བླ་མའི་རྣལ་འབྱོར་ཟུང་འཇུག་མཆོག་སྦྱོར།
བླ་མའི་རྣལ་འབྱོར་ཟུང་འཇུག་མཆོག་སྦྱོར་ཅེས་བྱ་བ་བཞུགས་སོ། །
ན་མོ་གུ་ར་བེ། དད་མོས་དམ་ཚིག་དང་ལྡན་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་ཉམས་སུ་ལེན་པ་ལ། སྐྱོ་ཤས་དང་ངེས་འབྱུང་གིས་རྒྱུད་བསྐུལ། བློ་རྣམ་གཡེང་གི་དབང་དུ་མི་བཏང་བར་རྣལ་དུ་དབག །ལུས་སེམས་ཁོང་ཀློད། མོས་གུས་ཀྱི་ཤུགས་བསྐྱེད་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་བ་སེམས་ཅན་རྣམས། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །སེམས་བསྐྱེད་པ་ནི། །སེམས་བསྐྱེད་འགྲོ་བ་ཀུན་དོན་ཏུ། །བླ་མ་སངས་རྒྱས་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་བ་བསྒྲལ་བར་དམ་བཅའ་འོ། །རྣལ་འབྱོར་
དངོས་གཞི་ནི། རང་ཉིད་ཡེ་ཤེས་མཁའ་འགྲོར་གསལ། །མདུན་མཁར་པད་ཉི་ཟླ་བའི་སྟིང་། །ངོ་བོ་རྩ་བའི་བླ་མ་ཉིད། །རྣམ་པ་རྡོ་རྗེ་ཐོད་ཕྲེང་རྩལ། །མཐིང་སྔོན་རྡོ་རྗེ་ དྲིལ་བུ ་འཛིན། །ཁྲོ་འཛུམ་སྟག་གི་ཤམ་ཐབས་ཅན། །དར་དང་རིན་ཆེན་རུས་པའི་རྒྱན། །རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའི་པང་། །ཡུམ་མཆོག་མཚོ་རྒྱལ་དཀར་དམར་མདངས། །སྐྲ་གྲོལ་གཅེར་བུ་རུས་རྒྱན་ཅན། །གྲི་ཐོད་འཛིན་པས་མགུལ་ནས་འཁྱུད། །འཇའ་ཟེར་འོད་ཕུང་ཀློང་དུ་གསལ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན། །འོད་འཕྲོས་ཕྱོགས་བཅུའི་ཞིང་ཁམས་དང་། །པདྨ་འོད་ནས་ཡེ་ཤེས་པ། །གྲངས་མེད་སྤྱན་དྲངས་སིབ་སིབ་ཐིམ། །
ཕྱོགས་དུས་དཀོན་མཆོག་རྩ་བ་གསུམ། །སྐྱབས་གནས་ཀུན་འདུས་སྐུ་རུ་གྱུར། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ། །དམིགས་པ་གསལ་བས་ཚར་གྲབས་ཅི་ནུས་བརྗོད། དེ་ནས་ཡན་ལག་བཅུ་པ་ནི། བླ་མ་རྩ་གསུམ་ལྷ་ཚོགས་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆགས་སྡིག་སྒྲིབ་མཐོལ་ཞིང་བཤགས། །གསང་སྔགས་བསྒྲུབས་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །སྙིང་པོ་སེམས་ཅན་དོན་ཏུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །གསོལ་འདེབས་ནི། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། །དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། །བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་
རློབས། །ཞེས་གྲངས་ཅི་ནུས་བསགས། བྱེ་བྲག་ཏུ། ཀུན་བཟང་པདྨའི་ཡེ་ཤེས་ཀློང་ཡངས་ལས། །སྒྱུ་འཕྲུལ་དྲྭ་བའི་གར་རོལ་འདྲེན་པ་མཆོག །རྡོ་རྗེ་ཆོས་དང་འཕགས་པ་ཀུན་དགའོ། །བཻ་རོ་ཙ་ན་མཁས་གྲུབ་ཁྱུང་པོའི་མཚན། །ཟུར་ཆེན་ཤཱཀ་འབྱུང་རོང་ཟོམ་ཆོས་ཀྱི་བཟང་། །གྲྭ་པ་མངོན་ཤེས་ར་ཤག་ལྷ་འབུམ་དང་། །རྡོ་རྗེ་ཀུན་སྐྱོང་ཨོ་རྒྱན་གཏེར་བདག་གླིང་། །ཏཱ་ར་ནཱ་ཐ་སྣ་ཚོགས་རང་གྲོལ་སོགས། །རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ཡེ་ཤེས་དབྱིངས། །གཅིག་བསྡུས་བློ་གྲོས་མཐའ་ཡས་གར་གྱི་དབང་། །ཆེ་མཆོག་བསྟན་གཉིས་གཡུ་དྲུང་གླིང་པ་ལ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འདི་ནས་ཚེ་རབས་ཀུན་ཏུ་རྗེས་བཟུང་སྟེ། །གསང་བའི་མཛོད་ཐོབ་ཐུགས་ཡིད་གཅིག་ཏུ་འདྲེས། །མཆོག་ཐུན་དངོས་གྲུབ་བདེ་བླག་འགྲུབ་པར་ཤོག །ཅེས་དང་བཛྲ་གུ་རུ་བཟླ། མཐར། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་དཔལ་ལྡན་བླ་མ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །ཅེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ལ་དབང་བླང་བ་ནི། བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །རང་གི་གནས་གསུམ་ཐིམ་པ་ཡིས། །སྒོ་གསུམ་སྒྲིབ་སྦྱངས་དབང་བསྐུར་
