག་གི་བསྐྱེད་པའི་དམ་པའི་ཆོས་ཀྱི་ཆུ་ཆར་འཇིག་རྟེན་དག་ན་བྱུང་བ་ལས་ཆོས་འདོད་པ་རྣམས་དགའ་བ་དང་། བར་མ་བཏང་སྙོམས་དང་ཆོས་ལ་སྡང་བ་རྣམས་མི་དགའ་བ་དང་མ་བྱུང་བ་ལས་ཀྱང་སྡང་བ་རྣམས་དགའ་ཞིང་བར་མ་བཏང་སྙོམས་དང་ཆོས་འདོད་པ་རྣམས་མི་དགའ་བར་བྱེད་པས་འཇིག་རྟེན་ན་སེམས་ཅན་གྱི་ཕུང་པོ་གསུམ་དང་ཆར་བབ་དུས་ཀྱི་སེམས་ཅན་གྱི་རིགས་གསུམ་དཔེ་དོན་སྦྱར་བ་དེ་ཉིད་ཆོས་མཚུངས་སོ། །གཉིས་པ་ནི། ཐིགས་པ་ནས། ལྟོས་པ་མེད། ཅེས་གསུངས་ཏེ། ཆུའི་ཐིགས་པ་རགས་པ་སྟེ་ཆར་ཆེན་པོ་འབེབས་པ་དང་རྡོ་ཚོན་ནམ་དེའི་སྒྲས་བརྗོད་པའི་སེར་བ་དང་ནི་རྡོ་རྗེའི་མེ་སྟེ་ཐོག་ནི་འབེབས་པ་ན་ས་གཞི་ལ་གནས་པའི་སྲོག་ཆགས་ཕྲ་མོ་མང་པོ་ལ་གནོད་པ་དང་ནི་རི་སུལ་དུ་སོང་བའི་སྲོག་ཆགས་དག་ལ་མི་གནོད་ཅིང་ཕེན་ཀྱང་དེ་དག་ཇི་ལྟར་སྤྲིན་གྱིས་ཕན་དང་གནོད་པར་བྱེད་དོ་སྙོམ་དུ་ལྟོས་པ་མེད་པ་དེ་བཞིན་ཏུ། ཕྲ་བ་སྟོང་ཉིད་དང་རྒྱ་ཆེ་བ་སྦྱིན་སོགས་ཀྱི་ཐིགས་པ་ཐབས་ཚུལ་གྱིས་འབབ་པའི་མཁྱེན་པ་དང་ནི་བརྩེ་བའི་སྤྲིན་གྱིས་ཐེག་ཆེན་ལ་མོས་པ་རྣམས་ཀྱི་ཉོན་མོངས་པ་དག་པར་འགྱུར་བ་དང་སྡང་བ་རྣམས་ཀྱི་བདག་ལྟའི་བག་ལ་ཉལ་འཕེལ་བ་དག་ལ་རྣམ་པ་ཀུན་ཏུ་ལྟོས་པ་མེད་པར་ཆོས་ཀྱི་ཆར་འབེབས་པར་བྱེད་དོ། །ལྔ་པ་ལ་གསུམ། སྡུག་བསྔལ་སེལ་བ་དངོས། འགྱུར་བར་རྟོགས་པ། བདེན་བཞིའི་ཚུལ་མཐོང་བའོ། །དང་པོ་ནི། འཁོར་བའི་ནས། རབ་ཏུ་འབེབས། ཞེས་གསུངས་ཏེ། ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པའི་རྟེན་ཅིང་འབྲེལ་བར་ )༡༥༣
(འབྱུང་བ་ཡན་ལག་བཅུ་གཉིས་འཁོར་ཡུག་ཏུ་འཁོར་བའི་དབང་གིས་སྐྱེ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་ཐོག་མ་འདི་ཙམ་ནས་བྱུང་བའི་ངེས་པ་ཡང་མེད་ཅིང་ཐར་པའི་ལམ་མི་སྒོམ་པ་རྣམས་མཐའ་འདི་ནས་འགག་གི་ངེས་པ་ཡང་མེད་པའི་གནས་དེར་འགྲོ་བ་རྣམས་མངོན་པར་བགྲོད་པའི་ལམ་ནི་ངན་སོང་གསུམ། ལྷ་མི་གཉིས་ཏེ་རྣམ་པ་ལྔ་ཡིན་ལ། མི་ གཙང ་བའི་དངོས་པོ་ལ་ནམ་ཡང་དྲི་ཞིམ་པོ་མེད་པ་བཞིན་དུ་འགྲོ་བ་ལྔའི་འཁོར་བ་དག་ན་ཡང་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་དེ། སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པས་ཤིན་ཏུ་སྡུག་བསྔལ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །འཁོར་བ་དེའི་སྡུག་བསྔལ་གྱི་ཁྱད་པར་ཡང་རྟག་ཏུ་རྒྱུན་མི་འཆད་པར་མེ་ཆེན་པོས་བསྲེགས་པ་དང་། མཚོན་ཆ་རྣོན་པོས་བཏབ་པ་དང་། རྨ་གསར་པ་ལ་རྒྱ་ཚྭ་ལ་སོགས་པས་རེག་པ་ལས་སྐྱེ་བའི་སྡུག་བསྔལ་གྱི་ཚོར་བ་ཇི་ལྟར་བ་བཞིན་ཏུ་ཤིན་ཏུ་བཟོད་པར་དཀའ་བར་གནས་པ་ལ་སངས་རྒྱས་ཀྱི་དེ་རྣམས་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོའི་སྤྲིན་ལས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཆར་པ་ཆེན་པོ་དོན་ཉམས་སུ་བླངས་ན་སྡུག་བསྔལ་གྱི་མེ་དཔུང་དེ་རྣམས་རབ་ཏུ་ཞི་བར་བྱེད་པ་རང་རང་གི་སྐལ་པ་དང་མཐུན་ཞིང་རྒྱུན་མའི་འཆད་པ་རབ་ཏུ་འབེབས་སོ། །གཉིས་པ་ནི། ལྷ་ལ་ནས། མཐོང་ཕྱིར་རོ། །ཞེས་གསུངས་ཏེ། ལྷ་ལའང་འཆི་འཕོ་བ་ལྟུང་འགྱུར་གྱི་སྡུག་བསྔལ་དང་། མི་ལའང་མེད་པ་ཡོངས་སུ་ཚོལ་བ་དང་ཡོད་པ་བསྲུང་བ་དང་། བཀྲེས་སྐོམ་དང་ངལ་དུབ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པའོ། །ཞེས་བྱ་བར་རྟོགས་པའི་ཕྱིར། འཁོར་འདས་ཀྱི་གནས་ལུགས་ཤེས་པའི་ཤེས་རབ་དང་ལྡན་པའི་མཁས་པ་རྣམས་ནི་ལྷའི་དབང་ཕྱུག་བརྒྱ་བྱིན་ལ་སོགས་པ་དང་། མིའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་གོ་འཕང་མཆོག་ཏུ་གྱུར་པ་ལའང་མངོན་པར་འདོད་པ་མེ་དེ། སྔོན་གྱི་སྐྱེ་བས་ཐོབ་པའི་ཤེས་རབ་ནི། འདིར་ཡང་དེ་བཞིན་གཤེགས་པའི་གསུང་རབ་དྲི་མ་མེད་པ་ལ་ཤིན་ཏུ་དད་པའི་དབང་གིས་རྗེས་སུ་འབྲངས་ཤིང་ཐོས་པ་དང་ )༡༥༤
(བསམ་པ་ཚུལ་བཞིན་ཏུ་བྱས་ནས་ཟག་པ་དང་བཅས་པ་འབྲས་བུའི་ཆ་འདི་ཐམས་ཅད་ནི་སྡུག་བསྔལ་བ་དང་། ལས་དང་ཉོན་མོངས་པ་འདི་ཐམས་ཅད་ནི་དེའི་རྒྱུ་ཀུན་འབྱུང་བ་དང་། འཁོར་བ་རྒྱུ་འབྲས་དེ་དག་མ་ལུས་པར་འགགས་པ་འདི་ནི་འགོག་པ་མྱ་ངན་ལས་འདས་པ་ཉིད་ཅེས་བྱ་བར་ལམ་བདག་མེད་རྟོགས་པའི་ཤེས་རབ་དང་རྣམ་པར་དག་པས་ཡང་དག་པར་མཐོང་བའི་ཕྱིར་རོ། །གསུམ་པ་ནི། ནད་ནི་ནས་། བསྟེན་པར་བྱ། ཞེས་གསུངས་ཏེ། དཔེར་ན་ནད་ཀྱི་སྡུག་བསྔལ་དང་བྲལ་ནས་ནད་མེད་པའི་བདེ་བ་ཐོབ་པར་འདོད་པའི་ཤེས་ལྡན་དག་གིས་ནད་ཀྱི་ངོ་བོ་གང་ཡིན་པའི་ཚུལ་ནི་ཤེས་པར་བྱས་ནས་ནད་དེ་སྐྱེད་བྱེད་རྒྱུ་མི་འཕྲོད་པའི་ཟས་ལ་སོགས་པ་ནི་སྤང་བར་བྱ་བ་ཡིན་ལ། ནད་མེད་པའི་བདེ་བར་གནས་པ་ནི་ཐོབ་པར་བྱ་བ་ཡིན་ཞིང་། དེའི་ཐབས་སྨན་ནི་བཟང་པོ་བསྟེན་པ་བྱ་བ་ཡིན་པ་ལྟར། དེ་བཞིན་དུ་འཁོར་བའི་སྡུག་བསྔལ་དང་བྲལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འདོད་པའི་བློ་དང་ལྡན་པ་དག་གིས་ཀྱང་ཟག་པ་དང་བཅས་པའི་འབྲས་བུས་བསྡུས་པའི་འཁོར་བ་ཐམས་ཅད་སྡུག་བསྔལ་དུ་ཡོངས་སུ་ཤེས་པར་བྱས་ནས། དའི་རྒྱུ་ལས་དང་ཉོན་མོངས་པས་བསྡུས་པའི་ཀུན་འབྱུང་མཐའ་དག་སྤང་པར་བྱ་བ་ཡིན་ལ། དེ་དག་དྲི་མ་དང་བྲལ་བའི་འགོག་པ་དང་དེ་བཞིན་དུ་མྱ་ངན་ལས་འདས་པའི་བདེ་བ་ནི་མངོན་སུམ་དུ་རེག་ཅིང་ཐོབ་པར་བྱ་བ་ཡིན་ཞིང་། དེའི་ཐབས་སུ་ཟག་པ་མེད་པའི་ལམ་ལྔ་པོ་རིམ་གྱི་རྒྱུད་ལ་བསྟེན་པར་བྱ་བ་ཡིན་ནོ། །བཞི་པ་སྤྲུལ་པ་སྤྲོ་བའི་དཔེ་སྦྱར་ལ་བཞི། དཔེ་དོན་མདོར་བསྟན་པ། དེ་བཤད་པ། མཐོང་བའི་རྒྱུ་བསྟན་པ། སྤྲུལ་སྐུའི་མཛད་པ་བཅུ་གཉིས་བཤད་པའོ། །དང་པོ་ནི། ཇི་ལྟར་ནས། སྟོན་པར་མཛད། ཅེས་གསུངས་ཏེ། ཇི་ལྟར་ན། ཚངས་པ་ཆེན་པོ་ཉིད་ཚངས་པའི་གནས་ནས་འཕོས་པ་མེད་བཞིན་དུ་འདོད་ཁམས་ཀྱི་ལྷའི་གནས་ནི་ཐམས་ཅད་དུ་རང་འདྲ་བའི་སྤྲུལ་པའི་སྣང་བ་འབད་མེད་དུ་སྟོན་པ་ལྟར། དེ་བཞིན་ཏུ། ཐུབ་པ་སངས་རྒྱས་རྣམས་ཆོས་ཀྱི་སྐུ་ལས་བསྐྱོད་པ་མེད་པར་)༡༥༥
(འཇིག་རྟེན་གྱི་ཁམས་ཀུན་ཏུ་གདུལ་བྱ་སྐལ་ལྡན་རྣམས་ལ་འབད་པ་མེད་པར་སྤྲུལ་པའི་སྐུ་དག་ནི་སྟོན་པར་མཛད་དོ། །གཉིས་པ་ནི། ཇི་ལྟར་ནས། ཀུན་སེལ་བྱེད། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། ཚངས་པ་རྟག་པར་རང་གི་གཞལ་ཡས་ཁང་ནས་མི་གཡོ་བར་དེ་འདྲ་བའི་སྤྲུལ་པ་འདོད་ཁམས་གྱི་ལྷའི་ནང་དུ་ཞུགས་པ་དེ་འདོད་ལྷ་རྣམས་ཀྱིས་མཐོང་ཞིང་ཚངས་པར་མཐོང་བའི་འདོད་ལྷ་དེ་ཡང་ཡུལ་འདོད་ཡོན་ལ་དགའ་བ་སྤོང་བར་བྱེད་པ་ལྟར། དོན་དེ་བཞིན་ཏུ། བདེ་བར་གཤེགས་པ་རྣམས་ཆོས་ཀྱི་སྐུ་ལས་མི་བསྐྱོད་པར་འཇིག་རྟེན་གྱི་ཁམས་ཀུན་ཏུ་དེའི་གཟུགས་སྐུ་སྐལ་ལྡན་གྱིས་མཐོང་ཞིང་སྐུ་དེ་མཐོང་བ་དེ་ཡང་དུས་རྟག་ཏུ་གདུལ་བྱའི་དྲི་མ་ཀུན་སེལ་བར་བྱེད་དོ། །གསུམ་པ་ནི། སྔོན་གྱི་ནས། དེ་བཞིན་ནོ། །ཞེས་གསུངས་ཏེ། སྔོན་གྱི་དུས་སུ་ལྷ་རྣམས་ཀྱི་དོན་བྱེད་པར་ཚངས་པ་རང་ཉིད་ཀྱིས་སྨོན་ལམ་བཏབ་པའི་མཐུ་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་ནི་ཚངས་པ་མཐོང་བར་གྱུར་པའི་དགེ་བ་མཐུན་པར་བསགས་པའི་མཐུ་ལས་ཇི་ལྟར་ན་ཚངས་པ་ལ་འབད་རྩོལ་མེད་པར་འདོད་ཁམས་སུ་སྣང་བ་སྟོན་པ་ལྟར། རང་བྱུང་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡང་དེ་བཞིན་ཏུ་སངས་རྒྱས་ཉིད་ཀྱི་སྔོན་གྱི་སྨོན་ལམ་དང་། གདུལ་བྱ་སེམས་ཅན་རྣམས་ཀྱི་དགེ་བའི་མཐུ་ལས། ཆོས་ཀྱི་སྐུ་ལས་འབད་རྩོལ་མི་མངའ་བཞིན་ཏུ་འཇིག་རྟེན་དུ་རྣམ་འཕྲུལ་སྣ་ཚོགས་སྟོན་པ་ཡིན་ནོ། །བཞི་པ་ནི། འཕོ་དང་ནས། ལམ་མི་འགྱུར། ཞེས་གསུངས་ཏེ། སངས་རྒྱས་རྣམས་གདུལ་བྱ་དུས་ལ་བབས་པ་ན། དགའ་ལྡན་ནས་འཕོ་བ་དང་ཡུམ་གྱི་ལྷུམས་སུ་འཇུག་པ་དང་སྐུ་བལྟམས་པ་དང་ཡབ་ཀྱི་ཁབ་ཏུ་གཤེགས་ནས་བཟོ་གནས་ལ་མཁས་པར་མཛད་པ་དང་བཙུན་མོའི་འཁོར་གྱིས་དགྱེས་པར་རོལ་བ་དང་ཁྱིམ་དང་འདུ་འཛིས་དབེན་པར་རབ་ཏུ་འབྱུང་བ་དང་ལོ་དྲུག་ཏུ་དཀའ་བ་སྤྱད་པ་དང་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་བདུད་སྡེ་བཅོམ་པ་དང་བྱང་ཆུབ་ཆེན་པོ་བརྙེས་པ་དང་ཞི་བ་མྱང་འདས་ཀྱི་གྲོང་ཁྱེར་དུ་འགྲོ་བའི་ལམ་ )༡༥༦
(སྟོན་པའི་ཆོས་འཁོར་བསྐོར་བ་དང་བཅུ་གཅིག་པོ་དེ་དག་བསྟན་ནས་སངས་རྒྱས་མཐོང་བའི་སྐལ་མེད་རྣམས་ཀྱི་མིག་གི་ལམ་དུ་མི་འགྱུར་བ་མྱ་ངན་ལས་འདའ་བའི་ཚུལ་གྱི་མཛད་པ་བཅུ་གཉིས་པོ་རྣམས་སྟོན་པ་ཉིད་དོ། །ལྔ་པ་ཡེ་ཤེས་འཇུག་ཚུལ་གྱི་དཔེ་སྦྱར་ལ་དྲུག །ཡེ་ཤེས་འཇུག་མི་འཇུག་བསྟན་པ། དེ་འཇུག་པའི་བྱ་བ་བཤད་པ། ཡེ་ཤེས་སྤྲོས་བའི་ཚུལ། དུ་མར་འཇུག་ཚུལ། ཡེ་ཤེས་འཇུག་པའི་རིམ་པ། བྱེད་ལས་ཁྱད་པར་དུ་འཕགས་པའོ། །དང་པོ་ནི། ཇི་ལྟར་ནས། ཉི་དེ་བཞིན། ཅེས་གསུངས་ཏེ། ཇི་ལྟར་ན་ཉི་མའི་འོད་ཟེར་ནི་རབ་ཏུ་ཚ་བས་གདུངས་པའི་དུས་གཅིག་གི་ཚེ་ཉིད་ལ་མེ་ཏོག་པདྨའི་ཚོགས་རྣམས་རབ་ཏུ་རྒྱས་པར་འགྱུར་བ་དང་། མེ་ཏོག་ཀུ་མུ་ཏའི་ཚོགས་ནི་རབ་ཏུ་ཟུམ་པར་གྱུར་ན་ཡང་ཆུ་སྐྱེས་པདྨ་བྱེད་པར་བྱའོ། །སྙམ་པ་དང་། ཀུ་མུ་ཏ་ཟུམ་པར་བྱའོ་སྙམ་པའི་སྒོ་ནས་བྱེ་བའི་ཡོན་ཏན་དང་ཟུམ་པའི་སྐྱོན་དག་ལ་ཉི་མའི་དཀྱིལ་འཁོར་རྣམ་པར་རྟོག་པ་མེད་པར་འཇུག་པ་ལྟར་འདིར་ཡང་འཕགས་པ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་ཉི་མས་ཀྱང་དེ་བཞིན་དུ་དམ་པའི་ཆོས་ཀྱི་འོད་ཟེར་གྱིས་གདུང་བའི་དུས་གཅིག་གི་ཚེ་ཉིད་ལ་གདུལ་བྱའི་བློ་གྲོས་ཀྱི་པདྨ་རབ་ཏུ་རྒྱས་པ་དང་། གདུལ་བྱ་མ་ཡིན་པའི་ཡིད་ཀྱི་ཀུ་མུ་ཏ་རབ་ཏུ་ཟུམ་པར་གྱུར་ཀྱང་། སངས་རྒྱས་ནི་དེ་དག་གི་ཕན་གནོད་ལ་རྣམ་པར་རྟོག་པ་མེད་པས་རབ་ཏུ་འཇུག་གོ །གཉིས་པ་ནི། ཇི་ལྟར་ནས། མེད་པར་འཇུག །ཅེས་གསུངས་ཏེ། དཔེ་ཇི་ལྟར་ན་ཉི་མའི་དཀྱིལ་འཁོར་ལ་རྣམ་པར་རྟོག་པ་མེད་བཞིན་ཏུ་རང་གི་འོད་ཟེར་མཐའ་ཡས་པ་དུས་གཅིག་ཅར་དུ་སྤྲོས་པ་ཡིས་མེ་ཏོག་པདྨའི་ཚོགས་རྣམས་ཁ་བྱེ་ཞིང་རབ་ཏུ་རྒྱས་པར་བྱེད་པ་དང་། གཞན་ལོ་ཐོག་ཕུན་སུམ་ཚོགས་པའི་ཁྱད་པར་དག་རབ་ཏུ་སྨིན་པར་བྱེད་པ་ལྟར། དོན་དེ་བཞིན་ཏུ་དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་ཀྱི་ཉི་མའི་དཀྱིལ་འཁོར་ཡང་དམ་པའི་ཆོས་ཀྱི་འོད་ཟེར་མཐའ་ཡས་པ་དག་གཅིག་ཅར་སྤྲོས་པས་གདུལ་བྱའི་སྐྱེ་བོའི་པདྨོའི་ཚོགས་ལ་ཡོན་ཏན་གྱི་འདབ་མ་རབ་ཏུ་རྒྱས་པར་མཛད་ཅིང་། དགེ་བའི་ལོ་ཐོག་)༡༥༧
(སྨིན་པར་མཛད་ཀྱང་དེ་དག་ལ་རྣམ་པར་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་གོ །གསུམ་པ་ནི། ཆོས་དང་ནས། སྤྲོ་བར་མཛད། ཅེས་གསུངས་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་ནམ་མཁའི་དབྱིངས་སུ་ཤར་བའི་འོད་ཟེར་གྱིས་འཇིག་རྟེན་གྱི་མུན་པ་སེལ་བར་བྱེད་པ་བཞིན་དུ། རང་དོན་དོན་དམ་ཆོས་ཀྱི་སྐུ་དང་། གཞན་དོན་ཐ་སྙད་གཟུགས་ཀྱི་སྐུ་གཉིས་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དག་གིས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་སྙིང་པོ་མངོན་སུམ་དུ་གྱུར་པའི་ནམ་མཁར་ཤར་བའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཉི་མ་ཡང་། གདུལ་བྱ་མ་ལུས་པའི་འགྲོ་བར་ནི་མཁྱེན་པའི་ཡེ་ཤེས་ཀྱིས་དམ་པའི་ཆོས་ཀྱི་འོད་ཟེར་སྣ་ཚོགས་སྤྲོ་བས་མི་ཤེས་པའི་མུན་པ་སེལ་བར་མཛད་དོ། །བཞི་པ་ནི། གང་ཕྱིར་ནས། ཅིག་ཆར་འཆར། ཅེས་གསུངས་ཏེ། དཔེར་ན་ཆུ་དྭངས་བས་གང་བའི་སྣོད་མང་པོར་ཉི་མའི་གཟུགས་བརྙན་དུས་ཅིག་ཅར་དུ་འཆར་བ་ལྟར། གང་གི་ཕྱིར་གདུལ་བྱ་མཐའ་ཡས་པའི་རྒྱུད་ཉོན་མོངས་པ་ལ་སོགས་པའི་དྲི་མས་ཡོངས་སུ་དག་པ་དེའི་ཕྱིར་ཆུ་དྭངས་བས་གང་བའི་སྣོད་དང་འདྲ་བར་ནི་ཐམས་ཅད་ལ་བདེ་བར་གཤེགས་པའི་གཟུགས་ཀྱི་སྐུ་ནི་ཉི་མའི་གཟུགས་བརྙན་དང་འདྲ་བ་ནི། དཔག་ཏུ་མེད་པ་དུས་ཅིག་ཅར་དུ་འཆར་བས་གཞན་དོན་ཕུན་སུམ་ཚོགས་པ་མཛད་དོ། །ལྔ་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྟག་ཏུ་ནས། འོས་པར་འབབས། ཞེས་གསུངས་ཏེ། དུས་རྟག་ཏུ་ཆོས་ཅན་ཐམས་ཅད་ལ་རྣམ་པར་དབྱེར་མེད་པར་ཁྱབ་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ནམ་མཁའི་དཀྱིལ་དང་འདྲ་བ་ཉིད་དུ་ནི་རྫོགས་པའི་སངས་རྒྱས་ཉི་མ་ཆེན་པོ་དང་འདྲ་བ་རྣམས་ཤར་ནས་གདུལ་བྱའི་སྐྱེ་བོ་རི་དང་འདྲ་བ་རྣམས་ལ་ཇི་ལྟར་འོས་ཤིང་་སྐལ་པ་དང་འཚམས་པར་རིམ་གྱིས་འབབ་ཅིང་འཆར་བ་ཉིད་དོ། །གཉིས་པ་ནི། ཇི་ལྟར་ནས། རིམ་གྱིས་འབབས། ཞེས་གསུངས་ཏེ། ཇི་ལྟར་ན་རྒྱ་ཆེན་པོའི་འོད་ཟེར་སྟོང་ཕྲག་དུ་མ་དང་ལྡན་པའི་ཉི་མ་ནམ་མཁའི་དབྱིངས་སུ་ཤར་བ་འདི་ནི་གླིང་བཞི་པའི་འཇིག་རྟེན་རྣམས་འོད་ཟེར་གྱིས་ཀུན་ཏུ་སྣང་བར་བྱས་ནས་རིམ་)༡༥༨
(གྱིས་ནི་དང་པོ་མཆོག་ཏུ་མཐོན་པོའི་རིལ་འབབ་པ་དང་། དེ་ནས་བར་མའི་རི་ལ་འབབ་པ་དང་། མཐར་དམན་པའི་རི་ལ་འབབ་ཅིང་འཆར་བ་དེ་བཞིན་དུ། ཡེ་ཤེས་ཀྱི་འོད་ཟེར་རྒྱ་ཆེན་པོ་དང་ལྡན་པའི་རྒྱལ་བ་ཐམས་ཅད་མཁྱེན་པའི་ཉི་མ་ཆོས་ཀྱི་དབྱིངས་ནམ་མཁའ་དཀྱིལ་འཁོར་དུ་འཆར་བ་འདི་ཡང་གདུལ་བྱ་སེམས་ཅན་གྱི་ཚོགས་ལ་རིམ་གྱིས་འབབ་སྟེ། དང་པོར་སྐལ་པ་མཆོག་ཏུ་གྱུར་པ་རྣམས་ལ་སྣང་ཞིང་། དེ་ནས་སྐལ་པ་བར་མར་གྱུར་པ་རྣམས་ལ་སྣང་ལ། མཐར་སྐལ་པ་དམན་པ་རྣམས་ལ་སྣང་བས་ཡོངས་སུ་སྨིན་པར་མཛད་དོ། །དྲུག་པ་ལ་གཉིས། དཔེ་ལས་འདས་པར་བསྟན་པ་དང་། བྱེད་ལས་ཀྱི་ཁྱད་པར་དངོས་སོ། །དང་པོ་ནི། ཞིང་ཀུན་ནས། དོན་སྟོན་མཛད། ཅེས་གསུངས་ཏེ། ཕྱོགས་བཅུའི་ཞིང་ཀུན་གྱི་ནམ་མཁའི་མཐིལ་ཁྱབ་པའི་འོད་ཟེར་སྤྲོ་བའི་ནུས་པ་ཉི་མ་ལ་མེད་ལ། མི་ཤེས་པའི་མུན་པས་བློ་མིག་བཀབ་པའི་འགྲོ་བ་ལ་ཤེས་བྱའི་དོན་སྟོན་པ་ཡང་ཉི་མ་ལ་ཡོད་པ་མིན་པའི་ཕྱིར། ཐུགས་རྗེ་ཆེན་པོའི་བདག་ཉིད་རྫོགས་པའི་སངས་རྒྱས་ཐེག་པ་གསུམ་གྱི་དམ་ཆོས་སྣ་ཚོགས་སྟོན་པའི་མདོག་བཀྱེ་བའི་འོད་ཀྱིས་ཕྱོགས་བཅུར་གསལ་བ་དག་ནི་འགྲོ་བ་རྣམས་ལ་ཤེས་བྱའི་དོན་སྟོན་པར་མཛད་པ་རྒྱལ་བའི་ཉི་མའི་ཐུགས་རྗེའི་འོད་ཟེར་ནི་ཉི་མ་དང་དཔེ་དོན་ཏུ་སྦྱར་ཡང་དཔེ་དེ་ལས་ཤིན་ཏུ་འདས་པའོ། །གཉིས་པ་ནི། སངས་རྒྱས་ནས། གནས་མཐོང་འགྱུར། ཅེས་གསུངས་ཏེ། སངས་རྒྱས་གདུལ་བྱའི་གྲོང་དུ་གཤེགས་པའི་ཚེ་མིག་དང་མི་ལྡན་པའི་སྐྱེ་བོ་ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་འོན་པས་སྒྲ་ཐོས་པ་སོགས་མཐོ་རིས་ཀྱི་ཉེར་འཚེ་སེལ་བ་དང་། དོན་བདེ་བ་མེད་པའི་ངན་སོང་རྣམས་སྡུག་བསྔལ་གྱི་ཚོགས་དང་བྲལ་ནས་བདེ་བའི་དོན་དེ་མཐོང་བ་བདེ་འགྲོ་ལ་བཀོད་པ་ལས་ནི་བདེ་བ་མྱོང་བ་དང་། བདེ་འགྲོ་མཐོ་རིས་ཀྱི་ཡོན་ཏན་དང་ལྡན་ཡང་གཏི་མུག་གིས་ལྡོངས་ཤིང་སྲིད་པའི་མཚོར་ལྷུང་ནས་ལྟ་བ་ངན་པའི་མུན་པས་བསྒྲིབས་པ་རྣམས་ལ་སངས་རྒྱས་ཀྱི་ཐུགས་རྗེ་ཉི་མའི་འོད་ཀྱིས་བློ་གྲོས་སྣང་བར་བྱས་ནས་སྲིད་མཚོ་ལས་བཏོན་ཏེ་གཏི་མུག་གི་མུན་པ་བསལ་ནས་སྔར་མ་མཐོང་བའི་གནས་)༡༥༩
(ལུགས་དེ་ཁོ་ན་ཉིད་མཐོང་བར་འགྱུར་བས་ན། བྱེད་ལས་ཀྱི་སྒོ་ནས་ཀྱང་ཁྱད་པར་དུ་འཕགས་པའོ། །དྲུག་པ་ཐུགས་ཀྱི་གསང་བའི་དཔེ་སྦྱར་བ་ལ་གསུམ། རྟོག་མེད་འདོད་རྒུ་སྒྲུབ་ཚུལ། འབད་མེད་རྟག་ཏུ་བཞུགས་ཚུལ། རྙེད་པར་དཀའ་བས་མཚུངས་པར་བསྟེན་པའོ། །དང་པོ་ནི། ཇི་ལྟར་ནས། རྣམ་མི་རྟོག །ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་འདི་ལ་སྦྱིན་པར་བྱའོ་སྙམ་པའི་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཀྱང་དུས་གཅིག་ཅར་དུ་ཉེ་འཁོར་གྱི་སྤྱོད་ཡུལ་ན་གནས་ཤིང་གསོལ་བ་འདེབས་པའི་སྐྱེས་བུའི་བསམ་པ་ཐ་དད་པ་རྣམས་ཀྱི་ནི་ཟས་དང་གོས་དང་འབྲུ་དང་སྨན་དང་གནས་ལ་སོགས་པ་གང་དང་ཅི་འདོད་པའི་བསམ་པ་མ་ལུས་པ་ཀུན་སོ་སོར་མ་འདྲེས་པར་ཡོངས་སུ་རྫོགས་པར་བྱེད་པ་ལྟར། དོན་དེ་བཞིན་ཏུ་རྫོགས་པའི་སངས་རྒྱས་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བརྟེན་ནས་ཀྱང་རིགས་ཅན་གསུམ་ལ་སོགས་པ་མོས་པའི་བསམ་པ་ཐ་དད་པའི་གདུལ་བྱ་དཔག་ཏུ་མེད་པ་རྣམས་ཀྱིས་རང་རང་གི་སྐལ་པ་དང་མཐུན་པར་ཐེག་པ་གསུམ་ལ་སོགས་པ་སྣ་ཚོགས་པའི་ཆོས་ནི་ཐོས་པར་འགྱུར་ཞིང་དེ་དག་གི་དོན་རྣམས་ཡོངས་སུ་རྫོགས་པར་མཛད་ན་ཡང་སངས་རྒྱས་དེའི་ཆོས་སྟོན་པའི་སྐབས་དེ་ལ་འདི་བསྟན་པར་བྱའོ་སྙམ་པའི་བསམ་པ་ཅུང་ཟད་ཀྱང་རྣམ་པར་མི་རྟོག་པ་ཉིད་དོ། །གཉིས་པ་ནི། ཇི་ལྟར་ནས། རྟག་ཏུ་བཞུགས། ཞེས་གསུངས་ཏེ། ཇི་ལྟར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཀུན་སློང་གི་རྣམ་པར་རྟོག་པ་མེད་བཞིན་དུ་གང་ལ་གང་འདོད་པའི་ནོར་རྫས་རྣམས་འབད་པ་དང་རྩོལ་བ་མེད་པར་གསོལ་བ་འདེབས་པའི་སྐྱེ་བོ་གཞན་པ་དག་ལ་རབ་ཏུ་སྟེར་བ་ལྟར། དེ་བཞིན་དུ་ཐུབ་པའི་དབང་པོ་སངས་རྒྱས་རྣམས་ཀྱིས་རྣམ་པར་རྟོག་པ་ལ་སོགས་པའི་འབད་པ་དང་རྩོལ་བ་མེད་པར་རང་རང་ལ་ཇི་ལྟར་འོས་ཤིང་འཚམས་པར་ནི་ཆོས་སྟོན་པ་ལ་སོགས་པ་གདུལ་བྱ་གཞན་གྱི་དོན་མཐའ་དག་སྒྲུབ་པའི་ཆེད་དུ་སྲིད་པ་འཁོར་བ་མཐའ་མེད་པ་འདི་ཇི་སྲིད་དུ་གནས་ཀྱི་བར་དུ་རྒྱུན་མི་འཆད་པར་རྟག་ཏུ་བཞུགས་པ་ཡིན་ནོ། །གསུམ་པ་ནི། གང་ཕྱིར་ནས། ཤེས་པར་བྱ། ཞེས་གསུངས་ཏེ། གང་གི་ཕྱིར་རྒྱ་མཚོ་ཆེན་པོའི་ནང་དུ་ཆུད་ཅིང་ས་)༡༦༠
(ཆེན་པོའི་འོག་ན་གནས་པ་དེའི་ཕྱིར་དངོས་པོ་དེ་ལ་དོན་དུ་གཉེར་ཞིང་འདོད་པ་རྣམས་ཀྱིས་ཇི་ལྟར་ན་དགོས་འདོད་ཐམས་ཅད་སྒྲུབ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཟང་པོ་བསོད་ནམས་དམན་པའི་འགྲོ་བ་འདིས་རབ་ཏུ་རྙེས་པར་དཀའ་བ་དེ་བཞིན་ཏུ་འཁོར་བར་གནས་པའི་འགྲོ་བ་མཐའ་ཡས་པ་ཀུན་ཀྱང་སྐལ་པ་ཤིན་ཏུ་ངན་ཞིང་སྣ་ཚོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་ཟིན་པའི་ཕྱིར། རང་རང་གི་ཡིད་དྲི་མ་དང་བཅས་པ་འདིར་བདེ་བར་གཤེགས་པའི་སྐུ་གཉིས་ཀྱི་སྣང་བ་མཐོང་བ་ནི་མཆོག་ཏུ་རྙེད་པར་དཀའ་བར་ཤེས་པར་བྱའོ། །བདུན་པ་གསུང་གི་གསང་བའི་དཔེ་སྦྱར་ནི། ཇི་ལྟར་སྒྲ་བརྙན་ནས། གཉན་མ་ཡིན། ཅེས་གསུངས་ཏེ། ཇི་ལྟར་ན་བྲག་ཆ་ལ་སོགས་པ་སྒྲ་བརྙན་གྱི་ནི་སྒྲ་སྣ་ཚོགས་སུ་སྣང་བ་དེ་རྐྱེན་གྱི་དབང་གིས་གཞན་ཉན་པ་པོ་རྣམས་ཀྱི་རང་རང་གི་བརྗོད་པ་དང་མཐུན་པར་རྣམ་པ་རིག་པ་ཙམ་ལས་བྱུང་ཞིང་སྣང་བ་ཡིན་གྱི། བྲག་ལ་སོགས་པ་ལ་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཅིང་འདི་ལ་འདི་བརྗོད་པར་བྱའོ་སྙམ་པའི་བཟོའམ་འབད་ཙོལ་ཡང་མེད་པས། སྒྲ་རང་གི་ངོ་བོ་ཡང་བྲག་ལ་སོགས་པའི་ཕྱི་རོལ་དང་ནང་ནའང་མི་གནས་པ་ལྟར། དེ་བཞིན་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་དམ་པའི་ཆོས་གསུང་པའི་སྒྲ་སྣ་ཚོགས་སུ་སྣང་བ་ཡང་གདུལ་བྱའི་དབང་གིས་གཞན་ཉན་པ་པོ་རྣམས་ཀྱི་རང་རང་གི་བསམ་པ་དང་མཐུན་པར་རྣམ་པར་རིག་པ་ཙམ་ལས་བྱུང་ཞིང་སྣང་བ་ཡིན་གྱི། སངས་རྒྱས་ལ་ནི་ཀུན་སློང་གི་རྣམ་པར་རྟོག་པ་གང་ཡང་མེད་ཅིང་འདི་ལ་འདི་སྟོན་པར་བྱའོ་སྙམ་པའི་བཟོའམ་འབད་རྩོལ་གང་ཡང་མེད་ལ། སྒྲ་རང་གི་ངོ་བོ་ཡང་སངས་རྒྱས་ཀྱི་སྐུའི་ཕྱིར་རོལ་དང་ནང་ནའང་གནས་པ་མ་ཡིན་ནོ། །བརྒྱད་པ་སྐུའི་གསང་བའི་དཔེ་སྦྱར་ནི། ཅུང་ཟད་ནས། དེ་ལྟར་མིན། །ཅེས་གསུངས་ཏེ། དཔེར་ན། དངོས་པོར་ཅུང་ཟད་གྲུབ་པ་མེད་ཅིང་དབང་ཤེས་ལ་སྣང་བ་མེད་པ་དང་། དེ་དག་གི་དམིགས་ཡུལ་དུ་གྲུབ་པ་མེད་ཅིང་བརྟེན་པའི་གཞི་ཡང་མེད་ལ་ཁྱད་པར་མིག་གི་དབང་པོའི་ལམ་ལས་ཀྱང་རབ་ཏུ་འདས་པ་དང་། ཐོགས་བཅས་ཀྱི་གཟུགས་སུ་གྲུབ་པ་མེད་ཅིང་། གཞན་གྱི་མིག་ཡུལ་དུ་འདི་འོ་ཞེས་བསྟན་དུ་མེད་པའི་མཚན་ཉིད་ཅན་གྱི་འདུས་མ་)༡༦༡
(བྱས་ནམ་མཁའ་ལ་ནི་ཇི་ལྟར་ན་འགའ་ཞིག་གིས་དབུས་ཀྱི་ཆར་སྣང་བ་རྣམས་མཐོ་བ་དང་། མཐའི་ཆར་སྣང་བ་རྣམས་དམའ་བ་དང་། དབྱིབས་དང་ཁ་དོག་སྣ་ཚོགས་སུ་མཐོང་ཡང་དོན་དམ་པར་ནམ་མཁའ་དེ་ནི་སྣ་ཚོགས་སུ་སྣང་བ་དེ་ལྟར་བདེན་པར་ཡོད་པ་མིན་ནོ། །དོན་དེ་བཞིན་ཏུ། གདུལ་བྱའི་བསམ་པའི་དབང་གིས་མཛད་པ་བཅུ་གཉིས་སྟོན་པ་སོགས་རྣམ་འཕྲུལ་མཐའ་ཡས་པ་ཐམས་ཅད་སངས་རྒྱས་ལ་ཡོད་པར་མཐོང་ཡང་དོན་དམ་པའི་སངས་རྒྱས་དེ་ནི་སྐྱེ་འགག་ལ་སོགས་པ་སྣ་ཚོགས་སུ་སྣང་བ་དེ་ལྟར་དོན་ལ་བདེན་པ་ཡོད་པ་མིན་ཏེ། འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དགུ་པ་ཐུགས་རྗེའི་འཇུག་ཚུལ་གྱི་དཔེ་སྦྱར་བ་ནི། ཇི་ལྟར་ས་ལས་ནས། འཕེལ་བར་འགྱུར། ཅེས་གསུངས་ཏེ། ཇི་ལྟར་ན། ས་ཆེན་པོ་འདི་ལས་སྐྱེ་བའི་རྩི་ཤིང་དང་ནགས་ཚལ་མེ་ཏོག་ལ་སོགས་པ་ཀུན་འདི་དག་བསྐྱེད་པར་བྱའོ་སྙམ་པའི་རྣམ་ཏོག་དང་འབད་རྩོལ་མེད་པའི་ས་གཞི་ལ་བརྟེན་ནས་ནི་སྔར་མེད་པར་གསར་དུ་འཕེལ་བར་འགྱུར་བ་དང་། སྔར་ཡོད་པ་རྩ་བ་བརྟན་པར་འགྱུར་བ་དང་། ཐམས་ཅད་ཀྱང་གོང་ནས་གོང་དུ་ཡངས་ཤིང་རྒྱས་པར་འགྱུར་བས་སེམས་ཅན་གྱི་ཉེར་འཚོ་བྱེད་པ་ལྟར། དེ་བཞིན་ཏུ་རྒྱལ་བ་རྫོགས་པའི་སངས་རྒྱས་ས་ཆེན་པོ་དང་འདྲ་བར་འདི་དག་གི་དོན་བྱའོ་སྙམ་པའི་རྣམ་པར་རྟོག་པ་དང་འབད་རྩོལ་མེད་པ་ལ་བརྟེན་ནས་ཀྱང་གདུལ་བྱའི་འགྲོ་བ་དཔག་ཏུ་མེད་པའི་ཚོགས་གཉིས་ཀྱི་དགེ་བའི་རྩ་བའི་ལོ་ཐོག་རྣམས་ཐམས་ཅད་མ་ལུས་པར་ནི་འཕེལ་བ་དང་བརྟན་པ་དང་ཡངས་པར་འགྱུར་བས་སེམས་ཅན་མཐའ་དག་གི་ཉེར་འཚོ་མཛད་པ་ཉིད་དོ། །གཉིས་པ་དགོངས་པ་བརྗོད་དེ་སྐབས་དོན་བསྡུ་བ་ལ་གཉིས་ཏེ། དགོས་པ་དང་དཔེ་དོན་གྱི་དབྱེ་བ་དང་། དཔེས་མཚོན་ཚུལ་ཁྱད་པར་དུ་བཤད་པའོ། །དང་པོ་ལ་བཞི། དགོས་པ་དང་ཉིང་དགོས་འགྲུབ་ཚུལ། དཔེ་དོན་བསྡུས་ཏེ་བསྟན་པ། དཔེ་གསུམ་དུ་སྦྱར་བ། སྐབས་ཀྱི་དོན་ལ་འབད་རྩོལ་མེད་ཚུལ་ལོ། །དང་པོ་ནི། འབད་རྩོལ་ནས། འཇུག་པར་འགྱུར། ཅེས་གསུངས་ཏེ། ཕལ་པ་རྣམས་ཀྱི་བློའི་ཡུལ་དུ་འབད་པ་དང་རྩོལ་བ་ཅུང་ཟད་ཀྱང་མེད་པར་བྱ་བ་འགའ་ཞིག་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་བྱེད་པ་ནམ་ཡང་མཐོང་བ་མེད་པ་དེ་བས་ན། གདུལ་བྱ་རྣམས་ཀྱི་བསམ་པ་ལ་སངས་རྒྱས་)༡༦༢
(ཀྱི་ཕྲིན་ལས་འབད་རྩོལ་མེད་པ་ཉིད་ཡིན་ན་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་བྱེད་པ་འགལ་ལོ་སྙམ་པའི་ཐེ་ཚོམ་སྐྱེ་བས། ཉོན་མོངས་ཐེ་ཚོམ་དེ་དག་བཅད་ཅིང་སྤང་བར་བྱ་བའི་ཕྱིར་དུ་བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པའི་དཔེ་རྣམ་པ་དགུ་ཡིས་ནི་འབད་རྩོལ་མེད་ཀྱང་བྱ་བ་བྱེད་པའི་ཚུལ་དེ་གསལ་བར་བསྟན་པ་ཡིན་ལ་དེ་ཡང་གསུང་རབ་གང་དུ་སངས་རྒྱས་ཀྱི་ཕྲིན་ལས་མཚོན་པར་བྱེད་པའི་དཔེ་རྣམ་པ་དགུ་པོ་འདི་དག་རྒྱས་པར་རྒྱུ་མཚན་དང་བཅས་པས་གསལ་བར་རབ་ཏུ་བསྟན་པར་གྱུར་པ་མདོ་སྡེ་ཡི་ནི་མིང་། སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་ཞེས་པ་དེ་ཉིད་ཀྱིས་དཔེས་བཤད་པ་དེའི་དགོས་པ་ཉིང་དགོས་འགྲུབ་པའི་ཚུལ་ཡང་ལེགས་པར་བསྟན་པ་ཉིད་ཡིན་ཏེ། གསུང་རབ་དེ་ལྟ་བུ་དང་དགོངས་འགྲེལ་འདི་ལྟ་བུ་ཐོས་པ་ལས་བྱུང་བའི་ཤེས་རབ་རྣམ་པར་དག་པའི་སྣང་བ་རྒྱ་ཆེན་པོ་འདིས་རྣམ་པར་བརྒྱན་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྲིན་ལས་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པའི་ཚུལ་ཀུན་ལ་དང་པོར་རྟོག་པའི་སྒོ་ནས་འཇུག་ཅིང་། མཐར་སྒྲུབ་པའི་ཚུལ་གྱིས་ཀྱང་འཇུག་པར་འགྱུར་བའི་ཕྱིར་རོ། །ཞེས་པ་སྟེ། དེ་ལྟར་དངོས་སུ་ཕྲིན་ལས་ལ་ཐེ་ཚོམ་ཆོད་པ་ནི་ཉེ་བའི་དགོས་པ་ཡིན་ལ། བརྒྱུད་ནས་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་འཇུག་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །གཉིས་པ་ནི། དེ་དོན་ནས། ཐོབ་པ་ཉིད། ཅེས་གསུངས་ཏེ། འབད་རྩོལ་མེད་པའི་བྱ་བ་བྱེད་པ་དེའི་དོན་མཚན་པར་བྱེད་པའི་ཆེད་དུ་བཻ་ཌཱུརྻའི་ས་གཞི་དག་པ་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པའི་དཔེ་དག་ནི་རྣམ་པ་ལ་དགུ་གོང་དུ་རྒྱས་པར་བརྗོད་པ་དེ་ལ་ནི་དཔེས་མཚོན་པར་བྱ་བ་དེ་ཡི་མདོར་བསྡུས་པའི་དོན་ངེས་པར་གཟུང་ཞིང་སྟོན་པ་འདི་ལྟ་སྟེ། བརྒྱ་བྱིན་གྱི་དཔེས་སྐུའི་རྣམ་འཕྲུལ་སྟོན་པ། རྔ་བོ་ཆེས་གསུང་དམ་ཆོས་བརྗོད་པ། སྤྲིན་གྱི་ཐུགས་མཁྱེན་བརྩེས་ཁྱབ་པ། ཚངས་པས་སྐུ་དང་གསུང་གི་སྤྲུལ་པ། ཉི་མས་ཐུགས་ཡེ་ཤེས་ཀྱི་འོད་ཟེར། ནོར་བུས་ཐུགས་དང་། སྒྲ་བརྙན་གྱིས་གསུང་དང་། ནམ་མཁས་སྐུའི་གསང་བ་གསུམ་དང་། ས་གཞིའི་དཔེས་ཡོན་ཏན་ཐམས་ཅད་ཀྱི་རྟེན་གནས་ཡོངས་སུ་གྱུར་)༡༦༣
(པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཐོབ་པ་ལ་འགྲོ་བ་མཐའ་དག་གི་ཉེར་འཚོ་མཛད་པ་ཉིད་བསྟན་པ་ཡིན་ནོ། །གསུམ་པ་ནི། འབད་རྩོལ་ནས། གཟུགས་སོགས་ཡིན། །ཅེས་གསུངས་ཏེ། རྫོགས་པའི་སངས་རྒྱས་རྣམས་ནི་གཞན་གྱི་དོན་སྒྲུབ་པ་ན་དམིགས་པ་དང་བཅས་པའི་འབད་རྩོལ་གྱི་རྒྱུན་མ་ལུས་པ་ཀུན་རབ་ཏུ་ཞི་བའི་སྒོ་ནས་འཇུག་པ་ཡིན་ཏེ། རྣམ་པར་རྟོག་པ་ཐམས་ཅད་མེད་ཅིང་སྤངས་པའི་ཐུགས་རྗེས་རང་བཞིན་གྱིས་འོད་གསལ་བ་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །དཔེར་ན་མིའི་འཇིག་རྟེན་དྲི་མ་མེད་པའི་བཻ་ཌཱུརྻའི་ས་གཞིར་གྱུར་པ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པ་རྣམས་འབད་རྩོལ་མེད་ཀྱང་བྱ་བ་བྱེད་པ་ཇི་ལྟ་བ་བཞིན་ནོ། །དེ་ལ་དམིགས་པ་དང་བཅས་པའི་འབད་རྩོལ་གྱི་རྒྱུན་ཀུན་རབ་ཏུ་ཞི་བ་ཡིན་ཏེ། ཞེས་པ་ནི་དམ་བཅའ་བའི་དོན་བསྟན་པ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་ཐུགས་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ཞེས་པ་ནི་དེ་སྒྲུབ་པར་བྱེད་པའི་གཏན་ཚིགས་སོ། །དེ་ལྟར་ན་འབད་རྩོལ་གང་ཡང་མེད་ཀྱང་གཞན་དོན་ལྷུན་གྱིས་གྲུབ་པའི་རང་བཞིན་གྱི་དོན་དེ་ནི་གདུལ་བྱའི་བློའི་ཡུལ་དུ་འགྲུབ་པར་བྱ་བའི་དོན་དུ་མཚོན་པར་བྱེད་པའི་དཔེ་ནི་བརྒྱ་བྱིན་གྱི་གཟུགས་བརྙན་དང་། རྔ་བོ་ཆེའི་སྒྲ་སྐད་ལ་སོགས་པས་སྔར་བསྟན་པ་རྣམས་ཡིན་ནོ། །བཞི་པ་ནི། འདིར་ནི་ནས། རབ་འཇུག་པའོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་ཕྲིན་ལས་མཛད་པའི་སྐབས་འདིར་ནི། དཔེ་རྣམས་ཀྱིས་མཚོན་པར་བྱ་བའི་སྐབས་ཀྱི་དོན་འདི་ཡིན་ཏེ། རྣམ་འཕྲུལ་སྟོན་པ་དང་གདམས་ངག་གསུང་པ་ལ་སོགས་པའི་དོན་རྣམ་པ་དགུ་སྔར་བཤད་པས་ནི་སྟོན་པ་རྫོགས་པའི་སངས་རྒྱས་རྣམས་སྐྱེ་བ་དང་། འཆི་བ་ལ་སོགས་པ་འདུས་བྱས་ཀྱི་ཆོས་རྣམས་དང་བྲལ་ལ་རྣམ་པར་རྟོག་པ་མེད་ཅིང་འདི་དང་འདི་བྱའོ་སྙམ་པའི་འབད་པ་དང་རྩོལ་བ་མེད་པར་ཡང་གདུལ་བྱ་རྣམས་ལ་ཕྲིན་ལས་འགྲུབ་པའི་ཚུལ་གྱིས་རབ་ཏུ་འཇུག་པར་སྟོན་པའོ། །གཉིས་པ་དཔེས་ཚུལ་ཁྱད་པར་དུ་བཤད་པ་ལ་གཉིས་དཔེའི་དབྱེ་བ། དེ་དོན་དང་སྦྱར་ཏེ་བཤད་པའོ། །དང་པོ་ནི། གང་ཞིག་ནས། རྣལ་འབྱོར་རིག །ཅེས་གསུངས་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་)༡༦༤
(འཆད་པ་གང་ཞིག་ཉེ་བར་མཚོན་པར་བྱེད་པའི་དཔེ་ནི་རྣམ་པ་དགུར་བསྟན་ཏེ། བརྒྱ་བྱིན་གྱི་གཟུགས་བརྙན་དང་། ལྷའི་རྔ་བོ་ཆེའི་སྒྲ་དང་། སྤྲིན་གྱིས་ནམ་མཁར་ཁྱབ་པ་བཞིན་དང་། ཚངས་པའི་སྤྲུལ་པ་དང་། ཉི་མི་འོད་ཟེར། རིན་ཆེན་མཆོག་ཏུ་གྱུར་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་བཞིན་དང་། བྲག་ཆ་སོགས་ཀྱི་སྒྲ་བརྙན་དང་། འབྱུང་བ་ཆེན་པོ་ནམ་མཁའ་དང་། ཀུན་གྱིས་རྟེན་གྱུར་ས་གཞི་བཞིན་ཏུ། འཁོར་བ་མཐའ་མེད་པའི་སྲིད་པ་འདི་ཇི་སྲིད་གནས་པའི་བར་དུ་རྒྱུན་མི་འཆད་ཅིང་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་སྒོ་ནས་གཞན་གྱི་དོན་མཛད་པའི་ཕྲིན་ལས་ཀྱི་ཚུལ་དེ་ནི་རྣལ་འབྱོར་པ་མཆོག་ཏུ་གྱུར་པ་རྣམས་ཀྱིས་རིག་གི །ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ཉིད་དོ། །གཉིས་པ་ནི། རིན་ཆེན་ནས། ས་ཡིན་ནོ། །ཞེས་གསུངས་ཏེ། རྫོགས་པའི་སངས་རྒྱས་རྣམས་གཞན་དོན་མཛད་པ་ནི་དཔེར་ན་མིའི་འཇིག་རྟེན་རིན་ཆེན་གྱི་བཻ་ཌཱུརྻ་ས་གཞིར་གྱུར་པ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་བརྙན་སྣང་བ་ཇི་ལྟ་བ་བཞིན་ཏུ་ཆོས་ཀྱི་སྐུ་ལས་མ་གཡོས་པར་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ལ་གཟུགས་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་སྟེ། སྐུའི་སྣང་བ་དང་། དེ་བཞིན་དུ་སེམས་མཉམ་པར་མ་བཞག་པ་རྣམས་མཉམ་པར་བཞག་པ་དང་། མཉམ་པར་བཞག་པ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཆེད་དུ། གསུང་གི་གདམས་པ་དང་རྗེས་སུ་བསྟན་པ་ལེགས་པར་འདོམས་པར་མཛད་པའི་ཚུལ་ནི་ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པ་དང་འདྲ་བ་དང་། ཐུགས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་སངས་རྒྱས་རྣམས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་། འཁོར་བ་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་བརྩེ་བ་ཆེན་པོས་ཐམས་ཅད་ལ་ཁྱབ་པའི་སྤྲིན་གྱི་ཚོགས་དང་འདྲ་བ་ནི་གདུལ་བྱ་མཐའ་ཡས་པའི་འགྲོ་བ་རྣམས་ལ་སྲིད་པའི་རྩེ་མོའི་བར་དུའང་ཁྱབ་པར་འཇུག་པ་དང་། ཚངས་པ་གཟུགས་ཁམས་ལས་མ་གཡོས་པར་འདོད་ཁམས་སུ་སྟོན་པ་ཇི་ལྟ་བ་བཞིན་ཏུ། ཟག་པ་མེད་པའི་གནས་ཆོས་ཀྱི་དབྱིངས་ལས་ཅུང་ཟད་ཀྱང་མི་བསྐྱོད་པར་རང་གི་མོས་པ་དང་མཐུན་པར་སྐུ་དང་གསུང་གི་སྤྲུལ་པ་མི་འདྲ་བ་རྣམ་པ)༡༦༥
(དུ་མར་ཡང་རབ་ཏུ་སྟོན་པ་དང་། ཉི་མས་འོད་ཟེར་གྱི་སྣང་བ་འགྱེད་པ་ཇི་ལྟ་བ་བཞིན་ཏུ་ཡེ་ཤེས་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འོད་ཟེར་གྱི་སྣང་བ་མཐའ་ཡས་པ་རབ་ཏུ་སྤྲོ་བ་གང་ཡིན་པ་དང་། དྲི་མ་མེད་ཅིང་རྣམ་པར་དག་པའི་རིན་ཆེན་མཆོག་ཏུ་གྱུར་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་རྣམ་པར་རྟོག་པ་མེད་ཀྱང་དགོས་འདོད་སྩོལ་བའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་མངའ་བ་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་གི་གསང་བ་དེ་ཡང་བྲག་ཆ་ལ་སོགས་པའི་སྒྲ་བརྙན་ཇི་ལྟ་བ་བཞིན་ཏུ་སྣ་ཚོགས་སུ་ཐོས་ཀྱང་ཡི་གེའི་ངོ་བོ་གྲུབ་པ་མེད་པ་དང་། སྐུའི་གསང་བ་ནི་ནམ་མཁའ་བཞིན་དུ་ཐམས་ཅད་ལ་ཁྱབ་པ་ཉིད་དང་། དབྱིབས་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་གཟུགས་སུ་གྲུབ་པ་མེད་ཅིང་རྟག་པ་ཉིད་ཡིན་པ་དང་། ས་གཞིས་ལོ་ཐོག་ལ་སོགས་ས་སྐྱེ་བའི་རྟེན་བྱེད་པ་བཞིན་ཏུ་གདུལ་བྱའི་འགྲོ་བ་དཔག་ཏུ་མེད་པའི་རྒྱུད་ལ་དཀར་པོ་དགེ་བའི་ཆོས་ཀྱི་ལོ་ཐོག་དང་རྩི་སྨན་རྣམས་མ་ལུས་པ་འཕེལ་བ་དང་བརྟེན་པ་དང་ཡངས་པར་བྱེད་པའི་རྣམ་པ་ཀུན་ཏུ་གཞིའམ་རྟེན་དུ་གྱུར་པ་ནི། གནས་མ་ལུས་པ་ཡོངས་སུ་གྱུར་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སངས་རྒྱས་ཀུན་གྱི་ས་ཐོབ་པ་ཉིད་ཡིན་ནོ། །གསུམ་པ་སླར་ཡང་བསྡུས་ཏེ་ཁྱད་པར་དུ་བསྟན་པ་ལ་གཉིས། སྣང་ཡང་སྐྱེ་འཇིགས་མེད་ཚུལ། ཆོས་མཚུངས་ལས་ཁྱད་པར་འཕགས་པའི་ཚུལ་ལོ། །དང་པོ་ལ་གཉིས། དབང་པོའི་དཔེ་དང་། རྒྱུན་མི་འཆད་པས་སྐྱེ་འཇིག་མེད་ཚུལ་ལོ། །དང་པོ་ནི། དག་པ་ནས། སྐྱེ་འཇིག་མེད། ཅེས་གསུངས་ཏེ། སངས་རྒྱས་རྣམས་རྟག་ཏུ་སྐྱེ་འགག་མེད་པ་ཡིན་ན་སྐྱེ་འཇིག་ལྟར་མཐོང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། དགེ་བའི་རྩ་བ་བསགས་པ་ལ་བརྟེན་ནས་ས་གཞི་བཻ་ཌཱུརྻ་དག་པ་དང་འདྲ་བར་གྱུར་པ་ཡི་རང་གི་སེམས་དྲི་མ་མེད་ཅིང་དང་བར་གྱུར་པ་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསལ་བར་མཐོང་བའི་རྒྱུའམ་སེམས་དེ་དག་པར་བྱེད་པའི་ཐབས་ནི་མི་མཐུན་པའི་ཕྱོགས་མ་དད་པ་ལ་སོགས་པའི་རྐྱེན་གྱིས་མི་བཟློག་པའི་སྒོ་ནས་དད་པ་ལ་སོགས་པའི་དབང་པོ་ཤིན་ཏུ་བརྟས་ཤིང་བརྟེན་པར་གྱུར་པ་ཉིད་ཡིན་ཅིང་། དེ་ལ་ས་གཞི་དག་པ་དང་མ)༡༦༦
(དག་པའི་དབང་གིས་གཟུགས་བརྙན་འཆར་བ་དང་ནུབ་པར་འགྱུར་པ་བཞིན་དུ་གདུལ་བྱ་རྣམས་ཀྱི་དད་པ་ལ་སོགས་པའི་དགེ་བའི་རྩ་བ་སྐྱེ་བ་དང་འཇིག་པ་ན་དེ་དག་གི་དབང་གིས་རིམ་པ་ལྟར་སངས་རྒྱས་རྣམས་ཀྱི་ཀུན་རྫོབ་གཟུགས་ཀྱི་སྐུ་ནི་སྐྱེ་བ་དང་འཇིག་པར་སྣང་བ་ཡིན་ཡང་། བརྒྱ་བྱིན་རང་གི་ངོ་བོ་སུམ་ཅུ་རྩ་གསུམ་གྱི་གནས་ནས་མ་གཡོས་པ་བཞིན་ཏུ་ཐུབ་པ་ཐམས་ཅད་མཁྱེན་པ་ནི་རང་གི་ངོ་བོ་དོན་དམ་པ་ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་ཕྱིར་སྐྱེ་བ་དང་འཇིག་པ་མེད་པ་ཡིན་ནོ། གཉིས་པ་ནི། དེ་བཞིན་ནས། མཛད་པ་འཇུག ། ཅེ་གསུངས་ཏེ། འོ་ན་འབད་རྩོལ་མེད་པར་ཕྲིན་ལས་རྒྱུན་མི་འཆད་དུ་འབྱུང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། བརྒྱ་བྱིན་ལ་སོགས་པ་ལ་འབད་རྩོལ་མེད་ཀྱང་གཟུགས་བརྙན་ཤར་བ་ལ་སོགས་པས་གཞན་གྱི་དོན་བྱེད་པ་དེ་བཞིན་དུ་ནི་སངས་རྒྱས་རྣམ་ལ་ཡང་རྣམ་པར་རྟོག་པ་ལ་སོགས་པའི་འབད་རྩོལ་གང་ཡང་མེད་པར་གདོད་མ་ནས་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ལས་མ་གཡོས་བཞིན་གདུལ་བྱ་འཁོར་བའི་སྲིད་པ་མཐའ་མེད་པ་འདི་ཇི་སྲིད་མ་སྟོང་བར་གནས་ཀྱི་བར་དུ་སྐུས་རྣམ་འཕྲུལ་སྟོན་པ་དང་། གསུང་གིས་གདམས་ངག་གསུང་བ་དང་། ཐུགས་ཀྱིས་མཁྱེན་བརྩེས་ཁྱབ་པ་ལ་སོགས་པའི་མཛད་པ་ལྷུན་གྱིས་གྲུབ་པ་འདི་རྒྱུན་མི་འཆད་པར་འཇུག་གོ །གཉིས་པ་ཆོས་མཚུངས་ལས་ཁྱད་པར་འཕགས་ཚུལ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དཔེ་འདི་ནས། བརྫོད་པ་ཡིན། ཅེས་གསུངས་ཏེ། སངས་རྒྱས་ཀྱི་ཕྲིན་ལས་མཚོན་པར་བྱེད་པའི་དཔེ་དགུ་པོ་འདི་རྣམས་ཀྱི་མདོར་བསྡུས་པའི་དོན་ནི་བཤད་ཟིན་དང་འཆད་པར་འགྱུར་བའི་གཞུང་འདི་རྣམས་ཀྱིས་སྟོན་པ་ཡིན་ཞིང་། དེར་མ་ཟད་དཔེ་སྔ་མའི་རྗེས་སུ་ཕྱི་མ་སྟོན་པའི་གོ་རིམ་ངེས་པའི་རྒྱུ་ཡང་འཆད་པར་འགྱུར་བ་ཉིད་ཡིན་ཏེ། དེ་ལ་དཔེ་སྔ་མ་སྔ་མ་རྣམས་ཀྱིས་སངས་རྒྱས་ཀྱི་ཕྲིན་ལས་མ་ལུས་པ་མཚོན་པར་མི་ནུས་ཤིང་། ཆོས་མི་མཐུན་པའི་ཆ་གང་ཡིན་པ་རྣམས་དཔེ་ཕྱི་མ་ཕྱི་མ་རྣམས་ཀྱིས་རིམ་པ་ལྟར་སྤངས་ཏེ་ཆོས་མཐུན་པར་བསྟན་པའི་སྒོ་ནས་བརྗོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སངས་རྒྱས་ནས། གཟུགས་མེད་ )༡༦༧
(འབྱུང་། ཞེས་པའི་བར་གྱིས་བསྟན་ཏེ། རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་མཛད་པ་ནི་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་བཻ་ཌཱུརྻའི་ས་གཞིར་བརྒྱ་བྱིན་གྱི་གཟུགས་བརྙན་སྣང་བ་ལྟ་བུ་སྟེ་འོན་ཀྱང་གཟུགས་ནི་དབྱངས་དང་མི་ལྡན་ལ། སངས་རྒྱས་ནི་ཆོས་གསུངས་བའི་དབྱངས་དང་ལྡན་པའི་ཕྱིར་ན་འདྲ་བ་མིན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་ཆོས་གསུངས་དབྱངས་ཀྱི་གདམས་དག་སྣ་ཚོགས་པ་སྟོན་པ་ནི། ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པ་ཇི་ལྟ་བ་བཞིན་ཏེ་འོན་ཀྱང་རྔ་བོ་ཆེ་ནི་ཕྱོགས་རེ་བ་ཡིན་གྱི། ཐམས་ཅད་དུ་ཁྱབ་བས་དོན་བྱེད་པ་མ་ཡིན་ལ། སངས་རྒྱས་ནི་གདུལ་བྱའི་འཇིག་རྟེན་ཐམས་ཅད་ལ་ཁྱབ་པར་དོན་མཛད་པ་ཡིན་པས་དེ་དང་འདྲ་བའང་མིན་ཅིང་ཁྱད་དུ་འཕགས་སོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་ཆ་ནས་མཁྱེན་པ་དང་བརྩེ་བས་གདུལ་བྱ་རྣམས་སྨིན་པར་མཛད་པ་ནི། སྤྲིན་ཆེན་པོ་ཐམས་ཅད་དུ་ཁྱབ་པས་ལོ་ཐོག་སྨིན་པར་བྱེད་པ་དང་ཆོས་མཚུངས་པ་སྟེ། འོན་ཀྱང་སྤྲིན་གྱིས་ནི་དོན་མེད་པའི་ས་བོན་སྤོང་བར་བྱེད་པ་མིན་ལ། སངས་རྒྱས་ཀྱི་དོན་མེད་པ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ས་བོན་སྤོང་པར་མཛད་པའི་ཕྱིར་དེ་དང་འདྲ་བའང་མིན་ཅིང་ཁྱད་དུ་འཕགས་སོ། །དེ་ལྟར་དོན་མེད་ཉོན་མོངས་པའི་ས་བོན་རྣམས་སྤོང་པའི་ཆ་ནས་སྤྲུལ་པ་མཐའ་ཡས་པ་སྟོན་པ་ནི། ཚངས་པ་ཆེན་པོའི་སྤྲུལ་པས་འདོད་ཡོན་ལ་ཆགས་པ་སྤོང་བ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་ཚངས་པ་ནི་ལན་གཅིག་ཙམ་ཕན་འདོགས་པར་བྱེད་པ་ཡིན་གྱི་གཏན་དུ་ནི་སྨིན་པར་བྱེད་པ་མིན་ལ། སངས་རྒྱས་ཀྱིས་ནི་གཏན་དུ་རྒྱུན་མི་འཆད་པར་གདུལ་བྱའི་རྒྱུད་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་དེ་དང་འདྲ་བའང་མིན་ཞིང་ཁྱད་དུ་འཕགས་སོ། །དེ་ལྟར་ན་གཏན་དུ་གདུལ་བྱའི་ལོ་ཐོག་སྨིན་པར་མཛད་པའི་ཆ་ནས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་སྤྲོ་བ་ནི་ཉི་མའི་གཟུགས་ཀྱི་འོད་ཟེར་གྱིས་ལོ་ཐོག་གཏན་དུ་སྨིན་པར་བྱེད་པ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་ཉི་མས་ནི་རེས་འགའ་སྣང་བ་ཡིན་ཏེ། ཉིན་མཚན་གཏན་དུ་ནི་མུན་པ་འཇོམས་པར་བྱེད་པ་མིན་ལ། སངས་རྒྱས་ཀྱིས་ནི་གཏན་དུ་རྒྱུན་མི་འཆད་པར་མི་ཤེས་པའི་མུན་པ་འཇོམས་པར་མཛད་པའི་ཕྱིར་དེ་དང་འདྲ་བའང་མིན་ཞིང་)༡༦༨
(ཁྱད་དུ་འཕགས་སོ། །དེ་ལྟར་གཏན་དུ་མུན་པ་འཇོམས་པར་བྱེད་པའི་ཆ་ནས་ཐུགས་ཀྱི་གསང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་འགྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྣང་བས་ཉིན་མཚན་གཏན་དུ་མུན་པ་འཇོམས་པ་དང་འདྲ་སྟེ། འོན་ཀྱང་ནོར་བུ་ནི་ཀླུ་ལ་སོགས་པ་དུད་འགྲོ་ལའང་ཡོད་པས་འབྱུང་བ་ནི་རྙེད་པར་མི་དཀའ་ལ། སངས་རྒྱས་ནི་སྐལ་པ་དང་མི་ལྡན་པ་རྣམས་ལ་འབྱུང་བ་རྙེད་པར་དཀའ་བའི་ཕྱིར་དེ་དང་འདྲ་བའང་མིན་ཅིང་ཁྱད་དུ་འཕགས་སོ། །དེ་ལྟར་འབྱུང་བ་རྙེད་པར་དཀའ་བའི་ཆ་ནས་གསུང་གི་གསང་བས་ལེགས་བཤད་སྣ་ཚོགས་སྟོན་པ་ནི་སྒྲ་བརྙན་ཕྱི་དང་ནང་དུ་བདེན་པར་མ་གྲུབ་པས་རྙེད་པར་དཀའ་བ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་སྒྲ་བརྙན་གློ་བུར་དུ་རྐྱེན་ལ་རགས་ལས་ནས་ནི་བྱུང་བ་ཡིན་ལ། སངས་རྒྱས་ནི་རང་བྱུང་འདུས་མ་བྱས་པ་ཡིན་གྱི། རྐྱེན་ལ་རགས་ལས་ནས་བྱུང་བ་མ་ཡིན་པའི་ཕྱིར་དེ་དང་འདྲ་བའང་མིན་ཅིང་ཁྱད་དུ་འཕགས་སོ། དེ་ལྟར་རྐྱེན་ལས་བྱུང་བ་མ་ཡིན་ཞིང་མངོན་པར་འདུས་མ་བྱས་པའི་ཆ་ནས་སྐུའི་གསང་བ་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་ནི། ནམ་མཁའ་སྣ་ཚོགས་སུ་སྣང་ཡང་འདུས་མ་བྱས་པ་དང་འདྲ་བ་སྟེ། འོན་ཀྱང་ནམ་མཁའ་ནི་དགེ་བའི་གཞིའམ་རྟེན་དུ་གྱུར་པ་མིན་ལ། སངས་རྒྱས་ནི་དཀར་པོ་དགེ་བའི་ཆོས་རྣམས་ཀྱི་གཞིའམ་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་དེ་དང་འདྲ་བའང་མིན་ཅིང་ཁྱད་དུ་འཕགས་སོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འགྲོ་བའི་ཕུན་སུམ་ཚོགས་པ་མ་ལུས་པ་དེ་དག་གནས་པའི་རྟེན་ནི་གཞིར་གྱུར་པ་ཡིན་པའི་ཕྱིར་ན་སའི་དཀྱིལ་འཁོར་ཆེན་པོས་ཐམས་ཅད་ཀྱི་རྟེན་བྱེད་པ་དག་དང་འདྲ་བ་ཡིན་ནོ། །དེ་དག་གི་གཞི་ཇི་ལྟར་ཡིན་ན། རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཆེན་པོ་ཐོབ་པ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པར་འགྲོད་པའི་ལམ་ཐེག་པ་གསུམ་ལ་སོགས་པ་དམ་པའི་ཆོས་རྣམས་འབྱུང་བའི་ཕྱིར། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། ཞེས་གསུངས་པ་ལྟར་རོ། །དེ་ལ་བརྟེན་ནས་འདོད་པའི་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། གཟུགས་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་བསམ་)༡༦༩
(གཏན་བཞི་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་འབྱུང་བ་ཡིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པའི་སྐབས་ཏེ་ལེའུ་བཞི་པའི་རྣམ་པར་བཤད་པ་གྲུབ་བོ། །གསུམ་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་ལ་གསུམ། ཕན་ཡོན་དང་། ཇི་ལྟར་མཛད་པ་དང་། བསྔོ་བ་དོན་བསྡུ་དང་བཅས་པའོ། དང་པོ་ལ་ལྔ། བསམ་མི་ཁྱབ་ཀྱི་དོན་བརྗོད་པ། ཡོན་ཏན་མདོར་བསྟན་པ། སྦྱིན་སོགས་གསུམ་ལས་ཁྱད་པར་བཤད་པ། དེ་ཡི་རྒྱུ་མཚན་བརྗོད་པ། ཕན་ཡོན་ཤིན་ཏུ་རྒྱས་བཤད་དོ། །དང་པོ་ནི། སངས་རྒྱས་ཁམས་ནས། སྤྱོད་ཡུལ་ཡིན། ཅེས་གསུངས་ཏེ། སངས་རྒྱས་ཀྱི་ཁམས་རང་བཞིན་གྱིས་རྣམས་པར་དག་པ་གློ་བུར་གྱི་དྲི་མ་དང་བཅས་པའི་གནས་སྐབས་དེ་བཞིན་གཤེགས་པའི་སྙིང་པོ་དང་། དེ་ཉིད་གློ་བུར་གྱི་དྲི་མས་ཀྱང་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་ཐོབ་པ་དང་། བྱང་ཆུབ་ཆེན་པོ་ལ་དབྱེར་མེད་པར་ལྡན་པའི་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་དང་། ཡོན་ཏན་རྣམས་ཐོབ་པའི་ནུས་པས་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སྒྲུབ་པའི་ཕྲིན་ལས་ཏེ་དཀོན་མཆོག་གསུམ་འགྲུབ་པ་དང་རྗེས་སུ་མཐུན་པའི་རྡོ་རྗེའི་གནས་བཞི་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ནི་གློ་བུར་གྱི་དྲི་མ་ཕལ་ཆེ་བས་རྣམ་པར་དག་པའི་སེམས་ཅན་ས་ཆེན་པོ་ལ་གནས་པ་རྣམས་ཀྱིས་ཀྱང་བསམ་པར་བྱ་བ་མིན་ན། སོ་སྐྱེ་དང་ཉན་རང་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྔར་བསྟན་པ་ལྟར་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འོ་ན་དེ་དག་གང་གི་སྤྱོད་ཡུལ་ཡིན་སྙམ་ན། རྡོ་རྗེའི་གནས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ། །གཉིས་པ་ནི། བློ་ལྡན་ནས། ཟིལ་གྱིས་གནོན། ཅེས་གསུངས་ཏེ། བློ་ལྡན་བྱང་ཆུབ་སེམས་དཔའ་གང་དག་རྒྱལ་བ་རྫོགས་པའི་སངས་)༡༧༠
(རྒྱས་རྣམས་ཁོ་ནའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དོན་གྱི་གནས་བཞི་པོ་འདི་ཉིད་ལ་ལྷག་པར་མོས་པ་དེ་རྣམས་ནི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པའི་ཚོགས་ཀྱི་སྣོད་དུ་གྱུར་པ་ཉིད་དེ། ཐེག་པ་ཆེན་པོའི་རིགས་སད་པ་ལས་མཐར་ཕྱིན་པའི་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཕལ་པ་རྣམས་ཀྱིས་བསམ་དུ་མེད་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པའི་གནས་བཞི་པོ་འདི་དག་ལ་མངོན་པར་དགའ་ཞིང་ལྷག་པར་མོས་པའི་ཕན་ཡོན་ཤིན་ཏུ་མང་བས་ནི། དེ་དང་མ་འབྲེལ་བའི་སེམས་ཅན་ཀུན་གྱི་སྦྱིན་པ་ལས་བྱུང་བ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་མཐའ་དག་ཟིལ་གྱིས་གནོན་པར་འགྱུར་རོ། །གསུམ་པ་ཁྱད་པར་བཤད་པ་ལ་གསུམ། སྦྱིན་པ། ཚུལ་ཁྲིམས། བསམ་གཏན་ལས་ཁྱད་པར་བཤད་པའོ། །དང་པོ་ནི། གང་ཞིག་ནས། འཐོབ་པར་འགྱུར། ཅེས་གསུངས་ཏེ། སྦྱིན་པ་པོ་གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ལས་བྱས་པའི་ཞིང་ཁམས་ནོར་བུས་སྤྲས་པ་ནི་སངས་རྒྱས་ཀྱི་ཞིང་གི་རྡུལ་གྱི་གྲངས་དང་མཉམ་པ་ཉིན་རེ་བཞིན་ཆོས་རྒྱལ་སངས་རྒྱས་རྣམས་ལ་རྟག་ཏུ་འབུལ་བ་སོགས་ཀྱི་བསོད་ནམས་དེ་ལས་གང་ཟག་གཞན་གང་ཞིག་གིས་གནས་བཞི་པོ་སྟོན་པའི་གསུང་རབ་འདི་ལས་ཚིགས་གཅིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་པ་དང་ལྡན་པས་ཡིད་ཆེས་ན་དེའི་དགེ་བ་འདི་སྦྱིན་པ་ལས་བྱུང་པའི་དགེ་བ་དེ་ལས་མཆོག་ཏུ་གྱུར་པའི་བསོད་ནམས་ཆེས་མང་བ་ཐོབ་པར་འགྱུར་རོ། །གཉིས་པ་ནི། བློ་ལྡན་ནས། འཐོབ་པར་འགྱུར། ཅེས་གསུངས་ཏེ། གང་ཟག་བློ་ལྡན་གང་ཞིག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པས་དུས་བསྐལ་པ་དུ་མར་ཡང་རྟེན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འབད་པ་དང་རྩོལ་བ་མེད་པར་རང་གི་ཚུལ་ཁྲིམས་འཆལ་ཚུལ་གྱི་དྲི་མ་མེད་པར་བསྲུང་བར་བྱེད་ལ་གང་ཟག་གཞན་གང་ཞིག་གིས་གནས་བཞི་པོ་སྟོན་པའི་གསུང་རབ་འདི་ལས་ཚིག་གཅིག་ཙམ་ཐོས་ཤིང་དེ་ཐོས་ནས་ཀྱང་ནི་ཡིད་ཆེས་པར་མོས་ན་དེའི་དགེ་བ་འདི་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་དེ་ལས་བསོད་ནམས་ཆེས་མང་བ་འཐོབ་པར་འགྱུར་རོ། །གསུམ་པ་ནི། གང་ཞིག་)༡༧༡
(ནས། འཐོབ་པར་འགྱུར། ཅེས་གསུངས་ཏེ། གང་ཟག་བློ་ལྡན་གང་ཞིག་འཇིག་རྟེན་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་པའི་མེ་འཇིལ་བར་བྱེད་པའི་ལྷའི་གནས་བསམ་གཏན་བཞི་དང་ནི་ཚངས་པའི་གནས་ཚད་མེད་བཞི་ནི་མཐར་སོན་ཏེ་ཕུལ་དུ་ཕྱིན་པ་རྫོགས་པའི་བྱང་ཆུབ་འཕོ་འགྱུར་མེད་པའི་ཐབས་བསྒོམས་ལ། གཞན་གང་འདི་ལས་ཚིག་གཅིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་དེའི་ཕན་ཡོན་འདི་བསམ་གཏན་ལས་བྱུང་བའི་དགེ་བ་དེ་ལས་བསོད་ནམས་ཆེས་མང་བ་འཐོབ་པར་འགྱུར་རོ། །བཞི་པ་དེའི་རྒྱུ་མཚན་ནི། གང་ཕྱིར་ནས། འདི་ཐོས་ཡིན། ཅེས་གསུངས་ཏེ། དེ་ལྟར་ཕན་ཡོན་ཆེ་བ་གང་གི་ཕྱིར་སྙམ་ན། ཤེས་རབ་ཀྱིས་མ་ཟིན་པའི་སྦྱིན་པ་རྐྱང་པས་ལོངས་སྤྱོད་ཙམ་དག་ནི་སྒྲུབ་པར་བྱེད་ཅིང་ཁྲིམས་རྐྱང་གིས་མཐོ་རིས་ཙམ་དང་བསྒོམས་པས་ཉོན་མོངས་པ་མགོ་གནོན་པ་ཙམ་དུ་སྤོང་བར་བྱེད་ལ་གནས་བཞི་རྟོགས་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཀུན་ནས་སྤོང་བ་དེའི་ཕྱིར། གནས་ལུགས་ཟབ་མོ་རྟོགས་པའི་ཤེས་རབ་ནི་སྦྱིན་སོགས་ལས་མཆོག་ཉིད་དུ་གྱུར་པ་ཡིན་ལ། དེས་ན་གནས་བཞི་པོ་སྟོན་པའི་གསུང་རབ་ལ་ཐོས་བསམ་གྱིས་སློབ་པ་ལ་ཕན་ཡོན་ཁྱད་པར་ཅན་དང་ལྡན་ཏེ། སྦྱིན་སོགས་གསུམ་གྱི་དགེ་བ་ལས་ཁྱད་པར་དུ་འཕགས་པའི་ཤེས་རབ་རྟོགས་པ་དེའི་རྒྱུ་ནི་གནས་བཞི་སྟོན་པའི་གསུང་རབ་འདི་ཐོས་ནས་མོས་ཤིང་སློབ་པ་ཁོ་ན་ཡིན་པའི་ཕྱིར་རོ། །ལྔ་པ་ཕན་ཡོན་ཤིན་ཏུ་རྒྱས་བཤད་ལ་ལྔ། བྱང་ཆུབ་ཐོབ་པ་དང་། བྱང་ཆུབ་ཀྱི་སེམས་བརྟན་པ། ཡོངས་སུ་རྫོགས་པའི་ཐོབ་པ། ཞར་ལ་ཚོགས་ཀྱི་ངེས་པ་བསྟན་པ། སྒྲིབ་པ་སྤོང་བའོ། །དང་པོ་ནི། གནས་དང་ནས། སྐལ་ལྡན་འགྱུར། ཅེས་གསུངས་ཏེ། གདོད་མ་ནས་གནས་པ་རྟོགས་བྱའི་གཞི་ཁམས་དབང་ནི་གནས་གྱུར་པ་རྟོགས་པ་བྱང་ཆུབ་དང་དེའི་ཡན་ལག་ཡོན་ཏན་དང་བྱེད་པ་ཕྲིན་ལས་གཞན་དོན་བསྒྲུབ་པ་སྟེ་རྒྱལ་བ་ཡི་ནི་མཁྱེན་པའི་ཡུལ་གནས་རྣམ་པ་བཞི་པོ་གོང་དུ་ཇི་ལྟར་བརྗོད་པ་འདི་ལ་ཕྱིན་ཅི་མ་ལོག་པར་སློབ་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་)༡༧༢
(མྱུར་དུ་བྱང་ཆུབ་ཐོབ་པའི་ཕན་ཡོན་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ལ་ཁམས་ཡོད་པར་མོས་པ་དང་ཁམས་དེས་བྱང་ཆུབ་ཐོབ་པར་ནུས་པ་ཉིད་དང་བྱང་ཆུབ་དེ་ལ་གདོད་མ་ནས་ཡོན་ཏན་དབྱེར་མེད་དུ་ལྡན་པར་མོས་པ་ནི་མྱུར་དུ་དེ་བཞིན་གཤེགས་པའི་གོ་འཕངས་ཐོབ་པའི་སྐལ་པ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། བསམ་མི་ནས། གནས་པར་འགྱུར། ཅེས་གསུངས་ཏེ། ཕལ་པས་བསམ་གྱིས་མི་ཁྱབ་པའི་ཡུལ་ཟབ་མོའི་གནས་བཞི་ལས་ལས་ཁམས་འདི་ནི་རང་ལ་ཡོད་པ་དང་བདག་འདྲ་བས་བྱང་ཆུབ་ཐོབ་ནུས་པ་དང་། བྱང་ཆུབ་ཐོབ་པ་ལས་སྟོབས་སོགས་འདི་འདྲ་བའི་ཡོན་ཏན་དང་དེ་ལས་དོན་བྱེད་པའི་ཕྲིན་ལས་དང་ལྡན་ཞེས་དད་པ་གསུམ་གྱིས་མོས་པ་བྱེད་པའི་ཕྱིར། བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་དང་བྱང་ཆུབ་ལ་སྤྲོ་བའི་བརྩོན་འགྲུས་དང་དེའི་ཐབས་མི་བརྗོད་པའི་དྲན་པ་དང་དེ་ལ་རྩེ་གཅིག་པའི་བསམ་གཏན་དང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་སོགས་ཡོན་ཏན་དུ་མའི་སྣོད་དུ་གྱུར་པ། གཞན་དོན་ཏུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་སེམས་བསྐྱེད་ནི་གནས་བཞི་ལ་མོས་ཤིང་རྟོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་དུས་རྟག་ཏུ་ཉེ་བར་གནས་པར་འགྱུར་རོ། །གསུམ་པ་ནི། དེ་ནི་ནས། ཕྱོགས་སྤངས་ཕྱིར། ཅེས་གསུངས་ཏེ། སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་དུས་རྟག་ཏུ་ཉེ་བར་གནས་པས་རྒྱལ་བའི་སྲས་པོ་རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་། བསམ་པ་ཁྱད་པར་ཅན་དེ་ཉིད་ཀྱིས་ཀུན་ནས་བསླང་ནས། སྦྱོར་བ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་ཉིད་དུ་འགྱུར་ཏེ། དེ་ཡང་སེམས་ཅན་ལ་ཕན་འདོགས་པར་བྱེད་པའི་ཐབས་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་པོ་གང་ཡིན་པ་དེ་ལ་བྱེད་པ་པོ་དང་ལས་དང་བྱ་བ་སྟེ་འཁོར་རྣམ་པ་གསུམ་དུ་རྟོག་པ་མེད་པས་ཕ་རོལ་ཏུ་ཕྱིན་པ་དེ་རྣམས་ཡོངས་སུ་རྗོགས་པར་འགྱུར་ཞིང་། ཡོངས་སུ་དག་པར་འགྱུར་བ་ནི་སྦྱིན་པ་ལ་སོགས་པ་དེའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་སྒྲིབ་པ་རྣམས་རྣམ་)༡༧༣
(པར་སྤངས་པ་ཉིད་ཀྱི་ཕྱིར་རོ། །བཞི་པ་ནི། སྦྱིན་བྱུང་ནས། ཀུན་ཏུ་འགྲོ། ཞེས་གསུངས་ཏེ། འོ་ན་གོང་དུ་བསོད་ནམས་ནི་སྦྱིན་ཚུལ་སྒོམ་གསུམ་དུ་བཤད་ན་ཕར་ཕྱིན་དྲུག་ལས་གསུམ་བསོད་ནམས་ཀྱི་ཚོགས་དང་གསུམ་ཡེ་ཤེས་ཀྱི་ཚོགས་སུ་འཐད་པ་མ་ཡིན་ནམ་ཞེ་ན། ཕར་ཕྱིན་དང་པོ་ལྔ་བསོད་ནམས་ཀྱི་ཚོགས་སུ་འཐད་དེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་སྦྱིན་པའི་ཕར་ཕྱིན་དང་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡིན་ལ། བཟོད་པ་དང་བསམ་གཏན་གཉིས་པོ་དག་ནི་བསྒོམ་པ་ལས་བྱུང་བའི་བསོད་ནམས་ཏེ། བརྩོན་འགྲུས་ནི་བསོད་ནམས་གསུམ་པོ་ཀུན་གྱི་རྗེས་སུ་འགྲོ་བའི་ཕྱིར་རོ། ལྔ་པ་སྒྲིབ་པ་སྤོང་པ་ལ་གཉིས། སྤང་བྱ་སྒྲིབ་པ་ངོས་གཟུང་བ་དང་། གཉེན་པོ་ཡེ་ཤེས་མཆོག་ཏུ་བསྟན་པའོ། །དང་པོ་ནི། འཁོར་གསུམ་ནས། སྒྲིབ་པར་འདོད། ཅེས་གསུངས་ཏེ། ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་ཞེས་གསུངས་ན། ཤེས་རབ་ཀྱིས་སྤང་བྱ་སྒྲིབ་པ་གཉིས་པོ་གང་ཞེ་ན། སྦྱིན་པ་པོ་དང་། སྦྱིན་པར་བྱ་བའི་ཡུལ་དང་། སྦྱིན་པ་ལ་སོགས་པ་འཁོར་གསུམ་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་རྫོགས་པའི་གེགས་ཤེས་བྱའི་སྒྲིབ་པ་ཡིན་པར་འདོད་ཅིང་སེར་སྣ་དང་འདོད་ཆགས་དང་ཁོང་ཁྲོ་དང་ལེ་ལོ་དང་རྣམ་གཡེང་ལ་སོགས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཡོངས་སུ་དག་པར་འགྱུར་བའི་གེགས་ཉོན་མོངས་པའི་སྒྲིབ་པ་ཡིན་པར་འདོད་པས་དེ་དག་ནི་སྤང་བར་བྱའོ། །གཉིས་པ་ནི། ཤེས་རབ་ནས། ཐོས་པ་མཆོག །ཅེས་གསུངས་ཏེ། དོན་གྱི་གནས་འདི་ལྟ་བུ་ལེགས་པར་རྟོགས་པའི་ཕྱིར་ཤེས་རབ་ལས་གཞན་སྒྲིབ་པ་གཉིས་པོ་འདི་དག་ནི་རྩ་བ་ནས་སྤོང་བར་བྱེད་པའི་རྒྱུ་གཞན་པ་མེད་དེ། ཤེས་རབ་དང་བྲལ་བའི་སྦྱིན་པ་ལ་སོགས་པ་ནི་སྒྲིབས་པ་མངོན་གྱུར་ཟིལ་གྱིས་གནོན་པ་ཙམ་ནུས་ཀྱང་ས་བོན་རྩ་བ་ནས་སྤོང་བར་མི་ནུས་ལ། ཤེས་རབ་མཐར་ཕྱིན་པས་སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་ས་བོན་རྩ་བ་ནས་སྤོང་བར་ནུས་པ་དེའི་ཕྱིར། བསོད་ནམས་ཀྱི་ཕར་ཕྱིན་ལྔ་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་ཤེས་རབ་ནི་མཆོག་ཏུ་གྱུར་པ་ཡིན་ཞིང་། ཤེས་རབ་དེ་ལྟ་བུ་འཕེལ་བའི་གཞི། དོན་གྱི་གནས་བཞི་པོ་འདི་ལྟ་བུ་སྟོན་)༡༧༤
(པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཚུལ་བཞིན་དུ་ཐོས་པ་ཡིན་པ་དེའི་ཕྱིར། སྦྱིན་ཚུལ་སྒོམ་པ་ལས་བྱུང་བའི་བསོད་ནམས་ཤིན་ཏུ་མང་བ་ལས་ཀྱང་ཟབ་མོའི་ཆོས་འདི་ལྟ་བུ་ཐོས་པའི་ཤེས་རབ་ནི་ཆེས་མཆོག་ཏུ་གྱུར་པ་ཉིད་དོ། །གཉིས་པ་བསྟན་བཅོས་ཇི་ལྟར་མཛད་པ་ལ་དྲུག །ཇི་ལྟར་མཛད་པའི་ཚུལ། གང་ལ་བརྟེན་ནས་མཛད་པ། རྒྱལ་བའི་བཀའ་ངོས་གཟུང་བ། དེ་དང་མཐུན་པ་ཐམས་ཅད་བླང་བྱར་བསྟན་པ། རྒྱལ་བའི་བཀའ་དང་མ་འགལ་བར་བསྟན་པ། འགལ་བའི་ཉེས་པ་བསྟན་པའོ། །དང་པོ་ནི། དེ་ལྟར་ནས། འདི་བཤད་དོ། །ཞེས་གསུངས་ཏེ། གོང་དུ་བསྟན་པའི་ཚུལ་དེ་ལྟར་རྡོ་རྗེའི་གནས་བདུན་བཤད་པ་རྣམས་ཀྱང་། རང་བཟོའམ་གཟུ་ལུམས་སུ་བྱས་པ་ནི་མ་ཡིན་གྱི། འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལ་སོགས་པ་ཡིད་ཆེས་པའི་ལུང་མདོ་དུ་མ་དང་ཇི་ལྟ་བ་བཞིན་རྟོགས་པའི་རྣལ་འབྱོར་མངོན་སུམ་དང་སྒྲོ་འདོགས་གཅོད་པའི་རེག་པ་མང་པོ་ལ་བརྟེན་ནས། སྒྲིབ་པའི་བདག་ཉིད་ས་བོན་དང་བག་ཆགས་འབའ་ཞིག་པའི་བར་དུ་དག་པར་བྱ་བའི་ཕྱིར་དང་། གདུལ་བྱ་གང་དག་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་བློ་གྲོས་ཅན་ཐེག་ཆེན་གྱི་རིགས་ཅན་དེ་དག་རྗེས་སུ་བཟུང་བའི་ཕྱིར་དུ་བསྟན་བཅོས་རྒྱུད་བླ་མ་འདི་དོན་དང་ལྡན་པ་བཤད་དོ། །གཉིས་པ་ནི། ཇི་ལྟར་ནས། རབ་ཏུ་བཤད། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། ཕྱིའི་བདག་རྐྱེན་སྒྲོན་མེའི་འོད་དང་གློག་གི་འོད་དང་ནོར་བུའི་འོད་དང་ཉི་མའི་འོད་དང་ཟླ་བའི་འོད་ལ་བརྟེན་ནས་ནང་གི་བདག་རྐྱེན་མིག་ཤེས་གསལ་པོ་དང་ལྡན་པའི་གང་ཟག་གིས་གཟུགས་ལ་བལྟ་བ་ན་ཕྱི་ཅི་མ་ལོག་པར་མཐོང་བཞིན་དུ་གཞན་ལའང་སྟོན་པ་དེ་བཞིན་དུ། ཕྱིའི་བདག་རྐྱེན་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་མཁྱེན་པ་དོན་སོ་སོ་ཡང་དག་པར་རིག་པ་དང་ཚིག་མ་ལུས་པ་མཁྱེན་པ་ཚིག་སོ་སོ་ཡང་དག་པར་རིག་པ་དང་། མིང་གི་རྣམ་གྲངས་མ་ལུས་པ་མཁྱེན་པ་ཆོས་སོ་སོ་ཡང་དག་པར་རིག་པ་དང་། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞིའི་འོད་འགྱེད་པར་མཛད་པས་ཤེས་བྱ་ཐམས་ཅད་གསལ་བར་མཁྱེན་པ་ཐུབ་པའི་གསུང་རབ་ལ་བརྟེན་ནས་ནང་གི་བདག་རྐྱེན་ཤེས་)༡༧༥
