གདམས་ངག་མཛོད་པོད་དྲུག་པ།
ཟབ་ལམ་ནཱ་རོ་ཆོས་དྲུག་གི་གསལ་བྱེད་སྤྱི་ཆིངས་ཁྲིད་ཡིག
ཟབ་ལམ་ནཱ་རོ་ཆོས་དྲུག་གི་གསལ་བྱེད་སྤྱི་ཆིངས་ཁྲིད་ཡིག་དང་བཅས་པ་བཞུགས་སོ། །ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཆོས་དྲུག་གསེར་ཞུན་མར་གྲགས་སོ། །
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་མངོན་དུ་མཛད། །བདེ་ཆེན་མཆོག་ལྡན་སྙིང་རྗེས་སྲིད་པ་འཛིན། །ཟུང་འཇུག་མཆོག་ལྡན་རྡོ་རྗེ་སེམས་དཔའ་དང་། །བླ་མ་མཆོག་ལ་གུས་པས་ཕྱག་འཚལ་ལོ། །ཐེག་མཆོག་སྙིང་པོ་རྣལ་འབྱོར་བླ་མེད་ཀྱི། །རྫོགས་རིམ་མཐར་ཐུག་དཔལ་ལྡན་ཆོས་དྲུག་གི། །སྙིང་པོའི་ཞལ་གདམས་བརྒྱུད་པ་ལས་འོངས་པ། །གསལ་བར་བྱ་ཕྱིར་རེ་ཞིག་འདི་བཤད་དོ། །འདིར་སངས་རྒྱས་ཀྱིས་གསུངས་པའི་ཐེག་པ་ཆེན་པོ་རྨད་དུ་བྱུང་བ་ལ་བརྟེན་པའི་གདམས་པ་དཔག་ཏུ་མེད་ཀྱང་། ཚེ་གཅིག་ལུས་གཅིག་གིས་རྡོ་རྗེ་འཆང་ཆེན་པོ་མངོན་དུ་བྱེད་པ་དཔལ་ལྡན་ནཱ་རོ་པའི་ཆོས་དྲུག་འདི་ལ་དོན་རྣམ་པ་གཉིས་ཏེ། ཤེས་པར་བྱ་བ་དང་ཉམས་སུ་བླང་བའོ། །དང་པོ་ལ་བླ་མའི་བརྒྱུད་ཚུལ་དང་། གཞི་ལམ་འབྲས་བུའི་རྣམ་བཞག་གོ། །དང་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས། གསང་བ་པའི་བདག་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་ལས་རིམ་པར་བཀའ་བཞི་བརྒྱུད་པའི་བླ་མ་རྣམས་ལ་བརྒྱུད་དེ། ཀླུ་
སྒྲུབ། དེ་བ། ཟླ་བ་གྲགས་པ། མ་ཏང་གི་རྣམས་ནི་ལྷོའི་བརྒྱུད་པའོ། །བིར་བ་པ། བི་ན་པ། ལྭ་བ་པ། ཨིནྡྲཱ་བོ་དྷི་སྟེ་དེ་རྣམས་ནུབ་ཀྱི་བརྒྱུད་པའོ། །ལཱུ་ཧི་པ། ཌེང་གི་པ། དཱ་རི་ཀ །སུ་ཁ་དྷ་རི་ནི་བྱང་གི་བརྒྱུད་པའོ། །སུ་ཁ་མ་ཧཱ་སིདྡྷི། ཐང་ལོ་པ། ཤིང་ལོ་པ། ཀརྞ་[1] རི་པ་རྣམས་ཤར་གྱི་བརྒྱུད་པ་སྟེ། དེ་རྣམས་ལ་དཔལ་ཏེ་ལོ་པ་ཆེན་པོས་གཏུགས་པའི་ཚུལ་བསྟན། དངོས་སུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བྱིན་གྱི་རླབས་ཤིང་ལྷན་ཅིག་སྐྱེས་མཐར་ཕྱིན་པ་དེས།[2] དཔལ་ནཱ་རོ་པ་ལ་གསུངས་ཏེ་གཞུང་ལས། བླ་མ་ཆེན་པོ་ནཱ་རོ་པས། བདེ་མཆོག་འཁོར་ལོའི་གསང་སྔགས་ནི། འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིས། །ས་རྣམས་གཡོས་ཤིང་ལུང་བསྟན་ཐོབ། །ཅེས་སོ། །དེ་ཡང་དཀའ་བ་བཅུ་གཉིས་སྤྱད། བླ་མ་མཉེས་པ་སྣ་ཚོགས་ཀྱིས་བསྟེན་ཅིང་། མཐར་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་དེ། བླ་མའི་བཀའ་ལ་བརྟེན་ནས་འཕགས་པ་ཐོག་མེད་སྐུ་མཆེད་ལས་བརྒྱུད་པ་ལ་མཁས་པ་ཡིན་པས་བྱང་སྒོ་སྲུང་བའི་པཎྜི་ཏ་མཛད་
དེ། པུ་ལ་ཧ་རིར་བཞུགས་ཤིང་འགྲོ་བའི་དོན་མཛད་དེ། དེས་མར་པ། མི་ལ་རས་པ། བླ་མ་ལྷ་རྗེ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་ལ། སྤོམ་བྲག་པ། བླ་མ་ཀརྨ་པ། སངྒྷ་ལ་ཀྵི། དེས་རང་བྱུང་རྡོ་རྗེའོ། །བླ་མ་རྣམས་ཀྱི་རྣམ་པར་ཐར་པ་ནི་གཞན་དུ་ཡོད་པས་དེར་བལྟའོ། །གཉིས་པ་ནི། གཞི་དངོས་པོའི་གནས་ལུགས། ལམ་གྱི་རིམ་པ། འབྲས་བུ་སྐྱེ་བའི་རིམ་པའོ། །དེ་ཡང་གཞུང་ལས། ཤར་ཕྱོགས་ངོས་སུ་ཏེ་ལོ་པའི། །ཞལ་སྔར་གདམས་ངག་མནོས་པ་ནི། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་པས། དང་པོ་ལ་གཉིས། གཞི་དངོས་དང་ལམ་གྱི་གཞི་དབང་ངོ་། །དབང་པོ་ལ་ཐེག་པ་ཆེན་པོའི་དབང་དུ་བྱས་ཏེ། ལུས་དང་སེམས་གཉིས་ལས། ལུས་ལ་ཡང་རྣམ་པར་ཕྱིན་གསུམ་དུ་འགྱུར་ཡང་། འདིར་ཕྱོགས་གཅིག་ཏུ་བསྟན་པར་བྱ་སྟེ། དེ་ཡང་དངོས་པོའི་གནས་ལུགས་ནི། ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །རྩ་དང་བྱང་ཆུབ་སེམས་དང་ནི། །མི་གཙང་རྫས་དང་རྣམ་རྟོག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཞེས་འབྱུང་བས། སྤྱིར་དྲི་མ་དང་བཅས་པའི་སེམས་ཀྱིས་ཉེ་བར་བརྟགས་ཤིང་ཞེན་པ་ལ་བརྟེན་ནས་སྣང་བ་ཡིན་ཡང་། རེ་ཞིག་རྟེན་དང་བརྟེན་པའི་ཚུལ་དུ་རྣམ་པར་ཕྱེ་ན། འགྲོ་བ་རིགས་དྲུག་ཁམས་གསུམ་པ་རྣམས་ཀྱི། རྣམ་པར་ཤེས་པའི་གཟུང་འཛིན་གཉིས་ལས་བྱུང་བ། ཕྱི་སྣོད་དང་ནང་ལུས་དབྱེར་མེད་པར་རྒྱུ་དང་འབྲས་བུ་རྣམ་པར་ཕྱེ་བ་དུས་ཀྱི་འཁོར་ལ་སོགས་པ་རྒྱུད་འགྲེལ་རྣམས་ལས་གསུངས་པ་བདག་གི་བློ་ལ་གསལ་མོད་ཀྱི་ཡི་གེས་འཇིགས་པའི་ཕྱིར་མ་བཤད་དོ། །འདིར་འཛམ་བུའི་གླིང་དུ་སྐྱེས་པ་ཁམས་དྲུག་ལྡན་པའི་མི་ལུས་ལ་བརྟེན་པ་བསྟན་ཏེ། འདི་ལ་ཡང་ལུས་འགྲུབ་པའི་རྒྱུ་རྐྱེན། ཇི་ལྟར་འགྲུབ་ཚུལ་བཤད་པ། བཤད་པའི་དགོས་པ་དང་གསུམ་
ལས། དང་པོ་ནི། སེམས་དྲི་མ་དང་བཅས་པ་འདུས་བྱས་ཤིང་ལས་མངོན་པར་བསྒྲུབས་པས་རྒྱུ་བྱས། ཕ་མའི་འདུ་འཕྲོད་ཀྱིས་རྐྱེན་བྱས་ཤིང་། གསུམ་འཚོགས་པ་ལས། ཕའི་ཁུ་བ་དང་། ཕ་མའི་ཁྲག་ནད་མེད་པ་དང་། བར་མ་དོའི་རྣམ་པར་ཤེས་པ་ལ། ཟླ་བ། ཉི་མ། སྒྲ་གཅན། ཞེས་ཀྱང་བཏགས་ཏེ། ལུས་ངག་ཡིད་གསུམ་བསྐྱེད་དེ། དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། སྐུ་ནི་ཐིག་ལེ་ཟླ་བ་ཁུ། །གསུང་ནི་ཚེགས་དྲག་ཉི་མ་ཁྲག །ཐུགས་ནི་ནཱ་ད་ཐམས་ཅད་འབྱུང་། །ཞེས་སོ། །འདི་ལ་བྱང་ཆུབ་པ་ལྔར་ཡང་འགྲོ་སྟེ། དཀར་ཆ་མེ་ལོང་ལྟ་བུའི་ཡེ་ཤེས། དམར་ཆ་མཉམ་པ་ཉིད། རྣམ་ཤེས་རླུང་དང་བཅས་པ་སོ་སོར་རྟོག་པ་ཐམས་ཅད་འདྲེས་པ་བྱ་བ་གྲུབ་པ། ལུས་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དགྱེས་པའི་རྡོ་རྗེ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པས་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡི། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་སྦྱང་གཞི་སྦྱོང་བྱེད་སྦྱར་ཏེ་གསུངས་སོ། །གཞན་ཡང་དང་པོ་ཕ་མ་གཉིས་ཀྱི་རེག་པ་སྲ་བ་ཉམས་སུ་མྱོང་བ་ས། བྱང་ཆུབ་ཀྱི་སེམས་གཤེར་བ་ཆུ། བསྐྱོད་པས་དྲོ་བ་མེ། གཡོ་བ་རླུང་། བདེ་བ་ནམ་མཁའི་ཁམས་ཏེ། དགྱེས་པ་རྡོ་རྗེ་ལས། བོལླ་ཀཀྐོ་ལ་སྦྱར་བས། །རེག་པ་སྲ་བ་བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་འགྱུར། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་
དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་འབྱུང་བར་འགྱུར། །ཀཀྐོ་ལར་ནི་སེམས་རྒྱུ་བ། །དེ་ནི་རླུང་ནི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་བསྐོར། །ཞེས་སོ། །དེ་ལྟར་རྣམ་པར་ཤེས་པ་འབྱུང་བ་ལྔ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་ལུས་འགྲུབ་པར་བྱེད་དོ། །གཉིས་པ་ལུས་ཇི་ལྟར་འགྲུབ་ཚུལ་ལ་གསུམ་སྟེ། རྩ་དང་རླུང་དང་ཐིག་ལེའོ། །དང་པོ་ནི། མངལ་གྱི་ཞག་བདུན་ཕྲག་དང་པོ་ལ། ནུར་ནུར་པོ་དང་། གཉིས་པ་ལ་མེར་མེར་པོ་དང་། གསུམ་པ་ལ་ལྟར་ལྟར་པོ་དང་། བཞི་པ་ལ་གོར་གོར་པོ་སྟེ། ཞག་ཉེར་བརྒྱད ་དེ། ལྔ་པ་འཁྲང་འགྱུར་གྱི་ཞག་དང་པོ་ལ་མ་དང་འབྲེལ་བའི་ལྟེ་བ་ནས། རང་སོར་ཕྱེད་དང་བཅུ་གསུམ་གྱི་ཚད་ཀྱི་རྩ་དབུ་མ་ཆགས་ལ། གཉིས་པ་ལ་སྙིང་གི་དབུས་ཀྱི་རྩ་བཅུ་འབྱུང་སྟེ་རྩ་བ་དང་ཡན་ལག་གི་རླུང་བཅུ་འབྱུང་བའི་གནས་སོ། །དེ་ནས་ཞག་རེ་ལ་རྩ་ཉིས་བརྒྱ་ཉིས་བརྒྱ་འབྱུང་སྟེ། མངལ་གྱི་ཟླ་བ་བརྒྱད་དང་ཕྱི་རོལ་གྱི་བཞི་སྟེ་བཅུ་གཉིས་ཀྱི་བར་རྩ་འཕེལ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །རྩ་འདི་རྣམས་ཀྱི་རགས་པ་ཙམ་བཤད་ན། ཟླ་བ་དང་པོ་ལ་སྙིང་གའི་འཁོར་ལོའོ། །གཉིས་པར་ལྟེ་བའི་རྩ་དྲུག་ཅུ་རྩ་བཞི། ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་འབྱུང་ངོ་། །དེའི་འོག་ཏུ་མགྲིན་པའི་བཅུ་དྲུག་སྤྱི་བོའི་སུམ་ཅུ་རྩ་གཉིས་སྟེང་དུ་གཙུག་ཏོར་གྱི་བཞི་དང་དེ་རྣམས་སྙིང་ག་ལ་འཕྲོས་ཏེ་འབྱུང་ངོ་། །འོག་ཏུ་གསང་བའི་རྩ་སུམ་ཅུ་རྩ་གཉིས་དང་སྟོང་པ་དྲུག་གི་རྩ་ལྟེ་བ་ནས་ཐུར་དུ་འབྱུང་ངོ་། །འདི་རྣམས་ནི་འཁོར་ལོའི་རྩ་རྣམས་སོ། །དེའི་་ཞག་གཅིག །དཔྲལ་བ་
ཕྱིར་སྤྱི་གཙུག་ན་རྩ་བཞི་དཕྲལ་བ་ན་བཅུ་དྲུག་སྟེ་བད་ཀན་གྱི་རྩ་དང་། མགྲིན་པ་ན་སུམ་ཅུ་རྩ་གཉིས། སྙིང་ཁ་ནས་བརྒྱད་དང་རྩ་བཞི་བཅུ་མཁྲིས་པའི་རྩ་དང་། ལྟེ་བའི་དྲུག་ཅུ་རྩ་བཞི་གསང་བའི་ཕྱི་རོལ་དུ་བསྐོར་བའི་རྩ་བཅུ་དྲུག་སྟེ་བརྒྱད་ཅུ་ནི་རླུང་གི་རྩའོ། །གསང་བའི་ནང་རིམ་ནས་འདུས་པའི་རྩ་བཅུ་དྲུག་འབྱུང་ངོ་། །དེ་རྣམས་ལ་སོགས་པ་ནང་གི་རྩ་དྲུག་སྟོང་ཆགས་པས་ཉ་ལྟ་བུར་འབྱུང་ངོ་། །དེ་ནས་ཟླ་བ་གསུམ་པར་རྐང་ལག་སྐྱེ་སྟེ་རུ་སྦལ་ལྟ་བུའོ། །ཟླ་བ་བཞི་པར་ཚིགས་རྣམས་འབྱུང་བའི་སར་རྩའི་འཁོར་ལོ་སུམ་ཅུ་པ་བཅུ་གཉིས་འབྱུང་སྟེ། དེ་ལ་སོགས་པ་གཞན་ཡང་འབྱུང་ངོ་། །ཟླ་བ་ལྔ་པར་ཤ་དང་ཁྲག་རུས་པའི་ཚིགས་སུམ་བརྒྱ་དྲུག་ཅུ་འབྱུང་སྟེ་རུ་སྦལ་ལྟ་བུའོ། །དབང་པོ་རྣམས་གསལ་བར་བྱེད་ཅིང་། ཟླ་བ་དྲུག་ནས་ཚོར་བ་འབྱུང་ངོ་། །བདུན་པ་ལ་སྐྲ་དང་ཁ་སྤུ་རྣམས་འགྲུབ་བོ། །དེའི་ཚེ་མངོན་པར་ཤེས་པ་འབྱུང་བར་བཤད་དོ། །བརྒྱད་པ་དབང་པོ་རྫོགས་པས་བཀྲེས་སྐོམ་འབྱུང་ངོ་། །དགུ་པའི་མཐར་སྡུག་བསྔལ་ཞིང་སྐྱོ་བ་སྐྱེ་བར་བྱེད་དོ། །འདི་ནི་མིའི་སེང་གེའི་གནས་སྐབས་སོ། །འདི་རྣམས་དུས་ཀྱི་འཁོར་ལོའི་ནང་གི་ལེའུར། ལུས་འདི་ལ་ནི་ཁམས་ཀྱི་ཚོགས་རྣམས་མ་ལུས་རོ་དྲུག་རྣམས་ཀྱི་བཟའ་བཏུང་ལས་ནི་འབྱུང་བར་འགྱུར། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཅུས་གསུངས་སོ། །གཉིས་པ་རླུང་ལ་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ། སྣར་རྒྱུ་བ་བཤད་པའོ། །དང་པོ་ནི་རྣམ་པར་ཤེས་པ་དང་ནམ་མཁའི་ཁམས་ཡེ་ཤེས་དང་བཅས་པ། རྩ་དབུ་མར་གནས་པ། ཐིག་ལེ་ཨ་དུས་མེ་ཧཾ་སྒྲ་གིས་བསྟེན་པ། སྲོག་གི་རླུང་སྟེ་དབུས་རླུང་ངོ་། །དེ་ལ་སྟེང་དུ་འགྲོ་ཞེས་བཤད་དོ། །ཐུར་སེལ་ནི། ཨ་ཐུང་ནས་འོག་ཏུ་འགྲོ་ཞིང་། དྲི་ཆུ་དང་ཁུ་བ་འབྱིན་སྡོམ་བྱེད་དེ། སའི་ཁམས་ཀྱི་རང་བཞིན་ནོ། །མཉམ་