ཐོབ། །སླར་ཡང་མོས་གུས་ཤུགས་ཀྱིས་བསྐུལ། །བླ་མ་ཡབ་ཡུམ་སྤྱི་བོར་བྱོན། །སྦྱོར་མཚམས་བདུད་རྩིའི་རྒྱུན་བབས་པས། །ལུས་གང་སྒྲིབ་དག་དབང་བཞི་ཐོབ། །ལམ་བཞི་སྒོམ་ལ་དབང་བ་དང་། །སྐུ་བཞི་ཐོབ་པའི་སྐལ་ལྡན་གྱུར། །བླ་མ་འོད་ཞུ་རང་ལ་ཐིམ། །དབྱེར་མེད་དག་མཉམ་ཆེན་པོར་གྱུར། །ཅེས་མོས་གུས་ཀྱི་རང་ངོར་བལྟས་ལ་བློ་མ་བཅོས་པ་ཀ་དག་སྤྲོས་བྲལ་ཆེན་པོའི་ངང་དུ་མཉམ་པར་བཞག །མཐར་སྣང་གྲགས་རིག་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་མོས་ལ། བསྔོ་སྨོན་ནི། །དགེ་འདིས་ཕྱོགས་བཅུ་དུས་གསུམ་གྱི། །བླ་མའི་ཐུགས་དགོངས་རྫོགས་པ་དང་། །དུས་གསུམ་ཕ་མས་ཐོག་དྲངས་པའི། །འགྲོ་དྲུག་སེམས་ཅན་མ་ལུས་པ། །གུ་རུ་མཆོག་གིས་རྗེས་བཟུང་སྟེ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཅེས་པ་འདིའང་། ལུང་ཟིན་མཁའ་འགྲོའི་མཚན་ལྡན་རིན་ཆེན་ཆོ་འཚོ་ནས་ཆེད་དུ་བསྐུལ་ངོར། འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་སྟན་ཐོག་གཅིག་ཏུ་བྲིས་པ་དགེ་ལེགས་འཕེལ།། ༈ །།མཿཔདྨ་དི་བ་ཀ་རེནྡྲཱ་ཡ། སྐལ་བ་དང་ལྡན་པ་རྣམས་ཀྱིས་སྣང་སྲིད་བླ་མའི་རོལ་བར་ལམ་དུ་ཁྱེར་བས་དངོས་གྲུབ་དང་ཡོན་ཏན་མ་ལུས་པ་འབྱུང་བར་འགྱུར་བས་ན་རྣམ་རྟོག་ངན་པ་བྱུང་བའི་ཚེ་རླུང་རོ་བསལ་ཞིང་། ཡེ་ཤེས་ཀྱི་རླུང་རྒྱུ་བའི་ཚེ་བློ་དབང་བསྟོད་ནས་དེ་དག་བླ་མའི་མཆོག་ཏུ་བལྟས་ཏེ་མི་རྟོག་པའི་ཡེ་ཤེས་གསལ་གདབ་པའི་ཕྱིར། མཆོག་གསུམ་རྩ་གསུམ་ཀུན་འདུས་
བླ་མ་ལ། །དེང་ནས་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །མཁའ་མཉམ་འགྲོ་ཀུན་སངས་རྒྱས་མཆོག་ཐོབ་ཕྱིར། །ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པར་བགྱི། ཧྲཱིཿརང་མདུན་ནམ་མཁར་པད་དཀར་ཟླ་བའི་སྟེང་། །སྐྱབས་གནས་ཀུན་འདུས་རྡོ་རྗེ་སློབ་དཔོན་མཆོག །གུ་རུ་པདྨ་གར་གྱི་དབང་ཕྱུག་རྩལ། །སྟོང་དང་སྙིང་རྗེ་དབྱེར་མེད་སྒྱུ་མའི་ཚུལ། །ཤེས་ངོར་རོ་གཅིག་རྣམ་རོལ་ཆུ་ཟླའི་གར། །དད་མོས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐུ། །པདྨ་ལས་འཁྲུངས་བློ་ལྡན་མཆོག་ཏུ་སྲེད། །དཀར་དམར་མདངས་ལྡན་འཁོར་ལོས་སྒྱུར་བའི་ཆས། །ཤེས་རབ་ཅང་ཏེའུ་ཐབས་ཀྱི་ཀ་པཱ་ལའི། །ཕྱག་རྒྱ་མཁར་བསྐྱུར་མེ་ཏོག་དོ་ཤལ་འཆང་། །སྤྱི་བོར་རིགས་བདག་པདྨ་ཉིན་མོར་བྱེད། །ཚེ་དང་ཡེ་ཤེས་འོད་དཔག་མེད་པར་གསལ། །མཁྱེན་དང་རྟོགས་པའི་གཟི་བྱིན་འབར་བར་བཞུགས། །ཕྱོགས་དུས་རྒྱལ་བ་རྒྱལ་བའི་མྱུ་གུ་དང་། །རིག་འཛིན་གྲུབ་ཐོབ་མཁའ་འགྲོ་ཆོས་སྐྱོང་རྣམས། །སྐུ་ལས་འཇའ་ཟེར་ཐིག་ལེ་ཤིག་ཤིག་འབར། །གསུང་གིས་ཧཱུྃ་ཕཊ་གླུ་དབྱངས་དིར་དིར་སྒྲོགས། །བདེ་སྟོང་ཐུགས་ཀྱིས་སྐལ་ལྡན་སློབ་མ་ལ། །རྡོ་རྗེ་ཡེ་ཤེས་དབང་བསྐུར་སྩལ་བ་ཡི། །མི་རྟོག་དགོངས་པ་ལྷན་ནེར་གཏད་པར་གྱུར། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །
སོགས་རྒྱུན་བཤགས་ལན་གསུམ་ཚིག་དོན་འདྲི་ངེས་བྱ། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །སྣང་བ་མཐའ་ཡས་ཀྱི་བྱིན་གྱིས་རློབས་མཛོད་ཅིག །ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ སརྦ་སིདྡྷི་ཕ་ལ་ཧཱུྃ། བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས་སོ། །ཐུགས་རྗེ་ཆེན་པོའི་བྱིན་གྱིས་རློབས་ཤིག །ཨོཾ་མ་ི་པདྨེ་ཧཱུྃ། སརྦ་སིདྡྷི་ཕ་ལ་ཧཱུྃ། བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །པདྨ་སཾ་བྷ་ཝས་བྱིན་གྱིས་རློབས་མཛོད་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཕ་ལ་ཧཱུྃ། བླ་མ་བདེ་ཆེན་རྡོ་རྗེའི་སྐུ་ལ༴ །ཡེ་ཤེས་མཚོ་རྒྱལ་གྱིས༴ ཨོཾ་བུདྡྷ་ཛྙཱ་ན་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ། སརྦ་སིདྡྷི༴ སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ལ། །མཆོག་གསུམ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་བྱིན་གྱིས༴ ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། སརྦ་སིདྡྷི༴ མཁྱེན་པ་གཉིས་ཀྱི་སྤྱན་དང་ལྡན་པ་ལ། །འཇམ་པའི་དབྱངས་ཀྱིས༴ ཨོཾ་ཝཱ་ཀྱེ་དཾ་ན་མཿ སརྦ་སིདྡྷི༴ རྟོགས་པའི་ཏིང་འཛིན་ནམ་མཁའ་དང་མཉམ་པ་ལ། །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་བྱིན༴ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ། ཞེས་བླ་མ་གནས་འགྱུར་ལ་སོགས་པ་རྣལ་འབྱོར་པའི་བློ་ཡི་རྩལ་ཆེ་ཆུང་དང་བསྟུན་ནས་བྱ་ཞིང་། དེ་རྣམས་ཚར་གྲངས་སོ་སོའམ་ཆབ་ཅིག་ཏུ་བརྗོད་པས་མོས་
