Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

11 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


  
  
 
རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་།
  
  
  
 
  
 
 
  
  
  
  
  
 
  
  
  
  
 
  
  
  
  
 
  


11 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousརྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་།next

རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་།


LT35_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། །།


LT35_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲས་མནྟ་བྷ་དྲཱ་ཡ། །རང་བྱུང་ཡེ་ཤེས་ཀུན་ཁྱབ་གདོད་མའི་མགོན། །ཁྱད་པར་བདུན་ལྡན་དབྱིངས་སྣང་ལོངས་སྤྱོད་རྫོགས། །རང་བཞིན་འགྲོ་འདུལ་སྣ་ཚོགས་སྤྲུལ་པའི་སྐུ། །ཁྱབ་བདག་བླ་མའི་ཞབས་ལ་ཕྱག་བགྱིའོ། །ཟབ་ཅིང་བརྟག་དཀའ་ནམ་མཁའ་ལྟ་བུའི་གནས། །སྤང་བྱ་གཉེན་པོ་གཉིས་ཀའི་མཐའ་ལས་གྲོལ། །སུ་འཕྲད་འབྱུང་བཞི་འོད་དུ་དེངས་བྱེད་པ། །བསྟན་པ་འོད་གསལ་རྡོ་རྗེ་རྩེ་མོར་འདུད། །དགའ་རབ་ལ་སོགས་རྒྱ་བོད་རིག་པ་འཛིན། །ཁྱད་པར་དྲི་མེད་བཤེས་གཉེན་མཁས་པའི་རྗེ། །ཀློང་ཆེན་རབ་འབྱམས་ཡེ་ཤེས་སྒྱུ་མའི་འཕྲུལ། །རྡོ་རྗེ་གཟི་བརྗིད་བྱང་ཆུབ་བར་དུ་བསྙེན། །བཅུ་བདུན་རྒྱུད་ཀྱི་གཉེར་འཛིན་འཁོར་


LT35_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི། །དབྱིངས་ཕྱུག་སྔགས་ཀྱི་བདག་མོ་རལ་གཅིག་མས། །གནང་བའི་སྐབས་སྩོལ་འཆད་དང་ཉམས་ལེན་ལ། །བར་ཆད་མེད་ཅིང་གྲུབ་པ་མཐར་ཕྱིན་མཛོད། །གདོད་མའི་དབྱིངས་སུ་འཁོར་བ་དོང་སྤྲུགས་ཆོས། །རྟོག་གེས་མ་བསླད་བྱིན་རླབས་གཟི་མ་ཉམས། །དྲི་མེད་གཤེས་གཉེན་ཐུགས་ཀྱི་ཐིག་ལེ་ནི། །ཀུན་མཁྱེན་ཆོས་རྗེས་བཅུད་དུ་དྲིལ་བ་གང་། །གཏེར་ཆེན་ཡབ་སྲས་ཞལ་ལུང་བུམ་བཟང་ལས། །ཁྱབ་བདག་བླ་མའི་དྲིན་གྱིས་ལེགས་ཐོབ་པ། །རང་བཟོས་མ་བསླད་གཞན་ལ་ཕན་འདོད་བློས། །འདུས་གསལ་ལག་ཁྲིད་རིམ་པ་བཤད་པར་བྱ། འདིར་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་བསྟན་པ་ཐམས་ཅད་ཀྱི་


LT35_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་མོ། ཆོས་ཀྱི་འཁོར་ལོ་མཐའ་དག་གི་ཡང་བཅུད། །རྡོ་རྗེ་ཐེག་པའི་ཉམས་ལེན་ཐམས་ཅད་ཀྱི་མཐར་ཐུག །འོད་གསལ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ། ཡང་གསང་མན་ངག་གི་སྡེ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཅིག་འདྲེས་ཀྱི་ཟབ་ཁྲིད་འཆད་པར་བྱེད་པ་ལ་གཉིས། མཐུན་རྐྱེན་ཚོགས་པས་གདམས་ངག་གི་སྒྲོམ་དུ་གཞུག་པ་དང་། འཆད་བྱ་ཁྲིད་ཚུལ་གདམས་ངག་དངོས་བཤད་པའོ། །དང་པོ་ལ་བཞི། ཁྲིད་འཆང་པ་པོ་སློབ་དཔོན་གྱི་མཚན་ཉིད། འཆད་ཡུལ་སློབ་མའི་མཚན་ཉིད། ཇི་ལྟར་བསྟེན་པའི་ཚུལ། མཐུན་རྐྱེན་གྱི་གཞི་བཟུང་བའོ། །དང་པོ་ནི། །ཨ་ཏི་བཀོད་པ་ཆེན་པོ་ལས། །མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་པས། སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་གི་དོན་ལ་མཁས་ཤིང་གྲུབ་མཐའི་དབྱེ་བ་ཕྱེད་པ། བྱེ་བྲག་ལམ་འདི་ཉིད་ཀྱི་ཉམས་མྱོང་དྲོད་ཚད་དང་ལྡན་པ། མན་ངག་གི་དོན་སྟོན་པ་ལ་མཁས་ཤིང་ཆགས་སྡང་སོགས་ཚེ་འདིའི་འདུ་འཛིའི་གཡེང་བ་དང་བྲལ་བ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རིམ་གཉིས་ཀྱི་ཉམས་ལེན་མཐར་ཕྱིན་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆོས་ཉིད་མངོན་སུམ་གྱི་དོན་ཚད་ལ་ཕེབས་པ། །


LT35_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པས་རང་རྒྱུད་གྲོལ་ཅིང་ཐུགས་རྗེས་གཞན་རྒྱུད་སྨིན་ནུས་པ། གནས་ལུགས་ཀྱི་དོན་ལ་ཤེས་རབ་ཟབ་མོས་སྒྲོ་འདོགས་ཆོད་པའི་ཡེ་ཤེས་ཀྱིས་སློབ་མས་དྲིས་པའི་ལན་ལ་མ་རྨོངས་པ་སྟེ། །མཚན་ཉིད་དེ་དག་དང་ལྡན་པ་ནི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་བྱའོ། །དེ་ལས་ལྡོག་པའི་སྐྱོན་ཅན་བསྟེན་ཏུ་མི་རུང་བ་ནི་རྒྱུད་རང་ཤར་ལས། །མི་ཤེས་ང་རྒྱལ་ཆེན་པོ་དང་། །བློ་རྨོངས་ཚིག་ཕྱིར་འབྲེང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁེངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་འཆལ་བར་གྱུར་པ་དང་། །དྲིས་པས་དག་ལ་ལན་མི་འདེབས། །ཐོས་ཆུང་ང་རྒྱལ་ཆེ་བ་སྟེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། ཅེས་པས་སྐྱོན་དེ་དག་དང་ལྡན་པ་ནི་ཐོག་མ་ནས་བསྟེན་པར་མི་བྱའོ། །གཉིས་པ་སློབ་མའི་མཚན་ཉིད་ནི། རང་ཤར་ལས། །དད་པའི་སྟོས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །སློབ་དཔོན་ཇི་སྐད་གསུང་བཞིན་བྱེད། །ཅེས་པས། བླ་མ་དང་གདམས་ངག་ལ་ཡིད་རབ་ཏུ་སྤྲོ་ཞིང་དོན་དུ་གཉེར་བ་དང་བའི་དད་པ། བསྒྲུབ་པའི་འབྲས་བུ་ལ་ཆེད་དུ་གདུང་བ་འདོད་པའི་དད་པ། ཐེ་ཚོམ་མི་བྱེད་པ་ཡིད་ཆེས་ཀྱི་དད་པ།


LT35_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཚེ་བའི་རྐྱེན་གྱིས་མི་འཕྲོག་པ་མཐར་ཐུག་གི་དད་པ་སྟེ་བྱིན་རླབས་འཇུག་པའི་རྒྱུ་ཚང་བ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་ཕྱི་བཤོལ་དང་ཐང་ལྷོད་མེད་པའི་སྙིང་སྟོབས་ཀྱི་དམ་བཅའ་བརྟན་པ། གནས་ལུགས་ཟབ་མོའི་དོན་ལ་དཔྱོད་པའི་ཤེས་རབ་གསལ་བས་ཉམས་རྟོགས་སྐྱེ་སླ་བ། ཟས་གོས་སོགས་སྲིད་པའི་བདེ་འབྱོར་ལ་འཛིན་ཆགས་ཆུང་བ། བླ་མ་དང་ལྷག་པའི་ལྷ་ལ་ཕུ་དུད་ཆེ་བས་བྱིན་རླབས་འཇུག་པའི་སྒོ་ཚང་བ། གསང་སྔགས་ཀྱི་ལམ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་སྤྱོད་པ་ལ་འཇུག་ནུས་པ། ཆགས་སྡང་རྨོངས་གསུམ་སོགས་ཐ་མལ་གྱི་རྣམ་རྟོག་ལ་སེམས་མི་འཇུག་པས་གཡེང་བ་དང་བྲལ་བ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉེར་དུ་བླངས་པ་ལས་མི་འདའ་བའི་དམ་བཅའ་བརྟན་པ། ཟབ་མོའི་ལམ་སྒོམ་པ་ལ་སྐྱོ་ངལ་མེད་ཅིང་། བླ་མས་ཇི་ལྟར་གསུངས་པ་ལས་མི་འདའ་བ་སྟེ། མཚན་ཉིད་དེ་ལྡན་གྱི་སློབ་མ་ཉིད་འཆད་ཡུལ་དུ་བཟུང་བར་བྱ་དགོས་ཤིང་། དེ་ལས་ལྡོག་པའི་སྣོད་སྐྱོན་ཅན་ནི། རང་ཤར་ལས། བཀུར་བསྟེ་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །དོན་མེད་འཆལ་བར་གྱུར་པ་སྟེ། །སློབ་མ་མ་


LT35_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་སློབ་དཔོན་དགྲ། ཞེས་གསུངས་པ་ལྟ་བུའི་སྣོད་མིན་ལ་ཟབ་མོའི་ཆོས་བསྟན་ན་ཌཱ་ཀི་དམ་ཅན་གྱིས་བཀའ་ཆད་འབེབས་ཤིང་དངོས་གྲུབ་མི་ཐོབ་པ་དང་སྒྲོ་སྐུར་འབྱུང་བས་སྡང་བར་བྱའོ། །གསུམ་པ་བསྟེན་པའི་ཚུལ་ནི། མཚན་ཉིད་དང་ལྡན་པའི་སློབ་མ་དེས་ཀྱང་ནད་པས་སྨན་པ་བསྟེན་པ་ལྟར། འཁོར་བའི་ནད་ལས་ཐར་པའི་དོན་དུ། ལུས་ངག་ཡིད་གསུམ་གུས་པས་གཡོ་ཟོལ་མེད་པར་སྲིད་ཞུ་དང་ཕུ་དུད་བྱ་ཞིང་། གྲུ་འདོད་པས་མཉན་པ་བསྟེན་པ་ལྟར་འཁོར་བས་འཇིགས་ནས་རྟག་ཏུ་ཅི་གསུང་ཉན་པ་དང་། ཚོང་པས་དེད་དཔོན་བསྟེན་པ་ལྟར་ཐར་པ་འདོད་པས་རིམ་གྲོ་ཆེར་བྱ་ཁྱད་པར་དུ་རབ་སྒྲུབ་པའི་ཞབས་ཏོག་གིས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཟིན་པ། འབྲིང་ལུས་ངག་གི་ཞབས་ཏོག་གིས་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བ། ཐ་མ་ཟང་ཟིང་གི་ཡོ་བྱད་ཀྱིས་ཚོགས་གཉིས་ཀྱི་བྲེ་ཁ་ཁེངས་པ་གང་རུང་གིས་ཅིས་ཀྱང་མཉེས་པ་བསྒྲུབ་པར་བྱ་སྟེ། རང་ཤར་ལས། དེ་ལྟར་མན་ངག་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །ཞེས་གསུངས་ཤིང་དེའི་ཡོན་ཏན་ཀྱང་། །བདུད་རྩི་འབྱུང་བའི་རྒྱུད་ལས། །ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤྲས་པ་ཡི། །སྟོང་གསུམ་གང་བ་ཕུལ་བས་ཀྱང་། །བླ་མའི་བ་སྤུ་ཉག་གཅིག་ལ། །མར་གྱི་ཐིགས་པ་གཅིག་


LT35_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་ན། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །ཅེས་དང་། གཞན་ཡང་སྒོ་གསུམ་གྱི་སྒྲིབ་པ་འདག་ཅིང་ཀུན་གྱིས་མཐོང་ན་དགའ་བ་དང་། བསོད་ནམས་དང་འབྱོར་པ་འཕེལ་ཞིང་མཁའ་འགྲོས་སྟོང་གྲོགས་བྱེད་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དཀའ་བ་མེད་པར་ཐོབ་པ་སྟེ། དམ་ཚིག་མཆོག་གི་རྒྱུད་ལས། །དངོས་གྲུབ་འདོད་པའི་དད་པ་ཅན། །དངོས་གྲུབ་བླ་མ་མཉེས་ལས་འབྱུང་། །ཞེས་སོ། །བཞི་པ་མཐུན་རྐྱེན་གྱི་གཞི་བཟུང་བ་ལ་བཞི། གནས། དུས། ཡོ་བྱད། གྲོགས་སོ། །དང་པོ་ནི། ཀློང་གསལ་ལས། ལུང་སྟོང་གངས་ཁྲོད་རི་རྩེ་དུར་ཁྲོད་དམ། ཤིན་ཏུ་དབེན་ཞིང་དྭངས་མཐོ་བསིལ་བའི་སར། །སྐལ་ལྡན་སྐྱེས་བུའི་ཉམས་ལེན་བྱེད་པའི་གནས། །བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ། །ཅེས་པས་སྒྲུབ་པའི་གནས་སྤྱིར་ཡིད་དང་མཐུན་པ། །དགྲ་རྐུན་སོགས་ཀྱི་འཚེ་བ་མེད་ཅིང་སྐྱེ་བོའི་རྒྱུ་འགྲུལ་དང་ཅ་ཅོ་སོགས་ཀྱི་རྣམ་གཡེང་ཆུང་བ། ས་ཕྱོགས་བཀྲ་ཤིས་གཞི་བདག་ཆོས་ལ་དཀར་བ། །བླ་མ་མཁའ་འགྲོ་དང་གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པའི་གནས། གངས་རི་ནགས་ཁྲོད་བྲག་རི་ལ་སོགས་པ་རང་བཞིན་གྱིས་རིག་པ་དྭངས་ཤིང་ས་ཕྱོགས་མཐོ་བ། ཤར་གྱི་མདངས་འཕྲོགས་ཤིང་ནུབ་ཀྱི་ཟེར་སྡུད་པ་ཞེས་ཉི་མ་སྔ་མོ་འཆར་ཞིང་ཕྱི་མོར་ནུབ་པས་ཉི་ཚེ་རིང་བ། ཆུ་འཇམ་ཞིང་ཉམས་དགའ་བ།


LT35_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྐྱེན་ཐམས་ཅད་རྙེད་པར་སླ་བའི་གནས་སུ་བསྒྲུབ་པར་བྱའོ། །གཉིས་པ་དུས་ནི། དུས་དང་ཚེས་གྲངས་གཟའ་སྐར་སོགས་བཟང་བ་ལ་འཇུག་དགོས་ཤིང་། །ཁྱད་པར་ཐོད་རྒལ་བསྒོམ་པའི་དུས་ནི། །དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། ཞེས་གསུངས་པས། དུས་དེར་བསིལ་དྲོད་སྙོམས་པའི་དབང་གིས་བྱིངས་རྨུགས་ཀྱི་རྐྱེན་ཉུང་ཞིང་། བྱེ་བྲག་འཆར་ནུབ་ཀྱི་ཟེར་གཉིས་ཏེ་ཡེ་ཤེས་འཆར་བའི་རྐྱེན་དུ་འགྱུར་བས་ངོ་སྤྲོད་ཀྱི་དུས་སུ་བཤད་པའི་ཕྱིར་དེ་དང་བསྟུན་པར་བྱའོ། །གསུམ་པ་ཡོ་བྱད་ནི། འཚོ་བའི་ཡོ་བྱད་ཟས་སྐོམ་དང་གོས་སྟན། བསྟེན་པའི་ཡོ་བྱད་དམ་རྫས། མཁོ་བའི་ཡོ་བྱད་རྡོ་རྗེ་དྲིལ་བུ་སོགས། མཐུན་པའི་ཡོ་བྱད་སྨན་དང་རྟེན་འབྲེལ་གྱི་རྫས། །ཁྱད་པར་གྱི་ཡོ་བྱད་དབང་ཡོན་དང་གཏོར་ཚོགས་ཀྱི་རྒྱུ་ལ་སོགས་པ་མདོར་ན་གང་གི་ཕྱིར་ཡང་གནས་སྐབས་དེ་དག་ཏུ་བྲེལ་མི་དགོས་པར་གོང་དུ་འཚོགས་པར་བྱ་སྟེ། ཕྱག་རྟེན་མེ་ཏོག་དབང་ཡོན་གཏོར་ཚོགས་རྒྱུ། །ཉམས་ལན་དུས་སུ་ཁམས་ཀྱི་རྟེན་པོ་བཙལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །ཞེས་གསུངས་སོ། །བཞི་གྲོགས་ནི། ཟབ་ལམ་སྒོམ་པའི་ཉམས་མྱོང་ཅན་ནམ། །མིན་ཀྱང་རྒྱུད་ཞི་དུལ་དང་ལྡན་ཅིང་དམ་ཚིག་གཙང་བ། །དག་སྣང་འབྱོངས་


LT35_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཉོན་མོངས་ཤས་ཆུང་བ། བརྩེ་སེམས་ཆེ་བས་མཐུན་རྐྱེན་སྦྱོར་བ་ལ་སྐྱོ་ངལ་མེད་པ་ཉིད་བསྟེན་པར་བྱ་བ་ཀློང་གསལ་ལས་གསུངས་སོ། །གཉིས་པ་ཁྲིད་ཚུལ་གདམས་ངག་དངོས་རྒྱས་པར་བཤད་པ་ལ་ལྔ། ངེས་ཤེས་སྐྱེད་པ་ལོ་རྒྱུས། སྨིན་པར་བྱེད་པ་དབང་། གྲོལ་བར་བྱེད་པ་ཁྲིད། །བསྒོམས་པ་ལས་བྱུང་བའི་འབྲས་བུ། ཞར་བྱུང་ལག་ལེན་གྱི་ཁྱད་པར་བསྟན་པའོ། །དང་པོ་ནི། ཀློང་གསལ་ལས། །སྐལ་ལྡན་ངེས་ཤེས་བསྐྱེད་པའི་ཕྱིར། །བརྒྱུད་པའི་ལོ་རྒྱུས་བཤད་པར་བྱ། །ཞེས་གསུངས་པས་འདི་ལ་གསུམ། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དོ། །དང་པོ་ནི། གདོད་མའི་དབྱིངས་སུ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀ་དག་གི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཀློང་ནས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གཉིས་ལྷུན་གྲུབ་ཡེ་ཤེས་ཀྱི་སྐུར་བཞེངས་ནས་རང་སྣང་གི་འཁོར་རྒྱལ་ཚབ་རིགས་ལྔ་དང་། རྒྱལ་སྲས་སེམས་དཔའ་སོགས་ཉིད་ལས་མི་གཞན་པའི་ཚོགས་ལ་རྫོགས་པ་ཆེན་པོ་སྒྲ་ཚིག་བྱ་རྩོལ་ལས་འདས་པ་དུས་ཀུན་མཉམ་པ་ཉིད་དུ་བརྗོད་མེད་ཀྱི་སྒོ་ནས་གསུངས་སོ། །གཉིས་པ་ནི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་དུར་ཁྲོད་མེ་རི་འབར་བའི་གནས་སུ་སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ་ཆོས་ཉིད་དོན་གྱི་


LT35_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་ཉིད་ཆོས་ཅན་བྱ་རྩོལ་ལས་འདས་པ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་བཤད། དེས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་ཆོས་ཉིད་བྱ་རྩོལ་ལས་འདས་པར་གསུངས། དེས་སོ་ས་གླིང་གི་དུར་ཁྲོད་དུ་རིག་འཛིན་ཤྲཱི་སི༚་ཧ་ལ་མངོན་སུམ་རང་ཐོག་ཏུ་ཕབ་ནས་གསུངས། དེས་དུར་ཁྲོད་ཆེན་པོ་བསིལ་སྦྱིན་དུ་སློབ་དཔོན་ཛྙཱ་ན་སུ་ཏྲ་ལ་མངོན་སུམ་ཡིད་དཔྱོད་བྲལ་བར་གསུངས། དེས་དུར་ཁྲོད་ཆེན་པོ་བྷ་སིང་དུ་པ་ཆེན་བི་མ་ལ་མི་ཏྲ་ལ་གནས་ལུགས་གོ་རྟོགས་དང་བྲལ་བར་ཡེ་ཤེས་གོང་འཕོའི་ཚུལ་དུ་བརྡའ་དང་བརྡའི་སྒོ་ནས་གསུངས་པ་ནི་རིག་འཛིན་བརྡ་བརྒྱུད་དོ། །གསུམ་པ་ནི། པ་ཆེན་བི་མ་ལ་ཉིད་ཀྱིས་མངའ་བདག་རྒྱལ་པོ་དང་། མྱང་བ་ན་ཏིང་འཛིན་བཟང་པོ་སོགས་ལ་གསང་བ་བླ་ན་མེད་པའི་གདམས་པ་རྣམས་མནོག་ཆོས་སུ་གནང་ཞིང་། མྱང་བན་ཉིད་ཀྱིས་བརྒྱུད་པའི་བཀའ་སྲོལ་མི་ཉམས་པའི་ཆེད་དུ་སྙན་བརྒྱུད་རྣམས་འབྲོ་རིན་ཆེན་འབར་དང་སྦས་བློ་གྲོས་དབང་ཕྱུག་གཉིས་ལ་གཏད། དཔེ་བརྒྱུད་རྣམས་མ་འོངས་པའི་གདུལ་བྱར་དགོངས་ཏེ་དབུ་རུ་ཞྭའི་ལྷ་ཁང་དུ་སྦས་པ་ཕྱིས་གནས་བརྟན་ལྡང་མ་ལྷུན་རྒྱལ་གྱིས་གཏེར་ནས་བཏོན། སྙན་བརྒྱུད་ཀྱང་བཙལ་ནས་གསན་པས་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར། དེས་ལྕེ་བཙུན་སེང་གེ་དབང་


LT35_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ལ་གནང་། ལྕེ་བཙུན་ཆེན་པོས་ཀྱང་ཟབ་པ་པོད་བཞི་སོགས་གཏེར་ནས་བཞེས་ཤིང་ཁྱད་པར་བྱར་གྱི་ཕུ་བྲག་དཀར་ཐེམ་པ་འདྲ་བར་པ་ཆེན་བི་མ་ལ་མི་ཏྲས་གདམས་ངག་རྣམས་རྫོགས་པར་ཟླ་བ་བདུན་དུ་སྩལ། འོ་ཡུག་ཕྱི་གོང་རྫའི་ར་བར་འོད་ཀྱི་སྐུར་གཤེགས། །དེས་ཞང་སྟོན་བཀྲ་ཤིས་རྡོ་རྗེ། །དེས་ལྕེ་བཙུན་གྱི་སྲས་མཁས་པ་ཉི་མ་འབུམ། །དེས་ཆོས་བདག་གུ་རུ་ཇོ་འབར། །དེས་འཁྲུལ་ཞིག་སེང་གེ་རྒྱབ་པ། །དེས་གྲུབ་ཐོབ་ཟླ་བ་མུན་སེལ། །དེས་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛ། །དེས་མཁས་གྲུབ་ཀུན་གྱི་གཙུག་རྒྱན་ཆེན་པོ་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ལ་གདམས་པ་རྫོགས་པར་གནང་བ་ཡིན་ཏེ། དམ་པ་འདི་ནི། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས་ལུང་བསྟན་པ་སྟེ། དེའང་ཁ་ཅིག་གིས། དེ་ནས་བློ་གྲོས་མཆོག་གིས་འཛིན། ཅེས་མཚན་གྱི་རྣམ་གྲངས་ཚུལ་ཁྲིམས་བློ་གྲོས་ཞེས་མཚན་གྱི་འབྲེལ་དང་། ཤེས་བྱ་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་ཀྱི་རྩལ་ཁ་རྒྱས་པར་དོན་ཏུ་འབྲེལ་གསུངས། དམ་པ་འགའ་ཞིག་གིས། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །ཞེས་པར་ཡང་ངོས་འཛིན་ཅིང་སྤྱིར་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་ཆོས་འཁོར་གཞན་དྲིང་མི་འཇོག་པར་བསྐོར་བ་ཀུན་ཏུ་བཟང་པོ་བཤེས་གཉེན་གྱི་རྣམ་པར་སྣང་བ་


LT35_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཡང་རྒྱུད་དེ་ཉིད་ལས། །ས་ལ་གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་སྤེལ་བར་བྱེད། །ཅེས་ལུང་བསྟན་པའི་རྒྱལ་བའི་དབང་པོ་གསུམ་པ་རང་བྱུང་རྡོ་རྗེས་ཐོག་མར་རིག་འཛིན་ཀུ་མཱ་རཱ་ཛ་ལས་གསང་བ་སྙིང་ཐིག་གི་གདམས་ཁྲིད་རྫོགས་པར་གསན། ཕྱིས་བི་མ་ལས་དངོས་སུ་རྗེས་སུ་བཟུང་བ་སྟེ། རྡོ་རྗེའི་གསུང་ལས། །བདག་ནི་བི་མ་ལ་ཡིས་བྱིན་གྱིས་བརླབས། །ཀརྨའི་ཡང་དགོན་དབེན་པར་འདུག་པའི་ཚེ། །ནམ་ལངས་དུས་མཐར་ཤར་གྱི་ཕྱོགས་རོལ་ནས། །ལྟ་བས་མི་རོམས་འོད་ཀྱིས་མཛེས་པ་ཞིག། མངོན་སུམ་ལྟར་སྣང་བདག་གི་མཛོད་སྤུར་ཐིམ། །དེ་ནས་འབད་མེད་གནད་འདི་ཐམས་ཅད་གོ། ཞེས་གསུངས་པ་ལྟར་དེ་ལ་བརྟེན་ནས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དགོངས་པ་བདེ་བླག་ཏུ་མཁྱེན་པའི་ཚུལ་བསྟན། དགོངས་པའི་ཀློང་ནས་བརྡོལ་བའི་ཀརྨ་སྙིང་ཐིག་ཅེས་མཛད་ཅིང་། མཁས་གྲུབ་ཀྱི་ཞལ་སློབ་བཞི་ལ་བི་མ་ལ་དང་པདྨའི་སྙིང་ཐིག་གི་ཆོས་རྣམས་དབུས་གཙང་ཁམས་གསུམ་རྒྱ་ནག་ལ་སོགས་པ་རྣམས་སུ་སྤེལ་བར་བཀའ་བསྒོས་པས་ལུང་གི་དོན་མངོན་ཏུ་གྱུར། དེས་ན་སྐྱེས་བུ་ཆེན་པོ་འདི་གཉིས་ནི་རྫོགས་ཆེན་བསྟན་པའི་བདག་པོ་སྒོ་ཐམས་ཅད་ནས་འགྲན་ཟླ་དང་བྲལ་བ་ཡིན་ཅིང་། གཉིས་ཀའི་བླ་མ་རིག་འཛིན་ཀུ་མཱ་ར་ཡིན་པ་དང་། །


LT35_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་སྙིང་ཐིག་ཀྱང་ཚིག་གི་བརྗོད་པ་ཕྲན་བུའི་ཁྱད་པར་ལས་ཚིག་དོན་གཉིས་ཀའི་ཆར་བི་མ་སྙིང་ཐིག་དང་ཁྱད་པར་ཅིའང་མེད་པ་མ་ཟད་གོང་མ་རྣམས་ལ་བི་མ་སྙིང་ཐིག་མ་བུ་དང་ཀརྨ་སྙིང་ཐིག་གི་བརྒྱུད་སྲོལ་ཆུ་བོ་གཅིག་འདྲེས་སུ་གྱུར་པས་ཉམས་ལེན་དང་འཆད་སྤེལ་གང་བྱས་ཀྱང་གཅིག་གོ་གཅིག་ཆོད་ངེས་པར་ཡོང་བ་ཡིན་ཅེས་ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་ཀྱིས་ཡང་ཡང་གསུངས། འོན་ཀྱང་འདིར་གཙོ་བོར་འཆད་བྱ་སྙིང་ཐིག་མ་བུའི་བརྒྱུད་སྲོལ་ནི། ཀུན་མཁྱེན་ཀློང་ཆེན་པ་ལ། དོན་གཉིས་མཐའ་རུ་ཕྱིན་པའི་སློབ་མ་སྐྱེས་ཆེན་མང་དུ་བྱོན་པ་ལས། བརྒྱུད་པ་གཙོ་ཆེ་བའི་དབང་གིས་མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་འདིར་འདྲེན་ཅིང་། །དེས་འཇམ་དབྱངས་གྲགས་པ་འོད་ཟེར། །དེས་འཁྲུལ་ཞིག་སངས་རྒྱས་དབོན་པོ། །དེས་ཀུན་མཁྱེན་ཟླ་བ་གྲགས་པ། །དེས་གྲུབ་ཆེན་ཀུན་བཟང་རྡོ་རྗེ། །དེས་མཚུངས་མེད་རྒྱལ་མཚན་དཔལ་བཟང་། །དེས་སྤྲུལ་སྐུ་སྣ་ཚོགས་རང་གྲོལ། །དེས་གྲུབ་མཆོག་བསྟན་འཛིན་གྲགས་པ། །དེས་མཁས་གྲུབ་མདོ་སྔགས་བསྟན་འཛིན། །དེས་རིག་འཛིན་ཕྲིན་ལས་ལྷུན་གྲུབ། །དེས་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པ་ལ་གནང་། རྗེ་འདིའི་ཕྱག་བཞེས་སུ་བི་མ་ལའི་མན་ངག་སྙིང་ཐིག་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དང་། དེ་ཉིད་ལ་ཆོས་རྗེ་ཀུན་མཁྱེན་ཆེན་


LT35_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དྲི་མེད་འོད་ཟེར་གྱིས་སྙིང་ཐིག་རྩ་བའི་ཟབ་གནད་གསལ་བྱེད་དུ་མཛད་པའི་བླ་མ་ཡང་ཐིག་གཉིས་གདམས་ཁྲིད་སོ་སོར་རང་རྐང་དུ་འཆད་པའང་ཡོད་མོད། གཙོ་བོར་རྩ་བ་མ་བུ་གཉིས་གང་ལ་བརྟེན་ཀྱང་དམིགས་པའི་རྐང་གྲངས་སེམས་སྦྱང་བདུན་སོགས་ངོ་བོ་མཐུན་པ་རྣམས་གཅིག་ཏུ་བྱས་ཤིང་། སྒོས་ཆོས་བྱེ་བྲག་པ་རྣམས་མན་ངག་གཉིས་བསྡེབས་ནས་མཛད་པའི་ལུགས་སྲོལ་འདི་གནས་སྐབས་སུ་འཇུག་པ་བདེ་ཞིང་། དོན་གྱི་ཉམས་ལེན་མ་ནོར་ཚང་ཕྲུགས་སུ་འདེབས་པའི་ཟབ་གནད་གཅིག་གྲོགས་གཅིག་འགྲོའི་གནད་ཀྱིས་གཉིས་ཀའི་གདམས་ཁྲིད་ཐོབ་པའི་ཀུན་གོ་གཅིག་ཆོད་དུ་འགྱུར་བར་མཛད་པའི་རྒྱུན་ནི་ད་ལྟའི་ཕྱག་བཞེས་འདི་ཉིད་ཡིན་ནོ། །གཏེར་ཆེན་བླ་མས། རང་སྲས་བི་མའི་སྤྲུལ་པ་འགྱུར་མེད་རིན་ཆེན་རྣམ་རྒྱལ་དང་། རྗེ་བཙུན་མ་མི་འགྱུར་དཔལ་གྱི་སྒྲོན་མ་སོགས་ལ་སྩལ་ཞིང་། །ཕྱི་མ་ནི་ཐལ་འགྱུར་ལས། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་སུ་དར། །དེ་ནས་མི་གནས་རང་སའོ། །ཞེས་པའི་ལུང་གིས་བསྟན་པ་ལྟར་མཁྱེན་རྟོགས་འགྲན་ཟླ་དང་བྲལ་ཞིང་བསྟན་པའི་རྒྱུན་ལ་བཀའ་དྲིན་ལྷག་པར་ཆེ་བ་དང་། ཁྱད་པར་སྙིང་ཐིག་མ་བུའི་ཁྲིད་ཡིག་བདེ་ཆེན་ལམ་བཟང་སོགས་སྙིང་ཐིག་གདམས་སྲོལ་གྱི་མིག་ཏུ་གྱུར་པའི་ཡིག་


LT35_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཆའང་མང་དུ་མཛད་ཅིང་། ལྕམ་དྲལ་དམ་པ་དེ་གཉིས་ཀྱིས་གཡུ་སྒྲའི་སྤྲུལ་པ་མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ། དེས་གནུབས་ཆེན་ཡང་སྲིད་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ། དེས་གཏེར་ཆེན་རྣམ་འཕྲུལ་ཁྲི་ཆེན་པདྨ་དབང་རྒྱལ། དེ་ལ་དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས་གསན་པ་ལས་བརྒྱུད་དེ་དབང་ལུང་ཚང་མ་སྐྱེས་ཆེན་དམ་པ་མགོན་སྤྲུལ་ཀརྨ་གཞན་ཕན་མཐའ་ཡས་ལས་ཐོག་མར་ནོས། ཡང་ཁྲི་ཆེན་ཕྲིན་ལས་རྣམ་རྒྱལ་ནས་རྗེ་བཙུན་རིན་པོ་ཆེ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན། དེ་ལས་པ་ཆེན་བི་མ་ལའི་རྣམ་འཕྲུལ་ཀློང་ཆེན་གཉིས་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱིས་གསན། དེས་ཁོ་བོ་ཅག་ལ་ཐུགས་བརྩེ་བ་ཆེན་པོས་སྨིན་གྲོལ་རྒྱ་མཚོ་ལྟ་བུའི་བཅུད་དུ་སྩལ་བ་ནི་དབང་ལུང་ཁྲིད་དང་ཉམས་རྟོགས་བར་མ་ཆད་པའི་བརྒྱུད་ཚུལ་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཡིན་ལ། སྤྱིར་སྙིང་ཐིག་ཡ་བཞི་ཞེས་ཡོངས་སུ་གྲགས་པ་ལས་གཉིས་བི་མ་དང་། གཉིས་པདྨ་སྙིང་ཐིག་ཡིན་ལ། དེའི་ངོས་འཛིན་རྙིང་ཕྱོགས་ཕལ་མོ་ཆེས་བི་མའི་སྙིང་ཐིག་ཆེན་མོ། དེའི་བཅུད་འདྲིལ་བླ་མ་ཡང་ཏིག་གཉིས། ལས་འབྲེལ་རྩལ་གྱི་གཏེར་མ་མཁའ་འགྲོ་སྙིང་ཐིག །དེའི་ཟབ་གནད་མཁའ་འགྲོ་ཡང་ཏིག་སྟེ་བཞིར་བཞེད་ལ་ཡང་ཏིག་གཉིས་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་དགོངས་པའི་གཏེར་ལས་འཁྲུངས་པ་དང་། ཀོང་པོ་རྫོགས་ཆེན་པ་དང་རིག་འཛིན་ཚེ་


LT35_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ནོར་བུ་སོགས་ནི། བི་མ་སྙིང་ཏིག་མ་བུ་གཉིས་སོ་སོར་བགྲང་། མཁའ་འགྲོ་སྙིང་ཏིག་མ་བུ་གཅིག་ཏུ་བསྡམས། དེ་སྟེང་རྡོར་སེམས་སྙིང་ཏིག་བཅས་བཞིར་བཞེད་ཅིང་ཕྱི་མ་ལ་བཀའ་བབ་རིམ་པ་གསུམ་མཆིས་པ་འདི་ནི་བཻ་རོའི་སྙིང་ཏིག་གི་མཚན་གཞིའོ། །ཡང་ཁ་ཅིག་ནས་རྡོར་སེམས་སྙིང་ཐིག་མི་བགྲང་བར་ཀརྨ་སྙིང་ཐིག་བཅས་པ་ཞིར་བྱེད་པའང་སྣང་ལ་རྗེ་རང་བྱུང་བས་ལས་འབྲེལ་རྩལ་ལ་མཁའ་འགྲོ་སྙིང་ཏིག་གསན་པའི་གཏེར་བརྒྱུད་ཀྱང་ད་ལྟ་བར་ཟམ་མ་ཆད་བར་བཞུགས་པ་དང་། ཁོ་བོ་ཅག་གིས་ཀྱང་དེ་དག་ཐམས་ཅད་སྐལ་པ་བཟང་པོའི་དཔྱིད་དུ་ནོས་པས་སྒོ་ཐམས་ཅད་ནས་ཆུ་བོ་གཅིག་འདྲེས་སུ་གྱུར་པ་མ་ཟད། ཀརྨ་སྙིང་ཐིག་སྒེར་གྱི་བརྒྱུད་པའང་རང་བྱུང་ཞབས་ནས་ཉམས་ཁྲིད་བར་མ་ཆད་པ་རིམ་པར་བརྒྱུད། དཔལ་ལྡན་དཔའ་བོ་རྡོ་རྗེ་གཙུག་ལག་དགའ་བ། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། །རྗེ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ། དཔའ་བོ་གཙུག་ལག་ཆོས་རྒྱལ། ཐམས་ཅད་མཁྱེན་པ་རྒྱལ་དབང་ཀརྨ་པ་ཐེག་པ་མཆོག་གི་རྡོ་རྗེས་ལུང་ཁྲིད་ཀྱི་ཚུལ་དུ་བཀའ་དྲིན་སྩལ་བའོ། །འདིར་མདོ་ཙམ་སྨོས་པ་ཡིན་ལ། རྒྱས་པར་ན་གསང་བ་སྙིང་ཐིག་གི་བབ་ལུགས་ཆེན་མོའམ། ཡང་ཏིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ། གཏེར་ཆེན་རིན་པོ་ཆེས་མཛད་པའི་སྙིང་ཐིག་མ་བུའི་བརྒྱུད་པའི་ཁ་སྐོང་ངེས་ཤེས་འདྲེན་པའི་ལྕགས་ཀྱུ་རྣམས་


LT35_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་འཆད་པར་བྱའོ། །གཉིས་པ་སྨིན་པར་བྱེད་པ་དབང་ལ་གཉིས། གཞི་དབང་བསྐུར། སྲོག་དམ་ཚིག་གོ། །དང་པོ་ནི། ཐལ་འགྱུར་ལས། །དབང་ནི་རྣམ་པ་བཞི་ཡིས་ཀྱང་། །སྐལ་པ་ལྡན་པ་སྨིན་པར་བྱ། །སྤྲོས་བཅས་ཉིད་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་པ་དང་། །དེ་བཞིན་རབ་ཏུ་སྤྲོས་པ་མེད། །དབྱེ་བ་བཞི་ཡི་ཚུལ་གྱིས་ནི། །སྐལ་ལྡན་རང་རྒྱུད་སྨིན་པར་བྱེད། །ཅེས་གསུངས་ཏེ། དེའང་སྤྱིར་ཡོ་ག་རྣམ་པ་གསུམ་གྱི་སྐབས་འདིར་ཐེག་པ་འོག་མ་ལྟར་དཀའ་སྤྱད་སོགས་ལ་མ་བརྟེན་པར། དུག་ལྔ་ལམ་ཁྱེར་གྱི་གདམས་པས་རྣམ་སྨིན་ཀུན་རྟོག་གི་བག་ཆགས་ཐབས་ཁྱད་པར་ཅན་གྱིས་སྦྱོང་ཞིང་། རང་རྒྱུད་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པར་བྱེད་པ་སྟེ། ཨ་བྷི་ཥིཉྩའི་སྒྲ་ལས་གཏོར་བའམ་བླུགས་པ་ཞེས་འབྱུང་བས་མེད་སྣང་འཁོར་བའི་བག་ཆགས་མ་ལུས་པ་དག་པར་བྱེད་པའི་ཆ་ནས་གཏོར་བ་དང་། གཞིའི་ངོ་བོ་གདོད་ནས་སྐུ་གསུམ་རང་ཆས་སུ་བཞུགས་པ་ཉིད་མཐོང་གསལ་དུ་བྱེད་པས་བླུགས་པའང་ཡིན་ཅེས་གསུངས་ལ། ཁྱད་པར་འདིར་ནི་སྣང་སྲིད་ཡེ་དག་ཆོས་ཉིད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རང་བཞིན་སྤྲོས་བྲལ་རྫོགས་པ་ཆེན་པོར་དབང་བསྐུར་ནས་གཅེར་མཐོང་དུ་ངོ་སྤྲོད་པའོ། །དེ་ཡང་གང་ཟག་དབང་རབ་རྣམས་ནི་དབང་དུས་སུ་གྲོལ་བ་ཐོབ་པ་དང་། འབྲིང་གིས་བརྡ་དོན་འཕྲོད་དེ་ཡེ་ཤེས་ཕེབས་པ་དང་།


LT35_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མས་ཀྱང་རྒྱུད་ལ་ཐར་པའི་ས་བོན་འཇོག་པ་ཡིན་ཏེ། དབང་གི་ལས་ཀྱིས་ཐར་པའི་མྱུ་གུ་མངོན་དུ་བསྐྱེད་པའམ། སྐྱེ་ངེས་ཀྱི་ནུས་རུང་དུ་སྨིན་པ། ཞེས་གསུངས་པས་སོ། །འདིར་མན་ངག་མ་བུ་གཉིས་བསྡེབས་ཀྱི་ཚུལ་དུ་གནང་ཡང་དབང་རྣམས་བླ་མ་ཡང་ཐིག་གི་ནང་ལྟར་དང་། བསྐུར་ལུགས་ཀྱང་དང་པོ་ཁྲིད་ཀྱི་སྔོན་དུ་སྤྲོས་བཅས་ཀྱི་དབང་། ཁྲེགས་ཆོད་ཀྱི་སྔོན་དུ་སྤྲོས་མེད། ཐོད་རྒལ་གྱི་སྔོན་དུ་ཤིན་ཏུ་སྤྲོས་མེད་དང་རབ་ཏུ་སྤྲོས་མེད་གཉིས་སྤྲེལ་མར་མཛད་པ་ཕྱག་བཞེས་ཡིན་ནོ། །གཉིས་པ་དམ་ཚིག་ནི། ཐལ་འགྱུར་ལས། དབང་རྟེན་པ་ཡི་དམ་ཚིག་ནི། བྱེ་བྲག་བརྗོད་ཀྱིས་མི་ལང་ཡང་། མདོར་བསྡུས་སྐུ་གསུང་ཐུགས་ཉིད་བསྲུང་། ཞེས་པས་བསྲུང་བྱའི་དོན་ལས་ནམ་ཡང་མི་འདའ་བའི་སེམས་པ་ས་བོན་དང་བཅས་པ་སྟེ། ཕྲ་རྒྱས་ལས། གང་ཞིག་ནན་ཏན་ལས་མི་འགོངས། རྨི་ལམ་དུ་ཡང་དམ་ཚིག་བརྗོད། དམ་བཅའ་བ་ནི་སྡོམ་པར་འདོད། ཅེས་སོ། །དབྱེ་ན་སྐུ་གསུང་ཐུགས་རེ་རེར་ཕྱིའི་ཕྱི་ཕྱིའི་ནང་། ཕྱིའི་གསང་བ་དང་། དེ་བཞིན་ནང་གསང་གཉིས་ལའང་སྦྱར་བས་རྣམ་གྲངས་ཉི་ཤུ་རྩ་བདུན། གཞན་ཡང་གསང་སྔགས་ཀྱི་དམ་རྫས་ཤ་ལྔ་དང་བདུད་རྩི་ལྔ་སོགས་གསང་བར་འོས་པ་དང་། བླ་མ་དང་མཆེད་རྣམས་ཀྱིས་སྤང་བླང་བསྟན་པ་རྣམས་གསང་བར་གཉེར་གཏང་བ་སྟེ། མདོར་ན་རང་གིས་ཇི་ལྟར་ཁས་བླངས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་


LT35_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཡོད་དྲན་ཤེས་མ་བྲལ་བའི་སྒོ་ནས་བསྲུང་དགོས་ཏེ། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། དམ་ཚིག་ས་གཞི་ལྟ་བུ་ལ། །ཐམས་ཅད་འབྲས་བུ་ལོ་ཏོག་སྨིན། །ཞེས་དང་། དམ་ཚིག་ས་མཆོག་གི་རྒྱུད་ལས། །འདི་ལས་འགལ་བར་མ་བྱས་ན། །རྡོ་རྗེ་འཛིན་པ་རྫོགས་སངས་རྒྱས། །ཚེ་འདི་ཉིད་ལ་ཐོབ་པར་ངེས། །ཞེས་སོགས་གསུངས་པས། ཉམས་ལན་དངོས་གཞིའི་འབྲས་བུ་རྒྱུད་ལ་སྐྱེ་མིན་ཐམས་ཅད་འདི་ལ་རགས་ལས་སོ། །གསུམ་པ་གྲོལ་བར་བྱེད་པར་ཁྲིད་ཀྱི་རིམ་པ་བསྟེན་པ་ལ་གསུམ། བརྩོན་འགྲུས་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོར་གྲོལ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བ་བསྟན་པའོ། །དང་པོ་ནི། དམིགས་གཏད་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་ཉམས་སུ་ལེན་པའི་སྒོམ་ཁྲིགས་ཆེན་མོ་ལས། དང་པོ་རིགས་པ་གཅེར་མཐོང་ལ་ཡིད་མ་ཆེས་ན། གྲུབ་མཐའ་ངན་པར་ལོག་པར་འབྱུང་དོགས་སྲིད་པས། སྔོན་དུ་བྱང་ཆུབ་སེམས་སྦྱོང་གི་མན་ངག་ལ་བསླབ་པར་བྱའོ། །དེ་ནས་སེམས་འབྱོངས་པའི་དྲོད་རྟགས་གཏན་ལ་ཕེབས་པ་དང་། གསང་སྔགས་གཞན་དག་གི་མན་ངག་གིས་ལམ་དུ་དྲངས་ཏེ། གང་ཟག་ཆགས་པ་ཅན་དང་ཆགས་པ་མེད་པ་གཉིས་སུ་བྱས་ནས། རྩ་དང་རླུང་དང་ཐིག་ལེ་ལ་བླ་སླབ་པར་བྱའོ། །དེ་ལྟར་རྩ་རླུང་གི་


