ལྟ་བ་གཏན་ལ་འབེབས་པ་ལས་འཕྲོས་པའི་གཏམ་སྐབས་ལྔ་པ་ལུང་དང་རིག་པའི་མེ་ཏོག་རབ་ཏུ་དགོད་པ།
ལྟ་བ་གཏན་ལ་འབེབས་པ་ལས་འཕྲོས་པའི་གཏམ་སྐབས་ལྔ་པ་ལུང་དང་རིག་པའི་མེ་ཏོག་རབ་ཏུ་དགོད་པ་ཞེས་བྱ་བ་བཞུགས་སོ། །
ན་མོ་མཉྫུ་ཤྲི་ཡེ། དཔལ་ལྡན་ཤཱ་ཀྱའི་སྐྱེས་མཆོག་དང་། །དབྱེར་མེད་འཇམ་མགོན་བླ་མའི་ཞབས། །ཐར་ལམ་ནོར་བ་མེད་སྟོན་པ། །དེ་ལ་དངོས་པོ་ཀུན་གྱིས་བཏུད། །དབྱར་གྱི་དཔལ་ལ་བརྟེན་ནས་ནི། །སེམས་མེད་པདྨས་དགའ་བསྐྱེད་ལྟར། །དམ་པའི་གསུང་ལ་བརྟེན་པའི་ཕྱིར། །རྨོངས་པས་མཁས་པ་དགའ་བསྐྱེད་བྱ། །གང་ཞིག་ཤེས་ན་མཁས་འགྱུར་ལ། །དེ་ཡིས་རྣམ་པར་གྲོལ་བྱེད་པ། །ལུང་དང་བླ་མའི་མན་ངག་དང་། །རིག་པས་སོམས་ཉི་མེད་པའི་ཆོས། །ཐེག་གསུམ་རིགས་ཀྱི་ཁྱད་པར་གྱིས། །གང་ལ་མོས་པ་དེར་
ཞུགས་ནས། །དང་པོར་ལྟ་བ་ངེས་པར་བྱ། །དེ་ཡི་གྲོགས་སུ་ཐོས་པ་སྟེ། །ཕྱོགས་རེ་དག་གིས་ངོམ་མི་བྱ། །དེ་ནས་བསམ་དང་སྒོམ་པ་ཡང་། །རྨོངས་ཞེན་ཉི་ཚེའི་བློ་སྤང་སྟེ། །སྔ་རིམ་ངེས་ཤིང་བརྟན་ཐོབ་པའི། །ཚོད་དང་བསྟུན་ནས་སྤྱོད་པ་བརྩམ། །མདོ་སྔགས་ལམ་གྱི་ཟབ་ཁྱད་ཀྱིས། །འབྲས་བུའི་ཐོབ་ཚུལ་མང་མོད་ཀྱི། །ཐེག་གཅིག་འབྲས་ལས་འདའ་བ་མིན། །ཐོས་པའི་ཡུལ་ནི་ཤེས་བྱ་སྟེ། །དེ་ནི་བདེན་དང་གྲུབ་མཐའ་དང་། །རིག་དང་སྟོང་པ་ཉིད་ཀྱིས་བསྡུས། །གང་ཚེ་གཞུང་ལུགས་སྦྱོང་བ་པོའི། །བློ་
གྲོས་ཡོངས་སུ་དག་བྱའི་ཕྱིར། །ཕྱི་ནད་ཁྱད་པར་ངེས་བྱས་ནས། །ཕྱི་པའི་ལྟ་དང་གྲུབ་མཐའ་དང་། །བསྟན་པའི་རྣམ་བཞག་ཤེས་པར་བྱ། །མིང་དང་ཚིག་ལ་བརྟེན་ནས་ནི། །ཆོས་ཀྱི་དེ་ཉིད་མཐོང་འགྱུར་ལ། །མིང་ཚིག་ལ་བརྟེན་ཤེས་བྱའི་ཆོས། །སྒྲ་དང་གཏན་ཚིག་རིག་པས་དཔག །བརྗོད་དང་ཤེས་བྱའི་ཡུལ་གང་ཡིན། །རྗོད་བྱེད་ཡུལ་ཅན་ཤེས་པ་ཡིས། །སྤྱི་དང་རང་གི་མཚན་མཚོན་དག །མངོན་རྗེས་ཚད་མས་གཏན་ལ་དབབ། །དམ་བཅའ་ཕྱོགས་ཆོས་དཔེ་སོགས་ཀྱིས། །སྒྲུབ་པའི་ངག་བཀོད་སུན་འབྱིན་བརྩམས། །ཡང་དག་དང་ནི་ལྟར་སྣང་དབྱེ། །སྣང་དང་གཞན་སེལ་འགལ་འབྲེལ་བརྩི། །ཁྱབ་རྟགས་སྐྱོན་བསམ་ཐལ་འགྱུར་འཕེན། །སྤྱི་དོན་གོ་བས་དཔྱོད་པ་ན། །རིམ་གྱིས་ཕྲ་བའི་གནད་རྟོགས་པའི། །ཆོས་རབ་རྣམ་འབྱེད་ཤེས་རབ་སྐྱེ། །ལྟ་བ་གཏན་ལ་ཕེབས་པ་དང་། །སྨྲ་བའི་ཁྱུ་མཆོག་ཆེན་པོར་འགྱུར། །ཟབ་མོའི་ཆོས་ཚུལ་སྟོན་པའི་ཕྱིར། །འཇིག་རྟེན་དབང་ཕྱུག་ལྗགས་བརྐྱང་སྟེ། །རིག་གཞུང་རྒྱ་མཚོའི་བཅུད་བསྲིང་བས། །བླུན་སྒོམ་ལ་ལའི་མགྲིན་པ་ནས། །ལུང་དང་རིག་པའི་གཏེར་མཛོད་བརྡོལ། །ཐེག་པ་ཐུན་མོངས་འདིས་འཆད་ནས། །གསང་བ་སྔགས་ལ་འཇུག་པའི་ཚེ། །རྒྱུད་སྡེ་སོ་སོའི་
འཆད་ཐབས་ཀྱི། །མན་ངག་མིག་དང་མི་ལྡན་ན། །བློ་ཡི་འཕྲུལ་འཁོར་སྣ་ཚོགས་ཀྱང་། །ལོང་བས་གླང་ཆེན་བརྟགས་པ་འདྲ། །དེས་ན་འཇུག་དང་སྦྱོར་བ་དང་། །སྒྲུབ་དང་གྲུབ་པའི་སྤྱོད་པ་བཞིས། །བྱ་བའི་རྒྱུད་རྣམས་བཤད་པར་བྱ། །འགོ་སྨོས་པ་ལ་རྒྱུད་ཀྱི་མཚན། །རྣམ་པར་ཕྱེ་ལ་མིང་དོན་དབྱེ། །ཚིག་ལྷུར་ལེན་ལ་སྤྲོས་པ་སྟེ། །དབང་པོ་རྣོ་འབྲིང་བརྟུལ་པོའི་ཕྱིར། །འཆད་པའི་སྒོ་གསུམ་རྒྱུ་ངོ་བོ། །འབྲས་བུ་ཕུན་ཚོགས་ལ་སོགས་པས། །བསྡུས་ཏེ་སྤྱོད་རྒྱུད་རབ་བཤད་བྱ། །ཆིངས་འདིས་རྒྱུད་གཞན་བསྡུས་པ་ཡང་། །གསར་རྙིང་མཁས་པ་ཕལ་གྱིས་བཤད། །བྱ་བ་སྒྲུབ་པའི་ཐབས་ཆེན་དང་། །གསང་བའི་བྱེ་བྲག་འབྱེད་བྱེད་ཅིང་། །རྣལ་འབྱོར་དགོངས་པ་རྣམ་པར་འགྲེལ། །དེ་ཉིད་དམ་པ་ཤེས་བྱེད་དང་། །རྡོ་རྗེ་འཁོར་ལོའི་རྣལ་འབྱོར་གྱི། །ཆོ་ག་མཆོག་ཏུ་གསང་བ་དང་། །དུས་གསུམ་ཁྱབ་པའི་བྱ་བར་ལྡན། །གསང་བའི་རྣལ་འབྱོར་ཀུན་འབྱུང་ཞིང་། །བྱ་བ་ཀུན་གྱི་ཐབས་ཆེན་གྱི། །རྟོག་པ་ཐམས་ཅད་བསྡུས་པ་བཞིས། །རྣལ་འབྱོར་གྱི་ནི་རྒྱུད་བཤད་བྱ། །ཕ་རྒྱུད་འདུས་པ་ལ་སོགས་པ། །རྒྱན་བདུན་དག་གི་བཤད་ཐབས་གསུངས། །གླེང་པ་སླང་བ་ལ་མིང་སོགས་ལྔ། །
བསྡུས་དོན་རིགས་པ་བཞི་ཡིན་ཏེ། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །ཚིག་དོན་བཤད་པའི་ཚུལ་ཡང་བཞི། །ལྔ་པ་ཉན་པར་འདོད་ལ་གཉིས། །དེ་ཡི་དབྱེ་བའང་ལྔ་ཡིན་ལ། །བདུན་པ་བདེན་གཉིས་རྣམ་པར་ངེས། །ཉེར་བརྒྱད་ཕྱེ་ཞིང་བདུན་ཏུ་བསྡུ། །ཡང་ན་གཞི་ལམ་འབྲས་རྒྱུད་ཀྱིས། །བླ་མེད་རྒྱུད་ཀུན་བསྡུས་པའོ། །དེ་བཞིན་རྣལ་འབྱོར་མ་ཡི་རྒྱུད། །ཡི་གེ་དང་ནི་ཡན་ལག་དང་། །བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་སྟེ། །གདམས་ངག་དྲུག་གི་སྒོ་ནས་འཆད། །གཞན་ཏུ་དབྱིབས་སྔགས་ཆོས་བདག་ཉིད། །སྦྱོར་བ་རྣམ་པ་གསུམ་གྱིས་ནི། །སྲིད་པའི་ཉེས་པས་མི་གོས་ཤིང་། །རྒྱུད་ཀྱི་དོན་ལ་འཇུག་ཅེས་གསུངས། །བཅུ་དྲུག་ཏུ་དབྱེ་བཞི་རུ་བསྡུ། །གོང་བུ་ཆུ་དང་གཟུགས་བཅས་དང་། །དེ་འདས་གནས་པ་བཞིས་ཀྱང་བཤད། །ཁྱད་པར་ཀྱེ་ཡི་རྡོ་རྗེ་ལས། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་གསུངས་དེ་ནི་དེ་ཡིས་འཆད། །དེ་ཡང་རྒྱུད་གསུམ་ཁྲ་སྦྱར་བའི། །མན་ངག་མཁས་པའི་ཞལ་ལས་