གུས་ཀྱིས་རྒྱུད་འཁུལ་བའི་ཚེ། མཁའ་ཁྱབ་ཏུ་སད་པའི་རྡོ་རྗེ་དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་དང་། བླ་མ་རྡོ་རྗེ་འཆང་བདག་ལ་དགོངས་སུ་གསོལ། མི་ང་ཡི་ལུས་ངག་ཡིད་གསུམ་གྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་ཤོག་ཅིག །བདག་གི་བྱ་བ་ཐམས་ཅད་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པར་ཤོག་ཅིག །དམ་པའི་ཆོས་མ་ཡིན་པའི་བསམ་པ་སྐད་ཅིག་མ་ཙམ་ཡང་མི་སྐྱེ་བར་ཤོག་ཅིག །གལ་ཏེ་སྐྱེས་པར་འགྱུར་ན་ཡང་དེ་མི་འགྲུབ་པར་ཤོག་ཅིག །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དགོངས་མ་ལུས་པ་བདག་གིས་རྫོགས་པར་བྱེད་པར་གྱུར་ཅིག །བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཉམས་ཆག་མ་ལུས་པ་ད་ལྟ་ཉིད་དུ་ཞི་བར་མཛད་དུ་གསོལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྫོགས་པར་མཛད་དུ་གསོལ། དོན་དམ་པའི་བདེན་པ་ཕྱིན་ཅི་མ་ལོག་པ་མངོན་སུམ་དུ་རྟོགས་པར་མཛད་དུ་གསོལ། །ཚེ་དཔག་མེད་ཀྱི་སྐུ་ཚེ། སྤྱན་རས་གཟིགས་ཀྱི་ཐུགས་རྗེ། པདྨ་འབྱུང་གནས་ཀྱི་བྱིན་རླབས། འཇམ་དཔལ་དབྱངས་ཀྱི་མཁྱེན་རབས། གསང་བའི་བདག་པོའི་ནུས་མཐུ། རིག་འཛིན་གྲུབ་ཐོབ་ཕོ་མོའི་
ཉམས་རྟོགས། མདོར་ན་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་མཐུ་མཛད་པ་ཕྲིན་ལས། ཡེ་ཤེས་ཡོན་ཏན་མ་ལུས་པ་ཐམས་ཅད་ད་ལྟ་ཉིད་དུ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཆར་ཞིང་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་དང་། སྣོད་ཀྱི་འཇིག་རྟེན་ཐོད་ཞལ་ཡངས་པའི་ནང་། །རང་ལུས་བདུད་རྩིའི་དྭངས་མར་ལྟེམས་སེ་ཞུ། །རྩ་བརྒྱད་སྟོང་སྦྱར་ར་ས་ཡ་ནའི་སྨན། །བླ་མ་རྒྱལ་བ་སྲས་བཅས་ཡི་དམ་ལྷ། །དཔའ་བོ་རྣལ་འབྱོར་མ་རྣམས་དགྱེས་རོལ་པས། །ཟག་མེད་བདེ་བས་ཤིན་ཏུ་མཉེས་ཤིང་ཚིམས། །སྒོ་གསུམ་དུས་གསུམ་ཉམས་ཆགས་ཀུན་བྱང་གྱུར། །ཞེས་པའང་ལན་མང་ཉུང་སྐབས་དང་བསྟུན་ཏེ། སླར། མོས་གུས་དྲག་པོས་བླ་མ་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྒྱུད་བསྐུལ། དེ་ཐམས་ཅད་གཙོ་བོ་རྩ་བའི་བླ་མ་ལ་ཐིམ། བླ་མའི་སྤྱི་བོ་ནས་འོད་ཟེར་དཀར་པོ། མགྲིན་པ་ནས་འོད་ཟེར་དམར་པོ། ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་དྲི་མ་མཐའ་དག་སྦྱངས། བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དབྱིབས་སྔགས་ཕྱག་རྒྱའི་ལམ་བསྒོམ་པ་ལ་དབང་། སྐུ་གསུམ་མངོན་ཏུ་བྱེད་པའི་རྟེན་འབྲེལ་རྒྱུད་ལ་འགྲིགས། སླར་ཡང་གནས་གསུམ་ནས་རྡོ་རྗེའི་འོད་ཟེར་ལུས་ངག་ཡིད་གསུམ་ལ་ཐིམ་པས་ཡེ་ཤེས་ཀྱི་དྲི་མ་
སྦྱངས་རིག་པ་རྩལ་གྱི་དབང་ཐོབ། ཁྲེག་ཆོད་དང་ཐོད་རྒལ་སྒོམ་པ་ལ་དབང་བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེའི་གོ་འཕང་མངོན་ཏུ་བྱེད་པའི་ས་བོན་ཐེབ། མོས་གུས་ཀྱི་ཤུགས་ཀྱིས་དཔལ་ལྡན་བླ་མ་འོད་ཟེར་གྱི་གོང་བུར་ཞུ་བ་སྒྲ་དང་བཅས་ཏེ་སྤྱི་བོར་ལྷགས་ནས་རང་སེམས་དང་དབྱེར་མེད་འདྲེས། ཏོལ་གྱིས་ཤར་བའི་སེམས་ཉིད་འདི། །བརྟགས་ན་གང་དུའང་མ་གྲུབ་ལ། །རང་གདངས་ཝ་ལེ་ཧྲིག་གེར་འཆར། །ཇི་ལྟར་འཆར་བ་འདི་ཉིད་དུ། །བཟོ་མེད་བཞག་པ་རྒྱལ་བའི་ཐུགས། །གཟུང་འཛིན་ཆོས་ཀུན་རང་གི་སེམས། །བླ་མ་ཉིད་ཀྱང་རྣམ་རྟོག་ཙམ། །རྣམ་རྟོག་སྟོང་པའི་རང་མདངས་ཏེ། །ཇི་ལྟར་ཤར་ཡང་རིག་པའི་རྩལ། །གང་ལྟར་སྣང་ཡང་ཆོས་ཀྱི་དབྱིངས། །རང་གིས་རང་ངོ་ཤེས་པ་ལས། །གུད་དུ་མི་དམིགས་བླ་མའི་ཐུགས། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་མྱུར་དུ་འཕོ་གྱུར་ཅིག ཅེས་བཟོ་མེད་རིག་པའི་རང་མདངས་སྐྱོང་བཞིན་ཏུ། དགེ་འདིས་མཁའ་ཁྱབ་སེམས་ཅན་ཀུན། །བདེ་བ་ཅན་གྱི་ཞིང་ཁམས་སུ། པདྨའི་སྦུབས་ལ་རྫུས་སྐྱེས་ནས། །བླ་མ་རྒྱལ་བ་སྲས་བཅས་ཀྱི། །ཐུགས་བསྐྱེད་སྨོན་ལམ་མཛད་པའི་སྟོབས། །དེ་འདྲ་ཡོངས་སུ་འགྲུབ་གྱུར་ཏེ། ཁམས་གསུམ་འཁོར་བ་སྟོང་པ་དང་། །ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག །ཀུན་བཟང་རྡོ་རྗེ་འཆང་