LT35_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རླུང་གི་དྲོད་རྟགས་གཏན་ལ་ཕེབས་ནས། དྲན་པ་རྒྱུན་གཅོད་ཀྱི་མན་ངག་གིས་རིག་པ་ཉིད་འབྱུང་བ་ལས་ལྡོག་པར་བྱའོ༔ དེ་ལྟར་འབྱུང་བ་ལྔ་ལས་བཟློག་ནས༔ སྦས་པ་མིག་འབྱེད་ཀྱི་མན་ངག་གིས་སྤྱོད་པ་ལྟ་བ་འབྲས་བུའི་འདུག་ཚུལ་བལྟ། ཞེས་དང་། སྤྱོད་པ་སོགས་བཞི་སྐོར་གྱི་གདམས་པའི་ཁྲིད་ཚུལ་རྒྱས་པར་བསྟན་པ་དང་ཡང་ཏིག་ཡིད་བཞིན་ནོར་བུའི་རྩ་བའི་ས་བཅད་ཟུང་འབྲེལ་ལག་ཏུ་ལེན་པ་ལ་དོན་གསུམ་དུ་བསྡུས་ཏེ། ལམ་སྒོམ་པའི་སྣོད་རུང་དུ་བྱ་བ་སྔོན་འགྲོའི་ཁྲིད་བསྟན་པ། དངོས་གཞི་སེམས་རིག་གཏན་ལ་འབེབས་པ་འོད་གསལ་སྙིང་པོའི་དོན་ཁྲིད་བསྟན་པ། རྗེས་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བྱ་བའི་ཚུལ་བསྟན་པའོ། །དང་པོ་ལ་ལྔ། ཟབ་ལམ་སྒོམ་པའི་མཚམས་སྦྱོར་མེད་དུ་མི་རུང་བ་ཐུན་གྱི་སྔོན་འགྲོ་བསྟན་པ། གསང་བ་སྙིང་ཏིག་གི་ཁྱད་ཆོས་སེམས་སྦྱོང་བདུན་གྱིས་ལམ་གྱི་གཞི་བཅའ་བ། ཐུན་མོང་སྔོན་འགྲོ་བཞི་སྦྱོར་གྱིས་རྒྱུད་དག་པར་བྱེད་པ། གསང་སྔགས་སྤྱི་མཐུན་གྱི་ཐབས་ལམ་རླུང་ཐིག་གིས་ལུས་སེམས་སྦྱོང་བ། དྲན་པ་རྒྱུན་གཅོད་ཀྱི་མན་ངག་གིས་འབྱུང་ལྔ་རང་སར་དེངས་པར་བྱེད་པའོ། །དང་པོ་ཐུན་གྱི་སྔོན་འགྲོ་ནི། གནས་དབེན་སར་བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་དྲང་པོར་བསྲང་། དེའང་ཁྲིད་རིམ་སྒོམ་ཕྱིན་ཆད་སྤྱི་དང་


LT35_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་གི་ལུས་གནད་སྐབས་སུ་བབས་པར་འཆའ་བ་ལས། ལུས་ཉལ་བ་དང་བསྙེས་པ་སོགས་ཐ་མལ་དུ་ནམ་ཡང་སྡོད་མི་རུང་སྟེ། དེའི་རྒྱུ་མཚན་ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་མི་ཞ་བོ་དང་འདྲ་བས་བྱེད་པ་བཅིངས་ན་གསང་སྒོ་ཁེགས་པས་མི་རྟ་ནང་དུ་ཚུད་དེ་འགྲོ་མི་ཐུབ་པ་དང་འདྲ་སྟེ། དཔེར་ན་སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུར་ན་མི་གསལ་བ་བཞིན། ལུས་མ་གཅུན་ན་སེམས་མི་གནས་པས་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བ་ཞེས་གོང་མ་རྣམས་ཀྱིས་ཟབ་མོའི་གདམས་ངག་གི་རྐང་དང་པོར་མཛད་དོ། །དེ་ནས་ཐུན་དང་པོར་རླུང་རོ་དགུ་ཕྲུགས་འོག་མ་རྣམས་ལ་སུམ་ཕྲུགས་སུ་བསལ་ཏེ། དེའང་དང་པོ་ནི། སྣ་བུག་གཡོན་ནས་ཆུང་འབྲིང་ཆེ་གསུམ། དེ་ནས་གཡས་ནས་གསུམ། གཉིས་ཀ་ཆབ་གཅིག་ཆུང་འབྲིང་ཆེ་གསུམ་བསལ་བའོ། །གཉིས་པ་ནི་གཡོན་གཡས་དབུས་ནས་ལན་རེ་བསལ། དེའི་ཚེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་གེགས་དང་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་འུབ་ཀྱིས་འདུས་ནས་སྣ་སྒོའི་རླུང་དང་འགྲོགས་ཏེ་ཕྱིར་སང་སང་སོང་བས་ལུས་ཀྱི་ནང་བཤལ་བཏང་བ་ལྟར་དག་པར་གྱུར་སྙམ་དུ་བསམ་མོ། །འདི་ནི་དཔེར་ན་བཅུད་བཟང་པོ་ཞིག་བླུགས་པར་བྱེད་པ་ལ་སྔ་ལོགས་སུ་སྣོད་བཀྲུ་བཤལ་བྱེད་པ་


LT35_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའོ། །དེ་ནས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་མན་ངག་རྫོགས་པ་ཆེན་པོའི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་བླང་སྙམ་དུ་སེམས་བསྐྱེད་དུང་པ་ཞིག་སྔོན་ཏུ་བཏང་རྗེས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད་པས་རང་གི་སྤྱི་བོར་པདྨ་དང་ཉི་ཟླའི་གདན་ལ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ཉིད་དཔལ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན། མཚན་དཔེ་རབ་ཏུ་རྫོགས་པའི་སྐུ་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཉིས་རྡོར་དྲིལ་འཛིན་ཅིང་ཞབས་སེམས་སྐྱིལ་གྱིས་བཞུགས་པ་ཞིག་གསལ་བཏབ་ནས་ངག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་ཙམ་མམ། དེ་མཐར། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་ཞེ་ཐག་པ་ནས་གསོལ་བ་བུང་ཚུགས་སུ་བཏབ་པས། བླ་མའི་ཞབས་གཡས་པའི་མཐེ་བོང་ལས་བདུད་རྩི་དཀར་པོའི་རྒྱུན་བབས། རང་གི་ཚངས་བུ་གནས་ཞུགས། ལུས་ཐམས་ཅད་གང་བདེ་བ་ཆེན་པོའི་ཡེ་ཤེས་


LT35_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་རིག་པ་འཛིན་མེད་དུ་འཇོག །འདི་ལ་རིག་འཛིན་ཚེ་དབང་ནོར་བུའི་གསུང་རྒྱུན་ཏུ་བླ་མ་གཞིའི་ཀུན་བཟང་གི་རྣམ་པར་མདུན་མཁར་ཐིག་ལ་སྔོན་པོའི་དབུས་སུ་བསྒོམས་ནས་གསོལ་བ་བཏབ་རྗེས་ཧཱུྃ་མཐིང་གར་གྱུར་པ་འཆད་འགྱུར་རྡོ་རྗེའི་ལྟེ་བར་བྱོན་པར་མོས་གསུངས། འདི་ཉིད་ཀུན་མཁྱེན་གྱི་གཞུང་ཁྲིད་དུ་དངོས་སུམ་བསྟན་ཀྱང་རྡོ་རྗེ་ལམ་བསྟན་ནས་ཐུན་མཚམས་ཐམས་ཅད་དུ་བསྒོམ་པར་གསུངས་པ་ལྟར་འདིར་ཕྱག་བཞེས་སུ་མཛད་ཅིང་། དེར་བླ་མ་དངོས་སམ་རྡོར་སེམས་གང་རུང་དུ་བསྒོམ་པར་གསུངས་པ་ལྟར་རང་བྱུང་ཞབས་ཀྱིས་ཀྱང་དེ་ཉིད་དྲངས་པར་མཛད་དོ། །གང་ལྟར་དེའི་མཐར་རང་རྡོ་རྗེ་སྔོན་པོ་རྩེ་གསུམ་པར་བསྒོམས་ནས་རྡོ་རྗེའི་འདུག་སྟངས་བྱས་པས་བར་ཆད་མེད་པའི་རྟེན་འབྲེལ་དང་། དོན་དམ་གྱི་སྤུང་འཁོར་མཆོག་ཏུ་འགྱུར་རོ། །གཉིས་པ་གསང་བ་སྙིང་ཏིག་གི་ཁྱད་ཆོས་སེམས་སྦྱོང་བདུན་གྱིས་ལམ་གྱི་གཞི་བཅའ་བ་ནི། ཟངས་ཡིག་ཅན་ལས། ཀྱེ་མ་ཀྱེ་མ། རིགས་ཀྱི་བུ་རྣམས་ཉོན་ཅིག །རིག་པ་མངོན་སུམ་གྱི་སྣང་བ་ལ་བློ་མི་ཕེབས་ཤིང་དབང་པོ་དམན་པ་སྐལ་པ་ཞན་པའི་མི་རྣམས་ཀྱིས་འདི་ལ་ཡིད་མི་ཆེས་པ་འགའ་འབྱུང་སྲིད་པས། དེ་དག་རྣམས་རིག་པ་མཐོང་བར་བྱ་བའི་ཆེད་དུ་འདི་རྣམས་ལ་བསླབ་


LT35_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ཡིན་ནོ། །རྐྱེན་མེད་པའི་ཕྱོགས་སུ་ཕྱི་ནང་གི་བྱ་བ་བཏང་སྟེ། བསམ་གཏན་གྱི་འཇིག་པ་རྣམས་སྤངས་ལ་དང་པོ་སེམས་སྦྱང་བར་བྱའོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་འདི་ལ་བདུན། མི་རྟག་པ། འཕྲལ་ཡུན་གྱི་བདེ་བ། རྐྱེན་དུ་མ། བྱས་པ་དོན་མེད། སངས་རྒྱས་ཀྱི་ཡོན་ཏན། བླ་མའི་མན་ངག །རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་རྣམས་སོ། །དང་པོ་མི་རྟག་པ་ལ་བསམས་ཏེ་སེམས་སྦྱོང་བ་ནི། ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག །ཉིན་མཚན་སྐད་ཅིག་ཐང་ཅིག་གིས་ཀྱང་མི་རྟག་པ་དང་། ནང་འབྱུང་བཞིའི་ཕུང་པོ་འགྱུར་ལྡོག་ཆུ་བའི་ལྦུ་བ་སྤུངས་པ་དང་འདྲ་བ་མྱུར་དུ་འཇིག་ཅིང་སྙིང་པོ་མེད་པས་ཀྱང་མི་རག་པ་དང་། གསང་བ་ཕ་མ་གཉེན་འདུན་ཤི་བས་ཀྱང་མི་རྟག་པ་དང་། རང་ལའང་དེ་ལྟ་བུའི་གནས་སྐབས་ནམ་འབྱུང་ན་ཨང་། དེ་རིང་སང་ཙམ་ལའང་མི་འཆི་བའི་གདིངས་མེད་དེ། དོ་ནུབ་འཆིའམ་སང་འཆིའམ་སྙམ་དུ་སྙིང་ནས་སྐད་ཅིག་ཀྱང་མ་ཡེངས་པར་བསམ་ཞིང་། སེམས་ཅན་གཞན་མཐོང་བ་ལའང་འདི་ཀུན་ཀྱང་འཆི་བ་ལས་མ་འདས་སོ། །ནམ་འཆིའམ་སྙམ་དུ་བསྒོམ་པའོ། །དེས་ན་འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན། མི་རྟག་པའི་དཔེ་མཐོང་ནས་བློ་སྣ་ཐུང་དུ་སོང་བ་ནི་འབྱོངས་པའི་ཚད་དོ། །དེ་ལྟར་བསྒོམས་པས་འཁོར་བ་ལས་བློ་ལྡོག་པའི་དགོས་པ་ཡོད་དོ། །དེ་ཉིད་གསལ་


LT35_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་པའི་ཕྱིར། །ཕྱི་རོལ་ཉིན་མཚན་དུས་བཞིའི་འགྱུར་ལྡོག་དང་། །ནང་གི་ཕུང་པོ་གསང་བ་གཉེན་འདུན་སོགས། །འདུས་བྱས་ཆོས་རྣམས་མི་རྟག་མྱུར་དུ་འཇིག །སྙིང་པོ་མེད་འཆུ་ལྦུར་ལྟ་བུའོ། །ཞེས་འདོན་བསྒོམ་དུ་བྱའོ། །གཉིས་པ་འཕྲལ་གྱི་བདེ་བ་དང་ཡུན་གྱི་བདེ་བ་ལ་བསམ་སྟེ་སེམས་སྦྱོང་བ་ནི་ལས་མི་དགེ་བས་ངན་སོང་དང་སྡུག་བསྔལ་གྱི་རིགས་ཐམས་ཅད་བསྐྱེད་ལ། དགེ་བས་མཐོ་རིས་དང་བདེ་བའི་རིགས་ཐམས་ཅད་བསྐྱེད་ཅིང་། འཁོར་བ་མཐོ་དམན་གྱི་རང་བཞིན་ཟོ་ཆུའི་འཁྱུད་མོ་འདྲ་བ། འཕོ་ཞིང་རྟག་མི་ཐུབ་པ་འདི་མཚངས་རེ་ཆེ། འཁོར་བར་མི་འཇུག་པའི་ཐབས་དམ་པ། ཐར་པའི་བྱང་ཆུབ་མ་གཏོགས་པར་ཡིད་བརྟན་མི་རུང་ཞིང་བསླུ་བ་འདི་ཡ་ཆ། ཐར་པའི་ལམ་དུ་ཞུགས་ན་འཕྲལ་གྱི་བདེ་བ་མཐོ་རིས་དང་ཡོན་ཏན་བཟང་པོ་རྒྱུད་ལ་འཐོབ་སྟེ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་བཞིན་ནོ། །ཡུན་གྱི་བདེ་བ་བླ་ན་མེད་པའི་བྱང་ཆུབ་འགྲུབ་སྟེ་སངས་རྒྱས་རྣམས་བཞིན་ནོ། །དེ་བས་ན་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་པ་བསྒྲུབ་པར་བྱ་སྙམ་དུ་བསམ་མོ། །དེས་ན་ཐར་པའི་ལམ་དུ་མ་ཚུད་ན། །དགེ་བ་བྱས་པས་མཐོ་རིས་སུ་སྐྱེས་ཀྱང་། །སླར་ངན་སོང་དུ་འཁོར་བའི་ཕྱིར། །བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་འདུག་ཨང་སྙམ་པ་སྙིང་ནས་བྱུང་བ་ནི་གོམས་པའི་ཚད་དོ། །དེས་ནི་འཁོར་བའི་སྡུག་བསྔལ་


LT35_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཡིད་དབྱུང་ནས་སྐྱོ་ཤས་དྲག་པོ་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་དོ། །དེ་གསལ་གདབ་པའི་ཕྱིར། དགེ་སྡིག་འབྲས་བུས་རིགས་དྲུག་གནས་སུ་འཁོར། །སྲིད་པའི་བདེ་འབྱོར་དུག་ཅན་ཁ་ཟས་བཞིན། །ལྟར་སྣང་བདེ་ཡང་ནམ་ཕུགས་སྡུག་བསྔལ་རྒྱུ། །ངེས་ལེགས་ཐར་པའི་ལམ་མཆོག་ཁོ་ནའོ། །གསུམ་པ་རྐྱེན་དུ་མ་ལ་བསམ་སྟེ་སེམས་སྦྱང་བ་ནི། འཁོར་བར་སྐྱེས་དུས་ན་ཡིད་བརྟན་དང་བློ་གཏད་མི་འདུག་སྟེ། ཕན་བཏགས་ཀྱང་ཕན་ལན་དུ་གནོད་པ་བསྐྱལ་བ་དང་། ཟས་སྐོམ་ཟོས་ཀྱང་ནད་དང་འཆི་རྐྱེན་དུ་འགྲོ་བ་དང་། ཡོ་བྱད་བསགས་ཀྱང་དགྲ་རྐུན་གྱི་འདོད་པ་སྒྲུབ་པ་དང་། ཕན་དུ་རེ་ནས་གཉེན་བཤེས་སུ་བཏགས་པས་གནོད་པའི་དགྲར་འགྱུར་བ་དང་། གནོད་པ་མ་བྱས་ཀྱང་དོན་མེད་པའི་ངན་སྨྲས་དང་སྐུར་པར་འགྱུར་བ་དང་། གང་བྱས་ཀྱང་གཞན་གྱི་ཡིད་མི་མགུ་བ་དང་། ཟིན་པའི་དུས་མེད་པ་འདི་མ་ཚངས་རེ་ཆེ། སེམས་ཅན་གྱི་བསམ་སྤྱོད་ལ་སྙིང་ནས་བསམས་ན་གང་ལྟར་ཕན་བཏགས་ཀྱང་། ལ་ལ་མགུ་དུས་ལ་ལ་མི་མགུ། ཇི་ལྟར་བསམས་ཀྱང་མཐའ་གཅིག་ཏུ་ཕན་མེད། ཅི་བྱས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན། ནད་རྐྱེན་དང་འཆི་རྐྱེན་གྲངས་མང་བ་འདི་དག་ལ་དངོས་སུ་ཕན་པ་མི་འགྲུབ་པས། བློ་ལྟོས་མི་བསླུ་བར་བླ་མ་དཀོན་མཆོག་ལས་གཞན་མེད་པའི་ཕྱིར་མོས་གུས་དང་མཆོད་པ་བྱས་ན་འདི་ཕྱིར་བདེ་བའི་


LT35_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཡིན་པས། བློ་སྣ་དགེ་བ་འབའ་ཞིག་ལ་བསྒྱུར་དགོས་སྙམ་དུ་རྐྱེན་བཟང་ངན་སྔར་བྱུང་བ་དང་། ད་ལྟ་བྱེད་པ་དང་། ཕྱིས་བྱེད་འགྱུར་རྣམས་ལ་བསམ་ཞིང་། སྐྱོ་ཤས་དང་བློ་སྣ་བསྟུང་བར་བྱའོ། །དེས་ན་རིགས་དྲུག་གི་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེ་ཞིང་། ལས་སུ་དཀོན་མཆོག་དང་། བླ་མ་མཆོད་ན་ཅི་མ་རུང་སྙམ་པ་ནི་འབྱོངས་པའི་ཚད་དོ། །དེས་ནི་དད་པ་སྔོན་དུ་འགྲོ་བའི་དགོས་པ་ཡོད་དོ། །དེ་གསལ་གདབ་པ་ནི། །རྐྱེན་སྣང་འཁྲུལ་པའི་བྱ་བ་ཟིན་དུས་མེད། །ཇི་ལྟར་བྱས་ཀྱང་འདོད་ཐོག་བབ་མི་འགྱུར། །སྨིག་རྒྱུའི་ཆུ་ལ་རི་དྭགས་སྙེགས་པ་བཞིན། །དེ་བས་བློ་སྣ་དགེ་ལ་བསྒྱུར་བར་བྱ། །བཞི་པ་བྱས་པ་ཐམས་ཅད་དོན་མེད་པར་སེམས་སྦྱོང་བ་ནི། བདག་གིས་ཚེ་འདིའི་བྱ་བཞག །གཉེན་སྐྱོང་བ། དགྲ་འདུལ་བ། སོ་ནམ་ཞིབ་ཏིག །ཚོང་ཁེ་སྤོགས། ཁེ་གྲགས་ལོ་འདོད། ཆགས་སྡང་། ཞེ་སྡང་། གཞན་གྱིས་ཤ་ཚ་གྲོས་འདེབས། ཆེ་ཐབས་དང་། གཏམ་སྙན་འདོད་པ་ལ་སོགས་པ་ནས། གཉེན་གྲོགས་དང་ལྷན་ཅིག་ལོངས་སྤྱོད་དང་བཤེས་འདྲིས། གནས་ཁྱིམ་མཁར་ལས་ལ་སོགས་པ་ཅི་དང་ཅི་བྱས་ཀྱང་ཤི་བའི་ནངས་བར་འགྲོགས་ནས་མི་འགྲོ་བས་ཕན་མེད་དོ། །ཁར་སང་ཕན་ཆད་ཀྱི་བྱ་བྱེད་ཅི་དང་ཅི་བྱས་དྲན་པའི་ཡུལ་ཙམ་ལས་ཕྱིར་མི་འོང་བས་མདང་གི་རྨི་ལམ་དང་འདྲ། དེ་རིང་གི་སྣང་བ་དོ་ནུབ་ཀྱི་རྨི་ལམ་དང་འདྲ། སང་ཕན་ཆད་བྱེད་


LT35_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱང་སང་དགོངས་ཀྱི་རྨི་ལམ་དང་འདྲ་བ་ཞིག་ཡིན་པར་འདུག་པ་ལ། དོན་མེད་པའི་ཆགས་སྡང་དང་། འཐབ་རྩོད། སྙན་མི་སྙན། བདེ་སྡུག་བསོག་འཇོག་བྱ་བྱེད་རྣམ་པ་སྣ་ཚོགས་པ་ཞིག་གིས་དུས་འདས་པ་འདི་མཚངས་རེ་ཆེ། འཇིག་རྟེན་གྱི་སྣང་བ་སྒྱུ་མའི་བསླུ་བྲིད་དུ་འདུག་པ། དེ་རིང་ལས་མ་གཏོགས་པ་ལིངས་ཀྱིས་བློས་བཏང་ལ། བླ་མ་དམ་པའི་གདམས་ངག་གཅིག་བརྒྱུད་ལ་ཉམས་སུ་བླང་དགོས་སྙམ་དུ་བསམ་མོ། །དེས་ན་སྣང་བ་གང་ལའང་བློ་གཏད་མེད་པས་བླ་མའི་གདམས་ངག་ཞིག་ཐོབ་པར་བྱ་དགོས་སྙམ་པ་དུང་གིས་བྱུང་བ་ནི་འབྱོངས་པའི་ཚད་དོ། །དེས་ནི་བླ་མའི་གདམས་ངག་ལ་འཇུག་པའི་དགོས་པ་ཡོད་དོ། །དེ་གསལ་གདབ་པ་ནི། །འཇིག་རྟེན་བྱ་བཞག་དོན་མེད་ཆགས་སྡང་གཞི། །གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟར། །སྣང་བ་སྒྱུ་མས་བསླུས་པ་མཚངས་རེ་ཆེ། ལིངས་ཀྱིས་བོར་ཏེ་ཟབ་མོའི་གདམས་ངག་བསྒོམ། །ལྔ་པ་སངས་རྒྱས་ཀྱི་ཡོན་ཏན་ལ་བརྟེན་ནས་སེམས་སྦྱོང་བ་ནི། འཁོར་བའི་ཉེས་པ་ཐམས་ཅད་ལས་འདས་པ་ནི་སངས་རྒྱས་ཏེ། །སྐུ་མཚན་དང་དཔེ་བྱད་འབར་བ། །གསུང་ཆོས་ཀྱི་འཁོར་ལོ་བསྐོར་བ། །ཐུགས་ཡེ་ཤེས་ཀྱི་ངང་ལས་མི་གཡོ་བ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་འདྲེན་པ་དམ་པ་གཙོ་བོ་གཅིག་པུ་སྐྱབས་དང་དཔུང་གཉེན་དུ་གྱུར་པ་ཡིན་པས་


LT35_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བྱ་དགོས། སངས་མ་རྒྱས་ན་ཕན་མི་འདུག་སངས་རྒྱས་ཐོབ་པར་བྱེད་པ་ལའང་ལམ་མ་བསྒོམས་ན་མི་ཐོབ་པས། ཅིས་ཀྱང་བསྒོམ་དགོས། གྲུབ་ཐོབ་གོང་མ་ངོ་མཚར་ཅན་རྣམས་ཀྱི་རྗེས་བསྙགས་ལ་སྒྲུབ་པ་རྩེ་གཅིག་ཏུ་བྱ་དགོས། ཁོང་རྣམ་པས་དཀའ་བ་དུ་མ་སྤྱོད། གཅིག་པུར་དབེན་པར་བསྒོམས་པས་གྲོལ་བ་ལྟར་བདག་གིས་ཀྱང་ཚེ་འདིའི་བྱ་བ་བློས་བཏང་ལ་གཅིག་པུར་དབེན་པའི་གནས་སུ་བསྒྲུབ་དགོས་སྙམ་དུ་བསམ་མོ། །དེས་ནམ་བསྒོམས་ན་སངས་མི་རྒྱ་བས། ཅིས་ཀྱང་བསྒོམ་དགོས་སྙམ་པ་རྒྱུད་ལ་སྐྱེས་པ་ནི་འབྱོངས་པའི་ཚད་དོ། །དེས་ནི་བསྒོམ་པ་ལ་བསྲན་ཚུགས་པའི་དགོས་པ་ཡོད་དོ། །དེ་གསལ་གདབ་པ་ནི། །སངས་རྒྱས་སྐུ་གསུམ་ཡོན་ཏན་ཚད་མེད་ལྡན། །རང་ལ་ཡོད་པ་དེ་ཉིད་བསྒོམས་ན་ཐོབ། །སྐྱེས་བུ་འབྲུམ་ནད་འབྱོངས་བཞིན་མི་ལྡོག་པས། །གཏན་བདེའི་གོ་འཕང་དཀའ་བ་སྤྱད་ལ་བསྒྲུབ། །དྲུག་པ། བླ་མའི་གདམས་ངག་ལ་བསམ་སྟེ་སེམས་སྦྱོང་བ་ནི། འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་ལས་སྒྲོལ་བའི་དེད་དཔོན་ནི་བླ་མ་ཡིན་ལ། སྒྲོལ་བའི་ཐབས་ཀྱི་གྲུ་བོ་ཆེ་ནི་བླ་མའི་གདམས་ངག་ཡིན་པས། ཇི་སྐད་གསུངས་པ་བཞིན་དུ་ཉམས་སུ་བླང་དགོས་ཏེ། མ་བླངས་ན་སྡུག་བསྔལ་གྱི་ནད་ཀྱིས་གཏན་དུ་གདུང་བའི་ཕྱིར་ན་བླ་མ་སྨན་པའི་རྒྱལ་པོ་ནི་བརྩེ་བ་ཆེན་པོ་སྟེ། གདམས་ངག་སྨན་གྱི་བདུད་རྩིས་ཉིན་མཚན་བསན་ཚུགས་པར་བྱས་ལ། ཉམས་སུ་བླང་དགོས་


LT35_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ནས་རྒྱུ་མཚན་དུ་མ་ལ་བསམ་སྟེ་བསྒོམས་པས། ཚེ་འདིའི་བྱ་བས་ཅི་བྱ། བླ་མའི་གདམས་ངག་ཁོ་ན་ཉམས་སུ་བླང་དགོས་སྙམ་པ་ནི་འབྱོངས་པའི་ཚད་དོ། །དེས་ནི་བྱ་བ་གཞན་ལ་བློ་མི་འཇུག་པར་གདམས་ངག་ལ་རྩེ་གཅིག་ཏུ་འཇུག་པའི་དགོས་པ་ཡོད་དོ། །དེ་གསལ་གདབ་པ་ནི། །བླ་མ་སྨན་པ་གདམས་ངག་བདུད་རྩིའི་བཅུད། །འཁོར་བའི་རྒྱ་མཚོ་སྒྲོལ་བའི་གྲུ་བོ་ཆེ། །ཐར་པའི་ཁང་བཟང་བགྲོད་པའི་ཐེམ་སྐས་མཆོག། ཉིན་མཚུན་བསྲན་བཙུགས་དེ་དོན་ཉམས་སུ་བླང་། བདུན་པ་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སེམས་སྦྱོང་བ་ནི། དེ་ཡང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན། ཅེས་གསུངས་པས་སྔོན་ཆད་མ་རིག་པའི་རྣམ་པར་རྟོག་པས་ཁམས་གསུམ་འཁོར་བའི་གནས་སུ་ཡང་ནས་ཡང་དུ་འཁོར་ཞིང་འཁྱམས་པས་སྡུག་བསྔལ་བར་འགྱུར་ལ། ད་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཞིག་བྱ་སྙམ་པའི་སྒོ་ནས་སྦྱོང་བ་སྟེ། དེ་ལའང་གསུམ། བདེ་སྟོང་། གསལ་སྟོང་། ཆོས་ཉིད་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སྦྱོང་བའོ། །དང་པོ་ནི་ལུས་གནད་ཆོས་བདུན་བཅས་ལ་རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ་ཕྱི་དཀར་ལ་ནང་དམར་བ། དྭངས་གསལ་སྦུབས་སྟོང་གི་ཡར་སྣ་ཚངས་བུག་དང་། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་དྲང་ཐལ་ལེར་གནས་པར་བསམ། དེ་ལྟར་གསལ་


LT35_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡས་སྣར་ཐབས་ཀྱི་རང་བཞིན་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་ལྟ་བདེ་བའི་རང་བཞིན་འཇོག་ལ་ཁད་པ། མས་སྣར་ཤེས་རབ་ཀྱི་རང་བཞིན་ཨ་ཡིག་དམར་པོ་མགོ་བོ་གྱེན་བསྟན་འབར་ལ་ཁད་པ་ཞིག་གསལ་བཏབ། དེ་ལྟར་གསལ་བར་གྱུར་བ་དང་རླུང་རོ་གསུམ་ཕྲུགས་སུ་གསལ། དེ་ནས་སྟེང་རླུང་ནར་གྱིས་རྔུབས་རྗེས་འོག་རླུང་བསྐུམས་པས་ཨ་ལས་གཏུམ་མོའི་མེ་ཆོས་བཞི་ལྡན་གྱེན་དུ་འབར་བ་དབུ་མའི་ཁོང་སེང་དུ་དམར་ཁྱུག་གིས་སོང་། །སྤྱི་བོའི་ཧྃ་ལ་རེག་པས་བྱང་སེམས་བདེ་བའི་རྒྱུན་སྐྱ་ཤར་གྱིས་བབས་པས་སྡོང་རྩ་མར་ཁུས་བརླན་པ་ལྟར་ལྟེ་བའི་ཨ་ཡིག་ལས་མེ་ཆེར་འབར། ཟླ་བ་བདུད་རྩིར་ཞུ་བའི་དྭངས་མས་དབུ་མ་དང་། ལུས་ནང་འཁོར་ལོ་བཞི་སོགས་གང་བས་བདེ་དྲོད་ཀྱི་ཡེ་ཤེས་སྐྱེས་པར་བསམ་ཞིང་། ཨ་ཧཾ་ལ་ཤེས་པ་མི་གཏོད་པར་སྙིང་ཀར་ཨ་ཡིག་དཀར་པོ་གསལ་ཞིང་འཚེར་བ་ཞིག་ལ་སེམས་བཟུང་སྟེ་བུམ་ཅན་ཁ་སྦྱོར་དུ་འཆིང་། མི་ཐུབ་ན་རྔུབ་ཆུང་བྱས་ལ་གཞིལ་བ་བྱ། དེ་ནས་ཕུལ་རིང་བའི་ཤུགས་ཀྱིས་ཕྱིར་འཕང་ངོ། །དེ་ལྟར་བུམ་ཅན་ཆེ་འབྲིང་ཆུང་གསུམ་གང་རུང་མ་གྲུབ་ཀྱི་བར་དུ་འབད་ཅིང་། མ་གོམས་བར་རླུང་ཧ་ཅང་གི་དྲགས་པ་མ་ཡིན་པར་འཇམ་ཞིང་རན་པར་བཟུང་བར་བྱ། དེ་ལྟར་གོམས་པས་བདེ་བས་ཐབས་བྱས་པའི་ཤེས་རབ་སྟོང་ཉིད་ཀྱི་ཡེ་ཤེས་སྐྱེ་བར་འགྱུར་རོ། །གཉིས་པ་ནི། སྣ་བུག་གཉིས་ནས་རླུང་ཕྲལ་རིང་བ་ཕྱིར་སང་གིས་བསལ་ལ། ཚོགས་དྲུག་གི་


LT35_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྣང་ཐམས་ཅད་ནམ་མཁའི་རང་བཞིན་དུ་སྔོ་མེར་གྱིས་ཞུ་བར་བསམས་པ་ལ་སེམས་གཏད་དེ་རླུང་ཕྱིར་མནན། དེ་ནས་རླུང་ནར་གྱིས་རྔུབས་པས་སྣང་ཡུལ་ནམ་མཁའི་རང་བཞིན་དུ་གྱུར་པ་དེ་ཉིད་སྣ་བུག་ནས་ཞུགས། ལྟེ་བར་སྔོ་མེར་གྱིས་གནས་པར་བསམས་ལ་བུམ་ཅན་ཁ་སྦྱོར་དུ་འཆིང་། དེ་ཡང་ལུས་ཚ་བ་ཤས་ཆེ་ན་རླུང་བསིལ་བའི་རང་བཞིན་དང་གྲང་བ་ཤས་ཆེ་ན་རེག་བྱ་ཚ་བའི་རང་བཞིན་ཅན་དུ་བསྒོམ། །དེ་ལྟ་བུའི་བུམ་ཅན་སྦྱོར་བ་བཞི་ལྡན་ལ་འབད་རྩོལ་ཆེན་པོས་བསྒོམས་པས་རླུང་ཡུན་རིང་བཀག་ཀྱང་ངལ་བ་མ་བྱུང་ན་གོམས་པའི་རྟགས་སུ་གསུངས་ཤིང་། དེས་ནི་གསལ་བས་ཐབས་བྱས་པའི་སྟོང་ཉིད་རྣམ་པར་མི་རྟོག་པ་རྒྱུད་ལ་སྐྱེའོ། །གསུམ་པ་ནི། ལུས་གནད་སྔར་ལྟར་ལས། ངག་གནད་རླུང་རང་བབས་སུ་བཞག །སེམས་གནད་དུས་གསུམ་གྱི་རྣམ་པར་རྟོག་པ་གང་ཡང་མི་མནོ་མི་སེམས་བཅས་བཅོས་མི་བྱ་བ་རང་བབས་བཟོ་མེད་དུ་འབོལ་ལེ་ཡེངས་མེད་དུ་ཧྲིག་གེར་འཇོག་གོ། །དེ་ལྟར་བཞག་པས་སེམས་གར་གཏད་ལ་ཟིན་ཅིང་། རྟོག་མེད་རང་གསལ་ནམ་མཁའ་ལྟ་བུའི་ངང་དུ་གནས་པ་ནི་གོམས་པའི་ཚད་དོ། །དེས་ནི་བྱང་ཆུབ་ཀྱི་སེམས་གོང་འཕེལ་དུ་འགྱུར་བའི་དགོས་པ་ཁྱད་པར་ཅན་ཡོད་དོ། །དེ་གསལ་གདབ་པ་ནི། །བདེ་གསལ་རྣམ་པར་མི་རྟོག་མཁའ་ལྟ་བུ། །བསམ་གཏན་དམ་པའི་བདེ་བས་རྒྱུད་དུལ་བ། །ཞིང་ས་གཤིམ་


LT35_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ལོ་ཏོག་ལེགས་པ་བཞིན། །ཏིང་འཛིན་ཀུན་གྱི་གཞི་རྟེན་བསྒྲུབ་པར་བྱ། །ཞེས་འདོན་བསྒོམ་དུ་བྱའོ། །འདིར་རིག་འཛིན་ཆེན་པོའི་ཁྲིད་རྒྱུན་ཏུ། །མི་རྟག་པ་ལ་སེམས་སྦྱངས་མཚམས་སྐྱབས་འགྲོ། སེམས་སྦྱོར་གཉིས་པའི་རྗེས་སུ་སེམས་བསྐྱེད། །གསུམ་པ་དང་བཞི་པ་གཉིས་ཀྱི་རྗེས་སུ་མཎྜལ། །ལྔ་པའི་རྗེས་སུ་རྡོར་སེམས་སྒོམ་བཟླས། །དྲུག་པའི་རྗེས་སུ་བླ་མའི་རྣལ་འབྱོར། དེ་ནས་སེམས་སྦྱོང་། བདུན་པའི་རྗེས་སུ་རླུང་ཐིག་བསླབ་པ་ལ་འཇུག་པར་མཛད་དོ། །གསུམ་པ་ཐུན་མོང་སྔོན་འགྲོ་བཞི་སྦྱོར་གྱིས་རྒྱུད་དག་པར་བྱེད་པ་ནི། ཟངས་ཡིག་ཅན་དང་། ཀུན་མཁྱེན་ཆེན་པོའི་དོན་ཁྲིད་དུ་གསལ་ཁ་མ་གསུང་ཀྱང་། ཡི་གེ་དམར་རུའི་རྒྱབ་ཡིག་ལས། དབེན་པའི་གནས་སུ་བསོད་ནམས་ཀྱི་ཚོགས་སྔོན་དུ་འགྲོ་བས། ཞེས་གཞུང་གི་ཤུགས་བསྟན་ཙམ་གྱིས་གསུངས་ཤིང་། གཏེར་ཆེན་ཡབ་སྲས་སོགས་བརྒྱུད་པའི་བླ་མ་རྣམས་ཀྱིས་ཕྱག་བཞེས་བར་མ་ཆད་པ་སྟེ། དེ་ལ་ལྔ། ལམ་དམན་པ་ལས་ཁྱད་པར་དུ་གྱུར་པ་སྐྱབས་འགྲོའི་ཁྲིད། །ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད། །སྡིག་སྒྲིབ་སྦྱོང་བའི་སྙིང་པོ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད། །ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད། །བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་སྐྱབས་འགྲོ་ལ་གཉིས་ཀུན་རྫོབ་དང་དོན་དམ་མོ། །དང་པོ་ནི། དེ་ཡང་རང་ཅག་རྣམས་མི་དགེ་བཅུ་


LT35_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་གི་ཚུལ་ཁྲིམས་དགེ་བའི་ལས་ཀྱིས་རེ་ཞིག་བདེ་འགྲོའི་གནས་སུ་སྐྱས་ཀྱང་སྡུག་བསྔལ་སྤངས་པའི་ཐར་པ་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ན་སྔར་བྱས་ཀྱི་དགེ་བའི་འཕེན་པ་ཟད་ནས་སླར་ཡང་ངན་སོང་དུ་ལྷུང་སྟེ། ཡུན་རིང་ལ་དོས་དྲག་པའི་སྡུག་བསྔལ་མི་བཟོད་པ་སྣ་ཚོགས་མྱོང་དགོས་པ་འདུག །དེ་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མེད། དེ་ཡང་རང་ལ་དངོས་སུ་སྣང་བའི་སངས་རྒྱས་ནི་བླ་མ་དམ་པ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པའི་ཕྱིར། སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་དང་རམ་ཟླ་ཞུ་སྙམ་དུ་ལུས་སེམས་རྣལ་དུ་ཕབ། རང་གར་གནས་ཀྱི་ས་ཕྱོགས་དེ་ཉིད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་རབ་ཏུ་རྒྱས་པས་ནམ་མཁའི་ཁམས་ཀུན་ཡོངས་སུ་ཁྱབ་པའི་དབུས་ཀྱི་ཡལ་གའི་སྙིང་པོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་མཐོ་ཞིང་ཡངས་པའི་སྟེང་དུ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད་རྣམ་ ་དཔལ་ཀུན་ཏུ་བཟང་པོ་ལོངསསྤྱོདརྫོགས next hit་པའི་ཆ་ལུགས་ཅན། སྐུ་མདོག་མ་ཐིང་ག་གསལ་ཞིང་འཚེར་བའི་འོད་ཟེར་འཕྲོ་བ། དར་དང་རིན་པོ་ཆེའི་རྒྱན་ཕུན་སུམ་ཚོགས་པས་མཛེས་པར་སྤྲས་པ། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་


LT35_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེའི་ལང་ཚོ་རབ་ཏུ་རྫོགས་པའི་སྐུ་ཅན་དུ་གསལ་བའི་མཐའ་བསྐོར་དུ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། ཕྱོགས་བཞིར་གྱེས་པའི་ཡལ་ག་རྣམས་ལ་གདན་གྱི་བཀོད་པ་མཐོ་ཞིང་ཡངས་པ་རེ་རེ་གསལ་བར་གྱུར་པའི་མདུན་མ་ལ་ཁྱད་པར་གྱི་སངས་རྒྱས་དཔལ་རྡོ་རྗེ་སེམས་དཔའ་ལ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་གདན་ལ་ཐུན་མོང་གི་སངས་རྒྱས་སྟོན་པ་ཐུབ་པའི་དབང་པོ་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུ་རྣམས་ཀྱིས་བསྐོར་བ། རྒྱབ་ཀྱི་གདན་ལ་ལུང་རྟོགས་ཀྱི་དམ་ཆོས་དཀོན་མཆོག་རྣམས་གླེགས་བམ་བརྩེགས་པའི་ཚུལ་དུ་བཞུགས་པ། གཡོན་གྱི་གདན་ལ་སྤྱན་རས་གཟིགས་དང་འཇམ་དཔལ་ཕྱག་རྡོར་སོགས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། འཕགས་པ་ཤཱ་རིའི་བུ་དང་མོང་གལ་གྱི་བུ་སོགས་ཉན་ཐོས་ཀྱི་དགེ་འདུན་རྣམས་བཞུགས་པ། དེ་དག་གི་བར་མཚམས་རྣམས་སུ་ཁྱད་པར་གྱི་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་སྤྲིན་ཕུང་གཏིབས་པ་བཞིན་དུ་བཞུགས་པར་བསམ། དེའི་མདུན་ཏུ་རང་དང་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེགས་པ་བཞིན་འཁོད་ཅིང་། ཐམས་ཅད་ཀྱང་ལུས་ངག་ཡིད་གསུམ་གུས་པ་ཆེན་པོ་དང་ལྡན་པས་སྐྱབས་འགྲོ་ལྷན་ཅིག་ཏུ་བྱེད་པར་མོས་ལ། བདག་དང་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་


LT35_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་དང་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ད་ལྟ་ཉིད་དུ་དྲང་ཞིང་བསྐྱབ་ཏུ་གསོལ་སྙམ་པའི་ཡིད་གཞན་ཏུ་མ་ཡེངས་བར། །ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་སོགས་འགྲོ་དྲུག་གུས་པས་སྐྱབས་སུ་མཆི། །ཞེས་བརྒྱ་སྟོང་སོགས་ཅི་ནུས་སུ་འདོན་ཅིང་། ཐུན་བསྡུ་བའི་ཚེ་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་རང་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས། དག་པའི་ཞིང་དུ་འུར་གྱིས་སོང་། །བརྒྱུད་པའི་བླ་མ་དཀོན་མཆོག་གསུམ་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་རྩ་བའི་བླ་མའི་སྐུ་ལ་བསྡུས། རྩ་བའི་བླ་མ་ཡང་འོད་དུ་ཞུ་བ་རང་གི་སྤྱི་བོ་ནས་སྙིང་གར་སིབ་ཀྱིས་ཐིམ་པར་བསམས་ལ་སྐྱབས་སུ་འགྲོ་བྱ་འགྲོ་བྱེད་མི་དམིགས་པའི་ངང་དུ་ཅི་ནུས་མཉམ་པར་བཞག །ནུབ་མོ་ཉལ་བའི་ཚེ་ཚོགས་ཞིང་མ་བསྡུས་པར་དེ་ལ་སྔས་ཕྱོགས་པས་མོས་གུས་དུང་དེ་བའི་ངང་ལ་གཉིད་དུ་འགྲོ་བར་བྱ་ཞིང་། ཐུན་མཚམས་རྣམས་སུའང་ཚོགས་ཞིང་གསལ་བཏབ་ལ་ཕྱག་མཆོད་སོགས་ལ་འབད་པ་གལ་ཆེའོ། །འདིར་རིག་འཛིན་ཆེན་པོའི་ཁྲིད་རྒྱུན་ཏུ། རང་གི་མདུན་གྱི་ནམ་མཁའི་དབུས་སུ་རྩ་བའི་བླ་མ་དེ་ཉིད་སྐུ་དངོས་ཀྱི་རྣམ་པ་ཕྱོགས་མཚམས་རྣམས་སུ་སྐྱབས་ཡུལ་རྣམས་སྤྲིན་ཕུང་འཁྲིགས་པའམ་མེ་ཏོག་གི་ཚོམ་བུ་བཀྲམ་པའམ་