ལོངས། །གསང་བ་བདུན་དང་ཡན་ལག་ལྔ། །གདན་བཞི་དང་ནི་རིམ་པ་གཉིས། ཁ་སྦྱོར་གསུམ་དང་དེ་ཉིད་བཞི། །རྣམ་གྲངས་མང་པོར་དབྱེ་བའི་རྒྱུད། །དེ་དག་དེ་ཡི་སྒོ་ནས་འཆད། །རྒྱུད་སྡེ་ཀུན་གྱི་རྩེར་སོན་པ། །དཔལ་ལྡན་དུས་ཀྱི་འཁོར་ལོ་ནི། །བདེན་པ་གཉིས་ལ་རབ་བརྟེན་ནས། །བྱང་ཆུབ་བཞི་དང་རྡོ་རྗེ་བཞི། །ཕྱག་རྒྱ་བཞི་དང་སྐུ་བཞི་དང་། །རིགས་དྲུག་བདེན་དོན་བཅུ་གཉིས་དང་། །དེ་ཉིད་བཅུ་དྲུག་ལ་སོགས་པ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ནང་དེ་བཞིན་ཏུ་དེ་བཞིན་གཞན། །རྣམ་པ་གསུམ་གྱི་གསང་བ་ཡིས། །རྡོ་རྗེའི་ཚིག་རྣམས་རབ་རྟོགས་བྱེད། །གསང་སྔགས་རྙིང་མའི་ལུགས་ཀྱི་ནི། །མ་ཧཱ་ཨ་ནུ་ཨ་ཏི་ལ། །འཆད་ཐབས་ཐུན་མིན་ཡོད་མོད་ཀྱང་། །གནས་སྐབས་གཞན་ཏུ་སྤྲོ་བར་བྱ། །མདོར་ན་དོན་གཅིག་འཆད་པ་ལའང་། །དུ་མའི་དོན་ལ་མཁས་པར་བྱ། །ཁྱད་པར་རྟོན་པ་བཞི་ལ་བརྟེན། །བླ་མའི་མན་ངག་མི་ལྡན་པས། །མདོ་འདུལ་མངོན་པའང་མི་རྟོག་ན། །རྒྱུད་སྡེ་ཟབ་རྒྱ་ཕྱེད་འགྱུར་རམ། །དེ་བས་ཐར་པ་འདོད་རྣམས་ཀྱིས།
ཐོག་མར་དགེ་བའི་བཤེས་གཉེན་བཙལ། །དེ་ནས་དེ་ལ་རབ་བསྙེན་ཏེ། །རྟག་དང་གུས་པའི་སྦྱོར་བ་ཡིས། །སྲིད་པ་གསུམ་ན་རྙེད་དཀའ་བའི། །དམ་ཆོས་ཡིད་བཞིན་ནོར་བསྒྲུབས་པས། །ངེས་ལེགས་དཔལ་གྱིས་འབྱོར་པར་འགྱུར། །བཤད་པའི་ཐབས་ཀྱི་སྐབས་སོ།། ༈ །།གང་ཞིག་ཤེས་བྱའི་ཆོས་དག་ལ། །རིགས་པས་ཇི་ལྟར་དཔྱད་བཟོད་པ། །དེ་འདིར་བློ་ངོར་གྲུབ་པའི་མཐའ། །ཕྱི་དང་ནང་གི་དབྱེ་བས་གཉིས། །ཇི་སྲིད་སེམས་ནི་འཇུག་པའི་བར། །དེ་སྲིད་འཇིག་རྟེན་རྒྱང་ཕན་ཏེ། །ཕུང་སོགས་བདེན་པར་སྨྲ་བ་ཡང་། །བཏགས་པའི་མུར་འདུག་ཉིད་དུ་བཤད། །སངས་རྒྱས་རིན་ཆེན་མུ་སྟེགས་ཅན། །ཞིང་གཅིག་ཏུ་ནི་མི་འབྱུང་བས། །བསམ་གཏན་ལྔ་མངོན་ཤེས་ལྡན་པ། །སྤྲུལ་པའི་རང་བཞིན་ཤེས་པར་བྱ། །བདག་ཏུ་སྨྲ་བ་ཉེར་ལེན་པའི། །བསམ་གཏན་པ་དང་རྟོག་གེ་པ། །རང་རྒྱུད་ཉིད་དོ་དུས་འཁོར་ལས། །རྩ་བའི་དབྱེ་བ་བཞི་ལ་སོགས། །ཞལ་གྱི་སྒོ་ནས་སྤྲོས་པའང་གསུངས། །ལྟ་བའི་ཕྱག་རྒྱ་བཞི་ལྡན་ཞིང་། །སྒོམ་པ་སྲིད་རྩེའི་གཉེན་པོར་འགྲོ། །མཐའ་གཉིས་སྤངས་པའི་སྤྱོད་ལ་འཇུག །འགོག་བདེན་འབྲས་བུར་འདོད་པ་ཡི། །བསྟན་འདིར་ཞུགས་ལ་རིགས་ཅན་གྱི། །ཐེག་པས་དབྱེ་བ་རྣམ་པ་
གསུམ། །ཡང་ན་རྒྱུ་འབྲས་དབྱེ་བས་གཉིས། །རྒྱུ་ཡི་ཐེག་པར་གྲུབ་མཐའ་བཞི། །ཉན་ཐོས་ལ་ནི་བྱེ་མདོ་དང་། །ཐེག་པ་ཆེ་ལ་དབུ་སེམས་ཏེ། །སངས་རྒྱས་ས་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །བྱེ་བྲག་པ་དང་མཐུན་སྨྲ་བས། །ཤེས་བྱ་གཞི་ལྔར་འདུས་པ་འདོད། །དབུས་རྡུལ་ཕྱོགས་རྡུལ་གྱིས་བསྐོར་བ། །ཕྲ་རབ་འདུས་པའི་རགས་དངོས་དང་། །དུས་གསུམ་དག་གིས་རྒྱུན་བརྩམས་པ། །གཡག་རྔ་དང་ནི་ནེའུ་སེང་བཞིན། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་ཏུ་ཀུན་རྫོབ་ལ། །ཡོད་དེ་དོན་དམ་གཞན་ཡིན་ནོ། །སྒོ་ལྔ་ཡིད་བཅས་རྣམ་ཤེས་ཀྱིས། །ཕྱི་ཡི་དོན་མཐོང་སེམས་བྱུང་ཀུན། །མཚུངས་པ་ལྔ་དང་ལྷན་ཅིག་འཇུག །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །དོན་དང་དོན་གྱི་ཁྱད་རྟོགས་ཀྱང་། །དོན་རིག་ཉིད་ལས་རང་རིག་མེད། །གཟུང་འཛིན་དུས་མཉམ་དག་ཏུ་སྐྱེ། །མིང་ཚིག་ལ་སོགས་བདེན་མིན་གྱི། །འདུ་བྱེད་དུས་གསུམ་རྫས་སུ་ཡོད། །ལས་གང་བྱས་པའང་ཆུད་མི་ཟ། །ནམ་མཁའ་དང་ནི་འགོག་པ་གཉིས། །ལམ་བདེན་ཡིད་ཤེས་
འཁོར་དང་བཅས། །འདུས་མ་བྱས་ཕྱིར་ཟག་མེད་དེ། །གཞན་ནི་ཟག་པ་རྒྱས་པའོ། །ཁ་ཆེའི་གཞུང་གི་ཆུ་གཏེར་ཆེ། །བྱེ་བྲག་སྨྲ་བའི་འདོད་པར་ཤེས། །སྐད་ཅིག་སྔ་ལོགས་དོན་གྱི་ནི། །རྣམ་པ་གཏོད་བྱེད་ཕག་ན་མོས། །གཏད་པས་ད་ལྟའི་རྣམ་པར་ཤར། །གཏོད་བྱེད་དེ་ཡིས་ཕྱི་ལོགས་སུ། །ཕྱི་དོན་གཏད་པས་དོན་རྟོགས་ཏེ། །ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །འོན་ཀྱང་མེ་ལོང་དྭངས་པ་ལ། །བཞིན་གྱི་རྣམ་པ་གཏད་པ་ལྟར། །གཟུང་འཛིན་ཡུལ་དང་ཡུལ་ཅན་གྱུར། །དབང་རྣམས་རྣམ་ཤེས་བདག་རྐྱེན་ཅན། །ཡུལ་རྣམ་ཤེས་ལ་རྣམ་གཏོད་པའི། །དམིགས་རྐྱེན་སྣང་ཤེས་གཞི་མཐུན་ལ། །འདྲ་བ་དག་ནི་ཉམས་སུ་མྱོང་། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་ནམ་མཁའ་བཞིན། །འདུ་བྱེད་བེམ་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །སྤོང་བའི་སེམས་པ་རྒྱུན་ཆགས་སོགས། །བཏགས་ཡོད་མདོ་སྡེ་པ་ཡིས་རིགས། །ལུང་དང་རིག་པའི་རྗེས་འབྲང་ངོ། །རྩ་བའི་སྡེ་པ་བཞི་ལ་སོགས། །ཉན་ཐོས་རིགས་སུ་ངེས་རྣམས་ཀྱིས། །ཆོས་ཀྱི་བདག་མེད་རགས་པ་དང་། །གང་
ཟག་རང་རྐྱ་ཐུབ་པ་ཡི། །རྫས་ཡོད་བདག་གིས་དབེན་པར་རྟོགས། །བདེན་པ་བཅུ་དྲུག་ལ་གོམས་ཤིང་། །རིགས་བརྒྱད་སྔོན་ཏུ་སོང་བ་ཡི། །ལམ་ལྔར་རིམ་གྱིས་བགྲོད་པ་ན། །ཞུགས་དང་གནས་པའི་ཚུལ་གྱིས་ནི། །ལྷག་བཅས་ལྷག་མེད་དགྲ་བཅོམ་ཐོབ། །སངས་རྒྱས་རྣམས་ནི་སྐུ་གཉིས་ཏེ། །ལོངས་སྤྱོད་རྫོགས་པའི་ཞིང་སྐུ་དང་། །ཐེག་ཆེན་བཀའ་རུ་འདོད་པ་མིན། །རང་སངས་རྒྱས་རྣམས་བདེན་བཞི་ལ། །རྟེན་འབྲེལ་བཅུ་གཉིས་བསྣན་ནས་སུ། །དང་པོ་བདག་མེད་པ་བསྒོམ་སྟེ། །དྲོད་ནས་མི་སློབ་ལམ་གྱི་བར། །སྟན་ཐོག་གཅིག་ཏུ་མངོན་ཏུ་མཛད། །གཟུང་དོན་རྟོག་པ་སྤངས་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དུ་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །བློ་ཡིས་ཟད་པ་སྟོང་པ་ཉིད། །རྒྱུན་ཆད་པ་ལ་མྱང་འདས་འདོད། །གང་ལ་ཞོན་ནས་འགྲོ་སྒྲོལ་བ། །ཐེག་པ་ཆེ་བ་བདུན་གྱིས་འཕགས། ཁམས་གསུམ་སེམས་ཙམ་ཞེས་བསྟན་པའི། །ལུང་རྣམས་ཀྱི་ནི་རྗེས་འབྲང་ནས། །རྫས་གྲུབ་ལྐོག་ན་མོ་ལ་སོགས། །ཆ་ཤས་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་བ་མིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །ཕྱི་