(རབ་ཀྱི་མིག་གིས་དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་གཟིགས་ཏེ། རྒྱུད་བླ་མའི་བསྟན་བཅོས་འདི་ཉིད་རབ་ཏུ་བཤད་པ་ཡིན་ནོ། །གསུམ་པ་ནི། གང་ཞིག་ནས། ཟློག་པ་གཞན། ཅེས་གསུངས་ཏེ། གསུང་རབ་གང་ཞིག་བརྗོད་བྱ་དོན་ཆེན་པོ་དང་ལྡན་ལ། རྗོད་བྱེད་ཀྱི་ཚིག་དྲི་མ་མེད་པའི་ཆོས་དང་ཉེ་བར་འབྲེལ་ཞིང་བྱེད་ལས་ཁམས་གསུམ་གྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་ལ། འབྲས་བུ་ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པའི་སྒོ་ནས་དེ་དག་ལ་སྦྱོར་བར་མཛད་པའི་གསུང་གང་ཡིན་པ་ཁྱད་པར་གྱི་ཆོས་བཞི་དང་ལྡན་པ་དེ་ནི། དྲང་སྲོང་ཆེན་པོ་སངས་རྒྱས་ཀྱི་གསུངས་རབ་རྒྱལ་བའི་བཀའ་ཡིན་ལ། དེ་ལས་བཟློག་པ་ནི་བཀའ་ལས་གཞན་ཡིན་པས་འཇུག་པར་བྱ་བ་མ་ཡིན་ནོ། །བཞི་པ་ནི། གང་ཞིག་ནས། སྤྱི་བོས་བླངས། ཞེས་གསུངས་ཏེ། དེའི་དགོངས་འགྲེལ་གྱི་བསྟན་བཅོས་གང་ཞིག་རྒྱལ་བའི་བསྟན་པའི་དོན་འབའ་ཞིག་བརྗོད་པའི་དབང་དུ་བྱས་ཏེ་རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཀའི་དོན་རྣམས་བཤད་ཅིང་། འབྲས་བུ་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པའི་ལེགས་བཤད་རྣམ་དག་དེའང་། དྲང་སྲོང་སངས་རྒྱས་ཀྱི་བཀའ་བཞིན་ཏུ་སྤྱི་བོས་བླང་བར་བྱ་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། ལྔ་པ་ནི། གང་ཕྱིར་ནས། བྱེད་པར་འགྱུར། ཅེས་གསུངས་ཏེ། གང་གི་ཕྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད་ལས་ཆོས་མཁས་པའི་གང་ཟག་འགའ་ཡང་འཇིག་རྟེན་གྱི་ཁམས་འདི་ན་ཡོད་པ་མིན་ཏེ། ཤེས་བྱ་ཇི་སྙེད་པའི་དོན་མ་ལུས་པ་དང་ཇི་ལྟ་བའི་དེ་ཁོ་ན་ཉིད་མཆོག་ནི་ཚུལ་བཞིན་ཏུ་ཕྱིན་ཅི་མ་ལོག་པར་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་ཉིད་ཀྱིས་མཁྱེན་གྱི། སངས་རྒྱས་ལས་གཞན་གྱིས་ཤེས་པ་མིན་པ་དེའི་ཕྱིར་དྲང་སྲོང་ཆེན་པོ་རྒྱལ་བ་རང་ཉིད་ཀྱིས་དྲང་བ་དང་ངེས་པའི་དོན་དུ་རྣམ་པར་བཞག་པའི་མདོ་སྡེེ་གང་ཡིན་པ་དེ་དག་ལ་དྲང་དོན་ལ་ངེས་དོན་དང་། ངེས་དོན་ལ་དྲང་དོན་ནོ་ཞེས་རང་བཟོས་མི་དཀྲུག་ཅིང་ལོག་པར་བཤད་པར་མི་བྱ་སྟེ། གལ་ཏེ་བྱས་ན་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་དམ་པའི་ཆོས་ཀྱི་ཚུལ་བཤིག་པར་འགྱུར་པའི་ཕྱིར་དང་། དེ་ཡང་དམ་པའི་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར་ཞིང་ཆོས་སྤངས་བའི་ཉེས་པ་ཆེན་པོར་འགྱུར་རོ། །དྲུག་པ་ལ་གསུམ། ཆོས་སྤོང་ངོས་བཟུང་བ། ཟབ་མོའི་ཆོས་མི་སྤོང་བའི་ངེས་པ་)༡༧༦
( ཆོས་སྤོང་མཚམས་མེད་ལས་ལྕི་བར་བསྟན་པའོ། །དང་པོ་ལ་གཉིས། བརྒྱུད་པའི་རྒྱུ་སྤང་བར་གདམས་པ་དང་། རྒྱུ་བཅུ་དང་བཅས་པའི་ཆོས་སྤོང་བ་དངོས་སོ། །དང་པོ་ནི། ཉོན་མོངས་ནས། གོས་པ་མིན། ཅེས་གསུངས་ཏེ། ཉོངས་མོངས་པས་རྨོངས་པ་མ་རིག་པའི་བདག་ཉིད་ཅན་རྣམས་ཀྱིས་ཡུལ་ཁྱད་པར་ཅན་འཕགས་པ་རྣམས་ལ་སྐུར་བ་འདེབས་པ་དང་། དེས་གསུངས་པའི་ཆོས་ལ་བརྙས་པར་བྱས་པ་གང་ཡིན་པ་དེ་ཀུན་རང་རང་གི་གྲུབ་མཐའ་ལ་ཞེན་པའི་ལྟ་བ་ངན་པས་བྱས་པ་དེས་ན། གྲུབ་མཐའ་ངན་ཞེན་གྱི་ལྟ་བས་རང་བྱུང་དྲི་མ་ཅན་ཏུ་བྱེད་པས་ཞེན་ལྟ་དེ་ལ་རང་གི་བློ་མི་སྦྱར་ཏེ། དཔེར་ན་དྲི་མ་མེད་པའི་གོས་ གཙང ་ཚོན་གྱིས་ཁ་དོག་གི་རྣམ་པ་མི་འདྲ་བར་བསྒྱུར་བར་རུང་གི་གོས་སྣུམ་གྱིས་གོས་པ་ནི་དེ་ལྟ་མིན་པ་བཞིན་ནོ། །གཉིས་པ་ནི། སློ་དམན་ནས། ཆོས་སྤོང་བྱེད། ཅེས་གསུངས་ཏེ། དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཀྱི་མཐར་ཐུག་སྙིང་པོ་ངེས་པའི་དོན་ནི་མཆོག་ཏུ་ཟབ་ཅིང་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ནོ། ཁ་ཅིག་མི་མོས་ཤིང་རྣམ་པར་སྤོང་བར་འགྱུར་བ་ཅི་སྙམ་ན། དེ་ནི་ཆོས་ཀྱི་ཉེས་པ་མ་ཡིན་གྱི་གང་ཟག་གི་ཉེས་པ་ཡིན་ནོ། །ཞེས་སྟོན་པ་སྟེ། དེ་ཡང་ཁ་ཅིག་ནི་ཟབ་མོའི་དོན་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཆུང་ཤིང་བློ་གྲོས་ཤིན་ཏུ་དམན་པའི་ཕྱིར་དམ་པའི་ཆོས་སྤོང་བར་བྱེད་པ་དེ་བཞིན་དུ་སྦྱར་ཏེ། ཁ་ཅིག་ནི་རྒྱས་འགྱུར་གྱི་རིགས་སད་པར་མ་གྱུར་པས་དཀར་པོ་དགེ་བའི་ཆོས་ལ་མོས་པ་དང་རྣམ་པར་བྲལ་བའི་ཕྱིར་དང་། ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པའི་ལོག་པའི་ང་རྒྱལ་ལ་བརྟེན་པའི་ཕྱིར་དང་། ཚེ་རབས་སྔ་མར་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཚབས་ཆེན་པོ་ཉེ་བར་བསགས་པས་ཡང་དག་པའི་དོན་ལ་སྒྲིབ་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། དྲང་བའི་དོན་གྱི་གསུང་རབ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ངེས་པའི་དོན་ཕྱིན་ཅི་མ་ལོག་པར་འཛིན་པའི་ཕྱིར་དང་། ཟས་དང་གོས་དང་ནོར་ལ་སོགས་པ་འདོད་པའི་ཡོན་ཏན་གྱི་རྙེད་པ་ལ་ལྷག་པར་ཆགས་ཤིང་བརྐམ་པའི་དབང་དུ་གྱུར་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ངན་པ་ལ་མཆོག་ཏུ་མངོན་པར་ཞེན་པའི་དབང་དུ་གྱུར་པའི་ཕྱིར་དང་། དམ་པའོ་ཆོས་ཟབ་པ་དང་རྒྱ་)༡༧༧
(ཆེ་བ་རྣམས་སུན་འབྱིན་ཅིང་རྣམ་པར་སྤོང་བ་དང་སྡིག་པའི་གྲོགས་པོ་ཡུན་རིང་དུ་བསྟེན་ཅིང་དེའི་དབང་དུ་གྱུར་པའི་ཕྱིར་དང་། ཐེག་པ་ཆེན་པོ་དམ་པའི་ཆོས་འཛིན་པའི་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་མཚན་ཉིད་དང་ལྡན་པ་རྣམས་ཀྱང་ཡུན་རིང་དུ་བསྲིངས་པའི་ཕྱིར་དང་། ཡང་དག་པའི་ཆོས་དང་གང་ཟག་ལ་ཡིད་མི་ཆེས་ཤིང་། ཕྱིན་ཅི་ལོག་ལ་དགའ་བས་མོས་པ་དམན་པའི་ཕྱིར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་རྣམས་ཀྱི་དམ་པའི་ཆོས་སྤོང་ཞིང་། ཁྱད་པར་ཟབ་མོའི་དེ་ཁོ་ན་ཉིད་སྟོན་པ་རྣམས་སྤོང་བར་བྱེད་མོད་དེ་ལྟ་ན་ཡང་རང་ཉིད་ཉམས་པའི་རྒྱུ་ཡིན་པས་མཁས་པ་རྣམས་ཀྱིས་དེ་ལྟར་བྱ་བ་མ་ཡིན་ནོ། །གཉིས་པ་ཟབ་མོའི་ཆོས་མི་སྤོང་བའི་ངེས་པ་ནི། ཇི་ལྟར་ནས། འགྲོ་མི་འགྱུར། ཅེས་གསུངས་ཏེ། ཇི་ལྟར་ན་ཟབ་མོ་དམ་པའི་ཆོས་ལས་ཉམས་པ་ཇི་ལྟར་འཇིགས་པ་དེ་བཞིན་དུ་བླང་དོར་ལ་མཁས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་འཇིག་རྟེན་ན་འཇིགས་པར་གྲགས་པའི་མེས་སྲེག་པ་དང་ནི་མི་བཟད་པའི་སྤྲུལ་གདུག་པས་ཟ་བ་དང་། གཤེད་མས་གསོད་པ་དང་ནི་ཐོག་གིས་འབིགས་པ་ལའང་ཤིན་ཏུ་འཇིགས་པར་མི་བྱ་ཞིང་། དེ་བས་ཀྱང་ཆོས་ལས་ཉམས་པ་ཉིད་འཇིགས་པས་སྤང་བར་བྱ་སྟེ་གང་གི་ཕྱིར་ན་མི་དང་སྦྲུལ་དང་དགྲ་དང་རྡོ་རྗེའི་མེ་ཐོག་གིས་བསད་པ་ལས་ནི་ཚེ་འདིའི་སྲོག་དང་བྲལ་བ་ཙམ་བྱེད་པར་ནུས་མོད་ཀྱི། དེ་རྣམས་ལས་ངན་སོང་མནར་མེད་པའི་དམྱལ་བ་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་བར་མི་འགྱུར་ལ། དམ་པའི་ཆོས་སྤངས་པ་ལས་ནི་མནར་མེད་པའི་སྡུག་བསྡལ་མྱོང་བར་འགྱུར་པའི་ཕྱིར་རོ། །གསུམ་པ་ཆོས་སྤོང་མཚམས་མེད་ལས་ལྕི་བར་བསྟན་པ་ནི། གང་ཞིག་ནས། ག་ལ་ཡོད། ཅེས་གསུངས་ཏེ། གང་ཟག་གང་ཞིག །ཡང་ནས་ཡང་དུ་སྡིག་པའི་གྲོགས་པོ་བསྟེན་པའི་རྐྱེན་གྱིས་སངས་རྒྱས་ལ་བསད་འདོད་ཀྱི་ངན་སེམས་དང་ལྡན་པར་གྱུར་པ་སྐུ་ལས་ཁྲག་འབྱིན་པ་དང་རང་གི་ཕ་གསོད་པ་དང་མ་གསོད་པ་དང་དགྲ་བཅོམ་པ་གསོད་པ་སྟེ་བྱ་བ་མ་ཡིན་པ་གསུམ་བྱེད་པ་དང་མཆོག་གི་ཚོགས་པ་དབྱེན་གྱིས་འབྱེད་པར་བྱེད་པའི་མི་དེ་ཡང་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ངེས་པར་བསམ་ན་མྱུར་དུ་མཚམས་མེད་ཀྱི་ལས་དེ་ལས་ཐར་བར་འགྱུར་གྱི་གང་ཟག་གང་ཞིག་ཡིད་ནི་ཐེག་ཆེན་གྱི་ཆོས་ལ་སྡང་བས་དམ་པའི་ཆོས་སྤོང་ )༡༧༨
(བ་དེ་ཐར་པ་ག་ལ་ཡོད་དེ་མེད་པའི་ཕྱིར། མཚམས་མེད་པའི་ལས་བྱས་པ་ལས་ཀྱང་ལྕི་བའི་ཆོས་སྤང་གི་སྡིག་པ་ཆེན་པོ་རྟག་ཏུ་སྤང་པར་བྱའོ། །གསུམ་པ་བསྔོ་བ་དོན་བསྡུ་དང་བཅས་པ་ལ་གསུམ། བསྔོ་བ་སྨོན་ལམ་དང་བཅས་པ་ཕན་ཡོན་གྱི་དོན་བསྡུ་བསྟན་པ། རྫོགས་པའི་ཚུལ་ལོ། །དང་པོ་ནི། དཀོན་མཆོག་ནས། མཆོག་ཐོབ་ཤོག །ཅེས་གསུངས་ཏེ། དཀོན་མཆོག་གསུམ་དང་རང་བཞིན་གྱི་རྣམ་པར་བྱང་བའི་ཁམས་དང་དྲི་མ་མེད་པའི་བྱང་ཆུབ་དང་ཡོན་ཏན་དྲུག་ཅུ་རྩ་བཞི་ལྡན་པ་དང་ཕྲིན་ལས་འཇུག་པ་སྟེ་དོན་རྡོ་རྗེ་ལྟ་བུའི་གནས་རྣམ་པ་བདུན་པོ་ཚུལ་བཞིན་ཏུ་བཤད་པ་ལས་བྱམས་མགོན་བདག་གིས་དགེ་བ་གང་ཐོབ་པ་དེས་ནི། ནམ་མཁའ་དང་མཉམ་པའི་འགྲོ་བ་འདི་དག་ཀུན་གྱིས་གནས་སྐབས་སུ་མཐའ་ཡས་པའི་འོད་མངའ་བ་དྲང་སྲོང་ཆེན་པོ་ཚེ་དཔག་ཏུ་མེད་པའི་སྐུ་མངོན་སུམ་དུ་མཐོང་ཞིང་དེ་མཐོང་ནས་དེ་ལས་ཆོས་ཐོབ་པས་ཀྱང་ནི་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་མཐོང་ལམ་གྱི་རྟོགས་པ་སྐྱེས་ཏེ། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་མཆོག་ཐོབ་པར་ཤོག་ཅིག །ཅེས་རྩམས་པའི་དགེ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་རྗེས་འཇུག་རྣམས་ཉམས་ལེན་ཏུ་གདམས་པར་མཛད་པའོ། །གཉིས་པ་ནི། གང་ལ་ནས། བསྟན་པ་ཡིན། ཅེས་གསུངས་ཏེ། གང་ལ་བརྟེན་ནས་བཤད་པ་ནི། དེ་ལྟར་ཡིད་ཆེས་ལུང་དང་རིག་པ་ལ་བརྟེན་ནས་ཞེས་པས་བསྟན་ཅིང་། རྒྱུ་མཚན་ནམ་དགོས་པ་གང་གི་ཕྱིར་དུ་བཤད་པ་ནི། བདག་ཉིད་འབའ་ཞིག་དག་ཕྱིར་དང་། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེ་སུ་བཟུང་ཕྱིར་འདི་བཤད་དོ། །ཅེ་པས་བསྟན་ལ། ཚུལ་ཇི་ལྟ་བུར་བཤད་པ་ནི། ཇི་ལྟར་སྒྲོན་གློག་ཉི་ཟླ་ནོར་བུ་ལ། །ཞེས་པ་ལ་སོགས་པས་བསྟན་ཏོ། །དོན་གང་ཞིག་བཤད་པར་བྱ་བའི་ངོ་བོ་ནི། གང་ཞིག་དོན་ལྡན། ཅེས་པ་ལ་སོགས་པས་བསྟན་ལ། བཤད་བྱ་དེ་རྟོགས་པའི་རྒྱུ་མཐུན་པར་གྱུར་པའི་འཆད་བྱེད་ནི་གང་ཡིན་པ་སྟེ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། ཞེས་པ་ལ་སོགས་པ་བསྟན་པས་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ནི་དེ་ལྟར་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཞིས་རྒྱས་པར་བསྟན་ཏེ། གང་ཕྱིར་རྒྱལ་ལས་ཆེས་མཁས)༡༧༩
(ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བདག་གཉིད་དག་པར་བྱ་བའི་ཐབས་སུ་ཆོས་སྤོང་བའི་སྒྲིབ་པ་ལ་བག་བྱ་བར་བསྟན་ནོ། །བློ་དམན་ཕྱིར་དང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཆོས་སྤོང་བའི་ལས་བསགས་ན་བདག་ཉིད་ཉམས་པའི་རྒྱུ་ཡིན་པས་སྤང་བར་གདམས་པ་བསྟན་ཅིང་། དེའི་རྗེས་ནས་ཇི་ལྟར་ཟབ་མོའི་ཆོས་ཉམས་ཞེས་ཚིགས་བཅད་ནི་གཉིས་ཀྱིས་ཟབ་མོའི་ཆོས་ལས་ཉམས་པའི་འདྲས་བུ་གནས་སྐབས་ངན་འགྲོར་ལྟུང་བ་དང་། མཐར་ཐུག་ཐར་པ་མི་ཐོབ་པ་གཉིས་སྤང་བའི་ཚུལ་ཡང་དག་པར་བསྟན་པ་ཡིན་ནོ། །གནས་སྐབས་སུ་ཞིང་ཁམས་རྣམ་པར་དག་པ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེས་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་ཏེ། དོན་ཟབ་མོ་ལ་མི་སྐྲག་པའི་བཟོད་པ་ཐོབ་པ་དང་། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཆོས་ཡོངས་སུ་བསྔོ་བ་བརྗོད་པའི་སྒོ་ནས་མདོར་བསྡུ་ན། དམ་པའི་ཆོས་ལ་ཞུགས་པ་པོ་རྣམས་ཀྱིས་འབྲས་བུ་གནས་སྐབས་དང་མཐར་ཐུག་གི་དོན་ཕུན་སུམ་ཚོགས་པ་རྣམ་པ་གཉིས་འགྲུབ་པ་ཡིན་པར་ནི། དཀོན་མཆོག་རྣམ་པར་བྱང་ཁམས་ཞེས་སོགས་ཚིགས་སུ་བཅད་པ་ཐ་མ་གཅིག་པོ་འདི་ཡིས་ནི་ལེགས་པར་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། ཕན་ཡོན་གྱི་སྐབས་ཏེ་ལེའུ་ལྔ་པའི་རྣམ་པར་བཤད་པ་གྲུབ་བོ། །གསུམ་པ་རྫོགས་པའི་ཚུལ་ནི། ཁ་ཆེའི་ཡུལ་གྱི་དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པནྚི་མཁས་པ་ཆེན་པོ་སད་ཛ་ན་དང་། བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་བའོ།། །།འཁོར་འདས་ཀུན་ཁྱབ་གནས་ལུགས་བདེ་གཤེགས་སྙིང་། རྒྱལ་བའི་དགོངས་ཟབ་བསམ་མི་ཁྱབ་པའི་དོན། །རྒྱལ་སྲས་ཐུ་བོས་གསལ་བར་བསྟན་ན་ཡང་། །རྒྱུ་བཅུའི་དབང་གིས་དེ་རྟོགས་ཤིན་ཏུ་དཀོན། །རྣམ་དག་ལྟ་བས་ཉམས་ན་སྤྱོད་བཟང་གིས། །གྲོལ་བ་མིན་ཅེས་སྲས་བཅས་རྒྱལ་བས་བསྟན། །མཐར་ཐུག་རྣམ་དག་དབུ་མའི་ལྟ་བ་འདི། །རྟག་ཆད་ལམ་ནས་རྒྱང་དུ་འཕེན་པར་བྱེད། །ལྟ་སྒོམ་སྤྱོད་འབྲས་དམན་ལ་བྱང་ཆུབ་པ། །དུས་སྙིགས་སྐལ་དམན་)༡༨༠
(དབང་པོ་བརྟུལ་བའི་སྐྱོན། །དབུལ་པོའི་སྐྱེ་བོ་འཆིངབུ་ཕལ་པ་ལ། །ནོར་གྱི་མཆོག་ཏུ་འཛིན་པ་བསོད་ནམས་གཤིས། །ས་བཅུའི་དབང་ཕྱུག་མ་ཕམ་ཞལ་གྱི་ལུང་། །ལེགས་གསུངས་འཁོར་ལོ་གསུམ་གྱི་མཐར་ཐུག་དོན། །སྐལ་དམན་ཡི་དྭགས་མགྲིན་ལམ་མི་ཆུད་ཅིང་། །སྐལ་ལྡན་སྲོག་གི་ཟུང་སྟེར་བདུད་རྩིའི་ཆབ། །རྔོག་ལོ་ཕྱྭ་ གཙང ་ངན་འབག་ལ་སོགས་པས། །ཐེག་པ་སྤྱི་དང་བསྟུན་པའི་རྣམ་དབྱེ་མཛད། །རང་བྱུང་དོལ་པོ་རྗེས་འབྲང་བཅས་པ་ཡིས། །ཚུལ་འདི་བླ་མེད་སངས་རྒྱས་ཐེག་པར་བཀྲལ། །སྙིང་པོ་རྡོ་རྗེའི་གནས་བདུན་ཆོས་ཅན་དང་། །ཆོས་ཉིད་རྣམ་བཞག་ཤིང་རྟ་ཡབ་སྲས་ཀྱི། །དགོངས་པའི་ཉི་མར་བྱིས་བློའི་རྣམ་བརྟོག་གི །སྤྲིན་པས་མ་བསྒྲིབས་ངེས་དོན་སྒྲ་བཞིན་བཤད། །རྒྱལ་བའི་སྤྱོད་ཡུལ་མཐར་ཐུག་སྙིང་པོའི་དོན། །ཐོས་པས་ཡིད་ཆེས་གྱུར་པའི་བསོད་ནམས་མཚོར། །སྲིད་ཞིའི་ལེགས་སྤྱད་ཆུ་བོ་ཀུན་སྡུད་ཕྱིར། །མོས་པ་ཙམ་ཡང་སྙིང་པོར་བཟུང་བྱ་ཡིན། །དགེ་བས་ཐར་པ་དོན་གཉེར་སྐྱེ་བོ་ཀུན། །རྟག་ཆད་འཕྲད་སྒྲོལ་ཟབ་མོ་དབུ་མའི་ལམ། །བདེ་བླག་རྙེད་ནས་སྙིང་པོའི་ནོར་མཆོག་གིས། །མཁའ་ཁྱབ་འགྲོ་ཀུན་རེ་བ་རྫོགས་བྱེད་གོ །རྡོ་རྗེའི་གནས་བདུན་སྒྲིབ་བྲལ་མངོན་གྱུར་ཏེ། །དྲི་བཅས་མཁའ་མཉམ་འགྲོ་བའི་རྒྱུད་སྦྱོང་ཞིང་། །དྲི་མེད་རྒྱལ་བའི་སྙིང་པོ་སྟོན་པ་ལ། །སྐྱེ་ཀུན་བྱམས་མགོན་ཉིད་དང་མཚུངས་པར་ཤོག །བཤད་སྒྲུབ་བྱིན་རླབས་རྒྱུན་བཟང་ལེགས་བྱས་གཞིར། །གཅིག་ཏུ་འཁྱིལ་ལས་ལེགས་བཤད་ཆུ་ཀླུང་འབུམ། །གངས་ཅན་མཐའ་དབུས་ཁྱབ་ཅིང་རྟག་པར་འབབས། །མ་ཕམ་རྒྱལ་བའི་དགོངས་པ་སྐོར་བྱེད་ཤོག །དད་དང་མོས་པའི་ཡིད་ཀྱིས་ཐུབ་པའི་གསུང་རབ་ཁོ་ན་གཏམ་དུ་བྱེད། །དྲི་མེད་ཤེས་རབ་མིག་གིས་མཐར་ཐུག་སྙིང་པོའི་གནས་ལུགས་འཁྲུལ་མེད་མཐོང་། །འཆད་ཉན་པདྨོའི་དགའ་ཚལ་མཁས་པའི་སྐྱེ་བོ་བྱེ་སྙེད་བསྟི་བའི་གནས། །དུས་ཀྱི་དང་པོའི་དཔལ་བཞིན་འཛམ་གླིང་ཡངས་པའི་ཐུ་གྲུར་རབ་རྒྱས་ཤོག། །།ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སྙིང་པོའི་དོན་མངོན་སུམ་ལམ་གྱི་བཤད་སྲོལ་དང་སྦྱར་བའི་རྣམ་པར་འགྲེལ་པ་ཕྱིར་མི་ལྡོག་པ་སེང་གེའི་ང་རོ་ཞེས་བྱ་བ་འདི་ནི། འཚོ་མཛད་མཁས་པའི་དབང་པོ་ཀརྨ་ཚེ་དཔལ་སོགས་སྙིང་པོའི་དོན་ལ་གཅིག་ཏུ་གུས་པའི་སློབ་མ་རྣམས་ཀྱིས་རྟེན་དང་བཅས་རིང་ནས་བསྐུལ་ཡང་སྙོམས་ལས་སུ་གྱུར་ཅིང་། ཕྱིས་སུ་ཡུལ་དུས་དང་སྦྱར་བའི་བཤད་རྒྱུན་མ་ཆད་ཙམ་འབྱུང་དུ་རེ་བའི་རང་འདོད་ཡིད་ལ་གཅགས་ཀྱང་ན་)༡༨༡
(ཚོད་སྨིན་པས་གསར་སྤྲོས་རྒྱས་པར་མ་ལྕོགས་སྟབས། ཆོས་ཉིད་ཇི་བཞིན་གཟིགས་པའི་དམ་པ་སྔ་མ་དག་གི་གསུངས་དང་སྦྱར་ཏེ་ཤཱཀྱའི་རྗེས་འཇུག་ཀརྨ་ངག་དབང་ཡོན་ཏན་རྒྱ་ཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་མདོ་ཁམས་བཀའ་རྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དཀར་ཕྱོགས་ཀྱི་ཚེས་བརྒྱད་ལ་ལྟས་ཤིན་ཏུ་དགེ་བ་དང་ལྷན་ཅིག་གྲུབ་པར་བགྱིས་པ་ངེས་དོན་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།སྐད་ཅིག་ཤེས་ཀུན་མཁྱེན་པའི་ཡེ་ཤེས་དང་། །སྲིད་ཞིའི་དེ་ཉིད་ཇི་བཞིན་སྟོན་པ་ལ། །དུས་ལས་མི་ཡོལ་ཕྲིན་ལས་བདག་གིར་བཞེས། །བྱམས་མགོན་བླ་མས་བྱང་ཆུབ་བར་དུ་སྐྱོངས། །དེའི་གསུངས་སྲོལ་འབྱེད་ཐོགས་མེད་ཡབ་སྲས་སོགས། །མཁས་མང་དགོངས་པ་ངེས་དོན་སྒྲ་ཇི་བཞིན། །བཀྲལ་བས་ཕྱོགས་ལྷུང་གཟུ་བོར་བགྱིས་པའི་དྲིན། །དུས་འདིར་དྲན་ནོ་ཡོན་ཏན་རྒྱ་མཚོའི་ཞབས། །ཚུལ་འདིའི་བཤད་རྒྱུན་ཕྱོགས་སུ་ཁྱབ་གྱུར་ན། །དྲང་ངེས་འབྱེད་པའི་བློ་མིག་ཐོབ་གཟིགས་ནས། །རིག་པའི་རྡོ་རྗེའི་ཞུམ་མེད་ཐུགས་བསྐྱེད་ཀྱིས། །ཕྱི་མོའི་ལེགས་བྱས་འཛད་མེད་ཆོས་སུ་བསྒྲུབས། །དགེ་བས་དུས་ཀྱི་བགྲོད་པ་དང་བསྟུན་པའི། །གདུལ་དཀའ་གདོལ་སྤྱོད་ཅན་གྱི་སྐྱེ་བོ་ལའང་། །མཉེས་གཤིན་འདི་ཕྱིའི་ལམ་སྟོན་གངས་ཅན་མགོན། །བསྟན་འཛིན་རྒྱམ་ཚོའི་ཞབས་པད་བརྟན་གྱུར་ཅིག །བསྟན་འཛིན་སྤྱི་དང་ཁྱབ་བདག་འཁོར་ལོའི་མགོན། །དབང་ཡབ་སྲས་སྐུ་ཚེ་མཛད་ཕྲིན་འཕེལ། །ཚངས་སྤྱོད་འདུས་སྡེ་ཐུགས་མཐུན་ཆོས་བཞིན་སྤྱོད། །བརྟན་གཡོའི་ལེགས་ཚོགས་ཅི་ཡང་རྒྱས་པར་སྨོན། །འཕགས་ཡུལ་བསྟན་རྒྱུན་བོད་དུ་དར་བ་ལས། །གྲུབ་མཐའ་བཞི་ཡི་སྲོལ་དང་སྲོལ་འབྱེད་བྱུང་། །དེ་ཚུལ་རྗེས་མཐུན་གཞན་སྟོང་དབུ་མའི་སྲོལ་། །ཕྱོགས་སུ་ཁྱབ་སྟེ་སྙིང་པོའི་དོན་རྟོགས་ཤོག །དམིགས་ཡུལ་ )༡༨༢
(གཅིག་ཏུ་འདུན་པའི་ཆོལ་གསུམ་རིགས། །ཕན་ཚུན་མཛའ་སེམས་ཆིག་སྒྲིལ་དང་ཚུལ་ལ། །གཞོལ་བས་ཕྱོགས་རིས་གཡའ་སེལ་བདེན་དོན་གྱི། །བཞིན་སྣོད་གསར་དུ་སྣང་བ་འདིར་སྤྱོད་ཤོག །ཅེས་པ་འདིའང་ ༧རྒྱལ་དབང་མཆོག་གི་བཀའ་འབྲེལ་གྲགས་པ་ཡོངས་འདུས་སྨོན་པའོ།། །།སརྦ་མངྒལཾ།།
(༢༡)
(༢༡)ཐམས་ཅད་འདི་ལས་འཕྲོས་པའི་དོན་འབའ་ཞིག་ཡིན་ཅིང་། དེའང་ཆོས་ཉིད་དོན་དམ་པའི་བདེན་པ་ཆོས་དབྱིངས་རང་བཞིན་རྣམ་དག་གི་དགོངས་པའི་དོན་ལེགས་པར་རྣམ་པར་ཕྱེ་སྟེ་གཏན་ལ་འབེབས་པའི་བསྡུས་དོན་གྱི་སྙིང་པོ། མདོ་སྡེ་སོ་སོའི་དགོངས་པས་རྣམ་བཞག་བཅུར་གཏན་ལ་ཕབ་པ་དང་། སྙིང་པོའི་མདོའི་དགོངས་པས་དཔེ་དགུ་དང་སྦྱར་བ། དེ་ཉིད་གཏན་ལ་དབབ་ཚུལ། སྙིང་པོ་བསྟན་པའི་དགོས་པ་ཅན་གྱིས་བསྡུས་པ་ལས། དང་པོ་ནི། ངོ་བོ་རྒྱུ་འབྲས་སོགས་ཤློ་ཀ་གཅིག་འབྱུང་སྟེ། གཞིའི་ཆོས་སྐུ་དེ་བཞིན་ཉིད་རིགས་ཁམས་རང་བཞིན་རྣམ་དག་ངོ་བོའི་དོན་དང་། ཁམས་ལ་ཡོད་པའི་གློ་བུར་གྱི་དྲི་མ་སེལ་བར་བྱེད་པའི་ཐབས་མོས་པ་སོགས་ལམ་གྱི་ཆོས་སྐུའི་རྒྱུའི་དོན་དང་། དབྱིངས་དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་ཏེ་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཞི་ཐོབ་པ་འབྲས་བུ་ཆོས་སྐུའི་དོན་དང་། རིགས་ཡོད་པའི་རྒྱུ་མཚན་གྱིས་འཁོར་བའི་སྐྱོན་མཐོང་ནས་ཡིད་འབྱུང་བ་དང་། མྱང་འདས་ཀྱི་ཡོན་ཏན་མཐོང་ནས་ཐོབ་པའི་འདོད་པ་སྐྱེ་བ་ལས་ཀྱི་དོན་དང་། ཁམས་དེ་ལ་རྒྱུའི་ཡོན་ཏན་མོས་པ་སོགས་དང་འབྲས་བུའི་ཡོན་ཏན་མངོན་ཤེས་སོགས་མངའ་བ་ལྡན་པའི་དོན་དང་། རྟེན་གྱི་གང་ཟག་ཆོས་ཅན་ཐ་དད་པའི་སྒོ་ནས་བརྟེན་པོ་ཆོས་ཉིད་ཀྱང་གནས་སྐབས་གསུམ་གྱི་དབྱེ་བ་ལ་འཇུག་པ་འཇུག་པའི་དོན་དང་། རང་བཞིན་ལ་ཁྱད་པར་མེད་ཀྱང་གང་ཟག་གསུམ་གྱིས་གནས་སྐབས་ཀྱི་དབྱེ་བས་མིང་ཙམ་ཐ་དད་པར་སྟོན་པ་གནས་སྐབས་ཀྱི་དོན་དང་། དེ་གསུམ་རང་སྤྱིའི་སྒོ་ནས་ཆོས་དབྱིངས་ནམ་མཁའ་ལྟར་ཁྱབ་པ་ཀུན་ཏུ་འགྲོ་བའི་དོན་དང་། ཆོས་ཅན་སྐྱེ་འགག་འཕེལ་འགྲིབ་བྱེད་ཀྱང་ཆོས་ཉིད་ལ་དེ་དག་བྲལ་བ་མི་འགྱུར་བའི་དོན་དང་། གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ཏུ་བྲལ་སྨིན་གྱི་ཡོན་ཏན་ཅཕཚཔབཧགབཔ་རྣམས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཉི་མ་དང་འོད་ཟེར་ལྟར་གནས་པ་རྣམ་པར་དབྱེར་མེད་པའི་དོན་ཏེ། དོན་བཅུ་པོ་དེས་ཀྱང་གང་ཟག་གཅིག་སངས་རྒྱས་བསྒྲུབ་པའི་གཞི་ལམ་འབྲས་བུ་ཚང་བར་བསྟན། གཉིས་པ་ནི། སངས་
(༢༢)རྒྱས་པད་ངན་སོགས་ཀྱིས་བསྟན་ཏེ། བྱིས་པ་སོ་སྐྱེ་ནས་རྒྱུན་མཐའི་བར་དུ་ཡོད་པའི་ཉོན་ཤེས་ཀྱི་སྒྲིབ་པ་རྣམས་པདྨ་མདོག་ངན་སོགས་སྒྲིབ་བྱེད་དྲི་མའི་དཔེ་དགུ་དང་། ཆོས་སྐུ་དེ་བཞིན་ཉིད་རིགས་ཀྱི་རང་བཞིན་གསུམ་པོ་ནི་སངས་རྒྱས་སོགས་པ་སྒྲིབ་བྱ་ཆོས་དབྱིངས་ཀྱི་དཔེ་དགུ་དང་སྦྱར་ནས་བཤད། གསུམ་པ་ནི། ཆོས་ཉིད་དོན་དམ་པའི་གནས་ལུགས་དེ་ཉིད་འཇིགས་ཚོགས་ལ་ལྟ་བ་བྱིས་པའི་སྐྱེ་བོ། ཕྱིན་ཅི་ལོག་ཏུ་ལྟ་བ་ཉན་རང་། སྟོང་པ་ཉིད་ལ་སེམས་རྣམ་པར་གཡེང་བ་བྱང་སེམས་ལས་དང་པོ་པ་རྣམས་ཀྱིས་དད་པ་བསྐྱེད་པ་ལས་ཇི་བཞིན་མི་རྟོགས་ལ། བསལ་བཞག་མེད་པའི་ཤེས་རབ་ཟབ་མོས་རྟོགས་པར་བསྟན། བཞི་པ་ནི། འཕགས་པས་ལྟ་བར་དཀའ་བའི་བདེ་གཤེགས་སྙིང་པོ་སོ་སྐྱེ་ལ་བསྟན་པའི་དགོས་པ་དང་། འཁོར་ལོ་བར་པར་ངོ་བོ་ཉིད་མེད་པར་གསུངས་པ་དང་། འཁོར་ལོ་ཐ་མར་སྙིང་པོ་ཡོད་པར་གསུངས་བའི་འགལ་བ་སྤངས་པ་རྣམས་ཀྱིས་ལེའུ་དང་པོ་གྲུབ། དེ་ནས་ཆོས་ཀྱི་དབྱིངས་དེ་དྲི་མ་མཐའ་དག་དང་བྲལ་བ་ལས་སངས་རྒྱས་རྣམས་ཀྱི་ཟག་པ་མེད་པའི་དབྱིངས་ལ་གནས་མ་ལུས་པ་ཡོངས་སུ་གྱུར་པ་དྲི་མ་མེད་པའི་དེ་བཞིན་ཉིད་ཀྱི་དབང་དུ་བྱས་ནས་རྟོགས་པའི་ངོ་བོ་བྱང་ཆུབ་ནི། དག་ཐོབ་སོགས་དང་། ངོ་བོ་རྒྱ་སོགས་ཀྱིས་བསྟན་ཏེ། ཆོས་དབྱིངས་རང་བཞིན་རྣམ་དག་དེ་ཉིད་གློ་བུར་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་ནས་དག་པ་གཉིས་ལྡན་ཏུ་གནས་ཡོངས་སུ་གྱུར་པ་ནི་ངོ་བོའི་དོན་དང་། དེ་ཐོབ་པར་བྱེད་པའི་ཐབས་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པ་དང་། རྗེས་ཐོབ་འཇིག་རྟེན་པའི་ཡེ་ཤེས་གཉིས་ཟུང་འབྲེལ་ཏུ་སྒོམ་པ་གནས་འགྱུར་བྱེད་རྒྱུའི་རྐྱེན་གྱི་དོན་དང་། ཡེ་ཤེས་དེ་དག་གོམས་པ་མཐར་ཕྱིན་པ་ལས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དྲི་མ་ཟད་ཅིང་བྲལ་ཏེ་མི་སྐྱེ་བའི་ངང་ནས་སྤངས་རྟོགས་ཡོངས་སུ་རྫོགས་པ་འབྲས་བུའི་དོན་དང་། ཉོན་སྒྲིབ་བྲལ་བས་ཟག་བཅས་ཀྱི་རྒུད་པ་ཐམས་ཅད་ལས་འདས་ཏེ་
(༢༣)ཟག་པ་མེད་པའི་འབྱོར་བ་མཐའ་ཡས་པ་ཐོབ་པས་རང་དོན་ཕུན་སུམ་ཚོགས་པ་གྲུབ་ཅིང་། ཤེས་སྒྲིབ་བྲལ་བས་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པའི་གཞན་དོན་ཕུན་སུམ་ཚོགས་པ་ནི་ལས་ཀྱི་དོན་དང་། དོན་གཉིས་དེ་དག་འགྲུབ་པར་བྱེད་པའི་རྟེན་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཚད་མེད་པ་མངའ་བ་ནི་ལྡན་པའི་དོན་དང་། ཡོན་ཏན་དེ་ལྡན་གྱི་བྱང་ཆུབ་དེ་ཉིད་འཕགས་ཆེན་རྣམས་ཀྱིས་ཀྱང་མི་རྟོགས་ཤིང་གཏིང་དཔག་དཀའ་བས་ཟབ་པ་ཆོས་སྐུ་དང་། ཀུན་ལ་ཁྱབ་པས་རྒྱ་ཆེ་བ་ལོངས་སྐུ་དང་། སྐལ་པ་དང་མཐུན་པར་གཞན་དོན་འབའ་ཞིག་མཛད་པ་བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱིས་རབ་ཏུ་དབྱེ་བ་ནི་འཇུག་པའི་དོན་དང་། སྐུ་གསུམ་པོ་དེའང་ནམ་མཁའི་མཐའ་དང་འགྲོ་བའི་ཁམས་ཇི་སྲིད་པའི་དུས་དང་མཚུངས་པར་འཇུག་ཅིང་གནས་པ་ནི་རྟག་པའི་དོན་དང་། སངས་རྒྱས་ཀྱི་རང་བཞིན་སྐུ་གསུང་ཐུགས་ཀྱི་གསང་བ་ནི་སངས་རྒྱས་ཉིད་ལས་གཞན་པའི་སྤྱོད་ཡུལ་དུ་མ་གྱུར་ཅིང་རྟོགས་པར་དཀའ་བ་ནི་བསམ་གྱིས་མི་ཁྱབ་པའི་དོན་ཏེ། དེ་ལྟར་དོན་བརྒྱད་ཀྱི་སྒོ་ནས་བཤད་པས་ལེའུ་གཉིས་པ་གྲུབ། ཆོས་དང་ཆོས་ཉིད་རྣམ་པར་བྱེད་པ་ཉིད་ལེའུ་འདིའི་འགྲེལ་པ་ལྟ་བུར་ཡོད་དེ་དེར་ཆོས་ཉིད་དང་། འདིར་དྲི་མེད་དེ་བཞིན་ཉིད་ཅེས་གསུངས་པ་དོན་གཅིག་ཅིང་། ཆོས་ཉིད་ཀྱི་མཚན་ཉིད་སོགས་རྣམ་པ་དྲུག་ཏུ་བསྡུས་པའི་དོན་ལས། དང་པོ་ཤེས་བྱ། བར་པ་གཞི་བསྒོམ་བྱ། ཐ་མ་འབྲས་བུ་སྟེ་རྣམ་པ་གསུམ་དུ་འགྱུར་བས་རྒྱས་པ་དེ་ཉིད་དུ་རྟོགས་པར་བྱའོ། །དེ་ནས་བྱང་ཆུབ་ཆེན་པོ་ལ་གནས་པ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པ་རྟོགས་པའི་ཡན་ལག་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་དབང་དུ་མཛད་ནས། རང་དོན་གཞན་དོན་སོགས་ཀྱི་རང་དོན་དོན་དམ་ཆོས་སྐུ་ལ་ཡོད་པའི་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས། གཞན་དོན་ཀུན་རྫོབ་གཟུགས་སྐུ་ལ་ཡོད་པའི་རྣམ་སྨིན་གྱི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ་བསྡོམས་པས་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་སྐུ་གཉིས་དང་
(༢༤)སྦྱར་ཏེ་རྣམ་གྲངས་བསྟན། དེ་ནས་སྟོབས་ཉིད་མ་རིག་སྒྲིབ་ལ་སོགས་ཀྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སྟོབས་བཅུ། འཇིགས་པ་མེད་པའི་སེང་གེ་ལྟ་བུའི་མི་འཇིགས་པ་བཞི། གཞན་དང་ཐུན་མོང་མ་ཡིན་པ་ནམ་མཁའ་ལྟ་བུའི་མ་འདྲེས་པ་བཅོ་བརྒྱད་དེ་སྤང་བྱ་དག་པ་ལས་བྱུང་བ་ཆོས་སྐུའི་ཡོན་ཏན། ལེགས་གནས་འཁོར་ལོས་མཚན་པ་སོགས་ཀྱིས་མཚན་བཟང་སུམ་ཅུ་རྩ་གཉིས་ཡོན་ཏན་རྫོགས་པ་ལས་ཐོབ་པ་གཟུགས་སྐུའི་ཡོན་ཏན་རྣམས་དཔེ་དོན་ཞིབ་མོར་སྦྱར་ཏེ་བཤད་པས་ལེའུ་གསུམ་པ་གྲུབ། དམ་ནས་ཡོན་ཏན་དེ་དག་ཐོབ་པའི་ནུས་པས་རྒྱལ་བའི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་དབང་དུ་མཛད་ནས། གཞན་གྱིས་རྟོགས་བྱེད་ཕྲིན་ལས་ཀྱི་དོན་ལ། གདུལ་བྱའི་ཁམས་སོགས་ཀྱིས། གདུལ་བྱ་གང་གི་ཆེད་དུ་འཇུག་པ་དང་། ཐབས་གང་གིས་འདུལ་བ་དང་། གདུལ་བའི་བྱ་བ་གང་ཡིན་པ་དང་། གདུལ་བྱ་གནས་པའི་ཡུལ་གང་དུ་གཤེགས་པ་དང་། སྐབས་སུ་བབས་པའི་དུས་གང་གི་ཚེ་འདུལ་བ་རྣམས་ལ་རྣམ་པར་རྟོག་པའི་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་པའི་ཕྲིན་ལས་བསྟན་ལ། ངེས་འབྱིན་སོགས་ཀྱིས་ཕྲིན་ལས་འབྱུང་བའི་ངེས་པར་འབྱིན་པའི་རྒྱུ་དང་། དེ་ཉིད་ཉེ་བར་སྟོན་པའི་རྐྱེན་དང་། རྒྱུ་རྐྱེན་དེ་ལས་འབྲས་བུ་འགྲུབ་པའི་ཚུལ་དང་། འབྲས་བུ་དེའི་ཕྲིན་ལས་འཇུག་པའི་ཡུལ་དང་། དེ་དག་གི་སྤང་བྱའི་སྒྲིབ་པ་དང་། དེ་གཅོད་བྱེད་ཀྱི་རྐྱེན་ལ་རྟོག་པ་མེད་པར་རང་གིས་འཇུག་པས་རྒྱུན་མི་འཆད་པ་སྟེ་དཔེ་དོན་སྦྱར་ཏེ་རྒྱུ་གསུམ་གྱིས་རྟོག་པའི་ཕྲིན་ལས་བསྟན། རྣམ་པར་མི་རྟོག་པ་ལས་རྟག་ཁྱབ་ཀྱི་ཕྲིན་ལས་འབྱུང་བ་ཇི་ལྟར་མི་འགལ་སྙམ་པའི་ཐེ་ཚོམ་བཅད་པའི་ཕྱིར། བརྒྱ་བྱིན་རྔ་སྤྲིན་སོགས་དཔེ་དགུས་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པ་ཕྱོགས་རེ་ནས་མཚོན་ཅིང་ཐམས་ཅད་དུ་མི་མཚུངས་པས་དཔེ་ལས་འདས་པར་བསྟན་པས་ལེའུ་བཞི་པ་གྲུབ། དེ་ལྟར་བསྟན་བཅོས་དངོས་གཞི་གྲུབ་ནས་སླར་ཡང་བསྡུས་དོན་དང་འབྲེལ་བར་བསམ་གྱིས་མི་ཁྱབ་པའི་གནས་བཞི་ལ་མོས་པ་ཙམ་གྱིས་སྦྱིན་ཚུལ
(༢༥) སྒོམ་གསུམ་གྱི་ཡོན་ཏན་ལས་ཁྱད་པར་འཕགས་པའི་ཡོན་ཏན་དང་། ཇི་ལྟར་བཙམས་པའི་ཚུལ་འཕྲོས་དོན་དང་། མཐར་བསྔོ་སྨོན་གྱིས་བསྡུས་པའི་དོན་ཀྱང་གསལ་བར་མཛད་དེ། འདི་ནི་ཤིན་ཏུ་རྒྱས་པ་ཆེན་པོ་དང་རྨད་དུ་བྱུང་བའི་གསུང་རབ་དང་འབྲེལ་བའི་དབང་གིས་དོན་གཅིག་ཉིད་དཔེ་དོན་རྟགས་གསུམ་གྱི་སྒོ་ནས་ཡང་ཡང་བསྐྱར་བར་མཛད་པ་ཉིད་དོ། །གཉིས་པ་ནི། ཐེག་པ་མཆོག་གི་ལམ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དེད་དཔོན་ལྟ་བུར་སྔོན་དུ་འགྲོ་བའི་ཕྱིར་སེམས་དེ་ཡང་དག་པར་བླང་བའི་རིམ་པ་དང་མཐུན་པ་ཡིན་ཏེ། བྱང་ཆུབ་སེམས་ནི་སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་རྒྱུ་བྱས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་རྐྱེན་བྱས་ནས་སྐྱེ་བས་དེ་ཉིད་ཐོག་མར་བསྟན། སེམས་བསྐྱེད་པའི་དམིགས་པ་ནི་གཞན་གྱི་དོན་དང་བྱང་ཆུབ་ཡིན་ལ། གཞན་ནི་གང་གི་ཆེད་དུ་སེམས་བསྐྱེད་པའི་སེམས་ཅན་རྣམས་ཡིན་པས་དྲི་བཅས་ཀྱི་དེ་བཞིན་ཉིད་ཐོག་མར་བསྟན་ཅིང་། གཞན་དོན་དངོས་ཕྲིན་ལས་ཀྱིས་བསྟན། དེའི་རྒྱུ་བྱང་ཆུབ་དང་། དེས་གཞན་དོན་བྱེད་པའི་ཡན་ལག་ཡོན་ཏན་རྣམས་སོ་སོའི་ལེའུས་བསྟན་ཏོ། བདུན་པོ་ཐམས་ཅད་ཀྱང་བདེན་པ་གཉིས་ཀྱི་ཚུལ་གྱིས་ཤེས་པར་བྱ་དགོས་ཏེ། དོན་དམ་གྱི་དཀོན་མཆོག་སངས་རྒྱས། ཀུན་རྫོབ་ཆོས་དང་དགེ་འདུན། དོན་དམ་གྱི་བདེ་གཤེགས་སྙིང་པོ་འོད་གསལ་སྟོང་ཉིད། ཀུན་རྫོབ་ཡང་དག་པར་བླངས་པའི་རིགས། དོན་དམ་གྱི་བྱང་ཆུབ་ངོ་བོ་ཉིད་སྐུ། ཀུན་རྫོབ་གཟུགས་སྐུ་གཉིས། དོན་དམ་བྲལ་བ་དང་ཀུན་རྫོབ་རྣམ་སྨིན་གྱི་ཡོན་ཏན། དོན་དམ་ཆོས་སྐུའི་ཕྲིན་ལས་དང་ཀུན་རྫོབ་གཟུགས་སྐུའི་ཕྲིན་ལས་རྣམས་སུ་དབྱེར་ཡོད་པའང་ཤེས་པར་བྱའོ། །བརྒྱད་པ་ནི། དེ་ལ་བསྟན་བཅོས་ཆེན་པོ་འདིའི་བརྗོད་བྱ་ལ་སོགས་པ་གང་ཞེ་ན། དཀོན་མཆོག་གསུམ་དང་ཁམས་དང་བྱང་ཆུབ་ཡོན་ཏན་ཕྲིན་ལས་དང་བཅས་པ་སྟེ་ཐེག་ཆེན་སྙིང་པོའི་མདོ་དོན་མཐའ་དག་བསྡུས་པ་
(༢༦)ཐོས་བསམ་གྱིས་ཤིན་ཏུ་རྟོགས་པར་དཀའ་བས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་གནས་བདུན་ནི་བརྗོད་པར་བྱ་བ། ཚིག་དོན་དེ་ཉིད་དང་པོར་ཐོས་པའི་ཤེས་རབ་ཀྱིས་རྗོད་བྱེད་ཀྱི་ཚིག་གོ །བར་དུ་བསམ་པའི་ཤེས་རབ་ཀྱིས་དོན་སྤྱིའི་ཚུལ་དུ་ངེས་པ་རྙེད་ནས་དབུལ་པོའི་ཁྱིམ་ལ་ཡོད་པའི་གཏེར་གྱི་ཁ་བྱང་ཐོབ་པ་དང་འདྲ་བར་ངེས་དོན་སྙིང་པོའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཚད་མ་གསུམ་དང་རྟོན་པ་བཞི་ལ་བརྟེན་ནས་བདེ་བླག་ཏུ་འཇུག་ནུས་པ་ནི་དགོས་པ། དེ་ལྟར་ཞུགས་ནས་དད་པ་རྣམ་གསུམ་སྔོན་དུ་འགྲོ་བས་སྙིང་པའི་དོན་ལ་བསྒོམ་བྱུང་གི་ཤེས་རབ་བསྐྱེད་པས་ས་འོག་གི་གཏེར་ལག་ཏུ་ཐོབ་པ་དང་འདྲ་བར་སྙིང་པོ་ཆོས་ཉིད་ཀྱི་བཞུགས་ཚུལ་ཐོག་མར་རྗེས་མཐུན་པ་མཉམ་སུ་མྱོང་། རིམ་གྱིས་ཇེ་གསལ་དུ་སོང་ནས་མཐར་རྟོག་བྲལ་མ་འཁྲུལ་བར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དྲི་མ་མེད་པ་སྐྱེས་ཏེ་གློ་བུར་གྱི་དྲི་མ་བྲལ་བའི་རང་བཞིན་རྣམ་དག་ཆོས་ཀྱི་སྐུ་མངོན་དུ་འགྱུར་བ་ནི་ཉིད་དགོས། ཉིང་དགོས་དགོས་པ་ལ་རགས་ལས། དགོས་པ་བརྗོད་བྱ་ལ་རགས་ལས་པས་སྔ་མ་མེད་ན་ཕྱི་མ་མི་འབྱུང་བ་བདག་གཅིག་དེ་བྱུང་གི་འབྲེལ་པ་མེ་དང་དུ་བའམ་ཉི་མ་དང་འོད་བཞིན་ཏུ་གྲུབ་པ་ནི་འབྲེལ་བའོ། །དེ་དག་གི་སྤྱི་དོན་ཅུང་ཟད་བསྟན་ནས། རྩ་བའི་གཉིས་པ་གཞུང་དངོས་ཀྱི་ཚིག་དོན་རྒྱས་པར་བཀྲོལ་བ་ལ་གསུམ། དོན་དང་མཐུན་པའི་མཚན་དང་ཕྱག །དོན་མཆོག་ལྡན་པའི་བསྟན་བཅོས་དངོས། དོན་དེ་ལེགས་པར་བསྒྱུར་ཚུལ་ལོ། །དང་པོ་ལ་གཉིས། མཚན་དང་འགྱུར་ཕྱག་གོ །མཚན་ལའང་གཉིས། སྐད་གཉིས་ཤན་སྦྱར་ཏེ་བཀོད་པ་དང་། དེའི་དོན་བཤད་པའོ། དང་པོ་ནི། རྒྱ་གར་ནས། བསྟན་བཅོས། ཞེས་འབྱུང་སྟེ། རྒྱ་ཆེ་བའི་ཡུལ་གྱི་བྱེ་བྲག་ཁ་དོག་ཆས་གོས་དཀར་པོ་ལ་གཙོར་བྱེད་པས་རྒྱ་དཀར་པོའམ་མིང་མཐའ་འདྲེན་ཚུལ་གྱིས་རྒྱ་གར་ཅེས་གྲགས་པ། སངས་རྒྱས་བྱོན་པའི་གནས་འཕགས་ཡུལ་ན་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས། སཾ་སྐྲྀ་ཏ་སྟེ་ལེགས་པར་སྦྱར་བ་ལྷའི་སྐད་དུ། མ་ཧཱ་ཡཱ་ན་ཞེས་སོགས་འབྱུང་བ། བོད་
(༢༧)ཀྱི་སྐད་དུ་བསྒྱུར་བ། མ་ཧཱ་ནི་ཆེན་པོ། ཡཱ་ན་ནི་ཐེག་པ། ཨུཏྟཱ་ར་ནི་བླ་མ། ཏནྟྲ་ནི་རྒྱུད། ཤཱ་སྟྲ་ནི་བསྟན་བཅོས་སོ། །གཉིས་པ་ནི། ཐེག་པ་ནི་འདིས་འདེགས་པས་ན་རྒྱུའི་ཐེག་པ་དང་། འདིར་འདེགས་པས་ན་འབྲས་བུའི་ཐེག་པ་སྟེ་ཆེ་ཆུང་སྤྱི་ལ་འཇུག་པའོ། །ཆེན་པོ་ནི་དམིགས་པ་དང་། སྒྲུབ་པ་དང་། ཡེ་ཤེས་དང་། བརྩོན་འགྲུས་དང་། ཐབས་མཁས་དང་། གྲུབ་པ་དང་། ཕྲིན་ལས་ཏེ་ཆེན་པོ་བདུན་དང་ལྡན་པ་སྟེ་འདི་ཉིད་བྱེ་བྲག་ལ་འཇུག་གོ །རྒྱུད་ནི་རྗོད་བྱེད་ཚིག་གི་རྒྱུད་ལྟར་ན་ཚིག་དང་ཡི་གེ་རྒྱུན་ཆགས་པའི་དོན་ཏེ་རྒྱུན་ཆགས་གསུམ་པ་འདོན་ཅེས་གྲགས་པ་ལྟར་རམ། བརྗོད་བྱའི་དབང་དུ་བྱས་ན་བདེ་བར་གཤེགས་པའི་སྙིང་པོ་དེ་ནི་གཞི་ལམ་འབྲས་བུའི་གནས་སྐབས་གསུམ་དུ་རྒྱུན་ཆགས་པས་སོ། །བླ་མ་ནི་རྗོད་བྱེད་ལྟར་ན་ཕྱི་མའི་དོན་ཏེ་གསོ་རིག་ལ་སྨན་དཔྱད་ལག་ལེན་ཏུ་བསྒྲིལ་བ་ལ་ཕྱི་མའི་རྒྱུད་ཅེས་གྲགས་པ་ལྟར་འདིར་དགོངས་པའི་དོན་ཟབ་སྙིང་པོར་དྲིལ་ནས་སྟོན་པའམ། བརྗོད་བྱ་ལྟར་ན་གོང་ན་མེད་པའི་དོན་ཏེ། ཐེག་པ་བླ་ན་མེད་པ་སྟོན་པས་སོ། །བསྟན་བཅོས་ནི། སྤྱིར་སློབ་མ་རྣམས་འཆོས་པ་དང་། ཁྱད་པར་དུ་ཉོན་མོངས་ལས་འཆོས་ཤིང་། འབྲས་བུ་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པ་སྟེ། རྣམ་བཤད་རིག་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པ་ལྟར་རོ། །འདིར་མིང་ནི་དཔེ་དང་། གྲངས་དང་། གཞུང་ཚད་དང་། ཞུ་བ་པོ་དང་། ཡུལ་དང་། དུས་དང་། བརྗོད་བྱ་ལས་བཏགས་པ་སོགས་མང་དུ་ཡོད་པ་ལས། འདི་ནི་བརྗོད་བྱ་དང་བྱེད་ལས་ལས་བཏགས་པར་བཞེད་དོ། །གཉིས་པ་ནི། སངས་རྒྱས་ནས། ཕྱག་འཚལ་ལོ། །ཞེས་འབྱུང་སྟེ། སངས་རྒྱས་ཀྱི་སྐད་དོད་བུདྡྷ་ནི་མ་རིག་པའི་གཉིད་སངས་པའི་སྤངས་པ་ལ་འཇུག་སྟེ། དཔེར་ན་གཉིད་སད་པ་ལྟ་བུའོ། །ཡང་ན་ཤེས་བྱ་ལ་བློ་རྒྱས་པའི་རྟོགས་པ་ལ་འཇུག་སྟེ། པདྨ་ཁ་བྱ་བ་ལྟ་བུའོ། །ཤེས་རབ་ཀྱིས་བྱང་ཆུབ་དང་སྙིང་
(༢༨)རྗེས་སེམས་ཅན་ལ་དམིགས་པས་སམ། བྱང་ཆུབ་ཀྱི་ཆད་དུ་སེམས་པས་སྲན་ཐུབ་པས་བྱང་ཆུབ་སེམས་དཔའ་སྟེ། སེམས་དཔའི་སྒྲ་ཆགས་པ་དང་སོས་པ་དང་སྙིང་སྟོབས་ལ་འཇུག་པས་སོ། །དེ་ཐམས་ཅད་ལ་སྒོ་གསུམ་གུས་པས་འདུད་ཅིང་ཕྱག་འཚལ་བ་སྟེ། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་འགྱུར་མཛད་པའི་ཐོག་མར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ནས་བསྟན་བཅོས་བསྒྱུར་བ་དེ་བཞིན་དུ། བདག་ཅག་རྣམས་ཀྱིས་ཀྱང་འདོད་པའི་ལྷ་ལ་ཕྱག་བྱས་ནས་རྩོམ་འཆད་སོགས་ལ་འཇུག་པར་བྱ་བ་རྗེས་སུ་གདམས་པའོ། །གཉིས་པ་བསྟན་བཅོས་དངོས་བཤད་པ་ལ་གསུམ། ལུས་རྣམ་པར་བཞག་པ། ཡན་ལག་རྒྱས་པར་བཤད་པ། བཤད་པ་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་གསུམ། བསྟན་བཅོས་ཀྱི་ལུས་རྡོ་རྗེའི་གནས་བདུན་དུ་བསྟན་པ། དེའི་ཁུངས་མདོ་དང་སྦྱར་བ། གོ་རིམ་གྱིས་འབྲེལ་བ་བསྟན་པའོ། །དང་པོ་ནི། སངས་རྒྱས་ནས་། འདི་དག་གོ །ཞེས་གསུངས་ཏེ། ཐོབ་པར་བྱ་བ་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་དོན་དང་། འདོད་ཆགས་དང་བྲལ་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་དམ་པའི་ཆོས་ཀྱི་དོན་དང་། ཡེ་ཤེས་གཉིས་དང་ལྡན་པས་ཕྱིར་མི་ལྡོག་པའི་ཚོགས་འཕགས་པའི་དགེ་འདུན་གྱི་དོན་དང་། དེ་རྣམས་ཐོབ་པའི་ཚུལ་ཡང་དག་པར་རྟོགས་པར་བྱ་བའི་སེམས་ཅན་གྱི་ཁམས་སམ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་དོན་དང་། རྟོགས་པའི་ངོ་བོ་ཁམས་དེ་ཉིད་དྲི་མ་མཐའ་དག་གིས་དག་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་དོན་དང་། རྟོགས་པའི་ཡན་ལག་བྱང་ཆུབ་ཆེན་པོ་དང་འབྲེལ་པ་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་ཡོན་ཏན་གྱི་དོན་དང་། གཞན་གྱིས་རྟོགས་པར་བྱེད་པའི་ཐབས་ཡོན་ཏན་གྱི་ནུས་པ་སངས་རྒྱས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་དོན་ཐ་མའམ་ཕྱི་མར་བསྟན་པ་དང་བཅས་སྟེ། འཆད་པར་འགྱུར་པའི་བསྟན་བཅོས་མཐའ་དག་གི་ཡན་ལག་ཀུན་གྱི་
(༢༩)ལུས་སམ་དངོས་པོ་ནི་མདོར་བསྡུས་པའི་ཚུལ་གྱིས་བསྟན་ན། བརྗོད་བྱ་ཟབ་མོ་ཐོས་བསམ་གྱི་ཤེས་པས་ཕིགས་པར་དཀའ་བའི་ཕྱིར་རྫས་ཀྱི་དངོས་པོ་རྡོ་རྗེ་རིན་པོ་ཆེ་ལྟ་བུ་བདུན་དང་། རྗོད་བྱེད་ཡི་གེ་རྣམས་ཀྱང་དེ་དག་གི་ལམ་གསལ་བར་སྟོན་ཅིང་གོ་བར་བྱེད་པས་ན་གནས་ཞེས་བྱ་སྟེ། བརྗོད་བྱ་རྣམས་རིམ་གྱིས་རྟོགས་པའི་གཞིའམ་རྟེན་དུ་འགྱུར་པའི་ཕྱིར་བརྗོད་བྱ་དང་མཚུངས་པར་གྲངས་བདུན་གྱིས་བསྟན་པ་འདི་དག་གོ །གཉིས་པ་ནི། འདི་དག་ནས་། དབྱེ་བ་ལས། ཞེས་གསུངས་ཏེ། རྡོ་རྗེའི་གནས་བདུན་པོ་འདི་དག་རང་གི་མཚན་ཉིད་དམ་ངོ་བོ་ཉིད་ཀྱིས་བར་མ་ཆད་དུ་རྗེས་སུ་འབྲེལ་བར་འདིར་བསྟན་པའི་གོ་རིམ་གྱི་ཇི་ལྟ་བ་བཞིན་དུ་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པ་ཞེས་གྲགས་པའི་མདོར། གླིང་གཞི་ལས་ནི་རྡོ་རྗེའི་གནས་དང་པོ་དཀོན་མཆོག་གསུམ་བསྟན་པར་རིག་པར་བྱ་སྟེ། དེ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་མངའ་བ་ཞེས་པ་ལ་སོགས་པས་སོ། །ལྷག་མའི་གནས་བཞི། གླེང་གཞིའི་རྗེས་སུ་བློ་ལྡན་བྱང་ཆུབ་སེམས་དཔའ་ལམ་གྱི་ཆོས་ཡོན་ཏན་གྱི་དྲི་མ་ཡོངས་སུ་སྦྱོར་བ་དྲུག་ཅུ་བསྟན་པས་དང་པོར་སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་ངལ་བ་ཙམ་དུ་ཟད། །ཅེས་གསུངས་པ་ལྟར། དྲི་མ་སྦྱང་བའི་གཞི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་སྙིང་པོར་ཡོད་པ་ལས། དེ་མངོན་དུ་འགྱུར་བའི་ཆེད་དུ་ཡོངས་སུ་སྦྱོར་བའི་ཚུལ་སྟོན་པར་འཐད་པའི་ཕྱིར་རོ། །ཡོངས་སུ་སྦྱོང་བ་དྲུག་ཅུ་པོ་གང་ཞེ་ན། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་དང་། སྣང་བ་རྣམ་པ་བརྒྱད་དང་། སྙིང་རྗེ་ཆེན་པོ་བཅུ་དྲུག་དང་། ཕྲིན་
(༣༠)ལས་སུམ་ཅུ་རྩ་གཉིས་སོ། །དེ་ནས་རྡོ་རྗེའི་གནས་ཕྱི་མ་གསུམ་ནི་རྒྱལ་བའི་ཆོས་ཀྱི་དབྱེ་བ་བརྒྱད་ཅུ་བསྟན་པ་ལས་རིག་པར་བྱ་སྟེ། དེ་ཡང་དབྱིངས་བསྟན་པའི་རྗེས་སུ་བྱང་ཆུབ་ཆེན་པོའི་སྙིང་རྗེ་རྣམ་པ་བཅུ་དྲུག་བསྟན་པ་ལས་བྱང་ཆུབ་གསལ་བར་མཛད་དོ། །དེའི་རྗེས་སུ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པས་ཡོན་ཏན་གསལ་བར་མཛད་དེ་འཆད་པར་འགྱུར་པ་ལྟར་རོ། །དེའི་རྗེས་སུ་དེ་བཞིན་གཤེགས་པའི་ཕྲིན་ལས་བླ་ན་མེད་པ་སུམ་ཅུ་རྩ་གཉིས་བསྟན་པས་ཕྲིན་ལས་གསལ་བར་མཛད་དེ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་ལས་ནི་སུམ་ཅུ་རྩ་གཉིས་པོ་འདི་དག་གོ་ཞེས་ལས་དང་ལས་ཅན་ལྷན་གཅིག་ཏུ་གསུངས་པས་སོ། །འདིར་སྡུད་པའི་སྒྲས་གནས་བདུན་པོ་མདོ་སོ་སོ་ནས་གསུངས་པའི་ཚུལ་ཡང་བསྟན་པ་ཁ་ཅིག་གིས་བཤད་དེ། དེའང་དཀོན་མཆོག་གསུམ་ནི་ལྷག་པའི་བསམ་པ་བསྟན་པའི་མདོ་ལས་གསུངས་སོ། །ཁམས་ནི་འཕེལ་བ་དང་འགྲིབ་པ་མེད་པའི་མདོ་ལས་གསུངས་སོ། །བྱང་ཆུབ་ནི་དཔལ་ཕྲེང་གི་མདོ་ལས་གསུངས་སོ། །ཡོན་ཏན་ནི་འཕེལ་འགྲིབ་མེད་པའི་མདོ་ལས་གསུངས་སོ། །ཕྲིན་ལས་ནི་བདེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱི་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་ལས་གསུངས་སོ། །གསུམ་པ་ནི། སངས་རྒྱས་ནས། རྣམ་དང་ལྡན། ཅེས་འབྱུང་སྟེ། གང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས་སུ་མངོན་པར་རྫོགས་པར་སངས་རྒྱས་པ་ལས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་འབྱུང་ཞིང་། ཆོས་བསྟན་པ་ལྟར་བསྒྲུབ་པ་ལས་སློབ་མ་འཕགས་པའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་འབྱུང་ལ་ཚོགས་དགེ་འདུན་དུ་གྱུར་པ་ལས། དེ་རྣམས་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡེ་ཤེས་ཀྱི་རྒྱུར་གྱུར་པའི་ཁམས་ཐོབ་པ་སྟེ་ཡོད་པ་དེའི་དྲི་མ་སྦྱངས་པའི་མཐར་སངས་རྒྱས་ཀྱ་ཡེ་ཤེས་དེ་ཐོབ་པ་ནི་བྱང་ཆུབ་མཆོག་ཐོབ་པ་ཡིན་པས། དེ་ལ་སྟོབས་སོགས་ཀྱི་ཡོན་ཏན་དང་ལྡན་
(༣༡)ཞིང་ཡོན་ཏན་དེས་བདག་རྐྱེན་བྱས་ནས་སེམས་ཅན་་ཀུན་གྱི་དོན་བྱེད་པ་ཕྲིན་ལས་ཀྱི་ཆོས་རྣམས་དང་ལྡན་པ་འབྱུང་བའི་ཕྱིར་བསྟན་བཅོས་ཀྱི་གོ་རིམ་དེ་ལྟར་དུ་འཐད་པས་གྲུབ་པའོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། ཐོབ་བྱ་དཀོན་མཆོག་གསུམ། ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་བཞི། སྟོན་པ་སངས་རྒྱས། བསྟན་པ་དམ་ཆོས། དེ་འཛིན་དགེ་འདུན་གྱི་ངོ་བོ། །སྐྱབས་གསུམ་གྱི་རྣམ་དབྱེ་བསྟན་པའོ། །དེའི་དང་པོ་ལ་གསུམ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། །དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ནི། གང་ལ་ནས། དེ་ལ་འདུད། ཅེས་གསུངས་ཏེ། སངས་རྒྱས་གང་ཞིག་ཐོག་མར་སྐྱེ་བ་དབུས་སུ་གནས་པ་མཐའ་མར་འགག་པ་རྣམས་མེད་པས་འདུས་མ་བྱེས་ཤིང་། སྤྲོས་པ་དང་རྣམ་རྟོག་ཐམས་ཅད་ཉེ་བར་ཞི་བས་ལྷུན་གྱིས་གྲུབ་པ། སངས་རྒྱས་ཉིད་སློབ་དཔོན་མེད་པར་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྣམ་པར་སངས་རྒྱས་པས་གཞན་རྐྱེན་གྱིས་རྟོགས་པ་མ་ཡིན་པ་སྟེ་རང་དོན་གྱི་ཡོན་ཏན་དང་། མ་རིག་པའི་གཉིད་ལས་སངས་ཤིང་ཤེས་བྱ་ལ་བློ་གྲོས་རྒྱས་པས་མཁྱེན་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་པ་ནས་ནི། ཡོན་ཏན་དང་པོ་གསུམ་མ་རྟོགས་པ་རྣམས་ལ་དེ་རྟོགས་པའི་ཕྱིར་དུ་འཁོར་བར་འཇིགས་པ་མེད་པ་ཆོས་ཉིད་ཀྱི་དོན་རྟག་པའི་ལམ་སྟོན་པ་བརྩེ་བ་དང་། མཁྱེན་བརྩེའི་རལ་གྲི་མཆོག་བསྣམས་ནས་སྡུག་བསྔལ་གྱི་རྩ་བ་མིང་གཟུགས་ཀྱི་མྱུ་གུ་གཅོད་པར་མཛད་ཅིང་། མཁྱེན་བརྩེའི་རྡོ་རྗེ་མཆོག་བསྣམས་ནས་འཇིགས་ལྟ་སྔོན་དུ་འགྲོ་བའི་ལྟ་བ་སྣ་ཚོགས་པའི་ནགས་འཐིབས་པོས་བསྐོར་བའི་ལས་འབྲས་དང་བདེན་པ་ལ་ཐེ་ཚོམ་པའི་རྩིག་པ་འཇིག་པར་མཛད་ནུས་པ་སྟེ། གཞན་དོན་གྱི་ཡོན་ཏན་དང་ལྡན་པས་སོ། །དེ་ན་དེ་ལ་གུས་པ་ཆེན་པོས་འདུད་དོ། །གཉིས་པ་ནི། འདུས་མ་ནས། སངས་རྒྱས་ཉིད། ཅེས་གསུངས་ཏེ། བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་
(༣༢)དང་ལྡན་པའི་སངས་རྒྱས་ཉིད་སྟོན་པ་སྟེ། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་ཤིང་འགྱུར་བ་མེད་པའི་ཡོན་ཏན་དང་འབད་རྩོལ་མེད་པས་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང་། རང་གིས་རིག་པས་གཞན་གྱི་རྐྱེན་གྱིས་རྟོག་པ་མིན་པའི་ཡོན་ཏན་དང་། དེ་གསུམ་དང་ལྡན་པས་མཁྱེན་པའི་ཡོན་ཏན་དང་། གཞན་ཡང་དེ་ལ་འགོད་པས་ཐུགས་བརྩེ་བའི་ཡོན་ཏན་དང་། གཞན་གྱི་སྡུག་བསྔལ་རྒྱུ་འབྲས་སྤོང་བས་ནུས་པར་ལྡན་པའི་ཡོན་ཏན་དེ་རྫས་ཀྱིས་དབྱེ་བ་དྲུག་གམ་ལྡོག་པས་ཕྱེ་ན་སྔ་མ་གསུམ་རང་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་། ཕྱི་མ་གསུམ་གཞན་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་གཉིས་ཏེ་ཐམས་ཅད་བསྡུ་ན་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་དོ། །ཞེས་པའོ། །གསུམ་པ་ནི། ཐོག་མ་ནས། གཞན་དོན་ཡིན། ཅེས་གསུངས་ཏེ། བསྟོད་པར་བསྟན་པ་རྒྱུ་མཚན་བྱས། དབྱེ་བར་བསྟན་པ་རྣམས་རིམ་པར་བསྒྲུབ་པའི་སྒོ་ནས་འཆད་དེ། སངས་རྒྱས་ནི་ཐོག་མ་དབུས་མཐའ་གསུམ་པོར་འདུས་བྱས་ཀྱི་ཆོས་སྐྱེ་གནས་འཇིགས་གསུམ་མེད་པའི་རང་བཞིན་ཡིན་པའི་ཕྱིར་འདུས་མ་བྱས་པའོ། །སྤྱིར་འདུས་མ་བྱས་ཀྱི་སྒྲས་བསྟན་པ་ལ་བཞི་སྟེ། རྒྱུ་རྐྱེན་གྱིས་སྐྱེ་འགག་ཡོད་མེད་དང་། །ལས་ཉོན་གྱི་སྐྱེ་འགག་ཡོད་མེད་དང་། །ཡིད་ཀྱི་ལུས་ཀྱིས་སྐྱེ་བ་དང་། །བསམ་གྱིས་མི་ཁྱབ་པའི་འཆི་བའི་འགག་པ་ཡོད་མེད་དང་། །གདུལ་བྱ་ལ་སྐྱེ་འགག་དུ་སྣང་བ་ཡོད་མེད་ལ་འདུས་མ་བྱས་སུ་བྱས་པའོ། །དེ་ལས་སྐབས་འདིར་སངས་རྒྱས་ཆོས་སྐུ་གདུལ་བྱ་ལ་སྐྱེ་འགག་ཏུ་སྣང་བ་མེད་པའི་འདུས་མ་བྱས་ཡིན་པ་རང་སྟོན་བཞེད་དོ། །དེས་ན་འདུས་མ་བྱས་པའི་ཡོན་ཏན་དང་ལྡན་པར་གོ་དགོས་ཀྱི་འདུས་མ་བྱས་སུ་ཁས་བླངས་ན་མཁྱེན་བརྩེ་ནུས་ལྡན་དང་འགལ་བའང་ཤེས་པར་བྱའོ། །ལུས་ངག་གི་སྤྲོས་པ་དང་སེམས་ཀྱི་རྣམ་པར་རྟོག་པ་ལ་སོགས་པ་འབད་རྩོལ་མ་ལུས་པ་ཉེ་བར་ཞི་བ་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཡིན་པའི་ཕྱིར་ན་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཞེས་བྱ་བར་བརྗོད་དོ། །སོ་སོར་རང་གིས་རིག་ པའི་རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ན་གཞན་གྱིས་བརྗོད་
(༣༣)པ་ལ་སོགས་པའི་རྐྱེན་གྱིས་རྟོགས་པར་བྱ་བ་མིན་པའོ། །དེ་ལྟར་འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་རྣམ་པ་གསུམ་དང་ལྡན་པའི་ཆོས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་རྟོགས་པའི་ཕྱིར་ན་མཁྱེན་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའོ། །གདུལ་བྱ་གཞན་དག་ཀྱང་དག་པ་མཐར་ཕྱིན་པ་དེ་ལ་དགོད་པའི་ཆེད་དུ་སྐལ་པ་དང་མཐུན་པར་འཇིག་རྟེན་ལས་འདས་པའི་ལམ་གསལ་བར་སྟོན་པར་མཛད་པའི་ཕྱིར་ན་ཐུགས་བརྩེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའོ། །ནུས་པའི་ཕྲིན་ལས་ཕན་སུམ་ཚོགས་པ་དང་ལྡན་པ་ནི་བཤད་མ་ཐག་པའི་ཡེ་ཤེས་དང་ཐུགས་རྗེ་གཉིས་པོ་ཡིས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་དང་། དེའི་རྒྱུ་ཉོན་མོངས་པ་མཐའ་དག་སྤོང་བར་ནུས་པའི་ཕྱིར་རོ། །དེ་ལ་ཡོན་ཏན་དང་པོ་གསུམ་གྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བསྟན་ལ། ཕྱི་མ་གསུམ་གྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་བསྟན་ཏོ། །གཉིས་པ་ཆོས་བཤད་པ་ལ་བཞི། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། དེའི་དོན་ཕྱེ་སྟེ་བཤད་པ། དེ་དག་འགོག་ལམ་གཉིས་སུ་བསྡུ་བ། དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད་པའོ། །དང་པོ་ནི། གང་ཞིག་ནས། དེ་ལ་འདུད། ཅེས་གསུངས་ཏེ། དམ་པའི་ཆོས་གང་ཞིག་འགོག་བདེན་གྱི་དབང་དུ་བྱས་ནས། ཆོས་དབྱིངས་དེ་བཞིན་ཉིད་རང་བཞིན་དོན་དམ་པའི་བདེན་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡོད་པའི་ཕྱིར་མེད་པ་ཆད་པའི་མཐར་ལྷུང་བ་མིན་ཞིང་། ཀུན་རྫོབ་གློ་བུར་བའི་དངོས་པོར་གདོད་མ་ནས་སྐྱེ་བ་མེད་པའི་ཕྱིར་ཡོད་པ་རྟག་པའི་མཐར་ལྷུང་བ་མིན་ལ། དེ་དག་སོ་སོ་མ་ཡིན་པས་ཡ་གྱལ་ཁེགས་པའི་ཕྱིར་དང་ཕན་ཚུན་འགལ་བའི་ཕྱིར་ན་ཡོད་མེད་གཉིས་ཀ་ཚོགས་པའི་གཞི་མཐུན་པའང་མ་ཡིན་ཞིང་། ཡོད་མེད་གཉིས་ཡིན་མ་གྲུབ་པས་དེ་བཀག་པའི་ཡོད་མེད་གཉིས་ཀ་ལས་གཞན་པ་གཉིས་མ་ཡིན་དུའང་བརྟགས་པར་མི་ནུས་ཕྱིར་མུ་བཞིའི་སྤྲོས་པ་ལས་རྣམ་པར་གྲོལ་བ་དང་། བརྡ་དང་ཐ་སྙད་ཀྱིས་བརྗོད་དུ་མེད་ཅིང་ངག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་
(༣༤)པས་ངེས་པའི་ཚིག་དང་བྲལ་བ་དང་། དཔེ་དང་གཏན་ཚིགས་ལ་སོགས་པས་བསྟན་པར་བྱ་བ་དང་། གཞན་རིག་གི་སྤྱོད་ཡུལ་མ་ཡིན་པས་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པའི་ཕྱིར་བསམ་དུ་མེད་པ་ཉིད་དང་། འཁོར་བའི་རྩ་བ་ལས་དང་ཉོན་མོངས་པ་དག་ཞི་བས་གཉིས་སུ་མེད་པ་ཉིད་དང་། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ཉེ་བར་ཞི་བར་རྟོག་པ་མེད་པ་ཉིད་དོ། །ལམ་བདེན་གྱི་དབང་དུ་བྱས་ནས། ཉོན་མོངས་བག་ཆགས་དང་བཅས་པའི་དྲི་མ་མེད་པས་རྣམ་པར་དག་པ་ཉིད་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་འོད་ཟེར་གྱི་སྣང་བ་དང་ལྡན་པས་གསལ་བ་ཉིད་དང་། དམིགས་པར་བྱ་བའི་ཡུལ་ཀུན་ལ་སྡུག་པ་ལ་འདོད་ཅིང་ཆགས་ད་དང་། མི་སྡུག་པ་ལ་ཁྲོ་ཞིང་སྡང་བ་དང་། བར་མ་ལ་རྨོངས་ཤིང་གཏི་མུག་པའི་རབ་རིབ་མུན་པ་ལྟ་བུ་རྣམས་པར་འཇོམས་པར་མཛད་པས་གཉེན་པོར་གྱུར་པ་ཉིད་དེ། དོན་གསུམ་གྱིས་དམ་པའི་ཆོས་ཉི་མ་ལྟ་བུར་གྱུར་པ་དེ་ལ་དད་པས་འདུད་དོ། །གཉིས་པ་ནི། བསམ་མེད་ནས། ཅན་དེ་ཆོས། ཞེས་གསུངས་ཏེ། བཤད་མ་ཐག་པའི་གཞུང་འདིས་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་ཆོས་དཀོན་མཆོག་སྟོན་པ་སྟེ། ཐ་སྙད་པའི་ཤེས་པས་བསམ་དུ་མེད་པ་དང་། ལས་དང་ཉོན་མོངས་པ་གཉིས་མེད་པ་དང་། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་མེད་པ་སྟེ་ཡོན་ཏན་གསུམ། ངོ་བོ་ལ་དྲི་མས་དག་པ་དང་ཆོས་ཐམས་ཅད་སྣང་བར་བྱེད་པས་གསལ་བ་དང་དུག་གསུམ་གྱི་གཉེན་པོའི་ཕྱོགས་སུ་གྱུར་པ་ཉིད་ཀྱིས་ཡོན་ཏན་གསུམ་རྫས་ཀྱི་དབྱེ་བ་དྲུག་གམ། ལྡོག་པས་ཕྱེ་ན་སྔ་མ་གསུམ་འབྲས་བུ་གང་ཞིག་འདོད་ཆགས་དང་བྲལ་བར་བྱ་བ་འགོག་པའི་བདེན་པ་དང་། ཕྱི་མ་གསུམ་རྒྱུ་གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་སྟེ། རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་དང་བཅས་པའི་ཡོན་ཏན་བརྒྱད་དང་ལྡན་པ་དེ་ནི་དམ་པའི་ཆོས་སོ་ཞེས་
(༣༥)ཞེས་པའོ། །གསུམ་པ་ནི། ཆགས་བྲལ་ནས། གྱིས་རིག་བྱ། ཞེས་གསུངས་ཏེ། འདོད་ཆགས་དང་བྲལ་བ་ཉིད་ལ་ཆོས་ཞེས་བརྗོད་པ་གང་ཡིན་པ་དེ་ནི་ཆགས་པ་བྲལ་བའི་འབྲས་བུས་འགོག་པའི་བདེན་པ་དང་། ཆགས་པ་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་དག་གིས་བསྡུས་པ་ཡིན་ལ། གོ་རིམ་ཇི་ལྟ་བ་བཞིན་དུ་བདེན་པ་གཉིས་པོ་དེ་དག་ཀྱང་བསམ་མེད་གཉིས་མེད་རྟོག་མེད་ཀྱི་ཡོན་ཏན་གསུམ་གྱིས་དག་པ་གཉིས་ལྡན་འགོག་པའི་བདེན་པ་བསྟན་པར་རིག་པར་བྱ་ཞིང་། དག་གསལ་གཉེན་པོའི་ཡོན་ཏན་གསུམ་གྱིས་དག་པར་བྱེད་པ་ལམ་གྱི་བདེན་པ་བསྟན་པ་རིག་པར་བྱའོ། །བཞི་པ་ནི། བརྟག་མིན་ནས། ཉི་བཞིན་ནོ། །ཞེས་གསུངས་ཏེ། གོང་དུ་བསྟོད་པར་བཤད་པ་རྒྱུ་མཚན་དུ་བྱས། དེའི་དབྱེ་བ་རིམ་གྱིས་སྒྲུབ་ཅིང་འཆད་པ་སྟེ། དེ་ལ་ཐོ་བྱའི་ཆོས་འགོག་པའི་བདེན་པ་ནི་ཡོད་མེད་སོགས་མུ་བཞིར་འཛིན་པའི་རྟོག་པས་བརྟག་པར་བྱ་བའི་ཡུལ་མིན་པའི་ཕྱིར་དང་། སྒྲ་དང་ཐ་སྙད་ངེས་པའི་ཚིག་ལ་སོགས་པས་བརྗོད་པར་བྱ་བའི་ཡུལ་མིན་པའི་ཕྱིར་དང་། འཕགས་པས་མཉམ་པར་བཞག་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མཁྱེན་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྒྱུ་གསུམ་གྱིས་འཇིག་རྟེན་པའི་བློས་བསམ་དུ་མེད་པ་ཉིད་ཡིན་ཞིང་། ལས་ཟག་པ་དང་བཅས་པ་དང་། དེ་ཀུན་ནས་སློང་བའི་ཉོན་མོངས་པ་ཞི་བ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པ་ཉིད་ཡིན་ལ། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་ཞི་བའི་ཕྱིར་རྟོག་པ་མེད་པ་ཡིན་ནོ། །དེ་ནི་ལྷག་བཅས་ཀྱི་སྒྲའོ། །དེ་ཐོབ་བྱེད་ཀྱི་རྒྱུ་མཐོང་སྒོམ་གྱི་ལམ་ཡོན་ཏན་དག་པ་དང་། སོགས་ཁོངས་ནས་གསལ་བ་དང་གཉེན་པོས་སྟེ་རྣམ་པ་གསུམ་ནི་ཆོས་མཐུན་པ་གསུམ་གྱིས་ཉི་མ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ཡིན་ནོ། །ཇི་ལྟར་མཐུན་ན། ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་བཞིན་དུ་ལམ་བདེན་ལ་ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བ་དང་། གཟུགས་གསལ་བར་བྱེད་པ་བཞིན། ཡོན་ཏན་གྱི་ཆོས་རྣམས་སམ། ཤེས་བྱའི་རྣམ་པ་ཐམས་ཅད་སྣང་བར་བྱེད་པ་
(༣༦)དང་། མུན་པ་འཇོམས་པའི་གཉེན་པོ་བྱེད་པ་བཞིན་དུ་དེ་བཞིན་ཉིད་མཐོང་བའི་གེགས་ཐམས་ཅད་ཀྱི་གཉེན་པོ་བྱེད་པའི་ཕྱིར་རོ། །གསུམ་པ་དགེ་འདུན་བཤད་པ་ལ་གསུམ། བསྟོད་པའི་སྒོ་ནས་དངོས་པོ་བརྗོད་པ། ཡོན་ཏན་དེ་དག་གཉིས་སམ་དྲུག་ཏུ་སྒྲུབ་པ། དེ་རྣམས་སྦྱར་ཏེ་རྒྱས་པ་བཤད་པའོ། །དང་པོ་ནི། སེམས་དེ་ནས། དེ་ལ་འདུད། ཅེས་གསུངས་ཏེ། ཚོགས་དགེ་འདུན་རྣམས་ལས་ཁྱད་པར་དུ་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། རང་གི་སེམས་དེ་ནི་གཉེན་པོ་རང་བཞིན་འོད་གསལ་བ་མངོན་སུམ་དུ་གྱུར་པས་ན་སྤང་བྱ་ཉོན་མོངས་པའི་ངོ་བོ་གདོད་མ་ནས་སྐྱེ་བ་མེད་པར་གཟིགས་པས་བྱང་ཆུབ་སེམས་དཔའ་གང་དག་འགྲོ་བ་ཀུན་གྱི་རང་བཞིན་གང་ཟག་དང་ཆོས་ཀྱི་བདག་མེད་པའི་ཧཅཚཔཧྲཧྲཔཧཆོས་ཉིད་སྤྲོས་པ་ཞི་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་སྒོ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཆོས་ཅན་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོའམ་ཆོས་སྐུ་ཁྱབ་པར་རྗེས་སུ་ཞུགས་པར་གཟིགས་པའི་སྒོ་ནས་ཇི་སྙེད་པ་མཁྱེན་པའི་གཤིས་ཏེ་ཡེ་ཤེས་གཉིས་ནི་རིག་པའི་ཡོན་ཏན་དང་། དེ་དག་ཀྱང་རིམ་པ་ལྟར་ཡུལ་ལ་ཆགས་པ་དང་ཐོགས་པའི་སྒྲིབ་པ་མེད་པའི་བློ་གྲོས་ཏེ་འཇིག་རྟེན་ལས་འདས་པའི་ཤེས་རབ་མངའ་བའི་སྒོ་ནས་སེམས་ཅན་རྣམས་ཀྱི་ཆོས་དབྱིངས་རྣམ་པར་དག་པ་མཁྱེན་པ་དང་། དེ་སེམས་ཅན་མཐའ་ཡས་པ་ལ་ཁྱབ་པར་མཁྱེན་པའི་ཡུལ་ཅན་དང་ལྡན་པའི་ཕྱིར་ཤེས་བྱ་མཐའ་དག་ལ་ཡེ་ཤེས་གཟིགས་པ་རྣམ་པར་དག་པ་མངའ་བ་གྲོལ་བའི་ཡོན་ཏན་དང་ལྡན་པ་དེ་ལའང་དང་བས་འདུད་དོ། །གཉིས་པ་ནི། ཇི་ལྟ་ནས། དང་ལྡན་ཉིད། ཅེས་གསུངས་ཏེ། བཤད་མ་ཐག་པའི་གཞུང་འདིས། ཡོན་ཏན་གཉིས་དང་ལྡན་པའི་དགེ་འདུན་དཀོན་མཆོག་སྟོན་པ་སྟེ། ཡུལ་ཆོས་ཉིད་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ལ་དམིགས་ནས་འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པར་ནང་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་གཟིགས་པ་ཆགས་