LT35_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྐར་མ་བཞིན་དུ་གོ་མཚམས་མེད་པར་ཁྱབ་པའི་ཚུལ་དུ་སྒོམ་ཞིང་སྐྱབས་ཡུལ་མཆོག་དམན་ལ་ལྟོས་པའི་སྟེང་འོག་མཐོ་དམན་དང་མཐའ་དབུས་ཀྱི་རྣམ་པ་ཙམ་མ་གཏོགས་ལྔ་ཚོམ་ལྟ་བུས་ཀ་དཔེ་མ་མི་དགོས་གསུངས། མཐར་སྐྱབས་ཡུལ་གཤེགས་བསྡུའི་སྤྲོས་པ་མེད་པ་དམིགས་མེད་དུ་འཇོག་པའི་ལུགས་སོ། །སྐྱབས་འགྲོའི་གོ་དོན་རྣམ་བཞག་ཕན་ཡོན་སོགས་སྤྲོ་ན་སྤྱི་ལྟར་འཆད་པར་བྱའོ། །གཉིས་པ་ནི། རང་གི་ལུས་ཀྱི་འཁོར་ལོ་བཞིའི་རྩ་འདབ་དགེ་འདུན། ཐིག་ལེ་ཆོས། རླུང་ལྔའི་དྭངས་མ་ཡེ་ཤེས་ལྔ་ནི། ཉོན་མོངས་པ་ཡེ་ནས་དག་པའི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་རང་ངོ་ཤེས་ནས་བསྒོམ་སྙམ་དུ། །རླུང་ལྔ་རྣམ་དག་དྭངས་མའི་སྐུ། །ཉོན་མོངས་རྣམ་དག་ཡེ་ཤེས་ལྔ། །སྐུ་གསུམ་མཛད་པ་མཐར་ཕྱིན་པའི། །དཀོན་མཆོག་གསུམ་ལ་རྟོགས་པས་འདུད། །ཅེས་ལན་ཅི་རིགས་བརྗོད་ལ་འོད་གསལ་གྱི་རང་ངོར་མཉམ་པར་བཞག་གོ། །གཉིས་པ་སེམས་བསྐྱེད་པ་ལའང་གཉིས་ཀུན་རྫོབ་དང་། དོན་དམ་མོ། དང་པོ་ནི། དོན་དམ་པར་གཟོད་མ་ནས་རྣམ་པར་དག་ཀྱང་། ཀུན་རྫོབ་འཁྲུལ་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་འབྲས་བསམ་གྱིས་མི་ཁྱབ་པ་ལ་རྟག་པར་ལོངས་སྤྱོད་པའི་མ་རྒན་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པ་དང་། རང་གི་རིག་པ་མངོན་སུམ་གྱི་ཡེ་ཤེས་ལམ་སྣང་བ་རྣམ་པ་བཞི་ཉམས་སུ་བླང་སྙམ་པའི་


LT35_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྔ་ན་མེད་པ་བསྐྱེད་ལ། ཨེ་མ་ཧོ། །མ་རིག་འཇིག་རྟེན་མུན་པའི་ཀློང་། །རང་གི་ཐབས་ཤེས་སྒྲོན་མེ་ཡིས། །རང་ལ་གནས་པའི་ཡེ་ཤེས་དེ། །བླ་མའི་དྲིན་གྱིས་རྟོགས་པར་བྱའོ། །ཞེས་ལན་གྲངས་ཅི་ནུས་བརྗོད་ལ་སྨོན་པ་སེམས་བསྐྱེད། དབྱིངས་ཀ་དག་ཆོས་སྐུ་སྐྱེ་མེད་ནམ་མཁའ་ལྟ་བུ་དང་། ཡེ་ཤེས་ལྷུན་གྲུབ་དང་རིག་སྐུ་གསུམ་གྱི་ངོ་བོ་སྤྲོས་པའི་མཐའ་བཞི་ལས་འདས་པ་ཚིག་དང་ཡི་གེ་མེད་པའི་དོན། སྨྲ་བསམ་བརྗོད་མེད་ཆེན་པོ་ཉིད་རང་ངོ་ཤེས་པར་བྱ་སྙམ་དུ། ཨེ་མ་ཧོཿ །སངས་རྒྱས་མཐར་ཐུག་དབྱིངས་རིག་གཉིས། །སྐུ་གསུམ་ངོ་བོ་མཐའ་བྲལ་གཞི། །ཚིག་ལས་འདས་པའི་རང་བྱུང་དེ། །ད་ལྟ་ཉིད་དུ་རྟོགས་པར་བྱའོ། །ཞེས་ལན་གྲངས་ཅི་ནུས་སུ་བརྗོད་ལ་འཇུག་པ་སེམས་བསྐྱེད་དོ། །གཉིས་པ་ནི། དོན་དམ་པར་ཆོས་ཐམས་ཅད་གདོད་མ་ནས་སྤང་བླང་བཅིང་གྲོལ་མེད་པ་མཉམ་རྫོགས་ཆེན་པོའི་རང་བཞིན་ཏུ་སངས་རྒྱས་པས་འཁོར་བ་དང་མྱང་འདས། སངས་རྒྱས་དང་སེམས་ཅན། བདག་གཞན་བཟང་ངན་ཐ་དད་དུ་གྲུབ་པ་མེད་པ་ཡིན་པ་ལ་ཡིན་པར་ཤེས་པས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ཡེ་གྲོལ་ཆོས་སྐུའི་དགོངས་པ་རང་ཆས་ལྷུན་འབྱམས་ཆེན་པོའི་ངང་དུ་ལ་བཟླ་བར་བྱའོ་སྙམ་པས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་


LT35_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་དོ། །ཞེས་བརྗོད། གཞན་ཡང་སྤྲོ་ན་ཀུན་རྫོབ་བྱང་སེམས་ཀྱི་ཉམས་ལེན་གཙོ་བོ་དབུགས་འབྱུང་འཇུག་དང་སྦྱར་བའི་བདེ་སྡུག་གཏོང་ལེན་གྱི་དམིགས་པ་དང་། འཁོར་གསུམ་རང་བཞིན་མེད་པ་དོན་དམ་སེམས་བསྐྱེད་ཀྱི་རང་ངོ་ལ་མཉམ་པར་བཞག་གོ། །འདིར་སེམས་བསྐྱེད་ཀྱི་ངོ་བོ། མཚན་ཉིད། བསྐྱེད་ཚུལ། བསླབ་བྱ་སོགས་འཆད་པར་སྤྲོ་ན་སྤྱི་ལྟར་བཤད་དོ། །གསུམ་པ་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ལ་གཉིས། སྤྱི་དང་། ཁྱད་པར་རོ། །དང་པོ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་དུ་ཨ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོ་བ་དུས་ཡོངས་སུ་གྱུར་པ་ལས་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་གཡོན་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། ཞབས་སེམས་སྐྱིལ་གྱིས་བཞུགས་ཤིང་ཡུམ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ། དེའི་མཐར་བསྐོར་དུ་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོ་འོད་ཟེར་ཕྲོམ་ཕྲོམ་འཕྲོ་བ་གཡས་སུ་འཁོར་བ་གསལ་གདབ། དེ་ལྟར་སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་སྐྱབས་གནས་ཀུན་འདུས་སུ་མོས་པ་རྟེན་གྱི་སྟོབས། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་གནོང་


LT35_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་དྲག་པོས་དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་ནོ། །བདག་དང་སེམས་ཅན་ཐམས་ཅད་ཀྱི་སྔོན་ཆད་སྡིག་པའི་ལས་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་པ་སུན་འབྱིན་པའི་སྟོབས། ད་ཕྱིན་ཆད་འཆི་བ་སྲོག་ལ་བབ་ཀྱང་སྡིག་པའི་ལས་དངོས་སུ་ལྟ་ཅི། རྨི་ལམ་དུའང་མི་བགྱིད་སྙམ་པ་ཉེས་པ་ལས་སོར་ཆུད་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་སྤྱོད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ། དེ་ལྟར་སྟོབས་བཞི་དྲན་བཞིན་པས་ཡིག་བརྒྱ་གསོལ་འདེབས་ཀྱི་ཚུལ་དུ་བརྒྱ་སྟོང་སོགས་ཅི་ནུས་བཟླས་པས། སྔགས་ཕྲེང་རྣམས་ལས་བདུད་རྩིའི་རྒྱུན་སྐྱ་ཚིལ་གྱིས་བབས་པ་ཡབ་ཡུམ་གཉིས་ཀྱི་སྦྱོར་མཚམས་ནས་ཐོན་རང་གི་ཚངས་བུག་ཏུ་ཞུགས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་ལྗན་ལྗིན་དང་སྲོག་ཆགས་ཕྲ་མོ་ལ་སོགས་པའི་རྣམ་པར་བ་སྤུའི་ཁུང་བུ་དང་། གཤང་ལམ་དང་ཆུ་ལམ་སོགས་ནས་ཕུ་ཆུ་དྲག་པོས་ཐལ་བ་དེད་པ་ལྟར་ཐོན་པར་བསམ་ལ་དེ་ཉིད་གསལ་གདབ་པའི་ཕྱིར། །རང་ལུས་ཐ་མལ་སྤྱི་གཙུག་ཏུ། །པད་དཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཨ་ལས་རྡོ་རྗེ་སེམས་དཔའ་དཀར། །རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད། །རིན་ཆེན་རྒྱན་སྤྲས་སེམས་སྐྱིལ་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར། །སྙིང་པོ་ཡི་གེ་བརྒྱ་པས་བསྐོར། །།


LT35_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན། །དཀར་ནར་བབས་ཏེ་སྤྱི་བོར་ཞུགས། །བདག་གི་ལུས་ཀུན་གང་བ་ཡིས། །སྡིག་སྒྲིབ་དག་ནས་ཤེལ་གང་ལྟར། །དྲི་མ་མེད་པའི་ལུས་སུ་གྱུར། །ཅེས་ངག་ཏུ་བརྗོད་ཅིང་དམིགས་པ་རྩེ་གཅིག་ཏུ་གཅུན་ལ་ཡིག་བརྒྱ་བཟླ། མཐར་ལུས་ཤེལ་གོང་དྲི་མ་མེད་པ་ལྟར་གྱུར་པའི་ནང་བདུད་རྩིའི་རྒྱུན་གྱིས་མེར་ཁྲིག་གིས་གང་བར་གྱུར་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསམ་ཞིང་། མཐར་མོས་གུས་གདུང་ཤུགས་དྲག་པོས། །མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་བསྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དུས་ད་ལྟ་ནས་དག་གོ་ཞེས་གནང་བ་སྩལ་ཏེ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་སེམས་དང་དབྱེར་མེད་བཤགས་བྱ་བཤགས་བྱེད་མི་དམིགས་པའི་ངང་ལ་ཡུན་ཇི་སྲིད་གནས་ཀྱི་བར་མཉམ་པར་བཞག །ཚུལ་དེ་ལྟ་བུས་སྡིག་སྒྲིབ་དག་པའི་རྟགས་མ་མཐོང་གི་བར་དུ་འབད་པར་བྱ་ཞིང་། །


LT35_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་ན་ཉེས་ལྟུང་དང་གཉེན་པོའི་རྣམ་བཞག་བསྒོམ་བཟླས་ཀྱི་ཕན་ཡོན་སྤྱི་ལྟར་འཆད་དོ། །གཉིས་པ་ནི། སྐད་ཅིག་གིས་པད་ཟླའི་དབུས་སུ་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེའི་བརྒྱན་པའི་སྙིང་ནང་ཟླ་བའི་དབུས་སུ་རྡོ་རྗེ་དཀར་པོ་ཚོན་གང་བལྟེ་བར་ཧཱུྃ་གིས་མཚན་པའི་མཐའ་སྐོར་དུ་ཡི་གེ་བརྒྱ་པ་དཀར་སེར་མར་མེ་འབར་བ་ལྟ་བུའི་འོད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ཏེ། །སྣང་བ་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ། །སྒྲ་སྐད་ཐམས་ཅད་ཡི་གེ་བརྒྱ་པར་བསམས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེེ་ནོ་པ་ཏིཥྛ། དྲྀཌྷོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷཱ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨ། ཞེས་ཅི་འགྲུབ་བཟླས་པའི་རྗེས་ལ་སྣང་བ་ཐམས་ཅད་ཐུགས་ཀའི་ཧཱུྃ་ལ་བསྡུ། ཧཱུྃ་མི་དམིགས་པའི་ངང་ལ་བཞག་སྟེ། བསྔོ་བ་བྱས་པས་བསྐལ་པ་འབུམ་བྲག་དུ་མར་བསགས་པའི་སྡིག་སྒྲིབ་དག་ཅིང་ཉམས་ཆགས་ཐམས་ཅད་བསྐངས་ནས། སེམས་ཉིད་ཀྱི་དོན་རྟོགས་པའི་དགོས་པ་ཡོད་དོ། །འདི་ནི་ཡང་ཏིག་ཡིད་བཞིན་ནོར་


LT35_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་རྩ་བའི་ཆོས་སྡེ་སྙན་བརྒྱུད་ཡེ་ཤེས་རང་སྣང་ལས་སྒྲིབ་པ་སྦྱོང་བ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་བློ་སྦྱོང་བ་ཞེས་དངོས་སུ་བསྟན་པ་ལུགས་འདིའི་ཐུན་མོངས་མ་ཡིན་པ་ཉིད་དོ། །འདིར་རིག་འཛིན་ཆེན་པོའི་ཁྲིད་རྒྱུན་ཏུ། ཕྱི་བྱ་རྒྱུད་ལྟར་བླ་མ་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ་པ། ནང་སྤྱོད་རྒྱུད་ལྟར་སྙིང་གར་བསྒོམ་པ། གསང་བ་རྣལ་འབྱོར་རྒྱུད་ལྟར་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ། ཡང་གསང་བླ་མེད་ལྟར་ཁྱེར་སོ་གསུམ་ལྡན་དུ་བསྒོམ་པ། དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་སུ་ལ་བཟླ་བ་དང་ལྔ་ལས་དང་པོ་ནི། རང་གི་སྤྱི་བོར་པདྨ་དཀར་པོ་འདབ་བརྒྱད་དེ་ལས་འདབ་མ་གཅིག་ལ་གཅིག་མཐུད་ཀྱི་ཚུལ་དུ་ནམ་མཁའི་མཐས་གཏུགས་པའི་བར་དུ་ཁྱབ་པ། དེ་ལྟ་བུའི་འདབ་མ་རེ་རེའི་འོག་ཏུ་སེམས་ཅན་རེ་རེ་འཁོད་པ། དེ་རེ་རེའི་སྤྱི་གཙུག་གི་པད་འདབ་སྟེང་དུ་ཡང་རྡོ་རྗེ་སེམས་དཔའ་རེ་བཞུགས་པ། དེ་ཐམས་ཅད་ཀྱང་རྡོར་སེམས་སྤྱི་མཐུན་ཡབ་རྐྱང་སེམས་སྐྱིལ་ཅན། ཐུགས་ཀར་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་འཕྲོས་སངས་རྒྱས་སྲས་བཅས་བསྟིམ། བཟླས་པ་དང་བདུད་རྩི་འབེབ་སྦྱང་མཐར། མགོན་པོ་བདག་ནི་སོགས། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་སོགས་ཤ་ལོ་ཀས་བསྟོད། །རྡོ་རྗེ་སེམས་དཔས་དབུགས་དབྱུང་སྟེ། གཉིས་པ་དང་སྦྲེལ་ན་རང་གི་སྤྱི་བོར་བཞུགས་པའི་མུ་ནས་སྐུའི་བྱིན་རླབས་བདུད་རྩི་བྱང་ཆུབ་སེམས་ཀྱི་རྣམ་པར་སླར་ཡང་བབས་མགྲིན་པ།


LT35_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་གང་ལུས་ཀྱི་སྡིག་སྒྲིབ་དག་སྐུའི་བྱིན་རླབས་ཐོབ་པར་བསམ། ཡང་རྡོར་སེམས་མགྲིན་པར་བྱོན་གསུང་གི་བྱིན་རླབས་བདུད་རྩིའི་རྣམ་པ་བབས་སྙིང་ག་ཡན་གང་དག་གི་སྒྲིབ་པ་དག །ཡང་སྙིང་གར་བྱོན་ཐུགས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་བབས་ལྟེ་བ་ཡན་ཆད་གང་འདི་ལ་ཡུན་རིང་དུ་འབད། ཐུགས་ཀྱི་བྱིན་རླབས་ཐོབ་པར་མོས། དེ་དག་གི་སྐབས་སུ་ཡིག་བརྒྱ་བཟླ། །དེ་ནས་གསུམ་པ་དང་སྦྲེལ་ན། བདུད་རྩིས་ལུས་ཐམས་ཅད་གང་སྒྲིབ་པ་མཐའ་དག་དག །རྣམ་སྨིན་གྱི་ཕུང་པོ་གནས་འགྱུར་ནས་རང་ཉིད་རྡོ་རྗེ་སེམས་དཔར་གྱུར་པའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ། དེར་དམིགས་ནས་ཡིག་བརྒྱ་བཟླ། བཞི་པ་དང་སྦྲེལ་ན། དེའི་མཐར་སྣང་གྲགས་རིག་གསུམ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་སུ་མོས་ཏེ། ཡིག་དྲུག་བཟླ། ལྔ་པ་ནི། དམིགས་བྲལ་ཀ་དག་གི་དང་དུ་མཉམ་པར་བཞག་པར་གསུངས་སོ། །བཞི་པ་ཚོགས་གཉིས་རྫོགས་བྱེད་མཎྜལ་གྱི་ཁྲིད་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་གདབ་པར་བཤད་པ་ནི་དམིགས་པའི་རྣམ་གྲངས་མང་པོ་མི་འཆུན་པ་དང་སྤྱི་མཐུན་གྱི་ཕྱག་ལེན་སྟབས་བདེ་བ་ལ་དགོངས་པས་ངེས་ཀྱང་འཐུས་མོད། འདིར་རང་ལུགས་ཐུན་མོངས་མ་ཡིན་པ་ནི་ཕྱི་ནས་རིམ་བཞིན་འཆད་པར་བྱའོ། །


LT35_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་གྱི་རྒྱུ་རབ་རིན་པོ་ཆེ་གསེར་དངུལ། འབྲིང་ཟངས་སོགས། ཐ་མ་རྡོ་ཤིང་ལྟ་བུ་དངོས་པོ་དམན་ན་གྲུ་གང་ལས་མི་ཆུང་བ་དང་། ཚོམ་བུའི་རྒྱུའང་རབ་རིན་པོ་ཆེ། འབྲིང་དུང་དང་མགྲོན་བུ་སོགས། ཐ་མ་འབྲུ་གཙང་མ་དྲི་བཟང་གིས་ཁ་བསྒྱུར་བ་ལ་སྨན་ཁྲོལ་བུ་སོགས་གང་འཛོམ་བསྲེས་ཤིང་གཤེར་གྱིས་བརླན་པ་དང་དྲི་བཟང་བ་བྱུང་ཡང་འདུ་བྱ། རང་དང་སེམས་ཅན་ཐམས་ཅད་ལྷན་ཅིག་པས་ལུས་ཀྱི་ལས་སུ་ཚོམ་བུ་འགོད་པ། ངག་གི་ལས་སུ་འབུལ་ཚིག་རྣམས་འུར་དིར་གྱིས་འདོན་པ། ཡིད་ཀྱིས་ཚིག་ཕྱིར་སེམས་མ་ཡེངས་པར་བྱ་བ་རྣམས་སུམ་ཕྲུགས་སུ་བྱ་ཞིང་། མཎྜལ་གྱི་ཆོ་ག་དངོས་ལ་གསུམ། དང་པོ་སྤྲུལ་སྐུའི་མཎྜལ་ནི། ཚོགས་ཞིང་མདུན་ཏུ་རྡོ་རྗེའི་ཞིང་ཁམས་ཆེན་པོ་རྣམ་པར་དག་པའི་རིན་པོ་ཆེའི་རང་བཞིན་རི་རབ་གླིང་བཞི་དང་བཅས་པའི་རི་རྩེར་པད་ཟླའི་གདན་ལ་རྩ་བའི་བླ་མ་སྤྲུལ་པའི་སྐུའི་རྣམ་པ་ཅན་ལ་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་བ། གླིང་དང་གླིང་བར་རྣམས་སུ་ཁྱད་པར་གྱི་དཀོན་མཆོག་སྐྱབས་ཡུལ་གྱི་སྐབས་ལྟར་བཞུགས་པར་མོས་ལ། ཐོག་མར་སེམས་ཀྱི་རང་བཞིན་རྣམ་པར་དག་པའི་བརྡར་མཎྜལ་ལན་གསུམ་ཕྱིས། བྱང་ཆུབ་སེམས་ཀྱི་རླན་མི་ཡལ་བའི་ཕྱིར་དྲི་བཟང་དང་བ་བྱུང་ཆུས་ཆག་ཆག་གདབ། ཚོམ་བུ་རབ་བཞི་བཅུ་རྩ་གཅིག །འབྲིང་ཉི་ཤུ་རྩ་གསུམ། བསྡུས་པ་ལ་དགུ་དགོད་པར་གསུངས་


LT35_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་འབྲིང་པོའི་ལུགས་བྱེད་ན་རི་རབ་གླིང་བཞི་གླིང་ཕྲན་བཅས་བཅུ་གསུམ། ཕྱོགས་མཚམས་བརྒྱད་དུ་བརྒྱད་བཀོད་པ་བཀྲ་ཤིས་རྫས་བརྒྱད་སོགས་མཆོད་རྫས་ཕྱོགས་བསྡུས། མདུན་རྒྱབ་གཉིས་སུ་གཉིས་བཀོད་པ་ཉི་ཟླ་མཚོན་པ་ཡིན་ལ། དེ་དག་ཀྱང་འཇིག་རྟེན་ཁམས་རབ་འབྱམས་རྒྱ་མཚོའི་ཕྱི་ནང་སྣོད་བཅུད་ཀྱི་དཔལ་འབྱོར་རིགས་ལྔ་གངས་ཆེན་མཚོའི་ཞིང་ཁམས་ཀྱི་བཀོད་པ་ལ་བརྟེན་པའི་ཚངས་ཆེན་གྱི་བསྐལ་པ་ཆེན་པོ་ནམ་མཁས་ཁྱབ་ཆད་དུ་སྤྲུལ་ནས་དུས་ཆད་པ་མེད་པར་འབུལ་བར་བསམ་ལ་ངག་འདོན་དང་དམིགས་པ་སྦྲགས་ཏེ། ཨོཾ་ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་ཀྱི་རྫས་བརྒྱད། གཏེར་གྱི་བུམ་པ། དཔག་བསམ་གྱི་ཤིང་། མ་རྨོས་པའི་ལོ་ཏོག །ཡིད་དུ་འོང་བའི་འདོད་ཡོན་ཤིན་ཏུ་མཛེས་པའི་ལྷ་མོ། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་འདོད་ཡོན་མ་ཚང་བ་མེད་པ། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལེགས་པར་བཀོད་དེ་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ཕྱོགས་


LT35_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་དེ་བཞིན་གཤེགས་པ། རིགས་ལྔ་གངས་ཆེན་མཚོའི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་བརྟེན་པའི་ཞིང་ཁམས་རབ་འབྱམས་མཐའ་ཀླས་པ་ཚངས་ཆེན་གྱི་བསྐལ་པ་ཆེན་པོས་ལེགས་པར་བརྒྱན་པ་འདི་ཉིད་བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པར་དམིགས་ཏེ་འབུལ་ལོ། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་རི་རབ་གླིང་བཞིའི་འཇིག་རྟེན་ཁམས། །ལྷ་དང་མི་ཡི་འདོད་ཡོན་ཕུན་ཚོགས་བདེ་གཤེགས་མཆོད་པའི་སྤྲིན་ཕུང་ཅན། །ཚངས་ཆེན་བསྐལ་པས་ལེགས་པར་བརྒྱན་ཏེ་དགེ་ལེགས་རྒྱ་མཚོའི་བསོད་ནམས་ཞིང་། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །རྒྱལ་བའི་འབྱོར་ཚོགས་དཔག་མེད་དང་ལྡན་པ། །དཔག་ཡས་ནམ་མཁའི་རྒྱན་གྱུར་འདི་ཕུལ་བས། །རང་བཞིན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་ཚོམ་བུ་གསོ་ཞིང་ཤློ་ཀ་ཕྱི་མ་ལ་གྲངས་བཟུང་སྟེ་ཅི་ནུས་སུ་འབུལ་ལོ། །གཉིས་པ་ལོངས་སྐུའི་མཎྜལ་ནི། ཚོགས་ཞིང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཞི་དང་རྒྱ་ཚད་རྒྱན་བཀོད་པའི་ཁྱད་པར་བསམ་གྱིས་མི་ཁྱབ་པར་བླ་མ་ལོངས་སྐུ་རིགས་ལྔ་འཁོར་དཔག་ཏུ་མེད་པ་དང་བཅས་པ་བཞུགས་པར་མོས་ལ། ཚོམ་


LT35_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྒྱས་པ་ཉེར་ལྔ། འབྲིང་ལ་བཅུ་གསུམ། བསྡུ་ན་བདུན་བཀོད་དེ། སྟུག་པོ་བཀོད་པའི་ཞིང་ཁམས་ཐར་པ་ཆེན་པོའི་གཞལ་མེད་ཁང་བསམ་ལས་འདས་པའི་བཀོད་པ་ཡིད་དུ་འོང་བའི་ལྷ་མོ་ངོ་མཚར་བའི་མཆོད་རྫས་ཐོགས་པས་གང་བ་ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ་ཡེ་ཤེས་རིན་པོ་ཆེའི་སྤྲིན་གྱི་དྲྭ་བས་ལེགས་པར་བརྒྱན་པས་འཁོར་བ་མ་སྟོང་གི་བར་དུ་རྟག་པ་རྒྱུན་གྱི་འཁོར་ལོར་མཆོད་པར་མོས་ལ། ཨོཾ་ཨཱཿཧཱུྃ། འོག་མིན་གྱི་གནས་རྣམ་དག་སྟུག་པོ་བཀོད་པ་བདེ་བའི་ཞིང་། ཐམས་ཅད་སྣང་ལ་རང་བཞིན་མེད་པའི་ཞིང་ཁམས་ན། ཤིན་ཏུ་ཡིད་དུ་འོང་བའི་གཞལ་མེད་ཁང་ཆེན་པོ། སྒོ་བཞི་གྲུ་བཞི་རྟ་བབས་བཞི་དང་ལྡན་པ། རིན་པོ་ཆེའི་གདུགས། ཆོས་ཀྱི་འཁོར་ལོ་ཤིན་ཏུ་མཛེས་པའི་རི་དྭགས། །ལྷའི་གོས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཡིད་དུ་འོང་བའི་འཕན། ཟླ་བ་རླུང་གིས་བསྐྱོད་པ། རྔ་ཡབ་ནོར་བུའི་ཡུ་བ་ཅན། གསེར་གྱི་དྲིལ་བུ་གཡེར་ཁའི་ཕྲེང་བ། རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཏོག །རྩིག་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ། །ནོར་བུ་སྣ་ཚོགས་ཀྱི་དྲྭ་ཕྱེད། རྔོ་ཀྲ་མ་ཤཱིརྵའི་མདའ་ཡབ། རིན་པོ་ཆེའི་དྲྭ་མིག །གསེང་མའི་པུ་ཤུ། རབ་ཏུ་མཐོ་བའི་ཕྱུར་བུ། འདོད་ཡོན་གྱི་སྣམ་བུ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཞལ་ཟས་མ། སིལ་


LT35_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་མ། མཆོད་པའི་སྤྲིན་ཕུང་ཆེན་པོ་བསམ་གྱིས་མི་ཁྱབ་པས་ཕྱི་ནང་ཀུན་ཏུ་ཡང་ལེགས་པར་བརྒྱན་ཏེ་བཀོད་པའི་གནས་ཚངས་པ་རྔ་སྒྲའི་ཞིང་ཁམས་ཆེན་པོ། ཡེ་ཤེས་རིན་པོ་ཆེ་སྤྲིན་གྱི་དྲྭ་བས་ལེགས་པར་བརྒྱན་པ་འདི་ཉིད། བླ་མ་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་པར་རྒྱུན་གྱི་འཁོར་ལོར་འབུལ་ལོ། །བདེ་ཆེན་གནས་ནི་ཤིན་ཏུ་མཐའ་ཡས་བཀོད་པའི་སྤྲིན་གྱི་འོད་ཟེར་ཅན། །སྒོ་བཞི་གྲུ་བཞི་རྟ་བབས་བཞི་ལྡན་ཡེ་ཤེས་རྣམ་ལྔའི་རྩིགས་པས་བརྒྱན། །སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་མཆོད་པའི་སྤྲིན་གྱི་འོད་འཕྲོ་བ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །འོག་མིན་བདེ་ཆེན་རིན་ཆེན་གཞལ་ཡས་ཁང་། །སྣ་ཚོགས་མཆོད་པའི་སྤྲིན་གྱི་བླ་བྲེ་ཅན། །ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས། །ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག །ཅེས་ཤློ་ཀ་ཕྱི་མ་ལ་གྲངས་བཟུང་ཞིང་འབུལ་ལོ། །གསུམ་པ་ཆོས་སྐུའི་མཎྜལ་ནི། ཚོགས་ཞིང་ཆོས་སྐུ་ཐིག་ལེ་ཉག་གཅིག་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་སུ་བླ་མ་ཆོས་སྐུ་གདོད་མའི་མགོན་པོ་འཁོར་རང་སྣང་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་རང་གསལ་ལྷུན་གྲུབ་ཏུ་བཞུགས་པར་མོས་ལ། ཚོམ་བུ་རྒྱས་པར་ཉེར་ལྔ། འབྲིང་ལ་ལྔ། བསྡུ་ན་གསུམ་བཀོད་དེ། ཆོས་དབྱིངས་འོད་


LT35_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཚད་དཔག་ཏུ་མེད་ཅིང་ནམ་མཁའི་མཐའ་ཀླས་པར་རིག་གདངས་འོད་ལྔའི་ཐིག་ལེ་ཐིག་ཕྲན་འཇའ་འོད་ཟེར་ཐག་མེར་མེར་ཤིག་ཤིག་ཏུ་གཡོ་བའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པས་བརྒྱན་པ་ཉིད་མཆོད་བྱ་མཆོད་བྱེད་མེད་པར་རང་བྱུང་རང་ཤར་རང་ཐིམ་དུ་འབུལ་བར་མོས། ཨོཾ་ཨཱཿཧཱུྃ། ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་གདོད་མ་ནས་ངོ་བོ་ཉིད་ཀྱི་རྣམ་པར་དག་ཅིང་། ནམ་མཁའ་ལྟར་སྟོང་ལ་མཐའ་དབུས་མེད་པ། ཉི་ཟླ་ལྟར་བཀྲ་ཞིང་ལྷུན་གྱིས་གྲུབ་པ། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ཡང་མ་བྱེ་མི་འབྱེད་འབྱེད་པ་མེད་པའི་རང་བཞིན། སངས་རྒྱས་ཀྱི་ཞིང་དང་འགྲོ་བ་དྲུག་གི་རྣམ་པར་འཕྲུལ་པ་དཔག་ཏུ་མེད་པའི་འབྱུང་གནས་ཆེན་པོ། ལྷུན་གྲུབ་རིན་པོ་ཆེའི་སྦུབས། །སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་། དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས། གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་ཁུའི་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་། ནམ་མཁའི་མཐའ་ཀླས་པར་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ལེགས་པར་བརྒྱན་པའི་བཀོད་པ་ཚད་མེད་པའི་མངའ་ཐང་ཆེན་པོ་ལ་དབང་འབྱོར་བ། འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས། རང་བཞིན་གྱིས་རྣམ་པར་དག་ཅིང་ལྷུན་གྱིས་གྲུབ་པ་འདི་ཉིད། བླ་མ་དང་


LT35_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ། དགོངས་ཀློང་རྣམ་པར་དག་པའི་ངང་དུ་ཡེ་ཤེས་ཀྱི་མཆོད་པ་དམ་པར་འབུལ་ལོ། །གདོད་ནས་རྣམ་དག་འོད་གསལ་ཞིང་ནི་མ་སྐྱེས་ལྷུན་རྫོགས་འདུས་མ་བྱས། །སྣ་ཚོགས་མི་དམིགས་སྤྲོས་ཀུན་ཉེར་ཞི་ཡེ་ཤེས་རྣམ་ལྔའི་གཞལ་ཡས་ཁང་། །སྐུ་གསུམ་མཛད་པའི་འོད་ཟེར་དང་བཅས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །འོད་གསལ་ལྷུན་གྲུབ་ཡེ་ཤེས་རིགས་ལྔའི་ཞིང་། །སྐུ་དང་ཐིག་ལེས་ཡེ་ནས་བརྒྱན་པ་འདི། །རང་སྣང་དག་པས་ལེགས་པར་ཕུལ་བ་ཡིས། །ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག། ཅེས་ཤློ་ཀ་ཕྱི་མ་ལ་གྲངས་བཟུང་སྟེ་ཅི་ནུས་འབུལ། མཐར་མཎྜལ་འབུལ་ཡུལ་མཆོད་རྫས་དང་བཅས་པ་ཧཱུྃ་སྔོན་པོའི་རྣམ་པར་བསྡུས། དེ་ཡང་རང་ལ་ཐིམ་པར་བསམ་ཞིང་ཚོགས་ཆེན་ལྷུན་གྱིས་རྫོགས་པའི་འོད་གསལ་གྱི་ངང་དུ་མཉམ་པར་བཞག་གོ། །འདིར་ཡང་སྤྱི་དང་བྱེ་བྲག་གི་རྣམ་བཞག་དགོས་པ་ཕན་ཡོན་སོགས་འཆད་པར་སྤྲོ་ན་གཞན་ནས་བླང་ངོ་། །ལྔ་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལའང་གཉིས་སྤྱི་དང་། ཁྱད་པར་རོ། །དང་པོ་ལ། གསོལ་བ་འདེབས་པའི་རྟེན་གསལ་འདེབས་པ་ནི། སྣོད་བཅུད་དག་པའི་ཞིང་ཁམས་འབྱམས་ཀླས་པའི་དབུས་སུ། རང་གི་སྤྱི་


LT35_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ནམ་མཁར་ཡེ་ཤེས་ལྔའི་རང་མདངས་འཇའ་ཚོན་འོད་ལྔའི་གུར་ཁྱིམ་རབ་ཏུ་འཁྲུགས་པའི་དབུས་སུ་སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་སྟོན་པ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟ་བུའི་གཟི་བྱིན་རབ་ཏུ་འབར་ཞིང་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་བརྒྱན་པ། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཤིན་ཏུ་དྭངས་པའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེ་ཡང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་ཞིང་འབར་བའི་ཀློང་ན་ལྷམ་མེར་བཞུགས་པ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མལ་མཉམ་པར་བཞག་པ། མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་དུ་གསལ་བའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་རྣམས་དང་། མཐའ་བསྐོར་དུ་ཐེག་པ་ཆེ་ཆུང་གི་ཡི་དམ་སངས་རྒྱས། དམ་ཆོས་དགེ་འདུན། མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་བཞུགས་པར་བསམ་ལ་དེ་ཉིད་གསལ་གདབ་པའི་སླད་དུ། །སྣོད་བཅུད་དག་པའི་ཞིང་ཁམས་ཆེན་པོའི་དབུས། །རང་མདུན་ནམ་མཁའ་ཡེ་ཤེས་འོད་


LT35_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ཀློང་། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་། །དབྱེར་མེད་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །མཐིང་གསལ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཅན། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་། །མཐའ་བསྐོར་མཆོག་གསུམ་མཁའ་འགྲོ་ཆོས་སྲུང་ཚོགས། །སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་སྐུ། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་སྤྲིན། །གང་འདུལ་མོས་ངོར་ཅིར་ཡང་འཆར་བར་གྱུར། །ཅེས་བརྗོད། དེ་ནས་རང་དང་སེམས་ཅན་ཐམས་ཅད་ས་ཆེན་པོའི་རྡུལ་ལྟར་འཁོད་པར་གྱུར་པ་ལ། ཐམས་ཅད་ལུས་གུས་པས་ཐལ་མོ་སྦྱར། ངག་གུས་པས་གསོལ་འདེབས་ཀྱི་ཚིག་དིར་དིར་བརྗོད། ཡིད་གུས་པས་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ཁྱེད་ཀྱིས་མཁྱེན་སྙམ་པའི་བློ་གཏད་ལིང་གིས་འགེལ། དེ་ཡང་བླ་མ་ནི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་རང་བཞིན་དུ་བཞུགས་པར་མ་ཟད། རང་ལ་སྔོན་གྱི་སངས་རྒྱས་རྣམས་ཀྱི་ཞལ་མཇལ་ཞིང་གསུང་ཐོས་པའི་སྐལ་པ་མ་མཆིས་པའི་དུས་འདིར་དེ་རྣམས་ཀྱིས་མཛད་རྒྱུ་བླ་མ་དམ་པས་མཛད་པ་དང་། རང་རྒྱུད་ལ་སངས་རྒྱས་དངོས་སུ་སྟོན་པའི་དེད་དཔོན་བླ་ན་མེད་པ་ཡིན་པའི་ཕྱིར་དུས་གསུམ་གྱི་རྒྱལ་བ་ཀུན་ལས་ལྷག་ཅིང་བཀའ་དྲིན་ཆེ་སྙམ་པའི་བློ་སྣ་མོས་


LT35_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གུས་སུ་ཧྲིལ་གྱིས་དྲིལ་ལ་བརྒྱུད་པའི་གསོལ་འདེབས་ཡིད་བཞིན་སྤྲིན་ཚོགས་དང་། བསྡུ་ན་གཏེར་ཆེན་རིན་པོ་ཆེས་མཛད་པ་རྗེ་བླ་མའི་ཁ་སྐོང་དང་བཅས་པ་ཉིད་བརྗོད་ལ། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་བཞིན་པས་གསོལ་བ་གདབ་ཅིང་། སླར་ཡང་རྩ་བའི་བླ་མ་ལ་ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི། ཀྱེ་བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །འགྲོ་བ་སྐྱབས་མེད་རྣམས་ཀྱི་སྐྱབས། །ཐར་པའི་ཐེམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཉོན་མོངས་མེ་ཡིས་གདུངས་པ་ལ། །ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱིད་སྡུག་རེ་ལྟོས་ཁྱེད་མཁྱེན་པས། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །ནད་གདོན་བགེགས་དང་བར་ཆད་སོལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅེས་པས་མོས་གུས་ཀྱི་ཉམས་མ་སྐྱེས་བར་དུ་གསོལ་བ་བཏབ་པའི་མཐར་དབང་བླང་བ་ནི། འཁོར་གྱི་ལྷ་ཚོགས་རྣམས་རྩ་བའི་བླ་མའི་སྐུ་ལ་ཐིམ་པས་བླ་མ་སྔར་བས་ཀྱང་གཟི་བྱིན་ཆེར་འབར་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་དཀར་དམར་


LT35_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་གསུམ་འོད་འབར་བས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་གྱུར། བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དབང་བཞིའི་ཆུ་བོས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱངས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་ཏུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་སོ། །སླར་ཡང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་


LT35_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་དམ་པ་ལ་གསོལ་བ་འདེབས་སོ། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཀ་དག་གནས་ལུགས་ཀྱི་ལྟ་བ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་བླ་མ་འོད་ལྔའི་གོང་བུར་གྱུར་བ་རང་གི་ཚངས་བུག་ནས་སིབ་ཀྱིས་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་གྱུར་པར་བསམ་ལ་བློ་འདས་གཉུག་མའི་རང་ངོ་ལ་མཉམ་པར་བཞག་གོ། གཉིས་པ་བྱེ་བྲག་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ལྟར་ཉམས་སུ་ལེན་པ་ནི། ཨོཾ་ཨཱཿཧཱུྃ། །ངན་འགྲོའི་འཇིགས་པ་སྐྱོབ་མཛད་པ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ངེས་པའི་དོན་དུ་སེམས་བསྐྱེད་ནས། །འགྲོ་ལ་ཕན་ཕྱིར་བླ་མར་སྒོམ། །ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་ངང་ལས། རང་གི་སྤྱི་བོར་པདྨ་དཀར་པོ་དང་ཉི་ཟླ་གའུ་ཁ་སྦྱོར་བསམ་པའི་ནང་ན། ཨ་དཀར་པོ་ལས་འོད་འཕྲོས་པས་རྩ་བའི་བླ་མ་སྤྱན་དྲངས་ནས། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ལ། བརྒྱུད་པའི་བླ་མ་དང་ཆོས་འབྲེལ་ཡོད་ཚད་ཐམས་ཅད་ཐིམ་པའི་མཐར། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་མཚོས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བསམ། །


LT35_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡིད་ཀྱིས་མཆོད་ཅིང་བསྟོད་པར་གསུངས་པས་དེ་ཁོ་ནས་ཆོག་ཀྱང་ད་ལྟའི་གང་ཟག་ཕལ་ཆེར་ལ་ངག་འདོན་མེད་ན་རྣམ་པ་མི་གསལ་བས་དེ་ལྟར་ན། ཨོཾ་ཨཱཿཧཱུྃ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྐྱེ་མེད་བླ་མ་གཤེགས་སུ་གསོལ། །ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས། །གསལ་དག་བླ་མ་གཤེགས་སུ་གསོལ། །སྤྲུལ་པ་སྐུ་ཡི་ཕོ་བྲང་ནས། །ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ། །འཇའ་དང་འོད་དུ་ཀྱི་ལི་ལི། །སྐུ་དང་ཐིག་ལེ་ཤིག་སེ་ཤིག །སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །བདག་དང་དབྱེར་མེད་བརྟན་པར་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་ཉམས་ཆགས་བཤགས། །སྨིན་གྲོལ་དབང་དང་གདམས་པ་ཞུ། །ཨོཾ་སྐུ་སྐྱེ་བ་མེད་པ་གསལ་ལ་དྭངས། །རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་བར་བྱིན་གྱིས་རློབས། །ཨཿགསུང་འགགས་པ་མེད་པ་ཆོས་ཀྱི་སྒྲ། །ཨཱ་ལི་ཀཱ་ལིར་གསོལ་བ་འདེབས། །ངག་ལ་ནུས་པར་བྱིན་གྱིས་རློབས། །ཧཱུྃ་ཐུགས་ཀ་དག་ཆེན་པོ་ཀུན་བཟང་ཀློང་། །ཅིར་མི་དགོངས་ལ་གསོལ་བ་འདེབས། །ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །ཞེས་ཆོས་སྤྱོད་ཆེན་མོ་ནས་འབྱུང་བ་ལྟར་བརྗོད། དེ་ནས། བླ་མ་རྡོ་རྗེ་འཛིན་པ་ནི། ཁམས་གསུམ་འཁོར་བའི་གཉེན་གཅིག་པོ། །འགྲོ་བ་མགོན་མེད་


LT35_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐྱབས། །ཐར་པའི་ལམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་དག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །དུག་གསུམ་མེ་ཡིས་གདུངས་བ་ལ། །རང་བྱུང་རླན་གྱིས་བསིལ་བར་མཛོད། །མ་རིག་འཁྲུལ་པས་བཅིངས་པ་ཡི། །གདོས་བཅས་ལུས་ངག་ཡིད་རྣམས་ཀུན། །རང་དེངས་འོད་ཀྱི་རང་བཞིན་ཏུ། །ལྷག་མེད་མྱ་ངན་འདས་ཐོབ་མཛོད། །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ། །འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཚེ་འདིར་ལེགས་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་མེད་པ་དང་། །འཆི་ཁར་ཟབ་མོའི་འོད་གསལ་ཟིན། །བར་དོའི་འཕྲང་ལས་སྒྲོལ་བར་མཛོད། །ལུས་དང་ངག་ཡིད་བརྩམས་པ་ཀུན། །རྟག་ཏུ་གཞན་ལ་ཕན་པ་དང་། །རྐྱེན་རྣམས་བྱང་ཆུབ་ལམ་མཆོག་ཏུ། །དེ་རིང་ཉིད་ནས་བསྒྱུར་དུ་གསོལ། །བདག་གིས་འབད་ཀྱང་ཐར་པ་དཀའ། །མགོན་པོ་ཁྱེད་ཀྱི་ཐུགས་རྗེའི་གྲུས། །མགོན་མེད་བདག་དང་འགྲོ་བ་ཀུན། །ཐར་པའི་གླིང་དུ་ཕྱིན་པར་མཛོད། །གང་དག་བདག་ལ་དད་གྱུར་ཏམ། །སྨོད་དམ་སྐུར་པ་འདེབས་ཀྱང་རུང་། །དེ་དག་སྡིག་བྱང་ཉོན་མོངས་མེད། །སྲིད་པའི་ཆུ་བོ་སྤང་བར་ཤོག །ནམ་ཞིག་བདག་གི་


LT35_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཙམ་གྱིས། །འགྲོ་བའི་འདོད་དགུ་རབ་སྒྲུབ་ཅིང་། །ཕྱོགས་བཅུ་གང་བའི་ཞིང་རྣམས་སུ། །མཆོད་པའི་སྤྲིན་གྱིས་ཆར་འབེབས་ཤོག །དགེ་བ་འདི་ཡིས་ལུས་ཅན་ཀུན། །ཐམས་ཅད་སྲིད་ལས་རྣམ་གྲོལ་ནས། །ཡེ་ཤེས་དམ་པ་གཉིས་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་གསོལ་བ་དྲག་ཏུ་བཏབ་པས་ཞབས་ཀྱི་མཐེ་བོང་ལས་བདུད་རྩིའི་རྒྱུན་བབས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་ལུས་ཕྱི་ནང་ཐམས་ཅད་ལ་ཁྱབ་པས། ལུས་ཀྱི་སྒྲིབ་པ་དག །སྐུའི་དངོས་གྲུབ་ཐོབ། མགྲིན་པར་བབས། ངག་གི་སྒྲིབ་པ་དག །གསུང་གི་དངོས་གྲུབ་ཐོབ། སྙིང་ཁར་བབས། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དངོས་གྲུབ་ཐོབ། ལྟེ་བར་བབས། དྲི་མ་ཐམས་ཅད་དག །ཡོན་ཏན་གྱི་དངོས་གྲུབ་ཐོབ། གསང་བར་བབས། ཕྲིན་ལས་ཀྱི་དངོས་གྲུབ་ཐོབ། བདེ་བ་དང་སྟོང་པ་གཉིས་སུ་མེད་པར་གྱུར། མཐར་མོས་གུས་ཀྱི་ཤུགས་ཀྱིས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ལ་བཅོས་བསླད་བྲལ་བའི་རང་རིག་གི་ངོ་བོ་ཅི་ནུས་བསྐྱང་ངོ་། །ཐུན་ལས་ལྡང་བ་ན། །རང་བཞིན་དག་པའི་དགེ་བ་འདིས། །འཁོར་བ་ངན་སོང་དོང་སྤྲུགས་ཏེ། །སྲིད་ན་འགའ་ཡང་མི་གནས་པར། །ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་ཐམས་ཅད་དུའང་