དོན་རྣམ་པ་བདེན་མེད་ཀྱང་། །དམིགས་པ་མེད་པར་རབ་ཏུ་སྣང་། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །གཟུང་འཛིན་རྐྱེན་གྱི་གཞན་དབང་ལ། །རྣམ་གྲངས་ཡོངས་སུ་ཆད་པ་ཡི། །ཀུན་བརྟགས་བཏགས་སུ་ཡོད་པས་རྫུན། །འགྱུར་མེད་ཕྱིན་ཅི་མ་ལོག་པའི། །ཡོངས་གྲུབ་དོན་དམ་ཡོད་པས་བདེན། །འཁོར་ལོ་ཐ་མའི་རྗེས་སུ་འབྲང་། །ཤེས་ལ་སྣང་བ་གྲུབ་པར་ཡང་། །ཤེས་པའི་འཛིན་སྟངས་ཁྱད་པར་གྱིས། །ཕྱེད་ཚལ་གཟུང་འཛིན་གྲངས་མཉམ་དང་། །སྣ་ཚོགས་གཉིས་མེད་རྣམ་བདེན་སྨྲ། །སྣང་ཀུན་བློ་དང་དོན་གཉི་གར། །མ་དམིགས་བག་ཆགས་ཙམ་ལ་བརྟེན། །ཤེས་ལས་གཞན་པའི་རྫས་མེད་ཀྱང་། །བློ་ལ་མ་རིག་བསླད་ཞུགས་པའི། །ཤེས་པ་རྣམ་པར་རྫུན་རྟོགས་ལ། །དྲི་བཅས་དྲི་མེད་དབྱེ་བས་གཉིས། །གོང་འོག་གྲུབ་མཐའ་ཕལ་ཆེར་ཀྱང་། །མིང་འདི་དག་གིས་རྣམ་པར་དབྱེ། །ཞེས་པ་རྣལ་འབྱོར་སྤྱོད་པའི་གཞུང་། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །སྤྲོས་པའི་མཐའ་ལ་མི་གནས་པར། །ཆོས་ཀུན་དབུ་མར་སྨྲ་བ་ལ། །རང་རྒྱུད་ཤར་གསུམ་ལ་སོགས་པས། །འཁྲུལ་དང་མ་འཁྲུལ་ཤེས་ངོ་ན། །ཡོད་དང་མེད་
པ་གང་ཡིན་པས། །ཀུན་རྫོབ་དོན་དམ་ཁྱད་པར་བྱས། །དོན་བྱེད་ནུས་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཤེས་དང་བག་ཆགས་འདོད། །ཕྱོགས་རེ་དང་ནི་མཐའ་བཞི་གའི། །སྤྲོས་གཅོད་རྣམ་གྲངས་རྣམ་གྲངས་མིན། །དོན་དམ་གྱི་ནི་དབྱེ་བ་བྱས། །རིགས་པས་དཔྱད་བཟོད་མི་བཟོད་པ། །བདེན་པ་གཉིས་ཀྱི་མཚན་ཉིད་ཏེ། །རྒྱུ་འབྲས་གཉི་གར་དཔྱོད་པ་དང་། །དགག་པ་གཉིས་ཀྱི་གཏན་ཚིག་བཀོད། །རིག་ཆེན་ལྔ་སོགས་འགོག་བྱེད་ཀྱིས། །བདེན་དངོས་བཀག་སྟེ་རྣམ་དཔྱད་སྒྲུབ། །རིག་ཤེས་ཚད་མས་རྗེས་དཔག་ནས། །དོན་ཤེས་རང་གི་ངོ་བོས་སྟོངས། །སྒྲོ་སྐུར་བྲལ་བའི་ཡེ་ཤེས་སྒྲུབ། །དཔལ་ལྡན་ཀླུ་དང་ཟླ་བ་སོགས། །བདེན་པ་བཀག་ནས་རྫུན་པ་དང་། །སྤྲོས་པ་བཀག་ནས་སྤྲོས་མེད་དུ། །སྒྲུབ་སོགས་རེས་འཇོག་ཅན་མིན་པར། །གཏན་ཚིག་ལྔ་ཡིས་ཆོས་ཐམས་ཅད། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བ་ནམ་མཁའི་པདྨོ་བཞིན། །གང་གི་བློ་ནི་འཁྲུལ་པ་དང་། །མ་འཁྲུལ་པ་ལས་བདེན་གཉིས་འབྱེད། །དཔེར་ན་གཉིད་ལོག་གཉིད་དབང་གིས། །གནས་ལ་སོགས་པ་མཐོང་གྱུར་ན། །སད་ནས་དེ་ཡིས་མི་སྣང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཞིང་། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་གཟིགས་སོ། །སྐྱེ་དང་འཕགས་པའི་
རྗེས་ཐོབ་ཏུ། །མཐོང་བ་རྫུན་པ་རྣམ་གཉིས་ཏེ། །དབང་པོ་གསལ་དང་སྐྱོན་ལྡན་བཞིན། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །སེམས་དང་སེམས་བྱུང་འགག་པས་ན། །ཡེ་ཤེས་འཇུག་པའང་ཉེ་བར་ཞི། །མ་འཁྲུལ་པ་ཡི་ཆོས་ཉིད་དེ། །རྟོགས་བྱ་རྟོགས་བྱེད་དོན་དམ་བདེན། །གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཡི་མཚན་ཉིད་དོ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིགས། །གནས་ལུགས་གཉིས་ཆོས་ལས་འདས་པས། །སྣང་ལུགས་ཙམ་དུ་འདོགས་པ་ལས། །གྲུབ་མཐའི་བདེན་ཞེན་བཟུང་བ་མེད། །གཞན་གྲགས་པ་ལ་ཐལ་འགྱུར་འཕེན། །དེ་ཕྱིར་ཁས་ལེན་ཅན་གྱི་ནི། །གྲུབ་པའི་མཐའ་ཀུན་འདི་ཡིས་འཇིག །སྟོང་དང་རྟེན་འབྱུང་རིག་པས་སོ། །གཞི་ནི་བདེན་གཉིས་ལམ་ཚོགས་གཉིས། །འབྲས་བུ་སྐུ་གཉིས་ཟུང་དུ་འཇུག །མ་དཔྱད་ཅུང་ཟད་དཔྱད་པ་དང་། །ལེགས་པར་དཔྱད་པའི་གནས་སྐབས་ཀྱིས། །འཕགས་
པའི་གཞུང་རྣམས་འཆད་ཅེས་གསུངས། །ཆོས་ཅན་དགག་སྒྲུབ་གཏན་ཚིག་དང་། །ཁྱབ་པ་མཐུན་དཔེ་དམིགས་ཚུལ་སོགས། །ཇི་སྐད་བཤད་པའི་རིག་པ་ཡིས། །དངོས་པོར་འཛིན་པའི་བློ་བཀག་སྟེ། །བདག་མེད་གཉིས་ལ་སེམས་འཇོག་པས། །སྲིད་པའི་ས་བོན་འགག་པར་འགྱུར། །མཐར་ལྟ་རང་གི་སྡེ་མིན་པས། །རྟག་ཆད་བློ་དང་མཚམས་པར་སྤང་། །གྲུབ་མཐའ་ཞེས་པའང་བློ་ཁྱད་ཡིན། །འདུས་བྱས་སྐད་ཅིག་མི་རྟག་དང་། །ཆ་མེད་གྲུབ་པས་བྱེ་སྨྲ་སྟེ། །རྒྱུ་རྣམས་རང་རང་ངོ་བོས་འགག །རྗེས་མཐུན་འབྲས་འབྱིན་མདོ་སྡེ་པ། །ཀུན་བརྟགས་རང་བཞིན་མེད་པ་དང་། །གཞན་དབང་བདེན་གྲུབ་སེམས་ཙམ་སྟེ། །སྤྲོས་དང་བྲལ་བས་རྟག་པའི་མཐའ། །རྟེན་ཅིང་འབྲེལ་འབྱུང་ཆད་པའི་མཐའ། །སྤང་འདི་དབུ་མ་པ་ཡི་ལུགས། །དེང་སང་གངས་རིའི་ཁྲོད་འདི་ན། །ཀུན་རྫོབ་ཡོད་ན་ཡོད་ཁྱབ་དང་། །དོན་དམ་མེད་ན་མེད་ཁྱབ་སོགས། །ཕྱི་པའི་གཞུང་དང་ཁྱད་མེད་པའི། །རྟག་ཆད་ལྟ་བ་འཛིན་བཞིན་དུ། །སྔོན་མེད་དབུ་མ་ཆེན་པོར་རློམས། །མེད་དགག་ཙམ་གྱི་གོ་བ་ལ། །ལྟ་བ་རྟོགས་པར་རློམ་པ་ཡང་། །ཉམས་སུ་བཤད་ན་རུང་མོད་ཀྱི། །གནས་ལུགས་ལྟ་བ་རྟོགས་པ་མིན། །ཕུང་པོ་རྣམ་
དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་ཏུ་སྙིང་པོ་མེད། །ལྟ་ཀུན་སྟོང་པས་བཟློག་པ་སྟེ། །སྟོང་ལ་སྟོང་པར་ལྟ་བ་ནི། །བཀྲུ་སྨན་དུག་ཏུ་སོང་དང་མཚུངས། །ཟབ་ཟབ་འདྲ་བའི་སྤྱད་བསྒོམ་ཡང་། །ཕྱོགས་རེས་བརྟགས་པའི་བློ་ཡིན་གྱི། །འཕགས་པ་ཡབ་སྲས་བཞེད་པ་མིན། །གྲུབ་མཐའི་སྐབས་སོ།། ༈ །།ཀུན་རྫོབ་སྤྲོས་པ་ཇི་སྙེད་པ། །ཐལ་འགྱུར་དཔྱད་པས་བཀག་ནས་ནི། །བསྒོམ་པའི་ཚུལ་ལ་འཇུག་པའི་ཕྱིར། །ངེས་དོན་དབུ་མའི་གནད་ལ་བསླབ། །སྦྱང་གཞི་བདེ་གཤེགས་སྙིང་པོ་སྟེ། །སྤྱོད་བྱེད་རྡོ་རྗེའི་རྣལ་འབྱོར་ལམ། །སྦྱངས་པའི་བྲལ་འབྲས་ཆོས་སྐུའོ། །སེམས་ཙམ་དུ་ནི་རྟོགས་པ་དང་། །ཕྱི་རོལ་དངོས་པོ་རྣམ་བསལ་བས། །རྣམ་པར་རྟོག་པ་རྣམས་བཟློག་སྟེ། །ལམ་དེ་ཉིད་ནི་དབུ་མའོ། །ས་རྣམས་སྣ་ཚོགས་ཀུན་གྱི་གཞི། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །ཀུན་གཞི་དེ་ལ་སྙིང་པོའི་སྒྲས། །སངས་རྒྱས་རྣམས་ཀྱིས་བསྟན་པར་མཛད། །དག་པ་དང་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ནི། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །དེ་བཞིན་ཉིད་དེ་ཐམས་ཅད་ལ། །ཁྱད་པར་མེད་ཅིང་དག་གྱུར་པ། །དེ་བཞིན་གཤེགས་
ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པ་ཡིན། །མཚན་ཉིད་དང་ནི་སྐྱེ་བ་དང་། །དོན་དམ་ངོ་བོ་ཉིད་མེད་པས། །སྤྲོས་ཀུན་རང་གི་ངོ་བོས་སྟོང་། །ཆོས་ཉིད་ཡོངས་གྲུབ་དེ་ལྟ་མིན། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །བསལ་བཞག་མེད་པའི་ཆོས་ཀྱི་དབྱིངས། །རང་བཞིན་ཉིད་ཀྱིས་རྣམ་དག་པས། །སྟོང་ཆར་ཆོས་སྐུའི་ཡོན་ཏན་དང་། །སྣང་ཆར་སྐུ་དང་ཞིང་ཁམས་སོགས། །འཆར་བའི་གཞིར་གནས་བྲལ་རྒྱུ་དང་། །བྲལ་འབྲས་གདོད་ནས་ལྷུན་གྲུབ་བཞུགས། །གཏེར་དང་འབྲས་བུའི་ཤིང་བཞིན་ཏུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོགས་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་དེ་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཉོན་མོངས་དྲྭ་བས་གཡོགས་པ་ལ། །སེམས་ཅན་
ཞེས་ནི་ངེས་པར་བརྗོད། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཉི་མ་སྤྲིན་གྱིས་གཡོགས་པ་ཡང་། །རླུང་གི་གཉིས་ཀ་བསལ་མ་ཡིན། །ཐོས་བསམ་སྒོམ་པས་སྤྲོས་བཅད་ཀྱང་། །དབྱིངས་དེ་ཉམས་པར་བྱེད་མ་ཡིན། །རྟ་ལ་བ་ལང་མེད་མོད་ཀྱི། །གཉིས་ཀ་མེད་ཅེས་སྨྲ་མི་རུང་། །ཉོན་མོངས་དང་ནི་མྱང་འདས་ཀྱང་། །གཅིག་མེད་པས་ནི་ཀུན་མེད་མིན། །སེར་བའི་རིལ་བུ་ཞུ་བ་ལས། །བྱིས་པས་ནོར་བུ་མེད་བརྟགས་ལྟར། །སྤྲོས་པའི་ཆོས་ཀྱིས་སྟོང་པ་ལས། ཁ་ཅིག་སྙིང་པོ་སྟོང་པར་བརྟགས། །སྟོང་པའི་ཆོས་ཀྱང་གཞན་ཡིན་ཏེ། །མི་སྟོང་ཆོས་ཀྱང་གཞན་ཡིན་ནོ། །ཇི་ལྟར་པད་ནང་རྩི་གནས་ཀྱང་། །པདྨ་ཉིད་ནི་རྩི་མིན་ལྟར། །རྒྱལ་བའི་སྙིང་པོ་ཡོད་པ་ཡིས། །དེ་ཉིད་ཡིན་པར་བསྒྲུབ་མ་ཡིན། །འོད་གསལ་བ་ཡི་སེམས་ཉིད་ལ། །གློ་བུར་དྲི་མ་སྤངས་པ་ན། །ས་ལ་སྦས་པའི་གསེར་བཞིན་ཏུ། །རང་བྱུང་ཡེ་ཤེས་མངོན་ཏུ་འགྱུར། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཇི་ལྟར་ནོར་བུ་མཁན་མཁས་པས། །རིན་
ཆེན་རིགས་ལས་མ་དག་པའི། །ནོར་བུ་རིམ་གྱིས་སྦྱོང་བ་ལྟར། །རྒྱལ་བས་མ་དག་སེམས་ཅན་གྱི། ཁམས་ལ་གཟིགས་ནས་ཆོས་སྟོན་ཏེ། །བདེན་བཞིའི་གཏམ་གྱིས་སྐྱོ་བསྐྱེད། །ཆོས་འདུལ་དག་ལ་འཛུད་པར་མཛད། །རྣམ་ཐར་གསུམ་གྱི་གཏམ་གྱིས་ནི། །དེ་བཞིན་གཤེགས་པའི་ཚུལ་རྟོགས་མཛད། །འཁོར་གསུམ་ཡོངས་དག་གཏམ་བཟང་པོས། །རྒྱལ་བའི་ཡུལ་ལ་འཇུག་པར་མཛད། །བྱིས་པ་ཤེད་མ་བྱེ་བའི་མས། །ནུ་ཞོ་ཆ་ཡིས་བྲིད་པ་བཞིན། །འཁོར་ལོ་གསུམ་ཡང་དྲང་དོན་དང་། །འདྲེས་དང་ངེས་དོན་ཡིན་ཅེས་བྱ། །དབང་པོའི་རིམ་ལ་དགོངས་པས་སོ། །རྒྱལ་བས་དྲང་ངེས་ཕྱེས་པ་དང་། །འབྱེད་པར་ལུང་བསྟན་འཕགས་པ་ཡིས། །དྲང་ངེས་ཕྱེས་ལ་སུ་ཞིག་བསྙོན། །ཀླུ་སྒྲུབ་ཐེག་ཆེན་བཀར་སྒྲུབ་དང་། །ཐོགས་མེད་དྲང་ངེས་འབྱེད་པོར་བསྟན། །ཤིང་རྟ་གཉིས་ཀྱིས་ལུང་དོན་སྒྲུབ། །གཅིག་གིས་གཅིག་ལ་བཀག་པ་མེད། །འཕགས་ལ་ནང་འགལ་སྲིད་དམ་ཅི། །ཡོད་དང་མེད་པའི་ཕྱོགས་འཛིན་པ། །དངོས་སྨྲའི་གྲུབ་མཐའ་འཇིག་པའི་ཕྱིར། །རིགས་པའི་ཚོགས་ནི་བརྩམ་མོད་ཀྱི། །མྱང་འདས་སྤྲོས་བྲལ་དུ་བསྟན་པས། །བློ་ཡི་
སྤྲོས་པ་སེལ་བྱེད་ཡིན། །ཀུན་བརྟགས་བློ་ཡིས་སྤྲོས་པ་ནི། །གཞན་ཏེ་འདིར་ཡང་སྟོང་པར་འདོད། །རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད། །བློ་ཡིས་སྤྲོས་པས་བསྒྲུབ་པ་མིན། །དོན་དམ་བློ་འདས་ཡིན་ཕྱིར་རོ། །སྨྲ་བསམ་བརྗོད་དུ་མེད་པར་ཡང་། །སོ་སོ་རང་གིས་མྱོང་བྱ་བ། །བསྒོམས་པས་གོམས་པའི་སྤྱོད་ཡུལ་ཏེ། །དགག་སྒྲུབ་བློ་ཡིས་དེ་རྟོགས་མིན། །ཇི་ལྟར་བུ་རམ་མངར་བའི་རོ། །ཐོས་པས་རོ་ནི་མི་མྱོང་སྟེ། །ཟོས་པས་རོ་ནི་མྱོང་བར་འགྱུར། །དེ་བཞིན་སྟོང་པ་ཉིད་ཀྱི་རོ། །ཐོས་པས་རོ་ནི་མི་མྱོང་སྟེ། །བསྒོམས་པས་རོ་ནི་མྱོང་བར་འགྱུར། །མངོན་རྗེས་ཚད་མའང་བློ་ཡིན་པས། །དེ་ཡིས་ཡེ་ཤེས་ག་ལ་དཔག །བསམ་མི་ཁྱབ་པའི་ཡུལ་ཡིན་ཕྱིར། །མེད་པར་བསྒྲུབ་པ་མི་ནུས་ཏེ། །གཟུགས་ཀྱི་དབྱེ་བ་ཐ་དད་པ། །དམུས་ལོང་དག་གིས་མི་མཐོང་ཡང་། །གཟུགས་མེད་ཅེས་ནི་སྒྲུབ་མི་ནུས། །མིག་དང་ལྡན་པས་མཐོང་ཕྱིར་རོ། །སེམས་ཙམ་ཡིན་ཏེ་སྣང་བ་མེད། །སྣང་བ་མེད་པས་མི་སྐྱེ་སྟེ། །དབུ་མ་ཡི་ནི་ལམ་འདི་དག །ཐུབ་པས་སེང་གེའི་སྒྲ་ཡིས་བསྒྲགས། །ཆོས་འཁོར་དང་པོས་མི་དགེ་བཟློག །བར་དུ་བདག་བཟློག་ཐ་མ་ཡིས། །ལྟ་གཞི་ཀུན་ཀྱང་བཟློག་དེའི་ཕྱིར། །འཁོར་ལོ་གཉིས་