གནས་ནི་མདུན་གྱི་ཕྱོགས་སུ་རྒྱུ་བ་སྣར་མའི་རྩ་ལས་བྱུང་ནས་ཕོ་བར་མེ་མཉམ་དུ་གྱུར་ཏེ་དངས་སྙིགས་ལུས་ཐམས་ཅད་དུ་ཁྱབ་པར་བྱེད་དེ་འདི་ནི་མེའི་རླུང་ངོ་། །གྱེན་དུ་རྒྱུ་བ་ནི། ཤར་ལྷོ་མཚམས་ནས་བྱུང་ཞིང་གཡས་ཀྱི་ཕྱོགས་ནས་གླང་པོའི་རྩར་རྒྱུ་སྟེ་སྨྲ་བརྗོད་ཀྱི་ལས་བྱེད་ཅིང་གྲ་བའི་གནས་ནས་འབྱུང་བ་རླུང་གི་རླུང་ངོ་། །ཁྱབ་བྱེད་ནི་ལྷོ་སྟེ་གཡས་རོ་མ་དང་འབྲེལ་པ་ལུས་ཐམས་ཅད་དུ་ཁྱབ་པ་ཆུའི་རླུང་ངོ་། །ཡན་ལག་གི་རླུང་། ཀླུ་ནི་ལྷོ་ནུབ་སྟེ་རྒྱལ་གྱི་རྩ་ལས་བྱུང་ནས་ལུས་འགྲེང་བ་ལ་སོགས་པ་བྱེད་དེ་ནམ་མཁའོ། །རུ་སྦལ་ནི་རྒྱབ་ཏུ་སྟེ། རྒྱལ་བའི་རྩ་ལས་བྱུང་ནས་རྐང་ལག་བསྐུམ་པ་ལ་སོགས་པ་བྱེད་དེ་རླུང་གི་རླུང་ངོ་། །རྩངས་པའི་ནུབ་བྱང་སྟེ། གཡོན་དུ་ཉ་བར་བྱུང་ནས་ཁྲོ་བ་ལ་སོགས་པ་སྐྱེད་པར་བྱེད་དེ་མེའི་རླུང་ངོ་། །ལྷ་སྦྱིན་གཡོན་ནས་བྱུང་ནས། རྐྱང་མར་འབྲེལ་ཅིང་གླལ་བ་ལ་སོགས་པ་བྱེད་དེ་ཆུའི་རླུང་ངོ་། །ནོར་ལས་རྒྱལ་ནི་བྱང་ཤར་སྟེ་ཤི་བའི་ལུས་ལ་ཞག་གཅིག་མི་གཏོང་བར་བྱེད་དེ་སའི་རླུང་ངོ་། །འདི་ནི་སྙིང་ཁའི་འཁོར་ལོ་སྟེ། རླུང་ཐམས་ཅད་ཀྱི་འབྱུང་བའི་རྩ་བ་མངལ་དུ་ཟླ་བ་གཅིག་ནས་འབྱུང་སྟེ། ཡན་ལག་གི་རླུང་འདི་རྣམས་རྒྱུད་གཞན་ནས་རྒྱུ་བས་མིག་གིས་གཟུགས་མཐོང་བའི་བདག་རྐྱེན་བྱེད། རབ་ཏུ་རྒྱུ་བས་སྒྲ། མངོན་པར་རྒྱུ་བས་དྲི། ཤིན་ཏུ་རྒྱུ་བས་རོ། །ཡང་དག་པར་རྒྱུ་བས་རེག་བྱ་མྱོང་བའི་བདག་རྐྱེན་བྱེད་ཅེས་ཀྱང་བཤད་དོ། །སྣར་རྒྱུ་བ་ནི་ལྟེ་བའི་འཁོར་ལོ་ལས་ལུས་ཐམས་ཅད་ཏུ་ཁྱབ་པར་བྱེད་པའི་རྩ་དྲུག་ཅུ་རྩ་བཞི་པོ་རྣམས་ལྔ་ཚན་བཅུ་གཉིས་བཞིར་གྱུར་པ་རོ་རྐྱང་དུ་འབྲེལ་ཅིང་རྩ་གསུམ་འདུས་སར་དབུ་མར་འབྲེལ་ནས་སྲོག་གི་ཆ་དང་བཅས་ཏེ་གཡས་པའི་ཆ་ལ་ས་ཆུ་མེ་རླུང་ནམ་མཁའ་དང་། གཡོན་ནས་ནམ་མཁའ་རླུང་མེ་ཆུ་དང་སའི་རང་བཞིན་དུ་རྒྱུའོ། ཁ་གཅིག་ལ་གཡས་གཡོན་འཕོ་བ་བཅུ་གཉིས། འཕོ་བ་རེ་ལ་དཀྱིལ་འཁོར་
ལྔ་ལྔ་ཡོད་པས་དྲུག་ཅུ། དཀྱིལ་འཁོར་གཅིག་ལ་དབུགས་སུམ་བརྒྱ་དྲུག་ཅུ་ཡོད་ཀྱང་། བཅུ་གཅིག་དང་བཞི་ཆ་དབུ་མའི་རླུང་ཡིན་པས་འདི་ལ་ཡེ་ཤེས་ཀྱི་རླུང་ཞེས་ཟེར། ཁ་ཅིག་འཕོ་མཚམས་ན་རྒྱུ་ཟེར་ཏེ། དབུགས་ཀྱི་སོ་གཉིས་ཕྱེད་དང་བཅས་པ་གཅིག་གི་ཆ་ཤས་ཡིན། དེ་སྣ་གཡོན་ཟླ་བ་གཡས་ཉི་མ་སྐྱེད་སྡུད་ཀྱི་རིམ་པས་དོན་ལ། ཡེ་ཤེས་ཀྱི་རླུང་གི་ཕྱེད་ནང་དུ་འཕེལ་ཅིང་ཕྱེད་ཕྱིར་འདོར་བར་བྱེད་པས་འཆི་ལྟས་ལ་སོགས་པ་འཆར་བར་བྱེད་དོ། །མདོར་ན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་སྟེ། ཕྱི་རོལ་དུ་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་ཅུ་ཆུ་ཚོད་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་འོང་ཡང་། ཉི་ཟླས་རྒྱུ་སྐར་གྱི་དཀྱིལ་འཁོར་མི་འཁོར་བར་རྐང་པ་འཕེལ་བའི་ཆ་ཞག་དྲུག་དང་ཞག་གི་བརྒྱད་ཆ་གཅིག་གིས་རྩིས་ཐམས་ཅད་རྣམ་པར་དག་འགྲོ་སྟེ། འགྲིབས་པའི་ཆ་དང་བཅས་པ། འཇིག་རྟེན་པའི་སྣང་བ་ལ་ཞག་བཅུ་གཅིག་དང་བཞི་ཆ་ལོ་གཅིག་ལ་ལྷག་པར་སྣང་བས་ཟླ་བ་སུམ་ཅུ་སོ་ཕྱེད་དང་གསུམ་ན་ཟླ་ལྷག་བྱུང་ཞེས་འདོགས་ཏེ་ཕྱི་ནང་གཅིག་པའི་རྟེན་འབྲེལ་ཡིན་ནོ། །འདི་ལྟར་ཕྱི་ནང་སྦྱར་ན་གསལ་མོད་ཀྱི། རྣམ་པར་སྤྲོས་པས་ཆོག་གོ། རྣལ་འབྱོར་ཅན་རྣམས་ལ་གནད་བཅིང་བ་ནི་འོག་ཏུ་འཆད་དོ། །འདི་རྣམས་ཀྱི་ངེས་པའང་དུས་ཀྱི་འཁོར་ལོ་ལས། སྲོག་ནི་ཟླ་བའི་ལམ་དུ་སོན་པ་སྟོབས་བྱེད་བཟའ་བ་དང་ནི་བཏུང་བ་མ་ལུས་པ། ཐུར་སེལ་གྱིས་ནི་ཐུར་དུ་འབྱིན་ལ་རོ་རྣམས་མ་ལུས་ལུས་ལ་ཁྱེར་བ་མཉམ་གནས་ཀྱིས། གྱེན་དུ་རྒྱུ་བས་ལུས་བསྐྱེད་པ་དང་ཁ་དང་ལག་པ་རྐང་པ་རྣམས་དང་གླུ་དང་གར་བྱེད་པ། ཁྱབ་བྱེད་ནད་རྣམས་སྐྱེད་པར་བྱེད་དེ་རང་གཞན་ཡོན་ཏན་དབང་གིས་ལུས་འཁྱོག་པ་ཡང་དེ་བཞིན་ནོ། །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་བདུན་གྱིས་གསུངས་སོ། །གསུམ་པ་
ཐིག་ལེའི་གནད་ནི། ཐོག་མར་དཀར་དམར་གཉིས་ལས། དྭངས་སྙིགས་གཉིས་སུ་འགྱུར་ཏེ། སྤྱི་བོ་ན་དཀར་ཆ་ཧཾ་གི་རང་བཞིན་དང་། ལྟེ་བ་ན་དམར་ཆ་ཨ་ཐུང་ངུའི་རང་བཞིན་ནི་དྭངས་མ་སྟེ་དབུ་མའི་ཆ་ལ་བརྟེན་པ་ལུས་ཅན་རྣམས་འཆི་བའི་ཚེ་དཀར་བ་འོག་ཏུ། དམར་བ་གྱེན་དུ་འཕོ་བར་བྱེད་ཅིང་རྣམ་པར་ཤེས་པའི་རྟེན་བྱེད་པ་སྟེ། དང་པོའི་སངས་རྒྱས་ལས། ལུས་ཅན་རྣམས་ནི་འཆི་བ་ན། །བདུད་རྩི་ཟླ་བ་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་ཏེ། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། །ཞེས་སོ། །དེ་ལས་གཞན་ཡང་དཀར་དམར་ལས་དྭངས་སྙིགས་སུ་འགྱུར་ཏེ། མངལ་དུ་ནི་མའི་རྩ་དང་འབྲེལ་པས་བསྐྱེད་ཅིང་། བཙས་པ་ནས་བཟའ་བཏུང་རྣམས་ཕོ་བར་མེ་མཉམ་གྱི་རླུང་དང་དྲོད་ཀྱིས། མྱག་པ་དང་། མདོག་འགྱུར་བ་དང་། དྭངས་སྙིགས་འབྱེད་དེ། སྨན་གྱི་བསྟན་བཅོས་ལས། བན་ཀན་མྱག་བྱེད། མཁྲིས་པ་མདོག་འགྱུར། རླུང་མེ་མཉམ་ཞེས་བཤད་དོ། །དྭངས་མ་ནི་མཆིན་པར་ཁྲག་ཏུ་འགྱུར། དེ་རྩ་ལ་བརྒྱུད་ནས་ཤ་།དེ་ཚིལ། དེ་རུས་པ། དེ་རྐང་། དེ་བྱང་ཆུབ་སེམས། དེ་སྟོབས་དང་མདངས་སུ་འགྱུར་ལ། དེ་རྣམས་ཀྱི་སྙིགས་མ་ནི་རིམ་པ་བཞིན་དུ། དྲི་ཆེན་དང་དྲི་ཆུ་དང་། མཁྲིས་པ་དང་། པགས་པ་དང་། རྨེན་བུ་དང་། སོ་སེན་དང་། སྦུབས་ཀྱི་དྲི་མ་མཆིལ་སྣབས་ལ་སོགས་པ་དང་། དགའ་བའི་མཐར་འཛག་པ་སྟེ། ལུས་ཟུངས་བདུན་ཞེས་ཀྱང་བཤད་ཅིང་། རྣམ་དབྱེ་ནི་སཾ་བུ་ཊི་ལས། མི་ཕྱེད་པུལླི་ར་མ་ནས། སོ་དང་སེན་མོ་འབབ་པར་གནས། །སྤྱི་གཙུག་ཛཱ་ལནྦྷ་ར་སྟེ། །སྐྲ་དང་སྤུ་ནི་འབབ་པར་གནས། །ཨུ་རྒྱན་རྣ་བ་གཡས་པའི་རྩ། །པགས་པ་དང་ནི་རྒྱུ་མ་འབབ། །ལྟག་པར་ཨར་པུ་ཏ་ཡིན་ཏེ། །ཤ་ནི་ཡང་དག་འབབ་པའི་རྩ། །གོ་ད་བ་རི་རྣ་བ་གཡོན། །རྒྱུས་པ་ཡང་དག་འབབ་པའི་རྩ། །སྨིན་དབུས་རཱ་མེ་ཤྭ་ར་སྟེ། །རྟག་ཏུ་རུས་པ་འབབ་པའོ། །
མིག་ནི་དེ་ཝཱི་ཀོ་ཊི་སྟེ། །མཆིན་པ་འབབ་པའི་རྩ་གནས་སོ། །མ་ལ་ཝ་ནི་དཔུང་པ་གཉིས། །སྙིང་འབབ་པ་ཡི་རྩ་གནས་སོ། །མཆན་ཁུང་ཀཱ་མ་རཱུ་པ་སྟེ། །རྟག་ཏུ་མིག་ནི་འབབ་པའོ། །ནུ་མ་གཉིས་ནི་ཨོ་ཏྲ་ཏེ། །རྟག་ཏུ་མཁྲིས་པ་འབབ་པའི་རྩ། །ཏྲི་ཤ་ཀུ་ནི་ལྟེ་བ་སྟེ། །རྩ་ནི་གློ་བ་འབབ་པར་གནས། །སྣ་རྩེ་ཀོ་ས་ལ་ཡིན་ཏེ། །རྒྱུ་མའི་ཕྲེང་བ་འབབ་པར་གནས། །ཁ་ནི་ཀ་ལིང་ཀ་ཡིན་ཏེ། །རྟག་ཏུ་གཉེ་མ་འབབ་པར་གནས། །མགྲིན་པ་ལམྤ་ཀ་ཡིན་ཏེ། །རྟག་ཏུ་ལྟེ་བ་འབབ་པའི་གནས། །འདི་རྣམས་ནི་གཡོན་རྐྱང་མ་ལས་གྱེས་པ་རྣམས་སོ། །དེ་བཞིན་དུ་རོ་མ་ནས་བྱུང་བ་ནི། །ཀནཡ་ཙི་སྙིང་ཁའི་རྩ་ཡིན་ཏེ། །བཤང་བ་འབབ་པའི་རྩ་གནས་སོ། །འདོམ་བར་ཧི་མ་ལ་ཡ་སྟེ། །མཚོགས་མའི་མཚམས་ནི་འབབ་པའི་རྩ། །པྲེ་ཏ་པུ་རི་མཚན་མ་སྟེ། །བད་ཀན་འབབ་པའི་རྩ་ཡིན་ནོ། །གྲྀ་ཧ་དེ་བ་བཤང་ལམ་སྟེ། །རྟག་ཏུ་རྣག་ནི་འབབ་པའོ། །བརླ་གཉིས་སཽ་རཥྚྲ་སྟེ། །རྟག་ཏུ་ཁྲག་ནི་འབབ་པའོ། །བྱིན་པ་གཉིས་ནི་གསེར་གླིང་གནས། །རྡུལ་འབབ་བ་ཡི་རྩ་ཡིན་ནོ། །རྐང་པའི་སོར་མོ་ནཱ་ག་ར། །རྟག་ཏུ་ཚིལ་འབབ་རྩར་ཤེས་བྱ། །རྐང་བའི་བོལ་ནི་སིནྡྷུ་སྟེ། །མཆིལ་མ་འབབ་པའི་གཟུགས་ཅན་མ། །མ་རུ་དྷེ་ཤ་མཐེ་བོང་སྟེ། །རྟག་ཏུ་མཆིལ་མ་འབབ་པ་གནས། །ཀུ་ལུ་ཏ་ནི་པུས་མོ་སྟེ། །རྟག་ཏུ་སྣ་ཆུ་འབབ་པའི་གནས། །ཞེས་ཕྱི་རོལ་ཏུ་གནས་ཉི་ཤུ་རྩ་བཞི། ནང་དུ་ཉི་ཤུ་རྩ་བཞིར་ཁམས་ཉི་ཤུ་རྩ་བཞི་འབབ་པའོ། །དེ་ལས་གཞན་ནི། འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །ཞེས་སྔར་བཤད་པའི་ཡན་ལག་གི་རླུང་རྒྱུ་བའི་རྩ་རྣམས་སོ། །རོ་མ་དང་རྐྱང་མ་ཨ་བ་དྷཱུ་ཏིའི་བྱེད་ལས་ཀྱང་། །འབུམ་ལྔ་ལས། དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་བཞིན་གྱེན་དུའང་རྩེ་གསུམ་མོ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་པའོ། །ཟླ་བའི་རྩེ་མོ་གཡོན་
པའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །གཡས་གཡོན་དབུ་མའི་མར་སྣ་ནས། །བཤང་བ་གཅི་བ་ཁུ་བ་རྒྱུ། །ཞེས་བཤད་པས་རྩ་གསུམ་འདུས་པ་ནས་གྱེན་དུ་རླུང་རྒྱུ་ལ། ཐུར་དུ་དངས་སྙིགས་རྒྱུ་བར་གསུངས་སོ། །དེ་ལྟར་རྩ་གསུམ་བཅས་སུམ་ཅུ་སོ་གཉིས་ཏེ་རྣལ་འབྱོར་མ་རྒྱུད་ལས་གྲགས་སོ། །དེའི་སྟེང་དུ་རྩ་བའི་རླུང་ལྔ་རྒྱུ་བའི་རྩ་སྲོག་ཆེན་པོ་མ་གཏོགས་པ་བཞི་བསྣན་ན་སུམ་ཅུ་སོ་དྲུག་སྟེ། ཐབས་ཀྱི་རྒྱུད་ལས་གསལ་བར་བསྟན་པས་རིགས་སུམ་ཅུ་སོ་དྲུག་ཏུ་འགྱུར་རོ། །འདི་རྣམས་ཡི་གེ་ལ་སོགས་ཀྱི་སྦྱར་བཤད་དང་། ཕྱི་དང་། ལྷ་ལ་སྦྱར་བ་ཡོད་དེ། འདིར་མ་བཤད་དོ། །དེ་ལྟར་རྩ་རླུང་ཐིག་ལེ་བཤད་པའི་དགོས་པ་གསུམ་སྟེ། འདིར་སྦྱང་གཞི་སྦྱོང་བྱེད་ཤེས་པར་བྱེད་པ་དང་། རྟེན་བཅིངས་པས་བརྟེན་པ་འཆིང་བ་དང་། འབྲས་བུའི་དོན་རྟོགས་པ་སྟེ། དང་པོ་ནི། ལུས་ཇི་ལྟ་བར་ཕྱི་ནང་གཞན་གསུམ་སྟེ། འདིར་བཤད་པ། རྩ་ལྔ་རླུང་ལྔ་འབྱུང་བ་ལྔ། །ཕུང་པོ་ལྔ་དང་སངས་རྒྱས་ལྔ། །ཡན་ལག་རླུང་ལྔ་རྩ་ལྔ་དང་། །ཁམས་ལྔ་ཡུམ་ལྔ་རྣམ་པ་སྟེ། །དབང་པོ་ལྔ་དང་ཡུལ་ལྔ་དང་། །དབང་ཤེས་ལྔ་སྟེ་བཅོ་ལྔ་ནི། །བྱང་ཆུབ་སེམས་དཔའ་ལྷ་མོར་གྲགས། །རྣམ་ཤེས་ཡེ་ཤེས་དྲུག་པའི་ཁམས། །རྡོ་རྗེ་འཆང་དུ་གསུངས་པ་ཡིན། །བྱེ་བྲག་རྒྱས་བཤད་དཔག་མེད་ཀྱང་། །འདིར་ནི་རྒྱས་པར་མ་བསྟན་ནོ། །གཉིས་པ་ནི་རྟེན་རྩ་བཅིངས་པས་རླུང་འཆིང་། །རླུང་བཅིངས་པས་ཐིག་ལེ་འཆིང་། ཐིག་ལེ་བཅིངས་པས་རྣམ་པར་རྟོག་པ་འཆིང་བར་བྱེད་པས་ཁྱད་པར་དུ་འཕགས་སོ། །གསུམ་པ་ནི། འབྲས་བུ་ནི་འོག་ཏུ་འཆད་དོ། །དེ་ལྟར་ལུས་ཀྱི་གནད་བསྟན་པས། སེམས་ཅན་སྐྱེ་བ་སངས་རྒྱས་སྤྲུལ་པའི་སྐུ་དང་མཚུངས་པར་རྟོགས་ལ། གནས་པའི་དུས་གནས་སྐབས་བཞི་རྫོགས་པ་ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་ཞིང་། འཆི་བ་ཆོས་ཀྱི་སྐུ་དང་མཚུངས་པར་རྟོགས་ལ། །