LT35_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གྲགས་རིག་གསུམ་བླ་མའི་གསང་བ་གསུམ་གྱི་ཡེ་ཤེས་སུ་ལམ་དུ་ཁྱེར་ཞིང་ཚོགས་གཉིས་ཟུང་འབྲེལ་གྱི་རྣལ་འབྱོར་ལ་བརྩོན་པར་བྱའོ། །འདིར་རྣམ་བཞག་གོ་དོན་ཕན་ཡོན་སོགས་སྤྲོ་ན་སྤྱི་དང་མཚུངས་པར་འཆད། ཚོགས་བསགས་ཀྱི་རིམ་པ་འདི་དག་སོ་སོར་འབུམ་ཐེར་ལ་སོགས་པ་ཐུན་ཏུ་བཅད་དེ་བརྩོན་པའི་སྐབས་སོ་སོའི་རྗེས་སུ་བསྔོ་སྨོན་གྱི་རྒྱས་གདབ་པ་དང་། ཐུན་མཚམས་རྣམས་སུ་སྐབས་དེ་དང་དེར་འབྲེལ་བའི་ལམ་ཁྱེར་གྱི་གནད་སོགས་ཀྱང་སྤྱི་ལྟར་ཤེས་པར་བྱའོ། །སྔོན་འགྲོ་སྤྱིར་བཤད་པ་དེ་རྣམས་སྨིན་གླིང་ཁྲིད་རྒྱུན་དཀྱུས་སུ་འབྱུང་བ་ཡིན་ཅིང་། དེའང་ཁྲིད་ཚུལ་སྤྱི་དང་མཐུན་པའི་འདོན་སྒོམ་ཟོར་ཡང་གཙོ་བོར་བཏོན་པར་སྣང་ལ། བྱེ་བྲག་ཏུ་བསྟན་པ་རྣམས་ནི་ཡང་ཏིག་ཡིད་བཞིན་ནོར་བུ་ལས་དངོས་སུ་གསལ་བའི་ཐུན་མོངས་མ་ཡིན་པར་སྣང་བས། རྗེ་བླ་མས་ཀྱང་འདི་ལྟར་ལགས་ཞེས་དངོས་སུ་བཀས་གནང་བ་དང་། རིག་འཛིན་ཆེན་པོ་སོགས་ཀྱི་རྒྱུན་ལས་ཀྱང་འབྱུང་བར་སྣང་བས་འདོན་སྒོམ་མཛད་ན་དགོས་པ་ཆེ་སྙམ་ཡིག་ཚོགས་ལ་མ་འཛེམ་པར་དཀྱུས་སུ་བཀོད་པ་ཡིན་ནོ། །བཞི་པ་གསང་སྔགས་སྤྱི་མཐུན་གྱི་ཐབས་ལམ་རླུང་ཐིག་གིས་ལུས་སེམས་སྦྱོང་བ་ལ་གཉིས། ཆགས་བྲལ་རླུང་ལ་བསླབ་པ་དང་། ཆགས་ཅན་ཐིག་ལེ་ལ་སློབ་པའོ། །དང་པོ་ལ་ལྔ། རླུང་གི་ཁ་དོག་ལ་སློབ་པ། དབྱིབས་ལ་སློབ་


LT35_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གྲངས་ལ་སློབ་པ། འགྲོ་འོང་ལ་སློབ་པ། བུམ་པ་ཅན་ལ་སློབ་པའོ། །དང་པོ་ནི། ལུས་གནད་ཆོས་བདུན་དྲང་པོར་བསྲངས་ལ་མིག་གནད་མཐོ་དམན་བྱིང་རྒོད་དང་མཐུན་པར་བལྟ། ངག་གནད་སྣ་བུག་གཉིས་ནས་རླུང་རོ་དལ་ལ་རིང་བ་གསུམ་བསལ། ཡིད་ཀྱི་གནད་སྨིན་མཚམས་སུ་རླུང་རྣམས་འདུས་པའི་ངོ་བོ་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་གསལ་ཞིང་འབར་བ་ཞིག་གསལ་བཏབ་ལ་རེ་དོགས་སྐྱོན་ཡོན་དགག་སྒྲུབ་སོགས་དུས་གསུམ་གྱི་རྣམ་པར་རྟོག་པ་ཀུན་སྤངས་ཏེ་ཐིག་ལེའི་རྣམ་པ་དེ་ཁ་ལ་སེམས་རྩེ་གཅིག་ཏུ་གཏད་ལ་བསྒོམ། རྣམ་རྟོག་ཆེ་ཕྲ་ཇི་ལྟར་ཤར་ཡང་འཕྲོ་བཅད་ལ་ཐིག་ལེའི་སྟེང་དུ་ཧྲིལ་གྱིས་བསྒྲིམས་ལ་འཇོག །ཡང་རིག་པ་གཡེར་ཞིང་འཕྲོ་རྒོད་ཆེར་སོང་ན་ཐིག་ལེའི་རྣམ་པ་ཡིད་ཀྱི་ཡུལ་དུ་ལམ་མེར་གསལ་བ་ལ་ཧ་ཀྱང་གྲིམས་མ་དྲགས་ཙམ་གྱིས་དྲན་པའི་རྒྱང་སོ་བཙུགས་ལ་ལྷོད་ཀྱིས་འཇོག་སྟེ། རང་རིག་དང་ཐིག་ལེ་སོ་སོར་མི་བལྟ་བར་དབྱེར་མེད་རང་གསལ་ཞེན་འཛིན་མེད་པའི་ངང་དུ་སྐྱོང་ཞིང་། ཐིག་ལེའི་རྣམ་པ་ཁོ་ན་ལ་སེམས་ཟིན་ཅིང་བརྟན་པར་གྱུར་པ་དང་། ཐིག་ལེའི་མདངས་འོད་ཀྱིས་རང་གི་མགོ་བོ་དང་དེ་ནས་ལུས། དེ་ནས་ཐོ་ཕྱི་དང་ཡུལ་ཁམས་ཐམས་ཅད་ཁྱབ། མཐར་སྣང་བ་ཐམས་ཅད་རླུང་གི་རང་བཞིན་དཀར་མེ་རེ་བ་ལ་ཤེས་པ་གཏད། ཡང་རིམ་གྱིས་ཚུར་བསྡུས། སྨིན་མཚམས་རྩ་བའི་ཐིག་ལེ་ལ་ཤེས་པ་གཏད། དེ་ལྟར་


LT35_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་བསྡུ་རེས་འཇོག་ལ་བསླབ་པས་ལུས་ཡང་། ངག་གསལ། སེམས་གནས་པ་སོགས་རྟགས་མཐོན་གྱི་བར་དུ་བསྒོམ་པ་ནི་ཕྱི་མ་རྣམས་ལའང་འགྲེ། གཉིས་པ་ནི། སྣ་རྩེར་རླུང་གི་ཐིག་ལེ་དཀར་སྔོ་ཆེ་ཆུང་བོད་སྲན་ཙམ་པ་ཞིག་གསལ་བཏབ། དེ་གསལ་བ་དང་སྣ་བུག་གི་རླུང་འགྲོ་འོང་དལ་བ་ལ་བརྟེན་ནས་རླུང་ཕྱིར་དབྱུང་ཚེ་ཐིག་ལེ་དེ་རླུང་དང་འགྲོགས་ནས་སྐྱ་ཡེར་གྱིས་སོང་། ནང་དུ་འཇུག་ཚེ་རླུང་དང་ལྷན་ཅིག་བྱུང་བ་སྣ་རྩེར་གྲང་བསིལ་གྱིས་གནས་པར་བསམ། དེ་ཡང་ལུས་གྲང་ཤས་ཆེ་ན་ཐིག་ལེ་ཁ་དོག་དམར་པོ་རེག་བྱ་ཚ་བར་བསྒོམ། ཡང་ན་མཛོད་སྤུར་བསྒོམས་ཀྱང་ཆོག་གསུངས། གསུམ་པ་ནི། རླུང་དང་ཤེས་པ་འགྲོ་ལྡོག་གཅིག་ཏུ་བྱས་ཏེ། རྒྱུན་གྱི་དབུགས་འབྱུང་འཇུག་གནས་གསུམ་པོ་འདི་ག་རང་བབ་ཏུ་བགྲང་བ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་ཁུག་པ་རེ་ལ་གཅིག་ཏུ་བརྩིས་པའི་གྲངས་མ་ཡེངས་པར་བཟུང་། རིམ་གྱིས་རྒྱུ་བ་ཇེ་དལ་ཇེ་རིང་ལ་བཏང་ནས་མཐར་ཡུན་རིང་གནས་པ་མ་བྱུང་གི་བར་དུ་སྦྱང་ངོ་། །བཞི་པ་ནི། རང་ལུས་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བའི་ལྟེ་བར་ཐོད་པ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་མདུན་ཕྱོགས་སུ་བསྟན་པ་ཞིག་གསལ་གདབ། དེའི་ནང་དུ་རླུང་གི་རྡོ་རྗེ་སྔོན་པོ་གྱེན་ལངས་ནས་འབྲས་ཙམ་པ་ལ་སེམས་གཏད་ནས་ཅི་ནུས་བསྒོམ། དེ་ལ་གསལ་བརྟན་གྱི་ཉམས་སྐྱེས་པ་ན་སྣ་སྒོའི་རླུང་འགྲོ་འོང་དང་


LT35_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ནས། རླུང་ཕྱིར་འགྲོ་བའི་ཚེ་རྡོ་རྗེ་སྣ་བུག་གཡས་ནས་སྔོ་རྒྱང་གིས་སོང་། ཚུར་འོང་བ་ན་གཡོན་ནས་ཞུགས་ལ་ཐོད་པར་གནས་པར་བསམ་ཞིང་། ལུས་སེམས་བདེ་ཕྲིལ་ཕྲིལ་བ་ལ་བློ་བཞག །གོམས་ནས་སེམས་གནས་ཇེ་བརྟན་ཏུ་སོང་རིམ་བཞིན་རྡོ་རྗེ་ཕྱིར་འགྲོ་བའི་ཚད་ཇེ་ཐུང་དུ་བཏང་། མཐར་སྣ་རྩེའི་སོར་བཅུ་དྲུག་གི་ཚད་ཙམ་དུ་འགྲོ་འོང་བྱེད་པར་བསམ། ལྔ་པ་ནི། སྔ་མ་གོམས་པ་དང་དམིགས་པའི་གཞི་སྔར་གྱིས་འགྲོ་འོང་དེ་ཀ་ལན་ཁ་ཤས་བྱས་རྗེས་རླུང་ཕྲལ་རིང་བ་ཞིག་འཕངས་པས་རྡོ་རྗེ་སྣ་བུག་གཡས་ཀྱི་ལམ་ནས་རྒྱང་རིང་པོར་སོང་བར་བསམ་ལ་རླུང་ཕྱིར་མནན། དེ་ནས་རླུང་ནང་དུ་ཤར་གྱིས་དྲངས་པས་རྡོ་རྗེ་སྣ་བུག་གཡོན་ནས་ཞུགས། ལྟེ་བའི་ཐོད་པ་ལ་སིབ་ཀྱིས་ཐིམ་པར་བསམ་ལ་བུམ་ཅན་གཡོ་མེད་ཁ་སྦྱོར་དུ་འཆིང་། དེའི་ཚེ་ཐོད་པ་ཡང་ཞུ་ནས་ཧ་ཡིག་དམར་པོའི་རྣམ་པར་གྱུར་པ་ལ་བློ་བཞག་སྟེ་རླུང་དང་ལུས་ཐམས་ཅད་ན་བུན་ཡལ་པ་ལྟར་བུན་ལོང་དུ་གྱུར་པར་བསམ་ལ། བུམ་པ་ཅན་གྱི་རླུང་སྦྱོར་བ་བཞི་ལྡན་དྲག་ཏུ་དགང་། རླུང་གཏོང་བའི་ཚེ་རླུང་སེམས་ནམ་མཁའ་དང་བསྲེས་ནས་མི་རྟོག་པའི་ངང་དུ་བཞག །གོང་དུ་བུམ་ཅན་འབྱོངས་ཟིན་པ་ཡིན་ན་འདིར་ཅི་ནུས་རེ་བསྒོམ་པས་ཆོག་གོ། །དེ་མིན་རབ་འབྲིང་ཐ་མ་གང་རུང་མ་འགྲུབ་ཀྱི་བར་དུ་སྦྱང་ཞིང་དེའང་ཐོག་མར་ཧ་ཅང་མ་དྲགས་པའི་རན་པར་བཟུང་ན་གེགས་ཆུང་བ་ཡིན་ནོ། །ལུས་གནད་དང་རླུང་རོ་བསལ་བ་ནི་སྤྱི་གནད་ཡིན་


LT35_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་གོང་སྨོས་ལྟར་ཐམས་ཅད་ལ་སྦྱར་རོ། །གཉིས་པ་ཆགས་ཅན་ཐིག་ལེའི་རྣལ་འབྱོར་ལ་བསླབ་པ་ལ། དངོས་རིག་མ་ལ་བརྟེན་ནས་ཡུམ་གྱི་བདེ་བ་ལ་སློབ་པ་ནི་ལག་ཏུ་མི་ལོན་པས་ཁྲིད་རྒྱུན་དཀྱུས་ལ་མི་འབྱུང་ཞིང་། དེའི་ཚུལ་བདེ་སྟོང་བདུད་རྩིའི་སྤྲིན་ཕུང་སོགས་སུ་གསལ་བ་ལྟར་རོ། །རྗེས་མཐུན་རླུང་རིག་གི་བདེ་བ་ལ་སློབ་པ་ནི། ལུས་གནད་རྐང་པ་སྐྱིལ་ཀྲུང་། ལག་པ་ཁུ་ཚུར་ཁ་སྦུབ་པུས་མོའམ་བརླ་སྟེང་དུ་བཞག་ལ་ལག་ངར་བསྲང་། མིག་ཐད་ཀར་ཆེར་རེ་མིག་འབྲས་མི་བསྒྱུར་ཞིང་རྫི་མ་མི་བརྡེབ། སེམས་གནད་རང་ལུས་སྟོང་གསལ་ཕྲུ་མ་ཕུས་བཏབ་པ་ལྟར་གྱུར་པའི་དབུས་སུ། རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་པ། ཁ་དོག་དམར་སྐྱའམ་ཕྱི་དཀར་ལ་ནང་དམར་བ་ཡིད་ཡུལ་དུ་གསལ་གང་བདེ་བ་ཞིག་བསྒོམས་ལ། དེ་ཡང་ཡར་སྣ་ཚངས་བུག་དང་མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་ཞིང་ཏིལ་གྱི་མར་མེ་བཞིན་དུ་གསལ་ལ་རང་འོད་འཕྲོ་བ། པདྨའི་སྣལ་མ་ལྟར་ཤིན་ཏུ་སྲབ་པ། དེའི་གཡས་སུ་རོ་མ་དམར་པོ་དང་གཡོན་དུ་རྐྱང་མ་དཀར་པོ་དབུ་མ་ལས་ལྔ་བས་འགྱུར་གྱིས་ཕྲ་བ། ཡར་སྣ་སྨིན་མཚམས་ཀྱི་ཐད་ནས་གུགས་ཏེ་སྣ་བུག་གཡས་གཡོན་དུ་ཟུག་ཅིང་མས་སྣ་གཉིས་དབུ་མའི་མས་སྣར་ཚུད་པ། དེ་ལྟར་རྩ་གསུམ་སུམ་གཤིབས་སུ་ཐལ་གྱིས་ཡོད་པ་ལས་འཁོར་ལོ་བཞིའི་མཚམས་རྣམས་སུ་རོ་རྐྱང་


LT35_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དབུ་མ་ལ་ཐིམ་པའི་ཚུལ་གྱིས་ནང་ཁོངས་འབྲེལ་བར་གནས་པ། དེ་ལས་གྱེས་པའི་འཁོར་ལོ་བཞི་བསྒོམ་སྟེ། དེ་ཡང་དབུ་མའི་ཡར་སྣེ་ལས་རྩེ་སོར་གཉིས་གཞལ་བའི་མཚམས་ན་རྩེ་མོ་རྣམ་པར་བཀོད་པའི་འཁོར་ལོ། མགྲིན་པའི་ཕྲག་པ་སྐྱེ་མཚམས་ནས་རོ་རྣམས་འདུས་པའི་འཁོར་ལོ། སྙིང་གའི་ནུ་ཕྲག་གི་ཐད་ནས་དྲན་པ་འདུས་པའི་འཁོར་ལོ། ལྟེ་ཁུང་གི་ཐད་ནས་སྐྱེད་བྱེད་ཀྱི་འཁོར་ལོ་སྟེ། ཐམས་ཅད་ཀྱང་ཁ་དོག་དམར་སྐྱ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་གསལ་བར་བསྒོམ་མོ། །དེ་ནས་སྤྱི་བོའི་རྩེ་མོ་རྣམ་བཀོད་ཀྱི་འཁོར་ལོའི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་ཁ་དོག་དཀར་ལ་སྣུམ་ཞིང་འདྲིལ་བ་སྲན་མ་ཙམ་ཞིག་གསལ་བཏབ་ནས་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གཏད་ལ་བསྒོམ། དེ་ལ་སེམས་ཟིན་པ་ན་རླུང་རོ་ལན་གསུམ་བསལ་ལ་སྟེང་རླུང་ནར་གྱིས་རྔུབས། ལྟེ་བར་བསྐྱུར་ཐབས་སུ་མནན་ཅིང་འོག་རླུང་དྲག་ཏུ་བསྐུམས་པས་ཐིག་ལེ་དེ་ཉིད་འདར་ཕྲི་ལི་ལི་བྱེད་པ་དང་། དེ་ལས་བྱང་སེམས་བདེ་བའི་རྒྱུན་སྲན་ཆུང་ཙམ་གཅིག་རྗེས་གཅིག་ནོན་དུ་བདེ་ཕྲི་ལི་ལི་བབས་པའམ། ཡང་ན་བ་ཐག་ལྟ་བུ་ན་ར་ར་བབས་པ་གང་བདེ་བྱས་ལ་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བའི་འཁོར་ལོ་བཞི་རིམ་པར་གང་བས་དགའ་བ་བཞིའི་ཡེ་ཤེས་སྐྱེས་པར་བསམ། ཐིག་ལེ་གསང་བར་བརྟེན་པར་གྱུར་པས་དངོས་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ཞིང་། དེ་རེ་རེའི་ངང་མདངས་བསྐྱངས་ལ་


LT35_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་ཅན་ཅི་ནུས་བཟུང་བས་བདེ་བ་ཇེ་རྒྱས་སུ་སོང་། ལུས་སེམས་བདེ་བས་ཁྱབ། སླར་ཡང་གྱེན་དུ་རིམ་གྱིས་དྲངས་བསམས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་། སྤྱི་བོའི་ཐིག་ལེ་ལ་སིབ་སིབ་ཐིམ་ཞིང་བརྟན་པར་གྱུར་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ་དེའི་ངང་མདངས་ཅི་ནུས་བསྐྱང་། མཐར་ཐིག་ལེ་དེ་ཇེ་ཕྲར་གྱུར་ཏེ་མི་དམིགས་སྤྲོས་པ་དང་བྲལ་བའི་ངང་དུ་ཅི་ནུས་སུ་འཇོག །བདེ་སྟོང་ཟུང་འཇུག་རང་རིག་རང་གསལ་དེ་ཉིད་ཐུན་མཚམས་རྣམས་སུ་ཡང་བསྐྱང་ཅི་ཐུབ་བྱ། འདིར་ལྟེ་བར་ཨ་ཐུང་མི་བསྒོམ་པ་ནི་མན་ངག་གི་ཁྱད་པར་ཡིན་ཅིང་། བདེ་སྟོང་བདུད་རྩིའི་སྤྲིན་ཕུང་གི་རང་ལུས་སྦྱོང་སྐབས་ལྟེ་བའི་ཨ་ཐུང་བསྒོམ་པར་ཡང་གསུངས་པས་བདེ་དྲོད་སྐྱེ་དཀའ་བའི་རིགས་ལ་དེ་ལྟར་ཡང་ལེགས་པར་མངོན་ནོ། །དེ་ལྟར་འབད་པས་ལུས་བདེ་སྟོང་དུ་འགྲོ་ཞིང་རླུང་ཐིག་ལས་སུ་རུང་བས་འབྱུང་བ་ལྔ་ལ་ཐོགས་པ་མེད། ཟས་སྐོམ་གྱི་སྲིད་པ་ལས་གྲོལ་སེམས་ལ་རང་དབང་ཐོབ། རང་བཞིན་རྫོགས་པ་ཆེན་པོའི་བསམ་གཏན་གྱི་རིམ་པ་དཔག་ཏུ་མེད་པའི་ཡོན་ཏན་མཐའ་ཡས་པ་དག་ཀྱང་ཐོབ་པར་འགྱུར་རོ། །དེ་ལྟར་ཆགས་བྲལ་རླུང་གི་རྣལ་འབྱོར་དང་། ཆགས་ཅན་ཐིག་ལེའི་རྣལ་འབྱོར་ནི་ལམ་གཞན་ལས་རླུང་འབྱོངས་པའི་གང་ཟག་ལ་མ་བཤད་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་ཞིང་། ཀུན་མཁྱེན་ཆེན་པོའི་


LT35_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཁྲིད་དུའང་མ་གསུངས་པས་རྩ་རླུང་མི་ཆུན་པའི་གང་ཟག་ལ་མ་བསྟན་ཀྱང་ཆོག་པར་མངོན་ནོ། །ལྔ་པ་དྲན་པ་རྒྱུན་གཅོད་ཀྱི་མན་ངག་གིས་འབྱུང་བར་རང་སར་དེངས་པར་བྱེད་པའི་གནད་བསྟན་པ་ལ་གཉིས། ཨ་ལྔ་སྐྱེ་མེད་ཀྱི་དོན་ཉམས་སུ་ལེན་པ། འབྱུང་འཁྲུགས་བྱིངས་རྒོད་ཀྱི་གེགས་སེལ་བའོ། །དང་པོ་ནི། །འབྱུང་བཞི་ཟད་པའི་རྒྱུད་ཆེན་ནམ་མཁའ་ལ། །འཁྲུལ་གཞི་ཟད་པའི་རིག་པ་རྒོད་ཡན་དེ། །སྣ་ཚོགས་ཁྱབ་བརྡལ་ཆེན་པོའི་ཁང་བཟང་དུ། །འཛིན་བྱེད་དྲན་པ་ཟད་པའི་ལྕགས་ཀྱུ་ཡིས། །གསལ་བྱེད་སྟེང་འོག་མེད་པའི་སྙིང་ནང་ནི། །མ་ཡེངས་བསམ་པ་ཟད་པའི་ཚུལ་གྱིས་བཟུང་། །ཞེས་འབྱུང་བས། ཨ་ལྔའི་དོན་སྐྱེ་བ་མེད་པ་ཉམས་སུ་བླང་བར་བགྱིའོ་སྙམ་ནས་ལུས་གནད་རྣམ་སྣང་ཆོས་བདུན་བཅའ། རླུང་ཁ་ནས་དྲངས་ཏེ་དལ་བུས་ཕྱིར་བཏང་། དལ་བུའི་ནང་དུ་རྔུབས་ལ་རྩོལ་བ་ལྷོད་པའི་ངང་ཅུང་ཟད་འཐེན་ལ་སྙིང་གར་ནམ་མཁའ་རྣམ་པར་དག་པའི་ངོ་བོ་ཨ་སྔོན་པོ་ཚོན་གང་བ་ཞིག་བསམ་ལ། དེར་ཤེས་པ་གཏད་དེ་རླུང་སེམས་ཀྱི་འདུ་བྱེད་ཐམས་ཅད་བསྟིམས་ནས་རྟོག་མེད་སྤྲོས་བྲལ་གྱི་ངང་ལ་བཞག་པས་ནམ་མཁའ་དག་པར་བྱེད་དོ། །དེ་བཞིན་ཏུ་སྤྱི་བོའི་འཁོར་ལོ་འོད་ཟེར་སྣ་རྩེའི་ཐད་ཀྱི་མདུན་དུ་རླུང་རྣམ་པར་དག་པའི་ངོ་བོ།།།ལྗང་གུ་ཉིས་བརྩེགས་ལ་ཤེས་པ་གཏད་དེ་རླུང་དང་རྣམ་རྟོག་གཡོ་བ་ཐམས་ཅད་བསྟིམས་ནས་སྔར་ལྟར་བསྒོམས་པས་རླུང་དག་


LT35_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་དོ། །ཡང་སྙིང་གའི་སྣར་རྩེར་ཆུ་རྣམ་པར་དག་པའི་ངོ་བོ།།།དཀར་པོ་སུམ་བརྩེགས་ལ་ཤེས་པ་གཏད་དེ་འདུ་ཤེས་དང་རླུང་ཐམས་ཅད་དྲན་པ་རང་ཡུལ་དུ་བཏང་ནས་རླུང་ཕྱིར་འཛིན་ཅུང་ཟད་དང་དབུགས་ཀྱི་འགྱུ་བ་བཅད་དེ་བཞག་པས་ཆུ་དག་པར་བྱེད་དོ། །ཡང་མགྲིན་པའི་མདུན་མཁར་མེ་རྣམ་པར་དག་པའི་ངོ་བོ།།།དམར་པོ་བཞི་བརྩེགས་ལ་ཤེས་པ་གཏད་དེ་འཛིན་ཡུལ་ཚོར་སོགས་སྡུད་བྱེད་ཀྱི་དྭངས་མ་མིག་གི་རྣམ་ཤེས་རང་དག་ལ་སེམས་བཟུང་བས་མེ་དག་པར་བྱེད་དོ། །ཡང་ལྟེ་བའི་བར་སྣང་ལས་རྣམ་པར་དག་པའི་ངོ་བོ་ཡི་གེ།།།སེར་པོ་ལྔ་བརྩེགས་ལ་ཤེས་པ་གཏད་དེ་བཟུང་ཡུལ་མཆེད་པ་ཐམས་ཅད་བསྟིམས་ནས་སྒོ་ལྔ་འཛིན་མེད་དུ་བཞག་པས་ས་རྣམ་པར་དག་པར་བྱེད་དོ། །རང་བྱུང་ཞབས་ཀྱི་མན་ངག་ཏུ་རླུང་རོ་བསལ་བ་དང་བཅས་བུམ་པ་ཅན་གྱི་རླུང་སྦྱོར་བྱས། རྩ་གསུམ་འཁོར་ལོ་བཞི་གསལ་བཏབ། འཁོར་ལོ་སོ་སོའི་ལྟེ་བར་གནས་ཀྱི་རང་མདོག་དང་མཚུངས་པའི་ཨ་ལྔ་བརྩེགས་རེ་རེ་བསྒོམ། རེ་རེ་བཞིན་རླུང་སེམས་བསྟིམས་ལ་རླུང་ཁུག་ཇི་ལྟར་རིགས་པ་བཟུང་། མཐར་དེ་རྣམས་རང་ཡལ་མི་རྟོག་པའི་ངང་དུ་གློ་འཇོག་པར་གསུངས་སོ། །གཉིས་པ་ནི། དེ་ལྟར་སྒོམ་པའི་སྐབས་སུ་འབྱུང་བ་འཁྲུགས་པ་དང་བྱིང་རྒོད་ཤས་ཆེ་བར་གྱུར་ན་དེ་དག་སེལ་བའི་མན་ངག་ནི། སྙིང་ཐིག་ཆེན་མོ་ལྟར་ན། སའི་སྐྱོན་གྱིས་ལུས་ལྕི་ཞིང་སེམས་


LT35_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བྱིང་འཐིབས་སུ་གྱུར་པ་ལ་སྤྱི་བོའི་འཁོར་ལོར་ཡཾ་ལྗང་ནག་བསྒོམས་པ་ལ་རླུང་སེམས་བཅུད་ཏེ་རླུང་བཟུང་། གཏོང་བ་ན་ནམ་མཁར་སྔོ་ཕྱུར་ཕྱུར་སོང་བར་བསམས་པས་སེལ་ལོ། །ཡང་ཆུའི་སྐྱོན་གྱིས་གྲང་ཞིང་འདར་ན་མགྲིན་པའི་འཁོར་ལོར་རཾ་དམར་པོ་འབར་བ་སྒོམ་ཞིང་རླུང་དྲག་ཏུ་གཅུན་པས་ལྟེ་འོག་རྩ་གསུམ་འདུས་མདོའི་ཧ་ཡིག་དམར་པོ་ལས་ཀྱང་མེ་འབར་བས་ལུས་ཀྱི་ནང་གང་བར་བསམ་ན་སེལ་ལོ། །ཡང་མེའི་སྐྱོན་གྱིས་ཚ་ཞིང་ལུས་གཅེ་བ་སོགས་བྱུང་ན་སྙིང་གའི་འཁོར་ལོའམ་ཕོ་བར་ཁཾ་དཀར་བསིལ་འཁྱག་པ་ལྟ་བུ་བསྒོམ་ལ་སོ་བར་ནས་སིད་ཀྱི་སྒྲས་རླུང་དབྱུང་བས་སེལ་ལོ། །ཡང་རླུང་གི་སྐྱོན་གྱིས་ཤེས་པ་འཕྱོ་ཞིང་སྟོང་འཚངས་པ་སོགས་བྱུང་ན་ལྟེ་བ་ལཾ་སེར་པོ་ལྕི་ཐིང་པ་ཞིག་བསྒོམས་ལ་རླུང་སེམས་མཐུར་དུ་གཏད་པས་སེལ་ལོ། །དེ་དག་ཐམས་ཅད་ལའང་བུམ་པ་ཅན་གྱི་རླུང་སྦྱོར་བྱའོ། །ཡང་ཏིག་ཡིད་བཞིན་ནོར་བུ་ལྟར་ན། བདེ་ཆེན་འཁོར་ལོའི་ཧཾ་ལས་ཐིག་ལེ་དཀར་བསིལ་བབས་པས་ནད་སོང་བར་བསྒོམས་ལ། རླུང་ཕྱིར་སངས་སངས་ཕུལ་ལ་ཕྱིར་གཟུང་། གྲང་བ་ལ་ལྟེ་བ་སྤྲུལ་པའི་འཁོར་ལོར་རཾ། དེ་ལས་མེ་འབར་བས་བསྲེག་པར་བསམ་ལ། རླུང་ཁ་སྦྱར་ལ་ནང་དུ་གཟུང་། བད་ཀན་ལའང་དེ་དང་འདྲ་བ་ལས། ཁྱད་པར་དུ་ལོངས་སྤྱོད་འཁོར་ལོའི་ཏྲཱྃ་ལས་བདུད་རྩི་བབས་པས་ནད་སངས་པར་བསམས་ཏེ། རླུང་ཕྱིར་གསུམ་གསུམ་ཕུལ་ལ་ནང་དུ་རེ་རེ་གཟུང་། སེམས་རྒོད་ཅིང་པྲ་ལས་ན་བདེ་སྐྱོང་འཁོར་ལོའི་ཧཾ་ལས།


LT35_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་དྲོད་འབར་བ་ལ་སེམས་བཟུང་ཞིང་རླུང་བཟུང་། །སྒོམ་དུས་ཏིང་ངེ་འཛིན་ཇི་ལྟར་བྱས་ཀྱང་མ་སྐྱེས་ན་ཆོས་ཀྱི་འཁོར་ལོའི་ཧཱུྃ་ལས་སྤྱི་བོའི་དྭངས་མ་བབས་པར་བསམས་ཏེ་རླུང་ནང་དུ་བཟུང་བས། ནད་ཀུན་ཞི་ཞིང་ཏིང་ངེ་འཛིན་རང་ལུགས་སུ་སྐྱེ་བ་ཡིན་ནོ། །འདི་དག་ནི་གནད་དམ་པའོ། །འདིའི་དུས་སུ་ཡི་གེ་དེ་དག་ཏུ་ཡང་བརྗོད་ཅིང་། ཧ་དང་ཧཱུྃ་དང་ཨ་མང་པོ་འདོན་པ་ནི་ཐབས་སོ། །ཞེས་གསུངས་སོ། །གཉིས་པ་དངོས་གཞི་སེམས་རིག་གཏན་ལ་འབེབས་པ་འོད་གསལ་སྙིང་པོའི་དོན་ཁྲིད་བསྟན་པ་ལ་གཉིས། སེམས་གཏན་ལ་དབབ་པའི་མན་ངག་ཁྲེགས་ཆོད། རིག་པ་གཏན་ལ་དབབ་པའི་མན་ངག་ལམ་ཐོད་རྒལ་གྱི་ཁྲིད་བསྟན་པའོ། །དང་པོ་ནི་ལྟ་སྒོམ་འབྱད་པའི་ལྡེའུ་མིག་སྤས་པ་མིག་འབྱེད་ལས། འཛིན་ཆགས་མེད་པའི་སྤྱོད་པའི་མན་ངག་གིས་སྣང་བ་ཟིལ་གྱིས་མནན་པ་དང་། དམིགས་གཏད་མེད་པ་སྒོམ་པའི་མན་ངག་གིས་དྲན་བྱེད་ཀྱི་ཡིད་ཟིལ་གྱིས་མནན་པ་དང་། གཟའ་གཏད་མེད་པ་ལྟ་བའི་མན་ངག་གིས་ཞེན་པའི་གཞི་ཉོན་མོངས་པ་ཟིལ་གྱིས་མནན་པ་དང་། སྤངས་ཐོབ་མེད་པ་འབྲས་བུའི་མན་ངག་གིས་རིག་པ་ཕྱིར་མི་ལྡོག་པར་བསྟན་པའོ། །ཞེས་གསུངས་ཤིང་། དེ་དག་ལའང་ཆོས་ཅན་སྤྱི་སྟེ་རྫོགས་པ་ཆེན་པོ་སྤྱི་དང་། ཆོས་ཉིད་རང་གི་བྱེ་བྲག་ཅེས་ཡང་གསང་ཐིག་ལེའི་མན་ངག་འདི་ཉིད་ཀྱི་ལུགས་དང་སྦྱར་བའི་གཉིས་གཉིས། རེ་རེ་ལའང་གང་གིས། གང་ཞིག །གང་ལྟར། གང་ཐོབ་ཅེས་དོན་


LT35_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བཞིའི་སྒོ་ནས་བསྟན་པ་རྣམས་སྤྱོད་པ་བསྡུས་པའི་སྒྲོན་མ་སོགས་སྒྲོན་མ་སྐོར་བཞི་ལས་རིམ་གྱིས་རྟོགས་པར་བྱ་དགོས་ཤིང་། འདིར་སྤྱི་ཙམ་དུ་བསྟན་པ་ལ་བཞི། སྤྱོད་པ། སྒོམ་པ། ལྟ་བ། འབྲས་བུའོ། །དང་པོ་འཛིན་ཆགས་མེད་པ་སྤྱོད་པའི་མན་ངག་ལ་གསུམ། ལས་དང་པོ་པའི་སྤྱོད་པ་ནི། མི་དགེ་བ་ཆ་དང་བཅས་པ་འདོར་ཞིང་། དགེ་བ་ཆ་དང་བཅས་པ་སྤེལ་བ་སྟེ། རྣལ་འབྱོར་པས་ཀྱང་སྤང་བླང་ཤེས་ནས། བླ་མ་དམ་པའི་དྲུང་དུ་སོང་ལ། ཐོས་པས་ཆོས་དང་ཆོས་མ་ཡིན་པ་ཤེས་ཤིང་། ཟབ་མོའི་གདམས་པ་ཁ་ཚང་བ་ཉན་ལ་ཚིག་གི་སྒྲོ་འདོགས་བཅད་ཅིང་། བསམ་པས་དེའི་དོན་ནོར་འཁྲུལ་མེད་པའི་གནད་མི་འཆུག་པར་བྱ་ཞིང་། འཁོར་བ་ལས་བློ་ལྡོག་པའི་ཐབས་ལ་བསླབ་བོ། །སྙིང་པོ་ལྷུར་བླང་བའི་སྤྱོད་པ་ནི། དེ་ནས་རྒྱུས་མེད་པའི་ས་ཕྱོགས་སུ་ཕྱིན་ལ། སྤྲང་པོའམ་རི་དྭགས་ལྟར་གཅིག་པུར་བླ་མའི་གདམས་ངག་ལ་སྤྱད་དེ་ཟས་གོས་ངན་དོན་གྱིས་ཆོག་ཤེས་པར་བྱས་ལ། གདམས་པ་གཞན་ལ་ངོ་མཚར་དུ་མི་འཛིན་པར་རང་གི་མན་ངག་ལ་ཡིད་ཆེས་པར་བྱ་ཞིང་། བྱ་བྱེད་རྩོལ་སྒྲུབ་ཀྱི་ཆོས་ཚེ་འདིའི་འཁྲི་བ་དང་བཅས་པ་ཐམས་ཅད་ལིངས་ཀྱིས་བསྐྱུར་ནས་བསྲན་ཚུགས་པར་བྱས་ཏེ། སྔོན་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པས་ལུས་ངག་ཡིད་གསུམ་གྱི་ཞེན་པ་ལོག་པར་བྱ་ཞིང་། དེ་ནས་སུ་དང་ཡང་འབྲེལ་འདྲིས་མེད་པར་ལྐུགས་པ་ལྟ་བུའི་སྤྱོད་པས་ངག་བཅད་ལ་བརྡ་ཙམ་ཡང་མི་བྱ་བར་བུ་ཆུང་ལྟ་བུའི་སྤྱོད་པ་ཚོགས་དྲུག་ལྷུག་པར་


LT35_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཀློད་ནས་ཆོས་ཉིད་ཀྱི་དོན་ལ་བསྒོམ་པར་བྱའོ། །བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་ནི། དེ་ནས་མི་ཕོད་པ་ལ་ཐོག་འགེལ་དུ་བྱེད་པས། སེམས་ཀྱི་འཁྲི་བ་བཙན་ཐབས་སུ་བཅད་ཅིང་། གཙང་བཙོག་མེད་པ་ཁྱི་ཕག་ལྟ་བུའི་སྤྱོད་པས་བླང་དོར་གྱི་ཞེན་པ་འདོར་བ་དང་། ཤུགས་འབྱུང་འགགས་མེད་སྨྱོན་པ་ལྟ་བུའི་སྤྱོད་པས་རིག་པའི་སྣ་མི་བསྐྱིལ་བར་ཟང་ཐལ་ལ་སྤྱོད་པས་སྣང་བ་ཐམས་ཅད་གྲོགས་སུ་འཆར་བ་ཡིན་ནོ། །དེ་ནས་གཞན་གྱི་མི་དད་པ་བསྒྱུར་ནུས་པ་དང་། བསད་པ་གསོ་ནུས་པ་དང་། འབྱུང་བཞི་དང་རླུང་སེམས་ལ་དབང་བསྒྱུར་ནུས་པའི་དུས་སུ། ཞེན་འཁྲིས་བག་ལ་ཉལ་བ་གཅད་པའི་ཕྱིར། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཚོང་དུས་ལ་སོགས་པར་ཡང་བྱས་པས། ནང་གི་ཉོན་མོངས་པ་ཆོད་པ་དང་། ཕྱིའི་སྣང་བ་དབང་དུ་འདུས་པ་དུས་མཉམ་དུ་འབྱུང་སྟེ་སྣང་བ་དབང་སྒྱུར་གྱི་སྤྱོད་པ་ཞེས་བྱའོ། །མདོར་ན་སྤྱོད་པ་དུས་ཚོད་དང་འབྲེལ་བ་ལ་བསླབ་བོ། །གཉིས་པ་དམིགས་གཏད་མེད་པ་སྒོམ་པའི་མན་ངག་ལ་གཉིས། སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་གྱི་སྔོན་འགྲོ། སེམས་རྣལ་དུ་དབབ་པའོ། །དང་པོ་ལ་གསུམ། ལུས། ངག །སེམས་ཀྱི་སྔོན་འགྲོའོ། །དང་པོ་ལུས་རྡོ་རྗེའི་འདུག་སྟངས་ལ་སློབ་པ་ནི། སྒྲུབ་པ་པོས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བློས་ལིང་གིས་བཏང་ནས་གཅིག་པུར་དབེན་པར་གནས་ཏེ་རང་གི་མདུན་གྱི་ནམ་མཁར་ཐིག་ལེ་མཐིང་ཁའི་དཀྱིལ་ན་བཀའ་དྲིན་མཉམ་མེད་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུ་དངོས་


LT35_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམ་པ་ལ་གཅེར་བུ་ཨངྒ་རག་གསོལ་བ། རྡོ་རྗེའི་འདུག་སྟངས་ཅན་ཞིག་བསྒོམས་ཏེ་དེ་ལ་དམིགས་ནས་གདུང་ཤུག་ཀྱི་གསོལ་འདེབས་དྲག་ཏུ་བྱ། ལུས་བརྡབ་ཆག་མི་འབྱུང་བའི་གདན་འབོལ་བ་རྒྱ་ཆེར་བཏིང་བ་སོགས་ཉེར་བསྡོགས་ལེགས་པར་བྱས་ནས། གཅེར་བུར་ཨང་རག་དང་ལྡན་པས་ལུས་བསྲངས་ཏེ་རྐང་མཐིལ་གཉིས་སྤྲད། པུས་མོ་ཕྱིར་བསྐྱེད། ལག་གཉིས་གྲུ་མོ་བརྒྱངས་ཏེ་ཐལ་མོ་མགོ་ལ་མ་རེག་པར་སྦྱར་བ་རྡོ་རྗེ་རྩེ་གསུམ་པའི་འདུག་སྟངས་བྱས་ལ་མིག་པར་སྣང་ལ་ཧ་རེ་གཏད། དམིགས་པ་རང་ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམ། མདུན་གྱི་བླ་མ་ཧཱུྃ་མཐིང་ནག་ཏུ་གྱུར། རང་ལུས་རྡོ་རྗེའི་རྣམ་པའི་ལྟེ་བ་ཧྲིལ་པོའི་ནང་དུ་བཞུགས་པ་ལ་ཅུང་ཟད་སེམས་གཏད། དེ་ཡང་ཡལ་ནས་སྙིང་གའི་མི་ཤིགས་པའི་ཐིག་ལེའི་དྭངས་མ་དང་དབྱེར་མེད་དུ་གྱུར་པར་མོས་ལ། འ་ཨ་ཤ་ས་མ་ཧ། ཅེས་རྫོགས་ཆེན་ཡིག་དྲུག་བརྗོད། དེ་ནས་སེམས་དུས་གསུམ་གྱི་སྤྲོས་པ་བཅད་ནས་སྤྲོས་བྲལ་རྣམ་པར་མི་རྟོག་པ་ཁོ་ན་མ་གཏོགས་འགྱུ་བའི་རྣམ་པ་ཕྲ་མོས་ཀྱང་མ་རེག་པར་རྟོག་མེད་དུ་བཞག་ནས་ལུས་རང་ཤུགས་ཀྱིས་ཧལ་ཏེ་མ་འགྱེལ་བར་དུ་བསྒོམ། འགྱེལ་རྗེས་ཀྱང་འགྱེལ་ལུགས་ཇི་ལྟར་བྱས་པའི་སྟེང་དེ་ན་ལུས་གཡོ་འགུལ་བཟོ་བཅོས་མི་བྱ་ཞིང་། སེམས་ཀྱང་རྟོག་མེད་དུ་འཇོག་པ་རྒྱང་ཙམ་བྱ། ཡར་བཱ་མ་བསྒོམ་ནས་བརྩམས་


LT35_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན་བྱ་བ་ཅི་ནུས་སུ་ཐུན་དུ་བཅད་ནས་ཉི་མ་གསུམ་དུ་འབད་པས་བསྒོམས། དེ་ལྟར་བྱས་པས། དང་པོ་ལུས་ན་ཞིང་ཤ་ཀོར་རྩེར་འཕར་བ་དང་། ཁང་རུལ་ཞིག་པའི་རྣམ་པ་ལྟར་ཤག་ཤག་ཚུགས་མི་ཐུབ་པ་འབྱུང་ཡང་སྲན་བསྐྱེད་ནས་བསྒོམས་པས་མཐར་ལུས་འགོལ་ལེ་ཤིག་གེ་བ་དང་བདེ་དྲོད་སྐྱེ་བ་བྱུང་ན་གནད་དུ་སོང་བའོ། །དེ་ལ་ཐུན་མོང་གི་དགོས་པ་ནི་ལུས་ཀྱི་མངོན་ཞེན་བཟློག་པ་དང་། བར་ཆད་ཞི་བ་དང་། སྡིག་པ་འདག་པའོ། །མཆོག་གི་དགོས་པ་ནི། ལུས་མངལ་གྱི་གྲོང་ཁྱེར་དུ་མི་འཇུག་པ་དང་། སྤྲུལ་སྐུར་གྲོལ་བ་དང་། མཐར་ཐུག་སངས་རྒྱས་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་ངག་གི་སྔོན་འགྲོ་ལ་བཞི། རྒྱས་གདབ་པ། རྩལ་སྦྱོང་བ། མཉེན་བཙལ་བ། ལམ་དུ་གཞུག་པའོ། །དང་པོ་ལ་གཉིས། ཕྱི་ནང་བ་ལ་རྒྱས་གདབ་པ་དང་། ནང་ཕུང་པོ་ལ་རྒྱས་གདབ་པའོ། །དང་པོ་ནི། མདུན་མཁར་བླ་མ་སྐུ་དངོས་ཀྱི་རྣམ་པ་ཐིག་ལེ་མཐིང་ཁའི་དཀྱིལ་དུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལ་མོས་གུས་དྲག་པོས་གསོལ་བ་གདབ། རང་ཉིད་ལུས་གནད་རྣམ་སྣང་ཆོས་བདུན་ལྟ་སྟངས་སྣ་རྩེར་གཏོད་ནས། རང་གི་སྙིང་གར་ཡང་གཞིར་གནས་ཀྱི་ཧཱུྃ་སྔོན་པོ་གཅིག་བསམ། མཐར་མདུན་གྱི་བླ་མ་ཧཱུྃ་དུ་གྱུར། སྙིང་ཁའི་ཧཱུྃ་ལ་ཐིམ་པར་བསམས་ལ་དར་ཅིག་ཀློད་རྗེས་མཆུ་སོ་གཉིས་མ་རེག་ཙམ་བྱས་ལ་ཧཱུྃ་གི་སླུ་ཆེ་ཆུང་རན་པར་བརྗོད་པས། སྙིང་གའི་ཧཱུྃ་ལས་ཧཱུྃ་མང་