ཆེན་མན་ཆད་ནས། །དྲིན་ཆེན་རྩ་བའི་བླ་མ་ཡན་ཆད་ཀྱིས། །འགྲོ་བའི་དོན་ཏུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་སོགས་བྱའོ། །ཅེས་པའང་དང་སློབ་དད་དམ་འགྱུར་མེད་ཀུན་སྤོང་པ་པྲཛྙཱའི་མཚན་ཅན་ནས་ནན་བསྐུལ་བྱས་པ། དྭགས་རྙིང་གི་རྗེས་འཇུག་རྟགས་ཙམ་འཆང་བ་གུ་སཱ་རས་བྲིས་པ་འགྲོ་ཕན་འབྱུང་བར་གྱུར་ཅིག། ༈ །།ངེས་དོན་བླ་མའི་རྣལ་འབྱོར་ཡེ་ཤེས་ཆར་འབེབས་བཞུགས་སོ། །འཁོར་འདས་སེམས་ཀྱི་རྣམ་རོལ་ཀུན། །དཀོན་མཆོག་བདེ་གཤེགས་སྙིང་པོའི་ངང་། །ཅིར་སྣང་བླ་མའི་གོ་འཕང་དུ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དོ། །བདག་གི་ཕུང་ཁམས་སྐྱེ་མཆེད་ཆོས། །གདོད་ནས་གདན་གསུམ་རྫོགས་པའི་དལ། །ལྷུན་གྲུབ་མི་ཤིགས་ཏི་ལ་ཀར། །དྭངས་མ་ལྔ་འདུས་འོད་ཀྱི་ཀློང་། །མཚོན་བྱ་རང་རིག་གདོད་མའི་མགོན། །མཚོན་བྱེད་གཟུགས་སྐུའི་བླ་མར་ཤར། །ངོ་བོ་པདྨ་གར་དབང་ཉིད། །རྣམ་པ་ཐོད་ཕྲེང་རྩལ་གྱི་སྐུ། །དཀར་དམར་བདེ་སྟོང་ཉམས་བརྒྱ་འབར། །རྡོ་རྗེའི་ལྟ་སྟངས་གྱེན་ཏུ་གཟིགས། །གཅེར་བུ་གཟི་མདངས་རས་གཟན་ཅན། །དབུ་སྐྲ་ལྕང་ལོ་ཐོར་ཅོག་བསྒྲེངས། །རྡོ་རྗེ་གདེངས་ཤིང་ཐོད་རྫས་བསྣམས། །མཚན་གཡོན་ཁ་ཊཾཱྭ་ཡུ་བ་དམར། །སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས། གསོལ་བཏབ་ཙམ་གྱིས་བདག་རྒྱུད་ལ། རྟོགས་
པའི་ཡེ་ཤེས་སྐྱེད་ནུས་པའི། །བྱིན་རླབས་གཟི་བརྗིད་འབར་བར་གྱུར།། ༈ །།ཀུན་བཟང་པད་འབྱུང་འཇམ་པའི་དབྱངས། །མར་པ་མི་ལ་འཛམ་གླིང་གྲགས། །དྲི་མེད་འོད་ཟེར་ལ་སོགས་པ། །བྱིན་རླབས་ཅན་གྱི་བཀའ་བརྒྱུད་དང་། །ཡི་དམ་དཔའ་བོ་རྣལ་འབྱོར་མ། །ཕྱོགས་བཅུ་དུས་བཞིའི་དཀོན་མཆོག་གི། འདུལ་ཞིང་གདུལ་བྱ་འདུལ་བྱེད་ཚུལ། །ཇི་སྙེད་བླ་མའི་སྒྱུ་འཕྲུལ་ཉིད། །རང་རིག་ཀློང་དུ་དབྱེར་མེད་པ། །བྱ་བྱེད་གཉིས་འཛིན་བྲལ་བ་ཡི། །ཡང་དག་དོན་གྱི་མཎྜལ་འབུལ། །ཡིན་ལུགས་རྟོགས་པས་གསོལ་བ་འདེབས། །འཁྲུལ་གྲོལ་མདུད་པ་བཤིག་ཏུ་གསོལ། ན་མོ་གུ་རུ་བྷྱཿའཁོར་འདས་ཆོས་རྣམས་བྱང་ཆུབ་སེམས་ཀྱི་ངང་། །སེམས་ཀྱི་ངོ་བོ་གདོད་ནས་སྤྲོས་པ་བྲལ། །མ་བཅོས་རང་བབ་བླ་མ་ཆོས་ཀྱི་སྐུ། གཅེར་མཐོང་ལྟ་བའི་ངང་དུ་གསོལ་བ་འདེབས། །རང་བཞིན་རང་གསལ་སུས་ཀྱང་འདུས་མ་བྱས། །ཟང་ཐལ་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད། །རང་གྲོལ་ཤུགས་འབྱུང་བླ་མ་ལོངས་སྤྱོད་རྫོགས། །ཡེངས་མེད་སྒོམ་པའི་ངང་ནས་གསོལ་བ་འདེབས། །ཐུགས་རྗེ་འགག་མེད་སྣ་ཚོགས་ཅི་ཡང་འཆར། །བསྐྱར་ནས་གྲོལ་མེད་ཀུན་བྱེད་ཀུན་ཏུ་བཟང་། །དུ་མ་རོ་གཅིག་བླ་མ་སྤྲུལ་པའི་སྐུ། །འཛིན་མེད་སྤྱོད་པའི་ངང་ནས་གསོལ་
བ་འདེབས། །རང་རིག་རང་གསལ་བླ་མའི་མཐར་ཐུག་སྟེ། །དྲན་པ་ཡེངས་མེད་མོས་གུས་སྙིང་པོ་ཉིད། །དབྱེར་མེད་ངོ་བོ་ཉིད་སྐུའི་ཀློང་དུ་འདྲེས། །ཅོག་བཞག་འབྲས་བུ་གཞི་ཐོག་གྲོལ་བར་མཛོད། ཡད་ཡུད་འགྱུར་བ་རྨི་ལམ་སྣང་བ་དངོས། །བདེན་མེད་ལུས་སྣང་སེམས་གསུམ་བག་ཆགས་ཀྱི། །འཁྲུལ་རྗེས་མི་འཕྲད་ཨ་འཐས་མདུད་པ་ཞིག །བློ་ཁ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །འདི་ཕྱི་བར་དོ་འཁོར་འདས་ལམ་གསུམ་ཀུན། །སེམས་སྣང་ཙམ་ལས་དོན་ཏུ་མ་གྲུབ་པའི། །ཆོས་སྐད་ཁ་ལ་ཡོད་ཀྱང་གཏིང་ལ་མེད། །ངར་འཛིན་ཕུང་འགོད་བརླག་པར་བྱིན་གྱིས་རློབས། །སྐད་ཅིག་བདེ་སྐབས་བྲལ་བའི་འདིར་སྣང་གི། ཟས་གོས་རྩོལ་སྒྲུབ་དགྲ་གཉེན་ཆགས་སྡང་སོགས། །སྒྱུ་མས་ཡིད་བསླུས་ཁོང་སྙིང་རུལ་བ་ལ། །མི་རྟག་བློ་སྣ་ཐུང་བར་བྱིན་གྱིས་རློབས། །ལས་འབྲས་བསླུ་མེད་དངོས་སུ་མཐོང་ན་ཡང་། ཁ་བཤད་ལག་ལེན་ཕྱིན་ཅི་ལོག་ཏུ་འཛོལ། །དགེ་བ་མི་སྒྲུབ་མི་དགེའི་ཡོ་ལངས་ཅན། །རྒྱུ་འབྲས་ཡིད་ཆེས་སྐྱེ་བར་བྱིན་གྱིས་རློབས། །བྱེད་བློའི་ངང་དུ་དོན་མེད་མི་ཚེ་ཟད། །གོ་བཤད་མཁས་ཀྱང་འཆི་བྲོད་གདིང་མ་ཐོབ། །ལས་སྒྲིབ་སྟེང་དུ་སྡིག་ལྟུང་ཁུར་པོ་བརྩེགས། །བསམ་ནོར་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །མདོ་སྔགས་ཆོས་ཀུན་རང་སེམས་འདུལ་བའི་