ཡང་ན་གནས་སྐབས་བཞི་སྐུ་བཞིར་དག་པར་འགྱུར་བས་ལུས་རྫོགས་པའི་སངས་རྒྱས་སུ་རྟོགས་པར་འགྱུར་རོ། །འདི་རྣམས་ཀྱང་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གནས་ཏེ། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །ཅེས་ཧེ་བཛྲ་ལས་གསུངས་པ་དང་། གཞན་ཡང་བྱེ་བྲག་རྒྱས་བཤད་དུས་ཀྱི་འཁོར་ལོ་ལས་མང་དུ་གསུངས་པ་འདིར་མ་བྲིས་ཀྱང་ཤེས་པར་འགྱུར་རོ། །མདོ་ལས། འདི་རྣམས་གཟུགས་ཀྱི་ཕུང་པོར་བཤད་ཀྱང་འདིར་རྩ་ལུས་ཀྱི་རང་བཞིན། རླུང་ངག་དང་དུས་ཀྱི་རྣམ་པ། ཡིད་དྭངས་མ་བྱང་ཆུབ་ཀྱི་སེམས་དང་འགྲོ་ལྡོག་གཅིག་ཏུ་བཞེད་པས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་གསུངས་པ་བཞིན་རྟོགས་པར་བྱའོ། །དེ་རྣམས་སྡུད་ཅིང་འཆི་བའི་ཚེ་རྩ་ཆད་པ་དང་རླུང་འགག་པ་དང་ཁམས་འགྱུར་བའི་ཚུལ་དུས་ཀྱི་འཁོར་ལོའི་ནང་གི་ལེའུ་ལས་མང་དུ་གསུངས་པ་འདིར་མ་བྲིས་ཀྱང་ད་ལྟར་མཁོ་བ་ནི་འོག་ནས་བར་དོའི་སྐབས་སུ་འཆད་དོ། །ལུས་དངོས་པོའི་གནས་ལུགས་སོ། །གཉིས་པ་དེ་ལ་བརྟེན་པའི་སེམས་ཀྱི་གནས་ལུགས་ནི། སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་བག་ཆགས་ཐམས་ཅད་ཀྱིས་བསྒོས་པ། ཀུན་གཞི་ཞེས་གསུངས་ཏེ། དེ་ཡང་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ། སྟོང་པ་གསལ་བ། འགག་པ་མེད་པ། ཀུན་ལ་ཁྱབ་པ། མི་འགྱུར་བ། རང་ངོ་རང་གིས་མ་ཤེས་ཤིང་། ཡིད་ཀྱིས་ང་དང་བདག་ཏུ་རྟོག་པས་ཁ་ནང་དུ་བལྟས་ཏེ་འཛིན་པས་ཉོན་ཡིད་ཞེས་བྱ་ལ། ཡིད་འདུ་བྱེད་པས། གཟུང་བ་དང་འཛིན་པར་ཤར་བ། དེར་འཁྲུལ་པའི་རྣམ་པར་ཤེས་པ་ལས། མིང་གཞི་དང་། གཟུགས་སུ་སྣང་ཞིང་། རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་གིས་ཁམས་གསུམ་དུ་སྣང་སྟེ། གཟུང་བ་དང་འཛིན་པས་འཁོར་བར་སྣང་ངོ་། །རྒྱས་པར་ཁོ་བོས་ཕུང་པོ་ལྔའི་དོན་གསལ་
བར་བྱེད་པར་བཤད་པ་ཡིན་ནོ། །འདི་ལྟར་ལུས་དང་སེམས་ཀྱི་གནས་ལུགས་རྟོགས་ན། ཀུན་རྫོབ་ཀྱི་བདེན་པ་མཐོང་ནས་སྡུག་བསྔལ་དང་ཀུན་འབྱུང་བ་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །སེམས་ཀྱི་གནས་ལུགས་འདི་ལ་བརྟེན་ནས། ལོག་པར་རྟོག་པ་རྟག་ཆད་དུ་ལྟ་བ་དང་། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། ཐེག་པ་ཆེན་པོ་སེམས་ཙམ་པ་དང་། དབུ་མ་པའི་འདོད་པ་རྣམས་བཤད་དུ་ཡོད་ཀྱང་འདིར་མ་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། འདིར་ཀུན་རྫོབ་སེམས་ཀྱི་རྣམ་པར་ཤེས་ཤིང་དེ་ཉིད་གཅིག་དང་དུ་མའི་ངོ་བོ་དང་བྲལ་བ་ཉིད་དུ་རྣལ་འབྱོར་ཅན་གྱིས་རྟོགས་པས་ཡེ་ཤེས་མཐོང་བར་འགྱུར་གྱི་ལོག་པར་རྟོག་པ་དང་། འཇིག་ཚོགས་དང་མཐར་འཛིན་པས་ནི་ནམ་དུ་ཡང་མི་གྲོལ་བའི་ཕྱིར་རོ། །དེས་ན་སྤྲོས་པ་ཆོག་གོ །གཉིས་པ་ལམ་གྱི་གཞི་དབང་ནི། སྔགས་ཀྱི་དགོངས་པས་ཚོགས་ལམ་ནས་མཐར་ཐུག་གི་ལམ་གྱི་བར་དུ་གལ་ཆེ་བར་གསུངས་ཏེ། དེ་ཡང་སྦྱང་གཞི་དང་བསྟུན་ནས། ལུས་སེམས་འགྲུབ་པར་བྱེད་པའི་རིམ་པས་སྔར་བསྟན་པ་རྣམས་སྟ་གོན་ལ་སོགས་པ་ཡིན་ལ། སྐྱེས་ནས་བྱིས་པའི་ལུས་འཁྲུད་པ་ནི་ཆུ་དབང་དང་། གཙུག་ཕུད་འཇོག་པ་དང་རྣ་བ་འབིག་པ་དག་དར་དཔྱངས་ཅོད་ཕན་དང་། སྨྲ་བ་སློབ་ཅིང་རྡེག་པ་ལ་སོགས་པས་སྤྱོད་པ། དག་པར་བྱེད་པ་རྡོ་རྗེ་དྲིལ་བུ་དང་། མིང་འདོགས་པ་མིང་གི་དབང་དང་། རང་གི་རིགས་སུ་སྟོན་ཅིང་བྱ་བ་སྟོན་པ་རྡོ་རྗེའི་བརྟུལ་ཞུགས་དང་། དེའི་ཆུང་མ་སྦྱིན་པ་གསང་བའི་དབང་དང་། བདེ་བ་ཉམས་སུ་མྱོང་བ་ཤེས་རབ་ཡེ་ཤེས་དང་། འཆི་བའི་གནས་སྐབས་ལ་སོགས་པ་སེམས་མེད་པ་དབང་བཞི་པ་སྟེ། འདི་རྣམས་དང་རྗེས་སུ་མཐུན་པར་སྦྱོང་བ་འཇིག་རྟེན་གྱི་དབང་བཅུ་དང་། འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་པོའི་དབང་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའི་་མངལ་གྱི་གནས་སྐབས།
འགྲེལ་པ་གསུམ་དང་རྒྱུད་རྣམས་ལས་མང་དུ་གསུངས་མོད་ཀྱི། དབང་གི་ཆོ་ག་ནས་རྒྱས་པར་བསྟན་པ་དང་། ཡི་གེ་མང་གིས་དོགས་ནས་མ་བྲིས་སོ། །ངོ་བོ་ནི་མ་སྨིན་པ་སྨིན་པར་བྱེད་པ་ཉིད་ཡིན་པས་ཐོག་མར་དབང་བསྐུར་བ་ཐོབ་པ་གལ་ཆེའོ། །རྣམ་བཤད་ནི་ཐབས་བཞི་ལས་བཤད་དོ། །དབང་ཐམས་ཅད་ལམ་གྱི་གཞི་ཡིན་ཀྱང་། ལམ་ལ་འཇུག་པར་རྩོམ་པས་ལམ་ཡིན་ནོ། །ལམ་གྱི་རིམ་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དང་པོ་ནི་ལུས་ཐ་མལ་གྱི་འཛིན་པ་སྤོང་ཞིང་འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པ། མངལ་སྐྱེས། སྒོང་སྐྱེས། དྲོད་གཤེར་སྐྱེས། རྫུས་སྐྱེས་སྦྱོང་བའི་དོན་དུ་གསུངས་པ་རྣམས་ཏེ། འདིར་ཡང་མངོན་པར་རྟོགས་པའི་རིམ་པ་ནི། གསང་བའི་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པའི། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །ཞེས་བཤད་པས། འདིར་གང་ཡང་རུང་བ་སྣང་ལ་རང་བཞིན་མེད་པའི་ཚུལ་དུ་བསྒོམ་མོ། །རྫོགས་རིམ་ལའང་གཉིས་ཏེ། མི་ཟབ་པའི་རྫོགས་རིམ་རྩ་རླུང་ཐིག་ལེ་ལ་བརྟེན་པ་དང་། ཟབ་པ་ཕྱག་རྒྱ་ཆེན་པོའོ། །དེ་ལ་འདིར་དང་པོར་གཙོ་ཆེ་སྟེ། འདི་ལའང་སྤྱིར་ཕ་རྒྱུད་ཀྱི་གདམས་པ་རྣམས་རིམ་པ་ལྔ་སྟེ། ཕྱི་དབྱིབས་བསྐྱེད་པའི་རིམ་པ། ངག་དབེན་རླུང་རྡོ་རྗེའི་བཟླས་པ། སེམས་ལ་དམིགས་པ་ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར། རྨི་ལམ་ནི་ཟུང་འཇུག་གི་རྣལ་འབྱོར། སྒྱུ་ལུས་འོད་གསལ་རྣམས་སོ། །མ་རྒྱུད་ཐམས་ཅད་ཕྱག་རྒྱ་བཞི་སྟེ། ཕྱི་ལས་ཀྱི་ཕྱག་རྒྱ། ནང་དམ་ཚིག་གི་ཕྱག་རྒྱ་གཏུམ་མོ། །སྣང་བ་ཆོས་ཀྱི་ཕྱག་རྒྱ་སྒྱུ་ལུས། ཕྱག་རྒྱ་ཆེན་པོ་ནི་འོད་གསལ་དང་ལྷན་ཅིག་སྐྱེས་སྦྱོར། རྨི་ལམ་སྒྱུ་ལུས་ཀྱི་ཡན་ལག །འཕོ་བ་དང་བར་དོ་ཕྱི་མའི་མཚམས་སྦྱོར་ཏེ་འདིར་འདུས་སོ། །འདིར་ནི་གཏུམ་མོ་དང་སྒྱུ་ལུས།
རྨི་ལམ་དང་འོད་གསལ། བར་དོ་དང་འཕོ་བ་གྲོང་འཇུག་འཕོ་བའི་བྱེ་བྲག་སྟེ་ནཱ་རོ་པའི་ཆོས་དྲུག་ཅེས་བྱའོ། །འདི་རྣམས་རྗེ་རས་ཆུང་པ་ནི་འདོད་ཆགས་བདེ་ཆེན་དུ་བསྲེ་བ་གཏུམ་མོ། །ཞེ་སྡང་བདེན་མེད་དུ་བསྲེ་བ་སྒྱུ་ལུས། གཏི་མུག་གི་རྟོག་པར་བསྲེ་པ་འོད་གསལ། གཏུམ་མོ་དང་སྒྱུ་ལུས་བསྲེས་ལ་ཉིན་པར་བསྒོམ། རྨི་ལམ་དང་འོད་གསལ་བསྲེས་ལ་མཚན་མོ་བསྒོམ། བར་དོ་དང་འཕོ་བ་བསྲེས་ལ་འཆི་ཁར་བསྒོམ། གང་ཟག་བརྩོན་འགྲུས་ཅན་གཏུམ་མོ། །ལེ་ལོ་ཅན་རྨི་ལམ། ཚེ་ཐུང་པོ་འཕོ་བ་དང་བསྲེ་བས། བསྲེ་འཕོ་དགུ་བསྐོར་ཞེས་བརྗོད་དོ། །འདིར་བཀའ་དཔེ་ལས་གསུངས་པ་ནི། རྩ་བ་རྣམ་པ་བཞི། ཡན་ལག་གསུམ་ཡོད་ཀྱང་། གནད་བཞིས་སྟོན་ཏེ། དེ་ལ་དམིགས་པའི་གནད་མ་གཏོགས་པ་གསུམ་སྤྱིར་བསྟན་པ། གཞུང་ལས། དེ་ལ་གནད་ནི་རྣམ་གསུམ་སྟེ། ལུས་དང་ཡུལ་དང་དུས་དང་ངོ་། །ཞེས་པས་དང་པོ་ལུས་ཀྱི་གནད་ནི་སྤྱིར། ལུས་བསམ་གཏན་གྱི་ཆོས་དྲུག་དང་། སེང་གེའི་ཉལ་སྟབས་དང་གཉིས་འདིར་གསུངས་ཀྱང་། དང་པོ་ནི། གཞུང་ལས། དེ་ལ་ལུས་ཀྱི་གནད་བཤད་པ། རིན་ཆེན་རྩར་ལ་བརྒྱུས་པ་འདྲ། །ཤིན་ཏུ་བསྲང་ལ་དགུག་པར་བྱ། །རྒྱ་མདུད་ལྟ་བུའི་ཚུལ་དུ་གནས། །འཕེལ་ཀ་ཤིན་ཏུ་བསྐྱེད་པར་བྱ། །མཉམ་བཞག་ཕྱག་རྒྱ་བཙིར་བྱ་ཞིང་། །རེ་མིག་ཚུལ་དུ་བསྣོལ་བར་བྱ། །ཞེས་པས་རྩ་འཆིང་བ་དང་། །རླུང་རང་སོར་གནས་པ་དང་། །དྲོད་དང་བདེ་བ་སྐྱེ་བ་དང་། །རྟོག་པ་འགོག་པ་དང་། རིག་པ་གསལ་བའི་དགོས་པ་ཡོད་པས་ལག་ལེན་ལྟར་བྱའོ། །ལུས་ཀྱི་གནད་དོ། །གཉིས་པ་དུས་ཀྱི་གནད་ནི། དུས་རིང་པོར་བར་དོ་བཞི་དང་སྦྱོར་ཏེ། གཞུང་ལས། དེ་ལ་དུས་ཀྱི་གནད་བཤད་པ། །གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །ཞེས་པས། སེམས་ཅན་ཐམས་ཅད་ལ་གནས་སྐབས་བཞིའི་རྟོག་པ་ལས་མ་འདས་ཏེ། ཆགས་པ་དང་།
ཐ་མལ་འཁྲུལ་པའི་སྣང་བ་དང་། རྨི་ལམ་གྱི་སྣང་བ་དང་། གཉིད་འཐུག་པོར་འགྱུར་བ་དང་བཞིའོ། །དེ་ལ་གཏུམ་མོས་འདོད་ཆགས་དག་པར་བྱེད་ཅིང་། ཐ་མལ་གྱི་སྣང་བ་སྒྱུ་ལུས་ཀྱིས་སྦྱོང་ལ། རྨི་ལམ་ནི་རྨི་ལམ་གྱི་གདམས་པས་དག་ཅིང་། ཐ་མལ་གྱི་སྣང་བ་གཉིད་འཐུག་པོ་ལ་སོགས་སེམས་མེད་ཀྱི་གནས་སྐབས་ལྔ་འོད་གསལ་གྱིས་དག་པར་བྱེད་དོ། །གསུམ་པ་ཡུལ་གྱི་གནད་ནི། གཞུང་ལས། ཡུལ་གྱི་གནད་ལ་རྣམ་གཉིས་ཏེ། །ཕྱི་ནང་གཉིས་སུ་ཤེས་པར་བྱ། །ཕྱི་ཡི་སྣང་བ་དཀར་དམར་དང་། །ནང་དུ་འཁོར་ལོ་རྣམ་པ་བཞི། །ཞེས་པས་ཕྱི་རོལ་གྱི་སྣང་བ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སུ་སྣང་བ་ནི་སྒྱུ་ལུས་ཀྱི་ཡུལ་ལོ། །ནང་དུ། གཏུམ་མོ་འཁོར་ལོ་གཅིག་པ་ནི་ཐ་མལ་གྱི་སྣང་བ་བསྡུས་ནས་ལྟེ་བ་སྤྲུལ་པའི་འཁོར་ལོར་སེམས་འཆིང་བའོ། །ཆགས་པའི་གནས་སྐབས་སུ་འབར་འཛག་སྟེ་སྤྱི་བོའི་འཁོར་ལོར་འཆིང་བས་ཡུལ་དུ་བཤད་དོ། །རྨི་ལམ་གྱི་དུས་སུ་མགྲིན་པར་འཆིང་བའོ། །གཉིད་འཐུག་པོའི་དུས་སུ་སྙིང་ཁར་འཆིང་སྟེ། དེས་ན་འཁོར་ལོ་བཞི་ཡུལ་དུ་བཤད་དོ། །བཞི་པ་དམིགས་པའི་གནད་ནི། རེ་རེ་ལའང་མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་། རང་བཞིན་གཉུག་མར་འཇོག་པ་བཞིར་བཤད་དེ་ལག་ལེན་དུ་བྱའོ། །རྒྱུད་ཐམས་ཅད་དུ་འབྱུང་བ་ཟབ་མོའི་བསྐྱེད་རིམ། མི་ཟབ་པའི་རྫོགས་རིམ་གྱི་མདོར་བསྟན་པའོ། །ཟབ་པ་ཕྱག་རྒྱ་ཆེན་པོ་ནི། གཞུང་ལས། ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་བསྡུས་དག་པ་ཤེས། །ཞེས་པས་ཐམས་ཅད་ཀྱི་གནས་ལུགས་སྟོན་ཅིང་། དེ་ཉིད་དུ་གོ་བར་བྱའོ། །ལམ་གྱི་རིམ་པའོ། །འབྲས་བུ་སྐྱེ་བའི་རིམ་པ་ནི། །གཞུང་ལས། དེ་ལ་འབྲས་བུ་འབྱུང་བ་ནི། །ལུང་དང་མན་ངག་ཉམས་དང་གསུམ། །རིམ་པས་གྲངས་ཀྱིས་འབྱུང་བར་གསུངས། །ཞེས་པས། ལུང་ནི་ཐོག་མར་