པོ་གནས་སྐབས་དང་། །མཐར་ཐུག་ཉིད་དམ་མཉམ་རྗེས་ཀྱི། །སྤྲོས་པ་གཅོད་དང་བསྒོམ་དོན་ལས། །དབུ་མའི་གནད་ལ་མི་མཐུན་མེད། །བཅོམ་ལྡན་འདས་རྣམས་ཆོས་བསྟན་པ། །ཕྱིར་མི་ལྡོག་པའི་འཁོར་ལོར་གཅིག །དེ་བས་ཚིག་རྐྱང་གོ་བ་ཡིས། །ངེས་དོན་རྟོགས་པར་རློམས་མིན་པར། །མ་འཁྲུལ་བ་ཡི་ལུང་རིག་ལ། །བླ་མའི་ངག་གིས་བརྒྱན་བྱས་ནས། །སྤྲོས་པ་ནང་དུ་གཅད་པ་ན། །ཆོས་ཉིད་བདེན་པ་མཐོང་བར་འགྱུར། །ངེས་དོན་དབུ་མ་ཁྱད་པར་དུ་ཕྱེ་བའི་སྐབས་སོ།། ༈ །།ཕྲ་རབ་རྡུལ་ལ་རྣམ་དཔྱད་ཏེ། །ལྷན་སྐྱེས་བྲལ་བདེ་བཏང་ནས་ནི། །བློ་ཡིས་སྟོང་པར་རབ་བརྟགས་པ། །བྱང་ཆུབ་དཔལ་ལས་ཉམས་གཟིགས་ནས། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་ཚོལ་བའི། །གསང་བ་བླ་མེད་ཚིག་གིས་ནི། །རྡོ་རྗེའི་ཐེག་པ་སྟོན་པར་མཛད། །ཉན་ཐོས་རྣམས་ཀྱི་དབང་བྱས་ནས། །སྡེ་སྣོད་གསུམ་དུ་འདོད་པ་ཡིན། །བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི། །དེར་ནི་ངེས་པ་ཡོད་མ་ཡིན། །རྣམ་རྟོག་འདུལ་བས་དེར་སྣང་ཞིང་། །ཤིན་ཏུ་རྒྱས་པའི་མདོ་སྡེར་འཇུག །ཟབ་རྒྱས་ཆོས་ཉིད་དང་མི་འགལ། །རིག་པ་འཛིན་པའི་སྡེ་སྣོད་ཏེ། །ཐུན་མོང་
མདོར་སོགས་མི་འཇུག་པས། །རྒྱལ་གསུང་ཚད་མ་མི་འགྲུབ་ན། །ཐུན་མིན་འདུལ་ལ་མི་སྣང་བས། །ཁྱེད་ལའང་རིགས་པ་དེ་མཚུངས་འགྱུར། །ཟབ་མོ་ནང་གི་མདོ་འདུལ་དང་། །མངོན་པས་ཐུན་མིན་བསླབ་པ་གསུམ། །སྟོན་ཕྱིར་ཆ་མཉམ་ཉིད་དུའང་བཤད། །ཁྱད་པར་སྡོམ་གསུམ་གནད་ཀྱིས་གཅིག །ཉན་ཐོས་ལ་སོགས་ཐེག་ཆུང་ལ། །མན་ངག་ཡོད་པ་མ་ཡིན་ཏེ། །ལྟ་བ་སྤྱོད་པ་སེམས་བཟུང་དང་། །རྒྱུ་དང་ལམ་དང་འབྲས་བུ་པ། །དུས་དང་ལོངས་སྤྱོད་རྣལ་འབྱོར་དང་། །བདག་གཞན་དོན་དང་ དགོས་པ ་དང་། །ངལ་དུབ་མཐའ་སྤངས་ཚེགས་ཆུང་དང་། །ཚོགས་བསགས་པ་དང་ཁྱད་པར་ཏེ། །ཁྱད་པར་རྣམ་པ་བཅོ་ལྔ་ཡིས། །རིག་འཛིན་ཐེག་པ་ཁྱད་པར་འཕགས། །ཆོས་ཀུན་ཆོས་སྐུའི་རྒྱས་ཐེབས་ཤིང་། །བྱིན་རླབས་ལྡན་དང་དངོས་གྲུབ་མྱུར། །དབུགས་ཕྱིན་བར་དུ་གཅོད་པ་བྲལ། །དམ་ཚིག་མི་ཉམས་ཉམས་པ་བསྐང་། །རྣམ་པ་བདུན་གྱིས་འཕགས་པ་ཡང་། །འཕགས་པ་ཀླུ་དང་ཇོ་བོས་བཞེད། །དབང་པོའི་ཞབས་སོགས་རྒྱ་བོད་ན། །རྩོད་པ་མེད་པར་གྲགས་རྣམས་ཀྱིས། །སྔགས་དང་ཕ་རོལ་ཕྱིན་པ་ལ། །ལྷ་ལ་སོགས་པའི་ཁྱད་པར་བསྟན། ཁ་ཅིག་ཆོ་གའི་དབྱེ་བ་ལས། །ལྟ་སོགས་
ཁྱད་པར་མེད་དོ་ལོ། །རྒྱ་སྐང་བི་དྷི་ཞེས་བྱ་བ། །རྣམ་པར་སྒྲུབ་བྱེད་ཡན་ལག་འཛིན། །དེ་དང་དེ་ཡི་ཐབས་ལ་འཇུག །དཔེར་ན་གཟིངས་སོགས་འཆའ་བ་ལ། །ནོར་བུ་ལེན་པའི་ཆོ་གར་གྲགས། །འདུལ་བར་ལས་ཀྱི་ཆོ་གར་གསུངས། །ལྷ་བསྒོམ་སྔགས་བཟླས་ལ་སོགས་པའི། །མཚན་ཉིད་ཡོད་པས་ཡིན་ཞེ་ན། །མདོ་སྡེ་ལས་བཏུས་སྨན་གྱི་བླའི། །ཆོ་ག་ཡང་ནི་དེ་རུ་འགྱུར། །འདོད་ན་སྔགས་ཀྱི་དབང་བསྐུར་དང་། །བསྐྱེད་རིམ་མཚན་ཉིད་འདི་ཡིན་སྨོས། །ལྟ་བ་ལྷག་པར་ཁས་བླངས་ཀྱང་། །སྤྲོས་པ་ཅན་ཏུ་མི་འགྱུར་ཏེ། །སྤྲོས་བྲལ་གནད་ལ་མཐུན་ཕྱིར་རོ། །ཇི་ལྟར་མཁའ་ལ་ཟླ་བ་ལས། །ཉི་མའི་འོད་ཟེར་རབ་གསལ་ཡང་། །འོད་ཟེར་མིན་པ་མི་འགྱུར་བཞིན། །འགའ་ཞིག་ཟབ་མོ་རྟོགས་པ་ཡི། །ཤེས་རབ་ཉིད་ལ་ཁྱད་མེད་ཀྱང་། །བདག་ཉིད་ལྷ་ཡི་རྣལ་འབྱོར་སོགས། །ཐབས་རྒྱ་ཆེ་བས་ཕྱེས་པར་འདོད། །འོ་ན་བྱ་རྒྱུད་ཙམ་པོ་ལ། །བདག་ཉིད་ལྷ་རུ་བསྐྱེད་མེད་པས། །བྱ་རྒྱུད་གསང་སྔགས་མིན་པར་ཐལ། །གཞན་ཡང་འདུས་པའི་འོད་གསལ་དང་། །འོད་གསལ་ཙམ་ལ་ཁྱད་ཆེ་ཞིང་། །སྣང་གསུམ་ཙམ་དང་སེམས་དབེན་གྱི། །སྣང་གསུམ་ལ་ཡང་ཁྱད་ཆེ་ལྟར། །
སྔགས་ཀྱིས་རྟོགས་པའི་ཟུང་འཇུག་གི། ཤེས་རབ་ཟབ་མོ་དག་དང་ནི། །གཞན་དག་ཁྱད་པར་ཅིས་མི་ཆེ། །དེ་ཡང་རིམ་པ་ལྔ་པ་ལས། །ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆ་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པ་དེས་བཤད་དོ། །ཞེས་གསུངས་སྔགས་ཀྱི་ལྟ་བ་ནི། །འཁྲུལ་ངོ་ན་ཡང་བདེན་པ་གཉིས། །དབྱེར་མེད་མཉམ་ཉིད་ལྟ་བས་འཕགས། །འདྲེས་ཞེས་བློ་ཡིས་བསྲེས་པ་མིན། །གདོད་ནས་དག་མཉམ་ཆེན་པོར་གནས། །དེ་རྟོགས་སྔགས་ཀྱིས་ལྟ་བར་གསུངས། །ཐེག་པ་ཆེ་ལའང་ཟབ་པ་དང་། །རྒྱ་ཆེའི་ཚུལ་གྱིས་གནས་པའི་ཕྱིར། །ལྟ་བའི་ཁྱད་པར་བསྟན་ཙམ་གྱིས། །གྲུབ་མཐའ་ལྔ་པར་མི་འགྱུར་ཏེ། །དབུ་མའི་སྟོང་ཉིད་ལས་གཞན་པའི། །སྟོང་ཉིད་བཞི་ལ་སོགས་པའི་རིམ། །འཕགས་པ་ཀླུས་ཀྱང་བསྟན་པའི་ཕྱིར། །སྤྱིར་ཡང་ལྟ་བ་ཞེས་པ་ནི། །གཤིས་ཀྱི་གནས་ལུགས་གང་ཡིན་པ། །མ་འཁྲུལ་ཡེ་ཤེས་གཟིགས་ངོ་ན། །སྣང་དེ་དོན་དམ་བདེན་པ་སྟེ། །དེ་ལ་རྗེས་སུ་མཐུན་པ་ཡི། །ཤེས་རབ་མིག་གིས་ལྟ་བའོ། །ཁ་ཅིག་ཀུན་རྫོབ་ལ་དམིགས་པའི། །ལྟ་བ་ལྟ་བ་མ་ཡིན་ཟེར། །གནས་ལུགས་དང་ནི་འཁྲུལ་ལུགས་ཀྱི། །ཁྱད་པར་མ་ཕྱེད་
སྐྱེ་པོ་དག །གསང་ཆེན་ངེས་པའི་ཐེག་འདི་ལ། །ཟབ་མོའི་བློ་ཁ་མ་ཕྱོགས་པས། །ལྟ་བ་གང་ལ་བཏགས་པ་ཙམ། །མ་ཤེས་སོ་སྐྱེའི་རྗེས་དཔག་ལ། །ཚད་མར་བཟུང་རྣམས་རྣམ་པར་འཁྱམས། །དབྱིངས་ལ་སྤྲོས་པས་མ་སྤྲོས་པས། །ཆོས་སྐུའི་རྣམ་པ་ལམ་བྱེད་པ། །རྒྱུ་ཡི་ཐེག་དང་མཚུངས་མོད་ཀྱི། །མེད་དགག་ཙམ་གྱི་སྤྲོས་བྲལ་གྱིས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་ཀུན་མཆོག་ལྡན་མི་འགྲུབ་ཅིང་། །བདེ་ཆེན་ཡོན་ཏན་རྫོགས་པ་མིན། །ཀུན་རྫོབ་མེད་པར་བསྒྲུབས་ཙམ་གྱིས། །གདོད་ནས་དག་མཉམ་མི་རྟོགས་པས། །གཟུགས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡི། །འདྲ་བ་ལམ་དུ་ཇི་ལྟར་བྱེད། །དེ་ཕྱིར་ཟབ་མོའི་ཐབས་མེད་པས། །རྟག་ཏུ་སྤང་གཉེན་འཆིང་བས་བཅིང་། །བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་མཉམ་རྫོགས་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་དུ། །དག་དང་མ་དག་གཉིས་སུ་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དང་། །ཀུན་རྫོབ་ཏུ་ཡང་དབྱེར་མེད་པས། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཡོད་དང་མེད་ལས་རྣམ་པར་འདས། །གཉིས་མེད་དངོས་དང་དངོས་མེད་ཟད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེའི་རྣལ་འབྱོར་བདེ་བ་ཆེ། །ཕྲ་རབ་
