གདམས་ངག་མཛོད་པོད་དང་པོ།
རྫོགས་པ་ཆེན་པོའི་སེམས་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་བཏུས།
རྫོགས་པ་ཆེན་པོའི་སེམས་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། མ་ཧཱ་སནྡྷི་བོདྡྷི་ཙིཏྟ་ཀུ་ལ་ཡ་རཱ་ཛ་ཏནྟྲ་ཁཎྜ། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད་ཀྱི་དུམ་བུ། བཅོམ་ལྡན་འདས་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། ། སྤྱིར་རྒྱུད་ཀྱི་རྒྱལ་པོ། ལུང་གི་རྩེ་མོ། མན་ངག་གི་སྙིང་པོ་བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོའི་རྒྱུད་འདི་ལ། ཐོས་བསམ་སྒོམ་བྱུང་གི་ཤེས་རབ་ལ་གདམས་པའི་ཚུལ་གྱིས་རྩ་བའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མ་ཕྱི་མའི་རྣམས་སུ་གསུངས་པ་ལས། རེ་ཞིག་རྩ་བའི་རྒྱུད་ལ། གཞི་བསྡུས་ཏེ་བསྟན་པ་སྔོན་དུ་འགྲོ་བས། མངོན་དུ་ཕྱུང་བས་ངོ་སྤྲད། ངེས་པ་བསྟན་པས་གདིང་བཅའ། རྒྱུ་འབྲས་ལས་འདས་པས་ལ་བཟླ། བྱར་མེད་རྫོགས་པས་ཐག་བཅད། གཏན་ལ་འབེབས་པས་ཤན་ཕྱེ་བའི་ལུང་ཆེན་རྣམ་པ་ལྔ་ལ་ལེའུ་བཅུ་རེ་དང་། དེ་རྣམས་ཀྱི་དགོས་པ་བསྟན་པ་ལ་ལེའུ་རེ་རེ། མཇུག་གཏད་ཅིང་གདམས་པ་བསྟན་པ་དང་བཅས་ལེའུ་ལྔ་བཅུ་རྩ་བདུན་དུ་གནས་ཤིང་། དེའང་ལེའུ་གོ་རིམ་དཀྲུགས་ནས་འབྲེལ་བསྡེབས་ཏེ་འཆད་པའི་ཚུལ་རྒྱ་ཆེར་ཡོད་ལ། དེ་ཐམས་ཅད་ཀྱི་སྙིང་པོ་བསྡུ་བ་ལ་གསུམ།
གཞི་ལྟ་བས་ཐག་བཅད་པ། དོན་དེ་ལ་ངེས་ཤེས་བསྐྱེད་པ། ལམ་སྒོམ་པ་རང་སོར་བཞག་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་སེམས་དཔའ་རྡོ་རྗེ་ལ་ཉིད་ཀྱི་རང་བཞིན་བསྟན་པའི་མདོ་འདུས་པའི་དོན་འདི་བསྟན་ཏོ། གཉིས་པ་ལ་གསུམ། ཀུན་བྱེད་རྒྱལ་པོའི་རང་བཞིན་བསྟན་པ་དང་། དེ་ཉིད་གཏན་ལ་དབབ་པའི་ཐབས་དང་། ཐབས་ཀྱི་ཆེ་བ་བསྟན་པའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ང་ཡི་རང་བཞིན་འདི་ལྟ་སྟེ། །ཡོད་ནི་གཅིག་ལས་མེད་པ་སྟེ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཡིན་ནི་བྱང་ཆུབ་སེམས་ཡིན་ཏེ། །གནས་ནི་ཆོས་ཉིད་དབྱིངས་ལ་གནས། །གསལ་ནི་རིག་པ་མཁའ་ལ་གསལ། །ཁྱབ་ནི་སྣོད་བཅུད་ཀུན་ལ་ཁྱབ། །བྱུང་ནི་སྣང་སྲིད་ཀུན་ཏུ་བྱུང་། །བསྟན་དུ་མཚན་མའི་དངོས་པོ་མེད། །མཐོང་དུ་དམིགས་པའི་ཡུལ་དང་བྲལ། །ཤེས་སུ་ཚིག་ཏུ་
བརྗོད་དུ་མེད། །རྒྱུ་ལས་མ་བྱུང་སྙིང་པོ་འདི། །སྒྲོས་ཀྱི་བཏགས་པ་ཀུན་དང་བྲལ། གཉིས་པ་ལ་གཉིས། དཔེ་ཡིས་དོན་རྟོགས་པར་བྱེད་པ་དང་། ཚིག་གིས་དོན་མཚོན་པར་བྱེད་པའི་ཐབས་སོ། །དང་པོ་ནི། ། དོན་འདི་ངེས་པར་རྟོགས་འདོད་ན། །དེ་གཞི་ནམ་མཁའ་ལྟ་བུར་བརྟག །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགགས་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དམིགས་སུ་མེད་པར་མཚོན་ཏེ་བསྟན། གཉིས་པ་ནི། །ཚིག་ཏུ་བརྗོད་དུ་མེད་པ་ལ། བརྗོད་དུ་མེད་པའི་ཚིག་བརྗོད་དེ། །དམིགས་མེད་དོན་གྱི་ངོ་བོ་བསྟན། གསུམ་པ་ལ་གཉིས། འདི་ཉིད་ཀྱིས་རྟོགས་པར་བསྟན་པ་དང་། འདི་ཡིས་མ་རྟོགས་ན་ཐབས་གཞན་གྱིས་མི་རྟོགས་པར་བསྟན་པའོ། །དང་པོ་ནི། ། བསྡུས་ཏེ་བསྟན་པའི་དོན་འདི་ནི། །དོན་གྱི་ངོ་བོ་འགྲེལ་བ་སྟེ། །འདི་ཡིས་ང་དོན་རྟོགས་པར་གྱིས། །འདི་ཡིས་ང་དོན་རྟོགས་པར་བྱེད། གཉིས་པ་ནི། །འདི་ཡིས་ང་དོན་མ་རྟོགས་ན། །དོན་གྱི་སྒྲ་ཚིག་ཅི་བསྟན་ཀྱང་། །ང་དང་འཕྲད་པར་མི་འགྱུར་ཏེ། །ང་ལས་གོལ་ལ་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོ་ལས་དོན་གྱི་འགྲེལ་པའི་ལེའུ་སྟེ་ལྔ་པའོ། ༈ །གཉིས་པ་དོན་དེ་ཉིད་ལ་ངེས་ཤེས་བསྐྱེད་པའི་ཕྱིར་ལམ་རྫོགས་པར་བསྟན་པ་ལ་གསུམ། །མཚམས་སྦྱར་བ། གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོས་ཉིད་ཀྱི་བསྟན་པ་གཞན་གྱི་སྤྱོད་ཡུལ་མ་ཡིན་པ་རྫོགས་པ་ཆེན་པོའི་
གཞུང་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་འདི་བསྟན་ཏེ། གཉིས་པ་གཞུང་དངོས་ལ་གཉིས། རྩོལ་བ་བྲལ་བ་རང་གི་གཞུང་བསྟན་པ་དང་། དེ་ཉིད་གཞན་གྱི་ཡུལ་མ་ཡིན་པར་བསྟན་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། །ཀྱེ་སེམས་དཔའ་ཆེན་པོ། །ང་ཡི་སྤྱོད་ཡུལ་འདི་ནི་དཀའ་བ་སྟེ། །སྒོ་དང་ལྟ་བ་དང་ནི་དམ་ཚིག་དང་། །ཕྲིན་ལས་དང་ནི་བགྲོད་ལམ་གནས་པ་དང་། །ཡེ་ཤེས་ཆོས་ཉིད་རྣམ་པ་བརྒྱད་པོ་འདི། །སྐུ་གསུམ་ཐེག་པ་རྣམ་པ་ལྔ་པོ་ཡི། །ཐེག་པ་གཞན་དང་ལྟ་སྤྱོད་མི་མཐུན་ཏེ། །གཉིས་པ་ནི། །སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །ཕྲིན་ལས་བཙལ་དུ་མེད་པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན། །གནས་ལ་སྤྱད་དུ་མེད་པར་བསྟན་པ་ཡིན། །ཡེ་ཤེས་མི་རྟོག་བསྐྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། གཉིས་པ་གཞན་གྱི་ཡུལ་མ་ཡིན་པར་བསྟན་པ་ལ་གསུམ། རྒྱུ་འབྲས་ལས་འདས་པ་ལ་རྒྱུ་འབྲས་སུ་བལྟས་པས་དོན་མི་མཐོང་བ་དང་། རྫུན་གྱིས་བདེན་པ་བསླུས་པས་སྡིག་ཆེ་བར་བསྟན་པ། འོན་ཀྱང་དེ་དག་དྲང་བའི་ཐབས་སུ་བསྟན་པའོ། །དང་པོ་ནི། །ཀྱེ་སེམས་དཔའ་ཆེན་པོ་དོན་འདི་ནི། །རྒྱུ་འབྲས་ཐེག་པ་ཅན་ལ་བསྟན་གྱུར་ན། འཇིག་རྟེན་རྒྱུ་དང་འབྲས་བུའི་ཆོས་བཞིན་དུ། །རྒྱུ་ལས་འབྲས་བུ་འབྱུང་བས་མི་རིགས་ཟེར། །རྒྱུ་ནི་ཁམས་གསུམ་སེམས་ཅན་ལས་བསྒྲུབས་ནས། །འབྲས་བུ་དུས་གསུམ་སངས་རྒྱས་འབྱུང་བར་འདོད། །རྒྱུ་ནི་ལྟ་བ་བསྒོམ་པ་བྱས་པ་ཡིས།