(༣༧)པའི་སྒྲིབ་པས་དག་པའི་ཕྱིར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་དང་། ཡུལ་ཆོས་ཅན་སེམས་ཅན་ཇི་སྙེད་པ་ཐམས་ཅད་ལ་ཆོས་ཀྱི་དབྱིངས་ཁྱབ་པར་ཡོད་པ་ལ་དམིགས་ནས་འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པར་ནང་སོ་སོ་རང་གི་ནི་ཡེ་ཤེས་ཀྱི་གཟིགས་པ་ཐོགས་པའི་སྒྲིབ་པས་དག་པའི་ཕྱིར་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ཡོན་ཏན་དེ། དེ་དག་དང་ལྡན་པའི་ཕྱིར་བློ་ལྡན་བྱང་ཆུབ་སེམས་དཔའ་རྫོགས་པའི་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ཚོགས་དགེ་འདུན་དཀོན་མཆོག་རྣམས་ཉན་རང་ལས་མཆོག་ཏུ་གྱུར་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་ཡོན་ཏན་དང་ལྡན་པ་ཉིད་དོ་ཞེས་པའོ། །ཡང་ན་ཇི་ལྟ་བ་དང་ཇི་སྙེད་པ་དང་ནང་གི་ཡེ་ཤེས་ཀྱི་གཟིགས་པ་དང་ལྡན་པའི་ཕྱིར་རིག་པའི་ཡོན་ཏན་གསུམ་དང་། ཆགས་སྒྲིབ་ཐོགས་སྒྲིབ་གཉིས་ཀྱིས་དག་པའི་ཕྱིར་དང་བླ་ན་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་གྲོལ་བའི་ཡོན་ཏན་གསུམ་སྟེ་དྲུག་གི་སྟེང་དབྱེ་གཞི་རིག་གྲོལ་གཉིས་བསྣན་པའི་ཡོན་ཏན་བརྒྱད་ལྡན་ནི་བློ་ལྡན་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་ཚོགས་སུ་གྱུར་པའོ། །དེ་ལ་སྔ་མ་ནི་རྒྱ་འབྲེལ་གྱི་དགོངས་པ་སོར་བཞག་ཡིན་ལ། ཕྱི་མ་ནི་བོད་སྔ་མའི་བཤད་སྲོལ་དང་བསྟུན་དའོ། །གསུམ་པ་ལ་བཞི། ཇི་ལྟ་རྟོགས་ཚུལ། ཇི་སྙེད་རྟོགས་ཚུལ། རྣམ་དག་གི་ཁྱད་པར། དེ་སྐྱབས་གནས་ཀྱི་མཆོག་ཏུ་བཤད་པའོ། །དང་པོ་ནི། འགྲོ་བ་ནས། ཟད་ཕྱིར་རོ། །ཞེས་གསུངས་ཏེ། འགྲོ་བ་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གདོད་མ་ནས་སྤྲོས་པ་ཞི་བའི་ཆོས་ཉིད་ཅན་དུ་སོ་སོ་རང་རིག་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པའི་ཕྱིར་ན་བྱང་འཕགས་རྣམས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་ལྡན་པ་ཉིད་དེ། དེའང་སེམས་རང་བཞིན་གྱིས་ནི་ཡོངས་སུ་དག་ཅིང་འོད་གསལ་བར་རྟོགས་པའི་ཕྱིར་དང་། དེ་གློ་བུར་གྱི་ཉོན་མོངས་པ་གདོད་མ་ནས་མ་སྐྱེས་པས་ཟད་ཅིང་འགགས་པར་རྟོགས་པའི་ཕྱིར་རོ། །གཉིས་པ་ནི། ཤེས་བྱ་ནས། ཡོད་པ་ཉིད། ཅེས་གསུངས་ཏེ། ཡུལ་ཤེས་བྱའི་དངོས་པོ་ཐམས་ཅད་དང་དེའི་མཐར་ཐུག་དེ་བཞིན་
(༣༨)ཉིད་རྟོགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་བློས་ཐམས་ཅད་མཁྱེན་པའི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཇི་སྙེད་པ་ཐམས་ཅད་ལ་རང་བཞིན་དུ་ཁྱབ་པར་ཡོད་པ་སོ་སོ་རང་རིག་ཡེ་ཤེས་ཀྱི་མངོན་སུམ་དུ་མཐོང་བས་ན་བྱང་འཕགས་རྣམས་ལ་ཆོས་ཅན་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡོད་པ་སྟེ་དེ་དང་ལྡན་པ་ཉིད་དོ། །མཐོང་བ་དེའང་ས་དང་པོ་ནས་སྐྱེ་སྟེ། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་རྟོགས་པའི་ཕྱིར་རོ་ཞེས་འགྲེལ་པར་གསུངས་སོ། །གསུམ་པ་ནི། དེ་ལྟར་ནས། དག་པ་ཡིན། ཅེས་གསུངས་ཏེ། དེ་ལྟར་ཡེ་ཤེས་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་གང་ཡིན་པ་དེ་ནི་གཞན་དང་ཐུན་མོངས་མ་ཡིན་པར་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ཉིད་ཡིན་ཞིང་། དེ་ཡང་ཐམས་ཅད་ལ་ཁྱབ་པར་རང་བཞིན་གྱིས་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ལ་འཇུག་པས་ཆགས་པ་དང་བཅས་པ་ཉོན་མོངས་པའི་སྒྲིབ་པ་མེད་པས་ཇི་ལྟ་བ་དང་། དེ་ཤེས་བྱའི་དངོས་པོ་ཐམས་ཅད་ལ་ཁྱབ་པར་རྟོགས་པས་ཐོགས་པ་དང་བཅས་པའི་ཤེས་བྱའི་སྒྲིབ་པ་མེད་པས་ཇི་སྙེད་པ་མཁྱེན་པའི་ཕྱིར། ཡེ་ཤེས་གཉིས་པོ་དེ་ནི་ཉི་ཚེ་བའི་ཡེ་ཤེས་ཀྱིས་མཐོང་བ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་དག་པ་ཡིན་ནོ། །བཞི་པ་ནི། ཡེ་ཤེས་ནས། སྐྱབས་ཡིན་ནོ། །ཞེས་གསུངས་ཏེ། ཡེ་ཤེས་གཉིས་ཀྱི་གཟིགས་པ་རིག་པའི་ཡོན་ཏན་དང་ཆགས་ཐོགས་ཀྱི་སྒྲིབ་པ་དག་པ་གྲོལ་བའི་ཡོན་ཏན་དང་ལྡན་པས་ན། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་ལ་ཉེ་བའི་ཕྱིར་ཆོས་ཉིད་མངོན་སུམ་དུ་མཐོང་བའི་འཕགས་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་རྣམས་ནི་ལུས་ཅན་ཀུན་འཁོར་བར་སྡུག་བསྔལ་གྱི་ཚོར་བ་ལས་སྐྱོབ་པའི་སྐྱབས་གནས་སུ་གྱུར་པ་ཡིན་ནོ། །བཞི་པ་སྐྱབས་གསུམ་གྱི་རྣམ་དབྱེ་བསྟན་པ་ལ་གསུམ། སྐྱབས་གསུམ་དུ་བཞག་པའི་དགོས་པ། མཐར་ཐུག་གི་སྐྱབས་ཡིན་མིན། དཀོན་མཆོག་གི་སྒྲ་དོན་བཤད་པའོ། །དང་པོ་
(༣༩)ནི། སྟོན་པ་ནས། བཞག་པ་ཡིན། ཅེས་གསུངས་ཏེ། སྐྱབས་གནས་གསུམ་དུ་རྣམ་པར་བཞག་པའི་དོན་ནི། སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས་ཐེག་པ་གསུམ་གྱི་ནང་ནས་ཐེག་པ་ཆེན་པོ་པ་སངས་རྒྱས་ཉིད་དོན་དུ་གཉེར་བ་རྣམས་དང་། བྱེད་པ་གསུམ་གྱི་ནང་ནས་སངས་རྒྱས་ལ་རྐང་གཉིས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སྐྱབས་གནས་གསུམ་གྱི་ནང་ནས་སངས་རྒྱས་ཉིད་སྐྱབས་གནས་དང་པོར་རྣམ་པར་བཞག་པ་ཡིན་ཅིང་། དེ་བཞིན་ཏུ་དམ་པའི་ཆོས་ཀྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏན་མཐོང་བ་ལས་རང་སངས་རྒྱས་ཀྱི་ཐེག་པ་པ། རང་ཉིད་རྟེན་འབྲེལ་ཟབ་མོའི་ཆོས་རྟོགས་ཤིང་ཐོབ་པར་འདོད་པ་རྣམས་དང་། ཆོས་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དེ་ཉིད་སྐྱབས་གནས་གཉིས་པར་རྣམ་པར་བཞག་པ་ཡིན་ལ། སློབ་པ་དགེ་འདུན་གྱི་ཡོན་ཏན་བསྟན་པའི་དོན་གྱིས་དེའི་ཡོན་ཏེན་མཐོང་བ་ལས། ཉན་ཐོས་ཀྱི་ཐེག་པས་གཞན་གྱིས་བསྟན་པའི་རྗེས་སུ་འབྲང་སྟེ་དེ་ཉིད་ཐོབ་པར་འདོད་པ་རྣམས་དང་། དགེ་འདུན་ལ་ཚོགས་རྣམས་ཀྱི་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་དེ་ཉིད་སྐྱབས་གནས་གསུམ་པར་བཞག་པ་ཡིན་ཏེ། མདོར་བསྡུ་ན། དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གནས་གསུམ་དུ་རྣམ་པར་བཞག་པ་འདི་ནི་སེམས་ཅན་རྣམས་རིམ་གྱིས་གཞུག་པའི་དོན་ཏུ་བསྟན་པར་གསུངས་སོ། །གཉིས་པ་ནི། སྤང་ཕྱིར་ནས། མཐར་ཐུག་ཕྱིར། ཅེས་གསུངས་ཏེ། དེ་ལྟར་ན་སྐྱབས་གནས་གསུམ་ཀ་མཐར་ཐུག་གི་སྐྱབས་ཡིན་ནམ་ཞེ་ན་མ་ཡིན་ཏེ། ལུང་གི་ཆོས་རྣམས་ཆུ་བརྒལ་བའི་གཟིངས་ལྟར་སྤངས་བྱ་ཡིན་པའི་ཕྱིར་དང་། རྟོགས་པའི་ཆོས་ལ་གཉིས་ལས། སློབ་ལམ་རྣམས་རྟོགས་པ་གོང་ནས་གོང་དུ་འཕོ་བས་བསླུབ་སྟེ་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། སློབ་པ་
(༤༠)དང་ཐེག་དམན་གྱི་འགོག་བདེན་རྣམས་མཐར་ཐུག་གི་ཡོན་ཏན་དུ་མེད་པའི་ཕྱིར་དང་། སློབ་པ་འཕགས་པ་དང་ཐེག་དམན་གྲ་བཅོམ་པའི་དགེ་འདུན་རྣམས་སྒྲིབ་པའི་འཇིགས་པ་དང་བཅས་པའི་ཕྱིར། འཇིགས་མེད་ཁྱུ་མཆོག་གི་སར་མ་ཕྱིན་པས་རང་ཉིད་ཀྱང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ཡིན་པའི་ཕྱིར་ན། སློབ་པའི་ལུང་རྟོགས་ཀྱི་ཆོས་རྣམ་པ་གཉིས་དང་སློབ་པ་འཕགས་པའི་ཚོགས་རྣམས་གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ངེས་པ་དམ་པའི་དོན་ཏུ་མཐའ་ཡས་པའི་འགྲོ་བ་ཡི་སྐྱབས་མཐར་ཐུག་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ། ཐུབ་པ་སངས་རྒྱས་ནི་འདོད་ཆགས་དང་བྲལ་བ་མཐར་ཕྱིན་པ་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་དང་། ཚོགས་དགེ་འདུན་ཀྱང་དེའི་ཡོན་ཏན་ཐོབ་ན་མཐར་ཐུག་པའི་ཕྱིར་རོ། །འདིར་སངས་རྒྱས་ལ་མི་ཟད་པའི་སྐྱབས་རྟག་པའི་སྐྱབས་གཡུང་དྲུང་གི་སྐྱབས་དོན་དམ་པའི་སྐྱབས་ཞེས་བཤད་དེ་འཆི་བ་དང་སྐྱེ་བ་དང་རྒ་བ་མེད་ཅིང་མི་སླུ་བའི་དོན་དང་རིམ་བཞིན་སྦྱར་བ་ཡིན་ལ་དེའང་འཕགས་པ་དཔལ་ཕྲེང་གི་མདོའི་དགོངས་པའོ། །གསུམ་པ་ནི། འབྱུང་བ་ནས། དཀོན་མཆོག་ཉིད། ཅེས་གསུངས་ཏེ། དཀོན་མཆོག་ཅེས་པའི་སྒྲ་དོན་གང་ཡིན་སྙམ་ན་རཏྞའི་སྒྲ་ལས་རིན་པོ་ཆེ་དང་ཆོས་མཐུན་པ་རྣམ་པ་དྲུག་གིས་དེར་བཏགས་པ་སྟེ། ཇི་ལྟར་ནོར་བུ་རྙེད་པར་དཀའ་བ་དང་། ངོ་བོ་ལ་དྲི་མ་མེད་པ་དང་། དགོས་འདོད་འབྱུང་བའི་མཐུ་དང་ལྡན་པ་དང་། མཇེས་པས་རྒྱན་དུ་གྱུར་པ་དང་། རིན་པོ་ཆེ་བཅོས་མ་ལས་མཆོག་ཏུ་གྱུར་པ་དང་། བསྟོད་སྨད་སོགས་ཀྱིས་མི་འགྱུར་བ་དེ་ལྟར་སྐྱབས་གསུམ་པོ་འདི་ཡང་དགེ་རྩ་མ་བསྐྲུན་པ་རྣམས་དང་བསྐལ་པ་མང་པོར་ཡང་མི་འཕྲད་པས་འབྱུང་བ་དཀོན་པའི་ཕྱིར་དང་། སྒྲིབ་གཉིས་ཀྱི་དྲི་མ་མེད་པའི་ཕྱིར་དང་། མངོན་ཤེས་སོགས་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་དང་། འཇིག་རྟེན་པའི་བསམ་པ་དགེ་བ་ཐམས་ཅད་རྒྱུ་ཡིན་པས་རྒྱན་དུ་གྱུར་པའི་ཕྱིར་དང་། འཇིག་རྟེན་ལས་འདས་པས་འཇིག་རྟེན་
(༤༡)
(༤༡)ལས་མཆོག་ཉིད་ཀྱི་ཕྱིར་དངལས་ཉོན་སོགས་ཀྱིས་འདུས་མ་བྱས་པས་འགྱུར་བ་མེད་པའི་ཕྱིར་རིན་པོ་ཆེ་དང་འདྲ་བས་དཀོན་མཆོག་ཅེས་པའི་སྒྲ་ཉིད་ཀྱིས་བསྟན་པའོ། །རྩ་བའི་གཉིས་པ་ཐོབ་ཚུལ་གནས་བཞིའི་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། ཐུན་མོངས་སྤྱིར་བསྟན་པ། བྱེ་བྲག་སོ་སོར་བཤད་པའོ། དང་པོ་ལ་བཞི། གནས་བཞི་སངས་རྒྱས་ཀྱི་ཡུལ་བསྟན་པ། དེ་བསམ་གྱིས་མི་ཁྱབ་པ་བསྟན་པ། དེའི་རྒྱུ་མཚན། རྟོགས་ཚུལ་རྒྱུ་རྐྱེན་གྱིས་དོན་བསྡུ་བའོ། །དང་པོ་ནི། དྲི་བཅས་ནས། ཡུལ་ཉིད་དོ། །ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་དེ་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་སེམས་ཅན་གྱིས་གནས་སྐབས་ལ་དེ་བཞིན་གཤེགས་པའི་སྙིང་པོར་གསུངས་པ་གང་ཡིན་པ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དང་། སྙིང་པོ་དེ་ཉིད་ལམ་གོམས་པ་ལས་གློ་བུར་དྲི་མ་མཐའ་དག་དང་བྲལ་པ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་སངས་རྒྱས་ཀྱི་སའི་གནས་སྐབས་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་གསུང་པ་དྲི་མ་མེད་པའི་དེ་བཞིན་ཉིད་དང་། ཆོས་སྐུ་དེ་ཉིད་དང་འབྲེལ་པའི་སྟོབས་སོགས་བྲལ་བ་དང་རྣམ་པར་སྨིན་པའི་འབྲས་བུས་བསྡུས་པའི་སངས་རྒྱས་ཀྱི་ཆོས་གང་ཡིན་པ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་དང་། དེའི་ནུས་པས་སོ་སོ་དང་མཐུན་པར་བླ་ན་མེད་པའི་ཕྲིན་ལས་སེམས་ཅན་གྱི་དོན་ལྟུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སྒྲུབ་པ་གང་ཡིན་པ་རྒྱལ་བའི་མཛད་པ་སྟེ། དེ་ལྟར་རྒྱུ་དང་རྐྱེན་གྱི་གནས་བཞི་པོ་གང་ལས་འབྲས་བུ་དཀོན་མཆོག་དགེ་བ་གསུམ་འབྱུང་བའི་ཚུལ་འདི་ནི། ཉན་རང་འཕགས་པ་སོགས་ཀྱིས་བསམ་ཀྱིས་མི་ཁྱབ་སྟེ་ཆོས་ཉིད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་མཐར་ཐུག་པ་དང་ལྔན་པས་སངས་རྒྱས་
(༤༢)རྣམས་ཀྱི་སྤྱོད་ཡུལ་ཁོ་ན་ཉིད་ཡིན་ནོ། །གཉིས་པ་ནི། དཀོན་མཆོག་ནས། བསམ་མི་ཁྱབ། ཅེས་གསུངས་ཏེ། འབྲས་བུ་དཀོན་མཆོག་གསུམ་པོ་འདི་འབྱུང་ཞིང་འགྲུབ་པའི་རིགས་ཏེ། རྒྱུ་དང་རྐྱེན་དུ་གྱུར་པའི་གནས་བཞི་པོ་འདི་དག་གི་ཇི་ལྟ་བའི་དོན་ནི། ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་གཟིས་པ་སངས་རྒྱས་རྣམས་ཁོ་ནའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་ཞིང་། དེ་དག་གི་དོན་ཡང་། ཁམས་ལ་སོགས་པ་རྣམ་པ་བཞི་པོ་འདི་རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ་འཆད་པར་འགྱུར་བའི་རྒྱུ་མཚན་བཞི་དང་ལྡན་པ་ཡིས་ནི་ཕལ་པ་རྣམས་ཀྱིས་ཇི་ལྟ་བ་བཞི་དུ་བསམ་གྱིས་མི་ཁྱབ་བོ། །གསུམ་པ་ནི། དག་དང་ནས། མི་རྟོག་ཕྱིར། ཅེས་གསུངས་ཏེ། གཅིག་ཆར་དུས་གཅིག་ཏུ་སེམས་ཀྱི་རང་བཞིན་གདོད་མ་ནས་རྣམ་པར་དག་པ་ཡང་ཡིན་ལ། གནས་སྐབས་གློ་བུར་གྱི་དྲི་མས་ཀུན་ནས་ཉོན་མོངས་པ་དང་ལྡན་པ་ཡང་ཡིན་པའི་བསམ་གྱིས་མི་ཁྱབ་པ་ཁམས་ཀྱི་དོན་དང་། སྔར་གློ་བུར་དྲི་མས་ཀུན་ནས་ཉོན་མོངས་བ་ཅུང་ཟད་ཀྱང་མེད་པ་ཡང་ཡིན་ལ། ལམ་གོམས་པ་ལས་ཕྱིས་དྲི་མ་མཐའ་དག་གིས་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་ཡང་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་བྱང་ཆུབ་ཀྱི་དོན་དང་། དོན་དམ་པའི་ཡོན་ཏན་རྣམས་མཐའ་གཅིག་ཏུ་ཀུན་ནས་ཉོན་མངོས་པ་དང་བཅས་པ་སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡང་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་དུ་ཡོད་པའང་ཡིན་ལ་སངས་རྒྱས་བར་དུ་ནུས་པ་མི་འབྱིན་པས་མངོན་ཏུ་གྱུར་པའང་མ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཡོན་ཏན་གྱི་དོན་དང་། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་ཅིང་དུས་ཐམས་ཅད་དུ་རྒྱུན་མི་འཆད་པར་གདུལ་བྱའི་སྐལ་བ་དང་མཐུན་པར་རེ་འདོད་སྒྲུབ་པ་ཡང་ཡིན་ལ། འདི་དང་འདི་བྱའོ་སྙམ་པ་ལ་སོགས་པའི་རྣམ་པར་མི་རྟོག་པའང་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཕྲིན་ལས་ཀྱི་དོན་ཏེ། འགལ་བ་གཉིས་གཞི་གཅིག་ལ་འདུ་བ་ལྟར་སྣང་བས་སོ། །དོན་ལ་མི་འགལ་ཏེ། ཁམས་དྲི་མའི་ངོ་བོ་ཉིད་ཀྱིས་སྟོང་པའི་རང་བཞིན་རྣམ་
(༤༣)དག་ཡིན་ལ། མ་དག་པ་ནི་བློ་བུར་གྱི་དྲི་མ་དང་ལྡན་པ་དང་། སྔར་མེད་པ་ནི་དྲི་མ་ཁམས་ཀྱི་རང་བཞིན་དུ་མེད་པ་ཡིན་ལ། ཕྱིས་དག་པ་ནི་དྲི་མ་གསེར་ལ་གཡའ་དག་པའི་ཚུལ་གྱི་དབང་དུ་བྱས་པ་དང་། སོ་སྐྱེའི་གནས་སྐབས་ནྲ་མེད་ནའང་ཕྱིས་དྲི་མས་རྣམ་པར་དག་པ་ན་ཆོས་ཉིད་ལ་རྣམ་པར་དབྱེ་བ་མེད་པའི་ཚུལ་ཀྱིས་ལྡན་པའི་ཕྱིར། དོན་ལ་མི་འགལ་ཏེ། སོ་སྐྱེའི་གནས་སྐབས་སུ་དྲི་མས་མ་དག་པས་ཡོན་ཏན་མེད་ཀྱང་ཕྱིས་དྲི་མས་དག་པ་ན་ཆོས་ཉིད་ལ་ཡོན་ཏན་འབྲལ་མི་རུང་བའི་ཚུལ་དུ་ཡོད་པའི་ཕྱིར་དཔེར་ན་གསེང་གཡས་མ་དག་པའི་གནས་སྐབས་སུ་འོད་མེད་ཀྱང་ཕྱིས་འོད་དབྱེར་མེད་དུ་འཇུག་པ་ལྟ་བུ་དང་། ཕྲིན་ལས་ནི་འོག་གི་རང་ལ་ནས་དཔེ་དགུས་བསྟན་པར་འགྱུར་བ་ལྟར་རོ། །བཞི་པ་ནི། རྟོགས་བྱ་ནས། རྐྱེན་ཡིན་ནོ། །ཞེས་གསུངས་ཏེ། དེ་ལྟར་དོན་གནས་བཞི་བོ་འདིས་ཀྱང་ཤེས་བྱ་ཐམས་ཅད་བསྡུས་པ་སྟེ། དེ་ལ་དྲི་མ་དང་བཅས་པའི་ཁམས་ནི་རྟོགས་པར་བྱ་བའི་གནས། དྲི་བྲལ་བྱང་ཆུབ་ནི་རྟོགས་པ་རང་གི་ངོ་བོའི་གནས། བྱང་ཆུབ་དང་འབྲེལ་བའི་ཡོན་ཏན་རྣམས་ནི་རྟོགས་པ་དེའི་ཡན་ལག་གི་གནས། དེའི་ནུས་པ་ཕྲིན་ལས་ནི་གཞན་དག་གས་ཀྱང་ཁམས་དེ་རྟོགས་པར་བྱེད་པའི་གནས་དོན་ལ། དེའི་ཕྱིར་གནས་བཞི་པོ་འདི་དག་ལས་གོ་རིམ་ཇི་ལྟ་བ་བཞིན་དུ་གནས་གཅིག་སྟེ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ནི་དག་པར་བྱ་བའི་རྒྱུ་ཡིན་ཏེ། དེ་དྲི་མས་རྣམ་པར་དག་པ་ལས་དཀོན་མཆོག་གསུམ་འབྱུང་བའི་ཕྱིར་རོ། །གནས་ཕྱི་མ་གསུམ་ནི་དག་པང་བྱེད་པའི་རྐྱེན་ཡིན་ནོ། །གཉིས་པ་གནས་བཞི་སོ་སོའི་ངོ་བོ་བཤད་པ་ལ་བཞི། རྟོགས་བྱ་ཁམས། རྟོགས་པ་བྱང་ཆུབ། ཡན་ལག་ཡོན་ཏན། བྱེད་པ་ཕྲིན་ལས་ཀྱི། དེའི་དང་པ་ཁམས་ཀྱི་ངོ་བོ་བཤད་པ་ལ་བཞི། ཁམས་ཀྱི་དོན་མདོར་བསྟན་པ། དགོངས་དོན་རྒྱས་པར་བཤད་པ། ངོ་བོ་མི་འགྱུར་ཡང་དྲི་མ་སྦྱོང་བ་དཔེས་བསྟན་པ། ཁམས་བསྟན་པའི་དགོས་པའོ། །དང་པོ་ནི། རྫོགས་སངས་ནས། སྙིང་པོ་ཅན། ཅེས་གསུངས་ཏེ།
(༤༤)རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ནི། ཆོས་ཐམས་ཅད་ལ་འཕྲོ་ཞིང་ཁྱབ་པའི་ཕྱིར་དང་། འཁོར་འདས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་རྣམ་པར་དབྱེ་བ་མེད་པའི་ཕྱིར་དང་། དེ་བཞིན་གཤེགས་པའི་རིགས། ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་སྒྲིབ་པ་སྦྱང་རུང་དུ་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར་ན་ལུས་ཅན་ཀུན་ཀྱང་ཐོག་མ་མེད་པ་ཉིད་ནས་དུས་རྟག་ཏུ་རྒྱུན་མ་ཆད་ད་ར་དོན་དམ་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཏེ། མདོ་ལས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་གསུངས་པ་ལྟར་རོ། །འདི་ལ་རྔོག་ལོ་ཆེན་པོས། རིམ་པ་ལྟར་འབྲས་བུ་དང་རང་བཞིན་དང་རྒྱུའི་བདེ་གཤེགས་སྙིང་པོ་སྟེ། དང་པོ་ཆོས་སྐུ་ནི་དེ་བཞིན་གཤེགས་པ་དངོས་ཡིན་ལ། སེམས་ཅན་གྱི་སྙིང་པོ་ནི་བརྟགས་པ་བ་ཡིན་ཞིང་། སེམས་ཅན་རྣམས་ཀྱིས་ཐོབ་ཏུ་རུང་བའི་ཕྱིར་ཁྱབ་པར་བཤད་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པ་དང་སེམས་ཅན་གཉིས་ཀའི་སྙིང་པོ་དངོས་ཏེ། དེ་བཞིན་ཉིད་རང་བཞིན་རྣམ་དག་ཙམ་གྱི་ལྡོག་པ་ནས་གཉིས་ཀ་ལ་དངོས་སུ་ཡོད་པའོ། །གསུམ་པ་ནི། དེ་བཞིན་གཤེགས་པ་དེའི་རྒྱུ་ཡིན་པས་དེར་བཏགས་ལ། སེམས་ཅན་གྱི་སྙིང་པོ་ནི་དངོས་སོ། །ཞེས་བཤད་དོ། །འདིར་འཕགས་པ་ཐོགས་མེད་ཀྱིས། མདོར་བསྡུན་དོན་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འདྲས་ཉེར་བཏགས་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། དོན་དེ་གསུམ་རྣམ་པ་ཐམས་ཅད་དུ་དོན་གང་གིས་གསུང་རབ་ཐམས་ཅད་དུ་ཁྱད་པར་མེད་པར་བསྟན་པར་འགྱུར་བ་དེའི་དབང་དུ་བྱས་ཏེ་བཤད་པར་བྱའོ། །འདི་ལྟ་སྟེ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་
(༤༥)པའི་ཆོས་ཀྱི་སྐུས་འཕྲོ་བའི་དོན་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་རྣམ་པར་དབྱེར་མེད་པའི་དོན་དང་། དེ་བཞིན་གཤེགས་པའི་རིགས་ཡོད་པའི་དོན་གྱིས་སོ། །ཞེས་སོགས་གསུངས་སོ། །འབྲེལ་བའི་དཔེ་རྒྱུན་ཁ་ཅིག་ཏུ་ཚིགས་བཅད་འདི་མ་བྱུང་ཡང་། འགོས་ལོ། །དཀོན་གཞོན། རོང་སྟོན་སོགས་ཀྱིས་རྒྱས་པར་དྲངས་ཤིང་འཆད་པ་དང་། ཇོ་ནང་རྗེ་བཙུན་ཆེན་པོ་སོགས་ཀྱིས་རྒྱས་པར་འགྲེལ་ཡང་ད་ལྟའི་དཔེ་རྒྱུན་རྣམས་སུ་ཆད་པར་མངོན་ནོ། །གཉིས་པ་ལ་གསུམ། སྡོམ་ཚིག་གིས་མདོར་བསྟན། དེའི་དོན་རྒྱས་པར་དབྱེ། བཤད་པའི་དོན་བསྡུ་བའོ། །དང་པོ་ནི། ངོ་བོ་ནས། ཡིན་ཅེས་བྱ། ཞེས་གསུང་ཏེ། ངོ་བོ་དང་རྒྱ་ལས་དག་པའི་དོན། འབྲས་བུ་དང་བྱེད་ལས་འགྲུབ་པའི་དོན། ཡོན་ཏན་གྱི་ཚོགས་དང་ལྡན་པའི་དོན། གང་ཟག་གི་དབྱེ་བས་འཇུག་པའི་དོན། གནས་སྐབས་ཀྱི་མིང་ཙམ་ཕྱེ་བའི་དོན། དེ་བཞིན་ནམ་མཁའ་ལྟར་ཀུན་ཏུ་འགྲོ་བའི་དོན། དུས་རྟག་ཏུ་འགྱུར་བ་མེད་པའི་དོན། ཡོན་ཏན་རྣམས་རྣམ་པར་དབྱེ་བ་མེད་པའི་དོན་ཏེ། དོན་རྣམ་པ་བཅུ་ནི་ཚོས་ཉིད་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་དགོངས་པའི་དོན་ལེགས་པར་རྣམ་པར་ཕྱི་སྟེ་གཏན་ལ་འབེབས་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ལ་བརྒྱད། ངོ་བོ་དང་རྒྱུའི་དོན། འབྲས་བུ་དང་ལས་ཀྱི་དོན། ལྡན་པའི། འཇུག་པའི། གནས་སྐབས་ཀྱི། ཀུན་ཏུ་འགྲོ་བའི། མི་འགྱུར་བའི། དབྱེ་བ་མེད་པའི་ཡོན་ཏན་གྱི་དོན་ནོ། །དང་པོ་ལ་གཉིས། དག་བྱ་དག་བྱེད་ཐུན་མོང་དུ་བསྟན། སོ་སོའི་ངོ་བོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནས། རིན་ཆེན་ནས། ལས་བྱུང་བ། ཞེས་གསུངས་ཏེ། ནོར་བུ་རིན་པོ་ཆེ་དང་ནམ་མཁའ་དང་ཆུ་བོ་རྣམས་རང་བཞིན་གྱིས་དག་པ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་ཀྱང་རྟག་ཏུ་རང་བཞིན་གྱིས་ཀུན་ནས་ཉོན་མངོས་པའི་དྲི་མ་མེད་ཅིང་རྣམ་པར་དག་པ་ནི་ངོ་བོ་ཉིད་ཀྱི་དོན་ཡིན་ལ། ཐེག་པ་ཆེན་
(༤༦)པོའི་ཆོས་ལ་མོས་པ་དང་བདག་མེད་རྟོགས་པའི་ལྷག་པའི་ཤེས་རབ་དང་བདེ་བ་དང་ལྡན་པའི་ཏིང་ངེ་འཛིན་ཚད་མེད་པ་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་རྣམས་ནི་གློ་བུར་གྱི་དྲི་མ་རྣམ་པར་དག་པར་བྱེད་པའི་རྒྱུ་ ཡིན་ཞིང་། དེ་རྣམས་ལས་བྱུང་བ་ནི་རྟོགས་པ་བྱང་ཆུབ་ཏུ་ཤེས་པར་བྱའོ། །གཉིས་པ་ལ་གཉིས། དག་བྱ་ངོ་བོའི་དོན། དག་བྱེད་རྒྱུའི་དོན་ནོ། །དང་པོ་ནི། མཐུ་དང་ནས། ཆོས་མཐུན་ཉིད། ཅེས་གསུངས་ཏེ། གོང་དུ་བཤད་པའི་རང་བཞིན་གསུམ་པོ་སོ་སོའི་རང་གི་མཚན་ཉིད་ལས་བརྩམས་ཏེ་ཆོས་སྐུ་ནི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ལ་སོགས་པའི་མཐུ་དང་ལྡན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆི་དང་ཆོས་མཐུན་ཞིང་། དེ་བཞིན་ཉིད་ནི་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་ན་ནམ་མཁའ་དང་ཆོས་མཐུན་ལ། རིགས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེས་བརླན་པ་དང་བཅས་པའི་ངོ་བོའི་རང་ཡིན་པའི་ཕྱིར་ཆུའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །གསུམ་ཀའི་སྤྱིའི་མཚུན་ཉིད་ལས་བརྩམས་ནས་གཏན་དུ་དྲི་མ་མེད་ཅིང་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་དང་། ནམ་མཁའ་དང་ཆུ་རྣམས་རང་བཞིན་གྱིས་དག་པའི་ཡོན་ཏན་དང་ཆོས་མཐུན་པ་ཉིད་དོ། །གཉིས་པ་ལ་གཉིས། སྤྲོང་བྱ་སྒྲིབ་པ་བཞི་སྤོང་ཚུལ་དང་། གཉེན་པོས་རྒྱལ་སྲས་སུ་འགྱུར་ཚུལ་ལོ། །དང་པོ་ནི། ཆོས་ལ་ནས། རྣམ་བཞི་ཉིད། ཞེས་གསུངས་ཏེ། སྤྱིར་སེམས་ཅན་གྱི་རིས་ལ་སྲིད་པ་འདོད་པ། སྲེད་བྲལ་འདོད་པ། གཉིས་ཀ་མི་འདོད་པ་དང་གསུམ་ཡོད་པས། རྟེན་དེའི་རྒྱུད་ལ་འབྱུང་བའི་སྒྲིབ་པ་སྤང་བྱ་རྣམ་པ་བཞི་ཡོད་དེ། ཐེག་པ་ཆེན་པོའི་ཆོས་ལ་ཁོང་ཁྲོ་བ་དང་། གང་ཟག་ལ་སོགས་པའི་བདག་ཏུ་བལྟ་བ་དང་། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་རང་ཉིད་ཞི་བདེ་འདོད་པ་དང་། སེམས་ཅན་གྱི་དོན་སྒྲུབ་པ་ལ་ལྟོས་པ་མེད་པ་ཉིད་གོ་རིམ་བཞིན་ཏུ། སྲིད་པ་འདོད་པ་རིགས་ཆད་དང་། འཁོར་བར་ངེས་པར་ལྟུང་བ་འདོད་
(༤༧)ཆེན་པ་དང་། སྲིད་བྲལ་འདོད་ཀྱང་ཐབས་མ་ཡིན་པ་ལ་ཞུགས་པ་མུ་སྟེགས་པ་དང་། སྲིད་བྲལ་འདོད་ཅིང་ཐབས་ལ་ཞུགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས། དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་འགྱུར་བའི་གེགས་སྒྲིབ་པ་རྣམ་པ་བཞི་ཡིན་ཏེ། དེའང་དང་བོས་ཆོས་ཀྱི་སྐུ་ གཙང ་བ། གཉིས་པས་བདག་དམ་པ། གསུམ་པས་བདེ་བ་དམ་པ། བཞི་པས་ཆོས་སྐུ་རྟག་པ་དམ་པ་ལ་སྒྲིབ་པར་བྱེད་ཅིང་། དེ་རྣམས་དག་པར་བྱེད་པའི་རྒྱུ་ནི་དམ་པའི་ཆོས་ལ་ལྷག་པར་མོས་པ་རྣམས་དང་། ལ་སོགས་པའི་སྒྲས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཏིང་ངེ་འཛིན་ཚད་མེད་པ་དང་། སྙིང་རྗེ་ཆེན་པོ་སྟེ་ལམ་གྱི་ཆོས་ནི་རྣམ་པ་བཞི་པོ་ཉིད་ཡིན་ནོ། །གཉིས་པ་ནི། ཐེག་མཆོག་ནས། རྗེས་སྐྱེས་སྲས། ཞེས་གསུངས་ཏེ། དཔེར་ན་འཁོར་ལོས་སྒྱུར་རྒྱལ་གྱི་སྲས་ནི་རྒྱལ་པོའི་ས་བོན་དང་། དེའི་བཙན་མོ་དམ་པ་དང་། དེའི་མངལ་གྱི་གནས་མ་ཉམས་པ་དང་། སྐྱེད་བ་སྲིད་པའི་མ་མ་ཁྱད་པར་ཅན་ཏེ་རྒྱུ་བཞིས་རྒྱལ་པོའི་གདུང་འཚོབ་པར་བྱེད་ནུས་པ་བཞིན་ཏུ། ཐེག་པ་མཆོག་ལ་མོས་པ་ནི་སངས་རྒྱས་ཀྱི་ས་བོན་དང་། གནས་ལུགས་རྟོགས་པའི་ཤེས་རབ་ནི་སངས་རྒྱས་ཀྱི་ཆོས་བསྐྱེད་པར་བྱེད་པའི་མ་དང་། ནམ་མཁའ་མཛོད་སོགས་བསམ་གཏན་གྱི་བདེ་བ་ནི་འཕེལ་བྱེད་ཡིན་པས་མངལ་གྱི་གནས་ལྟ་བུ་དང་། སྙིང་རྗེ་ཆེན་པོ་སྐྱེད་བསྲིད་བྱེད་ཡིན་པས་མ་མ་ལྟ་བུ་སྟེ། ཆོས་བཞི་ལས་སྐྱེས་པ་ཅན་གང་ཡིན་པ་དེནི་བྱང་ཆུབ་སེམས་དཔའ་རྒྱལ་བའི་སྲས་ཞེས་བྱ་བ་ཡིན་ཏེ། ཐུབ་པའི་རྗེས་སུ་སྐྱེས་ཤིང་གདུང་འཚོབ་པར་ནུས་པའི་ཕྱིར་རོ། །གཉིས་པ་འབྲས་བུ་དང་ལས་ཀྱི་དོན་ལ་གཉིས། འཐོབ་བྱ་འཐོབ་བྱེད་ཐུན་མོང་དུ་བསྟན་པ་དང་། སོ་སོའི་ངོ་བོ་ཁྱད་པར་དུ་བཤད་པའོ། །དང་པོ་ནི། གཙང ་བདག་ནས། ལས་ཅན་ནོ། །ཞེས་གསུངས་ཏེ། དོན་དམ་པའི་དབྱིངས་དེ་ཁྱད་པར་གཉིས་དང་ལྡན་ཏེ་ གཙང ་བ་དམ་པ་དང་བ་དག་དམ་པ་བདེ་བ་དམ་པ་རྟག་པ་དམ་པ་ཉིད་ནི་ཡོན་ཏན་བཞིའི་ཕ་རོལ་ཏུ་ཕྱིན་འབྲས་བུའི་ཁྱད་པར་དང་། འཁོར་བའི་སྡུག་བསྡལ་ལས་ཡིད་
(༤༨)འབྱུང་ཞིང་ཞི་བ་མྱང་འདས་ཐོབ་པར་འདུན་པ་དང་སྨོན་པའི་ལས་ཅན་ཡིན་པས་བྱེད་ལས་ཀྱི་ཁྱད་པར་ཏེ་རྣམ་པ་གཉིས་དང་ལྡན་པའོ། །གཉིས་པ་ལ་གཉིས། ཐོབ་བྱ་འབྲས་བུའི་དོན་དང་། ཐོབ་བྱེད་ལས་ཀྱི་དོན་ནོ། །དང་པོ་ལ་གསུམ། སྤང་བྱ་ཕྱིན་ཅི་ལོག་སྤོང་ཚུལ། སྤང་པས་འབྲས་བུ་བཞི་འཐོབ་ཚུལ། ཐོབ་པས་མཐའ་གཉིས་ལས་གྲོལ་ཚུལ་ལོ། །དང་པོ་ནི། འདི་དག་ནས། ཕྱ་བ་ཉིད། ཅེས་གསུངས་ཏེ། མོས་པ་དང་ཤེས་རབ་དང་བསམ་གཏན་དང་སྙིང་རྗེ་སྟེ་ཆོས་ཀྱི་དབྱིངས་དག་པར་བྱེད་པའི་རྒྱུ་བཞི་པོ་འདི་དག་གི་འབྲས་བུ་ནི་མདོར་བསྡུ་ན་རྣམ་པ་བཞི་ཡིན་ཏེ་ཆོས་ཀྱི་སྐུལ་བྱིས་པས་ གཙང ་བདག་བདེ་དང་རྟག་པར་མངོན་པར་ཞེན་པ་སྟེ་ཕྱིར་ཅི་ལོག་ཏུ་སྒྲོ་འདོགས་པ་རྣམ་པ་བཞི་པོ་དེ་ལས་ལྡོག་པ་ཉན་རང་གིས་མི་ གཙང ་བདག་མེད་སྡུག་བསྔལ་མི་རྟག་པར་ཞེན་པས་དེའི་གཉེན་པོར་ཆོས་སྐུ་ གཙང ་སོགས་བཞིའི་ཕ་རོལ་ཏུ་ཕྱིན་པར་བྱེད་པས་རབ་ཏུ་ཕྱེ་བ་ཉིད་ཐོབ་བོ། །གཉིས་པ་ནི། དེ་ནི་ནས། རྟོགས་ཕྱིར་རྟག །ཅེས་གསུངས་ཏེ། འབྲས་བུ་སངས་རྒྱས་ཀྱི་ཆོས་སྐུ་དེ་ནི་སྤྱིའི་མཚན་ཉིད་རང་བཞིན་གྱིས་གདོད་མ་ནས་ཡོངས་སུ་དག་པའི་ཕྱིར་དང་། ཁྱད་པར་གྱི་མཚན་ཉིད་གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པའི་ཕྱིར་ གཙང ་བའི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། མུ་སྟེགས་ལ་སོགས་པས་བརྟགས་པའི་བདག་ཏུ་འཛིན་པའི་སྤྲོས་པ་དང་། ཉན་ཐོས་ལ་སོགས་པས་བརྟགས་པའི་བདག་མེད་པར་འཛིན་པའི་སྤྲོས་པ་མཐའ་དག་ཉེ་བར་ཞི་བས་ཏེ། དམ་པའི་བདག་གི་ཕ་རོལ་དུ་ཕྱིན་པ་ཡིན་ཞིང་། སྡུག་བསྔལ་མ་ལུས་པ་འགགས་པས་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང་། ཀུན་འབྱུང་མཐའ་དག་སྤངས་པས་དེའི་རྒྱུ་མ་རིག་བག་ཆགས་ཀྱི་སའི་ཉོན་མོངས་པ་དང་། ཟག་པ་མེད་པའི་ལས་ཐམས་ཅད་ཀྱང་ལོག་ཅིང་ཟད་པའི་ཕྱིར་བདེ་བའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ། །འབྲས་བུ་དང་མྱ་དན་མྱ་ངན་ལས་འདས་པ་ལ་བླང་དོར་ཐ་དད་མ་ཡིན་པ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་དོན་གཉིས་རྒྱུན་མི་འཆད་ཅིང་རྟག་
(༤༩)པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །འདིར་ཀུན་མཁྱེན་དོལ་པོ་པ་ཆེན་པོས། དེའང་དོན་དམ་པའི་དབྱིངས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། འཁོར་བ་མི་རྟག་པའི་སྐྱོན་དབྲི་བར་བྱ་བ་ཅུང་ཟད་ཀྱང་མེད་པས་ཆད་པའི་མཐར་མ་ལྷུང་ཞིང་། གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཕྱིར། མྱ་ངན་ལས་འདས་པ་རྟག་པའི་ཡོན་ཏན་བསྣན་པར་བྱ་བ་ཅུང་ཟད་ཀྱང་མེད་པས་རྟག་པའི་མཐར་མ་ལྷུང་བས། མཐའ་གཉིས་དང་བྲལ་བའི་མྱ་ངན་ལས་འདས་པ་ཉིད་དུ་གྲུབ་བོ། །ཞེས་གསུངས་སོ། །གསུམ་པ་ནི། བདག་སྲིད་ནས། འདའ་མི་འགྱུར། ཅེས་གསུངས་ཏེ། ཕུང་པོ་ལ་བདག་ཏུ་སྲེད་ཅིང་ཆགས་པ་བག་ལ་ཉལ་དང་བཅས་པ་མ་ལུས་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅད་དེ་སྤངས་པའི་ཕྱིར་འདོད་ཆེན་པ་བཞིན་ཏུ་སྲིད་པའི་མཐར་ལྷུང་བ་མ་ཡིན་ལ། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་སྲེད་ཅིང་ཆགས་པས་དེ་དག་གི་དོན་སྒྲུབ་པའི་ཕྱིར་བརྩ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཉན་ཐོས་དང་རང་སངས་རྒྱས་བཞིན་དུ་སྡུག་བསྡལ་ཞི་བ་ཙམ་ཐོབ་པའི་མཐར་ལྷུང་བ་ཡང་མིན་པ་དེ་ལྟར་ན། བདག་མེད་རྟོགས་པས་ཤེས་རབ་ཀྱི་བློ་དང་། སེམས་ཅན་ལ་དམིགས་པའི་བརྩེ་བ་སྙིང་རྗེ་ཆེན་པོ་སྟེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཐབས་ཁྱད་པར་ཅན་གཉིས་པོ་དེ་དག་ལ་བརྟེན་ནས་གོམས་པ་བྱེད་པའི་རྒྱལ་སྲས་འཕགས་པ་རྣམས་ནི་སྲིད་པ་འཁོར་བའམ་ཞི་བ་མྱང་ན་ལས་འདས་པ་གང་རུང་གི་མཐའ་ལ་གནས་པར་མི་འགྱུར་ཞིང་མི་གནས་པའི་མྱ་ངན་ལས་འདས་པ་མངོན་ཏུ་བྱེད་པ་ཡིན་ནོ། །གཉིས་པ་ཐོབ་བྱེད་ལས་ཀྱི་དོན་ལ་གཉིས། རིགས་ཀྱི་ལས་ལྡོག་པའི་སྒོ་ནས་བསྟན་པ་དང་། ནུས་པའི་ཁྱད་པར་རྗེས་འགྲོའི་ཚུལ་གྱིས་བསྟན་པའོ། །དང་པོ་ནི། གལ་ཏེ་ནས། མེད་པར་འགྱུར། ཅེས་གསུངས་ཏེ། རྟག་པ་མཐའ་བཟུང་པའི་ཚུལ་གྱིས་གས་ཏེ་སངས་རྒྱས་ཀྱི་ཁམས་མེད་ན་སྐྱེ་བོ་སུའང་འཁོར་བའི་སྡུག་བསྔལ་ལ་སྐྱོ་བར་མི་འགྱུར་ཞིང་མྱ་ངན་ལས་འདས་པ་ལ་ཐབ་པར་འདོད་པའི་བློ་དང་
(༥༠)ཐོབ་པའི་ཐབས་འཚལ་པའི་དོན་གཉེར་དང་ཐོབ་ན་བསམ་པའི་སྨོན་པའང་མེད་པར་འགྱུར་བ་ལས་སྐྱོ་བ་བསྐྱེད་པ་སོགས་ཡོད་པ་དེ་རིགས་ཀྱི་བྱེད་ལས་ཡིན་པའི་ཕྱིར་རིགས་ཡོད་པར་གྲུབ་བོ། །གཉིས་པ་ནི། སྲིད་དང་ནས། མེད་ཕྱིར་རོ། །ཞེས་གསུངས་ཏེ། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། མཐུན་པའི་ཡུལ་ན་གནས་པ་དང་། སྔོན་དགེ་བ་བྱས་པ་དང་། ཡང་དག་པའི་སྨོན་ལམ་བཏབ་པ་སྟེ་འཁོར་ལོ་བཞི་དང་ལྡན་པའི་གང་ཟག་སྲིད་པ་འཁོར་བ་དང་ཞི་བ་མྱ་ངན་ལས་འདས་པ་དག་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དེ་དང་དེའི་སྡུག་བསྔལ་བ་དང་། བདེ་བའི་སྐྱོན་དང་ཡོན་ཏན་དག་མཐོང་ནས་སྲིད་པ་སྡུག་བསྔལ་ཀྱི་སྐྱོན་གྱི་ཡོད་འབྱུང་བ་དང་། མྱང་ངན་ལས་འདས་པའི་བདེ་བའི་ཡོན་ཏན་ལ་སྤྲོ་བ་འདི་དག་ནི་སངས་རྒྱས་ཀྱི་རིགས་ཡོད་པ་ལས་འབྱུང་བ་ཡིན་ནོ། །རྒྱུ་མཚན་ནི། གང་གི་ཕྱིར་ཞེ་ན། བླང་དོར་གྱི་བློ་དེ་དག་རེ་ཤིག་རྒྱས་འགྱུར་གྱི་རིགས་མེད་པའི་ལོག་སྲེད་ཅན་དག་ལ་ནི་ཇི་སྲིད་ཐེག་པ་གསུམ་ལ་གང་རུང་ཡང་རུང་བའི་ཆོས་ལ་མོས་པ་མ་སྐྱེས་བ་དེ་སྲིད་དུ་སྲིད་ཞིའི་སྐྱོན་ཡོན་མཐོང་བ་འདི་མེད་པའི་ཕྱིར་རོ། །འདིར་རང་བཞིན་གནས་རིགས་མེད་པ་ནི་མི་སྲིད་པས་དབྱེ་བ་ཕྱེ་ནས་འཆད་པ་འདི་ལེགས་ཤིང་། རིགས་མ་སད་པ་ལ་རིགས་མེད་པའི་སྒྲས་བསྟན་པར་བཤད་པའང་སྣད་ངོ་། །གསུམ་པ་ལྡན་པའི་དོན་ལ་གཉིས། རྒྱུ་འབྲས་གྱི་ཡོན་ཏན་ཐུན་མོང་དུ་བསྟན། སོ་སོའི་ངོ་བོ་ཁྱད་པར་བཤད་པའོ། །དང་པོ་ནི། རྒྱ་མཚོ་ནས། མར་མེ་བཞིན། ཅེས་གསུངས་ཏེ། ཁམས་དེ་ལ་རྒྱུ་དང་འབྲས་བུའི་ཡོན་ཏན་རྣམ་པ་གཉིས་དང་ལྡན་ཏེ། དེ་ལ་རྒྱུའི་ཡོན་ཏན་ནི། དཔེར་ན་རྒྱ་མཚོ་ཆེན་པོ་སྣོད་ཡངས་པར་རིན་པོ་ཆ་དང་ཆུ་དཔག་མེད་འདུ་བ་བཞིན། དེ་བཞིན་གཤེགས་པའི་ཁམས་ཀྱང་མོས་པའི་སྣོད་དང་ཤེས་རབ་དང་ཏིང་ངེ་འཛིན་གྱི་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པ་དང་སྙིང་རྗེའི་ཆུ་མི་ཟད་པའི་གནས་ཡིན་ལ། འབྲས་བུའི་ཡོན་ཏན་ནི། མངོན་ཤེས་དང་པོ་ལྔ་དང་ཟག་མེད་ཀྱི་ཡེ་ཤེས་དང་སྤངས་པ་རྣམས་དབྱེར་
(༥༡)མེད་པའི་ཡོན་ཏན་དང་ལྡན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དཔེར་ན། མར་མེ་ལ་སྣང་བ་དྲོ་བ་ཁ་དོག་གི་ཆོས་གསུམ་དབྱེར་མེད་པ་བཞིན་ནོ། །གཉིས་པ་ལ་གཉིས། རྒྱུའི་ལྡན་པ་དང་། འབྲས་བུའི་ལྡན་པའོ། །དང་པོ་ནི། ཆོས་སྐུ་ནས། མཚུངས་པར་བསྟན། ཅེས་གསུངས་ཏེ། ཆོས་སྐུ་རྣམ་པར་དག་པའི་རྒྱུ་མོས་པ་དང་། རྒྱལ་བའི་ཡེ་ཤེས་ཐོབ་པའི་རྒྱུ་ཤེར་ཏིང་དང་། ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུའམ་ཁམས་ནི་སྙིང་རྗེ་སྟེ་དེ་མ་ལུས་པ་བསྡུས་ཤིང་གནས་པའི་ཕྱིར་ན། སྣོད་ཡངས་པ་དང་རིན་ཆེན་དང་ཆུ་ཡི་དཔེ་སྟེ། ཆོས་མཐུན་པ་གསུམ་པོ་ཡིས་ཆོས་ཀྱི་དབྱིངས་འདི་རྒྱ་མཚོ་ཆེན་པོ་དང་ནི་མཚུངས་པ་བསྟན་ཏོ། །གཉིས་པ་ནི། དྲི་མེད་ནས། ཆོས་མཚུངས་ཉིད། ཅེས་གསུངས་ཏེ། རང་བཞིན་གྱིས་དྲི་མ་མེད་པའི་གནས་ཁམས་བདེ་གཤེགས་སྙིང་པོ་ལ། མངོན་ཤེས་དང་པོ་ལྔ་ཡིས་མི་མཐུན་ཕྱོགས་ཀྱི་མུན་པ་འཇོམས་པ་དང་། ཟག་མེད་ཡེ་ཤེས་ཀྱིས་སྒྲིབ་པ་དང་། དྲི་མ་མེད་པའི་སྤངས་པ་དག་ལ་འོད་གསལ་བས་ཁྱད་པར་གྱི་ཆོས་མཚུངས་དེ་དག་ཉིད་དང་། སྤྱིའི་ཆོས་མཚུངས་མར་མེའི་ཁྱད་ཆོས་གསུམ་དབྱེར་མེད་པ་བཞིན་དུ་མི་སློབ་པའི་ཆོས་བདུན་པོ་འདི་དག་ཁམས་དང་རྣམ་པར་དབྱེ་བ་མེད་པར་ལྡན་པའི་ཕྱིར་དཔེར་ན་མར་མེའི་སྣང་བ་དང་དྲོ་བ་དང་མདོག་རྣམས་དང་དེ་དག་དབྱེར་མེད་གནས་པ་དང་ཆོས་མཚུངས་པ་ཅན་སྟེ། དེས་ན་མི་སློབ་པའི་ཆོས་བདུན་པོ་ཁམས་ཀྱི་འབྲས་བུར་ལྡན་པ་འབྲས་བུའི་ལྡན་པ་ཡིན་ནོ། །བཞི་པ་འཇུག་པའི་དོན་ལ་གཉིས། རྒྱུ་མཚུན་མདོར་བསྟན་པ། དེ་རྒྱས་པར་བཤད་པའོ། དང་པོ་ནི། སོ་སོ་ནས། འདི་བསྟན་ཏོ། །ཞེས་གསུངས་ཏེ། །སོ་སོ་སྐྱེ་བོའི་དེ་བཞིན་ཉིད་དང་། འཕགས་པའི་དེ་བཞིན་ཉིད་དང་། རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་གསུམ་དུ་རབ་ཏུ་དབྱེ་བའི་འཇུག་པ་ལས་བརྩམས་ནས་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པ་ཐམས་ཅད་མཁྱེན་པས་གདུལ་བྱར་གྱུར་པའི་སེམས་ཅན་སྐལ་པ་དང་ལྡན་པ་རྣམས་ལ། རྒྱལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་རང་བཞིན་
(༥༢༈༈གྱིས་རྣམ་པར་དག་པ་འདི་ཤིན་ཏུ་གསལ་བར་བསྟན་ཏོ། །གཉིས་པ་ནི། སོ་སོ་ནས། སྤྲོས་མེད་ཉིད། ཅེས་གསུངས་ཏེ། བློའི་འཇུག་ཚུལ་གསུམ་གྱི་ཁྱད་པར་ཡོད་དེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་རྟག་པར་འཛིན་པས་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་ཏུ་འཇུག་ཅིང་། བདེན་པ་བཞི་མཐོང་བའི་སློབ་པ་འཕགས་པ་རྣམས་ཕྱིན་ཅི་ལོག་དེ་ལས་ཟློག་པ་སྟེ་རྟག་འཛིན་མངོན་གྱུར་པ་སྤངས་པའི་ཚུལ་གྱིས་འཇུག་པ་དེ་བཞིན་གཤེགས་པ་ནི་སྒྲིབ་གཉིས་སྤངས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་ཅིང་སྤྲོས་པ་མེད་པ་ཉིད་དུ་འཇུག་པ་སྟེ། དེ་ལྟར་རྟེན་གྱི་གང་ཟག་གསུམ་དུ་རྣམ་པར་དབྱེ་བའི་སྒོ་ནས་བརྟེན་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཀྱང་རྣམ་པ་གསུམ་དུ་འགྱུར་རོ། །འདི་མན་ཆད་དོན་རྣམ་པ་བཞིས་ནི་འཇུག་པའི་དོན་ཉིད་ཚུལ་གཞན་གྱིས་འཆད་པའང་ཤེས་པར་བྱའོ། །ལྔ་པ་གནས་སྐབས་ཀྱི་དོན་ལ་གཉིས། སྐབས་གསུམ་དུ་མིང་འདོགས་ཚུལ་དང་། མིང་གསུམ་གྱིས་དོན་དྲུག་བསྡུས་ཚུལ་ལོ། །དང་པོ་ནི། མ་དག་ནས། ཞེས་བརྗོད་དོ། །ཞེས་གསུངས་ཏེ། དོན་དམ་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་གློ་བུར་གྱི་དྲི་མ་ཅུང་ཟད་ཙམ་མ་དག་པའི་གནས་སྐབས་དང་། མཐོང་སྒོམ་གྱི་སྤང་བྱ་ཐམས་ཅད་ཀྱིས་ནི་མ་དག་ལ་ཅི་རིགས་པ་དག་པའི་གནས་སྐབས་དང་། སྒྲིབ་གཉིས་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་གསུམ་དུ་གོ་རིམ་བཞིན་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་ཐ་དད་པ་གསུམ་གྱིས་བརྗོད་ཅིང་བསྟན་ཏོ། །འདི་ནི་འཇུག་ཚུལ་གསུམ་ཡོད་པ་དེ་ལྟ་ན། དེ་བཞིན་ཉིད་ལ་རིགས་མི་འདྲ་བའི་དབྱེ་བ་ཡོད་དམ་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར་དུ་གཟུང་འདི་གསུངས་པ་ཡིན་ནོ། །གཉིས་པ་ནི། ངོ་བོ་ནས། བསྟན་པ་ཡིན། །ཅེས་གསུངས་སྟེ། ངོ་བོ་ཉིད་ཀྱི་དོན་ལ་སོགས་པའི་སྒྲས་རྒྱུའི་དོན་དང་། འབྲས་བུའི་དོན་དང་ལས་ཀྱི་དོན་དང་ལྡན་པའི་དོན་དང་འཇུག་པའི་དོན་ཏེ། དོན་འདི་དྲུག་གིས་ནི་བསྡུས་ནས་གོང་དུ་རྒྱས་པར་)༥༣
(བཤད་པའི་ཁམས་རང་བཞིན་གྱིས་རྣམ་པར་དག་པ་འདི་ནི། མ་དག་པ་དང་། མ་དག་དག་པ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་གསུམ་པོ་དག་ཏུ་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་གསུམ་གྱིས་ནི་བཏགས་ནས་ཐ་དད་པ་ཙམ་དུ་བསྟན་པ་ཉིད་ཡིན་གྱི། དོན་གྱི་ངོ་བོ་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དྲུག་པ་ཀུན་ཏུ་འགྲོ་བའི་དོན་ལ་གཉིས། ངོ་བོ་བསྟན་པ་དང་། རྣམ་དབྱེ་བཤད་པའོ། །དང་པོ་ནི། ཇི་ལྟར་ནས། འགྲོ་བ་ཉིད། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན་རྟོག་པ་མེད་ཅིང་སྒྲིབ་པ་མེད་པའི་བདག་ཉིད་ཅན་གྱི་ནམ་མཁའ་གཟུགས་ཅན་ཐམས་ཅད་ལ་དབྱེར་མེད་པར་ཀུན་ཏུ་རྗེས་སུ་སོང་ཞིང་ཁྱབ་པ་ལྟར། སེམས་ཀྱི་རང་བཞིན་འོད་གསལ་གདོད་མ་ནས་དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་དུ་གང་ཟག་གི་གནས་སྐབས་ཐམས་ཅད་ལ་དབྱེར་མེད་ཅིང་ཀུན་ཏུ་འགྲོ་བར་ཁྱབ་པ་ཉིད་དོ། །གཉིས་པ་ནི། དེ་སྤྱིའི་ནས། ནམ་མཁའ་བཞིན། ཅེས་གསུངས་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དེ་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དམ་ཆོས་ཉིད་ཡིན་པའི་ཕྱིར་ཉེས་པ་དང་བཅས་པའི་སོ་སོ་སྐྱེ་བོ་དང་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དང་། ཡོན་ཏན་མཐར་ཐུག་པའི་དེ་བཞིན་གཤེགས་པའི་གནས་སྐབས་ཐམས་ཅད་ལ་མཚུངས་པར་རྗེས་སུ་ཞུགས་ཤིང་ཁྱབ་པ་ཡིན་ཏེ། དཔེར་ན་གཟུགས་ཀྱི་རྣམ་པ་དམན་པ་སའི་སྣོད་དང་། བར་མ་ཟད་ས་ཀྱི་སྣོད་དང་། མཆོག་གསེང་གྱི་སྣོད་ཐམས་ཅད་ལ་ནམ་མཁའ་རྗེས་སུ་སོང་ཞིང་ཁྱབ་པ་བཞིན་ནོ། །བདུན་པ་མི་འགྱུར་བའི་དོན་ལ་གཉིས། ངོ་བོ་མདོར་བསྟན་པ། གནས་སྐབས་གསུམ་དུ་མི་འགྱུར་བའི་རྒྱས་བཤད་དོ། །དང་པོ་ནི། ཉེས་པ་ནས། ཆོས་ཉིད་དོ། །ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་ལ་གནས་སྐབས་གསུམ་དུ་ཡོད་ཀྱང་འགྱུར་མེད་མིན་པའི་སྐྱོན་མེད་དེ། མ་དག་པའི་གནས་སྐབས་སུ་ཉེས་པ་རྣམས་སྤང་རུང་གི་བློ་བུར་བ་ཉིད་དང་ལྡན་གྱི། བདེན་པར་གྲུབ་པ་ནི་མིན་པ་དང་། དག་པའི་གནས་སྐབས་སུ་གྱུར་པའི་ཡོན་)༥༤
(ཏན་གྱི་རང་བཞིན་རྣམས་ལྷུན་གྲུབ་ཉིད་དུ་ལྡན་གྱི་གསར་དུ་སྐྱེས་པ་མིན་་པའི་ཕྱིར། སྔར་མ་དག་པའི་གནས་སྐབས་ཇི་ལྟ་བ་བཞིན་དུ་ཕྱིས་རྣམ་པར་དག་པའི་གནས་སྐབས་ན་ཡང་དེ་བཞིན་དུ་གནས་ཤིང་ནམ་ཡང་འགྱུར་བ་མེད་པ་ནི་ཆོས་ཀྱི་དབྱིངས་འདིའི་ཆོས་ཉིད་དམ་རང་བཞིན་ནོ། །གཉིས་པ་ལ་གསུམ། མ་དག་པའི། མ་དག་ལ་དག་པའི། ཤིན་ཏུ་དག་པའི་གནས་སྐབས་སུ་མི་འགྱུར་པའོ། །དང་པོ་ལ་བཞི། ངོ་བོ་ལ་དྲི་མས་མགོས་པ། ཆོས་ཅན་ལ་སྐྱེ་འཇིག་སྣང་བ་དང་། ཆོས་ཉིད་ལ་འཇིགས་པས་མི་གནོད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱས་བཤད་དོ། །དང་པོ་ནི། ཇི་ལྟར་ནས། གོས་པ་མེད། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན་འདུས་མ་བྱས་པའི་ནམ་མཁའ་གཟུགས་ཅན་འདུས་བྱས་ཐམས་ཅད་ལ་ཁྱབ་པར་ཀུན་ཏུ་སོང་བ་ཡིན་ཡང་ཕྲ་བ་སྟེ་གཟུགས་ཅན་རགས་པ་མ་ཡིན་པའི་ཕྱིར། གཟུགས་ཀྱི་ཉེས་པ་མི་རྟག་པ་ལ་སོགས་པས་ནམ་ཡང་ཉེ་བར་གོས་པ་མེད་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ལ་སེམས་ཀྱི་རང་བཞིན་དུ་ཁྱབ་པར་གནས་པའི་འོད་གསལ་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་འདི་ཡང་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། སེམས་ཅན་གྱི་ཉེས་པ་ཉོན་མོངས་པ་ལ་སོགས་་པས་ནམ་ཡང་ཉེ་བར་གོས་པ་མེད་དོ། །གཉིས་པ་ནི། ཇི་ལྟར་ནས། སྐྱེ་ཞིང་འཇིག །ཅེས་གསུནས་ཏེ། ཇི་ལྟར་ཕྱི་རོལ་སྣོད་ཀྱི་འཇིག་རྟེན་རྣམས་གནས་སྐབས་ཐམས་ཅད་དུ་ནམ་མཁས་གོ་འབྱེད་པ་ལ་བརྟེན་ནས་ནི། དང་པོར་སྐྱེ་ཞིང་མཐར་འཇིག་པར་སྣང་བ་དེ་བཞིན་ཏུ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་ཆོས་དབྱིངས་ཀྱི་ཡོན་ཏན་ལ་བརྟེན་ནས་སེམས་ཅན་གྱི་དབང་པས་མཚོན་པ་ཕུང་ཁམས་སྐྱེ་མཆེད་རྣམས་ནི་དང་པོ་སྐྱེ་ཞིང་མཐར་འཇིག་པར་སྣང་ཡང་ཆོས་ཉིད་བདེ་གཤེགས་སྙིང་པོ་ལ་སྐྱེ་འཇིགས་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། ཇི་ལྟར་ནས། མེས་མི་འཚིག །ཅེས་གསུངས་ཏེ། དཔེ་ཇི་ལྟར་ན་འདུས་བྱས་ཀྱི་དངོས་པོ་རྣམས་དུས་མཐའ་དད་དམྱལ་བ་དང་རང་བཞིན་པའི་མ་གསུམ་ཀྱིས་འཚིག་ཀྱང་འདུས་མ་བྱས་པའི་ནམ་ )༥༥
(མཁའ་མེ་གསུམ་པོ་རྣམས་ཐམས་ཅད་ཀྱིས་སྔོན་ཆད་ནམ་ཡང་ཚིག་པ་མེད་པ་དེ་བཞིན་དུ་སེམས་ཅན་རྣམས་འཆི་བ་ལ་སོགས་པའི་མེ་གསུམ་གྱིས་འཚིག་ཀྱང་སྙིང་པོ་ཆོས་ཀྱི་དབྱིངས་འདི་ནི་འཆི་བ་དུས་མཐའི་མེ་དང་། ན་བ་དམྱལ་བའི་མེ་དང་། རྒ་བ་དང་བཞིན་པའི་མེ་དང་གསུམ་པོ་རྣམས་ཀྱིས་ནམ་ཡང་མི་འཚིག་པ་ཉིད་དོ། །བཞི་པ་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱས་པར་བཤད་པ་ལ་གསུམ། དཔེ་དོན་སྦྱང་ཏེ་བསྐྱེད་པའི་ཚུལ་བསྟན། ངོ་བོ་མཐའ་བྲལ་དྲི་མེད་བཤད། སྐྱེ་འཇིག་དཔེ་དོན་བསྡུ་བའོ། །དང་པོ་ལ་བཞི། དཔེ། དོན། དེ་གཉིས་སྦྱང་བ། བསྐྱེད་པའི་ཚུལ་ལོ། །དང་པོ་ནི། ས་ནི་ནས། གནས་མ་ཡིན། །ཅེས་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཆགས་ཤིང་གནས་པའི་ཚེ་སའི་དཀྱིལ་འཁོར་ཆེན་པོ་ནི་ཆུའི་དཀྱིལ་འཁོར་ལ་བརྟེན་ལ་ཆུ་ནི་རླུང་གི་དཀྱིལ་འཁོར་ལ་བརྟེན་ཅིང་རླུང་ནི་ནམ་མཁའ་ལ་རབ་ཏུ་གནས་པ་སྟེ་བརྟེན་ཡང་ནམ་མཁའ་ནི་རླུང་དང་ཆུ་དག་དང་སའི་ཁམས་རྣམས་ལ་གནས་པ་མ་ཡིན་ཏེ། ནམ་མཁའ་ནི་རྒྱུ་རྐྱེན་ལ་ལྟོས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་བཞིན་ནས། གནས་པ་མེད། ཅེས་གསུངས་ཏེ། དཔེ་བསྟན་པ་དེ་བཞིན་ཏུ་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་ཟག་བཅས་ཀྱི་དབང་པོ་དྲུག་ཡུལ་དྲུག་དང་བཅས་པ་རྣམས་ལས་དང་ཉོན་མོངས་པ་དག་ལ་གནས་ལ། ལས་དང་ཉོན་མོངས་པ་ནི་བདག་ཏུ་འཛིན་བ་སོགས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་རྟག་ཏུ་གནས་ཤིང་། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ནི་སེམས་ཀྱི་དག་པ་རང་བཞིན་གྱི་ས་འོད་གསལ་བ་དེ་ལ་རབ་ཏུ་གནས་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ནི་བློ་བུར་བའི་ཆོས་རྣམས་ཐམས་ཅད་ལ་ཡང་གནས་པ་མེད་དེ། སེམས་ཀྱི་རང་བཞིན་འོད་གསལ་དེ་འདུས་མ་བྱས་ཡིན་པས་སོ། །གསུམ་པ་ནི། ས་དང་ནས། གནས་པ་མེད། །ཅེས་གསུངས་ཏེ། སའི་དཀྱིལ་འཁོར་ཆུ་ལ་བརྟེན་ནས་ཆགས་པ་དང་འདྲ་བར་ཉེ་བར་ལེན་པ་དང་བཅས་པའི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་པོ་རྣམས་)༥༦
(ལས་དང་ཉོན་མོངས་པ་ལ་བརྟེན་ནས་འགྲུབ་པར་ཤེས་པར་བྱ་ཞིང་ཆུའི་ཁམས་ཀྱིས་སའི་དཀྱིལ་འཁོར་འགྲུབ་པའི་རྐྱེན་བྱེད་པ་དད་འདྲ་བར་ལུས་ཅན་རྣམས་ཀྱི་ལས་ཟག་པ་དང་བཅས་པ་དང་། ཉོན་མོངས་པ་རྣམས་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་འགྲུབ་པར་བྱེད་པའི་རྐྱེན་དུ་ཤེས་བར་བྱ་སྟེ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ནི་ལས་དང་ཉོན་མོངས་པ་ཀུན་ནས་སློང་བའི་ཕྱིར་རླུང་གི་ཁམས་ཀྱིས་ཆུའི་དཀྱིལ་འཁོར་གྱི་རྟེན་བྱེད་པ་དང་འདྲ་བར་བལྟ་ཞིང་རིག་པར་བྱའོ། །སེམས་ཀྱི་རང་བཞིན་དེ་བཞིན་གཤེས་པའི་སྙིང་པོ་ནི་ནམ་མཁའི་ཁམས་ཀྱིས་ཐམས་ཅད་ཀྱི་རྟེན་བྱེད་ཀྱང་གང་ལ་ཡང་མི་གནས་པ་བཞིན་དུ་གློ་བུར་བ་རྣམས་ཀྱི་བརྟེན་བྱེད་ཀྱང་རང་གི་ངོ་བོ་དེ་ཉིད་གཞི་གང་ལ་ཡང་བརྟེན་པ་ཅན་མ་ཡིན་ཞིང་དུ་གང་ཡང་གནས་པ་མེད་དོ། །བཞི་པ་ནི། ཚུལ་བཞིན་ནས། འགྱུར་བ་ཡིན། ཅེས་གསུངས་ཏེ། རླུང་གི་དཀྱིལ་འཁོར་ནམ་མཁའ་ལ་གནས་པ་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་རྟོག་ནི་སེམས་ཀྱི་རང་བཞིན་འོད་གསལ་ལ་སྒྲིབ་བྱེད་དུ་གནས་ལ། རླུང་གིས་ཆུ་བརྟེན་པ་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་བྱེད་ཀྱིས་ལས་དང་ཉོན་མོངས་པ་བསྐྱེད་པའི་གོ་སྐབས་རབ་ཏུ་ཕྱེ། ཆུའི་དཀྱིལ་འཁོར་བསྲུབས་པ་ལས་ས་གཞི་བྱུང་བ་ལྟར་ལས་དང་ཉོན་མོངས་པ་ཆུ་ལྟ་བུ་ལས་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཟག་པ་དང་བཅས་པ་སྡུག་བསྔལ་གྱིས་བསྡུས་པའི་སྐྱེ་བ་རྣམས་འབྱུང་བའི་ཕྱིར། ནོད་ཀྱི་འཇིག་རྟེན་དེ་འཇིག་པ་དང་ཆགས་པ་ལྟར་དུ་ཟག་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་སྐྱེ་བ་དང་འཇིག་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ་གཉིས། ངོ་བོ་སྐྱེ་འགག་མེད་པ་དང་། དེ་ལ་དྲི་མས་དག་པའི་ཚུལ་ལོ། །དང་པོ་ནི། སེམས་ཀྱི་ནས། ཡོད་མ་ཡིན། ཅེས་གསུངས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་ཆིས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་འདུས་མ་བྱས་པ་ལྟར་ཉེར་ལེན་གྱི་རྒྱུ་ལ་ལྟོས་པ་མེད་ཅིང་། ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པ་མེད་དེ་དེས་ན་དེ་དག་ཚོགས་ )༥༧
(པ་ལའང་་ལྟོས་པ་མེད་ཅིང་། དེའི་ཕྱིར་དང་པོ་སྐྱེ་བ་དང་མཐར་འཇིག་པ་དང་། བར་དུ་གནས་པའང་ཡོད་པ་མ་ཡིན་པས་འདུས་བྱས་ཀྱི་ཆོས་གསུམ་གྱིས་ནམ་ཡང་འགྱུར་བ་མེད་པ་ཉིད་དོ། །གཉིས་པ་ནི། སེམས་ཀྱི་ནས། མོངས་མི་འགྱུར། ཅེས་གསུངས་ཏེ། འགྲོ་བ་རྣམས་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་དེ་བཞན་གཤེགས་པའི་སྙིང་པོ་གང་ཡིན་པ་དེ་ནི་ནམ་མཁའི་རང་བཞིན་སྤྲིན་དང་དུ་བ་ལ་སོགས་པས་མི་འགྱུར་བ་བཞིན་དུ། སྒྲིིབ་པ་དག་པ་དང་མ་དག་པ་ལ་སོགས་པས་ནམ་ཡང་འགྱུར་བ་མེད་པ་ཉིད་དེ། ཡང་དག་པ་མིན་པར་འཛིན་པའི་རྟོག་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་བསྡུས་པ་སྤང་རུང་གློ་བུར་གྱི་དྲི་མ་རྣམས་ཀྱིས་ཆོས་ཉིད་དེ་གཏན་དུ་ཀུན་ནས་ཉོན་མོངས་པར་མི་འགྱུར་ཞིང་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །གསུམ་པ་ལ་གཉིས། སྐྱེ་འཇིག་བྲལ་བའི་ཚུལ་བསྡུ་བ་དང་། འཇིག་ཚུལ་བསྡུ་བའོ། །དང་པོ་ནི། ལས་དང་ནས། འཚིག་མི་འགྱུར། ཅེས་གསུངས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་ཆོས་ཀྱི་དབྱིངས་འདི་ནི། ལས་དང་ཉོན་པའི་ཆུའི་ཚོགས་དང་ཚུལ་མིན་ཡིད་བྱེད་ཀྱི་རླུང་སོགས་ཀྱིས་མངོན་པར་འགྲུབ་ཅིང་བསྐྱེད་པ་མ་ཡིན་ལ། འཆི་བ་དུས་མཐའི་མེ་དང་ན་བ་དམྱལ་མེ་དང་རྒ་བ་ཐ་མལ་པའི་མེ་མི་བཟད་པས་ཀྱང་འཚིག་ཅིང་འཇིག་པར་མི་འགྱུར་ཏེ། འདུས་མ་བྱས་པའི་རང་བཞིན་གཞན་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། དུས་མཐའ་ནས། ཤེས་པར་བྱ། །ཞེས་གསུངས་ཏེ། དུས་མཐའི་མེ་དང་དམྱལ་བའི་མེ་དང་ཐ་མལ་པའི་མེ་གསུམ་པོ་འཆི་བ་དང་ན་བ་དང་རྒ་བའི་མེ་གསུམ་པོ་རིམ་པ་བཞིན་ཏུ་འདྲ་བར་ཤེས་པར་བྱ་སྟེ། དུས་མཐའི་མེས་སྣོད་ཀྱི་འཇིག་རྟེན་འཇིག་པ་བཞིན་དུ་འཆི་བའི་མེས་ཚེ་འདིའི་ཕུང་པོ་)༥༨
(འཇིག །དམྱལ་མེས་སྡུག་བསྔལ་བསྐྱེད་པ་བཞིན་དུ་ན་བའི་མེས་ཀྱང་དེ་བསྐྱེད། ཐ་མལ་པའི་མེས་འདུ་བྱེད་སྨིན་པར་བྱེད་པ་བཞིན་ཏུ་རྒ་བའི་མེས་ཕུང་པོ་སྨིན་པར་བྱེད་པའི་ཕྱིར་རོ། །གཉིས་པ་མ་དག་ལ་དག་པའི་གནས་སྐབས་སུ་མི་འགྱུར་བའི་དོན་ལ་གཉིས། སྐྱེ་སོགས་ཀྱིས་མི་འགྱུར་བའི་དོན་དངོས་བསྟན་པ། ས་བཅུར་རྒྱལ་སྲས་ཀྱི་ཡོན་ཏན་ངོས་བཟུང་བའོ། །དང་པོ་ལ་གཉིས། མི་འགྱུར་ཡང་འགྱུར་བར་སྣང་ཚུལ། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། སྐྱེ་འཆི་ནས། བསྐྱེད་ཕྱིར་སྟོན། ཅེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཕུང་པོ་གསར་དུ་གྲུབ་པའི་སྐྱེ་བ་དང་། རྒྱུན་འགགས་པའི་འཆི་བ་དང་། སྡུག་བསྔལ་བསྐྱེད་པའི་ན་བ་དང་། རྒྱུན་འགྱུར་བའི་རྒ་བ་རྣམས་ལས་གྲོལ་བ་ཡིན་ཏེ། དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་འདི་ཡི་རང་བཞིན་ནམ་གནས་ལུགས་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ཏེ་གནས་པའི་ཕྱིར་རོ། །ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལ་སོགས་པའི་ཕོངས་ཤིང་སྡུག་བསྔལ་བ་དང་བྲལ་བ་རྣམ་པར་དག་ཅིང་འགྱུར་བ་མེད་པ་ཡང་ཡིན་ལ། དེ་ལྟ་ན་ཡང་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་རྟོགས་པ་དེའི་རྒྱུས་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྡུག་བསྔལ་མཐའ་དག་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་བསྐྱེད་དེ་གནས་པའི་ཕྱིར། གཞན་དོན་དུ་སྨོན་ལམ་ལ་སོགས་པའི་དབང་གིས་བསམ་བཞིན་སྲིད་པར་སྐྱེ་བ་དང་། རྟག་འཛིན་ལས་བཟློག་པའི་ཆེད་དུ་འཆི་བ་དང་། ན་བ་དང་རྒ་བ་ལ་སོགས་པས་བརྟེན་ཅིང་འཁོར་བར་གནས་པས། གཞན་སྣང་ལ་མ་དག་ཅིང་འགྱུར་བ་དང་བཅས་པར་ཡང་སྟོན་པ་ཉིད་དོ། །གཉིས་པ་ལ་གཉིས། སྡུག་བསྔལ་གྱིས་འགྱུར་བ་མེད་ཚུལ། སྙིང་རྗེ་ལས་འགྱུར་བར་སྣང་ཚུལ་ལོ། །དང་པོ་ནི། འཕགས་)༥༩
(པས་ནས། དེ་མེད། ཅེས་གསུངས་ཏེ། བྱང་སེམས་འཕགས་པའི་ཚོགས་རྣམས་ཀྱིས་རང་དབང་མེད་པར་འཆི་བ་དང་ན་བ་དང་རྒ་བའི་སྡུག་བསྔལ་རྣམས་རྩ་བ་ནས་སྤངས་པ་ཡིན་ཏེ། དེ་དག་གི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལས་དང་ཉོན་མོངས་དང་དེའི་དབང་གིས་འཁོར་བར་སྐྱེ་བ་ཡིན་ལ། བྱང་ཆུབ་སེམས་དཔའ་དེ་ལ་ནི་རྒྱུ་དེ་རྣམས་མེད་པའི་ཕྱིར་འབྲས་བུ་སྡུག་བསྔལ་གྱིས་འགྱུར་བ་དེའང་མེད་དོ། །གཉིས་པ་ནི། ཡང་དག་ནས། མཆི་བར་སྟོན། ཅེས་གསུངས་ཏེ། རྒྱལ་སྲས་འཕགས་པ་རྣམས་ཆོས་ཀྱི་དབྱིངས་སྐྱེ་བ་མེད་ཅིང་འགྱུར་བ་མེད་པ་ཇི་ལྟ་བ་བཞིན་དུ་ཡང་དག་པ་མངོན་སུམ་དུ་མཐོང་པའི་ཕྱིར། འཁོར་བར་རང་དབང་མེད་པར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ལས་འདས་ཤིང་རྣམ་པར་གྲོལ་བར་འགྱུར་ཀྱང་། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་པ་ལས་ནི་བསམ་བཞིན་དུ་སྲིད་པར་སྐྱེ་བ་དང་། འཆི་བ་དང་ན་བ་དང་རྒ་བ་ལ་སོགས་པ་རྣམ་པར་འགྱུར་བ་དུ་མའི་སྣང་བར་སྟོན་ཅིང་སྐལ་བ་དང་མཐུན་པར་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་ཡིན་ནོ། །གཉིས་པ་ས་བཅུར་རྒྱལ་སྲས་ཀྱི་ཡོན་ཏན་ངོས་བཟུང་བ་ལ་ལྔ། དང་པོ་སེམས་བསྐྱེད་སྐྱེས་པའི། སྤྱོད་པ་མཆོག་ལ་ཞུགས་པའི། ཕྱིར་མི་ལྡོག་པ་ཐོབ་པའི། སྐྱེ་བ་ཐ་མལ་གྱུར་པའི་ཡོན་ཏན་དོན་གཉིས་འགྲུབ་པའི་ཁྱད་པར་བསྟན་པའོ། །དང་པོ་ནི། རྒྱལ་སྲས་ནས། སྙིང་རྗེའི་མཆོག །ཅེས་གསུངས་ཏེ། ས་དང་པོ་ལ་གནས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་འགྱུར་བ་མེད་པའི་ཆོས་ཉིད་སེམས་རང་བཞིན་འོད་གསལ་འདི་མངོན་སུམ་དུ་རྟོགས་ནས་ལས་ཉོན་གྱི་སྐྱེ་འཆི་ལས་གྲོལ་ཡང་གདུལ་བྱ་མ་རིགི་པས་ཤེས་རབ་ཀྱི་མིག་ལྡོངས་པ་རྣམས་ཀྱིས་སྐྱེ་བ་དང་འཆི་བ་ལ་སོགས་པ་དག་ཏུ་ནི་)༦༠
(མཐོང་ནས་དེ་རྣམས་ཀྱི་དོན་བྱེད་པ་གང་ཡིན་པ་དེ་ངོ་མཚར་ཞིང་རྨད་དུ་བྱུང་བའི་མཛད་པ་ཉིད་དོ། །དེ་བཞིན་ཏུ་སྡིག་ཏོ་མི་དགེ་བའི་ཆོས་ལས་རིང་དུ་འཕགས་པའི་སྤྱོད་ཡུལ་སེམས་ཉིད་མངོན་སུམ་དུ་མཐོང་བའི་ལམ་ཐོབ་ནས་ལས་ཉོན་གྱི་སྐྱེ་འཆི་ལས་གྲོལ་ཡང་བྱིས་པ་སོ་སྐྱེའི་སྤྱོད་ཡུལ་དུ་སྐྱེ་བ་སོགས་རྣམ་འཕྲུལ་དུ་མ་སྟོན་ཅིང་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་དེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་འགྲོ་བ་མ་ལུས་པའི་གཉེན་ནམ་རྩ་ལག་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྡུ་བའི་དངོས་པོས་གཞན་གྱི་དོན་སྒྲུབ་པའི་ཐབས་ལམཁས་པ་དང་། དེ་ཀུན་ནས་སློང་བའི་སྙིང་རྗེ་ཆེན་པོ་ནི་མཆོག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་ནི། དེ་ནི་ནས། ཆོས་མ་གོས། ཞེས་གསུངས་ཏེ། ས་གཉིས་པ་ནས་བདུན་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི། ཤེས་རབ་ཀྱི་སྟོབས་ཀྱིས་འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་ཀྱང་། སྙིང་རྗེའི་དབང་གིས་འཇིག་རྟེན་ལས་མ་གཡོས་པར་གདུལ་བྱ་འཇིག་རྟེན་པ་རྣམས་ཡོངས་སུ་སྨིན་པའི་དོན་དུ་འཇིག་རྟེན་ན་སྐྱེ་བ་ལ་སོགས་པའི་ཚུལ་བཟུང་ནས་འཇིག་རྟེན་གྱི་ཉེས་པའི་དྲི་མས་ཅུང་ཟད་ཀྱང་མ་གོས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་སྤྱོད་དེ། དཔེ་ཇི་ལྟར་ན་མེ་ཏོག་པདྨ་རྣམས་ཆུའི་ནང་དུ་སྐྱེས་པ་ཡིན་ཀྱང་ཆུའི་སྐྱོན་ནམ་དྲི་མ་ལ་སོགས་པས་གོས་པ་མེད་པ་དེ་བཞིན་དུ་རྒྱལ་སྲས་འཕགས་པ་འདི་ནི་གཞན་དོན་ལ་ངོ་བོ་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་པའི་སྐྱོན་གྱིས་ཆོས་ཉོན་མོངས་པ་ལ་སོགས་པ་རྣམ་ཀྱིས་ནམ་ཡང་མི་གོས་པ་ཉིད་དོ། །གསུམ་པ་ནི། བྱ་བ་ནས། ཞུགས་པའང་ཡིན། ཅེས་གསུངས་ཏེ། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་བྱ་བ་བསྒྲུབ་པ་ལ་དུས་རྟག་ཏུ་རང་གི་བློ་འབད་རྩོལ་མེད་པར་དཔེར་ན་བུད་ཤིང་སྐམ་པོ་ལ་མེ་སྟོབས་ལྡན་རང་ཤུགས་ཀྱིས་འབར་བ་
(༦༡)
(༦༡)བཞིན་དུ་ནི་འབར་བའི་ཚུལ་གྱིས་འཇུག་པ་དང་། དེར་མ་ཟད་དེ་དང་ཅིག་ཅར་དུ་སྤྲོས་པའི་མཚན་ཉེ་བར་ཞི་བའི་བསམ་གཏན་ཏིང་ངེ་འཛིན་གྱི་སྙོམས་འཇུག་ལ་དུས་རྟག་ཏུ་རྒྱུན་མི་འཆད་པར་སྙོམས་པར་འཇུག་པའང་ཡིན་ཏེ། མི་རྟོག་ཡེ་ཤེས་ལ་དབང་སྒྱུར་ཐོབ་པའི་ཕྱིར་རོ། །བཞི་པ་ནི། སྔོན་གྱི་ནས། ཡང་དག་འཇུག །ཅེས་གསུངས་ཏེ། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྔོན་ནས་དགུ་པ་མན་ཆད་ཀྱི་སྨོན་ལམ་སོགས་པའི་འཕན་པའི་དབང་གིས་ལྷུན་གྱིས་གྲུབ་པར་འཇུག་པ་དང་ནི། ཀུན་སློང་གི་རྣམ་པར་རྟོག་པ་ཐམས་ཅད་གནས་ཡོངས་སུ་གྱུར་པའི་ཚུལ་གྱིས་སྤངས་ཏེ་བྲལ་བའི་ཕྱིར་ན། སྲིད་པ་ཐ་མ་པ་དེ་ནི་གདུལ་བྱ་ལུས་ཅན་རྣམས་ཡོངས་སུ་སྨིན་པའི་དོན་དུ་འབད་པ་དང་རྩོལ་བ་བྱེད་དགོས་པ་ཡོད་པ་མ་ཡིན་ཞིང་། དེ་ལྟར་ན་ཡང་གསུང་གི་ཕྲིན་ལས་བསམ་པ་དང་མཐུན་པར་ཆོས་བསྟན་པ་དང་། སྐུ་ཡི་ཕྲིན་ལས་སྐལ་བ་དང་མཐུན་པར་གཟུགས་ཀྱི་སྐུའི་སྤྲུལ་པ་རྣམ་པ་དུ་མ་སྟོན་པ་དག་དང་ནི། གཞན་དོན་གྱི་སྤྱོད་པ་རླབས་པོ་ཆེ་དང་། འཆག་པ་དང་བཞེངས་པ་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་པ་རྣམས་ཀྱིས་ཀྱང་རུང་སྟེ། གདུལ་བྱ་གང་ཞིག་ཚུལ་ཇི་ལྟར་ཐབས་གང་གིས་འདུལ་བ་རྣམས་རྒྱལ་སྲས་དེས་ནི་ཕྲིན་ལས་དེ་ཇི་ལྟར་ནོས་པ་ད་ལྟ་ཉིད་དུ་ཡང་དག་པར་རབ་ཏུ་ཤེས་སོ། །འབད་པ་མེད་ཅིང་སྣ་ཚོགས་པར་འཇུག་པ་དེ་ལྟར་ན་ཡུལ་ནམ་མཁའི་མཐའ་ཀླས་ཀྱི་འགྲོ་བ་མཐའ་ཡས་པ་རྣམས་ལ་དུས་རྟག་ཏུ་ཚུལ་འབད་ཙོལ་མེད་པས་ལྷུན་གྱིས་གྲུབ་པར་ཐམས་ཅད་དུ་དོན་ཡོད་ཅིང་ཐོགས་པ་མེད་པའི་སྒོ་ནས་བྱེད་པ་པོ་བློ་ལྡན་བྱང་ཆུབ་སེམས་དཔའ་དེ་ཡིས་ནི། ཆེད་དུ་བྱ་བ་གདུལ་བྱ་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་ཆེད་དུ་རང་གི་ངོ་བོས་དེ་དག་གི་དོན་སྒྲུབ་པའི་ཕྲིན་ལས་ནི་ཡང་དག་པར་ཏེ་ཕྱིན་ཅི་མ་ལོག་པར་འཇུག་པ་ཉིད་དོ། །ལྔ་པ་ནི། བྱང་ཆུབ་ནས། ཁྱད་དེ་ཉིད། ཅེས་གསུངས་ཏེ། ས་བཅུ་པ་