རྡུལ་གྱི་ཆོས་ཉིད་འདས། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་ངེས་པར་གྲོལ། །རྡོ་རྗེའི་རྣལ་འབྱོར་རིས་མེད་པ། །ཨེ་ཝཾ་དེ་བཞིན་གཤེགས་པའི་རྒྱ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་དབྱིབས་ཀྱིས་རྣམ་པར་མཚོན། །སྐྱེ་བ་མེད་པ་འགག་མེད་པ། །ཤེས་བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོས་སྟོང་པ་ཉིད། །ཕུང་པོ་རྣམ་པར་དཔྱད་པས་མིན། །ཀྲི་ཡས་དག་པ་ཆོས་ཉིད་དེ། །ཡོ་གས་ཡེ་ཤེས་བྱིན་རླབས་ལྷ། །བླ་མེད་ལྷུན་གྲུབ་དཀྱིལ་འཁོར་ཏེ། །ཀུན་རྫོབ་སྒྱུ་མ་ཙམ་དུ་ཡང་། །ཡོངས་སུ་དག་པའི་ལྷ་རུ་ལྟ། །ཐ་མལ་ཕུང་ཁམས་སྐྱེ་མཆེད་ཀྱང་། །གདན་གསུམ་ཚང་བའི་འཁོར་ལོར་དག །སྒོ་གསུམ་རྡོ་རྗེ་གསུམ་དུ་ཤར། །མ་དག་དག་པས་བྱིན་བརླབས་ཀྱི། །སྒོམ་པ་མ་ཡིན་མཉམ་རྫོགས་ལྟ། །བློ་ཡིས་སྤྲོས་མཐའ་བསལ་མིན་པར། །རྡོ་རྗེའི་ལུས་ཀྱི་རྟེན་འབྲེལ་དང་། །རང་བབ་གཤིས་ངོར་འཇོག་པ་ཡིས། །རྣམ་པར་མི་རྟོག་ཡེ་ཤེས་ནི། །ཆེན་པོ་གསུམ་གྱི་བློས་མ་རེག །རང་བཞིན་རྣམ་དག་འོད་གསལ་བ། །གདོད་ནས་གནས་པའི་སྤྲོས་བྲལ་ཏེ། །འཁོར་འདས་དབྱེར་མེད་ལྟ་བ་རྟོགས། །གཞི་རྒྱུད་
ལམ་རྒྱུད་འབྲས་བུའི་རྒྱུད། །ཐམས་ཅད་དུ་ཡང་རྒྱུན་ཆགས་པས། །ཟུང་དུ་འཇུག་པའི་བདེ་ཆེན་པོ། །རྡོ་རྗེའི་སྐུ་ནི་སྙིང་ལ་གནས། །ཉིད་ལ་ཉིད་ཀྱི་རྒྱས་གདབ་ཅིང་། །ལས་ལ་སེམས་ཀྱི་ཕྱག་རྒྱ་སྟེ། །སེམས་ལ་ལུས་ཀྱི་རྒྱས་གདབ་བོ། །རྒྱུ་ལ་འབྲས་བུའི་རྒྱས་གདབ་ཅིང་། །འབྲས་བུ་ལ་ཡང་རྒྱུའི་རྒྱས་གདབ། །འཕོ་མེད་བདེ་བའི་ཚུལ་ཁྲིམས་དང་། །མཚན་བཅས་མཚན་མེད་ཏིང་འཛིན་དང་། །བདེན་གཉིས་དབྱེར་མེད་ཤེས་རབ་ཀྱི། །བསླབ་དང་སྤྱོད་ཡུལ་ཉིད་ལ་འཇུག། ཆོས་བདག་མེད་པ་མཉམ་པ་ཉིད། །རྡོ་རྗེ་མི་ཕྱེད་གསུམ་གྱི་བདག །འགྱུར་མེད་བདེ་བའི་རོས་མྱོས་པ། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །སྔགས་ཀྱི་ལྟ་བ་འདིས་འགྲུབ་འགྱུར། །བསྐལ་པ་བྱེ་བ་གྲངས་མེད་ཀྱིས། །སངས་རྒྱས་ཀུན་དངོས་མི་ཐོབ་པ། །གསང་སྔགས་ཚེ་འདིའི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་ཐོབ་ཅེས་གསུངས། །ཕར་ཕྱིན་དང་སྔགས་ཀྱི་ལྟ་བའི་ཁྱད་པར་དབྱེ་བའི་སྐབས་སོ།། ༈ །།ཆོས་རྣམས་སེམས་ཀྱི་ངོ་བོ་སྟེ། །སེམས་ནི་སྟོང་པའི་ངོ་བོ་ཉིད། །ཐམས་ཅད་སྟོང་པར་རོ་གཅིག་པས། །མ་ཧཱ་མུ་དྲ་རྒྱ་ཆེན་པོ། །འཁོར་འདས་ཆོས་ཀུན་ཕྱག་རྒྱས་བཏབ། །ཆེན་པོ་བླ་ན་མེད་པའོ། །ལྷན་
སྐྱེས་གཉུག་མའི་དོན་དེ་ལ། །གདམས་པའི་དག་གིས་སྦྱོར་བྱེད་པས། །ལྷན་ཅིག་སྐྱེས་སྦྱོར་ཞེས་ཀྱང་བྱ། །རྒྱལ་བས་གསུངས་པའི་མདོ་རྒྱུད་ཀྱི། །མཚན་མ་མེད་པའི་ཏིང་འཛིན་དང་། །ཟབ་མོའི་གནས་ལུགས་ཉིད་ཡིན་ཕྱིར། །གཞི་ལམ་འབྲས་བུའི་ཕྱག་རྒྱ་ཆེ། །མདོ་ལས་ཤེས་རབ་ཕར་ཕྱིན་དང་། །སྔགས་སུ་ཕྱག་རྒྱ་ཆེ་ལ་སོགས། །མཚན་གྱི་རྣམ་གྲངས་མཐའ་ཡས་ཤིང་། །འཕགས་བོད་མཁས་དང་གྲུབ་པ་ཡིས། །ཁྲིད་ཀྱི་སྲོལ་ཡང་དུ་མ་མཛད། །རང་ལུགས་མཉམ་མེད་སྒམ་པོ་པས། །ཏིང་རྒྱལ་མདོ་ཡིས་དགོངས་དོན་ལྟར། །ཕྱག་རྒྱ་ཆེན་པོའི་བསྒོམ་རིམ་ཕོག །འཁོར་ལོ་ཐ་མའི་ལྟ་ཁྲིད་ལགས། །དེ་ཡང་མངའ་བདག་མཻ་ཏྲི་པས། །རྒྱུད་བླའི་ལུང་ལས་བརྟེན་ནས་ནི། །མདའ་བསྣུན་ཡབ་སྲས་མན་ངག་བཞིན། །མདོ་སྔགས་རྟོག་པ་བསྲེས་པའི་ཁྲིད། །རྩལ་འདོན་ལྷོ་བྲག་པ་ལ་གནང་། །སྔགས་ལུགས་ཐུན་མོང་མ་ཡིན་པ། །སློབ་མ་དབང་པོ་ཡང་རབ་ལ། །ནུས་དང་ལྡན་པའི་སློབ་དཔོན་གྱིས། །རྡོ་རྗེ་ཡེ་ཤེས་དབང་བསྐུར་དང་། །དབང་པོ་དམན་ལ་སྤྲོས་བཅས་ཀྱི། །དབང་བསྐུར་སྔོན་ཏུ་ནོད་ནས་སུ། །རིམ་གྱིས་ཕྱག་རྒྱ་ཆེར་འཇུག་སོགས། །ཕྱག་བཞེས་འདྲ་མིན་མང་མཆིས་ཤིང་། །མཚན་
བཅས་སྔོན་དུ་འགྲོ་བ་ཡིས། །མཆན་མེད་རྣལ་འབྱོར་ལ་འཇུག་དང་། །གསལ་སྣང་མཆེད་པར་སླ་བའི་ཕྱིར། །ཞི་ལྷག་ཏིང་འཛིན་ཅུང་གོམས་པས། །བསྐྱེད་རིམ་ལ་ཞུགས་ཟུང་འཇུག་ཏུ། །ཉམས་སུ་ལེན་པའི་ལུགས་གཉིས་ཡོད། །བླ་མ་མི་ལ་ནས་བརྒྱུད་པའི། །སྤྲོས་བཅས་ཐབས་ལམ་སྤྲོས་མེད་ཀྱི། །རྫོགས་རིམ་ལྷན་ཅིག་སྐྱེས་སྦྱོར་ཞེས། །སྔ་མ་ནཱ་རོ་ཏཱ་པའི་ལུགས། །སེམས་ཀྱི་རྟ་ནི་རླུང་ཡིན་ཕྱིར། །དེ་ཟིན་ཏིང་འཛིན་འགྲུབ་པར་བཞེད། །ཕྱི་མ་བྲམ་ཟེ་ཆེན་པོའི་ལུགས། །རླུང་ནི་རྣམ་རྟོག་རྣམ་རྟོག་སེམས། །སེམས་འགག་རླུང་གི་འགྲོ་འོང་ཆད། །ལྷན་སྐྱེས་ཡེ་ཤེས་མངོན་ཏུ་འགྱུར། །ཕྱིས་ནས་རྒྱལ་བས་ལུང་བསྟན་པ། །འཚོ་བྱེད་ཟླ་འོད་གཞོན་ནུ་ཡིས། །ཨ་ཏི་ཤ་ཡི་ལམ་རིམ་གྱིས། །ཕྱག་ཆེན་ཁྲིད་ཀྱི་ཟུར་བརྒྱན་མཛད། །བཀའ་ཕྱག་ཆུ་བོ་གཅིག་ཏུ་འདྲེས། །དེང་སང་སྙིགས་མ་ཤས་ཆེར་བདོ། །ལོག་ལྟ་ཅན་གྱི་ཡི་དྭགས་ལ། །རྡོ་རྗེ་ཐེག་པའི་བདུད་རྩིའི་ཆར། །མགྲིན་པའི་སྣོད་དང་མཚམས་མིན་པས། །སྐྱེས་བུ་གསུམ་གྱི་ལམ་རིམ་གྱིས། །འཁྲིད་པས་སྐལ་པ་རབ་ཏུ་འཕོས། །སྔགས་སུ་འཇུག་པའི་བློ་སྐྱེ་བས། །སྐལ་པ་མཆོག་དམན་མ་བརྟགས་