སངས་རྒྱས་ཀྱི་བཀའ་དང་མི་འགལ་བར་དོན་སྤྱི་ཤེས་པ་ནི་མཉན་པའི་འབྲས་བུའོ། །མན་ངག་ནི་ཞི་ལྷག་གི་དོན་མྱུར་དུ་རྟོགས་པའི་གོ་བ་ཐོབ་པ་སྟེ་བསམ་པའི་འབྲས་བུའོ། །ཉམས་རྟོགས་ནི་བསྒོམ་པའི་འབྲས་བུ་སྟེ། འདི་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་འབྱུང་སྟེ། དེའང་མདོ་སྡེ་རྒྱན་ལས། སོ་སོ་སྐྱེ་བོའི་ཤེས་པ་ཡིས། །དེ་བཞིན་དུ་ནི་གཉིས་རྟོགས་ནས། །ཤེས་པ་དེ་ཡོངས་རྫོགས་བྱའི་ཕྱིར། །མཐུན་པའི་ཆོས་ནི་རབ་ཏུ་བསྒྲུབ། །ཅེས་སོ། །འདིར་འཇིག་རྟེན་པ་ནི་ཚོགས་ལམ་དང་སྦྱོར་བའི་ལམ་དུ་འབྲས་བུ་འཇིག་རྟེན་པ་ཡིན་པས་མདོ་ལས་ཚོགས་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོའི་རྟགས་མང་དུ་གསུངས་ཀྱང་འདིར་མི་བརྗོད་དོ། །སྔགས་ཀྱི་དགོངས་པ་ནི། སྐྱེས་བུ་ཤེས་རབ་དང་བརྩོན་འགྲུས་ལྡན་པས་རྡོ་རྗེ་ཐེག་པ་ཐོས་པ་ཚོགས་ལམ་གསུམ་གང་རུང་དུ་འདོད་དོ། །ཀུན་སྤྱོད་ལས། དད་པ་ཡང་དག་བསྐྱེད་པ་དང་། །རྣལ་འབྱོར་བརྩོན་ལ་གནས་པ་ནི། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །ཞེས་སོ། །གང་གིས་བསྐྱེད་པའི་རིམ་པས་སྲིད་པའི་རྩེ་མོའི་བར་གྱི་དངོས་གྲུབ་ཐམས་ཅད་འགྲུབ་པས། དེ་ལ་བརྟེན་པའི་ལས་བཞི་དང་གྲུབ་པ་རྣམས་ནི་ཚོགས་སྦྱོར་གྱི་རྟགས་འཇིག་རྟེན་པར་དྲི་མ་མེད་པའི་འོད་དུ་བཤད་དོ། །འདི་ལྟ་བུའི་རྫོགས་རིམ་གྱི་རྟགས་ནི། གང་གིས་དང་པོར་བདེ་བ་དང་གསལ་བ་དང་མི་རྟོག་པ་གསུམ་དང་། དུ་བ་སྨིག་རྒྱུ་དང་། མེ་ཁྱེར་དང་། མཁའ་གསལ་ཏེ་མཚན་མོའི་རྟགས་བཞི་དང་། ཉི་མ་དང་། ཟླ་བ་དང་། སྒྲ་གཅན་མུན་ནག་དང་དུས་མེ་གློག་དང་། ནམ་མཁའ་སྟོང་པ་དང་། ཡེ་ཤེས་ཀྱི་བྱེ་བྲག་ཐིག་ལེ་ཁ་དོག་ལྔ་པ་སྟེ་ཉིན་མོའི་རྟག་དྲུག་དང་བཅུ་སྟེ།[3] འདི་རྣམས་དང་པོར་ཚོགས་ལམ་དུ་འགྱུར་རོ། །དེ་ལ་བརྟེན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་རྗེས་སུ་མཐུན་པར་བསམ་
གཏན་གྱི་སེམས་དང་པོ་དང་གཉིས་པ་དང་ གསུམ་པ་རིམ་པས་ཐོབ་པ་ནི་སྦྱོར་བའི་ལམ་མོ། །འདིར་ཡོན་ཏན་བརྒྱད ་དེ། དེ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་དང་ལྔ་ནི་ཟླ་བའི་ཡོན་ཏན་ཞེས་བྱ། རྡུལ་མུན་པ་སྙིང་སྟོབས་ཏེ་འདོད་ཆགས་ཞེ་སྡང་གཏི་མུག་ གསུམ་ནི་ཉི་མའི་ཡོན་ཏན་ཏེ་བརྒྱད ་པོ་འདི་མ་དག་པས་འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་ངོ་། །དེའང་བསྒོམས་གཟུགས་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སུ་མཐོང་བས་གཟུགས་བདེན་པ་དང་། རྟག་པ་དང་། སྐྱེ་བ་དང་འགགས་པ་རང་བཞིན་མེད་པར་ཉམས་སུ་མྱོང་བ་དང་རྟོགས་པའོ། །དེ་བཞིན་དུ་སྟོང་པའི་སྒྲ་དང་། དྲི་སྟོང་པ་དང་། རོ་སྟོང་པ་དང་། རེག་བྱ་སྟོང་པ་ཉིད་ཉམས་སུ་མྱོང་བ་དང་རྟོགས་པར་འགྱུར་རོ། །འདོད་ཆགས་སྟོང་པས་ཁམས་གསུམ་དུ་ཆགས་པའི་སེམས་ལྡོག་གོ། །ཞེ་སྡང་སྟོང་པ་ཉིད་པས་ཁམས་གསུམ་སྤངས་ནས་ཞི་བ་ལ་དགའ་བའི་སེམས་ལྡོག་གོ །གཏི་མུག་སྟོང་པ་ཉིད་པས་རྟེན་ཅིང་འབྲེལ་པར་འབྱུང་བ་གོ་བ་དང་ཉམས་སུ་མྱོང་བ་དང་རྟོགས་པས་གཏི་མུག་ལྡོག་ཏེ། རྒྱུ་མཚན་འདིས་ལྷའི་མིག་དང་རྣ་བ་ལ་སོགས་པ་དང་སྔོན་གྱི་གནས་དང་འཆི་འཕོ་བ་དང་། སྐྱེ་བ་དང་། གཞན་གྱི་སེམས་ཤེས་པ་དང་། གང་དུ་ཟག་པ་མཐར་དབྱུང་བའི་ཆ་རྣམས། དང་པོར་གོ་བས་ནི་དོན་སྤྱིའི་རྣམ་པ་ཤེས་སོ། །ཉམས་སུ་མྱོང་བས་ནི་ཆ་དང་མཐུན་པར་ཉམས་དང་རྨི་ལམ་དུ་ཤེས་སོ། །མཐར་རྟོགས་པས་ནི་ཇི་ལྟ་བར་མངོན་དུ་འབྱུང་ངོ་། །འོན་ཀྱང་ཟག་མེད་མ་ཡིན་ཏེ་བསམ་གཏན་གྱི་ཆ་ཤས་ལས་བྱུང་བའོ། །འདི་ལྟར་ན་མདོ་དང་ཁྱད་པར་ཅི་ཡོད། འོན་ཀྱང་བླ་མ་རྣམས་ཀྱིས་འདི་རྣམས་ལ་རླུང་གི་ཡོན་ཏན་ཏུ་མཛད་པ་ནི། སྣ་གཡོན་ཟླ་བ་གཡས་ཉི་མར་བྱས་ནས་རླུང་ལྔ་དང་ཁམས་གཅིག་ཏུ་མཛད་ཅིང་། ཉི་ཟླ་ནམ་མཁའ་གསུམ་ཐིག་ལེར་མཛད་དེ། སའི་རླུང་གི་ཡོན་ཏན་ཞེས་བྱ་བ་ལ་སོགས་པའི་
མིང་དུ་མཛད་པ་ནི་འགལ་བ་ཅི་ཞིག་ཡོད་དེ། དེ་ལྟར་ལོག་ལྟ་ཅན་རྣམས་ཡོན་ཏན་འདི་དག་ཤེས་པར་མི་ནུས་སོ། །མདོ་སྡེ་རྒྱན་ལས་ཀྱང་། བསམ་གཏན་ལས་ཐོབ་མངོན་པར་ཤེས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ་སྤྲོས་པས་ཆོག་གོ་།མདོར་བསྡུས་ན་རྩ་རླུང་ཐིག་ལེ་སེམས་གནད་བཅིངས་ནས་ཚོགས་ལམ་ཆེན་པོ་ནས་སྦྱོར་བའི་ལམ་གྱི་འབྲས་བུ་འགྲུབ་པར་ངེས་སོ། །གང་ཕྲིན་ལས་ཀྱང་། ལྟ་སྟངས་རྫུ་འཕྲུལ་འགྲུབ་ནས་ནི། །མཁས་པས་སེམས་ཅན་འཇུག་པར་བྱ། །ཅེས་པ་དང་། ཟླ་དྲུག་སྒོམ་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་འབྱུང་ན་སུ་ཞིག་ཐེ་ཚོམ་འགྱུར། རྣམ་རྟོག་གི་རླུང་བརྒྱ་ཕྲག་བཅོ་བརྒྱད་དག་ཅིང་ཐིག་ལེ་བརྟན་པར་གྱུར་ནས། གཉིད་དང་རྨི་ལམ་ཉིན་མོ་བར་འཚམས་མེད་པར་ཐམས་ཅད་སྒྱུ་མ་ལྟར་རྟོགས་ཤིང་། རྣམ་ཀུན་མཆོག་ལྡན་གྱི་ཡོན་ཏན་དང་མཐུན་པར་གྱུར་པ་ན་ཆོས་མཆོག་ཏུ་འགྱུར་བ་འདི་ལ་ཐེ་ཚོམ་མེད་དེ། རྒྱུད་འགྲེལ་ཐམས་ཅད་དུ་གསུངས་པས་སོ། །འཇིག་རྟེན་པའི་འབྲས་བུ་མཐར་ཐུག་གོ །དེ་ནས་གཉིས་པ་འཇིག་རྟེན་ལས་འདས་པ་ནི་ནང་དུ་དབུ་མ་ལ་རྩ་མདུད་རིམ་གྱིས་གྲོལ་བའི་མིང་དང་། རླུང་བརྒྱ་ཕྲག་བཅོ་བརྒྱད་རེ་དང་། དགའ་བ་རེ་རེ་དང་། སྟོང་པ་རེ་རེ་དང་། སྙིང་རྗེ་རེ་རེ་དང་། འཕོ་བ་མེད་པའི་ཐིག་ལེ་རེ་རེ་དང་། རྣམ་རྟོག་ལས་ཡེ་ཤེས་སུ་གྱུར་པའི་ཚུལ་གྱིས་རབ་ཏུ་དགའ་བ་ནས་ཆོས་ཀྱི་སྤྲིན་གྱི་བར་དུ་འགྲུབ་པར་གསུངས་ཏེ། འདིར་ཡི་གེས་འཇིགས་སོ། །གང་གི་ཚེ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་ཤིང་རྩ་ཐམས་ཅད་གྲོལ་ནས་ཐིག་ལེ་རྣམ་ཀུན་གྱི་མཆོག་དང་ལྡན་པ་ནམ་མཁའ་དང་མཉམ་པ་ནི། རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་ཡེ་ཤེས་ཟང་མར་གྱུར་པ་དེ་ལ་སངས་རྒྱས་སུ་བརྗོད་དོ། །དེའི་ཚེ་སད་པའི་ཐ་མལ་གྱི་སྣང་བ་ཚོགས་དྲུག་འཁོར་དང་བཅས་པ་ནི་བྱ་བ་གྲུབ་པ་དང་སོ་སོར་རྟོག་
པའི་ཡེ་ཤེས་སུ་གྱུར་པས་སྤྲུལ་པའི་སྐུའོ། །རྨི་ལམ་གྱི་འཁྲུལ་པ་སྲོག་གི་རླུང་གིས་བསྐྱོད་པ་དག་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་ནི་ལོངས་སྤྱོད་རྫོགས་པའོ། །གཉིད་འཐུག་པོ་ལ་སོགས་པ་སེམས་མེད་པའི་གནས་སྐབས་དག་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་བོ་ཉིད་ཀྱི་སྐུའོ། །ཆགས་པའི་གནས་སྐབས་དག་ནས་བདེ་བ་ཆེན་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་སྐུ་ཞེས་ཀྱང་བྱའོ། །འདི་ལ་མདོ་སྡེ་རྒྱན་དང་། རྒྱུད་བླའི་གནས་འགྱུར་རྣམས་དང་། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དུ་གསུངས་པ་སྦྱར་ན་མང་ཡང་། སྤྱི་དོན་གོ་བ་ཙམ་བྱས་པ་ཡིན། གདམས་ངག་ཆོས་དྲུག་གི་གོ་བར་བྱ་བའི་ཆིངས་བསྟན་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག ༈ །ཆོས་དྲུག་གི་སྒོམ་ཁྲིད་བཞུགས་སོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་དྲུག་གི་གཏུམ་མོའི་སྒོམ་ཁྲིད་ནི། དང་པོར་སྟན་བདེ་བ་ལ་ལུས་གནད་ནི། རྐང་པ་རེ་མིག་ལྟར་བསྣོལ། སྒལ་པ་བསྲང་། ལག་པ་མཉམ་བཞག་བྱས་ལ། དཔུང་པ་བརྒྱང་། མགྲིན་པ་དགུག །ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེར་ཕབ་ནས། བླ་མ་སྤྱི་བོར་བསྒོམ། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་གསོལ་བ་གདབ། རང་ལུས་ཡི་དམ་དུ་དྲན་པ་ཙམ་བྱས་ལ། དང་པོ་ལུས་ཀྱི་ནང་སྟོང་སང་ངེ་བ་ལ་དམིགས་པ་ནི་སྟོང་པ་སྦྱངས་པའོ།[4] །དེ་ནས་རྩ་སྦྱང་བ་ནི། ལུས་ཀྱི་དབུས་དང་པོ་ན་ཡར་དབུ་མ་སྤྱི་བོ་ཚངས་བུག་ནས་གསང་བའི་བར། གཡས་རོ་མ་དང་གཡོན་རྐྱང་མ་གཉིས་སྣ་བུག་གཡས་གཡོན་ནས་མར་སྣ་ལྟེ་འོག་སོར་བཞི་ཙམ་དུ་དབུ་མ་དང་ནང་གཅིག་ཏུ་གྱུར་པ། ཁ་དོག་ནི་བཤད་པ་ལ་གཡས་དཀར་པོ་གཡོན་དཀར་པོ་དབུས་སྔོན་པོར་བསྒོམ་ཞེས་ཟེར་ཡང་། གང་རུང་གཅིག་ཏུ་བསྒོམ་སྟེ། དཀར་བ། དྲང་བ། སྟོང་པ། གསལ་བ་སྟེ་མཚན་ཉིད་བཞི་ལྡན་སེམས་མ་ཟིན་གྱི་བར་དུ་བསྒོམ་
པའམ་ཞག་ཁ་ཡར་སྦྱངས་ཏེ་ལྟ་སྟངས་དང་བཅས་ནས་བྱེད་པ་གལ་ཆེའོ།[5] །དེ་ནས་རླུང་སྦྱང་བ་ནི། རྔུབ། དགང་། གཞིལ། མདའ་ལྟར་འཕང་བ་སྟེ་བཞི་ལྡན་ཞེས་པ། དང་པོ་ལན་མང་དུ་བུས། ནད་དང་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། དེ་ནས་དལ་ལ་རིང་བར་རན་ཚོད་ཅིག་རྔུབས་སྟེ། སྟེང་རླུང་ཆ་གསུམ་མནན་ཞེས་པ་ལྟེ་བར་ནོན་པར་བྱ། དགང་བ་ནི་འོག་རླུང་རིལ་གྱིས་འཐེན་ནས། ལྟོ་བ་ཐེར་གྱིས་བྱས་ལ་དབུ་མ་ལ་བཞག །གཞིལ་བ་རང་ལུགས་སུ་གློད་ལ། བ་སྤུ་ནས་རླུང་རྣམས་སིབས་སིབ་སོང་བར་བསམ། མདའ་ལྟར་འཕངས་པ་ནི་སྐབས་སུ་ཚངས་བུག་ན་ཡར་སྔོ་ཕྱུར་ཕྱུར་སོང་བར་བསམ་པ་སྟེ། མང་ན་འཕོ་བ་དང་འདྲ་བས་མང་དུ་མི་བྱའོ། །དེ་ལྟར་སྦྱངས་པས་རླུང་ཡུན་རིང་དུ་བཀག་ཀྱང་ཐང་ཆད་པ་དང་མི་བདེ་བ་མེད་པར་སོང་ན་ཅུང་ཟད་བྱང་བ་ཡིན་ནོ།[6] །དེ་ནས་ཐིག་ལེ་ལ་སྦྱོང་བ་དང་སྦྱར་པ་ནི། དང་པོ་སྨིན་ཕྲག་ན་རྩ་གནས་གྲུ་གསུམ་པ་ཕར་ཚངས་བུག་དང་འབྲེལ་པ་བསྒོམས་ཏེ། དེར་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་ལ་འཚེར། སྣུམ་ལ་འདྲིལ་བ་སྲན་མ་འབྲིང་པོ་ཙམ་ཅིག་བསྒོམ། དེར་གསལ་ནས་སེང་སྒྲ་དང་བཅས་ཏེ་ཚངས་བུག་ཏུ་སོང་བར་བསམས་ལ་དེར་བཟུང་། ཡང་དབུ་མར་འདྲིལ་གསང་བའི་རྩ་བའམ་རྩེ་མོ་གང་བདེར་སེམས་བཟུང་ལ། རླུང་དང་བསྟུན་ནས་བསྒོམས་པས་དམིགས་པ་གར་གཏད་དུ་ཟིན་པ་དང་། བདེ་བ་དང་། མངོན་སུམ་ལྟར་སྣང་བའི་བར་དུ་བསྒོམ། འཕྲོ་འཇོག་ཙ་ན་སྨིན་མཚམས་སུ་བསྡུའོ། །དེ་རྣམས་ནི་སྦྱོང་བ་གསུམ་ཞེས་བྱ་སྟེ། །ངོ་བོ་རྣམ་རྟོག་ཟིན་པར་བྱེད་པ་ཡིན། །སེམས་མི་རྟོག་པར་ཟིན་ན་རླུང་ཟིན། །དེས་བྲག་དྲོས་པས་དྲོད་སྐྱེ། དེས་བདེ་བ་སྐྱེ། བདེ་ལ་མི་རྟོག་པས་བསམ་གཏན་སྐྱེ་བ་ཡིན་ནོ། །དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཅེས་པ་ལ་སོགས་པ་མདོ་ལས་་ཐུན་གཉིས་པའོ། །