གང་བསྒོམས་འབྲས་བུ་དེ་ཐོབ་འདོད་པ་ནི། །བསྒོམ་པ་དེ་ཡིས་འབྲས་བུ་ཐོབ་པ་མེད། གཉིས་པ་ནི། །ཐམས་ཅད་ཇི་བཞིན་པ་ཡི་ཆོས་ཡིན་པས། །ཇི་བཞིན་པ་ལ་འཆོས་པར་བྱེད་པ་ནི། །བརྫུན་གྱིས་བདེན་པ་བསླུས་པས་སྡིག་རེ་ཆེ། གསུམ་པ་ནི། ལྟ་སྒོམ་དམ་ཚིག་ལ་སོགས་རྩོལ་སྒྲུབ་ཀྱིས། །དབང་པོ་ཡུལ་ལ་ཡེངས་པ་ཕྲལ་ནས་ནི། །དབེན་པའི་ཡུལ་ལ་ཐབས་ཀྱིས་ཁྲིད་ནས་ནི། །རྟོག་མེད་མཉམ་པའི་ཐབས་ཀྱིས་བསྟན་པ་ཡིན། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་རྫོགས་པ་ཆེན་པོའི་ལུང་བསྟན་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ། ༈ གསུམ་པ་ལམ་བསྒོམ་པ་རང་སོར་བཞག་པའི་དོན་ལ་གསུམ། མཚམས་སྦྱར་བ། གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་དེས་རྫོགས་པ་ཆེན་པོའི་ཆོས་ཉིད་བསྒོམ་དུ་མེད་པ་འདི་བསྟན་ཏོ། ། གཉིས་པ་གཞུང་དངོས་ལ་གསུམ། ཆོས་ཉིད་བྱང་ཆུབ་སེམས་བསྒོམ་དུ་མེད་པར་གདམས་པ། བསྒོམ་མེད་ལ་བསྒོམ་བྱར་བྱས་པའི་སྐྱོན། གཞན་ནས་མི་རྩོལ་བར་གདམས་པ་ཡོན་ཏན་དང་བཅས་པའོ། །དང་པོ་ནི། །ཀྱེ་སེམས་དཔའ་ཆེན་པོ་རྡོ་རྗེ་ལ་སོགས་ཏེ། །རིག་འཛིན་གྱི་ནི་ས་ལ་གནས་པ་དང་། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། །ཁམས་གསུམ་སེམས་ཅན་དུས་ལ་བབས་པ་ཡི། །ཀུན་གྱི་དོན་ཆེན་ཀུན་བྱེད་ང་ཡིན་གྱིས། །ང་ཡི་རང་བཞིན་ཆོས་ཉིད་བྱང་ཆུབ་སེམས། །ཆོས་ཉིད་སེམས་ལ་བསྒོམ་མེད་རྟོགས་པར་གྱིས། གཉིས་པ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །དང་པོ་ནི། ། རྒྱུ་འབྲས་སྟོན་པའི་སྐུ་གསུམ་སྟོན་པས་ནི། །ང་ཡི་རང་བཞིན་ཆོས་ཉིད་བསྒོམ་མེད་ལ། །འཇིག་རྟེན་རྒྱུ་འབྲས་ཆོས་དང་དོན་མཐུན་པར། །རྒྱུ་ལས་འབྲས་བུ་འབྱུང་བར་ལུང་བསྟན་ནས། །སྒོམ་པའི་ལུགས་ནི་འདི་ལྟར་སོ་སོར་བསྟན།
གཉིས་པ་ལ་གཉིས། ཉན་ཐོས་ཀྱི་སྦྱངས་པའི་སྐྱོན། བྱང་སེམས་ཀྱིས་སྦྱངས་པའི་སྐྱོན། ཀྲི་ཡོག་གི་བྱིན་གྱིས་བརླབས་ནས་བསྒོམ་པའི་སྐྱོན། ནང་པ་གཉིས་སམ་མ་ཧཱས་བཙལ་ཞིང་བསྒྲུབ་པའི་སྐྱོན་ནོ། །དང་པོ་ནི། ཆོས་ཉིད་བྱང་ཆུབ་སེམས་གཅིག་ངོ་བོ་ལ། །སྡུག་བསྔལ་ཀུན་འབྱུང་བདེན་པ་རྣམ་པ་བཞིས། །སྡུག་བསྔལ་ཀུན་འབྱུང་ངན་སོང་རྒྱུ་ཟེར་ནས། །ཆོས་ཉིད་བྱང་ཆུབ་སེམས་དེ་སྤོང་བར་བྱེད། །དེ་ཡིས་ཆོས་ཉིད་མི་མཐོང་སྤོངས་པ་ཡིན། །གཉིས་པ་ནི། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱིན་དང་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཅུས། །ས་བཅུ་ལམ་ལ་སྦྱངས་ཏེ་བགྲོད་པ་ཡིས། །ཆོས་ཉིད་མ་མཐོང་སྦྱོང་བའི་ས་ལ་གནས། །གསུམ་པ་ནི། ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟའ་དང་རྒྱུ་སྐར་དུས་ཚིགས་བཟང་སྒོ་ནས། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་ཆེན་པོ་བཞིས། །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །བྱིན་གྱིས་བརླབས་ནས་ལྷ་ཡི་སྐུར་བསྒོམ་པ། །དེ་ཡིས་རང་སེམས་བསྒོམ་མེད་མཐོང་བ་མིན། །བཞི་པ་ནི། ཆོས་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ཏིང་འཛིན་གསུམ་དང་ཆོ་ག་རྣམ་པ་ལྔས། །རང་རྒྱུད་དག་པའི་རྡོ་རྗེ་ཕུང་པོ་ལ། །བསྙེན་སྒྲུབ་རྣམ་པ་བཞི་ཡི་ལྷ་བསྒོམ་ནས། །སྣང་ལ་རང་བཞིན་མེད་པར་བྱེད་པ་ནི། །བཙལ་ཞིང་བསྒྲུབས་ནས་རང་སེམས་ལྷར་བཅོས་པས། །དེས་ཀྱང་རང་སེམས་བྱར་མེད་མཐོང་བ་མིན། །གསུམ་པ་དོན་བསྡུ་བ་ནི། རང་གི་ཆོས་ཉིད་བྱང་ཆུབ་སེམས་ལ་ནི། །ཀུན་བྱེད་རྒྱལ་པོ་སྟོན་པའི་སྟོན་པས་ཀྱང་། །རང་སེམས་ཡེ་ནས་ཆོས་ཉིད་རང་གྲོལ་བ། །སྟོན་པ་གསུམ་ལ་བསྒོམ་པའི་ལུང་མ་བསྟན། །བསྒོམ་སྒྲུབ་བཙལ་ན་རང་སེམས་སྤངས་པ་ཡིན། །ཞེས་གསུངས་སོ། །གསུམ་པ་གཞན་ནས་མི་རྩོལ་བར་གདམས་པ་ལ་གཉིས། དངོས་
དང་། དེའི་ཆེ་བའོ། །དང་པོ་ནི། ཀྱེ་སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱེད། །བླང་དང་དོར་མེད་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་དེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །རང་ཉིད་ཡིན་གྱིས་གཞན་དུ་མ་ཚོལ་ཅིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་གྲུབ་ཟིན་པས་ད་སྒྲུབ་མི་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །གཉིས་པ་ནི། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་བསྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་གྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་གྲུབ་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས་བསྒོམ་དུ་མེད་པའི་མདོ་ལུང་གི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། །། དེ་ལྟར་རྫོགས་པ་ཆེན་པོ་ཕྱི་སེམས་སྡེ་ལ་སྤྱིར་རྒྱུད་དང་མན་ངག་གི་ངེས་པ་བསམ་གྱིས་མི་ཁྱབ་པར་བཞུགས་ཀྱང་། རེ་ཞིག་ཡོངས་སུ་གྲགས་པ་ཀུན་བྱེད་རྒྱལ་པོའི་སྐོར། སེམས་སྨད་བཅོ་བརྒྱད་ཀྱི་སྐོར། སེམས་སྡེ་སྤྱིའི་སྐོར་དང་གསུམ་ལས་དང་པོ་ལའང་། རྩ་བཤད་ཕྱི་མའི་རྒྱུད་དང་། དེའི་སྤྱི་དོན། བསྡུས་དོན། འགྲེལ་བ། ཁྲིད་ཡིག་སོགས་ལུགས་སྲོལ་ཐ་དད་པ་ལས་བྱུང་བ་མང་དུ་བཞུགས་པ་ལས། འདིར་རེ་ཞིག་དཔལ་ལྡན་ཟུར་པའི་བཞེད་པ་ལྟར་རྒྱུད་ཀྱི་ཁོངས་སྙིང་ལེའུ་གསུམ་ཁོལ་དུ་ཕྱུངས་ཤིང་། གསང་བདག་སྒྲོ་ཕུག་པ་
ཆེན་པོའི་གསུང་རྒྱུན་དང་མཐུན་པའི་བསྡུས་དོན་རགས་པ་ཙམ་མཆན་དུ་བཏབ་པ་སྟེ། རྒྱས་པར་དེ་དག་གི་གསུང་རབས་རྣམས་སུ་ཤེས་པར་བྱའོ། །མངྒ་ལཾ།། ༈ །།སེམས་སྡེ་བཅོ་བརྒྱད་ཀྱི་དགོངས་པ་རིག་འཛིན་རྣམས་ཀྱིས་རྡོ་རྗེའི་གླུར་བཞེངས་པ་བཞུགས་སོ། །ན་མོ་གུ་རུ་བིདྱཱ་དྷཱ་རེ་བྷྱཿ དེ་ལ་ཁྱུང་ཆེན་གྱི་དགོངས་པ། ཆོས་ཉིད་ཀློང་རྡོལ་གླུ་ཡི་བསམ་གཏན། ཙནྡན་གྱི་ནགས་ཚལ་དུ་ནམ་གྱི་གུང་ལ། རྒྱལ་པོ་དྷ་ཧེ་ན་ཏེ་ལོ་འདི་སྐད་ལོ། །ཧཱུྃ། འགྱུར་བ་མེད་པའི་ཆོས་ཉིད་ནི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །སྣང་བའི་གཟུགས་མེད་བྱང་ཆུབ་སེམས། །ཅི་ལའང་མི་སྤྱད་རྟོག་པས་མི་བཟུང་ཞིང་། །སེམས་ཉིད་རང་བཞིན་བསམ་མེད་མཁའ་འདྲ་ལ། །མ་ཡེངས་མ་བསླད་བཅོས་པ་མེད་པར་བཞག །སྒོམ་དུ་མེད་པའི་ཆོས་དབྱིངས་ཆེན་པོ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་ཞོག །དེ་ལ་སྒོམ་རྒྱུ་རྡུལ་ཙམ་མེད་པར་འཁུམས། །སྐྱེ་བ་བརྒྱུད་ནས་རྒྱལ་པོར་བདག་སྐྱེས་ཏེ། །དོ་ཧ་དེ་བླངས་ང་རྒྱལ་བཅག་པ་ལས། །སྔོན་ཆད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་སུ་འདྲེས་པའི་འཕྲོ་བླངས་ཞིང་། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ས་ལ་ཨ་ཧོཿ ཞེས་སོ། །དེ་སྐད་དུ་ཡང་དྲང་སྲོང་བྷ་ཤིས། །སེམས་ནི་ཅི་ལ་ཡང་མི་རྟོག་པ། །མ་བཅོས་པ་དེ་རྣལ་མར་ཞོག །ཅེས་སོ། །ཁྱུང་ཆེན་གྱི་དགོངས་པ་དེ་དང་པོའོ།། ༈ །།རིག་པའི་ཁུ་བྱུག་གི་དགོངས་པ། རིག་པ་ཀློང་རྡོལ་གླུའི་བསམ་གཏན། ཙནྡན་གོརྵྭི་ཤའི་ཚལ་དུ་ནམ་གྱི་ཆ་སྟོད་ལ། སྲས་ཐུ་པོ་རཱ་ཛ་ཧ་སྟི་འདི་སྐད་ལོ། །ཧཱུྃ། ཀུན་གཞི་ཡེ་ནས་མ་བཅོས་དེ་བཞིན་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་མཁའ་འདྲ་མཉམ་པ་ཆེན་པོའི་