(༦༢)ལ་གནས་པའི་བྱང་ཆུབ་སེམས་དཔའ་ཕྲིན་ལས་འཇུག་པའི་ཚུལ་འདི་ནི་རྗེས་ཐོབ་ཏུ་གཞན་ཡོངས་སུ་སྨིན་པར་བྱེད་པ་ལ་ལྟོས་ནས་སྤངས་རྟོགས་མཐར་ཕྱིན་པ་དེ་བཞིན་གཤེགས་པ་རྣམས་དང་ཡང་གདུལ་བྱར་གྱུར་པའི་སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཡང་དག་པར་སྒྲོལ་བ་ལ་འཇིག་རྟེན་ན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པས་མཉམ་པ་ཉིད་ཡིན་ཏེ། མངོན་པར་ཤེས་པ་དྲུག་དང་། དབང་བཅུ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་འཐོབ་པའི་ཕྱིར་རོ། །གཞན་དོན་ལ་སངས་རྒྱས་དང་མཚུངས་པ་དེ་ལྟ་མོད་ཀྱི་རང་དོན་སྤངས་རྟོགས་ཀྱི་ཡོན་ཏན་ལ་ལྟོས་ནས་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། དཔེར་ན་སའི་དཀྱིལ་འཁོར་ཆེན་པོ་དང་རྡུལ་ཕྲན་ཀྱི་ཁྱད་པར་ཙམ་དང་། རྒྱ་མཚོ་ཆེན་པོ་དང་བ་ལང་གི་རྨིག་རྗེས་ཀྱི་ཆུའི་ཁྱད་པར་གང་ཡིན་པ་དེ་ཙམ་དུ་རྫོགས་པའི་སངས་རྒྱས་ཀྱི་མཐར་ཕྱིན་པའི་ཡོན་ཏན་དང་བྱང་ཆུབ་སེམས་དཔའ་ས་བཅུ་པའི་ལམ་གྱི་ཡོན་ཏན་གྱི་ཁྱད་པར་ཡང་དེ་ཙམ་ཤིན་ཏུ་ཆེ་བ་ཉིད་དོ། །ཞེས་སོ། །འདིར་ས་དང་སྦྱོར་ཚུལ་ཐོགས་མེད་འགྲེལ་ཆེན་གྱི་དགོངས་དོན་ཀུན་མ་ཁྱེན་དོལ་པོ་པས་གསལ་བར་མཛད་པ་ལྟར་ཡིན་ལ། ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས། སྔོན་གྱི་འཕེན་པའི་སོགས་ཤློ་གཉིས་ཀྱིས་ས་དགུ་པར་སྤྱོད་པའི་བྱང་སེམས་འབད་རྩོལ་དང་བྲལ་བ་དང་། སོ་སོ་ཡང་དག་རིག་པ་ཐོབ་པའི་ཚུལ་བསྟན་པ་དང་། དེ་ལྟར་ནམ་མཁའི་སོགས་ཀྱིས་ས་བཅུ་པའི་བྱང་སེམས་གཞན་དོན་ཚད་མེད་པའི་ཡོན་ཏན་བསྟན་པར་བཞེད་པའི་ཁྱད་པར་ཙམ་ཡོད་དོ། །གསུམ་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་ནའང་འགྱུར་པ་མེད་པའི་ཚུལ་ལ་གཉིས། འགྱུར་མེད་ཀྱི་རྒྱུ་མཚན་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། གཞན་འགྱུར་ནས། མི་རྟོག་ཕྱིར། ཅེས་གསུངས་ཏེ། ཆོས་དབྱིངས་ཤིན་ཏུ་རྣམ་དག་གི་གནས་སྐབས་ཆོས་ཀྱི་སྐུ་དེ་ནི། ལུས་གཞན་དོར་ནས་གཞན་དུ་འགྱུར་བ་མིན་པའི་བདག་ཉིད་རྟག་པའི་
(༦༣) དོན་ཅན་ཡིན་ཏེ། ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པའི་དབྱིངས་སུ་ཡང་མི་ཟད་པའི་དོན་དམ་པའི་ཡོན་ཏན་གྱི་ཆོས་ཚད་མེད་པ་རྣམས་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་འགྲོ་བ་ཐམས་ཅད་ཀྱི་མི་བསླུ་བའི་སྐྱབས་གནས་མཆོག་ཏུ་གྱུར་པ་བསྟན་པའི་དོན་ཅན་ཡིན་ཏེ། ཕྱི་མའི་མཐའ་མེད་པ་མུར་ཐུག་པ་འཁོར་བ་ཇི་སྲིད་པར་སྐྱོབ་པའི་ཡོན་ཏན་རྣམ་དང་ལྡན་པའི་ཕྱིར་རོ། །དྲི་མ་མེད་པའི་ཆོས་དབྱེདས་དེ་ནི་དུས་རྟག་ཏུ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་རང་བཞིན་ཞི་བའི་དོན་ཅན་ཡིན་ཏེ། དེ་དག་གི་ཉེས་དམིགས་དང་ཕན་ཡོན་ལ་རྣམ་པར་མ་རྟོག་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །གཏན་དུ་འཇིག་པ་མེད་པའི་ཆོས་ཉིད་གཡུང་དྲུང་གི་དོན་ཅན་ཉིད་ཀྱང་ཡིན་ཏེ། ལས་དང་ཉོན་མོངས་བས་མངོན་པར་འདུས་མ་བྱས་པའི་རང་བཞིན་གྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །གཉིས་པ་ལ་གསུམ། སྐྱེ་སོགས་བྲལ་བའི་དམ་བཅའ་དང་རྟགས་བརྗོད། དེའི་དོན་བསྡུས་ཏེ་བཤད་རྟགས་སོགས་སུ་འཇོག་པའི་རྒྱུ་མ་མཚན་བསྟན་པའོ། །དང་པོ་ལ་གཉིས། སོ་སོར་མདོར་བསྟན། སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ནི། སྐྱེ་བ་ནས། གཡུང་དྲུང་ཕྱིར། ཅེས་གསུངས་སྟེ། རྣམ་དག་འོད་གསལ་ཆོས་ཀྱི་འདི་ནི་དང་པོར་སྐྱེ་བ་མེད་ཅིང་མཐར་འཆི་བ་མེད་ལ་བར་དུ་དུན་བའི་གནོད་པ་མེད་པ་དང་འགྱུར་བ་དང་རྒ་བ་མེད་པ་ཉིད་ཡིན་ཏེ་དེ་ནི་གོ་རིམ་ཇི་ལྟ་བ་བཞིན་ཏུ་རྟགས་པའི་ཕྱིར་དང་བརྟན་པའི་ཕྱིར་དང་ཞི་བའི་ཕྱིར་དང་གཡུང་དྲུང་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ནི་ནས། རྒ་བ་མེད། ཅེས་གསུངས་སྟེ། སྙིང་པོ་ཆོས་ཀྱི་སྐུ་དེ་ནི་ཐ་ལམ་པའི་སྐྱེ་བ་ལ་སོགས་པས་ནམ་ཡང་མི་འགྱུར་བ་ལྟ་ཅི་སྨོས་ཏེ། ཐོག་མར་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་ཀྱང་སྐྱེ་བ་མེད་པ་ཉིད་ཡིན་ཏེ། མི་འགྱུར་ཞིང་རྟག་པའི་ཕྱིར། དེ་བཞིན་དུ་ཐ་མར་བསམ་གྱིས་མི་ཁྱབ་པར་ཡོངས་སུ་འགྱུར་བའི་འཆི་འཕོ་བ་ཡིས་ཀྱང་དབྱིངས་དེ་ནི་མི་འཆི་བ་ཉིད་ཡིན་ཏེ། མི་བསླུ་ཞིང་བརྟེན་པའི་ཕྱིར། བར་དུ་མ་རིག་པའི་
(༦༤)བག་ཆགས་ཀྱི་སྒྲིབ་པ་ཕྲ་མོའི་ནད་རྣམས་ཀྱིས་ཀྱང་གནོད་པ་མེད་པ་ཉིད་ཡིན་ཏེ། གཉིས་འཛིན་ལ་སོགས་ཞི་བ་ཉིད་ཀྱི་ཕྱིར་རོ། །ཟག་པ་མེད་པའི་ལས་མངོན་པར་འདུ་བྱེད་པ་རྣམས་ཀྱིས་ཀྱང་། མི་འཇིགས་པའི་རང་བཞིན་གཡུང་དྲུང་ཉིད་ཡིན་པའི་ཕྱིར་ན་རྒ་བའི་ཆོས་མེད་པ་ཉིད་དོ། །གཉིས་པ་དོན་བསྡུས་ཏེ་བཤད་པ་ནི། དེ་ཚིག་ནས། དོན་ཤེས་བྱ། ཞེས་གསུངས་ཏེ། དེ་ལྟར་ཚིགས་བཅད་དེ་རྣམས་ལས། གཞན་འགྱུར་ཞེས་སོགས་དང་། དེ་ནི་ཡིད་ཀྱིས་སོགས་ཚིག་གཉིས་ཀྱིས་རྟག་པའི་དོན་དང་། དེ་བཞིན་དུ་འགྲོ་སྐྱབས་ཞེས་སོགས། བསམ་མི་ཁྱབ་ཅེས་སོགས་ཚིག་གཉིས་ཀྱིས་བརྟན་པའི་དོན་དང་། དེནི་རྟག་ཏུ་ཞེས་སོག དང་། བག་ཆགས་ཞེས་སོགས་ཚིག་གཉིས་ཀྱི་ཞི་བའི་དང་། འཇིག་མེད་སོགས་དང་ཟག་མེད་སོགས་ཚིག་གཉིས་ཀྱིས་གཡུང་དྲུང་གིས་དོན་བཞི་པོ་སྔ་ཕྱི་གོ་རིམ་ཇི་ལྟ་བ་བཞིན་ཏུ། ཆོས་ཉིད་རྒྱུ་རྐྱེན་ཀྱིས་འདུས་མ་བྱས་པའི་དབྱིངས་ལ་རྟག་པ་དང་། ལ་སོགས་པའི་ཁོངས་ནས་བརྟན་པ། ཞི་བ། གཡུང་དྲུང་གི་དོན་རྣམས་མདོ་ཇི་ལྟ་བ་བཞིན་ཏུ་ཤེས་པར་བྱའོ། །གསུམ་པ་ནི། མི་ཟད་ནས། གཡུང་དྲུང་ཉིད། ཅེས་གསུངས་ཏེ། ཆོས་སྐུ་རང་བཞིན་རྣམ་དག་དེ་ནི། ལྷག་མ་མེད་པའི་མྱ་དན་ལས་འདས་པའི་དབྱིངས་སུ་ཡང་མི་ཟད་པའི་ཡོན་ཏན་མཐའ་ཡས་པ་དང་ལྡན་པའི་ཕྱིར་ནམ་ཡང་གཞན་ཏུ་འགྱུར་པ་མིན་པའི་བདག་ཉིད་རྟག་པའི་དོན་དང་ལྡན་པ་དང་། འཁོར་བའི་མཐའི་མུ་དང་མ་ཚུངས་པར་རྒྱུན་མི་འཆད་ཅིང་རྗེས་སུ་འཛིན་པའི་ཕྱིར། གཏན་དུ་མི་བསླུ་བའི་སྐྱབས་ཀྱི་བདག་ཉིད་བརྟན་པའི་དོན་དང་ལྡན་པ་དང་། མཐའ་གཉིས་སུ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པའི་ཕྱིར། སྲིད་ཞི་གཉིས་སུ་མེད་པའི་ཆོས་ཉིད་ཞི་བའི་དོན་དང་རྒྱུ་རྐྱེན་གྱིས་མ་བཅོས་ཤིང་འདུས་མ་བྱས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་ན། གཏན་དུ་འཇིགས་པ་མེད་པའི་དོན་ནི་གཡུང་དྲུང་གི་དོན་དང་ལྡན་པ་ཉིད་དོ། །སྤྱི་དོན་བརྒྱད་པ་ཡོན་ཏན་དབྱེར་
(༦༥)མེད་པའི་དོན་བསྟན་པ་ལ་གཉིས། མིང་དོན་གྱི་སྒོ་ནས་མདོར་བསྟན། དེ་དག་གི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། གང་ཕྱིར་ནས། འདས་པ་མེད། ཅེས་གསུངས་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་ཞིང་། དེ་བཞིན་དུ་དེ་ནི་དེ་བཞིན་གཤེགས་པ་ཡང་ཡིན་ལ། དེ་ནི་འཕགས་པའི་བདེན་པ་དང་། དོན་དམ་པའི་མྱ་ངན་ལས་འདས་པ་ཡང་ཡིན་པས་དེ་རྣམས་མིང་གི་རྣམས་གྲངས་ཙམ་ཡིན་པ་དེའི་ཕྱིར། དཔེར་ན་ཉི་མའི་དཀྱིལ་འཁོར་དང་འོད་ཟེར་དག་དབྱེར་མེད་པ་བཞིན་དུ། ཡོན་ཏན་བཞི་པོ་ད་དང་དབྱེར་མེད་པས་ངོ་བོ་ཉིད་སྐུ་ལ་མྱང་འདས་སུ་འཇོག་པས་སམ། སྟོབས་བཅུ་ལ་སོགས་པའི་དོན་དམ་པའི་ཡོན་ཏན་རྣམས་རྣམ་པར་དབྱེར་མེད་པས་ན་རྫོགས་པའི་སངས་རྒྱས་ཉིད་ལས་མ་ཏོགས་པའི་མྱ་ངན་ལས་འདས་པ་མཚན་ཉིད་པ་གཞན་མེད་པ་ཉིད་དོ། །གཉིས་པ་ལ་གསུམ། མིང་གི་རྣམ་གྲངས་རྒྱས་བཤད། དོན་གྱི་ངོ་བོ་རྒྱས་བཤད། དེ་དག་དཔེ་ཡིས་རྒྱས་པར་བཤད་པའོ། དང་པོ་ལ་གཉིས། དོན་གྱི་དབང་གིས་མིང་བརྟགས་པ། དེ་རྣམས་དོན་དང་སྦྱར་བའོ། །དང་པོ་ནི། མདོར་ན་ནས། རིག་པར་བྱ། ཞེས་གསུངས་ཏེ། མདོར་བསྡུས་ན་ཟག་པ་མེད་པའི་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནི། འཆད་པར་འགྱུར་བའི་དོན་གྱི་ཆ་ཐ་དད་པའི་རབ་ཏུ་དབྱེ་བ་རྣམ་པ་བཞིས་དེ་དང་མཐུན་པར་ཆོས་ཀྱི་སྐུ་ལ་སོགས་པ་བཤད་མ་ཐག་པའི་མིང་གི་རྣམ་གྲངས་བཞིར་ནི་རིག་པར་བྱའོ། །གཉིས་པ་ནི། སངས་རྒྱས་ནས། ཞི་ཉིད་དོ། །ཞེས་གསུངས་ཏེ། དྲི་མ་མེད་པའི་དབྱིངས་དེ་ཉིད། སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་དང་རྣམ་པར་དབྱེར་མེད་པའི་དོན་དང་ལྡན་པའི་ཆ་ནས་ཆོས་ཀྱི་སྐུ་ཞེས་པ་དང་། སངས་རྒྱས་དེའི་རིགས་ཐོག་མ་མེད་པ་ནས་གནས་པའི་ཆོས་ཉིད་དེ་ཇི་ལྟ་བ་བཞིན་མངོན་སུམ་དུ་ཐོབ་
(༦༦)པའི་དོན་དང་ལྡན་པའི་ཆ་ནས་དེ་བཞིན་གཤེགས་པ་ཞེས་པ་དང་། སྙིང་པོ་དེ་ཉིད་ནམ་ཡང་བརྫུན་པ་མེད་ཅིང་རྟག་ཏུ་བསླུ་བ་མེད་ལ་གཞན་དུ་མི་འགྱུར་བའི་ཆོས་ཉིད་འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དོན་དང་ལྡན་པའི་ཆ་ནས་འཕགས་པའི་བདེན་པ་ཞེས་པ་དང་། དབྱིངས་དེ་ཉིད་ཡེ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མ་མཐའ་དག་ཉེ་བར་ཞི་བ་ཉིད་ཀྱི་དོན་དང་ལྡན་པའི་ཆ་ནས་མྱ་ངན་ལས་འདས་པ་ཉིད་ཀྱི་སྒྲས་བརྗོད་དོ། །གཉིས་པ་དོན་གྱི་ངོ་བོའི་རྒྱས་བཤད་ལ་གཉིས། གཉིས་མེད་ཀྱི་དོན་དང་། ཐར་པའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། རྣམ་ཀུན་ནས། གཉིས་མེད་ཉིད། ཅེས་གསུངས་སོ། །ཤེས་བྱ་ཇི་ལྟ་བ་དང་ཇི་སྙིད་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པས་མངོན་པར་རྫོགས་པར་བྱང་ཆུབ་པའི་རྟོགས་པའི་ཆ་དང་། གློ་བུར་དྲི་མ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་པའི་ཆ་སྟེ་ཡོན་ཏན་གཉིས་མཐར་ཕྱིན་པའི་ཕྱིར། སྔ་མའི་ཆ་ནས་རྫོགས་པའི་སངས་རྒྱས་དང་། ཕྱི་མའི་ཆ་ནས་མྱ་ངན་ལས་འདས་པར་གདགས་པ་དག་ནི་ཐ་སྙད་ཙམ་དུ་ཐ་དང་ཀྱི་སྙིང་པོའི་དོན་གཅིག་ལ་འདུ་བའི་ཕྱིར། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་ཏུ་རྣམ་པར་དབྱེར་མེད་ཅིང་གཉིས་སུ་མེད་པ་ཉིད་དོ། །གཉིས་པ་ནི། རྣམ་པ་ནས། དེ་བཞིན་གཤེགས། ཞེས་གསུངས་ཏེ། ཡོན་ཏན་མ་ཚང་པ་མེད་པས་རྣམ་པ་ཐམས་ཅད་པ་དང་། ཡོན་ཏན་གྱི་དབྱེ་བ་མཐའ་ཡས་པས་གྲངས་མེད་པ་དང་། གྲངས་དང་མཐུ་དཔག་པར་མི་ནུས་པས་བསམ་དུ་མེད་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་དྲི་མ་མེད་པ་སྟེ་ཡོན་ཏན་འདི་བཞི་དང་དབྱེར་མེད་པའི་མཚན་ཉིད་ཅན་གྱི་ཆོས་སྐུ་མངོན་སུམ་དུ་གྱུར་པ་ནི་ཐར་པ་མྱ་ངན་ལས་འདས་པ་མཐར་ཕྱིན་པ་ཞེས་བྱ་སྟེ། ཐར་པ་མཚན་ཉིད་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་དེ་བཞིན་གཤེགས་པ་ཉིད་ཀྱང་ཡིན་ནོ། །གསུམ་པ་དེ་དག་དཔེ་ཡིས་ངེས་པར་
(༦༧)བྱེད་པ་ལ་གཉིས། མ་ངེས་པ་རི་མོའི་དཔེ་དང་། ངེས་པ་ཅན་ཉི་མའི་དཔེས་བསྟན་པའོ། །དང་པོ་ལ་གཉིས། དཔེ་དང་། དོན་ནོ། །དང་པོ་ནི། ཇི་ལྟར་ནས། དཔེར་བྱས་སོ། །ཞེས་གསུངས་ཏེ། གོང་དུ་བཤད་པའི་ཡོན་ཏན་བཞི་པོ་འགྲུབ་པའི་རྒྱུ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་པས། དེ་རི་མོ་མཁན་གྱི་དཔེས་བསྟན་པ་ནི། ཇི་ལྟར་རི་མོ་འབྲི་བར་བྱེད་པ་མང་པོ་སོ་སོར་མགོ་སོགས་ཡན་ལག་གཞན་དང་གཞན་ཁྱད་པར་དུ་མཁས་པ་དག་འདུས་ནས་གང་ཞིག་མགོ་སོགས་ཡན་ལག་གང་ཤེས་པ་དེས་ཡན་ལག་གཞན་ངོས་པར་ཟིན་པ་མེད་པ་སྟེ་མི་ཤེས་པར་འགྱུར་བ་རྣམས་ཚོགས་པ་ན་དེ་ནས་སའི་མངའ་བདག་རྒྱལ་པོས་དེ་དག་ལ་རས་ནི་བྱིན་ནས་བཀའ་ཡིས་རས་འདི་ལ་ཁྱེད་ཀུན་གྱིས་རྒྱལ་པོ་ང་ཡི་གཟུགས་ནི་གྱིས་ཤིག་ཅེས་གསུངས་པ་ན། དེ་ནས་བཀའ་སྩལ་དེ་ནི་ཐོས་པར་གྱུར་ཏེ། རང་རང་གིས་གང་ཤེས་པའི་རི་མོ་བྲི་བའི་ལས་ལ་རབ་ཏུ་སྦྱོར་རོ། །རི་མོ་བྲི་བ་དེ་ལ་མངོན་པར་སྦྱོར་བའི་རི་མོ་པ་རྣམས་ལས་མགོ་ཤེས་པ་ལྟ་བུ་གཅིག་ཡུལ་གཞན་ཞིག་ཏུ་སོང་བར་གྱུར་ན། མགོ་བྲི་མཁན་དེ་ནི་ཡུལ་གཞན་དུ་སོང་པས་ན་དེ་མ་ཚང་བའི་ཕྱིར་ན་རྒྱལ་པོའི་གཟུགས་ཀྱི་རི་མོ་དེ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་མི་འགྱུར་བ་བཞིན་ཞེས་གཙུག་ན་རིན་ཆེན་གྱིས་ཞུས་པ་ལས་དཔེར་བྱས་སོ། །གཉིས་པ་ནི། དེ་རྣམས་ནས། གཟུགས་སུ་བརྗོད། ཅེས་གསུངས་ཏེ། རི་མོ་དེ་རྣམས་འབྲི་བར་བྱེད་པས་མཚོན་པའི་དོན་ནི་གང་ཡིན་ཞེ་ན། གང་ལའང་ཆགས་པ་མེད་པའི་སྦྱིན་པ་དང་། ཉེས་པའི་དྲི་མ་མེད་པའི་ཚུལ་ཁྲིམས་དང་། ནམ་དུའང་འཁྲུལ་པ་མེད་པའི་བཟོད་པ་དང་། ལ་སོགས་པའི་སྒྲས་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། དམིགས་པ་ལ་རྩེ་གཅིག་པའི་བསམ་གཏན་དང་། ཆོས་རབ་ཏུ་རྣམ་པར་
(༦༨)འབྱེད་པའི་ཤེས་རབ་སྟེ། ཐབས་ཀྱི་རྣམ་པས་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ནི་ལེགས་པར་བྲིས་པའི་རྒྱལ་པོའི་གཟུགས་ཡོངས་སུ་རྫོགས་པ་ལྟ་བུར་བརྗོད་དོ། །གཉིས་པ་ངེས་པ་ཅན་ཉི་མའི་དཔེ་ལ་གཉིས། ཆོས་མཐུན་བརྗོད་པ་དང་སངས་རྒྱས་ཉིད་མྱ་ངན་ལས་འདས་པར་བསྟན་པའོ། །དང་པོ་ནི། ཤེས་རབ་ནས། རྣམས་དང་མཚུངས། ཞེས་གསུངས་ཏེ། ཡོན་ཏན་རྣམ་པ་བཞི་དང་དབྱེར་མེད་པའི་ཤེས་རབ་གང་ཡིན་པ་དང་། ཡེ་ཤེས་གང་ཡིན་པ་དང་། རྣམ་པར་གྲོལ་བ་གང་ཡིན་པ་རྣམས་ནི་གོ་རིམ་ཇི་ལྟ་བར་གསལ་བར་བྱེད་པ་དང་། འཕྲོ་བར་བྱེད་པ་དང་། དག་པར་བྱེད་པའི་ཕྱིར་དང་གསུམ་ཀ་ཡང་ཐ་དད་པ་མེད་པའི་ཕྱིར་ན་འོད་གསལ་བ་དང་། ཟེར་འཕྲོ་བ་དང་། ཉི་མའི་དཀྱིལ་འཁོར་དག་པ་དང་། དེ་གསུམ་ཐ་དད་མེད་པ་རྣམས་དང་ཆོས་མཚུངས་པ་ཡིན་ནོ། །གཉིས་པ་ནི། དེས་ན་ནས། མི་ནུས་བཞིན། ཅེས་གསུངས་ཏེ། རྒྱས་པར་བཤད་པ་དེ་ལྟ་བསམ་ན། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པའི་ཡེ་ཤེས་གཟིགས་པ་མངའ་བ་རྫོགས་པའི་སངས་རྒྱས་ཉིད་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་མྱ་ངན་ལས་འདས་པ་མཐར་ཕྱིན་པ་མི་ཐོབ་སྟེ། དཔེར་ན་འོད་གསལ་བ་དང་འོད་ཟེར་འཕྲོ་བཞིན་པ་སྤངས་ནས་ན་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་ལྟ་བར་མི་ནུས་པ་བཞིན་ནོ། །གསུམ་པ་བཤད་པའི་དོན་བསྡུ་བ་ནི། དེ་ལྟར་ནས། བཅུ་ཞེས་བརྗོད། ཅེས་གསུངས་ཏེ། གང་དུ་རྒྱས་པར་བཤད་པའི་ཚུལ་དེ་ལྟར་ཆོས་ཉིད་རྒྱལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་དེ་ནི་གཏན་ལ་འབེབས་པའི་ཚུལ་ལམ་རྣམ་པར་བཞག་པ་ནི་ངོ་བོའི་དོན་ནས་ཡོན་ཏན་དབྱེར་མེད་པའི་དོན་གྱི་བར་རྣམ་པ་བཅུ་ཞེས་བྱ་བས་ལེགས་པར་བརྗོད་ཅིང་གསལ་བར་བྱས་སོ། །གསུམ་པ་ངོ་བོ་མི་འགྱུར་ཡང་དྲི་མ་སྤྱོད་པའི་དཔེ་བསྟན་པ་ལ་ལྔ། མཚོམས་
(༦༩)སྦྱར་བ། དཔེ་དགུས་དྲི་མ་དང་རྒྱལ་བའི་སྙིང་པོ་བསྟན། དྲི་མ་སྦྱོང་བའི་ཚུལ། ཇི་ལྟར་རྟོགས་པའི་རིམ་པ། སྙིང་པོ་ཉིད་བསྟན་པའོ། །དང་པོ་ནི། ཉོན་མོངས་ནས། ཤེས་པར་བྱ། ཞེས་གསུངས་ཏེ། ཐོག་མ་མེད་པ་ནས་ཉེ་བར་གནས་ཀྱང་མ་འབྲེལ་བའི་རང་བཞིན་གློ་བུར་གྱི་དྲི་མ་ཉོན་མོངས་པའི་སྦུབས་བྱེ་བའི་ནད་ན་གནས་པ་རང་བཞིན་དག་པའི་ཆོས་ཉིད་སྙིང་པོ་དེ་རྣམ་པ་གསལ་བར་མཚོན་པར་བྱེད་པའི་དཔེ་དགུ་པོ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ལ་གཉིས། བསྒྲིབ་བྱ་སྒྲིབ་བྱེད་དཔེ་དོན་སེལ་ནས་བརྗོད་པ་དང་། སོ་སོར་བརྗོད་པའོ། །དང་པོ་ནི། སངས་རྒྱས་པ་དང་ན་ནས། ཁམས་འདི་གནས། ཞེས་གསུངས་ཏེ། སངས་རྒྱས་ཀྱི་སྐུ་གཟུགས་བཟང་པོ་པདྨ་ངན་པའི་སྦུབས་ནང་ཡོད་པ་དང་། སྦྲང་རྩིའི་བཅུད་སྲོག་ཆགས་སྦྲང་མའི་ཚོགས་དུ་མའི་དབུས་ན་ཡོད་པ་དང་། འབྲས་བྱའི་ཤུན་པའམ་སྦུན་པ་ལ་སྙིང་པོ་འབྲུ་ཡོད་པ་དང་། མི་ གཙང ་བའི་ནང་ནས་གསེར་དང་དབུལ་པོའི་ཁྱིམ་གྱིས་ལ་རིན་པོ་ཆེའི་གཏེར་དང་ཤིང་གི་འབྲས་བུ་ཆུང་ངུ་ལས་ལྗོན་ཤིང་གི་མྱུ་གུ་སོགས་སྐྱེ་བ་དང་། གོས་ཧུལ་གྱི་ནང་ན་རྒྱལ་བའི་སྐུ་གཟུགས་དང་། བུད་མེད་མདོག་ངན་མའི་ལྟོ་བ་ན་མིའི་བདག་པོ་འཁོར་ལོས་བསྒྱུར་བ་དང་། ལུག་བཏང་དུས་ཀྱིས་འདམ་ལ་ནང་ན་རིན་པོ་ཆེའི་གཟུགས་ཡོད་པ་ཇི་ལྟ་བ་དེ་བཞིན་དུ། གློ་བུར་གྱི་ཉོན་མོངས་པའི་དྲི་མས་བསྒྲིབས་པའི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཁམས་དྲི་མེད་ཀྱི་དབྱིངས་འདི་ཉིད་ངེས་པར་གནས་སོ། །གཉིས་པ་ནི། དྲི་མ་ནས། མཚུངས་པ་ཉིད། ཅེས་གསུངས་ཏེ། ཁམས་རང་བཞིན་རྣམ་དག་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་ནི་མེ་ཏོག་པ་པདྨ་དང་སྲོག་ཆགས་སྦྲང་མ་དང་གྲ་མ་ལ་སོགས་པའི་སྦུན་པ་དང་། མི་ གཙང ་བའི་རྫས་དང་།
(༧༠)སའི་ཕུང་པོ་དང་། འབྲས་ཤུན་དང་། གོས་རུལ་པོ་དང་། མགོན་མེད་པ་ལ་སོགས་པའི་སྡུག་བསྔལ་འབར་བས་མངོན་པར་གདུང་བའི་བུད་མེད་ངན་མ་དང་། ས་འདམ་ནག་པོའི་ཁམས་རྣམས་དང་མཚུངས་ལ། སངས་རྒྱས་ཀྱི་སྐུ་དང་སྦྲང་རྩི་དང་འབྲུ་ལ་སྙིང་པོ་དང་གསེར་སྦྲམ་དང་རིན་པོ་ཆེའི་གཏེར་དང་ནྱ་གྲོ་དྷ་ལས་སོགས་པའི་ལྗོན་ཤིང་དང་། རིན་ཆེན་ལས་བྱས་པའི་སྐུ་གཟུགས་དང་། གླིང་བཞིའི་བདག་པོ་འཁོར་ལོས་སྒྱུར་བའི་མཆོག་དང་རིནཆེན་གསེར་གྱི་གཟུགས་བསྙན་རྣམས་དང་དྲི་མ་མེད་ཅིང་རྣམ་པར་དག་པའི་ཁམས་མཆོག་ཏུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་མཚུངས་པ་ཉིད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་དགུ། པདྨ་དང་སངས་རྒྱས་ཀྱི་དཔེ་དོན། སྦྲང་མ་དང་སྦྲང་རྩི། སྤུན་པ་དང་འབྲས། མི་ གཙང ་བ་དང་གསེར། ས་དང་གཏེར། ཤུན་པ་དང་མྱུ་གུ། གོས་ཧྲུལ་དང་སྐུ། མི་མོ་དང་འཁོར་བསྒྱུར། ས་འདམ་དང་གསེར་གྱི་སྐུ་སྟེ་ཐམས་ཅད་ལ་དཔེ་དོན་བྱེད་ལས་གསུམ་གསུམ་གྱིས་བསྟན་ཅིང་། དགུ་པོ་རེ་རེ་བཞིན་དཔེ་བཤད་པ། དོན་བསྟན་པ། དཔེ་དོན་སྦྱར་ནས་དོན་བསྡུ་བ་སྟེ་གསུམ་དུ་ཡོད་དོ། །དེ་ལྟར་ན་དཔེ་དོན་དང་པོ་ལ་གསུམ། དཔེ། དོན། དེ་གཉིས་སྦྱར་བའོ། །དང་པོ་ནི། ཇི་ལྟར་མདོག་ངན་ནས། འབྱིན་བྱེད་པ། ཅེས་གསུངས་ཏེ། དེ་ལ་མཚོན་བྱེད་ཀྱི་དཔེ་བསྟན་པ་ནི། ཇི་ལྟར་ན་མདོག་ངན་ཞིང་དྲི་མི་ཞིམ་པའི་པདྨ་ཟུམ་པའི་ཁོང་ན་མཚན་བཟང་སྟོང་གིས་འབར་བའི་དེ་བཞིན་གཤེགས་པའི་སྐུ་གནས་པ་ནི། དྲི་མ་མེད་པའི་ལྟའི་མིག་གི་མངོན་ཤེས་དང་ལྡན་པའི་མི་འགའ་ཞིག་གིས་མཐོང་ནས་ཆུ་སྐྱེས་ཀྱི་འདབ་མའི་སྦུབས་ནས་སངས་རྒྱས་ཀྱི་སྐུ་དེ་འབྱིན་པར་བྱེད་པ་ལྟར་རོ། །ཅེས་སོ། །གཉིས་པ་ནི། དེ་བཞིན་ནས། གྲོལ་པར་བྱེད། ཅེས་གསུངས་ཏེ། དེས་མཚོན་པའི་དོན་བྱེད་ལས་དང་བཅས་པ་ནི། དཔེ་དེ་བཞིན་དུ། བདེ་བར་གཤེགས་པ་རྣམས་ཀྱི་སྲོག་ཆགས་ཐ་ན་མནར་མེད་
(༧༡)ན་གནས་པ་རྣམས་ལའང་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱན་གྱིས་རང་གི་སེམས་ཅན་གསལ་བའི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཡོད་པར་གཟིགས་ཏེ། སྒྲིབ་པ་མེད་ཅིང་ཕྱི་མའི་མཐའ་འཁོར་བའི་མུར་ཐུག་གི་བར་གནས་པའི་ཤེས་རབ་དང་ཐུགས་རྗེ་དང་ཕྲིན་ལས་ཀྱི་བདག་ཉིད་ཅན་དེས་གདུལ་བྱ་གློ་བུར་གྱི་སྒིབ་པ་ལས་ནི་གྲོལ་བར་བྱེད་དོ། །གསུམ་པ་ནི། ཇི་ལྟར་མི་སྡུག་ནས། འཇོམས་པར་མཛད། ཅེས་གསུངས་ཏེ། གོང་དུ་བསྟན་པའི་དཔེ་དོན་དེ་ཉིད་སླར་ཡང་ལེགས་པར་སྦྱར་ཏེ་གསལ་བར་མཛད་པ་ནི། ཇི་ལྟར་ན། མི་སྡུག་པའི་པདྨ་ཁ་ཟུམ་པའི་ལྟེ་བ་ལ་བཞུགས་པའི་བདེ་བར་གཤེགས་པའི་སྐུ་དེ་ནི་པདྨ་དེའི་ཁོང་ན་གནས་པར་ལྷའི་མིག་ལྡན་འགའ་ཞིག་གི་ས་མཐོང་ནས་དེ་དབྱུང་པའི་ཕྱིར་དུ་པདྨའི་འདབ་མ་གཅོད་པར་བྱེད་པ་ཇི་ལྟ་བར། འདོད་ཆགས་ཞེ་སྡང་སོགས་དྲི་མའི་སྦུབས་ཀྱིས་བསྒྲིབས་པའི་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་འགྲོ་བ་ཐམས་ཅད་ལ་ཡོད་པ་གཟིགས་ཏེ། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་ཚད་མེད་པའི་ཐུགས་རྗེའི་དབང་གིས། ཐུབ་པ་སངས་རྒྱས་རྣམས་ཀྱང་སྐུའི་སྒྲིབ་བྱེད་པད་འདབ་སེལ་བ་དེ་བཞིན་ཏུ་གློ་བུར་གྱི་སྒྲིབ་པ་དེ་རྣམས་ནི་འཇོམས་པའི་ཕྲིན་ལས་མཛད་དོ། །དཔེ་དོན་གཉིས་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་སྲོག་ཆགས་ནས། བྱེད་པ་བཞིན། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། སྲོག་ཆགས་སྦྲང་མའི་ཚོགས་ཀྱིས་བསྐོར་བའི་དབུས་ན་གནས་པའི་སྦྲང་རྩི་ནི་སྐྱེས་བུ་བརྟག་པ་དང་། ཐབས་ལ་མཁས་པ་སྦྲང་རྩི་དེ་ཉིད་དོན་དུ་གཉེར་བ་ཡིས། སྦྲང་མའི་དབུས་ན་སྦྲང་རྩི་ཡོད་པ་དེ་མཐོང་ནས་དུ་བ་གཏོད་པ་སོགས་ཐབས་ཀྱིས་སྦྲང་རྩི་དེ་དང་སྲོག་ཆགས་ཀྱི་ཚོགས་ཀྱི་རྣམས་ཀུན་ནས་རབ་ཏུ་བྲལ་བར་བྱས་ནས་སྦང་རྩི་ཐོབ་པར་བྱེད་པ་བཞིན་ནོ། །ཅེས་སོ། །གཉིས་པ་ནི། དྲང་སྲོང་ནས། མཛད་པ་ཡིན། ཅེས་གསུངས་ཏེ། དྲང་སྲོང་ཆེན་པོ་སངས་
(༧༢)རྒྱས་ཀྱི་ཆོས་ཀུན་མཁྱེན་པའི་སྤྱན་གྱིས་ནི་རིག་པའི་ཁམས་ཉོན་མོངས་པའི་སྦུབས་སུ་ཆུད་པ་སྦྲང་རྩི་སྦྲང་མས་བསྐོར་བ་དང་འདྲ་བ་འདི་སེམས་ཅན་ཐམས་ཅད་ལ་ཡོད་པར་གཟིགས་ནས་དེ་རྟོགས་པར་བྱེད་པ་དེའི་སྒྲིབ་པ་སྦྲང་མ་འདྲ་བ་རྣམས་གཏན་ནས་མེད་པར་རབ་ཏུ་སྤོང་བའི་ལམ་སྟོན་པར་ཆོས་སྐུ་མངོན་སུམ་དུ་གྱུར་པ་མཛད་པ་ཡིན་ནོ། །གསུམ་པ་ནི། ཇི་ལྟར་སྦྲང་རྩི་ནས། སྐྱེས་བུ་བཞིན། ཅེས་གསུངས་ཏེ། ཇི་ལྟར་ན། སྦྲང་རྩི་སྲོག་ཆགས་སྦྲང་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བསྒྲིབས་པ་ན་སྦྲང་རྩི་དོན་གཉེར་གྱི་སྐྱེས་བུ་ཐབས་ལ་མཁས་པའི་མི་དེ་ས་སྦྲང་མ་དེ་དག་ཐབས་ཀྱི་སྒོ་ནས་བསལ་ཏེ་ཇི་ལྟར་འདོད་པ་བཞིན་ཏུ་སྦྲང་རྩིའི་བྱ་བ་བྱེད་པ་དེ་བཞིན་ཏུ། སེམས་ཅན་རྣམས་ལ་ཡོད་པའི་ཟག་པ་མེད་པའི་ཤེས་པ་བདེ་སྙིང་དྲི་མེད་སྦུབས་སུ་ཆུད་པ་ནི་སྦྲང་མས་བསྐོར་བའི་སྦྲང་རྩི་དང་འདྲ་བས་ཁམས་ལ་སྒྲིབ་བྱེད་ཀྱི་ཉོན་མོངས་པ་སྦྲང་མ་འདྲ་བ་དེ་འཇོམས་པའི་ཐབས་ལ་མཁས་པའི་རྒྱལ་བ་དེ་སྦྲང་རྩི་དོན་གཉེར་གྱི་སྐྱེས་བུ་ཐབས་ལ་མཁས་པ་ཇི་ལྟ་བ་བཞིན་། །དཔེ་དོན་གསུམ་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་སྤུན་ལྡན་ནས། དེ་འབྱིན་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། སྦུན་པ་དང་ལྡན་པའི་འབྲས་བུའི་སྙིང་པོ་ནི་མི་རྣམས་ཀྱིས་ནི་ལོངས་སྤྱོད་བྱར་མི་འགྱུར་བས་ཟས་སོགས་ལོངས་སྤྱོད་བྱ་དོན་ཏུ་གཉེར་བའི་མི་གང་ཡིན་པ་དེ་དག་གིས་ནི་སྦུན་པའི་ནང་ནས་འབྲས་བུ་དེ་འབྱིན་དགོས་པ་ལྟར། ཅེས་སོ། །གཉིས་པ་ནི། དེ་བཞིན་ནས། དུ་མི་བྱེད། ཅེས་གསུངས་ཏེ། དེ་བཞིན་དུ། སེམས་ཅན་རྣམས་ལ་ཡོད་པའི་ཉོན་མོངས་ཀྱི་དྲི་མ་དང་འདྲེས་པའི་རྒྱལ་བའི་སྙིང་པོའང་ཇི་སྲིད་དུ་ཉོན་མོངས་པའི་དྲི་མ་དང་འདྲེས་པ་ལས་མ་གྲོལ་བ་དེ་སྲིད་དུ་རྒྱལ་བའི་མཛད་པ་སྲིད་པ་གསུམ་དུ་སྟོན་པར་མི་བྱེད་ཅིང་སྒྲིབ་པ་དང་བྲལ་བ་ལ་སངས་རྒྱས་ཀྱི་ཕྲིན་ལས་སྤྲོ་བ་ཉིད་དོ། །གསུམ་པ་ནི། ཇི་ལྟར་སཱ་ལུ་ནས། འགྱུར་བ་ཡིན། ཅེས་གསུངས་ཏེ། ཇི་ལྟར་
(༧༣)ན་འབྲས་སཱ་ལུ་དང་བྲ་འོ་དང་ནས་ཀྱི་འབྲས་བུའི་སྙིང་པོ་སྦུན་པ་ལས་མ་ཕྱུང་པ་གྲ་མ་ཅན་སྦུན་པ་བསལ་བ་སོགས་ལེགས་པར་མ་སྒྲུབས་པ་མི་རྣམས་ཀྱིས་ནི་ལོངས་སྤྱོད་བྱའི་བཟའ་བ་ཞིམ་པོར་མི་འགྱུར་བ་ཇི་ལྟར། དེ་བཞིན་ཏུ་སེམས་ཅན་ལ་ཡོད་པའི་ཆོས་ཀྱི་དབང་ཕྱུག་བདེ་གཤེགས་སྙིང་པོ་དེ་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བའི་ལུས་ལ་ཡོད་པ་དེའི་ཚེ་བཀྲེས་ཤིང་ཉོན་མོངས་པ་བྲུ་བས་ཉེས་པའི་འགྲོ་བ་རྣམས་ལ་དམ་པའི་ཆོས་ཀྱི་དགའ་བའི་རོ་སྟེར་བར་འགྱུར་བ་མ་ཡིན་ནོ། །དཔེ་དོན་བཞི་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་རབ་ཏུ་ནས། སྨྲ་བ་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། ཕན་ཚུན་ལམ་སྲང་དུ་རབ་ཏུ་རྒྱུ་ཞིང་འགྲོ་བའི་ཚེ་མིའི་སྐྱེས་བུ་འགའ་ཞིག་གིས་བརྗེད་ངས་པ་ལ་སོགས་པའི་དབང་གིས་གསེར་སྦྲ་མ་ཆེན་པོ་ཞིག་ལྗན་ལྗིན་རུམ་པའི་གནས་སུ་ལྷུང་བར་འགྱུར་ལ། ལོ་དུ་མར་ཡང་མི་འཇིག་ཅིང་མེད་པར་མི་འགྱུར་བའི་ཆོས་ཅན་གྱི་གསེར་དེ་ནི་ལྗན་ལྗིན་གྱི་ནང་དེར་མི་འཇིག་པ་སྔར་གྱི་དེ་ཀ་བཞིན་དུ་ལོ་བརྒྱ་ཕྲག་མང་པོ་དག་ཏུ་གནས་པ་དེ་ལྷའི་མིག་རྣམ་པར་དག་པ་དང་ལྡན་པའི་ལྷ་ཡིས་ལྗིན་ལྗིན་གྱི་ནང་དེར་གསེར་སྦྲམ་ཡོད་པ་མཐོང་ནས་མི་གསེར་འདོད་པ་ཞིག་ལ་ལྗན་ལྗིན་གྱི་ཁྲོད་འདི་ན་ཡོད་པའི་གསེར་སྦྲམ་རིན་པོ་ཆེའི་མཆོག་འདི་དྲི་མ་སྦྱངས་ཏེ་རིན་ཆེན་གྱིས་བསྒྲུབ་པར་བྱ་བའི་རྒྱན་ལ་སོགས་པ་སྒྲུབ་པར་གྱིས་ཤིག་ཅེས་སྨྲ་བ་ལྟར། ཅེས་སོ། །གཉིས་པ་ནི། དེ་བཞིན་ཐུབ་པས་ནས། ཆུ་ཆུར་འབེབས། ཞེས་གསུངས་ཏེ། དེ་བཞིན་ཏུ། རྫོགས་པའི་སངས་རྒྱས་ཐུབ་པ་ཆེན་པོས་ཀྱང་མི་ གཙང ་བ་དང་འདྲ་བའི་ཉོན་མོངས་པའི་འདམ་རྗབ་ཏུ་བྱིང་པའི་སེམས་ཅན་གྱི་ཡོན་ཏན་བདེ་སྙིང་ནི་འགྲོ་བ་ཐམས་ཅད་ལ་ཡོད་པར་གཟིགས་ནས་ཉོན་མོངས་པའི་འདམ་དེ་དག་པར་བྱ་བའི་ཕྱིར་དུ་སྐྱེ་དགུ་རྣམས་ལ་དམ་པའི་་ཆོས་ཀྱི་ཆུའི་ཆར་པ་ཆེན་པོ་འབེབས་པར་མཛད་དོ། །གསུམ་པ་ནི། ཇི་ལྟར་ལྗན་ལྗིན་
(༧༤)ནས། ཆོས་སྟོན་ཏོ། །ཞེས་གསུངས་ཏེ། ཇི་ལྟར་ན། ལྗན་ལྗིན་རུལ་པའི་གནས་སུ་ལྟུང་བའི་གསེར་ནི་ལྷ་ཡིས་མཐོང་བར་གྱུར་ནས་གསེར་དེའི་དྲི་མ་ཀུན་ཏུ་དག་པར་བྱ་བའི་ཕྱིར་མཆོག་ཏུ་མཛེས་པའི་གསེར་དེ་མི་ལ་ནན་གྱིས་སྟོན་ཅིང་དག་པར་བྱེད་འཇུག་པ་ཇི་ལྟ་བར། དེ་བཞིན་ཏུ། རྒྱལ་བ་ཐམས་ཅད་མཁྱེན་པས་ཉོན་མོངས་པ་མི་ གཙང ་བ་ཆེན་པོའི་ནང་དུ་ལྟུང་བར་གྱུར་པའི་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་རིན་པོ་ཆེ་དང་་འདྲ་བ་སེམས་ཅན་རྣམས་ལ་ཡོད་པར་གཟིགས་ནས་སྙིང་པོ་དེ་དག་པར་བྱ་བའི་ཕྱིར་དུ་ལུས་ཅན་རྣམས་ལ་སྐལ་པར་འཚམས་པའི་ཆོས་སྟོན་པར་མཛད་དོ། །དཔེ་དོན་ལྔ་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་མི་དབུལ་ནས། མི་སྨྲ་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། མི་དབུལ་པོ་ཞིག་གི་ཁྱིམ་ནང་གིས་འོག་ན་མི་ཟད་པའི་གཏེར་ཆེན་པོ་ནི་ཡོད་པར་གྱུར་ལ་མི་དེས་གཏེར་དེ་ཡོད་པར་མ་ཤེས་ཤིང་གཏེར་དེའང་མི་དེ་ལ་ང་འདིར་ཡོད་ཅེས་མི་སྨྲ་བས་མི་དེ་དབུལ་བའི་སྡུག་བསྔལ་མྱོང་དགོས་པ་ལྟར། ཅེས་སོ། །གཉིས་པ་ནི། དེ་བཞིན་ཡིད་ཀྱི་ནས། འདིས་མྱོང་ངོ་། །ཞེས་གསུངས་ཏེ། དེ་བཞིན་ཏུ། སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ནང་དུ་ཆུད་པའི་བདེ་སྙིང་རིན་པོ་ཆེའི་གཏེར་རང་བཞིན་གྱིས་དྲི་མ་མེད་ལ། སྔར་མེད་ཀྱི་ཡོན་ཏན་གསར་དུ་བཞག་པ་དང་སྤང་བྱ་བདེན་པ་བསལ་དུ་མེད་པའི་ཆོས་ཉིད་ཀྱང་རང་ལ་ཡོད་པ་མ་རྟོགས་པས་ན་ཡོན་ཏན་མངོན་དུ་གྱུར་པའི་འབྱོར་བས་དབུལ་བ་འཁོར་བའི་སྡུག་བསྔལ་ནི་རྣམ་པ་མང་པོ་དུས་རྒྱུན་དུ་སྐྱེ་དགུ་འདི་རྣམས་ཀྱིས་ཉམས་སུ་མྱོང་ངོ་། །གསུམ་པ་ནི། ཇི་ལྟར་དབུལ་པོའི་ནས། ཡང་དག་བལྟམས། ཞེས་གསུངས་ཏེ། ཇི་ལྟར་ན། དབུལ་པོའི་ཁྱིམ་ནང་གི་སའི་འོག་ཏུ་ནི་རིན་པོ་ཆེའི་གཏེར་ཆུད་པར་གྱུར་པའི་མི་དེ་ལ་ནི་རིན་ཆེན་གྱི་གཏེར་དེ་ཡིས་བདག་འདི་ན་ཡོད་ཅེས་བརྗོད་པར་མི་བྱེད་ཅིང་གཏེར་ཡོད་པ་དེ་ནི་མི་དབུལ་པོ་དེ་ཡིས་ཤེས་པ་མ་ཡིན་པས་དབུལ་བའི་
(༧༥)སྡུག་བསྔལ་ལས་མ་ཐར་བ་ལྟར། དེ་བཞིན་དུ། ཆོས་སྐུའི་གཏེར་རང་གི་ཡིད་ཀྱི་ཁྱིམ་ན་གནས་ཀྱང་དེ་མ་རྟོགས་པའི་སེམས་ཅན་དག་ནི་དབུལ་པོ་ལྟ་བུ་ཡིན་ཏེ། དེ་དག་རྣམས་ཀྱིས་རང་ལ་གནས་པའི་ཆོས་སྐུའི་གཏེར་མངོན་ཏུ་ཐོབ་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་ནི། དྲང་སྲོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཡང་དག་པར་བལྟམས་ནས་དམ་པའི་ཆོས་སྟོན་པར་མཛད་དོ། །དཔེ། དོན། དྲུག་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་ཨ་མྲ་ནས། འགྲུབ་པ་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། ཨ་མྲ་དང་ནྱ་གྲོ་དྷ་ལ་སོགས་པ་ཤིང་གི་འབྲས་བུ་ལྤགས་ཤུན་གྱི་ནང་དུ་ཆུད་ཀྱང་ཤིང་སྡོང་བསྐྱེད་པའི་ནུས་པ་ཡོད་པའི་ཤིང་གི་ས་བོན་མྱུ་གུ་བསྐྱེད་པ་ལ་གེགས་ཀྱིས་འཇིག་པ་མེད་པའི་ཆོས་ཅན་རྐྱེན་ས་གཤིན་པོ་རྨོས་པ་དང་ཆུ་ལུང་དྲོད་སོགས་ཚོགས་པ་དང་ལྡན་པ་ལས་ལྗོན་ཤིང་གི་རྒྱལ་པོ་ཕུན་སུམ་ཚོགས་པ་དང་ལྡན་པའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར། ཅེས་སོ། །གཉིས་པ་ནི། སེམས་ཅན་རྣམས་ཀྱི་ནས། དངོས་པོར་འགྱུར། ཅེས་གསུངས་ཏེ། སེམས་ཅན་རྣམས་ཀྱི་མ་རིག་པ་སོགས་ཉོན་མོངས་པའི་འབྲས་ཤུན་གྱི་ལྤགས་པའི་སྦུབས་ཀྱི་ནང་དུ་ཆུད་པའི་སྐུའི་ཁམས་སམ་དབྱིངས་དགེ་བ་གང་ཡིན་པ་དེ་ཡང་མཐུན་རྐྱེན་ཚང་བ་ལས་ལྗོན་ཤིང་འགྲུབ་པ་དེ་བཞིན་ཏུ་ཚོགས་གཉིས་ཀྱི་དགེ་བའི་རྐྱེན་དང་དེ་ལ་བརྟེན་ནས་ས་ལམ་རིམ་གྱིས་བགྲོད་དེ་ཐུབ་པའི་རྒྱལ་པོ་སངས་རྒྱས་ཀྱི་དངོས་པོར་འགྱུར་བ་ཡིན་ནོ། །གསུམ་པ་ནི། ཆུ་དང་ནས། འགྱུར་བ་ཡིན། ཅེས་གསུང་ཏེ། འབྱུང་བ་ཆུས་བརླན། ཉི་མའི་འོད་ཀྱིས་སྨིན། རླུང་གིས་འཕལ། སས་བརྟེན། དུས་འདས་པས་ནུས་པ་ཐོན། ནམ་མཁས་གོ་ཕྱེ་བ་སོགས་རྐྱེན་དེ་རྣམས་ཀྱིས། ཏ་ལ་དང་ཨ་མྲའི་འབྲས་བུ་ལྤགས་ཤུན་གྱི་སྦུབས་ཀྱི་གསེབ་ན་གནས་པ་ལས་ཤིང་གི་སྡོང་པོ་རིམ་གྱིས་སྐྱེ་བ་ཇི་ལྟ་བར། སེམས་ཅན་རྣམས་
(༧༦)ཀྱི་ཉོན་མོངས་པའི་འབྲས་བུའི་ལྤགས་ཤུན་གྱི་ནང་དུ་ཆུད་པའི་རྫོགས་པའི་སངས་རྒྱས་ཀྱི་ས་བོན་མྱུ་གུ་འདྲ་བ་ཡང་། རྐྱེན་ཚོགས་པ་ལས་ཤིང་སྐྱེ་བ་དེ་བཞིན་ཏུ་ཚོགས་གཉིས་ཀྱི་དགེ་བའི་རྐྱེན་དེ་དང་དེ་ལས་མཐོང་ལམ་དུ་ཆོས་ཀྱི་མྱུ་གུ་མཐོང་། སྒོམ་ལམ་དུ་འཕེལ། མི་སློབ་ལམ་དུ་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། དཔེ་དོན་བདུན་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་རིན་ཆེན་ནས། སྨྲ་བ་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། རིན་ཆེན་རིན་ཐང་མེད་པ་ལས་བྱས་པའི་རྒྱལ་བའི་སྐུ་གཟུགས་གོས་ཧྲུལ་དྲི་ངན་གྱིས་ནི་གཏུམས་པར་གྱུར་པ་ལམ་གྱི་བཞི་མདོ་ཞིག་ན་གནས་པ་མི་རྣམས་ཀྱི་མ་ཤེས་པར་འགོང་བ་སོགས་སུ་གྱུར་པ་ན་ལམ་དེ་ན་ཡོད་པར་ལྷ་ཡིས་མཐོང་ནས་སྐུ་དེ་དེ་ལས་གྲོལ་བར་བྱ་བའི་ཕྱིར་སྐུ་གཟུགས་ལམ་ན་གནས་པའི་དོན་དེ་མི་དེ་རྣམས་ལ་སྨྲ་ཞིང་སྟོན་པར་བྱེད་པ་ལྟར། ཅེས་སོ། །གཉིས་པ་ནི། ཐོག་མེད་ནས། ཐབས་སྟོན་མཛད། ཅེས་གསུངས་ཏེ། ཐོག་མ་མེད་པ་ནས་དུག་གསུམ་སོགས་བག་ཆགས་རྣམ་པ་སྣ་ཚོགས་པའི་ཉོན་མོངས་ཀྱི་ཧུལ་གོས་ཧྲུལ་གྱིས་གཏུམས་པའི་བདེ་གཤེགས་སྙིང་པོའི་དངོས་པོ་ཉིད་དུ་ད་འགྲོལ་ཡང་ཡོད་པ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ནས། སྐུ་གཟུགས་ཀྱི་སྒྲིབ་བྱེད་སེལ་བ་དེ་བཞིན་ཏུ་སྙིང་པོ་ཆོས་ཀྱི་དབྱིངས་དེ་གློ་བུར་གྱི་སྒྲིབ་པ་ལས་ཐར་བར་བྱ་བའི་དོན་དུ་ལམ་ཉམས་སུ་ལེན་པའི་ཐབས་དམ་པའི་ཆོས་ཀྱི་སྒོ་མཐའ་ཡས་པ་སྟོན་པར་མཛད་དོ། །གསུམ་པ་ནི། ཇི་ལྟར་རིན་ཆེན་ནས། ཆོས་སྟོན་མཛད། ཅེས་གསུངས་ཏེ། ཇི་ལྟར་ན། རིན་ཆེན་རང་བཞིན་ལས་གྲུབ་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་དྲི་མ་ངན་པའི་གོས་ཀྱི་གཏུམས་པ་ལམ་གྱི་བཞི་མདོར་གནས་པ་མིས་ངོ་མ་ཤེས་པ་ན་ལྷའི་མིག་གིས་མཐོང་ནས་སྐུ་གཟུགས་གོས་ཧྲུལ་ལས་ཐར་པའི་ཕྱིར་དུ་མི་རྣམས་ལ་འདི་ན་སྐུ་གཟུགས་ཡོད་ཅེས་སྟོན་པ་ལྟར། དེ་བཞིན་ཏུ་ཉོན་མོངས་པའི་གོས་ཧྲུལ་གྱིས་གཏུམས་པའི་སངས་རྒྱས་ཀྱི་ཁམས་འཁོར་བའི་ལམ་ན་གནས་པ་དེ་དུད་འགྲོ་
(༧༧)ལ་ཡང་ཡོད་པར་གཟིགས་ནས་དེ་ཉོན་མོངས་པའི་གོས་ཧྲུལ་ལས་ཐར་བར་བྱ་བའི་ཕྱིར་རྒྱལ་བས་ཆོས་སྟོན་པར་མཛད་དོ། །དཔེ་དོན་བརྒྱད་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་མི་མོ་ནས། མི་ཤིས་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། མི་མོ་གཟུགས་བྱ་ད་ངན་ཞིང་མགོན་དང་སྐྱབས་མེད་པ་འགའ་ཞིག་མགོན་མེད་པ་རྣམས་ཀྱི་འདུག་གནས་འབྲོན་ཁང་དང་གཞི་མདོ་ལ་སོགས་པ་རྣམས་སུ་ནི་འདུག་པར་གྱུར་ལ་རང་གི་མངལ་གྱི་འཁོར་ལོས་སྐྱར་བའི་རྒྱལ་བོའི་དཔལ་དང་ལྡན་པར་གྱུར་པའི་ཁྱེའུ་མཚན་དང་ལྡན་པ་ནི་འཛིན་པར་བྱེད་པས་ཀྱང་མངལ་སྦུབས་ཀྱིས་བསྒྲིབས་པའི་ཕྱིར་རང་ཉིད་ཀྱི་ལྟོ་བ་ན་ཡོད་པའི་སེམས་ཅན་དེ་མིའི་བདག་པོ་ཡིན་པར་མི་ཤེས་པས་གཞན་གྱིས་བརྙས་པ་ལ་སོགས་པའི་འཇིགས་པ་དང་བཅས་ཤིང་སྡུག་བསྔལ་བར་གྱུར་པ་ལྟར་ཞེས་པའོ། །གཉིས་པ་ནི། སྲིད་པར་ནས། མངལ་གནས་བཞིན། ཅེས་གསུངས་ཏེ། སྲིད་པ་འཁོར་བའི་གནས་རྣམ་པ་སྣ་ཚོགས་པར་སྐྱེ་བ་རྣམས་སྡུག་བསྔལ་དང་བཅས་པའི་ཕྱིར། མགོན་དང་སྐྱབས་མེད་པའི་ཁྱིམ་ན་གནས་པ་ཇི་ལྟ་བ་བཞིན་ཏེ། གློ་བུར་གྱི་ཉོན་མོངས་པ་མ་དག་པའི་སེམས་ཅན་རྣམས་ནི་མགོན་སྐྱབས་ཡོད་ཀྱང་མ་ཤེས་པའི་ཕྱིར་མངལ་ན་རྒྱལ་པོ་དང་ལྡན་པའི་བུད་མེད་ཇི་ལྟ་བ་བཞིན་ཡིན་ཞིང་། བུད་མེད་དེ་ལ་རྒྱལ་པོ་གང་ཞིག་ཡོད་པས་མགོན་དང་བཅས་པར་འབྱུང་བ་ལྟར། སེམས་ཅན་དེ་ལ་ཆོས་ཉིད་གང་ཞིག་ཡོད་པས་མགོན་གྱི་མཆོག་དང་བཅས་པར་གྱུར་པ་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི་མ་མེད་པའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་དེ་མངོན་སུམ་དུ་འགྱུར་པས་ན་འཇིགས་པ་ཐམས་ཅད་ལས་སྐྱོབས་པའི་ཕྱིར་བུད་མེད་དེའི་མངལ་ན་གནས་པའི་རྒྱལ་པོ་ཇི་ལྟ་བ་བཞིན་ནོ། །གསུམ་པ་ནི། ཇི་ལྟར་བུད་མེད་ནས། གཞི་ལ་གནས། ཞེས་གསུངས་ཏེ། ཇི་ལྟར་ན། བུད་མེད་ལུས་ལ་དྲི་མ་དང་བཅས་པའི་གོས་གྱོན་ཞིང་མི་སྡུག་པའི་གཟུགས་དང་ལྡན་པ་
(༧༨)ཞིག་ས་བདག་འཁོར་སྒྱུར་རང་གི་མངལ་ན་གནས་ཀྱང་། དེ་མ་ཤེས་པར་མགོན་མེད་པའི་ཁང་པར་བསྡད་ནས་དབུལ་བ་དང་བརྙས་པ་སོགས་སྡུག་བསྔལ་གྱི་མཆོག་ཉམས་སུ་མྱོང་བ་ལྟར། དེ་བཞིན་དུ། བདག་རང་གི་སེམས་ཀྱི་ནང་ན་གནས་པའི་མགོན་སྐྱབས་བདེ་གཤེགས་སྙིང་པོ་ཡོད་པར་གྱུར་ཀྱང་དེ་མ་ཤེས་པས་མགོན་སྐྱབས་མེད་དོ་སྙམ་པའི་བློ་དང་ལྡན་པའི་འགྲོ་བ་ཉོན་མོངས་པའི་དབང་གིས་ཡིད་མ་ཞི་བ་རྣམས་སྡུག་བསྔལ་གྱི་གཞི་འཁོར་བ་ལ་གནས་པར་གྱུར་ཏོ། །དཔེ་དོན་དགུ་པ་ལ་གསུམ། དཔེ། དོན། སྦྱར་བཤད་དོ། །དང་པོ་ནི། ཇི་ལྟར་ནང་གི་ནས། སེལ་བྱེད་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། ས་འདམ་ནག་པོའི་ནང་གི་གསེར་ཞུན་མ་བླུག་པའི་གཟུགས་ཡན་ལག་རྒྱས་པ་ཡིད་འོང་ཞི་བསམ་མཛེས་པ་དག་ཕྱི་རོལ་ས་ཡི་རང་བཞིན་འདམ་གྱིས་གཡོགས་པ་ཅན་དེ་མཐོང་ནས་ནང་དུ་གསེར་གྱི་གཟུགས་ཡོད་པ་དེ་ཤེས་པ་དག་ནང་གི་གསེར་གྱི་གཟུགས་ལ་ཡོད་པའི་ས་འདམ་སྦྱང་པའི་ཕྱིར་ཕྱི་རོལ་གྱི་སྒྲིབ་གཡོགས་པ་འདམ་སེལ་བར་བྱེད་པ་ལྟར། །ཅེས་སོ། །གཉིས་པ་ནི། རང་བཞིན་ནས། བྱང་ཆུབ་མཆོག །ཅེས་གསུངས་ཏེ། དཔེ་དེ་བཞིན་ཏུ། སེམས་ཅན་རྣམས་ཀྱི་རང་བཞིན་འོད་གསལ་པ་དེ་ལ་དྲི་མ་རྣམས་ཀྱང་ནི་འབྲལ་རུང་གི་གློ་བུར་ནི་རྣམ་པར་གཟིགས་པར་གྱུར་ནས་རིན་ཆེན་འབྱུང་གནས་ལྟ་བུའི་འགྲོ་བ་རྣམས་ས་འདམ་ལྟ་བུའི་སྒྲིབ་པ་དག་ལས་སྦྱོང་ཞིང་སེལ་བར་མཛད་པའི་རྒྱལ་བ་རྣམས་བྱང་ཆུབ་མཆོག་ཏུ་སངས་རྒྱས་ནས་དམ་པའི་ཆོས་སྟོན་པར་མཛད་དོ། །གསུམ་པ་ནི། ཇི་ལྟར་དྲི་མེད་ནས། སེལ་བར་མཛད། ཅེས་གསུངས་ཏེ། ཇི་ལྟར་ན། དྲི་མ་མེད་ལ་རྣམ་པར་དག་ཅིང་གསེར་བཟང་འོད་འབར་ལས་བྱས་ཤིང་ལུག་གཏོང་པའི་དུས་ཀྱི་འདམ་ནག་པོའི་ནང་དུ་ཆུད་པར་གྱུར་པའི་གཟུགས་བརྙན་མཛེས་ཤིང་ཞི་བ་དེའི་རང་བཞིན་ལྷ་བཟོ་པ་མཁས་པས་རིག་ནས་ཕྱིའི་འདམ་དག་སེལ་བར་བྱེད་པ་ལྟར། དེ་བཞིན་
(༧༩)ཏུ། ཤེས་བྱ་ཀུན་མཁྱེན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། ཡོངས་སུ་དག་པའི་གསེར་དང་འདྲ་བ་རང་བཞིན་གྱིས་ཞི་བའི་ཡིད་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཉིད་ནི་མཁྱེན་པར་གྱུར་ནས་སྒྲིབ་པ་སེལ་བའི་ཐབས་སུ་ཆོས་འཆད་པའི་ཚུལ་གྱིས་ས་འདམ་སེལ་བའི་རྡེག་སྤྱད་འདྲ་བར་སྒྲུབ་པས་ཁམས་རྟོག་པའི་གེགས་སྒྲིབ་པ་དག་ནི་སེལ་བར་མཛད་པ་ཉིད་དོ། །གསུམ་པ་དོན་བསྡུ་བ་ནི། པདྨ་ནས། ཡིན་པར་བརྗོད། ཅེས་གསུངས་ཏེ། པདྨ་མདོག་ངན་པ་དང་སྲོག་ཆགས་བུང་བ་དང་། འབྲུའི་སྦུན་པ་དང་ནི་མི་ གཙང ་བའི་འདམ་དང་། ས་གཞི་དང་ཤིང་གི་འབྲས་ཤུན་དང་། གོས་རུལ་དྲི་མ་ཅན་དང་། བུད་མེད་ཀྱི་མངལ་དང་། ས་འདམ་ནག་པོའི་སྦུབས་ན་ཡང་ཞེས་པ་རྣམས་ཀྱིས་སྒྲིབ་བྱེད་དྲི་མའི་དཔེ་དགུའི་དོན་བསྡུས་ལ། མཚན་དཔེས་བརྒྱན་པའི་སངས་རྒྱས་ཇི་ལྟ་བ་བཞིན་དང་། རོ་བཅུད་དང་ལྡན་པའི་སྦྲང་རྩི་ཇི་ལྟ་བ་བཞིན་དང་། འབྲས་ལ་སོགས་པའི་སྙིང་པོ་ཇི་ལྟ་བ་བཞིན་དང་། གཞན་དུ་མི་འགྱུར་བའི་གསེར་སྦྲམ་ཇི་ལྟ་བ་བཞིན་དང་། ཟད་མི་ཤེས་པའི་གཏེར་ཆེན་པོ་ཇི་ལྟ་བ་བཞིན་དང་། འབྲས་བུ་དང་བཅས་པའི་ལྗོན་ཤིང་ཇི་ལྟ་བ་བཞིན་དང་། རིན་ཆེན་གྱི་སྐུ་གཟུགས་མཛེས་པ་ཇི་ལྟ་བ་བཞིན་དང་། འཁོར་ལོ་ཡིས་དབང་བསྒྱུར་བའི་རྒྱལ་པོ་ཇི་ལྟ་བ་བཞིན་དང་། གསེར་བཟང་པོའི་གཟུགས་བརྙན་ཇི་ལྟ་བ་བཞིན་དུ་ཞེས་པ་རྣམས་ཀྱིས་བསྒྲིབ་བྱ་སྙིང་པོའི་དཔེ་དགུ་བསྡུས་ཏེ་བསྟན་ནས། དཔེ་དེས་མཚོན་པའི་དོན་ནི། སེམས་ཅན་གྱི་ཁམས་དེ་བཞིན་ཉིད་ཀྱི་སྒྲིབ་བྱེད་ཉོན་མོངས་པའི་སྦུབས་རྣམས་ནི་རང་བཞིན་གྱིས་ལྡན་ལ་མ་འབྲེལ་བས་ན་གློ་བུར་བ་ཡིན་ཡང་ཆོས་ཀྱི་དབྱིངས་དང་ལྷན་ཅིག་ཐོག་མ་མེད་པ་ནས་ཉེ་བར་གནས་པ་ཡང་ཡིན་ལ། དེ་རྣམས་གང་ན་ཡོད་པ་དེ་ན་སེམས་ཅན་གྱི་སེམས་ཀྱི་རང་བཞིན་དེ་བཞིན་གཤེགས་པའི་སྙིང་པོ་གདོད་མ་ནས་དྲི་མ་མེད་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ཐོག་མ་མེད་པ་ནས་ཉེ་བར་གནས་
(༨༠)པ་ཡིན་པར་བརྗོད་དོ། །གསུམ་པ་དྲི་མ་སྤྱོད་ཚུལ་གསུམ། དྲི་མ་དགུ་བསྟན་པ། གང་ཟག་གང་གི་རྒྱུད་ལ་ཡོད་པ། དྲི་མའི་ཚུལ་རྒྱས་བཤད་དོ། །དང་པོ་ནི། ཆགས་དང་ནས། མཐའ་ཡས་འདས། ཞེས་གསུངས་ཏེ། མི་གཡོ་པའི་ལས་ཀྱི་རྐྱེན་བྱེད་པ་འདོད་ཆགས་དང་ཞེ་སྡང་དང་དེ་ཁོ་ན་ཉིད་ལ་རྨོངས་པ་གཏི་མུག་གི་བག་ཆགས་རྣམ་པ་གསུམ་དང་། བསོད་ནམས་དང་བསོད་ནམས་མིན་པའི་ལས་ཀྱི་རྐྱེན་བྱེད་པ་དུག་གསུམ་པོ་དེའི་ཀུན་ལྡང་དྲག་པོ་སྟེ་མངོན་གྱུར་པ་གསུམ་ཀ་གཅིག་ཏུ་བྱས་པ་དང་། ཡིད་ཀྱི་རང་བཞིན་གྱི་ལུས་འཕེན་བྱེད་ཀྱི་རྐྱེན་བྱེད་པ་མ་རིག་བག་ཆགས་ཀྱི་ས་དང་། མཐོང་ལམ་ཙམ་གྱི་སྤང་བྱ་དང་། སྒོམ་ལམ་ཙམ་གྱི་སྤང་བྱ་དང་། མ་དག་ས་བདུན་ལ་གནས་པའི་གང་ཟག་གི་རྒྱུད་ལ་བརྟེན་པ་དག་ས་བསྐྱེད་པ་ཙམ་གྱི་སྤང་བྱ་དང་། དག་པའི་ས་ལ་གནས་པའི་གང་ཟག་གི་རྒྱུད་ལ་བརྟེན་པ་རྒྱུན་མཐའི་སྤང་བྱ་རྣམས་ཏེ། ཆོས་དབྱིངས་རང་བཞིན་རྣམ་དག་དེ་ལ་སྒྲིབ་བྱེད་གློ་བུར་གྱི་དྲི་མ་རིགས་ཀྱི་སྒོ་ནས་མདོར་བསྡུ་ན་རྣམ་པ་དགུ་ཡོད་པ་ནི་པདྨའི་སྦུབས་དང་སྦྲང་མ་ལ་སོགས་པ་དཔེ་རྣམ་པ་དགུས་ནི་གོ་རིམ་ཇི་ལྟ་བར་རབ་ཏུ་བསྟན་ཏེ། ཁམས་དེ་ལ་སྒྲིབ་པར་བྱེད་པ་ཉེ་བའི་ཉོན་མོངས་པའི་སྦུབས་ཀྱིས་ནི་ཛས་ཀྱི་དབྱེ་བས་རབ་ཏུ་ཕྱེ་ན་བརྒྱད་ཁྲི་བཞི་སྟོང་དང་། དབྱེ་བ་མཐའ་ཡས་པ་ལས་འདས་པ་ལ་སོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དབྱེ་བ་མཐའ་ཡས་པ་བཞིན་ནོ། །ཆགས་སོགས་ནས། ཡང་དག་བསྟན། ཅེས་པའི་བར་ནི་བཤད་མ་ཐག་པ་ཉིད་གསལ་བར་བྱེད་པ་འགྲེལ་བའི་ཚིག་ཡིན་པས་གོ་སླའོ། །གཉིས་པ་ནི། དྲི་འདི་ནས། མ་དག་ཉིད། ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཞེས་བཀའ་སྩལ་པ་གང་ཡིན་པ་དེ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་རྣམ་པ་དགུ་པོ་འདི་དག་གིས་བསྒྲིབ་པར་བྱ་བ་སེམས་ཅན་གྱི་རིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགྲ་བཅོམ་པ་རྣམས་དང་།
(༨༡)
(༨༡)ཐུན་མོང་དུ་སློབ་པའི་ལམ་གནས་པ་རྣམས་དང་། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས་རྣམ་པར་མ་དག་པ་ཉིད་དེ། དེ་ཡང་གོ་རིམ་ཇི་ལྟ་བཞིན་དུ་སྒྲིབ་པ་དང་པོ་བཞིའི་དུག་གསུམ་གྱི་བག་ཉལ་རྣམས་ཀྱིས་ཁམས་གོང་མའི་བྱིས་པ་རྣམས་མ་དག་ཅིང་། དེ་དག་ཀུན་ནས་ལྡང་བ་དྲག་པོས་འདོད་ཁམས་ཀྱི་བྱིས་པ་རྣམས་མ་དག་པ་དང་། མ་རིག་བག་ཆགས་ཀྱི་ས་གཅིག་གིས་དགྲ་བཅོམ་པ་རྣམས་མ་དག་པ་དང་ནི། དེ་བཞིན་མཐོང་བས་སྤང་བར་བྱ་བ་རྣམས་དང་། བསྒོམ་པས་སྤང་བར་བྱ་བ་གཉིས་ཀྱིས་སོ་སོའི་སྐྱེ་བོ་སློབ་པ་དང་། འཕགས་པ་སློབ་པ་གཉིས་མ་དག་པ་དང་། མ་དག་པའི་ས་བདུན་ལ་བརྟེན་པའི་དྲི་མ་དང་། དག་པ་ས་གསུམ་ལ་བརྟེན་པའི་དྲི་མ་གཉིས་ཀྱི་ས་མཐར་མ་ཕྱིན་པ་དང་མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་མ་དག་ཅིང་། གང་ཟག་དེ་དང་དེ་ལ་སྤང་བྱ་དེ་དང་དེ་གཙོ་ཆེ་བར་ལྡན་པས། ཆོས་ཀྱི་དབྱིངས་མཐར་ཐུག་པ་མདོན་སུམ་འགྱུར་བའི་གེགས་བྱས་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ་དྲི་མ་སྦྱོང་བའི་ཚུལ་བསྟན་པ་ལ་བདུན། བག་ལ་ཉལ་གསུམ་གྱི་ཚུལ། ཀུན་ལྡང་དྲག་པོའི་ཉེས་པ། མ་རིག་བག་ཆགས་ཀྱི་སའི་སྐྱོན། ཐེག་པ་ཐུན་མོང་གི་མཐོང་སྤང་དང་སྒོམ་སྤང་། ཁྱད་པར་ས་བདུན་གྱི་དྲི་མ། རྡོ་རྗེ་ལྟ་བུས་གཞོམ་བྱ། དོན་བསྡུ་བའོ། །དང་པོ་ནི། ཇི་ལྟར་འདམ་སྐྱེས་ནས། །སྦུབས་ཀྱིས་བསྒྲིབས། ཞེས་གསུངས་ཏེ། ཇི་ལྟར་ན། མེ་ཏོག་པདྨ་འདམ་རྫབ་ལས་གསར་དུ་སྐྱེས་ཏེ་ལྟ་བ་པོའི་མདུན་དུ་གྱུར་མ་ཐག་པ་ན་ཡིད་རབ་ཏུ་དགའ་བར་བྱེད་པ་དང་། ཕྱི་ནས་རིང་པོ་མི་ཐོགས་པར་བརྙིངས་ཤིང་དགའ་བ་མེད་པར་གྱུར་པ་ལྟར་ཉོན་མོངས་པ་འདོད་ཆགས་ཀྱི་བག་ཉལ་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེས་པའི་ཆགས་པ་མངོན་ སུམ་དུ་གྱུར་པ་ན་དགའ་བ་དང་། ཕྱི་ནས་འགག་པ་ན་དགའ་བ་མེད་པའི་ཕྱིར་པདྨ་མཐོང་བའི་དགའ་བདེ་བཞིན་ནོ། །ཞེས་པས་འདོད་ཆགས་ཀྱི་བག་ལ་ཉལ་ནི་པདྨ་ལྟ་བུ་དང་། ཇི་ལྟར་ན། སྦྲང་རྩི་ལ་ཆགས་པའི་སྲོག་ཆགས་སྦྲང་མ་ནི་
(༨༢)གཞན་གྱིས་སྦྲང་རྩི་བླངས་པ་ན་ཡིད་ཞེ་སྡང་གིས་ཤིན་ཏུ་འཁྲུགས་ཏེ་ཁའི་མདུང་བརྡེག་ཅིང་ཟུག་རྔུ་བསྐྱེད་པ་ལྟར། དེ་བཞིན་ཏུ་ཉོན་མོངས་པ་ཞེ་སྡང་གི་བག་ལ་ཉལ་འཕེལ་བ་ལས་ཁོང་ཁྲོ་མངོན་ཏུ་སྐྱེས་པ་ན་ཡང་། རང་གཞན་གྱི་སྙིང་ལ་སྡུག་བསྔལ་ཟུག་རྔུ་བསྐྱེད་པར་བྱེད་དོ། །ཞེས་པས་ཞེ་སྡང་གི་བག་ལ་ཉལ་ནི་སྦྲང་མ་ལྟ་བུ་དང་། ཇི་ལྟར་འབྲས་ལ་སོགས་པ་འབྲུའི་སྙིང་པོ་ནི་ཕྱི་རོལ་གྱི་གྲ་མ་དང་གོང་བུ་ལ་སོགས་པའི་སྦུན་པས་སྒྲིབ་པས་མི་མཐོང་བ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་དོན་མཐོང་བ་ཡང་མ་རིག་གཏི་མུག་གི་བག་ལ་ཉལ་ལ་སོགས་པ་སྒོ་ངའི་སྦུབས་དང་འདྲ་བ་རྣམས་ཀྱིས་བསྒྲིབས་པས་མི་མཐོང་བར་བྱས་སོ། །ཞེས་གཏི་མུག་གི་བག་ལ་ཉལ་ནི་སྦུན་པ་ལྟ་བུར་གསུངས་སོ། །གཉིས་པ་ནི། ཇི་ལྟར་མི་ གཙང ་ནས། མི་ གཙང ་འདྲ་ཞེས་གསུངས་ཏེ། ཇི་ལྟར་ན། མི་ གཙང ་བའི་དངོས་པོ་ནི་ཡིད་དུ་འོང་བའི་མི་མཐུན་པའི་ཕྱོགས་ཉམ་ང་བའི་གནས་ཡིན་པ་དེ་བཞིན་ཏུ་འོདད་པའི་ཁམས་ལ་ཆགས་པ་དང་བཅས་པ་རྣམས་ཀྱིས་འདོད་པའི་ཡོན་ཏན་བརྟེན་པ་ལ་སོགས་པ་ཉེས་སྤྱོད་མང་པོའི་རྒྱུ་ཡིན་པའི་ཕྱིར། ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་ལྡང་བ་སྟེ་མངོན་གྱུར་དྲག་པོ་རྣམས་ནི་མི་ གཙང ་བའི་ཕུང་པོ་ཆེན་པོ་དང་འདྲ་བར་ཉོན་མོངས་ཤིང་ཡིད་འབྱུང་བར་བྱ་བའི་གནས་ཡིན་ནོ། །ཞེས་པས་དུག་གསུམ་མངོན་གྱུར་དེ་ལ་མི་ གཙང ་བ་ལྟ་བུར་གསུངས་སོ། །གསུམ་པ་ནི། ཇི་ལྟར་ས་སོགས་ནས། ས་ཡིས་བསྒྲིབས། ཞེས་གསུངས་ཏེ། ཇི་ལྟར་ན། ནོར་ཟད་མི་ཤེས་པའི་གཏེར་ཆེན་པོ་ནི་ས་མང་པོས་སྒྲིབས་ཤིང་སྦས་པ་ན་དབུལ་པོ་རྣམས་ཀྱིས་ནོར་ཡོད་པར་མི་ཤེས་ཤིང་གཏེར་དེ་ནི་མི་ཐོབ་པ་ལྟར། ཇི་བཞིན་དུ་དབུལ་པོ་དང་འདྲ་བའི་སྐྱེ་བོ་རྣམས་ལ་ཡོན་ཏན་ཟད་མི་ཤེས་པ་དང་ལྡན་པའི་རང་བྱུང་གི་ཡེ་ཤེས་མཐོང་བ་ཉིད་མ་རིག་བག་ཆགས་ཀྱི་ས་ཡིས་བསྒྲིབས་པས་མི་
(༨༣)མཐོང་བར་བྱས་སོ། །ཞེས་མ་རིག་བག་ཆགས་ཀྱིས་བསྡུས་པ་ནི་ས་ལྟ་བུར་བཤད་དོ། །བཞི་པ་ནི། ཇི་ལྟར་མྱུག་སོགས་ནས། མཚུངས་པར་བསྟན། ཅེས་གསུངས་ཏེ། ཇི་ལྟར་ན། ལྗོན་ཤིང་མྱུ་གུ་དང་སྡོང་བུ་ཡལ་གལ་སོགས་པ་རིམ་གྱིས་སྐྱེ་བས་ས་བོན་གྱི་ཤུན་པ་རྣམས་རིམ་གྱིས་གཅོད་པར་བྱེད་པ་ལྟར། དེ་བཞིན་དུ་ཆོས་ཀྱི་དབྱིངས་དོན་དམ་པའི་དེ་ཁོ་ན་ཉིད་རིམ་གྱིས་མཐོང་པ་ཡིས། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་རིམ་གྱིས་ལྡོག་པར་འགྱུར་རོ་ཞེས་པས་མཐོང་སྤངས་རྣམས་ནི་འབྲས་ཤུན་ལྟ་བུ་དང་། འཕགས་པའི་ལམ་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་མཐོང་བ་དང་འབྲེལ་བ་ལས་ཕུང་པོ་ལྔ་བདག་དང་བདག་གིར་འཛིན་པའི་འཇིགས་ཚོགས་སུ་ལྟ་བ་ལ་སོགས་པའི་སྤང་བྱའི་སྙིང་པོའམ་གཙོ་བོ་མཐོང་བས་སྤངས་བར་བྱས་པ་དགྲ་བཅོམ་པ་རྣམ་གྱི་རྒྱུད་ལ་ཡོད་པ་ཆོས་ཉིད་མངོན་སུམ་གྱིས་མཐོང་ཟིན་སྒོམ་པའི་ལམ་ཡེ་ཤེས་ཀྱིས་སྤང་བར་བྱ་བ་ནི། རགས་པ་ཟད་པའི་ལྷག་མ་ཡིན་པའམ་དྲི་མ་དང་བཅས་པའི་གོས་རུལ་པ་དག་དང་མཚུངས་པར་བསྟན་ཏོ། །ཞེས་པས་སྒོམ་སྤངས་རྣམས་གོས་རུལ་པ་ལྟ་བུར་གསུངས་སོ། །ལྔ་པ་ནི། ས་བདུན་ནས། རྣམ་པར་སྨིན་པ་བཞིན། ཅེས་གསུངས་ཏེ། མ་དག་པའི་ས་བདུན་པ་ལ་བརྟེན་པའི་དྲི་མ་རྣམས་ནི་མཐོང་བྱ་ལ་སྒྲིབ་ཅིང་འབད་རྩོལ་དང་བཅས་པས་མངལ་སྦུབས་ཀྱི་དྲི་མ་དག་དང་མཚུངས་ལ། མངལ་སྦུབས་བྲལ་པ་དང་འདྲ་བར་དྲི་མ་དེ་དག་ལས་རྣམ་པར་གྲོལ་བ་ལས་ས་བརྒྱད་པ་ལ་སོགས་པར་འབད་རྩོལ་མེད་ཅིང་། ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམ་པར་སྨིན་ཞིང་སྐྱེས་པ་ཇི་ལྟ་བ་བཞིན་ནོ། །ཞེས་ས་བདུན་པ་ལ་བརྟེན་པའི་དྲི་མ་ནི་མངལ་སྦུབས་ལྟ་བུར་གསུངས་སོ། །དྲུག་པ་ནི། ས་གསུམ་ནས། གཞོམ་བྱ་ཡིན། ཅེས་གསུངས་ཏེ། དག་པ་ས་གསུམ་ལ་རྗེས་སུ་འདྲེལ་བའི་དྲི་མ་ཕྲ་མོ་
(༨༤)རྣམས་ནི་འབད་རྩོལ་མེད་པར་སྤངས་བར་ནུས་པས་གསེར་གྱི་གཟུགས་ས་འདམ་ཅུང་ཟད་ཀྱིས་གོས་པ་བཞིན་དུ་ཤེས་པར་བྱ་སྟེ། དེ་ཡང་གཉེན་པོ་བདག་ཉིད་ཆེན་པོ་རྣམས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་པར་བྱ་བ་ཡིན་ནོ། །ཞེས་དག་ས་གསུམ་ལ་བརྟེན་པའི་དྲི་མ་ནི་ས་འདམ་ལྟ་བུར་གསུངས་སོ། །བདུན་པ་ནི། དེ་ལྟར་ནས། དག་དང་མཚུངས། ཞེས་གསུངས་ཏེ། གོང་དུ་ཆོས་མཐུན་རྒྱས་པར་སྦྱར་བའི་ཚུལ་དེ་ལྟར་ན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཆོས་ཀྱི་དབྱིངས་ལ་སྒྲིབ་བྱེད་གློ་བུར་གྱི་དྲི་མ་རྣམ་པ་དགུ་ནི། གོ་རིམ་ཇི་ལྟ་བ་བཞིན་དུ་པདྨ་དང་སྦྲང་མ་ལ་སོགས་པའི་དཔེ་དགུ་པོ་གང་དག་དང་ཆོས་མཚུངས་པ་ཉིད་དོ། །འདི་རྣམས་སོ་སོར་ཆོས་མཐུན་ཡོད་པས་དཔེ་དོན་སྦྱར་བ་ཡིན་གྱི། དོན་གང་གི་སྒྲིབ་བྱེད་དུ་བཤད་པ་དེ་ཁོ་ན་ལས་གཞན་ལ་མི་སྒྲིབ་པ་ནི་མ་ཡིན་ནོ། །བཞི་པ་ཇི་ལྟར་རྟོགས་པའི་རིམ་པ་ལ་གསུམ། དཔེ་དགུས་མཚོན་ཚུལ་མདོར་བསྟན་པ། དེའི་དོན་སོ་སོར་དབྱེ་བ་ཕྱེས་པའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། རང་བཞིན་ནས། ཆོས་མཚུངས་སོ། །ཞེས་གསུངས་ཏེ། འཆད་པར་འགྱུར་བའི་རང་བཞིན་རྣམ་པ་གསུམ་གྱིས་བསྡུས་པའི་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སངས་རྒྱས་ཀྱི་སྐུ་དང་སྦྲང་རྩི་ལ་སོགས་པ་སྙིང་པོ་མཆོན་པར་བྱེད་པའི་དཔེ་དགུ་པོ་རྣམས་དང་ཆོས་མཚུངས་སོ། །གཉིས་པ་ནི། འདི་ཡི་ནས། ཤེས་པར་བྱ། ཞེས་གསུངས་ཏེ། ཆོས་དབྱིངས་བདེ་གཤེགས་སྙིང་པོ་འདིའི་རང་བཞིན་གསུམ་གང་ཞེ་ན། འོད་གསལ་བ་ཆོས་སྐུའི་རང་བཞིན་དང་། མི་འགྱུར་བ་དེ་བཞིན་ཉིད་ཀྱི་རང་བཞིན་དང་། སངས་རྒྱས་འགྲུབ་པའི་རིགས་ཀྱི་རང་བཞིན་སྟེ་རྣམ་པ་གསུམ་མོ། །རང་བཞིན་གསུམ་པོ་དེ་ནི་དཔེ་དགུས་མཚོན་ནས་ཤེས་དགོས་ཏེ། སངས་རྒྱས་སོགས་དཔེ་དང་པོ་གསུམ་གྱིས་ཁམས་ཆོས་སྐུའི་རང་བཞིན། གསེར་གྱི་དཔེ་གཅིག་གིས་དེ་བཞིན་ཉིད་ཀྱི་རང་བཞིན། གཏེར་སོགས་དཔེ་ཕྱི་མ་ལྔ་རྣམས་ཀྱིས་ནི་རིགས་ཀྱི་རང་བཞིན་ཏུ་ཤེས་པར་བྱའོ། །གསུམ་པ་རྒྱས་པར་བཤད་པ་ལ་བཞི།
(༨༥)ཆོས་སྐུའི་དཔེ་དོན། དེ་བཞིན་ཉིད་ཀྱི་དཔེ་དོན། རིགས་ཀྱི་དཔེ་དོན། དེ་དག་དད་པས་རྟོགས་ཚུལ་ལོ། །དང་པོ་ལ་གཉིས། ཆོས་སྐུའི་རྣམ་དབྱེ་བསྟན་པ། དེ་དག་དཔེ་དང་སྦྱར་བའོ། །དང་པོ་ནི། ཆོས་སྐུ་ནས། སྟོན་པའོ། །ཞེས་གསུངས་ཏེ། རང་བཞིན་ཆོས་སྐུ་དེ་ལའང་དངོས་བཏགས་ཀྱིས་དབྱེ་ན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་དྲི་མ་མེད་ཅིང་རང་བཞིན་གྱིས་འོད་གསལ་བ་ཉིད་སངས་རྒྱས་རྣམས་ཀྱི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་མཚན་ཉིད་པ་རྟོགས་པ་ཆོས་སྐུ་དང་། དེ་རྟོགས་པའམ་ཐོབ་པའི་རྒྱུ་མཐུན་པ་གདུལ་བྱའི་སྐལ་པ་་ཇི་ལྟ་བར་རྣམ་པར་རིག་པ་འབྱུང་བའི་ལུང་གི་ཆོས་རྣམས་ནི་བཏགས་པ་བསྟན་པ་ཆོས་སྐུའོ། །དེ་དག་ནི་བརྗོད་བྱ་རྗོད་བྱེད་དམ་འབྲས་བུ་དང་རྒྱུའི་སྒོ་ནས་དབྱེ་བར་མཛད་པའོ། །བསྟན་པ་ཆོས་སྐུ་དེ་ལའང་ནང་གསེས་སུ་དབྱེ་ན། དེ་ཁོ་ན་ཉིད་དོན་དམ་པའི་བདེན་པའི་དབང་དུ་བྱས་ནས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་བརྩམས་ཏེ། ཟབ་པའི་ཆོས་ཀྱི་ཚུལ་སྟོན་པ་དང་། སེམས་ཅན་སྣ་ཚོགས་པའི་བསམ་པ་དང་མཐུན་པར་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ནས་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ཡག་བཅུ་གཉིས་ལས་བརྩམས་ཏེ་རྒྱ་ཆེ་བ་སྣ་ཚོགས་པའི་ཚུལ་ནི་སྟོན་པ་སྟེ་རྣམ་པ་གཉིས་སོ། །གཉིས་པ་ནི། འཇིག་རྟེན་ནས། བཞིན་ཤེས་བྱ། ཞེས་གསུངས་ཏེ། རྟོགས་བྱ་རང་བཞིན་རྣམ་དག་ཆོས་ཀྱི་སྐུ་དེ་ནི་འཇིག་རྟེན་གྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་པའི་ཕྱིར་འཇིག་རྟེན་འདི་ལ་མཚོན་པར་ནུས་པའི་དཔེ་ནི་འགའ་ཡང་མི་དམིགས་པས་པདྨམའི་ནང་ནག་ནས་པའི་དེ་བཞིན་གཤེགས་པ་རང་བྱུང་གི་སྐུ་ཉིད་དང་ཁམས་རང་བཞིན་གྱིས་རྣམ་པར་དག་པ་གཉིས་པོ་ཕྱོགས་རེ་ཙམ་འདྲ་བ་ཉིད་དུ་བསྟན་པ་ཡིན་ལ། དེ་རྟོགས་པའི་རྒྱུ་མཐུན་པ་གཏིང་དཔག་དཀའ་ཞིང་ཕན་ཡོན་དང་ལྡན་པས་ཕྲ་མོ་ཟབ་མོ། །དོན་དམ་པའི་ཚུལ་བསྟན་པ་ནི་
(༨༦)ཆོས་ཐམས་ཅེད་དེ་བཞིན་ཉིད་དུ་རོ་གཅིག་པར་སྟོན་པའི་ཕྱིར་སྦྲང་རྩི་རྣམས་མངར་ཞིང་ཞིམ་པ་ཉིད་དུ་རོ་གཅིག་པ་ཇི་ལྟ་བ་བཞིན་ཏེ། རྒྱ་ཆེ་བ་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་ཐབས་ཀྱི་རྣམ་པ་སྣ་ཚོགས་པའི་ཚུལ་བསྟན་པ་ནི་སྙིང་པོའི་དོན་རྟོགས་པའི་ཆེད་དུ་རིམ་གྱིས་དྲང་པའི་དོན་སྣ་ཚོགས་དང་འབྲེལ་བའི་ཕྱིར། ཤུན་པ་སྣ་ཚོགས་པའི་སྦུབས་ན་ཉེ་བར་སྦྱད་བྱ་འབྲུའི་སྙིང་པོ་གནས་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་དེ་བཞིན་ཉིད་ཀྱི་དཔེ་དོན་བསྟན་པ་ནི། རང་བཞིན་ནས། བརྗོད་པ་ཡིན། ཅེས་གསུངས་ཏེ། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཉོན་མོངས་པས་སྡུག་བསྔལ་བ་མཐའ་ཡས་པ་དང་རྗེས་སུ་འབྲེལ་བ་ཡང་རྣམ་པར་དག་ཅིང་འོད་གསལ་བ་འགྱུར་བ་མེད་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་ཞིང་། དེ་ཉིད་གསེར་བཟང་པོ་མི་འགྱུར་བ་དང་འདྲ་བར་གནས་སྐབས་ཐམས་ཅད་དུ་རང་བཞིན་གཞན་དུ་འགྱུར་བ་མེད་པ་དང་། གསེར་མཛེས་ཤིང་རྒྱན་དུ་བསྒྱུར་རུང་བ་དང་འདྲ་བར་རང་བཞིན་གྱིས་དགེ་ཞིང་མཆོག་ཏུ་གྱུར་པ་དང་། གསེར་གྱི་ངོ་བོ་ལ་དྲི་མ་མེད་པ་དང་འདྲ་བས་གདོད་མ་ནས་ཉོང་མོངས་པ་མེད་ཅིང་རྣམ་པར་དག་པའི་ཕྱིར་ན་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་འདི་གསེར་བཟང་པོ་རྣམས་ཀྱི་ནི་གཟུགས་དང་ཆོས་མཚུངས་པར་བརྗོད་པ་ཡིན་ནོ། །གསུམ་པ་རིགས་ཀྱི་དཔེ་དོན་ལ་གསུམ། རིགས་གཉིས་དཔེར་བསྟན། དེ་ལས་སྐུ་གསུམ་མཐོ་བ་ཚུལ་བཤད། དེ་རྣམས་དཔེ་དང་སྦྱར་བའོ། །དང་པོ་ནི། གཏེར་དང་ནས། མཆོག་ཉིད་དོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་རིགས་ཞེས་བྱ་བའི་རང་བཞིན་དེ་ལའང་རྣམ་བ་གཉིས་སུ་ཤེས་པར་བྱ་སྟེ། འབད་རྩོལ་གྱིས་བསྒྲུབས་པ་མ་ཡིན་པས་ས་འོག་གི་གཏེར་དང་མཚུངས་པ་ཐོག་མ་མེད་པ་ནས་སེམས་ཀྱི་རང་བཞིན་དུ་གནས་པའི་རིགས་དང་། འབྲས་བུའི་ཤིང་རྐྱེན་གྱིས་གསར་དུ་འཕེལ་བ་བཞིན་དུ་ཐོས་བསམ་གྱི་རྐྱེན་གྱིས་ཡང་དག་པར་བླང་བ་ལས་ནུས་