ཀྱང་གསུངས་ཏེ། རྟགས་དུ་བ་དང་སྨིག་རྒྱུ་ལ་སོགས་རྣམས་ནི་མི་འདོད་ཀྱང་འབྱུང་ངོ་། །ཞལ་གདམས་ཀྱི་དེ་རིམ་པ་བཀའ་དཔེ་བཞིན་ཡོད་པས་ལག་ལེན་འདིར་བྲིས་པའོ། མ་ཟིན་པ་ཟིན་པར་བྱེད་པའི་གནད་རྫོགས་སོ། །ཟིན་པ་བརྟན་པར་བྱེད་པ་ནི། ལུས་གནད་བཅའ་སེམས་བསྐྱེད། བླ་མ་བསྒོམ་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་གསོལ་བ་གདབ། ལུས་ལྷར་བསྒོམ། རྩ་གསུམ་འདུས་མདོར།[7] གཏུམ་མོ་ཨ་ཐུང་། ངོ་བོ་ཐིག་ལེ། རྣམ་པ་མེ། ཁ་དོག་དམར་ཞིང་རེག་བྱ་ཚ་བ། བདེ་བ་དང་ལྡན་པར་བསམ། དེ་ལ་སེམས་ཟིན་པ་དང་། མེ་ཁབ་ཙམ་འབར་བར་བསམ། དེ་ལམ་གསལ་ན་ཡར་མེ་སོར་གཉིས་པ་བཞི་པ་ཙམ་ལ་སེམས་བཟུང་། དེས་དྲོད་བདེ་གསལ་མི་རྟོག་པ་སྐྱེ་ཞིང་སྔར་སྐྱེས་ན་བརྟན་པར་བྱེད་དོ། །ལུང་མང་དུ་གསུངས་ཀྱང་འདིར་མ་བྲིས་སོ། །གསུམ་པ་བརྟན་པ་བོགས་འབྱིན་པ་དང་འབྲེལ་པ། དང་པོ་གོང་ལྟར་བསྒོམས་ཀྱང་དྲོད་ཙམ་མ་སྐྱེས་ན། མེ་ཆེར་བསྐྱེད་པ་བསྒོམ་སྟེ། ཨ་ཐུང་ལས་[8]མེ་དྲག་ཏུ་འབར་བས་ལྟེ་བ་ཐམས་ཅད་ལ་ཁྱབ་པར་དམིགས་ལ་བསྒོམ། དེ་བརྟན་ནས་སྙིང་ཁ་མན་ཆད་མེས་ཁེངས་པ་ལ་དམིགས་ལ་བསྒོམ་མོ། །དེ་ནས་མགྲིན་པ་མན་ཆད་ལུས་ཐམས་ཅད་ཏུ་གཏུམ་མོ་ཁ་དོག་དམར། རེག་བྱ་ཚ། ངོ་བོ་བདེ། རྣམ་པ་གསལ་བ་ལ་དམིགས་ལ་བསྒོམ་དེ་རྣམས་ཞག་ཁ་ཡར་ན་སྤོ་བའམ། དུས་གཅིག་ཀྱང་རུང་སྟེ། ལུས་ཀྱི་འཁྲུལ་འཁོར་དང་། ཁ་ཟས་བཟང་དུ་བྱས་ནས་བསྒོམས་[9]པས་དྲོད་སྐྱེའོ།[10] རྔུལ་འཛག་ན་ལུས་མི་བསྐྱོད་པས་བཀྲུ། མེ་ཆུང་ངུ་བྱའོ། །དྲོད་སྐྱེས་ཀྱང་བདེ་བ་མ་སྐྱེས་ན་གཏུམ་མོ་འཁོར་ལོ་གཉིས་
པ་ལ་བརྟེན་པ་བསྒོམ་སྟེ། ལྟེ་བའི་ཨ་ཐུང་ལས་མེ་སོར་བརྒྱད་པ་འབར་ཏེ་སྤྱི་བོའི་ཚངས་བུག་ཏུ་ཐིག་ལེའི་རང་བཞིན་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་ལས་ཐིག་ལེ་ཉུངས་ཀར་ཙམ་གཅིག་བྱུང་མེ་ལ་ཕོག་བདེ་དྲོད་འབར། དེ་ནས་ཧཾ་ལ་ཐིག་ལེའི་རྒྱུན་རྟ་རྔ་ཙམ་བབ་ཅིང་བདེ་སྟོང་དུ་སེམས་བཟུང་། འདི་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དོན་ཐིག་ལེ་དཀར་དམར་འདྲེས་པ་ལས་རྒྱའི་བག་ཆགས་སྦྱོང་བའི་དོན་ཡིན་ནོ། །དེས་ཀྱང་དྲོད་དང་བདེ་བ་ལུས་ཐམས་ཅད་ཏུ་ཁྱབ་པ་མ་སྐྱེས་ན། གང་དྲོད་མ་སྐྱེས་སར་མེ་དམིགས་དྲག་ཏུ་བྱ། ལག་མཐིལ་གྱིས་མཉེ། བདེ་བ་ལ། སྤྱི་བོའི་ཧཾ་ལས། ཧཱུྃ་དཀར་པོ་གཅིག་བྱུང་ནོར་བུའི་རྩེར་བསྒོམས་ཏེ་[11]འོག་རླུང་འཐེན་ཕུལ་བྱའོ། །དེས་བདེ་བ་མི་ཐུབ་སྙམ་བྱེད་ན། ཧཱུྃ་ད་སྤྱི་གཙུག་ཏུ་སོང་བར་བསམས་དམིགས་པ་དྲག་ཏུ་བྱའོ། །དེ་རྣམས་ཀྱིས་བདེ་དྲོད་སྐྱེས་ཀྱང་མི་རྟོག་པ་མ་སྐྱེས་ན། རྣམ་པར་རྟོག་པ་གང་ཤར་བ་དེ་ལ་རིག་པས་ངོས་བཟུང་། དྲན་པ་ཡེངས་མེད་དུ་བཟུང་། དམིགས་པ་སྤོས་ཀྱིན་བསྒོམ། །དེ་བཞིན་གཤེགས་པའི་སྐུའམ་ཤིང་བུའམ། རྡེའུ་ལ་ཡང་སེམས་བཟུང་། དེ་རྣམས་ནི་གཏུམ་མོའི་དམིགས་པ་དངོས་ཡིན་ནོ།[12] །ད་ནི་འཕྲོས་བརྗོད་དེ། སྤྱིར་དང་པོ་རྩའི་སྐབས་སུ་སེམས་ཟིན་པ་དང་ལྟ་སྟངས་གལ་ཆེ་དེར་ཟིན་ན་རླུང་ལ་ཚེགས་མེད། བདེ་དྲོད་རང་བཞིན་གྱིས་སྐྱེ། དེ་ལ་དེ་ཙམ་མ་ཟིན་ན་མེ་དམིགས་ཆུང་བ་གལ་ཆེའོ། །འབར་འཛག་སྲས་ན་ཐིག་ལེའི་གེགས་འོང་བས་ཐུན་ཆུང་ངུ་བྱ། སྤྱིར་གསང་སྔགས་ཀྱི་གནད་ནི། དུག་གསུམ་ལམ་དུ་སློང་བ་ཡིན་པས། གཏུམ་མོ་ལ་བརྟེན་ནས་ཆགས་པའི་རྟོག་པ་སྦྱོང་བ་ཡིན་པས་རྩ་རླུང་བསྒོམས་ན་ཆགས་པའི་བདེ་བ་ལྟ་བུ་སྐྱེ་བས། དེ་རང་བཞིན་བདེན་མེད་དུ་སྟོང་པའི་གནད་བཅིང་བ་གལ་ཆེ། ཐིག་ལེའི་གེགས་
སེལ་ཡང་དང་པོ་ལུས་འཁྲུགས་དུས་བྱས་ཀྱང་མི་ཕན་ཕྱིས་ཡུན་རིང་དུ་བསྒོམས་ཀྱང་བྱུང་ན་བྱ་བ་གལ་ཆེའོ། །སྤྱིར་བསམ་གཏན་དང་པོ་ཡན་ལག་ལྔ་ལས། དམིགས་པ་རྣམས་ཐམས་ཅད་རྟོག་དཔྱོད་སྟེ་གཉེན་པོ་ཡིན། རྩེ་གཅིག་པ་བསམ་གཏན་གྱི་ངོ་བོ་ཡིན། དགའ་བ་སེམས་ཐོག་ཏུ་སྐྱེ། བདེ་བ་ལུས་ལ་སྐྱེ་བ་ཡིན། དེ་ལ་མ་ཆགས་པར་གོང་ནས་གོང་དུ་བོགས་དབྱུང་དགོས། དགའ་བ་སེམས་ཐོག་ཏུ་སྐྱེ་བ་སྒྱུ་ལུས་ལ་བརྟེན་ནས་འོང་བ་ཕལ་ཆེ། གསལ་བའི་བོགས་འདོན་ཀྱང་སྒྱུ་ལུས་ཁོ་ན་ཡིན། བདེ་བ་འདི་ངོ་མ་ཤེས་ན་སྐྱོན་ཆེ་སྟེ། འགའ་ཞིག་ལ་བསྒོམས་བྱས་པས་ཆགས་སེམས་སྐྱེས་འདུག་སྙམས་པའི་རྟོག་པས་སྡུག་བསྔལ་སྐྱེ་ལ། ལ་ལའི་གེགས་སུ་སོང་ནས་བུད་མེད་ལ་སོགས་པར་རྟོག་པ་འཕྲོར་ཡོང་བས། ཡོན་ཏན་ཏུ་ཤེས་པ་ལ། དེ་ལ་མ་ཆགས་པར་སྟོང་པའི་རྒྱས་གདབ་བྱ་བ་གལ་ཆེའོ། །ལར་ཡང་ཉམས་བཟང་ངན་གང་སྐྱེས་ཀྱང་རྟོག་པའི་ཆོ་འཕྲུལ་ཡིན་པས་མ་ཆགས་པར་ཆུ་བོའི་རྒྱུན་བཞིན་ཏུ་བསྒོམ་མོ། །གེགས་སེལ་རྣམས་ནི་གཞན་དུ་བཤད་པས་འདིར་མ་བྲིས་སོ། །རྒྱུད་རྣམས་ཀུན་ནས་རབ་གསུངས་པ། །གཏུམ་མོ་ཁྲིད་ཀྱི་ལག་ལེན་རྣམས། །ཞལ་ནས་བརྒྱུད་པའི་རིམ་པ་ནི། །རང་བྱུང་རྡོ་རྗེས་བྲིས་པ་ཡིན། །མན་ངག་གནད་ཀྱི་གཏུམ་མོ་ནི། །འཁོར་ལོ་ལྔ་མ་དེ་ཉིད་ཡིན། །འཁྲུལ་འཁོར་དྲུག་པ་ཞེས་བྱ་བ། །སྐེད་པ་གཡས་བསྐོར་གཡོན་བསྐོར་གྱིས། །ལྟེ་བའི་རྩ་མདུད་གྲོལ་བ་ཡིན། །རོ་སྟོད་གཡས་གཡོན་བཅུད་པ་ཡིས། །སྙིང་ཁའི་རྩ་མདུད་གྲོལ་བྱེད་ཅིང་། །མགྲིན་པ་བསྐོར་ཞིང་དགྱེ་དགུ་ཡིས། །སྤྱི་བོ་མགྲིན་པའི་རྩ་མདུད་འགྲོལ། །རྐང་ལག་བརྐྱང་བསྐུམ་བྱས་པ་ཡིས། །ཚིགས་ཀྱི་རྩ་མདུད་གྲོལ་བ་ཡིན། །ལུས་སྤྲུག་ཕུར་བསུབ་བྱས་པ་ཡིས། །རྩ་རྣམས་ཐམས་ཅད་འདུལ་བའོ། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་
ལོང་། །གཏུམ་མོའི་དམར་ཁྲིད་རྫོགས་སོ། ༈ །སྒྱུ་ལུས་ཉམས་སུ་བླང་བ་ལ་གནད་བཞི་སྟེ། ལུས་གནད་གཏུམ་མོ་དང་མཐུན། ཡུལ་སྣང་བ་དཀར་དམར་རོ། །དུས་ནི་ཉིན་པར་ཤས་ཆེ། དམིགས་པ་ལ་གསུམ་ལས། མ་ཟིན་པ་ཟིན་པར་བྱེད་པ་སྒྱུ་མ་སྤྱིར་སྦྱང་བ་སྟེ། སྔོན་དུ་བླ་མའི་རྣལ་འབྱོར་དང་གཏུམ་མོ་བསྒོམ། དེ་ནས་དང་པོ་ཕྱི་རོལ་གྱི་སྣང་བ་རྣམས་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་བལྟ་སྟེ། གཟུགས་ལ་སོགས་པ་འདི་རྣམས་སེམས་འཁྲུལ་པར་སྣང་ལ། ཕྱི་རོལ་ན་མེད་པ་རྨི་ལམ་དང་སྒྱུ་མ་ལྟ་བུ་རྐྱེན་ལས་བྱུང་བ་བྲག་ཆ་དང་གཟུགས་བརྙན་ལྟ་བུ། མི་རྟག་པ་ཟིལ་པའམ་ཆུ་བུར་ལྟ་བུ། སྣང་ལ་རང་བཞིན་མེད་པ་སྨིག་རྒྱུའམ་འཇའ་ཚོན་ལྟ་བུ་སྟེ། དེ་ལྟར་སྦྱང་ཞིང་བསྒོམས་པས་སྣང་བ་ལ་བརྟེན་པའི་རྟོག་པ་ཡོང་ངོ་། [13] །དེ་ནས་ཟིན་པ་བརྟན་པར་བྱ་བ་ནི། མདུན་དུ་མེ་ལོང་གཅིག་ཤིང་ཁྲུ་གང་ཙམ་ལ་དབྱངས་ལ། ལུས་ཀྱི་གཟུགས་གསལ་བར་བྱས་ལ་དེ་ལ་བརྡེག་བཙོག་དང་། རྒྱན་འདོགས་པ་དང་། བསྟོད་སྨད་བྱས་ཀྱང་ཁྱད་པར་མེད་པས། རང་གི་ལུས་ཀྱང་དེ་དང་འདྲ་བར་བལྟ། ངག་བྲག་ཆ་དང་འདྲ་བར་བལྟ། ཡིད་རྟོག་པའི་སྨིག་རྒྱུ་ཙམ་དུ་བལྟས་ལ་བསྒོམ། དེ་བརྟན་ནས་ངེས་ཤེས་སྐྱེས་ན། དྲན་རྟོག་རང་བཞིན་མེད་པར་མཐོང་། བསྟོད་སྨད་ཁྱད་མེད་པ་འབྱུང་ངོ་། །དེ་བོགས་དབྱུང་བ་ལ་གཉིས། དེ་ཉིད་ལ་བོགས་དབྱུང་བ་དང་། ལྷ་སྐུ་ལ་སྦྱང་བའོ། །དང་པོ་ནི་ཉམས་བརྟན་ནས་གཞན་གྱིས་བསྟོད་སྨད་བྱས་པའམ་བྱེད་དུ་བཅུག་པའང་རུང་སྟེ། ཆགས་སྡང་སྐྱེའམ་བལྟ། མི་སྐྱེ་ན་མང་པོ་འདུ་བའི་ཚོགས་དུས་ལ་སོགས་པར་ཕྱིན་ལ། དེ་རྣམས་ཀྱི་རྐྱེན་གྱིས་གནོད་དམ་མི་གནོད་པ་ལྟ། ཡུལ་ལ་ཆགས་པ་དང་དགའ་མི་དགའ་འདུག་ན། དབེན་པར་ཕྱིན་ལ། སླར་བླ་མ་ལ་གསོལ་བ་དྲག་ཏུ་གདབ། སྐྱོ་ཤས་བསྐྱེད། ཆགས་
འཛིན་གྱི་ལོངས་སྤྱོད་སྤང་། བརྩོན་འགྲུས་བསྐྱེད་ལ་སྔར་ལྟར་བསྒོམ། དེས་ལུས་ངག་ལ་ཞེན་པ་མེད་པ་དང་། སྣང་བ་ལ་ཆགས་སྡང་དང་པོ་དྲན་པས་བཟློག་ནུས་ན་མཐར་རོ་མཉམ་པར་འགྱུར་རོ།[14] །དེ་ནས་སྔགས་ཀྱི་ཐབས་མཁས་པའི་ཕྲིན་ལས་ལ་གཞུག་པའི་དོན་དུ་ལྷ་སྐུ་ལ་བརྟེན་པ་ནི། མེ་ལོང་དུ་རྡོ་རྗེ་སེམས་དཔའམ་ཡི་དམ་གང་རུང་གི་གཟུགས་འཆར་བ་དཔེར་བྱས་ལ། ལུས་གཟུགས་བརྙན་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམ། ངག་བྲག་ཆ་ལྟ་བུ་སྔགས་སམ་ཐེག་པ་ཆེན་པོའི་རང་སྒྲ་བྲག་ཆ་ལྟར་མོས། ཡིད་གཡོ་བ་སྨིག་རྒྱུ་ཙམ་འདི་བདེ་བ་ཆེན་པོ་རང་གྲོལ་དུ་སྦྱང་སྟེ། མདོར་ན། ད་ལྟ་ཐ་མལ་གྱི་སྣང་བ་ལ། ཡུལ་ཕྱི་རོལ་དུ་བདེན་རྟོག་བྱུང་བས་གཟུང་བས་བཅིངས། ནང་དེར་འཛིན་མཁན་འཁྲུལ་པར་མ་ཤེས་པས་འཛིན་རྟོག་ལ་བདེན་ཞེན་བྱུང་བས་འཁོར་བར་འཁྱམས་པ་ཡིན། དེ་རྣམས་བདེན་མེད་དུ་སྦྱངས་པས་མདོ་ལས་གསུངས་པ་ལྟར་གཟུང་འཛིན་སྤོང་བ་ཡིན་ལ། གསང་སྔགས་ཀྱི་ལུགས་ལྟར་དེ་ཐབས་མཁས་པས་སྣང་ལ་རང་བཞིན་མེད་པར་ལྷ་དང་སྔགས་བདེ་བ་ཆེན་པོར་སྣང་བ་རྣམས་སུ་བསྒྱུར་ལ་དེ་ཡང་བདེན་རྟོག་གིས་མ་བཅིངས་པར་སྦྱོང་བའོ།[15] །ད་ནི་འཕྲོས་བཤད་དེ། ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་ཀུན་རྟོག་[16]བརྗོད། །སྒྱུ་མའི་རྣམ་པ་[17]ཇི་བཞིན་དུ། །དེ་བཞིན་[18]གཉིས་སུ་འཁྲུལ་པར་བརྗོད། །ཇི་[19]ལྟར་དེ་ལ་དེ་[20]མེད་པ། །དེ་བཞིན་དུ་ནི་དོན་[21]དམ་ཉིད།[22] །ཇི་ལྟར་[23]དེ་ནི་དམིགས་པ་ལྟར། །དེ་[24]བཞིན་དུ་ནི་ཀུན་རྫོབ་ཉིད། །ཅེས་པས་ཕུང་པོ་ལྔ་ལ་སོགས་པ་སྣང་བ་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ་ཤེས་པ་ལ་སྣང་གི་བདེན་པར་མེད་པས་རྫུན་པ་སྟེ་དེས་ན་ཀུན་རྫོབ་ཅེས་བྱའོ། །ཇི་ལྟར་སྒྱུ་མ་དང་རྨི་་
ལམ་འཁྲུལ་པ་དེ་མེད་ཅིང་མི་བདེན་པའི་དོན་མཐོང་བ་ན་མ་འཁྲུལ་བ་སྟེ་དེ་ནི་དོན་དམ་པ་ཞེས་བྱའོ། །དེ་[25]མེད་ན་ནི་དེ་ཡི་རྒྱུ། །[26]གསལ་བར་དམིགས་པ་ཇི་ལྟ་བར། །དེ་བཞིན་[27]གནས་ནི་གཞན་གྱུར་ན། །ཡང་དག་[28]མ་ཡིན་[29]རྟོག་པ་དམིགས།[30] །ཞེས་པས། སྒྱུ་མ་ཞིག་ཙམ་ན་ཤིང་བུ་ལ་སོགས་པ་འཁྲུལ་གཞི་དེ་མཐོང་བ་བཞིན། རང་གི་སེམས་ལ་གཟུང་འཛིན་གཉིས་སུ་སྣང་བ་དེ་མཐོང་བས། སྣང་བ་དེ་ལ་བདེན་ཞེན་ལོག་ཙམ་ནམ་འཁྲུལ་པའི་རང་རིག་རང་གསལ་བ་དེ་མཐོང་ངོ་། །དེ་ལྟ་བུ་ནི་དེ་ལ་ཡོད། །དེ་[31]ཡི་དངོས་པོར་[32]ཡོད་[33]མ་ཡིན། །དེ་ལྟར་སྒྱུ་མ་ལ་སོགས་ལ། །ཡོད་དང་[34]མེད་པ་ཉིད་དུ་བརྗོད། །ཅེས་པས། དེས་ན་སྒྱུ་མའི་རྟ་གླང་འཁྲུལ་པ་ལ་སྣང་བས་མེད་ཅེས་བྱར་ཡང་མི་རུང་ལ། རྟ་གླང་དེར་བདེན་པ་མེད་པས་ཡོད་པར་ཡང་མི་རུང་ངོ་། །འོན་ཀྱང་སྣང་བར་ཡོད་དོ། །བདེན་པར་མེད་དོ་ཅེས་མཁས་པ་རྣམས་གསུང་ངོ་། །དེ་བཞིན་[35]གཉིས་སྣང་འདི་ལ་ཡོད། །དེ་[36]ཡི་དངོས་པོར་[37]ཡོད་[38]མ་ཡིན། །དེ་བཞིན་གཟུགས་ལ་སོགས་པ་ཡང་། །ཡོད་དང་མེད་པ་ཉིད་[39]དུ་བརྗོད། ཅེས་སྣང་བ་ཐམས་ཅད་དེ་དང་འདྲ་བར་གསུངས་ཏེ། ཚུལ་འདིས་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ། ཞེས་འཁྲུལ་པ་ལ་གཉིས་སུ་བརྗོད་ཀྱི། ཡང་དག་པ་གཉིས་སུ་མེད་དེ་ཟུང་འཇུག་གཅིག་གོ །སྒྲོ་འདོགས་[40]པ་དང་སྐུར་པ་ཡི། །མཐའ་རྣམས་དགག་པར་བྱ་ཕྱིར་དང་། །ཐེག་པ་[41]དམན་པས་འགྲོ་བ་དག །དགག་པར་བྱ་ཕྱིར་འདོད་པ་ཡིན། །རྒྱུ་མཚན་འདིས་སྒྱུ་ལུས་ཀྱི་གདམས་པ་གལ་ཆེ་བར་ཤེས་སོ། །