ཐབས། །དེ་ཕྱིར་གྲུབ་མཐའ་མཐའ་དག་རང་སར་བདེན། །ཆོས་དང་གང་ཟག་ཚད་འཛིན་རྒྱལ་བའི་ཡུལ། །ཆོས་སྤངས་ལས་ཀྱིས་མི་སྒྲིབ་བྱིན་གྱིས་རློབས། །བསྲུང་སྡོམ་མེད་པའི་ལྟར་སྣང་དགེ་སྦྱོང་དང་། །གྲོང་ཆོག་ཐལ་བ་འགོམ་པའི་སྔགས་ནུས་ཅན། །ཆོས་བརྒྱད་སྙིང་ལ་ཞེན་པའི་རྟོགས་ལྡན་སོགས། །ཆོས་མིན་འཕྲང་ལས་ཐར་བར་བྱིན་གྱིས་རློབས། །བླང་དོར་རྣམ་དབྱེ་ཙམ་ཡང་ཇི་བཞིན་ཏུ། །མི་ཤེས་ཐོས་བསམ་སྒོམ་པའི་སྟོང་ཟོབ་ཀྱིས། །རང་གཞན་གཉིས་མགོ་བསྐོར་བའི་འགྲོ་དོན་མཁན། །ཚེ་རབས་ཀུན་ཏུ་མི་སྐྱེ་བྱིན་གྱིས་རློབས། །སྡོམ་དང་དམ་ཚིག་ཉམས་ཆག་མི་འབྱུང་ཞིང་། །ཆོས་མིན་བསམ་སྦྱོར་རྒྱུད་ལ་མི་སྐྱེ་བར། །ཟོལ་ཟོག་འཁྲུལ་པ་མེད་པའི་བླ་མ་དང་། །མཇལ་ནས་ཟབ་དོན་རྟོགས་པར་བྱིན་གྱིས་རློབས། །བསྐུར་ཐོབ་སྤྲོས་པ་དུ་མའི་སྨིན་བྱེད་དང་། །དབྱིབས་ལ་ལྷར་ཞེན་བསྐྱེད་རིམ་མཚན་འཛིན་དང་། །ཆེན་པོ་གསུམ་སོགས་ལྟ་གྲུབ་མིང་སྙན་གྱིས། །མི་ཚེ་སྟོང་པར་མི་བསླུ་བྱིན་གྱིས་རློབས། །རྒྱལ་བས་གསུངས་པའི་ས་ལམ་ཇི་བཞིན་པའི། །ཉམས་རྟོགས་སྣེ་ཟིན་ཙམ་ཡང་མ་སྐྱེས་པར། །དྲོད་ཙམ་མཐོང་ནས་གྲུབ་པ་ཐོབ་རློམས་པ། །མཆོག་འཛིན་བདུད་ལས་ཐར་བར་བྱིན་གྱིས་རློབས། ཉམས་རྟོགས་སྐྱེ་དང་མི་སྐྱེའི་རེ་དོགས་
སོགས། །འཛིན་རྟོག་ཀུན་སྤངས་གཅིག་ཆོག་མོས་གུས་ལ། །སྙིང་ཕུར་ཐེབ་པས་ལྟ་སྒོམ་ནང་ནས་བརྡོལ། །ཚིག་ལ་རག་མ་ལུས་པར་བྱིན་གྱིས་རློབས། །དགག་སྒྲུབ་ཆུ་ལ་རི་མོ་མི་འདྲི་བར། །རྣམ་རྟོག་རང་སར་བཞག་པས་རྗེས་མེད་གྲོལ། །སྒོམ་པའི་བློ་ཡིས་མ་བསླད་ཐ་མལ་གྱི། །ཤེས་བ་རྗེན་པར་མཐོང་བར་བྱིན་གྱིས་རློབས། །དུས་ཡུན་ཐུང་ངུས་འཁྲུལ་པ་མི་ལྡོག་པས། །སྒོམ་ཡུན་ཤི་དང་མཉམ་ནས་དོན་གཉིས་ཀྱི། །གཏེར་ཆེན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྟན་ཐོག་འདི་རུ་ཐོབ་པར་བྱིན་གྱིས་རློབས། །གཅིག་དང་དུ་བྲལ་རང་རིག་གཉུག་མའི་གཤིས། །གཞི་ལམ་འབྲས་དང་འཁོར་འདས་དབྱེར་མེད་པ། །ཅི་ཡང་བྱར་མེད་ཀུན་བཟང་བླ་མའི་ཐུགས། །ཀུན་གྱིས་རྟོགས་ནས་འཁོར་བ་དོངས་སྤྲུགས་ཤོག །བདག་དང་བླ་མ་མོས་གུས་འཛིན་རྟོག་ཀུན། །ད་ལྟའི་ཤེས་རིག་སོ་མར་ལ་བཟླ་བས། །རང་བྱུང་རང་གྲོལ་ཡེ་ཤེས་ཆེན་པོའི་རྒྱས། །གཉིས་འཛིན་འཁྲུལ་སྣང་ཀུན་ལ་ཐེབ་གྱུར་ཅིག །ཅེས་པའང་། དད་དམ་བློ་གྲོས་ནོར་ཅན་ཚེ་དབང་བསམ་འགྲུབ་ནས་ནན་བསྐུལ་མཛད་པར། །སོ་སྐྱེ་འཆིང་བ་ཀུན་ལྡན་བདག་ལྟ་བུ་ལ་བླ་མའི་རྣལ་འབྱོར་སྦྱོར་འོས་པའི་ཡོན་ཏན་ཏིལ་འབྲུའི་བརྒྱ་ཆ་ཙམ་མེད་ཀྱང་། རང་རིག་དང་པད་འབྱུང་བླ་མ་དབྱེར་མེད་དོན་གྱི་མོས་གུས་སྐྱོང་བའི་ལུང་དང་སྦྱར་ཏེ། རིག་འཛིན་གྱི་བཙུན་པ་གུ་ས་དཔལ་སྤུངས་དབེན་ཁྲོད་དུ་སྤེལ་བ་དགེ་ལེགས་འཕེལ།། ༈ །།
འཕགས་མ་སྒྲོལ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྲུབ་གཉིས་གཏེར་གྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱརྻཱ་ཏཱ་རཱ་ཡཻ། །འདིར་དམ་པའི་རྐྱེན་གྱིས་རིགས་སད་པས་དབང་པོ་རྣོན་པོའི་གྲངས་སུ་ཆུད་ཅིང་བསྐལ་པ་མཆོག་གིས་ཁྱད་པར་བྱས་པ་དག །ཐབས་བླ་མ་བདེ་བའི་སྡོམ་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷན་སྐྱེས་མཛེས་ལ་གཉིས་སུ་མེད་པ་ལ་གསོལ་བ་གདབ་པར་འདོད་པས། ཐོག་མར། སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་དང་། །དབྱེར་མེད་རྗེ་བཙུན་འཕགས་མ་སྒྲོལ་མ་ལ། །སྙིང་ནས་སྐྱབས་མཆི་མཁའ་མཉམ་འགྲོ་བ་ཀུན། །ཁྱོད་ཀྱི་གོ་འཕང་སླད་དུ་སེམས་བསྐྱེད་དོ། །ཞེས་ལན་གསུམ་བརྗོད། རང་མདུན་ནམ་མཁར་པད་དཀར་ཟླ་བའི་སྟེང་། །ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ། །རྣམ་པ་རྗེ་བཙུན་ཡིད་བཞིན་འཁོར་ལོ་དཀར། །ཞི་འཛུམ་སྤྱན་བདུན་དར་དང་རིན་ཆེན་བརྒྱན། །ཕྱག་གཡས་མཆོག་སྦྱིན་གཡོན་པ་མཐེབ་སྲིན་གྱིས། །འདབ་རྒྱས་ཨུཏྤལ་གཞོན་ནུའི་ཡུ་བ་འཛིན། །དབུ་སྐྲ་ལི་བ་ལྟག་པ་གཡོན་ཏུ་འཁྱིལ། །འོད་ལྔའི་ཀློང་ན་ཟླ་བར་རྒྱབ་བརྟེན་ཏེ། །པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དབུ་གཙུག་རིགས་བདག་སྣང་མཐའ་ཡས་པས་བརྒྱན། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་ཟེར་འཕྲོས། །སྲས་བཅས་རྒྱལ་བའི་འཁོར་ལོ་བཀུག་སྟེ་ཐིམ། །མཆོག་གསུམ་རྩ་གསུམ་