དང་། །ཚིག་དང་ཡི་གེའི་སྒྲ་ལས་འདས་པ་ཀུན་ཏུ་བཟང་། །སེམས་དང་ཆོས་ཉིད་མཉམ་ཞིང་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མ་ཅིས་སླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་མེད་དེ། །རྣམ་རྟོག་སྐྱོན་སྤངས་ཀུན་གཞི་བྱང་ཆུབ་སེམས། །མ་བཅོས་ངང་དུ་བཞག་པ་ལས། །སྒོམ་ཞེས་གུད་ན་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་ང་ལ་ཤར། །གྷི་ཏ་མ་ཀོ་ལ་ས་མ་ཧོཿ ཞེས་གསུང་། གཞན་ཡང་ཤྲཱི་སེང་ཧས། ཡེ་ཤེས་སྣ་ཚོགས་རང་གསལ་ལ། །མི་གཡོ་དེ་བཞིན་ཉིད་དུ་ཞོག །ཅེས་སོ། །རིག་པའི་ཁུ་བྱུག་གི་དགོངས་པ་སྟེ་གཉིས་པའོ།། ༈ །།ནམ་མཁའ་ཆེའི་དགོངས་པ། ཡེ་ཤེས་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་ཨུ་དུམྦཱ་རའི་ཚལ་དུ་ནམ་སྨད་ཀྱི་ཆ་ལ། སྲས་མོ་སཱ་ར་ནིས་འདི་སྐད་ལོ། །ཀུན་གཞི་མ་བཅོས་ཡེ་ནས་ཆོས་ཀྱི་དབྱིངས། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་འཇིག་བྲལ་མེད། །རང་བྱུང་ལྷུན་གྱིས་གྲུབ་པ་བཅོམ་ལྡན་འདས། །རང་བྱུང་ཡུལ་ལས་འདས་པ་རྡོ་རྗེ་སེམས་དཔའི་ཐུགས། །བདག་གི་དགོངས་པ་འདི་ལས་མེད་པར་འཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། །གྷི་ཏ་མ་ཀོ་ལ་ཧོཿ ཞེས་གསུངས། གཞན་ཡང་། འཕགས་པ་ལྷས། རིག་པ་དེ་ཉིད་དངོས་གཞན་མེད། །ངེས་ན་རྟོག་མེད་གསལ་བར་བཞག །ཅེས་སོ། །ནམ་མཁའ་ཆེའི་དགོངས་བཅུད་དེ་གསུམ་པའོ། །། ༈ ཐིག་ལེ་དྲུག་པའི་དགོངས་པ། ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་གཏིང་རུམ་དུ་ཀླུའི་རྒྱལ་པོས་འདི་སྐད་དོ། །མཐའ་དང་དབུས་མེད་ནམ་མཁའ་ལྟ་བུ་ལ། །སྨ་བསམ་ཡུལ་ལས་འདས་པ་
ཆོས་ཀྱི་སྐུ། །སྲིད་འབྱུང་སྐྱེ་འགྲོ་རྣམ་པར་དག་བྱས་ནས། །མ་བཅོས་རྣམ་པར་དག་པས་ཀུན་གཞི་བྱང་ཆུབ་སེམས། །མ་བཙལ་མཉམ་པར་གཞག་ན་བསྒོམ་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་ལ། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་དེ། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད། །དཔག་ཅིང་གཞལ་ཡང་འདི་ལས་མེད་པར་མཇལ། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་མ་ཁོལ་ལུང་བསྟན་ལས། །ཆོས་རྣམས་ཡེ་ནས་སངས་རྒྱས་པས། །གཞན་ལ་རེ་བཙལ་གཉིས་དང་འབྲལ། །ཞེས་སོ། །ཐིག་ལེ་དྲུག་པའི་དགོངས་བཅུད་དེ་བཞི་པའོ།། ༈ །།རྩལ་ཆེན་གྱི་དགོངས་པ། བྱང་སེམས་ཀློང་རྡོལ་གླུའི་བསམ་གཏན། སྐྱ་རེངས་གཉིས་པ་ཤར་ཙམ་ན། རྒྱ་མཚོའི་གླིང་དུ་ཁྱིའི་རྒྱལ་པོ་ཀུ་ཀུ་རཱ་ཛས་འདི་སྐད་ལོ། །ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོ་དང་། །གསལ་ལ་མི་རྟོག་སྤྲོས་བྲལ་བྱང་ཆུབ་སེམས། །མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལས། །རིག་པ་མི་འགྱུར་མ་བསླད་མཉམ་བཞག་ན། །རྩི་ལའང་མི་རྟོག་གང་ལའང་མི་བསམས་ཏེ། །མཆོག་ཏུ་གསང་བའི་རྨད་བྱུང་སེམས་ཉིད་འདི། །རྣ་བས་ཉན་པ་ལ་སོགས་སྤྱོད་ཡུལ་ཡོད་མ་ཡིན། །ཀུན་གཞི་མི་འགྱུར་དབྱིངས་ཆེན་ལ། །རིག་པ་མི་འགྱུར་མ་ཡེངས་བཞག །སྒོམ་པ་འདི་ལས་མེད་པར་འཁུམས། །ཁམས་གསུམ་རང་སར་གྲོལ་བས་བཙལ་ཞིང་སྒྲུབ་མི་དགོས། །རེ་ཞིང་དོགས་པ་མེད་པས་བདག་ཉིད་སངས་རྒྱས་ཡིན། །གྷི་ཏི་མ་ཀོ་ལ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ཨཱ་དེ་བས། བཟང་ངན་བླང་དོར་མེད་པས་ཡེ་ཤེས་ཟང་ཐལ་ཏེ། །ཡེ་ཤེས་ཉིད་ལ་ཉིད་སྤྱོད་གསེར་གླིང་འདྲ།
ཞེས་སོ། །རྩལ་ཆེན་གྱི་དགོངས་བཅུད་དེ་ལྔ་པའོ།། ༈ །།སེམས་སྒོམ་གྱི་དགོངས་པ། དབྱིངས་ཀློང་རྡོལ་གླུའི་བསམ་གཏན། རྒྱན་ཆགས་དཔལ་གྱི་རིའི་ནགས་སུ་སྐྱ་རེངས་གསུམ་པ་ཤར་ཙམ་ན། ནཱ་གརྫུ་ནས་འདི་སྐད་དོ། །སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ནས། །དབྱིངས་ཉིད་མི་འགྱུར་རིག་པ་མི་བསླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལ། །མ་ཡེངས་མ་བཅོས་ཡོངས་ཀྱི་འོད་གསལ་ལས། །སྒོམ་པ་མིང་དུ་བཏགས་པ་གུད་ན་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདིས། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཧོཿ ཞེས་གསུངས། གཞན་ཡང་ཤེལ་ཕྲེང་དཀར་པོ་ཞེས་བྱ་བའི་མན་ངག་ལས། སྣང་སྲིད་ཐམས་ཅད་ཆོས་ཉིད་ཡེ་ནས་ཡིན། །དེས་ན་ཆོས་ཉིད་དེ་ཉིད་དེ་ལ་སྤྱོད། །ཅེས་སོ། །སེམས་སྒོམ་གྱི་དགོངས་བཅུད་དེ་དྲུག་པའོ།། ༈ །།རྨད་བྱུང་གི་དགོངས་པ། འབྱུང་ལྔ་ཡེ་ཤེས་ཀློང་རྡོལ་གླུའི་བསམ་གཏན། དམར་རེངས་དང་པོ་ཤར་ཙམ་ན་རྒྱ་མཚོའི་འགྲམ་དུ་ཁྱིའི་རྒྱལ་པོ་ཕྱི་མས་འདི་སྐད་ལོ། །ཆོས་ཉིད་བྱང་ཆུབ་སེམས་ནི་འབྱུང་བ་ལྔ་ཡིན་ཏེ། །མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་གནས། འགྲོ་བའི་གཟུགས་འཛིན་སྲེགས་པས་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པས་རླུང་ལྟར་གནས། །གཟུང་འཛིན་སྐྱོན་དང་བྲལ་བས་ཆུ་ལྟར་གནས། །ཅིས་ཀྱང་སྐྱོན་མེད་སྲ་བས་ས་ལྟར་གནས། །འབྱུང་བ་ལྔ་ཉིད་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། །གདོད་ནས་དག་པས་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པར་མ་ཡེངས་གནས་པ་ལས། །སྒོམ་པ་འདི་ལྟར་མེད་པར་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་མཆི། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གསུངས་སོ། །