(༨༧)པ་མཆོག་ཏུ་འགྱུར་བ་རྒྱས་འགྱུར་གྱི་རིགས་དང་གཉིས་སུ་ཡོད་པ་ཉིད་དོ། །གཉིས་པ་ནི། རིགས་འདི་ནས། ཕྱི་མ་གཉིས། ཞེས་གསུངས་ཏེ། རྒྱུ་རང་བཞིན་དང་རྒྱས་པའི་རིགས་འདི་གཉིས་ལས་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསུམ་མ་ཐོབ་པར་འདོད་པ་ཡིན་ལ། དེ་ཡང་དང་པོར་རང་བཞིན་དུ་གནས་པའི་རིགས་དེ་ཉིད་ཡེ་ཤེས་ཀྱི་ཚོགས་མང་པོས་མཐར་ཕྱིན་པར་བྱས་ནས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ལས་སྐུ་དང་པོ་དག་པ་གཉིས་ལྡན་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ནི་འཐོབ་པ་སྟེ། གཉིས་པ་རྒྱས་འགྱུར་གྱི་རིགས་འཕེལ་བ་ལས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ཡིས་ནི་སྐུ་ཕྱི་མ་གདུལ་བྱ་ཉེ་བ་དང་རིང་པ་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་གཉིས་པོ་ཐོབ་བོ། །སྐབས་འདིར་རྗེ་ཕྲིན་ལས་ཞབས་ཀྱིས། དེང་སང་བྱམས་ཆོས་པ་ཆོས་ཕལ་ཆེ་བས། རྒྱས་འགྱུར་གྱི་རིགས་འདུས་བྱས་སུ་ཁས་བླངས་ཏེ། དེའི་ཤེས་བྱེད་དུ། ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་གསུངས་པ་འདི་དྲངས་ནས། དགེ་རྩ་ཡང་དག་པར་བླངས་པ་རྒྱས་འགྱུར་གྱི་རིགས་ཡིན་ནོ་ཞེས་རི་བོང་གི་ཅལ་ལྟར་སྒྲོགས་པར་བྱེད་མོད། དཔལ་རང་བྱུང་གི་ཞལ་སྔ་ནས། ནང་དོན་དུ། ཡང་རྒྱས་འགྱུར་གྱི་རིགས་དེ་གསར་དུ་བྱུང་བ་སྙམ་དུ་ཁ་ཅིག་སེམས་ན། དེ་ལྟ་མ་ཡིན་ཏེ་ཞེས་སོགས་གསུངས་པ་དང་གཞུང་འདི་དགོངས་པ་གཅིག་པས་དགེ་རྩ་ཡང་དག་པར་བླངས་པ་རྒྱས་འགྱུར་གྱི་རིགས་སུ་མི་བཞེད་དོ། དེ་ཐོག་མ་མེད་པ་ནས་ཡོད་ཀྱང་སེམས་ཅན་གྱི་སྐབས་སུ་སྒྲིབ་པས་བསྒྲིབས་ཏེ་རྣམ་སྨིན་དང་ཕྲིན་ལས་མ་རྒྱས་པའི་ཕྱིར་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་མི་ནུས་ལ། སློབ་ལམ་དུ་བསོད་ནམས་ཀྱི་ཚོགས་ཀྱི་དགེ་རྩ་ཡང་དག་པར་བླངས་པས་རིགས་དེའི་ནུས་པ་རྒྱས་པར་འགྱུར་བས་སངས་རྒྱས་པའི་སྐབས་སུ་སྒྲིབ་པ་དག་ནས་རྣམ་སྨིན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་གཟུགས་སྐུའི་ཕྲིན་ལས་རྒྱས་པས་འགྱུར་བའི་ཕྱིར། ཡང་དག་སོགས་ཀྱི་གཞུང་
(༨༨)གསུངས་པ་ཡིན་ལ། འདིར་འབྲས་བུའི་ཤིང་བཞིན་དུ་ཞེས་གསུངས་པ་འདི་ཡང་གོང་དུ། ཇི་ལྟ་ཨ་མྲ་ལ་སོགས་ཤིང་འབྲས་ལ། ཞེས་སོགས་ཚིགས་བཅད་གཉིས་གསུངས་པ་དང་དོན་གཅིག་པས་དཔེ་དགུ་དོན་དགུའི་སྐབས་སུ་གསུངས་པའི་ཤུན་པ་དང་མྱུ་གུའི་དཔེས་བསྟན་པའི་རིགས་དེ་ཡང་དགེ་རྩ་ཡང་དག་པར་བླངས་པ་དེ་ཡིན་པར་འདོད་དགོས་པས་ཧ་ཅང་ཐལ་ཆེས་སམ་སྙམ་མོ། །ཞེས་གསུངས་སོ། །གསུམ་པ་ནི། ངོ་བོ་ཉིད་ནས། གཟུགས་ལྟ་བུ། ཞེས་གསུངས་ཏེ། དོན་དམ་ངོ་བོ་ཉིད་སྐུ་རང་བཞིན་གྱིས་འོད་གསལ་ཞིང་ཡོན་ཏན་གྱི་དཔལ་གྱིས་མཆོག་ཏུ་མཛེས་པ་ནི་རིན་ཆེན་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་དང་འདྲ་བར་ཤེས་པར་བྱ་སྟེ། གདོད་མ་ནས་རང་བཞིན་གྱིས་ནི་གྲུབ་པ་ཡིན་ཞིང་འབད་རྩོལ་གྱིས་གསར་དུ་བྱས་པ་མིན་པའི་ཕྱིར་དང་། སྟོབས་ལ་སོགས་པའི་ཡོན་ཏན་གྱི་རིན་ཆེན་ཟད་མི་ཤེས་པ་རྣམས་ཀྱི་གཏེར་ལྟ་བུ་ཡིན་པའི་ཕྱིར་རོ། །ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐེག་པ་ཆེན་པོའི་རྒྱལ་སྲིད་ཀྱི་དཔལ་འབྱོར་ཆེན་པོ་དང་ལྡན་པའི་ཕྱིར་དག་པ་ལ་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་ནི་འཁོར་ལོས་བསྒྱུར་པའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་གླིང་བཞིལ་སོགས་པའི་འབྱོར་པ་ལ་ལོངས་སྤྱོད་པ་ཇི་ལྟ་བ་བཞིན་ནོ། །དོན་དམ་པའི་སྐུ་མངོན་སུམ་དུ་གྱུར་པའི་ནུས་པ་ལ་བརྟེན་ནས་གདུལ་བྱའི་བློ་ངོར་གང་ལ་གང་འདུལ་གྱི་གཟུགས་བརྙན་གྱི་ནི་རྣམ་པ་ཙམ་ཤར་བའི་རང་བཞིན་ཡིན་པའི་ཕྱིར། ཐུན་མོངས་སུ་སྣང་བ་སྤྲུལ་པའི་སྐུ་ནི་གསེར་གྱི་གཟུགས་བརྙན་ལྟ་བུའོ། བཞི་པ་ནི། རང་བྱུང་ནས། མཐོང་བ་མེད། ཅེས་གསུངས་ཏེ། གདོད་ནས་ལྷུན་གྱིས་གྲུབ་ལ་རྐྱེན་ཀྱིས་མ་བསྐྱེད་པ་རང་བྱུང་སངས་རྒྱས་རྣམས་ཀྱི་སྙིང་པོ་དོན་དམ་པ་དེ་ནི་
(༨༩)སེམས་ཅན་ཐམས་ཅད་ལ་ཡོད་ཀྱང་། སོ་སྐྱེ་དང་ཉན་རང་བྱང་སེམས་གསར་ཞུགས་རྣམས་ཀྱིས་ཡིད་ཆིས་པའི་ལུང་ལ་བརྟེན་ནས་དད་ཅིང་མོས་ལ་ཡིད་ཆེས་པ་ཉིད་ཀྱིས་དོན་སྤྱིའི་ཚུལ་དུ་རྟོགས་པར་བྱ་བ་ཡིན་གྱི་ཇི་ལྟ་བ་བཞིན་མངོན་སུམ་དུ་མཐོང་ཞིང་རྟོགས་པ་མ་ཡིན་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་འོད་འབར་བ་ཡིན་ཀྱང་མིག་མེད་པས་ནི་མཐོང་བ་མེད་པ་བཞིན་ནོ། །ལྔ་པ་སྙིང་པོ་ཉིད་བསྟན་པ་ལ་གཉིས། ངོ་བོ་དང་། སྟོང་མི་སྟོང་གི་ཚུལ་ལོ། །དང་པོ་ནི། འདི་ལ་ནས། རྣམ་པར་གྲོལ། ཅེས་གསུངས་ཏེ། རང་བཞིན་རྣམ་དག་ཁམས་བདེར་གཤེགས་སྙིང་པོ་འདི་ལ་ཁམས་ཀྱི་རང་བཞིན་ཏུ་གྲུབ་པའི་དྲི་མ་སྔར་ཡོད་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་སྐྱོན་ཅི་ཡང་མེད་དེ། གདོད་མ་ནས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་བཞིན་ཏུ་རྣམ་པར་བྱང་བའི་ཡོན་ཏན་སྔར་མེད་བཞག་པར་བྱ་བའང་ཅུང་ཟད་མེད་དེ། སྟོབས་ལ་སོགས་པ་དོན་དམ་པའི་ཡོན་ཏན་རྣམས་གདོད་མ་ནས་ལྷུན་གྱིས་གྲུབ་ཅིང་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡུལ་མཐའ་གཉིས་དང་བྲལ་བ་ཡང་དག་པའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་ཡུལ་ཅན་དོན་དམ་ཤེས་པའི་ཤེས་རབ་ཡང་དག་པ་ཉིད་ཀྱིས་མངོན་སུམ་དུ་བལྟས་ཤིང་མཉམ་པར་བཞག་པ་ལས་གོམས་པ་རབ་ཏུ་གྱུར་པ་དང་། ཡང་དག་པའི་ཆོས་ཉིད་ཇི་ལྟ་བའི་དོན་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རིམ་གྱིས་སྐྱེས་ནས་སྤང་བྱ་གློ་བུར་གྱི་དྲི་མ་ལས་རྣམ་པར་གྲོལ་བ་ཐོབ་སྟེ། དེ་ཡང་མཐོང་ལམ་དུ་མཐོང་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང་། སྒོམ་ལམ་དུ་སྒོམ་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང་། མཐར་ཕྱིན་པའི་ལམ་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མཐའ་དག་ལས་རྣམ་པར་གྲོལ་བར་འགྱུར་རོ། །གཉིས་པ་ནི། རྣམ་དབྱེར་ནས། སྟོང་མ་ཡིན། ཅེས་གསུངས་ཏེ། བསལ་བཞག་དང་བྲལ་བའི་སེམས་ཀྱི་གནས་ལུགས་དེ་མཐའ་འབྲལ་ཡིན་ཏེ། ཁམས་དེ་དང་རྣམ་པར་དབྱེ་བ་
(༩༠)སྟེ་འབྲལ་རུང་བ་དང་བཅས་པའི་མཚན་ཉིད་ཅན་གློ་བུར་པའི་དྲི་མ་དག་གིས་ཁམས་དེ་སྟོང་བས་ཡོད་པ་སྒྲོ་འདོགས་ཀྱི་མཐའ་དང་བྲལ་ལ། ཁམས་དེ་དང་རྣམ་པར་དབྱེ་བས་འབྲལ་རུང་དུ་མེད་པའི་མཚན་ཉིད་ཅན་བླ་ན་མེད་པའི་ཡོན་ཏན་གྱི་ཆོས་སྟོབས་སོགས་ཀྱིས་ཁམས་དེ་སྟོང་པ་མ་ཡིན་པས་ན་མེད་པ་སྐུར་འདེབས་ཀྱི་མཐའ་དང་བྲལ་བ་ཡིན་ལ། ཕུན་ཚུན་འགལ་བའི་ཕྱིར་ཡོད་མེད་གཉིས་ཡིན་གྱི་མཐའ་ལས་ཀྱང་གྲོལ་ཞིང་། དེ་ཉིད་ཀྱི་ཕྱིར་དེ་དགག་པའི་གཉིས་མ་ཡིན་གྱི་མཐའ་ལས་ཀྱང་གྲོལ་བས་མཐའ་གཉིས་སམ་མུ་བཞི་ལས་རྣམ་པར་གྲོལ་བའི་སྟོང་པ་ཉིད་ཕྱིན་ཅི་མ་ལོག་པའི་ཚུལ་ནི་འདི་ཁོ་ན་ཉིད་དོ། །རྩ་བའི་བཞི་པ་ཁམས་བསྟན་པའི་དགོས་པ་བསྟན་པ་ལ་གཉིས། དྲིས་ལན་གྱི་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དྲི་བ་དང་ལན་ནོ། །དང་པོ་ནི། སྤྲིན་དང་ནས། ཅི་སྟེ་གསུངས། ཞེས་གསུངས་ཏེ། འགྲེལ་བའི་མཚམས་སྦྱར་དུ། གལ་ཏེ་ལྟར་ཆགས་པ་མེད་པའི་མཐར་ཕྱིན་པའི་ས་ལ་གནས་པ་འཕགས་པའི་མཆོག་རྣམས་ཀྱི་ཡང་སྦྱོད་ཡུལ་མ་ཡིན་ཅིང་ཁམས་འདི་བལྟ་བར་དཀའ་བ་དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ལས་བརྩམས་ཏེ་བསྟན་པ་འདིས་ཅི་བྱ་ཞེ་ན། ཞེས་ཁོང་ནས་བསླད་བའི་དྲི་བ་དང་། ཚིག་ཟིན་གྱི་དྲི་བ་ནི། དཔེར་ན་སྣང་ཡང་མི་བདེན་ཅིང་རང་བཞིན་མེད་པ་སྤྲིན་པ་དང་རྨི་ལམ་དང་སྒྱུ་མ་བཞིན་དུ། བཀའ་བར་པ་མཚན་ཉིད་མེད་པ་སྟོན་པའི་མདོ་སྡེ་རྒྱལ་པའི་ཡུམ་རྒྱས་འབྲིང་ལ་སོགས་པ་དེ་དང་དེར་ཤེས་པར་བྱ་བ་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་་ཅད་སྣང་ཡང་རྣམ་པ་མ་ལུས་པ་ཀུན་ཏུ་སྟོང་ཞིང་རང་བཞིན་མེད་པའོ། །ཞེས་རྒྱ་ཆེར་གསུངས་ནས་སླར་བཀའི་ཐ་མ་དོན་དམ་རྣམ་པར་ངེས་པའི་གསུངས་རབ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་རབ་ཏུ་མང་པོ་འདིར་རྒྱལ་བ་རྫོགས་པའི་སངས་རྒྱས་བདེན་པ་གསུངས་བ་རྣམས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་
(༩༡)འོད་གསལ་བ་གདོད་མ་ནས་ལྷུན་གྱིས་གྲུབ་པར་ཡོད་དོ་ཞེས་ཅི་སྟེ་གསུངས། སྔ་ཕྱི་འགལ་བ་གསུངས་མི་རིགས་པ་མ་ཡིན་ནམ་ཞེ་ན། གཉིས་པ་ནི། སེམས་ཞུམ་ནས། དོན་དུ་གསུངས། ཞེས་གསུངས་ཏེ། མདོ་སྔ་ཕྱི་དགོངས་པ་མི་འགལ་བའི་ཚུལ་འོག་ཏུ་འཆད་ལ། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པར་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པའི་དགོས་པ་གཞུང་འདིས་འཆད་པ་ཡིན་ནོ། །དེས་ན་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་གསུངས་པ་ལ་དགོས་པ་ཡོད་དེ། རང་ཉིད་བྱང་ཆུབ་ཏུ་བརྩོན་པའི་གེགས་སེམས་ཞུམ་པ་དང་གཞན་ལ་བརྩེ་པའི་གེགས་སེམས་ཅན་དམན་པ་ལ་བརྙས་པ་དང་། ཡང་དག་པའི་གནས་ལུགས་སུ་མི་འཛིན་པར་ཕྱིན་ཅི་ལོག་ཏུ་འཛིན་པ་དང་ཡང་དག་པའི་ཆོས་བདེ་གཤེགས་སྙིང་པོ་ལ་སྐུར་བ་འདེབས་པ་དང་། བདག་ཉིད་ལྷག་པར་ཆགས་པ་སྟེ་སྐྱོན་ལྔ་པོ་འདི་གང་དག་ལ་ཡོད་པ་དེ་དག་གི་སྐྱོན་དེ་རྣམས་སྤང་བའི་དོན་ཏུ་གསུངས་པའི་ཕྱིར་རོ། །གཉིས་པ་རྒྱས་བཤད་ལ་གསུམ། བཀའ་བར་ཇི་ལྟར་བསྟན་པའི་དགོངས་པ། ཐ་མར་ཁམས་བསྟན་པའི་རྒྱུ་མཚན། དེ་རྒྱས་བཤད་དོ། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཡང་དག་ནས། བཞིན་ཏུ་བརྗོད། ཅེས་གསུངས་ཏེ། བཀའ་བར་པར་ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་པའི་དགོངས་པ་གང་ཞེ་ན། གནས་ལུགས་ཡང་དག་པའི་མཐའ་ནི་འདུས་བྱས་གློ་བུར་གྱི་དྲི་མས་རྣམ་པ་ཀུན་ཏུ་དབེན་པ་ལ་དགོངས་ཏེ། ཉོན་མོངས་པའི་ཉོན་མོངས་དང་ལས་ཀྱི་ཉོན་མོངས་དང་ལས་ཉོན་དེ་དག་གི་རྣམ་སྨིན་གྱི་ཕུང་པོ་སོགས་དོན་དུ་སྣང་བ་སྐྱེ་བའི་ཉོན་མོངས་པ་རྣམས་བདེན་པར་མ་གྲུབ་པ། སྤྲིན་པ་དང་ལ་སོགས་པས་རྨི་ལམ་དང་སྒྱུ་མ་དང་སྤྲུལ་པ་བཞིན་ཏུ་བརྗོད་པར་མཛད་དོ། །གཉིས་པ་ནི། ཉོན་མོངས་ནས། སྤྲུལ་པ་བཞིན། ཅེས་གསུངས་ཏེ། འདོད་ཆགས་སོགས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་རྣམས་ནི་སྤྲིན་པ་དང་འདྲ་སྟེ། སེམས་ཀྱི་རང་བཞིན་
(༩༢)ནམ་མཁའ་ལྟ་བུ་ལ་ཁྱབ་ཅིང་གློ་བུར་བ་ཡིན་པའི་ཕྱིར་དང་། ཆགས་སོགས་ཀྱིས་ཀུན་ནས་བསླངས་པའི་མི་དགེ་བ་སོགས་བྱ་བ་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྨོ་ལམ་གྱི་ལོངས་སྤྱོད་བཞིན་ཡིན་ཏེ། བློ་ཕྱིན་ཅི་ལོག་གིས་བསྐྱེད་ཅིང་འཁྲུལ་པའི་དམིགས་པ་ཡིན་པའི་ཕྱིར་དང་། ཉོན་མོངས་པ་དང་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུས་ཕུང་སོགས་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི། སྒྱུ་མ་དང་སྤྲུལ་པ་བཞིན་ཡིན་ཏེ། རྐྱེན་ལ་ལྟོས་ཤིང་བདན་པ་མེད་པའི་ཕྱིར་རོ། །གཉིས་པ་ཐ་མར་ཁམས་བསྟན་པའི་རྒྱུ་མཚན་ནི། སྔར་ནི་ནས། བསྟན་པ་ཡིན། ཅེས་གསུངས་ཏེ། གདུལ་བྱ་རྣམས་རིམ་གྱིས་དྲང་བའི་ཕྱིར། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་འགའ་ཞིག་གཟུགས་སོགས་བདེན་པར་ཡོད་དམ་སྙམ་དུ་མངོན་པར་ཞེན་དེ་སྦང་བའི་ཆེད་དུ་སྔར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དང་སྣང་ཡང་བཞིན་མེད་པ་སྤྲིན་དང་རྨི་ལམ་དང་སྒྱུ་མ་ལྟ་བུའོ་ཞེས་དེ་ལྟར་ངོ་བོ་ཉིད་མེད་པ་གཙོ་ཆེར་སྟོན་པའི་རྣམ་བཞག་མཛད་ནས། དེ་ཙམ་གྱིས་བརྩོན་པ་མི་འདོར་བས་སླར་ཡང་མཆོག་ཏུ་ཟབ་པ་སྟོན་པས་ན། བླ་མའམ་འཁོར་ལོ་གསུམ་ལས་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་སྟོན་པས་ན་ཕྱི་མ་སྟེ། ཆོས་ཀྱི་དབྱིངས་རྒྱུན་མི་འཆང་པ་སྟོན་པས་ན་རྒྱུད་དང་འདྲ་བར་མཐར་ཐུག་པའི་དོན་འཆད་པའི་སྐབས་འདིར་ནི་སེམས་ཞུམ་པ་སོགས་ཉེས་པ་ལྔ་པོ་རྣམས་སྤངས་ནས་སྤྲོ་བ་ལ་སོགས་པའི་ཡོན་ཏན་རྣམས་ཐོབ་པར་བྱ་བའི་ཕྱིར་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་གཤེགས་པའི་སྙིང་པོ་ཐམས་ཅད་ཁྱབ་པར་ཡོད་པ་ཉིད་དོ་ཞེས་དཔེ་དང་རྒྱུ་མཚན་ལ་སོགས་པ་རྣམ་པ་མང་པོས་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །གསུམ་པ་དེ་རྒྱས་པར་བཤད་པ་ལ་གཉིས། ཉེ་ས་པ་ལྔ་ཇི་ལྟར་འབྱུང་ཚུལ། སྐྱོན་ལྔ་སྤངས་པས་ཡོན་ཏན་ཐོབ་ཚུལ་ལོ། །དང་པོ་ནི།
(༩༣)འདི་ལྟར་ནས། ཐོབ་མི་འགྱུར། ཅེས་གསུངས་ཏེ། འདི་ལྟར་སངས་རྒྱས་ཀྱི་སྙིང་པོ་དེ་ནི་སེམས་ཅན་ཐམས་ཅད་ཁྱབ་པར་ཡོད་དོ་ཞེས་བྱ་བར་མ་བསྟན་ན་ཐོས་པར་ཡང་མི་འགྱུར་ལ། དེ་ལྟར་མ་ཐོས་པར་བདག་ལྟ་བུས་བླ་ན་མེད་པའི་བྱང་ཆུབ་གང་ལས་ཐོབ་སྙམ་དུ་རང་ལ་བརྙས་ཤིང་སྒྱིད་ལུགས་པའི་ཉེས་པ་ཡིས་སེམས་ནི་ཞུམ་ཞིང་ཡིད་ཆད་པ་འགའ་ཞིག་ལ་རང་གི་རང་བཞིན་དོན་དམ་པའི་སངས་རྒྱས་མངོན་སུམ་དུ་འགྱུར་བར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་ནི་སྐྱེ་བར་མི་འགྱུར་བའི་ཉེས་པ་འབྱུང་ཞིང་། ཡང་གང་ལ་ལ་ཞིག་ལ་གཞན་དོན་དུ་སངས་རྒྱས་སྒྲུབ་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཅུང་ཟད་ཙམ་སྐྱེས་པས་ཀྱང་། བདག་ནི་ཐེག་པ་ཆེན་པོ་ལ་གནས་པས་མཆོག་གམ་རབ་ཅེས་བྱ་བར་རློམ་ཞིང་སེམས་ཁེངས་པ་ན། གཞན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་ལ་དེ་བཞིན་ཉིད་ཡོད་པར་མ་ཤེས་པས་འདི་དག་ནི་དམན་པའོ་སྙམ་པའི་འདུ་ཤེས་རབ་ཏུ་འཇུག་པའི་ཉེས་པ་འབྱུང་ལ། དེ་ལྟར་སངས་རྒྱས་ཀྱི་སྙིང་པོ་མེད་པར་སེམས་པའི་གང་ཟག་དེ་ལ་ནི་སྒྲོ་འདོགས་སྐུར་འདེབས་དང་བྲལ་བ་ཡང་དག་པའི་ཤེས་པ་མི་སྐྱེ་བ་དེས་ན་ཡང་དག་པ་མིན་པ་ཀུན་རྫོགས་གློ་བུར་གྱི་དྲི་མ་རྣམས་བདེན་པར་ཡོད་པར་འཛིན་ཅིང་སྒྲོ་འདོགས་པའི་ཉེས་པ་དང་། ཡང་དག་པའི་དོན་ཆོས་གྱི་དབྱིངས་དོན་དམ་པའི་ཡོན་ཏན་དང་བཅས་པ་ལྷུན་གྱིས་གྲུབ་པར་གནས་པ་ནི་རིགས་པར་མི་འགྱུར་བས་སྐུར་པ་འདེབས་པའི་ཉེས་པའང་འབྱུང་སྟེ། ལེགས་པར་དཔྱད་ན་རྒྱུ་དང་རྐྱེན་གྱིས་བཅོས་མ་དང་སྤང་རུད་གློ་བུར་བ་ཉིད་ཡིན་པའི་ཕྱིར་སེམས་ཅན་གྱི་སྐྱོན་གློ་བུར་གྱི་དྲི་མ་དེ་ཡང་དག་པར་ཡོད་པ་ཉིད་མིན་ཞིང་ཡང་དག་པར་ན་ཉེས་པ་གློ་བུར་བདེ་གང་ཟག་དང་ཆོས་ཀྱི་བདག་གཉིས་སུ་མེད་པའི་ཕྱིར་སྟོབས་ལ་སོགས་པའི་དོན་དམ་པའི་ཡོན་ཏན་རྣམས་རང་བཞིན་གྱིས་རྣམ་པར་དག་པར་ཡོད་པ་ཉིད་ཡིན་ནོ། །དེ་ལྟར་ཡང་དག་པ་མིན་པའི་ཉེས་པ་གློ་བུར་བ་རྣམས་རང་བཞིན་དུ་ཡོད་པར་འཛིན་ཅིང་སྒྲོ་འདོགས་ལ། ཡང་དག་པའི་ཡོན་ཏན་དང་བཅས་པའི་ཆོས་ཀྱི་དབྱིངས་གདོད་མ་ནས་ལྷུན་གྱིས་གྲུབ་པར་གནས་པ་ལ་མེད་དོ། །ཞེས་སྐུར་བ་འདེབས་པས་
(༩༤)ན་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་དང་སེམས་ཅན་ནི་རང་བཞིན་དོན་དམ་པའི་སངས་རྒྱས་སུ་མཚུངས་པར་མཐོང་བའི་བྱམས་པ་ཆེན་པོ་ཐོབ་པར་མི་འགྱུར་ཞིང་། བདག་ལ་ཆགས་པ་ལྷག་པའི་ཉེས་པ་རྣམས་འབྱང་ངོ་། །ཞེས་པ་སྟེ། དེ་བས་ན་ཉེས་པ་དེ་དག་སྤང་བའི་དོན་དུ་ཆོས་ཀྱི་དབྱིངས་གསལ་བར་བསྟན་པ་ཡིན་ནོ། །སྐབས་འདིར་རྗེ་མི་སྐྱོད་རྡོ་རྗེས། འདི་ལ་གངས་ཅན་གྱི་མཁས་པ་འགའ། རྒྱུད་བླ་མར་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ལ་ཡོད་ཅེས་གསུངས་པ་དེ་དྲང་བའི་དོན་ཡིན་ལ། ཅིའི་ཕྱིར་ན་དགོས་པ་སྐྱོན་ལྔ་སྤངས་པའི་ཕྱིར་གསུངས་པར་འདོད་ལ། དེ་ལྟར་ན་སྐྱོན་ལྔ་སྤངས་མི་དགོས་པར་འགྱུར་ཏེ། སེམས་ཅན་དམན་པ་ལ་བརྙས་པ་ན་ཡང་སྐྱོན་མིན་དེ། སེམས་ཅན་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་དང་། ཡང་དག་པར་བདེ་གཤེགས་སྙིང་པོར་ཆོས་འཛིན་པ་ལ་དགོས་པ་མེད་དེ། དེ་དྲང་བའི་དོན་ཡིན་པ་དང་། ཆོས་སྐུ་བདེ་གཤེགས་སྙིང་པོ་ལ་སྐུར་པ་བཏབ་པའང་སྐྱོན་མེད་དེ། ཡེ་ནས་མེད་པ་ལ་སྐུར་འདེབས་ཀྱི་མཐར་མི་ལྷུང་བས་གནས་ཚུལ་བརྗོད་པའི་ཕྱིར་དང་། སེམས་ཞུམ་པའང་འོས་པར་འགྱུར་ཏེ། བདེ་གཤེགས་སྙིང་པོ་རང་རྒྱུད་ལ་མེད་པས། སེམས་མི་ཞུམ་པའི་འཛིན་སྟངས་འཆད་པའང་དོན་ལ་མི་གནས་པའི་འཛིན་པ་ཡིན་པས་སོ། །གཞན་ཡང་དེ་ལྟར་བྱས་ན། འཕགས་པ་ཐོགས་མེད་ལ་སོགས་པའང་ཚད་ལྡན་གྱི་སྐྱེས་བུར་མི་འགྱུར་ཏེ། བཅོམ་ལྡན་འདས་དང་། བྱམས་པ་ལ་སོགས་ཀྱི་གསུངས་དགོས་པ་དང་དངོས་ལ་གནོད་བྱེད་ཡོད་པའི་དམ་པའི་ཆོས་རྣམས་ལུགས་འདིར་དགོངས་པ་ཅན་མིན་པར་བཀྲལ་བས་སོ། །དེས་ན་འཕགས་པ་ཐོགས་མེད་སྐྱོབ་ལ་འགོམ་པར་ནུས་པའི་རྗེས་སུ་འབྲང་བར་མི་ནུས་པས། ཁོ་བོ་ཅག་རྣམས་ནི་འཕགས་པ་ཉིད་ཀྱི་རྗེས་སུ་འབྲང་བར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། འདི་ལྟར་ནས། མྱུར་དུ་འཐོབ། ཅེས་གསུངས་ཏེ། འདི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་དེ་ནི་སེམས་
(༩༥)ཅན་ཐམས་ཅད་ལ་ཁྱབ་པར་ཡོད་དོ་ཞེས་བྱ་བར་ངེས་པའི་དོན་གྱི་གསུང་རབ་རྣམས་ལས་བསྟན་ཅིང་གདུལ་བྱར་གྱུར་པ་རྣམས་ཀྱིས་ལེགས་པར་ཐོས་པ་ལས། རང་གི་རང་བཞིན་མངོན་སུམ་དུ་གྱུར་པ་ནི་བྱང་ཆུབ་ཆེན་པོའོ་སྙམ་པས་ལམ་གྱི་དཀའ་སྤྱད་ལ་སྤྲོ་བ་དང་། གཞན་གྱི་རང་བཞིན་ཡང་སངས་རྒྱས་སུ་ཤེས་པས་སྟོན་པ་ཇི་ལྟ་བ་བཞིན་དུ་གུས་པ་དང་། ཀུན་རྫོབ་གློ་བུར་གྱི་དྲི་མ་བདག་གཉིས་སུ་མེད་པ་ལ་མེད་པར་ཤེས་པའི་ཤེས་རབ་དང་། དོན་དམ་ཆོས་ཀྱི་དབྱིངས་རང་བཞིན་དུ་ཡོད་པ་ལ་ཡོད་པར་ཤེས་པའི་ཡེ་ཤེས་དང་། བདག་གཞན་གྱི་རང་བཞིན་སངས་རྒྱས་སུ་མཚུངས་པར་མཐོང་བ་ལས་གཞན་ལ་ཕན་པར་འདོད་པའི་བྱམས་པ་ཆེན་པོ་རྣམས་སྐྱེ་ཞིང་། དེ་ལྟར་ཡོན་ཏན་ཀྱི་ཆོས་ལྔ་སྐྱེས་པའི་ཕྱིར་ཕན་ཡོན་དེ་དག་ལས་ནི་སེམས་ཞུམ་པ་ལ་སོགས་པ་ཁ་ན་མ་ཐོ་བ་མེད་ཅིང་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཚུངས་པར་ལྟ་སྟེ། སྐྱོན་བློ་བུར་གྱི་དྲི་མ་རྣམས་མེད་ཅིང་ཡོན་ཏན་རང་བཞིན་གྱིས་དག་པ་དང་ལྡན་པ་རྣམས་ཡོད་པར་རྟོགས་པ་དང་། བདག་ཉིད་དང་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཚུངས་པར་མཐོང་བའི་བྱམས་པ་ཆེན་པོ་དེ་ལས་ལམ་རིམ་གྱིས་བསྒྲུབས་པས་འབྲས་བུ་དོན་གཉིས་མཐར་ཕྱིན་པ་བླ་ན་མེད་པའི་སངས་རྒྱས་ཉིད་ནི་གདོན་མི་ཟ་བར་མྱུར་དུ་འཐོབ་པར་འགྱུར་རོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། རྟོགས་བྱའི་གཞི་དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་སྟེ། ལེ་འུ་དང་པོའི་རྣམ་པར་བཤད་པ་གྲུབ་བོ། །སྤྱི་དོན་གཉིས་པ་རྟོགས་པ་བྱང་ཆུབ་བསྟན་པ་ལ་གསུམ། བཤད་བྱ་དོན་གྱི་ངོ་བོ་མདོར་བསྟན། འཆད་ཚུལ་སྡོམ་བསྡུ། དེ་དག་སྦྱར་ཏེ་རྒྱས་པར་བཤད་པའོ། །དང་པོ་ནི། དག་ཐོབ་ནས། ཇི་ལྟ་ཉིད། ཅེས་གསུངས་ཏེ། ལམ་མཐར་བྱིན་པའི་འབྲས་བུ་རྟོགས་པའི་ངོ་བོ་བྱང་ཆུབ་དེ་ནི་ཁྱད་པར་གྱི་ཆོས་བརྒྱད་དང་ལྡན་ཏེ། སྒྲིབ་པས་དག་པ་དང་། ལམ་
(༩༦)སྒོམ་སྟོབས་ཀྱིས་ཐོབ་པ་དང་། སྤང་བྱ་དང་བྲལ་བ་དང་། རང་གཞན་གྱི་དོན་བསྒྲུབ་པ་དང་། དེའི་རྟེན་སྟོབས་སོགས་དང་ལྡན་པ་དང་། ཟབ་པ་ཆོས་སྐུ་དང་རྒྱ་ཆེ་བ་ལོངས་སྐུ་དང་བདག་ཉིད་ཆེན་པོ་སྤྲུལ་སྐུ་རྣམས་ཀྱི་དབྱེ་བ་དང་། འཁོར་བ་ཇི་སྲིད་དུ་གནས་པ་དུས་དང་། ཆོས་ཉིད་ཇི་ལྟ་བའི་རང་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ནི། ངོ་བོ་ནས། རྣམ་པར་བཞག །ཅེས་གསུངས་ཏེ། དེ་ལྟར་ན་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལས་སྤང་བྱ་གློ་བུར་གྱི་དྲི་མ་དང་བྲལ་བ་དག་པ་གཉིས་ལྡན་ངོ་བོ་ཉིད་ཀྱི་དོན་དང་། དེ་ཐོབ་པར་བྱེད་པ་མཉམ་བཞག་དང་རྗེས་ཐོབ་ཀྱི་ལམ་ཉམས་སུ་ལེན་པ་རྒྱུའི་དོན་དང་། ལམ་བསྒོམས་པ་ལས་སྒྲིབ་པ་གཉིས་ཀྱི་དྲི་མ་དང་བྲལ་བ་འབྲས་བུའི་ཡོན་ཏན་རྣམས་དང་ལྡན་པའི་དོན་དང་། སྒྲིབ་པ་སྤངས་པ་ལས་རང་གཞན་གྱི་དོན་གཉིས་འགྲུབ་བར་བྱེད་པ་ལས་ཀྱི་དོན་དང་། དེ་དག་གི་རྟེན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་དང་ལྡན་པའི་དོན་དང་། དེ་ཡང་ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་སྟེ་སྐུ་གསུམ་གྱི་རབ་ཏུ་དབྱེ་པས་འཇུག་པའི་དོན་དང་། དེ་རྣམས་ཀྱང་འགྲོ་བ་དང་ནམ་མཁའ་ཇི་སྲིད་པར་རྟག་པའི་དོན་དང་། མཐར་ཕྱིན་པ་ཇི་ལྟ་བའི་ཚུལ་ནི་ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་དོན་ཏེ། དོན་བརྒྱད་པོ་རྣམས་ཉིད་ཀྱིས་འབྲས་བུ་མཐར་ཐུག་པ་སངས་རྒྱས་ཀྱི་སར་ནི་རྣམ་པར་བཞག་པ་ཡིན་ནོ། །གསུམ་པ་ལ་བདུན། ངོ་བོ་དང་རྒྱུ་རྒྱས་པར་བཤད་པ། འབྲས་བུ། ལས། ལྡན་པ། འཇུག་པ། རྟག་པ། བསམ་གྱིས་མི་ཁྱབ་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དག་པ་འཐོབ་ཚུལ་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། རང་བཞིན་ནས། བརྟེན་ནས་འཐོབ། ཅེས་གསུངས་ཏེ། དག་པ་གཉིས་ལྡན་གྱི་སངས་རྒྱས་དེ་རང་བཞིན་གྱིས་འོད་གསལ་བའོ་ཞེས་ངེས་དོན་གྱི་ལུང་ལས་བརྗོད་པ་གང་ཡིན་པའི་བྱང་ཆུབ་དེ་ནི། ཁྱད་པར་བཞི་དང་ལྡན་ཏེ། ཡེ་ཤེས་ཉི་མ་བཞིན་དུ་རྒྱས་པ་དང་། སྤངས་པ་
(༩༧)ནམ་མཁའ་བཞིན་དུ་དག་པ་ངོ་བོ་ཉིད་ཀྱི་ཁྱད་པར་དང་། གློ་བུར་གྱི་དྲི་མ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྤྲིན་ཚོགས་སྡུག་པོ་ལྟ་བུ་ཡིས་ནི་བསྒྲིབས་པར་གྱུར་པའི་དྲི་མ་མེད་པ་སྒྲིབ་པ་སྦངས་པའི་ཁྱད་པར་དང་། དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་སོགས་ཀུན་དང་ལྡན་ལ་རྟག་བརྟན་གཡུང་དྲུང་གི་ངོ་བོར་གྱུར་པའི་སངས་རྒྱས་ཉིད་མངོན་ཏུ་གྱུར་པ་ཡོན་ཏན་ལྡན་ཚུལ་གྱི་ཁྱད་པར་དང་། བྱང་ཆུབ་དེ་ནི་མཉམ་བཞག་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་ཐོབ་ཤེས་བྱ་རྣམ་པར་འབྱེད་པའི་ཡེ་ཤེས་དག་གིས་ལམ་མ་ཉམས་སུ་བླངས་པ་ལ་བརྟེན་ནས་ཐོབ་པ་རྒྱུའི་ཁྱད་པར་སྟེ་རྣམ་པ་བཞི་དང་ལྡན་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་བཞི། ངོ་བོ་ཉིད་དང་། ཡོན་ཏན་ལྡན་པའི་ཚུལ་དང་། སྒྲིབ་པའི་དོན་དང་། དེ་བྲལ་བའི་རྒྱུའོ། །དང་པོ་ནི། སངས་རྒྱས་ནས་མཚན་ཉིད་དོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཉིད་ནི་རང་བཞིན་རྣམ་པར་དག་པའི་ངོ་བོ་ཐམས་ཅད་དབྱེར་མེད་པས་གནས་པ་ལས་མཐར་གློ་བུར་གྱི་དྲི་མ་དང་ཡང་བྲལ་ནས་དག་པ་གཉིས་དང་ལྡན་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་ཉི་མ་རང་བཞིན་གྱིས་འོད་གསལ་བ་དང་། ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱི་རང་བཞིན་དབྱེད་མེད་པའི་ཡོན་ཏན་འོད་གསལ་བའི་རྟོགས་པ་དང་སྒྲིབ་པ་གཉིས་རྣམ་པར་དག་པའི་སྤངས་པ་སྟེ་སྤངས་རྟོགས་ཕུན་སུམ་ཚོགས་པ་གཉིས་ཀྱི་མཚན་ཉིད་དང་ལྡན་པ་ཉིད་དོ། །གཉིས་པ་ནི། འོད་གསལ་ནས། ལྡན་པ་ཉིད། ཅེས་གསུངས་ཏེ། ཟག་པ་མེད་པའི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་ཆོས་སྐུ་དེ་ནི་རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་བྱས་པ་མིན་ཞིང་། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་དུ་དབྱེར་མེད་པར་འཇུག་པ་ཅན་ཡང་ཡིན་ལ། དེ་ཉིད་ཆུབ་བོ་གང་གཱའི་ཀླུང་གི་ནི་རྡུལ་གྱི་གྲངས་ལས་ཀྱང་འདས་ཤིང་ཚད་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་ལ་སོགས་པའི་ཆོས་རྣམས་
(༩༨)ཀུན་དང་གདོད་མ་ནས་ལྷུན་གྱིས་གྲུབ་པར་ལྡན་པ་ཉིད་ཡིན་ནོ། །གསུམ་པ་ནི། རང་བཞིན་ནས། བརྗོད་པ་ཡིན། ཅེས་གསུངས་ཏེ། དྲི་མ་རྣམས་རང་བཞིན་གྱིས་ནི་གདོད་མ་ནས་བདེན་པར་མ་གྲུབ་པའི་ཕྱིར་དང་། མ་དག་པའི་གནས་སྐབས་ཐམས་ཅད་ལ་ཁྱད་པར་བྱེད་པའི་ཕྱིར་དང་། སྤང་དུ་རུང་བས་གློ་བུར་བ་ཉིད་ཡིན་པའི་ཕྱིར་ཏེ། རྒྱུ་མཚན་གསུམ་པོ་རྣམས་ཀྱིས་ཐར་པའི་གེགས་ཉོན་མོངས་པའི་སྒྲིབ་པ་དང་། ཐམས་ཅད་མཁྱེན་པའི་གེགས་ཤེས་བྱའི་སྒྲིབ་པ་གཉིས་པོ་དག་སེམས་ཅན་གྱི་གནས་སྐབས་དེར་སྤྲིན་གྱིས་ཉི་མ་དང་ནམ་མཁའ་ལ་སྒྲིབ་པ་དང་འདྲ་བར་རང་བཞིན་འོད་གསལ་ལ་བསྒྲིབས་པར་བརྗོད་པ་ཡིན་ནོ། །བཞི་པ་ནི། སྒྲིབ་པ་ནས། ཡེ་ཤེས་འདོད། ཅེས་གསུངས་ཏེ། ཉོན་ཤེས་ཀྱི་སྒྲིབ་པ་གཉིས་པོ་དང་བྲལ་བ་ཡིས་འབྲས་བུ་རྣམ་པར་གྲོལ་བ་དང་། ཆོས་ཀྱི་སྐུ་མངོན་སུམ་དུ་བྱེད་པའི་རྒྱུ་ནི་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཡེ་ཤེས་གཉིས་ཟུད་དུ་འབྲེལ་བར་བསྒོམས་པ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཉམ་བཞག་ཏུ་ཁམས་གསུམ་པའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམས་པས་གཙོ་ཆེར་ཉོན་མོངས་པའི་སྒྲིབ་པ་སྦྱོང་བ་དང་། དེ་ཡི་ནི་རྗེས་ཐོབ་ཏུ་ཟབ་པ་དང་རྒྱ་ཆེ་བ་ལ་སོགས་པ་ཤེས་བྱ་ཇི་སྙེད་པའི་དོན་རྣམ་པར་འབྱེད་པའི་ཡེ་ཤེས་བསྒོམས་པས་གཙོ་ཆེར་ཤེས་བྱའི་སྒྲིབ་པ་སྦྱོང་བས་དེ་དག་ནི་ཡེ་ཤེས་གཉིས་ཡིན་པར་འདོད་དོ། །དེ་ལ་ཤློ་ཀ་དང་པོ་གསུམ་ནི་དག་པ་གཉིས་ལྡན་ངོ་བོའི་དོན་དང་། ཕྱི་མ་གཅིག་ནི་འཐོབ་བྱེད་ཡེ་ཤེས་རྒྱུའི་དོན་བསྟན་པ་ཤེས་པར་བྱའོ། །གཉིས་པ་འབྲས་བུ་རྒྱས་པར་བཤད་པ་ལ་གཉིས། དྲི་མེད་དཔེ་ཡིས་མདོར་བསྟན། དེའི་རྒྱུ་མཚན་རྒྱས་པར་བཤད་པའོ། །དང་པོ་ལའང་གཉིས། ཉོན་སྒྲིབ་གྲོལ་འབྲས་དང་། ཤེས་སྒྲིབ་གྲོལ་འབྲས་སོ། །དང་པོ་ནི། དྲི་མེད་ནས། དེ་ཉིད་དོ། །ཞེས་གསུངས་ཏེ། དཔེར་ན་རྙོགས་པའི་དྲི་མ་མེད་ཅིང་ཆུ་མང་པོ་དང་ལྡན་ལ་རིམ་གྱིས་རྒྱས་པའི་
(༩༩)མེ་ཏོག་པདྨས་ཁྱབ་པར་ཁེབས་པའི་མཚོ་མཛེས་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་འོདད་ཆགས་ལས་རྣམ་པར་གྲོལ་བ་དང་། གཟའ་སྒྲ་གཅན་གྱི་ཁ་ནང་ནས་ཐར་བའི་ཟླ་བ་ཡོངས་སུ་རྫོགས་ཤིང་ཉ་གང་བ་ལྟ་བུ་ཉོན་མོངས་པ་ཞེ་སྡང་ལས་གྲོལ་བ་དང་། སྤྲིན་གྱི་ཚོགས་སྟུག་པོ་དང་འདྲ་བའི་ཉོན་མོངས་གཏི་མུག་གི་ཉེས་པ་ལས་རྣམ་པར་གྲོལ་བའི་རྒྱུ་མཚན་གྱིས་ཉི་མའི་དཀྱིལ་འཁོར་འོད་གསལ་བ་ལྟ་བུར་ནི་གློ་བུར་དྲི་མ་མེད་ཅིང་སྤངས་རྟོགས་ཕུན་སུམ་ཚོགས་པའི་ཡོན་ཏན་མཐར་ཐུག་པ་རྣམས་དང་ལྡན་པའི་ཕྱིར་ཇི་ལྟ་བ་དང་ཇི་སྙེད་པ་གཟིགས་པའི་འོད་ཟེར་གྱི་སྣང་བ་དང་ལྡན་པའི་རྫོགས་པའི་སངས་རྒྱས་དེ་ཉིད་དོ། །གཉིས་པ་ནི། ཐུབ་པ་ནས། རྒྱལ་བ་ཉིད། ཅེས་གསུངས་ཏེ། ཇི་ལྟར་ན་པདྨའི་སྦུབས་ལས་གྲོལ་བའི་ཐུབ་པ་ཁྱུ་མཆོག་སངས་རྒྱས་ཀྱི་སྐུ་དང་། སྦྲང་མ་དང་བྲལ་བའི་སྦྲང་རྩི་དང་། སྦུན་པ་དང་བྲལ་བའི་སྙེང་པོ་དང་། ལྗན་ལྗིན་དང་བྲལ་བའི་རིན་ཆེན་གསེར་དང་། ས་འོགས་དང་བྲལ་བའི་གཏེར་དང་། ས་བོན་ལས་སྐྱེས་པའི་ལྗོན་པ་དང་། གོས་ཧྲུལ་དང་བྲལ་བའི་དྲི་མ་མེད་པའི་རིན་ཆེན་ལས་གྲུབ་པའི་བདེ་གཤེགས་ཀྱི་སྐུ་དང་ནི། མངལ་ནས་བཙས་པའི་ས་བདག་འཁོར་བསྒྱུར་དང་། ས་འདམ་དང་བྲལ་བའི་གསེར་གྱི་གཟུགས་བརྙན་དང་འདྲ་བ་བཞིན་དུ་སྤང་བྱ་ཤེས་བྱའི་སྒྲིབ་པ་མཐའ་དག་ལས་རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་གསུམ། མཉམ་བཞག་དང་རྗེས་ཐོབ་ཀྱིས་ཐོབ་པའི་འབྲས་བུ། དུག་གསུམ་མ་དག་པའི་འབྲས་བུ། དོན་དཔེ་དགུ་དང་སྦྱར་བའོ། །དང་པོ་ནི། ཆུ་མཚོ་ནས། ཡིན་པར་བསྟན། ཅེས་གསུངས་ཏེ། དྲི་མེད་ཆུ་ལྡན་གྱི་མཚོ་སོགས་ཁྱད་ཆོས་གསུམ་དང་ལྡན་པ་བཞིན་དུ་འོདད་ཆགས་སོགས་གློ་བུར་གྱི་ཉོན་མོངས་པ་གསུམ་དག་ནས་བསམ་གཏན་སོགས་གཉེན་པོ་གསུམ་ཐོབ་
(༡༠༠)པའི་ཐབས་ནི་མདོར་བསྡུ་ན། མཉམ་བཞག་མི་རྟོག་པའི་ཡེ་ཤེས་ཀྱི་བྲལ་བའི་འབྲས་བུ་ཡིན་པར་རབ་ཏུ་བརྗོད་ལ། ཤེས་སྒྲིབ་སྤངས་པས་ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་ནི་ངེས་པར་ཐོབ་པའི་ཐབས། མཉམ་བཞག་དེའི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཐོས་སོགས་གོམས་པ་བྱས་པ་ཡི་འབྲས་བུ་ཡིན་པར་བསྟན་ཏོ། །གཉིས་པ་ནི། འོདད་ཆགས་ནས། ཉི་མ་བཞིན། ཅེས་གསུངས་ཏེ། རང་གི་རྒྱུད་ལ་ཁམས་གསུམ་པའི་རྗེས་སུ་ཆགས་པའི་འདོད་ཆགས་སེམས་རྙོགས་པར་བྱེད་པའི་རྡུལ་དང་འདྲ་བ་རྣམས་ནི་མ་ལུས་པར་སྤངས་པའི་ཕྱིར་དང་། གདུལ་བྱ་གཞན་མང་པོ་ཡི་ནི་རྒྱུད་མེ་ཏོག་པདྨ་དང་འདྲ་བ་ལ་ཆོས་བསྟན་པས་བསམ་གཏན་ཏིང་ངེ་འཛིན་གྱི་ཆུ་ནི་འབབ་ཅིང་ཞི་གནས་ལྷག་མཐོང་གིས་བརླན་པར་བྱེད་པའི་ཕྱིར་དང་། དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ་ནི་ཆུ་དག་པས་ཡོངས་སུ་གང་ཞིང་པདྨ་མང་པོས་ཁེབས་པའི་རྫིང་བུ་ཡིད་དུ་འོང་བ་དང་མཚུངས་པ་ཡིན་ལ། རང་གི་རྒྱུད་ཡིད་དུ་མི་འོང་བ་ལ་ཀུན་ནས་མནར་སེམས་པའི་ཞེ་སྡང་གདུག་པ་ཅན་སྒྲ་གཅན་ལྟ་བུའི་སྒྲིབ་པ་ལས་རྣམ་པར་གྲོལ་བས་གཞན་རྒྱུད་ལ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང་། ཕན་པ་དང་ཕྲད་པར་འོདད་པའི་བྱམས་པ་ཆེན་པོ་འོད་ཟེར་དང་འདྲ་བ་རྣམས་ཀྱིས་གདུལ་བྱའི་འགྲོ་བ་མཐའ་དག་ལ་ཁྱབ་པར་མཛད་དེ་རྗེས་སུ་འཛིན་པའི་ཕྱིར་ན་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ་ནི་དྲི་མ་མེད་པའི་ཟླ་བ་ཉ་གང་བ་གཟའ་ལས་ཐར་བ་ཇི་ལྟ་བ་བཞིན་ཡིན་པ་དང་། རང་གི་རྒྱུད་ཁམས་གསུམ་པའི་མི་ཤེས་པ་གཏི་མུག་སྤྲིན་གྱི་ཚོགས་སྟུག་པོ་དང་འདྲ་བའི་སྒྲིབ་པ་ལས་རྣམ་པར་གྲོལ་པས་གདུལ་བྱའི་འགྲོ་བཤ་ིན་ཏུ་མང་བར་དེ་དག་གི་རྒྱུད་དང་མཐུན་པར་ཆོས་བསྟན་པས་ཡེ་ཤེས་ཀྱི་འོད་ཟེར་རྣམས་ཀྱིས་ཤེས་པའི་མུན་པ་མཐའ་དག་
(༡༠༡)
(༡༠༡)སེལ་བར་མཛད་པའི་ཕྱིར། དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་ཉིད་དེ་ནི་དྲི་མ་མེད་ཅིང་འོད་གསལ་བའི་ཉི་མ་སྤྲིན་ལས་གྲོལ་བ་ཇི་ལྟ་བ་བཞིན་ནོ། །གསུམ་པ་ནི། མི་མཉམ་ནས། རྒྱལ་གསེར་བཞིན། ཅེས་གསུངས་ཏེ། དག་པ་གཉིས་ལྡན་མཐར་ཕྱིན་གྱི་བྱང་ཆུབ་དེ་ནི་གཞན་གང་དང་ཡང་མི་མཉམ་ཞིང་སངས་རྒྱས་ཁོ་ན་དང་མཉམ་པའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་ཕྱིར་དང་དམ་པའི་ཆོས་ཟབ་མོའི་རོབ་བཅུད་ཕུན་སུམ་ཚོགས་པ་ནི་གདུལ་བྱའི་སྐྱེ་བོ་ལ་སྦྱིན་པར་མཛད་པའི་ཕྱིར་དང་། སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་ཤུན་པ་དང་ནི་བྲལ་བའི་ཕྱིར། གོ་རིམ་བཞིན་པདྨ་ལས་འཐོན་པའི་བདེ་བར་གཤེགས་པ་དང་། སྦྲང་མ་དང་བྲལ་བའི་སྦྲང་རྩི་དང་། སྤུན་པ་ལས་བྱུང་བའི་འབྲས་བུའི་སྙིང་པོ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་ཏུ། རང་བཞིན་གྱིས་དྲི་མ་མེད་ཅིང་གློ་བུར་བའི་སྐྱོན་ལས་ཀྱང་རྣམ་པར་དག་པའི་ཕྱིར་དང་། ཡོན་ཏན་གྱི་ནོར་རྫས་ཟད་མི་ཤེས་པ་རྣམས་ཀྱིས་ནི་གདུལ་བྱའི་དབུལ་བ་དང་ཕོངས་པ་མཐའ་དག་སེལ་བར་བྱེད་པའི་ཕྱིར་དང་། གདུལ་བྱ་རྣམས་ལ་སྡུག་བསྔལ་ལས་རྣམ་པར་གྲོལ་བའི་བདེ་ཆེན་གྱི་འབྲས་བུ་སྦྱིན་པར་བྱེད་པའི་ཕྱིར་ན་མི་ གཙང ་བས་དག་པའི་གསེར་བཟང་པོ་དང་། སའི་སྦུབས་ནས་འཐོན་པའི་གཏེར་ཆེན་པོ་དང་། འབྲས་བུ་དང་བཅས་པའི་ཤིང་ལྗོན་པ་ཇི་ལྟ་བ་བཞིན་ཡིན་ལ། དགོས་འདོད་འབྱུང་བའི་རིན་ཆེན་ལྟ་བུར་ཡོན་ཏན་ཚད་མེད་པ་དང་ལྡན་པའི་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པའི་ཕྱིར་དང་། གདུལ་བྱའི་གཙོ་བོ་རྐང་གཉིས་པ་རྣམས་ཀྱི་བདག་པོའམ་འདྲེན་པ་མཆོག་ཏུ་གྱུར་པ་ལོངས་སྤྱོད་ཛོགས་པའི་སྐུ་ཐོབ་པའི་ཕྱིར་དང་། རིན་ཆེན་གསེར་ལས་བྱས་པའི་གཟུགས་བརྙན་གྱི་རྣམ་པ་ལྟ་བུར་འཕྲུལ་སྣ་ཚོགས་པའི་སྤྲུལ་པའི་སྐུ་སྟོན་པའི་ཕྱིར་ན། གོས་ཧྲུལ་དང་བྲལ་བའི་རིན་ཆེན་གྱི་སྐུ་དང་། མངལ་སྦུབས་དང་བྲལ་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ས་འདམ་དང་
(༡༠༢)བྲལ་བའི་གསེར་གྱི་གཟུགས་བརྙན་ངི་ལྟ་བ་བཞིན་ནོ། །དེའི་ཤོ་ལོ་ཀ་དང་པོས་འབྲས་བུ་མཐར་ཕྱིན་པ་དང་། གཉིས་པས་སྒྲིབ་པ་ལས་གྲོལ་བ་དང་། གསུམ་པས་སྐུ་གསུམ་ཡོངས་སུ་རྫོགས་པའི་སངས་རྒྱས་ཉིད་བསྟན་ཏོ། །གསུམ་པ་ལས་རྒྱས་པར་བཤད་པ་ལ་གཉིས། དོན་གཉིས་འགྲུབ་ཚུལ་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ངོ་བ་ཉིད་ཀྱི་ལས་དང་། ཆོས་ཐམས་ཅད་ཀྱིས་དག་པའི་ལས་སོ། །དང་པོ་ནི། ཟག་པ་མེད་ནས། མྱོང་བའི་རྒྱུ། ཞེས་གསུངས་ཏེ། ཟག་པ་བག་ཆགས་དང་བཅས་པ་ཅུང་ཟད་ཀྱང་མེད་པའི་སྤངས་པ་མཐར་ཕྱིན་པ་དང་། ཤེས་བྱ་ཇི་ལྟ་བ་དང་། ཇི་སྙེད་པ་མཐའ་དག་ལ་ཁྱབ་པའི་རྟོགས་པ་མཐར་ཕྱིན་པ་སྟེ། སྤངས་རྟོགས་ཕུན་སུམ་ཚོགས་པ་དང་ལྡན་པའི་དོན་དམ་པའི་སངས་རྒྱས་དེ་ནི་གཏན་དུ་འཇིག་པ་མེད་ཅིང་འདུས་མ་བྱས་པའི་ཆོས་ཅན་ཡིན་ཏེ། རྒ་ནད་སྐྱེ་འཆི་མེད་པས་བརྟན་པ་དང་ཞི་བ་དང་རྟག་པ་དང་འཕོ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་སངས་རྒྱས་ཐོབ་པ་ནི། རང་གི་དོན་མཐར་ཕྱིན་པར་བྱེད་ལ། དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་གནས་ཡིན་པས་གཞན་གྱི་དོན་མཐར་ཕྱིན་པར་བྱེད་དེ། ཆོས་དེ་ཉིད་དེ་ཉིད་ཀྱི་ངང་དུ་གཤེགས་པའི་སངས་རྒྱས་ནི་འདུས་མ་བྱས་ནམ་མཁའ་རང་གི་ངོ་བོ་དོན་བྱེད་པ་མ་ཡིན་ཀྱང་གཟུགས་མཐོད་བ་ལ་སོགས་པའི་གོ་འབྱེད་པས་བྱ་བ་འཇུག་པ་ཇི་ལྟ་བ་བཞིན་དུ་སྐལ་པ་དང་ལྡན་པའི་སྐྱེ་བོ་དམ་ཡི་དབང་པོ་དྲུག་མཆོག་ཏུ་གྱུར་པ་ལ་སོ་སོ་དང་མཐུན་པའི་སྤྱོད་ལམ་གྱི་དོན་ཉམས་སུ་མྱོང་ཞིང་རྟོགས་པར་འགྱུར་བའི་རྒྱུ་མཛད་པའི་ཕྱིར་རོ། །གཉིས་པ་ནི། འབྱུང་མེད་ནས། རྣམས་དང་བྲལ། ཅེས་གསུངས་ཏེ། ཀུན་རྫོབ་ཙམ་དུ་སྔོན་ཚོགས་བསགས་པའི་མཐུས་འབྱུང་བ་ལས་གྱུར་པ་མེད་པའི་གཟུགས་སྐུ་སོགས་དོན་སྣ་ཚོགས་པ་ལ་བལྟ་བ་དང་། ཐེག་ཆེན་གྱི་ཆོས་ཀྱི་གཏམ་བཟང་པོ་ནི་ གཙང ་མ་
(༡༠༣)མཉན་པ་དང་། བདེ་བར་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་ གཙང ་མ་སྣོམ་པ་དང་། འཕགས་པ་ཆེན་པོའི་ལོངས་སྤྱད་བྱ་དམ་ཆོས་ཀྱི་བདུད་རྩིའི་རོ་མྱོང་བ་དང་། ཏིང་ངེ་འཛིན་གྱི་ས་ཐོབ་པའི་ཤིན་སྦྱངས་ལས་བྱུང་བའི་རེག་བྱའི་བདེ་བ་ཉམས་སུ་མྱོང་བ་དང་། རང་གི་ངོ་བོ་ཉིད་ཀྱིས་དམ་པའི་ཆོས་ཀྱི་ཚུལ་རྟོགས་པའི་རྒྱུར་གྱུར་པའི་ཕྱིར་ན། དོན་དམ་དཔྱོད་བྱེད་ཀྱི་རིག་པས་ཞི་བ་མོར་བསམ་ན་དོན་དམ་པའི་བདེ་བ་སྦྱིན་པར་མཛད་པའི་བདེ་བར་གཤེགས་པ་ནི་ནམ་མཁའ་བཞིན་ཏུ་འབྲས་བུ་བསྐྱེད་པར་བྱེད་པའི་རྒྱུ་མཚོན་རྣམས་དང་བྲལ་ཡང་གདུལ་བྱ་ལ་དགེ་ལེགས་ཐམས་ཅད་སྐྱེད་པར་མཛད་དོ། །འདིར་རོང་ཊི་ཀ་ལས། རྒྱ་སྐད་ལ་བྷཱུ་དྷི་ཞེས་བྱ་བ་འབྱུང་མེད་དང་དབང་འབྱོར་གཉིས་ཀ་ལ་འཇུག་པས། འབྱུང་མེད་དུ་བསྒྱུར་ཡང་། དོན་དབང་འབྱོར་དུ་བསྒྱུར་ན་ལེགས་པས། དབང་འབྱོར་བའི་གཟུགས་ཀྱི་དོན་ལ་བལྟ་བ་ཞེས་བཤད་དོ། །གཉིས་པ་རྒྱས་བཤད་ལ་གསུམ། དོན་གཉིས་འགྲུབ་ཚུལ་རྣམ་དབྱེ་བཅས་སྦྱར་བསྟན། རང་དོན་ཕུན་ཚོགས་དང་། གཞན་དོན་ཕུན་ཚོགས་ཁྱད་པར་དུ་བཤད་པའོ། །དང་པོ་ནི། མདོར་ན་ནས། གནས་ཉིད་ཕྱིར། ཅེས་གསུངས་ཏེ། སྐུ་གཉིས་ཀྱི་བྱེད་ལས་མདོར་བསྡུ་ན། སློབ་ལམ་དུ་མཉམ་རྗེས་ཀྱི་ཡེ་ཤེས་གཉིས་པོའི་ལས་སུ་ཤེས་པར་བྱ་སྟེ། མཉམ་གཞག་ཏུ་ཇི་ལྟ་བ་བསྒོམས་པས་སྤངས་བྱ་ལས་རྣམ་པར་གྲོལ་བའི་སྐུ་སྤངས་པ་མཐར་ཐུག་ནི་རྫོགས་པར་ཐོབ་པ་དང་། རྗེས་ཐོབ་ཏུ་ཇི་སྙེད་པའི་ཚུལ་ལ་ཕྱིན་ཅི་མ་ལོག་པར་བསླབས་པས་ཆོས་ཀྱི་སྐུ་རྟོགས་པ་མཐར་ཐུག་ནི་ཡོངས་སུ་སྤྱོང་བར་བྱས་པའོ། །དེ་ལ་སྒྲིབ་པ་ལས་རྣམ་པར་གྲོལ་བའི་སྐུ་དང་ཡེ་ཤེས་ཀྱི་རྟེན་དུ་གྱུར་པ་ཆོས་ཀྱི་སྐུ་དག་ནི་སེ་སོར་ཟག་པ་མེད་པ་དང་ཁྱབ་པའི་རྣམ་པ་གཉིས་པོ་རེ་རེ་དང་ལྡན་ཞིང་། ཐུན་མོང་དུ་འདུས་མ་བྱས་པའི་རྣམ་པ་གཅིག་དང་ལྡན་པར་ཤེས་པར་བྱ་སྟེ། འདི་ལྟར་རྣམ་པར་གྲོལ་བའི་སྐུ་ནི་ཟག་པ་ཅུང་ཟད་ཀྱང་མེད་པའི་སྤངས་བ་དང་ལྡན་
(༡༠༤)པའི་ཕྱིར་དང་། ཆོས་ཀྱི་སྐུ་ནི་ཤེས་བྱ་མཐའ་དག་ལ་ཁྱབ་པའི་རྟོགས་པ་དང་ལྡན་པའི་ཕྱིར་དང་། གཉིས་ཀ་རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །དེ་དག་གིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཅིང་། དེ་ཉིད་དཀར་པོའི་ཆོས་ཐམས་ཅད་ཀྱི་གནས་ཉིད་ཡིན་པའི་ཕྱིར། གཞན་གྱི་དོན་ཕུན་སུམ་ཚོགས་པའང་བྱེད་དོ། །གཉིས་པ་ནི། ཉོན་མོངས་ནས། ཤེས་པར་བྱ། ཞེས་གསུངས་ཏེ། ཀློ་བུར་གྱི་ཉོན་མོངས་པ་རྣམས་ནི་བག་ཆགས་དང་བཅས་པ་མ་ལུས་པ་རྩ་བ་ནས་འགགས་ཤིང་སྤངས་པའི་ཕྱིར་རྣམ་པར་གྲོལ་བའི་སྐུ་ནི་ཟག་པ་མེད་པའི་རྣམ་པ་དང་ལྡན་པ་ཡིན་ཏེ། དེ་བཞིན་དུ་ཇི་ལྟ་བ་མཁྱེན་པ་ནི་ཕྱིན་ཅི་ལོག་ཟད་པས་ཡུལ་ལ་ཆགས་པ་མེད་པའི་ཕྱིར་དང་། ཇི་སྙེད་པ་མཁྱེན་པ་ནི་རྣམ་པ་ཐམས་ཅད་མངོན་སུམ་དུ་གྱུར་པས་ཡུལ་ལ་ཐོགས་པ་མེད་པའི་ཕྱིར་ན་ཆོས་ཀྱི་སྐུ་ནི་ཡེ་ཤེས་ཀྱི་རྟོགས་པས་ཤེས་བྱ་མཐའ་དག་ལ་ཁྱབ་པའི་རྣམ་པ་དང་ལྡན་པ་ཉིད་དུ་ འདོད་ཅིང་གཉིས་ཀའང་གཏན་དུ་འཇིག་པའམ་འགྱུར་བ་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར། རྒྱུ་རྐྱེན་གྱིས་མངོན་པར་འདུས་མ་བྱས་པའི་རྣམ་པ་དང་ལྡན་པ་ཉིད་དོ། །དེ་ལ་འཇིག་པ་མེད་པ་ཉིད་ནི་འདུས་མ་བྱས་ཀྱི་རྒྱུ་མཚན་མདོར་བསྟན་པ་སྟེ། བརྟན་པ་དང་སོགས་པའི་སྒྲས་ཞི་བ་དང་རྟག་པ་དང་འཕོ་བ་མེད་པ་རྣམས་ཀྱིས་ནི་འཇིག་པ་མེད་པ་དེ་རྒྱས་པར་བཤད་པ་ཉིད་དོ། །དེའང་ལྡོག་ཕྱོགས་ངོས་བཟུང་ནས་འཆད་པས་འདུས་བྱས་ཀྱི་དངོས་པོ་རྣམས་ལ་འཇིག་པའི་ཚུལ་རྣམ་པ་བཞིར་ཤེས་པར་བྱ་སྟེ། བརྟན་པ་ལས་བཟློགས་སྟེ་མི་བརྟན་པ་དང་། སོགས་པའི་སྒྲས་ཞི་བའི་ཟློག་པ་ལམ་ཞི་བ་དང་། རྟག་པའི་ཟློག་པ་མི་རྟག་པ་དང་། འཕོ་མེད་ཀྱི་ཟློག་པ་འཕོ་བ་རྣམས་སུ་ཡོད་པའི་ཕྱིར་རོ། །འཕོ་བ་གང་ཞེ་ན། འདུ་བྱེད་རྣམས་ཡོངས་སུ་སྨིན་ནས་རྙིང་ཞིང་རུལ་ཏེ་མྱགས་པའི་རྒ་བ་དང་། ཁམས་རྣམ་པར་འགྱུར་བ་
(༡༠༥)སྡུག་བསྔལ་བའི་ན་བ་དང་། སྲིད་པ་སྔ་མ་རྒྱུན་ཆད་ཅིང་ཕྱི་མ་འགྲུབ་པའི་སྐྱེ་བ་དང་། བསམ་གྱིས་མི་ཁྱབ་ཅིང་རྣམ་པ་སྣ་ཚོགས་པར་འགྱུར་བའི་འཆི་འཕོ་སྟེ་བཞིའོ། །རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་ལ་ནི་འཇིག་པ་བཞི་པོ་དེ་རྣམས་མེད་པའི་ཕྱིར་ན། རིམ་པ་ལྟར་བརྟན་པ་དང་། ཞི་བ་དང་། རྟག་པ་དང་། འཕོ་བ་མེད་པའི་བདག་ཉིད་ཡིན་པར་ཤེས་པར་བྱའོ། །གསུམ་པ་ནི། དྲི་མེད་ནས། རྒྱུ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལྟར་དྲི་མ་མེད་པའི་སྤངས་བ་དང་ཡེ་ཤེས་མངོན་སུམ་དུ་གྱུར་པའི་རྟོགས་པ་དེ་དག་ནི་གདུལ་བྱའི་སྐལ་པ་དང་མཐུན་པ་རྣམས་ཀྱི་རྒྱུད་ལ་དཀར་པོ་དགེ་བའི་ཆོས་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་འབྱུང་བའི་རྟེན་ནམ་གཞི་ཡིན་པའི་ཕྱིར་ན་གཞན་དོན་ཕུན་སུམ་ཚོགས་པའི་གནས་ཀྱང་ཡིན་ནོ། །དེ་ཡང་དཔེ་ཇི་ལྟར་ན་སྐྱེད་བྱེད་ཀྱི་རྒྱུ་མིན་ཅིང་གཟུགས་སོགས་ཀྱི་མཚན་མེད་པའི་ནམ་མཁའ་ནི་མིག་གི་དབང་པོས་གཟུགས་མཐོང་བ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི། རིམ་པ་བཞིན་རྣ་བས་སྒྲ་ཐོས་པ་དང་། ལ་སོགས་པའི་སྒྲས་སྣས་ཚོར་བ་དང་། ལྕེས་མྱོང་བ་དང་། ལུས་ཀྱིས་རེག་པ་དང་། ཡིད་ཀྱིས་རྟོག་པའི་གོ་འབྱེད་པའི་སྒོ་ནས་རྒྱུ་ནས་རྒྱུ་ཡིན་པར་འཇོག་པ་ལྟར། དོན་དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་གཉིས་པོ་མཐོང་བ་ལ་སྒྲིབ་པ་མེད་པར་འགྱུར་བའི་སྦྱོར་ལམ་ཉམས་སུ་བླངས་པ་ལས་བློ་གྲོས་ཟབ་ཅིང་བརྟན་པ་རྒྱལ་བའི་སྲས་སྐལ་པ་དང་ལྡན་པ་རྣམས་ཀྱི་དབང་པོ་དྲུག་མཆོག་ཏུ་གྱུར་པའི་སྤྱོད་ཡུལ་གྱི་དོན་ལ་ཀུན་རྫོབ་ཏུ་གཟུགས་ཀྱི་སྐུ་མཐོང་བ་ལ་སོགས་པའི་དབང་གིས་མཚན་དང་དཔེ་བྱད་ལ་སོགས་པ་ཟག་པ་མེད་པའི་ཡོན་ཏན་སྐྱེ་བའི་རྒྱུ་བྱེད་ཅིང་། དོན་དམ་དུ་ཆོས་སྐུ་མཐོང་བ་ལ་སོགས་པས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཟག་པ་མེད་པའི་ཡོན་ཏན་མཐའ་ཡས་པ་དག་མངོན་སུམ་དུ་སྐྱེ་བ་ཡི་ནི་རྒྱུ་བྱེད་པ་ཡིན་ནོ། །བཞི་པ་ལྡན་པའི་དོན་ལ་གཉིས།
(༡༠༦)མིང་གི་རྣམ་གྲངས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། བསམ་མེད་ནས། དྲི་མ་མེད། ཅེས་གསུངས་ཏེ། ཐོས་པ་ལ་སོགས་པས་བསམ་དུ་མེད་པ་ཉིད་དང་། སྐྱེ་བ་མེད་པས་རྟག་པ་དང་། རྒ་བ་མེད་པས་བརྟན་པ་དང་། ན་བ་མེད་པས་ཞི་བ་དང་། འཆི་བ་མེད་པས་གཡུང་དྲུང་ཉིད་དང་། སྡུག་བསྔལ་མེད་པས་རབ་ཏུ་ཞི་བ་དང་། ཇི་སྙེད་པ་མཁྱེན་པས་ཤེས་བྱ་ལ་ཁྱབ་པ་དང་། ཇི་ལྟ་བ་མཁྱེན་པས་རྟོག་པ་དང་བྲལ་བ་དང་། ཉོན་མོངས་པའི་སྒྲིབ་པ་སྤངས་པས་ནམ་མཁའ་བཞིན་དུ་ཆགས་པ་མེད་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པས་ཡུལ་དུས་ཀུན་ཏུ་ཐོགས་པ་མེད་པ་དང་། སྙོམས་འཇུག་གི་སྒྲིབ་པ་སྤངས་པས་རྩུབ་པའི་རེག་བྱ་སྤངས་པ་ཉིད་དང་། གཟུགས་དང་བྲལ་བས་བལྟར་མེད་པ་དང་། མཚན་མ་དང་བྲལ་བས་གཟུང་དུ་མེད་པ་དང་། རང་བཞིན་གྱིས་དག་པས་དགེ་བ་དང་། གློ་བུར་གྱི་དྲི་མ་དག་པས་དྲི་མ་མེད་པ་ཉིད་དེ། དོན་དམ་པའི་ཡིན་ཏན་གྱི་རྣམ་གྲངས་བཅོ་ལྔ་དང་ལྡན་པ་དེ་ནི་བྱང་ཆུབ་ཆེན་པོ་ཐོབ་པའི་སངས་རྒྱས་ཉིད་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཡོན་ཏན་གང་ལ་ལྡན་ཚུལ་གྱི་མདོར་བསྟན། ལྡན་པའི་ཡོན་ཏན་ངེས་བར་བྱ་བའོ། །དང་པོ་ནི། རྣམ་གྲོལ་ནས། ཡོན་ཏན་ལྡན། ཅེས་གསུངས་ཏེ། སྤངས་བ་དང་རྟོགས་པའི་བདག་ཉིད་རྣམ་པར་གྲོལ་བའི་སྐུ་དང་། ཆོས་ཀྱི་སྐུ་གཉིས་པོ་དག་གིས་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་བསྟན་ཏེ། སྤང་བྱའི་འཆིང་བ་མཐའ་དག་ལས་རྣམ་པར་གྲོལ་བ་རང་གི་དོན་འགྲུབ་ཅིང་། རྟོགས་པའི་ཆོས་སྐུའི་ཡོན་ཏན་ལ་བརྟེན་པའི་ཕྲིན་ལས་ཀྱིས་གཞན་དོན་འགྲུབ་པའི་ཕྱིར་རོ། །དེ་ལྟར་རང་གི་དོན་དང་གཞན་གྱི་དོན་གཉིས་ཀ་འགྲུབ་པའི་རྟེན་དུ་གྱུར་པའི་སྐུ་གཉིས་པོ་ད་ལ་ནི་བློས་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཡོན་ཏན་གྱི་ཆོས་བཅོ་ལྔ་དང་ལྡན་པར་ཤེས་པར་བྱའོ། །གཉིས་པ་ལའང་གཉིས། ཟབ་པའི་རྒྱུ་མཚན་རྒྱས་པར་བཤད་པ་དང་།
(༡༠༧)ཕྱི་མ་རྣམས་ཀྱི་རྒྱུ་མཚན་བཤད་པའོ། །དེའི་དང་པོ་ལ་གསུམ། བསམ་མི་ཁྱབ་ཚུལ་སྤྱིར་བསྟན། ཁྱད་པར་རྒྱས་པར་བཤད། རྒྱུ་མཚན་དཔེ་དང་སྦྱར་བའོ། །དང་པོ་ནི། ཐམས་ཅད་ནས། རྟོགས་པར་བྱ། ཞེས་གསུངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་སངས་རྒྱས་ཀྱི་བྱང་ཆུབ་ནི། ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་རབ་གསུམ་གྱི་སྤྱོད་ཡུལ་དུ་མིན་པའི་ཕྱིར་ན་མཐར་ཐུག་པ་ཡེ་ཤེས་ཀྱི་སྐུ་དེ་སངས་རྒྱས་ལས་གཞན་པའི་ལུས་ཅན་རྣམས་ཀྱིས་ནི་འདིའོ་ཞེས་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པར་རྟོགས་པར་བྱའོ། །ཞེས་སམ། ཡང་ན། ཡེ་ཤེས་ལུས་ཅན་འཕངས་པ་འོག་མ་རྣམས་ཀྱིས་བསམ་གྱི་མི་ཁྱབ་པར་རྟོགས་པར་བྱ་ཞེས་པའོ། །གཉིས་པ་ནི། ཕྲ་ཕྱིར་ནས། ཡུལ་མ་ཡིན། ཅེས་གསུངས་ཏེ། དོན་དམ་པའི་སངས་རྒྱས་དེ་ནི་ཤིན་ཏུ་ཆོས་ཕྲ་ཞིང་རྟོགས་པར་དཀའ་བའི་ཕྱིར་ན་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་སྤྱོད་ཡུལ་དུ་གྱུར་པ་མིན་ཏེ། དེ་བཞིན་དུ་དོན་དམ་པའི་བདེན་པ་སོ་སོ་རང་རིག་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ན་བསམ་བྱུང་གི་ཤེས་རབ་དང་། ཆོས་ཉིད་དེ་བཞིན་ཉིད་ཟབ་ཅིང་གཏིང་དཔག་དཀའ་བའི་ཕྱིར་འཇིག་རྟེན་པའི་སྒོམ་པ་ལས་བྱུང་བའི་ཤེས་རབ་ལ་སོགས་པ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ནོ། །གསུམ་པ་ནི། གང་ཕྱིར་ནས། འཕགས་པས་ཀྱང་། ཞེས་གསུངས་ཏེ། དེ་ལྟར་རྟོགས་པར་དཀའ་བའི་རྒྱུ་མཚན་གང་གི་ཕྱིར་ཞེ་ན། གཟུགས་སྣ་ཚོགས་པ་ལ་དམུས་ལོང་རྣམས་ཀྱིས་སྔར་ཅུང་ཟད་ཀྱང་མཐོང་མ་མྱོང་བ་ཇི་ལྟ་བ་བཞིན་དུ། བྱིས་པ་སོ་སོའི་སྐྱེ་བོ་མ་ལུས་པས་དྲི་མ་མེད་པའི་དེ་བཞིན་ཉིད་དེ་སྔོན་ཅུང་ཟད་ཀྱང་མངོན་སུམ་དུ་མཐོང་མ་མྱོང་བའི་ཕྱིར་དང་། བཙས་མ་ཐག་པའི་ཁྱིམ་ན་གནས་པའི་བུ་ཆུང་གིས་ཉི་མའི་འོད་ཟེར་གྱི་གཟུགས་ཅུང་ཟད་མཐོང་ཡང་ཡོངས་སུ་རྫོགས་པར་བལྟ་
(༡༠༨)མི་ནུས་པ་བཞིན་དུ། རྒྱལ་སྲས་འཕགས་པ་ས་བཅུ་པ་ལ་གནས་པས་ཀྱང་ཆོས་ཀྱི་སྐུ་ཅུང་ཟད་མངོན་སུམ་དུ་མཐོང་ཡང་། ཡོངས་སུ་རྫོགས་པར་མངོན་སུམ་དུ་བལྟ་མི་ནུས་པའི་ཕྱིར་རོ། །གཉིས་པ་ཕྱི་མ་རྣམས་ཀྱི་རྒྱུ་མཚན་བཤད་པ་ལ་གསུམ། མི་འགྱུར་པའི་ཡོན་ཏན། སྤངས་རྟོགས་ཀྱི་ཡོན་ཏན། དག་པའི་ཡོན་ཏན་བཤད་པའོ། །དང་པོ་ནི། སྐྱེ་དང་ནས། གནས་ཕྱིར་རོ། །ཞེས་གསུངས་ཏེ། དྲི་མ་མེད་པའི་སངས་རྒྱས་དེ་གདོད་མ་ནས་རྒྱུ་རྐྱེན་ལས་སྐྱེ་བ་དང་བྲལ་བའི་ཕྱིར་རྟག་པའི་ཡོན་ཏན་དང་ལྡན་པ་སྟེ། གང་ལ་སྐྱེ་བ་མེད་པ་དེ་ལ་འགག་པ་མེད་པའི་ཕྱིར་ན་བརྟན་པའི་ཡོན་ཏན་དང་ལྡན་པ་ཡིན་ཅིང་། སྐྱེ་འགག་གཉིས་ཀྱིས་མ་ཞི་བར་བྱེད་པ་མེད་པའི་ཕྱིར་ན་སངས་རྒྱས་དེ་ཞི་བའི་ཡོན་ཏན་དང་ལྡན་པ་སྟེ། དེ་བས་ན་གཡུང་དྲུང་གི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཆོས་ཉིད་རང་བཞིན་གྱིས་མྱ་ངན་ལས་འདས་པ་གདོད་མ་ནས་གནས་ཤིང་འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། རབ་ཞི་ནས། བྲལ་བ་ཡིན། ཅེས་གསུངས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་དེ་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བའི་བདེ་བ་ཆེན་པོའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། སྤང་བྱ་མ་ལུས་པ་འགགས་པའི་འགོག་པའི་བདེན་པ་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར་ན་ཇི་སྙེད་པ་མཁྱེན་པའི་ཤེས་བྱ་མཐའ་དག་ལ་ཁྱབ་པའི་ཡོན་ཏན་དང་ལྡན་པ་ཉིད་ཡིན་ཞིང་། དམིགས་པ་དང་མཚན་མ་གང་ལ་ཡང་གནས་པ་མེད་པའི་ཕྱིར་ན། ཇི་ལྟ་བ་མཁྱེན་པ་རྟོག་པ་མེད་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ་དག་ནི་བདེ་བ་དང་རྟོགས་པའི་ཁྱད་པར་རོ། །གཞན་ཐར་པའི་གེགས་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཇི་ལྟ་བའི་དོན་ལ་ཆགས་པ་མེད་པའི་ཡོན་ཏན་དང་། ཐམས་ཅད་མཁྱེན་པའི་གེགས་ཤེས་བྱའི་སྒྲིབ་པ་ཀུན་མ་ལུས་པ་རྣམ་པར་དག་པའི་ཕྱིར་ཇི་སྙེད་པའི་དོན་ལ་ཐམས་ཅད་དུ་ནི་ཐོགས་པ་མེད་པའི་ཡོན་ཏན་དང་།
(༡༠༩)བྱིང་རྒོད་གཉིས་ལ་སོགས་པའི་སྙོམས་འཇུག་གི་སྒྲིབ་པ་མེད་པས་ལུས་སེམས་འཇམ་ཞིང་ཏིང་ངེ་འཛིན་ལས་སུ་རུང་བའི་ཕྱིར་རྩུབ་པའི་རེག་བྱ་དང་བྲལ་བའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །གསུམ་པ་ནི། དེ་གཟུགས་ནས། སྤངས་ཕྱིར་རོ། །ཞེས་གསུངས་ཏེ། བྱང་ཆུབ་དེ་རྡུལ་ཕྲ་རབ་བསགས་པའི་གཟུགས་མེད་ཅིང་འདུས་བྱས་ཀྱི་ཆོས་ལས་རྣམ་པར་འདས་པའི་ཕྱིར། ཐ་མལ་པའི་དབང་པོས་བལྟ་བར་མེད་དེ། རྟགས་དང་གཏན་ཚིགས་ལ་སོགས་པའི་སྤྲོས་པའི་མཚན་མ་མེད་ཅིང་རྣམ་ཤེས་ཀྱི་ཆོས་ལས་རྣམ་པར་དག་པའི་ཕྱིར། ཐ་མལ་པའི་བློས་གཟུང་དུ་མེད་པ་དང་། དོན་དམ་པའི་དགེ་བའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དང་ལྡན་པའི་ཕྱིར་དང་། ཤིན་ཏུ་དྲི་མ་མེད་པས་ཡོན་ཏན་དང་ལྡན་པ་ཡིན་ཏེ། གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་མ་ལུས་པ་སྤངས་ནས་རྣམ་པར་དག་པའི་ཕྱིར་རོ། །ལྔ་པ་འཇུག་པའི་དོན་ལ་གཉིས། མཚན་ཉིད་ཀྱི་རྣམ་གྲངས་མདོར་བསྟན། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ལ་བཞི། ངོ་བོ་གང་གིས་རྟོགས་པ་དང་། ཆོས་སྐུ་ལོངས་སྐུ་ལོངས་སྐུ་སྤྲུལ་སྐུའི་ཁྱད་པར་མདོར་བསྟན་པའོ། །དང་པོ་ནི། ཐོག་མ་ནས། ཕ་ཡིས་མཐོང་ཞེས་གསུངས་ཏེ། ཐོག་མར་སྐྱེ་བ་དབུས་སུ་གནས་པ་མཐར་འགག་པ་མེད་པ་སྟེ་འདུས་མ་བྱས་པའི་མཚན་ཉིད་དང་། དབྱིངས་རིག་ཐ་དད་དུ་རྣམ་པར་དབྱེ་བ་མེད་པ་ཐ་དད་མེད་པའི་མཚན་ཉིད་དང་། སྒྲོ་སྐུར་གྱི་མཐའ་གཉིས་ལ་མེད་པ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དང་། སྒྲིབ་གསུམ་དང་བྲལ་བ་རྣམ་པར་དག་པའི་མཚན་ཉིད་དང་། རང་བཞིན་གྱིས་དྲི་མ་མད་ཅིང་རྟོག་གེ་པའི་རྣམ་རྟོག་གི་ཡུལ་དུ་མེད་པ་འོད་གསལ་བའི་མཚན་ཉིད་ལྔ་དང་ལྡན་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པའི་ཆོས་སྐུ་དེ་ཉིད་མངོན་སུམ་དུ་རྟོགས་པ་ནི། ཆོས་ཉིད་ལས་ལྡང་བ་མེད་པའི་ཚུལ་དུ་མཉམ་པར་བཞག་པའི་རྣལ་འབྱོར་བ་དེ་བཞིན་
(༡༡༠)གཤེགས་པ་དེ་ཡིས་ཇི་ལྟ་བར་མཐོང་བ་ཉིད་དོ། །གཉིས་པ་ནི། གཞལ་མེད་ནས། སྤངས་པའོ། །ཞེས་གསུངས་ཏེ། ཚད་གཞལ་དུ་མེད་པ་དང་། གྲངས་གང་གཱའི་བྱེ་མ་སྙེད་ལས་འདས་པ་དང་། ཟབ་པས་བསམ་དུ་མེད་པ་དང་། གཞན་དང་མཉམ་པ་མེད་པ་སྟེ་རྟོགས་པ་ཕུན་སུམ་ཚོགས་པའི་ཡོན་ཏན་བཞི་དང་ལྡན་ཅིང་། དེ་བཞིན་གཤེགས་པའི་དྲི་མ་མེད་པའི་དབྱིངས་ཆོས་ཀྱི་སྐུ་དེ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པའི་ཉེས་པ་མ་ལུས་པ་སྤངས་བའི་ཕྱིར་སྤངས་བ་ཕུན་ཚོགས་ཀྱི་ཡོན་ཏན་གཅིག་སྟེ་དེ་ལྟར་ཡོན་ཏན་ལྔ་དང་ལྡན་པར་རིག་པར་བྱའོ། །གསུམ་པ་ནི། སྣ་ཚོགས་ནས། རང་བཞིན་ཡིན། ཅེས་གསུངས་ཏེ། ཟབ་པ་དང་རྒྱ་ཆེ་བས་སྣ་ཚོགས་པའི་དམ་པའི་ཆོས་སྟོན་པ་མངའ་བ་གསུང་བརྗོད་པ་རྒྱུན་མི་འཆད་པ་དང་། མཚན་དཔེའི་འོད་ཟེར་མངའ་བའི་སྐུས་སྣང་བ་སྣ་ཚོགས་སྟོན་པ་སྐུ་སྟོན་པ་རྒྱུན་མི་འཆད་པ་དང་། འགྲོ་བ་གདུལ་བྱའི་རྒྱུད་ལ་རྣམ་པར་གྲོལ་བའི་དོན་བསྒྲུབ་པ་ལ་བརྩོན་པ་ཐུགས་ཀྱི་མཛད་པ་རྒྱུན་མི་འཆད་པ་དང་། མཛད་པ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་བཞིན་ཏེ་འབད་རྩོལ་མེད་པར་མཛད་པ་རྟོག་པ་མེད་ཅིད་ལྷུན་གྱིས་གྲུབ་པ་དང་། གདུལ་བྱ་ལ་སྣ་ཚོགས་པའི་དངོས་པོར་སྣང་ཡང་སྣ་ཚོགས་པ་དེའི་ངོ་བོ་འམ་རང་བཞིན་མིན་པར་སྟོན་པ་སྟེ་ལོངས་སྤྱོད་རྫོགས་པའི་སྐུར་ཡོན་ཏན་ནམ་ཁྱད་ཆོས་ལྔ་དང་ལྡན་པའོ། །བཞི་པ་ནི། འཇིག་རྟེན་ནས། ཁམས་བཞིན་ནོ། །ཞེས་གསུངས་ཏེ། འཇིག་རྟེན་པ་རྣམས་དང་པོར་ཞི་བ་མྱང་འདས་ཀྱི་ལམ་ལ་འཇུག་པར་བྱེད་པ་དང་། བར་དུ་ཐེག་ཆེན་ལ་རབ་ཏུ་སྨིན་པར་བྱེད་པ་དང་། མཐར་བྱང་ཆུབ་ཏུ་ལུང་སྟོན་པས་གྲོལ་བར་བྱེད་པའི་རྒྱུར་གྱུར་པ་སྟེ་ཁྱད་ཆོས་གསུམ་དང་ལྡན་པའི་གཟུགས་སྐུ་སྟེ་སྤྲུལ་པའི་སྐུ་སྣ་ཚོགས་སུ་སྣང་བ་རྣམས་ནི། འཇིག་རྟེན་འདིར་ནི་འཁོར་བ་ཇི་སྲིད་པར་རྟག་ཏུ་གནས་ཏེ། ཆོས་དབྱིངས་ལ་རྒྱུན་མི་འཆད་པར་གནས་པའི་ཕྱིར། དཔེར་ན། ནམ་མཁའི་ཁམས་སུ་འདོད་གཟུགས་ཀྱི་ཁམས་ཀྱི་
(༡༡༡)སྣོད་བཅུད་གནས་པ་བཞིན་ནོ། །གཉིས་པ་དོན་རྒྱས་པར་བཤད་པ་ལ་གསུམ། ཐུན་མོང་གི་དབྱེ་བ། སོ་སོའི་རྣམ་བཞག་དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། རང་བྱུང་ནས། དག་གིས་འཇུག །ཅེས་གསུངས་ཏེ། གཞན་རྐྱེན་ལ་རགས་མ་ལུས་པས་ན་རང་བྱུང་རྣམས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པ་ནི་ཡེ་ཤེས་དང་ལྡན་པ་ལ་སྤངས་རྟོགས་མཐར་ཕྱིན་པའི་ཆ་ནས་སངས་རྒྱས་ཉིད་ཅེས་གང་བརྗོད་པར་བྱ་བ་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པས་མཆོག་ཏུ་མྱ་ངན་ལས་འདས་ཤིང་། རྟོག་གེའི་སྤྱོད་ཡུལ་ལས་འདས་པས་བསམ་དུ་མེད་པ་དང་། འཁོར་བའི་གཡུལ་ལས་རྒྱལ་བས་དགྲ་བཅོམ་པ། སོ་སོ་རང་གིས་རིག་པའི་བདག་ཉིད་དུ་གྱུར་པ་ཞེས་མིང་གི་རྣམ་གྲངས་བདུན་གྱིས་བརྗོད་པའི་བྱང་ཆུབ་ཆེན་པོ་དེ་ལ་དབྱེ་བ་བྱས་ནས། རྟོགས་པར་དཀའ་བས་ཟབ་པ་དང་། མཐུ་དང་ལྡན་པས་རྒྱ་ཆེ་བ་དང་། སྐལ་པ་དང་མཐུན་པས་བདག་ཉིད་ཆེན་པོའི་ཡོན་ཏན་གྱི་ཆོས་གསུམ་པོ་རྣམས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་གོ་རིམ་བཞིན་དུ་ཟབ་པ་རང་བཞིན་ནམ་ངོ་བོ་ཉིད་ཀྱི་སྐུ་དང་། ལ་སོགས་པའི་སྒྲས་རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་པོ་དག་གིས་རང་གཞན་གྱི་དོན་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇུག་ཉིད་གོ །གཉིས་པ་རྣམ་བཞག་ལ་གསུམ། ངོ་བོ་ཆོས་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་པའི་སྐུའི་རྣམ་བཞག་གོ །དང་པོ་ལའང་གཉིས། མཚན་ཉིད་དང་ཡོན་ཏན་མདོར་བསྟན། དེ་དག་གི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལ་ནས། རིགས་པར་བྱ། ཞེས་གསུངས་ཏེ། དེ་ལྟར་མཐར་ཐུག་གི་བྱང་ཆུབ་ལ་སྐུ་གསུམ་དུ་དབྱེར་ཡོད་པ་དེ་ལ་སངས་རྒྱས་རྣམས་ཀྱི་རང་དོན་ཕུན་སུམ་ཚོགས་པ་ངོ་བོ་ཉིད་ཀྱི་སྐུ་འདུས་མ་བྱས་པ་ལ་སོགས་པའི་མཚན་ཉིད་དམ་ཁྱད་པར་ལྔ་དང་ལྡན་ཞིང་ཡོན་ཏན་ཤིན་ཏུ་མང་ཡང་མདོར་བསྡུ་ན་གཞལ་དུ་མེད་པ་ལ་སོགས་པའི་ཡོན་ཏན་རྣམ་པ་ལྔ་