འདུས་པའི་ངོ་བོར་གྱུར། །འཕགས་བཞིའི་བསྐྱེད་ཡུམ་ཤེས་རབ་ཕ་རོལ་ཕྱིན། །འཁོར་འདས་ལམ་གསུམ་ཤེས་དང་ཤེས་བྱའི་དབྱིངས། །བརྟན་དང་གཡོ་བ་ཀུན་ལ་མཁའ་ལྟར་ཁྱབ། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་པོ་དང་། །མི་འགྱུར་མཆོག་གི་བདེ་བ་ཟུང་དུ་འཇུག །སྒྲིབ་གསུམ་བྲལ་ལ་སྤྲོས་བྲལ་ཆོས་ཀྱི་སྐུ། །རྟག་བདེ་གྲུབ་ལ་ཡེ་ཤེས་རྡོ་རྗེ་ཉིད། །ལམ་པ་རྣམས་ལ་བྱང་ཆུབ་ཆོས་སུ་སྣང་། །དྲི་མར་བཅས་ལ་སྙིང་པོའི་རང་བཞིན་ཉིད། །ཁྱོད་ཀྱི་རྣམ་པར་འཕྲུལ་པ་བསམ་མི་ཁྱབ། །བྲལ་དང་སྨིན་བའི་ཡོན་ཏན་ཚད་བཟུང་མེད། །རྣམ་ཐར་རྒྱན་གྱི་འཁོར་ལོ་དཔག་པར་དཀའ། །སྲིད་དང་ཞི་བའི་སྣང་བ་སྤྲོ་ཞིང་སྡུད། །རྣལ་འབྱོར་ཅན་ལ་རིག་པའི་རང་མདངས་སུ། །ཤར་ཡང་གཞན་ཏུ་མ་འཕོས་ཤེལ་གྱི་ཚོན། །མ་བྲིས་ཡེ་ཤེས་རི་མོ་གདོད་ནས་བཀྲ། །ཟག་མེད་བདེ་བའི་ལང་ཚོས་ཤིན་ཏུ་བསྙེམས། །གཉུག་མའི་ཀློང་ན་རྟག་ཏུ་འདུ་འབྲལ་མེད། །ཧོ་ཁྱོད་ལ་ཕྱག་འཚལ་ཁྱོད་ལ་ཕྱག་འཚལ་འདུད། །འདུད་ཅིང་འདུད་དོ་ལུས་ངག་བྲན་ཏུ་འབུལ། །རྗེས་སུ་དྲན་ནོ་ཏཱ་རཱ་གུ་རུ་ཀྱེ། །སྙིང་ནས་གསོལ་འདེབས་ཐུགས་རྗེའི་བྱིན་གྱིས་རློབས། །ཡང་ཡང་གསོལ་འདེབས་མཁྱེན་བརྩེས་བདག་མ་འདོར། །འཆི་མེད་གྲུབ་པའི་འོད་སྣང་རབ་བཀྱེ་ནས། །འཕོ་
བའི་འཇིགས་བཅས་སྙིང་གི་མུན་པ་སོལ།། ༈ །།རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། སོགས་ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །གསོལ་བ་བཏབ་ལ་ཐུགས་དམ་དགྱེས་དགོངས་ཏེ། །མཆོག་སྦྱིན་ཕྱག་ནས་བདུད་རྩིའི་ཆུ་རྒྱུན་བབས། །བདག་གཞན་སེམས་ཅན་ཀུན་གྱི་སྡིག་སྒྲིབ་དང་། །ནད་གདོན་འཇིགས་བརྒྱད་གེགས་དང་བར་ཆད་བཀྲུས། །གཉུག་མའི་འཇའ་ལུས་ཤེལ་ལྟར་དྭངས་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མཱཾ་ས་པ་རི་བཱ་རཾ་ཥོ་ཌ་ཤ་བྷ་ཡཱ་དི་སརྦོ་པ་དྲ་བཱཾ་ཤཱནྟི་ཾཀུ་རུ་སྭཱ་ཧཱ། སྐྱབས་སྦྱིན་ཕྱག་རྒྱས་བདག་དང་བསྲུང་བྱ་བསྲུང་། །ཕྱི་རོལ་སྐུ་ཡི་འོད་ཟེར་ལས་གྲུབ་པའི། །འཁོར་ལོ་རྩིབས་བཅུ་རྩིབས་བརྒྱད་ཡི་གེ་བརྒྱད། །སྟེང་འོག་ཨོཾ་ཧཱ་དང་བཅས་གསལ་བའི་ཕྱི། །དཀར་སེར་དམར་ལྗང་སྔོན་པོ་མཐིང་ཁ་ཡི། །འོད་ཀྱི་གུར་ཁང་སྲ་བརྟན་སྲུབ་མེད་པའི། །བར་མཚམས་ཨུཏྤལ་སྔོན་པོས་ཤིག་ཤིག་གང་། །རྩ་གསུམ་ཀུན་ཀྱང་འཕགས་མའི་སྐུར་གྱུར་ཏེ། །ཆར་ལྟར་བབ་ནས་བདག་དང་བསྲུང་བྱར་ཐིམ། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་རླབས་གྱུར། སྦྲོན། སེང་གེ་གླང་ཆེན་མེ་སྤྲུལ་ཆོམ་རྐུན་དང་། །ཞེས་སོགས་སམ། འཁོར་བ་ལས་སྒྲོལ་སོགས་བསྟོད་སྨོན་བྱིན་རླབས་ཅན་གང་བདེ་འདོན་མཐར། སྔར་གྱི་སྔགས་མཇུག །སརྦོ་པ་དྲ་བེ་བྷྱཿ
རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་བསྒྱུར་ལ་བཟླ། སྤྲོས་པ་ལ་མངོན་པ་པ་མི་དགའ་ཞིང་དགོས་ཆེད་དབེན་ན་གོང་གི། རྗེ་བཙུན་བཅོམ་ལྡན་འདས་མ་ནས་འདི་བར་བསྒྱུར་བས་མཐུས། འཁོར་བའི་རྒྱ་མཚོར་རྟག་ཏུ་བྱིངས་ནས་སུ། །སྡུག་བསྔལ་གསུམ་གྱི་རྦ་ལ་གཡང་བ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུང་། །བྱང་ཆུབ་འགྱུར་མེད་ས་ལ་བཀོད་དུ་གསོལ། །ཤུགས་དྲག་ལས་ཀྱི་རླུང་གིས་བདས་ནས་སུ། །སྣ་ཚོགས་འཇིགས་པའི་མེ་འོབས་འཕྱན་པ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུང་། །གདུང་སེལ་བྱིན་རླབས་ཆར་རྒྱུན་དབབ་ཏུ་གསོལ། །མ་རིག་འཁྲུལ་པའི་མུན་ཁང་འཐིབས་པོ་ན། །ཡང་དག་ལྟ་བ་བག་ལ་ཞ་བ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུང་། །ཡེ་ཤེས་ཉི་ཟླའི་སྣང་བ་སྤར་དུ་གསོལ། །གཟུང་འཛིན་མདུད་པ་བརྒྱ་ཡིས་བཅིངས་ནས་སུ། །ཉོན་མོངས་རྒྱ་རུ་རྟག་པར་ཆུད་པ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུང་། །གློ་བུར་འཁྲུལ་བའི་ལྕགས་སྒྲོག་བརྡལ་དུ་གསོལ། །རང་སྣང་དགྲ་རུ་ལངས་པའི་འདུ་འཁྲུགས་ཀྱིས། །བཅོས་མེད་རྣམ་རྟོག་ཟུག་རྔུས་གཙེས་པ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུང་། །རང་གྲོལ་རིག་པའི་སྨན་གྱིས་གསོ་རུ་གསོལ། །ལྷན་སྐྱེས་ཆོས་སྐུ་འདུ་འབྲལ་མེད་བཞིན་ཏུ། །རྩོལ་སྒྲུབ་སྤངས་བླང་རེ་དོགས་བཅས་པ་བདག །རྗེ་བཙུན་བླ་མ་