གཞན་ཡང་རྡོ་རྗེ་བརྩེགས་པ་ལས། །རྣམ་རྟོག་ཡེ་ཤེས་ངང་དུ་གསལ། །དེས་ན་མ་སྤངས་རང་ཞིར་ཞོག །ཅེས་སོ། །རྨད་བྱུང་རྒྱལ་པོའི་དགོངས་བཅུད་དེ་བདུན་པའོ།། ༈ །།ཡིད་བཞིན་ནོར་བུའི་དགོངས་པ། དངོས་གྲུབ་ཀློང་རྡོལ་གླུའི་བསམ་གཏན། །དམར་རེངས་གཉིས་པ་ཤར་ཙམ་ན་གནོད་སྦྱིན་མོ་བྱང་ཆུབ་འདི་སྐད་ལོ། །ཆོས་ཉིད་བྱང་ཆུབ་སེམས་ལ་བླང་ཞིང་བལྟ་མེད་དོ། །ལྟ་བའི་གཟུགས་སུ་ཡོངས་ལ་སྣང་། །ཅིས་ཀྱང་བཅོས་སུ་མེད་ལ་བཅད་དུ་མེད། །སེམས་ཀྱི་རང་བཞིན་ཅི་ཡང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན། །ཇི་ལྟར་ལྷད་ཀྱང་དབྱིངས་ལ་འགྱུར་བ་མེད། །དབྱིངས་ཉིད་རིག་པས་མི་བཙལ་ཏེ། །སེམས་ཉིད་མཁའ་ལྟར་དག་པའི་དངོས། །མ་བཅོས་རང་བཞིན་མེད་པ་ལས། །སྒོམ་པ་འདི་ལས་མེད་པར་བདག་གིས་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལ་ས་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་རཱ་ཧུ་ལ་ཆེན་པོས། འཁོར་བ་མ་སྤངས་ངང་གིས་གསལ་བ་ལ། །ཡེ་ཤེས་ཉི་མ་དེ་ཡི་ཚུལ་དུ་འཆར། །ཞེས་སོ། །ཡིད་བཞིན་ནོར་བུའི་དགོངས་བཅུད་དེ་བརྒྱད་པའོ།། ༈ །།རྩེ་མོ་བྱུང་རྒྱལ་གྱི་དགོངས་པ། རྩོལ་མེད་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནལ་བྱིས་ལའི་རྩར། དམར་རེངས་གསུམ་པ་ཤར་ཙམ་ན་སྨད་འཚོང་མ་བུདྡྷ་མ་ཏི་འདི་སྐད་ལོ། །ཨེ་མ་ཧོ་ཆོས་ཉིད་བྱང་ཆུབ་སེམས། །བརྟག་ཏུ་མེད་དེ་དཔྱད་དུ་མེད། །བཙལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོགས་ན་མེད། །བཙལ་བས་མི་རྙེད་སེམས་ལས་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བཙལ་བྱང་ཆུབ་སྙིང་པོ་ལ། །ཏིང་འཛིན་
མ་ལྷད་ངང་གིས་གསལ་བ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་འཁུམས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་ཀོ་ལས་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་གུ་རུ་ཆེན་པོས། ཐམས་ཅད་ཡེ་ཤེས་གསལ་བའི་རྐྱན། །དེ་ལྟར་རྟོགས་པས་དག་པ་ཡིན། །ཅེས་སོ། །རྩེ་མོ་བྱུང་རྒྱལ་གྱི་དགོངས་བཅུད་དེ་དགུ་པའོ། །། ༈ སྤྱི་གཅོད་ཀྱི་དགོངས་པ། གསང་བ་ཀློང་རྡོལ་གླུའི་བསམ་གཏན། ཤིང་ནྱ་གྲོ་དྷཱའི་རྩ་བར་སྲོད་ཐུན་ལ་འཇམ་དཔལ་བཤེས་གཉེན་ཕྱི་མ་འདི་སྐད་ལོ། །ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །དག་པའི་ཀློང་ནས་ཉི་མ་ཤར། །ཤར་བའི་དུས་ན་ནུབ་པ་མེད། །ཤར་ནས་མ་བཅོས་གསལ་པ་ལས། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་རྙེད་ཐབས་མེད། །ཀུན་གཞི་ཡངས་བའི་ཆོས་ཉིད་ལ། །རིག་པ་ཡེ་ཤེས་ཅི་ཤར་བ། །མ་བཅོས་ནུབ་པ་མེད་པ་ལས། །སྒོམ་དུ་འདི་ལས་མེད་པར་འཁུམས། །མྱོང་ན་སེམས་ཀྱི་བདུད་རྩི་མྱོང་། །བལྟ་ན་རིག་པའི་ཡེ་ཤེས་ལྟོས། །པདྨ་ཀོ་ལ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ལུང་ཕྱི་མ་ལས། ཉམས་སུ་མྱོང་བའི་བདེ་ཆེན་ནི། །ཐམས་ཅད་གསལ་བ་ཞེ་ཕུག་ཡིན། །ཅེས་སོ། །རྫོགས་པ་སྤྱི་གཅོད་ཀྱི་དགོངས་བཅུད་དེ་བཅུ་པའོ།། ༈ །།སྤྱི་ཆིངས་ཀྱི་དགོངས་པ། ནམ་མཁའ་ཀློང་རྡོལ་གླུའི་བསམ་གཏན། དཔག་བསམ་ཤིང་གི་གྲིབ་མ་ལ། ཐོ་རེངས་ཁར་ཨཱརྻ་པ་ལོ་འདི་སྐད་ལོ། །བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་སྣང་། །གདོད་ནས་དག་པ་ནམ་མཁའི་ཀློང་འདྲ་ལ། །རྣམ་རྟོག་བསྲེག་པའི་ཡེ་ཤེས་མངོན་ཤར་བས། །སྐྱེ་འགག་ཡངས་དོགས་རང་གཞན་མེད་པ་
ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་མཇལ། །ཟ་ན་སེམས་ཉིད་བདུད་རྩི་ཟོ། །གོན་ན་ཆོས་ཉིད་གོས་སུ་གྱོན། །ཨེ་མ་ཀོ་ལ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ལུང་གི་རྒྱལ་པོ་ལས། སེམས་ཀྱི་དེ་ཉིད་མ་བཅོས་གསལ། །དེ་ལྟར་ཡིན་པས་རྟོག་པ་མེད། །ཅེས་སོ། །སྤྱི་ཆིངས་ཀྱི་དགོངས་བཅུད་དེ་བཅུ་གཅིག་པའོ།། ༈ །།བདེ་བ་འཕྲ་བཀོད་ཀྱི་དགོངས་པ། ཕྲིན་ལས་ཀློང་རྡོལ་གླུའི་བསམ་གཏན། །རིན་པོ་ཆེའི་གླིང་དུ་ནམ་གུང་ཡོལ་ལ། ཨོ་རྒྱན་གྱི་མཁན་པོ་དྷ་ཧེ་འདི་སྐད་ལོ། སེམས་ཉིད་སངས་རྒྱས་ཡིན་པ་ལས། །སེམས་ལས་སངས་རྒྱས་ལོགས་ན་མེད། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལས། །རིག་པ་མི་འགྱུར་རང་བཞིན་མེད་པ་འདི། །ཟབ་མོའི་ཆོས་དབྱིངས་མི་བརྗོད་དོན་དམ་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་དབྱིངས་ཟབ་མོ་ལས། །རིག་པ་མི་འགྱུར་བཟོད་ཅིང་ནང་ནས་འཆར། །ཀུན་གཞི་གཏན་ནས་སྦྱོང་བའི་ཉི་ཆེན་པོ། །མཁའ་ལྟར་དག་པས་ཡོངས་ལ་ཁྱབ་པར་བརྡལ། །ཆོས་ཉིད་ཡེ་ནས་དག་པས་སྤྱད་དུ་མེད་པ་ལ། །རིག་པ་མི་འགྱུར་གདོད་ནས་གསལ་བར་གནས། །ཕྱིན་ཅི་ལོག་གིས་མ་ལྷད་གསལ་བར་གནས། །བདེ་བར་གཤེགས་པའི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་ནམ་མཁའ་ཆེན་པོ་ལ། །རྣལ་འབྱོར་ཁྱུང་ཆེན་གཤོག་པ་ལྡིང་། །ཀརྨ་ཀོ་ལ་ཤ་ཨ་ཧོ༔་ཞེས་གསུངས་སོ། །གཞན་ཡང་། རྒྱ་ལུང་ཆེན་མོ་ལས། །སེམས་ཉིད་མི་རྟོག་ནམ་མཁའི་ངང་དུ་གནས། །དེས་ན་མ་བཅོས་རྟོག་མེད་ངང་དུ་ཤར། །ཞེས་སོ། །བདེ་བ་འཕྲ་བཀོད་ཀྱི་དགོངས་བཅུད་དེ་བཅུ་གཉིས་པའོ།། ༈ །།སྲོག་གི་འཁོར་ལོའི་དགོངས་པ། རང་བྱུང་ཀློང་རྡོལ་གླུའི་བསམ་གཏན། ནྱ་གྲོ་དྷའི་དགོན་པར་སྲོད་ཡོལ་གྱི་