LT35_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྣ་བུག་གཡས་ནས་ཐོན། ང་དགང་གནས་ཀྱི་ཁང་ཁྱིམ་སོགས་རིམ་གྱིས་གང་། མཐར་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཧཱུྃ་གིས་མེ་རེ་རེ་གང་བར་གྱུར་ཅིང་། ཐམས་ཅད་ཧཱུྃ་གི་སྒྲ་དིར་དིར་སྒྲོག་པ་དང་། ཡོམ་ཡོམ་ཤིག་ཤིག་གཡོ་བ་ལ་ཤེས་པ་གཏད་དེ་ཅུང་ཟད་ཀློད་ལ་བཞག་གོ། །གཉིས་པ་ནི། ཧཱུྃ་དེ་དག་སླར་སྣ་བུག་གཡོན་ནས་ཞུགས། རང་ལུས་ཀྱི་སྤྱི་བོ་ནས་རྐང་སེན་གྱི་བར་དུ་མེར་ཁྲིག་གཏེམ་ཙེར་གྱིས་གང་བར་དམིགས་པ་གཏད་ལ་བསྒོམ་མོ། །རིག་འཛིན་ཆེན་པོས་འདི་གཉིས་སོ་སོར་བྱ་བ་དང་། རྗེས་མའི་སྐབས་ཕྱི་རོལ་ནས་ཐོལ་བྱུང་གི་ཧཱུྃ་མང་པོ་སྣ་བུག་ནས་ཞུགས་པ་ལས་སྔ་མ་ཚུར་བསྡུ་བ་འདི་མཐའ་གཅིག་ཏུ་མི་དགོས་གསུངས། གཉིས་པ་རྩལ་སྦྱོང་བ་ལའང་གཉིས་དང་པོ་ཕྱི་སྣང་བ་ལ་རྩལ་སྦྱོང་བ་ནི། མདུན་ཏུ་བླ་མ་བསྒོམ་པ་དང་གསོལ་འདེབས་སྔར་ལྟར་ལ། རང་གི་སྙིང་ཁར་གཞིར་གནས་ཀྱི་ཧཱུྃ་མཐིང་ནག་མེ་འབར་བ་གཅིག་ཏུ་བསྒོམ་མཐར་བླ་མ་ཡང་དེ་ལྟ་བུའི་ཧཱུྃ་དུ་གྱུར་ནས་དེ་ལ་བསྟིམ་པ་ནི་བྱད་པར་རོ། །དེ་ནས་ངག་ཏུ་ཧཱུྃ་ཐུང་ལ་དྲག་པར་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་ཚ་བ་མེ་ལྟ་བུ། མྱུར་བ་གློག་ལྟ་བུ། རྣོ་བ་སྤུ་གྲི་ལྟ་བུ། ཤུགས་ཐོག་ལྟ་བུ་ཐོལ་ཐོལ་འཕྲོས། ཐོག་མར་རང་གི་མདུན་གྱི་དངོས་པོ་གང་རུང་དེ་ཤོག་བུ་ལ་མེ་སྟགས་ཕོག་པ་ལྟར་ཕར་ཐལ་ཚུར་ཐལ་དུ་ཕུག་པས་ཁྲལ་ཁྲོལ་ལ་སོང་། དེ་ནས་དངོས་པོ་རྣམས་རིམ་གྱིས་ཕུག་ཅིང་སྦྱངས་ནས་མཐར། དངོས་པོར་གྲུབ་པ་ཏིལ་འབྲུ་ཙམ་ཡང་མ་ལུས་པར་ཐམས་ཅད་ཧཱུྃ་གི་རང་བཞིན་ཏུ་ཤིག་


LT35_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་གང་བར་བསམ་ལ་ཅུང་ཟད་མཉམ་པར་འཇོག་གོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱོང་བ་ནི། བླ་མའི་རྣལ་འབྱོར་སྔར་ལྟར། སྙིང་གའི་ཧཱུྃ་ལས་ཧཱུྃ་ཡིག་ཁྱད་ཆོས་བཞི་ལྡན་མང་པོ་འཕྲོས། རང་ལུས་སྤྱི་བོ་ནས་རྐང་མཐིལ་གྱི་བར་རྟ་རྔ་གཤགས་པའི་ཆ་ཙམ་ཡང་མ་ལུས་པར་ཡར་ཐལ་མར་ཐལ། ཕར་ཐལ་ཚུར་ཐལ་དང་། ཕྱི་ནས་ཀྱང་ཐོལ་སྐྱེས་རང་ཤར་དུ་བྱུང་བའི་ཧཱུྃ་ཡིག་ཁྱད་ཆོས་བཞི་ལྡན་ནང་དུ་འོང་བས་ཀྱང་དེ་བཞིན་དུ་ཐོགས་པ་མེད་པར་ཕུག་ནས་སྟོང་སོང་སོང་འགྲོ་བར་བསྒོམ། ཧཱུྃ་དྲག་ལ་ཐུང་བ་ངར་བསྐྱེད་ནས་ངག་ཏུ་ཡང་བརྗོད་པས་ཤ་འཕར་བ་དང་ཁྲལ་ཁྲོལ་དུ་སོང་བ་སྙམ་འབྱུང་། འདིས་གདོན་གྱི་གནོད་པ་ལ་སོགས་པ་ཡོད་ཀྱང་འཇོམས་ཞིང་། གདོན་ཐོན་པའི་རྟགས་སུ་འདར་བ་དང་འཁྲིགས་པ་ལ་སོགས་པ་འབྱུང་། དེ་དུས་བར་བར་དུ་ངལ་གསོ་ཞིང་བསྒོམ་པས་གདོན་ལས་གྲོལ་བར་འགྱུར། མཐར་དམིགས་མེད་ནམ་མཁའ་ལྟ་བུར་བཞག །གསུམ་པ་གཉན་བཙལ་བ་ནི། མདུན་དུ་དབྱུག་པ་འདོམ་ཕྱེད་ཙམ་ཞིག་བཙུགས། བླ་མ་བསྒོམ་བསྟིམ་སྔར་དང་འདྲ། སྙིང་གའི་ཧཱུྃ་ལས་ཧཱུྃ་རང་དང་འདྲ་བ་གཉིས་པ་ཞིག་སྤྲོས། སྙིང་ཁ་ནས་ཐོགས་མེད་དུ་ཐོན། དབྱུག་པའི་རྩེ་མོར་འཁོད་ཅིང་གསལ་བརྟན་འབར་བ་ལ་སེམས་བཞག། ཡང་གཞིར་གནས་ཀྱི་སྙིང་ཁའི་ཧཱུྃ་ལ་ཚུར་བསྡུ། ཡང་ཕར་སྤྲོ་བ་དེ་འདྲ་ལན་ཁ་ཤས་ཀྱིས་དམིགས་པའི་གཞི་བཙལ་ནས། མདུན་ཏུ་ཤིང་འདོམ་གང་ཙམ་བཙུགས་པ་ལ་སྙིང་ཁའི་ཧཱུྃ་ལས་ཧཱུྃ་མང་པོ་གཅིག་རྗེས་གཅིག་མཐུད་བྲེང་ཆགས་སུ་ཕྲེང་བ་བརྒྱུས་པ་


LT35_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཕྲོས། མདུན་གྱི་དབྱུག་པའི་རྩ་བ་ནས་བཟུང་རིམ་པས་གཡས་བསྐོར་དུ་ཇེ་མཐོ་ཇེ་མཐོར་དཀྲིས་ནས། ཧཱུྃ་སྔོན་མ་དེ་དབྱུག་པའི་རྩེ་མོར་ཡེར་གྱིས་ཕྱིན་པ་ན་ཅུང་ཟད་དེ་ལ་སེམས་བཞག །ཡང་ཧཱུྃ་ཡིག་རྗེས་མ་སྤྲོ་གཞི་ལ་སྡུད་པ་ནས་བརྩམས་ཕྱི་རིམ་གཡོན་བསྐོར་དུ་ཤིག་ཤིག་འོང་ནས་སྙིང་ཁའི་ཧཱུྃ་ལ་ཐིམ་པར་བསམས་ཏེ་དཀྲོལ། ཡང་སྔ་མ་བཞིན་དུ་སྤྲོ་བ་སོགས་བྱ་ཞིང་། དེའི་སྐབས་སུ་ངག་ཏུ་ཡང་ཧཱུྃ་སྒྲ་འབོལ་ལ་རིང་བ་བརྗོད་ནས་ཧཱུྃ་གི་གྲུ་ལེན། དེ་ལ་གོམས་ནས་དངོས་སུ་དབྱུག་པ་འདོམ་ཙམ་བཙུགས། དམིགས་པས་དེ་ཉིད་དཔག་བསམ་གྱི་ཤིང་དུ་གྱུར་པའི་རྩེ་མོ་སྲིད་རྩེར་སླེབས་པ་ཞིག་ཏུ་བསྒོམས་ནས། ཡང་ཧཱུྃ་གི་གླུ་ལེན་པ་དང་དམིགས་པའི་སྤྲོ་བསྡུ་བཤད་མ་ཐག་པ་ལྟར་ཡང་ཡང་བྱ། དེ་ནས་དངོས་པོ་ཐམས་ཅད་ལ་ཡང་དེ་ལྟར་དུ་སྦྱངས་བས་སེམས་གར་གཏད་དུ་ཟིན་པ་སྙམ་འབྱུང་བ་དང་། དམིགས་པ་སྔ་བྱི་ཐམས་ཅད་ལ་གསལ་སྣང་ཐོབ་ན་འབྱོངས་པའི་ཚད་ཡིན། འདི་དག་གི་སྐབས་སུ་ཧཱུྃ་གི་ཕྲེང་བ་དེའི་ཐོག་མཐའ་བར་གསུམ་གཅིག་བསྒོམ་དུས་གཅིག་མི་གསལ་བ་ལྟ་བུ་མ་ཡིན་པ་ཐམས་ཅད་ཀྱི་རྣམ་པ་སྤྱི་ལམ་པ་གཅིག་ཅར་དུ་གསལ་ཐེབས་ཞིང་རྟོག་པ་གཞན་གྱིས་ཁར་མཆོད་པ་ཞིག་གལ་ཆེའོ། །བཞི་པ་ལམ་དུ་གཞུག་པ་ནི། བླ་མ་བསྒོམ་བསྟིམ་སྔ་མ་བཞིན་ལ་དམིགས་པ་ཐུན་མོང་བ་ལྟར་ན། རང་གི་སྙིང་ཁར་ཧཱུྃ་དཀར་པོ་འོད་ལྔ་ལྡན་པ་ཞིག་བསམ། ཧཱུྃ་སྙན་ལ་རིང་བ་བརྗོད་པས་སྙིང་གའི་ཧཱུྃ་ལས་ཧཱུྃ་གཅིག་རྒྱང་གིས་ཆད་དེ་སྲིན་འགྲོས་ལྟ་བུའི་ལམ་ལས་ཞུགས། ཐོག་མར་གནས་ཁང་གི་ཕྱི་ཙམ། དེ་ནས་མཐོང་ཡུལ། རིམ་གྱིས་རི་བྲག་དང་


LT35_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྗོངས་སོགས་བརྒལ་ནས་འཇིག་རྟེན་གྱི་ཁམས་བློས་མི་འཁྱུད་པའི་ཕ་མཐར་སོང་བར་བསམ་ཞིང་། འགའ་ཞིག་ཏུ་ཅུང་ཟད་འདུག་པར་བསམ་ལ་གསལ་སྣང་འདོན་བསྐྱོར་བྱ། རེས་འགའ་དལ་བུས་འགྲོ་བར་བསམ་ལ་ཧཱུྃ་རིང་པོར་བརྗོད། རེས་འགའ་མདའ་འཕང་བ་ལྟར་འགྲོ་བར་བསམ་ལ་ཧཱུྃ་ཐུང་ངུར་བརྗོད། ཡང་རིམ་གྱིས་ཚུར་ལྡོག་སྟེ་མདུན་ནམ་སྙིང་གར་གནས་པར་བསམ། ཧཱུྃ་བརྗོད་དུས་རླུང་རིག་གཅིག་ཏུ་དྲིལ་ཞིང་། ཕྱི་ནང་གང་དུ་འགྲོ་འོང་བྱེད་པ་དེ་ལ་སེམས་རྩེ་གཅིག་ཏུ་གཏོད་པ་གལ་ཆེའོ། །འདིར་ངལ་གསོ་བའང་སྲིན་འགྲོས་ཀྱི་འཁྱོག་མཚམས་རེ་དང་། ཧཱུྃ་ཡང་སྐབས་དེར་དྲག་ལ་ཐུང་བ་རེ་རེ་བརྗོད་གསུང་བའང་ཡོད་ཅིང་། ཁྱད་པར་ཐུན་མོངས་མ་ཡིན་པ་བླ་མའི་མན་ངག་ཞལ་ཤེས་ཀྱི་དབང་དུ་བྱས་ན་ཐོག་མ་ནས་ངོ་བོ་རང་གི་ལུས་ངག་སེམས་གསུམ་རྣམ་པ་ཧཱུྃ་དཀར་པོ་འོད་ལྔ་ལྡན་པ་ཞིག་ཏུ་བསྒོམ་པ་དེ་ཉིད་འཁྱོགས་འགྲོས་སུ་སོང་ནས་ཤུལ་དུ་ལུས་དང་སྤྲོ་གཞིའི་ཧཱུྃ་ལུས་རྒྱུ་མེད་པར་བསྒོམ་པ་དེ་ཉིད་ཞིང་ཁམས་བགྲོད་པ་ལ་སོགས་པ་ལ་སྔ་མ་ལས་ཟབ་ཁྱད་ཐོན་པའི་དམིགས་པ་ཡིན་གསུངས། དེའང་འཇིག་རྟེན་གྱི་ཁམས་མང་པོ་བགྲོད་པའི་མཐར་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་ཕྱིན་ནས་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་མི་བསྐྱོད་པའི་ཐུགས་ཀློང་བདེ་བ་ཆེན་པོ་དང་ཧཱུྃ་ཡིག་དབྱེར་མེད་དུ་འདྲེས་པར་བསམ་ལ། ཚུར་མི་བསྡུ་བར་རྟོག་མེད་དུ་མཉམ་པར་བཞག །ཞིང་ཁམས་གཞན་ལའང་དེས་འགྲེས། དམྱལ་


LT35_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་མ་དག་པའི་གནས་རྣམས་སུའང་བགྲོད་ནས། ཧཱུྃ་ཡིག་གང་དུ་སླེབས་པའི་གནས་དེ་ཉིད་སྣོད་བཅུད་དག་པ་ལྷ་དང་གཞལ་ཡས་ཁང་གི་རང་བཞིན་དུ་ལམ་ལ་མ་བསྒྱུར་ནས་མཐར་དེ་ཀུན་མི་དམིགས་པ་ཧཱུྃ་དང་བཅས་རང་ཡལ་དུ་བསམ་ནས་སྟོང་ཉིད་སྤྲོས་བྲལ་མི་རྟོག་པ་ལ་མཉམ་པར་བཞག །འདི་དག་ཐམས་ཅད་དལ་བུས་རྐང་ཐང་དུ་བགྲོད་པ་ལྟ་བུར་བྱས་ནས་སེམས་སྦྱོང་བ་ལས་ཡུད་ཀྱིས་བགྲོད་ཅིང་ཕྱིན་པ་བྱ་རྒྱུ་མིན། ཧཱུྃ་གང་དུ་སླེབས་པ་དེར་རང་ཉིད་དངོས་སུ་སླེབས་པ་ལྟ་བུར་བསྒོམས་པས་མཐར་དངོས་སུ་སོང་བ་དང་ཁྱད་མེད་པའི་གསལ་སྣང་ཐོབ་པ་དང་། རྨི་ལམ་འཛིན་སྤེལ་སྦྱང་བ་སོགས་ལའང་ཆོགས་མེད་ཅིང་། དེ་དག་ལ་བསྟེན་ནས་ཞིང་ཁམས་བགྲོད་པ་ལ་སོགས་པའང་འབྱུང་གསུངས། དེ་ལྟར་ངག་གི་སྔོན་འགྲོ་ལ་འབད་པས་གནས་སྐབས་སུ་ངག་གི་མངོན་ཞེན་བཟློག །བར་ཆད་ཞི། ངག་གི་སྒྲིབ་པ་འདག །མཆོག་གི་དགོས་པ་ནི། ངག་འཁོར་བར་མི་འཇུག་ལོངས་སྐུར་གྲོལ། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཐོབ་པར་འགྱུར་རོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གསུམ། དང་པོ་བྱུང་ས། བར་དུ་གནས་ས། མཐར་འགྲོ་ས་ལ་བརྟག་པའོ། །དང་པོ་ནི་ཐལ་འགྱུར་ལས། །སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་པས། །སེམས་སྦྱང་སེམས་ཀྱི་གནས་ལུགས་ཤེས། །ཞེས་པས། དང་པོ་བྱུང་ས་དང་འབྱུང་མཁན་ལ་བརྟག་པ་ནི་


LT35_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ཏུ་བླ་མ་སྔར་ལྟར་བསྒོམ། ལུས་གནད་རྣམ་སྣང་ཆོས་བདུན་སྤྱི་འགྲེ་བཅས་ནས་གསོལ་བ་གདབ། བླ་མ་རང་ལ་བསྟིམ་ཏེ་སེམས་དང་དབྱེར་མེད་དུ་བསྲེས། རྣམ་པར་མི་རྟོག་པའི་རང་བབས་སུ་ཅི་གནས་ཀྱི་ཡུན་ལ་མཉམ་པར་བཞག །དེ་ནས་ཁ་ནང་དུ་ཕྱོགས་ཏེ་རང་གི་ལུས་ངག་ཡིད་གསུམ་གཙོ་གང་ཆེ། འཁོར་བར་སྐྱུར་མཁན་དང་མྱང་འདས་ཐོབ་མཁན་འདི་ལུས་ངག་ཡིད་གསུམ་གང་ཡིན་བརྟགས་ཤིང་དཔྱད་པས། སེམས་གཙོ་བོར་གཏན་ལ་ཕེབས་པ་ན། རང་གི་སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་འཕྲོ་བ་འདི་ཕྱི་འབྱུང་བའི་དངོས་པོ། ནང་རང་གི་སྒྱུ་ལུས། སྣང་བ་སྟོང་པ་ཕ་མའི་རྐྱེན་སོགས་དང་པོ་གང་ལས་བྱུང་། སེམས་ལས་སེམས་བྱུང་ངམ། ཇི་ལྟ་བུ་ཞིག་ལས་བྱུང་། ཕར་བལྟ། ཚུར་བལྟ། ཡར་བལྟ་མར་བལྟ་བྱའོ། །དེ་ལྟར་དཔྱད་པས་བྱུང་ས་བྱུང་མཁན་མེད་པར་ཤེས་ནས་ཤར་བ་འདྲ་ཡང་། ཤར་དུས་ནས་མ་གྲུབ་པ་དེ་ནི་ཐོག་མར་སྐྱེ་བ་མེད་པ་གདོད་མའི་གཤིས་ཆོས་སྐུའི་བཞུགས་ཚུལ་ཡིན་པས་རང་ངོ་འཕྲོད་པའི་དགོས་པ་ཡོད་དོ། །གཉིས་པ་བར་དུ་གནས་པ་ལ་བརྟག་པ་ནི། སེམས་འདི་འདྲ་ཞིག་ནས་བྱུང་སྙམ་པའམ། རྣམ་རྟོག་ཐོལ་གྱིས་ཤར་བའི་དུས་སུ་དེ་ལྟར་ཤར་བའི་སེམས་དེ་ཉིད་ཕྱི་སྣང་བ་ལ་གནས་སམ། ནང་ཕུང་པོ་ལ་གནས། གནས་མཁན་གྱི་ཤེས་པ་དེ་ཉིད་དངོས་པོ་དངོས་མེད་དབྱིབས་ཁ་དོག་ལ་སོགས་པ་ཇི་ལྟར་འདུག་བརྟགས་པས་ཅིར་


LT35_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་གྲུབ་པར་གསལ་སྟོང་ནམ་མཁའ་ལྟ་བུའི་དགོངས་པ་ཤར་བ་ནི་བར་དུ་གནས་པ་མེད་པར་ངོ་འཕྲོད་པ་སྟེ་མཐར་ཐུག་ལོངས་སྐུ་འགྲུབ་པའི་དགོས་པ་ཡོད་དོ། །གསུམ་པ་ཐ་མར་འགྲོ་ས་ལ་བརྟག་པ་ནི། རྣམ་རྟོག་ཝ་ལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་གང་དུ་འགྲོ། འགྲོ་ས་འགྲོ་མཁན་ཇི་འདྲ་ཞིག་འདུག །རྣམ་རྟོག་ཡལ་ནས་སོང་སྙམ་ན་གང་དུ་ཡལ་བལྟས་པས་འགྲོ་བ་ལྟར་སྣང་ཡང་སོང་བ་མེད་པ། འགགས་པ་ལྟར་སྣང་ཡང་འགགས་པ་མེད་པར་ཤེས་པ་ནི་རིག་སྟོང་རྗེས་མེད་རང་ངོ་འཕྲོད་པ་སྟེ། མཐར་ཐུག་འབྲས་བུ་སྤྲུལ་སྐུ་དང་མཇལ་བའི་དགོས་པ་ཡོད་དོ། །གཞན་ཡང་སེམས་འདི་དངོས་པོ་དང་དངོས་མེད་གང་ཡིན། དངོས་པོའོ་སྙམ་ན་དབྱིབས་དང་ཁ་དོག་ཆེ་ཆུང་བྱེད་ལས་ངོ་བོ་གང་གིས་མཚོན། རྟོག་བྱེད་ཀྱི་ཤེས་པ་ལ་ཚུར་བལྟ། བལྟ་བྱའི་ཤེས་པ་ལ་ཕར་བལྟ། དེ་གཉིས་ཀྱང་གཅིག་ཡིན་ནམ་སོ་སོ་ཡིན་སོགས་རིག་པ་རྐྱང་དེད་ཀྱིས་སྐད་ཅིག་ཀྱང་མ་ཡེངས་པར་བལྟ། དེ་ལྟར་བུ་འདེད་མདའ་འདེད་དུ་བརྟགས་ཤིང་བཙལ་བའི་ངང་ནས་རྒན་པོ་ཉི་མ་འདེ་བའམ། བྱ་བ་ཟིན་པའི་སྐྱེས་བུ་ལྟར་ལྷོད་ཀྱིས་ཀློད་ལ་བཞག །ཡང་རྣམ་རྟོག་ཐོལ་ཐོལ་འཕྲོ་ན་དེ་བྱ་ཤོར་དུ་མ་སོང་བར་དྲན་པས་ཚིར་གྱིས་བཟུང་ནས་རྣམ་རྟོག་དེ་ག་གང་ལས་སྐྱེས་བལྟ། དེ་སེམས་ལས་སྐྱེས་སྙམ་ན་སེམས་དེ་ག་གང་ལས་བྱུང་། ཡོད་པ་ལས་བྱུང་ངམ། །དེའི་ཚང་ཨེ་འདུག །མེད་པ་ལས་བྱུང་ངམ། དེའི་དམིགས་ཨེ་རྙེད་སྐད་ཅིག་ཀྱང་


LT35_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེངས་པར་བལྟས་པས་ཅིར་ཡང་མ་མཐོང་བའི་ངང་དུ་ལྷོད་དེ་བཞག་གོ། །ཡང་རྣམ་རྟོག་ཝལ་གྱིས་ཤར་ན་སྔར་ལྟར་སེམས་ཀྱི་ཕུ་ཐག་མ་ཆོད་ཀྱི་བར་དུ་བལྟ། དེ་ལྟར་བརྟགས་ཤིང་དཔྱད་པས་ཅི་ཡང་མ་རྙེད་པའི་ངང་དེར་ངོས་བཟུང་ལ་དཔྱད་ར་མེད་པར་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །དེ་ལྟར་འབད་པས་གནས་སྐབས་སུ་སེམས་ཀྱི་མངོན་ཞེན་བཟློག །བར་ཆད་ཞི་སྡིག་པ་འདག །མཐར་ཐུག་མཆོག་གི་དགོས་པ་སེམས་འཁོར་བར་མི་འཇུག་ཆོས་སྐུ་ཉག་གཅིག་ཏུ་གྲོལ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པར་འགྱུར་བའི་དགོས་པ་ཡོད་དོ། །རྒྱུད་ལས་ཀྱང་། །བསམ་དུ་རྡུགས་པར་གཞུག་པ་འདི་ཉིད་ཀྱིས། །དྲན་པ་རྣམས་ནི་ཟད་པའི་སར་བསྐྱལ་ལོ། །ཞེས་འབྱུང་བའང་འདིའི་དོན་ཡིན་ནོ། །སྐབས་འདིར་རྒྱས་པར་སྤྲོ་ན་ཁྲེགས་ཆོད་ཡེ་བབ་སོར་བཞག་གི་དོན་ཁྲིད་ལྟར་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པའི་གདམས་ངག །སྐྱེ་འགག་གནས་གསུམ་ལ་བརྟགས་པས་སེམས་ཉིད་བརྗོད་དུ་མེད་པའི་ངོ་བོ་མཐོད། གཅིག་ཐ་དད་ལ་བརྟགས་པས་སེམས་ཀྱི་གནས་ལུགས་རྟོགས། རང་ངོ་གཅེར་མཐོང་ལ་བརྟགས་པས་སེམས་ལས་འདས་པའི་ཡེ་ཤེས་ངོས་བཟུང་བ་རྣམས་རྒྱས་པར་གྲུབ་ན་ཤིན་ཏུ་ལེགས་སོ། །གཉིས་པ་སེམས་རྣལ་དུ་དབབ་པ་ནི། མདུན་གྱི་ནམ་མཁར་སྟོང་གཟུགས་ཀྱི་ཐིག་ལེ་སྔོ་དྭངས་ཀྱི་དཀྱིལ་དུ་དྲིན་ཅན་རྩ་བའི་བླ་མ་སྐུ་མི་གཡོ། སྤྱན་ཟིམ་བུ། གསུང་


LT35_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྲལ། ཐུགས་སྤྲོས་མེད་ཀྱི་རྣམ་པར་བཞུགས་པ་གསལ་བཏབ་པའི་ཐུགས་ཀར་ཨ་དཀར་པོ་གཅིག་བསྒོམ། གསོལ་བ་བཏབ་ནས་རང་ལ་བསྟིམ། དེ་ནས་ལུས་སོག་ཕོན་གྱི་ཐག་པ་ཀློད་པ་ལྟར་བདེ་ལུགས་སུ་བཞག །ངག་པི་ཝཾ་གི་རྒྱུན་ཐག་བཅད་པ་བཞིན་མ་བཅོས་པར་འཇོག །ཡིད་རང་འཐག་གི་ལྟག་ཆུ་བཅད་པ་བཞིན་རྟོག་དཔྱོད་ཀྱིས་འཚོལ་འཕྲོ་མི་བྱ་བར་རང་བབས་སུ་འཇོག་གོ། །དེ་ལྟར་བཞག་པས་དགེ་སྡིག་དགག་སྒྲུབ་སོགས་ཤེས་པའི་སྤྲོས་པ་ཉེ་བར་ཞི་བ་ལན་ཚྭ་ཆུར་ཐིམ་པ་ལྟ་བུ། གསལ་སྟོང་ལྷན་ཅིག་སྐྱེས་པ་གདོད་མའི་ངང་དུ་མ་བཅོས་པར་འཇོག་སྟེ། དེ་ཡང་བློ་ལ་ཡུལ་སྣང་ངམ་ཡུལ་ལ་བློ་གང་སྣང་ཡང་ཕར་གང་སྣང་བ་མ་འགགས་ལ། ཚུར་གང་སྣང་ལ་དེར་འཛིན་བློའི་དྲི་མ་དང་བྲལ་བ། སྣང་སེམས་དབྱེར་མེད་ཡུལ་དང་ཡུལ་ཅན་འདི་ཞེས་ངོ་བོ་ངེས་བཟུང་ཐམས་ཅད་དང་བྲལ་བའི་རིག་པ་གསལ་ཧྲིག་རྗེན་ནེ་བའི་ངང་དུ་འཇོག །དེས་སྔར་སེམས་ཚོལ་སོགས་དམིགས་པ་གཞུར་པོ་བྱས་པས་ཐང་ཆད་པ་ལྟ་བུ་དེ་འདིར་ངལ་སོས་པའི་ཚུལ་གྱིས་ཏིང་ངེ་འཛིན་སྐྱེ་བའི་དགོས་པ་ཡོད། དེའི་ངང་ནས་ལུས་བསྒུལ་བསྐྱོད་འདོད་པ་དང་། སེམས་ལ་རྟོག་པ་འགྱུ་ན་དེའི་ངོ་བོ་ལ་གཅེར་གྱིས་བལྟས་ནས་ལྷོད་ཀྱིས་ཀློང་། ངག་བརྗོད་འདོད་བྱུང་ན་དམིགས་མེད་ཀྱི་ངང་ནས་ཨ་ཨ་ཨ་ཞེས་བརྗོད། འདིའི་སྐབས་སུ་འཕྲོ་རྒོད་ཀྱི་གེགས་བྱུང་ན། རང་གི་ལུས་སེམས་ཐམས་ཅད་རྡོ་རྗེ་ཕ་ལམ་གྱི་རང་བཞིན་ཕ་བང་གྲུ་བཞི་པར་བསྒོམས་


LT35_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཉམ་པར་བཞག །བྱིངས་ན་ལུས་སེམས་ཨ་དཀར་པོར་བསྒོམས་ནས་དེར་འཛིན། རྨུག་ན་ལུས་ཧྲིལ་པོའམ་ཡང་ན་ལུས་ནང་སྙིང་ཐད་དུ་མར་མེ་འོད་གསལ་བ་ཞིག་ཏ་ལེར་འབར་བ་ལ་སེམས་གཏད་པ་སྟེ་གེགས་སེལ་བོག་འདོན་གྱི་དམིགས་ཕྲན་གསུམ་མོ། །རྗེས་ཐོབ་ཀྱི་གནས་སྐབས་སུའང་གང་ཤར་དགག་སྒྲུབ་བླང་དོར་སོགས་རེ་དོགས་མེད་པར་བསྐྱངས་བས་གང་སྣང་སྒོམ་གྱི་གྲོགས་སུ་འཆར་བར་འགྱུར་ཞིང་། རྟོག་པ་ནན་གྱིས་བཀག་ན་མི་གནས་པའི་ཁར་གེགས་སུ་འགྲོ་ལ། ཡིད་ཤེས་ཚོགས་དྲུག་གི་ཡུལ་སྣང་དེར་འཛིན་མེད་ཅིང་གཉེན་པོས་མ་བསླད་པར་སྐྱོང་བ་ཉིད་གལ་ཆེ། ཀ་དག་གི་ངང་དུ་བཞག་དུས་སུ་འཆར་འཆར་འདྲ་ཡང་དོན་ལ་ཤར་བ་མེད་པས་རིག་པ་ཟང་ཐལ་རྗེན་པར་ངོས་བཟུང་ལ་ཀ་དག་རིག་སྟོང་སྤྲོས་བྲལ་གྱི་ངང་དུ་ལ་ཟློ་བར་བྱའོ། །གསུམ་པ་གཟའ་གཏད་མེད་པ་ལྟ་བའི་མན་ངག་བསྟན་པ་ལ་གཉིས། དོན་ཉམས་སུ་བླང་བ་དང་། ངོ་གཅེར་ཕོག་ཏུ་སྤྲད་པའོ། །དང་པོ་ལའང་གཉིས། གོ་བར་བྱ་བ་དང་། ཉམས་ལེན་དངོས་སོ། །དང་པོ་ནི། ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད་དང་། རྟོག་མེད་ནམ་མཁའ་སྤྲིན་ཕུང་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། བླ་མའི་རྣལ་འབྱོར་སྔོན་དུ་འགྲོ་བས་སྤྲུལ་པ་སྐུའི་འདས་རྗེས་ཚིག་གསུམ་གནད་དུ་རྡེག་པའི་སྒོ་ནས་རང་གི་རིག་པ་ཆོས་སྐུ་དྲི་མ་མེད་པར་རྟོགས་པར་བྱེད་པ་ལ་གསུམ། ངོ་རང་ཐོག་ཏུ་སྤྲད་པ་ནི། ད་ལྟར་གྱི་


LT35_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་བཅོས་བསླད་གཉེན་པོ་དང་བྲལ་བ། ངོ་བོ་ངོས་གཟུང་ལས་འདས་པ། རིག་པ་མཚན་མར་མ་གྲུབ་པར། སྟོང་གསལ་རང་བྱུང་གི་ཡེ་ཤེས་དྲན་བསམ་བློ་འདས་ཆེན་པོ་ཝ་ལེ་སང་ངེ་ཕྱམ་མེར་གནས་པ་འདི་ཉིད་རང་བྱུང་གི་ཡེ་ཤེས་ཆོས་སྐུ་ཀ་དག་གི་དགོངས་པར་ངོ་ཤེས་པར་བྱའོ། །ཐག་གཅིག་ཐོག་ཏུ་བཅད་པ་ནི། ཆོས་སྐུ་བློ་འདས་ཀྱི་དགོངས་པ་བཞི་ཆ་གསུམ་བྲལ་གྱི་ངང་ལ་མི་གཡོ་བས་གནས་པ་སྟེ། དེའང་དྲན་བསམ་སྔ་མ་འགག་ཕྱི་མ་མ་སྐྱེས། ད་ལྟར་གྱི་ཤེས་པ་གང་དུའང་བཅོས་བསླད་བྲལ་བའི་ངང་ལ་རིག་པའི་གདངས་མ་འགགས་པར་ཆུ་རྙོགས་པ་དྭངས་པ་དང་འདྲ་བའི་ངང་ལ་ཆེད་དུ་རྩོལ་བས་མ་བསྒྲིབས། ཡེངས་པ་ཕྱལ་པར་མ་ཤོར་བར། ཐ་མལ་གྱིས་རིག་པ་སོར་བཞག་གཅིག་པུ་རིག་གེ་སང་ངེ་ཡེ་རེ་ཝལ་ལེར་བཞག་པར་བྱའོ། །གདིང་གྲོལ་ཐོག་ཏུ་བཅའ་བ་ནི། དེ་ལྟར་དང་དྭངས་སྤྲོས་པ་དང་བྲལ་བ་རྒྱ་མཚོ་དངས་པ་ལྟ་བུའི་ངང་ལ་བཞག་དུས། ཐ་མལ་གྱི་ཤེས་པ་ཡུལ་ཐོག་ཏུ་འཕྲོ་ཡང་རང་ཤར་རང་གྲོལ་དུ་བསྟན་པ་རྦ་རླབས་ཆུར་ཐིམ་པ་ལྟ་བུ་སྟེ། ཤར་དུས་ཡེངས་མེད་བཅོས་བསླད་མེད་པའི་ངང་དུ་གློད་པས། དྲན་རྟོག་རྗེས་མེད་དུ་ཡལ་ནས་བྱུང་ཚོར་གཞི་ཐིམ་ལ་སོང་བ་ནི་རང་གྲོལ་ཞེས་བྱ་སྟེ། རང་ཤར་རིས་མེད་འཛིན་རྩོལ་སྤང་བླང་གཉེན་པོ་མེད་པར་གདེངས་འཆོས་པའོ། །གཉིས་པ་ངོ་གཅེར་ཕོག་ཏུ་སྤྲད་པ་ལ་གཉིས། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ་དང་། ཉམས་མྱོང་སྒོམ་པའི་ཐོག་ཏུ་


LT35_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་སྤྲད་པའོ། །དང་པོ་ནི། དབེན་པའི་གནས་སུ་ཚོགས་གཏོར་རྒྱ་ཆེར་བཤམ་ཞིང་སློབ་མ་རྣམས་ཀྱིས་མཎྜལ་དབུལ་ལ་ལུས་གནད་དྲང་པོར་བསྲང་། ངོ་སྤྲོད་འདེབས་པ་པོ་བསྒོམ་གཞིར་བྱས་ནས་སྔར་བླ་མའི་རྣལ་འབྱོར་དུ་བཤད་པའི་དམིགས་པ་ཕོག་ལ་དེ་ཡང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ཚང་། དགོས་འདོད་ཀུན་སྩོལ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་ཁྱད་པར་ཅན་བསྐྱེད་ནས་ཅི་མཛད་ཁྱེད་ཤེས་ཀྱིས་བློ་གཏད་ལིངས་བསྐྱུར་ཏེ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེས་དགོངས་ནས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་དུས་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་རློབས་ཤིག་སྙམ་དུ་མོས་གུས་གདུང་ཤུགས་དྲག་པོ་མཆི་མ་འཁྲུགས་པ་ཙམ་དུ་སྐྱེད་ཅིག་བྱས་ལ། སྤོས་དང་གུ་གུལ་སྲོག་ཅིང་བླ་མས་ཌ*ཌཱ་དྲི*་འཁྲོལ་བ་དང་བཅས་ནས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོ། །ཟབ་ལམ་གྱི་ཉམས་རྟོགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཅེས་སོགས་བརྒྱུད་པའི་གཤར་འདེབས་ཀྱིས་བྱིན་ཕབ་རྗེས་བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ། སློབ་མའི་སྤྱི་བོ་ནས་ཐིམ་པས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་སྤྲོས་པ་དང་བྲལ་བའི་ངང་ལ་ཤེས་པ་ཀློད་ལ་འཇོག་ཏུ་བཅུག་པས་བྱིན་རླབས་འུར་ལངས། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ལྷང་ངེར་ཤར། གཤིས་


LT35_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མེད་དུ་ཁྲོ་ལེར་གྲོལ། དེའི་ངང་ལ་བཟོ་མེད་དུ་ལྷོད་ཀྱིས་ཀློད་ལ་བཞག་པས་རང་རིག་ཀ་དག་ཆོས་སྐུའི་དབྱིངས་སུ་གྲོལ་བ་ཞེས་བྱ་བ་ཡིན་ནོ། །འདི་ནི་རྩ་བའི་དངོས་བསྟན་ལ་མེད་ཀྱང་ཉམས་མྱོང་བོགས་ཆོད་དུ་སྐྱེ་བའི་ཕྱིར་གཏེར་ཆེན་རིན་པོ་ཆེའི་ཕྱག་བཞེས་སུ་མཛད་པས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ་གསུངས་སོ། །གཉིས་པ་ལ་གསུམ། གནས་པ། འགྱུ་བ། ཟུང་འཇུག་གི་དགོངས་པར་ངོ་སྤྲད་པའོ། །དང་པོ་དོན་སྐྱེ་མེད་དུ་རྩད་བཅད་ནས་གནས་ཐོག་ཏུ་གཞི་བཅིངས་གྲོལ་མེད་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པར་ངོ་སྤྲད་པ་ནི། སློབ་མ་རྣམས་སྔར་ལྟར་ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་རད་བབས་སུ་བཞག་སེམས་གནད་རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟའི་རིག་པ་བཞི་ཆ་གསུམ་བྲལ་གཤིས་གང་དུ་ཡང་མ་གྲུབ་ཅིང་། མདངས་བདེ་ཆེན་དུ་མ་འགགས་ལ། རྩལ་སྣ་ཚོགས་སུ་སྣང་ཡང་ངོ་བོ་སྨྲ་བསམ་བརྗོད་མེད་བློའི་སྤྱོད་ཡུལ་ལས་འདས་པའི་རིག་པ་གསལ་ལེ། ཡེར་རེ། ཧྲིག་གེ། རྗེན་ནེ། སང་ངེ་བ་འདི་རང་བྱུང་གི་ཡེ་ཤེས་ཆོས་སྐུ་བློ་འདས་ཆེན་པོའི་དགོངས་པ་ཡིན་པས་དེ་བཅད་ཕོག་ཏུ་ངོས་བཟུང་ལ། མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་དུ་དར་ཅིག་མཉམ་པར་ཞོག་ཅིག །ཅེས་བརྡའ་སྤྲད། དེ་ལྟར་བཞག་པས་རྣམ་རྟོག་གི་སྤྲོས་པ་ཉེ་བར་ཞི་ནས་བྱ་བྱེད་དྲན་རྟོག་ཐམས་ཅད་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རོལ་པར་འཆར་


LT35_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། རྟག་ཆད་ཀྱི་འཕྲང་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པར་ལ་བཟླ་བའོ། །དེ་ལྟར་ཡང་གསང་བ་སྒྲ་རྒྱུད་ལས། །སྔ་ཕྱི་དྲན་རྟོག་མེད་པ་ཡི། །རིག་གེ་སེང་ངེ་གསལ་ལེ་བ། །ད་ལྟའི་ཤེས་པ་འདི་ཉིད་ལ། །ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ། །ཞེས་གསུངས་ཤིང་། །དེའི་ཚེ་སེམས་སྤྲོས་བྲལ་ཏུ་གནས་པ་ཆོས་སྐུ། གསལ་ལ་དེར་འཛིན་མེད་པ་ལོངས་སྐུ། སྣ་ཚོགས་སྣང་བའི་འཆར་གཞིར་མ་འགག་པ་སྤྲུལ་སྐུ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པ་ནི། ནོར་བུ་ཕྲ་བཀོད་ལས། །རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རང་སྣང་ངོ་། །ཞེས་གསུངས་པ་ལྟར་རོ། །འདིར་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ནི། དཔེར་ན། ཀ་བ་ལྟ་བུའི་དངོས་པོ་གསུམ་མམ་འདས་མ་འོངས་ད་ལྟ་སྟེ་དུས་གསུམ་ལྟ་བུ་གང་ཡང་རུང་བའི་དངོས་པོ་གསུམ་ལ་དུས་གཅིག་ཅར་སྐད་ཅིག་མ་གཅིག་གི་སྟེང་ནས་རྣམ་སྤྱི་ལམ་པ་ཙམ་མ་ཡིན་པར། བྱེ་བྲག་ཕྲ་མོ་ལའང་དུས་གཅིག་ཏུ་སེམས་བསྒྲིམས་ནས་གཏད་པས་འཆར་ཚུལ་ཁྱབ་པར་བ་ཞིག་ཡོད་པ་ཡིན། དེ་ལ་བརྟེན་ནས་བླ་མས་ངོ་སྤྲོད་མཛད་པ་ནི་བཞི་ཆ་གསུམ་བྲལ་ཏེ། ཇི་སྐད་དུ་


LT35_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་མཚོན་དངོས་གཞི་རྣམས་དང་བྲལ། ཅེས་གསུངས་པའི་དགོངས་དོན་ནོ། །གཉིས་པ་རྩལ་སྣང་འགག་མེད་དུ་གཏན་ལ་ཕབ་ནས་འགྱུ་ཐོག་ཏུ་སྤང་གཉེན་མེད་པ་རང་གྲོལ་དུ་ངོ་སྤྲད་པ་ནི། སེམས་ཉིད་བདེ་གསལ་མི་རྟོག་པའི་ངང་ལས་མ་འགགས་པའི་རྩལ་སྣང་དྲན་རིག་འཕྲོ་འདུ་གང་ཤར་དེ་ཀ་ཕྱིའི་སྣང་བ་མ་འགགས་ལ། ནང་འཛིན་ཞེན་གྱི་གཉེན་པོས་མ་བཅིངས་པའི་སྟེང་དུ་སྔ་ཕྱི་བ་སུ་སྐྱེལ་དང་། སྤང་བླང་དགག་སྒྲུབ་སོགས་གང་གིས་ཀྱང་བཅོས་བསླད་མེད་པའི་རིག་པ་གཅེར་བུ་ཧར་སང་རྗེན་པ། གསལ་རིག་དེ་ཀའི་ངང་མདངས་རང་བབས་སུ་བསྐྱངས་བས་རྒྱ་མཚོར་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ཆུ་ཉིད་ལས་མ་འདས་པ་ལྟར་གང་ཤར་གྱི་རྟོག་པ་ཐམས་ཅད་མ་སྤངས་མ་བསྒྱུར་བར་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་ཞིང་མི་འགྱུར་བའི་ཕྱིར། དེ་ཡང་ཕྱི་སྣ་ཚོགས་སུ་འཕྲོ་ཡང་སྣང་བས་སེམས་མི་གཡོ་བ་སྒྱུ་མའི་སྐྱེས་བུ་ལྟར་ཆགས་ཞེན་གྱི་རྩིས་གདབ་མེད་པར་གནས་པ་དང་། ནང་སྣ་ཚོགས་སུ་སྣང་ཡང་ཞེན་འཛིན་མེད་པ་བུ་ཆུང་གི་ཤེས་པ་ལྟར་འདི་ཞེས་ངོས་བཟུང་མེད་པར་གནས་པས་བྱུང་ཚོར་གྱི་རྟོག་པ་ཐམས་ཅད་ལན་ཚྭ་ཆུར་ཐིམ་པ་ལྟར་རང་ཞི་རང་སངས་ལ་སོང་བས་ཅིར་སྣང་རང་གྲོལ་ཞེས་བྱ་བ་ཡིན་ཏེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །གཉེན་པོ་མེད་ཕྱིར་འབད་རྩོལ་ཞིག །ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ། །ཞེས་གསུངས་པའི་