(༡༡༢)དང་ནི་དབྱེར་མེད་པར་ལྡན་པ་ཉིད་དུ་རིག་པར་བྱའོ། །གཉིས་པ་རྒྱས་བཤད་ལ་གཉིས། མཚན་ཉིད་ལྔ་བཤད་པ། ཡོན་ཏན་ལྔ་བཤད་པའོ། །དང་པོ་ནི། འདུས་མ་ནས། འོད་གསལ་བའོ། །ཞེས་གསུངས་ཏེ། དོན་དམ་ངོ་བོ་ཉིད་སྐུ་དེ་འདུས་བྱས་ཀྱི་ཆོས་སྐྱེ་གནས་འཇིག་པ་རྣམས་ཀྱིས་དབེན་པས་འདུས་མ་བྱས་པ་དང་། ཟག་པ་མེད་པའི་ཆོས་དབྱིངས་དང་། མཐར་ཕྱིན་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་འདྲེས་པས་རྣམ་པར་དབྱེར་མེད་པ་དང་། མེད་པ་སྒྲོ་འདོགས་དང་ཡོད་པ་སྐུར་བ་འདེབས་པའི་མཐའ་གཉིས་པོ་དག་ནི་རྣམ་པར་སྤངས་པ་དང་། སེར་སྣ་སོགས་ཉོན་མོངས་པའི་སྒྲིབ་པ་དང་། ཉོན་མོངས་པ་ཅན་མ་ཡིན་ཡང་ཤེས་བྱ་ཤེས་པའི་གེགས་སུ་གྱུར་པ་ཤེས་བྱའི་སྒྲིབ་པ་དང་། དེའི་ཁྱད་པར་ཏིང་ངེ་འཛིན་ལ་ཇི་ལྟ་བར་འདོད་པ་བཞིན་སྙོམས་པར་འཇུག་པ་མི་ཤེས་པ་སྙོམས་འཇུག་གི་སྒྲིབ་པ་གསུམ་ལས་ནི་དེས་པར་གྲོལ་ཏེ། སྒྲིབ་པ་མེད་པའི་མཚན་ཉིད་དང་། ཉོན་མོངས་པའི་དྲི་མ་མེད་ཅིང་རྣམ་པར་རྟོག་པའི་སྤྱོད་ཡུལ་དུ་མེད་པ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ལ་རྟག་ཏུ་སྙོམས་པར་འཇུག་པའི་རྣལ་འབྱོར་པ་མཐར་ཕྱིན་པ་རྣམས་ཀྱི་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། ཟབ་པའི་ཆོས་ཀྱི་དབྱིངས་གདོད་མ་ནས་ངོ་བོ་ཉིད་ཀྱིས་ནི་རྣམ་པར་དག་པའི་ཕྱིར་ན་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་དེ་ཁྱད་པར་ལྔ་དང་ལྡན་པའོ། །གཉིས་པ་ནི། གཞལ་མེད་ནས། གོ་རིམ་བཞིན། ཅེས་གསུངས་ཏེ། རྟགས་ཀྱིས་གཞལ་དུ་མེད་པ་དང་། གྲངས་ཀྱིས་བགྲང་དུ་མེད་པ་དང་། བློས་བསམ་དུ་མེད་པ་དང་། གཞན་དང་མཉམ་པ་མེད་པ་དང་། རྣམ་པར་དག་པ་མཐར་ཐུག་གི་ཡོན་ཏན་ལྔ་པོ་རྣམས་དང་ཡང་དག་པར་ན། ངོ་བོ་ཉིད་ཀྱི་སྐུ་དེ་དབྱེར་མེད་པར་ལྡན་པ་ཡིན་ཏེ། དེ་ཡང་ངོ་བོ་ནམ་མཁའ་ལྟར་རྒྱ་ཆེ་བའི་ཕྱིར་དང་གྲངས་འདིའོ་ཞེས་ཡོངས་སུ་ཆད་མེད་པའི་
(༡༡༣)ཕྱིར་དང་། རྣམ་པ་ཐམས་ཅད་དུ་རྟོག་གེའི་སྤྱོད་ཡུལ་ནི་མིན་པའི་ཕྱིར་དང་། སངས་རྒྱས་འབའ་ཞིག་ལ་མངའ་བའི་ཡོན་ཏན་ཡིན་པའི་ཕྱིར་དང་། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་མ་ལུས་པར་སྤངས་པའི་ཕྱིར་རོ། །དེ་བས་ན་གཞལ་དུ་མེད་པ་ལ་སོགས་པའི་ཡོན་ཏན་རྣམས་གོ་རིམ་ཇི་ལྟ་བ་བཞིན་རྒྱ་ཆེ་བ་ལ་སོགས་པའི་རྒྱུ་མཚན་ལྔ་དང་སྦྱར་ཏེ་རིག་པར་བྱའོ། །གཉིས་པ་ལོངས་སྐུ་བཤད་པ་ལ་གསུམ། རྣམ་བཞག་རྒྱས་པར་བཤད་པ། ཆོས་ལྔ་བསྡུས་ཏེ་བསྟན་པ། ཁྱད་པར་རྐྱེན་ལས་སྣང་ཚུལ་ལོ། །དང་པོ་ནི། སྣ་ཚོགས་ནས། རྣམ་པར་གནས། ཞེས་གསུངས་ཏེ། ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བ་སྣ་ཚོགས་པའི་ཆོས་ཀྱི་འབྱོར་པ་ལ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་དང་། སྤྲུལ་པ་ཙམ་མ་ཡིན་ཀྱི་མཚན་དཔེས་བརྒྱན་པའི་རང་གཞན་གྱི་ཆོས་སུ་ནི་གདུལ་བྱ་ལས་དག་པ་ལ་རྟག་ཏུ་སྣང་བའི་ཕྱིར་དང་། ཐུགས་རྗེ་ཆེན་པོ་རྣམ་པར་དག་པའི་རྒྱུ་མཐུན་པའི་འབྲས་བུ་འགྲོ་བའི་དོན་རྒྱུན་མི་འཆད་པར་མཛད་པའི་ཕྱིར་དང་། རྣམ་པར་རྟོག་པ་དང་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་ཕྲིན་ལས་འཇུག་པས། གདུལ་བྱའི་འདོད་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རེ་བ་ཡོངས་སུ་སྐོང་པའི་ཕྱིར་དང་། ཡིད་བཞིན་ཀྱི་ནོར་བུ་གཞིའི་དབང་གིས་ཁ་དོག་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོར་མིན་པ་བཞིན་ཏུ་གདུལ་བྱའི་དབང་གིས་སྣ་ཆོགས་པའི་རྫུ་འཕུལ་གྱིས་རྣམ་པར་རོལ་ཡང་ངེའི་ངོ་བོར་མ་གྲུབ་སྟེ་དེ་ལྟར་ཁྱད་པར་ལྔ་དང་ལྡན་པའི་ཚུལ་གྱིས་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུར་རྣམ་པར་གནས་པ་ཡིན་ནོ། །གཉིས་པ་ནི། བརྗོད་སྟོན་ནས། རྣམ་ལྔར་བརྗོད། ཅེས་གསུངས་ཏེ། གསུངས་གི་གདམས་ངག་བརྗོད་པ་དང་། སྐུའི་སྣང་བ་སྟོན་པ་དང་། ཐུགས་རྗེའི་ཕྲིན་ལས་མཛད་པ་རྣམས་རྒྱུན་མི་འཆད་པ་དང་། དེ་དག་ལ་འབད་རྩོལ་གྱིས་མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པ་དང་། སྐལ་པའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་ཉིད་
(༡༡༤)མིན་པ་སྟོན་པ་སྟེ། ཆོས་་ལྔ་པོ་དེ་དག་ལ་ལོངས་སྤྱོད་རྫོགས་པའི་སྐུ་འཆད་པའི་སྐབས་འདིར་ནི་སྣ་ཚོགས་པ་ལ་སོགས་པའི་ཁྱད་པར་རྣམ་པ་ལྔར་བརྗོད་པར་བྱའོ། །གསུམ་པ་ནི། ཇི་ལྟར་ནས། མིན་པར་སྣང་། ཞེས་གསུངས་ཏེ། དཔེ་ཇི་ལྟར་འོག་གཞིའི་རས་ཀྱི་ཚོན་ནི་ཁ་དོག་སྣ་ཚོགས་པའི་རྐྱེན་གྱིས་སྟེང་གི་ནོར་བུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་པ་དེའི་དངོས་པོ་མིན་ཡང་། དང་བའི་དབང་གིས་སྣ་ཚོགས་སུ་སྣང་བ་ལྟར། དོན་དེ་བཞིན་ཏུ་གདུལ་བྱའི་འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང་མོས་པ་ལ་སོགས་པའི་རྐྱེན་སྣ་ཚོགས་པས་ཐུགས་རྗེ་ཆེན་པོས་སྐྱེ་དགུ་ལ་ཁྱབ་པའི་བདག་ཉིད་རྫོགས་པའི་སངས་རྒྱས་རྣམས་ཀྱང་སྣ་ཚོགས་པ་དེའི་དངོས་པོ་མིན་ཡང་ཁ་དོག་དང་ཚད་ལ་སོགས་པའི་རྣམ་པར་འཕྲུལ་པར་སྣང་ངོ་། །གསུམ་པ་སྤྲུལ་སྐུའི་རྣམ་བཞག་ལ་གཉིས་མཆོག་གི་སྤྲུལ་སྐུས་མཛད་པ་བཅུ་གཉིས་སྟོན་ཚུལ། དེའི་བྱེད་ལས་གདུལ་བྱ་རིམ་གྱིས་འདྲེན་ཚུལ་ལོ། །དང་པོ་ནི། ཐུགས་རྗེ་ནས། གནས་པར་སྟོན། ཅེས་གསུངས་ཏེ། སྟོན་ཅེས་པ་བཤད་གཞིར་དྲདས། རྒྱུ་གང་གི་ཕྱིར་མཛད་པ་སྟོན་ནོ། །མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པོས་སུ་བཟུང་བར་བཞེད་པའི་རྒྱུ་ལས་སོ། །ཚུལ་ཇི་ལྟར་སྟོན་ན། འཇིག་རྟེན་གྱི་ཁམས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་གདུལ་བྱར་གྱུར་པའི་འཇིག་རྟེན་མ་ལུས་པ་ཀུན་ལ་ལེགས་པར་གཟིགས་ནས་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་ངང་དུ་མཉམ་པར་བཞག་པ་ལས་ནམ་ཡང་མ་གཡོས་པར་རོ། །དོན་ཀང་དག་སྟོན་ན། སྤྲུལ་པའི་རང་བཞིན་རྣམ་པ་སྣ་ཚོགས་པ་རྣམ་ཀྱིས་རྨད་དུ་བྱུང་བའི་མཛད་པ་བཅུ་གཉིས་ཡང་དག་པར་སྟོན་པ་སྟེ། དེ་ཡང་ཤཱཀྱའི་རྒྱལ་པོ་ལྟ་བུ་ལ་ཉེ་བར་མཚོན་ན་བདག་ཉིད་ཆེན་པོ་དེས་མཛད་པའི་གཞི་ཐོག་མར་དགའ་ལྡན་པའི་ལྷའི་སྐྱེ་བ་དམ་པ་ཏོག་དཀར་ཞེས་བྱ་བར་མངོན་པར་སྐྱེ་བའི་ཚུལ་བསྟན་ནས་ལྷའི་
(༡༡༥)ཚོགས་རབ་ཏུ་མང་པོ་སྨིན་གྲོལ་ལ་བཀོད་པ་དང་། དེ་ནས་མཛད་པ་བཅུ་གཉིས་ཀྱི་དང་པོ་དགའ་ལྡན་གྱི་གནས་ནས་རྫམྦུའི་གླིང་དུ་འཕོ་བ་དང་། ཡུམ་གྱི་ལྷུམས་སུ་འཇུག་པ་དང་། ལྷུམས་ནས་བལྟམས་པ་དང་། བཟོ་ཡི་གནས་ལ་མཁས་པ་དང་། ༈ བཙུན་མོའི་འཁོར་གྱི་ནང་ན་དགྱེས་པར་རོལ་པ་དང་། བཙུན་མོ་དང་བཅས་པའི་ཁབ་ནས་ངེས་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་དུ་གཤེགས་པ་དང་། བདུད་ཀྱི་སྡེ་དཔུང་དང་བཅས་པ་བྱམས་པའི་ཤུགས་ཀྱིས་འཇོམས་པ་དང་། མངོན་པར་རྫོགས་པར་ནི་བྱང་ཆུབ་ཆེན་པོ་བརྙེས་པ་དང་། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་སྟེ་བཅུ་གཉིས་པོ་རྣམས་སོ། གནས་གང་དུ་སྟོན་ན། ཡོངས་སུ་མ་དག་པའི་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་ལ་སོགས་པ་མཐའ་ཡས་པ་རྣམས་སུའོ། །དུས་ཇི་སྲིད་སྟོན་ན། གདུལ་བྱ་འཁོར་བའི་སྲིད་པ་ཇི་སྲིད་གནས་པའི་བར་དེ་སྲིད་དུ་རྒྱུན་མི་འཆད་ཅིང་ལྷུན་གྱིས་གྲུབ་པར་སྟོན་ཏོ། །གཉིས་པ་ལ་གསུམ། ཕལ་པ་ཐེག་དམན་ལ་འཇུག་ཚུལ། ཐེག་དམན་ཐེག་ཆེན་གྱིས་སྨིན་ཚུལ། ཐེག་ཆེན་རྣམ་གྲོལ་ལ་སྦྱོར་ཚུལ་ལོ། །དང་པོ་ནི། མི་རྟག་ནས། རབ་འཇུག་མཛད། ཅེས་གསུངས་ཏེ། འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་མཆོག་ཏུ་ཞི་ཞིང་བདེ་བའོ། །ཞེས་པ་ལ་སོགས་པ་ཆོས་རྣམས་ཀྱི་སྡོམ་ཆེན་པོ་རྣམས་སྟོན་པའི་སྒྲ་ཡིས་གདུལ་བྱ་གདུལ་བའི་ཐབས་མཁྱེན་པ་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་སེམས་ཅན་འཁོར་བ་ལ་ཆགས་པ་རྣམས་ལ་སྲིད་པ་གསུམ་གྱི་ཉེས་དམིགས་མང་དུ་གསུངས་ཤིང་། སྐྱོ་བ་སྐྱེད་ནས་རེ་ཤིག་དང་པོ་འཁོར་བའི་སྐྱོན་ཉེ་བར་ཞི་བ་ཙམ་གྱིས་མྱ་
(༡༡༦)ངན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ་ཡང་རབ་ཏུ་འཇུག་པར་མཛད་དོ། །གཉིས་པ་ནི། ཞི་བའི་ནས། སྨིན་མཛད་དེ། ཞེས་གསུངས་ཏེ། རང་ཉིད་ཀྱིས་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་པའི་ཐབས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་ལ་རབ་ཏུ་ཞུགས་པ་ལས་དགྲ་བཅོམ་པ་དང་རང་བྱང་ཆུབ་ཐོབ་པ་ན། མཐར་ཕྱིན་པའི་གོ་འཕང་མ་ཐོབ་ཀྱང་མྱ་ངན་ལས་འདས་པ་ཐོབ་བོ་སྙམ་པའི་འདུ་ཤེས་ཅན་རྣམས་ལ། དམ་པའི་ཆོས་ང་པདྨ་དཀར་པོའི་མདོ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་རྣམས་ལས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པར་སྟོན་པའི་ཐེག་པ་ནི་གཅིག་ཁོ་ན་ཡིན་ལ། དེ་བགྲོད་པའི་མྱ་ངན་ལས་འདས་པའང་གཅིག་ཁོ་ནའོ་ཞེས་པར་བསྟན་པ་ཡིས། ཉན་རང་དེ་དག་བྱང་ཆུབ་མཐར་ཐུག་མཐོབ་པ་ལ་ཐོབ་པར་འཛིན་པ་དེ་ལས་བཟློག་སྟེ་ཐབས་སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པ་ལ་བརྟེན་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་གཟུང་བས་ཐེག་པ་གསུམ་ལས་མཆོག་ཏུ་གྱུར་པ་ཐེག་པ་ཆེན་པོ་ལ་སྨིན་པར་མཛད་དེ་ཡང་དག་པའི་ལམ་ལ་བཀོད་པར་མཛད་དོ། །གསུམ་པ་ནི། བྱང་ཆུབ་མཆོག་ཏུ་ལུང་སྟོན་ནོ། །ཞེས་གསུངས་ཏེ། དེ་ལྟར་ཐེག་པ་ཆེན་པོའི་ལམ་ལ་རིམ་གྱིས་སྨིན་པར་མཛད་ནས་ས་བརྒྱད་པ་ལ་སོགས་པ་ཐོབ་པ་དང་། རྣམ་པར་གྲོལ་བའི་བྱང་ཆུབ་གསུམ་ལས་མཆོག་ཏུ་གྱུར་པ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ལུང་སྟོན་པར་མཛད་པ་སྟེ། དེ་ཡང་ཞིང་དང་མིང་དང་ནི། དུས་དང་བསྐལ་པའི་མིང་དང་ནི། འཁོར་དང་དམ་པའི་ཆོས་དག་དང་། གནས་པའི་སྒོ་ནས་དེར་འདོད་དོ། ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །གསུམ་པ་དོན་བསྡུ་བ་ལ་གཉིས། རྒྱུ་མཚན་དང་སྤྱར་ཏེ་གསུམ་དུ་བསྡུ་བ། གནས་ཚུལ་དང་སྤྱར་ཏེ་གཉིས་སུ་བསྡུ་བའོ། །དང་པོ་ནི། ཟབ་
(༡༡༧)དང་ནས། ཆེ་ཞེས་བྱ། ཞེས་གསུངས་ཏེ། ཕྲ་ཞིང་རྟོགས་པར་དཀའ་བས་ན་ཟབ་པའི་ཕྱིར་དང་། གཞན་གྱི་དོན་སྒྲུབ་པའི་མཐུ་ནི་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དང་། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་བསམ་པའི་དོན་དང་མཐུན་པར་བསྟན་པས་འཁོར་བ་རབ་ཏུ་འདྲེན་པའི་ཕྱིར་ན། སྐུ་གསུམ་པོ་འདི་དག་གྲངས་ཅི་ལྟ་བ་བཞིན་ཏུ་སྦྱར་ཏེ་ཟབ་པ་ངོ་བོ་ཉིད་ཀྱི་སྐུ་དང་། རྒྱ་ཆེ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་རྣམས་སུ་ཤེས་པར་བྱའོ། །གཉིས་པ་ནི། འདིར་ནི་ནས། ཐ་མ་གནས། ཞེས་གསུངས་ཏེ། སངས་རྒྱས་ཀྱི་སྐུ་འཆད་པའི་སྐབས་འདིར་ནི་དང་པོ་ཟབ་པའི་སྐུ་དེ་ཆོས་ཀྱི་སྐུར་ཤེས་པར་བྱ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཞིང་། གཞན་རིག་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །ཕྱི་མ་ལོངས་སྤྲུལ་གཉིས་ནི་གཟུགས་ཀྱི་སྐུ་ཡིན་ཏེ་སྐལ་པ་དང་མཐུན་པར་གདུལ་བྱ་ལ་སྣང་བའི་ཕྱིར་རོ། །དེ་དག་ཀྱང་དཔེར་ན་འདུས་མ་བྱས་ནམ་མཁའི་དབྱིངས་ལ་ནི་འདུས་བྱས་ཀྱི་གཟུགས་སྣ་ཚོགས་གནས་པ་ཇི་ལྟ་བ་བཞིན་དུ། དང་པོ་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་དབྱིངས་ལ་ནི་ཐ་མ་གཟུགས་ཀྱི་སྐུ་སྣ་ཚོགས་སུ་སྣང་བ་དག་གནས་པ་ཡིན་ནོ། །དྲུག་པ་རྟག་པའི་དོན་བཤད་པ་ལ་གསུམ། རྒྱ་མཚན་མདོར་བསྟན། དེ་དོན་རྒྱས་པར་བཤད། སྤྱིའི་དོན་བསྡུ་བའོ། །དང་པོ་ནི། རྒྱུ་མཐའ་ནས། མགོན་པོ་རྟག །ཅེས་གསུངས་ཏེ། ཚོགས་གཉིས་ལ་སོགས་པའི་རྒྱུ་མཐའ་ཡས་པ་དང་། གདུལ་བྱ་སེམས་ཅན་ལ་ཟད་མཐའ་མེད་པ་དང་། བརྩེ་བ་ཆེན་པོས་རྒྱུན་མི་འཆད་པ་དང་། རྫུ་འཕྲུལ་གྱི་རྐང་པ་ལ་དབང་འབྱོར་བ་དང་། འཁོར་འདས་མཉམ་པ་ཉིད་དུ་མཁྱེན་པ་དང་། ཟག་མེད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་དབང་ཕྱུག་ཡིན་པ་སྟེ་རྒྱུ་མཚན་བདུན་གྱིས་གཟུགས་ཀྱི་སྐུ་ལ་གཞན་དོན་མཛད་པ་རྟག་ཏུ་རྒྱུན་མི་འཆད་ཅིང་། འཆི་བདག་གི་བདུད་བཅོམ་པ་དང་འདུས་བྱས་ཀྱི་ངོ་བོ་མེད་པ་དང་འཇིག་རྟེན་པ་རྣམས་ཀྱི་སྐྱབས་དང་མགོན་པོར་
(༡༡༨)གྱུར་པ་སྟེ་རྒྱུ་མཚན་གསུམ་གྱིས་ཆོས་ཀྱི་སྐུ་འགྱུར་བ་མེད་པས་རྟག་པ་ཡིན་ཏེ། མདོར་ན་རྒྱུ་མཚན་བཅུས་དེ་བཞིན་གཤེགས་པའི་སྐུ་གསུམ་པོ་འདི་རྣམས་རྟག་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། གཟུགས་སྐུ་རྟག་པའི་རྒྱུ་བདུན། ཆོས་སྐུ་རྟག་པའི་རྒྱུ་གསུམ་བཤད་པའོ། །དང་པོ་ནི། ལུས་དང་ནས། གོས་མེད་ཕྱིར། ཅེས་གསུངས་ཏེ། དེ་ལ་སངས་རྒྱས་ཀྱི་གཟུགས་སྐུ་གཞན་དོན་ཏུ་འཁོར་པར་གནས་པའི་རྒྱུ་བཞི་ཡོང་དེ། བསྐལ་པ་གྲངས་མེད་གསུམ་དུ་ལུས་དང་སྲོག་དང་ལོངས་སྤྱོད་རྣམས་བཏང་ནས་ཚོགས་གཉིས་ཀྱིས་བསྡུས་པའི་དམ་པའི་ཆོས་འཛིན་པར་མཛད་ཕྱིར་དང་། རྒྱུ་མཐའ་ཡས་པ་ཚང་ཡང་དགོས་པ་མེད་དམ་ཞེ་ན། གཞན་དོན་ཏུ་རྟག་ཏུ་གནས་དགོས་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དུ་དང་པོར་སེམས་བསྐྱེད་པ་ན་གདུལ་བྱ་མ་ལུས་པ་འཁོར་བ་ལས་བསྒྲལ་བར་དམ་བཅས་པའི་དོན་མཐར་ཕྱིན་པར་མཛད་དགོས་པས་གདུལ་བྱ་ལ་ཟད་པ་མེད་པའི་ཕྱིར་དང་། དགོས་པ་ཡོད་ཀྱང་ཐུགས་བཞེད་མེད་དམ་ཞེ་ན། གཞན་དོན་མཛད་པའི་བཞེད་པ་ཡོད་དེ། སངས་རྒྱས་ཉིད་ནི་ལས་ཉོན་གྱིས་ གཙང ་བ་དང་ཤེས་སྒྲིབ་ཀྱིས་དག་པའི་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་པའི་ཕྱིར་དང་། གཞན་དོན་མཛད་བཞེད་ཀྱང་སྐུ་ཚེའི་འཕེན་པས་མི་འཁྱོངས་སམ་ཞེ་ན། གཞན་དོན་ལ་རྟག་ཏུ་གནས་པར་ནུས་ཏེ། རྫུ་འཕུལ་གྱི་རྐང་པའི་ནུས་པ་དང་ལྡན་པས་གཟུགས་སྐུའི་སྣང་བ་སྟོན་པ་ནི་རྫུ་འཕྲུལ་རྐང་པ་དེ་ཡིས་འཁོར་བ་ཇི་སྲིད་དུ་གནས་པར་སྦྱོད་ནུས་པའི་ཕྱིར་རོ། །འཇིག་རྟེན་མི་འདོར་བའི་རྒྱུ་གསུམ་ཡོད་དེ། གཞན་དོན་ཏུ་རྟག་ཏུ་གནས་པ་ཡོད་ཀྱང་། འཁོར་འདས་ལ་བླང་དོར་ཐ་དད་དུ་བལྷ་བ་ཡོད་ན་འཁོར་བ་འདོར་བར་མི་འགྱུར་རམ་ཞེ་ན། འཁོར་འདས་ལ་བླང་དོར་མི་མངའ་སྟེ། ཤེས་བྱའི་གནས་ཚུལ་ཇི་ལྟ་བ་བཞིན་དུ་མཁྱེན་པས་འཁོར་བ་དང་མྱ་ངན་ལས་འདས་པ་བླང་དོར་གཉིས་སུ་འཛིན་པ་ལས་གྲོལ་བའི་
(༡༡༩)ཕྱིར་དང་། འཁོར་བར་གནས་ན་འཁོར་བའི་སྡུག་བསྔལ་གྱིས་གནོད་དམ་ཞེ་ན་མི་གནོད་དེ། རྟག་ཏུ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་ཏིང་འཛིན་གྱི་བདེ་པ་ཕུན་གསུམ་ཚོགས་པ་དང་ལྡན་པའི་ཕྱིར་དང་། སྡུག་བསྔལ་གྱིས་མི་ གནོད་ཀྱང་དེའི་ཉེས་པས་གོས་སམ་ཞེ་ན། འཁོར་བའི་ཉེས་པས་གོས་མི་སྲིད་དེ། འཇིག་རྟེན་ན་ནི་གཞན་དོན་ལ་སྤྱོད་པ་ན་འཇིག་རྟེན་གྱི་ཆོས་ལས་དང་ཉོན་མོངས་སྡུག་བསྔལ་སོགས་ཀྱི་གོས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། འཆི་མེད་ནས། འཐད་ཕྱིར་རོ། །ཞེས་གསུངས་ཏེ། སངས་རྒྱས་ཆོས་ཀྱི་སྐུ་རྟག་ཅིང་མི་འགྱུར་བའི་རྒྱུ་མཚན་གསུམ་ཡོད་དེ། འཆི་འཕོ་བ་མེད་པས་ཞི་བའི་གནས་ཆོས་སྐུ་ཐོབ་པ་ལ་འཆི་བདག་གི་བདུད་རྒྱུ་བ་མེད་པའི་ཕྱིར་དང་། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་རང་བཞིན་ཅན་གྱི་ཐུབ་པའི་ཆོས་སྐུ་ནི་གདོད་མ་ནས་སྐྱེ་འཆི་སོགས་རབ་ཏུ་ཞི་བའི་ཕྱིར་དང་། སྐྱབས་མེད་པའི་སེམས་ཅན་མཐའ་ཡས་པ་རྣམས་ཀྱི་ནི་སྐྱབས་དང་མགོན་དང་དཔུང་གཉེན་ལ་སོགས་པ་མཐར་ཐུག་པ་འཐད་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དང་པོ་ནི། རྟག་པ་ཉིད། ཅེས་གསུངས་ཏེ། རྒྱུ་མཐའ་ཡས་པ་སོགས་དང་པོ་ནི་ཡི་ནི་རྒྱུ་མཚན་རྣམ་པ་བདུན་གྱིས་གཟུགས་ཀྱི་སྐུའི་གཞན་དོན་རྟག་ཏུ་རྒྱུན་མི་འཆད་པ་ཉིད་ཡིན་ཏེ། འཆི་བའི་བདུད་བཅོམ་སོགས་རྒྱུ་མཚན་ཕྱི་མ་གསུམ་ཀྱིས་སྟོན་པ་སངས་རྒྱས་ཀྱི་ནི་ཆོས་ཀྱི་སྐུ་འགྱུར་བ་མེད་ཅིང་རྟག་པ་ཉིད་བསྟན་པ་ཡིན་ནོ། །དེ་དག་ཀྱང་རྒྱན་ལས། རང་བཞིན་དང་ནི་རྒྱུན་མི་འཆད། རྒྱུན་གྱི་དེ་དག་རྟག་པ་ཉིད། ཅེས་གསུངས་པས། ཆོས་སྐུ་རང་བཞིན་གྱི་རྟག་པ། ལོངས་སྐུ་རྒྱུན་མི་འཆད་པའི་རྟག་པ། སྤྲུལ་སྐུ་རྒྱུན་གྱི་རྟག་པར་བཤད་པ་ཇི་ལྟ་བ་བཞིན་ནོ། །བདུན་པ་བསམ་མི་ཁྱབ་པའི་དོན་བཤད་པ་ལ་གཉིས། བསམ་མི་ཁྱབ་ཚུལ་མདོར་བསྟན་པ། དེའི་རྒྱུ་མཚན་རྒྱས་པར་བཤད་པའོ། །དང་པོ་ནི། ངག་ཡུལ་ནས། བསམ་མི་ཁྱབ། ཅེས་གསུངས་ཏེ། དྲི་མ་མེད་པའི་དེ་བཞིན་
(༡༢༠)བྱང་ཆུབ་ཆེན་པོ་ཉིད་ངག་གིས་བརྗོད་པའི་ཡུལ་མིན་པའི་ཕྱིར་དང་། དོན་དམ་གྱིས་བསྡུས་པའི་ཕྱིར་དང་། རྟོག་པ་འཇུག་པའི་གནས་མིན་པའི་ཕྱིར་དང་། དཔེ་ལས་འདས་པའི་ཕྱིར་དང་། བླ་ན་མེད་པའི་ཕྱིར་དང་། སྲིད་ཞིས་མ་བསྡུས་པའི་ཕྱིར། རྒྱལ་བ་རྫོགས་པའི་སངས་རྒྱས་ཁོ་ནའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དེ་ཉིད། ས་བཅུ་པ་ལ་གནས་པའི་འཕགས་པ་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་བོ། །གཉིས་པ་རྒྱས་བཤད་ལ་གསུམ། གཏན་ཚིག་བརྒྱད་རིམ་པར་བཤད། རྒྱུ་དྲུག་གི་དོན་བསྡུ། དེ་རྟོགས་པར་དཀའ་བའི་ཚུལ་བཤད་པའོ། །དང་པོ་ནི། བསམ་མེད་ནས། མེད་ཕྱིར་རོ། །ཞེས་གསུངས་ཏེ། སྐུ་གསུམ་ཡོངས་སུ་རྫོགས་པའི་བྱང་ཆུབ་དེ་ཉིད། ས་བཅུ་པ་ལ་གནས་པས་ཀྱང་བསམ་དུ་མེད་པ་ཡིན་ཏེ། ངག་གིས་བརྗོད་དུ་མེད་པའི་ཕྱིར། བརྗོད་དུ་མེད་དེ། ངག་གིས་ཡུལ་ལ་ཀུན་རྫོབ་ཀྱིས་ཁྱབ་པ་ལས་དོན་དམ་ཡིན་པའི་ཕྱིར། དོན་དམ་ཡིན་ཏེ། ཀུན་རྫོབ་ལ་རྟོགས་པའི་ཡུལ་གྱིས་ཁྱབ་པ་ལ་རྟོག་པས་བརྟག་བྱ་མིན་པའི་ཕྱིར། རྟོག་པས་བརྟག་པར་བྱ་བ་མིན་ཏེ། རྟོག་པའི་ཡུལ་ལ་དཔེ་ལས་དཔག་ཏུ་རུང་བས་ཁྱབ་པ་ལ། རྟགས་དང་དཔེས་རྗེས་སུ་དཔག་བྱ་མིན་པའི་ཕྱིར། རྗེས་སུ་དཔག་པར་བྱ་བ་མིན་ཏེ། དཔེ་ལས་དཔག་ཏུ་རུང་བ་ལ་དཔེ་དང་ཆོས་མཐུན་ཡོད་པས་ཁྱབ་པ་ལས་བླ་ན་མེད་པ་སྟེ། དེ་དང་མཚུངས་པ་མེད་པའི་ཕྱིར། བླ་ན་མེད་པ་ཡིན་ཏེ། བླ་ན་ཡོད་པ་ལ་སྲིད་ཞིའི་བསྡུས་པས་ཁྱབ་པ་ལས་སྲིད་ཞིས་མ་བསྡུས་པའི་ཕྱིར། སྲིད་ཞིས་མ་བསྡུས་ཏེ། སྲིད་ཞིའི་མཐའ་ལ་ཡང་གནས་པ་མེད་པའི་ཕྱིར་ཏེ། ཞི་བ་ལ་ཡོན་ཏན་དང་། སྲིད་པ་ལ་སྐྱོན་དུ་རྟོགས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། རྒྱུ་ལྔ་ནས། བསམ་མི་ཁྱབ་པའོ། །ཞེས་གསུངས་ཏེ། ངག་ཡུལ་མིན་ཕྱིར་ཞེས་པ་ལ་སོགས་པའི་རྒྱུ་མཚན་ལྔ་པོ་དག་གིས་ཤིན་ཏུ་ཕྲ་ཞིང་ཟབ་ལ་གཏིང་དཔག་དཀའ་བའི་ཕྱིར་ཆོས་ཀྱི་སྐུ་ཕལ་པ་རྣམས་ཀྱིས་འདིའོ་ཞེས་བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་བསྟན་པ་སྟེ་སྲིད་པ་སྟེ་སྲིད་ཞིས་མ་བསྡུས་པའི་ཕྱིར་ཞེས་
(༡༢༡)
(༡༢༡)པའི་རྒྱུ་མཚན་དྲུག་པས་སྲིད་ཞིའི་ཆོས་སྐྱེ་འགག་ལ་སོགས་པ་སྣང་ཡང་དེའི་དངོས་པོར་བདེན་པ་མིན་པའི་ཕྱིར་གཟུགས་ཀྱི་སྐུའི་རྣམ་འཕྲུལ་མཐའ་ཡས་པ་རྣམས་བསམ་གྱིས་མི་ཁྱབ་པའི་རྒྱུ་མཚན་བསྟན་པའོ། །གསུམ་པ་ནི། བླ་མེད་ནས། ཀྱང་རིག་མིན། ཅེས་གསུངས་ཏེ། བླ་ན་མེད་པའི་ཡེ་ཤེས་དང་ཐུགས་རྗེ་ཆེན་པོ་སོགས་ཀྱི་ཡོན་ཏན་གྱི་སྒོ་ནས་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པས་འཁོར་འདས་ཀྱི་མཐའ་ལ་མི་གནས་པའི་རྒྱལ་བ་ཆོས་སྐུ་དང་གཟུགས་སྐུ་བསམ་གྱིས་མི་ཁྱབ་པ་དེས་ན་རང་བྱུང་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་དོན་བརྒྱད་ཡོད་པའི་ཐ་མ་བསམ་གྱིས་མི་ཁྱབ་པའི་ཚུལ་ལམ། ཡང་ན་སེམས་དང་པོར་བསྐྱེད་པ་ལ་ལྟོས་ནས་ཐ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་ནི་དྲང་སྲོང་ཆེན་པོ་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པ་ས་བཅུ་པ་ལ་གནས་པ་རྣམས་ཀྱིས་ཀྱང་ཇི་བཞིན་རིག་པ་མིན་ནོ། །འདི་དབང་བསྐུར་གྱི་སྐད་དོད་ཡོད་པས་དབང་བཅུ་ཐོབ་པ་ས་བརྒྱད་པ་ཐོབ་པས་ཀྱང་རིག་པ་མིན་ཞེས་སྦྱོར་བ་སྐབས་ཀྱི་དོན་མིན་ནོ། །ཞེས་རོང་སྟོན་སྨྲ་བའི་སེང་གེས་གསུངས་སོ། །ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། རྟོགས་པའི་ཐབས་བྱང་ཆུབ་བསྟན་པའི་སྐབས་ཏེ་གཉིས་པའི་རྣམ་པར་བཤད་གྲུབ་བོ། །སྤྱི་དོན་གསུམ་པ་དེའི་ཡན་ལག་ཡོན་ཏན་བཤད་པ་ལ་གཉིས། སྐུ་གཉིས་དང་སྤྱར་ཏེ་གྲངས་ཀྱི་དབྱེ་བ་མདོར་བསྟན། ཕྱེ་བའི་ཡོན་ཏན་རྒྱས་པར་བཤད་པའོ། །དང་པོ་ལའང་གཉིས། སྐུ་དང་ཡེ་ཤེས་ཕྱེ་སྟེ་བསྟན། དེ་དག་སོ་སོར་སྦྱར་བའོ། །དང་པོ་ནི། རང་དོན་ནས། བཞི་འདི་དག །ཅེས་གསུང་ཏེ། སངས་རྒྱས་ཞེས་བྱ་བའང་རང་དོན་ཕུན་སུམ་ཚོགས་པ་དང་། གཞན་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་རྟེན་རང་དོན་དམ་པ་ཆོས་ཀྱི་སྐུ་དང་ནི། དེ་ལ་བརྟན་པའི་གཞན་དོན་ཀུན་རྫོབ་གཟུགས་ཀྱི་སྐུ་དེ་ཉིད་དེ། སྐུ་གཉིས་ཀྱི་བདག་ཉིད་ཅན་ཡིན་ཞིང་། དེ་དག་ལ་ཡོད་པ་ལ་བརྟེན་པའི་ཡོན་ཏན་ལ་ཕྱེ་ནའང་ཆོས་སྐུ་ལ་ཡོད་པ་བྲལ་བའི་
(༡༢༢)འབྲས་བུའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་། གཟུགས་སྐུ་ལ་ཡོད་པ་རྣམ་པར་སྨིན་པའི་འབྲས་བུ་ནི་ཡོན་ཏན་སུམ་ཅུ་རྩ་གཉིས་ཏེ། གཉིས་ཀ་བ་སྡོམས་པ་ལས་ཡོན་ཏན་གྱི་དབྱེ་བ་དྲུག་ཅུ་རྩ་བཞི་པོ། འདི་དག་ཡིན་ནོ། །གཉིས་པ་ནི། བདག་ཉིད་ནས། དག་དང་ལྡན། ཅེས་གསུངས་ཏེ། བདག་ཉིད་ཀྱི་ནི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱོར་བའི་ཞིང་ལྷུན་གྱིས་གྲུབ་པའི་གནས་སམ་གཞི་ནི་འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་དོན་དུ་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ཉིད་ཡིན་ཏེ། དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་ཀྱི་བརྡ་ཙམ་ཐ་སྙད་ཙམ་དུ་བསྟན་པའི་གཟུགས་ཀྱི་སྐུ་ནི་གདུལ་བྱ་ཕ་རོལ་པོ་རྣམས་ཀྱི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་ཞིང་ལྷུན་གྱིས་གྲུབ་པའི་གནས་སམ་གཞི་ཡིན་ལ། དེ་དག་ལས་དང་པོར་གྱུར་པའི་ཆོས་ཀྱི་སྐུ་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་སྒྲིབ་པ་དང་བྲལ་བ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཡོན་ཏན་རྣམས་དང་རྣམ་པར་དབྱེར་མེད་པར་ལྡན་ཞིང་། གཉིས་པ་གཟུགས་ཀྱི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསགས་པ་ལས་སྙིང་པོའི་ནུས་པ་རིམ་གྱིས་རྣམ་པར་སྨིན་པའི་ཡོན་ཏན་དང་ཡང་ལྡན་པ་ཉིད་དོ། །གཉིས་པ་ཡོན་ཏན་རྒྱས་པར་བཤད་པ་ལ་བཞི། དཔེ་དོན་སྦྱར་ཏེ་སྡོམ་གྱིས་མདོར་བསྟན། སོ་སོའི་རྣམ་བཞག་རྒྱས་པར་བཤད་པ། དེ་དག་སྟོན་པའི་ལུང་ལས་རྟོགས་ཚུལ། སླར་ཡང་དཔེ་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ནི། སྟོབས་ཉིད་ནས། ཆུ་ཟླ་བཞིན། ཞེས་གསུངས་ཏེ། རྒྱལ་བའི་སྟོབས་བཅུ་པོ་ཉིད་ནི་མ་རིག་པ་སོགས་སྒྲིབ་པ་རྩད་ནས་འཇོམས་པ་ལ་སུས་ཀྱང་འཇོམས་མི་ནུས་པའི་ཕྱིར་རྫས་ཀྱི་དངོས་པོ་རྡོ་རྗེ་བཞིན་ཡིན་ལ། མི་འཇིགས་པ་བཞི་པོ་ཉིད་ནི། འཁོར་གྱི་ནང་དུ་བག་ཚ་བ་མེད་པའི་ཕྱིར་ན་རི་དྭགས་ཀྱི་རྒྱལ་པོ་སེངྒེ་བཞིན་ཡིན་པ་དང་། དེ་བཞིན་གཤེགས་པའི་མ་འདྲེས་པ་བཅོ་བརྒྱད་ནི་གཞན་དང་ཐུན་མོང་མ་ཡིན་པས་ནམ་མཁའ་འབྱུང་བཞི་དང་ཐུན་མོང་མ་ཡིན་པ་བཞིན་ཡིན་ལ།
(༡༢༣)ཐུབ་པའི་གཟུགས་སྐུར་བསྟན་པ་རྣམ་པ་གཉིས་པོ་ནི་ཆུ་ཟླ་བཞིན་ཡིན་ཏེ། མོས་པའི་དབང་གིས་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོར་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ལ་གཉིས། བྲལ་འབྲས་བཤད་པ། སྨིན་འབྲས་བཤད་པའོ། །དེའི་དང་པོ་ལའང་གསུམ། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་བཤད་པའོ། །དང་པོ་ལ་གཉིས། མཚོན་བྱ་དོན་གྱི་དོ་བོ་ངོས་བཟུང་། མཚན་བྱེད་དཔེ་ཡིས་ངེས་པར་བྱེད་པའོ། །དང་པོ་ནི། གནས་དང་ནས། རྣམ་པ་བཅུ། ཞེས་གསུངས་ཏེ། སྔོན་སེམས་བསྐྱེད་དང་སྡོམ་པའི་དམ་བཅའ་བརྟན་པ་ལས། དགེ་བས་རྣམ་སྨིན་ཡིད་དུ་འོང་བ་ཐོབ་པ་ནི་གནས་དང་། རྣམ་སྨིན་ཡིད་དུ་མི་འོང་བ་ཐོབ་པ་ནི་གནས་མིན་པ་སོགས་མཁྱེན་པ་དང་། ལས་འབྲས་སྟོན་པས་ལས་རྣམས་ཀྱི་རྣམ་སྨིན་མཁྱེན་པ་དང་། དབང་བོ་དང་མཐུན་པར་ཆོས་སྟོན་པས་དབང་པོ་མཆོག་དམན་མཁྱེན་པ་དང་། ཁམས་རྣམས་དང་མཐུན་པར་ཞུགས་པས་ཁམས་སྣ་ཚོགས་མཁྱེན་པ་དང་། མོས་པ་དང་མཐུན་པར་ཞུགས་པས་མོས་པ་སྣ་ཚོགས་མཁྱེན་པ་དང་། ཐེག་པ་ཐམས་ཅད་ལ་གོམས་པ་ལས་འཁོར་འདས་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པ་དང་། ཏིང་ངེ་འཛིན་ལྷུར་བླངས་པས་བསམ་གཏན་སོགས་ཉོན་མོངས་པ་དང་དྲི་མ་མེད་པ་མཁྱེན་པ་དང་། དགེ་བ་ཆུད་མ་གསན་པས་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། སེམས་ཅན་ལ་ལྷག་པའི་བསམ་པ་སོགས་ལས་ལྷའི་མིག་གིས་འཆི་འཕོ་བ་དང་། སྐྱེ་བ་མཁྱེན་པ་དང་། ཟག་པ་ཟད་པའི་དོན་དུ་ཆོས་བསྟན་པས་ཟག་པ་ཟད་ཅིང་ཉོན་མོངས་པ་ཞི་བ་མཁྱེན་པའི་སྟོབས་གྲུབ་པ་སྟེ། རང་རང་གི་རྒྱུད་དང་རྗེས་སུ་མཐུན་པར་སྤང་བྱ་ལས་རྒྱལ་བའི་སྟོབས་ནི་རྣམ་པ་བཅུ་མངོན་སུམ་དུ་གྱུར་པ་རང་གཞན་གྱི་མི་མཐུན་པའི་ཕྱོགས་བདུད་བཞི་འཇོམས་པར་མཛད་པའོ། །གཉིས་པ་ནི། གནས་དང་ནས། རྡོ་རྗེ་བཞིན། ཅེས་གསུངས་ཏེ། རྒྱུ་འབྲས་གནས་དང་གནས་མིན་པ་མཁྱེན་པ་དང་། ལས་དང་རྣམ་པར་སྨིན་པ་བདག་གིར་བྱ་བ་མཁྱེན་པ་དང་། གདུལ་བྱའི་ཁམས་སམ་རིགས་སྣ་ཚོགས་
(༡༢༤)མཁྱེན་པ་དང་། འགྲོ་བའི་ལམ་ཐ་དད་པ་སྣ་ཚོགས་མཁྱེན་པ་དང་། སེམས་ཅན་གྱི་མོས་པའམ་བསམ་པ་སྣ་ཚོགས་པ་མཁྱེན་པ་དང་། གདུལ་བྱ་རྣམས་ཀྱི་དད་པ་ལ་སོགས་པ་དབང་པོའི་ཚོགས་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་དང་། བསམ་གཏན་དང་སྙོམས་པར་འཇུག་པ་ལ་སོགས་པ་ཉོན་མོངས་པ་ཅན་དང་། རྣམ་པར་བྱང་བའི་ཁྱད་པར་མཁྱེན་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ལྷའི་མིག་གིས་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་དང་། རང་གཞན་གྱི་ཟག་པ་ཟད་པའི་ཚུལ་མཁྱེན་པའི་སྟོབས་སྟེ་དེ་རྣམས་ཀྱིས་རང་རང་གི་མི་མཐུན་པའི་ཕྱོགས་མི་ཤེས་པ་ལ་སོགས་པའི་སྒྲིབ་པ་གོ་ཆ་སྲ་བ་དང་། རྩིག་པ་བརྟན་པོ་དང་ཤིང་ནགས་འཐིབས་པོ་དང་འདྲ་བ་རྣམས་རིམ་པ་ལྟར་འབིགས་པར་བྱེད་པ་དང་འཇིག་པར་བྱེད་པ་དང་གཅོད་པའི་ཕྱིར་ན། རྒྱལ་བའི་སྟོབས་བཅུ་པོ་གང་ཡིན་པ་དེ་རྣམས་ནི་རྫས་ཀྱི་དངོས་པོ་རྡོ་རྗེ་ཇི་ལྟ་བ་བཞིན་ནོ། །གཉིས་པ་མི་འཇིགས་པ་བཤད་པ་ལ་གསུམ། ངོ་བོ་མདོར་བསྟན། བྱེད་ལས་རྒྱུས་པར་བཤད། དཔེ་ཡིས་ངེས་པར་བྱེད་པའོ། །དང་པོ་ནི། ཆོས་ཀུན་ནས། རྣམ་པ་བཞི། ཞེས་གསུངས་ཏེ། སློབ་ལམ་དུ་སེམས་སྙོམས་པའི་སྒོ་ནས་སེར་སྣ་མེད་པར་ཆོས་བསྟན་པ་དང་། བར་དུ་གཅོད་པའི་ཆོས་ལ་མ་བརྟེན་པ་དང་། དཀར་པོའི་ཆོས་ཀྱི་ལམ་དུ་ཞུགས་པ་དང་། ང་རྒྱལ་མེད་པར་ཆོས་བསྟན་པ་རྣམས་ཀྱི་རྒྱུ་ལས། ཆོས་ཀུན་གྱི་དབྱིངས་སུ་མངོན་པར་རྟོགས་པར་བྱང་ཆུབ་པའོ་ཞེས་རང་དོན་རྟོགས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་རྒོལ་བས་བརྫི་མི་ནུས་པ་དང་། ཐར་པའི་བག་ཆགས་སོགས་ནི་འགོག་པར་བྱེད་དོ། །ཞེས་གཞན་དོན་བར་ཆད་ཀྱི་ཆོས་སུ་བསྟན་པ་ལ་དང་། བྱང་ཕྱོགས་སོ་བདུན་ཐར་པའི་ལམ་ཡིན་པར་སྟོན་པ་གཞན་དོན་དེས་འབྱིན་གྱི་ལམ་སྟོན་པ་ལ་དང་། སྤང་བྱ་མཐའ་དག་འགགས་པའི་འགོག་པ་བདག་ཉིད་ཀྱིས་ཐོབ་པར་སྟོན་པ་རང་དོན་སྤངས་པ་ཕུན་ཚོགས་སུ་དམ་བཅས་པ་ལ་ཆོས་མཐུན་
(༡༢༥)གྱི་རྒོལ་བ་པོ་སུས་ཀྱང་བརྫི་མི་ནུས་པའི་ཕྱིར། ལུས་བདེ་བ་དང་བག་ཚ་བ་མེད་པ་དང་། སེམས་འཇིགས་པ་མེད་པ་ཐོབ་པའི་ཕྱིར། སངས་རྒྱས་རྣམས་ཀྱི་མི་འཇིགས་པའི་ཡོན་ཏན་ནི་རྣམ་པ་བཞི་ཡིན་ནོ། །གཉིས་པ་ནི། བདག་གཞན་ནས། ཐོགས་པ་མེད། ཅེས་གསུངས་ཏེ། དེ་དག་གི་བྱེད་ལས་ནི། བདག་དང་གཞན་གྱི་ཤེས་བྱའི་དངོས་པོ་སྡུག་བསྔལ་གྱི་བདེན་པ་རྣམ་པ་ཀུན་ཏུ་རང་གིས་ཤེས་པ་དང་། གཞན་གྱིས་ཤེས་པ་མཛད་པའི་ཕྱིར་དང་། རང་གཞན་གྱི་སྤང་བྱའི་དངོས་པོ་ཀུན་འབྱུང་གི་བདེན་པ་རང་གིས་སྤངས་པ་དང་། གཞན་སྤོང་བ་ལ་འགོད་པར་མཛད་པའི་ཕྱིར་དང་། བདག་དང་གཞན་གྱིས་བསྟེན་པར་བྱ་བ་ལམ་གྱི་བདེན་པ་རང་གིས་བསྟེན་པ་དང་། གཞན་སྟེན་དུ་འཇུག་པར་མཛད་པའི་ཕྱིར་དང་། རང་དང་གཞན་གྱི་ཐོབ་བྱ་བླ་མེད་འགོག་བདེན་ཤིན་ཏུ་དྲི་མ་མེད་པ་རང་གིས་ཐོབ་པ་དང་། གཞན་གྱིས་ཀྱང་ཐོབ་པར་མཛད་དུ་འཇུག་པའི་ཕྱིར་ན། འཕགས་པའི་བདེན་པ་བཞིའི་དོན་རང་གིས་མངོན་སུམ་དུ་མཛད་ནས་གཞན་ལ་དོན་དེ་ཉིད་བདེན་པར་གསུངས་པའི་ཕྱིར། དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པའི་དཀྱིལ་འཁོར་གང་དུའང་དམ་པའི་ཆོས་གསུངས་་པ་ལ་ཐོགས་པ་མེད་པར་འཇུག་གོ །གསུམ་པ་ནི། ཇི་ལྟར་ནས། ལྡན་པར་གནས། ཞེས་གསུངས་ཏེ། ཇི་ལྟར་ན། རི་དྭགས་ཀྱི་དབང་པོ་སེང་གེ་ནགས་ཀྱི་མཐར་རྟག་ཏུ་འཇིགས་པ་མེད་ཅིང་། རི་དྭགས་གཞན་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར། དེ་བཞིན་དུ་འཁོར་གྱི་ཚོགས་ཀྱི་ནང་ན། ཐུབ་པའི་དབང་པོ་མིའི་སེང་གེ་ཡང་འཇིགས་པ་མེད་པར་ལེགས་པར་གནས་ཤིང་། སེམས་ཅན་གཞན་དང་རང་ཉིད་མི་མཉམ་པར་གཟིགས་པས་གཞན་ལ་ལྟོས་པ་མེད་པ་དང་། ཏིང་ངེ་འཛིན་བརྟན་པ་དང་། མ་རིག་བག་ཆགས་ཀྱི་ས་ལས་བརྒལ་བས་རྩལ་དང་ལྡན་པར་གནས་སོ། །གསུམ་པ་མ་འདྲེས་པ་བཤད་པ་ལ་གསུམ། ངོ་བོ་མདོར་བསྟན། བྱེད་ལས་རྒྱས་བཤད་དཔེ་ཡིས་ངེས་པར་བྱ་བའོ། །དང་པོ་ནི། འཁྲུལ་དང་ནས། ཡོན་ཏན་ཡིན།
(༡༢༦)ཅེས་གསུངས་ཏེ། དེ་ལ་སྡེ་ཚན་བཞི་ཡོད་པ་ལས་སྤྱོད་པས་བསྡུས་པ་དྲུག་ནི། སྐུའི་སྤྱོད་པ་ལ་འཁྲུལ་པ་མེད་པ་དང་། གསུང་གི་སྤྱོད་པ་ལ་ཅ་ཅོ་མི་མངའ་བ་སྟེ། དེ་བཞིན་དུ། སྟོན་པ་ལ་ཐུགས་དྲན་པ་ཉམས་པ་མི་མངའ་བ་དང་། མཉམ་པར་མ་བཞག་པའི་ཐུགས་མི་མངའ་བ་དང་། འདུ་ཤེས་སྣ་ཚོགས་ཀྱང་མི་མངའ་བ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བའོ། རྟོགས་པ་མ་འདྲེས་པ་དྲུག་ནི་འདུན་པ་ཉམས་པ་མི་མངའ་བ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཤེས་རབ་དང་། སྒྲིབ་པ་ལས་རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་དང་། རྣམ་གྲོལ་གྱི་ཡེ་ཤེས་གཟིགས་པ་ཉམས་པ་མི་མངའ་བའོ། །འདིར་ཏིང་ངེ་འཛིན་རྣམ་བགྲངས་པ་ནི་མཉམ་པར་མ་བཞག་པའི་ཐུགས་མི་མངའ་བར་འདུས་པར་དགོངས་པའི་ཕྱིར་རོ། །ཕྲིན་ལས་མ་འདྲེས་པ་གསུམ་ནི། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ཐོབ་པའོ། །ཡེ་ཤེས་མ་འགྲེས་པ་གསུམ་ནི། དུས་གསུམ་གྱི་ཤེས་བྱ་ལ་བློ་སྦྱངས་པས་དུས་གསུམ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པ་ཐོབ་པའོ། །དེ་ལྟར་མ་འདྲེས་པ་བཅོ་བརྒྱད་པོ་འདི་དང་། འདི་དག་ལས་གཞན་ཡང་སྐུ་ཚད་མེད་པ་དང་། སྤྱི་གཙུས་ལྟར་མི་མངོན་པ་དང་། མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་སྐྱོན་ཞི་བར་བྱེད་པ་དང་། མདོ་ལས་ཆོས་གོས་སོར་བཞི་ཙམ་སྐུ་ལུས་ལ་མ་རེག་པ་སོགས་གསུངས་པ་རྣམས་ཀྱང་སྟོན་པའི་མ་འདྲེས་པའི་ཡོན་ཏན་ཡིན་ཏེ། དེ་དག་ཀྱང་སྔོན་སློབ་ལམ་དུ་སེམས་ཅན་ལམ་སྟོར་བ་ལ་མ་ནོར་བའི་ལམ་སྟོན་པ་སོགས་ཀྱི་རྒྱུ་ལས་ཉན་རང་སོགས་ཀྱི་ཡོན་ཏན་དང་མ་འདྲེས་པའི་ཁྱད་པར་རྨད་དུ་བྱུང་བའོ། །གཉིས་པ་ནི། འཁུལ་དང་ནས། རྣམས་ཀྱིས་བརྙེས། ཞེས་གསུངས་ཏེ། སྐུ་ལ་འཁུལ་པ་དང་། གསུངས་ལ་ཅ་ཅོ་དང་། ཐུགས་ལ་བསྙེལ་བ་དང་། ཐུགས་གཡོ་བ་སྟེ་མཉམ་པར་མ་བཞག་པ་དང་། འཁོར་འདས་ལ་ཐ་དད་ཀྱི་འདུ་ཤེས་དང་། ངང་གིས་ཏེ་མ་བརྟགས་པའི་བཏང་སྙོམས་དྲང་སྲོང་ལ་མེད་དོ། །འདུན་
(༡༢༧)པ་དང་། བརྩོན་འགྲུས་དང་། དྲན་པ་དང་། རྣམ་དག་དྲི་མེད་ཤེས་རབ་དང་། རྟག་ཏུ་རྣམ་པར་གྲོལ་བ་དང་། ཤེས་བྱའི་དོན་ཀུན་གཟིགས་པ་གྲོལ་པའི་ཡེ་ཤེས་རྣམས་ལས་ནི་ཉམས་པ་མི་མངའོ། །སངས་རྒྱས་གང་གི་སྐུ་དང་། གསུང་དང་། ཐུགས་ཀྱི་ཕྲིན་ལས་གསུམ་པོ་ཐམས་ཅད་རྒྱའི་ཀུན་སློང་ཡེ་ཤེས་སྔོན་དུ་འགྲོ་ཞིང་། དུས་ཀྱི་ཀུན་སློང་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་རྟག་ཏུ་ཐོགས་པ་མེད་པ་ངེས་པར་མཁྱེན་པ་རྒྱ་ཆེན་འཇུག་པ་སྟེ། བཅོ་བརྒྱད་པོ་གང་རྟོགས་པ་སྟེ་ཐོབ་པས་འགྲོ་བར་འཇིགས་པ་མེད་པར་དམ་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ་དེ་ནི། གཞན་དོན་ཐུགས་རྗེ་ཆེན་པོ་དང་ལྡན་པ་དང་། རང་དོན་སྤང་བྱའི་དགྲ་ལས་རྒྱལ་བ་ཉིད་དུ་གྱུར་པ་སངས་རྒྱས་རྣམས་ཀྱིས་སྔོན་སོ་སོ་དང་རྗེས་སུ་མཐུན་པའི་ལམ་བསྒོམས་ཤིང་གློ་བུར་གྱི་དྲི་མ་དང་བྲལ་བ་ལས་མངོན་སུམ་དུ་བརྙེས་སོ། །གསུམ་པ་ནི། སོགས་ནས། ཐུན་མོང་མིན། ཅེས་གསུངས་ཏེ། འབྱུང་བ་ས་ལ་སོགས་བཞི་པོ་ལ་ཡོད་པའི་ཆོས་སྲ་གཤེར་སོགས་གང་ཡིན་པ་འདུས་བྱས་སོ་སོའི་ཆོས་ཉིད་དེ་ནི་ནམ་མཁའ་ལ་ཡོད་པ་མིན་ལ་ནམ་མཁའི་མཚན་ཉིད་ཆོས་གཞན་ལ་སྒྲིབ་པ་མེད་པར་གོ་འབྱེད་པ་ལ་སོགས་པའི་མཚན་ཉིད་གང་ཡིན་པ་དེ་སོགས་གཟུགས་ཅན་ལ་མེད་པས་ན། ནམ་མཁས་གཟུགས་ཅན་ལ་ཁྱབ་ཀྱང་དེ་དང་ཐུན་མོང་མ་ཡིན་པ་བཞིན་དུ་སངས་རྒྱས་ཀྱི་ཐུགས་རྗེས་སེམས་ཅན་ལ་ཁྱབ་ཀྱང་མ་འདྲེས་པའི་ཡོན་ཏན་སེམས་ཅན་དང་ཐུན་མོང་མ་ཡིན་པའི་ཕྱིར། ཡང་དག་པར་ནམ་འདྲེས་པའི་ཡོན་ཏན་ནམ་མཁས་ཀྱང་མཚོན་དུ་མེད་དེ། ས་ཆུ་མེ་རླུང་ནམ་མཁའ་ཁམས་རྣམས་ནི་འབྱུང་བ་ཙམ་སོགས་སུ་མཚུངས་པ་འཇིག་རྟེན་ན་ནི་ཐུན་མོང་བ་ཡིན་ལ་སངས་རྒྱས་ཀྱི་མ་འདྲེས་པ་བཅོ་བརྒྱད་ཉིད་ནི་རྡུལ་ཕྲན་ཙམ་ཡང་འཇིག་རྟེན་པ་དག་དང་ཐུན་མོང་དུ་གྱུར་པ་མིན་པས་དཔེ་ལས་ཀྱང་ཁྱད་ཞུགས་སོ། །གཉིས་པ་སྨིན་འབྲས་བཤད་པ་གཉིས། མཚོན་བྱ་
(༡༢༨)མཚན་གྱི་དབྱེ་བ། མཚོན་བྱེད་དཔེ་ཡིས་བསྡུ་བའོ། །དང་པོ་ནི། ལེགས་གནས་ནས། མཚན་ཏུ་གསུངས། ཞེས་གསུངས་ཏེ། རང་བྱུང་སངས་རྒྱས་ནི་མཚན་བཟང་པོ་སོ་གཉིས་དང་ལྡན་ལ། དེ་དག་ཀྱང་གང་ཞེ་ན། སྔོན་སློབ་ལམ་དུ་སྡོམ་པ་ཡང་དག་པར་བླངས་པ་ལ་གནས་པ་དང་། བླ་མ་ལ་སྐྱེལ་བསུ་བྱས་པ་ལས། རུས་སྦལ་བཞིན་དུ་ཞབས་མཐིལ་མཉམ་པར་ལེགས་པར་གནས་པ་ལ་འཁོར་ལོ་རྩིབས་སྟོང་གི་རི་མོས་མཚན་པ་དང་། ཤེར་ཕྱིན་ཏུ་ཕྱག་མཐིལ་ཀྱང་འཁོར་ལོས་མཚན་པར་གསུངས་ཏེ། དེ་ནི་སྦྱིན་པ་ཡང་དག་པར་བཏང་བ་ལས་ཐོབ་པ་ཡིན་ལ། དབྱིབས་ཀྱང་ཕྱག་གི་འཁོར་ལོ་མཚོན་ཆ་ལྟར་རྩེ་མོ་རྣོ་བའི་དབྱིབས་ཅན་དང་ཞབས་ཀྱི་ཅུང་ཟད་ཟླུམ་པའི་དབྱིབས་ཅན་ནོ། །གཞན་ཁྱད་དུ་མ་བསད་ཅིང་དགེ་བའི་ཆོས་ཡང་དག་པར་བླངས་པ་ལས། ཞབས་ཀྱི་གོང་གང་དང་མཉམ་པར་རྟིང་པ་ཡངས་པ་དང་ཞབས་ཀྱི་ལོང་བུ་འབུར་བ་མི་མངོན་པ་དང་། བསད་བྱའི་སེམས་ཅན་འཇིགས་པ་ལས་བསྐྱབས་པ་ལས། སོར་མོ་རིང་བ་མཐིལ་དང་མཉམ་པའི་མཚན་མངའ་བ་དང་། གཞན་འཁོར་ཕྲ་མས་མ་ཕྱེ་བར་རང་འཁོར་བསྡུ་དངོས་བཞིས་རྗེས་སུ་བཟུང་བ་ལས། ཕྱག་དང་ཞབས་ཀྱི་སོར་མོ་ནི་དྲ་བ་ཡིས་ནི་འབྲེལ་བ་དང་། ཁ་ཟས་དང་གོས་སྣ་ཚོགས་པ་བྱིན་པ་ལས། པགས་པ་འཇམ་ཞིང་གཞོན་ཤ་ཅན་ཉིད་དུ་ལེགས་པར་གནས་པ་དང་། འདིར་ཕྱག་ཞབས་ཀྱི་པགས་པ་ཞེས་སྦྱོར་བ་ནི་འོག་ཏུ་ཕྱག་འཇམ་ཞིང་ཟླུམ་ཞིང་མཐོ་དམན་མེད་པ་དང་ཞེས་གསུངས་པ་དང་ཟློས་སོ། །བལྡག་པ་ལ་སོགས་པ་བཟའ་བཏུང་གྱ་ནོམ་པ་བྱིན་པ་ལས་ཕྱག་ཞབས་ཀྱི་ཐལ་གོང་བཞི་དང་ཕྲག་པ་ལྟག་པ་སྟེ་སྐུའི་ཆ་ནི་བདུན་དག་མཐོ་བ་དང་། སངས་རྒྱས་ཀྱིས་གསུངས་པའི་རིག་གནས་ལྔའི་ཆོས་གཟུང་བ་ལས། བྱིན་པ་རི་དྭགས་ཨེཎྱ་ཡ་དང་འདྲ་བར་ཟླུམ་རྒྱས་མཁྲེགས་ལ་བྱིན་གྱིས་ཕྲ་བས་མཛེས་པ་དང་། གསང་ཚིག་བསྲུངས་ཤིང་འཁྲིག་པ་སྤངས་པ་ལས། གསང་བའི་གནས་གླང་པོ་ཆེ་དང་ཁྱུ་མཆོག་བཞིན་དུ་སྦུབས་སུ་ནུབ་པ་
(༡༢༩)དང་། གཞན་ཁྱད་དུ་མ་བསད་ཅིང་རང་གི་དགེ་བ་རྒྱ་ཆེན་པོ་རིམ་གྱིས་སྤྱོད་པ་ལས། རོ་སྟོད་སེང་གེ་འདྲ་བར་རྒྱས་པ་དང་། སྨན་ལ་སོགས་པ་བྱིན་ཞིང་དགེ་བ་ཡང་དག་པར་སྤྱད་པ་ལས། ཐལ་གོང་མ་ཁེངས་པའི་བར་མེད་པར་རྒྱས་པ་དང་། སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བ་ལ་སོགས་པའི་སྒོ་ནས་གཞན་ལ་མི་འཇིགས་པར་བྱིན་པ་ལས། དཔུང་མགོ་ལེགས་པར་ཟླུམ་ཞིང་མཛེས་པ་དང་། གཞན་གྱི་གྲོགས་བྱ་བ་ལ་བརྩོན་པ་ལས། ཕྱག་རེག་བྱ་འཇམ་ཞིང་དབྱིབས་ཟླུམ་ལ་མཐོ་དམན་མེད་པར་མཛེས་པ་དང་། སློང་བ་པོའི་སྐྱེ་བོ་ཕྱིར་མ་སྤངས་པར་སྦྱིན་པའི་ཕྱག་བརྐྱང་པ་ལས། ཕྱག་རིང་པོ་མ་བཏུད་པར་པུས་མོར་སླེབས་པ་དང་། དུས་རྟག་ཏུ་དགེ་བ་བཅུ་པོ་ངོམས་མེད་དུ་སྤྱད་པ་ལས། དྲི་མས་ཡོངས་སུ་དག་པའི་སྐུ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་དང་། ནད་པ་ལ་སྨན་སོགས་བྱིན་ཞིང་སངས་རྒྱས་ལ་བསྔགས་པ་ལས་མགྲིན་པ་ཁ་དོག་དྲི་མ་མེད་ཅིང་དབྱིབས་དུད་དང་འདྲ་བར་མཛེས་པ་དང་། རང་ཉིད་ཀྱིས་ཚིག་བཀྱལ་པ་སྤངས་ཤིང་གཞན་དགེ་བ་ལ་སྦྱོར་བར་བྱས་པ་ལས། འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བ་དང་། སེམས་ཅན་ལ་བསམ་པ་མཉམ་པའི་སྒོ་ནས་ཕྲ་མའི་ཚིགས་སྤངས་བ་ལས། ཚེམས་ནི་བཞི་བཅུ་པོ་སྟེང་འོག་གི་གྲངས་ཉི་ཤུར་མཉམ་པ་དང་། ཕན་ཚུན་མི་མཐུན་པ་བསྲུང་ཞིང་བདེན་ཚིག་ཀུན་ཏུ་སྤྱད་པ་ལས་ཚེམས་རབ་ཏུ་དག་ཅིང་ཐགས་བཟང་པས་བར་མཚམས་མི་མངོན་པ་དང་། གཞན་ལ་ཡིད་དུ་འོང་བའི་ནོར་བྱིན་ཞིང་རང་ཉིད་འཚོ་བ་རྣམ་པར་དག་པ་ལས། ཚེམས་དྲི་མས་རྣམ་པར་དག་ཅིང་མཐོ་དམན་མཉམ་པ་ཉིད་དང་ནི། རང་ཉིད་ཀྱི་སྒོ་ཀྱི་སྒོ་གསུམ་གྱི་ལས་བསྲུངས་ཞིང་གཞན་སྐྱེ་བོ་ཐམས་ཅད་བཀུར་བ་ལས། མཆེ་བ་རབ་མཆོག་དཀར་ཞིང་རྣོ་བ་ཉིད་དང་། བདེན་ཚིག་ཁོ་ན་འཇམ་པོས་གསུངས་པ་ལས། ལྗགས་རིང་ཞིང་གསུང་གི་མཐའ་མེད་ལ་དེའི་དོན་བསམ་དུ་མེད་པ་དང་། ནད་པའི་གཡོག་དང་སྨན་སོགས་རོ་བྲོ་བ་བྱིན་པ་ལས། རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང་། འཇམ་ཞིང་དག་པའི་ཚིག་སྨྲས་ནས་སེམས་
(༡༣༠)ཅན་ཐམས་ཅད་ཀྱིས་དམ་པའི་ཆོས་གོ་བར་བྱས་པ་ལས་ཀ་ལ་པིང་ཀའི་སྒྲ་དང་ཚངས་པའི་དབྱང་ལྟར་སྙན་པའི་གསུང་ཉིད་དང་། བྱམས་པ་དང་ལྡན་པའི་མིག་གིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བལྟས་པ་ལས། སྤྱན་བཟང་པོ་ཨུཏྤལ་སྔོན་པོ་དང་འདྲ་བ་དང་། ཁོང་ཁྲོ་མེད་ཅིང་གཡོ་མེད་པར་བལྟས་པ་ལས། རྫི་མ་ཁྱུ་མཆོག་གི་འདྲ་བར་སྣུམ་ཞིང་མ་འཛིངས་པ་དང་། གང་ཟང་མཆོག་རྣམས་ལ་བསྔགས་པ་ལས། ཞལ་མཛེས་པར་བྱེད་པའི་མཛོད་སྤུ་དཀར་པོ་དྲི་མ་མེད་པ་དང་ལྡན་པ་དང་། གཙུག་ལག་ཁང་སོགས་བྱིན་པ་དང་། བླ་མ་གུས་པར་གཙུག་ཏུ་ཁུར་བ་ལས། གཙུག་ཏོར་བལྟར་མི་མངོན་པ་དབུའི་དབུས་དྲང་པོར་ལྡན་པ་དང་། གཞུང་དག་པ་རྣམས་ལས་དབུས་ལྡན་ཞེས་གསུངས་ཀྱང་ཕལ་ཆེ་བས་དབུ་གཙུག་ཏོར་དང་ལྡན་པ་ཞེས་ཟེར་མོད། འདི་ནི་དབུ་གཙུག་ཏོར་དང་ལྡན་པའི་མཚན་ཙམ་དུ་མ་ཟད། སེམས་ཅན་གྱི་མཚན་ལས་ཁྱད་པར་དུ་གྱུར་པའང་སྟོན་པ་སྟེ། ཐུབ་མཚན་ཡུལ་ན་གནས་པ་དང་། གསལ་ལ་རྫོགས་པས་འཕགས་པ་ཡིན། ཞེས་པ་ལྟར་རོ། །ཆོས་འཚོལ་བ་ལ་སེམས་ལས་སུ་རུང་ཞིང་གཞན་ལ་གནས་ཁང་སོགས་བྱིན་པ་ལས། པགས་པ་དག་ཅིང་སྲབ་པ་དང་། སེམས་ཅན་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་སངས་རྒྱས་ཀྱིས་སྔོན་ཡིད་དུ་འོང་བའི་གོས་སྟན་བྱིན་པ་ལས། པགས་པ་གསེར་གྱི་མདོག་འདྲ་བ་དང་། འདུ་འཛིན་སྤངས་ཤིང་ཆོས་འཚོལ་བ་ལ་སེམས་ལས་སུ་རུང་བ་སོགས་དགེ་བ་ཡང་དག་པར་བླངས་པ་སྤེལ་བ་ལས། བ་སྤུ་རྣམས་ལེགས་པར་ཕྲ་ལ་འཇམ་ཞིང་ཁུང་བུ་རེ་རེ་ནས་སྤུ་རེ་སྐྱེས་བ་སྐུའི་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་དང་། ཀུན་ལ་བརྩེ་ཞིང་རྡེག་པ་དང་མཚན་ཆ་སྤངས་པ་ལས། དབུ་སྐྲ་དྲི་མ་མེད་ཅིང་རིན་ཆེན་མཐོན་མཐིང་བཞིན་ཏུ་སྔོ་བ་དང་། དགོན་པ་དང་ཀུན་དགའ་ར་བ་སོགས་བྱིན་ཞིང་གཞན་ཏིང་ངེ་འཛིན་ལ་སྦྱར་བ་ལས། ནྱ་གྲོ་དྷའི་སྡོང་པོ་རྫོགས་པའི་ལྗོན་ཤིང་གི་དཀྱིལ་འཁོར་དང་འདྲ་བར་སྐུ་ཆུ་ཞིང་
(༡༣༡)གབ་པ་དང་། སངས་རྒྱས་ཀུན་ཏུ་བཟང་པོ་དཔེ་མེད་པ་དྲང་སྲོང་ཆེན་པོ་དེ་སྲེད་མེད་ཀྱི་བུའི་སྟོབས་མངའ་ཞིང་མཁྲིགས་པའི་སྐུའོ། །དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་གཟི་བརྗིད་རབ་ཏུ་འབར་བ་སུམ་ཅུ་རྩ་གཉིས་པོ་འདི་དག་སྟོན་པས་མི་དབང་སངས་རྒྱས་ཀྱི་མཚན་དུ་བུ་མོ་རིན་ཆེན་གྱིས་ཞུས་པའི་མདོར་གསུངས་སོ། །གཞུང་འདི་དང་མངོན་རྟོགས་རྒྱན་མཚན་བཟང་གི་ངོས་འཛིན་ཚུལ་མི་འདྲ་བ་རེ་རེ་ཙམ་བྱུང་ཡང་དོན་ནི་འདི་ཡིན་ཏེ། འདིར་སོ་གཉིས་ཀྱི་གྲངས་དེས་བྱེད་པ་ན་སྐུ་ཆེ་ཞིང་དྲང་བས་ཡོན་ཏན་སོ་གཉིས་པོའི་རྟེན་བསྟན་ལ། གཞན་ལ་ལེགས་གནས་འཁོར་ལོས་མཚན་པ་ལ་གཅིག །ཡངས་དང་ཞབས་ལོང་བུ་མི་མངོན་པ་དང་གཅིག །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས་སྐུའི་གྱེན་དུ་གཡས་ཕྱོགས་འཁྱིལ་བ་ལ་གཅིག་ཏུ་འདྲེན་པ་འདི་ནི། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་དགོངས་པར་གནས་སོ། །འོ་ན་སོ་གཉིས་སུ་བསྡུས་ནས་ཅི་ཞིག་བྱེད་ཅེ་ན། འདིར་བཤད་པའི་སོ་དྲུག་པོར་མ་ཟད། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་རྣམ་སྨིན་གྱི་ཡོན་ཏན་ཡིན་ལ། གཞན་ཡང་སློབ་ལམ་དུ་ཚོགས་བསགས་པའི་རྣམ་སྨིན་གྱི་འབྲས་བུ་ཇི་སྙེད་པ་ཐམས་ཅད་རྣམ་སྨིན་གྱི་ཡོན་ཏན་ཡིན་ཀྱང་། འདིར་གཙོ་གང་ཆེའི་རིགས་བསྡུལ་བའི་དབང་དུ་མཛད་ནས། ཡེ་ཤེས་ཀྱི་ཚོགས་མཉམ་བཞག་གི་འབྲས་བུའི་དབང་དུ་བྱས་ནས་བྲལ་བའི་ཡོན་ཏན་སོ་གཉིས། བསོད་ནམས་ཀྱི་ཚོགས་རྗེས་ཐོབ་ཀྱི་འབྲས་བུའི་དབང་དུ་བྱས་ནས་རྣམ་སྨིན་གྱི་ཡོན་ཏན་སོ་གཉིས་ཏེ། ཡོན་ཏན་དྲུག་ཅུ་རྩ་བཞིའི་གྲངས་ངེས་མཛད་པ་ནི་རགས་པ་ཙམ་གྱི་དབང་དུ་མཛད་པ་ཡིན་ནོ། །གཉིས་པ་ནི། ཇི་ལྟར་ནས། མཐོང་བར་འགྱུར། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། སྤྲིན་མེད་པའི་དུས་ཀྱི་སྟོན་ཀའི་ཟླ་བའི་གཟུགས་ཡོངས་སུ་རྫོགས་པ་ནམ་མཁའི་དཀྱིལ་དུ་མཐོང་བ་དང་། སྟོན་ཀའི་དུས་ཀྱི་ཆུ་སྔོན་པོ་དྭངས་ཤིང་དྲི་མ་མེད་པའི་མཚོར་ནི་མཐོང་བ་ལྟར་དོན་དེ་བཞིན་དུ་རྒྱལ་སྲས་ས་བཅུ་པ་རྣམས་དང་སློབ་མ་ཕལ་པའི་ཚོགས་རྣམས་ཀྱིས། ཁྱབ་བདག་སངས་རྒྱས་ཀྱི་ལོངས་
(༡༣༢)སྤྱོད་རྫོགས་སྐུ་དང་སྤྲུལ་པའི་སྐུའི་གཟུགས་གཉིས་པོ་དག་རིམ་པ་ལྟར་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དང་འཇིགས་རྟེན་པའི་དཀྱིལ་འཁོར་གྱི་ནང་དུ་མཐོང་བར་འགྱུར་རོ། །གསུམ་པ་ལུངས་ལས་རྟོགས་ཚུལ་ནི། ཡོན་ཏན་ནས། ཤེས་པར་བྱ། ཞེས་གསུངས་ཏེ། དེ་ལྟར་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད། མཚན་བཟང་སོ་གཉིས་ཏེ་བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་འདི་དག །སོ་སོའི་ངོ་བོ་རྒྱུ་དང་བཅས་ཏེ། བཤད་པའི་ཁུངས་ཡོད་དེ། གོང་དུ་བཤད་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་བུ་མོ་རིན་ཆེན་གྱིས་ཞུས་པའི་ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བའི་མདོ་ལས་གསུངས་པ་དེའི་རྗེས་སུ་འབྲངས་ནས་འཆད་པ་ཉིད་ཡིན་པས་ཤེས་པར་བྱའོ། །བཞི་པ་སླར་ཡང་དཔེ་དོན་བསྡུས་ཏེ་བསྟན་པ་ལ་གཉིས། དཔེ་དོན་མཚུངས་པའི་རྒྱུ་མཚན་སྤྱིར་བསྟན། སྦྱར་ཏེ་སོ་སོར་བཤད་པའོ། །དང་པོ་ནི། མི་ཕྱེད་ནས། དཔེས་བསྟན་ཏོ། །ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་བོ་རང་རང་གི་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་དང་། མི་འཇིགས་པ་བཞི་ནི་སྤོབས་པ་མི་ཞན་པའི་ཕྱིར་སེང་གེ་དང་མཚུངས་པའི་ཕྱིར། མ་འདྲེས་པ་བཅོ་བརྒྱད་ནི་ཉན་ཐོས་ལ་སོགས་པ་དང་མཚུངས་པ་མེད་ཅིང་ཐུན་མོངས་མ་ཡིན་པའི་ཕྱིར་དང་། མཚན་བཟང་པོ་དང་བཅས་པའི་གཟུགས་སྐུ་གཉིས་ནི་ཆོས་སྐུ་ནམ་མཁའ་དང་འདྲ་བ་ལས་གཡོ་བ་མེད་བཞིན་དུ་གདུལ་བྱ་ལ་སྣང་བའི་ཕྱིར། ཡོན་ཏན་སྡེ་ཚན་བཞི་པོ་རྣམས་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་རྫས་ཀྱི་དངོས་པོ་རྡོ་རྗེ་དང་། རི་དྭགས་ཀྱི་དབང་པོ་སེང་གེ་དང་། འདུས་མ་བྱས་ནམ་མཁའ་དང་། རྙོགས་པས་དྭངས་པའི་ཟླ་བའི་དཔེ་བཞི་པོས་བསྟན་ཏོ། །གཉིས་པ་ལ་གཉིས། བྲལ་འབྲས་དང་། སྨིན་འབྲས་བཤད་པའོ། །དེའི་དང་པོ་ལའང་བཞི། སྟོབས་མི་འཇིགས། མ་འདྲེས་པ་རྣམས་ཕྱེ་སྟེ་དཔེ་ཡིས་མཚོན་ཚུལ། བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །དང་པོ་སྟོབས་ལའང་གཉིས། སོ་སོར་དང་། ཐུན་
(༡༣༣)མོང་གི་མཚོན་ཚུལ་ལོ། །དང་པོ་ནི། སྟོབས་སོགས་ནས། བཅད་ཕྱིར་རོ། །ཞེས་གསུངས་ཏེ། སྟོབས་བཅུ་པོ་རྣམས་ལས་སྟོབས་དང་པོ་དྲུག་དང་བར་མ་གསུམ་དང་། ཕྱི་མ་གཅིག་གིས་རིམ་པ་ཇི་ལྟ་བ་བཞིན་ཏུ་ཤེས་བྱའི་སྒྲིབ་པ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་དང་། བག་ཆགས་དང་བཅས་པའི་སྒྲིབ་པ་ཀུན་ནས་བསལ་བས་རྡོ་རྗེ་དང་འདྲ་བ་ཡིན་ཏེ། སྒྲིབ་པ་གསུམ་གོ་ཆ་དང་། རྩིག་པ་དང་། ཤིང་བཞིན་དུ་གནས་པ་ལས་སྟོབས་རྣམས་ཀྱིས་རིམ་པ་ལྟར་ཕུག་པ་དང་། བཤིག་པ་དང་བཅད་པར་བྱས་པའི་ཕྱིར་རོ། །གཉིས་པ་ནི། བརླིང་དང་ནས། རྡོ་རྗེ་བཞིན། ཅེས་གསུངས་ཏེ། བརླིང་བ་ཉིད་དང་། སྙིང་པོ་ཉིད་དང་། བརྟན་པ་ཉིད་དང་། མི་ཕྱེད་པ་ཉིད་དེ། ཡོན་ཏན་གྱི་ཆོས་བཞི་དང་ལྡན་པས་ན། དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྟོབས་བཅུ་པོ་ཐམས་ཅད་ནི་རྡོ་རྗེ་དང་འདྲ་བ་ཉིད་དོ། །དེ་ཡང་རྒྱུ་མཚན་གང་གི་ཕྱིར་བརླིང་པ་ཡིན་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་སྙིང་པོ་ཡིན་ཞེ་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་བརྟན་པ་ཡིན་པའི་ཕྱིར། གང་གི་ཕྱིར་བརྟན་པ་ཡིན་ཞེ་ན་རྣམ་པར་རྟོག་པ་དང་མཚན་མ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི་ཕྱེད་པའི་ཕྱིར་རོ། །དེ་ལྟར་ཡང་སྤང་བྱ་ཐམས་ཅད་ནི་འཇོམས་ཤིང་སྤང་བྱས་ནི་སླར་ཡང་མི་ཕྱེད་པའི་ཕྱིར་ན། སྟོབས་བཅུ་པོ་རྫས་ཀྱི་དངོས་པོ་རྡོ་རྗེ་ཇི་ལྟ་བ་བཞིན་ནོ། །གཉིས་པ་མི་འཇིགས་པའི་མཚོན་ཚུལ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། འཇིགས་པ་མེད་ནས། འཇིགས་མི་མངའ། ཞེས་གསུངས་ཏེ། སུ་ལའང་འཇིགས་པ་མེད་པའི་ཕྱིར་དང་གཞན་དག་ལ་ལྟོས་པ་མེད་པའི་ཕྱིར་དང་། བློའི་སྟོབས་རབ་ཏུ་བརྟན་པའི་ཕྱིར་དང་། མི་མཐུན་པའི་ཕྱོགས་འཇོམས་པ་ལ་རྩལ་ནི་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་ཏེ། དེ་ལྟར་ཡོན་ཏན་གྱི་ཆོས་བཞི་དང་ལྡན་པས་ན་ཐུབ་པའི་དབང་པོ་མི་ཡི་སེང་གེ་ནི། སེང་གེ་ཆོས་བཞི་དང་ལྡན་པས་རི་དྭགས་ཀྱི་ནང་དུ་འཇིགས་པ་མེད་པ་ཇི་ལྟ་བ་བཞིན་དུ་འཁོར་གྱི་ཚོགས་མཐའ་
(༡༣༤)ཡས་པའི་དབུས་སུ་འཇིགས་པ་དང་བག་ཚ་བ་མི་མངའ་བར་གནས་སོ། །གཉིས་པ་ནི། ཀུན་མངོན་ནས། རྩལ་ལྡན་ནོ། །ཞེས་གསུངས་ཏེ། དེ་ལྟར་ཆོས་བཞི་དང་ལྡན་པར་ཡང་གང་གིས་ཤེས་སྙམ་ན་ཤེས་བྱའི་རྣམ་པ་ཀུན་མ་ལུས་པར་མངོན་སུམ་དུ་མཁྱེན་པས་དྲི་བ་ཐམས་ཅད་ལུང་བསྟན་པར་ནུས་པའི་ཕྱིར་ཕས་ཀྱི་རྒོལ་བ་ལ་སོགས་པའི་སྐྱེ་བོ་གང་ལས་ཀྱང་འཇིགས་པ་མེད་པར་ནི་རྣམ་པར་གནས་པ་དང་། སྒྲིབ་པ་ཅི་རིགས་པས་དག་པའི་སེམས་ཅན་ཉན་ཐོས་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་དང་ཡང་བདག་ཉིད་མི་མཉམ་ཞིང་དེ་དག་ལས་ལྷག་པར་གཟིགས་པའི་ཕྱིར་གཞན་སུ་ལའང་ལྟོས་པ་མེད་པ་དང་། ཐུགས་ནི་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་ཐམས་ཅད་ལ་རྣམ་པར་མི་རྟོག་ཅིང་རྩེ་གཅིག་ཏུ་གནས་པའི་ཕྱིར་ན་ཏིང་ངེ་འཛིན་རྟག་ཏུ་བརྟན་པ་དང་། མཆོག་ཏུ་སྤང་དཀའ་བའི་མ་རིག་བག་ཆགས་ཀྱི་སའི་སྒྲིབ་པ་ཤིན་ཏུ་ཕྲ་བ་ལས་ཀྱང་ལེགས་པར་བརྐལ་པའི་ཕྱིར་མི་མཐུན་ཕྱོགས་འཇོམས་པ་ལ་རྩལ་ཕུན་སུམ་ཚོགས་པའི་ཡོན་ཏན་བཞི་དང་ལྡན་པ་ཡིན་ནོ། །གསུམ་པ་མ་འདྲེས་པའི་མཚོན་ཚུལ་ནི། འཇིག་རྟེན་ནས། ནམ་མཁའ་བཞིན། ཅེས་གསུངས་ཏེ། གོང་དུ་མ་འདྲེས་པ་ནམ་མཁའི་དཔེས་སྨོས་པའི་འཕྲོས་དོན་དུ་ས་ཆུ་མེ་རླུང་སོགས་སྨོས་ན། དཔེ་དེ་རྣམས་ཅིའི་ཕྱིར་འགོད་ཅེ་ན། འཇིག་རྟེན་ཐ་མལ་པ་དང་ཉན་ཐོས་དང་། མཐའ་གཅིག་ཏུ་རང་དོན་སྤྱོད་པ་རང་རྒྱལ་དང་། བློ་ལྡན་བྱང་སེམས་དང་། རང་བྱུང་སངས་རྒྱས་རྣམས་གོང་དུ་བློ་དག་ནི་ཕྲ་ཞིང་ཟབ་པ་མཆོག་ཏུ་བྱུང་བའི་ཕྱིར་ན་དཔེ་ས་ཆུ་མེ་རླུང་རྣམས་སྔ་མ་ལས་ཕྱི་མ་མཚན་ཉིད་ཇེ་ཕྲ་ལ་སོང་བ་དང་དཔེ་དོན་སྦྱར་བས་རྟོགས་སླ་བའི་ཕྱིར་ས་སོགས་དཔེ་ནི་རྣམ་པ་ལྔ་འགོད་རིགས་པ་དང་། ཡང་ན་སངས་རྒྱས་ཀྱིས་འཇིག་རྟེན་ཀུན་གྱི་ཉེ་བར་འཚོ་བའི་གཞི་བྱེད་པའི་ཕྱིར་དཔེ་དེ་ལྔ་འགོད་རིགས་ཏེ། སས་རྟེན་ཆུས་སྡུད་མེས་སྨིན་རླུང་གིས་མི་འདྲུལ་ནམ་མཁས་དེ་རྣམས་ཀྱི་གོ་འབྱེད་ནས་ཉེ་བར་འཚོ་བ་དང་མཚུངས་ལ། སངས་རྒྱས་ཀྱི་མ་འདྲེས་པའི་ཡོན་ཏན་ནི། འཇིག་
(༡༣༥)རྟེན་པ་སོ་སོའི་སྐྱེ་བོ་དང་། འཇིག་རྟེན་ལས་འདས་པ་ཉན་རང་དང་བྱང་སེམས་འཕགས་པའི་ཡོན་ཏན་གྱི་མཚན་ཉིད་ལས་འདས་ཤིང་དེ་རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར། ནམ་མཁའ་འབྱུང་བ་བཞིའི་མཚན་ཉིད་ལས་འདས་པ་ཇི་ལྟ་བ་བཞིན་ནོ། །བཞི་པ་ནི། དེ་ལྟར་ནས། མེད་ཕྱིར་རོ། །ཞེས་གསུངས་ཏེ། དེ་ལྟར་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་པོ་འདི་རྣམས་དོན་དམ་ཆོས་སྐུས་རབ་ཏུ་ཕྱེ་ཞིང་དེའི་ངང་དུ་དབྱེར་མེད་པར་གནས་པ་སྟེ། དཔེར་ན་ནོར་བུ་རིན་ཆེན་ལས་འོད་འབྱུང་བ་དང་མདོག་གསལ་དང་དབྱིབས་མཛེས་པ་རྣམས་ནོར་བུ་ལས་དབྱེར་མེད་པ་བཞིན་ཏུ་ཡོན་ཏན་སོ་གཉིས་པོ་རྣམས་ཀྱང་ཆོས་སྐུ་ལས་དབྱེ་བ་མེད་པའི་ཕྱིར་རོ། །གཉིས་པ་སྨིན་འབྲས་བཤད་པ་ལ་གཉིས། མཚན་རྣམས་སྐུ་གཉིས་ལ་གནས་ཚུལ། གཟུགས་སྐུ་ཟླ་བའི་དཔེས་མཚོན་ཚུལ་ལོ། །དང་པོ་ནི། མཐོང་ན་ནས། གཉིས་ལ་བརྟེན། ཅེས་གསུངས་ཏེ། མཐོང་ན་ཡིད་ཚིམ་པར་བྱེད་པའི་རྣམ་སྨིན་གྱི་ཡོན་ཏན་གང་ཡིན་པ་མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་རྣམས་ནི་ཆོག་གི་སྤྲུལ་པའི་སྐུ་དང་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ནི་ལོངས་སྤྱོད་པའི་ལོངས་སྐུ་སྟེ་གཟུགས་སྐུ་གཉིས་ལ་བརྟེན་པ་ཡིན་ཏེ། གདུལ་བྱ་ལ་སྣང་བའི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དག་ལས་ནས། རྣམ་པ་གཉིས། ཞེས་གསུངས་ཏེ། གཟུགས་སྐུ་མཐོང་བའི་གེགས་སུ་གྱུར་པའི་སྒྲིབ་པ་རྣམ་པར་དག་པ་ལས་རིང་བའི་གདུལ་བྱ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་ལ་སོགས་པ་དང་། ཉེ་བའི་གདུལ་བྱ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་རིམ་པ་ཇི་ལྟ་བར་འཇིག་རྟེན་པའི་འཁོར་གྱི་དཀྱིལ་འཁོར་དུ་ཕལ་པ་རྣམས་ལ་སྤྲུལ་པའི་སྐུ་སྣང་ཞིང་། རྒྱལ་བའི་འཁོར་གྱི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་ནི། དཔེར་ན་ཆུ་དག་པའི་ནང་དུ་ཟླ་བའི་གཟུགས་མཐོང་བ་དང་། ནམ་མཁར་ཟླ་བའི་གཟུགས་མཐོང་བ་ཇི་ལྟ་བ་བཞིན་ཏེ། དེ་ལྟར་མཚན་བཟང་བོས་བརྒྱན་པའི་སྐུ་གཉིས་པོ་དེ་མཐོང་བའི་གདུལ་བྱའི་རིགས་རྣམ་པ་གཉིས་ཡིན་པས་གཟུགས་ཀྱི་སྐུ་མངོན་པར་འདོད་པས་ཀྱང་དག་པའི་སྐལ་བ་དང་ལྡན་པར་
(༡༣༦)བྱའོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་ཡན་ལག་ཡོན་ཏན་དྲུག་ཅུ་རྩ་བཞི་བསྟན་པའི་སྐབས་ཏེ་ལེའུ་གསུམ་པའི་རྣམ་པར་བཤད་པ་གྲུབ་བོ།། །།སྤྱི་དོན་བཞི་པ་བྱེད་པ་ཕྲིན་ལས་བཤད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དཔེ་དང་སྤྱར་ཏེ་ཤིན་ཏུ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། ལྷུན་གྲུབ་ཀྱིས་མདོར་བསྟན། རྒྱུན་མི་འཆད་པའི་མདོར་བསྟན་ནོ། །དང་པོ་ནི། གདུལ་བྱའི་ནས། གྲུབ་པར་འཇུག ། ཅེས་གསུངས་ཏེ། སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ན། གདུལ་བྱ་སེམས་ཅན་མཐའ་ཡས་པའི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་རིགས་སོགས་མཁྱེན་ནས་དེ་དང་མཐུན་པར་གདུལ་བར་བྱ་བའི་ཐབས་གང་ལ་གང་འོས་སྟོན་པ་དང་ནི་གདུལ་བྱའི་ཁམས་སྣ་ཚོགས་པ་དེ་རྣམས་ཀྱི་གདུལ་བའི་བྱ་བ་མངོན་མཐོ་ངེས་ལེགས་ལ་འགོད་པ་དང་། གདུལ་བྱ་དེ་གང་ན་ཡོད་པའི་ཡུལ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་གང་གི་ཚེ་འདུལ་བའི་དུས་སུ་གཤེགས་པ་ལ། ཁྱབ་བདག་རྫོགས་པའི་སངས་རྒྱས་རྣམས་རྟག་ཏུ་རྣམས་པར་རྟོག་པ་ལ་སོགས་པའི་འབད་རྩོལ་མི་མངའ་ཞིང་ལྷུན་གྱིས་གྲུབ་པར་འཇུག་གོ །གཉིས་པ་ནི། ཡོན་ཏན་ནས། རྣམ་པར་གཏོར། ཅེས་གསུངས་ཏེ། ངེས་པར་འབྱིན་པའི་རྒྱུ་གཟུངས་དང་ཏིང་དེ་འཛིན་ལ་སོགས་པ་ཡོན་ཏན་རིན་ཆེན་མཆོག་ཏུ་གྱུར་པའི་ཚོགས་དུ་མ་དང་ལྡན་ཞིང་། དྲི་མ་མེད་པའི་ཡེ་ཤེས་ཀྱི་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་བྱང་ཆུབ་སེམས་དཔའི་ས་བཅུ་དང་། ཉེ་བར་སྟོན་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སེམས་ཅན་རྣམས་སྨིན་པར་བྱེད་པ་ཉི་མའི་འོད་ཟེར་ལྟ་བུ་ཅན་ཏེ། འདིས་འགྲོ་བ་ལམ་གྱི་ཐེག་པ་མ་ལུས་པ་ངེས་པར་བསྒྲུབས་པ་ལས་བྱུང་བ་རྒྱུ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དང་། དེ་དག་གི་འབྲས་བུ་ཕུན་སུམ་ཚོགས་པ་མཐའ་དང་དབུས་མེད་ཅིང་རྒྱ་ཆེ་བས་ནམ་མཁའ་ལྟར་ཁྱབ་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་མཛད་པ་རྒྱུན་མི་འཆད་པ་ཡིན་ལ།