སྒྱུ་མ་དང་པོ་སྣང་བ་སྒྱུ་མར་བསླབ་པའི་ཐབས་རྫོགས་སོ། ༈ །རྨི་ལམ་ཉམས་སུ་ལེན་པ་ལ་བཞི་སྟེ། ལུས་དང་། ཡུལ་དང་། དུས་དང་། དམིགས་པའི་གནད་དོ། །ཐམས་ཅད་ཀྱི་སྔོན་དུ་ཉིན་པར་གཏུམ་མོ་དང་སྒྱུ་ལུས་བསྒོམས་པའི་རྗེས་ལ། ཡང་བླ་མ་མདུན་གྱི་ནམ་མཁར་བསྒོམ་ལ། རྨི་ལམ་ཟིན་པར་མཛད་དུ་གསོལ་ཞེས་གསོལ་བ་གདབ། ལུས་གནད་སེང་གེའི་ཉལ་སྟབས་ཏེ་མགོ་བྱང་དུ་བསྟན། ངོས་གཡས་པ་འོག་ཏུ་གཞུག །དུས་གནད་གཉིད་ཀྱི་དུས་སོ། །ཡུལ་གནད་མགྲིན་པར། དམིགས་པ་ནི་བཟུང་སྦྱང་ཡ་ང་བ་སྤང་སྒྱུ་མར་བསླབ་པ་ལ་བཞི་ལས། དང་པོ་ལའང་། བདུན་པ་ཐིག་ལེ་ཡི་གེ་གསུམ་ལས། དང་པོ་ནི་མགྲིན་པར་པདྨ་འདབ་བཞི་བསམ་པའི་དབུས་སུ་ཤེས་པ་གཏད་དེ། དོ་ནོད་རྨི་ལམ་རྨི་བར་བྱའོ། །ངོ་ཤེས་པར་བྱའོ་སྙམ་དུ་ལན་མང་དུ་བྱ། དེས་རྨི་ལམ་དུ་ཤེས་ན་ཆོག །གལ་ཏེ་མ་ཤེས་ན། མགྲིན་པའི་པདྨའི་དབུས་དེར་ཐིག་ལེ་དཀར་པོའམ་དམར་པོ་རིལ་མ་ཙམ་མེ་ལོང་ངམ་ཤེལ་ལྟར་གསལ་བ་གཅིག་བསྒོམ་ལ་སྣང་བ་འདི་རྨི་ལམ་དུ་ཤེས་པར་བྱ་སྙམ་པ་ཡང་ཡང་འདུན་པ་བྱ། དེས་རྨི་ལམ་དུ་སྐྲག་སྡངས་འབྱུང་སྟེ། དེས་ཟིན་པའི་རྐྱེན་བྱེད་པ་ཡིན་ནོ། །དེས་ཀྱང་མ་ཟིན་ན། མགྲིན་པར་ཐིག་ལེའི་ས་དེར་ༀ་དཀར་པོ་བསམས་ལ་སྔར་ལྟར་བསྒོམ། དེ་བཞིན་དུ་མདུན་གྱི་འདབ་མ་ལ་ཨ་སྔོན་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་དམར་པོ། གཡོན་དུ་ར་ལྗང་ཁུ་ལ་རིམ་པས་བསྒོམ་པའམ། དུས་གཅིག་ཏུ་བསྒོམ་ཀྱང་རུང་སྟེ། འདུན་པ་བྱ་བ་དང་བླ་མ་ལ་གསོལ་བ་གདབ་པ་དང་རྣམ་རྟོག་གཞན་གྱིས་བར་མ་ཆོད་པ་གལ་ཆེའོ། །དེས་རྨི་ལམ་ཟིན་པར་འགྱུར་རོ། །གཉིས་པ་སྦྱང་བ་ནི། བསྒྱུར་བ་དང་། སྤེལ་བ་གཉིས་ལས། དང་ཐུན་གཉིས་སམ་མང་ཡང་ཉན།
པོ་ནི། རྨི་ལམ་བཟུང་བའི་འདུན་པའི་སྟེང་དུ། དོ་ནོད་རྨི་ལམ་དུ་ཤེས་པས་མི་ཕན་རང་ཡི་དམ་དུ་བསྒྱུར་དགོས་བསམ་པ་བྱ། དེས་བསྒྱུར་ན་རབ་ཡིན། གལ་ཏེ་མ་ནུས་ན་ཉིན་པར་དེ་ལྟར་དུ་བསྒྱུར་ལ་བསྒོམ། ཡང་ཉལ་ཁར་རྨི་ལམ་དུ་བསྒྱུར་བ་དང་ཉིན་པར་བསྒོམ་པ་ལ་ཁྱད་མེད་དོ། །དོ་ནོད་ཅིས་ཀྱང་བསྒྱུར་བར་བྱ་སྙམ་དུ་བྱས་པས་[42]འགྲུབ་པ་ཡིན། དེ་བཞིན་དུ་གྲུབ་ཙམ་ན་རྡོ་རྗེ་གདན་དུ་འགྲོ་བ་དང་། ཨུ་རྒྱན་དང་། ལྷ་ཡུལ་དང་། སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་སྔར་དང་ཁྱད་མེད་དེ། འདུན་པས་ཆོག་གོ་།གང་དུ་བསྒྱུར་ཡང་ཉིན་པར་གྱི་འདུན་པ་དང་བརྩོན་འགྲུས་གལ་ཆེ་བས་དེ་ལྟར་སྦྱང་ངོ་། །སྤེལ་བ་ནི་རྨི་ལམ་དུ་རང་ལྷར་བསྒྱུར་ནུས་ཙམ་ན། དེ་ལས་གཉིས་དང་གསུམ་དང་མང་པོ་སྤེལ་ལ་བསྒོམ། དེ་བཞིན་དུ་རྨི་ལམ་དུ་སྣང་བ་མི་ལ་སོགས་པ་གང་མཐོང་བ་དེ་ལྷར་བསྒྱུར་བར་བྱའོ། །དེ་གོམས་ནས། སངས་རྒྱས་ཀྱི་ཞིང་ལ་སློབ་ན། དང་པོ་ཞིང་འདི་ཉིན་པར་རྣམ་པར་སྣང་མཛད་ཀྱི་ཞིང་སྟུག་པོ་བཀོད་པའི་རྒྱན་དང་བཅས་པ་རང་གཞན་ཐམས་ཅད་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་བྱང་ཆུབ་སེམས་དཔའ་དང་བཅས་པར་བསྒོམ། ཉལ་ཁར་མགྲིན་པའི་དབུས་ཀྱི་ༀ་ལ་སེམས་གཏད་ལ་དོ་ནོད་ནི་རྣམ་པར་སྣང་མཛད་ཀྱི་ཞིང་བལྟ་བར་བྱའོ་སྙམ་པ་བྱ། །དེས་མ་ཟིན་པར་རྨི་ལམ་དང་མཚན་པ་བྱུང་ནས། ངོ་ཤེས་ན་རྨི་ལམ་རང་དུ་བསྒྱུར་བས་ཆོག །མ་ཤེས་ན་ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་པ་ལ་དེ་ལྟར་མ་ཤེས་པ་རེ་མ་ལེགས་སྙམ་པ་བྱས་ལ་དྲག་ཏུ་བསྒོམ། དེ་བཞིན་དུ་འདྲ་སྟེ། མངོན་དགའ་སྦྱོང་ན་ཨ་སྔོན་པ་ལ་དམིགས་པ་ལྟར་བསྒོམ། ནུ་སེར་པོས་ལྷོ་རིན་པོ་ཆེ་ཡོད་པ་དང་། ཏ་དམར་པོས་བདེ་བ་ཅན་དང་། ར་ལྗང་གུས་
ལས་རབ་གྲུབ་པའི་ཞིང་ཁམས་སྤྱོད་ལུགས་ཁྱད་མེད་ཉིན་གྱི་དམིགས་པ་བས་ཆོག་གོ །སྦྱང་བའོ། །གསུམ་པ་[43]ཡ་ང་སྤང་བ་ནི། རྨི་ལམ་དུ་མེ་དང་ཆུ་ཆེན་པོ་དང་། ངམ་གྲོག་དང་། རླུང་འཚུབ། ཤ་ཟ་སྲིན་པོ་དང་། ཁྱི་དང་དགྲ་ལ་སོགས་པ་བྱུང་ནས། དེ་ལ་སྐྲག་ཅིང་སྦྱོང་བའི་གེགས་བྱེད་ན་དང་པོར་རྨི་ལམ་གྱི་སེམས་སུ་ཆིག་ཆུས་སུ་ཁྱེར་སྙམ་དུ་བྱས་ལ་བསྲེའོ། །གཞན་ཡང་རང་གི་མགྲིན་པར་ཡི་གེ་རྣམས་བསྒོམ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོ་འཕྲུལ་ཡིན་ན་དེ་ལ་སུ་འཇིགས་སྙམ་དུ་བྱའོ། །དེས་ཀྱང་མ་སེལ་ནམ་གཉིད་པའི་དུས་སུ། རང་ལུས་མེས་[44]བསྲེགས་ལ་མེར་བསྒོམ་པ་དང་། ཆུར་བསྒོམ་པ་དང་། རླུང་ནང་དུ་རྔུབ་པས་ཕྱིའི་འཚུབ་མ་ཞི་བ་དང་། རྣམ་ཤེས་ཧཱུྃ་དུ་བྱས་པ་དྷཱུ་ཏི་དང་ནམ་མཁའ་ལ་འཕངས་པ་བྱས་ཀྱིན་བསྒོམ་པས་ཡང་བ་སེལ་ལོ། །ཟིན་ཁར་སད་པ་དང་། འཁྲུལ་པ་དང་། བརྗེད་པ་རྣམས་ལ་དང་པོ་ནས་འདུན་པས་མ་སད་པར་བྱ་སྙམ་པ་དང་། མ་འཁྲུལ་བར་བྱ་སྙམ་པ་དང་། མ་བརྗེད་པར་བྱ་སྙམ་པ་ཡང་ཡང་བྱ་དེས་ཆོག་གོ་།བཞི་པ་བོགས་དབྱུང་ཞིང་རྨི་ལམ་དེ་ཁོ་ན་དང་བསྲེ་བ་ནི། ཅི་བྱས་ཀྱང་མ་ཟིན་ན། སྔོན་དུ་ཚོགས་བསག །འཇིག་རྟེན་གྱི་ཞེན་པ་སྤང་། བླ་མ་ལ་གསོལ་བ་དྲག་ཏུ་གདབ། ཉིན་བར་གྱི་སྣང་བ་ཐམས་ཅད་རྨི་ལམ་དངོས་སུ་བལྟ། དེས་མི་ཟིན་ཁ་མེད་པ་ཡིན་ནོ། །སྦྱང་བ་དང་དེ་དང་འདྲ་སྟེ། གཏུམ་མོ་དང་སྒྱུ་ལུས་ལྷ་སྐུ་དང་སྦྱར་བ་དེ་ལ་བརྩོན་པ་གལ་ཆེའོ། །དེས་ཟིན་ནས་དེ་ཁོ་ན་ནི། རྨི་ལམ་ན་ཆོས་བཤད་ཀྱང་། རང་དང་གཞན་དང་སྒྲ་ཚིག་ཀྱང་མེད་དེ་འཁྲུལ་པ་ལ་སྣང་བར་ཟད། ཅེས་བདེན་མེད་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཁྱེར་ལ་ཉིན་པར་གྱི་སྒྱུ་ལུས་དང་འདྲེའམ་བལྟས་ལ་བསྒོམ་པར་བྱའོ། །
འདི་འོད་གསལ་གྱི་སྔོན་འགྲོ་ཡང་ཡིན་ནོ། །ད་ནི་འཕྲོས་བཤད་དེ། རྨི་ལམ་བསྒོམ་པ་ནི། བར་དོའི་སྔོན་དུ་འགྲོ་བར་གསུངས་པས། རྨི་ལམ་གྱི་ངོ་བོ་ཀུན་གཞིའི་སྟེང་ནས་ཡིད་གཅིག་པུ་ལངས་ཏེ། སྲོག་རླུང་དང་ལྷན་ཅིག་ལུས་ཀྱི་ནང་དུ་དེ་ལྟར་སྣ་ཚོགས་སྣང་བ་སྟེ། ལུས་ལས་ཤེས་པ་ཕྱིར་བུད་པ་ཡང་མེད། ཡུལ་བདེན་པ་ནང་དུ་འོངས་པ་ཡང་མེད་མོད་ཀྱི། སྒྱུ་ལུས་ཀྱང་དེ་ཁོ་ན་དང་འདྲ་བར་བལྟའོ། །འོ་ན་ཡུལ་སྣང་བའི་རྒྱུ་གང་ཞེ་ན། ལས་སྣ་ཚོགས་ཀྱི་བག་ཆགས་ཀུན་གཞི་ལ་གནས་པ་དེའི་གཟུགས་བརྙན་དེ་ལ་དེར་འཛིན་གྱིས་ཉེ་བར་རྟོག་པ་ན། དེ་ལྟར་ཡིད་ལ་ཨུཏྤལ་བྱེད་པ་ན་སྔོན་པོ་དང་། ལོ་མ་ལ་སོགས་པ་འཆར་ཏེ། འདི་ནི་ཨུཏྤ་ལའོ་ཞེས་ཞེན་པར་བྱེད་ཅིང་། ཤེས་པ་ལས་གཞན་དེར་མི་དམིགས་པ་དེ་དང་འདྲ་བ་ཉིད་དོ། །དེས་ན་ད་ལྟ་ཡང་བག་ཆགས་བརྟས་པས་ཚོགས་དྲུག་ཏུ་རགས་པར་སྣང་ཡང་། དོན་ལ་རྨི་ལམ་དང་འདྲ་བ་ཡིན་ནོ། །བར་དོ་ནི་དེ་ལས་ཁྱད་མེད་ཀྱང་། དེ་ཉིད་ཀྱི་སྐབས་སུ་བརྗོད་པར་བྱའོ། །དེས་ན་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་པས། ཀུན་རྫོབ་དེ་ལྟར་ཤེས་ནས་སྤེལ་སྦྱང་གོམས་པས། བར་དོ་དང་ད་ལྟ་ཡང་རྫུ་འཕྲུལ་ལ་སོགས་འགྲུབ་པར་བྱེད་པའི་ཕྱིར་ཡིན་གྱི་རྨི་ལམ་དུ་སྤྲུལ་བསྒྱུར་ནུས་པ་ཙམ་གྱིས་ང་རྒྱལ་མི་བྱའོ། །ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་དུ་བསྒོམས་པས་ཀྱང་འཕེལ་བར་འགྱུར་རོ་ཞེས་གསུངས་སོ། །ཆོས་ཀུན་རྨི་ལམ་ལྟ་བུ་སྟེ། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང་། །ཉོན་མོངས་རྒྱུ་དང་ལས་རྣམས་ཀུན། །ཚུལ་བཞིན་མ་ཡིན་ཡིད་ལ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །དག་པ་གང་ལའང་གནས་མིན་པ། །རྟོགས་པར་བྱ་ཕྱིར་རྒྱལ་བ་རྣམས། །ཆོས་ཀུན་
རྨི་ལམ་སྒྱུ་འདྲ་སྟོན། །དེ་ལྟར་རྟོགས་ཤིང་དབང་སྒྱུར་བ། །གཉིད་དང་རྨི་ལམ་ཆགས་པ་དང་། །ཐ་མལ་འཁྲུལ་པ་ཟད་ལས་འབྱུང་། །དེས་ན་སྐྱེས་བུ་དམ་པ་རྣམས། །ཞེན་མེད་རྨི་ལམ་སྒྱུ་མ་སྦྱངས། །ཟུང་འཇུག་མངོན་དུ་གྱུར་པར་མཛོད། །རྨི་ལམ་གྱི་གདམས་པ་རྫོགས་སོ།། ༈ །འོད་གསལ་གྱི་གནད་ནི། ལུས་གནད་རྨི་ལམ་དང་མཐུན། དུས་གཉིད་དང་ཉིན་པར་གཉིས་ཀའོ། །ཡུལ་སྙིང་ཁ་ཆོས་ཀྱི་འཁོར་ལོར། །དམིགས་པ་ནི་མ་ཟིན་པ་ཟིན་པ། ཟིན་པ་བརྟན་པ། བོགས་དབྱུང་བའོ། །དང་པོ་ནི་གཏུམ་མོ་དང་སྒྱུ་ལུས་རྨི་ལམ་ཟིན་པའི་སྐྱེས་བུས། གནད་དབེན་པར་བླ་མ་ལ་གསོལ་བ་གདབ། མཁའ་འགྲོ་ལ་ལ་གཏོར་མ་བཏང་། འོད་གསལ་བ་ཟིན་པར་བྱའོ། །སྙམ་པའི་འདུན་པ་བཏང་། རང་གི་སྙིང་པད་མ་འདབ་མ་བཞི་པར་བསྒོམས་པའི་དབུས་སུ། ཧཱུྃ་སྔོན་པོ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་བསམ། འདི་ལྟར་སྣང་བ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་སྣང་ལ་རང་བཞིན་མེད་པར་འདུག་སྙམ་དུ་ཡང་ཡང་བསྒོམ། དེས་ཟིན་ཀྱང་སྲིད། གཉིས་པ་ནི། དེ་ནས་ནུབ་མོའི་གཉིད་འོད་གསལ་དུ་གཞུག་པ་ནི། ཉལ་ཁར་སྙིང་ཁའི་ཧཱུྃ་ལས་འོད་འཕྲོས། བརྟན་གཡོ་སྣོད་བཅུད་ཐམས་ཅད་ལུས་ལ་བསྡུ། དེ་ཡང་ཧཱུྃ་ལ་བསྡུ། དེ་ཡང་འོད་ཀྱི་རྣམ་པའི་ཐིག་ལེ་སྲན་མ་[45]ཙམ་དུ་བསམས་ལ་གཉིད་ལོག་པས། ད་ལྟའི་སྣང་བ་ནུབ་རྨི་ལམ་གྱི་སྣང་བ་མ་ཤར་བའི་བར་དེར། གསལ་ལ་རྟོག་མེད་གཉིད་འཐུག་པོ་རང་ཡང་མ་ཡིན་པ་བུམ་ནང་གི་མར་མེ་ལྟ་བུ་འབྱུང་། དེ་ངོ་ཤེས་པར་བྱ། གྲོགས་ལ་སོགས་པས་བསླངས་ལ་ཟིན་ནམ་ལྟ། ཟིན་ན་བདེ་སྟོང་དང་གསལ་སྟོང་འདྲེས་པ་འབྱུང་བ་ཡིན་ནོ།[46] །ཉིན་པར་སྒོམ་པ་ནི། ལུས་གནད་གཏུམ་མོ་ལྟ་བུའམ་གང་བདེ་བྱས།