LT35_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །གསུམ་པ་གནས་འགྱུ་ངོ་བོ་དབྱེར་མེད་དུ་ཐག་བཅད་ནས་ཟུང་འཇུག་ཏུ་གང་ཤར་རིག་བརྗེན་པར་ངོ་སྤྲད་པ་ནི། སྒོ་གསུམ་རང་བཞིན་ལྷུག་པར་གནས་པའི་ངང་ལས་རྩལ་སྣང་མ་འགགས་པའི་རྣམ་རྟོག་ཇི་སྙེད་ཅིག་འཆར་ཡང་དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བཞག་པས་ཆོས་ཉིད་ཀྱི་ངང་དུ་མི་གཡོ་བར་གནས་ཞིག་གནས་པའི་རང་རྩལ་འགག་པ་མེད་པར་གྲོལ་བའི་ཕྱིར། དེ་ལྟར་གནས་པ་དང་འཕྲོ་བའི་རང་བཞིན་གཉིས་སུ་མེད་ཅིང་དབྱེར་མེད་པ་སྟེ། དེ་ཡང་གནས་འགྱུ་ངོ་བོ་ལྟོས་བཞག་ཅན་མ་ཡིན་པའི་གནད་ཀྱིས་ཚོགས་དྲུག་གི་སྣང་བ་གང་གི་ཡང་ཕྱོགས་སུ་མ་ལྷུངས་པར་རིག་པ་རྗེན་པར་བཞག་པས། རྣམ་རྟོག་ཆེ་ཕྲ་ཐམས་ཅད་ཐོལ་སྐྱེས་ཐོལ་ནུབ་འཁྱགས་རོ་མ་ཆུར་ཞུ་བའམ། ན་བུན་ནམ་མཁར་ཡལ་བ་ལྟར་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་ཞིང་མི་གཡོ་བར་ཤེས་པར་བྱའོ། །དེ་ལྟར་ཡང་རྨད་བྱུང་ལས། །ཇི་ལྟར་རྒྱ་མཚོའི་རྦ་རླབས་བཞིན། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སེམས་གནས་ན་གདོད་མའི་ངང་དུ་གནས། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་ཤར། མཉམ་ན་གཉིས་མེད་ཀྱི་ངང་དུ་ཡན་པས་ཇི་ལྟར་ཤར་ཡང་ཆོས་ཉིད་ཀྱི་ངང་མདངས་ལས་མ་འདས་པ་ཡིན་ཏེ། མཉམ་པ་མི་སྒྲུབ། འཕྲོ་བ་མི་དགག །གནས་པ་མི་སད་སྟེ། ཇི་ལྟར་ཤར་ཡང་རང་གི་རིག་པའི་


LT35_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་འཕྲུལ་ལས་མ་འདས་ཏེ། དེ་ཡང་ལུང་ལས། །དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །སལ་ལེ་སང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་པར་ཞོག །ཇི་ལྟར་བྱ་རྣམས་ནམ་མཁར་འཕུར་བ་ཡང་། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང་། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་གསུངས་པ་ལྟར་བཟོ་བཅོས་མེད་པར་རང་བབས་སུ་ཀློད་པས་དགག་སྒྲུབ་བླང་དོར་རེ་དོགས་མེད་པའི་ཞི་ཆལ་བ་ཞིག་འཆར་ཏེ། དེ་ནི་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པར་ཤེས་པར་གྱིས་ཤིག །འདི་ངོས་ཟིན་པ་ན་ཤེས་པ་གནས་འགྱུ་དགག་སྒྲུབ་བཟང་རྟོག་ངན་རྟོག་གི་དུས་ཐམས་ཅད་དུ་རང་རིག་རང་གསལ་རང་བབས་ལ་ཅེ་རེ་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་རྗེན་སང་གི་འཆར་ཏེ། དེ་རྩོལ་མེད་ཆུ་བོའི་རྒྱུན་བཞིན་ཏུ་འཇུག་པའི་དྲན་འདུན་གྱིས་བསྐྱང་བ་སྟེ། དེ་དག་གིས་ནི། ཇི་ལྟར་སྣང་ཞིང་མྱོང་བའི་ཆོས་ཐམས་ཅད་དགག་སྒྲུབ་བླང་དོར་རེ་དོག་མཚན་འཛིན་ལས་འདས་པར་ངོ་སྤྲོད་པའོ། །ཡང་ན་ངོ་སྤྲོད་ཕྱི་མ་འདི་


LT35_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་ཚབ་ཏུ་ཁྲེགས་ཆོད་ཡེ་བབས་སོར་བཞག་གི་དོན་ཁྲིད་ལྟར། དགོངས་པ་རང་གནས་དང་། དྲན་རིག་འཆར་ནུབ་མེད་པར་ངོ་སྤྲད་པའི་ཚུལ་གཉིས་གདབ་ནའང་ཆེས་ལེགས་སོ། །དེའང་སྐལ་པ་དང་ལྡན་པའི་གང་ཟག་གིས་དོན་ཉམས་སུ་བླངས་པའི་རྒྱུད་ཐོག་ཏུ་བླ་མས་ངོ་སྤྲོད་ཐེབས་པར་བཏབ་པས་གནས་ལུགས་ཟབ་མོའི་དོན་ལ་སྒྲོ་འདོགས་ཆོད་ཅིང་དེའི་རྒྱུན་མ་ཉམས་པར་བསྐྱངས་པས་བརྟན་པ་མྱུར་དུ་ཐོབ་པར་འགྱུར་ཞིང་། བསྒོམ་དོན་ལ་མྱོང་བ་མ་སྐྱེས་ཞིང་གོ་ཡུལ་དུ་སོང་བ་རྣམས་ལ་ངོ་སྤྲོད་བཏབ་ཀྱང་བྱ་ཤོར་དུ་འགྲོ་བས། སླར་ཡང་དམིགས་རིམ་རྣམས་ལ་མྱོང་བ་ཐོན་ཐོན་གྱི་བར་འབད་ནས་སྒོམ་ཞིང་། ཉམས་རྟོགས་སྐྱེས་རིམ་དང་བསྟུན་ནས་ངོ་སྤྲོད་བཏབ་པས་རིམ་གྱིས་ཉམས་མྱོང་གི་སྣེ་ཟིན་པར་འགྱུར་རོ། །བཞི་པ་སྤང་ཐོབ་མེད་པ་འབྲས་བུའི་མན་ངག་ནི། དེ་ལ་འབྲས་བུའི་ངོ་བོ་ནི་རིག་སྟོང་ཆོས་སྐུ་སྟེ། ཡེ་གྲོལ་དུ་འདུག་པས་དྭ་གདོད་བསྐྱར་ནས་གྲོལ་རྒྱུ་མེད་པར་ཡིད་ཆེས། རང་གྲོལ་དུ་འདུག་པས་གཉེན་པོ་གཞན་ལ་རག་མ་ལུས་པར་ཐག་ཆོད། ཡང་གྲོལ་དུ་འདུག་པས་གྲོལ་ཐོག་ཉིད་ལས་སྤོང་བླང་མི་དགོས་པར་གདིང་འཆོས་ཏེ། སོར་བཞག་རིག་སྟོང་རྗེས་མེད་ཀྱི་ངང་ལ་ཡེ་ཡིན་རྫོགས་པ་ཆེན་པོར་ཐག་བཅད་ནས། བཟོ་མེད་རེ་དོགས་དང་བྲལ་བར་རང་བཞག་པས། །


LT35_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བདེ་ཆོས་ཉིད་དུ་གྲོལ་བ་གཞི་གདོད་མའི་གནས་ལུགས་ལ། ད་ལྟར་གྱི་རིག་པ་རང་གནས་ཆེན་པོར་ངོ་འཕྲོད་ནས། རྩོལ་སྒྲུབ་བཅོས་པ་སླད་མེད་པར་ཐ་མལ་གྱི་ན་འདར་གློད་པས། ཆོས་སྐུ་རང་གནས་ཆེན་པོར་ལ་ཟློ་བ་ནི། གཉུག་མ་ལྷུན་གྲུབ་ཆེན་པོའི་འབྲས་བུའོ། །མདོར་ན་རང་སེམས་སངས་རྒྱས་སུ་ཐག་བཅད་ནས། རེ་དོགས་བཅོས་བསླད་དང་བྲལ་བ་རང་རིག་སྟེ། བྱ་བྱེད་རྩོལ་སྒྲུབ་ཞིག་པའི་ཤེས་པ་སོར་བཞག་ཡེ་གྲོལ་ཆེན་པོར་ཁོང་ལྷོད་པ་ནི་གཤིས་རྫོགས་པ་ཆེན་པོའི་གནས་ལུགས་ཏེ། བྱར་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་བསླབ་པར་བྱའོ། །འདིར་གསུང་རྒྱུན་སྔ་མར་སྤྱོད་པ་དང་འབྲས་བུ་གཉིས་སྤྱིའི་ཚུལ་ཙམ་བཤད་ཀྱང་། ལྟ་སྒོམ་གཉིས་རང་གནད་ཐུན་མིན་ཏུ་སོང་བས་འདིར་སྤྱོད་འབྲས་གཉིས་ཀྱང་ཡང་གསང་གནད་ཀྱི་ངེས་པ་དང་སྦྱར་བ་ཁྲེགས་ཆོད་ཀྱི་རྒྱབ་ཡིག་དང་། རྟོག་མེད་ནམ་མཁའ་སྤྲིན་ཕུང་ལས་བྱུང་བ་ཡིན་ནོ། །དེ་རྣམས་ཀྱིས་སེམས་གཏན་ལ་དབབ་པའི་མན་ངག་ཁྲེགས་ཆོད་སྤྲོས་པ་ཀུན་ཞིའི་ཁྲིད་རིམ་དངོས་གཞི་བཤད་ཟིན་ཏོ། །གཉིས་པ་རིག་པ་གཏན་ལ་དབབ་པའི་མན་ངག་ལམ་ཐོད་རྒལ་གྱི་ཁྲིད་བསྟན་པ་ལ་བཞི། སྔོན་འགྲོ་ལུས་ངག་ཡིད་གསུམ་གྱི་གནད་སྦྱོང་བ། གནད་ལྔ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ། ཉམས་སུ་བླངས་


LT35_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྣང་བ་བཞིའི་འཆར་ཚུལ་བསྟན་པ། མཐའ་རྟེན་གྱི་མན་ངག་བཤད་པའོ། །དང་པོ་ལ་གཉིས། འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་བའོ། །དང་པོ་ནི། ཐོག་མར་སྤྱོད་པ་བརྩམས་པ་ལ་བར་ཆད་མི་འཇུག་པའི་ཕྱིར་དུ་བསྲུང་བ་བྱ་སྟེ། གྲུབ་ན་ཚོགས་གཏོར་བཤམས་ལ་ཚོགས་མཆོད་ཡིད་བཞིན་རྒྱ་མཚོ་ལྟར་འབུལ། བླ་མ་ལ་གསེར་གྱི་མཎྜལ་ཕུལ་ལ་སློབ་མ་རྣམས་རིག་པ་སྒྲིབ་གཡོགས་མེད་པ་མཚོན་པའི་ཕྱིར་ལུས་གཅེར་བུའམ། མ་བདེན་སྟོད་གཡོགས་ཙམ་ཕུད་ལ། བླ་མ་ཞལ་ཤར་དུ་ཕྱོགས་ལ་བཞེངས་པའི་མདུན་ཏུ་ལང་བུ་གཤིབས་ལ་ལངས་ཏེ་ཐལ་མོ་སྙིང་གར་སྦྱར། མིག་བླ་མའི་ཐུགས་ཀར་གཏད། མངོན་ཏུ་སྤྱོད་པ་ལ་བར་ཆད་ཀྱི་བགེགས་མི་འཇུག་པ་དང་། རྣམ་ཤེས་ཚོགས་བརྒྱད་ཡུལ་དུ་མི་འཕྲོ་བར་བྱ་བའི་དོན་དུ། བླ་མ་སྐུ་སྔོ་ནག་རབ་ཏུ་འཇིགས་ཤིང་སྐྲ་བརྫེས་པ་མཆེ་བ་གཙིགས་ཤིང་ལྗགས་འགྱུར་བ་ཞིག་ཏུ་བསྒོམ་དུ་གཞུག །བླ་མས་ཕྱག་གཡོན་རྐེད་པར་བརྟེན། གཡས་པས་སྡིགས་མཛུབ་ཐོག་མར་ཤར་ནས་བརྩམས་ཕྱོགས་ཀུན་ཏུ་གཏོད་ཅིང་ལྟ་སྟངས་དང་བཅས་པས་བགེགས་བསྐྲད། བླ་མའི་ཐུགས་ཀ་ནས་སློབ་མའི་སྤྱི་བོར་ཧཱུྃ་སྔོན་པོ་འཕྲོས་དྲྭ་བ་ཅན་གྱི་རྩ་ལས་བརྒྱུད། ལུས་ཧཱུྃ་མཐིང་གར་གྱུར་པར་སྒོམ་དུ་བཙུག་ལ་དཔོན་སློབ་ཐམས་ཅད་ཀྱི་ཧཱུྃ་དི་རི་རི་བརྗོད། དེས་འགྲེས་ཏེ་ཐོག་མར་བླ་མའི་གནས་སོ་སོར་ཡི་གེ་གསལ།


LT35_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འཕྲོས་ཏེ་སློབ་མའི་གནས་རྣམས་སུ་ཐིམ་པར་མོས་ཏེ། རྐང་མཐིལ་གཡོན་དུ་ཡཾ་ལྗང་གུ། ལྟེ་བར་རཾ་དམར་ལྗང་། མགྲིན་པར་ཁཾ་དུད་ཁ། དཔྲལ་བར་ཨེ་མཐིང་ག །ལྐོག་མར་སུཾ་སེར་པོ། པུས་མོ་གཡས་ལ་ཧ་དཀར་པོ། རྐང་མཐིལ་གཡས་སུ་ཕཊ་སྔོ་ནག་སྟེ་ཡི་གེ་བརྒྱད་རེ་རེ་བཞིན་སྤྲོས་ལ། ངག་ཏུའང་ཡི་གེ་རེ་རེ་ནས་དབུགས་ཐེངས་རེ་ལ་ཉེར་གཅིག་རེ་བརྗོད་ལ་བསྲུང་བ་བྱའོ། །ཀརྨ་སྙིང་ཐིག་ལུགས་སུ་འདིར་སྲུང་བའི་དོན་ཏུ་ཕཊ་ཉེར་གཅིག་མཉམ་དུ་བརྗོད། རིག་འཛིན་ཆེན་པོའི་ཕྱག་སྲོལ་དུ། དེ་མཐར། བླ་མའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་སྤྲོས། སློབ་མའི་སྙིང་གར་ཞུགས་ཧཱུྃ་གིས་ལུས་གང་བར་བསམ་ལ་དཔོན་སློབ་མཉམ་དུ་ཧ་ངར་དང་ལྡན་པ་གསུམ་བརྗོད་པར་མཛད་དོ། །འདིར་སྤྲོས་པ་བསྡུ་ན་ཚོགས་མ་གྲུབ་ཀྱང་འགལ་བ་མེད་དོ། །དེ་ལྟར་ཡི་གེ་བརྒྱད་ཀྱི་སྲུང་བ་བྱས་ནས། རུ་ཤན་དབྱེ་བ་དངོས་ནི། དེའང་ཐལ་འགྱུར་ལས། །འཁོར་འདས་རུ་ཤན་མ་ཕྱེ་ན། ཁམས་གསུམ་ལུས་ངག་ཡིད་ཀྱི་ཡང་། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པས་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཀྱང་། གནས་སྐབས་འཁྲུལ་པའི་ཞེན་སྣང་གིས་བསྒྲིབས་པས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་རིགས་དྲུག་གི་གནས་སུ་བར་མེད་དུ་འཁོར་ཞིང་། རིགས་དྲུག་སོ་སོའི་རྣམ་འགྱུར། ངག་གི་སྨྲ་


LT35_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། སེམས་ཀྱི་རྟོག་དཔྱོད་སྡུག་བསྔལ་གྱི་མྱོང་ཚུལ་གྲངས་ཀྱིས་མི་ཆོད་པ་ཞིག་མྱོང་ཡང་དོན་མེད་ཁོ་ནའི་དབང་དུ་སོང་འདུག །ད་དུང་ཟིན་མེད་ཀྱི་ལས་ལ་ཆགས་པས་ཅི་ཞིག་བྱ། དེས་ནད་རེས་ལུས་ངག་ཡིད་གསུམ་འཁོར་འདས་རུ་ཤན་ཕྱེད་པར་བྱས་ཏེ་ཕྱིན་ཆད་འཁོར་བར་སྐྱེ་བའི་གཞི་རྩ་ཆོད་པ་ཞིག་བྱ་དགོས་ལ། ཇི་ལྟར་དབྱེ་ན་འཁོར་བའི་ལས་སྣང་དང་མཐུན་པར་ལམ་དུ་བྱས་པས་ལས་ངན་གྱི་མཚང་རྟོགས་ནས་ཕྱིན་ཆད་ཞེན་འཛིན་ལས་གྲོལ་བར་འགྱུར་བའི་ཕྱིར་ཏེ། གསང་སྔགས་ཐུན་མོངས་པ་ལས་ཀྱང་། །རྣམ་རྟོག་ཁས་ནི་རྣམ་རྟོག་དང་། །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཇི་ལྟར་རྣ་བར་ཆུ་ཞུགས་པ། །ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང་། །རྣམ་རྟོག་ཉིད་ཀྱིས་སྦྱང་བར་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དུར་ཁྲོད་དམ་ལུང་སྟོང་སོགས་དབེན་པའི་གནས་སུ་སོང་སྟེ། མཁའ་འགྲོ་དང་གཞི་བདག་ལ་གཏོར་མ་བྱིན་ནས་འཁོར་འདས་རུ་ཤན་དབྱེ་བར་བྱེད་པ་ལ་བར་ཆད་མི་བྱེད་པའི་བཀའ་བསྒོ། ད་ནི་སེམས་ཅན་གྱི་དོན་དུ་འཁོར་འདས་རུ་ཤན་ཕྱེ་སྟེ་ཕྱིན་ཆད་འཁོར་བར་མི་ལྡོག་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་སོགས་རིགས་དྲུག་གི་སྤྱོད་ཚུལ་བདེ་སྡུག་སོགས་ལུས་ཀྱི་སོ་སོའི་རྣམ་


LT35_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ངག་གིས་དེ་དག་གི་སྒྲ་སྐད་སྣ་ཚོགས། སེམས་ཀྱིས་དེ་རེ་རེའི་སྡུག་བསྔལ་རང་རྒྱུད་ལ་མྱོང་བར་བསམ་ལ། ལུས་ངལ་ཞིང་ཆད། ངག་འཛེར་ཞིང་འགགས། སེམས་འགྱུ་བ་སྤུན་ཐག་ཆད་པར་མ་གྱུར་གྱི་བར་དུ་འབད་པར་བྱ། དེ་དག་གི་སྐབས་སུ་བླ་མ་ཁྲོ་བོའི་རྣམ་པས་ཀྱང་སྒོ་གསུམ་གྱི་སྤྱོད་པ་རང་དང་མཉམ་དུ་མཛད་པར་མོས་གསུངས་པའང་ཡོད། དེ་དག་གིས་སུན་པ་དང་ལུས་གནད་དྲང་པོར་བསྲང་། ངག་རླུང་རང་བབས་སུ་བཞག །སེམས་དེ་ལྟར་མྱོང་བྱེད་ཀྱི་ངོ་བོ་ལ་ཆེར་རེ་བལྟས་ལ་འཇོག་ཅིང་ངལ་གསོ། ཡང་ལུས་ཀྱིས་བདེ་བར་གཤེགས་པ་ཞི་ཁྲོའི་སྐུའི་རྣམ་འགྱུར། ངག་གིས་དེ་དག་གི་སྙིང་པོ་སྒྲ་སྐད། ཡིད་ཀྱིས་དེ་དག་གི་རྣམ་པ་ལམ་མི་བ་ལ་སེམས་གཏད། སྐབས་སྐབས་སུ་ཨ་ཨ་ཞེས་བརྗོད། རྗེས་ཤེས་ཀྱི་རང་ངོ་བསྐྱང་། འཕྲོ་གཅོད་པ་ནའང་། ལུས་སངས་རྒྱས་ཀྱི་བཞུགས་སྟངས། ངག་ཨའི་སྒྲ། སེམས་རྟོག་མེད་དུ་མཉམ་པར་བཞག་པ་ལ་འཇོག་གོ། །དེ་ལྟར་བྱས་པས་ལུས་ལ་ཚ་གྲང་བཀྲེས་སྐོམ་ལ་ཆགས་སྡང་དང་དགག་སྒྲུབ་མེད་པ་དང་། ངག་བླ་མའི་གདམས་ངག་ལ་ཡིད་ཆེས་ཤིང་གོ་བ་རང་བརྡོལ་དུ་ཤར་བ་དང་། སེམས་གསལ་སྟོང་འགག་མེད་རང་བྱུང་གི་ཡེ་ཤེས་རྩོལ་མེད་དུ་འཆར་བ་མ་བྱུང་གི་བར་དུ་བསྐྱར་བ་བྱ་བ་ཤིན་ཏུ་ནས་གལ་ཆེ་བར་གསུངས་ལ། དེ་དག་གི་དགོས་པ་ནི། ཐུན་མོང་དུ་ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག་


LT35_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བར་ཆད་ཞི། མངོན་ཞེན་ལྡོག །མཐར་ཐུག་སྐུ་གསུང་ཐུགས་རྡོ་རྗེར་མངོན་པར་འཚང་རྒྱ་བའི་དགོས་པ་ཡོད་དོ། །དེ་ནས་ཤིན་ཏུ་སྤྲོས་མེད་དང་། །རབ་ཏུ་སྤྲོས་མེད་ཀྱི་དབང་བསྐུར་ཏེ། འདས་རྗེས་ལས། །དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་གསུངས་པས། གོང་དུ་རུ་ཤན་དབྱེ་བས་འབྱུང་བ་འཁྲུགས་ཤིང་ངལ་བར་གྱུར་པ་ཉིད་ངལ་བསོས་ལ་རྣལ་དུ་དབབ་པའི་ཚུལ་ནི་ཁྲེགས་ཆོད་ཀྱི་སྐབས་སུ་བཤད་པ་ལྟར་བྱའོ། །འདི་དག་གི་སྐབས་སུ་རྟགས་ཚད་ཐུན་མོངས་མ་ཡིན་པ་སོགས་ནི་སྙིང་ཏིག་ཆེན་མོ་དང་། ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། ཀློང་གསལ་ལས། །མངོན་སུམ་གནད་ལ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་སྤྲུགས་བཏང་། །ཞེས་གསུངས་པས། དང་པོ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་དང་རྣམ་གཡེང་ཐམས་ཅད། ནང་ཕྱག་དང་བསྐོར་བ་སོགས་དམན་པའི་དགེ་བ་རྣམས། གསང་བ་རྣམ་གཡེང་བསྒུལ་བསྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུག་པའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་དང་བཟླས་བརྗོད་སོགས། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་གནས་པར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་


LT35_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་རྟོག་མེད་ཀྱི་ངང་དུ་གནས་པར་བྱས་པས་སྒོ་གསུམ་གནས་པ། བརྟན་པ། གྲོལ་བར་འགྱུར་རོ། །སྐབས་འདི་དག་ཏུ་བདུད་རྩི་ལྗོན་ཤིང་འོད་གསལ་གྱི་གནད་ཡིག་ལྟར་ཐུན་མོངས་མ་ཡིན་པའི་བླ་སྒྲུབ་ཕྱི་ནང་གསང་བ་ཡང་གསང་རྣམས་ཇི་ལྟར་ནུས་པ་ཉམས་སུ་བླང་བར་བྱའོ། །གཉིས་པ་གནད་ལྔ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གཉིས། ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ། མངོན་སུམ་རང་གནད་དུ་ཕབ་པའི་དོན་ངོ་སྤྲད་པའོ། །དེའང་གདམས་པ་འདི་ནི་སྔར་ལས་ཁྱད་པར་བདུན་ལྡན་གྱིས་འཕགས་ཏེ། བདུན་གང་ཞེ་ན། སྣང་བ་འོད་ཀྱི་ཁྱད་པར། ཉམས་ལེན་ལག་ལེན་དུ་འདྲིལ་བའི་ཁྱད་པར། རང་གནད་མངོན་སུམ་དུ་གཟིར་བའི་ཁྱད་པར། ལུས་གནད་རྩའི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། རང་རིག་ཡུལ་གྱི་ཁྱད་པར། ཉམས་མྱོང་གོང་འཕེལ་གྱི་ཁྱད་པར་བདུན་གྱིས་འཕགས་པའོ། །ཁྱད་པར་དེ་ལྡན་གྱི་གདམས་པ་ཉིད་གནད་ལྔ་ལ་བརྟེན་ནས་ཉམས་སུ་བླང་བར་བྱ་སྟེ། དེའང་། ལུས། ངག །སེམས། སྒོ། ཡུལ་ལོ། །དང་པོ་ནི་བཞུགས་སྟངས་གསུམ་སྟེ། ཐོག་མར་ཆོས་སྐུ་སེང་གེའི་བཞུགས་སྟངས་ནི། རྐང་པའི་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བསྒྲད། །ལག་པའི་མཐི་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་


LT35_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཁུ་ཚུར་བཅངས་པ་རྟིང་པའི་རྩར་ས་ལ་བཙུགས་ལ་ལག་ཡུ་དྲང་པོར་བསྲང་། །རོ་སྟོད་གསེངས་ཏེ་དཔུང་པ་གྱེན་དུ་འཐེན། །མཇིང་པ་ཡིད་ཙམ་གྱེན་དུ་གཏོད། མིག་གཉིས་མིག་འབྲས་མི་བསྒུལ་ཞིང་རྫི་མ་མི་བརྡེབས་པར་ལྟ་སྟངས་ཀློད་ལ་སྨིན་ཕྲག་གི་ནམ་མཁའ་ལ་བལྟ། ལྕེ་ཅུང་ཟད་གྱེན་ལ་བསྒྲིལ་ལོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོ་ས་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། སྒལ་ཚིགས་དྲང་པོར་བསྲངས་ནས་ཐད་ཀའི་ནམ་མཁའ་ལ་ཟུར་མིག་ཧྲིལ་གྱིས་མགོ་གྱེན་དུ་དགྱེ་ཙམ་བྱས་ནས་བལྟ་བའོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་གི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་གཉིས་པུས་མོ་ལ་བསྐོར། རྒལ་ཚིགས་དྲང་པོར་བསྲངས་ཏེ། མིག་ཟིམ་བུར་བར་སྣང་ལ་གཏོད་དོ། །དེ་ལྟར་བྱས་པས་བཞུགས་སྟངས་དང་པོས་འབྱུང་བ་རང་སར་དག །གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་སྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ནས་མྱ་ངན་ལས་འདའ་བར་འགྱུར་རོ། །དེའང་རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང་ཐབས་ལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན་ནོ། །གཉིས་པ་ངག་གནད་ནི། སྨྲ་བརྗོད་ཅུང་ཟད་ཀྱང་མི་སྨྲ་བར་རླུང་ངལ་


LT35_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བར་བརྟེན་ཏེ་མཆུ་སོ་མ་རེག་ཙམ་བྱས་ལ་ཁ་ནས་བཏང་བ་དང་ཅུང་ཟད་ཕྱིར་འཛིན་པ་ལ་བསླབ་བོ། །གསུམ་པ་སེམས་གནད་ནི། ཁྲེགས་ཆོད་ཀྱི་ལྟ་བ་གཞིར་བྱས་ཏེ། །སྤྲིན་དང་ཁུ་རླངས་མེད་པའི་ནམ་མཁའ་སྟོང་སང་ངེ་བ་ལ་མིག་དང་ནམ་མཁའ་རིག་པ་གསུམ་སོ་སོར་མི་བལྟ་བར་དབྱེར་མེད་བྱས་པས་བལྟའོ། །བཞི་པ་སྒོའི་གནད་ལ་གསུམ། དང་པོ་ཆོས་སྐུའི་གཟིགས་སྟངས་ནི། མིག་གི་ཨ་འབྲས་གྱེན་ལ་ཟློག་པ་གཙུག་ཏོར་རྣམ་པར་ལྟ་བའི་ཚུལ་གྱིས་བལྟས་པས་དབྱིངས་རིག་གི་འཕེལ་ཆེ། གཉིས་པ་ལོངས་སྐུའི་གཟིགས་སྟངས་ཐད་ཀར་བལྟ་བ་མདའ་མཁན་སྨྱུག་མ་སྲོང་བ་ལྟ་བུས་ཡེ་ཤེས་ཀྱི་སྣང་བ་མཐོང་། གསུམ་པ་སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་འཐུར་དུ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུས་འོད་ཁྱིམ་གྱི་སྒྲོན་མ་མཐོང་ངོ་། །སྤྱིར་ཕྱིའི་ནམ་མཁའ་ལ་དབང་པོ་མདུད་ཚུགས་སུ་གཏད་དེ་བསྒོམས་པས་ཕྱིའི་དབྱིངས་མཐོང་། གཡས་གཡོན་ཟུར་མིག་དང་། ཡང་ན་ཟིམ་བུས་ཉི་མ་ལ་བལྟས་པས་ནང་གི་དབྱིངས་རིག་མཐོང་། དེ་ནས་དབང་པོ་བར་སྣང་ལ་འཁྲིད་ཅིང་བལྟས་པས་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །དེ་ལྟར་ལྟ་སྟངས་གསུམ་པོ་གང་རུང་གིས་བལྟ་བ་ལ་བསླབས་པས། མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་ནུས་པར་འགྱུར་རོ། །གཟིགས་སྟངས་གང་ལའང་ཧ་ཅང་རྩོལ་བས་བསྒྲིམས་ཤིང་བསྡམས་ན་རླུང་བཙན་ཐབས་སུ་གཅུན་པས་


LT35_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སུ་འགྱུར་བའི་ཕྱིར་དལ་བུས་བྱ་བ་གནད་ཡིན་ནོ། །ལྔ་པ་ཡུལ་གྱི་གནད་ནི། སྤྲིན་མེད་པའི་ནམ་མཁའ་དྭངས་པ་ལ་སྔ་དྲོ་ཁ་ནུབ་དང་ཕྱི་དྲོ་ཁ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་དུ་བལྟས་པས་འོད་གསལ་འཆར་སླ་བའི་དགོས་པ་ཡོད་དོ། །དེའང་ཐག་རིང་པོ་ལས་ཇེ་ཐུང་ངུ་འཁྲིད་པར་བསླབ་པ་ནི་གནད་དོ། །དེ་དག་ལས། ཐོག་མར་ལོངས་སྐུའི་བཞུགས་སྟངས་ཀྱིས་གཞི་བཅའ། སྤྲུལ་སྐུའི་བཞུགས་སྟངས་ཀྱིས་གནད་གཟིར་ལ་ལུས་གཅུན། དེ་ནས་ཆོས་སྐུའི་བཞུགས་སྟངས་ཀྱིས་རིག་པ་གཅུན་ལ་རྩལ་སྦྱང་བར་གསུངས། ཡང་ན་ཆོས་སྐུའི་བཞུགས་སྟངས་དང་གཟིགས་སྟངས་སྔ་དྲོ། ལོངས་སྐུ་ཉིན་གུང་། སྤྲུལ་སྐུ་ཕྱི་དྲོ་ལ་གཙོ་བོར་བྱ། དེའང་རྩ་བའི་འདུག་སྟངས་གསུམ་པོ་འབྱོངས་ནས་ཡན་ལག་གི་འདུག་སྟངས་བདུན་ལ་སླེབ་པའང་གསུངས་ཏེ། །སྟག་སྐྱུག་ཁྱུང་དང་སྐྱེས་བུ་དང་། །ཝ་དང་བྱ་རྒོད་གྱད་དང་དྲུག །ཆུ་སྲིན་འདུག་སྟངས་ལུས་གནད་བདུན། །ཞེས་པ་རྣམས་དང་། ཡང་ཟབ་ཆོས་ཉིད་ཀྱི་འཁོར་ལོ་ལས་གསུངས་པའི་འདུག་སྟངས་དང་ལྟ་སྟངས་རྩ་བ་ཡན་ལག་གཞན་རྣམས་དགོས་ཤིང་སྐབས་སུ་བབས་ན་དེ་ཉིད་དུ་ཤེས་པར་བྱའོ། །དེའང་རེ་ཞིག་སྐུ་གསུམ་གྱི་བཞུགས་སྟངས་དང་གཟིགས་སྟངས་ལ་


LT35_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིལ་ན་ལེགས་པར་མ་ཟད། ལས་དང་པོ་པས་ཆོས་སྐུ་སེང་གེའི་འདུག་སྟངས་ཁོ་ན་ལ་གཙོར་འདོན་བྱས་པ་ཉིད་ལེགས་པར་འགྱུར་གསུངས། ཡང་ཏིག་གི་ཉམས་ལེན་གནད་སྒྲོན་ཏུ། བཞུགས་སྟངས་གསུམ་ལས་གཙོ་བོར་དྲང་སྲོང་ཙོག་པུ་བྱ་ཞིང་། གཟིགས་སྟངས་གསུམ་ལས་ཐུར་དུ་ཅུང་ཟད་ཕབ་ལ་བལྟའོ། །གཞན་རྣམས་གྲོགས་ཙམ་དུ་བསླབ་བོ། །ཞེས་གསུངས་པ་ཉིད་ད་ལྟ་ལག་ལེན་བདེ་བས་ཕལ་ཆེར་བྱེད་པར་སྣང་ངོ་། །གནད་དེ་དག་ལ་བརྟེན་ནས་མངོན་སུམ་གྱི་ཡེ་ཤེས་ཉམས་སུ་བླང་བའི་ཚེ་རིག་པ་མི་གནས་པ་གནས་པར་བྱེད་པ་ལ་སོགས་པ་ཉམས་སུ་ལེན་པའི་གནད་དྲུག་ནི་གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོར་ཤེས་པར་བྱ་དགོས་ལ། མདོར་བསྡུ་ན་བཤད་མ་ཐག་པ་དེ་དག་ལ་དོན་ཚང་ངོ་། །སྐབས་འདིར་ཤེས་པར་བྱ་བ་ཉམས་ལེན་གནད་ཀྱི་སྒྲོན་མེ་ལས་འདི་ལྟར་གསུངས་ཏེ། ཉམས་སུ་ལེན་དུས་སུ་དཀར་ལང་ལང་ལས་ཐིག་ལེ་མ་མཐོང་ན་མིག་གཉིས་མཉམ་པར་ཐད་དྲང་དུ་བལྟའོ། །དབྱིངས་མ་མཐོང་ན་ཉི་མའི་དྲུང་ནས་ཟུར་ལ་བལྟས་ཏེ་ཁད་ཀྱིས་དྲང་ལ་བལྟ་བ་གནད་དོ། །དེ་ནས་དཀར་ཤས་ཆེ་ན་གཡས་སུ་བཟློག་པ་དང་། སེར་ཤས་ཆེ་ན་གྱེན་ལ་བཟློག་པ་དང་། ལྗང་ཤས་ཆེ་ན་གཡོན་དུ་བཟློག་པ་དང་། དམར་ཤས་ཆེ་ན་ཐུར་དུ་དབབ་པ་དང་། མཐིང་ཤས་ཆེ་ན་དབུས་སུ་དྲིལ་བ་དང་། ལྔ་ལྡན་སྙོམས་པར་གསལ་ན་


LT35_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་སྟངས་གང་ཡིན་ལས་མི་འགྱུར་བ་གནད་ཡིན་ནོ། །འདིའི་དུས་སུ་ཆོས་སྐུའི་རྟེན་ཉི་མ་ལ་བསླབ་པ་ཡང་། ཉིན་མོ་ཉི་མ་ལས་གྲུ་གང་གི་འོག་གམ། གཡོན་དུ་ནམ་མཁའ་ལ་མིག་འབྲས་ཅུང་ཟད་བཟློག་ལ་བལྟས་པས། དབྱིངས་འོད་ལྔའི་དབུས་སུ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པ་མཐོང་དུས། ལོངས་སྐུའི་གཟིགས་སྟངས་ཀྱིས་ཉི་མ་ལས་ཇེ་རིང་དུ་ཟུར་ལ་ཁྲིད་ལ་ཡས་མན་ནམ་ཕན་ཚུན་གྱི་ཐད་དྲང་དུ་བཞག་པའམ། སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཐུར་དུ་ཁྲིད་ལ་སེམས་མ་ཡེངས། མིག་མི་འགུལ། ངག་མི་སྨྲ། བཞུགས་སྟངས་མི་གཡོ་བར་གནས་པས། དབྱིངས་འོད་ལྔ་དང་རིག་པ་ལུ་གུ་རྒྱུད་ཐིག་ལེ་དང་བཅས་པའི་སྣང་བ་གོང་དུ་མཆེད་པར་འགྱུར་རོ། །མཚན་མོ་ལོངས་སྐུའི་རྟེན་ཟླ་བ་ལ་བསླབ་པ་ཡང་ཚུལ་དེ་དང་འདབ་ལས། ཁྱད་པར་དུ་མིག་ཟླ་བའི་དཀྱིལ་དུ་གཏད་ནས་སེམས་མ་ཡེངས་པར་བཟུང་བས་སྣང་བ་མཆེད་པ་དང་། ཉིན་མོ་མིག་གི་ཚ་བ་འཕེལ་ནས་ཅུང་ཟད་མི་གསལ་བགྲང་བས་སྙོམས་ཏེ་གསལ་བར་བྱེད་པས་རབ་ཏུ་ཟབ་བོ། །སྤྲུལ་སྐུའི་རྟེན་སྒྲོན་མེ་ལ་བསླབ་པ་ཡང་དེ་དང་མཚུངས་པ་ལས། མར་མེའི་དཀྱིལ་ནས་གཞན་དུ་ཁྲིད་ལ་བསྒོམ་པ་གནད་ཡིན་ནོ། །དེ་ཡང་ཉིན་མོ་མེ་ཤེལ་ལ་བསླབ་པས་འོད་སྣང་གོང་དུ་མཆེད་པ་དང་། ཉིན་དུས་ཀྱི་འཁྲུལ་སྣང་འགགས་པས་མྱ་ངན་ལས་འདས་པའི་རང་ས་ཟིན་པར་བྱེད་


LT35_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མཚན་མོ་ཟླ་བ་སྟེ་ཆུ་ཤལ་དྲི་མ་མེད་པ་དང་འོད་གསལ་སྒྲོན་མེ་ལ་བསླབས་པས་ལྔ་ལྡན་འོད་དུ་སྣང་བས་མཚན་མོའི་འཁྲུལ་པ་འཁོར་བའི་ཆ་གཟུགས་སྐུ་གཉིས་སུ་དག་པ་གདོད་མར་གྲོལ་བའི་དགོས་པ་ཡོད་དོ། །དེ་ཡང་སྔ་དྲོ་ཕལ་ཆེར་ཤར་ཕྱོགས་སུ་འོད་དཀར་པོ་མ་བྱུང་གི་བར་དུ་གཏད་ལ། དེ་ནས་སྣང་བ་དེ་ལྷོར་ཁྲིད་ནས་དར་ཅིག་བཞག་ཅིང་ཕར་ཕར་ཁྲིད་ནས་ནུབ་ཏུ་འོད་ལྔའི་སྣང་བ་འཁྲིགས་པ་ལ་གཏད་ཅིང་། ཕྱི་འཕྲེད་ནུབ་ཏུ་གཏད་དུས་ཟ་འོག་རིས་སུ་སྣང་བ་དེ་བྱང་དུ་ཁྲིད་ལ་བསླབ་བོ། །ཅུང་ཟད་ཙམ་ལས་ཁྲིད་མི་ནུས་པར་ཡལ་ན་རྟེན་དང་མ་རེག་ཙམ་དུ་ཡུན་རིང་བར་བསླབ་ལ་ཇེ་རིང་དུ་ཁྲིད་ཅིང་། འོད་སྣང་གི་ནང་དུ་ལུ་གུ་རྒྱུད་གནས་པ་ལ་བལྟ་བ་གནད་དམ་པའོ། །ཞེས་གསུངས་ཏེ་ཤར་ལྷོ་སྤོ་བའི་ཚུལ་འདི་གཙོ་བོར་ཁྲ་ཁང་ལ་བརྟེན་དགོས་པ་ཡིན་ནོ། །གཉིས་པ་མངོན་སུམ་རང་གནད་དུ་ཕབ་པའི་དོན་ངོ་སྤྲད་པ་ནི། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་དང་བྲལ་བ་རྒྱང་ཞགས་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དྭངས་ཤིང་མཐོ་ལ་དབེན་པར། སེམས་དབང་པོའི་ཡུལ་ལ་གཏད་ལ་རེ་དོགས་ཀྱིས་བཅོས་བསླད་མི་བྱ་བར་རང་བབས་སུ་ཀློད་ལ་བླ་མས་བརྡ་སྤྲད་པ་ནི། རང་རང་གི་མདུན་གྱི་ནམ་མཁར་ཐིག་ལེ་འོད་ལྔའི་གུར་ཁྱིམ་འཇའ་རིས་མུ་ཁྱུད་ཅན་ལྔ་ཚོམ་དུ་གནས་པའི་དབུས་མ་ལ་བླ་མ་ཀུན་བཟང་ཡབ་ཡུམ་རྣམ་པར་སྣང་མཛད་ཀྱི་ངོ་བོ། ཕྱོགས་བཞིའི་


LT35_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེར་རྒྱལ་བ་རིགས་བཞི་ཡབ་ཡུམ་ཁ་སྦྱོར་གྱི་སྐུར་གསལ་བར་མོས་ལ་གདུང་ཤུགས་དྲག་པོས་གསོལ་བ་ཐོབ་ཅིག །ཅེས་ཕུར་ཚུགས་གསོལ་འདེབས་གང་འོས་བྱ། མཐར་དེ་ཐམས་ཅད་རང་གི་སྙིང་གར་ཐིམ། མི་ཤིགས་དྲངས་མ་ཆེན་པོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་རང་རིག་འོད་གསལ་བ་དང་དབྱེར་མེད་དུ་བསྲེས་ལ་མཉམ་པར་བཞག་པའི་ངང་ནས་རྫོགས་ཆེན་ཡིག་དྲུག་ཅི་ནུས་སུ་བརྗོད། དེ་ནས་བཞུགས་སྟངས་གཟིགས་སྟངས་གང་རུང་དང་བསྟུན་སྣང་བའི་འཆར་ཆ་མཚོན་པར་བྱས་ལ། འོ་མདོ་སྔགས་ཀྱི་ཆོས་གཞན་ལས་བདེ་གཤེགས་སྙིང་པོ་དང་རྒྱུའི་རྒྱུད་སོགས་སུ་བཤད་ཅིང་ཡིད་བྱེད་ཀྱི་ཚུལ་དུ་སྒོམ་པ་དེ་ཉིད། འདིར་གཞི་གནས་ཀྱི་རིག་པ་ངོ་བོ་ཀ་དག་གི་ཡེ་ཤེས་གསུམ་ལྡན། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་སྟོང་གསལ་ལ་མཐའ་བྲལ་འགག་མེད་ཚིག་དང་བློའི་སྤྱོད་ཡུལ་ལས་འདས་པའི་མན་ངག་ཟབ་མོས་མངོན་སུམ་དུ་ངོ་སྤྲོད་པའི་ཚུལ་སྐལ་ལྡན་དབང་པོ་ཡང་རབ་ལས་ཅན་རྣམས་ལ་ཚིག་གསུམ་གྱི་སྒོ་ནས་གདམས་པ་ནི། གནས་དབེན་པར་སོང་ལ་ལུས་གནད་འདི་ལྟར་གྱིས། ཡུལ་ནམ་མཁའ་སྤྲིན་བྲལ་ལ། རིག་པ་འདི་ལྟར་ལྟོས་ཤིག །ཅེས་པའི་དོན་ཏེ། དེ་ལྟར་ཉམས་སུ་བླངས་པས་ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་གོ་འབྱེད་བྱས་ནས། ནང་གི་དབྱིངས་རྣམ་པར་དག་


LT35_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲོན་མ་ཞེས་བྱ་བ་བདག་པོའི་བྱད་དང་འདྲ་བ་དེ་ཉིད། ཐོག་མར་མཐིང་ཁ་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚོན་ནམ་རྨ་བྱའི་མདོངས་ལྟར་བཀྲ་བར་འཆར་ཏེ། སྒྲོན་མ་འབར་བ་ལས། ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་བར་འགྱུར། །ཞེས་སོ། །དེའི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཀོ་མོག་གི་ཆུ་ལ་རྡོ་བསྐྱུར་བའམ་ཕུབ་ཀྱི་སྦ་སྐོར་ལྟ་བུ་ཐོག་མར་འལ་འོལ་ཙམ་དང་། དེ་ནས་དམར་ཟླུམ་གསལ་དྭངས་ཅན་འཆར་ལ། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་ཉིད་འཆར་ཏེ། ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང་། གསེར་སྐུད་དང་མུ་ཏིག་གི་ཕྲེང་བ་དང་། ལྕགས་ཚགས་དང་། མེ་ཏོག་གི་ཆུན་པོ་དང་། མེ་ཏོག་གི་དྲྭ་བ་རང་སར་གནས་པ་ལྟ་བུ་ཐོག་མར་འལ་འོལ་མི་གསལ་བ་འགུལ་འཕྲིགས་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་སྟེ་ཆེར་རེ་གཏད་ནས་ཡིན་མིན་གྱི་རྟོག་དཔྱོད་ཀྱིས་མ་བསླད་པར་ལྟ་མཁན་གྱི་རིག་པ་དེ་དང་། རིག་པ་རང་གི་ངོ་བོ་ལ་ལྟ་ཤེས་ཙམ་ལས་མི་གཡོ་བར་བསྒོམས་པས་ཇེ་བརྟན་ཇེ་གསལ་ཏུ་འགྱུར་ཏེ། ཐལ་འགྱུར་ལས། །རང་གི་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་ཏེ་མཁའ་ལའོ། །ཞེས་སོགས་གསུངས་པས་སོ། །དེའང་བློས་བྱས་ཀྱིས་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་རང་ངོ་ལ་བལྟས་