(༡༣༧)བྱང་ཆུབ་ཐོབ་ནས་ཀྱང་དོན་དམ་པའི་སངས་རྒྱས་ཉིད་ནི་སྟོབས་ལ་སོགས་པའི་ཡོན་ཏན་རང་བཞིན་གྱིས་དྲི་མ་མེད་པ་དང་ལྡན་པ་གདོད་མ་ནས་གཏེར་དང་འདྲ་བར་སེམས་ཅན་ཀུན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པར་ཡོད་པ་རྣམས་པར་གཟིགས་ནས་དེ་དག་ཡོངས་སུ་འཛིན་པར་མཛད་པའི་ཕྱིར་དང་། དེའི་རྒྱུ་མཚན་ཀྱང་། རྒྱལ་བའི་སྙིང་པོ་ནམ་མཁའ་དང་འདྲ་བ་དེ་ལ་སྒྲིབ་པར་བྱེད་པ་གློ་བུར་གྱི་དྲི་མ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤྲིན་གྱི་འདྲ་བ་རྣམས་གསལ་དགོས་པའི་ཕྱིར་དང་། དེ་སེལ་བར་བྱེད་པའི་རྐྱེན་ཡང་རྒྱལ་བ་རྣམས་ཀྱི་ཐུགས་རྗེ་ཆེན་པོའི་ཤུགས་རླུང་དྲག་པོ་དང་འདྲ་བ་དག་གིས་དྲི་མའི་སྤྲིན་རྣམས་རྣམ་པར་གཏོར་བར་ནུས་པ་ཉིད་ཀྱི་ཕྱིར་ན་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཡིན་ནོ། །ཞེས་པའོ། །མདོར་ན། ལུས་ཅན་རྣམས་གནས་སྐབས་སུ་ས་བཅུ་དང་ཚོགས་གཉིས་ལ་ཡང་སྦྱོར་ཞིང་། མཐར་ཐུག་བྱང་ཆུབ་ལ་སྦྱོར་ཏེ། དེས་ཀྱང་སེམས་ཅན་རྣམས་ཀྱི་སྒྲིབ་པ་རྣམས་ཐུགས་རྗེས་འཇོམས་བར་མཛད་པའི་ཕྱིར། ཕྲིན་ལས་རྒྱུན་མི་འཆད་པ་ཉིད་དུ་བསྟན་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ་གཉིས། ལྷུན་གྲུབ་ཀྱི་དོན་བསྡུས་ཏེ་བསྟན། རྒྱུན་མི་འཆད་པའི་དོན་ཕྱེ་སྟེ་བཤད་པའོ། །དང་པོ་ལ་གཉིས། རྣམ་པར་མི་རྟོག་པ་དང་། ཡུལ་དུས་མི་འགལ་བར་འཇུག་པའོ། །དང་པོ་ནི། གང་གི་ནས། ལྷུན་གྱིས་གྲུབ། ཅེས་གསུངས་ཏེ། གདུལ་བྱ་གང་གི་ཆེད་དུ་འཇུག་པ་དང་། ཐབས་གང་གིས་འདུལ་བ་དང་། གདུལ་བའི་བྱ་བ་གང་ཡིན་པ་དང་། གདུལ་བྱ་གནས་པའི་ཡུལ་གང་དུ་གཤེགས་པ་དང་སྐབས་སུ་བབ་པའི་དུས་སུ་གང་གི་ཚེ་འདུལ་བ་རྣམས་ལ་དེ་དེའི་ཀུན་སློང་གི་རྣམ་པར་རྟོག་པ་སྐྱེ་བ་མིན་ཞིང་འབད་རྩོལ་གྱི་གཡོ་བ་མེད་པའི་ཕྱིར་ན། ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་ཕྲིན་ལས་ནི་དུས་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག་གོ །གཉིས་པ་ནི། གདུལ་བྱའི་ནས། དུས་དེ་དག །ཅེས་གསུངས་ཏེ། མོས་པ་སྣ་ཚོགས་པ་ཅན་གྱི་གདུལ་བྱའི་ཁམས་ནི་གང་ཞིག་ཆེད་དུ་རང་རང་གི་མོས་པ་དང་མཐུན་པར་ཐེག་པ་གསུམ་ལ་སོགས་བས་གདུལ་
(༡༣༨)པའི་ཐབས་མང་པོ་གང་དག་གིས་འདུལ་བ་ལ་ཡང་ལྷུན་གྱིས་གྲུབ་པར་འཇུག་པ་དང་། གནས་སྐབས་སུ་མངོན་པར་མཐོ་བ་དང་། མཐར་ཐུག་ཏུ་ངེས་པར་ལེགས་པ་ལ་འགོད་པ་ལྟ་བུ་གདུལ་བའི་བྱ་བ་གང་ཡིན་པ་རྣམས་ལ་ཡང་ལྷུན་གྱིས་གྲུབ་པར་འཇུག་པ་དང་། གང་དུ་ནི་ཡུལ་གང་དང་གང་གི་ཚེ་ནི་དུས་ཏེ། གདུལ་བྱ་གང་ན་ཡོད་པའི་ཡུལ་དང་འདུལ་བའི་སྐབས་སུ་བབ་པའི་དུས་སུ་གཤེགས་པ་དེ་དག་ཀྱང་མི་འགལ་ཞིང་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་འཇུག་པའོ། གཉིས་པ་རྒྱུན་མི་འཆད་པའི་དོན་བཤད་པ་ལ་ལྔ། མིང་གི་རྣམ་གྲངས་མདོར་བསྟན། དོན་གྱི་དབྱེ་བ་རྒྱས་པར་བཤད། དེ་དག་དཔེ་ཡིས་མཚན་ཚུལ། དཔེ་དོན་སྦྱར་བའི་རྒྱས་བཤད། བསྡུས་ཏེ་རྒྱུན་མི་འཆད་ཚུལ་ལོ། །དང་པོ་ནི། ངེས་འབྱིན་ནས། མེད་ཕྱིར་རོ། །ཞེས་གསུངས་ཏེ། སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་འཆད་པ་ཡིན་ཏེ། ཕྲིན་ལས་ཀྱི་རྒྱུ་སྔོན་སངས་རྒྱས་ཀྱིས་ཡང་དག་པར་བསྟན་པ་དེས་འབྱིན་གྱི་ལམ་དང་། ངེས་འབྱིན་དེའི་ཉེ་བར་རྟོན་པ་ཚོགས་གཉིས་དང་། རྒྱུ་རྐྱེན་དེའི་འབྲས་བུ་བྱང་ཆུབ་དང་། འབྲས་བུ་དེའི་རྒྱུ་ཕྲིན་ལས་འཇུག་ཡུལ་ཡོངས་སུ་འཛིན་པ་སེམས་ཅན་དང་། དེའི་རྒྱུད་ལ་གསལ་བྱ་སྒྲིབ་པ་དང་། དེ་གཅོད་པར་བྱེད་པ་ཕྲིན་ལས་ཀྱི་རྐྱེན་ཐུགས་རྗེ་ཆེན་པོ་དང་དྲུག་ལ་ནི་རྣམ་པར་རྟོག་པ་མེད་པར་འབད་མེད་དུ་འཇུག་པའི་ཕྱིར་རོ། །གཉིས་པ་ནི། ངེས་པར་ནས། ཆེན་པོ་ཡིན། ཅེས་གསུངས་ཏེ། དང་པོ་འཁོར་བ་ནས་ཕྱིས་བྱང་ཆུབ་ཀྱི་བར་མཐར་ཐུག་པའི་གོ་འཕངས་དུ་ངེས་པར་འབྱིན་པའི་ལམ་ཕྲིན་ལས་ཀྱི་རྒྱུའི་རྐྱེན་ནི་བྱང་ཆུབ་སེམས་དཔའི་ས་བཅུ་རིམ་པར་བགྲོད་པས་ཏེ། ས་བཅུ་དེ་ཡི་ཡོན་ཏན་གོང་དུ་འཕེལ་ཞིང་ཕྲིན་ལས་ཉེ་བར་རྟོན་པའི་རྐྱེན་ནི་ཐབས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་ཡིན་ཅིང་། རྒྱུ་རྐྱེན་དེ་དག་མཐར་ཕྱིན་པའི་འབྲས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་མཆོག་ཏུ་གྱུར་པ་ཐོབ་པ་ཡིན་ལ། བྱང་ཆུབ་ཐོབ་ནས་ཀྱང་ཕྲིན་ལས་འཇུག་པའི་ཡུལ་སེམས་
(༡༣༩)ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གཟིགས་ནས་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་དང་། དེའི་རྒྱུ་མཚན་ཀྱང་སྙིང་པོ་དེ་ལ་སྒྲིབ་པར་བྱེད་པ་མཐའ་ཡས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྟེ། གློ་བུར་གྱི་དྲི་མ་རྣམས་གཞོམ་དགོས་པའི་ཕྱིར་དང་། དུས་ཀུན་ཏུ་ནི་སྒྲིབ་པ་དེ་འཇོམས་པར་བྱེད་པའི་རྐྱེན་ནི་ཐུགས་རྗེ་ཆེན་པོས་ལམ་སྟོན་པ་ཡིན་པའི་ཕྱིར་ན། སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་འཆད་པ་ཉིད་དོ། །སྐབས་འདིར་རོང་སྟོན་ཆེན་པོས། དེས་ན་ཕྲིན་ལས་རྒྱུ་གང་རྒྱུན་མི་འཆད་པ་ནི་ས་དང་ཚོགས་སྔོན་དུ་སོང་བ་ལས་སོ། །འབྲས་བུ་གང་ཐོབ་པས་རྒྱུན་མི་འཆད་ན་བྱང་ཆུབ་ཐོབ་པས་སོ། །ཡུལ་གང་ཡོད་པས་རྒྱུན་མི་འཆད་ན་སེམས་ཅན་ཀུན་ལ་བྱང་ཆུབ་སྙིང་པོའི་ཚུལ་དུ་ཡོད་པས་དེའི་སྒྲིབ་པ་ཐུགས་རྗེས་སེལ་བའོ། །ཞེས་ལེགས་པར་བཤད་དོ། །གསུམ་པ་ནི། གནས་ནི་ནས། ཤེས་པར་བྱ། ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་ཕྲིན་ལས་རྒྱུན་མི་འཆད་པའི་རྒྱུ་མཚན་དུ་གྱུར་པའི་དོན་གྱི་གནས་ནི་དྲུག་པོ་འདི་དག་རྣམས་དཔེ་དང་དོན་གོ་རིམ་ཇི་ལྟ་བ་བཞིན་དུ་སྦྱར་ནས་ཤེས་པར་བྱ་སྟེ། དེའང་རྒྱ་མཚོ་ཆེན་པོ་དང་དྲི་མ་མེད་པའི་ཉི་མ་དང་ནི། ནམ་མཁའི་ཁམས་དང་། གཏེར་ཆེན་པོ་དང་། གཏོར་བྱའི་སྤྲིན་ཚོགས་དང་། འཐོར་བྱེད་རླུང་ཆེན་པོའི་ཤུགས་ཇི་ལྟ་བ་བཞིན་ཏུ་ཤེས་པར་བྱའོ། །བཞི་པ་ནི། ཤེས་ཆུ་ནས། རླུང་དང་འདྲ། ཞེས་གསུངས་ཏེ། དྲི་མ་མེད་པའི་ཡེ་ཤེས་ཀྱི་ཆུ་དང་བཅས་ཤིང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་རིན་ཆེན་དང་ལྡན་པའི་ཕྱིར་ན་ངེས་པར་འབྱིན་པའི་རྒྱུ་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་ནི་རྒྱ་མཚོ་ཇི་ལྟ་བ་བཞིན་ཡིན་ལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བས་ཉེ་བར་འཚོ་ཞིང་ཕན་པར་བྱེད་པའི་ཕྱིར་ཉེ་བར་སྟོན་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་དག་ནི་ཉི་མ་ཇི་ལྟ་བ་བཞིན་ཞིང་། ཐམས་ཅད་དུ་ཁྱབ་པས་རྒྱ་ཆེ་བ་དང་མཐའ་དང་དབུས་མེད་པས་ཟབ་པའི་ཕྱིར། དེ་དག་གི་འབྲས་བུ་བྱང་ཆུབ་ཆེན་
(༡༤༠)པོ་ནི་ནམ་མཁའི་ཁམས་ཇི་ལྟ་བ་བཞིན་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་ཡོན་ཏན་གྱི་འབྱོར་པ་ཟད་མི་ཤེས་པ་དང་བཅས་པ་གདོད་མ་ནས་ལྷུན་གྱིས་གྲུབ་པར་གནས་པའི་ཕྱིར་ཡོངས་སུ་གཟུང་བར་བྱ་བའི་སེམས་ཅན་རྣམས་ཀྱི་ཁམས་རང་བཞིན་གྱི་དག་པའི་དེ་བཞིན་གཤེགས་པའི་སྙིང་པོ་ནི་གཏེར་ཆེན་པོ་དང་འདྲ་ཞིང་། སྤང་རུང་གློ་བུར་བ་ཡིན་པ་དང་རང་བཞིན་ལ་ཁྱབ་པར་བྱེད་པ་དང་། དོན་དམ་པར་བདེན་པར་མ་གྲུབ་པའི་ཕྱིར་ཁམས་རང་བཞིན་གྱིས་རྣམ་པར་དག་པ་དེའི་སྒྲིབ་པ་ཉོན་མོངས་པ་རྣམས་ནི་སྤྲིན་གྱི་ཚོགས་འཐུག་པོ་ཇི་ལྟ་བ་བཞིན་ཡིན་ལ། ཉོན་མོངས་པ་སྤྲིན་དང་འདྲ་བ་དེ་འཐོར་བར་བྱེད་པའི་ལམ་སྟོན་པར་མཛད་པ་ནི་ཉེ་བར་གནས་པའི་ཕྱིར་སྒྲིབ་པ་སྤོང་བའི་རྐྱེན་ཐུགས་རྗེ་ཆེན་པོ་མི་ཟད་ཅིང་རབ་ཏུ་དྲག་པའི་རླུང་གི་ཤུགས་དང་འདྲ་བ་ཡིན་ནོ། །ལྔ་པ་ནི། གཞན་གྱི་ནས། མཛད་མི་འཆང་། ཅེས་གསུངས་ཏེ། སྔོན་སློབ་ལམ་དུ་སེམས་ཅན་མ་ལུས་པར་སྒྲོལ་བར་དམ་བཅས་ཤིང་གཞན་དོན་ཁོ་ནའི་དབང་དུ་བྱས་པའི་ལམ་གྱིས་ངེས་པར་འབྱུང་བར་བྱས་པའི་ཕྱིར་དང་། གཞན་དོན་དུ་བྱང་ཆུབ་ཐོབ་ནས་བདག་ཉིད་དང་སེམས་ཅན་རྣམས་སངས་རྒྱས་ཀྱི་སྙིང་པོ་ཙམ་དུ་མཚུངས་པར་གཟིགས་པས་ཕྲིན་ལས་དོན་ཡོད་པར་མཁྱེན་པའི་ཕྱིར་དང་། སེམས་ཅན་གྱི་ཁམས་ལ་མཐའ་མེད་པས་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱིས་ལ་འགོད་པར་མཛད་པའི་མཛད་པ་ཡོངས་སུ་མ་རྫོགས་པའི་ཕྱིར། འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་སངས་རྒྱས་རྣམས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཉིད་དོ། །རྩ་བའི་གསུམ་པ་དཔེ་དང་སྦྱར་ཏེ་ཤིན་ཏུ་རྒྱས་པར་བཤད་པ་ལ་གཉིས། དཔེའི་དབྱེ་བ་མདོར་བསྟན་པ། དཔེ་དོན་རྒྱས་པར་བཤད་པའོ། །དང་པོ་ནི། བརྒྱ་བྱིན་ནས། ས་བཞིན་ནོ། །ཞེས་གསུངས་ཏེ། སངས་རྒྱས་རྣམས་ཀྱི་ཕྲིན་ལས་རྟོག་མེད་ལྷུན་གྲུབ་རྒྱུན་མི་འཆད་པའི་སྒོ་ནས་གདུལ་བྱའི་སྐལ་བ་དང་འཚམས་པར་འཇུག་པ་དེ་ཉིད་མཚོན་པར་བྱེད་པའི་དཔེ་རྣམ་པ་དགུ་ཡིན་ཏེ། སྐུ་སྟོན་པའི་དཔེ་བཻཌཱུར་གྱི་ས་གཞི་ལ་བརྒྱ་བྱིན་གྱི་གཟུགས་བརྙེན་སྣང་བ་དང་། གསུང་དམ་
(༡༤༡)
(༡༤༡)ཆོས་འདོམ་པའི་དཔེ་ལྷའི་སྒྲ་དང་། མཁྱེན་བརྩེ་ས་ཐམས་ཅད་ལ་ཁྱབ་པའི་དཔེ་སྤྲིན་དང་། སྐུའི་སྤྲུལ་པ་སྣ་ཚོགས་སྟོན་པའི་དཔེ་ཚངས་པ་རང་གནས་ནས་མ་འཕོས་པར་སྤྲུལ་པས་འདོད་ལྷའི་དོན་བྱེད་པ་དང་། ཡེ་ཤེས་སྤྲོ་བའི་དཔེ་ཉི་མ་ལས་འོད་ཟེར་འབྱུང་བ་དང་། ཐུགས་ཀྱི་གསང་བ་བསམ་གྱི་མི་ཁྱབ་པའི་དཔེ་ནོར་བུ་རིན་ཆེན་ལས་དགོས་འདོད་འབྱུང་བ་བཞིན་དང་། དེ་བཞིན་གཤེགས་པའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་དཔེ་བྲག་ཆའི་སྐྲ་བརྙན་མི་བདེན་བཞིན་དུ་བརྗོད་བྱ་སྣ་ཚོགས་སྟོན་པ་བཞིན་དང་། སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་དཔེ་ནམ་མཁའ་ཅིར་ཡང་མ་གྲུབ་བཞིན་དུ་ཅིར་ཡང་སྣང་བ་དང་ནི་ཐུགས་རྗེས་གཞན་དོན་མཛད་པའི་དཔེ་ས་གཞིས་ཐམས་ཅད་ཀྱི་རྟེན་བྱེད་པ་བཞིན་ནོ། །འདིར་ཀུན་མཁྱེན་དོལ་བོ་པའི་ཞལ་ནས། སངས་རྒྱས་རྣམས་སྐྱེ་བ་དང་འགག་པ་མེད་པ་མེད་པས་རབ་ཏུ་ཕྱེ་བ་འདུས་མ་བྱས་པའི་མཚན་ཉིད་ཅན་ཡིན་ན། དེ་ལས་ཇི་ལྟར་འཁོར་བ་ཇི་སྲིད་དུ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་མཛད་པ་འཇུག་ཅེས་ཐེ་ཚོམ་དང་སོམ་ཉི་སྐྱེས་པ་རྣམས་ཀྱི་འཁྲུལ་པ་སྤངས་ནས་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་མོས་པ་བསྐྱེད་པའི་ཕྱིར། དཔེ་རྣམ་པ་གསལ་བ་མང་པོས་འཆད་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་རྒྱས་བཤད་ལ་གསུམ། སོ་སོའི་ངོ་བོ་དཔེ་དོན་སྦྱར། དགོས་པ་བརྗོད་དེ་སྐབས་དོན་བསྡུ། སླར་ཡང་བསྡུས་ཏེ་ཁྱད་པར་བཤད་པའོ། །དང་པོ་ལ་དགུ། སྐུ་རྣམ་འཕྲུལ་སྟོན་པ། གསུང་གདམས་ངག་བརྗོད་པ། ཐུགས་མཁྱེན་བརྩེས་ཁྱབ་ཚུལ། སྤྲུལ་པ་སྤྲོ་བ། ཡེ་ཤེས་འཇུག་ཚུལ། ཐུགས་ཀྱི་གསང་བ། གསུང་གི་གསང་བ། སྐུའི་གསང་བ། ཐུགས་རྗེ་འཇུག་ཚུལ་བཅས་ཀྱི་དཔེ་དོན་སྤྱར་བའོ། །དེའི་དང་པོ་ལ་ལྔ། དཔེ་བསྟན་པ། དོན་བཤད་པ། དཔེ་རྒྱས་བཤད། དོན་ངོས་གཟུང་བ། བསྡུས་ཏེ་སྐྱེ་འགག་མེད་ཚུལ་བསྟན་པའོ། །དང་པོ་ལའང་གསུམ། སྣང་ཚུལ། བྱེད་ལས། དོན་དུ་གྱུར་པའོ། །དང་པོ་ནི། ཇི་ལྟར་ནས། ཞེས་གསུངས་ཏེ། འཛམ་བུའི་གླིང་
(༡༤༢)པ་བསོད་ནམས་དང་ལྡན་པ་འགའ་ཞིག་ལ་ལྷའི་དབང་པོའི་སྣང་བ་འཆར་ཚུལ་ཡོད་དེ། ཇི་ལྟར་ན། སྔོན་གྱི་དགེ་བའི་མཐུས་རིན་པོ་ཆེ་བཻ་ཌཱུརྻ་དག་པའི་རང་བཞིན་ཅན་དུ་འཛམ་གླིང་གི་ས་གཞིའི་སྟེང་མཐའ་དག་འདིར་གྱུར་ཏེ། ས་གཞི་དེ་ཤིན་ཏུ་དག་ཅིང་དྭངས་པའི་ཕྱིར་དེར་ལྷའི་དབང་པོ་འཁོར་ལྷའི་བུ་མོའི་ཚོགས་དང་བཅས་ཤིང་། གཙོ་བོའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་དང་ལྷའི་གནས་དེ་ལས་གཞན་པ་དགའ་བའི་ཚལ་ལ་སོགས་པ་དག་དང་། ལྷ་དེ་རྣམས་ཀྱི་གཞལ་ཡས་ཁང་བཀོད་པ་སྣ་ཚོགས་པ་དང་། ལོངས་སྤྱོད་བྱའི་ལྷ་རྫས་རྣམ་པ་མང་པོས་གང་བ་དང་བཅས་པ་ས་སྟེང་དེར་སྣང་བ་མིའི་འཇིག་རྟེན་པ་རྣམས་ཀྱིས་མཐོང་ངོ་། །གཉིས་པ་ནི། དེ་ནས་ནས། གནས་པར་གྱུར། ཅེས་གསུངས་ཏེ། དེ་ལྟར་མཐོང་བ་དེ་ནས་འཛམ་བུའི་གླིང་གི་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཚོགས་པ་སའི་སྟེང་ན་གནས་པ་རྣམས་ཀྱིས་ལྷ་དབང་འཁོར་བཅས་འབྱོར་བ་བསམ་གྱིས་མི་ཁྱབ་པའི་སྣང་བ་དེ་ནི་མཐོང་བར་གྱུར་པས་རྐྱེན་བྱས་ཏེ། ངེད་རྣམས་ཀྱང་རིང་པོར་མི་ཐོགས་པར་ལྷ་དབང་འདི་འདྲ་བར་གྱུར་ཅིག་ཅེས་དེ་འདྲ་བའི་སྨོན་ལམ་འདེབས་པར་བྱེད་ཅིང་། ལྷ་དབང་དེ་ཐོབ་པའི་དོན་དུ་སྦྱིན་སོགས་ཀྱི་དགེ་བ་ནི་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཏོ། །དེས་ནི་ལྷ་དབང་དུ་སྣང་བ་དེའང་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་སྟོན་པའོ། །གསུམ་པ་ནི། དེ་དག་ནས། ཉེ་བར་གནས། ཞེས་གསུངས་ཏེ། སྐྱེས་པ་དང་བུད་མེད་དེ་དག་ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་དཀར་པོ་དགེ་བའི་ལས་རྣམས་ལེགས་པར་སྤྱད་པ་དེས་ནི། བརྒྱ་བྱིན་ལ་སོགས་པ་མཐོང་བ་འདི་དག་གཟུགས་བརྙན་གྱི་སྣང་བ་ཤར་བ་ཙམ་ཡིན་གྱི་ལྷ་ལ་སོགས་པའི་དངོས་པོ་འདིར་འོངས་པ་ནི་མ་ཡིན་ནོ། །ཞེས་བྱ་བ་དེ་ལྟ་བུར་ཡང་དག་པ་ཤེས་པ་མེད་ཀྱང་གཟུགས་བརྙན་ལ་ངོ་བོར་བཟུང་ནས་དགེ་བ་སྤྱད་པའི་དབང་གིས་ས་ཡི་སྟེང་མིའི་ལུས་ནས་ཤི་འཕོས་ཏེ་རང་གང་འདོད་པའི་ལྟར་ནི་སྐྱེ་བར་འགྱུར་རོ། །སྣང་ཤར་བ་དེ་ནི་ཤིན་ཏུ་འཛམ་བུའི་གླིང་པ་རྣམས་དགེ་བ་ལ་གཞུག་པར་བྱའོ་སྙམ་པའི་ཡང་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཅིང་
(༡༤༣)འབད་རྩོལ་གྱི་གཡོ་བ་མེད་པ་ཡིན་པ་དེ་ལྟ་མོད་ཀྱི་འོན་ཀྱང་སའི་སྟེང་མིའི་ཡུལ་ན་གནས་པ་རྣམས་དངོས་སུ་དགེ་བ་ལ་སྦྱོར་ཞིང་རྒྱུད་ནས་མངོན་པར་འདོད་པའི་གོ་འཕངས་ལ་སྦྱོར་བས་དོན་ཆེན་པོ་དང་ལྡན་པ་ཉིད་ཀྱིས་ནི་ཉེ་བར་གནས་པ་ཡིན་ནོ། །གཉིས་པ་དོན་བཤད་པ་ལ་གསུམ། སྣང་ཚུལ། དོན་གཉེར། མི་རྟོག་ཀྱང་དོན་བྱེད་པའོ། །དང་པོ་ནི། དེ་བཞིན་ནས། མཐོང་བར་འགྱུར། ཅེས་གསུངས་ཏེ། དཔེ་དེ་བཞིན་དུ་དད་པ་དང་བརྩོན་འགྲུས་ལ་སོགས་པ་རྣམས་ཀྱི་མི་མཐུན་ཕྱོགས་མ་དད་པ་ལ་སོགས་པའི་དྲི་མ་མེད་པ་ཅན་དུ་བྱས་ནས། དད་པ་དང་བརྩོན་འགྲུས་དང་དྲན་པ་ལ་སོགས་པའི་ཡོན་ཏན་རྣམས་རིམ་གྱིས་བསྒོམས་པའི་དབང་གིས་རང་གི་སེམས་དང་བར་ཕྱུར་བ་ལ་སྣང་བ་རྫོགས་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ཡང་མཚན་བཟང་སོ་གཉིས་དང་དཔེ་བྱད་ཅུ་ལྡན་པ་དང་། རེས་འགའ་སྐུ་འཆག་པ་དང་ནི་དེ་བཞིན་དུ་བཞེངས་པ་དང་། གདན་ལ་བཞུགས་པ་དང་། མནལ་བའི་ཕྱིར་གཟིམ་པ་དང་། གཞན་ཡང་གཤེགས་པ་ལ་སོགས་པའི་སྤྱོད་ལམ་རྣམས་པ་སྣ་ཚོགས་པ་མཛད་པ་ཅན་དང་། གདུལ་བྱ་ལ་ཞི་བ་མྱ་ངན་ལས་འདས་པའི་ཆོས་ནི་གསུངས་པ་དང་། རེས་འགའ་ཆོས་མི་གསུངས་པར་ནི་ནད་དུ་ཡང་དགའ་འཇོག་ལ་མཉམ་པར་བཞག་པར་གྱུར་པ་དང་། རྫུ་འཕྲུལ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་དག་མཛད་པ་དང་འོད་ཀྱི་དཀྱིལ་འཁོར་དང་ལྡན་པས་གཟི་མདངས་ཆེན་པོ་ཅན་ལ་སོགས་པའི་རྣམ་འཕྲུལ་མཐའ་ཡས་པར་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར་རོ། །གཉིས་པ་ནི། དེ་མཐོང་ནས། ཐོབ་པར་བྱེད། ཅེས་གསུངས་ཏེ། དག་པའི་སེམས་ལ་སྣང་བའི་གཟུགས་སྐུ་དེ་མཐོང་ནས་ཀྱང་སངས་རྒྱས་ཐོབ་པ་འདོད་པའི་འདུན་པ་དང་ལྡན་པའི་སྒོ་ནས་སངས་རྒྱས་ཉིད་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་དུ་ཐོས་པ་ལ་སོགས་པའི་དགེ་བ་ལ་རབ་ཏུ་སྦྱོར་ཏེ། དེ་འགྲུབ་བྱེད་ཀྱི་རྒྱུ་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་ལ་སོགས་པ་ཡང་དག་པར་བླངས་ནས་ནི་རིམ་གྱིས་གོམས་པར་བྱས་པ་ལས་འདོད་པའི་འབྲས་བུ་མཐར་ཕྱིན་པ་རྫོགས་
(༡༤༤)པའི་སངས་རྒྱས་ཀྱི་གོ་འཕངས་ཐོབ་པར་བྱེད་དོ། །གསུམ་པ་ནི། སྣང་བ་ནས། མཐོང་བར་འགྱུར། ཅེས་གསུངས་ཏེ། སེམས་དག་པ་ལ་སྣང་བའི་སངས་རྒྱས་དེ་ནི་ཤིན་ཏུ་ཡང་སེམས་ཅན་གྱི་དོན་འདི་དང་འདི་ལྷ་བྱའོ་སྙམ་པའི་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཅིང་། འབད་རྩོལ་གྱིས་ནམ་ཡང་གཡོ་བ་མེད་པ་ཡིན་ལ། དེ་ལྟ་ན་ཡང་སངས་རྒྱས་ཀྱི་གཟུགས་མཐོང་བ་དེ་ནི་འཇིག་རྟེན་ན་གདུལ་བྱ་རྣམས་དངོས་སུ་དགེ་བའི་རྩ་བ་རྒྱ་ཆེན་པོ་ལ་སྦྱོར་ཞིང་། བརྒྱུད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྦྱོར་བས་དོན་ཆེན་པོ་དང་ལྡན་པ་ཉིད་ཀྱིས་ནི་ཉེ་བར་གནས་པ་ཡིན་ལ། གཟུགས་སྐུའི་རྣམ་འཕྲུལ་མཐའ་ཡས་འདི་ནི། རང་གི་སེམས་དག་པ་ལ་དོན་དམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་སྣང་བ་ཙམ་ཡིན་གྱི་མཐར་ཐུག་པའི་སངས་རྒྱས་ནི་མ་ཡིན་ནོ། །ཞེས་བྱ་བར་བྱིས་པ་སོ་སོའི་སྐྱེ་བོས་ཡང་དག་པར་མི་ཤེས་མོད། དེ་ལྟ་ན་ཡང་སངས་རྒྱས་ཀྱི་སྐུ་ཉིད་མཐོང་བ་ལས་ཀྱང་ལྟ་བ་པོའི་གདུལ་བྱ་དེ་དག་ལ་དོན་ཆེན་པོ་ཡོད་པར་འགྱུར་ཏེ། རིམ་གྱི་གཟུགས་ཀྱི་སྐུ་དེ་མཐོང་བ་ལ་བརྟེན་ནས་སངས་རྒྱས་ཐོབ་པར་བྱ་བའི་ཆེད་དུ་ཐེག་པ་ཆེན་པོའི་ཚུལ་ཟབ་མོ་འདི་ལ་གནས་ཤིང་ལམ་ཉམས་སུ་ལེན་པའི་སྐལ་པ་དང་ལྡན་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་དོན་དམ་པའི་སེམས་ཀྱི་རང་བཞིན་འོད་གསལ་བ་ཆོས་ཀྱི་སྐུ་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་སྟོང་པ་ཉིད་ནི་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་མངོན་སུམ་དུ་གསལ་བར་མཐོང་བར་འགྱུར་རོ། གསུམ་པ་དཔེ་རྒྱས་པར་བཤད་པ་ནི། ཇི་ལྟར་ནས། འཐོང་བ་ལྟར། ཞེས་གསུངས་ཏེ། ཇི་ལྟར་ན། དགེ་བའི་མཐུས་འཛམ་བུའི་གླིང་གིས་ཆེན་པོ་འདི་ཀུན་གཅོང་རོང་ལ་སོགས་པའི་ཉམ་ང་བའི་གནས་གཞན་དང་བྲལ་བ་དྲི་མ་མེད་པའི་བཻ་ཌཱུརྻ་འོད་གསལ་ཞིང་མཛེས་ལ། ནོར་བུ་རིན་པོ་ཆེའི་ཡོན་ཏན་ཐམས་ཅད་ཚང་ཞིང་རྡུལ་ལ་སོགས་པའི་དྲི་མ་དང་བྲལ་བའི་དཔལ་དང་ལྡན་པས་རྒྱན་དུ་བཀོད་པ། སྟེང་ནི་ལག་མཐིལ་ལྟར་མཉམ་པར་གྱུར་ཏེ། ས་གཞི་དེ་ཤིན་ཏུ་དག་པའི་ཕྱིར་དེར་ནི་ལྷའི་དག་པོའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་སོགས་སྣ་ཚོགས་
(༡༤༥)པ་དང་། ལྷ་དབང་ལྷའི་འཁོར་དང་བཅས་པའི་གཟུགས་བརྙན་ཤར་གསལ་བར་སྣང་ཞིང་། ཕྱིས་རིམ་གྱིས་ས་དེའི་ཡོན་ཏན་དང་བྲལ་བའི་ཕྱིར་གཟུགས་བརྙན་དེ་ནི་སླར་ཡང་མི་སྣང་བ་སོགས་སྐྱེ་འགག་ཏུ་འགྱུར་ལ། གཟུགས་བརྙན་དེ་མཐོང་བའི་དབང་གིས་བརྒྱ་བྱིན་དེའི་དངོས་པོ་ཐོབ་པར་བྱ་བའི་ཕྱིར་བསྙེན་གནས་དང་བདེན་པར་སྨྲ་བ་སོགས་བརྟུལ་ཞུགས་དང་ལོངས་སྤྱོད་ངེས་པར་སྦྱིན་པ་དང་སོགས་ཁོངས་ནས་ཚུལ་ཁྲིམས་དང་སྒོམ་པ་ལ་སོགས་ལ་མངོན་པར་ཕྱོགས་པའི་བུད་མེད་དང་སྐྱེས་པའི་ཚོགས་ལྷར་སྐྱེ་བར་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་ཞིང་ཐལ་མོ་སྤྱར་ནས་སྨོན་ལམ་འདེབས་པ་དེ་ལྟར་གཟུགས་སྐུ་ཐོབ་པའི་ཕྱིར་ལམ་ལ་སློབ་པའོ། །བཞི་པ་དོན་དོས་བཟུང་བ་ནི། དག་པ་ནས། བསྐྱེད་པར་བྱེད། ཅེས་གསུངས་ཏེ། བརྒྱ་བྱིན་གྱི་གཟུགས་བརྙན་མཐོང་བའི་སྐྱེ་བོ་དེ་ལ་སྨོན་པ་དེ་བཞིན་ཏུ་སངས་རྒྱས་ལ་རབ་ཏུ་དགའ་བའི་སེམས་དང་ལྡན་པའི་རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་རྣམས་བླ་མེད་བྱང་ཆུབ་ཏུ་སེམས་རབ་ཏུ་བསྐྱེད་པར་བྱེད་དེ། དག་པའི་བཻ་ཌཱུརྻ་དང་འདྲ་བའི་རང་སེམས་དག་པ་ལ་སྣང་བ་ཤར་བའི་ཐུབ་པའི་དབང་པོ་ཐོབ་པར་བྱ་བའི་དགོས་པ་ཡོད་པའི་ཕྱིར་རོ། །ལྔ་པ་བསྡུས་ཏེ་སྐྱེ་འགག་མེད་ཚུལ་བསྟན་པ་ནི། ཇི་ལྟར་ནས། དེ་མི་ལྷ། ཞེས་གསུངས་ཏེ། དཔེ་ཇི་ལྟར་ན་མིའི་འཇིག་རྟེན་དུ་བཻ་ཌཱུརྻ་ས་གཞི་རྡུལ་ལ་སོགས་པའི་དྲི་མ་མེད་ཅིང་ གཙང ་བར་གྱུར་པ་ལ་ལོངས་སྤྱོད་དང་བཅས་པའི་ལྟའི་དབང་པོའི་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར་དོན་དེ་བཞིན་དུ་གདུལ་བྱའི་འགྲོ་བ་རྣམས་ཀྱི་སེམས་ཀྱི་ས་གཞི་མ་དད་པ་ལ་སོགས་པའི་དྲི་མ་མེད་ཅིང་ གཙང ་བར་གྱུར་པ་ལ་མཚན་བཟང་པོ་དང་བཅས་པའི་ཐུབ་པའི་དབང་པོའི་སྐུའི་གཟུགས་བརྙན་འཆར་ཞིང་། དེ་ལྟར་ན་ཡང་གདུལ་བྱའི་འགྲོ་བར་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་འཆར་བ་དང་ནུབ་པར་སྣ་བ་ནི་མ་དད་པ་ལ་སོགས་པའི་རྙོག་པ་མེད་ཅིང་དང་བར་གྱུར་པའི་རང་གི་སེམས་རབ་ཏུ་འཇུག་པའི་དབང་གིས་གཟུགས་ཀྱི་སྐུ་འཆར་བར་སྣང་བ་དང་། མ་དད་པ་ལ་སོགས་པའི་རྙོག་པ་དང་བཅས་ཤིང་
(༡༤༦)རྣམ་པར་མ་དག་པའི་རང་གི་སེམས་རབ་ཏུ་འཇུག་པའི་དབང་གིས་གཟུགས་ཀྱི་སྐུ་ནུབ་པར་སྣང་ཞིང་འཇུག་པ་ཡིན་གྱིས། དཔེ་ཇི་ལྟར་ན་མིའི་འཇིག་རྟེན་དག་ན་ས་གཞི་དག་པ་དང་མ་དག་པའི་དབང་གིས་ལྷའི་དབང་པོའི་གཟུགས་བརྙན་འཆར་བ་དང་ནུབ་པར་སྣང་ཡང་ལྷའི་དབང་པོ་རང་ཉིད་རང་གི་གནས་ལས་གཡོ་བ་མེད་པ་ལྟར། དོན་དེ་བཞིན་དུ་གདུལ་བྱ་དག་པ་དང་མ་དག་པའི་དབང་གིས་གཟུགས་ཀྱི་སྐུར་སྐྱེ་བ་དང་འགག་པར་སྣང་ཡང་དོན་དམ་པ་ཆོས་ཀྱི་སྐུ་ལ་ཡོད་པ་སྐྱེ་བ་དང་ཞིག་པ་འགག་པ་ཅེས་བྱ་བ་དེ་ལྟར་ནམ་ཡང་མི་ལྟ་སྟེ། འདུས་མ་བྱས་ཤིང་འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་གསུངས་གདམས་ངག་བརྗོད་པའི་དཔེ་སྦྱར་བ་ལ་དྲུག །དཔེ་འགོད་པ། དོན་བསྟན་པ། དཔེ་དོན་གྱི་བྱེད་ལས། ཁྱད་པར་བརྗོད་པ། ཆོ་འཕྲུལ་གསུམ་དང་སྦྱར་བཤད། གསུང་གི་ནུས་པ་མི་འཇུག་པ་མི་འགལ་བའོ། །དང་པོ་ནི། ཇི་ལྟར་ནས། སྐུལ་བྱེད་ལྟར། ཅེས་གསུངས་ཏེ། ཇི་ལྟར་ན། ལྷའི་ནང་དུ་ལྷ་རྣམས་ཀྱི་སྔོན་གྱི་དཀར་པོ་དགེ་བའི་ལས་ཀྱི་མཐུ་ཡིས་ནི་གྲུབ་པའི་ལྷའི་ཆོས་ཀྱི་ངོ་བོ་ཆེ་ཆོས་ཀྱི་སྒྲ་འབྱིན་པ་ཞེས་བྱ་བ་ཞིག་ནི་རྣམ་པར་རྒྱལ་བའི་ཁང་བཟང་གི་སྟེང་གི་བར་སྣང་ལ་འདུག་སྟེ། དེ་བརྡུང་བ་སོགས་ཀྱི་འབད་རྩོལ་དང་སྒྲ་འབྱུང་བའི་གནས་ལྕེ་རྐན་སོགས་དང་བསམ་བྱེད་ཀྱི་ཡིད་དང་རྟེན་གཟུགས་དང་སྒྲ་སྒྲོགས་སྙམ་པའི་རྣམ་པར་རྟོག་པ་མེད་བཞིན་དུ་རྔ་དེ་ལས་འདུས་བྱས་མི་རྟག་པ་དང་། ཟག་བཅས་སྡུག་བསྔལ་བ་དང་ཆོས་བདག་མེད་པ་དང་མྱང་འདས་ཞི་བའོ་ཞེས་པའི་སྒྲ་ཡང་ནས་ཡང་དུ་འབྱུང་བ་དེ་ཡིས། འདོད་ཡོན་ལ་གཡེངས་པས་བག་མེད་པར་གྱུར་པའི་ལྷ་རྣམས་ཐམས་ཅད་ཆོས་ལ་བསྐུལ་བར་བྱེད་པ་དེ་ལྟར། གཉིས་པ་ནི། དེ་བཞིན་ནས། ཆོས་བསྟན་ཏོ། །ཞེས་གསུངས་ཏེ། དཔེ་དེ་བཞིན་དུ། སྲིད་ཞིའི་ཁྱབ་བདག་རྫོགས་པའི་སངས་རྒྱས་རྣམས། ཆོས་གསུང་པའི་འབད་རྩོལ་སོགས་ལྔ་དང་བྲལ་ཡང་འགྲོ་བ་མ་ལུས་པ་ལ་སངས་རྒྱས་ཀྱི་གསུང་གིས་ཁྱབ་པར་མཛད་དེ། སྐལ་ལྡན་རྣམས་ལ་སྐལ་བ་དང་འཚམ་པར་ཆོས་སྟོན་པར་མཛད་དོ། །གསུམ་པ་ལ་གཉིས།
(༡༤༧)རྒྱས་བཤད། དོན་བསྡུའོ། །དང་པོ་ནི། ཇི་ལྟར་ནས། སྒྲུབ་པར་བྱེད། ཅེས་གསུངས་ཏེ། ཇི་ལྟར་ན། ལྷའི་ནང་ན་ལྷ་རྣམས་ཀྱིས་རྔ་བོ་ཆེའི་སྒྲ་དེ་ལྷ་རང་གི་དགེ་བའི་ལས་ཀྱི་མཐུ་ལས་བྱུང་བ་ལྟར། གདུལ་བྱའི་འཇིག་རྟེན་དུ་ཐུབ་པས་སངས་རྒྱས་རྣམས་ཆོས་གསུང་པར་སྣང་བ་ནི་སེམས་ཅན་རང་གི་བསོད་ནམས་བྱས་པའི་ལས་ལས་བྱུང་བ་ཡིན་ཅིང་། རྔ་སྒྲ་དེ་ནི་སྐྱེས་བུའི་འབད་པ་དང་འབྱུང་བའི་གནས་དང་རྟེན་ལུས་དང་ཀུན་སློང་གི་སེམས་དང་བྲལ་མོད་ཀྱི་དེ་ལྟ་བུའི་རྔ་སྒྲ་དེས་ཇི་ལྟར་ལྷ་རྣམས་ཆོས་ལ་བསྐུལ་ནས་ཞི་བ་སྒྲུབ་པ་ལྟར། དེ་བཞིན་དུ་སངས་རྒྱས་ལ་ནི་ཆོས་སྟོན་པའི་འབད་པ་སོགས་དང་བྲལ་མོད་ཀྱི། དེ་ལྟ་བུ་བུའི་ཆོས་དེས་གདུལ་བྱའི་སྡུག་བསྔལ་ཞི་བ་མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་དོ། །གཉིས་པ་ནི། ཇི་ལྟར་ནས། ལམ་ཚུལ་བརྗོད། ཅེས་གསུངས་ཏེ། ཇི་ལྟར་ན། ལྷའི་གྲོང་ཁྱེར་རྣམ་རྒྱལ་ཁང་བཟང་ན་བར་སྣང་ལ་ཡོད་པའི་རྔ་བོ་ཚོའི་སྒྲའི་རྒྱ་ལས་བྱུང་བའི་ལྷ་ལ་མི་འཇིགས་སྦྱིན་པར་བྱེད་པ་དེ་ནི། ལྷ་རྣམས་རྩུབ་འགྱུར་གྱི་ཚུལ་དུ་ཕྱིན་ནས་ཉོན་མོངས་པ་ཞེ་སྡང་བསྐྱེད་དེ་ལྷ་མ་ཡིན་དང་གཡུལ་དུ་འཇུག་པའི་ཚེ་ན། ལྷ་མ་ཡིན་གྱི་དཔུང་ལས་རྒྱལ་བར་བྱེད་ཅིང་། འདོད་ཡོན་ལ་གཡེང་བའི་རྩེད་མོ་སྣ་ཚོགས་པ་སེལ་ཞིང་རིམ་གྱིས་བྱང་ཆུབ་ལ་འགོད་པ་ལྟར། དེ་བཞིན་དུ། གདུལ་བྱའི་འཇིག་རྟེན་དག་ན་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམས་པ་ལ་སོགས་པ་དགེ་བ་རྣམས་བསྟེན་པའི་རྒྱུ་ལས་བྱུང་བའི་སངས་རྒྱས་ཀྱི་གསུང་དེས་སེམས་ཅན་རྣམས་ཀྱི་རྒྱུ་ཉོན་མོངས་པ་དང་འབྲས་བུ་སྡུག་བསྔལ་རབ་ཏུ་འཇོམས་ཤིང་སྡུག་བསྔལ་མ་ལུས་པ་ཞི་བ་བླ་ན་མེད་པ་ལམ་གྱི་ཚུལ་ཐེག་པ་ཆེན་པོ་རབ་ཏུ་བརྗོད་པར་མཛད་དོ། །བཞི་པ་ནི། གང་ཕྱིར་ནས། ཁྱད་པར་འཕགས། ཞེས་གསུངས་ཏེ། གང་གི་ཕྱིར་འདུལ་བྱའི་སྐྱེ་བོ་མཐའ་ཡས་པ་ཀུན་ལ་རང་རང་གི་བསམ་པ་དང་མཐུན་པར་ཁྱད་པར་ཉི་ཚེ་བ་མ་ཡིན་པ་ཉིད་དང་། མཐར་ཐུག་ངེས་པར་ལེགས་པའི་འཕངས་ལ་སྦྱོར་བས་ཕན་པ་ཉིད་དང་། གནས་སྐབས་མངོན་པར་མཐོ་བའི་དགའ་བ་ལ་སྦྱོར་བས་བདེ་བ་ཉིད་དང་། རྫུ་
(༡༤༨)འཕུལ་གྱི་ཆོ་འཕྲུལ་དང་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་གསུམ་དང་ལྡན་པས་སྡུག་བསྔལ་ལས་ངེས་པར་འབྱིན་པ་ཉིད་དེ། ཡོན་ཏན་གྱི་ཆོས་བཞི་དང་ལྡན་པ་དེའི་ཕྱིར་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱིས་ཆོས་གསུངས་པའི་དབྱངས་ནི་ལྷ་རྫས་ཀྱིས་སིལ་སྙན་ཉི་ཚེ་བ་ཕན་པ་དང་བདེ་བ་དང་ངེས་པར་འབྱིན་པ་མ་ཡིན་པ་རྣམས་ལས་ཆེ་ས་ཁྱད་པར་དུ་འཕགས་པ་ཉིད་དོ། །ལྔ་པ་ནི། ལྷར་ནི་ནས། བརྟེན་པར་བརྗོད། ཅེས་གསུངས་ཏེ། ལྷའི་གནས་མཐའ་ཡས་པར་ནི་རྔའི་སྒྲ་ཆེན་པོས་ཁྱབ་པར་འགྲོ་བ་ཡིན་ཡང་། དེ་ཉིད་སའི་གཞིར་གནས་པའི་སེམས་ཅན་རྣམས་ཀྱི་རྣ་བར་མི་འགྲོ་བ་ཉི་ཚེ་བ་ཡིན་ལ། སངས་རྒྱས་ཀྱི་ཆོས་གསུངས་བའི་རྔ་སྒྲ་ནི་དུས་ལ་བབ་པ་ན་གདུལ་བྱའི་འཁོར་བ་ན་གནས་པའི་འོག་གི་འཇིག་རྟེན་དག་ཏུའང་ཁྱབ་པར་ཀུན་ཏུ་འགྲོ་བས་ཉི་ཚེ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་ཁྱད་པར་དུ་འཕགས་སོ། །སྐབས་འདིར་རྗེ་ཕྲིན་ལས་པས། འདིར་བསྟན་པའི་རྔ་སྒྲ་འདི། རྔ་བོ་ཆེ་ལས་གཞན་པའི་ལྷའི་རྔ་སྒྲ་སིལ་སྙན་ཕལ་པའི་ཁོངས་སུ་གཏོགས་པ་དག་གཞུང་དགོས་ཏེ། གཟུང་འདི་གོང་གི་སྐྱེ་ཀུན་པ་ཉིད་དང་།ཞེས་པའི་རྒྱས་བཤད་ཡིན་ལ། གཞུང་སྔ་མ་ཤོ་ལོ་ཀ་གཅིག་པུས་རྔ་བོ་ཆེ་སིལ་སྙན་ཕལ་པ་ལས་ཁྱད་པར་བྱེད་ཆོས་བསྟན་པའི་ཕྱིར། རྔ་བོ་ཆེ་ས་སྟེང་ན་གནས་པའི་མི་ལ་སོགས་པས་མི་ཐོས་པས། སར་གནས་རྣམས་ཀྱི་རྣར་མི་འགྲོ། ཞེས་པའི་ཁོངས་སུ་གཏོགས་སམ་སྙམ་ན། མ་ཡིན་ཏེ། ལྷའི་རྔ་བོ་ཆེའི་སྒྲ་ལས་བྱུང་བའི་ཆོས་ཀྱི་སྡོམ་བཞི་ལ་སོགས་པ་ལྷ་རྣམས་བག་མེད་པ་ལས་བསྐུལ་བའི་ཚིག་མཐའ་དག །དེང་སང་རང་ཅག་རྣམས་ཀྱིས་ཐོས་པ་ཁོ་ནས་གཏམ་དུ་སྨྲ་བཞིན་པ་ཉིད་ན། རང་གིས་རང་ལ་ཙེ་འདྲི་བར་མ་བྱེད་ཅིག །ཅེས་འཆད་དོ། །དེ་བཞིན་ཏུ། ལྷར་ནི་ལྷའི་སིལ་སྙན་གྱི་རྣམ་པ་མི་འདྲ་བ་བྱེ་བ་ཕྲག་མང་པོ་རྣམས་ཀྱང་ཕྱིར་ཞིང་འདོད་ཡིན་གྱི་བདེ་བ་ལ་ཆགས་པའི་མི་མངོན་པར་འཕེལ་བའི་དོན་དུ་སྒྲོགས་པས་ཕན་པ་མ་ཡིན་ལ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་གི་དབྱངས་རྣམ་གྲངས་གཅིག་
(༡༤༩)ཙམ་གྱིས་ཀྱང་གདུལ་བྱ་སྐལ་པ་དང་ལྡན་པ་རྣམས་ཀྱི་སྡུག་བསྔལ་གྱི་མེ་ཚོགས་རྒྱུ་དང་བཅས་པ་རབ་ཏུ་ཞི་བའི་མྱ་ངན་ལས་འདས་པ་ཐོབ་པའི་དོན་དུ་འཇུག་པས་ཕན་པ་ཡིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཤིང་། ལྷར་ནི་བཀོད་པ་མཛེས་ཤིང་ཐོས་པ་ཙམ་ལས་ཡིད་དུ་འོང་བའི་སིལ་སྙན་གྱི་སྒྲ་རྣམ་པ་མང་པོ་རྣམས་ཀྱང་། སེམས་ནི་ཡུལ་ལ་རྒོད་པ་དང་རྣམ་པར་གཡེང་བ་འཕེལ་བར་འགྱུར་བའི་རྒྱུ་ཡིན་པས་བདེ་བ་མ་ཡིན་ལ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་དེ་བཞིན་གཤེགས་པའི་གསུང་ནི་གདུལ་བྱ་རྣམས་བསམ་གཏན་དང་ཏིང་ངེ་འཛིན་ལ་སེམས་གཏོད་ཅིང་བསམ་པ་སྐུལ་བར་བྱེད་པའི་རྒྱུ་ཉེད་དུ་གྱུར་པ་བདེ་བ་ཡིན་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཏེ། མདོར་ན་ལྷ་རྫས་ཀྱི་སིལ་སྙན་རྣམས་ནི་ངེས་པར་འབྱིན་པ་མ་ཡིན་ལ། མ་ལུས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་ལྷ་དང་སར་གནས་པ་མི་ལ་སོགས་པ་རྣམས་ཀྱི་སྡུག་བསྔལ་དང་བཅས་པ་སྤངས་ནས་ཟག་པ་མེད་པའི་བདེ་བ་ཆེན་པོ་འཕེལ་བར་བྱེད་པའི་རྒྱུ་གང་ཡིན་པ་དེ་ནི་ཆོ་འཕྲུལ་གསུམ་དང་ལྡན་པའི་སྒོ་ནས་མ་ལུས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཁྱབ་པར་འགྱུར་བའི་སངས་རྒྱས་ཀྱི་གསུང་དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད་པས་སྡུག་བསྔལ་ངེས་པར་འབྱིན་པའི་ཕྱིར་ཡང་ཁྱབ་པར་དུ་འཕགས་སོ། །འདིར་ཤློ་ཀ་བཞིས་ཉི་ཚེ་བ་ཡིན་མིན། ཕན་མི་ཕན། བདེ་མི་བདེ། ངེས་པར་འབྱིན་མི་འབྱིན་རྒྱས་པར་བཤད་པའོ། །དྲུག་པ་ནི། ཇི་ལྟར་ནས། འགྱུར་བ་ཡིན། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན་རྣ་བའི་དབང་པོ་དང་བྲལ་བས་ཕྲ་མོའི་སྒྲ་ནི་མི་མྱོང་ཞིང་མི་ཐོས་པ་དེ་བཞིན་ཏུ། སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་གསུངས་དབྱངས་མི་ཐོས་ཤིང་སྒྲའི་ཁྱད་པར་ཐམས་ཅད་ལྷའི་རྣ་བ་ཐོང་པའི་ཡང་རྣ་བའི་ལམ་དུ་མི་འགྲོ་ཞིང་འགའ་ཞིག་འགྲོ་བ་ལྟར་དེ་བཞིན་ཏུ་སངས་རྒྱས་ཀྱིས་ཆོས་ཤིན་ཏུ་ཕྲ་ཞིང་ཟབ་པ་མཆོག་ཏུ་ཞི་བ་མོའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཡང་གདུལ་བྱའི་རིགས་ཐམས་ཅད་ཀྱི་རྣ་བའི་ལམ་དུ་གྱུར་པ་ནི་མ་ཡིན་གྱི་ཉོན་མོངས་པ་མེད་པའི་ཡིད་ཅན་བློ་མཆོག་ཏུ་གྱུར་པ་སྐལ་པ་ཆེན་པོ་དང་ལྡན་
(༡༥༠)པ་འགའ་ཞིག་གི་རྣ་བའི་ལམ་དུ་འགྱུར་བ་ཡིན་ནོ། །གསུམ་པ་ཐུགས་མཁྱེན་བརྩེས་ཁྱབ་ཚུལ་དཔེ་སྦྱར་ལ་ལྔ། སྤྲིན་གྱི་དཔེ་དོན་མདོར་བསྟན། དེ་ཉིད་རྒྱས་པར་བཤད་པ། སྣོད་ཀྱི་འགྱུར་ཚུལ། འབད་མེད་དུ་འཇུག་པ། སྡུག་བསྔལ་སེལ་བའི་ཆོས་མཐུན་སྦྱར་བའོ། །དང་པོ་ནི། ཇི་ལྟར་ནས། མེད་པར་འབེབས། ཞེས་གསུངས་ཏེ། ཇི་ལྟར་ན། དབྱར་གྱི་དུས་ན་སྤྲིན་གྱིས་ལོ་ཐོག་ཕུན་སུམ་ཚོགས་པའི་རྒྱུ་ཆར་ཆུའི་ཕུང་པོ་འབད་པ་མེད་པར་ས་ལ་རྒྱུན་དུ་འབེབས་པ་ལྟར། དེ་བཞིན་ཏུ། རྒྱལ་བའི་ཐུགས་རྗེའི་སྤྲིན་ལས་ནི་དམ་པ་ཆོས་ཀྱི་ཆུའི་ཆར་པ་འགྲོ་བའི་རྒྱུད་ཀྱི་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུར་རྣམ་པར་རྟོག་པ་མེད་པར་འབེབས་པར་མཛད་དོ། །གཉིས་པ་ལ་གཉིས། དཔེ་དོན་བསྟན་པ་དང་། ཆོས་མཚུངས་ཀྱི་སྒོ་ནས་དོན་བཤད་པའོ། །དང་པོ་ནི། ཇི་ལྟར་ནས། ཆར་པ་འབེབས། ཞེས་གསུངས་ཏེ། ཇི་ལྟར་ན། འཇིག་རྟེན་པ་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇུག་པ་ན་རླུང་གིས་བསྐུལ་བ་ལས་སྐྱེས་པའི་ཆུ་ཆར་སྤྲིན་གྱིས་འབེབས་བ་ལྟར། དེ་བཞིན་ཏུ། ཐུགས་བརྩེ་བའི་རླུང་གིས་བསྐུལ་ཏེ་འགྲོ་བ་རྣམས་ཀྱི་དགེ་བའི་ལོ་ཏོག་མངོན་པར་སྤེལ་བའི་ཕྱིར་དུ་སངས་རྒྱས་ཀྱི་སྤྲིན་ལས་དམ་པའི་ཆོས་ཀྱི་ཆར་པ་ཆེན་པོ་འབེབས་པར་མཛད་དོ། །གཉིས་པ་ནི། སྲིད་ལ་ནས། ལོ་ཏོག་རྒྱུ། ཞེས་གསུངས་ཏེ། གདུལ་བྱའི་སྲིད་པ་ལ་མཁྱེན་པ་དང་བརྩེ་བ་ཆེན་པོས་འགྱུར་བ་འཁོར་བ་དང་མི་འགྱུར་བ་མྱང་འདས་ཀྱིས་མ་གོས་པ་ཆོས་དབྱིངས་ཀྱི་ནམ་མཁའི་དཀྱིལ་ན་གནས་ཤིང་ཏིང་ངེ་འཛིན་དང་གཟུངས་ཀྱི་ཆུ་དྲི་མ་མེད་པའི་སྙིང་པོ་ཅན་གྱི་ཆོས་ཆར་འབེབས་པའི་ཕྱིར། ཐུབ་པའི་དབང་པོའི་ཐུགས་རྗེའི་སྤྲིན་ནི་འགྲོ་བའི་དགེ་བའི་ལོ་ཐོག་འཕེལ་བའི་རྒྱུ་ཡིན་ནོ། །གསུམ་པ་ནི། ཇི་ལྟར་ནས། ལྡན་པར་འགྱུར། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། བསིལ་བ་དང་ཞིམ་པ་དང་འཇམ་པ་དང་ཡང་བ་སོགས་ཡན་ལག་བརྒྱད་ལྡན་གྱི་ཆུ་ནི་སྤྲིན་དེ་ལས་ཐོན་པར་རིགས་གཅིག་པ་ཉིད་དུ་བབས་ཀྱང་འོག་གཞིའི་ས་ལ་ཚྭ་ལ་སོགས་པ་ཡོད་པའི་གནས་ཀྱི་བཟང་ངན་དང་འབྲེལ་བས་ཁ་མངར་སོགས་ཤིན་ཏུ་མད་
(༡༥༡)པོའི་རོར་ནི་འགྱུར་བ་ཇི་ལྟ་བ་བཞིན། དོན་དེ་བཞིན་ཏུ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ཆོས་ཀྱི་ཆུའི་ཆར་སྟོང་ཉིད་རབ་ཡངས་བརྩེ་བ་ཆེན་པོའི་སྤྲིན་གྱི་སྙིང་པོ་ལས་ཐོན་པ་གཅིག་ཉིད་གདུལ་བྱ་འགྲོ་བའི་རྒྱུད་ཀྱི་གནས་ཏེ་མོས་པ་ཐ་དད་པའི་དབྱེ་བ་ལས་ཉན་ཐོས་ཀྱི་ཐེག་པ་སོགས་རྣམ་པ་མང་པོའི་རོ་སྟེ་སྣ་ཚོགས་སུ་སྣང་བ་དང་ལྡན་པར་འགྱུར་རོ། །ཆུའི་ཡན་ལག་བརྒྱད་ནི། འགྲེལ་པ་རྒྱལ་སྲས་མ་ལས། །བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་བ་དང་ནི་དྲི་མ་མེད། །འཐུང་ན་ལྟོ་ལ་མི་གནོད་དང་། །མགྲིན་པ་ལ་ཡང་མི་གནོད་པའོ། །ཞེས་བཤད་པ་ལྟར་རོ། །འདིར་རྗེ་བདུན་པའི་ཞལ་ནས། གསུང་རབ་མ་ལུས་པ་རྒྱལ་བས་དེས་དོན་འབའ་ཞིག་ཏུ་གསུངས་པ་གདུལ་བྱའིགོ་ཚུལ་སྣ་ཚོགས་པའི་དབང་གིས་དྲང་དོན་ལ་སོགས་སུ་གོ་བས་དྲང་ངེས་རྣམ་བཞག་གདུལ་བྱ་ལ་ལྟོས་ནས་ཡིན་གྱི། ཆོས་རང་གི་ངོས་ནས་ཐམས་ཅད་ཀྱང་ངེས་དོན་འབའ་ཞིག་ཡིན་ཞེས་གསུངས་པ་ནི་རྒྱུད་བླའི་གཞུང་འདིའི་དགོངས་པ་དཔྱིས་ཕྱིན་པར་སྣང་ལ། དེ་བཞིན་དུ་སློབ་སྤྲིང་ལས་ཀྱང་། ཆོས་ཀྱི་བདུད་རྩི་མྱ་ངན་འདས་པ་མཆོག་གི་རྒྱུ། །རོ་གཅིག་གདུང་བ་སེལ་བ་ཆར་རྒྱུན་བཞིན་ཏུ་འབབ། །དེ་ནི་སྣོད་ལ་བརྟེན་ནས་རོ་རྣམས་ཐ་དད་འགྱུར། །ཞེས་དང་། སློབ་དཔོན་དཔའ་བོས་ཀྱང་། མོས་པ་དུ་མ་དང་ལྡན་པ། །མང་པོ་འཁོར་བར་གྱུར་པ་ལ། །གསུང་གཅིག་བཀའ་ནི་སྩལ་བ་ལས། །དུ་མ་ལྟ་བུར་སྣང་གྱུར་ཏེ། །ཞེས་གསུངས་སོ། །བཞི་པ་འབད་མེད་དུ་འཇུག་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཐེག་པ་ནས། ཡི་དྭགས་འདྲ། ཞེས་གསུངས་ཏེ། སེམས་ཅན་གྱི་རིགས་ལས་ཐེག་པ་མཆོག་དམ་པའི་ཆོས་ཀྱི་ཆར་བབས་པ་ལ་དད་པ་ངེས་པའི་ཕུང་པོ་དང་། དེ་ལ་མོས་མི་མོས་པར་མར་གནས་པ་མ་ངེས་པའི་ཕུང་པོ་དང་ནི། དེ་ལ་སྡང་བ་ལོག་པར་ངེས་པའི་ཕུང་པོ་གསུམ་ནི་རིམ་པ་ལྟར། སོས་ཀའི་དུས་ཆར་བབ་པ་ལ་དགའ་བའི་མི་དག་དང་། དེ་ལ་དགའ་མི་དགའ་བར་མར་གནས་པའི་རྨ་བྱ་དག་དང་ནི། དེ་ལ་སྡང་བའི་ཡི་དྭགས་དང་འདྲའོ། །གཉིས་པ་ལ་གཉིས།
(༡༥༢)དཔེ་དོན་ཆོས་མཚུངས་སུ་སྦྱར་བ་དང་། ལྟོས་པ་མེད་པའི་ཚུལ་ལོ། །དང་པོ་ནི། དཔྱིད་མཐར་ནས། དཔེ་དེ་ཉིད། ཅེས་གསུངས་ཏེ། དཔྱིད་ཀྱི་མཐར་སོས་ཀར་སྤྲིན་མེད་པ་ན་མི་རྣམས་དགའ་བ་དང་ནམ་མཁར་གཏན་དུ་མི་རྒྱུ་བའི་རྨ་བྱ་དེ་དག་བཏང་སྙོམས་སུ་བྱེད་པ་དང་ཡི་དྭགས་དགའ་པ་དང་། དབྱར་གྱི་ཚེ་ས་ལ་ཆར་བབས་པ་ན་མི་རྣམས་དགའ་བ་དང་རྨ་བྱ་དག་བཏང་སྙོམས་དང་། ཡི་དྭགས་ལ་ནི་རྡོ་ཚན་གྱི་ཆར་དུ་འགྱུར་བས་སྡུག་བསྔལ་བྱེད་པ་ལྟར་དུ་སྙིང་རྗེའི་སྤྲིན་ཚོགས་དག་གི་བསྐྱེད་པའི་དམ་པའི་ཆོས་ཀྱི་ཆུ་ཆར་འཇིག་རྟེན་དག་ན་བྱུང་བ་ལས་ཆོས་འདོད་པ་རྣམས་དགའ་བ་དང་། བར་མ་བཏང་སྙོམས་དང་ཆོས་ལ་སྡང་བ་རྣམས་མི་དགའ་བ་དང་མ་བྱུང་བ་ལས་ཀྱང་སྡང་བ་རྣམས་དགའ་ཞིང་བར་མ་བཏང་སྙོམས་དང་ཆོས་འདོད་པ་རྣམས་མི་དགའ་བར་བྱེད་པས་འཇིག་རྟེན་ན་སེམས་ཅན་གྱི་ཕུང་པོ་གསུམ་དང་ཆར་བབ་དུས་ཀྱི་སེམས་ཅན་གྱི་རིགས་གསུམ་དཔེ་དོན་སྦྱར་བ་དེ་ཉིད་ཆོས་མཚུངས་སོ། །གཉིས་པ་ནི། ཐིགས་པ་ནས། ལྟོས་པ་མེད། ཅེས་གསུངས་ཏེ། ཆུའི་ཐིགས་པ་རགས་པ་སྟེ་ཆར་ཆེན་པོ་འབེབས་པ་དང་རྡོ་ཚོན་ནམ་དེའི་སྒྲས་བརྗོད་པའི་སེར་བ་དང་ནི་རྡོ་རྗེའི་མེ་སྟེ་ཐོག་ནི་འབེབས་པ་ནས་གཞི་ལ་གནས་པའི་སྲོག་ཆགས་ཕྲ་མོ་མང་པོ་ལ་གནོད་པ་དང་ནི་རི་སུལ་དུ་སོང་བའི་སྲོག་ཆགས་དག་ལ་མི་གནོད་ཅིང་ཕེན་ཀྱང་དེ་དག་ཇི་ལྟར་སྤྲིན་གྱིས་ཕན་དང་གནོད་པར་བྱེད་དོ་སྙོམ་དུ་ལྟོས་པ་མེད་པ་དེ་བཞིན་ཏུ། ཕྲ་བ་སྟོང་ཉིད་དང་རྒྱ་ཆེ་བ་སྦྱིན་སོགས་ཀྱི་ཐིགས་པ་ཐབས་ཚུལ་གྱིས་འབབ་པའི་མཁྱེན་པ་དང་ནི་བཙེ་པའི་སྤྲིན་གྱིས་ཐེག་ཆེན་ལ་མོས་པ་རྣམས་ཀྱི་ཉོན་མོངས་པ་དག་པར་འགྱུར་བ་དང་སྡང་བ་རྣམས་ཀྱི་བདག་ལྟའི་ཉལ་བག་ལ་འཕེལ་བ་དག་ལ་རྣམ་པ་ཀུན་ཏུ་ལྟོས་པ་མེད་པར་ཆོས་ཀྱི་ཆར་འབེབས་པར་བྱེད་དོ། །ལྔ་པ་ལ་གསུམ། སྡུག་བསྔལ་སེལ་བ་དངོས། འགྱུར་བར་རྟོགས་པ། བདེན་བཞིའི་ཚུལ་མཐོང་བའོ། །དང་པོ་ནི། འཁོར་བའི་ནས། རབ་ཏུ་འབེབས། ཞེས་གསུངས་ཏེ། ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པའི་རྟེན་ཅིང་འབྲེལ་བར་
(༡༥༣)འབྱུང་བ་ཡན་ལག་བཅུ་གཉིས་འཁོར་ཡུག་ཏུ་འཁོར་བའི་དབང་གིས་སྐྱེ་བ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་ཐོག་མ་འདི་ཙམ་ནས་བྱུང་བའི་ངེས་པ་ཡང་མེད་ཅིང་ཐར་པའི་ལམ་མི་སྒོམ་པ་རྣམས་མཐའ་འདི་ནས་འགག་གི་ངེས་པ་ཡང་མེད་པའི་གནས་དེར་འགྲོ་བ་རྣམས་མངོན་པར་བགྲོད་པའི་ལམ་ནི་ངན་སོང་གསུམ། ལྷ་མི་གཉིས་ཏེ་རྣམ་པ་ལྔ་ཡིན་ལ། མི་ གཙང ་བའི་དངོས་པོ་ལ་ནམ་ཡང་དྲི་ཞིམ་པོ་མེད་པ་བཞིན་དུ་འགྲོ་བ་ལྔའི་འཁོར་བ་དག་ན་ཡང་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་དེ། སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པས་ཤིན་ཏུ་སྡུག་བསྔལ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །འཁོར་བ་དེའི་སྡུག་བསྔལ་གྱི་ཁྱད་པར་ཡང་རྟག་ཏུ་རྒྱུན་མི་འཆད་པར་མེ་ཆེན་པོས་བསྲེགས་པ་དང་། མཚོན་ཆ་རྣོན་པོས་བཏབ་པ་དང་། རྨ་གསར་པ་ལ་རྒྱ་ཚྭ་ལ་སོགས་པས་རེག་པ་ལས་སྐྱེ་བའི་སྡུག་བསྔལ་གྱི་ཚོར་བ་ཇི་ལྟར་བ་བཞིན་ཏུ་ཤིན་ཏུ་བཟོད་པར་དཀའ་བར་གནས་པ་ལ་སངས་རྒྱས་ཀྱི་དེ་རྣམས་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོའི་སྤྲིན་ལས་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཆར་པ་ཆེན་པོ་དོན་ཉམས་སུ་བླངས་ན་སྡུག་བསྔལ་གྱི་མེ་དཔུང་དེ་རྣམས་རབ་ཏུ་ཞི་བར་བྱེད་པ་རང་གི་སྐལ་པ་དང་མཐུན་ཞིང་རྒྱུན་མའི་འཆད་པ་རབ་ཏུ་འབེབས་སོ། །གཉིས་པ་ནི། ལྷ་ལ་ནས། མཐོང་ཕྱིར་རོ། །ཞེས་གསུངས་ཏེ། ལྷ་ལའང་འཆི་འཕོ་བ་ལྟུང་འགྱུར་གྱ་སྡུག་བསྔལ་དང་། མི་ལའང་མེད་པ་ཡོངས་སུ་ཚོལ་བ་དང་ཡོད་པ་བསྲུང་བ་དང་། བཀྲེས་སྐོམ་དང་ངལ་དུབ་ལ་སོགས་པའི་སྡུག་བསྔལ་དང་ལྡན་པའོ། །ཞེས་བྱ་བར་རྟོགས་པའི་ཕྱིར། འཁོར་འདས་ཀྱི་གནས་ལུགས་ཤེས་པའི་ཤེས་རབ་དང་ལྡན་པའི་མཁས་པ་རྣམས་ནི་ལྷའི་དབང་ཕྱུག་བརྒྱ་བྱིན་ལ་སོགས་པ་དང་། མིའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་གོ་འཕང་མཆོག་ཏུ་གྱུར་པ་ལའང་མངོན་པར་འདོད་པ་མེ་དེ། སྔོན་གྱི་སྐྱེ་བས་ཐོབ་པའི་ཤེས་རབ་ནི། འདིར་ཡང་དེ་བཞིན་གཤེགས་པའི་གསུང་རབ་དྲི་མ་མེད་པ་ལ་ཤིན་ཏུ་དད་པའི་དབང་གིས་རྗེས་སུ་འབྲངས་ཤིང་ཐོས་པ་དང་
(༡༥༤)བསམ་པ་ཚུལ་བཞིན་ཏུ་བྱས་ནས་ཟག་པ་དང་བཅས་པ་འབྲས་བུའི་ཆ་འདི་ཐམས་ཅད་ནི་སྡུག་བསྔལ་བ་དང་། ལས་དང་ཉོན་མོངས་པ་འདི་ཐམས་ཅད་ནི་དེའི་རྒྱུ་ཀུན་འབྱུང་བ་དང་། འཁོར་བ་རྒྱུ་འབྲས་དེ་དག་མ་ལུས་པར་འགགས་པ་འདི་ནི་འགོག་པ་མྱ་ངན་ལས་འདས་པ་ཉིད་ཅེས་བྱ་བར་ལམ་བདག་མེད་རྟོགས་པའི་ཤེས་རབ་དང་རྣམ་པར་དག་པས་ཡང་དག་པར་མཐོང་བའི་ཕྱིར་རོ། །གསུམ་པ་ནི། ནད་ནི་ནས་། བསྟེན་པར་བྱ། ཞེས་གསུངས་ཏེ། དཔེར་ན་ནད་ཀྱི་སྡུག་བསྔལ་དང་བྲལ་ནས་ནད་མེད་པའི་བདེ་བ་ཐོབ་པར་འདོད་པའི་ཤེས་ལྡན་དག་གིས་ནད་ཀྱི་ངོ་བོ་གང་ཡིན་པའི་ཚུལ་ནི་ཤེས་པར་བྱས་ནས་ནད་དེ་སྐྱེད་བྱེད་རྒྱུ་མི་འཕྲོད་པའི་ཟས་ལ་སོགས་པ་ནི་སྤང་བར་བྱ་བ་ཡིན་ལ། ནད་མེད་པའི་བདེ་བར་གནས་པ་ནི་ཐོབ་པར་བྱ་བ་ཡིན་ཞིང་། དེའི་ཐབས་སྨན་ནི་བཟང་པོ་བསྟེན་པ་བྱ་བ་ཡིན་པ་ལྟར། དེ་བཞིན་དུ་འཁོར་བའི་སྡུག་བསྔལ་དང་བྲལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འདོད་པའི་བློ་དང་ལྡན་པ་དག་གིས་ཀྱང་ཟག་པ་དང་བཅས་པའི་འབྲས་བུས་བསྡུས་པའི་འཁོར་བ་ཐམས་ཅད་སྡུག་བསྔལ་དུ་ཡོངས་སུ་ཤེས་པར་བྱས་ནས། དའི་རྒྱུ་ལས་དང་ཉོན་མོངས་པས་བསྡུས་པའི་ཀུན་འབྱུང་མཐའ་དག་སྤང་པར་བྱ་བ་ཡིན་ལ། དེ་དག་དྲི་མ་དང་བྲལ་བའི་འགོག་པ་དང་དེ་བཞིན་དུ་མྱ་ངན་ལས་འདས་པའི་བདེ་བ་ནི་མངོན་སུམ་དུ་རེག་ཅིང་ཐོབ་པར་བྱ་བ་ཡིན་ཞིང་། དེའི་ཐབས་སུ་ཟག་པ་མེད་པའི་ལམ་ལྔ་པོ་རིམ་གྱི་རྒྱུད་ལ་བསྟེན་པར་བྱ་བ་ཡིན་ནོ། །བཞི་པ་སྤྲུལ་པ་སྤྲོ་བའི་དཔེ་སྦྱར་ལ་བཞི། དཔེ་དོན་མདོར་བསྟན་པ། དེ་བཤད་པ། མཐོང་བའི་རྒྱུ་བསྟན་པ། སྤྲུལ་སྐུའི་མཛད་པ་བཅུ་གཉིས་བཤད་པའོ། །དང་པོ་ནི། ཇི་ལྟར་ནས། སྟོན་པར་མཛད། ཅེས་གསུངས་ཏེ། ཇི་ལྟར་ན། ཚངས་པ་ཆེན་པོ་ཉིད་ཚངས་པའི་གནས་ནས་འཕོས་པ་མེད་བཞིན་དུ་འདོད་ཁམས་ཀྱི་ལྷའི་གནས་ནི་ཐམས་ཅད་དུ་རང་འདྲ་བའི་སྤྲུལ་པའི་སྣང་བ་འབད་མེད་དུ་སྟོན་པ་ལྟར། དེ་བཞིན་ཏུ། ཐུབ་པ་སངས་རྒྱས་རྣམས་ཆོས་ཀྱི་སྐུ་ལས་བསྐྱོད་པ་མེད་པར་
(༡༥༥)འཇིག་རྟེན་གྱི་ཁམས་ཀུན་ཏུ་གདུལ་བྱ་སྐལ་ལྡན་རྣམས་ལ་འབད་པ་མེད་པར་སྤྲུལ་པའི་སྐུ་དག་ནི་སྟོན་པར་མཛད་དོ། །གཉིས་པ་ནི། ཇི་ལྟར་ནས། ཀུན་སེལ་བྱེད། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། ཚངས་པ་རྟག་པར་རང་གི་གཞལ་ཡས་ཁང་ནས་མི་གཡོ་བར་དེ་འདྲ་བའི་སྤྲུལ་པ་འདོད་ཁམས་གྱི་ལྷའི་ནང་དུ་ཞུགས་པ་དེ་འདོད་ལྷ་རྣམས་ཀྱིས་མཐོང་ཞིང་ཚངས་པར་མཐོང་བའི་འདོད་ལྷ་དེ་ཡང་ཡུལ་འདོད་ཡོན་ལ་དགའ་བ་སྤོང་བར་བྱེད་པ་ལྟར། དོན་དེ་བཞིན་ཏུ། བདེ་བར་གཤེགས་པ་རྣམས་ཆོས་ཀྱི་སྐུ་ལས་མི་བསྐྱོད་པར་འཇིག་རྟེན་གྱི་ཁམས་ཀུན་ཏུ་དེའི་གཟུགས་སྐུ་སྐལ་ལྡན་གྱིས་མཐོང་ཞིང་སྐུ་དེ་མཐོང་བ་དེ་ཡང་དུས་རྟག་ཏུ་གདུལ་བྱའི་དྲི་མ་ཀུན་སེལ་བར་བྱེད་དོ། །གསུམ་པ་ནི། སྔོན་གྱི་ནས། དེ་བཞིན་ནོ། །ཞེས་གསུངས་ཏེ། སྔོན་གྱི་དུས་སུ་ལྷ་རྣམས་ཀྱི་དོན་བྱེད་པར་ཚངས་པ་རང་ཉིད་ཀྱིས་སྨོན་ལམ་བཏབ་པའི་མཐུ་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱིས་ནི་ཚངས་པ་མཐོང་བར་གྱུར་པའི་དགེ་བ་མཐུན་པར་བསགས་པའི་མཐུ་ལས་ཇི་ལྟར་ན་ཚངས་པ་ལ་འབད་རྩོལ་མེད་པར་འདོད་ཁམས་སུ་སྣང་བ་སྟོན་པ་ལྟར། རང་བྱུང་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཡང་དེ་བཞིན་ཏུ་སངས་རྒྱས་ཉིད་ཀྱི་སྔོན་གྱི་སྨོན་ལམ་དང་། གདུལ་བྱ་སེམས་ཅན་རྣམས་ཀྱི་དགེ་བའི་མཐུ་ལས། ཆོས་ཀྱི་སྐུ་ལས་འབད་རྩོལ་མི་མངའ་བཞིན་ཏུ་འཇིག་རྟེན་དུ་རྣམ་འཕྲུལ་སྣ་ཚོགས་སྟོན་པ་ཡིན་ནོ། །བཞི་པ་ནི། འཕོ་དང་ནས། ལམ་མི་འགྱུར། ཞེས་གསུངས་ཏེ། སངས་རྒྱས་རྣམས་གདུལ་བྱ་དུས་ལ་བབས་པ་ན། དགའ་ལྡན་ནས་འཕོ་བ་དང་ཡུམ་གྱི་ལྷུམས་སུ་འཇུག་པ་དང་སྐུ་བལྟམས་པ་དང་ཡབ་ཀྱི་ཁབ་ཏུ་གཤེགས་ནས་བཟོ་གནས་ལ་མཁས་པར་མཛད་པ་དང་བཙུན་མོའི་འཁོར་གྱིས་དགྱིས་པར་རོལ་བ་དང་ཁྱིམ་དང་འདུ་འཛིས་དབེན་པར་རབ་ཏུ་འབྱུང་བ་དང་ལོ་དྲུག་ཏུ་དཀའ་བ་སྤྱད་པ་དང་བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་བདུད་སྡེ་བཅོམ་པ་དང་བྱང་ཆུབ་ཆེན་པོ་བརྙེས་པ་དང་ཞི་བ་མྱང་འདས་ཀྱི་གྲོང་ཁྱེར་དུ་འགྲོ་བའི་ལམ་
(༡༥༦)སྟོན་པའི་ཆོས་འཁོར་བསྐོར་བ་དང་བཅུ་གཅིག་པོ་དེ་དག་བསྟན་ནས་སངས་རྒྱས་མཐོང་བའི་སྐལ་མེད་རྣམས་ཀྱི་མིག་གི་ལམ་དུ་མི་འགྱུར་བ་མྱ་ངན་ལས་འདའ་བའི་ཚུལ་གྱི་མཛད་པ་བཅུ་གཉིས་པོ་རྣམས་སྟོན་པ་ཉིད་དོ། །ལྔ་པ་ཡེ་ཤེས་འཇུག་ཚུལ་གྱི་དཔེ་སྦྱར་ལ་དྲུག །ཡེ་ཤེས་འཇུག་མི་འཇུག་བསྟན་པ། དེ་འཇུག་པའི་བྱ་བ་བཤད་པ། ཡེ་ཤེས་སྤྲོས་བའི་ཚུལ། དུ་མར་འཇུག་ཚུལ། ཡེ་ཤེས་འཇུག་པའི་རིམ་པ། བྱེད་ལས་ཁྱད་པར་དུ་འཕགས་པའོ། །དང་པོ་ནི། ཇི་ལྟར་ནས། ཉི་དེ་བཞིན། ཅེས་གསུངས་ཏེ། ཇི་ལྟར་ན་ཉི་མའི་འོད་ཟེར་ནི་རབ་ཏུ་ཚ་བས་གདུངས་པའི་དུས་གཅིག་གི་ཚེ་ཉིད་ལ་མེ་ཏོག་པདྨའི་ཚོགས་རྣམས་རབ་ཏུ་རྒྱས་པར་འགྱུར་བ་དང་། མེ་ཏོག་ཀུ་མུ་ཏའི་ཚོགས་ནི་རབ་ཏུ་ཟུམ་པར་གྱུར་ན་ཡང་ཆུ་སྐྱེས་པདྨ་བྱེད་པར་བྱའོ། །སྙམ་པ་དང་། ཀུ་མུ་ཏ་ཟུམ་པར་བྱའོ་སྙམ་པའི་སྒོ་ནས་བྱེ་བའི་ཡོན་ཏན་དང་ཟུམ་པའི་སྐྱོན་དག་ལ་ཉི་མའི་དཀྱིལ་འཁོར་རྣམ་པར་རྟོག་པ་མེད་པར་འཇུག་པ་ལྟར་འདིར་ཡང་འཕགས་པ་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱི་ཉི་མས་ཀྱང་དེ་བཞིན་དུ་དམ་པའི་ཆོས་ཀྱི་འོད་ཟེར་གྱིས་གདུང་བའི་དུས་གཅིག་གི་ཚེ་ཉིད་ལ་གདུལ་བྱའི་བློ་གྲོས་ཀྱི་པདྨ་རབ་ཏུ་རྒྱས་པ་དང་། གདུལ་བྱ་མ་ཡིན་པའི་ཡིད་ཀྱི་ཀུ་མུ་ཏ་རབ་ཏུ་ཟུམ་པར་གྱུར་ཀྱང་། སངས་རྒྱས་ནི་དེ་དག་གི་ཕན་གནོད་ལ་རྣམ་པར་རྟོག་པ་མེད་པས་རབ་ཏུ་འཇུག་གོ །གཉིས་པ་ནི། ཇི་ལྟར་ནས། མེད་པར་འཇུག །ཅེས་གསུངས་ཏེ། དཔེ་ཇི་ལྟར་ན་ཉི་མའི་དཀྱིལ་འཁོར་ལ་རྣམ་པར་རྟོག་པ་མེད་བཞིན་ཏུ་རང་གི་འོད་ཟེར་མཐའ་ཡས་པ་དུས་གཅིག་ཅར་དུ་སྤྲོས་པ་ཡིས་མེ་ཏོག་པདྨའི་ཚོགས་རྣམས་ཁ་བྱེ་ཞིང་རབ་ཏུ་རྒྱས་པར་བྱེད་པ་དང་། གཞན་ལོ་ཐོག་ཕུན་སུམ་ཚོགས་པའི་ཁྱད་པར་དག་རབ་ཏུ་སྨིན་པར་བྱེད་པ་ལྟར། དོན་དེ་བཞིན་ཏུ་དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་ཀྱི་ཉི་མའི་དཀྱིལ་འཁོར་ཡང་དམ་པའི་ཆོས་ཀྱི་འོད་ཟེར་མཐའ་ཡས་པ་དག་གཅིག་ཅར་སྤྲོས་པས་གདུལ་བྱའི་སྐྱེ་བོའི་པདྨོའི་ཚོགས་ལ་ཡོན་ཏན་གྱི་འདབ་མ་རབ་ཏུ་རྒྱས་པར་མཛད་ཅིང་། དགེ་བའི་ལོ་ཐོག་
(༡༥༧)སྨིན་པར་མཛད་ཀྱང་དེ་དག་ལ་རྣམ་པར་རྟོག་པ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་གོ །གསུམ་པ་ནི། ཆོས་དང་ནས། སྤྲོ་བར་མཛད། ཅེས་གསུངས་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་ནམ་མཁའི་དབྱིངས་སུ་ཤར་བའི་འོད་ཟེར་གྱིས་འཇིག་རྟེན་གྱི་མུན་པ་སེལ་བར་བྱེད་པ་བཞིན་དུ། རང་དོན་དོན་དམ་ཆོས་ཀྱི་སྐུ་དང་། གཞན་དོན་ཐ་སྙད་གཟུགས་ཀྱི་སྐུ་གཉིས་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དག་གིས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་བྱང་ཆུབ་སྙིང་པོ་མངོན་སུམ་དུ་གྱུར་པའི་ནམ་མཁར་ཤར་བའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཉི་མ་ཡང་། གདུལ་བྱ་མ་ལུས་པའི་འགྲོ་བར་ནི་མཁྱེན་པའི་ཡེ་ཤེས་ཀྱིས་དམ་པའི་ཆོས་ཀྱི་འོད་ཟེར་སྣ་ཚོགས་སྤྲོ་བས་མི་ཤེས་པའི་མུན་པ་སེལ་བར་མཛད་དོ། །བཞི་པ་ནི། གང་ཕྱིར་ནས། ཅིག་ཆར་འཆར། ཅེས་གསུངས་ཏེ། དཔེར་ན་ཆུ་དྭངས་བས་གང་བའི་སྣོད་མང་པོར་ཉི་མའི་གཟུགས་བརྙན་དུས་ཅིག་ཅར་དུ་འཆར་བ་ལྟར། གང་གི་ཕྱིར་གདུལ་བྱ་མཐའ་ཡས་པའི་རྒྱུད་ཉོན་མོངས་པ་ལ་སོགས་པའི་དྲི་མས་ཡོངས་སུ་དག་པ་དེའི་ཕྱིར་ཆུ་དྭངས་བས་གང་བའི་སྣོད་དང་འདྲ་བར་ནི་ཐམས་ཅད་ལ་བདེ་བར་གཤེགས་པའི་གཟུགས་ཀྱི་སྐུ་ནི་ཉི་མའི་གཟུགས་བརྙན་དང་འདྲ་བ་ནི། དཔག་ཏུ་མེད་པ་དུས་ཅིག་ཅར་དུ་འཆར་བས་གཞན་དོན་ཕུན་སུམ་ཚོགས་པ་མཛད་དོ། །ལྔ་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རྟག་ཏུ་ནས། འོས་པར་འབབས། ཞེས་གསུངས་ཏེ། དུས་རྟག་ཏུ་ཆོས་ཅན་ཐམས་ཅད་ལ་རྣམ་པར་དབྱེར་མེད་པར་ཁྱབ་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ནམ་མཁའི་དཀྱིལ་དང་འདྲ་བ་ཉིད་དུ་ནི་རྫོགས་སངས་རྒྱས་ཉི་མ་ཆེན་པོ་དང་འདྲ་བ་རྣམས་ཤར་ནས་གདུལ་བྱའི་སྐྱེ་བོ་རི་དང་འདྲ་བ་རྣམས་ལ་ཇི་ལྟར་འོས་ཤིང་་སྐལ་པ་དང་འཚམས་པར་རིམ་གྱིས་འབབ་ཅིང་འཆར་བ་ཉིད་དོ། །གཉིས་པ་ནི། ཇི་ལྟར་ནས། རིམ་གྱིས་འབབས། ཞེས་གསུངས་ཏེ། ཇི་ལྟར་ན་རྒྱ་ཆེན་པོའི་འོད་ཟེར་སྟོང་ཕྲག་དུ་མ་ལྡན་པའི་ཉི་མ་ནམ་མཁའི་དབྱིངས་སུ་ཤར་བ་འདི་ནི་གླིང་བཞི་པའི་འཇིག་རྟེན་རྣམས་འོད་ཟེར་གྱིས་ཀུན་ཏུ་སྣང་བར་བྱས་ནས་རིམ་
(༡༥༨)གྱིས་ནི་དང་པོ་མཆོག་ཏུ་མཐོན་པོའི་རིལ་འབབ་པ་དང་། དེ་ནས་བར་མའི་རི་ལ་འབབ་པ་དང་། མཐར་དམན་པའི་རིལ་འབབ་ཅིང་འཆར་བ་དེ་བཞིན་དུ། ཡེ་ཤེས་ཀྱི་འོད་ཟེར་རྒྱ་ཆེན་པོ་དང་ལྡན་པའི་རྒྱལ་བ་ཐམས་ཅད་མཁྱེན་པའི་ཉི་མ་ཆོས་ཀྱི་དབྱིངས་ནམ་མཁའ་དཀྱིལ་འཁོར་དུ་འཆར་བ་འདི་ཡང་གདུལ་བྱ་སེམས་ཅན་གྱི་ཚོགས་ལ་རིམ་གྱིས་འབབ་སྟེ། དང་པོར་སྐལ་པ་མཆོག་ཏུ་གྱུར་པ་རྣམས་ལ་སྣང་ཞིང་། དེ་ནས་སྐལ་པ་བར་མར་གྱུར་པ་རྣམས་ལ་སྣང་ལ། མཐར་སྐལ་པ་དམན་པ་རྣམས་ལ་སྣང་བས་ཡོངས་སུ་སྨིན་པར་མཛད་དོ། །དྲུག་པ་ལ་གཉིས། དཔེ་ལས་འདས་པར་བསྟན་པ་དང་། བྱེད་ལས་ཀྱི་ཁྱད་པར་དངོས་སོ། །དང་པོ་ནི། ཞིང་ཀུན་ནས། དོན་སྟོན་མཛད། ཅེས་གསུངས་ཏེ། ཕྱོགས་བཅུའི་ཞིང་ཀུན་གྱི་ནམ་མཁའི་མཐིལ་ཁབ་པའི་འོད་ཟེར་སྤྲོ་བའི་ནུས་པ་ཉི་མ་ལ་མེད་ལ། མི་ཤེས་པའི་མུན་པས་བློ་མིག་བཀའ་བའི་འགྲོ་བ་ལ་ཤེས་བྱའི་དོན་སྟོན་པ་ཡང་ཉི་མ་ལ་ཡོད་པ་མིན་པའི་ཕྱིར། ཐུགས་རྗེ་ཆེན་པོའི་བདག་ཉིད་རྫོགས་པའི་སངས་རྒྱས་ཐེག་པ་གསུམ་གྱི་དམ་ཆོས་སྣ་ཚོགས་སྟོན་པའི་མདོག་བཀྱེ་བའི་འོད་ཀྱིས་ཕྱོགས་བཅུར་གསལ་བ་དག་ནི་འགྲོ་བ་རྣམས་ལ་ཤེས་བྱའི་དོན་སྟོན་པར་མཛད་པ་རྒྱལ་བའི་ཐུགས་རྗེའི་འོད་ཟེར་ནི་ཉི་མ་དང་དཔེ་དོན་ཏུ་སྦྱར་ཡང་དཔེ་དེ་ལས་ཤིན་ཏུ་འདས་པའོ། །གཉིས་པ་ནི། སངས་རྒྱས་ནས། གནས་མཐོང་འགྱུར། ཅེས་གསུངས་ཏེ། སངས་རྒྱས་གདུལ་བྱའི་གྲོང་དུ་གཤེགས་པའི་ཚེ་མིག་དང་མི་ལྡན་པའི་སྐྱེ་བོ་ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་འོན་པས་སྒྲ་ཐོས་པ་སོགས་མཐོ་རིས་ཀྱི་ཉེར་འཚེ་སེལ་བ་དང་། དོན་བདེ་བ་མེད་པའི་ངན་སོང་རྣམས་སྡུ་བསྔལ་གྱི་ཚོགས་དང་བྲལ་ནས་བདེ་བའི་དོན་དེ་མཐོང་བ་འགྲོ་ལ་བཀོད་པ་ལས་ནི་བདེ་བ་མྱོང་བ་དང་། བདེ་འགྲོ་མཐོ་རིས་ཀྱི་ཡོན་ཏན་དང་ལྡན་ཡང་གཏི་མུག་གིས་ལྡོངས་ཤིང་སྲིད་པའི་མཚོར་ལྷུང་ནས་ལྟ་བ་ངན་པའི་མུན་པས་བསྒྲིབས་པ་རྣམས་ལ་སངས་རྒྱས་ཀྱི་ཐུགས་རྗེ་ཉི་མའི་འོད་ཀྱིས་བློ་གྲོས་སྣང་བར་བྱས་ནས་སྲིད་མཚོ་ལས་བཏོན་ཏེ་གཏི་མུག་གི་མུན་པ་བསལ་ནས་སྔར་མ་མཐོང་བའི་གནས་
(༡༥༩)ལུགས་དེ་ཁོ་ན་ཉིད་མཐོང་བར་འགྱུར་བས་ན། བྱེད་ལས་ཀྱི་སྒོ་ནས་ཀྱང་ཁྱད་པར་དུ་འཕགས་པའོ། །དྲུག་པ་ཐུགས་གྱི་གསང་བའི་དཔེ་སྦྱར་བ་ལ་གསུམ། རྟོག་མེད་འདོད་རྒུ་སྒྲུབ་ཚུལ། འབད་མེད་རྟག་ཏུ་བཞུགས་ཚུལ། རྙེད་པར་དཀའ་བས་མཚུངས་པར་བསྟེན་པའོ། །དང་པོ་ནི། ཇི་ལྟར་ནས། རྣམ་མི་རྟོག །ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་འདི་ལ་སྦྱིན་པར་བྱའོ་སྙམ་པའི་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཀྱང་དུས་གཅིག་ཅར་དུ་ཉེ་འཁོར་གྱི་སྤྱོད་ཡུལ་ན་གནས་ཤིང་གསོལ་བ་འདེབས་པའི་སྐྱེས་བུའི་བསམ་པ་ཐ་དད་པ་རྣམས་ཀྱི་ནི་ཟས་དང་གོས་དང་འབྲུ་དང་སྨན་དང་གནས་ལ་སོགས་པ་གང་དང་ཅི་འདོད་པའི་བསམ་པ་མ་ལུས་པ་ཀུན་སོ་སོར་མ་འདྲེས་པར་ཡོངས་སུ་རྫོགས་པར་བྱེད་པ་ལྟར། དོན་དེ་བཞིན་ཏུ་རྫོགས་པའི་སངས་རྒྱས་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བརྟེན་ནས་ཀྱང་རིགས་ཅན་གསུམ་ལ་སོགས་པ་མོས་པའི་བསམ་པ་ཐ་དད་པའི་གདུལ་བྱ་དཔག་ཏུ་མེད་པ་རྣམས་ཀྱིས་རང་རང་གི་སྐལ་པ་དང་མཐུན་པར་ཐེག་པ་གསུམ་ལ་སོགས་པ་སྣ་ཚོགས་པའི་ཆོས་ནི་ཐོས་པར་འགྱུར་ཞིང་དེ་དག་གི་དོན་རྣམས་ཡོངས་སུ་རྫོགས་པར་མཛད་ན་ཡང་སངས་རྒྱས་དེའི་ཆོས་སྟོན་པའི་སྐབས་དེ་ལ་འདི་བསྟན་པར་བྱའོ་སྙམ་པའི་བསམ་པ་ཅུང་ཟད་ཀྱང་རྣམ་པར་མི་རྟོག་པ་ཉིད་དོ། །གཉིས་པ་ནི། ཇི་ལྟར་ནས། རྟག་ཏུ་བཞུགས། ཞེས་གསུངས་ཏེ། ཇི་ལྟར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ཀུན་སློང་གི་རྣམ་པར་རྟོག་པ་མེད་བཞིན་དུ་གང་ལ་གང་འདོད་པའི་ནོར་རྫས་རྣམས་འབད་པ་དང་རྩོལ་བ་མེད་པར་གསོལ་བ་འདེབས་པའི་སྐྱེ་བོ་གཞན་པ་དག་ལ་རབ་ཏུ་སྟེར་བ་ལྟར། དེ་བཞིན་དུ་ཐུབ་པའི་དབང་པོ་སངས་རྒྱས་རྣམས་ཀྱིས་རྣམ་པར་རྟོག་པ་ལ་སོགས་པའི་འབད་པ་དང་རྩོལ་བ་མེད་པར་རང་རང་ལ་ཇི་ལྟར་འོས་ཤིང་འཚམས་པར་ནི་ཆོས་སྟོན་པ་ལ་སོགས་པ་གདུལ་བྱ་གཞན་གྱི་དོན་མཐའ་དག་སྒྲུབ་པའི་ཆེད་དུ་སྲིད་པ་འཁོར་བ་མཐའ་མེད་པ་འདི་ཇི་སྲིད་དུ་གནས་ཀྱི་བར་དུ་རྒྱུན་མི་འཆད་པར་རྟག་ཏུ་བཞུགས་པ་ཡིན་ནོ། །གསུམ་པ་ནི། གང་ཕྱིར་ནས། ཤེས་པར་བྱ། ཞེས་གསུངས་ཏེ། གང་གི་ཕྱིར་རྒྱ་མཆོ་ཆེན་པོའི་ནང་དུ་ཆུད་ཅིང་ས་