ལྟ་སྟངས་སྨིན་མཚམས་ཀྱི་མཛོད་སྤུའམ་ནམ་མཁར་གཏད་ལ། རྣམ་པར་མི་རྟོག་པ་བསྒོམ། དེ་ལ་མི་གནས་ན། ནམ་མཁར་ཧཱུྃ་བསྒོམ་དེ་ལས་འོད་འཕྲོས་ཐམས་ཅད་བསྡུས་ལ་གསལ་སྟོང་དུ་བཞག །རྟོག་པ་ཐམས་ཅད་ངོ་ཤེས་པར་བྱས་ལ་གསལ་སྟོང་དུ་བསྡུས་ཀྱིན་བསྒོམ། དེས་ཉིན་པར་དང་མཚན་མོ་ཐམས་ཅད་གསལ་སྟོང་དང་བདེ་སྟོང་དུ་འདྲེ་བར་བསྟན་པ་ཡིན་ནོ། །བོགས་[47]དབྱུང་བ་ནི་རྨི་ལམ་གྱི་སྣང་བས་སྐྱེད་ན་སྔར་རྨི་ལམ་ཟིན་པས་རྨི་ལམ་དུ་ཤེས་པའི་ཚེ། རྨི་ལམ་དེ་ཉིད་ཏུ་སྔར་ལྟར་བསྒོམས་པས། གསལ་ལ་རྟོག་མེད་དུ་ཟིན་པར་འགྱུར། དེས་ཀྱང་མ་ཟིན་ན། སྨིན་མཚམས་སུ་རུས་པ་གྲུ་གསུམ་གྱི་ནང་དུ་ཐིག་ལེ་སྔོན་པོ་སྣང་ལ་རང་བཞིན་མེད་པ་ལ་སེམས་བཟུང་བའམ། ཡང་ན་སྙིང་གར་འོད་ཀྱི་གའུ་འོད་ལྔ་དང་ལྡན་པ་བསམས་ལ་གཉིད་ཅེས་གསུང་ངོ་། །དེས་རྣམ་རྟོག་ཐམས་ཅད་གསལ་ཡང་སྟོང་པར་འཆར་བའམ་བདེ་སྟོང་འདྲེས་པ་འབྱུང་ངོ་།[48] །ད་ནི་འཕྲོས་བརྗོད་དེ། སློབ་དཔོན་ཆེན་པོ་ལྭ་བ་པས། ལོ་ནི་བཅུ་གཉིས་བར་དག་ཏུ། །འོད་གསལ་བ་ལ་གཉིད་ལོག་པས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། །ཅེས་འབྱུང་བ་དང་། གཉིད་[49]ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ །ཅེས་པས། སྤྱིར་འོད་གསལ་གྱི་གོ་བ་ནི། གཉིད་འཐུག་པོ་ལ་སོགས་རྟོག་པ་ཀུན་གཞིའི་སྟེང་དུ་སོང་བ་དེ་རང་དང་འདྲ་ཡང་། དེ་ལ་མ་རིག་པ་དང་ལྷན་ཅིག་ཡིན་པས་གོལ་སར་འགྱུར་ལ། འདིར་དྲན་པས་དབང་བསྒྱུར་ནས་གཟུགས་སྒྲ་ལ་སོགས་ཀྱི་རྣམ་པ་ལམ་མེ་འདུག་ཀྱང་། རྟོག་དཔྱོད་ཀྱིས་མ་བསླད་པ། རྟོག་པ་མི་འགྱུར་ཡང་རྣམ་པ་ཐམས་ཅད་ཤེལ་སྒོང་ལག་མཐིལ་དུ་བཞག་པ་ལྟ་བུ་གཅིག་འབྱུང་སྟེ། དེ་ལམ་དུ་འགྲོ་བ་ཡོན་ཏེ། གཉིད་དང་རྨི་ལམ་མཚམས་ཤེད་ན། གཏི་མུག་ཆོས་
སྐུའི་ངོ་བོ་ཅན། །ཞེས་པ་དང་། གཞིའི་འོད་གསལ་བར་དོར་འབྱུང་བ་ལ་ཁྱད་མེད་ངོ་ཤེས་ཀྱིས་དྲན་པས་ཟིན་ན་ལམ་གྱི་འོད་གསལ་ཡིན། མེ་ལོང་[50]ལྟ་བུར་གྱུར་པ་འབྲས་བུའི་འོད་གསལ་དུ་ངེས་སོ། །རྟོགས་པའི་ཤེས་རབ་ཀྱིས་ཟིན་ཅིང་། བསམ་གཏན་བཞི་པ་དང་འབྲེལ་པ། །དེ་ཚེ་མེ་ལོང་དག་པའི་དཔེར། །རྣམ་པ་ཀུན་སྣང་རྟོག་པ་མེད། །ལམ་གྱི་འོད་གསལ་ཞེས་ཀྱང་བྱ། །མཉམ་རྗེས་མེད་ཅིང་དེར་འཛིན་བྲལ། །ཇི་ལྟ་ཇི་སྙེད་མཉམ་པ་ཉིད། །ནམ་མཁའ་ལྟར་གྱུར་བདེ་གཤེགས་ཐུགས། །འབྲས་བུའི་འོད་གསལ་རྟོགས་པར་མཛོད། འོད་གསལ་པ་རྫོགས་སོ།། ༈ །།བར་དོ་ལམ་དུ་འཁྱེར་བ་ལ་གཉིས་ཏེ། ཉམས་ལེན་དང་། གོ་བར་བྱ་བའོ། །དང་པོ་ནི་གཞུང་ལས་འབྱུང་བ་ལྟར་འཆི་བའི་རྟགས་རྫོགས་ནས། ཉམས་སུ་བླང་བ་ལ་གསུམ། རབ་བར་དོ་འོད་གསལ་ངོས་བཟུང་། འབྲིང་སྒྱུ་ལུས་ལ་རྩལ་སྦྱང་། ཐ་མ་མངལ་གྱི་སྒོ་དགག་ཅིང་གདམས་པའོ། །དང་པོ་ནི་འོག་ནས་བཤད་པ་ལྟར་འཆི་ཁར། སྔར་འོད་གསལ་ཉིན་མཚན་འབྲེལ་པ་ཡོད་ན། དེ་ཉིད་ལ་ངན་པ་གཏད་ནས་གཞིའི་འོད་གསལ་ཤེས་པར་བྱའོ། །སྙམ་པའི་དྲན་པས་ཟིན་པར་བྱ། རྟགས་རྣམས་རྫོགས་པའི་རྗེས་ལ་འདིའི་སྣང་བ་ནུབ། བར་དོའི་སྣང་བ་མ་ཤར་བའི་བར་དེར། འོད་གསལ་འཆར་ཏེ། དེ་ལ་ཇི་ལྟར་སྡོད་པའི་དབང་ཡོད་པས། །འོད་གསལ་བ་ལ་རྒྱུན་བར་གནས། །བར་དོའི་གྲོང་ཁྱེར་དེ་ལ་མེད། །ཅེས་བཤད་པ་ཡིན། དེའི་ངང་ལས་ཟུང་འཇུག་གི་ལུས་སུ་ལངས་ནས་སེམས་ཅན་གྱི་དོན་བྱེད་པ་ནི། ཐེག་ཆེན་གྱི་ཁྱད་པར་ཡིན་ལ། ཁམས་གསུམ་སྤང་བྱའི་རྟོག་པ་ཐམས་ཅད་བཅད་ནས་དེ་ཉིད་དུ་ཞི་བ་ནི་བར་དོར་དགྲ་བཅོམ་ཐོབ་པ་དེ་དང་དགོངས་པ་གཅིག་པར་འདུག །སྙིང་རྗེས་ཟུང་འཇུག་གི་སྐུར་ལངས་ལ་འགྲོ་
དོན་བྱ་བ་ནི་ཁྱད་པར་གྱི་གདམས་པ་ཡིན། དེ་ལྟར་འོད་གསལ་ལ་བརྟེན་ན་བར་དོ་དང་པོའི་སྣང་བ་ཤར་ཀྱང་དེ་ཉིད་དུ་འོད་གསལ་བསྒོམས་པ་ལྟར་སྦྱངས་ན། དག་པའི་བར་དོ་མངོན་དུ་འགྱུར་བ་ཡིན། །བར་དོ་གཉིས་པ་ནི། ད་ལྟར་རྨི་ལམ་སྒྱུ་ལུས་འབྱོངས་པ་གཅིག་གིས་ཟིན་ཏེ། འཆི་ཁར་བར་དོ་ལ་བར་དོར་ངོ་ཤེས་པ་བྱས་ལ་སྒྱུ་མ་ལྟ་བུར་སྦྱངས་ཏེ་བསྒོམ་དགོས་སྙམ་པ་བྱ་བ་གལ་ཆེ། དེ་ནས་བར་དོའི་སྣང་བ་ཤར་བའི་ཚེ། བར་དོར་ཤེས་པ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ངེས་ཤེས་བསྐྱེད་ལ་རྨི་ལམ་གྱི་བསྒྱུར་སྦྱང་སྤེལ་སྦྱང་ལྟར་བསྒོམས་པས། སངས་རྒྱས་ཀྱི་ཞིང་དང་དགའ་ལྡན་ལ་སོགས་པར་འགྲོ་བ་ལ་ཚེགས་མེད་པ་ཡིན་ནོ། །བར་དོ་གསུམ་པ་ནི། ད་ལྟར་གོང་གི་ཡོན་ཏན་དེ་རྣམས་མེད་ཀྱང་། ཚུལ་ཁྲིམས་རྣམ་པར་དག་པའམ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་ཐོབ་པའམ། གཏུམ་མོའི་དྲོད་བདེ་གསལ་ཙམ་ཟིན་པའམ། བསྐྱེད་རིམ་ཅུང་ཟད་བརྟན་པ་ཞིག་གིས་འགྲུབ་པས། འཆི་ཁའི་མཚམས་སྦྱོར་ནི་འཕོ་བ་ལ་སོགས་པ་གལ་ཆེ་སྟེ། བར་དོའི་དང་པོ་སྲིད་པ་དེར་འབྱུང་བས་སོ། །དངོས་གཞི་ནི། བར་དོར་ཞག་ཕྱེད་དང་བཞི་ཕན་ཆད་སྔར་གྱི་རྟོག་པ་དང་འབྲེས་ལ། དེ་ཕྱིན་ཆད་ཕྱི་མ་ཁོ་ནའི་སྣང་བ་འབྱུང་ཞེས་པས་གང་ལྟར་ཡང་བར་དོ་དེས་གང་དུ་སྐྱེ་བ་ཤེས་ཤིང་། ཁྱད་པར་དུ་ཕོ་རུ་སྐྱེས་ན་མོ་ལ་ཆགས་པ་དང་། མོ་རུ་སྐྱེ་ན་ཕོ་ལ་ཆགས་པ་འབྱུང་བས། སྐབས་འདིར་གོང་གི་ཉམས་མྱོང་དྲན་ནས་སྔོན་ཡང་འདི་འདྲས་འཁོར་བར་འཁྱམས་ཏེ་ད་ནི་འདིའི་དབང་དུ་མ་སོང་བར་བྱ་སྙམ་པས་ཆགས་སྡང་གི་རྟོག་པ་བཟློག་ནུས་ཙམ་ན་མངལ་འགག །དེ་ནས་བར་དོ་དེ་ཉིད་དུ་སྔར་གྱི་ཉམས་ལེན་སྦྱང་ཞེས་གསུངས་ཏེ། འདི་ལ་གཞུང་ནས། ཕྱི་མའི་ཕ་མ་བར་དོར་མཐོང་ཙམ་ན། བླ་མ་ལ་སྔར་མོས་པ་ཐོབ་
ན་བླ་མ་ཡབ་ཡུམ་གྱིས་བདག་ལ་དབང་བསྐུར་བ་ཡིན་བསམ་པ་བྱ། ལུས་ངག་ཡིད་གསུམ་བླ་མ་ལ་འབུལ། ཆགས་སྡང་གི་སེམས་དགག་གོ་གསུང་། བསྐྱེད་རིམ་བརྟན་པས། ལམ་དེ་ཡི་དམ་ཡབ་ཡུམ་དུ་བསྒོམ་གསུང་ངོ་། །དེ་ནི་འཇུག་ཡུལ་དགག་པ་ཡིན་ནོ། །འཇུག་མཁན་དགག་པ་ནི། རང་སེམས་ཧཱུྃ་དུ་བསྒོམ་པ་དང་། ལྷར་བསྒོམ་པ་དང་། གཏུམ་མོ་ལྟ་བུའི་ཉམས་མྱོང་ལ་གཏད་པ་དང་། ཚུལ་ཁྲིམས་ཀྱི་གཉེན་པོ་བསྐྱེད་པ་ཁོ་ནའོ། །འདི་རྣམས་ནི་གནད་གསུམ་དང་ལྡན་དགོས་ཏེ། འཆི་ཁར་སྔར་གྱི་ཉམས་མྱོང་གསལ་བ། བར་དོར་ངོ་ཤེས་དུས་སུ་འདུན་པ་དྲག་པ། གདམས་པ་ད་ལྟར་ལ་ལོར་མ་བཞག་པར་ཤིན་ཏུ་བྱང་བ་ཞིག་དགོས་པ་ཡིན་ནོ། །འདི་དང་ལྡན་ན་འཆི་བ་ཉིད་ལམ་གྱི་གྲོགས་སུ་འགྲོ་བས་མཚམས་སྦྱོར་རྣམ་པར་དག་གོ །ཡན་ལག་དང་ཕྱི་མ་དང་མཚམས་སྦྱར་བའོ། །ད་ནི་གོ་བར་བྱ་བའི་འཕྲོས་བརྗོད་དེ། བཀའ་དཔེ་ལས། ལུས་ཅན་རྣམས་ནི་འཆི་བ་ན། །སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡིས། །རང་བཞིན་གྱིས་ནི་འོད་གསལ་འཆར། །ཞེས་འབྱུང་བ་ནི། ད་ལྟར་མིའི་འགྲོ་བ་ཕལ་གྱི་འབྱུང་ལུགས་ཏེ། སྣང་བ་ཐིམ་པ་ནི། གཟུགས་ཐིམ་པས་མིག་མི་གསལ། སྒྲ་ཐིམ་ནས་རྣ་བས་གཞན་གྱི་སྒྲ་མི་ཐོས། དྲི་ཐིམ་ནས་སྣ་བལ་གྱིས་བཀག་པ་བཞིན་འགྲོ། རོ་ཐིམ་ནས་ལྕེས་ཟས་ཀྱི་རོ་མི་མྱོང་། རེག་བྱ་ཐིམ་ནས་ལུས་ཀྱི་རེག་པ་བརྟུལ་དུ་འགྲོ། ཆོས་ཐིམ་ནས་འཁོར་བའི་ཆོས་མི་གསལ་དུ་འགྲོའོ། །རགས་པ་ཐིམ་པས། སུ་ཆུ་ལ་ཐིམ་པས་ལུས་ཀྱིས་ཟུངས་མི་ཐུབ། ཆུ་མེ་ལ་ཐིམ་པས་ཁ་སྣའི་ཆུ་ཕྱིར་བྱུང་ནས་སྐམ། མེ་རླུང་ལ་ཐིམ་ནས་དྲོད་མཐའ་ནས་ཡལ་ཏེ། ངན་སོང་དུ་འགྲོ་ན་དྲོད་ར་ར་འཆད། མཐོ་རིས་སུ་འགྲོ་ན་དྲོད་ཡར་འཆད་གསུངས་ཏེ། ཅི་རིགས་སུ་
འགྱུར། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་དབུགས་ཆད། ནང་དབུགས་ཅུང་ཟད་མི་འཆད་དེ། ཕྲ་བ་དང་རྟོག་པ་ཐིམ་ལུགས་ནི། སྣང་བ་ཐིམ་པའི་ཚེ། ཐོག་མར་ཕྱི་རྟགས་སྣང་བ་སྔར་དང་མི་འདྲ་བར་མཐོང་བ་དང་། ནང་རྟགས་ཤེས་དུ་བ་ལྟར་བན་བུན་ལང་ལང་དུ་འཆར་ཞིང་། དེ་ནས་ཕྱི་རྟགས་ཟླ་བ་ཤར་བ་ལྟར་དཀར་ལམ་པ་འབྱུང་། ནང་རྟགས་ཤེས་པ་སྨིག་སྒྱུ་ལྟར་གཡོ་བ་འབྱུང་སྟེ་འདིའི་དུས་ཕལ་གྱིས་རང་ཉིད་འཆི་བར་ངེས་པ་འབྱུང་ཞིང་། དེའི་འོག་ཏུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སུམ་ཅུ་སོ་གསུམ་འགག་གོ །མཆེད་པ་ཐིམ་པས། ཕྱི་རྟགས་ཉི་མ་ཤར་བ་ལྟར་དམར་ལམ་གྱིས་འགྲོ། ནང་རྟགས་ཤེས་པ་སྲིན་བུ་མེ་ཁྱེར་ལྟར་རེས་གསལ་རེས་མི་གསལ། འདིའི་དུས་ན། མདོ་རྣམས་ནས་ཕྱི་མའི་སྲིད་པའི་ས་བོན་འཇོག་པར་གསུངས་ཏེ། སེམས་ཀྱིས་སྔར་གྱི་ལས་གང་བྱས་པ་དེའི་ཤུགས་ཀྱིས་རིགས་དྲུག་སོ་སོའི་སྣང་བའི་བྱེ་བྲག་ཡུད་ཙམ་འབྱུང་སྟེ། འདི་ས་བོན་བཏབ་པ་དང་འདྲ་བས། འདིར་མཚམས་སྦྱོར་གལ་ཆེ་བར་ཤེས་སོ། །རྒྱུད་ལས་ཀྱང་། རྣལ་འབྱོར་པ་རྣམས་འཕོ་ཚེ་དཔལ། །ཁྲག་འཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་ཀྱིས། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་འབྱུང་ངོ་། །སྡིག་ཅན་ལ་གཤིན་རྗེའི་ཕོ་ཉ་འབྱུང་སྟེ། དེའི་འོག་ཏུ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་གོ་།ཐོབ་པ་འོད་གསལ་ལ་ཐིམ་པས། ཕྱི་རྟགས་སྒྲ་གཅན་མུན་ནག་ལྟ་བུའི་ནག་འུབ་པའི་སྣང་བ་འབྱུང་། ནང་རྟགས་མར་མེ་ལྟར་གསལ་སངས་པ་འབྱུང་། དེའི་དུས་སུ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ཐིམ་པར་འགྱུར་ཏེ། དེ་ལྟར་རྟོག་པ་ཀུན་གཞིའི་སྟེང་དུ་བསྡུས་ཤིང་། ནམ་མཁའ་ལྟར་གྱུར་ནས། ཡུལ་དྲུག །དབང་པོ་དྲུག །རྣམ་
ཤེས་དྲུག། འབྱུང་བ་ལྔ་བསྡུས་པའི་སྐད་ཅིག་ལ། དབུ་མའི་ཡར་སྣའི་ཐིག་ལེ་དཀར་བ་དང་། མར་སྣའི་དམར་བ་གཉིས་སྲོག་གི་རླུང་ཆེན་པོ་དང་། རྣམ་པར་ཤེས་པ་ཡུད་ཙམ་འདུས་པའི་ཚེ། འོད་གསལ་བ་གཞིའི་ཆོས་སྐུ་སྐད་ཅིག་འབྱུང་ངོ་། །དེ་ཡང་མ་རིག་པའི་དབང་གིས་ངོ་མི་ཤེས་ཏེ། རྣམ་པར་ཤེས་པ་འཕོས་ནས་བར་དོ་འབྱུང་ངོ་། །སྔར་གྱི་སྲིད་པ་འཇོག་ལུགས་ནི། འདིར་དམྱལ་བར་འགྲོ་བའི་སེམས་ཅན་རྣམས་ནི། སྔར་མི་དགེ་བ་བཅུ་གོམས་དྲག་པས། དེར་ཡང་དེ་ཉིད་ཀྱི་སྣང་བ་འཆར་ཏེ། རང་གི་སྣང་བའི་སྟོང་གཟུགས་སྡུད་པ་སྣང་བ་ལ། འཆར་ལུགས་གཉིས་འབྱུང་སྟེ། སྡིག་ཤས་ཆེ་བ། མནར་མེད་ལ་སོགས་པར་འགྲོ་བ་ནི། གཤིན་རྗེའི་སྐྱེས་བུ་ལ་སོགས་པར་སྣང་ཞིང་། རང་གི་ཁྲག་དང་མཁྲིས་པ་ལུས་ལ་རླུང་གིས་གཏོར་ནས་མིག་ཁྲག་ལྟ་བུའམ་སེར་པོར་འགྱུར། ལུས་ཚ་བས་གདུང་བས་འགྱུར། སྲོག་ལ་ཆགས་པ་ཞིན་འཆི་བས། གནད་གཅོད་དག་པོ་འབྱུང་སྟེ། དེས་སྣང་བ་ཡང་། མེ་འབར་བ་དང་མཚོན་ཆ་ལ་སོགས་པ་དང་། རླུང་སྒྲ་ཡང་ལོག་པར་འགྱུར་བས། དེ་ཉིད་དང་འགྲོགས་ཏེ་ཤི་ནས་རྣམ་ཤེས་འཕོས་པའི་སྐད་ཅིག་ལ་ཅུང་ཟད་ཅིག་བདེ་བར་གྱུར་ཏེ་བལྟས་པས་སྣང་བ་ལ་ནགས་མེ་དང་། ཆུ་ལ་སོགས་པ་མཐོང་སྟེ། དེ་འདོད་དེ་ཕྱིན་པ་ན་སླར་ཡང་ལས་ཀྱི་སྣང་བ་ལ་སྔར་གྱི་གཤིན་རྗེ་དག་འོངས་ནས་ལོག་པར་བྱེད་པ་སྣང་བར་བཤད་དོ། །དེ་བས། ལས་ཆུང་བ་ནི། འཆི་ཁར་སྣང་བ་ལ་དམྱལ་བའི་གནས་མཚོན་གྱི་ནགས་ཚལ་སྔོན་པོ་དང་། རི་སྤང་གཤོང་དང་། སེམས་ཅན་གཅིག་གིས་གཅིག་བསད་ནས་ཤ་ཟ་བ་དང་། ས་ཕྱོགས་ཁྲག་གིས་གཏོར་བ་དག་སྣང་ནས། སྔར་སྲོག་གཅོད་གོམས་པའི་དབང་གིས། ཀྱེ་མ་བདག་ཀྱང་འདིར་འགྲོ་བར་བྱའོ་སྙམ་པ་འབྱུང་སྟེ། འདི་ནི་སྣང་བ་སྟོབས་ཆེ་བ་ཡིན་