དུས་སུ། །དྲང་སྲོང་བྷི་ཤ་ཏི་འདི་སྐད་ལོ། །མ་བཅོས་མཁའ་ལ་གཟའ་སྐར་ཀུན་འཕྱོ་བས། །གདོད་ནས་དག་པས་མཁའ་ནི་མི་བརྗོད་དེ། །བྱང་ཆུབ་སེམས་ནི་མཁའ་ལྟར་དག་པ་ལ། །མཚན་མའི་རྣམ་རྟོག་སྒྱུ་མས་ཅི་བསླད་ཀྱང་། །རྣལ་འབྱོར་སེམས་ཉིད་དབྱིངས་ལ་འཕོ་འགྱུར་མེད། །ཆོས་དབྱིངས་བརྡལ་བ་ཆེན་པོའི་དཀྱིལ་འཁོར་ལ། །རིག་པ་ཡེ་ཤེས་དུ་མས་བཏབ་པ་ནི། །གསང་པའི་འོད་ཀྱི་དཀྱིལ་འཁོར་གསལ་བར་འཆར། །ཤར་བ་ཉིད་ཀྱི་དོན་དེ་མ་ཡེངས་ལས། །སངས་རྒྱས་རྣམས་ལ་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་པར་རྟོག་པའི་མུན་པ་གཡེངས། །ཨ་ཀ་ཤ་ཀོ་ལ་མ་དྷ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། ཀློང་ཆེན་འཁྱིལ་བ་ཞེས་བྱ་བའི་མན་ངག་ལས། སེམས་ལ་ཐམས་ཅད་རྫོགས་པ་ལྷུན་གྲུབ་སྟེ། །བཅོས་སླད་དགག་སྒྲུབ་མེད་པ་ཡེ་ཤེས་གསལ། །ཅེས་སོ། །སྲོག་གི་འཁོར་ལོའི་དགོངས་བཅུད་དེ་བཅུ་གསུམ་པའོ།། ༈ །།རིན་ཆེན་ཀུན་འདུས་ཀྱི་དགོངས་པ། སྐྱེ་མེད་ཀློང་རྡོལ་གླུའི་བསམ་གཏན། རྒྱས་པའི་དགོན་གནས་སུ་ནམ་སྨད་ལ་སྲས་མོ་གོ་མ་དེ་བཱི་འདི་སྐད་ལོ། །སངས་རྒྱས་ཀུན་གྱི་ཐུགས་ཉིད་ཡི་གེ་ཨ་ཡིན་ཏེ། །ཨ་ཡི་རང་བཞིན་ཡེ་ནས་དངོས་པོ་མེད། །བདེ་གཤེགས་ཀུན་གྱི་འབྱུང་གནས་ཨ་ཡིན་ཏེ། །བདེན་གཉིས་ལ་སོགས་སྣང་སྲིད་ཅིར་ཡང་སྣང་། །ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་བརྟགས་ནས་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པའི་བྱང་ཆུབ་དབྱིངས་ཉིད་ལ། །ཨ་ལྟར་སྐྱེ་བ་མེད་པའི་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་གཞག་པ་ལས། །བདག་གི་དགོངས་པ་འདི་ལས་མེད་པར་མཇལ། །ཆོས་ཉིད་དབྱེ་ཐང་ཆེན་པོ་ལ། །རིག་པའི་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀ་མ་པ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། བདུད་རྩི་
འཁྱིལ་པ་ལས། །ཐམས་ཅད་ཉིད་དུ་མེད་པའི་བྱང་ཆུབ་སེམས། །ཡིན་པར་བདག་ཅག་རྣམས་ཀྱིས་རྟོགས། །ཞེས་སོ། །རིན་ཆེན་ཀུན་འདུས་ཀྱི་དགོངས་བཅུད་དེ་བཅུ་བཞི་པའོ།། ༈ །།སྐྱེ་མེད་རང་རིག་གི་དགོངས་པ། །ཆོས་སྐུ་ཀློང་རྡོལ་གླུའི་བསམ་གཏན། །ཙནྡན་སྡོང་པོའི་རྩར་གུང་ཐུན་ལ། །ཁ་ཆེའི་རྒྱལ་པོ་རབ་སྣང་འདི་སྐད་ལོ། །བྱང་ཆུབ་སེམས་ནི་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བར་ཀུན་ལ་ཁྱབ་པར་སྣང་། །སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་ཆོ་འཕྲུལ་ཅི་སྣང་བ། །བསམ་དུ་རྡུལ་ཙམ་མེད་པ་ལ། །བརྗོད་བྲལ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། །ཁམས་གསུམ་འགྲོ་བའི་ནད་པ་གསོས། །ཀ་ལ་པ་ཀོ་ཤ་ཨ་ཧོཿ ཞེས་གསུངས། གཞན་ཡང་། གླང་པོ་རབ་འབོགས་ལས། གཉིས་མེད་བདེ་ཆེན་ངང་གིས་གསལ། །དེ་བཞིན་མ་བཅོས་རྣལ་མར་ཞོག །ཅེས་སོ། །སྐྱེ་མེད་རང་རིག་གི་དགོངས་བཅུད་དེ་བཅོ་ལྔ་པའོ།། ༈ །།བདེ་བ་རབ་འབྱམས་ཀྱི་དགོངས་པ། སྐུ་གསུམ་ཀློང་རྡོལ་གླུའི་བསམ་གཏན། གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཀྱི་དུས་སུ་རྒྱལ་པོ་དེ་བ་རཱ་ཛ་འདི་སྐད་ལོ། སྣང་སྲིད་ཆོས་རྣམས་མངོན་དུ་ལྟོས་པ་རྣམས། །ཡང་དག་ཉིད་དུ་བཅོམ་པར་བྱ། །སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་པོའི་དང་། །འདི་ལས་གཞན་མེད་མ་ཡེངས་མཉམ་བཞག་པས། །བསྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མིང་ཙམ་སྟེ། །སེམས་ནི་ཡེ་ཤེས་ཆེན་པོར་སོན། །ཙནྡྲ་དེ་བ་ཀོ་ས་ལ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། དྲི་མེད་བཤེས་གཉེན་གྱི་མན་ངག་ལས། དུག་ལྔ་ཡེ་ཤེས་ལྔ་རུ་གསལ། །དེ་ལྟར་རྟོགས་ན་རིག་མཆོག་ཡིན། །ཞེས་སོ། །བདེ་བ་རབ་འབྱམས་ཀྱི་དགོངས་བཅུད་དེ་བཅུ་དྲུག་པའོ། །
ནམ་མཁའ་རྒྱལ་པོའི་དགོངས་པ། གྲོལ་བ་ཀློང་རྡོལ་གླུའི་བསམ་གཏན། མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ། དྷརྨ་རཱ་ཛ་འདི་སྐད་དོ། །སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་རྟོགས་ཤིང་ཇི་ལྟར་སྣང་བ་ཀུན། །འབྱུང་འཇུག་འབྱུང་བ་མེད་ན་ཀུན་ཏུ་བཟང་། །གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལས་མ་བསླད་པས། །སྒོམ་ཞིང་གནས་པ་འདི་ལ་མེད། །ཀྱེ་མ་མ་རྟོགས་སྙིང་རེ་རྗེ། །བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། །དྷོ་ཧ་ཀོ་པ་ཤ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། འཕགས་པ་དྲང་སྲོང་མིག་གི་མན་ངག་ལས། མ་ཡེངས་རྩེ་གཅིག་བསམ་དང་བྲལ། །དེས་ན་ཡེ་ཤེས་ཟང་ཐལ་ཡིན། །ཅེས་སོ། །ནམ་མཁའ་རྒྱལ་པོའི་དགོངས་བཅུད་དེ་བཅུ་བདུན་པའོ།། ༈ །།རྗེ་བཙུན་དམ་པའི་དགོངས་པ། ཤེས་རབ་ཀློང་རྡོལ་གླུའི་བསམ་གཏན། དབེན་པ་ཆེན་པོའི་གནས་སུ་བུདྡྷ་གུཔྟ་འདི་སྐད་ལོ། །ཆོས་རྣམས་ཐམས་ཅད་མ་བཅོས་ཀུན་ཏུ་བཟང་པོ་ལ། །གསལ་ལ་འགྱུར་པ་མེད་པ་བྱང་སེམས་ངང་དེ་ལ། །མཚན་མའི་རྣམ་པར་རྟོག་པས་མ་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །སྒོམ་པ་འདི་ལས་གུད་ན་མེད་པར་འཁུམས། །སེམས་ཀྱི་མེ་ལོང་མ་བལྟས་ན། །རྣམ་རྟོག་དྲི་མས་གོས་ཏ་རེ། །པྲཛྙཱ་ཀོ་ས་ལ་ཨ་ཧོཿ ཞེས་གསུངས་སོ། །གཞན་ཡང་། །སྒོམ་ལུང་ཆེན་མོ་ལས། བཅོས་བསླད་མེད་པར་ཀ་ནས་དག་པ་ལ། །གཉིས་སུ་འཛིན་པ་ཡང་ཡེ་ངང་གིས་མེད། །ཅེས་སོ། །རྗེ་བཙན་དམ་པའི་དགོངས་བཅུད་དེ་བཅོ་བརྒྱད་པའོ། ༈ །སེམས་སྡེ་སྤྱིའི་དགོངས་པ། རིན་པོ་ཆེ་ཀློང་རྡོལ་གླུའི་བསམ་གཏན། ཤྲཱི་སིདྷས་བསམ་གཏན་གྱི་ཁང་པར་ཚོགས་ཀྱི་མཆོད་པའི་དུས་སུ་བླངས་པ་འདི་སྐད་ལོ།