(༡༦༠)ཆེན་པོའི་འོག་ན་ནས་པ་དེའི་ཕྱིར་དངོས་པོ་དེ་ལ་དོན་དུ་གཉེར་ཞིང་འདོད་པ་རྣམས་ཀྱིས་ཇི་ལྟར་ན་དགོས་འདོད་ཐམས་ཅད་སྒྲུབ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཟང་པོ་བསོད་ནམས་དམན་པའི་འགྲོ་བ་འདིས་རབ་ཏུ་རྙེས་པར་དཀའ་བ་དེ་བཞིན་ཏུ་འཁོར་བར་གནས་པའི་འགྲོ་བ་མཐའ་ཡས་པ་ཀུན་ཀྱང་སྐལ་པ་ཤིན་ཏུ་ངན་ཞིང་སྣ་ཚོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པས་ཟིན་པའི་ཕྱིར། རང་རང་གི་ཡིད་དྲི་མ་དང་བཅས་པ་འདིར་བདེ་བར་གཤེགས་པའི་སྐུ་གཉིས་ཀྱི་སྣང་བ་མཐོང་བ་ནི་མཆོག་ཏུ་རྙེད་པར་དཀའ་བར་ཤེས་པར་བྱའོ། །བདུན་པ་གསུང་གི་གསང་བའི་དཔེ་སྦྱར་ནི། ཇི་ལྟར་སྒྲ་བརྙན་ནས། གཉན་མ་ཡིན། ཅེས་གསུངས་ཏེ། ཇི་ལྟར་ན་བྲག་ཆ་ལ་སོགས་པ་སྒྲ་བརྙན་གྱི་ནི་སྒྲ་སྣ་ཚོགས་སུ་སྣང་བ་དེ་རྐྱེན་གྱི་དབྱང་གིས་གཞན་ཉན་པ་པོ་རྣམས་ཀྱི་རང་རང་གི་བརྗོད་པ་དང་མཐུན་པར་རྣམ་པ་རིག་པ་ཙམ་ལས་བྱུང་ཞིང་སྣང་བ་ཡིན་གྱི། བྲག་ལ་སོགས་པ་ལ་ཀུན་སློང་གི་རྣམ་པར་རྟོག་པ་མེད་ཅིང་འདི་ལ་འདི་བརྗོད་པར་བྱའོ་སྙམ་པའི་བཟོའ་འབད་ཙོལ་ཡང་མེད་པས། སྒྲ་རང་གི་ངོ་བོ་ཡང་བྲག་ལ་སོགས་པའི་ཕྱིར་རོལ་དང་ནང་ནའང་མི་གནས་པ་ལྟར། དེ་བཞིན་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་དམ་པའི་ཆོས་གསུང་པའི་སྒྲ་སྣ་ཚོགས་སུ་སྣང་བ་ཡང་གདུལ་བྱའི་དབང་གིས་གཞན་ཉན་པ་པོ་རྣམས་ཀྱི་རང་རང་གི་བསམ་པ་དང་མཐུན་པར་རྣམ་པར་རིག་པ་ཙམ་ལས་བྱུང་ཞིང་སྣང་བ་ཡིན་གྱི། སངས་རྒྱས་ལ་ནི་ཀུན་སློང་གི་རྣམ་པར་རྟོག་པ་གང་ཡང་མེད་ཅིང་འདི་ལ་འདི་སྟོན་པར་བྱའོ་སྙམ་པའི་བཟོའམ་འབད་རྩོལ་གང་ཡང་མེད་ལ། སྒྲ་རང་གི་ངོ་བོ་ཡང་སངས་རྒྱས་ཀྱི་སྐུའི་ཕྱིར་རོལ་དང་ནང་ནའང་གནས་པ་མ་ཡིན་ནོ། །བརྒྱད་པ་སྐུའི་གསང་བའི་དཔེ་སྦྱར་ནི། ཅུང་ཟད་ནས། དེ་ལྟར་མིན། ཅེས་གསུངས་ཏེ། དཔེར་ན། དངོས་པོར་ཅུང་ཟད་གྲུབ་པ་མེད་ཅིང་དབང་ཤེས་ལ་སྣང་བ་མེད་པ་དང་། དེ་དག་གི་དམིགས་ཡུལ་དུ་གྲུབ་པ་མེད་ཅིང་བརྟེན་པའི་གཞི་ཡང་མེད་ལ་ཁྱད་པར་མིག་གི་དབང་པོའི་ལམ་ལས་ཀྱང་རབ་ཏུ་འདས་པ་དང་། ཐོགས་བཅས་ཀྱི་གཟུགས་སུ་གྲུབ་པ་མེད་ཅིང་། གཞན་གྱི་མིག་ཡུལ་དུ་འདི་འོ་ཞེས་བསྟན་དུ་མེད་པའི་མཚན་ཉིད་ཅན་གྱི་འདུས་མ་
(༡༦༡)
(༡༦༡)བྱས་ནམ་མཁའ་ལ་ནི་ཇི་ལྟར་ན་འགའ་ཞིག་གིས་དབུས་ཀྱི་ཆར་སྣང་བ་རྣམས་མཐོ་བ་དང་། མཐའི་ཆར་སྣང་བ་རྣམས་དམའ་བ་དང་། དབྱིབས་དང་ཁ་དོག་སྣ་ཚོགས་སུ་མཐོང་ཡང་དོན་དམ་པར་ནམ་མཁའ་དེ་ནི་སྣ་ཚོགས་སུ་སྣང་བ་དེ་ལྟར་བདེན་པར་ཡོད་པ་མིན་ནོ། །དོན་དེ་བཞིན་ཏུ། གདུལ་བྱའི་བསམ་པའི་དབང་གིས་མཛད་པ་བཅུ་གཉིས་སྟོན་པ་སོགས་རྣམ་འཕྲུལ་་མཐའ་ཡས་པ་ཐམས་ཅད་སངས་རྒྱས་ལ་ཡོད་པར་མཐོང་ཡང་དོན་དམ་པའི་སངས་རྒྱས་དེ་ནི་སྐྱེ་འགག་ལ་སོགས་པ་སྣ་ཚོགས་སུ་སྣང་བ་དེ་ལྟར་དོན་ལ་བདེན་པ་ཡོད་པ་མིན་ཏེ། འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དགུ་པ་ཐུགས་རྗེའི་འཇུག་ཚུལ་གྱི་དཔེ་སྦྱར་བ་ནི། ཇི་ལྟར་ས་ལས་ནས། འཕེལ་བར་འགྱུར། ཅེས་གསུངས་ཏེ། ཇི་ལྟར་ན། ས་ཆེན་པོ་འདི་ལས་སྐྱེ་བའི་རྩི་ཤིང་དང་ནགས་ཚལ་མེ་ཏོག་ལ་སོགས་པ་ཀུན་འདི་དག་བསྐྱེད་པར་བྱའོ་སྙམ་པའི་རྣ་མེ་ཏོག་དང་འབད་རྩོལ་མེད་པའི་ས་གཞི་ལ་བརྟེན་ནས་ནི་སྔར་མེད་པར་གསར་དུ་འཕེལ་བར་འགྱུར་བ་དང་། སྔར་ཡོད་པ་རྩ་བ་བརྟན་པར་འགྱུར་བ་དང་། ཐམས་ཅད་ཀྱང་གོང་ནས་གོང་དུ་ཡངས་ཤིང་རྒྱས་པར་འགྱུར་བས་སེམས་ཅན་གྱི་ཉེར་འཚོ་བྱེད་པ་ལྟར། དེ་བཞིན་ཏུ་རྒྱལ་བ་རྫོགས་པའི་སངས་རྒྱས་ཆེན་པོ་དང་འདྲ་བར་འདི་དག་གི་དོན་བྱའོ་སྙམ་པའི་རྣམ་པར་རྟོག་པ་དང་འབད་རྩོལ་མེད་པ་ལ་བརྟེན་ནས་ཀྱང་གདུལ་བྱའི་འགྲོ་བ་དཔག་ཏུ་མེད་པའི་ཚོགས་གཉིས་ཀྱི་དགེ་བའི་རྩ་བའི་ལོ་ཐོག་རྣམས་ཐམས་ཅད་མ་ལུས་པར་ནི་འཕེལ་བ་དང་བརྟན་པ་དང་ཡངས་པར་འགྱུར་བས་སེམས་ཅན་མཐའ་དག་གི་ཉེར་འཚོ་མཛད་པ་ཉིད་དོ། །གཉིས་པ་དགོངས་པ་བརྗོད་དེ་སྐབས་དོན་བསྡུ་བ་ལ་གཉིས་ཏེ། དགོས་པ་དང་དཔེ་དོན་གྱི་དབྱེ་བ་དང་། དཔེས་མཚོན་ཚུལ་ཁྱད་པར་དུ་བཤད་པའོ། །དང་པོ་ལ་བཞི། དགོས་པ་དང་ཉིད་དགོས་འགྲུབ་ཚུལ། དཔེ་དོན་བསྡུས་ཏེ་བསྟན་པ། དཔེ་གསུམ་དུ་སྦྱར་བ། སྐབས་ཀྱི་དོན་ལ་འབད་རྩོལ་མེད་ཚུལ་ལོ། །དང་པོ་ནི། འབད་རྩོལ་ནས། འཇུག་པར་འགྱུར། ཅེས་གསུངས་ཏེ། ཕལ་པ་རྣམས་ཀྱི་བློའི་ཡུལ་དུ་འབད་པ་དང་རྩོལ་བ་ཅུང་ཟད་ཀྱང་མེད་པར་བྱ་བ་འགའ་ཞིག་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་བྱེད་པ་ནམ་ཡང་མཐོང་བ་མེད་པ་དེ་བས་ན། གདུལ་བྱ་རྣམས་ཀྱི་བསམ་པ་ལ་སངས་རྒྱས་
(༡༦༢)ཀྱི་ཕྲིན་ལས་འབད་རྩོལ་མེད་པ་ཉིད་ཡིན་ན་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་བྱེད་པ་འགལ་ལོ་སྙམ་པའི་ཐེ་ཚོམ་སྐྱེ་བས། ཉོན་མོངས་ཐེ་ཚོམ་དེ་དག་བཅད་ཅིང་སྤང་བར་བྱ་བའི་ཕྱིར་དུ་བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པའི་དཔེ་རྣམ་པ་དགུ་ཡིས་ནི་འབད་རྩོལ་མེད་ཀྱང་བྱ་བ་བྱེད་པའི་ཚུལ་དེ་གསལ་བར་བསྟན་པ་ཡིན་ལ་དེ་ཡང་གསུང་རབ་གང་དུ་སངས་རྒྱས་ཀྱི་ཕྲིན་ལས་མཚོན་པར་བྱེད་པའི་དཔེ་རྣམ་པ་དགུ་པོ་འདི་དག་རྒྱུ་མཚན་དང་བཅས་པས་གསལ་བར་རབ་ཏུ་བསྟན་པར་གྱུར་པ་མདོ་སྡེ་ཡི་ནི་མིང་། སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་ཞེས་པ་དེ་ཉིད་ཀྱིས་དཔེས་བཤད་པ་དེའི་དགོས་པ་ཉིང་དགོས་འགྲུབ་པའི་ཚུལ་ཡང་ལེགས་པར་བསྟན་པ་ཉིད་ཡིན་ཏེ། གསུང་རབ་དེ་ལྟ་བུ་དང་དགོངས་འགྲེལ་འདི་ལྟ་བུ་ཐོས་པ་ལས་བྱུང་བའི་ཤེས་རབ་རྣམ་པར་དག་པའི་སྣང་བ་རྒྱ་ཆེན་པོ་འདིས་རྣམ་པར་བརྒྱན་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་བྲིན་ལས་འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པའི་ཚུལ་ཀུན་ལ་དང་པོར་རྟོག་པའི་སྒོ་ནས་འཇུག་ཅིང་། མཐར་སྒྲུབ་པའི་ཚུལ་གྱིས་ཀྱང་འཇུག་པར་འགྱུར་བའི་ཕྱིར་རོ། །ཞེས་པ་སྟེ། དེ་ལྟར་དངོས་སུ་ཕྲིན་ལས་ལ་ཐེ་ཚོམ་ཆོད་པ་ནི་ཉེ་བའི་དགོས་པ་ཡིན་ལ། བརྒྱུད་ནས་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་འཇུག་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །གཉིས་པ་ནི། དེ་དོན་ནས། ཐོབ་པ་ཉིད། ཅེས་གསུངས་ཏེ། འབད་རྩོལ་མེད་པའི་བྱ་བ་བྱེད་པ་དེའི་དོན་མཚན་པར་བྱེད་པའི་ཆེད་དུ་བཻ་ཌཱུརྻའི་ས་གཞི་དག་པ་ལ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པའི་དཔེ་དག་ནི་རྣམ་པ་ལ་དགུ་གོང་དུ་རྒྱས་པར་བརྗོད་པ་དེ་ལ་ནི་དཔེས་མཚོན་པར་བྱ་བ་དེ་ཡི་མདོར་བསྡུས་པའི་དོན་ངེས་པར་གཟུང་ཞིང་སྟོན་པ་འདི་ལྟ་སྟེ། བརྒྱ་བྱིན་གྱི་དཔེས་སྐུའི་རྣམ་འཕྲུལ་སྟོན་པ། རྔ་བོ་ཆེས་གསུང་དམ་ཆོས་བརྫོད་པ། སྤྲིན་གྱི་ཐུགས་མཁྱེན་བརྩས་ཁྱབ་པ། ཚངས་པས་སྐུ་དང་གསུང་གི་སྤྲུལ་པ། ཉི་མས་ཐུགས་ཡེ་ཤེས་ཀྱི་འོད་ཟེར། ནོར་བུས་ཐུགས་དང་། སྒྲ་བརྙན་གྱིས་གསུང་དང་། ནམ་མཁས་སྐུའི་གསང་བ་གསུམ་དང་། ས་གཞིའི་དཔེས་ཡོན་ཏན་ཐམས་ཅད་ཀྱི་རྟེན་གནས་ཡོངས་སུ་གྱུར་
(༡༦༣)པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཐོབ་པ་ལ་འགྲོ་བ་མཐའ་དག་གི་ཉེར་འཚོ་མཛད་པ་ཉིད་བསྟན་པ་ཡིན་ནོ། །གསུམ་པ་ནི། འབད་རྩོལ་ནས། གཟུགས་སོགས་ཡིན། །ཅེས་གསུངས་ཏེ། རྫོགས་པའི་སངས་རྒྱས་རྣམས་ནི་གཞན་གྱི་དོན་སྒྲུབ་པ་ན་དམིགས་པ་དང་བཅས་པའི་འབད་རྩོལ་གྱི་རྒྱུན་མ་ལུས་པ་ཀུན་རབ་ཏུ་ཞི་བའི་སྒོ་ནས་འཇུག་པ་ཡིན་ཏེ། རྣམ་པར་རྟོག་པ་ཐམས་ཅད་མེད་ཅིང་སྤངས་པའི་ཐུགས་རྗེས་རང་བཞིན་གྱིས་འོད་གསལ་བ་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །དཔེར་ན་མིའི་འཇིག་རྟེན་དྲི་མ་མེད་པའི་བཻ་ཌཱུརྻའི་ས་གཞིར་གྱུར་པ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པ་རྣམས་འབད་རྩོལ་མེད་ཀྱང་བྱ་བ་བྱེད་པ་ཇི་ལྟ་བ་བཞིན་ནོ། །དེ་ལ་དམིགས་པ་དང་བཅས་པའི་འབད་རྩོལ་གྱི་རྒྱུན་ཀུན་རབ་ཏུ་ཞི་བ་ཡིན་ཏེ། ཞེས་པ་ནི་དམ་བཅའ་བའི་དོན་བསྟན་པ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་ཐུགས་མཐར་ཐུག་པ་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ཞེས་པ་ནི་དེ་སྒྲུབ་པར་བྱེད་པའི་གཏན་ཚིགས་སོ། །དེ་ལྟར་ན་འབད་རྩོལ་གང་ཡང་མེད་ཀྱང་གཞན་དོན་ལྷུན་གྱིས་གྲུབ་པའི་རང་བཞིན་གྱི་དོན་དེ་ནི་གདུལ་བྱའི་བློའི་ཡུལ་དུ་འགྲུབ་པར་བྱ་བའི་དོན་དུ་མཚོན་པར་བྱེད་པའི་དཔེ་ནི་བརྒྱ་བྱིན་གྱི་གཟུགས་བརྙན་དང་། རྔ་བོ་ཆེའི་སྒྲ་སྐད་ལ་སོགས་པས་སྔར་བསྟན་པ་རྣམས་ཡིན་ནོ། །བཞི་པ་ནི། འདིར་ནི་ནས། རབ་འཇུག་པའོ། །ཞེས་གསུངས་ཏེ། སངས་རྒྱས་ཀྱི་ཕྲིན་ལས་མཛད་པའི་སྐབས་འདིར་ནི། དཔེ་རྣམས་ཀྱིས་མཚོན་པར་བྱ་བའི་སྐབས་ཀྱི་དོན་འདི་ཡིན་ཏེ། རྣམ་འཕྲུལ་སྟོན་པ་དང་གདམས་ངག་གསུང་པ་ལ་སོགས་པའི་དོན་རྣམ་པ་དགུ་སྔར་བཤད་པས་ནི་སྟོན་པ་རྫོགས་པའི་སངས་རྒྱས་རྣམས་སྐྱེ་བ་དང་། འཆི་བ་ལ་སོགས་པ་འདུས་བྱས་ཀྱི་ཆོས་རྣམས་དང་བྲལ་ལ་རྣམ་པར་རྟོག་པ་མེད་ཅིང་འདི་དང་འདི་བྱའོ་སྙམ་པའི་འབད་པ་དང་རྩོལ་བ་མེད་པར་ཡང་གདུལ་བྱ་རྣམས་ལ་ཕྲིན་ལས་འགྲུབ་པའི་ཚུལ་གྱིས་རབ་ཏུ་འཇུག་པར་སྟོན་པའོ། །གཉིས་པ་དཔེས་ཚུལ་ཁྱད་པར་དུ་བཤད་པ་ལ་གཉིས་དཔེའི་དབྱེ་བ། དེ་དོན་དང་སྦྱར་ཏེ་བཤད་པའོ། །དང་པོ་ནི། གང་ཞིག་ནས། རྣལ་འབྱོར་རིག །ཅེས་གསུངས་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་
(༡༦༤)འཆད་པ་གང་ཞིག་ཉེ་བར་མཚོན་པར་བྱེད་པའི་དཔེ་ནི་རྣམ་པ་དགུར་བསྟན་ཏེ། བརྒྱ་བྱིན་གྱི་གཟུགས་བརྙན་དང་། ལྷའི་རྔ་བོ་ཆེའི་སྒྲ་དང་། སྤྲིན་གྱིས་ནམ་མཁར་ཁྱབ་པ་བཞིན་དང་། ཚངས་པའི་སྤྲུལ་པ་དང་། ཉི་མི་འོད་ཟེར། རིན་ཆེན་མཆོག་ཏུ་གྱུར་པ་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་བཞིན་དང་། བྲག་ཆ་སོགས་ཀྱི་སྒྲ་བརྙན་དང་། འབྱུང་བ་ཆེན་པོ་ནམ་མཁའ་དང་། ཀུན་གྱི་ས་རྟེན་གྱུར་གཞི་བཞིན་ཏུ། འཁོར་བ་མཐའ་མེད་པའི་སྲིད་པ་འདི་ཇི་སྲིད་གནས་པའི་བར་དུ་རྒྱུན་མི་འཆད་ཅིང་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་སྒོ་ནས་གཞན་གྱི་དོན་མཛད་པའི་ཕྲིན་ལས་ཀྱི་ཚུལ་དེ་ནི་རྣལ་འབྱོར་པ་མཆོག་ཏུ་གྱུར་པ་རྣམས་ཀྱིས་རིག་གི །ཕལ་པ་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ཉིད་དོ། །གཉིས་པ་ནི། རིན་ཆེན་ནས། ས་ཡིན་ནོ། །ཞེས་གསུངས་ཏེ། རྫོགས་པའི་སངས་རྒྱས་རྣམས་གཞན་དོན་མཛད་པ་ནི་དཔེར་ན་མིའི་འཇིག་རྟེན་རིན་ཆེན་གྱི་བཻ་ཌཱུརྻ་ས་གཞིར་གྱུར་པ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་གཟུགས་བརྙན་སྣང་བ་ཇི་ལྟ་བ་བཞིན་ཏུ་ཆོས་ཀྱི་སྐུ་ལས་མ་གཡོས་པར་སྐལ་པ་དང་ལྡན་པའི་གདུལ་བྱ་རྣམས་ལ་གཟུགས་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་སྟེ། སྐུའི་སྣང་བ་དང་། དེ་བཞིན་དུ་སེམས་མཉམ་པར་མ་བཞག་པ་རྣམས་མཉམ་པར་བཞག་པ་དང་། མཉམ་པར་བཞག་པ་རྣམས་རྣམ་པར་གྲོལ་བར་བྱ་བའི་ཆེད་དུ། གསུང་གི་གདམས་པ་དང་རྗེས་སུ་བསྟན་པ་ལེགས་པར་འདོམས་པར་མཛད་པའི་ཚུལ་ནི་ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པ་དང་འདྲ་བ་དང་། ཐུགས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་སངས་རྒྱས་རྣམས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དང་། འཁོར་བ་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་བརྩེ་བ་ཆེན་པོས་ཐམས་ཅད་ལ་ཁྱབ་པའི་སྤྲིན་གྱི་ཚོགས་དང་འདྲ་བ་ནི་གདུལ་བྱ་མཐའ་ཡས་པའི་འགྲོ་བ་རྣམས་ལ་སྲིད་པའི་རྩེ་མོའི་བར་དུའང་ཁྱབ་པར་འཇུག་པ་དང་། ཚངས་པ་གཟུགས་ཁམས་ལས་མ་གཡོས་པར་འདོད་ཁམས་སུ་སྟོན་པ་ཇི་ལྟ་བ་བཞིན་ཏུ། ཟག་པ་མེད་པའི་གནས་ཆོས་ཀྱི་དབྱིངས་ལས་ཅུང་ཟད་ཀྱང་མི་བསྐྱོད་པར་རང་གི་མོས་པ་དང་མཐུན་པར་སྐུ་དང་གསུང་གི་སྤྲུལ་པ་མི་འདྲ་བ་རྣམ་པ
(༡༦༥)དུ་མར་ཡང་རབ་ཏུ་སྟོན་པ་དང་། ཉི་མས་འོད་ཟེར་གྱི་སྣང་བ་འགྱེད་པ་ཇི་ལྟ་བ་བཞིན་ཏུ་ཡེ་ཤེས་ལ་བརྟེན་ནས་དམ་པའི་ཆོས་ཀྱི་འོད་ཟེར་གྱི་སྣང་བ་མཐའ་ཡས་པ་རབ་ཏུ་སྤྲོ་བ་གང་ཡིན་པ་དང་། དྲི་མ་མེད་ཅིང་རྣམ་པར་དག་པའི་རིན་ཆེན་མཆོག་ཏུ་གྱུར་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་རྣམ་པར་རྟོག་པ་མེད་ཀྱང་དགོས་འདོད་སྩོལ་བའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་མངའ་བ་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་གི་གསང་བ་དེ་ཡང་བྲག་ཆ་ལ་སོགས་པའི་སྒྲ་བརྙན་ཇི་ལྟ་བ་བཞིན་ཏུ་སྣ་ཚོགས་སུ་ཐོས་ཀྱང་ཡི་གེའི་ངོ་བོ་གྲུབ་པ་མེད་རྟག་པ་ཉིད་ཡིན་པ་དང་། སྐུའི་གསང་བ་ནི་ནམ་མཁའ་བཞིན་དུ་ཐམས་ཅད་ལ་ཁྱབ་པ་ཉིད་དང་། དབྱིབས་ལ་སོགས་པ་སྣ་ཚོགས་སུ་སྣང་ཡང་གཟུགས་སུ་གྲུབ་པ་མེད་ཅིང་རྟག་པ་ཉིད་ཡིན་པ་དང་། ས་གཞིས་ལོ་ཐོག་ལ་སོགས་ས་སྐྱེ་བའི་རྟེན་བྱེད་པ་བཞིན་ཏུ་གདུལ་བྱའི་འགྲོ་བ་དཔག་ཏུ་མེད་པའི་རྒྱུད་ལ་དཀར་པོ་དགེ་བའི་ཆོས་ཀྱི་ལོ་ཐོག་དང་རྩི་སྨན་རྣམས་མ་ལུས་པ་འཕེལ་བ་དང་བརྟེན་པ་དང་ཡངས་པར་བྱེད་པའི་རྣམ་པ་ཀུན་ཏུ་གཞིའམ་རྟེན་དུ་གྱུར་པ་ནི། གནས་མ་ལུས་པ་ཡོངས་སུ་གྱུར་པའི་ཐུགས་རྗེ་ཆོན་པོ་དང་ལྡན་པའི་སངས་རྒྱས་ཀུན་གྱི་ས་ཐོབ་པ་ཉིད་ཡིན་ནོ། །གསུམ་པ་སླར་ཡང་བསྡུས་ཏེ་ཁྱད་པར་དུ་བསྟན་པ་ལ་གཉིས། སྣང་ཡང་སྐྱེ་འཇིགས་མེད་ཚུལ། ཆོས་མཚུངས་ལས་ཁྱད་པར་འཕགས་པའི་ཚུལ་ལོ། །དང་པོ་ལ་གཉིས། དབང་པོའི་དཔེ་དང་། རྒྱུན་མི་འཆད་པས་སྐྱེ་འཇིག་མེད་ཚུལ་ལོ། །དང་པོ་ནི། དག་པ་ནས། སྐྱེ་འཇིག་མེད། ཅེས་གསུངས་ཏེ། སངས་རྒྱས་རྣམས་རྟག་ཏུ་སྐྱེ་འགག་མེད་པ་ཡིན་ན་སྐྱེ་འཇིག་ལྟར་མཐོང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། དགེ་བའི་རྩ་བ་བསགས་པ་ལ་བརྟེན་ནས་གཞི་བཻ་ཌཱུརྻ་དག་པ་དང་འདྲ་བར་གྱུར་པ་ཡི་རང་གི་སེམས་དྲི་མ་མེད་ཅིང་དང་པར་གྱུར་པ་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསལ་བར་མཐོང་བའི་རྒྱུའམ་སེམས་དེ་དག་པར་བྱེད་པའི་ཐབས་ནི་མི་མཐུན་པའི་ཕྱོགས་མ་དད་པ་ལ་སོགས་པའི་རྐྱེན་གྱིས་མི་བཟློག་པའི་སྒོ་ནས་དད་པ་ལ་སོགས་པའི་དབང་པོ་ཤིན་ཏུ་བརྟེས་ཤིང་བརྟེན་པར་གྱུར་པ་ཉིད་ཡིན་ཅིང་། དེ་ལས་གཞི་དག་པ་དང་མ
(༡༦༦)དག་པའི་དབང་གིས་གཟུགས་བརྙན་འཆར་བ་དང་ནུབ་པར་འགྱུར་པ་བཞིན་དུ་གདུལ་བྱ་རྣམས་ཀྱི་དད་པ་ལ་སོགས་པའི་དགེ་བའི་རྩ་བ་སྐྱེ་བ་དང་འཇིག་པ་ན་དེ་དག་གི་དབང་གིས་རིམ་པ་ལྟར་སངས་རྒྱས་རྣམས་ཀྱི་ཀུན་རྫོབ་གཟུགས་ཀྱི་སྐུ་ནི་སྐྱེ་བ་དང་འཇིག་པར་སྣང་བ་ཡིན་ཡང་། བརྒྱ་བྱིན་རང་གི་ངོ་བོ་སུམ་ཅུ་རྩ་གསུམ་གྱི་གནས་ནས་མ་གཡོས་པ་བཞིན་ཏུ་ཐུབ་པ་ཐམས་ཅད་མཁྱེན་པ་ནི་རང་གི་ངོ་བོ་དོན་དམ་པ་ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པའི་ཕྱིར་སྐྱེ་བ་དང་འཇིག་པ་མེད་པ་ཡིན་ནོ། གཉིས་པ་ནི། དེ་བཞིན་ནས། མཛད་པ་འཇུག ། ཅེ་གསུངས་ཏེ། འོ་ན་འབད་རྩོལ་མེད་པར་ཕྲིན་ལས་རྒྱུན་མི་འཆད་དུ་འབྱུང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། བརྒྱ་བྱིན་ལ་སོགས་པ་ལ་འབད་རྩོལ་མེད་ཀྱང་གཟུགས་བརྙན་ཤར་བ་ལ་སོགས་པས་གཞན་གྱི་དོན་བྱེད་པ་དེ་བཞིན་དུ་ནི་སངས་རྒྱས་རྣམ་ལ་ཡང་རྣམ་པར་རྟོག་པ་ལ་སོགས་པའི་འབད་རྩོལ་གང་ཡང་མེད་པར་གདོད་མ་ནས་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པ་ལས་མ་གཡོས་བཞིན་གདུལ་བྱ་འཁོར་བའི་སྲིད་པ་མཐའ་མེད་པ་འདི་ཇི་སྲིད་མ་སྟོང་བར་གནས་ཀྱི་བར་དུ་སྐུས་རྣམ་འཕྲུལ་སྟོན་པ་དང་། གསུང་གིས་གདམས་ངག་གསུང་བ་དང་། ཐུགས་ཀྱིས་མཁྱེན་བརྩེས་ཁྱབ་པ་ལ་སོགས་པའི་མཛད་པ་ལྷུན་གྱིས་གྲུབ་པ་འདི་རྒྱུན་མི་འཆད་པར་འཇུག་གོ །གཉིས་པ་ཆོས་མཚུངས་ལས་ཁྱད་པར་འཕགས་ཚུལ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དཔེ་འདི་ནས། བརྫོད་པ་ཡིན། ཅེས་གསུངས་ཏེ། སངས་རྒྱས་ཀྱི་ཕྲིན་ལས་མཚོན་པར་བྱེད་པའི་དཔེ་དགུ་པོ་འདི་རྣམས་ཀྱི་མདོར་བསྡུས་པའི་དོན་ནི་བཤད་ཟིན་དང་འཆད་པར་འགྱུར་བའི་གཞུང་འདི་རྣམས་ཀྱིས་སྟོན་པ་ཡིན་ཞིང་། དེར་མ་ཟད་དཔེ་སྔ་མའི་རྗེས་སུ་ཕྱི་མ་སྟོན་པའི་གོ་རིམ་ངེས་པའི་རྒྱུ་ཡང་འཆད་པར་འགྱུར་བ་ཉིད་ཡིན་ཏེ། དེ་ལ་དཔེ་སྔ་མ་སྔ་མ་རྣམས་ཀྱིས་སངས་རྒྱས་ཀྱི་ཕྲིན་ལས་མ་ལུས་པ་མཚོན་པར་མི་ནུས་ཤིང་། ཆོས་མི་མཐུན་པའི་ཆ་གང་ཡིན་པ་རྣམས་དཔེ་ཕྱི་མ་རྣམས་ཀྱིས་རིམ་པ་ལྟར་སྤངས་ཏེ་ཆོས་མཐུན་པར་བསྟན་པའི་སྒོ་ནས་བརྗོད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སངས་རྒྱས་ནས། གཟུགས་མེད་
(༡༦༧)འབྱུང་། ཞེས་པའི་བར་གྱིས་བསྟན་ཏེ། རྫོགས་པའི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་མཛད་པ་ནི་སྐུའི་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་བཻ་ཌཱུརྻའི་ས་གཞིར་བརྒྱ་བྱིན་གྱེ་གཟུགས་བརྙན་སྣང་བ་ལྟ་བུ་སྟེ་འོན་ཀྱང་གཟུགས་ནི་དབྱངས་དང་ལྡན་ལ། སངས་རྒྱས་ནི་ཆོས་གསུངས་བའི་དབྱངས་དང་ལྡན་པའི་ཕྱིར་ན་འདྲ་བ་མིན་ཞིང་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ལྟར་ཆོས་གསུངས་དབྱངས་ཀྱི་གདམས་དག་སྣ་ཚོགས་པ་སྟོན་པ་ནི། ལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་སྟོན་པ་ཇི་ལྟ་བ་བཞིན་ཏེ་འོན་ཀྱང་རྔ་བོ་ཆེ་ནི་ཕྱོགས་རེ་བ་ཡིན་གྱི། ཐམས་ཅད་དུ་ཁྱབ་བས་དོན་བྱེད་པ་མ་ཡིན་ལ། སངས་རྒྱས་ནི་གདུལ་བྱའི་འཇིག་རྟེན་ཐམས་ཅད་ལ་ཁྱབ་པར་དོན་མཛད་པ་ཡིན་པས་དེ་དང་འདྲ་བའང་མིན་ཅིང་ཁྱད་དུ་འཕགས་སོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་ཆ་ནས་མཁྱེན་པ་དང་བརྩེ་བས་གདུལ་བྱ་རྣམས་སྨིན་པར་མཛད་པ་ནི། སྤྲིན་ཆེན་པོ་ཐམས་ཅད་དུ་ཁྱབ་པས་ལོ་ཐོག་སྨིན་པར་བྱེད་པ་དང་ཆོས་མཚུངས་པ་སྟེ། འོན་ཀྱང་སྤྲིན་གྱིས་ནི་དོན་མེད་པའི་ས་བོན་སྤོང་བར་བྱེད་པ་མིན་ལ། སངས་རྒྱས་ཀྱི་དོན་མེད་པ་འདོད་ཆགས་ལ་སོགས་པ་ཉིན་མོངས་པའི་ས་བོན་སྤོང་པར་མཛད་པའི་ཕྱིར་དེ་དང་འདྲ་བའང་མིན་ཅིང་ཁྱད་དུ་འཕགས་སོ། །དེ་ལྟར་དོན་མེད་ཉོན་མོངས་པའི་ས་བོན་རྣམས་སྤོང་པའི་ཆ་ནས་སྤྲུལ་པ་མཐའ་ཡས་པ་སྟོན་པ་ནི། ཚངས་པ་ཆེན་པོའི་སྤྲུལ་པས་འདོད་ཡོན་ལ་ཆགས་པ་སྤོང་བ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་ཚངས་པ་ནི་ལན་གཅིག་ཙམ་ཕན་འདོགས་པར་བྱེད་པ་ཡིན་གྱི་གཏན་དུ་ནི་སྨིན་པར་བྱེད་པ་མིན་ལ། སངས་རྒྱས་ཀྱིས་ནི་གཏན་དུ་རྒྱུན་མི་འཆད་པར་གདུལ་བྱའི་རྒྱུད་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་དེ་དང་འདྲ་བའང་མིན་ཞིང་ཁྱད་དུ་འཕགས་སོ། །དེ་ལྟར་ན་གཏན་དུ་གདུལ་བྱའི་ལོ་ཐོག་སྨིན་པར་མཛད་པའི་ཆ་ནས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་སྤྲོ་བ་ནི་ཉི་མའི་གཟུགས་ཀྱི་འོད་ཟེར་གྱིས་ལོ་ཐོག་གཏན་དུ་སྨིན་པར་བྱེད་པ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་ཉི་མས་ནི་རེས་འགའ་སྣང་བ་ཡིན་ཏེ། ཉིན་མཚན་གཏན་དུ་ནི་མུན་པ་འཇོམས་པར་བྱེད་པ་མིན་ལ། སངས་རྒྱས་ཀྱིས་ནི་གཏན་དུ་རྒྱུན་མི་འཆད་པར་མི་ཤེས་པའི་མུན་པ་འཇོམས་པར་མཛད་པའི་ཕྱིར་དེ་དང་འདྲ་བའང་མིན་ཞིང་
(༡༦༨)ཁྱད་དུ་འཕགས་སོ། །དེ་ལྟར་གཏན་དུ་མུན་པ་འཇོམས་པར་བྱེད་པའི་ཆ་ནས་ཐུགས་ཀྱི་གསང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྣང་བ་འགྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྣང་བས་ཉིན་མཚན་གཏན་དུ་མུན་པ་འཇོམས་པ་དང་འདྲ་སྟེ། འོན་ཀྱང་ནོར་བུ་ནི་ཀླུ་ལ་སོགས་པ་དུད་འགྲོ་ལའང་ཡོད་པས་འབྱུང་བ་ནི་རྙེད་པར་མི་དཀའ་ལ། སངས་རྒྱས་ནི་སྐལ་པ་དང་མི་ལྡན་པ་རྣམས་ལ་འབྱུང་བ་རྙེད་པར་དཀའ་བའི་དེ་དང་འདྲ་བའང་མིན་ཅིང་ཁྱད་དུ་འཕགས་སོ། །དེ་ལྟར་འབྱུང་བ་རྙེད་པར་དཀའ་བའི་ཆ་ནས་གསུང་གི་གསང་བས་ལེགས་བཤད་སྣ་ཚོགས་སྟོན་པ་ནི་སྒྲ་བརྙན་ཕྱི་དང་ནང་དུ་བདེན་པར་མ་གྲུབ་པས་རྙེད་པར་དཀའ་བ་ཇི་ལྟ་བ་བཞིན་ཏེ། འོན་ཀྱང་སྒྲ་བརྙན་གློ་བུར་དུ་རྐྱེན་ལ་རགས་ལས་ནས་ནི་བྱུང་བ་ཡིན་ལ། སངས་རྒྱས་ནི་རང་བྱུང་འདུས་མ་བྱས་པ་ཡིན་གྱི། རྐྱེན་ལ་རགས་ལས་ནས་བྱུང་བ་མ་ཡིན་པའི་ཕྱིར་དེ་དང་འདྲ་བའང་མིན་ཅིང་ཁྱད་དུ་འཕགས་སོ། དེ་ལྟར་རྐྱེན་ལས་བྱུང་བ་མ་ཡིན་ཞིང་མངོན་པར་འདུས་མ་བྱས་པའི་ཆ་ནས་སྐུའི་གསང་བ་རྣམ་འཕྲུལ་མཐའ་ཡས་པ་སྟོན་པ་ནི། ནམ་མཁའ་སྣ་ཚོགས་སུ་སྣང་ཡང་འདུས་མ་བྱས་པ་དང་འདྲ་བ་སྟེ། འོན་ཀྱང་ནམ་མཁའ་ནི་དགེ་བའི་གཞིའམ་རྟེན་དུ་གྱུར་པ་མིན་ལ། སངས་རྒྱས་ནི་དཀར་པོ་དགེ་བའི་ཆོས་རྣམས་ཀྱི་གཞིའམ་རྟེན་དུ་གྱུར་པ་ཡིན་པའི་ཕྱིར་དེ་དང་འདྲ་བའང་མིན་ཅིང་ཁྱད་དུ་འཕགས་སོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འགྲོ་བའི་ཕུན་སུམ་ཚོགས་པ་མ་ལུས་པ་དེ་དག་གནས་པའི་རྟེན་ནི་གཞིར་གྱུར་པ་ཡིན་པའི་ཕྱིར་ན་སའི་དཀྱིལ་འཁོར་ཆེན་པོས་ཐམས་ཅད་ཀྱི་རྟེན་བྱེད་པ་དག་དང་འདྲ་བ་ཡིན་ནོ། །དེ་དག་གི་གཞི་ཇི་ལྟར་ཡིན་ན། རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཆེན་པོ་ཐོབ་པ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པར་འགྲོད་པའི་ལམ་ཐེག་པ་གསུམ་ལ་སོགས་པ་དམ་པའི་ཆོས་རྣམས་འབྱུང་བའི་ཕྱིར། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། ཞེས་གསུངས་པ་ལྟར་རོ། །དེ་ལ་བརྟེན་ནས་འདོད་པའི་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། གཟུགས་ཁམས་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་བསམ་
(༡༦༩)གཏན་བཞི་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་ཀྱི་ཕུན་སུམ་ཚོགས་པའི་རྒྱུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་འབྱུང་བ་ཡིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པའི་སྐབས་ཏེ་ལེའུ་བཞི་པའི་རྣམ་པར་བཤད་པ་གྲུབ་བོ། །གསུམ་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ་ལ་གསུམ། ཕན་ཡོན་དང་། ཇི་ལྟར་མཛད་པ་དང་། བསྔོ་བ་དོན་བསྡུ་དང་བཅས་པའོ། དང་པོ་ལ་ལྔ། བསམ་མི་ཁྱབ་ཀྱི་དོན་བརྗོད་པ། ཡོན་ཏན་མདོར་བསྟན་པ། སྦྱིན་སོགས་གསུམ་ལས་ཁྱད་པར་བཤད་པ། དེ་ཡི་རྒྱུ་མཚན་བརྗོད་པ། ཕན་ཡོན་ཤིན་ཏུ་རྒྱས་བཤད་དོ། །དང་པོ་ནི། སངས་རྒྱས་ཁམས་ནས། སྤྱོད་ཡུལ་ཡིན། ཅེས་གསུངས་ཏེ། སངས་རྒྱས་ཀྱི་ཁམས་རང་བཞིན་གྱིས་རྣམས་པར་དག་པ་གློ་བུར་གྱི་དྲི་མ་དང་བཅས་པའི་གནས་སྐབས་དེ་བཞིན་གཤེགས་པའི་སྙིང་པོ་དང་། དེ་ཉིད་གློ་བུར་གྱི་དྲི་མས་ཀྱང་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་ཐོབ་པ་དང་། བྱང་ཆུབ་ཆེན་པོ་ལ་དབྱེར་མེད་པར་ལྡན་པའི་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་དང་། ཡོན་ཏན་རྣམས་ཐོབ་པའི་ནུས་པས་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་སྒྲུབ་པའི་ཕྲིན་ལས་ཏེ་དཀོན་མཆོག་གསུམ་འགྲུབ་པ་དང་རྗེས་སུ་མཐུན་པའི་རྡོ་རྗེའི་གནས་བཞི་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ནི་གློ་བུར་གྱི་དྲི་མ་ཕལ་ཆེ་བས་རྣམ་པར་དག་པའི་སེམས་ཅན་ས་ཆེན་པོ་ལ་གནས་པ་རྣམས་ཀྱིས་ཀྱང་བསམ་པར་བྱ་བ་མིན་ན། སོ་སྐྱེ་དང་ཉན་རང་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྔར་བསྟན་པ་ལྟར་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འོ་ན་དེ་དག་གང་གི་སྤྱོད་ཡུལ་ཡིན་སྙམ་ན། རྡོ་རྗེའི་གནས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ། །གཉིས་པ་ནི། བློ་ལྡན་ནས། ཟིལ་གྱིས་གནོན། ཅེས་གསུངས་ཏེ། བློ་ལྡན་བྱང་ཆུབ་སེམས་དཔའ་གང་དག་རྒྱལ་བ་རྫོགས་པའི་སངས་
(༡༧༠)རྒྱས་རྣམས་ཁོ་ནའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་དོན་གྱི་གནས་བཞི་པོ་འདི་ཉིད་ལ་ལྷག་པར་མོས་པ་དེ་རྣམས་ནི་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པའི་ཚོགས་ཀྱི་སྣོད་དུ་གྱུར་པ་ཉིད་དེ། ཐེག་པ་ཆེན་པོའི་རིགས་ས་དང་ལས་མཐར་ཕྱིན་པའི་འབྲས་བུ་མྱུར་དུ་ཐོབ་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་ཕལ་པ་རྣམས་ཀྱིས་བསམ་དུ་མེད་པའི་ཡོན་ཏན་གྱི་ཚོགས་དང་ལྡན་པའི་གནས་བཞི་པོ་འདི་དག་ལ་མངོན་པར་དགའ་ཞིང་ལྷག་པར་མོས་པའི་ཕན་ཡོན་ཤིན་ཏུ་མང་བས་ནི། དེ་དང་མ་འབྲེལ་བའི་སེམས་ཅན་ཀུན་གྱི་སྦྱིན་པ་ལས་བྱུང་བ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་མཐའ་དག་ཟིལ་གྱིས་གནོན་པར་འགྱུར་རོ། །གསུམ་པ་ཁྱད་པར་བཤད་པ་ལ་གསུམ། སྦྱིན་པ། ཚུལ་ཁྲིམས། བསམ་གཏན་ལས་ཁྱད་པར་བཤད་པའོ། །དང་པོ་ནི། གང་ཞིག་ནས། འཐོབ་པར་འགྱུར། ཅེས་གསུངས་ཏེ། སྦྱིན་པ་པོ་གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ལས་བྱས་པའི་ཞིང་ཁམས་ནོར་བུས་སྦྲས་པ་ནི་སངས་རྒྱས་ཀྱི་ཞིང་གི་རྡུལ་གྱི་གྲངས་དང་མཉམ་པ་ཉིན་རེ་བཞིན་ཆོས་རྒྱལ་སངས་རྒྱས་རྣམས་ལ་རྟག་ཏུ་འབུལ་བ་སོགས་ཀྱི་བསོད་ནམས་དེ་ལས་གང་ཟག་གཞན་གང་ཞིག་གིས་གནས་བཞི་པོ་སྟོན་པའི་གསུང་རབ་འདི་ལས་ཚིགས་གཅིག་ཙམ་ཐེས་ཤིང་ཐོས་ནས་ཀྱང་ནི་མོས་པ་དང་ལྡན་པས་ཡིད་ཆེས་ན་དེའི་དགེ་བ་འདི་སྦྱིན་པ་ལས་བྱུང་པའི་དགེ་བ་དེ་ལས་མཆོག་ཏུ་གྱུར་པའི་བསོད་ནམས་ཆེས་མང་བ་ཐོབ་པར་འགྱུར་རོ། །གཉིས་པ་ནི། བློ་ལྡན་ནས། འཐོབ་པར་འགྱུར། ཅེས་གསུངས་ཏེ། གང་ཟག་བློ་ལྡན་གང་ཞིག་གིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པས་དུས་བསྐལ་པ་དུ་མར་ཡང་རྟེན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འབད་པ་དང་རྩོལ་བ་མེད་པར་རང་གི་ཚུལ་ཁྲིམས་འཆལ་ཚུལ་གྱི་དྲི་མ་མེད་པར་བསྲུང་བར་བྱེད་ལ་གང་ཟག་གཞན་གང་ཞིག་གིས་གནས་བཞི་པོ་སྟོན་པའི་གསུང་རབ་འདི་ལས་ཚིག་གཅིག་ཙམ་ཐོས་ཤིང་དེ་ཐོས་ནས་ཀྱང་ནི་ཡིད་ཆེས་པར་མོས་ན་དེའི་དགེ་བ་འདི་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་དེ་ལས་བསོད་ནམས་ཆེས་མང་བ་འཐོབ་པར་འགྱུར་རོ། །གསུམ་པ་ནི། གང་ཞིག་
(༡༧༡)ནས། འཐོབ་པར་འགྱུར། ཅེས་གསུངས་ཏེ། གང་ཟག་བློ་ལྡན་གང་ཞིག་འཇིག་རྟེན་འདི་་ན་སྲིད་པ་གསུམ་གྱི་ཉོན་མོངས་པའི་མེ་འཇིལ་བར་བྱེད་པའི་ལྷའི་གནས་བསམ་གཏན་བཞི་དང་ནི་ཚངས་པའི་གནས་ཚད་མེད་བཞི་ནི་མཐར་སོན་ཏེ་ཕུལ་དུ་ཕྱིན་པ་རྫོགས་པའི་བྱང་ཆུབ་འཕོ་འགྱུར་མེད་པའི་ཐབས་བསྒོམས་ལ། གཞན་གང་འདི་ལས་ཚིག་གཅིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་དེའི་ཕན་ཡོན་འདི་བསམ་གཏན་ལས་བྱུང་བའི་དགེ་བ་དེ་ལས་བསོད་ནམས་ཆེས་མང་བ་འཐོབ་པར་འགྱུར་རོ། །བཞི་པ་དེའི་རྒྱུ་མཚན་ནི། གང་ཕྱིར་ནས། འདི་ཐོས་ཡིན། ཅེས་གསུངས་ཏེ། དེ་ལྟར་ཕན་ཡོན་ཆེ་བ་གང་གི་ཕྱིར་སྙམ་ན། ཤེས་རབ་ཀྱིས་མ་ཟིན་པའི་སྦྱིན་པ་རྐྱང་པས་ལོངས་སྤྱོད་ཙམ་དག་ནི་སྒྲུབ་པར་བྱེད་ཅིང་ཁྲིམས་རྐྱང་གིས་མཐོ་རིས་ཙམ་དང་བསྒོམས་པས་ཉོན་མོངས་པ་མགོ་གནོན་པ་ཙམ་དུ་སྤོང་བར་བྱེད་ལ་གནས་བཞི་རྟོགས་པའི་ཤེས་རབ་ཀྱིས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཀུན་ནས་སྤོང་བ་དེའི་ཕྱིར། གནས་ལུགས་ཟབ་མོ་རྟོགས་པའི་ཤེས་རབ་ནི་སྦྱིན་སོགས་ལས་མཆོག་ཉིད་དུ་གྱུར་པ་ཡིན་ལ། དེས་ན་གནས་བཞི་པོ་སྟོན་པའི་གསུང་རབ་ལ་ཐོས་བསམ་གྱིས་སློབ་པ་ལ་ཕན་ཡོན་ཁྱད་པར་ཅན་དང་ལྡན་ཏེ། སྦྱིན་སོགས་གསུམ་གྱི་དགེ་བ་ལས་ཁྱད་པར་དུ་འཕགས་པའི་ཤེས་རབ་རྟོགས་པ་དེའི་རྒྱུ་ནི་གནས་བཞི་སྟོན་པའི་གསུང་རབ་འདི་ཐོས་ནས་མོས་ཤིང་སློབ་པ་ཁོ་ན་ཡིན་པའི་ཕྱིར་རོ། །ལྔ་པ་ཕན་ཡོན་ཤིན་ཏུ་ རྒྱས་བཤད་ལ་ལྔ། བྱང་ཆུབ་ཐོབ་པ་དང་། བྱང་ཆུབ་ཀྱི་སེམས་བརྟན་པ། ཡོངས་སུ་རྫོགས་པའི་ཐོབ་པ། ཞར་ལ་ཚོགས་ཀྱི་ངེས་པ་བསྟན་པ། སྒྲིབ་པ་སྤོང་བའོ། །དང་པོ་ནི། གནས་དང་ནས། སྐལ་ལྡན་འགྱུར། ཅེས་གསུངས་ཏེ། གདོད་མ་ནས་གནས་པ་རྟོགས་བྱའི་གཞི་ཁམས་དབང་ནི་གནས་གྱུར་པ་རྟོགས་པ་བྱང་ཆུབ་དང་དེའི་ཡན་ལག་ཡོན་ཏན་དང་བྱེད་པ་ཕྲིན་ལས་གཞན་དོན་བསྒྲུབ་པ་སྟེ་རྒྱལ་བ་ཡི་ནི་མཁྱེན་པའི་ཡུལ་གནས་རྣམ་པ་བཞི་པོ་གོང་དུ་ཇི་ལྟར་བརྗོད་པ་འདི་ལ་ཕྱིན་ཅི་མ་ལོག་པར་སློབ་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་
(༡༧༢)མྱུར་དུ་བྱང་ཆུབ་ཐོབ་པའི་ཕན་ཡོན་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ལ་ཁམས་ཡོད་པར་མོས་པ་དང་ཁམས་དེས་བྱང་ཆུབ་ཐོབ་པར་ནུས་པ་ཉིད་དང་བྱང་ཆུབ་དེ་ལ་གདོད་མ་ནས་ཡོན་ཏན་དབྱེར་མེད་དུ་ལྡན་པར་མོས་པ་ནི་མྱུར་དུ་དེ་བཞིན་གཤེགས་པའི་གོ་འཕངས་ཐོབ་པའི་སྐལ་པ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། བསམ་མི་ནས། གནས་པར་འགྱུར། ཅེས་གསུངས་ཏེ། ཕལ་པས་བསམ་གྱིས་མི་ཁྱབ་པའི་ཡུལ་ཟབ་མོའི་གནས་བཞི་ལས་ལས་ཁམས་འདི་ནི་རང་ལ་ཡོད་པ་དང་བདག་འདྲ་བས་བྱང་ཆུབ་ཐོབ་ནུས་པ་དང་། བྱང་ཆུབ་ཐོབ་པ་ལས་སྟོབས་སོགས་འདི་འདྲ་བའི་ཡོན་ཏན་དང་དེ་ལས་དོན་བྱེད་པའི་ཕྲིན་ལས་དང་ལྡན་ཞེས་དད་པ་གསུམ་གྱིས་མོས་པ་བྱེད་པའི་ཕྱིར། བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་དང་བྱང་ཆུབ་ལ་སྤྲོ་བའི་བརྩོན་འགྲུས་དང་དེའི་ཐབས་མི་བརྗོད་པའི་དྲན་པ་དང་དེ་ལ་རྩེ་གཅིག་པའི་བསམ་གཏན་དང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་སོགས་ཡོན་ཏན་དུ་མའི་སྣོད་དུ་གྱུར་པ། གཞན་དོན་ཏུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་སེམས་བསྐྱེད་ནི་གནས་བཞི་ལ་མོས་ཤིང་རྟོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་དུས་རྟག་ཏུ་ཉེ་བར་གནས་པར་འགྱུར་རོ། །གསུམ་པ་ནི། དེ་ནི་ནས། ཕྱོགས་སྤངས་ཕྱིར། ཅེས་གསུངས་ཏེ། སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་དུས་རྟག་ཏུ་ཉེ་བར་གནས་པས་རྒྱལ་བའི་སྲས་པོ་རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་། བསམ་པ་ཁྱད་པར་ཅན་དེ་ཉིད་ཀྱིས་ཀུན་ནས་བསླང་ནས། སྦྱོར་བ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པའི་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་ཡོངས་སུ་རྫོགས་པ་དང་ཡོངས་སུ་དག་པ་ཉིད་དུ་འགྱུར་ཏེ། དེ་ཡང་སེམས་ཅན་ལ་ཕན་འདོགས་པར་བྱེད་པའི་ཐབས་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་པོ་གང་ཡིན་པ་དེ་ལ་བྱེད་པ་པོ་དང་ལས་དང་བྱ་བ་སྟེ་འཁོར་རྣམ་པ་གསུམ་དུ་རྟོག་པ་མེད་པས་ཕ་རོལ་ཏུ་ཕྱིན་པ་དེ་རྣམས་ཡོངས་སུ་རྗོགས་པར་འགྱུར་ཞིང་། ཡོངས་སུ་དག་པར་འགྱུར་བ་ནི་སྦྱིན་པ་ལ་སོགས་པ་དེའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་སྒྲིབ་པ་རྣམས་རྣམ་
(༡༧༣)པར་སྤངས་པ་ཉིད་ཀྱི་ཕྱིར་རོ། །བཞི་པ་ནི། སྦྱིན་བྱུང་ནས། ཀུན་ཏུ་འགྲོ། ཞེས་གསུངས་ཏེ། འོ་ན་གོང་དུ་བསོད་ནམས་ནི་སྦྱིན་ཚུལ་སྒོམ་གསུམ་དུ་བཤད་ན་ཕར་ཕྱིན་དྲུག་ལས་གསུམ་བསོད་ནམས་ཀྱི་ཚོགས་དང་གསུམ་ཡེ་ཤེས་ཀྱི་ཚོགས་སུ་འཐད་པ་མ་ཡིན་ནམ་ཞེ་ན། ཕར་ཕྱིན་དང་པོ་ལྔ་བསོད་ནམས་ཀྱི་ཚོགས་སུ་འཐད་དེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་སྦྱིན་པའི་ཕར་ཕྱིན་དང་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡིན་ལ། བཟོད་པ་དང་བསམ་གཏན་གཉིས་པོ་དག་ནི་བསྒོམ་པ་ལས་བྱུང་བའི་བསོད་ནམས་ཏེ། བརྩོན་འགྲུས་ནི་བསོད་ནམས་གསུམ་པོ་ཀུན་གྱི་རྗེས་སུ་འགྲོ་བའི་ཕྱིར་རོ། ལྔ་པ་སྒྲིབ་པ་སྤོང་པ་ལ་གཉིས། སྤང་བྱ་སྒྲིབ་པ་ངོས་གཟུང་བ་དང་། གཉེན་པོ་ཡེ་ཤེས་མཆོག་ཏུ་བསྟན་པའོ། །དང་པོ་ནི། འཁོར་གསུམ་ནས། སྒྲིབ་པར་འདོད། ཅེས་གསུངས་ཏེ། ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་ཞེས་གསུངས་ན། ཤེས་རབ་ཀྱིས་སྤང་བྱ་སྒྲིབ་པ་གཉིས་པོ་གང་ཞེ་ན། སྦྱིན་པ་པོ་དང་། སྦྱིན་པར་བྱ་བའི་ཡུལ་དང་། སྦྱིན་པ་ལ་སོགས་པ་འཁོར་གསུམ་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་རྫོགས་པའི་གེགས་ཤེས་བྱའི་སྒྲིབ་པ་ཡིན་པར་འདོད་ཅིང་སེར་སྣ་དང་འདོད་ཆགས་དང་ཁོང་ཁྲོ་དང་ལེ་ལོ་དང་རྣམ་གཡེང་ལ་སོགས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཡོངས་སུ་དག་པར་འགྱུར་བའི་གེགས་ཉོན་མོངས་པའི་སྒྲིབ་པ་ཡིན་པར་འདིད་པས་དེ་དག་ནི་སྤང་བར་བྱའོ། །གཉིས་པ་ནི། ཤེས་རབ་ནས། ཐོས་པ་མཆོག །ཅེས་གསུངས་ཏེ། དོན་གྱི་གནས་འདི་ལྟ་བུ་ལེགས་པར་རྟོགས་པའི་ཕྱིར་ཤེས་རབ་ལས་གཞན་སྒྲིབ་པ་གཉིས་པོ་འདི་དག་ནི་རྩ་བ་ནས་སྤོང་བར་བྱེད་པའི་རྒྱུ་གཞན་པ་མེད་དེ། ཤེས་རབ་དང་བྲལ་བའི་སྦྱིན་པ་ལ་སོགས་པ་ནི་སྒྲིབས་པ་མངོན་གྱུར་ཟིལ་གྱིས་གནོན་པ་ཙམ་ནུས་ཀྱང་ས་བོན་རྩ་བ་ནས་སྤོང་བར་མི་ནུས་ལ། ཤེས་རབ་མཐར་ཕྱིན་པས་སྒྲིབ་པ་གཉིས་བག་ཆགས་དང་བཅས་པའི་ས་བོན་རྩ་བ་ནས་སྤོང་བར་ནུས་པ་དེའི་ཕྱིར། བསོད་ནམས་ཀྱི་ཕར་ཕྱིན་ལྔ་ལས་ཀྱང་ཡེ་ཤེས་ཀྱི་ཚོགས་ཤེས་རབ་ནི་མཆོག་ཏུ་གྱུར་པ་ཡིན་ཞིང་། ཤེས་རབ་དེ་ལྟ་བུ་འཕེལ་བའི་གཞི། དོན་གྱི་གནས་བཞི་པོ་འདི་ལྟ་བུ་སྟོན་
(༡༧༤)པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཚུལ་བཞིན་དུ་ཐོས་པ་ཡིན་པ་དེའི་ཕྱིར། སྦྱིན་ཚུལ་སྒོམ་པ་ལས་བྱུང་བའི་བསོད་ནམས་ཤིན་ཏུ་མང་བ་ལས་ཀྱང་ཟབ་མོའི་ཆོས་འདི་ལྟ་བུ་ཐོས་པའི་ཤེས་རབ་ནི་ཆེས་མཆོག་ཏུ་གྱུར་པ་ཉིད་དོ། །གཉིས་པ་བསྟན་བཅོས་ཇི་ལྟར་མཛད་པ་ལ་དྲུག །ཇི་ལྟར་མཛད་པའི་ཚུལ། གང་ལ་བརྟེན་ནས་མཛད་པ། རྒྱལ་བའི་བཀའ་ངོས་གཟུང་བ། དེ་དང་མཐུན་པ་ཐམས་ཅད་བླང་བྱར་བསྟན་པ། རྒྱལ་བའི་བཀའ་དང་མ་འགལ་བར་བསྟན་པ། འགལ་བའི་ཉེས་པ་བསྟན་པའོ། །དང་པོ་ནི། དེ་ལྟར་ནས། འདི་བཤད་དོ། །ཞེས་གསུངས་ཏེ། གོང་དུ་བསྟན་པའི་ཚུལ་དེ་ལྟར་རྡོ་རྗེའི་གནས་བདུན་བཤད་པ་རྣམས་ཀྱང་། རང་བཟོའམ་གཟུ་ལུམས་སུ་བྱས་པ་ནི་མ་ཡིན་གྱི། འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལ་སོགས་པ་ཡིད་ཆེས་པའི་ལུང་མདོ་དུ་མ་དང་ཇི་ལྟ་བ་བཞིན་རྟོགས་པའི་རྣལ་འབྱོར་མངོན་སུམ་དང་སྒྲོ་འདོགས་གཅོད་པའི་རེག་པ་མང་པོ་ལ་བརྟེན་ནས། སྒྲིབ་པའི་བདག་ཉིད་ས་བོན་དང་བག་ཆགས་འབའ་ཞིག་པའི་བར་དུ་དག་པར་བྱ་བའི་ཕྱིར་དང་། གདུལ་བྱ་གང་དག་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་བློ་གྲོས་ཅན་ཐེག་ཆེན་གྱི་རིགས་ཅན་དེ་དག་རྗེས་སུ་བཟུང་བའི་ཕྱིར་དུ་བསྟན་བཅོས་རྒྱུད་བླ་མ་འདི་དོན་དང་ལྡན་པ་བཤད་དོ། །གཉིས་པ་ནི། ཇི་ལྟར་ནས། རབ་ཏུ་བཤད། ཅེས་གསུངས་ཏེ། དཔེ་ཇི་ལྟར་ན། ཕྱིའི་བདག་རྐྱེན་སྒྲོན་མེའི་འོད་དང་གློག་གི་འོད་དང་ནོར་བུའི་འོད་དང་ཉི་མའི་འོད་དང་ཟླ་བའི་འོད་ལ་བརྟེན་ནས་ནང་གི་བདག་རྐྱེན་མིག་ཤེས་གསལ་པོ་དང་ལྡན་པའི་གང་ཟག་གིས་གཟུགས་ལ་བལྟ་བ་ན་ཕྱི་ཅི་མ་ལོག་པར་མཐོང་བཞིན་དུ་གཞན་ལའང་སྟོན་པ་དེ་བཞིན་དུ། ཕྱིའི་བདག་རྐྱེན་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་་ཉིད་མཁྱེན་པ་དོན་སོ་སོ་ཡང་དག་པར་རིག་པ་དང་ཚིག་མ་ལུས་པ་མཁྱེན་པ་ཚིག་སོ་སོ་ཡང་དག་པར་རིག་པ་དང་། མིང་གི་རྣམ་གྲངས་མ་ལུས་པ་མཁྱེན་པ་ཆོས་སོ་སོ་ཡང་དག་པར་རིག་པ་དང་། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་པ་སྤོངས་པ་སོ་སོ་ཡང་དག་པར་རིག་པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞིའི་འོད་འགྱེད་པར་མཛད་པས་ཤེས་བྱ་ཐམས་ཅད་གསལ་བར་མཁྱེན་པ་ཐུབ་པའི་གསུང་རབ་ལ་བརྟེན་ནས་ནང་གི་བདག་རྐྱེན་ཤེས་
(༡༧༥)རབ་ཀྱི་མིག་གིས་དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་གཟིགས་ཏེ། རྒྱུད་བླ་མའི་བསྟན་བཅོས་འདི་ཉིད་རབ་ཏུ་བཤད་པ་ཡིན་ནོ། །གསུམ་པ་ནི། གང་ཞིག་ནས། ཟློག་པ་གཞན། ཅེས་གསུངས་ཏེ། གསུང་རབ་གང་ཞིག་བརྗོད་བྱ་དོན་ཆེན་པོ་དང་ལྡན་ལ། རྗོད་བྱེད་ཀྱི་ཚིག་དྲི་མ་མེད་པའི་ཆོས་དང་ཉེ་བར་འབྲེལ་ཞིང་བྱེད་ལས་ཁམས་གསུམ་གྱི་ཀུན་ནས་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་ལ། འབྲས་བུ་ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པའི་སྒོ་ནས་དེ་དག་ལ་སྦྱོར་བར་མཛད་པའི་གསུང་གང་ཡིན་པ་ཁྱད་པར་གྱི་ཆོས་བཞི་དང་ལྡན་པ་དེ་ནི། དྲང་སྲོང་ཆེན་པོ་སངས་རྒྱས་ཀྱི་གསུངས་རབ་རྒྱལ་བའི་བཀའ་ཡིན་ལ། དེ་ལས་བཟློག་པ་ནི་བཀའ་ལས་གཞན་ཡིན་པས་འཇུག་པར་བྱ་བ་མ་ཡིན་ནོ། །བཞི་པ་ནི། གང་ཞིག་ནས། སྤྱི་བོས་བླངས། ཞེས་གསུངས་ཏེ། དེའི་དགོངས་འགྲེལ་གྱི་བསྟན་བཅོས་གང་ཞིག་རྒྱལ་བའི་བསྟན་པའི་དོན་འབའ་ཞིག་བརྗོད་པའི་དབང་དུ་བྱས་ཏེ་རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཀའི་དོན་རྣམས་བཤད་ཅིང་། འབྲས་བུ་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པའི་ལེགས་བཤད་རྣམ་དག་དེའང་། དྲང་སྲོང་སངས་རྒྱས་ཀྱི་བཀའ་བཞིན་ཏུ་སྤྱི་བོས་བླང་བར་བྱ་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། ལྔ་པ་ནི། གང་ཕྱིར་ནས། བྱེད་པར་འགྱུར། ཅེས་གསུངས་ཏེ། གང་གི་ཕྱིར་རྒྱལ་བ་རྫོགས་པའི་སངས་རྒྱས་ཉིད་ལས་ཆོས་མཁས་པའི་གང་ཟག་འགའ་ཡང་འཇིག་རྟེན་གྱི་ཁམས་འདི་ན་ཡོད་པ་མིན་ཏེ། ཤེས་བྱ་ཇི་སྙེད་པའི་དོན་མ་ལུས་པ་དང་ཇི་ལྟ་བའི་དེ་ཁོ་ན་ཉིད་མཆོག་ནི་ཚུལ་བཞིན་ཏུ་ཕྱིན་ཅི་མ་ལོག་པར་རྣམ་པ་ཀུན་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་ཉིད་ཀྱིས་མཁྱེན་གྱི། སངས་རྒྱས་ལས་གཞན་གྱིས་ཤེས་པ་མིན་པ་དེའི་ཕྱིར་དྲང་སྲོང་ཆེན་པོ་རྒྱལ་བ་རང་ཉིད་ཀྱིས་དྲང་བ་དང་ངེས་པའི་དོན་དུ་རྣམ་པར་བཞག་པའི་མདོ་སྡེེ་གང་ཡིན་པ་དེ་དག་ལ་དྲང་དོན་ལ་ངེས་དོན་དང་། ངེས་དོན་ལ་དྲང་དོན་ནོ་ཞེས་རང་བཟོས་མི་དཀྲུག་ཅིང་བར་བཤད་པར་མི་བྱ་སྟེ། གལ་ཏེ་བྱས་ན་ཐུབ་པ་རྫོགས་པའི་སངས་རྒྱས་ཀྱི་དམ་པའི་ཆོས་ཀྱི་ཚུལ་བཤིག་པར་འགྱུར་པའི་ཕྱིར་དང་། དེ་ཡང་དམ་པའི་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར་ཞིང་ཆོས་སྤངས་བའི་ཉེས་པ་ཆེན་པོར་འགྱུར་རོ། །དྲུག་པ་ལ་གསུམ། ཆོས་སྤོང་ངོས་བཟུང་བ། ཟབ་མོའི་ཆོས་མི་སྤོང་བའི་ངེས་པ་
(༡༧༦) ཆོས་སྤོང་མཚམས་མེད་ལས་ལྕི་བར་བསྟན་པའོ། །དང་པོ་ལ་གཉིས། བརྒྱུད་པའི་རྒྱུ་སྤང་བར་གདམས་དང་། རྒྱུ་བཅུ་དང་བཅས་པའི་ཆོས་སྤོང་བ་དངོས་སོ། །དང་པོ་ནི། ཉོན་མོངས་ནས། གོས་པ་མིན། ཅེས་གསུངས་ཏེ། ཉོངས་མོངས་པས་རྨོངས་པ་མ་རིག་པའི་བདག་ཉིད་ཅན་རྣམས་ཀྱིས་ཡུལ་ཁྱད་པར་ཅན་འཕགས་པ་རྣམས་ལ་སྐུར་བ་འདེབས་པ་དང་། དེས་གསུངས་པའི་ཆོས་ལ་བརྙས་པར་བྱས་པ་གང་ཡིན་པ་དེ་ཀུན་རང་རང་གི་གྲུབ་མཐའ་ལ་ཞེན་པའི་ལྟ་བ་ངན་པས་བྱས་པ་དེས་ན། གྲུབ་མཐའ་ངན་ཞེན་གྱི་ལྟ་བས་རང་བྱུང་དྲི་མ་ཅན་ཏུ་བྱེད་པས་ཞེན་ལྟ་དེ་ལ་རང་གི་བློ་མི་སྦྱར་ཏེ། དཔེར་ན་དྲི་མ་མེད་པའི་གོས་ གཙང ་ཚོན་གྱིས་ཁ་དོག་གི་རྣམ་པ་མི་འ་དྲ་བར་བསྒྱུར་བར་རུང་གི་གོས་སྣུམ་གྱིས་གོས་པ་ནི་དེ་ལྟ་མིན་པ་བཞིན་ནོ། །གཉིས་པ་ནི། སློ་དམན་ནས། ཆོས་སྤོང་བྱེད། ཅེས་གསུངས་ཏེ། དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཀྱི་མཐར་ཐུག་སྙིང་པོ་ངེས་པའི་དོན་ནི་མཆོག་ཏུ་ཟབ་ཅིང་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ནོ། །ཁ་ཅིག་མི་མོས་ཤིང་རྣམ་པར་སྤོང་བར་འགྱུར་བཅི་སྙམ་ན། དེ་ནི་ཆོས་ཀྱི་ཉེས་པ་མ་ཡིན་གྱི་གང་ཟག་གི་ཉེས་པ་ཡིན་ནོ། །ཞེས་སྟོན་པ་སྟེ། དེ་ཡང་ཁ་ཅིག་ནི་ཟབ་མོའི་དོན་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཆུང་ཤིང་བློ་གྲོས་ཤིན་ཏུ་དམན་པའི་ཕྱིར་དམ་པའི་ཆོས་སྤོང་བར་བྱེད་པ་དེ་བཞིན་དུ་སྦྱར་ཏེ། ཁ་ཅིག་ནི་རྒྱས་འགྱུར་གྱི་རིགས་སད་པར་མ་གྱུར་པས་དཀར་པོ་དགེ་བའི་ཆོས་ལ་མོས་པ་དང་རྣམ་པར་བྲལ་བའི་ཕྱིར་དང་། ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་ཁེངས་པའི་ལོག་པའི་ང་རྒྱལ་བརྟེན་པའི་ཕྱིར་དང་། ཚེ་རབས་སྔ་མར་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཚབས་ཆེན་པོ་ཉེ་བར་བསགས་པས་ཡང་དག་པའི་དོན་ལ་སྒྲིབ་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། དྲང་བའི་དོན་གྱི་གསུང་རབ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ངེས་པའི་དོན་ཕྱིན་ཅི་མ་ལོག་པར་འཛིན་པའི་ཕྱིར་དང་། ཟས་དང་གོས་དང་ནོར་ལ་སོགས་པ་འདོད་པའི་ཡོན་ཏན་གྱི་རྙེད་པ་ལ་ལྷག་པར་ཆགས་ཤིང་བརྐམ་པའི་དབང་དུ་གྱུར་པའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ངན་པ་ལ་མཆོག་ཏུ་མངོན་པར་ཞེན་པའི་དབང་དུ་གྱུར་པའི་ཕྱིར་དང་། དམ་པའོ་ཆོས་ཟབ་པ་དང་རྒྱ་
(༡༧༧)དགེ་བའི། ཆེ་བ་རྣམས་སུན་འབྱིན་ཅིང་རྣམ་པར་སྤོང་བ་དང་སྡིག་པའི་གྲོགས་པོ་ཡུན་རིང་དུ་བསྟེན་ཅིང་དེའི་དབང་དུ་གྱུར་པའི་ཕྱིར་དང་། ཐེག་པ་ཆེན་པོ་དམ་པའི་ཆོས་འཛིན་པའི་བཤེས་གཉེན་སྐྱེས་བུ་དམ་པ་མཚན་ཉིད་དང་ལྡན་པ་རྣམས་ཀྱང་ཡུན་རིང་དུ་བསྲིངས་པའི་ཕྱིར་དང་། ཡང་དག་པའི་ཆོས་དང་གང་ཟག་ལ་ཡིད་མི་ཆེས་ཤིང་། ཕྱིན་ཅི་ལོག་ལ་དགའ་བས་མོས་པ་དམན་པའི་ཕྱིར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་རྣམས་ཀྱི་དམ་པའི་ཆོས་སྤོང་ཞིང་། ཁྱད་པར་ཟབ་མོའི་དེ་ཁོ་ན་ཉིད་སྟོན་པ་རྣམས་སྤོང་བར་བྱེད་མོད་དེ་ལྟ་ན་ཡང་རང་ཉིད་ཉམས་པའི་རྒྱུ་ཡིན་པས་མཁས་པ་རྣམས་ཀྱིས་དེ་ལྟར་བྱ་བ་མ་ཡིན་ནོ། །གཉིས་པ་ཟབ་མོའི་ཆོས་མི་སྤོང་བའི་ངེས་པ་ནི། ཇི་ལྟར་ནས། འགྲོ་མི་འགྱུར། ཅེ ས ་གསུངས་ཏེ། ཇི་ལྟར་ན་ཟབ་མོ་དམ་པའི་ཆོས་ལས་ཉམས་པ་ཇི་ལྟར་འཇིགས་པ་དེ་བཞིན་དུ་བླང་དོར་ལ་མཁས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་འཇིག་རྟེན་ན་འཇིགས་པར་གྲགས་པའི་མེས་སྲེག་པ་དང་ནི་མི་བཟད་པའི་སྤྲུལ་གདུག་པས་ཟ་བ་དང་། གཤེད་མས་གསོད་པ་དང་ནི་ཐོག་གིས་འབིགས་པ་ལའང་ཤིན་ཏུ་འཇིགས་པར་མི་བྱ་ཞིང་། དེ་བས་ཀྱང་ཆོས་ལས་ཉམས་པ་ཉིད་འཇིགས་པས་སྤང་བར་བྱ་སྟེ་གང་གི་ཕྱིར་ན་མི་དང་སྤྲུལ་དང་དགྲ་དང་རྡོ་རྗེའི་མེ་ཐོག་གིས་བསད་པ་ལས་ནི་ཚེ་འདིའི་སྲོག་དང་བྲལ་བ་ཙམ་བྱེད་པར་ནུས་མོད་ཀྱི། དེ་རྣམས་ལས་ངན་སོང་མནར་མེད་པའི་དམྱལ་བ་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་བར་མི་འགྱུར་ལ། དམ་པའི་ཆོས་སྤངས་པ་ལས་ནི་མནར་མེད་པའི་སྡུག་བསྡལ་མྱོང་བར་འགྱུར་པའི་ཕྱིར་རོ། །གསུམ་པ་ཆོས་སྤོང་མཚམས་མེད་ལས་ལྕི་བར་བསྟན་པ་ནི། གང་ཞིག་ནས། ག་ལ་ཡོད། ཅེས་གསུངས་ཏེ། གང་ཟག་གང་ཞིག །ཡང་ནས་ཡང་དུ་སྡིག་པའི་གྲོགས་པོ་བསྟེན་པའི་རྐྱེན་གྱིས་སངས་རྒྱས་ལ་བསད་འདོད་ཀྱི་ངན་སེམས་དང་ལྡན་པར་གྱུར་པ་སྐུལ་ལས་ཁྲག་འབྱིན་པ་དང་རང་གི་ཕ་གསོད་པ་དང་མ་གསོད་པ་དང་དགྲ་བཅོམ་པ་གསོད་པ་སྟེ་བྱ་བ་མ་ཡིན་པ་གསུམ་བྱེད་པ་དང་མཆོག་གི་ཚོགས་པ་དབྱེན་གྱིས་འབྱེད་པར་བྱེད་པའི་མི་དེ་ཡང་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ངེས་པར་བསམ་ན་མྱུར་དུ་མཚམས་མེད་ཀྱི་ལས་དེ་ལས་ཐར་བར་འགྱུར་གྱི་གང་ཟག་གང་ཞིག་ཡིད་ནི་ཐེག་ཆེན་གྱི་ཆོས་ལ་སྡང་བས་དམ་པའི་ཆོས་སྤོང་
(༡༧༨)བ་དེ་ཐར་པ་ག་ལ་ཡོད་དེ་མེད་པའི་ཕྱིར། མཚམས་མེད་པའི་ལས་བྱས་པ་ལས་ཀྱང་ལྕི་བའི་ཆོས་སྤང་གི་སྡིག་པ་ཆེན་པོ་རྟག་ཏུ་སྤང་པར་བྱའོ། །གསུམ་པ་བསྔོ་བ་དོན་བསྡུ་དང་བཅས་པ་ལ་གསུམ། བསྔོ་བ་སྨོན་ལམ་དང་བཅས་པ་ཕན་ཡོན་གྱི་དོན་བསྡུ་བསྟན་པ། རྫོགས་པའི་ཚུལ་ལོ། །དང་པོ་ནི། དཀོན་མཆོག་ནས། མཆོག་ཐོ་བ་ཤོག །ཅེས་གསུངས་ཏེ། དཀོན་མཆོག་གསུམ་དང་རང་བཞིན་གྱི་རྣམ་པར་བྱང་བའི་ཁམས་དང་དྲི་མ་མེད་པའི་བྱང་ཆུབ་དང་ཡོན་ཏན་དྲུག་ཅུ་རྩ་བཞི་ལྡན་པ་དང་ཕྲིན་ལས་འཇུག་པ་སྟེ་དོན་རྡོ་རྗེ་ལྟ་བུའི་གནས་རྣམ་པ་བདུན་པོ་ཚུལ་བཞིན་ཏུ་བཤད་པ་ལས་བྱམས་མགོན་བདག་གིས་དགེ་བ་གང་ཐོབ་པ་དེས་ནི། ནམ་མཁའ་དང་མཉམ་པའི་འགྲོ་བ་འདི་དག་ཀུན་གྱིས་གནས་སྐབས་སུ་མཐའ་ཡས་པའི་འོད་མངའ་བ་དྲང་སྲོང་ཆེན་པོ་ཚེ་དཔག་ཏུ་མེད་པའི་སྐུ་མངོན་སུམ་དུ་མཐོང་ཞིང་དེ་མཐོང་ནས་དེ་ལས་ཆོས་ཐོབ་པས་ཀྱང་ནི་ཆོས་ཀྱི་མིག་རྡུལ་དང་བྲལ་ཞིང་དྲི་མ་མེད་པ་མཐོང་ལམ་གྱི་རྟོགས་པ་སྐྱེས་ཏེ། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་མཆོག་ཐོབ་པར་ཤོག་ཅིག །ཅེས་རྩམས་པའི་དགེ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བས་རྗེས་འཇུག་རྣམས་ཉམས་ལེན་ཏུ་གདམས་པར་མཛད་པའོ། །གཉིས་པ་ནི། གང་ལ་ནས། བསྟན་པ་ཡིན། ཅེས་གསུངས་ཏེ། གང་ལ་བརྟེན་ནས་བཤད་པ་ནི། དེ་ལྟར་ཡིད་ཆེས་ལུང་དང་རིག་པ་ལ་བརྟེན་ནས་ཞེས་པས་བསྟན་ཅིང་། རྒྱུ་མཚན་ནམ་དགོས་པ་གང་གི་ཕྱིར་དུ་བཤད་པ་ནི། བདག་ཉིད་འབའ་ཞིག་དག་ཕྱིར་དང་། །གང་དག་མོས་དགེ་ཕུན་སུམ་ཚོགས་ལྡན་བློ། །དེ་དག་རྗེ་སུ་བཟུང་ཕྱིར་འདི་བཤད་དོ། །ཅེ་པས་བསྟན་ལ། ཚུལ་ཇི་ལྟ་བུར་བཤད་པ་ནི། ཇི་ལྟར་སྒྲོན་གློག་ཉི་ཟླ་ནོར་བུ་ལ། །ཞེས་པ་ལ་སོགས་པས་བསྟན་ཏོ། །དོན་གང་ཞིག་བཤད་པར་བྱ་བའི་ངོ་པོ་ནི། གང་ཞིག་དོན་ལྡན། ཅེས་པ་ལ་སོགས་པས་བསྟན་ལ། བཤད་བྱ་དེ་རྟོགས་པའི་རྒྱུ་མཐུན་པར་གྱུར་པའི་འཆད་བྱེད་ནི་གང་ཡིན་པ་སྟེ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། ཞེས་པ་ལ་སོགས་པ་བསྟན་པས་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ནི་དེ་ལྟར་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བཞིས་རྒྱས་པར་བསྟན་ཏེ། གང་ཕྱིར་རྒྱལ་ལས་ཆེས་མཁས
(༡༧༩)ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བདག་གཉིད་དག་པར་བྱ་བའི་ཐབས་སུ་ཆོས་སྤོང་བའི་སྒྲིབ་པ་ལ་བག་བྱ་བར་བསྟན་ནོ། །བློ་དམན་ཕྱིར་དང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་ཆོས་སྤོང་བའི་ལས་བསགས་ན་བདག་ཉིད་ཉམས་པའི་རྒྱུ་ཡིན་པས་སྤང་བར་གདམས་པ་བསྟན་ཅིང་། དེའི་རྗེས་ནས་ཇི་ལྟར་ཟབ་མོའི་ཆོས་ཉམས་ཞེས་ཚིགས་བཅད་ནི་གཉིས་ཀྱིས་ཟབ་མོའི་ཆོས་ལས་ཉམས་པའི་འདྲས་བུ་གནས་སྐབས་ངན་འགྲོར་ལྟུང་བ་དང་། མཐར་ཐུག་ཐར་པ་མི་ཐོབ་པ་གཉིས་སྤང་བའི་ཚུལ་ཡང་དག་པར་བསྟན་པ་ཡིན་ནོ། །གནས་སྐབས་སུ་ཞིང་ཁམས་རྣམ་པར་དག་པ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེས་ནས་ཆོས་ཉིད་མངོན་སུམ་དུ་རྟོགས་ཏེ། དོན་ཟབ་མོ་ལ་མི་སྐྲག་པའི་བཟོད་པ་ཐོབ་པ་དང་། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཆོས་ཡོངས་སུ་བསྔོ་བ་བརྗོད་པའི་སྒོ་ནས་མངོར་བསྡུ་ན། དམ་པའི་ཆོས་ལ་ཞུགས་པ་པོ་རྣམས་ཀྱིས་འབྲས་བུ་གནས་སྐབས་དང་མཐར་ཐུག་གི་དོན་ཕུན་སུམ་ཚོགས་པ་རྣམ་པ་གཉིས་འགྲུབ་པ་ཡིན་པར་ནི། དཀོན་མཆོག་རྣམ་པར་བྱང་ཁམས་ཞེས་སོགས་ཚིགས་སུ་བཅད་པ་ཐ་མ་གཅིག་པོ་འདི་ཡིས་ནི་ལེགས་པར་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། ཕན་ཡོན་གྱི་སྐབས་ཏེ་ལེའུ་ལྔ་པའི་རྣམ་པར་བཤད་པ་གྲུབ་བོ། །གསུམཔ་རྫོགས་པའི་ཚུལ་ནི། ཁ་ཆེའི་ཡུལ་གྱི་དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དཔོན་པོ་པནྚི་མཁས་པ་ཆེན་པོ་སད་ཛ་ན་དང་། བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་བའོ།། །།འཁོར་འདས་ཀུན་ཁྱབ་གནས་ལུགས་བདེ་གཤེགས་སྙིང་། རྒྱལ་བའི་དགོངས་ཟབ་བསམ་མི་ཁྱབ་པའི་དོན། །རྒྱལ་སྲས་ཐུ་བོས་གསལ་བར་བསྟན་ན་ཡང་། །རྒྱུ་བཅུའི་དབང་གིས་དེ་རྟོགས་ཤིན་ཏུ་དཀོན། །རྣམ་དག་ལྟ་བས་ཉམས་ན་སྤྱོད་བཟང་གིས། །གྲོལ་བ་མིན་ཅེས་སྲས་བཅས་རྒྱལ་བས་བསྟན། །མཐར་ཐུག་རྣམ་དག་དབུ་མའི་ལྟ་བ་འདི། །རྟག་ཆད་ལམ་ནས་རྒྱང་དུ་འཕེན་པར་བྱེད། །ལྟ་སྒོམ་སྤྱོད་འབྲས་དམན་ལ་བྱང་ཆུབ་པ། །དུས་སྙིགས་སྐལ་དམན་
(༡༨༠)དབང་པོ་བརྟུལ་བའི་སྐྱོན། །དབུལ་པོའི་སྐྱེ་བོ་འཆིངབུ་ཕལ་པ་ལ། །ནོར་གྱི་མཆོག་ཏུ་འཛིན་པ་བསོད་ནམས་གཤིས། །ས་བཅུའི་དབང་ཕྱུག་མ་ཕམ་ཞལ་གྱི་ལུང་། །ལེགས་གསུངས་འཁོར་ལོ་གསུམ་གྱི་མཐར་ཐུག་དོན། །སྐལ་དམན་ཡི་དྭགས་མགྲིན་ལམ་མི་ཆུད་ཅིང་། །སྐལ་ལྡན་སྲོག་གི་ཟུང་སྟེར་བདུད་རྩིའི་ཆབ། །རྡོག་ལོ་ཕྱ་ གཙང ་ངན་འབག་ལ་སོགས་པས། །ཐེག་པ་སྤྱི་དང་བསྟུན་པའི་རྣམ་དབྱེ་མཛད། །རང་བྱུང་དོལ་པོ་རྗེས་འབྲང་བཅས་པ་ཡིས། །ཚུལ་འདི་བླ་མེད་སངས་རྒྱས་ཐེག་པར་བཀྲལ། །སྙིང་པོ་རྡོ་རྗེའི་གནས་བདུན་ཆོས་ཅན་དང་། །ཆོས་ཉིད་རྣམ་བཞག་ཤིང་རྟ་ཡབ་སྲས་ཀྱི། །དགོངས་པའི་ཉི་མར་བྱིས་བློའི་རྣམ་བརྟོག་གི །སྤྲིན་པས་མ་བསྒྲིབས་ངེས་དོན་སྒྲ་བཞིན་བཤད། །རྒྱལ་བའི་སྤྱོད་ཡུལ་མཐར་ཐུག་སྙིང་པོའི་དོན། །ཐོས་པས་ཡིད་ཆེས་གྱུར་པའི་བསོད་ནམས་མཚོར། །སྲིད་ཞིའི་ལེགས་སྤྱད་ཆུ་བོ་ཀུན་སྡུད་ཕྱིར། །མོས་པ་ཙམ་ཡང་སྙིང་པོར་བཟུང་བྱ་ཡིན། །དགེ་བས་ཐར་པ་དོན་གཉེར་སྐྱེ་བོ་ཀུན། །རྟག་ཆད་འཕྲད་སྒྲོལ་ཟབ་མོ་དབུ་མའི་ལམ། །བདེ་བླག་རྙེད་ནས་སྙིང་པོའི་ནོར་མཆོག་གིས། །མཁའ་ཁྱབ་འགྲོ་ཀུན་རེ་བ་རྫོགས་བྱེད་གོ །རྡོ་རྗེའི་གནས་བདུན་སྒྲིབ་བྲལ་མངོན་གྱུར་ཏེ། །དྲི་བཅས་མཁའ་མཉམ་འགྲོ་བའི་རྒྱུད་སྦྱོང་ཞིང་། །དྲི་མེད་རྒྱལ་བའི་སྙིང་པོ་སྟོན་པ་ལ། །སྐྱེ་ཀུན་བྱམས་མགོན་ཉིད་དང་མཚུངས་པར་ཤོག །བཤད་སྒྲུབ་བྱིན་རླབས་རྒྱུན་བཟང་ལེགས་བྱས་གཞིར། །གཅིག་ཏུ་འཁྱིལ་ལས་ལེགས་བཤད་ཆུ་ཀླུང་འབུམ། །གངས་ཅན་མཐའ་དབུས་ཁྱབ་ཅིང་རྟག་པར་འབབས། །མ་ཕམ་རྒྱལ་བའི་དགོངས་པ་སྐོར་བྱེད་ཤོག །དད་དང་མོས་པའི་ཡིད་ཀྱིས་ཐུབ་པའི་གསུང་རབ་ཁོ་ན་གཏམ་དུ་བྱེད། །དྲི་མེད་ཤེས་རབ་མིག་གིས་མཐར་ཐུག་སྙིང་པོའི་གནས་ལུགས་འཁྲུལ་མེད་མཐོང་། །འཆད་ཉན་པདྨོའི་དགའ་ཚལ་མཁས་པའི་སྐྱེ་བོ་བྱེ་སྙེད་བསྟི་བའི་གནས། །དུས་ཀྱི་དང་པོའི་དཔལ་བཞིན་འཛམ་གླིང་ཡངས་པའི་ཐུ་གྲུར་རབ་རྒྱས་ཤོག། །།ཐེག་པ་ཆེན་པོ་རྒྱད་བླ་མའི་བསྟན་བཅོས་སྙིང་པོའི་དོན་མངོན་སུམ་ལམ་གྱི་བཤད་སྲོལ་དང་སྦྱར་བའི་རྣམ་པར་འགྲེལ་པ་ཕྱིར་མི་ལྡོག་པ་སེང་གེའི་ང་རོ་ཞེས་བྱ་བ་འདི་ནི། འཚོ་མཛད་མཁས་པའི་དབང་པོ་ཀརྨ་ཚེད་དཔལ་སོགས་སྙིང་པོའི་དོན་གཅིག་ཏུ་གུས་པའི་སློབ་མ་རྣམས་ཀྱིས་རྟེན་དང་བཅས་རིང་ནས་བསྐུལ་ཡང་སྙོམས་ལས་སུ་གྱུར་ཅིང་། ཕྱིས་སུ་ཡུལ་དུས་དང་སྦྱར་བའི་བཤད་རྒྱུན་མ་ཆད་ཙམ་འབྱུང་དུ་རེ་བའི་རང་འདོད་ཡིད་ལ་གཅགས་ཀྱང་ན་
(༡༨༡)ཚོད་སྨིན་པས་གསར་སྤྲོས་རྒྱས་པར་མ་ལྕོགས་སྟབས། ཆོས་ཉིད་ཇི་བཞིན་གཟིགས་པའི་དམ་པ་སྔ་མ་དག་གི་གསུངས་དང་སྦྱར་ཏེ་ཤཱཀྱའི་རྗེས་འཇུག་ཀརྨ་ངག་དབང་ཡོན་ཏན་རྒྱ་ཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་མདོ་ཁམས་བཀའ་རྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཡང་དབེན་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དཀར་ཕྱོགས་ཀྱི་ཚེས་བརྒྱད་ལ་ལྟས་ཤིན་ཏུ་དགེ་བ་དང་ལྷན་ཅིག་གྲུབ་པར་བགྱིས་པ་ངེས་དོན་སྙིང་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། །།སྐད་ཅིག་ཤེས་ཀུན་མཁྱེན་པའི་ཡེ་ཤེས་དང་། །སྲིད་ཞིའི་དེ་ཉིད་ཇི་བཞིན་སྟོན་པ་ལ། །དུས་ལས་མི་ཡོལ་ཕྲིན་ལས་བདག་གིར་བཞེས། །བྱམས་མགོན་བླ་མས་བྱང་ཆུབ་བར་དུ་སྐྱོངས། །དེའི་གསུངས་སྲོལ་འབྱེད་ཐོགས་མེད་ཡབ་སྲས་སོགས། །མཁས་མང་དགོངས་པ་ངེས་དོན་སྒྲ་ཇི་བཞིན། །བཀྲལ་བས་ཕྱོགས་ལྷུང་གཟུ་བར་བགྱིས་པའི་དྲིན། །དུས་འདིར་དྲན་ནོ་ཡོན་ཏན་རྒྱ་མཚོའི་ཞབས། །ཚུལ་འདིའི་བཤད་རྒྱུན་ཕྱོགས་སུ་ཁྱབ་གྱུར་ན། །དྲང་ངེས་འབྱེད་པའི་བློ་མིག་ཐོབ་གཟིགས་ནས། །རིག་པའི་རྡོ་རྗེའི་ཞུམ་མེད་ཐུགས་བསྐྱེད་ཀྱིས། །ཕྱི་མོའི་ལེགས་བྱས་འཛད་མེད་ཆོས་སུ་བསྒྲུབས། །དགེ་བས་དུས་ཀྱི་བགྲོད་པ་དང་བསྟུན་པའི། །གདུལ་དཀའ་གདོལ་སྤྱོད་ཅན་གྱི་སྐྱེ་བོ་ལའང་། །མཉེས་གཤིན་འདི་ཕྱིའི་ལམ་སྟོན་གངས་ཅན་མགོན། །བསྟན་འཛིན་རྒྱམ་ཚོའི་ཞབས་པད་བརྟན་གྱུར་ཅིག །བསྟན་འཛིན་སྤྱི་དང་ཁྱབ་བདག་འཁོར་ལོའི་མགོན། །དབང་ཡབ་སྲས་སྐུ་ཚེ་མཛད་ཕྲིན་འཕེལ། །ཚངས་སྤྱོད་འདུས་སྡེ་ཐུགས་མཐུན་ཆོས་བཞིན་སྤྱོད། །བརྟན་གཡོའི་ལེགས་ཚོགས་ཅི་ཡང་རྒྱས་པར་སྨོན། །འཕགས་ཡུལ་བསྟན་རྒྱུན་བོད་དུ་དར་བ་ལས། །གྲུབ་མཐའ་བཞི་ཡི་སྲོལ་དང་སྲོལ་འབྱེད་བྱུང་། །དེ་ཚུལ་རྗེས་མཐུན་གཞན་སྟོང་དབུ་མའི་སྲོལ་། །ཕྱོགས་སུ་ཁྱབ་བསྟེ་སྙིང་པོའི་དོན་རྟོགས་ཤོག །དམིགས་ཡུལ་
(༡༨༢)གཅིག་ཏུ་འདུན་པའི་ཆོལ་གསུམ་རིགས། །ཕན་ཚུན་མཛའ་སེམས་ཆིག་སྒྲིལ་དང་ཚུལ་ལ། །གཞོལ་བས་ཕྱོགས་རིས་གཡའ་སེལ་བདེན་དོན་གྱི། །བཞིན་སྣོད་གསར་དུ་སྣང་བ་འདིར་སྤྱོད་ཤོག །ཅེས་པ་འདིའང་ ༧རྒྱལ་དབང་མཆོག་གི་བཀའ་འབྲེལ་གྲགས་པ་ཡོངས་འདུས་སྨོན་པའོ།། །།སརྦ་མངྒལཾ།།