དྲན་ནོ་ཐུགས་རྗེས་ཟུངས། །གནས་ལུགས་དོན་གྱི་རང་ཞལ་སྤྲད་དུ་གསོལ། །མཆོག་བདེ་ཕྱག་རྒྱ་ཆེན་མོས་འཁྱུད་བཞིན་ཏུ། །བདེ་འདོད་སྡུག་བསྔལ་ཁོ་ན་ཚོལ་བ་བདག །རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུངས། །ཞུ་བདེ་འགྱུར་མེད་བདུད་རྩིས་བརླན་ཏུ་གསོལ། །སྤྲོས་བྲལ་དེ་ཉིད་ཡིད་དཔྱོད་ལམ་དུ་ལུས། །སྤྲོས་པའི་རྫོབ་ལ་མི་ཚེ་བསྐྱེལ་བ་བདག། རྗེ་བཙུན་བླ་མ་དྲན་ནོ་ཐུགས་རྗེས་ཟུངས། །བློ་འདས་བྱ་བྲལ་དབྱིངས་སུ་བསྐྱེལ་དུ་གསོལ། །མཁའ་མཉམ་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ། །རྗེ་བཙུན་བླ་མ་འཕགས་མ་སྒྲོལ་མ་ལས། སྐྱབས་གཞན་བདག་ལ་མེད་དོ་ཐུགས་རྗེས་ཟུངས། །ལེགས་ཉེས་སྐྱིད་སྡུག་ཅི་བྱུང་ཁྱེད་རང་མཁྱེན། །ཐུགས་བསྐྱེད་དམ་བཅའ་མ་བསྙེལ་བརྩེ་བས་དགོངས། །གསོལ་བ་བཏབ་པས་བླ་མའི་གནས་བཞི་ནས། །བྱིན་རླབས་འོད་ཟེར་དཀར་དམར་མཐིང་སེར་འཕྲོས། །རང་གི་གནས་བཞིར་ཐིམ་པས་ལུས་ངག་སེམས། འཕོ་བའི་དྲི་བཅོམ་དབང་བཞིས་རྒྱུད་སྨིན་ཏེ། །རྡོ་རྗེ་བཞི་ཡི་ས་བོན་བཞག་པར་གྱུར། །མོས་གུས་ཤུགས་ཀྱིས་བླ་མ་འོད་དུ་ཞུ། །རང་ལ་ཐིམ་པས་རང་ཉིད་སྐད་ཅིག་ལ། །བླ་མ་རྗེ་བཙུན་སྒྲོལ་མ་དབྱེར་མེད་གསལ། །སྣང་གྲགས་རྟོག་ཚོགས་ལྷ་སྔགས་གཉུག་མའི་ངང་། །ཅི་སྣང་དག་པའི་འཁོར་ལོ་འབྱམས་
ཀླས་གྱུར། །ཞེས་པའི་ངང་རྩ་བའི་སྙིང་པོ་ཡི་གེ་བཅུ་པ་ཅི་ནུས་བཟླས་མཐར། སྣོད་བཅུད་འོད་ཞུ་རང་ཐིམ་རང་ཉིད་ཀྱང་། །དམིགས་མེད་བསམ་བརྗོད་སྤྲོས་བྲལ་ཀློང་དུ་ཐིམ། །ཅི་ཡང་མ་ཡིན་གང་དུའང་མ་གྲུབ་ལ། །འཁོར་འདས་ལམ་གསུམ་རྣམ་པ་ཐམས་ཅད་པ། །རང་རིག་རང་གསལ་འདི་ནི་བདེ་བ་ཆེ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང་། །རྗེས་ཐོབ་རོལ་པ་འགག་པ་མེད་པའི་གར། །གདོད་ནས་དག་པ་རབ་འབྱམས་ལྷུན་གྱིས་གྲུབ། །ཤེས་བཞིན་འགྱུར་བ་མེད་པའི་དྲན་རིག་དང་། །མི་འབྲལ་མོས་གུས་རྣལ་འབྱོར་ཁོར་ཡུག་གིས། །བླ་མ་རྒྱལ་བ་སྲས་བཅས་ཐུགས་དགོངས་དང་། །བདག་སོགས་འགྲོ་ཡིད་མཉམ་པ་ཉིད་འདྲེས་ནས། །ཟུང་འཇུག་འོད་གསལ་བདེ་བ་ཆེ་འགྲུབ་ཤོག །ཅེས་པའང་། ཀུན་མཁྱེན་ཨེ་བྃ་པ་མཆོག་གི་སྤྲུལ་སྐུའི་ཉེ་བར་གནས་ཤིང་འཕགས་ནོར་གྱིས་ཕྱུག་པ་ཚུལ་ཁྲིམས་རྒྱ་མཚོས་བསྐུལ་ངོར་རྨོངས་བརྟུལ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་གདན་སར་གང་དྲན་བབ་ཅོལ་དུ་བྲིས་པ་འགྲོ་ལ་ཕན་པར་གྱུར་ཅིག །མངྒ་ལཾ།། ༈ །།རྣམ་སྣང་ལོ་ཙཱ་བ་ཆེན་པོ་ལ་བསྟེན་པའི་བླ་མའི་རྣལ་འབྱོར་ཡེ་ཤེས་རང་ཤར་བཞུགས་སོ།། །རང་བྱུང་ཐིག་ལེ་འགྱུར་བ་མེད་ལ་ཕྱག་འཚལ་ལོ། །ཆོས་ཐམས་ཅད་ཀྱི་གནས་ལུགས་གདོད་མའི་སངས་རྒྱས་ལ་ཡིད་ཆེས་པའི་སྐལ་ལྡན་གྱི་རྟོགས་འོང་། སྣང་སྲིད་ཆོས་སྐུའི་ཕྱག་རྒྱ་ལས་
མི་འདའ་བས་མོས་པའི་རོལ་མོ་ཅིའང་སྒྱུར་དུ་བཏུབས་པའི་གནད་ཀྱིས། གང་ལ་དད་པའི་ཡུལ་ཉིད་རིགས་དྲུག་པའི་ངོ་བོར་ཡང་ལྟ་ཆོག་བ་རྡོ་རྗེའི་ལུང་གིས་གྲུབ་པས་གསེར་དང་རག་ན་མཉམ་པ་ཉིད་དུ་ལྟ་བ་སྣང་ཚུལ་ལ་འགལ་ཡང་། གནས་ཚུལ་པ་འགལ་བ་མ་ཡིན་པས་གཉིས་མེད་དགོངས་པའི་གདིང་དང་བཅས་ཏེ། ཨ། ཀ་དག་རིག་སྟོང་ཆོས་ཀྱི་སྐུ། །ཀློང་ལྔའི་དབྱིངས་སྣང་ལོངས་སྤྱོད་རྫོགས། །སེམས་ཉིད་རྣམ་དག་སྤྲུལ་པའི་སྐུ། །རོ་མཉམ་ངང་དུ་སྐྱབས་སུ་མཆི། །བདེ་གཤེགས་སྙིང་པོས་ཀུན་ལ་ཁྱབ། །གློ་བུར་དྲི་མས་བསྒྲིབས་པ་རྣམས། །ཅོག་བཞག་ཆེན་པོས་ལ་ཟླ་ཕྱིར། །བཅིང་གྲོལ་མེད་པར་སེམས་བསྐྱེད་དོ། ཨ། ཡུལ་སྣང་གཞིར་བཞེངས་འཇའ་ཟེར་ཀློང་། །རང་བྱུང་དབང་པོའི་གུར་ཁྱིམ་ན། །རྣམ་ཤེས་གནས་གྱུར་གར་གྱི་དབང་། །ཀུན་གཞི་རྣམ་སྣང་ལོ་ཙཱའི་ཚུལ། །དྲང་སྲོང་སྤྲུལ་པའི་སྐུ་ཡི་ཆས། །ཐབས་ཤེས་དཀར་དམར་ལང་ཆོས་གང་། །ཟུང་འཇུག་འདུ་འབྲལ་མེད་པའི་ཕྱག །མཆོག་སྦྱིན་ངལ་གསོའི་བརྡ་ཡི་ཐབས། །སེམས་སྐྱིལ་པད་ཟླའི་གདན་ལ་རོལ། །ཡེ་ཤེས་ཆེན་པོའི་གར་གྱིས་སྒེགས། །སྒྱུ་འཕྲུལ་རོལ་མོ་ཅི་ཡང་འཆར། །གདོད་ནས་མ་སྐྱེས་གཉུག་མའི་སྐུ། །སེམས་ཀྱི་རྡོ་རྗེའི་རོ་བོར་གསལ། ཨ། མ་སྐྱེས་ཆོས་སྐུའི་དབྱིངས་ཉིད་ནས། །ངོ་བོ་སྟོང་པའི་བླ་མ་གཤེགས། །མ་འགག་