ཇི་ལྟར་བསམ་ཀྱང་སྒོམ་དུ་མེད། །ཇི་ལྟར་སྨྲས་ཀྱང་དཔྱད་དུ་མེད། །ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལས། །བཙལ་བ་མེད་པར་འོད་ཤར་ཏེ། །བསམ་དུ་མེད་པའི་ཆོས་ཉིད་ལ། །ཡེངས་པ་མེད་པར་མཉམ་པར་གཞག །སྒོམ་པ་འདི་ལས་མེད་པར་འཁུམས། །རིག་པ་ཡེ་ཤེས་མདུང་རྩེ་ཡིས། །རྣམ་རྟོག་དགྲ་བོ་རྡུལ་དུ་རློག །རཏྣ་ཀོ་ས་ལ་ཨ་ཧོཿ ཞེས་གསུངས་སོ། །སེམས་སྡེ་སྤྱིའི་དགོངས་བཅུད་དེ་བཅུ་དགུ་པའོ། ༈ །རྫོགས་པ་ཆེན་པོ་སེམས་སྡེ་བཅོ་བརྒྱད་ཀྱི་དགོངས་བཅུད་རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་རྡོ་རྗེའི་གླུར་བཞེངས་པ་རྫོགས་སོ། ཤུ་བྷཾ། ༈ །རྫོགས་པ་ཆེན་པོ་སེམས་སྡེ་སྤྱིའི་སྙིང་པོའི་བསྟན་བཅོས་བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བྷཱ་བ་ནོ་པ་ལ་སུ་ཝརྞྞ་དྲུ་ཏ། བོད་སྐད་དུ། བྱང་ཆུབ་སེམས་བསྒོམ་པ་རྡོ་ལ་གསེར་ཞུན། བཅོམ་ལྡན་འདས་དབྱིངས་གསུམ་རྣམ་པར་དག་པའི་ངང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་བསྒོམ་པ་འདི་ལ་སྤྱི་དོན་བཅུ་གཉིས་ལས། དང་པོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་རྩོམ་པ་ལ་འཇུག་པ་ནི། བདག་མེད་གཉིས་ཉིད་བདེ་གཤེགས་མི་རྟོག་ཡེ་ཤེས་ཆོས་དབྱིངས་སྐུ་བརྙེས་པ། །ཀུན་གྱི་རང་བཞིན་ཞིབ་འདི་ལ་བསལ་ཞིང་བླ་མེད་ལམ་མཆོག་སྟེ། །མི་ལྡོག་པ་ལ་སོགས་ཏེ་དབང་བཅུ་རྒྱལ་བ་ཀུན་དང་གཅིག་བརྙེས་པས། །གནས་གསུམ་མཉམ་ཉིད་དེ་ལ་མཚན་མེད་ཡིད་ཀྱིས་རབ་ཏུ་དད་པས་མོས། །སྤྱི་དོན་གཉིས་པ་ཅིའི་ཕྱིར་རྟོགས་པར་བྱ་བའི་ཕན་ཡོན་དང་ཆེ་བ་ལས། དང་པོ་ཕན་ཡོན་ལ་གསུམ། རྒྱུར་གནས་པའི་ཕན་ཡོན། སྟོན་པ་འཇིག་རྟེན་སྒྲོན་མར་གྱུར་པ་ཀུན་གྱིས་མཚུངས་པར་རབ་བསྔགས་པ། །ཆོས་ལ་ཆོས་ཀྱི་སྙིང་པོར་གྱུར་པ་འཇམ་དཔལ་གཞོན་ནུའི་སྙིང་པོ་ཉིད། །བདེ་གཤེགས་མ་ལུས་ཡུམ་དུ་གྱུར་པའི་རྒྱལ་བ་ཀུན་གྱི་ལམ་གཅིག་པུ།
ཚུལ་ཁྲིམས་ལ་སོགས་ཕ་རོལ་ཕྱིན་ལམ་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་པ། །མངོན་གྱུར་འབྲས་བུའི་ཕན་ཡོན། རྣམ་དག་བྱང་ཆུབ་སེམས་ཀྱི་ངང་ཚུལ་སྒོམ་དང་ཡོན་ཏན་ཁྱད་པར་ནི། །བློ་ལྡན་ནམ་ཞིག་སེམས་ཀྱི་དམ་པ་དེ་ནི་མངོན་དུ་གྱུར་པ་ན། །དེ་ལ་སྐུ་གསུམ་མཆོག་ཏུ་གྱུར་པས་ཆོས་ཀྱི་སྐུ་ཞེས་རྒྱལ་བས་གསུངས། །ཤེས་བྱེད་དམ་པར་གྱུར་པས་ཤེས་རབ་སྤྱན་ཞེས་ཀྱང་ནི་དེ་ལ་བྱ། །རྡོ་རྗེ་རྩེ་མོ་མཆོག་ཉིད་མི་རྟོག་ཡེ་ཤེས་དེ་ཡང་དེ་ཉིད་དོ། །རྣམ་པར་གྲོལ་བའི་འབྲས་བུ་ཐམས་ཅད་ཀྱི་མཆོག་ཏུ་བསྟན་པའོ། །ཇི་སྙེད་འཕགས་པའི་རྣམ་གྲོལ་ཆོས་སུ་བསྙད་པ་དེ་དག་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ཉིད་རྫོགས་ལས་དེ་ཡི་ཡོན་ཏན་དེ་ལས་དེ་དག་བྱུང་། །གཉིས་པ་ཆེ་བ་བསྟན་པ་ནི། འཕགས་པའི་རིགས་ཆེན་འཆི་མེད་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་། །དེ་མེད་མི་འབྱུང་དེ་ཕྱིར་དེ་ནི་རྣམ་གྲོལ་མཆོག་གི་ལམ་ཉིད་དོ། །སྤྱི་དོན་གསུམ་པ་ཅི་ཞིག་རྟོགས་པར་བྱ་བ་ནི། དེས་ན་ཀུན་ཏུ་རྡོ་རྗེ་སེམས་དཔའ་ཅི་འདྲར་བསྒོམ་པར་བྱ་བ་འགྱུར། །ཕྲ་ཞིང་ཤེས་དཀའི་དྲང་སྲོང་ཆེན་པོའི་ལམ་འདི་མི་རྟོག་རྟོག་ལས་འདས། །བརྟག་པར་དཀའ་ཞིང་བསྟན་པར་དཀའ་ལ་བརྗོད་པའི་ཐ་སྙད་རྣམས་དང་བྲལ། །ཚིག་གིས་མི་ཕེབས་གཞན་དང་བྱིས་པ་ཀུན་གྱི་སྤྱོད་ཡུལ་མ་ཡིན་ཡང་། །སྤྱི་དོན་བཞི་པ་ཐབས་གང་གིས་རྟོགས་པར་བྱེད་པ་ནི། སྟོན་པ་ངེས་པའི་ལུང་དང་བླ་མ་རྣམས་ཀྱི་མན་ངག་དོན་འདིར་བསྟན། །མངོན་སུམ་ལ་སོགས་རྒྱུ་ཡི་དངོས་པོ་འཇིག་ཅིང་གྲུབ་པའི་མཐའ་དཔྱོད་པ། །དེ་ཉིད་རྟོག་པའི་རྒྱུན་འབྲངས་སྤྱོད་ཡུལ་ཚད་མར་བཞག་ནས་བློས་འཇིག་བྱེད། །རྟོག་མཐའ་མེད་ཕྱིར་དཔྱོད་མཐའ་མེད་དེ་སྙིང་པོ་མེད་ན་ཚད་མ་གང་། །དེ་ཕྱིར་འཇིག་རྟེན་བརྟག་པའི་ཐ་སྙད་རྣལ་འབྱོར་ལམ་འདིར་མི་དགོས་སོ། །སྤྱི་དོན་ལྔ་པ་གང་བརྟགས་ཏེ་རྟོགས་པ་རག་པ་ལ་གཉིས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ལ་བརྟགས་པའོ། །དང་པོ་ལ་གཉིས། ཀུན་ནས་
ཉོན་མོངས་པའི་མཚན་ཉིད་ཡིན་པར་བརྟགས་པ་ནི། དངོས་པོ་མཐའ་ཡི་རྒྱུ་ནི་ལོ་རྒྱུས་དག་ལས་ལམ་འདིར་བརྟགས་པར་བྱ། །སྐྱེ་བོ་ཀུན་གྱི་སེམས་ལ་མངོན་སྣང་ཕྱི་ནང་གྲགས་པའི་ཆོས་འདི་ནི། །འཛིན་པ་དྲུག་གིས་ཇི་ལྟར་མཐོང་ཞིང་བརྟགས་པ་དེ་ལྟར་མ་ཡིན་འཁྲུལ། །རང་གི་རྟོགས་པ་མྱོང་ཞིང་གཟུང་བདེ་བཞིན་བདེན་པར་གྱུར་ན་ནི། །དེ་དག་དངོས་པོ་མེད་རྟོག་དགྲ་བཅོམ་འདྲ་བར་གྲོལ་བར་འགྱུར་བའི་རིགས། །དེ་དག་དུས་དགྲས་འཇོམས་དང་སྡུག་བསྔལ་ཉེས་ལས་ངེས་འཁྲུལ་མངོན་པར་འགྱུར། །གཞན་དུ་སྐྱེ་མཆེད་སྒོ་ནས་རིག་པ་དེ་དག་ཚད་མར་གྱུར་ན་ནི། །དེ་དག་ཚད་མར་གྱུར་པས་འཕགས་པའི་ལམ་དེ་སུ་ལའང་དགོས་མི་འགྱུར། །ལམ་དེ་རྣམ་གྲོལ་ལམ་དུ་བསྟན་ཅིང་དབང་པོའི་ཤེས་པས་མི་ཐར་ཏེ། །སྡུག་བསྔལ་འགའ་ཡང་མི་འཇིལ་རྣམ་རིག་ཤེས་དེ་ཉོན་མོངས་འབྱུང་བའི་གནས། །དེ་ཕྱིར་སྐྱེ་བོས་མཐོང་བ་དེ་དག་འཁྲུལ་པར་མངོན་ཞེས་རྒྱལ་བས་གསུངས། །གཉིས་པ་འཁྲུལ་པར་སྣང་བ་བརྟགས་པ་ལ་དགུ། འཁྲུལ་པར་གང་སྣང་བ་དང་། དེས་ན་དེ་ལ་འདི་དག་འཁྲུལ་པའི་དབང་གིས་ཇི་ལྟར་སྣང་བར་འགྱུར། །ཀུན་ཏུ་རྟོག་ཅན་ཡང་དག་མ་ཡིན་ཀུན་ཏུ་རྟོག་པ་བཅོམ་མོད་ཉམས། །བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་མ་རིག་རྐྱེན་གྱི་དབང་སོང་བས། །སེམས་དང་སེམས་ལས་བྱུང་བ་དེ་ཉིད་ལུས་གསུམ་དོན་དུ་སྣང་བ་ཡིན། །འདུ་བྱེད་སྣ་ཚོགས་དག་གིས་བག་ཆགས་བསགས་ལ་གང་གོམས་མཐུ་བརྟས་ཚེ། །སེམས་ཉིད་ཡུལ་དང་ཡུལ་འདྲར་སྣང་བ་རུས་པས་གང་བ་བཞིན་དུ་སྣང་། །བག་ཆགས་བསགས་པའི་རྒྱུན་ལས་དམིགས་སྐྱེས་ཡིད་ལ་བརྟགས་པས་བདག་ནི་མེད། འདུ་བྱེད་མཐུ་ཡིས་བསྒྲིབས་ཤིང་ཕྲ་བ་མ་མཐོང་དེ་ལས་རྣམ་རིག་སྐྱེ། །ཅིའི་ཕྱིར་སྣང་བ་དང་། རྒྱུན་དང་བཅས་པའི་སེམས་ཀྱི་མཐུ་ནི་མ་རྟོགས་རྟོག་པའི་རྗེས་འབྲངས་ནས། །དེ་ལ་ཟག་བཅས་རང་བཞིན་རྟོག་པས་བདག་དང་ཆོས་རྣམས་