པར། །དཀྲི་བའི་ཐབས་མཁས་རྨད་དུ་བྱུང་། །མདོ་སྔགས་གསང་ལམ་ཉིད་དུ་བསྔགས། །སེམས་ཀྱི་རང་བཞིན་འོད་གསལ་བ། །ཤེས་དང་ཤེས་བྱའི་མཚན་ཉིད་འདས། །དག་པ་རབ་འབྱམས་ཐམས་ཅད་པར། །སྣང་ཡང་རྡུལ་ངང་ཤེས་པས་དབེན། །པྲ་ཕབ་པ་ཡི་རང་བཞིན་ཅན། །དེ་ལ་ཕྱག་རྒྱ་ཆེན་པོར་བརྗོད། །དེ་ནི་ཆོས་ཀུན་ལ་ཁྱབ་པའི། །ཆ་མེད་ཤེས་པ་རང་དབང་ཅན། །མིན་ཏེ་བློ་ལས་འདས་ཕྱིར་རོ། །རྣམ་པར་རྟོག་པར་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟག་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །གྲོལ་ཐིག་ལས། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོང་བ། །ཡང་དག་གསལ་བ་ཞེས་བྱའོ། །དེ་གཉིས་མེད་པའི་རང་བཞིན་མཆོག །དངོས་པོ་ཀུན་ལ་ཁྱབ་པའི་བདག །འཁོར་བས་རབ་ཏུ་མ་ཟིན་པ། །ཆོས་ཀྱི་དབྱིངས་ཞེས་བཤད་པའོ། །དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་བས། །སྒོམ་པ་དམིགས་སུ་མེད་པའོ། །ཨིནྡྲས་ཇི་སྲིད་ཇི་སྲིད་རྣམ་རྟག་པ། །དེ་སྲིད་ཐམས་ཅད་ཀུན་ནས་བརྫུན། །འདུས་པ་ལས། གང་ཞིག་
དེ་ཉིད་མ་བརྟགས་པ། །དེ་བཞིན་ཡང་དག་དེ་བདེན་ཏེ། །གང་ཡང་སྒོམ་པ་པོ་ཉིད་མེད། །གང་ཡང་རྣམ་པར་བསྒོམ་པ་མེད། །བསྒོམ་བྱ་ཉིད་ཀྱང་ཡོད་མ་ཡིན། །དེ་ཡིས་དེ་ཉིད་བསྒོམ་པར་བྱ། །འདས་ལ་རྗེས་སུ་ཕྲད་མི་བྱེད། །མ་འོངས་པ་ལ་རེ་བ་མེད། ཕྱག་རྒྱ་བཞི་རིམ་ལས། འདས་པ་གང་ཡིན་དེ་འགགས་ཏེ། །མ་འོངས་པ་ནི་མ་ཕྱིན་པའོ། །གང་དག་ད་ལྟར་བྱུང་བའི་ཆོས། །དེ་ཡང་མཚན་མོ་བཟང་པོའི་མདོ་སྡེ་ལས་དེ་ལ་རབ་བལྟས་ནས། །རྣམ་པར་རྟོག་པས་མི་འཕྲོག་པར། །དེ་དག་ཐམས་ཅད་ཁོང་དུ་ཆུད། །མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པས་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མར་བཅས་པའང་འགྲུབ་ཏུ་རུང་། །ཤིན་ཏུ་སྦྱངས་པའི་རྣམ་སྣང་མངོན་བྱང་ལས་སེམས་དང་ནི། །བདག་མེད་རྟོག་པའི་ཤེས་རབ་ལ། །མཉམ་པར་བཞག་པས་ཚོག་དྲུག་གི། །ཤེས་པ་གསལ་ལ་མི་རྟོག་པ། །མྱོང་བ་རང་རིག་ཆ་དང་བཅས། །ཡིད་མངོན་དེ་མ་ཐག་པ་ཀུན། །མཁའ་ལ་སྨིག་རྒྱུ་ལྟ་བུར་གྲོལ། །ཀུན་གཞིའི་རྣམ་པར་ཤེས་པ་ཡང་། །གཞན་དབང་སྒྱུ་མ་ལྟ་བུར་མཐོང་། །ཏིང་འཛིན་སྒོ་བརྒྱར་དབང་དུ་བསྒྱུར། །ཀུན་མཁྱེན་མི་བསྐྱོད་དགའ་བ་ཡི། །བཞེད་པའི་
ཕྱག་ཆེན་ཟླ་མེད་པའོ། །རྟོག་གེ་པ་རྣམས་རྒྱ་ནག་གི། ཧ་ཤང་སྒོམ་དང་འདྲ་ཞེས་སྨྲ། །དེས་ནི་བདག་མེད་རྩད་མ་ཆོད། །འགྱུ་བྱེད་ཡིད་ཀྱང་བཀག་པ་སྟེ། །འདིར་ནི་བློ་དང་ཡིད་ཤེས་ཀུན། །ཆོས་ཉིད་ངང་དུ་ལ་དོར་ནས། །རང་བབ་ཤེས་པ་བཟོ་མེད་སྐྱོང་། །ཡིད་བྱེད་ཆེད་དུ་བཀག་པ་མིན། །སེམས་ལས་མེད་པར་བློས་རིག་ནས། །དེ་ནས་དེ་ཡང་མེད་པར་རྟོགས། །བློ་ལྡན་གཉིས་ཀ་མེད་རིག་ནས། །དེ་མི་ལྡན་པས་ཆོས་དབྱིངས་ལ། །གནས་ཞེས་རྒྱལ་ཚབ་བྱམས་པས་གསུངས། །དཔྱད་པས་དོན་དམ་དོན་སྤྱིའི་ཚུལ། །རྟོགས་པར་ནུས་ཤིང་དེ་མེད་ན། །བསྒོམ་ལོ་བྱས་པའང་ལམ་འགྲོ་དཀའ། །འོན་ཀྱང་གནས་ལུགས་ཇི་བཞིན་ཏུ། །རྟོགས་པ་བླ་མའི་དུས་ཐབས་ཏེ། །རྟོག་བཅས་རྟོག་མེད་ཤེས་པ་ཡིས། །གནས་ལུགས་རྟོགས་པར་མི་འགྱུར་གསུངས། །ཕྱོགས་རེར་ཞེན་པ་བདུད་ཀྱི་ལས། །ངན་རྟོག་དང་ནེ་བཟང་རྟོག་ཀྱང་། །མཐོང་དང་བསྒོམས་པས་སྤང་བྱ་སྟེ། །གསེར་གྱི་སྒྲོག་དང་ཐག་སྒྲོག་བཞིན། །འོན་ཀྱང་སྐྱེ་འགག་གནས་བྲལ་བས། །རྒྱུ་འབྲས་སྤང་བླང་འདོར་བ་མིན། །ཆོས་ཀུན་ཡིད་ལ་མི་བྱེད་པ། །དམ་ཆོས་ཨ་མ་ན་སི་ཞེས། །རྒྱ་བོད་གཉིས་ཀར་མཁས་ལ་གྲགས། །ལུང་དང་རིག་པས་ཀྱང་ནི་གྲུབ། །གྲུབ་
པའི་ཉམས་ཀྱིས་བརྒྱན་བྱས་པའོ། །མཻ་ཏྲའི་ཕྱག་རྒྱ་ཆེན་པོ་དང་། །དྭགས་པོའི་ལྷན་ཅིག་སྐྱེས་སྦྱོར་དང་། །ཚལ་པའི་དཀར་པོ་ཆིག་ཐུབ་དང་། །ཕག་གྲུའི་རླུང་སེམས་གཉིས་མེད་དང་། །རང་བྱུང་རྒྱལ་བ་ཀརྨ་པའི། །སྐུ་གསུམ་ངོ་སྤྲོད་བྱ་བ་དང་། །རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་སོགས། །གནད་ཀྱི་དོན་རྣམས་འདིར་གཅིག་ཉིད། ཁ་ཅིག་དབང་བསྐུར་རིམ་གཉིས་ལས། །བྱུང་དེ་སྔགས་ཀྱི་ཕྱག་ཆེན་ཡིན། །དེ་མེད་འདིར་དེ་མིན་ནོ་ལོ། །འོ་ན་དབང་བསྐུར་ དགོས་པ ་ཅི། །རིམ་པ་གཉིས་ཀྱིའང་ཅི་བྱེད་སྨོས། །དབང་དོན་རྟོགས་པ་སྐྱེས་པ་དང་། །མཚན་རྟོག་སྐྱོབ་པས་ཡིན་ཞེ་ན། །གསང་སྔགས་རྒྱུད་སྡེ་རབ་འབྱམས་སུ། །རྒྱས་འདེབས་བྱེད་པོར་གསུངས་པ་དང་། །ལྷན་སྐྱེས་བདེ་བ་སྟེར་མཛད་པའི། །བླ་མའི་བྱིན་རླབས་འཕོ་བ་ཡི། །རྡོ་རྗེ་ཡེ་ཤེས་དབང་བསྐུར་གྱིས། །དེ་ཡི་ དགོས་པ ་མི་འགྲུབ་ན། །སྤྲོས་བཅས་རྡུལ་ཚོན་ས་ཡིན་པས། །དེ་ཡིས་ཡེ་ཤེས་སྟེར་རེ་ཀན། །འོན་ཀྱང་ཇི་སྐད་བཤད་པ་ཡི། །རིམ་ པ་བཞི་པོ་དགོས ་ཞེ་ན། །དེ་ལ་འདི་སྐད་འདྲི་བར་བྱ། །དེ་ལྟའི་རིམ་པས་བསྐུར་བ་དེ། །ལུས་ཀྱིས་ལེན་ནམ་སེམས་ཀྱིས་ལེན། །གལ་ཏེ་ལུས་ཀྱིས་ལེན་ཞེ་ན། །རོ་ལའང་དབང་བཞི་ཐོབ་པར་ཐལ། །