ལ་སྔ་མ་ནི་ལས་སྦྱིན་པ་དེ་སྟོབས་ཆེ་བ་ཡིན་ནོ། །རྒྱ་ཆེ་བར་ནི་དྲན་པ་ཉེར་བཞག་ཏུ་ཡོད་དོ། །ཡི་དྭགས་སུ་འགྲོ་བ་ཡང་། སེར་སྣ་ཤས་ཆེ་བའི་སྲེད་པ་ཉིད་སྐྱེའོ། །དུད་འགྲོར་འགྲོ་བ་ཡང་དུད་འགྲོ་དེ་དང་དེ་དག་ལ་དགའ་བ་ཆགས་པའི་སེམས་སམ། ཡང་ན་ཅི་ཡང་མི་དྲན་པར་རྨུགས་ཏེ་འཆི་བ་ཉིད་དོ། །མིར་སྐྱེ་བ་རྣམས་ནི་མི་ཉིད་ཤིན་ཏུ་ཆགས་པ་དང་བཅས་པའི་སྣང་བ་དང་། ངེས་པ་ཕལ་ཆེར་འཇུག་པར་བཤད་དོ། །ལྷ་མ་ཡིན་ཀྱང་ལྷ་དང་ཕྱོགས་མཐུན་ཀྱང་ཅུང་ཟད་ང་རྒྱལ་དང་བཅས་པར་འགྱུར་བ་དང་། ནག་ཕྱོགས་ལ་འཆི་བར་བཤད་དོ། །ལྷར་འགྲོ་བ་དང་བདེ་འགྲོ་འདི་རྣམས་ཀྱི་སྲིད་པ་ཡང་འདི་ལྟར་བཤད་དེ། གང་དུ་སྐྱེ་བའི་གནས་ན་ཕུན་སུམ་ཚོགས་པའི་ཡོ་བྱད་དང་ལྷ་དང་ལྷ་མོ་རྣམས་ཁྲི་ལ་འདུག་པ་མཐོང་ཞིང་། དེར་དགའ་བའི་སེམས་སྐྱེ་སྟེ། སྔར་གྱི་ལེགས་པར་བྱས་པ་རྣམས་དྲན་ཅིང་འགྱོད་པ་མེད་པར་འཆི་བ་དང་། ལྷ་དང་བླ་མ་ལ་སོགས་པ་རྐྱེན་བཟང་པོ་འཚོགས་ཤིང་དེ་ཉིད་ཀྱིས་སྲིད་པའི་ས་བོན་འཇོག་སྟེ་དུས་ཀྱང་ཕལ་ཆེར་དཀར་ཕྱོགས་དང་ཉི་མ་གསལ་བ་ལ་འཆི་བར་བཤད་དོ། །དེ་ལྟར་སྣང་བའི་རྒྱུ་ནི་སེམས་ལ་དགེ་བ་དང་། མི་དགེ་བ་སྔར་བྱས་པའི་བག་ཆགས་ཀྱི་ས་བོན་ཡོད་པ་དེ། ལུས་ལ་རྩ་བ་དང་ཡན་ལག་གི་རླུང་གནས་པ་གཡོ་བས། དུ་བ་དང་སྨིག་རྒྱུ་ལ་སོགས་པའི་རྟགས་འབྱུང་བ་དེས་རྐྱེན་བྱས་པས་ལྡང་ཞིང་སྣང་བ་དང་། རླུང་གིས་སྟོང་པའི་སྒྲ་རྣམས་ཐ་དད་དུ་སྣང་བ་ཉིད་དོ། །དེ་ནས་རེས་ཤིག་འོད་གསལ་ལ་ཞུགས་ནས། བར་དོ་འཆར་ཏེ། འོད་གསལ་ད་ལྟ་གོམས་ཤས་མེད་པ་རྣམས་དེ། དཔེར་ན་སྲང་ཁའི་མཐོ་དམན་བཞིན། འདི་ནུབ་མ་ཐག་ཏུ་བར་དོ་འབྱུང་བར་བཤད་དོ། །གཟུགས་ཁམས་སུ་འགྲོ་བ་དག་ནི། འདིར་བསམ་གཏན་གོམས་པའི་མཐུས། དེ་ཉིད་ལ་གནས་པ་ན། བསམ་གཏན་གྱི་ཉེར་སྡོགས་
ལས། གཟུགས་ཀྱི་ཁམས་དེར་སྣང་བ་ཉིད་དེ་འདི་རྣམས་ལ་བར་དོ་ཡུན་རིང་པོ་མེད་དོ། །གཟུགས་མེད་ནི། གང་ཤི་བ་དེ་ཉིད་དུ་སྔར་ནམ་མཁའ་མཐའ་ཡས་ལ་སོགས་པ་བཞི་པོ་གང་གོམས་པ་དེ་ཉིད་ཀྱི་སྟེང་དུ་འགྲོ་བས། ས་བོན་ཐམས་ཅད་པ་མ་ཡིན་པ། རྟོག་པ་གཞན་འགག་པ་སྟེ་བར་དོ་གཞན་ནི་མེད་དོ། །རྒྱུད་ལས། སྟེང་ནས་གཟུགས་མེད་རྣམས་སུ་སྟེ། །ཞེས་པ་འབྱུང་བ་ནི། ལུས་ཀྱི་གནས་ལ་སྲིད་གསུམ་སྦྱར་བའི་དབང་དུ་བྱས་ཀྱིས། དེར་འཕོས་ཏེ་འགྲོ་བ་མ་ཡིན་པར་སེམས་སོ། །ད་ནི་བར་དོ་ཉིད་བཤད་དོ། །འདོད་པའི་ཁམས་ཀྱི་ལྷ་དྲུག་དང་། །མི་དང་། ལྷ་མ་ཡིན་དང་། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་རྣམས་ལ། ཕལ་ཆེར་ཞག་བདུན་ཏེ། འགའ་ཞིག་དེ་བས་ཡུན་རིང་བ་ཡང་བཤད་དེ། བདུན་ཕྲག་བདུན་ལ་སོགས་པ་འཆད་ཀྱང་དེ་ནི་ཉུང་ངོ་། །བར་དོ་དེ་ནི། སྔོན་བྱུང་སྲིད་དུས་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་འབྱུང་བ་དེ་ཉིད་དེ། མདོ་ལས། དཔེར་ན་སྐྱེས་བུ་ལུས་སྟོབས་དང་ལྡན་པ། གཡུལ་ངོར་རྟ་ལ་ལྷུང་ན་མྱུར་བར་རྟ་དེ་ལ་འཛེགས་པ་ལྟར། སྐྱེ་བའི་འདུན་པ་ལ་ཕྱོགས་པས་མྱུར་དུ་ལེན་པ་དང་སྲིད་པ་སྦྱོར་བར་བཤད་དོ། །དེ་ལྟར་ན་ཞག་བདུན་ཅིའི་ཕྱིར་འགོར་ཞེ་ན། བར་དོ་དང་པོ་ཤར་བ་ན། རྨི་ལམ་ལྟར་སྣང་སྟེ། ཡིད་ཀྱི་ལུས་དེ་ནི། དཔེར་ན་ཆུ་ནང་གི་གཟུགས་བརྙན་ལྟ་བུ་དབང་པོ་དང་ལྡན་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པས་བསྡུས་ཀྱི་འབྱུང་བ་བཞི་ནི་མེད་དོ། །དེའི་ཚེ་ཤི་བའི་རོ་ཡང་མཐོང་ལ། ཤི་བར་ཡང་ཤེས་ཏེ་རང་ལ་ཡང་ལུས་གཅིག་ཡོད་པར་སེམས་པ་འབྱུང་ཞིང་། ཀྱེ་མ་གར་སྐྱེ་བ་ཞིག་སྙམ་པ་ན་སྔར་ལྷར་སྲེད་
པ་བཞག་པ་ནི་ལྷ་ཕོ་མོ་མཐོང་ཞིང་། ལྷ་གནས་ཀྱང་མཐོང་དེར་སྐྱེ་བ་ཡང་ཤེས་པས་ཡིད་དགའ་བར་འགྱུར་ཏེ། རྒྱུ་དེས་རོ་ཡང་། མིག་ཟིམ་བུར་ལྟ་བུར་ལྟ་བ་འདྲ་བ་དང་། མཉེན་པ་དང་། ཁ་དོག་གསལ་བ་དང་དྲི་ཞིམ་པར་འགྱུར་རོ། །འདི་རྣམས་ཕལ་ཆེར་རྫུས་སྐྱེས་ཡིན་པས་ཞག་བདུན་པ་ལ་སྐྱེ་བ་འགྲུབ་པར་གསུངས་སོ། །ལྷ་མ་ཡིན་ཀྱང་ཕྱོགས་མཐུན་པའོ། །དེ་བཞིན་དུ་ལྷ་དང་ལྷ་མ་ཡིན་ལ་མངལ་སྐྱེས་དང་། མི་རྣམས་ནི། ཕ་མའི་འདུ་བའི་རྐྱེན་མཐོང་ནས་དེ་ལ་ཆགས་པ་དང་བཅས་པས་མངལ་དུ་འཇུག་སྟེ། འཇུག་ཁ་དེར་སྣང་བ་ནི་ཐ་དད་པ་དུ་མ་འབྱུང་སྟེ། ལས་དག་པ་རྣམས་ལ་ནི་ཁང་བཟང་ལ་སོགས་པའི་སྣང་བ་དང་། འགའ་ཞིག་ལ་འཁྲིག་པའི་འདུ་ཤེས་དང་། ཁ་ཅིག་ལ་སྐྱབས་སུ་རེ་ནས་དེའི་ཐུ་བར་འཛུལ་བ་དང་། དུད་འགྲོ་ལ་སོགས་ཁ་ཅིག་ལ། ཁ་པ་དང་། རླུང་དང་། ཆར་གྱིས་བདས་པ་དང་། དེ་རྣམས་ལ་ཡིབས་པའི་གནས་བཙལ་བ་ལ་སོགས་པའི་སྣང་བ་འབྱུང་ངོ་། །དམྱལ་བ་དང་ཡི་དྭགས་ཕལ་ཆེར་ནི། བར་དོ་དེ་ཡི་སྣང་ལ་གཤིན་རྗེའི་སྐྱེས་བུས་ཁྲིད་དེ། ལས་སོ་སོ་ལ་གཤིན་རྗེའི་རྒྱལ་པོས་ལུང་བསྟན་ནས་ཉམ་ཐག་པར་འགྱུར་བཞིན་ཉིང་མཚམས་སྦྱོར་བར་བྱེད་དོ། །འདི་རྣམས་ཀྱིའནག་ཕལ་ཆེར་ཞག་བདུན་ན་རྫུས་ཏེ་སྐྱེའོ། །དེ་བཞིན་སྐྱེ་གནས་གཞན་དག་ཀྱང་ཡོད་མོད་ཀྱིས་འདིར་མ་སྨོས་ཏེ། མངལ་སྐྱེས་རྣམས་ནི་མངལ་དུ་ཞུགས་ཟིན་པ་ནས་བར་དོ་མ་ཡིན་མོད་ཀྱི། ལྷ་ཕྲེང་ཐོགས་རྣམས་ནི་མངལ་དང་བཅས་པའི་ཞག་བདུན་དུའང་གསུངས་སོ། །བར་དོ་དེའི་གཟུགས་ནི། ཐམས་ཅད་མཁྱེན་པས་གཟིགས་པ་ན། །གང་དུ་སྐྱེ་བ་དེའི་རྣམ་པ་ཅན། །མཐོ་རིས་སུ་འགྲོ་བ་ནི་མགོ་གྱེན་དུ་བསྟན་པ་དང་། ངན་འགྲོ་ཐུར་དུ་བསྟན་པ་ཁ་དོག་ཐ་དད་པ་ཡིན་ནོ། །གཟུགས་ཁམས་དང་། གཟུགས་མེད་དང་།
མནར་མེད་ནི་སྔར་བཤད་པ་ཉིད་དོ། །འདི་རྣམས་ནི་རྒྱུད་དང་མདོ་དུ་མ་ནས་ཐམས་ཅད་མཁྱེན་པས་གསུངས་པ་ལ་ངེས་པ་རྙེད་དེ་རགས་པའི་རིམ་པ་བཀོད་པ་སྟེ། དེས་ན་ཐེ་ཚོམ་མི་བྱའོ། །ལུགས་དུ་མ་ཡོད་ཀྱང་ཡི་གེས་འཇིགས་པས་མ་བཀོད་དོ། །བར་དོ་སྲིད་པའི་ཉིང་མཚམས་ནི། །གང་ལ་སྲེད་པ་དེ་ལེན་ཅིང་། །སྲིད་གསུམ་སོ་སོར་འགྲུབ་བྱེད་པས། །དང་པོའི་ལས་ཅན་སྐྱེས་བུ་རྣམས། །དེ་ལྟར་བརྩོན་པའི་སྟོབས་བསྐྱེད་ནས། །སྣང་བ་སྦྱང་བ་ཤིན་ཏུ་གཅེས། །བར་དོ་གཉིས་པའི་དུས་འདི་རུ། །རྩལ་སྦྱོང་རྨི་ལམ་བར་དོ་ལ། །སྣང་བ་འགྱུར་ཞིང་ཟིན་པ་ན། །སྲིད་པའི་བར་དོར་བྱ་བ་འགྲུབ། །དེ་ལྟར་འཁྲུལ་པའི་རྗེས་འབྲང་ནས། །ཉོན་མོངས་རྟོག་པ་རང་དགར་བཞག །བར་དོར་ཡོན་ཏན་ཐོབ་འདོད་པ། །གཏི་མུག་འཁྲུལ་པས་བཅིང་བ་ལགས། །དེ་ཕྱིར་ཡེངས་མེད་བརྩོན་བསྐྱེད་ལ། །ལུས་ངག་ཡིད་གསུམ་དགེ་བ་རྣམས། །འཕགས་པ་མཆོད་ཅིང་སེམས་ཅན་སྦྱིན། །རྟག་ཏུ་ཐེག་མཆོག་ཚུལ་ཁྲིམས་བསྲུང་། །ཁོང་ཁྲོ་ང་རྒྱལ་བཅོམ་ནས་ཀྱང་། །བརྩོན་པས་བསམ་གཏན་བསྒོམ་བྱ་ཞིང་། །ཆོས་རྣམས་རྟག་ཏུ་འདྲེས་པར་མཛོད། །དེ་ལྟར་སྦྱངས་ཤིང་རང་སེམས་ལ། །དབང་ཐོབ་རྒྱལ་བའི་ཞིང་སྦྱངས་ན། །སངས་རྒྱས་ཞིང་དུ་འགྲོ་བ་དང་། །མྱུར་དུ་བྱང་ཆུབ་མཆོག་ཐོབ་འགྱུར། །བར་དོའི་དམར་ཁྲིད་ཅུང་ཟད་རྒྱས་པར་བྱས་པའོ།། ༈ །།འཕོ་བ་ནི་གཉིས་ཏེ། རྟེན་མེད་དུ་འཕོ་བ། འཕོ་བ་དངོས། རྟེན་ཅན་དུ་འཕོ་བ། གྲོང་དུ་འཇུག་པའོ། །དང་པོ་ལ་གསུམ། རབ་འོད་གསལ་ལ་འཕོ། འབྲིང་སྒྱུ་ལུས་ལ་འཕོ། ཐ་མ་ལྷ་སྐུ་ལ་འཕོ་བའོ། །དང་པོ་གཉིས་བར་དོར་བཤད་ཟིན། ལྷ་སྐུ་ལ་འཕོ་བ་ལ་རྣམ་གྲངས་གསུམ་སྟེ། དང་པོ་སྦྱངས་ཏེ་འཕོ་བ་ནི། སྔོན་དུ་རླུང་འབྱོངས་པར་བྱས་ཏེ། ཁྱད་
པར་དུ་མདའ་ལྟར་འཕང་བ་བསྒོམ། ཀ་ཧི་ཀ་ངག་ཏུ་བརྗོད་པ་དང་མི་བརྗོད་པ་གཉིས་ལས། དང་པོ་སྦྱང་དུས་ངག་ཏུ་མི་བརྗོད། རླུང་ཚུར་འཛིན་རྩ་ན་མགྲིན་པའི་ༀ་ལས་ཧཱུྃ་སྙིང་ཁར་ཆད། དེ་ལས་ཨ་ཆད་ནས་ལྟེ་བར་ཤེས་པ་གཏད། ཕར་གཏོང་ཙ་ན་ཨ་ཧཱུྃ་ལ། དེ་ༀ་ལ་ཐིམ། ༀ་ཡུམ་བཞིའི་ས་བོན་ཨ་ནུ་ཏ་ར་དང་བཅས་པ་འཕར་ལྡེག་པ་ལྷར་བསྒོམ་ཞིང་རླུང་ཚངས་བུག་ཏུ་སྔོ་ཕྱུར་ཕྱུར་བསམ་མོ། །ལས་སྦྱོར་ནུས་པའི་ཚད་ནི། ལག་མཐིལ་པུས་མོ་ལན་གསུམ་བསྐོར། དེ་ནས་ལན་ཅིག་སེ་གོལ་གཏོགས། །སུམ་ཅུ་བདུན་ཅུ་བརྒྱ་རྩ་བརྒྱད། །ཐ་མ་འབྲིང་དང་རབ་ཀྱི་ཚད། །གཞན་ཐམས་ཅད་ཞལ་གདམས་ཀྱི་དེ་ཀ་ཡིན་པས་དེ་ལྟར་བྱའོ། །ལུས་བཅོས་ཏེ་འཕོ་བ་ལ། ཡི་གེ་ལ་རིག་པ་མི་ཟིན་ན་སེམས་འོད་ལྟར་བསམས་ལ་སྤྱི་བོའི་མདུན་གྱི་ནམ་མཁའ་ལ། བླ་མའམ་ཡི་དམ་འདི་རྣམས་ལུང་དུ་བྱེད་ན་ཐུན་གཅིག །དེ་མིན་ན་སྦྱང་བ་ལ་གཅིག །དངོས་གཞི་ལ་གཅིག །གཞན་ལ་གཅིགགང་གསལ་གྱི་ཐུགས་ཁར་བསྲེ་བ་གནད་ཡིན། གཞན་ལ་ཡང་བཏབ་པས་ཆོག་གོ །བཙན་ཐབས་ཀྱི་འཕོ་བ་ནི་བཤད་པ་ཙམ་ཡིན། ལག་ལེན་མི་བྱའོ། །རྟེན་ཅན་འཕོ་བ་ཡང་། ད་ལྟར་རླུང་ལ་དབང་ཐོབ་པ་དང་། སྣང་སྲིད་སྒྱུ་མར་འབྱོངས་ན་འབྱུང་སྟེ། རོ་དེ་གསར་པ་ཤི་མ་ཐག་པ་དགོས་སོ། །གཞན་ནི་གཞུང་ཉིད་ཀྱི་དེ་ཡིན་ཏེ། དང་པོ་སྦྱང་། བར་དུ་ཉམས་སད། ཐ་མ་ལས་ལ་སྦྱར་རོ། །ཀྱེ་མ་་ཐུན་གཅིག །ད་ལྟ་རྒྱལ་སྲས་རྣམས། །ཐུགས་རྗེའི་རྣམ་ཐར་རྒྱ་མཚོ་ཡིས། །སྣ་ཚོགས་ཐབས་ཀྱིས་གདུལ་བྱ་འདྲེན། །ཟབ་མོ་གནད་ཀྱི་ཆོས་དྲུག་འདི། །རྒྱུད་སྡེ་རྒྱ་མཚོའ་སྙིང་པོ་ཡིན། །སྔར་བྱོན་གྲུབ་ཐོབ་དུ་མ་ཡིས། །གནད་དུ་བསྣུན་ཅིང་ཐུགས་ཉམས་བཞེས། །གསེར་ཞུན་ལྟ་བུའི་གདམས་པ་ཡིན། །སླད་ཀྱི་སྐལ་ལྡན་སྒྲུབ་མཛད་ཀུན། །ཐོག་མར་བྱང་ཆུབ་སེམས་བསྐྱེད་དང་། །དབང་གིས་
རང་རྒྱུད་སྨིན་བྱས་ནས། །འཇིག་རྟེན་འཁྲི་བ་རྩ་བཅད་དེ། །བརྩོན་འགྲུས་ལྡན་པས་ཉམས་སུ་ལོངས། །ཐབས་ཀྱི་རིམ་པ་དཔག་མེད་ཀྱང་། །འདི་ལས་ལྷག་པ་གཞན་ན་མེད། །རྩ་བ[51]འི་གདམས་ངག་དང་པོ་ཡིས། །གནས་སྐབས་བཞི་ཡི་འཁྲུལ་པ་སེལ། །སྐུ་བཞི་རང་ལ་རྟོགས་པར་ངེས། །ཕྱག་རྒྱ་ལྷན་ཅིག་སྐྱེས་སྦྱོར་གྱིས། །ཐབས་དང་ལམ་གྱི་ཞེན་པ་ཐོངས། །ད་ལྟར་འབྲས་བུ་མ་ཐོབ་ན། །ཡན་ལག་གཉིས་ཀྱིས་ཉིང་མཚམས་སྦྱོར། །ལུས་ངག་ཡིད་གསུམ་གཞན་དོན་དུ། །བསྔོས་ལ་སྨོན་ལམ་དག་པ་ཐོབ། །ཚེ་འདིར་ཡོན་ཏན་ཐོབ་པར་ངེས། །འདི་བྱས་དགེ་བས་སེམས་ཅན་ཀུན། །འཁྲུལ་པའི་དྲི་མ་དག་གྱུར་ཅིག །གདམས་ངག་ཆོས་དྲུག་གི་ཉམས་སུ་བླང་བྱ་འདི་བརྒྱུད་པ་གཞན་གྱིས་མི་ཤེས་པར་འདུག་པས། རྗེས་འཇུག་འགའ་ཞིག་ལ་ཕན་སྙམ་ནས། སྒོམ་ཆེན་རང་བྱུང་རྡོ་རྗེས་སྦྱར་བའོ།། །།དགེའོ།། །།