རྒྱས་པར་བྱེད། །བདེན་པར་འབྱུང་བ་ཤིན་ཏུ་ཕྲ་བར་རྒྱུ་བ་དེ་ནི་མ་མཐོང་པས། །བདག་ཏུ་ལྟ་སོགས་མུ་སྟེགས་ལྟ་བ་སྣ་ཚོགས་སྐྱེ་ཞིང་ཐར་པར་རྟོག །སེམས་འདི་ལས་རྣམས་མཐའ་ཡས་གནས་གྱུར་བག་ཆགས་མཐའ་མེད་ངེས་པ་མེད། །བག་ཆགས་བརྟས་ཤིང་སད་པར་བྱེད་པའི་རྐྱེན་ཡང་རྣམ་པ་སྣ་ཚོགས་ཏེ། །རྐྱེན་འགས་བག་ཆགས་འགའ་ཞིག་སྨིན་ནས་མི་ཡི་རྒྱུད་ཀྱི་ལུས་སྣང་ལ། །རྐྱེན་གཞན་དག་གིས་བག་ཆགས་གཞན་སད་བྱས་ཚེ་འགྱུར་བའི་མཐུ་མཐོང་ནས། །དབང་ཕྱུག་ལ་སོགས་བྱེད་པར་འདོད་པའི་ལམ་དེས་མེ་ཞི་གྲོལ་མི་འགྱུར། །རྣལ་འབྱོར་ལམ་བསླད་ཐེ་ཚོམ་རྒྱུ་ཡང་རྒྱུན་འདི་ཕྲ་བ་མ་རྟོག་སྐྱེ། །སྣང་བའི་ཉེས་པ་དང་། བདག་ཏུ་བརྟག་པས་ཡོངས་སུ་བསྒྲིབས་ཏེ་འཕགས་པའི་རིགས་དང་རྣམ་པར་བྲལ། །ཆོས་སུ་བརྟགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་ངན་སོང་སྲིད་པར་འགྱུར། །སྣང་བ་ཐམས་ཅད་ཀྱི་གཞི་རྣམ་ཤེས་ཀྱི་མཚན་ཉིད་ཡིན་པར་བསྟན་པ། རྣམ་ཤེས་དེ་ཡང་འདུ་བྱེད་རྒྱུན་ལས་མཚན་མ་ཐ་དད་འཛིན་པས་ན། །ལས་ཀྱི་ཁྱད་པར་དག་གིས་བརྒྱད་དུ་སྣང་གིས་རིགས་ལ་དུ་མ་མེད། །སྣ་ཚོགས་སྣང་བ་དེ་དག་ཀུན་གཞི་ལ་ཚུལ་ཇི་ལྟར་སྣང་བ་དང་། དེ་ཕྱིར་སེམས་ཀྱི་སྐད་ཅིག་དང་པོ་དེ་ལ་ལུས་དང་ཆོས་ཀུན་གནས། །དེ་ལ་བསམ་པ་ཞེན་ཕྱིར་ཕྱི་མ་དེ་ལ་དེ་འབྱུང་དེ་ལ་སྣང་། །སྣང་བའི་གཞི་སེམས་ཀྱི་ནང་དུ་ཐམས་ཅད་འདུས་པ་དང་། རང་སེམས་རྒྱུན་ལས་འཕགས་པ་སྐྱེ་བོའི་ཆོས་ནི་གཞན་ན་ཡོད་མ་ཡིན། །རྒྱུད་དྲུག་རིགས་ལས་དེ་ཡང་སྣ་ཚོགས་དེ་དག་རང་གི་ཏིང་འཛིན་ཏོ། །སེམས་རྒྱུན་དེ་ནི་ཕྱོགས་ཀྱང་ཅུང་ཟད་མེད་པས་དེ་ལའང་རྟེན་མེད་དེ། །དེ་ལ་ཕྱོགས་མེད་ཕྱིར་ན་མཐའ་ཡས་ཞིང་རྣམས་ཐམས་ཅད་བདག་གི་ལུས། །བདག་གི་ལུས་ནི་མཐའ་ཡས་ཞིང་དང་སྐྱེ་བོའི་ལུས་སུ་རབ་སྣང་ཡང་། །སེམས་དང་བག་ཆགས་གཅིག་མིན་ཐ་དད་མ་ཡིན་བརྟག་
པར་རབ་ཏུ་དཀའ། །ཐམས་ཅད་སེམས་ཀྱི་མཚན་ཉིད་ཡིན་ན་རྒྱུ་རྐྱེན་གཞན་ཅིའི་ཕྱིར་སྣང་བ་དང་། འདི་ཀུན་རྟེན་ཅིང་འབྲེལ་འབྱུང་ཚུལ་ཏེ་སྐྱེ་རང་འགག་པར་འགྱུར་ཞེས་པ། །ཚིག་པའི་ས་བོན་བཞིན་དུ་མེད་ལས་མེད་པ་མི་འབྱུང་རྒྱུ་འབྲས་མེད། །དངོས་པོར་ཞེན་ཅིང་རྒྱུ་དང་འབྲས་བུ་སོ་སོར་རྟོག་པའི་སེམས་ཉིད་ནི། །སྣང་བའི་དངོས་པོར་མ་གྲུབ་པར་སྟོན་པ་དང་། རྒྱུ་དང་རྐྱེན་དུ་སྣང་སྟེ་དེ་གཉིས་མེད་ཕྱིར་སྐྱེ་དང་འཇིག་པ་མེད། །སྐྱེ་འཇིག་མེད་ཕྱིར་བདག་གཞན་མེད་དེ་འཆི་འཕོ་མེད་ཕྱིར་རྟག་ཆད་མེད། །དེས་ན་འཁྲུལ་འཁོར་མེད་ཅིང་མྱ་ངན་འདས་པའང་མེད་པ་ཉིད་དུ་མངོན། །སྣང་བའི་གཞི་སེམས་ཉིད་ཀྱང་མ་གྲུབ་པར་སྟོན་པའོ། །གནས་ཀྱི་སྐད་ཅིག་ནམ་ཡང་མི་འབྲལ་དེ་ཚེ་མཉམ་འགྱུར་དེ་མེད་མེད། །ཡང་དག་མ་ཡིན་རྟོག་པས་བསྐྱེད་ཕྱིར་བག་ཆགས་ཡོད་པ་མ་ཡིན་དང་། །སྤྱོད་ཡུལ་མེད་ཕྱིར་ ཀུན་གཞི་མེད་ཅིང་རྣམ་རིག་དེ་ཡང་མེད་པ་ཡིན། །ཕྱོགས་རྣམས་མེད་ཕྱིར་དམིགས་དང་གནས་མེད་རྣམ་ཤེས ་རིག་པ་ཇི་ལྟར་སྐྱེས། །དེ་ཕྱིར་སེམས་འདི་ཡོད་མེད་མཐའ་ལས་འདས་ཤིང་གཅིག་དང་དུ་མ་བྲལ། །རྣམ་པར་བྱང་བའི་དངོས་པོར་བརྟགས་པ་ལ་གཉིས། །རྣམ་པར་བྱང་བ་འཁྲུལ་པ་ཉིད་ལ་སྣང་བར་བསྟན་པ་དང་། བདེ་གཤེགས་བྱང་ཆུབ་མེད་ཕྱིར་དེ་ཡི་རྫུ་འཕྲུལ་སྒྱུ་འདྲར་འཕྲུལ་ལ་སྣང་། །སྣང་བ་དེ་ཉིད་ཀྱང་མ་གྲུབ་པར་བསྟན་པའོ། །འདི་ལ་གཉིས། རྣམ་པར་མི་རྟོག་པའི་ཡེ་ཤེས་མ་གྲུབ་པར་བསྟན་པ་དང་། དེ་བཞིན་དག་པའི་ཡེ་ཤེས་དེ་དག་ཤིན་ཏུ་དགེ་བའི་རྒྱུ་ཉིད་དང་། ཆོས་ཀྱི་དབྱིངས་ཉིད་ལ་ནི་དེ་དག་དམིགས་ཤིང་སྐྱེ་བར་བརྟགས་པ་ཡང་། །རྡོ་རྗེའི་གནས་མེད་དེ་ཡི་ཕྱིར་ན་མཉམ་གནས་རང་བཞིན་འདྲར་འགྱུར་དང་། །ཆོས་དབྱིངས་རྡོ་རྗེ་རྩེ་མོ་དེ་དག་ཕྱོགས་ཉིད་མེད་པས་སྐད་ཅིག་མིན། །དག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མ་གྲུབ་པར་བསྟན་པའོ། །དག་པའི་དགེ་རྩ་གཟུགས་བརྙན་མེད་པས་འཇིག་རྟེན་ཡེ་ཤེས་ཡོད་མི་འགྱུར། །སྤྱི་དོན་དྲུག་པ་སོ་སོར་བརྟགས་ན་ངེས་པའི་
དོན་བསྟན་པ་ལ་གསུམ། བསམ་པ་མཉམ་པ། སྤྱོད་པ་མཉམ་པ། དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། བདེན་པ་གཉིས་སུ་མི་རྟོག་པས་མཉམ་པ་དང་། དེ་ཕྱིར་བྱང་ཆུབ་མ་ཆུབ་མཚན་ཉིད་མེད་པར་གཅིག་པས་བླང་དོར་མེད། །དོན་དེའི་ཚུལ་གྱིས་དོན་དམ་རྣམ་གྲངས་སྐྱེ་འགག་མེད་དང་མཉམ་ཉིད་དང་། །གཉིས་མེད་བསམ་འདས་སྟོང་ཉིད་ཆོས་དབྱིངས་བརྗོད་དང་ཐ་སྙད་བྲལ་ལ་སོགས། །བསྟན་པ་དེ་ཀུན་ཐ་སྙད་ཡིན་ཏེ་དོན་དམ་མེད་ཅིང་ཀུན་སྒྲིབ་མེད། །དོན་དམ་ཚུལ་གྱིས་ལམ་ཉིད་འདི་འདྲ་ཞེས་པ་དེ་ཉིད་ཀུན་སྒྲིབ་ཡིན། །སྡང་ཞེན་མེད་པས་བདེན་རྫུན་མཉམ་པ་དང་། ཐེ་ཚོམ་ཡོད་མེད་ཆོས་ནི་གང་ལའང་སྤངས་ཤིང་གནས་པར་མི་བྱེད་དོ། །སྒོམ་དང་ཆོས་དབྱིངས་མེད་ཕྱིར་སོམ་ཉི་མེད་ལ་དམ་པར་བལྟ་བའང་མེད། །མཐའ་བཞི་དང་བྲལ་ཞིང་མི་དམིགས་པར་མཉམ་པའོ། །དེ་ལྟར་དངོས་པོའི་མཐའ་རྣམས་བརྟགས་པས་རང་བཞིན་སྒྱུ་མ་མེད་འགྱུར་ཕྱིར། །ཡོད་ལ་ལྟོས་པའི་མེད་པ་མེད་དེ་དེ་བཞིན་དེ་མེད་པ་ཡང་མེད། །མཐའ་རྣམས་མེད་ཕྱིར་དབུས་མེད་དབུས་ལའང་གནས་པར་མི་བྱེད་དོ། །གཉིས་པ་སྤྱོད་པ་མཉམ་པ་ནི། གང་ལའང་འཇིག་རྟེན་དབང་ཕྱུག་པདྨ་ཀུན་ཀྱང་མི་སྤོང་འདྲ་མཉམ་གནས། །ཆོས་ལ་འཁྲུལ་པར་མཐོང་བ་དེ་ཉིད་འཁྲུལ་པ་ཡིན་པར་རབ་རྟོགས་ཏེ། །དྲུག་གིས་བསྟན་པའི་བདུད་ཀྱི་ལས་ཀྱང་མི་འདོར་ངན་དུ་མི་རྟོག་གོ །ཤེས་རབ་ཐབས་ཀྱི་སྤྱོད་པའང་མི་གནས་ཕྱིར་ན་བདུད་རྩི་འདྲ་བར་སྤྱོད། །རང་གི་ཤེས་པ་དམ་པར་བྱས་ཏེ་ཀུན་ལས་རྒྱལ་ཏེ་དེས་བསྙེམས་ནས། །འདོད་ཆགས་ཞེ་སྡང་སྐྱེས་ནས་རྩོད་འབྱུང་གཏི་མུག་ཡིན་ཏེ་དོན་མི་མཐོང་། །གསུམ་པ་དོན་བསྡུས་ནས་བྱང་ཆུབ་སེམས་ཀྱི་མཚན་ཉིད་བསྟན་པ་ནི། ཇི་སྲིད་ཡིད་ཀྱི་གཡོ་བ་དེ་སྲིད་བདུད་ཀྱི་ཡུལ་ཏེ་ཕྲ་བའི་ལམ། །གཡོ་དང་མི་གཡོ་ཐ་སྙད་མི་གནས་གནས་ལའང་གནས་པར་མི་བྱེད་དེ། །སྣང་མེད་དབུ་མའི་ལམ་དེ་བྱང་ཆུབ་སེམས་ཞེས་བདེ་བར་གཤེགས་པས་གསུངས། །སྤྱི་དོན་