ལོངས་སྐུའི་ཞིབ་བམས་ནས། །རང་བཞིན་འོད་གསལ་བླ་མ་གཤེགས། །མི་གནས་སྤྲུལ་པའི་ཕོ་བྲང་ནས། །ཐུགས་རྗེ་གང་འདུལ་བླ་མ་གཤེགས། །གཉུག་མའི་དགོངས་ཉམས་ཡ་ལ་ལ། །བདེ་ཆེན་རོལ་གར་ལིངས་སེ་ལིང་། །སྣང་སྲིད་གཞིར་བཞེངས་བྱིན་ཆེན་ཕོབ། །དབྱིངས་རིག་འདུ་འབྲལ་མེད་པར་བཞུགས། །ཡུལ་སེམས་དག་མཉམ་ངང་དུ་འདུད། །རང་བྱུང་རང་ཤར་མཆོད་སྤྲིན་འབུལ། །མ་སྐྱེས་གློ་བུར་དྲི་མ་བཤགས། །འདུས་མ་བྱས་དགེར་ཡི་རང་ངོ། །མིང་ཚིག་བྲལ་བའི་འཁོར་ལོ་བསྐོར། །གཏེང་གསལ་འགྱུར་བ་མེད་པར་བཞུགས། །འཕོ་ཆེན་དབྱིངས་སུ་དགེ་རྩ་བསྔོ། །ཨ། མེད་པའི་དབྱིངས་སུ་ཆོས་ཀུན་རྫོགས། །སྣ་ཚོགས་བླ་མ་སྤྲུལ་པའི་སྐུར། །སྤང་བླང་མེད་པས་གསོལ་བ་འདེབས། །བསྲུང་མཚམས་བྲལ་བར་བྱིན་གྱིས་རློབས། །ཕྱལ་བའི་དབྱིངས་སུ་ཆོས་ཀུན་རྫོགས། །བདེ་ཆེན་བླ་མ་ལོངས་སྤྱོད་རྫོགས། །བྱུང་ཚོར་བྲལ་བས་གསོལ་བ་འདེབས། གཟུང་འཛིན་ཟད་པར་བྱིན་གྱིས་རློབས། །གཅིག་པུའི་དབྱིངས་སུ་ཆོས་ཀུན་རྫོགས། །རིག་སྟོང་བླ་མ་ཆོས་ཀྱི་སྐུ། །ཡིད་བྱེད་བྲལ་བས་གསོལ༴ གཅིག་ཤེས་ཀུན་གྲོལ་བྱིན་གྱིས་རློབས། །ལྷུན་གྲུབ་དབྱིངས་སུ་ཆོས་ཀུན་རྫོགས། །འོད་གསལ་བླ་མ་ངོ་བོ་ཉིད། །བློ་འདས་ངང་ནས་
གསོལ་བ་འདེབས། །འུབ་ཆུབ་ཆེན་པོར་བྱིན་གྱིས་རློབས། །མཉམ་ཉིད་དབྱིངས་སུ་ཐམས་ཅད་རྫོགས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །འཁྲུལ་པ་ཟད་པའི་ཟང་ཐལ་སྐུ། །རང་སྣང་རིས་མེད་ཁྱོད་ལ་འདུད། །གྲོལ་གཞིའི་ཀློང་དུ་ཆོས་ཅན་ཟད། །གཏིང་གསལ་ཡེ་ཤེས་ཕྱོགས་ལྷུང་མེད། །མི་འགྱུར་གཞོན་ནུ་བུམ་པ་སྐུ། །འཕོ་བ་ཆེན་པོ་ཁྱོད་ལ་འདུད། །ལུས་སྣང་སེམས་སུ་བག་ཆགས་པ། །འོད་གསལ་འགྲོ་འོང་མེད་པར་ཐིམ། །གཞིར་གནས་རང་བྱུང་ཡེ་ཤེས་ལུས། །སྐུ་གསུམ་རྒྱལ་ཚབ་ཁྱོད་ལ་འདུད། །རྣམ་པར་སྣང་མཛད་གངས་ཆེན་མཚོ། །གསང་བའི་བདག་པོ་རྡོ་རྗེ་ཆོས། །རྒྱལ་བའི་སྙན་གྱུར་ཀུན་དགའ་བོ། །འཇིག་རྟེན་མིག་གཅིག་བཻ་རོ་རྗེ། །སྔགས་ཀྱི་བདག་པོ་ཤཱཀྱ་འབྱུང་། །ཁྱུང་པོ་རྣལ་འབྱོར་རྫུ་འཕྲུལ་ཆེ། །ཀུན་མཁྱེན་ཀུན་དགའ་རྒྱལ་མཚན་དཔལ། །གྲུབ་པའི་གཙུག་རྒྱན་སྐྱེ་མེད་ཞང་། །རྡོ་རྗེ་ཀུན་སྐྱོང་གླིང་པ་སོགས། །དངོས་གཅིག་ཡེ་ཤེས་ཉམས་བརྒྱའི་གར། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་ཚུལ། །དཔལ་ལྡན་བླ་མ་རྡོ་རྗེ་འཛིན། །བདེ་བའི་ངང་ནས་གསོལ་བ་འདེབས། །ཞེན་པ་མེད་པར་བྱིན་གྱིས་རློབས། །གསལ་བའི་ངང་ནས་གསོལ་བ་འདེབས། །འཛིན་པ་མེད་
པར་བྱིན་གྱིས་རློབས། །མི་རྟོག་ངང་ནས་གསོལ་བ་འདེབས། །ཐིམ་ལ་མ་རྨུགས་བྱིན་གྱིས་རློབས། །སྐྱེ་མེད་ཀློང་དུ་གསོལ་བ་འདེབས། །གནས་ལུགས་རྟོགས་པར་མཛད་དུ་གསོལ། །འགག་མེད་དབྱིངས་སུ་གསོལ་བ་འདེབས། །གཞི་ཐོག་གྲོལ་བར་མཛད་དུ་གསོལ། །བླ་མ་རྡོ་རྗེ་སེམས་དཔའ་ཀྱེ། །བདག་རྒྱུད་སྨིན་པར་མཛད་དུ་གསོལ། །ཀ་དག་ལྷོངས་སུ་ཕུད་པར་མཛོད། །སེམས་རིག་ཕྱེད་པར་བྱིན་གྱིས་རློབས། །རྟོགས་གྲོལ་དུས་མཉམ་དངོས་གྲུབ་སྩོལ། །གནས་བཞིར་གདོད་གནས་ཐིག་ལེ་རུ། །ཀུན་རྟོག་དག་པའི་ཡི་གེ་ལས། །ཡེ་ཤེས་འོད་ཟེར་རང་བབ་བྱུང་། །བསྐུར་ཐོབ་བྲལ་བའི་དབང་གིས་སྨིན། །སྒྲིབ་པ་མ་སྤངས་དབྱིངས་སུ་དག །རང་བྱུང་སྐུ་བཞི་གསོས་ཐེབ་གྱུར། །ཡི་གེ་བརྒྱ་པ་བརྗོད། མཐར། བླ་མ་དགྱེས་པས་འོད་དུ་ཞུ། །གདོད་གནས་སྙིང་གི་ཐིག་ལེར་ཐིམ། །གཉིས་སུ་སྣང་བ་རྟོག་པའི་དབང་། །རང་ངོ་ཤེས་པ་བླ་མའི་རབ། །སེམས་ཉིད་ཡེ་ནས་སྐྱེ་བ་མེད། །གང་དུའང་མི་གནས་འགག་པ་བྲལ། །རིག་སྟོང་ནམ་མཁའ་ལྟ་བུ་ལ། །འགྱུ་བ་རང་གྲོལ་ཆུ་རླབས་ལྟར། །བྱིས་པས་ལྷ་ཁང་ལྟ་བ་བཞིན། །རྣམ་རྟོག་སྔ་ཕྱི་མེད་པར་གྲོལ། །སྤྲུལ་མདུད་ནམ་མཁར་ཞིག་པ་བཞིན། །རྣམ་རྟོག་གཉེན་པོ་མེད་པར་གྲོལ། ཁང་
སྟོང་རྐུན་པོ་ཕྱིན་པ་བཞིན། །རྣམ་རྟོག་ཐོབ་ཤོར་མེད་པ་གྲོལ། །བྱ་བ་ཟིན་བའི་སྐྱེས་བུ་བཞིན། །རྩོལ་སྒྲུབ་མེད་པ་གཞི་ཐོག་ཕྱིན། །རང་སྣང་རིས་མེད་ཀུན་ཏུ་བཟང་། །སྟན་ཐོག་འདི་རུ་མངོན་གྱུར་ཤོག །ཅེས་པའང་ཟབ་མོའི་གནས་ལ་ངེས་པ་འཁྲུངས་ཤིང་ཆོས་ཀྱི་སྤྱན་རས་ཡངས་པ། ལས་འཕྲོའི་དཔལ་ལྡན་ཀརྨ་པཱཛྟ་དྟྭ་ཛའི་ཐུགས་བཞེད་མི་གཅོགས་པའི་ཆེད་དུ། རྒྱལ་བའི་སྲས་པོའི་རྟགས་ཙམ་འཛིན་པ་བློ་གྲོས་མཐའ་ཡས་ཀྱིས་གནས་དྲུག་རི་བོའི་མདུན་ཞོལ་དུ་ཤར་མར་བྲིས་བ་དགེ་ལེགས་འཕེལ། །མངྒ་ལཾ།། །།