སེམས་ཀྱིས་ལེན་ན་ངེད་ཀྱིས་ཀྱང་། །བླ་མའི་སྐུ་ལས་དབང་བཞི་དངོས། །ཏིང་འཛིན་དམིགས་པའི་འཕྲོ་འདུས་ལེན། །སྔགས་ཀྱི་སྦྱང་གཞི་ལུས་གཙོ་བས། །ལུས་སེམས་འབྲེལ་པས་ལེན་ཞེ་ན། །སྦྱང་གཞི་ཞེས་པ་གཤིས་ལུགས་ཏེ། །ཕྲ་བ་རྡོ་རྗེའི་ལུས་གཞན་ཡིན། །ད་ལྟའི་ལུས་འདི་དེར་འགྱུར་ན། །རིམ་པ་དང་པོ་གོམས་ པ་ཡིས། །རྣམ་སྨིན་ལུས་སྤང་མི་དགོས ་འགྱུར། །འདོད་ན་རྣམ་སྨིན་ལུས་ཡིན་ཕྱིར། །དྭངས་མའི་འོད་སྐུ་བརྙེས་རྣམས་ཀྱང་། །ད་དུང་ཟག་དང་བཅས་པར་འགྱུར། །དབང་པོའི་རིམ་ལ་མ་ལྟོས་པར། །རྒྱུད་ནས་གསུངས་ཀུན་ དགོས་ཞེ་ན། །དབང་པོ་ཐ་མར་གསུངས་པ ་ཡང་། །དབང་པོ་རབ་ཀྱིས་སྤྱོད་དགོས་འགྱུར། །འདོད་ན་ལྔ་སྡེ་ད་ཆོག་གིས། །བསྙེན་པར་རྫོགས་ དགོས་རིགས་པ ་མཚུངས། །ཤིན་ཏུ་བརྩོན་པའི་མོས་གུས་ཀྱིས། །བླ་མའི་རྣལ་འབྱོར་གོམས་པ་ལས། །སྣང་གྲགས་རྟོག་གསུམ་བླ་མ་ཡི། །རྡོ་རྗེ་གསུམ་དུ་རབ་ཤར་བས། །ཐ་མལ་མཚན་འཛིན་ལྡོག་པ་ལ། །མྱུར་ཞིང་བདེ་བའི་ཟབ་ལམ་དེས། །རྒྱལ་བས་གསུངས་པའི་རིམ་གཉིས་ཀྱི། །གོ་མི་ཆོད་པར་སྨྲ་ནུས་སམ། །གལ་ཏེ་དེ་ནི་བསྒོམ་ལེགས་ཀྱང་། །དབུ་མ་ཙམ་ཞིག་རྟོགས་ཞེས་གསུངས། །དེར་ཡང་དཔྱད་པ་མ་སོང་བས། །མ་ངེས་
ལ་སོགས་སྐྱོན་བརྗོད་མཛད། །སྔགས་ཀྱི་ཕྱག་ཆེན་སྤྲོས་བྲལ་གྱི། །ཆ་ནས་དབུ་མར་མི་མཐུན་མེད། །དེ་རྟོགས་པ་ཡིས་དེ་སྐྱོན་ཅི། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་ཙམ་ཞེས་གསུངས་ལྟར། །གཞན་ལུགས་ལྟ་ཅི་རང་ལུགས་ལའང་། །དཔྱད་སྒོམ་ཙམ་པོ་མི་བཞེད་བཞིན། །ཕྱག་རྒྱ་ཆེན་པོ་འགོག་པ་མཚར། །ད་དུང་དེ་འདྲ་མང་མཆིས་ཀྱང་། །ཐུག་མེད་ངག་ལ་ཟད་པ་མེད། །དྭགས་པོའི་རྣལ་འབྱོར་བཞི་རིམ་དང་། །སྦྱར་བའི་ས་ལམ་རྣམ་བཞག་ཀྱང་། །རིན་འབྱུང་ཞི་བའི་ཤེར་ཕྱིན་གྱི། །མན་ངག་ལ་སོགས་དང་མཐུན་མཛད། །ཉམས་དང་རྟོགས་པའི་རིམ་པ་ཡིས། །དབྱེ་ཞེས་རང་བྱུང་ཀུན་མཁྱེན་གསུངས། །དེས་ན་སྒོམ་མེད་ཆེན་པོ་ནི། །སངས་རྒྱས་ས་དང་སྦྱར་བ་ཡང་། །ད་ལྟ་ཉམས་ཀྱི་དབང་བྱས་ཏེ། །ཕྱིས་ནས་རྟོགས་པའི་སྒོམ་མེད་སྐབས། །མཐོང་ལམ་ཐོབ་ནས་མཆོག་གྲུབ་གསུངས། །དེ་ཕྱིན་འདོད་ན་སངས་རྒྱས་ཉིད། །ཞག་བདུན་གྱིས་ཀྱང་འགྲུབ་གསུངས་ཕྱིར། །སངས་རྒྱས་ས་ཞེས་འགལ་བ་མེད། །དེ་ཡང་དུས་ཀྱི་འཁོར་ལོ་ལས། །རྡོ་རྗེའི་གནས་པ་བཅུ་གཉིས་ནི། །ཚོགས་ལམ་ཉིད་དུ་སྦྱར་བར་མཛད། །ཉམས་
གྱི་བཞི་རིམ་འང་དེ་རྗེས་འགྲོ། །སྔགས་སུ་དྭངས་མ་མས་བརྟན་གྱིས། །རྒྱལ་མཚན་རྩ་བཞི་དག་ནས་སུ། །བདེན་མཐོང་ལ་སྦྱོར་གསུངས་པ་ཡང་། །སྦྱོར་ལམ་ཁོ་ནར་ས་བཅུ་རུ། །དབྱེ་བའི་ལུགས་ཡིན་ས་དངོས་མིན། །དེ་བས་གཙུག་འཁོར་བརྟན་པ་ན། །རབ་ཏུ་དགའ་བའི་ས་ཐོབ་ཅེས། །སེམས་འགྲེལ་རྣམས་ལས་ལེགས་བཤད་ལྟར། །ཀླུ་སྒྲུབ་རྗེ་བཙུན་མི་ལ་སོགས། །འཕགས་བོད་མཁས་གྲུབ་ཚད་ལྡན་གྱི། །རྣམ་ཐར་ལས་ཀྱང་དཔག་པར་ནུས། །གཞན་ཡང་རྣམ་རྟོག་ཆོས་སྐུ་དང་། །མ་བཅོས་སོ་མར་བཞག་པ་སོགས། །སྙི་སྒོམ་ཆེན་པོའི་བཞེད་པ་ནི། །ཐུན་མོང་མིན་པའི་ཟབ་གསང་དག །འགའ་ཞིག་བློ་ལ་མ་འཚམས་ཀྱང་། །སྤྲུལ་པས་སྤྲུལ་པའི་བརྒྱུད་འཛིན་གྱི། །མངོན་རྟོགས་ནམ་མཁའ་ལྟ་བུའི་རྒྱ། །སོ་སྐྱེའི་བློ་ཡི་ཁབ་མིག་ཏུ། །ཤོང་བ་མི་སྲིད་བདེན་ལེན་སྤང་། །དྭགས་བརྒྱུད་ཕྱག་ཆེན་གྱི་སྐབས་སོ།། ༈ །།དེ་ལྟའི་གནས་ལུགས་ཕྱག་ཆེན་དེའང་། །མདོ་རྒྱུད་ཀུན་ཏུ་གསལ་བར་གསུངས། །རྫོགས་ཆེན་སེམས་སྡེའི་གྲུབ་མཐར་མཐུན། །ས་སྐྱའི་རྗེ་བཙུན་གོང་མ་ལྔས། །གྲུབ་མཐའ་ཕྲ་བའི་
དབུ་མ་དང་། །ལྟ་བ་ཕྱག་རྒྱ་ཆེན་པོ་བཞེད། །འོན་ཀྱང་གནས་སྐབས་དགོས་དབང་གིས། །དྭགས་བརྒྱུད་ཕྱག་ཆེན་ལ་སོགས་པ། །སྡོམ་གསུམ་རབ་དབྱེར་བཀག་མཛད་ཀྱང་། །རང་བཞེད་བདག་མེད་བསྟོད་འགྲེལ་ལགས། །སྲས་བཅས་རྒྱལ་བའི་དགོངས་པ་ལ། །འཇམ་པའི་དབྱངས་དངོས་ས་སྐྱ་པས། །དོན་གྱིས་བརྒལ་བ་མི་སྲིད་ཀྱང་། །བློ་ཆུང་ཁ་ཅིག་ཚིག་རྗེས་འབྲང་། །བློ་ངན་དེ་ལྟའི་རྒྱུན་བཟློག་ཕྱིར། །དཔྱད་པ་ཅུང་ཟད་ཞུས་མོད་ཀྱི། །རྗེ་བཙུན་ས་སྐྱ་པ་ཆེན་པོར། །སྙིང་ནས་མི་དད་དཔྱོད་ལྡན་སུ། །རྗེ་ཡི་བཞེད་པའི་མཐིལ་ཉིད་ཀྱང་། །རྫོགས་ཆེན་གྲུབ་མཐར་རྩོད་མེད་པ། །ཞུས་ལེན་བདུད་རྩི་སྨན་མཆོག་གསལ། །ངེས་པའི་དོན་རྟོགས་ཐུགས་ཀྱི་སྲས། །གུང་རུ་སོགས་ཀྱིས་ལེགས་པར་བཀྲལ། །ནཱ་རོ་ཆོས་དྲུག་འཆད་པ་ན། །རྣམ་པར་མི་རྟོག་ཏིང་འཛིན་བསྟན། །འདུས་པའང་མར་ལུགས་གཙོ་བོར་མཛད། །ཀར་དགེ་དགོངས་པར་གཅིག་པ་ཡི། །བསྟན་བཅོས་པན་ཆེན་མཆོག་གིས་བརྩམས། །དེ་བཞིན་གངས་རིའི་ལྗོངས་འདི་ན། །མུ་སྟེགས་ཉན་ཐོས་སོགས་མེད་པས། །དབུ་
མའི་དགོངས་པར་གཅིག་པའི་ཕྱིར། །ཤིན་ཏུ་མཁས་དང་གྲུབ་པ་རྣམས། །ལྟ་བའི་གནད་ལ་མི་མཐུན་མེད། །དོན་མ་རྟོགས་རྣམས་ཅི་ཡང་སྨྲ། །ལོག་པའི་ལམ་ལ་མཐའ་ཡོད་མིན། །ཆུ་ཀླུང་སྣ་ཚོགས་རྣམ་འབབ་པ། །རྒྱ་མཚོ་ཆེ་ལ་གཅིག་ཏུ་འདྲེས། །ལྟ་བ་རྟོགས་པར་འབྲེལ་པ་ན། །ཤེས་རབ་ཕ་རོལ་ཕྱིན་པར་འདྲེས། །ཆོས་ཀྱི་དབྱིངས་ལ་དབྱེར་ཡོད་མིན། །གང་ཞིག་ནང་ནས་མ་ཤར་བར། །ཁ་ཕྱིར་བལྟས་པའི་བློས་དཔྱད་ཀྱང་། །ཆོས་ཀྱི་དབྱིངས་ཉིད་མཐོང་མ་ལགས། །དེས་ན་རྒྱལ་བའི་རྣམ་ཐར་སོམས། །འདི་ནི་བདག་གི་རང་བཟོ་མིན། །ཀུན་མཁྱེན་དྷརྨཱ་ཀ་ར་སོགས། །ཚད་ལྡན་མཁས་དང་གྲུབ་པའི་གཞུང་། །དད་བློའི་དཔལ་དུ་འབབ་པ་དག །གཞན་ལ་ཕན་ཕྱིར་འབད་པས་བཀོད། །དེ་ཡི་དགེ་བས་འགྲོ་བ་ཀུན། །མི་ཤེས་མུན་པ་རབ་བཅོམ་སྟེ། །གསུང་རབ་པདྨོ་ཁ་འབྱེད་པ། །སྨྲ་བའི་ཉི་མའི་དཔལ་ཐོབ་ཤོག །ཅེས་པའང་མཁས་གྲུབ་ཀྱི་དབང་ཕྱུག་མཆོག་གི་སྤྲུལ་པའི་སྐུ་འཇིགས་མེད་མཁྱེན་བརྩེས་བཀའ་ཡིས་བསྐུལ་ཏེ། བཙུན་པ་ཡོན་ཏན་རྒྱ་མཚོས་རང་ལོ་ཉེ་བདུན་
པར་དཔལ་སྤུངས་ཀྱི་གདན་སར་བྲིས་པ་དགེ་ལེགས་འཕེལ།། །།