བདུན་པ་དེ་ལྟར་གཏན་ལ་ཕབས་ནས་ངེས་པའི་དོན་བསྒོམ་པ་ལ་གཉིས། བསྒོམ་པའི་མི་མཐུན་ཕྱོགས་བསྟན་པ་དང་། གཟུགས་དང་མཚན་མ་སྟོན་པར་འཛིན་པ་རབ་ཏུ་སྤངས་ནས་སུ། རྣམ་ཐར་གསུམ་པོ་སྒོམ་པ་འང་བདུད་ཀྱི་ལས་ཏེ་གཟུགས་ཉིད་སྟོང་པའོ། །འཁོར་བའི་ལམ་གསུམ་སྤངས་ཤིང་མྱ་ངན་འདས་པ་ལམ་བསྒོམ་བྱེད་པའང་བདུད་ཉིད་དེ། །དེ་ཉིད་ཆོས་ཀུན་རང་བཞིན་མ་ཞི་རང་བཞིན་བཙལ་སྤངས་གར་མི་གནས། །འཕགས་པ་ཀུན་གྱི་ཡུལ་དང་གནས་ཀྱང་འདས་སོགས་ལམ་འདི་གཞན་ན་མེད། །བསྒོམ་པའི་དོན་མ་ནོར་བར་བསྟན་པའོ། །འདི་ལ་བཞི། བསྒོམ་པའི་དོན་མདོར་བསྟན་པ། ལྡང་དང་མི་ལྡང་ཆེད་དུ་མི་སྤོང་སེམས་རྟེན་མི་འཆའ་མངོན་དུ་མིན། །ཅིའི་ཕྱིར་བསྒོམ་པའི་གཏན་ཚིག་ཀྱིས་བཤད་པ་དང་། འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་པ་དེ་ཉིད་དེ་ཡིན་དེར་མི་གནས། །སྒོམ་པའི་ས་མི་རྙེད་ཕྱིར་བསྒོམ་པས་འབྲས་བུ་རྙེད་པར་མི་འགྱུར་ཏེ། །སེམས་ཀྱི་སྤྱོད་ཡུལ་ཤེས་པ་དེ་དག་ཆོས་རྣམས་ཀྱི་ནི་ཆོས་ཉིད་ཡིན། །རྣམ་བྲལ་གང་ལའང་མཆོག་དང་ཐ་མ་མེད་པར་ལམ་མཆོག་འདི་སྒོམ་མོ། །འདུ་བྱེད་མ་སྐྱེས་ཆོས་ཀུན་འགྱུར་མེད་ཤིན་ཏུ་ཆོས་རྣམས་མྱ་ངན་འདས། །དངོས་མེད་དེ་ཚེ་ཀུན་ཀྱང་ཆོས་ཀྱི་དབྱིངས་ཤེས་དགྲ་བཅོམ་རབ་འབྱོར་ཡིན། །ནམ་མཁའ་མི་དམིགས་དམིགས་ཙམ་དགེ་དང་མི་དགེ་འབྱེད་མེད་སྐྱེ་བའང་མེད། །གཏན་ཚིགས་ཀྱིས་གྲུབ་པ་ལྟར་བསྒོམ་མོ་ཞེས་རྒྱས་པར་བསྟན་པ་དང་། །རྩོལ་བ་ཡིད་ལ་མི་བྱེད་གང་ལའང་སེམས་མེད་ཤེས་དང་མི་ཤེས་བྲལ། །དྲན་དང་འབྱེད་མེད་གང་ལའང་སྤང་ལེན་དགའ་དང་མཚུངས་མེད་མི་དམིགས་ཤིང་། །མཉམ་གནས་གཉིས་སུ་བརྟགས་མེད་བརྗོད་བྲལ་བྱ་དང་མི་བྱ་སོགས་བྲི་མེད། །ཚུལ་བཞིན་སྒོམ་པའི་རྟགས་བསྟན་པའོ། །ཆེད་དུ་རྩོལ་བར་ཡིད་ལ་མི་བྱེད་ཅིས་ཀྱང་མི་འཁྲུགས་མཉམ་ཤེས་དང་། །གང་ལའང་ཆགས་དང་ཡུལ་གྱི་མྱོས་སྐྲག་མེད་དེ་མི་འབྲལ་མི་
གནས་ཤིང་། །མི་འཕྲོག་མཉམ་ཤེས་བཞི་པོ་ཕྱོགས་དང་ཕ་རོལ་ཕྱིན་རྣམས་ངེར་ཤེས་ཏེ། །སེམས་ཀྱི་དབྱིངས་སུ་སྒོམ་པས་ལམ་གྱི་ཕུག་ན་འདུག་པ་དེ་ཡིན་གྱིས། །གཞན་དུ་སྒོམ་པས་འོད་གསལ་དོན་ཉིད་གསལ་ཞིང་རིག་པར་མི་འགྱུར་རོ། །སྤྱི་དོན་བརྒྱད་པ་བརྒྱུད་པའི་ཐབས་ཀྱིས་ངེས་པའི་དོན་རྟོགས་པར་བྱ་བའི་ཐབས་བསྟན་པ་ནི། བརྡ་ཅན་ཡང་དག་ལེན་པའང་བྱང་ཆུབ་ཡིན་ཞེས་སྟོན་པས་རབ་གསུངས་ཕྱིར། །དེ་ལ་འདི་ནི་བྱང་ཆུབ་སེམས་ཉིད་བསྐྱེད་ཅིང་སྒོམ་པའི་གནས་ཡིན་ཏེ། །ཏིང་འཛིན་གསུམ་པོ་བརྟན་པར་བྱས་ཤིང་རྟགས་ཀྱི་ཕྱག་རྒྱ་གསུམ་བཅིངས་ནས། །ཆོས་ཀྱི་ཕྱག་རྒྱ་ཆེན་པོར་སེམས་ཉིད་བསྐྱེད་དེ་སྙིང་པོ་བརྗོད་ཅིང་བསྒོམ། །སྤྱི་དོན་དགུ་པ་བྱང་ཆུབ་སེམས་ཀྱིས་མ་ཟིན་ན་རྣམ་གྲོལ་མི་ཐོབ་ཅིང་དགེ་བ་ཆུད་ཟ་བར་བསྟན་པ་ནི། རྡོ་རྗེ་སེམས་དཔའ་བསྒོམ་པས་རྣམ་གྲོལ་ལམ་ཀུན་མ་ནོར་སྒོམ་པ་ཡིན། །ཀུན་ཏུ་བཟང་པོའི་སྤྱོད་པས་མ་ཟིན་དག་པའི་ཆོས་ནི་གང་ཡང་རུང་། །ཀུན་ཏུ་བཟང་པོའི་སྤྱོད་པའང་བདུད་ཀྱི་ལས་ཏེ་ལས་ཏེ་ཟད་ཅིང་མཐར་ཐུག་འགྱུར། །དེ་དང་ལྡན་པའི་ལས་ནི་བདུད་ཀྱི་ལས་ཀྱང་བྱང་ཆུབ་སྤྱོད་པར་གསུངས། སྤྱི་དོན་བཅུ་པ་དོན་འདིར་མོས་པ་ཙམ་སྐྱེས་པས་ཀྱང་ཡོན་ཏན་མང་པོ་ཐོབ་པར་བསྟན་པ་ནི། དོན་འདིར་མོས་པ་དེ་ཡང་བྱང་ཆུབ་ཆེ་ཞེས་རྒྱལ་བས་རབ་ཏུ་བསྔགས། །གནས་འདིར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་བླ་མར་བཅས་པ་ཡི། །མཆོད་གནས་ཉན་ཐོས་བདུད་ཀྱི་སྡེ་རྣམས་ཟིལ་གྱིས་གནོན་ཞེས་རྒྱལ་བས་གསུངས། །ཐབས་ཆེན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གསང་བའི་སྤྱོད་པའང་འདི་ཉིད་དེ། །འདི་མིན་རྒྱལ་བ་རྣམ་པར་སྣང་མཛད་ཐེག་པ་གསུམ་སྟོན་མི་སྲིད་དོ། །སྐད་ཅིག་དང་བའི་ཤུགས་བསྐྱེད་དེ་ཡང་མྱུར་ཏུ་འཇམ་དཔལ་གཞོན་ནུར་གྱུར། །དཀྱིལ་འཁོར་གསང་བར་ཞུགས་ཤིང་ཐེག་ཆེན་དམ་ཚིག་མཆོག་ཀྱང་བསྲུང་བ་ཡིན། །ཚུལ་ཁྲིམས་སྡོམ་པ་ཀུན་ཀྱང་བསྲུངས་ཤིང་སྦྱིན་གནས་དམ་པར་
རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་ཀྱི་བསོད་ནམས་དེ་ལ་གལ་ཏེ་གཟུགས་ཡོད་ན། །ནམ་མཁའ་བར་སྣང་འདི་ཡང་སྣོད་དུ་ཆུང་ཞེས་རྒྱལ་བས་མཚུངས་པར་གསུངས། སྤྱི་དོན་བཅུ་གཅིག་པ་ལོག་པར་ཞུགས་པ་རྣམས་སྙིང་རྗེའི་གནས་སུ་བསྟན་པ་ནི། སྐྱེ་བོ་སྐྱེ་བ་སྣ་ཚོགས་དག་ལས་སྐྱེས་ཤིང་སྐྱེ་དང་སྐྱེ་འགྱུར་སྐྱེ་བའི་རྒྱུན་གྱི་དབང་སོང་བས། །རྟོག་མཐའ་མི་ཤེས་རྟོག་པས་བསླུས་ཤིང་རྟོག་པའི་རྒྱུན་འབྲངས་འཁྲུལ་པའི་རྟོག་ལས་ཕྱིར་ལྡོག་མེད་གྱུར་པ། སྒྱུ་མའི་སྒྱུ་ཤེས་དག་གིས་སྒྱུ་མའི་གླང་པོ་འདྲ་བར་སྒྱུ་མས་རྨོངས་པའི་སྒྱུ་མ་རྣམས། །རྨི་ལམ་གྱིས་བསླད་བཞིན་དུ་རྨི་ཡིས་བདེན་པའང་ཉམས་ཤིང་རྨི་ལམ་དབང་དུ་སོང་བའི་རྨི་ལམ་པ། །ལམ་འདི་སྤངས་ཤིང་མཐའ་དང་ལམ་གཞན་ལམ་དུ་བལྟས་ནས་མ་ནོར་ལམ་ཞེས་སྟོན་པ་དེ། །དེ་དག་རྡོལ་གསེར་བཞིན་ཐུགས་རྗེས་ཀྱེ་མའོ་ཕྲོགས་པ་ཡིན། །ཤིན་ཏུ་མ་སྦྱངས་དུས་ཀྱིས་མནར་བའི་སྐྱེ་བོ་ལྔ་བརྒྱ་ཐ་མ་ལ། །གསུང་རབ་དྲི་མེད་རྟོགས་དཀའ་དག་ལ་སྒྲ་བཞིན་སྤྱོད་དང་ཚུལ་བཞིན་མིན། །རང་གི་བློ་གྲོས་སྟོབས་བཞིན་འཇུག་ལ་སོགས་པ་ལྟ་བ་སྣ་ཚོགས་དག །མི་ཤེས་ཆུ་བོས་གཡེང་ཞིང་གསུང་གི་ཉིང་ཁུ་བདུད་རྩིའི་རྣལ་འབྱོར་བྲལ། སྤྱི་དོན་བཅུ་གཉིས་པ་བརྩམས་པའི་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ནི། དེ་ཕྱིར་རྒྱལ་བས་གསུངས་པའི་ལམ་མཆོག་ཐུགས་ཀྱི་གསང་བ་དམ་པ་འདི། །ཀུན་ཏུ་རྒྱལ་བ་རྣམས་ཀྱི་སྦྱོད་ཡུལ་ཉིད་ལས་ཐུན་མོང་མ་ཡིན་ཡང་། །གོམས་པའི་མཐུ་ཡིས་མི་འགལ་ཚུལ་དུ་ཚད་མ་དག་ལས་རབ་བསྒྲུབས་ཏེ། །འགྲོ་བའི་དོན་དུ་མི་གཉིས་ལམ་མཆོག་འདི་ནི་རབ་བགྱིས་ཐམས་ཅད་དུ། །མི་མཐུན་ཕྱོགས་ཀྱིས་མི་ཉམས་རྒྱལ་བ་ཀུན་གྱི་ཐུགས་འདིར་རབ་རྒྱས་ཤོག །བྱང་སེམས་སྒོམ་པ་རྡོ་ལ་གསེར་ཞུན་ཅེས་བྱ་བ་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་
རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཤྲཱི་སིཾ་ཧ་དང་། བོད་ཀྱི་ལོ་ཙཱ་བ་བ་གོར་བཻ་རོ་ཙ་ན་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། འདི་ལ་འགྲེལ་བ་བྱང་ཆུབ་སེམས་སྡོམ་པ་དོན་བཅུ་གཉིས་ཀྱིས་བསྟན་པ་ཞེས་ལེགས་བཤད་ཁྱད་པར་ཅན་ཡོད་པས་ཞིབ་པར་དེ་ཉིད་དུ་རྟོགས་པར་བྱའོ། །མངྒ་ལམ། །དགེའོ།། །།