LT35_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཕྱིའི་སྣང་བ་མ་འགགས་ཤིང་ནང་གི་འཛིན་པས་མ་བསླད་པ། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་དབྱེར་མེད་འདྲེས་ནས་འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་བྲལ་ཏེ་གསལ་འགྲིབ་མེད་པར་འཆར་ཞིང་། འོད་གསལ་གྱི་སྣང་བ་དེ་མི་གསལ་བའམ་གཡས་གཡོན་སྟེང་འོག་ཏུ་ཡལ་ཡོལ་བྱེད་ན་དེའི་སྟེང་དུ་མིག་དང་སེམས་ཅར་ཕོག་ཏུ་མི་འབྲང་བར་ལྟ་སྟངས་ཀྱིས་ཁྲིད་ལ་སྔར་བཞིན་ཤར་བ་ལ་སེམས་ཧ་ཅང་མ་བསྒྲིམས་པར་གཏོད་ཅིང་། །དེ་ལྟར་ཉམས་སུ་བླངས་པས་ཉམས་མྱོང་རིག་ཐོག་ཏུ་ཕེབས་ཏེ་རིག་པའི་ངོ་བོ་ལུ་གུ་རྒྱུད་ཀྱི་རང་ཞལ་མངོན་སུམ་དུ་མཇལ་བས་ཀུན་ཏུ་བཟང་པོ་དང་སྐལ་པ་མཉམ་པར་གསུངས་པ་ཡིན་ནོ། །དེ་ལྟར་ཡང་འདས་རྗེས་ལས། །མངོན་སུམ་གནད་འདི་སུས་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་དང་། གསང་བ་སྤྱོད་རྒྱུད་ལས། །དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །མཉམ་པར་བཞག་ཅིང་འབྲལ་མི་བྱ། །དེ་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་པ་དག་ནི་མཉམ་པའོ། །ཞེས་གསུངས་པའི་དོན་ལགས་པས་ངེས་ཤེས་སྐྱེད་ཅིང་ཉམས་ལེན་ལ་བརྩོན་པས་སྣང་བ་བཞི་གོང་དུ་འཕེལ་བར་འགྱུར་རོ། །ཞེས་ངོ་སྤྲད། འདིར་སྒོམ་ཁྲིད་ཆེན་མོ་


LT35_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །དེ་ལྟར་ཉམས་སུ་བླང་བར་བསྟན་ནས། དེའི་དོན་ལ་ཡིད་ཆེས་པར་བྱ་བའི་ཕྱིར་རིག་པའི་རྒྱབ་རྟེན་གྱི་མན་ངག་གིས་གཏན་ལ་ཕབ་ནས། ཞེས་སོགས་གསུངས་པ་ལྟར་ཟངས་ཡིག་ཅན་རང་གི་རིག་པའི་རྒྱབ་བརྟེན་ནས་བཤད་པ་དང་། གཞན་ཡང་དུང་ཡིག་ཅན་སོགས་ནས་ཇི་སྐད་གསུངས་པ་ལྟར། དབྱིངས་རིག་འཆར་བའི་རྒྱུ་རྐྱེན། འཁྲུལ་མ་འཁྲུལ་གྱི་དོན། དེ་ཉམས་ལེན་དུ་འགྲོ་བའི་རྒྱུ་མཚན། འབྲས་བུ་སྐུ་གསུམ་གྱི་རྣམ་བཞག་བསྟན་པ་རྣམས་ཀྱིས་དབྱིངས་རིག་ཇི་ལྟར་མཐོང་བ་དེའི་རྒྱུ་མཚན་གོ་དོན་རྣམས་ལེགས་པར་བཤད་དེ་ངེས་ཤེས་བསྐྱེད་པར་བྱའོ། །འདིར་སྤྲོ་ཞིང་ནུས་ན་ཡང་ཏིག་གི་དཔེ་དོན་གསལ་བྱེད་སྒྲོན་མེའི་ངོ་སྤྲོད་ཀྱི་རིམ་པ་བརྒྱད་པོ་བྱའོ། །གསུམ་པ་སྣང་བ་བཞིའི་འཆར་ཚུལ་བསྟན་པ་ལ་བཞི། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་བྱ་བ་བཏང་ནས་རྩེ་གཅིག་ཏུ་ཉམས་སུ་བླངས་ཏེ། ཐོག་མར་རྡོ་རྗེ་ལུ་གུ་རྒྱུད་ལ་མི་འགྱུར་བར་བལྟས་པས་དབྱིངས་སྣང་རྣམ་དག་གི་སྒྲོན་མ་འཇའ་འོད་ཀྱི་ནང་དུ་ཐིག་ལེ་སྟོང་སྒྲོན་མུ་ཁྱུད་ཅན་གྱི་ཐིག་ལེ་དམར་སེར་མཐེབ་ལོང་ཙམ་པ་སོགས་ཉིས་སྦྲེལ་སུམ་སྦྲེལ་གྱི་བར་ཚུན་ཆད་མཐོང་བ་སྟེ། དེ་ཡང་རེས་སྣང་རེས་མི་སྣང་བའོ། །འདིར་རྡོ་རྗེ་ལུ་གུ་རྒྱུད་འཕར་གཡོ་བྱེད་པའི་རྣམ་པ་དེ་ཉིད་ཨར་ལ་གཏད་པའམ་བཙོན་ཏུ་འཛིན་པར་བྱས་ཏེ། དེའི་མན་ངག་ནི། སྨིན་མཚམས་


LT35_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་གི་སྒྲོན་མ་ཡི་གེ་ན་རོ་འདྲ་བ། ཁ་དོག་འཇའ་ཚོན་ལྟ་བུ་ལ་རིག་པ་མ་ཡེངས་པར་དེ་ལ་བཅུག་སྟེ་ལྟ་བ་ནི་འཛིན་པར་བྱེད་པའི་ལྕགས་ཀྱུ་ཞེས་བྱ་བ་མཆོག་ཏུ་ཟབ་པའི་མན་ངག་ཡིན་གསུངས་སོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། འོད་ལྔ་ཐིག་ལེ་དང་བཅས་པ་རྟག་ཏུ་སྣང་ཞིང་འོད་ལྔའི་སྣང་བ་ཟ་འོག་གི་གུར་ཁྱིམ་ལྟ་བུ་དང་རྩིབས་ཤར་གྱེན་འགྲེ་སོགས་སྨིན་མཚམས་ཀྱི་སོར་བཞི་ལས་བྲལ་སྟེ་ནམ་མཁར་འཐོན་ནས་མཐོང་བའི་ཡུལ་ཙམ་དུ་དབྱིངས་སྣང་ཟླུམ་ཁྲིགས་ཀྱི་ནང་དུ་པད་འདབ་བཞི་བཞིས་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་དོ། །གསུམ་པ་རིག་པ་ཚད་ཕེབ་ནི། འོད་ལྔའི་སྣང་བས་ཁེངས་ཕའི་དབུས་ན་མུ་ཁྱུད་ལྔ་ལྡན་གྱི་ཐིག་ལེའི་ནང་དུ་དང་པོར་ལྷའི་གཙུག་ཏོར་སོགས་ནས་རིམ་པར་ཕྱེད་སྐུ་དང་། སྐུ་རྐྱང་སྐུ་ལྔ་ཚོམ་སོགས་གྲངས་མེད་ཞིང་ཁམས་ཐམས་ཅད་གང་བའི་བར་འཆར་བའོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་སྣང་བ། ནང་སྒྱུ་ལུས། གསང་བ་རླུང་སེམས། ཉམས་སྣང་གི་འཕེལ་བ་དང་བཅས་པ་ཐམས་ཅད་ཟད་པ་སྟེ། ལུས་འོད་སྐུར། ངག་གཞོམ་མེད་རང་སྒྲར། །གཟུང་འཛིན་གྱི་བློ་ཆོས་སྐུར་གྲོལ་བའོ། །འདི་དག་གི་དོན་རྒྱས་པ་ནི་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གསུང་རབ་རྣམས་ལས་ཤེས་པར་བྱའོ། །བཞི་པ་མཐའ་རྟེན་གྱི་མན་ངག་བཤད་པ་ལ་བཞི། མི་འགུལ་བ་


LT35_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་གཞི་བཅའ་བ། །སྡོད་པ་གསུམ་གྱིས་ཚད་གཟུང་བ། །ཐོབ་པ་གསུམ་གྱིས་གཟེར་གདབ་པ། །གདེང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི་ཉམས་སུ་ལེན་པའི་དུས་སུ། ལུས་མི་འགུལ་བ་བཞུགས་སྟངས་གསུམ་ལས་མི་འདའ་བར་བྱས་པས། རྩ་རླུང་ཐད་སོར་གནས་པས་རྟོག་པ་རང་འགགས་པའོ། །མིག་མི་འགུལ་བར་གཟིགས་སྟངས་གསུམ་དང་མི་འབྲལ་བར་བྱས་པས། མངོན་སུམ་ཡུལ་ལ་གསལ་བས་ཡིད་དཔྱོད་ཚིག་གི་སྒྲོ་འདོགས་དང་བྲལ་བའོ། །རླུང་རིག་མི་འགུལ་བ་དལ་བར་བརྟེན་པས་ཆོས་ཉིད་རང་ངོར་གནས་ཏེ་མ་བུ་དབྱེར་མེད་དུ་འདྲེས་ནས། གདོད་མའི་དབྱིངས་སུ་གནས་པའི་དགོས་པ་ཡོད་དོ། །དེའི་ཚེ་སྒྲོན་མ་བཞིའི་དོན་ལ་སྤྱོད་པ་ནི། སྙིང་དབུས་འོད་རྩའི་ནང་ན་ཡེ་ཤེས་ཆེན་པོ་གནས་པ་ཡང་། ངོ་བོ་སྟོང་པ་དང་ཐུགས་རྗེ་རིག་པ་གཉིས་སུ་མེད་པ་ནི་ཤེས་རབ་རང་བྱུང་གི་སྒྲོན་མ་ཡིན་ལ། རང་བཞིན་གསལ་བ་འཇའ་འོད་ཀྱི་ཁང་པ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་། དེའི་དབུས་ན་ལྔ་ལྡན་འོད་ཀྱི་ཚོམ་བུ་རིགས་ལྔ་སྐུ་ཡི་ཆ་ཅན་ནི་ཐིག་ལེ་སྟོང་པའི་སྒྲོན་མ་སྟེ། རྨ་བྱའི་མདོངས་ལྟ་བུའོ། །ནང་གི་གདངས་ཕྱིར་ཤར་དུས་མིག་རྒྱང་ཞགས་ཆུའི་སྒྲོན་མའི་ཨ་འབྲས་ཀྱི་འོད་གདངས་དམར་སེར་ཕྱིར་སྣང་བ་ལ་ཐིག་ལེ་སྟོང་པའི་སྒྲོན་མར་བཏགས་པ་ནི་གདངས་ཀྱི་ཐིག་ལེ་སྟོང་སྒྲོན་


LT35_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། ནམ་མཁར་སྣང་བའི་འོད་སྣང་ལ་དབྱིངས་རྣམ་དག་གི་སྒྲོན་མར་བཏགས་པ་ཡང་གདངས་ཀྱི་དབྱིངས་རྣམ་དག་གི་སྒྲོན་མའོ། །དེ་བཞིན་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བཏགས་ཀྱང་རིག་པའི་གདངས་རྡོ་རྗེ་ལུ་གུ་རྒྱུད་དོ། །དེ་ལྟར་འོད་ནང་དུ་ལུ་གུ་རྒྱུད་གནས་པ་ལ་གཏད་ནས་མ་ཡེངས་པར་ཕྱིར་བསྒོམས་པས། ནང་དུ་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཤར་བ་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱའོ། །དེ་ལྟར་བཏགས་པ་ཡང་། གནད་དེས་ཡེ་ནས་ཡོད་ཐོག་ཏུ་དུས་དེར་ཕེབས་པ་ལ་བཏགས་ཀྱིས་སྔར་མེད་གསང་བྱུང་གི་ཤེས་རབ་རང་བྱུང་གི་སྒྲོན་མ་ནི་མ་ཡིན་ནོ། །གཉིས་པ་སྡོད་པ་གསུམ་ནི། དེ་ལྟར་བྱས་པས། ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་དང་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད་པའོ། །འདིའི་སྐབས་སུ་ཚད་རྨི་ལམ་གྱིས་གཟུང་བ་དང་། རྟགས་ལུས་ངག་ལ་འཆར་བ་གཉིས་ལས། དང་པོ་ནི། །བརྩོན་འགྲུས་རབ་རྨི་ལམ་གཏན་ནས་འགགས། །འབྲིང་གིས་རྨི་ལམ་ལ་རྨི་ལམ་དུ་ཤེས། །ཐ་མས་རྨི་ལམ་ངན་པ་མེད་པར་བཟང་པོ་ཤ་སྟག་ཏུ་འགྱུར་བ་ཡིན་ནོ། །གཉིས་པ་ལ་བཞི་ལས། །ཆོས་ཉིད་མངོན་སུམ་གྱི་དུས་ན། ལུས་རུ་སྦལ་འཁར་གཞོང་དུ་བཅུག་པ་ལྟར་འདུག་སྟངས་ལས་འབྲས་མི་ཕོད་པ་


LT35_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ངག་ལྐུགས་པ་ལྟར་བརྗོད་དུ་མེད་པ་དང་། སེམས་མཁའ་འགྲོ་སྙིལ་ཟིན་པ་ལྟར་རྣམ་རྟོག་འཕྲོ་བ་ལྟར་སྣང་ཡང་གཞི་ལས་མ་གསོས་པའོ། །ཉམས་གོང་འཕེལ་གྱི་དུས་ན། ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་རྒྱན་དང་བྱི་དོར་མེད་པ། ངག་སྨྱོན་པ་ལྟར་ཟད་ཐལ་རྗེས་མེད་པ། སེམས་དུག་ནད་ཀྱིས་ཟིན་པ་ལྟར་རྟོག་པའི་འཕྲོ་འདུ་ཆད་པའོ། །རིག་པ་ཚད་ཕེབས་ཀྱི་དུས་ན། ལུས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟར་སྐད་ཅིག་གིས་རི་བྲག་ལ་ཐོགས་མེད་དུ་འགྲོ་བ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་སྙན་ཞིང་ཡིད་དུ་འོང་བ། སེམས་སྙིང་ལ་མདས་ཟིན་པ་ལྟར་དྲན་བསམ་གྱི་འཕྲོ་འདུ་ཆད་པའོ། །ཆོས་ཉིད་ཟད་པའི་དུས་ན། །ལུས་དུར་ཁྲོད་ཀྱི་རོ་ལྟར་དགག་སྒྲུབ་ཀྱི་འཁྲུལ་པ་མེད་པའོ། །ངག་བྲག་ཆ་ལྟར་གཞན་གྱི་རྗེས་སུ་ཟློས་པ། སེམས་རིམས་ནད་བྱང་བའི་སྐྱེས་བུ་ལྟར་དྲན་བསམ་དབྱིངས་སུ་དག་ནས་རིག་པ་རང་གསལ་དུ་གནས་པའོ། །གསུམ་པ་ཐོབ་པ་གསུམ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་དབྱིངས་རིག་ལ་དབང་ཐོབ་པས་འཁྲུལ་རྟོག་རང་འགགས་པའོ། །བཞི་པ་གདིང་བཞི་ནི། ཡར་སངས་རྒྱས་ལ་ཐོབ་ཏུ་རེ་བ་མེད་པ་དང་། །མ་ཐོབ་ཀྱིས་དོགས་པ་མེད། མར་འཁོར་བར་མི་སྐྱེ་བའི་རབ་དང་། སྐྱེས་ཀྱིས་


LT35_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པ་མེད་པའོ། །དེ་དག་གིས་རིག་པ་གཏན་ལ་དབབ་པ་ལམ་ཐོད་རྒལ་སྙིང་པོའི་དོན་མངོན་སུམ་ལམ་དུ་བྱེད་པའི་ཁྲིད་བསྟན་ཟིན་ཏོ། །གསུམ་པ་རྗེས་གནད་བཞི་ཆོས་ཉིད་ཀྱི་འཁོར་ལོས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་ཚུལ་ལ་གཉིས། དངོས་དང་། འཕྲོས་དོན་ནོ། །དང་པོ་ལ་གཉིས། །ཉིན་མོ་སྣང་བ་རྒྱས་གདབ་པ་དང་། །མཚན་མོ་ཡེ་ཤེས་གནད་དུ་བསྣུན་པའོ། །དང་པོ་ནི། ཡང་ཟབ་ཡེ་ཤེས་འཁོར་ལོ་ལྟར་གཞི་ལམ་འབྲས་བུ་གསུམ་ལ་དམ་ཚིག་ཆེན་པོ་བཅུ་གསུམ་གྱིས་བསྲུང་བའི་ཚུལ་ཉིད་འདིར་ལེན་དགོས་ལ། མདོར་བསྡུས་པ་ནི། ཕྱི་སྣང་བ། ནང་རིག་པ། མདོར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་གང་ལའང་འཛིན་ཞེན་གྱི་བློའི་དྲི་མས་མ་བསླད། ཉམས་ཀྱི་ཞེན་པས་མ་བཅིངས་པར་གང་ལྟར་སྣང་ཡང་རྨི་ལམ་སྒྱུ་མའི་རོལ་པ་ལྟ་བུའོ་སྙམ་པའི་བློས་སྦྱང་། རྨི་ལམ་སྒྱུ་མ་ལྟ་བུར་ཤར་བའི་སྟོང་ཆའི་བློ་དེ་ཡང་ཡོད་མེད། ཡིན་མིན། ཕྱོགས་རིས། བཟང་ངན། བླང་དོར་ལས་འདས་པའི་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་བསལ་བཞག་མེད་པར་འཇོག་གོ། །རྗེས་ཐོབ་ཀྱི་གནས་སྐབས་རྣམས་སུའང་ཤེས་པ་རྒྱ་ཡན་དུ་མ་ཤོར་བར་དྲན་འཛིན་གྱིས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ། མིག་ཡོར། ཆུ་ཟླ། སྤྲུལ་པ། དྲི་ཟའི་གྲོང་ཁྱེར་ཙམ་དུ་ངེས་པར་འདུག་ཨང་། སྐད་ཅིག་


LT35_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་དུ་རྩལ་སྦྱང་། དེ་བཞིན་དུ་ཆགས་སྡང་དགག་སྒྲུབ། རེ་དོགས་སོགས་གཉིས་འཛིན་ཐམས་ཅད་གཉིས་མེད་ཡེ་གྲོལ་གྱི་དགོངས་པ་ཟང་ཐལ་རྗེན་པར་སྐྱོང་བ་ལ་བསླབ་པར་བྱའོ། །གཉིས་པ་ལ་གསུམ། །སྲོད་ལ་དབང་པོ་གནས་སུ་བསྡུ་བ། །ནམ་གུང་ཤེས་པ་བུམ་པར་འཇུག་པ། །ཐོ་རངས་རིག་པ་རང་གསལ་གཏོད་པའོ། །དང་པོ་ནི། མི་ཚེའི་ཕྱེད་གཉིད་ལོག་པ་ཡིན་པས་གཉིད་དགེ་བར་བསྒྱུར་བའི་ཕྱིར་འདི་ལྟར་ཉམས་སུ་བླང་བར་བྱ་སྟེ། སྤྲུལ་སྐུ་དྲང་སྲོང་ཙོག་པུའི་ལུས་གནད་བཅས་ལ། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བའམ། ཡང་ན་ཁ་དོག་དམར་སྐྱ་དྭངས་གསལ་སྦུབས་སྟོང་མདའ་སྨྱུག་ཙམ་སྤྱི་བོ་ནས་གསང་གནས་ཀྱི་བར་དྲང་ཐལ་ལེར་གནས་པའི་ལྟེ་བར་པདྨ་དམར་པོ་འདབ་མ་བཞི་པའི་དབུས་སུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་སོལ་མེ་ངར་མ་ལ་ཕུས་བཏབ་པ་ལྟ་བུ། དབུ་མའི་ཡས་སྣར་ཧཾ་དཀར་པོ་མགོ་ཐུར་དུ་བལྟ་བ་སྣུམ་ལ་འདྲིལ་བ་བདེ་བའི་རང་བཞིན་འཛག་ལ་ཁད་པ་བསྒོམ། བདེ་དྲོད་ཀྱི་གཞི་བཅའ་བའི་དམིགས་པ་ལ་སེམས་དུ་མ་གཅིག་བཟུང་ངོ། །དེ་ནས་རླུང་རོ་ལན་གསུམ་སང་གིས་བསལ། སྟེང་རླུང་དལ་གྱིས་རྔུབས། འོག་རླུང་གྱེན་དུ་འཐེན་པས་ལྟེ་བའི་ཨ་ལས་མེ་དམར་ཁྱུག་གེ་འབར། སྤྱི་བོའི་ཧཾ་ལ་རེག །ཧཾ་ལས་བྱང་


LT35_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བདེ་བའི་རྒྱུན་ནར་ནར་བབས་པས་མེའི་གསོས་བྱས། མེ་ཆེར་འབར་བས་ལས་དང་བག་ཆགས་བསྲེགས། ཟླ་བ་བདུད་རྩིར་ཞུ་བའི་དྭངས་མས་དབུ་མ་དང་ལུས་ཀྱི་རྩ་ཁམས་ཐམས་ཅད་གང་། བདེ་དྲོད་ཀྱི་ཡེ་ཤེས་ཁྱད་པར་བ་སྐྱེས་པ་ལ་སེམས་བཟུང་སྟེ་བུམ་ཅན་ཅི་ནུས་བཟུང་། བུམ་ཅན་གྱིས་ངལ་ན་སྔར་གྱི་དམིགས་པ་དེ་རླུང་རང་བབས་ཀྱི་ངང་ནས་ཅི་ནུས་སུ་བསྒོམ་མོ། །གཉིས་པ་ནི། ལོངས་སྐུའི་འདུག་སྟངས་སམ་གཞོག་གཡས་ཕབ་པར་གསུངས་ཀྱང་། ཕྱག་ལེན་ཏུ། དྲང་སྲོང་ཙོག་པུའི་སྟབས་ཀྱིས་ཉལ་བར་བཞེད་ལ། གང་ལྟར་ལུས་ཀྱི་དབུས་སུ་དབུ་མ་སྔར་ལྟར་གསལ་བཏག་ཁྱད་པར་དུ་སྙིང་གར་པདྨ་དམར་པོ་འདབ་མ་བཞི་པ་ཁ་ཅུང་ཟད་བྱེ་བའི་དབུས་སུ་ཨ་ཡིག་དཀར་པོ་འོད་འབར་བ་ཞིག་བསྒོམས་ལ་སེམས་དར་གཅིག་བཟུང་རྗེས་སྤྱི་བོར་ཡང་ཨ་དཀར་པོ་ཞིག་བསྒོམ། དེ་ནས་ཨ་གཉིས་ཀྱི་བར་དུ་ཨ་དཀར་པོ་ཤིན་ཏུ་ཕྲ་བ་ཉེར་གཅིག་ཕྲེང་བ་བརྒྱུས་པ་ལྟ་བུར་གནས་པར་བསམས་ལ་རླུང་བྱང་བར་ཡོད་ན་བུམ་ཅན་ཁ་སྦྱོར་དུ་བཟུང་ཞིང་། དེ་ལྟར་མིན་ན་འཇམ་རླུང་རང་བབས་ཀྱི་ངང་ནས་གསལ་སྟོང་གི་ཡེ་ཤེས་ས་ལེ་བའི་ངང་དུ་ཅི་ནུས་བསྒོམ། གཉིད་དུ་འགྲོ་ཁར་ཨ་རྣམས་རིམ་གྱིས་སྙིང་གའི་ཨ་ལ་ཐིམ། དེ་ནས་སྤྱི་བོའི་ཨ་དེ་ཡང་སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ། སྙིང་གའི་པདྨ་ཁ་ཟུམ་པའི་ནང་དུ་ཨ་


LT35_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བུམ་ནང་གི་མར་མེ་ལྟར་གནས་པར་བསམས་ལ། རྨི་ལམ་འཛིན་པའི་འདུན་པ་བཅས་ཏེ་སེམས་ཧ་ཅང་མ་གྲིམས་ཧ་ཀྱང་མ་གློད་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། གལ་ཏེ་གཉིད་མ་བྱུང་ན་སྔར་གྱི་དམིགས་པ་དེ་ག་ཡང་ཡང་བསྐྱར། རྨི་ལམ་དང་གཉིད་ཀྱི་བར་རྣམ་རྟོག་གཞན་གྱིས་མ་ཆོད་པར་སློབ་པ་གལ་ཆེ། རྣམ་རྟོག་ཤར་ཡང་སྤང་བླང་བསུ་སྐྱེལ་དགག་སྒྲུབ་མི་བྱ་བར་ཨ་ཡིག་གི་སྟེང་དུ་སེམས་བསླན་ཏེ་བཞག །གཉིད་འཐུག་པོ་མིན་པའི་གཉིད་དང་རྨི་ལམ་གྱི་བར་དེར་མི་དང་ཁང་ཁྱིམ་སོགས་རྣམ་རྟོག་གི་སྣང་བར་རི་ཞིག་འབྱུང་བ་དེ་རྨི་ལམ་གྱི་རྒྱུ་ཡིན་པས་ན་མིག་མི་འབྱེད་པར་དེ་རྨི་ལམ་ཡིན་སྙམ་པའི་འདུན་པ་བཏང་བ་ལ་ཨ་དེའི་སྟེང་དུ་སེམས་བཟུང་ལ་བཞག་ཅིང་ངོས་ཟིན་པར་བྱས་པས་དཔེ་ཁབ་མིག་ཏུ་སྐུད་པ་ཚུད་པ་ལྟར་མུ་འབྱོར་ཞིང་ཟིན་སླ་བ་ཡིན། དེ་ལས་ཇི་ཞིག་ན་གཉིད་མཐུག་པོའི་སྐབས་ཀྱི་སྟོང་པའི་ཡེ་ཤེས་རྨི་ལམ་མེད་པར་གསལ་སྟོང་ནམ་མཁའ་ལྟ་བུ་ལྷག་གེར་འཆར་ན་དེའི་ཉམས་མ་ཤོར་བའི་ངང་ལས་ལྷ་སྐུ་སྒྱུ་མ་ལྟ་བུའི་སྐུར་ལངས་ཤིང་འཛིན་མེད་སྤྲོས་བྲལ་གྱི་ངང་དུ་འཇོག་གོ། །རྨིས་ན་རྨི་ལམ་དང་རྣམ་རྟོག་ཐམས་ཅད་སྙིང་ནང་གི་ཨ་ལ་བསྡུས་ཤིང་གོང་ལྟར་བསྒོམས་པས་འོད་གསལ་རང་བྱུང་གི་ཡེ་ཤེས་འཆར་རོ། །ཉིན་མོའང་རྨི་ལམ་གྱི་འདུན་ཤུགས་དང་སྣང་བ་ཞི་ཁྲོ་སོ་སོའི་སྐུ་སྤེལ་བསྒྱུར་བྱེད་པ་དང་། རེས་འཁོར་


LT35_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་སྣང་སྣ་ཚོགས་ལ་སྤེལ་བསྒྱུར་བྱ་བ་དང་། དག་པ་དང་། མ་དག་པའི་ཞིང་ཁམས་རྣམས་སུ་འགྲོ་ཞིང་གནས་ལུགས་བརྟག་པ་དང་། མི་ཆུ་གཡང་ས་དང་། གཅན་གཟན་སོགས་ཀྱིས་མཚོན་འཇིགས་སྐྲག་གི་སྣང་བ་དང་སྦྱར་ཏེ་འདུན་ཤུགས་དྲག་པོས་ཐོག་བརྫིས་ཀྱི་རྩལ་སྦྱངས་པས། རྨི་ལམ་གྱི་རྟེན་དེས་ཉིན་མོ་ཇི་ལྟར་སྦྱངས་པའི་དོན་རྣམས་མཚན་མོ་གང་འདོད་ཀྱི་སྤྲུལ་སྒྱུར་བྱེད་ནུས་ཤིང་། །དེ་ཡང་ཐོག་མར་འོལ་སྤྱི་ཙམ་དང་། དེ་ནས་ཇེ་བརྟན་ཇེ་གསལ་དུ་འགྱུར་བ་ཡིན་གསུངས། དེ་ཡང་གཉིད་དུ་སོང་ལ་ཉེ་འཁོར་གྱི་གཟུགས་མཐོང་། སྒྲ་ཐོས། དྲི་ཚོར། རོ་མྱོང་། རེག་བྱ་ཚོར། གཏམ་གྱི་དོན་རིག་ལ་རྟོག་པ་མི་སྐྱེ། །གཉིད་དུ་མ་སོང་བ་ཡང་མ་ཡིན་ཏེ། །དེ་ལས་སད་རྒྱུ་འབྱུང་བ་ཡིན། །དེ་ལྟར་བརྩོན་པ་ཆེན་པོས་ཡང་ཡང་བཟུང་ཀྱང་མ་ཟིན་ན་འབྱམས་པ་ཡིན་པས་འབྱམས་པ་བཞིའི་གཅོད་ཚུལ། འཛིན་པའི་དུས་གནད། སྲབ་མཐུག་འོད་གསལ་གྱི་དབྱེ་སྒོ་སོགས་ཁྲིད་རིམ་སྤྱི་དང་མཚུངས་པ་ཡིན་ནོ། །གསུམ་པ་ནི། ཐོ་རངས་ཀྱི་ཐུན་ལ་བབས་པ་ན། སེང་གེའི་འདུག་སྟངས་བཅས་ལ། །སྙིང་ནང་གི་ཨ་དེར་གསལ་སྣང་འདོན་བསྐྱོར་ཞིག་བྱས། མིག་བར་སྣང་ལ་གཏད་དེ་ཧ་ཞེས་གསུམ་བུས་པས་སྙིང་གའི་པདྨ་ཁ་བྱེ་བའི་ནང་ནས་ཨ་དེ་ཚངས་བུག་ཏུ་རྒྱངས་ཀྱིས་ཐོན། གཞུ་གང་ཙམ་གྱི་ནམ་


LT35_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་ལིང་ངེ་འདུག་པ་ལ་སེམས་གཏད་ལ་ཅུང་ཞིག་ཕྱིར་འཛིན་པ་ལ་བསླབས་པས། གང་ལ་ཡང་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོ་སྐྱེ་བར་འགྱུར་རོ། །ཤེས་པ་ཡེར་ཞིང་རྒོད་ན་ཨ་དེ་ཇེ་དམར་གྱུར་ཏེ། སྙིང་ནང་དུ་འདུག་པ་ལ་སེམས་གཏད། མིག་ཕྱེད་བཙུམ་གྱི་ཅུང་ཟད་དམའ་བར་ལྟ་ཞིང་བསྒོམ། ཡང་བྱིང་ན་སྔར་ལྟར་བསྒོམས་པས་བྱིང་རྒོད་དང་བྲལ་བའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཆུ་བོའི་རྒྱུན་བཞིན་འཆར་བ་ཡིན་ནོ། །དེ་ལྟར་མཚན་མོ་ཐུན་གསུམ་གྱི་རིམ་པས་ཉམས་སུ་བླངས་པས་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བཟང་པོ་སྐྱེ་ཞིང་མངོན་པར་ཤེས་པ་ལ་སོགས་པ་མངོན་དུ་འགྲུབ། བྱ་རྩོལ་བྲལ་བ་ཀུན་བཟང་གི་ཀློང་དེར་མྱུར་དུ་གྲོལ་བར་འགྱུར་བ་ཡིན་ནོ། །འདི་ཀུན་མཁྱེན་ཆོས་རྗེའི་ཞལ་ནས། དེ་ལྟར་ཉིན་མཚན་ཏུ་སྒོམ་པ་ཐམས་ཅད་ཀྱི་སྐབས་སུའང་། དལ་འབྱོར་རྙེད་པ་དཀའ་བས་དལ་བ་ཆུད་མི་གསོན་པར་བརྩོན་པ་དང་། ཚེ་མི་རྟག་པར་ཤེས་པས་སྒྲུབ་པ་ལ་ལོང་ཡོད་མི་བྱེད་པ་དང་། འཁོར་བ་སྡུག་བསྔལ་དུ་ཤེས་པས་སྲིད་པ་ལ་མངོན་པར་སྐྱོ་བ་དང་། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་གང་ལའང་བདེན་ཞེན་མེད་པ་དང་། མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བས་ཞི་བའི་བྱང་ཆུབ་བསྒྲུབ་པ་དང་། གསང་སྔགས་ཐབས་ཀྱིས་གྲུབ་པས་སྣ་ཚོགས་ལམ་ལ་བསླབ་པ་དང་། ཐེག་ཆེན་སྙིང་རྗེ་ལ་རགས་


LT35_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པས་གཞན་དོན་སེམས་བསྐྱེད་དང་ལྡན་པ་དང་། བྱིན་རླབས་མོས་གུས་ལ་རགས་ལས་པས་པས་བླ་མ་སངས་རྒྱས་སུ་མཐོང་བ་དང་། ཐམས་ཅད་རང་སེམས་ལ་ཐུག་པས་དག་སྣང་ཕྱོགས་མེད་ལ་སྦྱང་བ་དང་། འཁོར་བ་འཁྲུལ་རྟོག་ལས་བྱུང་བས་གཟུགས་འཛིན་གྱི་རྩ་བ་གཅད་པ་དང་། བདེ་སྡུག་སྔོན་ལས་ལས་བྱུང་བས་དགེ་སྡིག་བླང་དོར་དུ་བྱ་བ་དང་། འཁོར་འདས་རིག་པ་ལས་ཤར་བས་རིག་པ་རང་གནད་དུ་ངོ་ཤེས་པར་བྱ་བ་སྟེ། གནད་རྣམ་པ་བཅུ་གཉིས་ཀྱིས་རང་གི་རྒྱུད་འདུལ་བ་ནི་ཡང་གནད་གལ་པོ་ཆེའི་གདམས་པ་ཡིན་པས་སྙིང་ནས་བསམ་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་འཕྲོས་དོན་ནི། །གོང་གསལ་དམིགས་པ་དེ་དང་དེ་སྒོམ་པའི་དགོས་ཆེད་དང་། གོ་དོན། ལུས་ཉམས་ཤེས་ཉམས་ལ་སོགས་པའི་རྟགས་ཚད་དང་གེགས་སེལ་བོགས་འདོན། ཉམས་མྱོང་སྐྱེས་རིམ་ནས་ངོ་སྤྲོད་ཐབས་རྣམས་ཟངས་ཡིག་ཅན་སོགས་རྩ་བའི་མན་ངག་དང་། དེ་དག་གི་དགོངས་འགྲེལ་ཡང་ཏིག་ཡིད་བཞིན་ནོར་བུའི་གླེགས་བམ་ཉིད་འབྲལ་སྤང་གི་ཚུལ་དུ་འཆང་ནས་རྟོགས་པར་བྱ་དགོས་ཤིང་། ཁྱད་པར་ལུས་ཉམས་ལེན་གྱི་རྟེན་ཡིན་པས་ནད་གདོན་གྱི་གེགས་སེལ་བདུད་རྩིའི་ལྗོན་ཤིང་། མངོན་སུམ་གྱི་གནད་མིག་ཡིན་པས་དེ་ལ་གེགས་སེལ་སྒྲོན་མ་སྣང་བྱེད། རིག་པ་སེམས་ཉམས་ལེན་གྱི་རྩ་བ་ཡིན་པས་དེའི་གེགས་སེལ་ཡེ་ཤེས་དྲི་མེད་


LT35_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཚིག་ཙམ་དུ་མ་ལུས་པར་བརྟེན་པར་བྱ། བོགས་འདོན་ཁྲིགས་ཐོད་གཉིས་ཀ་ལ་གལ་ཆེ་བ་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་པ་ནི། ཕྱིའི་ནམ་མཁའ་སྤྲིན་མེད་སྔོ་དྭངས་ནི་འདུས་མ་བྱས་རྡུལ་བྲལ་གྱི་ནམ་མཁའ་ནང་གི་ནམ་མཁར་གསང་བའི་རྩ་དབུ་མ་སྟེ། རྒྱ་མཚོ་གསེར་གྱི་ཉི་མ་ལས་བྱུང་བའི་ཀ་ཏི་ཤེལ་སྤུག་རྒྱང་ཞགས་ཆུའི་སྒྲོན་མ་དང་འབྲེལ་བ། དེ་གཉིས་ཀ་ལ་ཁྱབ་བྱེད་གསང་བའི་ནམ་མཁའི་སྙིང་གའི་མི་ཤིགས་པའི་ཐིག་ལེ། དེའང་མ་དག་པ་གསུམ་འདུས་པའི་ཆ་ཅན་མ་ཡིན་པར་དག་པའི་མི་ཤིགས་པ་འོད་གསལ་བའི་རང་བཞིན་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་རྣམ་པ་ཐམས་ཅད་པ་སྟེ། དེ་ཡང་ནམ་མཁའ་དང་པོའི་དཔེ་རྡུལ་བྲལ་གྱི་མེ་ལོང་། །གཉིས་པའི་དཔེ་མདའ་སྲོང་གི་མིག །གསུམ་པའི་དཔེ་ནོར་བུ་ཀེ་ཏ་ཀ་ལྟ་བུའོ། །དེ་ཡང་སྤྱིར་རྩ་དབུ་མ་ཞེས་བྱ་བ་དངོས་སུ་མིག་ཤེས་ཀྱིས་བཟུང་རུང་དབུ་མའི་ཐ་སྙད་འདོགས་པ་དེ་ནི་ད་ལྟ་ལུས་ལ་གནས་ཚུལ་རྒལ་ཚིགས་དང་ཉེ་བའི་རྒྱབ་ངོས་སུ་ཡོད་པ་སྲོག་རྩ་ཞེས་གྲགས་པ་སྟེ་གཟུང་འཛིན་འཁོར་བ་སྐྱེད་བྱེད་ཡིན། འདིར་ནང་གི་ནམ་མཁར་བཞག་རྒྱུའི་དབུ་མ་ནི་མིག་ཤེས་ཀྱི་སྤྱོད་ཡུལ་ལ་ས་འདས་པ་དྭངས་མ་ལྔ་ལྡན་གྱི་རྩ་ལུས་ཅན་རྣམས་ཀྱི་སྙིང་ཁའི་དབུས་སུ་ཡོད་པ་དང་། དེ་ལས་གྱེས་པའི་ཡལ་ག་མིག་ལ་ཟུག་པ་གཉིས་ཏེ་སྔ་མའི་མིང་ལ་རྒྱ་མཚོ་གསེར་གྱི་ཉི་མ་ཞེས་བྱ། ཕྱི་མ་ལ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་


LT35_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། དེ་དག་ནི་རྟེན་ཁྱབ་བྱའི་ནམ་མཁའ་འམ་དབུ་མ་ཡིན། དེའི་རང་བཞིན་ཤིན་ཏུ་རྣམ་དག་དྭངས་མ་ཆེན་པོའི་དབུ་མ་དེ་གཉིས་ཀྱི་རང་བཞིན་དུ་བཞུགས་པ་ཡང་། དེ་དག་གི་ཁོངས་སུ་བསྡུ་ཞིང་། མིང་གི་བརྡ་ཆད་ཀྱང་མཉམ་པོར་འཇུག །གཉིས་ཀ་ཡང་ནང་གི་ནམ་མཁའ་ཡིན། །གསང་བའི་ནམ་མཁའ་དྭངས་མ་ལྔ་ལྡན་གྱི་ཐིག་ལེ། དེའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་རྣམ་པ་ཐམས་ཅད་པ་དེ་ནི་བརྟེན་པའམ་ཁྱབ་བྱེད་དོ། །དེ་ལྟར་ཤེས་པར་བྱས་ནས་ཕྱིའི་ནམ་མཁའ་ཤིན་ཏུ་དྭངས་པ་ལ་བཞུགས་སྟངས་གང་རུང་དང་འབྲེལ་པས་ནང་གི་ནམ་མཁའ་གཏད། དེ་ལ་གསང་བའི་ནམ་མཁའ་གཏད་པས་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་ཚེགས་མེད་དུ་འཆར་བར་འགྱུར་རོ། །མུན་ཁང་བརྟེན་པའི་ལག་ལེན་སོགས་ནི་འོད་གསལ་ཡེ་ཤེས་འཁོར་ལོ་ལས་ཤེས་པར་བྱའོ། །གེགས་སེལ་བོགས་འདོན་ཉམས་ལེན་གྱི་རྗེས་སྤྱོད་མདོར་བསྡུས་པ་ཀུན་མཁྱེན་ཆོས་རྗེའི་ཞལ་ནས། གང་སྣང་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས་ཆགས་སྡང་དང་ཉོན་མོངས་ལས་གྲོལ་བར་བྱ་ཞིང་། །དགག་སྒྲུབ་སེམས་ཀྱི་རོལ་པར་ཤར་ཚད་གཞི་མེད་རྩ་བ་དང་བྲལ་བར་ཐག་བཅད་ལ་འཛིན་ཞེན་དང་བླང་དོར་མི་བྱ། །ཇི་སྲིད་བདག་འཛིན་དབྱིངས་སུ་མ་ནུབ་ཀྱི་བར་དུ་ཟབ་མོའི་གདམས་པ་བསྒོམ་ཞིང་རྒྱུ་འབྲས་ཀྱི་ལས་ལ་འཛེམ། དག་སྣང་དང་


LT35_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་བྱ་ཞིང་རང་སེམས་ལ་སྐྱོན་མེད་པར། །དམ་ཚིག་དང་སྡོམ་པ་བསྲུང་ཞིང་གཅིག་པུད་དབེན་པར་འདུག །རྣམ་གཡེང་དང་འདུ་འཛི་སྤངས་ཤིང་དགོས་མེད་རྒྱུད་ལ་བརྟེན། །ཆགས་མེད་ཞེན་མེད་བྱ་ཞིང་འཛིན་མེད་ལམ་དུ་སློང་། །རྟག་ཏུ་འཆི་བ་བསམ་ཞིང་བརྩོན་འགྲུས་མེ་བཞིན་སྦར། །ཉིན་མཚན་དགེ་བས་འདའ་ཞིང་ཚེ་འདིའི་བྱ་བ་བཏང་། །རྟག་ཏུ་བླ་མ་བརྟེན་ཅིང་མོས་གུས་གསོལ་བ་གདབ། །གཏད་མེད་ལམ་དུ་ཁྱེར་ཞིང་བྱར་མེད་ངང་ལ་བཞག །བདག་གཞན་གཉིས་འཛིན་སྤངས་ཤིང་རེ་དོགས་རྩ་བ་གཅད། །རྐྱེན་ངན་ལམ་དུ་སློང་ཞིང་ཅིར་སྣང་བླ་མར་བལྟ། །ཐམས་ཅད་རང་སྣང་ཤེས་པས་བདག་འཛིན་ཞེན་པ་དོར། །གང་ཡང་སྙིང་པོ་མེད་པས་བདེན་མེད་ཡོ་ལང་བསྐྱང་། །ཡེ་སྟོང་བབ་སྟོང་ཤེས་པས་རང་སྣང་ཞར་ལ་འཆར། །དེ་ལྟ་བུའི་ཐབས་དང་སྤྱོད་པས་གནས་ཤིང་ཉིན་མཚན་འདའ་བར་བྱའོ། །བློ་རྐྱེན་ཁར་འཆོར་རིང་ལ་རིག་པའི་རྩལ་སྦྱོང་དང་དབེན་པར་ཉམས་ལེན་ལ་འབུངས། །དགག་སྒྲུབ་ཞེན་འཛིན་ཡོད་རིང་ལ་དགེ་སྡིག་བླང་དོར་བྱ་ཞིང་གཉིས་མེད་དོན་ལ་སྦྱང་། །གང་ཡང་གྲོགས་སུ་མ་ཤར་བའི་རིང་ལ་གདམས་པའི་སྣ་ཁ་བསྒྱུར་ཞིང་རིག་པའི་དོན་ལ་བལྟ། སྐྱེ་ཤིའི་འཇིགས་དང་ངས་སྐྱེས་རིང་ལ་སྐྱེ་མེད་དོན་ལ་སྦྱངས་པས་ཕྱི་ནང་ཐམས་ཅད་ཆོས་ཉིད་དུ་འཆར་བའི་དུས་ན་སྒོམ་མེད་ཆུ་བོ་རྒྱུན་གྱི་རྣམ་འབྱོར་ལ་གནས་པ་ཡིན་


LT35_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཞེས་གདམས་པར་མཛད་པ་ཉིད་སྙིང་གི་བདུད་རྩིར་བཟུང་བར་བྱའོ། །གཞན་ཡང་ཁྲིད་ཚུལ་འདིར་ཤིན་ཏུ་གལ་ཆེ་བ་སེམས་དང་རིག་པ་འབྱེད་པའི་མན་ངག་ཀྱང་ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད་སོགས་ལས་རྟོགས་པར་བྱ་བ་ཁོ་ནའོ། །དོན་གཉིས་པ་དབང་པོ་འབྲིང་བར་དོར་གྲོལ་བའི་ཁྲིད་ལ་གསུམ། ངོ་བོ། དབྱེ་བ། སོ་སོའི་ལམ་ཁྱེར་རོ། །དང་པོ་ནི། གཞི་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་འཆར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་པ་འཁྲུལ་པའི་བར་དོ་ཡིན་ལ། དེ་ཡང་དབྱིངས་ཀ་དག་ལས་ཤར་ཞིང་། འཆར་གཞི་དབྱིངས་སུ་མ་རྫོགས་ཀྱི་བར་གྱི་སེམས་པ་ས་བོན་དང་བཅས་པ་ནི་བར་དོའོ། །གཉིས་པ་ལ་བཞི། སྐྱེ་ཤིའི་རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་བར་དོ། སྲིད་པ་བར་དོའོ། དང་པོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་ནི། འཆི་བ་ལ་ཕྱོགས་པ་ནས་ནང་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ནི། ནང་དབུགས་ཆད་ནས་འོད་གསལ་གྱི་སྣང་བ་ཤར་ཏེ། ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིད་གྲུབ་པ་ཚུན་ཆད་དོ། །


LT35_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། བར་དོ་བཞི་ལ་དཔེ་དོན་གཉིས་གཉིས་ཀྱིས་བསྟན་ཏེ། དང་པོ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པའི་བྱ་ཚང་དུ་འཇུག་པ་ལྟ་བུ་ནི། དོན་བླ་མ་དམ་པ་ལ་བརྟེན་ནས། དེས་བསྟན་པའི་གདམས་ངག་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་བསྒོམས་པས་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཉམས་མྱོང་རིག་ཐིག་ཏུ་སྒྲོ་འདོགས་ཆོད་དེ་སློབ་པའི་ལམ་བཞི་དང་ས་བཅུའི་ཡོན་ཏན་རྣམས་རྫོགས་ནས་མི་སློབ་པའི་འབྲས་བུ་མངོན་དུ་བྱེད་པའོ། །གཉིས་པ་འཆི་ཀའི་བར་དོ་ལ་གསལ་གདབ་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུ་ནི། སྔར་བསྒོམས་པའི་གདམས་པ་རྣམས་སྐབས་འདིར་བློ་ལ་གསལ་འདེབས་པ་ཡིན་ཏེ། ཇི་ལྟར་འདེབས་ན་འཆི་བ་འོད་གསལ་དང་རྗེས་མཐུན་གྱི་ཐིམ་རིམ་རྣམས་ལ་གདམས་པའི་གནད་བློ་ངོར་གསལ་བཞིན་དུ་མིག་འོད་སྣང་ལ་བལྟ་ཞིང་རིག་པ་སྟོང་གསལ་དུ་བཞག་པས་ད་ལྟའི་འོད་གསལ་སྐྱེ་ལམ་ལྟ་བུ་དང་བར་དོའི་འོད་གསལ་སུན་མ་ལྟ་བུ་གཉིས་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་པ་ལྟར་གྲོལ་བ་ཡིན་ཏེ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། །ས་ནི་ས་ལ་ཐིམ་པ་ན། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལངས་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་དྲོད་རྣམས་མཐའ་ནས་འཆོར། །དེ་བཞིན་རླུང་


LT35_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་གཡོབ། །མིག་ཀྱང་གྱེན་ལ་བཟློག་པ་འབྱུང་། །རྟགས་ནི་སུས་བྱུང་བ་དེ། །ངེས་པར་ཕ་རོལ་འགྲོ་བས་ན། །དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གི་རྒྱུད་ལ་དྲིལ་བར་བྱ། །ཞེས་གསུངས་པ་ལྟར། གདམས་པའི་དོན་རྣམས་ལ་སྐབས་འདིར་རིག་པ་དྲུང་བཏོན་ཏེ་སྐད་ཅིག་ཀྱང་མ་ཡེངས་པར་གསལ་བཏབ་པས། རླུང་རྣམ་ཤེས་ལ་ཐིམ་པའི་དུས་དེར་སྔ་ཕྱིའི་འོད་གསལ་གཉིས་མ་བུ་འཕྲོད་ནས་གདོད་མའི་དབྱིངས་སུ་གྲོལ་བའོ། །གསུམ་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་ཕ་མ་སྤང་དུ་བུ་འཇུག་པ་ལྟ་བུ་ནི། གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ཤར་བ་རྣམས་ཐིམ་ཚུལ་ལྔའི་སྒོ་ནས་ངོས་ཟིན་པར་བྱ་སྟེ། དང་པོ་རྣམ་ཤེས་ནམ་མཁར་ཐིམ་པའི་ཚེ་རིག་པའི་འོད་རྩལ་ཞུགས་ནས་མིག་ཏུ་གནས་སྐབས་སྐད་ཅིག་དང་པོ་ལ་ཀ་དག་གི་སྣང་བ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་འོད་གསལ་མཐའ་དབུས་མེད་པ་འཚར། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེད་དུས་ན་འགྱུར་བར་སྣང་བ་འགྱུར་ནས་འོད་ལྔའི་སྣང་བ་དང་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ནམ་མཁའ་ཁྱབ་པར་འཆར། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པར་རིགས་ལྔའི་ཚོམ་བུ་


LT35_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསམ་གཏན་གྱི་ཞག་ལྔར་རིམ་གྱིས་འཆར། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཡེ་ཤེས་བཞི་སྦྱོར་གྱི་སྣམ་བུ་དང་ཐིག་ལེ་རྣམས་འཆར་རོ། །དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་དུས་སུ་ཡར་ཀ་དག་ཆོས་སྐུ་དང་། ཐད་ཀར་ལོངས་སྐུ་རིགས་ལྔ། མར་འགྲོ་འདུལ་སྤྲུལ་སྐུ་ལ་སོགས་པའི་ཞིང་ཁམས་རྣམས་འཆར་ཞིང་། །དེའི་ཚེ་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ཐག་བཅད་དོ། །དེའང་ཐིམ་ལུགས་ལྔ་པོ་མཐར་ཆགས་སུ་བགྲོད་པའི་ངེས་པ་མེད་དེ། གང་ཟག་གི་དབང་པོའི་རིམ་པས་རབ་ཉི་ཟླ་ཁ་སྦྱོར་ལྟར་ལུས་བོར་བ་དང་འོད་གསལ་འཆར་བ་དུས་མཉམ་དུ་གྲོལ། འབྲིང་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་དུ་གྲོལ། ཐ་མ་ལྷུན་གྲུབ་ཀྱི་སྣང་བར་གྲོལ་ཞིང་། སྣང་བའི་འཆར་ཚུལ་ཀྱང་གང་དུ་གྲོལ་བ་ཡན་ཆད་དུ་འཆར་ཞིང་། དེ་མན་ཆད་དབྱིངས་སུ་ཐིམ་པས་མི་འཆར་ལ། དེ་དག་གང་དང་གང་དུ་གྲོལ་ཀྱང་སྐད་ཅིག་དང་པོར་རང་སྣང་དུ་ངོ་ཤེས། །གཉིས་པར་ཤེས་ཐོག་ཏུ་གནས། །གསུམ་པར་གནས་ཐོག་ཏུ་གྲོལ། །བཞི་པར་གྲོལ་ཐོག་ནས་སེམས་ཅན་གྱི་ཁམས་རྣམས་སུ་སྤྲུལ་པ་བཀྱེ། ལྔ་པར་ནང་གསལ་བུམ་སྐུར་བཞུགས་ཤིང་སྐད་ཅིག་དེ་དག་ཀྱང་ཕལ་ཆེར་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ཀྱང་མཐའ་གཅིག་ཏུ་མ་ངེས་ཏེ། བསམ་གཏན་གྱི་


LT35_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་ནི་སྔོན་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཕྱི་མའི་ཀུན་རྟོག་མ་སྐྱེས་པའི་བར་གྱི་གོམས་ཆ་ཡིན་ལ། དེ་རྣམས་ཀྱང་འདིར་ནི་རགས་བསྡུས་ཙམ་དུ་བསྟན་པ་ཡིན་ནོ། །གཞན་ཡང་ཆོས་ཉིད་བར་དོའི་སྣང་བ་ལ་འཇུག་པ་ཤེས་པའི་གནད། གྲོལ་བ་ལུས་ཀྱི་གནད། མཐར་ཕྱིན་པ་ངོ་ཤེས་པའི་གནད་གསུམ་གྱི་དོན་སོགས་ཉམས་ལེན་གནད་ཀྱི་སྒྲོན་མེ་ལས་ཤེས་པར་བྱའོ། །བཞི་པ་སྲིད་པ་བར་དོའི་ལས་ཀྱི་འཕྲོ་མཐུད་པས་ཡུར་བཀོང་ཆད་ལ་ཝ་འཛུགས་པ་ལྟ་བུ་ནི། འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་པའི་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་ཀྱི་ལམ་དུ་འཇུག་པའོ། །དེ་ཡང་དབང་པོའི་རིམ་པས་ངོ་སྤྲོད་ཀྱི་གནད་ཐོབ་ཀྱང་བསྒོམ་པ་འཕྲོ་ཅན་དུ་ལུས་ཏེ་སྐྱེ་བ་བརྒྱུད་ནས་གྲོལ་བ་དང་། གོམས་ཀྱང་ལྷུན་གྲུབ་ཀྱི་སྣང་བ་ཤར་ཚེ་ཏིང་ངེ་འཛིན་གྱི་རྩལ་ཞན་སྟོབས་ཀྱིས་སྔ་ཕྱིའི་འོད་གསལ་གཉིས་ནས་ནུབ་དུས་མཉམ་པས་རང་སྣང་ངོས་མ་ཟིན་པར་སྣང་བ་རང་ཡལ་ལ་སོང་སྟེ་རྣམ་ཤེས་ལུས་རྒྱ་དང་བྲལ་སྟོབས་ཀྱིས་འབྱུང་བཞི་ཕྲ་བའི་ལས་རླུང་ལུགས་ལྡོག་ཏུ་ལངས་ཏེ། བར་དོའི་ཡིད་ལུས་གྲུབ་ནས་སྣང་བ་ཐམས་ཅད་བན་བུན། ཟ་ཟི་ཆད་ཆོད། བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་སྣ་ཚོགས་འཆར་ཞིང་། འབྱུང་བཞིའི་དངོས་པོ་གང་ལའང་ཐོགས་མེད་དུ་འཇུག་ནུས་ཤིང་ལས་ཀྱི་རྫུ་འཕྲུལ་གྱི་མཐུ་དང་ལྡན་


LT35_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྔར་མེད་ཀྱི་མངོན་ཤེས་ཕྲ་མོ་འཆར་ཞིང་དབང་པོ་རྣོ་ལ་དྲན་པ་གསལ་བ། རིགས་མཐུན་གྱི་འགྲོ་བ་གཞན་ལྷ་མིག་དག་པས་མཐོང་བ། སར་གོམས་བག་ཆགས་ཀྱིས་ཉེ་དུ་འབྲེལ་ཡོད་སོགས་ཀྱི་ཕྱོགས་སུ་ཕྱིན་ཏེ་གཏམ་སྨྲས་ཀྱང་དེ་རྣམས་ཀྱིས་མ་མཐོང་ཞིང་མ་ཐོས་པས་ལན་མེད་པ་ན་རང་ཉིད་ཤི་བར་ཤེས་ཏེ། སྔར་གྱི་གདམས་པ་རྣམས་དྲན་པས་བར་དོའི་འཁྲུལ་སྣང་དང་འཇིགས་སྐྲག་ཐམས་ཅད་རང་ངོ་ཤེས་ནས། དེ་ཡང་དབང་པོའི་རིམ་པས་བློ་རབ་རྣམས་བླ་མའི་མོས་གུས་ཀྱི་ལམ་ཁྱེར་དང་། གཟུང་འཛིན་གཉིས་བསྡུས་ཀྱི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པས་གྲོལ་བ་དང་། བློ་འབྲིང་རྣམས་ཡི་དམ་གྱི་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལ་བརྟེན་ནས་གྲོལ་བ་དང་། ཐ་མས་དག་པའི་ཞིང་ཡིད་ལ་བསམས་ནས་མདུན་མཁར་ཆོས་འབྱུང་དམར་པོ་གདིངས་ཀ་གྱེན་བསྟན་གྱི་དབུས་སུ་རང་སེམས་ཨ་ཡིག་དཀར་པོའི་རྣམ་པར་གསལ་བཏབ་ཅིང་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ཆོས་འབྱུང་ནམ་མཁའ་སྐར་མདའ་འཕངས་པ་ལྟར་དག་ཞིང་དུ་སོང་བར་བསམས་ཏེ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་པས་གྲོལ་ལོ། །དེར་མ་གྲོལ་ན་ཕྱི་མའི་མངལ་སྒོ་ངན་པ་སྤངས་ཏེ་བཟང་པོའི་འཕྲོ་མཐུད་པ་ནི། གང་དུ་སྐྱེ་འགྱུར་གྱི་ཕ་མ་བླ་མ་དང་ཡི་དམ་དབྱེར་མེད་ཡབ་ཡུམ་གྱི་རྣམ་པར་བསྒོམས་པའི་མངལ་


LT35_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དུ་པད་ཉི་ཟླ་སྟེང་ཧཱུྃ་ཡིག་དཀར་པོ་ཞིག་བསམས་ལ་དེར་རྣམ་ཤེས་འཇུག་དུས་སྐྱེ་བ་བླང་བའི་རྟེན་འདི་ལ་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་བྱེད་ནུས་པར་ཤོག་ཅིག་སྙམ་པའི་འདུན་པ་རྩེ་གཅིག་པས་རང་ཉིད་རྡོ་རྗེ་སེམས་དཔར་བསྒོམས་ཏེ་དེ་ཉིད་མའི་མངལ་གྱི་ཧཱུྃ་ལ་ཐིམ་པར་བསམ་ཞིང་། སྤྲོས་བྲལ་སྟོང་ཉིད་ཀྱི་ངང་དུ་བཞག་པས་ཕ་མ་དད་པ་ཅན་གྱི་བུར་སྐྱེས་ཏེ་ཆུང་ངུ་ནས་ཆོས་དང་འཕྲད་ཅིང་ཤེས་རབ་དང་བརྩོན་འགྲུས་ལྡན་པ། སྦྱངས་པའི་ལས་འཕྲོ་སད་པས་སྙིང་པོའི་བསྟན་པ་དང་མཇལ་ནས་ལམ་གྱི་འཕྲོ་མཐུད་པས་ཚེ་དེ་ཉིད་དམ་བར་དོར་ངེས་པར་འཚང་རྒྱ་བར་གསུངས་སོ། །དོན་གསུམ་པ་དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བའི་གདམས་པ་ལ་གསུམ། རང་བཞིན་གནས་པའི་དུས་སུ་སྦྱོང་བ། བར་དོའི་དུས་སུ་འཕོ་བ། སྤྲུལ་སྐུའི་ཞིང་དུ་གྲོལ་བའོ། །དང་པོ་ནི། མངོན་སུམ་གྱི་སྣང་བ་ལ་ཉིན་མཚན་གོམས་པར་བྱས་པས་རྨི་ལམ་ངན་པ་ནུབ་ནས་བཟང་པོ་ཤ་སྟག་ཏུ་རྨི་ཞིང་། སེམས་ལ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པ་དེས་སྐབས་སུ་ཉིན་དུས་རང་བཞིན་སྤྲུལ་པ་སྐུའི་ཞིང་བསམས་ལ་རིག་པ་འོད་ཀྱི་གོང་བུ་མི་གནས་འཐོན་ཏེ། གཙོ་བོའི་ཐུགས་ཀར་བསངས་པར་བྱ་ཞིང་། མཚན་དུས་ཉལ་ཚེའང་ཐོ་སྐོར་ཐམས་ཅད་རང་བཞིན་སྤྲུལ་པའི་ཞིང་དང་། ལུས་གཞལ་ཡས་ཁང་དང་། སྙིང་པདྨ་


LT35_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉི་ཟླའི་དབུས་ན། རིགས་ལྔའི་སངས་རྒྱས་བཞུགས་པ་ལ་སེམས་གཏད་ནས་མ་ཡེངས་པར་གཉིད་དུ་ཉལ་བས། དག་པའི་ཞིང་ཁམས་རྨི་ལམ་དུ་འབྱོངས་པར་འོང་ངེས་སོ། །གནད་འདི་ནི་ཉི་ཟླ་ཁ་སྦྱོར་གྱི་འགྲེལ་པར་གསུངས་པས་རབ་ཏུ་ཟབ་བོ། །གཉིས་པ་ལ་གཉིས། གཞུང་གི་དགོངས་པ་དངོས། ལེ་ལོ་ཅན་བཙན་ཐབས་འཕོ་བའི་མན་ངག་ལ་བརྟེན་ནས་མཚམས་སྦྱོར་བའོ། །དང་པོ་ནི། རང་སྣང་བར་དོའི་འོད་གསལ་ནུབ་དུས་རང་ཉིད་ཀྱིས་བར་དོར་ངོ་ཤེས་པ་འབྱུང་བས། དེའི་ཚེ་སྔར་གྱི་དམིགས་པ་དེས་འཕོས་པས་སྐྱེ་བའོ། །དེའང་ཆོས་ཉིད་བདེན་པའི་བྱིན་རླབས་དང་། རིག་འཛིན་གྱི་བླ་མ་རྣམས་ཀྱི་ཐུགས་རྗེ་ལས་དེ་ལྟར་འགྱུར་བ་ཡིན་ལ། བར་དོའང་གང་དུ་བསམ་པར་ཕྱིན་ནུས་པའི་རྫུ་འཕྲུལ་ཡོད་པའི་གནད་ཀྱིས་སོ། །ཁ་ཅིག་བེམས་རིག་བྲལ་མ་ཐག་སྐྱེ་བར་གསུངས་ལ། ཁ་ཅིག་འོད་གསལ་ནུབ་པ་ངང་དུས་མཉམ་དུ་སྐྱེ་བར་གསུངས་ཁ་ཅིག་སྲིད་པའི་བར་དོ་ལ་ལམ་འཐོན་ནས་རྨི་ལམ་ལྟར་ཡད་ཡུད་ཞག་བདུན་ལ་སོགས་པར་གནས་པ་ལས། རྨི་ལམ་སད་པའི་ཚུལ་གྱིས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པར་རྫུས་ཏེ་སྐྱེ་བར་གསུངས་སོ། །དེ་དག་ནི་གོམས་ཤུགས་རབ་འགྲིང་ཐ་མའི་དབང་དུ་བྱས་པའོ། །གཉིས་པ་ནི། གསེར་ཕྲེང་གི་དགོངས་པ་འཕོ་བ་འོད་གསལ་སྙིང་པོ་ཉམས་སུ་ལེན་པར་བྱ་སྟེ། དེའང་རྩ་ཁྲིད་དང་སྦྲེལ་ན་ཟུར་དུ་མི་དགོས་ཀྱང་། མི་


LT35_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲེལ་བར་དམིགས་སུ་བསྒོམ་པ་སོགས་ལ་སྐྱབས་སེམས་བླ་མའི་རྣལ་འབྱོར་རྣམས་སྔོན་ཏུ་བཏང་། གང་ལྟར་བདེ་བའི་སྟན་ལ་ལུས་གནད་དང་ལྡན་པས་འཁོད་དེ། ཉམས་ལེན་དངོས་སུ། །དམིགས་སྐོར་དང་པོ་སྟོང་པ་སྦྱང་བ། གཉིས་པ་རྩ་གསལ་གདབ་པ། གསུམ་པ་རླུང་སེམས་བསྡུ་བ། བཞི་པ་བསུ་སྐྱེལ་ལ་སློབ་བ། ལྔ་པ་གེགས་བསལ་བ། དྲུག་པ་ལས་ལ་སྦྱར་བའོ། །དང་པོ་ནི། རང་ལུས་ཕྱི་ལྤགས་པའི་སྐྱ་རི་ལ་ནང་སྟོང་ཆེན་སྒྲིབ་ཐོགས་དང་བྲལ་བར་བསྒོམ་མོ། །གཉིས་པ་ནི། ལུས་ཀྱི་དབུས་སུ་དབུ་མ་དྭངས་གསལ་མདའ་སྨྱུག་ཙམ་པ། སྤྱི་བོ་ནས་གསང་གནས་ཀྱི་བར་དུ་དྲང་ཐ་ལེར་གནས་པར་བསྒོམ། གསུམ་པ་ནི། སྙིང་གར་འོད་ལྔའི་གོང་བུའི་དབུས་སུ་རང་གི་རླུང་སེམས་མི་འགྱུར་བའི་དྭངས་མ་ཨ་དཀར་པོ་སྲན་ཆུང་ཙམ་དཀར་ཞིང་འཚེར་བ་ཞིག་བསྒོམས་པས། ཐ་མལ་གྱི་རྟོག་པ་འགགས་ནས་ཨ་ལ་སེམས་རྩེ་གཅིག་ཏུ་ཟིན་པ་ནི་གོམས་པའི་ཚད་དོ། །འདི་ནི་ལོངས་སྐུའི་འཆར་གཞི་ཀུན་བཟང་ཡབ་ཡུམ་གྱི་དགོངས་པའོ། །བཞི་པ་ནི། རང་གི་སྤྱི་བོའི་ནམ་མཁར་འོག་མིན་ལྷུན་གྲུབ་རིན་པོ་ཆེའི་ཞིང་ཁམས་འཇའ་ཚོན་འོད་ལྔ་འཁྱིལ་བའི་དབུས་ན་པདྨ་དང་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྣམ་པ་སྣང་མཛད་ཡབ་ཡུམ་previous hit ལོངསསྤྱོདརྫོགས next hit་སྐུའི་ཆ་བྱད་ཅན་གྱི་མཐའ་བསྐོར་དུ་མི་བསྐྱོད་པ་སོགས་རིགས་བཞིའི་


LT35_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དང་། དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར་བ་གསལ་བཏབ་ཅིང་མོས་གུས་དྲག་ཏུ་བྱ། དེ་ནས་ངག་ཏུ་ཨ་ཨཱ་ཞེས་བརྒྱ་རྩ་བརྒྱད་དབྱངས་བཅས་བརྗོད་པས་ཨ་དེ་ཇེ་མཐོར་མཐོར་གྱུར་ཏེ་རྣམ་སྣང་གི་ཐུགས་ཀར་སིབ་ཀྱིས་ཐིམ་པར་བསམས་ལ་མཉམ་པར་བཞག །ཡང་ཨ་དེ་རྣམ་སྣང་གི་ཐུགས་ཀ་ནས་རང་གི་སྙིང་གར་བདོ་ཕྲིལ་ཏེ་བབས་པར་བསམ། གེགས་ཆུང་ཁྱད་སྐབས་སུ་ཚངས་བུག་ཏུ་ཧཾ་དཀར་པོ་ཞིག་གསལ་བཏབ་པ་དེ་ལས་བདུད་རྩིའི་རྒྱུན་རྣམ་ཤེས་ཀྱི་ཐིག་ལེ་ལ་སིབ་སིབ་བསྟིམས། དེ་ལྟར་ནའང་མཐར་ཧཾ་དང་རོ་གཅིག་ཏུ་གྱུར་པ་རྣམ་སྣང་གི་ཐུགས་ཀར་བསྟིམ་ཞིང་། དེ་ནས་རིགས་ལྔའི་ཚོམ་བུ་ཇེ་མཐོ་ཇེ་ཕྲར་གྱུར་ཏེ་ནམ་མཁའ་ལ་འཇའ་ལྟར་ཡལ་བར་བསམས་ལ་ཨ་གྲངས་ཇི་ལྟར་རིགས་པ་བརྗོད་ཅིང་གསལ་སྟོང་སྤྲོས་པ་དང་བྲལ་བའི་ངང་དུ་འཇོག་གོ། །སྔར་ནས་འཕོ་བ་འབྱོངས་ཟིན་པ་ཡིན་ན་ནམ་དགོས་དུས་ལས་ལ་སྦྱར་བས་ཆོག་གི་དེ་ལྟར་མིན་ན་ཞག་བདུན་ལ་སོགས་པའི་བར་རྟགས་ཐོན་ཐོན་དུ་བསྒོམ་དགོས་སོ། །ལྔ་པ་ནི། མཇུག་ཏུ་གེགས་སེལ་རླུང་འཇུག་གནས་ལྡང་གསུམ་དང་སྦྱར་བའི་རྡོར་བཟླས་ཅི་ནུས་བྱ་ཞིང་མཐར་དགེ་བ་བསྔོ། དྲུག་པ་ནི། བཟློག་ཏུ་མེད་པའི་འཆི་ལྟས་ཤར་བ་ན་འཕོ་བར་བྱ་སྟེ། དེའང་སྤྱི་བོའི་ཚངས་བུག་བུ་ག་ཧ་རེ་ཡོད་པར་བསམས་ལ། སྙིང་གའི་ཐིག་ལེ་རྣམ་སྣང་གི་ཐུགས་ཀར་བསྟིམ་པའི་བར་སྔར་ལྟར་ལས་ཐིག་ལེ་


LT35_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་མི་འབེབས་ཞིང་། ལན་གཅིག་གསུམ་སོགས་ཅི་རིགས་ཀྱི་མཐར་སྔར་ལྟར་རིགས་ལྔའི་ཚོམ་བུ་ཇི་མཐོར་གཤེགས་རྗེས་འཕོ་བྱ་འཕོ་བྱེད་དང་བྲལ་བའི་ངང་དུ་རང་སེམས་བདེ་སིང་དེར་བསྐྱུར་ལ་འཇོག་གོ། །དེས་ནི་བར་དོའི་འོད་གསལ་ངོས་ཟིན་ཅིང་སྲིད་པ་བར་དོའི་གཡང་ས་མི་མཐོང་། གཞོན་ནུ་བུམ་སྐུའི་ཞིང་ཁམས་ཀུན་ཏུ་བཟང་པོའི་ས་ལ་སངས་རྒྱས་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་འབྱོར་བ་ཡིན་ནོ། །གསུམ་པ་ནི། མངོན་སུམ་གྱི་དོན་མཐོང་ཡང་བརྟེན་པ་མ་ཐོབ་པར་སྒོམ་པ་འཕྲོ་ཅན་དུ་ལུས་པའམ། བསྒོམས་ཀྱང་ཏིང་ངེ་འཛིན་གྱི་རྩལ་ཞན་པས་བར་དོའི་གྲོལ་ཚད་དང་མི་ལྡན་པ་རྣམས་ཆོས་ཉིད་ཀྱི་བར་དོ་ཤར་ཡང་ངོས་མ་ཟིན་པར་སྲིད་པའི་བར་དོ་རྨི་ལམ་གྱི་འཁྲུལ་ངོ་ཙམ་དུ་ཤར་བ་ལས། ཆོས་འདིའི་སྒོ་མཐོང་བའི་བྱིན་རླབས་ཀྱིས་རྨི་ལམ་སད་པའི་ཆ་ཙམ་ལ་མངོན་པར་དགའ་བ་ལ་སོགས་པ་དག་པའི་ཞིང་དུ་སྐྱེ་བ་བླངས་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས། དབང་བསྐུར། ལུང་ནོད། དབྱུག་དབྱུང་། ལུང་བསྟན། གཟེངས་བསྟོད་རྣམས་ཐོབ་ནས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ནས་གདོད་མའི་ཞིང་དུ་སྐད་ཅིག་གིས་གྲོལ་བར་འགྱུར་བ་ཡིན་ནོ། །སྤྱི་དོན་བཞི་པ་བསྒོམས་པ་ལས་བྱུང་བའི་འབྲས་བུ་བསྟན་པ་ལ་གསུམ། ཇི་ལྟར་འཚང་རྒྱ་


LT35_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བ། དེའི་ཐུགས་རྗེ་མཛད་ཕྲིན། འབྲས་བུ་ཐོབ་པའི་དུས་བཤད་པའོ། །དང་པོ་ནི། འདི་ཉིད་དུ་གྲོལ་ལུགས་གསུམ་བཤད་པ་དེ་ལའང་ལྷག་མེད་དང་ལྷག་བཅས་སུ་སངས་རྒྱ་ལུགས་གསུངས་པའི་དང་པོ་ལྷག་མེད་མྱང་འདས་ནི། ཉོན་མོང་ཕྲ་རགས་དང་། འབྱུང་ལུས་ཀྱི་གདོས་བཅས་ཐམས་ཅད་དག་ནས། ངོ་བོ་སྐུ་རུ་སངས་རྒྱས་པས་སྐུ་གསུམ་འདུ་འབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེས་སུ་རྒྱས་པས་ཡེ་ཤེས་འོད་ལྔ་འདུལ་འབྲལ་མེད། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་སྟེ། དེའང་ཚེ་འདིའི་རང་བཞིན་སྤྲུལ་སྐུའི་ཞིང་དུ་སངས་རྒྱས་པ་ལ་བཞེད་དོ། །གཉིས་པ་ལྷག་བཅས་མྱང་འདས་ནི། ཀ་དག་ལྷུན་གྲུབ་ཀྱི་ཉམས་ལེན་ལ་བརྟེན་པ་ལམ་གྱི་ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཞེས་པ་ལྟར་ས་ལམ་གྱི་ཡོན་ཏན་རིམ་གྱིས་འགྲོད་དེ་གདོས་བཅས་ཀྱི་ཕུང་པོ་ལྷག་བཅས་སུ་བཞག་ནས་འོད་དང་། སྒྲ་དང་ས་གཡོ་བ་དང་། སྐུ་དང་། གདུང་སོགས་ཕྱི་ནང་གི་རྟགས་སྣང་དང་བཅས་བར་དོར་འཚང་རྒྱ་བ་ནི། མངོན་པར་རྫོགས་པར་འཚང་རྒྱ་བ་ཞེས་བཞེད་པ་ཡིན་ནོ། །གཉིས་པ་ནི། གྲོལ་ལུགས་གསུམ་པོ་གང་དུ་སངས་རྒྱས་ཀྱང་ཐུགས་རྗེ་མཛད་པ་ཕྲིན་ལས་ནི། རང་རྒྱུད་ཀྱིས་བསྡུས་པའི་གཟུགས་སྐུ་གཉིས་ཀྱི་མཐུ་ལས་རྒྱལ་སྲས་སར་


LT35_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་དང་། ཐུན་མོང་གི་གདུལ་བྱ་ལ་རྣམ་སྣང་previous hit ལོངསསྤྱོདརྫོགས next hit་དང་། གང་ལ་གང་འདུལ་གྱི་སྤྲུལ་པའི་རྣམ་རོལ་སོ་སོའི་མོས་དོར་མཐའ་ཡས་པར་སྟོན་པ་སྟེ། །དེའང་ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པའི་དབྱིངས་ལས་མ་གཡོས་བཞིན་དུ་ཕྱོགས་བཅུའི་ཞིང་ཁམས་རྣམས་སུ་previous hit ལོངསསྤྱོདརྫོགས་སྐུ་དང་སྤྲུལ་སྐུས་དོན་མཛད་ next hit་ནི་མཁའ་དབྱིངས་ཀྱི་ཟླ་བ་དྲངས་པའི་ཆུ་སྣོད་དུ་མར་འཆར་བ་ལྟ་བུ་དང་། འཁོར་བ་ཇི་སྲིད་བར་དུ་དོན་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་རྒྱུན་མི་འཆད་པ་ཡིན་ནོ། །གསུམ་པ་ནི། །འདས་རྗེས་དོན་ཁྲིད་ལས། །ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདིར། །གང་གིས་རེག་པས་མྱང་འདས་དངོས་ལ་སྦྱོར། །ཞེས་གསུངས་པ་ལྟར་གསང་བ་བླ་ན་མེད་པའི་གདམས་པ་འདི་རྩེ་གཅིག་ཏུ་ཉམས་སུ་བླངས་ན་དབང་པོ་ཡང་རབ་རྣམས་ཚེ་གཅིག་ལུས་གཅིག་གིས་གྲོལ་བ་དང་། ཡང་ན་རབ་ལོ་གསུམ། འབྲིང་ལོ་ལྔ། ཐ་མས་མི་ལོ་བདུན་ཚུན་ལ་གྲོལ་བ་རྒྱུད་དང་རིག་འཛིན་གྲུབ་པའི་ཚོགས་ཀྱིས་མགྲིན་གཅིག་ཏུ་གསུངས་སོ། །ལྔ་པ་ཞར་བྱུང་ལག་ལེན་གྱི་གནད་བསྟན་པ་ལ་གཉིས། གདམས་ངག་སྤྱིའི་རྣམ་པར་བཞག་པ། །


LT35_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་གྱི་དབྱེ་བསྡུ་བཤད་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་འདིའི་ལུགས་ཀྱི་གདམས་ངག་གི་འདེབས་ལུགས་གསུམ་དུ་བཞེད་དེ། ཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་ས་འགྲོན་པོ་ལ་རྒལ་ལ་ཚང་སྤྲུགས་སུ་གདབ་པའོ། །དང་པོ་ནི། སྔོན་འགྲོ་གསུམ་གང་རུང་སྔོན་དུ་སོང་ནས་དངོས་གཞི་ངོ་སྤྲོད་དེ་རྗེས་རྒྱབ་ཆོས་ཀྱིས་ཡིད་ཆེས་པར་བྱེད་པའོ། །དེའང་སྐྱེས་བུ་སྤྲོས་པ་ཅན་ཐུན་མོང་གི་དྲོད་རྟགས་ལ་དགའ་བས་སྐུ་གསུམ་གྱི་སྣ་ཁྲིད་པ་འབྱུང་གཞིའི་སྒྲ་དོན་ལ་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲོད་པའོ། །བརྩོན་འགྲུས་ཅན་བརྟུལ་ཞུགས་ལ་དགལ་བས་རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲོད་པའོ། །ལེ་ལོ་ཅན་རྟོག་དཔྱོད་ལ་དགའ་བས་སེམས་ཀྱི་སྣ་ཁྲིད་པ་ལུས་ངག་སེམས་ཀྱི་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲོད་པ་ཡིན་ནོ། །ངོ་སྤྲོད་ཀྱི་ལུགས་སུ་གདབ་པ་ནི་ལས་འཕྲོ་སད་པ་ཁ་ཅིག་ལ་སྙེ་མ་མགུལ་པ་ནས་འཆང་བ་ལྟར་དབང་གི་རྗེས་ལ་ངོ་སྤྲད་ནས་ཉམས་སུ་ལེན་པ་སྟེ། དེའང་ཁྲེགས་ཆོད་དང་ཐོད་རྒལ་གྱི་དོན་ཁོ་ན་སྟོན་པར་བྱ་བ་དང་། དེའི་རྗེས་འབྲེལ་དུ་དབྱིངས་མཚོན་བྱེད་མེ་ལོང་། ཡེ་ཤེས་མཚོན་བྱེད་རྨ་བྱའི་མདོངས། ཟུང་འཇུག་མཚོན་བྱེད་མན་ཤེལ་སོགས་ལ་བརྟེན་ནས་ངོ་སྤྲོད་ཉེར་གཅིག་དང་། ལྔ་ཚན་ལྔའི་སྒོ་ནས་གདབ་པའོ། །གསུམ་


LT35_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དེའང་དུས་མཐའི་ཚེ་འཆི་ཁའི་མི་དེ་འགྲོན་པོ་ལམ་ཞུགས་ལྟ་བུ། འཆི་བའི་སྡུག་བསྔལ་ལ་ཆེན་པོ་ལྟ་བུ། དེའི་ལས་སྣང་སྣང་བའི་འཆར་ཚུལ་སྣ་ཚོགས་སྣང་བ་ངོ་མ་ཤེས་ན་དགྲར་ལྡང་བའི་ཚང་ཡོད་ཅིང་། ངོ་ཤེས་ན་གྲོགས་སུ་འཆར་བའི་ཚང་ཡོད་པས། འཆི་ཁའི་དུས་དེར་ངོ་སྤྲོད་ཚང་སྤྲུགས་སུ་འདེབས་པར་གསུངས་སོ། །དེའང་ཕྱི་མ་གཉིས་ས་བཅད་དང་པོར་འདུ་བ་ཡིན་ནོ། །གཉིས་པ་ལག་ལེན་གྱི་དབྱེ་བསྡུ་ནི། རྫོགས་རིམ་ཡོངས་རྫོགས་སྨིན་སློབ་ཏུ་ཁྲིད་པར་འདོད་ན། ཐུན་གྱི་སྔོན་འགྲོ་ནས་བརྩམས་ཏེ་སྔོན་འགྲོ་སེམས་སྦྱང་བདུན་དང་། ཐུན་མོང་དང་ཁྱད་པར་གྱི་ཚོགས་བསགས་པ་དང་། དེ་ནས་ཆགས་བྲལ་རླུང་དང་ཆགས་ཅན་ཐིག་ལེའི་རྣལ་འབྱོར། ཐུན་མིན་སྔོན་འགྲོ། ཀ་དག་གི་ཁྲིད་དམིགས་རྣམས་དང་། འཁོར་འདས་རུ་ཤན་དབྱེ་བ་ནས་བཟུང་ཐོད་རྒལ་གྱི་མན་ངག །སྐུ་གསུམ་གྱི་འདུག་སྟངས་ལ་སློབ་ཚུལ། །མཚན་མོའི་ཐུན་གསུམ་ལ་ཡེ་ཤེས་གནད་དུ་བསྣུན་པའི་མན་ངག །རྨི་ལམ་བཟུང་སྦྱང་སྤེལ་བསྒྱུར་ལ་འབད་པའི་རིམ་པ་རྣམས་རེ་རེ་ནས་རྒྱུད་ལ་མྱོང་བ་མ་སྐྱེས་ཀྱི་བང་དུ་བསྒོམ་པ་ལ་སློབ་ཅིང་སྐབས་སུ་བབ་པའི་སྤྱོད་པ་ལ་གནས་པས་གདོད་མའི་གྲོལ་སར་རྙོགས་པ་གདོན་མི་ཟའོ། །ཡང་རྫོགས་རིམ་གཞན་གྱིས་རྒྱུད་སྦྱངས་ཟིན་པའི་གང་


LT35_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ལམ་འདིའི་དངོས་གཞི་ལ་ཞུགས་པར་སྤྲོ་ན། སེམས་སྦྱོང་བདུན་པོ་ཇི་ལྟར་འོས་པ་ནས་ཐུན་མོངས་མ་ཡིན་པའི་སྔོན་འགྲོ་དྲན་པ་རྒྱུན་གཅོད་འབྱུང་ལྔའི་རྣལ་འབྱོར་དང་། སྒོ་གསུམ་གྱི་སྔོན་འགྲོ་ནས་བརྩམས་ཁྲེགས་ཐོད་དངོས་ལ་འཇུག་པས་ཆོག་ཅིང་། ལོ་རྒན་པ་སོགས་རྩ་རླུང་མི་འཆུན་པའམ། དེའི་འབྲས་བུ་མི་འབྱིན་པའི་རིགས་ལ་རླུང་ཐིག་གི་རྣལ་འབྱོར་བཞག་ཀྱང་ཆད་སྐྱོན་ཏུ་མི་འགྱུར་བ་དང་། དབང་པོའི་སྒོ་མི་གསལ་བ་ལྟ་བུ་ཐོད་རྒལ་གྱི་སྣོད་དུ་མི་རུང་བ་ལ་ཁྲེགས་ཆོད་ཁོ་ན་ནི་ཤིན་ཏུ་སྟོན་རུང་ལ། ཁྲེགས་ཆོད་ལེགས་པར་སྔོན་ཏུ་མ་སོང་བ་ལ་ཐོད་རྒལ་རྐྱང་པ་ནམ་ཡང་སྟོན་མི་རུང་། སྤྱིར་ཁྲེགས་ཆོད་ནི་ལམ་འབད་མེད་དུ་རང་གྲོལ་བ་འོད་གསལ་གྱི་སྣང་བ་ལ་མ་ལྟོས་པར་རིག་པ་རྗེན་པ་ཉམས་སུ་ལེན་པ་ལེ་ལོ་ཅན་མ་བསྒོམས་པར་འཚང་རྒྱ་བ་དབང་པོ་རྣོན་པོའི་གནད་ཡིན་ལ། ཐོད་རྒལ་ནི་འབད་བཅས་སུ་གྲོལ་བ་འོད་གསལ་གྱི་སྣང་བ་ལ་ལྟོས་བརྩོན་འགྲུས་ཅན་ཚེ་འདི་ཉིད་དུ་གདོས་བཅས་འོད་ལུས་སུ་དག་ནས་འཚང་རྒྱ་བར་བྱེད་པ་ཡིན་ནོ། །ཁྲིད་ཚུལ་རྒྱས་བསྡུས་གང་ལའང་ལུགས་འདིའི་དབང་བསྐུར་རྣམས་ནི་ཅིས་ཀྱང་སྔོན་ཏུ་འགྲོ་དགོས་ལ་བསགས་སྦྱོང་གཞན་ཉམས་སུ་ལེན་མ་ནུས་ཀྱང་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་ཙམ་ནི་ཤིན་ཏུ་གལ་ཆེ་བ་མངོན་ལ། འདི་ཉིད་ཆེད་དུ་ཉམས་སུ་ལེན་པ་པོ་ལ་གནད་ཆེ་བ། བླ་མ་ཡི་དམ་མཁའ་


LT35_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་སྐོར་གསུམ་གྱི་བསྒོམ་བཟླས་དང་། བོགས་འདོན་སྤྱོད་པའི་གནད་ཡིག་བདུད་རྩིའི་རྒྱལ་པོ་སོགས་ཀྱང་གྲོགས་སུ་བསྟེན། མདོར་ན། རབ་ཚེ་གཅིག། འབྲིང་ཆོས་ཉིད། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་མི་གྲོལ་མི་སྲིད་པའི་ཟབ་ཆོས་གདོད་མའི་མགོན་པོའི་ཐུགས་ཏིག་འདི་ལྟ་བུ་དང་མཇལ་བའི་ཚེ་སྙོམ་ལས་སུ་མི་བཞག་པར་ཅི་ནུས་ཀྱིས་ཉམས་སུ་བླང་བ་ལ་རྩེ་གཅིག་ཏུ་བརྩོན་པར་བྱས་པས་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་བ་གདོན་མི་ཟའོ།། ༈ །།བླ་མེད་འོད་གསལ་རྡོ་རྗེ་སྙིང་པོའི་ལམ། །གྲོལ་བ་བཞི་ལྡན་ཐེག་དགུའི་མཐར་ཐུག་པ། །གང་དེའི་ཡང་སྙིང་ཞིང་ཁམས་རྒྱ་མཚོ་རུ། །མཚན་ཙམ་དཀོན་པའི་སྙིང་ཏིག་ཡིད་བཞིན་ནོར། །ལུགས་སྲོལ་བཞི་ཡི་མཆོག་གྱུར་བི་མ་ལའི། །སྙིང་ཏིག་མ་བུ་བཀའ་སྲོལ་ཆུ་བོ་གསུམ། །གཅིག་འདུས་མཁས་གྲུབ་ཀུན་གྱི་མནོག་ཆོས་ཏེ། །དེ་ཡི་ཁྲིད་ཚུལ་ཀུན་གྱི་ཡང་བཅུད་བསྡུས། །ཟབ་བརླིངས་རྡོ་རྗེའི་གནས་ནི་རྟོགས་པར་དཀའ། །ཆོས་སྲུང་མེ་ལ་ཚེ་ནམ་ཡང་མི་གཡེལ་བས། །བདག་ལྟ་རྨོངས་པའི་ལས་སུ་བབས་མིན་ཀྱང་། །ཁྱབ་བདག་བླ་མས་རྗེས་སུ་གནད་ཕྱིར་བྲིས། །གོང་མའི་གསུང་བཟང་དབང་པོར་བཀོད་ན་ཡང་། །ཤེས་རབ་


LT35_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་ཆུང་སྙོམ་པའི་སྟོབས་དམན་པས། །ནོངས་པར་གང་གྱུར་རྩ་གསུམ་ཆོས་སྲུང་གིས། །འཕྲལ་ཡུན་སྒྲིབ་པར་མི་འགྱུར་དག་ཚངས་སྩོལ། །དྲི་མེད་བཤེས་གཉེན་མཁས་པའི་གཙུག་རྒྱན་དངོས། །ཀློང་ཆེན་གཉིས་པ་རྡོ་རྗེ་གཟི་བརྗིད་ཀྱི། །ཞལ་ལུང་བདུད་རྩི་དམ་སེལ་རྙོགས་པ་ཡིས། །བསླད་མིན་སྐལ་ལྡན་གསོས་སུ་བསྟེན་པར་འོས། །རབ་དགེ་དྲི་མ་མེད་ལས་འོད་གསལ་གྱི། །སྣང་བའི་སྦུབས་སུ་འཁྲུལ་པ་ཀུན་སངས་ཏེ། །ནམ་མཁའ་ཁྱབ་པའི་ལུས་ཅན་ཇི་སྙེད་པ། །གདོད་མའི་གྲོལ་སར་མངོན་བྱང་ཆུབ་པར་ཤོག །ཆོས་ཚུལ་འདི་ཡང་ཉི་ཟླ་ལྟར་ཁྱབ་ཅིང་། །ནོར་བུ་བཞིན་ཏུ་སྐྱེ་དགུའི་འདོད་པ་འཇོ། །ཆུ་བོའི་རྒྱུན་བཞིན་ནམ་ཡང་ཆད་མེད་པས། །ཐོག་མའི་མགོན་པོའི་མཛད་པ་སྒྲུབ་གྱུར་ཅིག །དེ་ལྟར་སྙིང་ཐིག་མ་བུའི་ཁྲིད་སྲོལ་ཆུ་བོ་གཅིག་འདུས་ཀྱི་ཡིག་ཆ་འདིའང་། ཀུན་མཁྱེན་གདོད་མའི་མགོན་པོ་རྡོ་རྗེ་གཟི་བརྗིད་རྩལ་གྱི་ཞལ་སྔ་ནས་སྨིན་གྲོལ་བཀའ་དྲིན་ཏུ་སྩལ་བའི་ཚེ། འདི་ལྟར་བགྱི་བར་འོས་ཞེས་བཀའ་ཡིས་རྗེས་སུ་གནང་བ་དང་། སླད་ཆར་སྒྲུབ་སྡེ་འདི་ཉིད་དུ་ཉམས་ལེན་མཁན་རྣམས་ལ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ་རྗེ་བླ་མ་ཉིད་ལ་གསོལ་བ་བཏབ་ཀྱང་། སླར་རྗེས་སུ་གནང་བ་དམིགས་བསལ་དུ་སྩལ་བ་ལས། བྱམས་མགོན་ཏཱའི་


LT35_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སི་ཏུའི་འབངས་ཐ་པདྨ་གར་དབང་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་སྨིན་གླིང་རྗེ་བཙུན་རིན་པོ་ཆེའི་ཁྲིད་ཡིག་རྩ་བར་བཟུང་། སྙིང་ཏིག་མ་བུ་དངོས་ཀྱི་རྡོ་རྗེའི་གསུང་སྟབས་བདེ་བ་རྣམས་ཉེ་བར་བསྡེབས། རྡོ་རྗེ་ཚེ་དབང་ནོར་བུའི་ཞལ་ལུང་དང་། ཀརྨ་སྙིང་ཏིག་གི་གནད་འགའ་ཞིག་གིས་ཀྱང་ཟུར་བརྒྱན་ཏེ། དཔལ་སྤུངས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་རྒྱལ་བས་ཆོས་ཀྱི་འཁོར་ལོ་སྐོར་བའི་དུས་ཚེས་དགེ་བར་བྲིས་པ་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ། །


previousརྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་མ་བུའི་བཀའ་སྲོལ་ཆུ་བོ་གཉིས་འདུས་ཀྱི་ཁྲིད་ཡིག་དྲི་མེད་ཞལ་ལུང་།next